Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
བཅུ་གསུམ་པ། སྒོའི་ཚིག་མངོན་པར་སྒྲུབ་པའི་ལེའུ།
   
   
   
   
   
   


 
previousབཅུ་གསུམ་པ། སྒོའི་ཚིག་མངོན་པར་སྒྲུབ་པའི་ལེའུ། next

བཅུ་གསུམ་པ། སྒོའི་ཚིག་མངོན་པར་སྒྲུབ་པའི་ལེའུ།


DKG048_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ཏེ། རང་གི་བླ་གོས་ཐོགས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བཤད་པའི་དོན་གྱི་སླད་དུ་སངས་རྒྱས་བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་རྣམས་ལ་མཆོད་པ་བགྱི་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་བྱང་ཆུབ་


DKG048_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་སྤྱད་པ་ལ་ཡང་དག་པར་ཞུགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ལ་གོས་འདི་ཆོས་ཀྱི་དགབ་པར་འབུལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་བླ་གོས་དེ་ཕུལ་ཏེ། བླ་གོས་ཅིག་ཤོས་ཐོགས་ནས་གསོལ་པ། བཅོམ་ལྡན་འདས་སླད་མའི་ཚེ་ཆོས་སྨྲ་བ་གང་ལས་ཆོས་ཀྱི་རྣམ་གྲངས་དེ་ཉན་པ་དེ་ལ་ཡང་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པའི་སླད་དུ་གོས་འདི་འབུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་བྱང་ཆུབ་སེམས་དཔའ་ཕུག་སྦས་ཀྱི་ཐད་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཕུ་ནུ་བོ་དེའི་ཕྱིར་དེ་བཞིན་གཤེགས་པ་ལ་གསོལ་བ་གདབ་པའི་ཆེད་དུ་དེ་བཞིན་གཤེགས་པ་ལ་བླ་གོས་དེ་འབུལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་ཕུག་སྦས་གཉི་ག་གྱུར་ནས་བླ་གོས་དེ་ཕུལ་ཏེ། བླ་གོས་དེ་ལས་ཀྱང་ཆོ་འཕྲུལ་རྣམ་པ་དུ་མ་སྣང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་འཁོར་བཞི་པོས་ཀྱང་ཆོ་འཕྲུལ་དེ་དག་མཐོང་སྟེ། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ནི་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་དེ་ནི་རྨད་དུ་བྱུང་བ་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ལྟ་ངོ་མཚར་རྨད་དུ་བྱུང་བ་ཅི་ཞིག་ཁོང་དུ་ཆུད། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུས་པ། བྱང་ཆུབ་གང་ཞུགས་དཔའ་བོ་དཔའ་རྣམས་ཀྱི། །བསྔགས་བརྗོད་རྫུ་འཕྲུལ་གྱིས་ནི་མཆི་བགྱིད་པ། །སྤྲུལ་པ་སྟོང་ཕྲག་མང་པོ་ཆོས་གོས་ལས། །འབྱུང་བ་དག་ནི་བདག་གིས་འདིར་མཐོང་ལགས། །འཇིག་རྟེན་མགོན་པོ་དེ་ཚེ་ཆོས་གོས་ལས། །ཆོས་གོས་སྟོང་ཕྲག་མང་པོ་བྱེ་ཕྲག་སྟོང་། །དེ་ལས་ལྷག་པ་བྱང་ཆུབ་སེམས་དཔའ་རྣམས། །ཐོགས་ཤིང་མཆི་བར་བགྱིད་པ་བདག་གིས་མཐོང་། །འདིར་མཆིས་ནས་ནི་འདྲེན་པ་རྣམས་ལ་འབུལ། །རྒྱལ་བ་གང་དག་ཕྱོགས་བཅུའི་འཇིག་རྟེན་གནས། །དེ་དག་ཐད་དུ་དེ་དག་ཆོ་འཕྲུལ་སྟོན། །དེ་རིང་ཆོས་གོས་ལས་ནི་དེ་འདྲ་མཐོང་། །


DKG048_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་གང་དག་རྒྱལ་ལ་ཆོས་གོས་འབུལ། །དེར་ནི་རིམ་གྱིས་སྤྱད་པ་སྤྱོད་པ་ཡིས། །དེ་འཚང་རྒྱ་ཞེས་འཇིག་རྟེན་མགོན་དེ་དག །དེ་ཚེ་བྱང་ཆུབ་མཆོག་ཏུ་ལུང་སྟོན་མཛད། །སེམས་ཅན་དག་པ་གང་དག་དེར་མཆིས་ནས། །དེ་ཚེ་སྤྱི་བོར་རྣམ་དག་གདུགས་འབྱུང་འགྱུར། །སེམས་ཅན་དེ་དག་བྱང་ཆུབ་ཕྱིར་སྤྱོད་པས། །འདིར་ནི་སངས་རྒྱས་འབྱུང་སྙམ་སེམས་ཅན་སེམས། །དེ་ན་སྟོང་ཕྲག་མང་པོ་བྱེ་བ་ཕྲག །ཁྲག་ཁྲིག་མཆོག་ཏུ་སྒྲ་འབྱིན་མཆིས་ལགས་ཏེ། །དེ་ལས་ཆོས་ཀྱི་ཚིག་རྣམས་བྱུང་བར་འགྱུར། །ནམ་མཁའ་ལས་ནི་སངས་རྒྱས་སྒྲ་ཐོས་ལགས། །འཛམ་གླིང་སངས་རྒྱས་རྣམས་ཀྱིས་ཁྱབ་པར་མཐོང་། །སྟོང་གསུམ་རྒྱལ་བ་རྣམས་ཀྱིས་ཁྱབ་པར་མཐོང་། །འདྲེན་པ་དེ་རིང་བདག་ལ་འདུ་ཤེས་བྱུང་། །སླན་ཆད་བདག་ལུས་ཉན་ཐོས་རློམ་མི་བགྱིད། །སློབ་དཔོན་དཔའ་བོ་ཁྱོད་ཀྱི་འཕྲུལ་འདི་འདྲ། །དེ་རིང་བདག་གི་མིག་རྨོངས་དྲན་པ་རྨོངས། །འཕགས་པའི་ཡེ་ཤེས་བདག་གིས་རྣམ་པར་བལྟ། །ཁམས་གསུམ་པོ་དག་ཐམས་ཅད་སྟོང་པར་བལྟ། །སྟོང་པར་ཤེས་ལ་བདག་གི་དྲན་མི་རྨོངས། །གང་གིས་ཡེ་ཤེས་ཐོབ་པ་མིག་མི་འཚལ། །བཅོམ་ལྡན་གཞན་དུ་དེ་ལ་མངོན་བགྱིས་པས། །བསྐྱེད་པའི་དྲན་པ་རྨོངས་པ་དེ་མ་གཏོགས། །དཔའ་བོ་འཁོར་ཀྱང་མཆོག་ཏུ་དགའ་བ་སྐྱེས། །བར་སྣང་ནམ་མཁའ་ལ་ནི་འཕགས་པར་གྱུར། །པད་མ་འདབ་སྟོང་པ་ཡིས་གནས་པ་ལགས། །མཁའ་ལ་པད་མ་གནས་པ་གདུགས་ཇི་བཞིན། །ཆོས་གོས་དེ་ལ་ཕྱོགས་བཅུའི་འཇིག་རྟེན་ན། །གང་དག་ཅི་མཆིས་ཀུན་ཀྱང་གདའ་བ་ལགས། །འཇིག་རྟེན་དྲང་སྲོང་འདྲེན་པ་རྒྱལ་བ་མཆོག །དེ་དག་རྣམས་ཀྱི་དགེ་འདུན་རྒྱ་ཆེན་གདའ། །དེ་ལ་སེམས་ཅན་དཔའ་བོ་དེ་རབ་བྱུང་། །སྦྱིན་པ་བསམ་གྱིས་མི་ཁྱབ་རྒྱ་ཆེན་སྩོལ། །དེ་དག་བྱང་ཆུབ་དོན་དུ་འདྲེན་པ་བསྟེན། །སེམས་ཅན་དོན་སྤྱོད་བགྱིད་ཅིང་རབ་ཏུ་བྱུང་། །དེ་ཚེ་ཕྱོགས་བཅུ་རྣམས་སུ་ཆོས་སྟོན་པས། །དཔའ་བོ་དེ་དག་དེར་ནི་སྤྲུལ་པར་བྱུང་། །འཇིག་རྟེན་མགོན་པོ་གང་དག་གོས་ལས་མཐོང་། །བགྲང་བའམ་མཐའ་ནི་གང་ཡང་མཆིས་མ་ལགས། །འཇིག་རྟེན་ཁམས་གསུམ་གང་དག་གོས་ལས་མཐོང་། །སེམས་དགའ་མགུ་ཞིང་གུས་དང་བཅས་པ་ལགས། །ཇི་ལྟར་ཚངས་


DKG048_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབང་བསྒྱུར་དབང་ཕྱུག་བཞིན། །རང་འོད་ལྡན་ཞིང་རྫུ་འཕྲུལ་སྟོབས་ལ་མཁས། །སྤོབས་དང་ལྡན་ཞིང་མང་དུ་ཐོས་པའང་ལགས། །དེ་ཚེ་གཟུངས་ཀྱི་སྒོ་ནི་ཀུན་གྱིས་ཐོབ། །རྒྱལ་བའི་ཚུལ་དང་འཐུན་པར་འཁོར་ལོ་བསྐོར། །ཞིང་དེ་དག་ཀྱང་ཆོས་གོས་རྣམས་ཀྱིས་ཁྱབ། །སྣ་ཚོགས་རིན་ཆེན་ལས་བྱུང་དོ་ཤལ་སྡུག །ལ་ལའི་ཞིང་དུ་ཁ་དོག་གདའ་མ་ལགས། །གང་དུ་དཔའ་བོ་མཆིས་ཤིང་རྐང་བཞག་ནས། །འཇིག་རྟེན་ཁམས་འདིར་རྫུ་འཕྲུལ་ཀུན་ནས་གནས། །མེ་ཏོག་རྣམས་དང་སྤོས་དང་བྱུག་པ་དང་། །རྒྱལ་མཚན་བ་དན་རྣམས་ཀྱིས་ཀུན་ནས་བརྒྱན། །གང་དུ་དཔའ་བོ་མཆིས་ནས་རྐང་བཞག་པའི། །ཞིང་དེ་དག་ནི་མགོན་པོ་བདག་གིས་མཐོང་། །ས་ཡི་སྙིང་པོར་སངས་རྒྱས་བཞུགས་པ་དང་། །དེ་ཚེ་ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་། །རྒྱལ་བ་དེ་དང་ཆོ་འཕྲུལ་མཐོང་ནས་སུ། །འདི་ན་གོས་ལས་རྫུ་འཕྲུལ་དེ་འདྲ་གདའ། །འཇིག་རྟེན་འདི་ན་གང་སུ་ལུས་མཆིས་པ། །ཐམས་ཅད་འདིར་ནི་ལུས་སུ་སྤྲུལ་ནས་སུ། །སྲོག་ཆགས་རྣམས་ལ་སྨན་ཕྱིར་ཆོས་སྟོན་ཅིང་། །དེར་ནི་བྱང་ཆུབ་སླད་དུ་ངེས་པ་ལགས། །དེ་རིང་འདི་ན་ངོ་མཚར་ཚུལ་བཞིན་གདའ། །དེས་ཀྱང་མཐོང་བ་དེ་ནི་ཡིད་ཆེས་གདའ། །རྒྱལ་བ་མཁས་པས་སངས་རྒྱས་འཕྲུལ་དེ་གཟིགས། །བཅོམ་ལྡན་ཆོ་འཕྲུལ་དེ་འདྲ་གདའ་བ་ལགས། །བཅོམ་ལྡན་མི་རྣམས་ཀྱི་ནི་ཞིང་རྒྱ་ཆེ། །བློ་བུལ་རྣམས་ཀྱི་སྟོན་པ་དམ་པ་ལགས། །བཅོམ་ལྡན་སྐྱེ་དགུའི་སྲིད་ཆགས་བདེ་སྡུག་བསྔལ། །འབྲས་བུ་ཆེན་པོ་བསྐྱེད་པར་འགྱུར་བ་ལགས། །གལ་ཏེ་བདག་གིས་སྙན་པ་བསྐལ་བརྗོད་ཀྱང་། །བསྐལ་པ་སྟོང་དུའང་ཟད་བགྱིད་རྔོ་མི་ཐོགས། །གང་དག་གོས་ལས་རྫུ་འཕྲུལ་བསྒྲུབས་གདའ་བ། །ཐུབ་པས་བསྟན་འདི་སུ་ཡི་དོན་བགྱིད་འགྱུར། །དེ་ནི་སུ་ཡི་རྒྱ་ཆེན་ཞིང་དུ་འགྱུར། །དེ་ལ་སུ་ཞིག་བྱང་ཆུབ་སྤྱད་སྤྱོད་ན། །འདི་ལྟར་འདི་ན་རྫུ་འཕྲུལ་དཔག་མེད་གདའ། །འདྲེན་པ་དེ་རིང་བདག་ལ་ལུང་བསྟན་གསོལ། །ཤིང་རྟའི་ཕང་ལོ་ཙམ་གྱི་པད་མ་བརྩེགས། །ཇི་ལྟར་སྣ་ཚོགས་མཛེས་པ་བགྱིས་པ་ལགས། །ཇི་ལྟར་བྱང་ཆུབ་སེམས་དཔའ་མང་པོ་མཆིས། །ཕྱོགས་བཅུར་སངས་རྒྱས་ལ་ནི་ཕྱག་འཚལ་མཆི། །


DKG048_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཕྱག་འཚལ་སླར་ཡང་ཞིང་དུ་མཆི། །དེ་ཉིད་ནས་ནི་སླར་མཆིས་བྱང་ཆུབ་འཐོབ། །རྒྱ་ཆེན་ཞིང་དེ་རྣམ་པར་དག་པར་འགྱུར། །རྫུ་འཕྲུལ་བསམ་གྱིས་མི་ཁྱབ་གདའ་བ་ལགས། །བྱང་ཆུབ་སྤྱད་པ་སྤྱོད་པ་དག་ཀྱང་མཐོང་། །སངས་རྒྱས་ཞིང་འདི་ན་ནི་དཔའ་བོ་གཅིག །གང་ཞིག་ཆོས་གོས་ཐོགས་ནས་གནས་པ་ལགས། །མ་བསླབས་པ་ཡིས་འདི་ལ་ཇི་ལྟར་བསླབ། །གང་གིས་སེམས་ཅན་ཐམས་ཅད་བདེ་མྱོང་བའི། །སྙོམས་པར་སྦྱིན་པའི་ལོངས་སྤྱོད་འཐུན་འཚལ་བ། །སེམས་ཅན་ཀུན་ལ་ཕན་པར་གྱུར་ཅིག་ཅེས། །སྔོན་ཆད་བདག་གིས་སྦྱིན་སྩལ་བསྔོས་པ་ལགས། ། མགོན་པོ་དོན་དེ་བདག་ལ་གསུང་བར་གསོལ། །འཇིག་རྟེན་མགོན་པོ་བདག་གི་ཐེ་ཚོམ་ཆོད། །སྨོན་ལམ་འདི་འདྲ་བརྟན་པའི་བློ་གྲོས་ཀྱིའམ། །དགེ་སློང་ཕུག་སྦས་ཀྱིའམ་སུ་ཡི་ལགས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་དྲི་བ་འདྲི་བར་འདོད་ཀྱིས། དྲི་བ་ལན་གདབ་པ་ལ་ཁྱོད་རེ་ཞིག་སྡོད་ཅིག་དང་། དེའི་འོག་ཏུ་ཁྱོད་ཀྱི་དྲི་བ་ལན་གདབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བརྟན་པའི་བློ་གྲོས་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དེ་དང་དེ་ཉིད་ཀྱི་དྲི་བ་ལན་བཏབ་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྒོར་འཇུག་པ་ཞེས་བགྱི་ན། བཅོམ་ལྡན་འདས་སྒོར་འཇུག་པ་ཞེས་བགྱི་བ་དེ་གང་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་ཡང་བཤད་པར་གསོལ། གང་དག་སྒོའི་ཚིག་དག་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་བཤད་པར་གསོལ། ཆོས་དེ་དག་གི་འཇུག་པ་


DKG048_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་བཤད་པར་གསོལ། ཆོས་མཆོག་དེ་དག་གང་ཞིག་ལགས། །དེ་དག་འཇུག་པ་ཇི་ལྟ་བུ། །དེ་དག་སྒོ་ཡང་ཅི་འདྲ་ལགས། །འདྲེན་པ་དེ་བཞིན་བཤད་པར་གསོལ། །ཆོས་ལ་ཞུགས་ནས་ཇི་ལྟ་བུར། །བྱང་ཆུབ་འབྱུང་བར་འགྱུར་བ་ལགས། །ཇི་ལྟར་ཆོས་ནི་བསྟན་པ་ནས། །སྤོབས་པ་ཆད་པར་མི་འགྱུར་ལགས། །ཆོས་དེ་དག་ནི་ག་ལས་མཆིས། །དེ་དག་གང་དུ་གནས་པ་ལགས། ། དེ་དག་ཇི་ལྟར་མི་རྨོངས་ཤིང་། །ཆོས་རྣམས་ལ་ནི་དྲན་པ་འཇུག །ཅི་ནས་དེ་དག་ཞུགས་འགྱུར་བའི། །འཇུག་པའི་མཚན་ཉིད་བཤད་དུ་གསོལ། །ཞུགས་པ་རྣམས་ཀྱི་ཆོས་གང་དག །མངོན་དུ་འགྱུར་བ་བཤད་པར་གསོལ། །དེ་དག་ཇི་ལྟར་མི་རྨོངས་ཤིང་། །ཆོས་ལ་དྲན་འབྱུང་འདྲེན་པ་པོ། །བསྐལ་པ་གྲངས་ནི་མ་མཆིས་པར། །སྤོབས་པ་ཆད་པར་མི་འགྱུར་ལགས། །དེ་དག་དམིགས་པ་ཅི་འདྲ་ཞིག །རྟེན་ཀྱང་ཇི་འདྲ་བ་ཞིག་ལགས། །གང་གིས་སྨྲ་བ་དེ་དག་གི། །མཐར་འགྱུར་མ་མཆིས་འདྲེན་པ་པོ། །ཇི་ལྟར་སྔོན་ཆད་དེ་དག་གིས། །སྦྱིན་པ་སྩལ་ནས་ཞི་བར་བསྔོས། །གང་གིས་གཟི་བརྗིད་ལྡན་རྣམས་ཀྱི། །སྤོབས་པ་སྐྱེ་དང་མཇལ་བར་འགྱུར། །ཇི་ལྟ་བུར་ནི་ཚུལ་ཁྲིམས་བསྲུངས། །ཇི་ལྟ་བུར་ནི་ཚུལ་ཁྲིམས་བསྟེན། །ཇི་ལྟ་བུར་ནི་ཚུལ་ཁྲིམས་བསྔོས། །གང་དེ་ཁྲིམས་ཀྱིས་མ་སོང་ལགས། །ཇི་ལྟ་བུར་ན་བཟོད་པ་བསྒོམས། །ཇི་ལྟ་བུར་ན་བཟོད་པ་བསྟེན། །གང་གིས་དེ་དག་མ་སྐྱེས་མཐའ། །བླ་ན་མ་མཆིས་རྗེས་སུ་ཐོབ། །ཇི་ལྟ་བུར་ན་བརྩོན་འགྲུས་བརྩམས། །ཇི་ལྟ་བུར་ན་བརྩོན་འགྲུས་བསྟེན། །གང་གིས་སངས་རྒྱས་བྱང་ཆུབ་དང་། །བྲལ་བར་མ་གྱུར་འདྲེན་པ་པོ། །ཇི་ལྟ་བུར་ན་བསམ་གཏན་བསྐྱེད། །ཇི་ལྟ་བུར་ན་བསམ་གཏན་བསྟེན། །ཆོས་གང་ལ་ནི་བསམ་གཏན་བགྱིད། །གང་གིས་སྤོབས་པ་བསྐྱེད་པ་ལགས། །ཇི་ལྟར་དེ་དག་ཤེས་རབ་བསྒོམས། །ཇི་ལྟ་བུར་ན་ཤེས་རབ་བསྟེན། །ཇི་ལྟར་དེ་དག་ཡེ་ཤེས་འཇུག །ཇི་ལྟར་སྤོབས་པ་ཆད་མི་འགྱུར། །བླ་མེད་ཚུལ་ལ་གནས་པ་ལགས། །ཡང་དག་ཆོས་རྣམས་སྟོན་པ་ལགས། །ཟབ་ཅིང་ཞི་བ་སྟོང་པ་ཡི། །བྱང་ཆུབ་དེ་དང་སུ་ཞིག་ཉེ། །ཇི་ལྟར་མདོ་སྡེ་སྣ་ཚོགས་གཟུང་། །སྣ་ཚོགས་དོན་ལ་རྣམ་ངེས་ལགས། །ཡང་དང་ཡང་དུའང་


DKG048_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་བགྱིད་ལགས། །ཞུ་བ་དེ་ནི་ལན་སྩལ་གསོལ། །སེམས་ཅན་རྣམས་ཀྱི་ཐེ་ཚོམ་གཅོད། །དེ་ནི་བདག་གིས་སྟོན་ལ་ཞུ། །མ་མཆིས་པ་ཡི་དུས་ན་ནི། །ཆོས་སྨྲ་བ་ནི་འབྱུང་བར་འགྱུར། །ཇི་ལྟར་དེ་ལའང་གནས་པར་བགྱི། །འདྲེན་པ་ཇི་ལྟར་གནས་ནས་སུ། །ཇི་ལྟར་ཆོས་ནི་བཟུང་ནས་སུ། །ཇི་ལྟར་ཆོས་ནི་ཡོངས་སུ་འཛིན། །འཇིག་རྟེན་མགོན་པོ་མི་མཆོག་གིས། །ཞུས་པ་དེ་ནི་བདག་ལ་སྟོན། །ཕྱི་མའི་དུས་ན་ཇི་ལྟ་བུར། །སྲོག་ཆགས་རྣམས་ཀྱི་ཐེ་ཚོམ་གཅད། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་བློ་གྲོས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བརྟན་པའི་བློ་གྲོས་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ཡོངས་སུ་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །འདི་ལྟར་ཁྱོད་ཀྱིས་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བྱས་སོ། །དེ་བཞིན་གཤེགས་པ་དེ་དག་ལ་ཡང་ཡོངས་སུ་ཞུས་སོ། །བརྟན་པའི་བློ་གྲོས་ངས་ནི་འདས་པའི་དུས་བསྐལ་པ་གྲངས་མེད་པ་ན་ནམ་མཁས་ཡོངས་སུ་ཟིན་པའི་ས་ཕྱོགས་འདི་ཉིད་དུ་སངས་རྒྱས་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ལ་ཁྱོད་ཀྱིས་ཞུ་བ་གང་ཞུས་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཁྱོད་ཀྱི་ཞུ་བ་དེ་ཞུ་བ་ན་ཡང་སེམས་ཅན་མང་པོ་དཔག་ཏུ་མེད་པའི་དོན་དུ་གྱུར་པར་མངོན་པར་ཤེས་སོ། །བརྟན་པའི་བློ་གྲོས་དེ་ལྟ་བས་ན་རྣམ་གྲངས་དེས་ཁྱོད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། བརྟན་པའི་བློ་གྲོས་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པར་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་བཞིན་གཤེགས་པ་དེའི་ཚེའི་ཚད་ནི་བསྐལ་པ་ཕྱེད་ཐུབ་པར་གྱུར་ཏོ། །བཅོམ་ལྡན་འདས་དེ་གང་དག་དང་ཐབས་ཅིག་ཏུ་ལྗོངས་རྒྱུ་བ་མཛད་པ་དང་། གང་དག་དང་ཐབས་ཅིག་ཏུ་དབྱར་གནས་པར་དམ་བཅའ་བར་མཛད་པ་དེའི་དགྲ་བཅོམ་པ་ཟག་པ་ཟད་པ་དག་ནི་བྱེ་བ་ཕྲག་བདུན་ཅུ་ཚང་བར་བྱུང་བར་གྱུར་ཏོ། །བརྟན་པའི་བློ་གྲོས་དེའི་དུས་ན་འཛམ་བུའི་གླིང་དེ་ནི་ཡངས་ཤིང་རྒྱ་ཆེ་སྟེ། དཔག་


DKG048_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་པར་གྱུར་ཏོ། །དེའི་དུས་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། མཐའ་བཞིར་རྣམ་པར་རྒྱལ་བ་སྲུང་བ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བ་མ་སྨད་པའི་བསོད་ནམས་དབང་ཕྱུག་ཅེས་བྱ་བ་བྱུང་བར་གྱུར་ཏོ། །དེའི་དུས་ན་འཛམ་བུའི་གླིང་དེར་གྲོང་ཁྱེར་ཆེ་ཞིང་རྒྱ་ཆེ་སྟེ། ཆུར་ནི་དཔག་ཚད་བཞི་བཅུ་པ། ཞེང་དུ་ནི་དཔག་ཚད་སུམ་ཅུ་པ། འབྱོར་པ། རྒྱས་པ། བདེ་བ། ལོ་ལེགས་པ། ཉམས་དགའ་བ། སྐྱེ་བོ་དང་མི་མང་པོས་གང་བ་བྱེ་བ་ཕྲག་བརྒྱད་ཅུ་བྱུང་བར་གྱུར་ཏོ། །བརྟན་པའི་བློ་གྲོས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་དེའི་འཛམ་བུའི་གླིང་གི་དབུས་སུ་གང་དུ་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་གནས་འཆའ་བར་བྱེད་པའི་རྒྱལ་པོའི་ཕོ་བྲང་འཁོར་ཆེན་པོ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཅུ་ཡོད་པ་གྲུ་བཞི་ལྷམ་པ། རྒྱར་དཔག་ཚད་ཕྱེད་ཕྱེད་ཀྱང་མིག་མངས་རིས་སུ་བྲིས་པ་གཅིག་བྱུང་བར་གྱུར་ཏོ། །བརྟན་པའི་བློ་གྲོས་རྒྱལ་པོའི་ཕོ་བྲང་འཁོར་དེའི་མིང་ནི་བདེ་བ་ཅན་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོའི་ཕོ་བྲང་འཁོར་དེར་སེམས་ཅན་དེ་དག་གིས་ལོངས་སྤྱོད་པའི་ཕྱིར་བདག་གི་མེད་ཅིང་ཡོངས་སུ་འཛིན་པ་མེད་པའི་སྐྱེད་མོས་ཚལ་ཁོར་ཡུག་ཏུ་སྟོང་ཕྲག་བདུན་ཅུ་བྱུང་བར་གྱུར་ཏོ། །བརྟན་པའི་བློ་གྲོས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་དེའི་རྒྱལ་པོའི་ཕོ་བྲང་འཁོར་དཔག་ཚད་བརྒྱད་ཅུ་པ་དེ་ཇི་ཙམ་དུ་ཆེ་བར་སྐྱེད་མོས་ཚལ་ཆེན་པོ་གཅིག་བྱུང་བར་གྱུར་ཏེ། སྐྱེད་མོས་ཚལ་ཆེན་པོ་དེ་ནི་ཤིང་ཏ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བར་གྱུར་ཅིང་དྲིལ་བུ་གཡེར་ཀའི་དྲ་བ་རིམ་བདུན་དང་། རྟ་བབས་རིམ་བདུན་དང་། ར་བ་རིམ་བདུན་དང་། འོབས་རིམ་བདུན་གྱིས་ཁོར་ཡུག་ཏུ་བསྐོར་བར་གྱུར་ཏོ། །བརྟན་པའི་བློ་གྲོས་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་དེ་དགྲ་བཅོམ་པ་བྱེ་བ་ཕྲག་བདུན་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་རིམ་གྱིས་ཡུལ་རྒྱུ་བས་རྒྱུ་ཞིང་རྒྱལ་པོའི་ཕོ་བྲང་འཁོར་དུ་བྱོན་པར་གྱུར་ཏེ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་དགེ་སློང་བྱེ་བ་ཕྲག་བདུན་ཅུ་དང་ཐབས་ཅིག་ཏུ་རིམ་གྱིས་


DKG048_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཕོ་བྲང་འཁོར་དུ་བྱོན་ནས་དེ་རྒྱལ་པོའི་ཕོ་བྲང་འཁོར་དེའི་སྐྱེད་མོས་ཚལ་ཞིག་ན་བཞུགས་སོ། །ཞེས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་གིས་ཐོས་སོ། །བརྟན་པའི་བློ་གྲོས་དེ་ནས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་དེ་དེ་བཞིན་གཤེགས་པ་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེའི་ཞབས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །བརྟན་པའི་བློ་གྲོས་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་གྱིས་རྒྱལ་པོ་དེའི་བསམ་པ་ཐུགས་སུ་ཆུད་ནས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོས་ཀྱི་རྣམ་གྲངས་སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པ་དེ་ཡང་དག་པར་རབ་ཏུ་བསྟན་ཏོ། །དེས་དེ་ཐོས་ནས་ཡི་རངས་ཤིང་རབ་ཏུ་དགའ་བར་གྱུར་ཏེ། དགའ་བ་དང་ཡིད་བདེ་བ་སྐྱེས་པར་གྱུར་ཏོ། །དེ་ནས་དེ་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེ་མངོན་དུ་འཕགས་པ་དེས་ལོངས་སྤྱད་པའི་ཕྱིར་རང་གི་སྐྱེད་མོས་ཚལ་དེ་ཤིན་ཏུ་ལེགས་པར་བརྒྱན་ལ་བདག་གིས་ལེགས་པར་དབུལ་གོར་མ་ཆག་གོ་སྙམ་ནས་བརྟན་པའི་བློ་གྲོས་ལོངས་སྤྱད་པར་བྱ་བའི་ཕྱིར་རྒྱལ་པོ་དེས་སྐྱེད་མོས་ཚལ་དེ་ཕུལ་ལོ། །གཙུག་ལག་ཁང་བྱེ་བ་ཕྲག་བདུན་ཅུ་དང་འཆག་ས་བྱེ་བ་ཕྲག་བདུན་ཅུ་ཡང་བྱེད་དུ་བཅུག་གོ །ཁྲིའུ་བྱེ་བ་ཕྲག་བདུན་ཅུ་ཡང་བྱེད་དུ་བཅུག་གོ །ཀུན་དགའ་ར་བ་བྱེ་བ་ཕྲག་བདུན་ཅུ་ཡང་རིམ་གྲོ་བ་དག་དང་བཅས་པར་ཕུལ་ཏེ་ཕུལ་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་སང་གདུགས་ཚོད་ལ་གཤེགས་པར་གནང་བར་མཛད་དུ་གསོལ། བརྟན་པའི་བློ་གྲོས་དེ་ནས་རྒྱལ་པོ་དེས་བཅོམ་ལྡན་འདས་དེ་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས། ཞབས་ལ་ཕྱག་འཚལ་ཏེ་སོང་ནས་དེའི་མཚན་མོ་འཁོར་ལོས་སྒྱུར་བའི་ཟས་ལྟ་བུ་མང་བ་དང་བསོད་པ་གཡོས་བྱེད་དུ་བཅུག་ནས། དེའི་མཚན་མོ་འདས་པ་དང་བཅོམ་ལྡན་འདས་དེའི་ཐད་དུ་སོང་ནས་གདུགས་ཚོད་ལ་བབ་པ་གསོལ་ཏོ། །བརྟན་པའི་བློ་གྲོས་དེ་ནས་དེ་བཞིན་


DKG048_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་མངོན་དུ་འཕགས་པའི་འོད་ཟེར་དེ་སྔ་དྲོའི་དུས་ཀྱི་ཚེ་ཤམ་ཐབས་དང་ཆོས་གོས་མནབས། ལྷུང་བཟེད་བསྣམས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་གི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དགེ་སློང་དེ་དག་ཀྱང་སྟན་ཇི་ལྟར་བཤམས་པ་ལ་འཁོད་དོ། །བརྟན་པའི་བློ་གྲོས་དེ་ནས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་གིས་བཅོམ་ལྡན་འདས་དེ་བཞུགས་པ་དང་། དགེ་སློང་གི་དགེ་འདུན་འཁོད་པར་རིག་ནས་རང་གི་ལག་གིས་གུས་པར་བྱས་ཏེ། མང་ཞིང་བསོད་པའི་ཟས་ཇི་ལྟར་བསྡོགས་པས་ཚིམ་པར་བྱེད་ཅིང་བསྟབས་སོ། །དེས་བཅོམ་ལྡན་འདས་དེ་ལ་རང་གི་ལག་གིས་གུས་པར་བྱས་ཏེ་ཚིམ་པར་བྱས་ཤིང་བསྟབས་ནས། གསོལ་ཟིན་ཅིང་སྡེར་གྱུ་ཕྱག་བཅབས་པར་རིག་ནས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་སོ་སོར་ཆོས་གོས་གསུམ་གསུམ་སྐུ་ལུས་ལ་གསོལ་ཏོ། །བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་དེ་ལ་སྐུ་ལུས་ལ་གསོལ་ཏེ། གསེར་གྱི་རིལ་བ་བྷྲིང་ག་ར་ཐོགས་ནས་བཅོམ་ལྡན་འདས་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཕྱག་དུ་ཆུ་ཕུལ་ཏེ་གསོལ་པ། བཅོམ་ལྡན་འདས་བཅོམ་ལྡན་འདས་ལ་སྐྱེད་མོས་ཚལ་འདི་དང་གཙུག་ལག་ཁང་འདི་དག་དང་། འཆག་ས་འདི་དག་དང་། གཟིམས་ཆ་འདི་དག་དང་། ཁྲིའུ་འདི་དག་དང་། ཀུན་དགའ་ར་བ་འདི་དག་འབུལ་ལགས་སོ། །རིམ་གྲོ་དང་བསྙེན་བཀུར་བགྱི་བའི་སླད་དུ་བདག་ཉིད་ཀྱང་འབུལ་ལགས་སོ། །བརྟན་པའི་བློ་གྲོས་དེ་ནས་རྒྱལ་པོ་དེས་དེའི་རྗེས་ལ་དེ་བཞིན་གཤེགས་པ་དེ་ལ་རིམ་གྲོ་དང་བསྙེན་བཀུར་བྱས་ཤིང་ཆོས་མཉན་པའི་ཕྱིར་ཡང་ཉིན་གཅིག་བཞིན་དུ་གུས་པར་བྱས་ནས་སོང་ངོ་། །བརྟན་པའི་བློ་གྲོས་དེ་ནས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་དེས་བཅོམ་ལྡན་འདས་དེ་ལ་བསྐལ་པ་ཕྱེད་དུ་རིམ་གྲོ་བྱས་ཤིང་། དེ་བཞིན་གཤེགས་པ་དེ་ལ་གནས་དང་གནས་མ་ཡིན་པ་དག་ཀྱང་ཡོངས་སུ་དྲིས་སོ། །དེ་ཡང་ཡོངས་སུ་འདྲི་ཞིང་། བཅོམ་ལྡན་འདས་དེ་ཡང་ལན་ལྡོན་པ་ན་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱས་སོ། །བརྟན་པའི་བློ་གྲོས་དེའི་ཚེ་དེའི་དུས་ན་རྒྱལ་


DKG048_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་ཅེས་བྱ་བ་བྱུང་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སོམ་ཉིའམ་ཡིད་གཉིས་ཟ་བར་གྱུར་ན། ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བརྟན་པའི་བློ་གྲོས་རྒྱལ་པོ་མ་སྨད་པའི་བསོད་ནམས་དབང་ཕྱུག་ཅེས་བྱ་བ་བྱུང་བ་དེ་ཁྱོད་ཉིད་ཡིན་པའི་ཕྱིར་རོ། །བརྟན་པའི་བློ་གྲོས་ངས་ནི་འདས་པའི་དུས་ན་ཆོས་ཀྱི་རྣམ་གྲངས་དེ་ཉིད་ཡོངས་སུ་དྲི་བའི་ཕྱིར་གང་ལ་ཁྱོད་ཀྱིས་བླ་ན་མེད་པའི་རིམ་གྲོ་དང་བསྙེན་བཀུར་བྱས་པའི་སངས་རྒྱས་སྟོང་ཚང་བ་བྱུང་བར་མངོན་པར་ཤེས་སོ། །བརྟན་པའི་བློ་གྲོས་གང་ཡང་ཁྱོད་ཀྱིས་ཆོས་ཀྱི་སྒོ་སྒྲུབ་པ་སྨྲས་པ་དེ་དང་། ཇི་ལྟར་ཆོས་ཀྱི་སྒོ་མངོན་པར་སྒྲུབ་པ་ཁྱོད་ལ་བསྟན་པར་བྱའོ། །བརྟན་པའི་བློ་གྲོས་དེ་ལ་ཆོས་ཀྱི་སྒོ་ཞེས་བྱ་བ་ནི་གནས་དང་གཞི་རྣམས་ཡིན་ཏེ། དེ་དག་ནི་སེམས་པ་མེད་པ། མཚན་མ་མེད་པ། རྩོལ་བ་མེད་པ། དག་པ། རྣམ་པར་དག་པ། ཡོངས་སུ་དག་པ། བརྗོད་དུ་མེད་པ། ཡི་གེ་མེད་པ། ཡི་གེ་ལས་རྣམ་པར་ལོག་པ། བསྟན་དུ་མེད་པ་དག་ཡིན་ནོ། །བརྟན་པའི་བློ་གྲོས་ཡང་ཆོས་ནི་སྣང་བར་མི་འགྱུར་ཞིང་། ཆོས་ནི་ཤེས་པས་རྣམ་པར་རིག་པར་བྱ་བ་མ་ཡིན་ནོ། །བརྟན་པའི་བློ་གྲོས་ཡང་ཆོས་ཀྱི་སྒོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་མཛད་པ་གང་གིས་མྱ་ངན་ལས་འདས་པ་རབ་ཏུ་མཁྱེན་པ་སྟེ། ཇི་ལྟར་རབ་ཏུ་མཁྱེན་པ་དང་། གང་གིས་རབ་ཏུ་མཁྱེན་པ་དེ་ནི་ངས་རྣམ་པར་རིག་པར་བྱ་མི་ནུས་སོ། །བརྟན་པའི་བློ་གྲོས་ཆོས་དེ་དག་ནི་རྣམ་པར་རིག་པར་བྱ་བ་མ་ཡིན་ཞིང་གདགས་པ་མ་ཡིན་པ་དག་གོ །བརྟན་པའི་བློ་གྲོས་ཡང་གང་ལ་ལར་གདགས་པའི་ལམ་དེ་ནི་ཆོས་ཀྱི་སྒོ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་རོ་གཅིག་པའི་ཕྱིར་རྒྱ་མཚོའི་རྒྱས་བཏབ་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་མི་ཟད་པའི་མུ་ཅན་ཡིན་ཞིང་མི་ཟད་པའི་མཐའ་ཅན་ཡིན་པའི་ཕྱིར་ཟད་མི་ཤེས་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་གང་བ་དང་བྲི་བ་མེད་པས་མི་ཟད་པ་ཉིད་དུ་གྱུར་པ་སྟེ། དེས་ན་དེ་བཞིན་གཤེགས་པ་ནི་ཟད་མི་ཤེས་པའི་སྒོ་སྒྲུབ་པ་ཡང་འདོགས་པར་མཛད་དོ། །སྟོན་པར་མཛད། རབ་ཏུ་འཇོག་པར་མཛད་དོ། །ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོ་ཅན་ཏེ། ཨ་ཞེས་བྱ་བ་ལ་འཇུག་པ་ནི་རྣམ་པ་མེད་པའི་སྒོ་


DKG048_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་པའི་བཤད་པའི་གནས་སོ། །དེ་མངོན་པར་བསྒྲུབ་པ་ནི་མཚམས་སྦྱོར་བར་བྱེད་པའོ། །དེ་ལ་མཚམས་སྦྱོར་བའི་ཡི་གེ་དག་གིས་ཨ་ཞེས་བྱ་བ་མ་བྱས་ཏེ། དེའི་ཕྱིར་ཆོས་ནི་ཨ་ཞེས་བྱ་བ་ཞེས་བྱའོ། །དེ་ནི་ཨ་ཞེས་བྱ་བས་རྣམ་པར་རིག་པར་བྱེད་ཅིང་། རྣམ་པར་རིག་པ་དེ་ཡང་དེའི་མཚམས་སྦྱོར་བའི་ཚིག་དང་ཡི་གེ་དག་དང་ལྡན་པར་ཡོངས་སུ་རྫོགས་པར་བྱེད་དོ། །དེས་ན་དེ་བཞིན་གཤེགས་པས་འདི་སྐད་དུ་ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོ་ཅན་ནོ་ཞེས་གསུངས་སོ། །སྒོ་དེ་གང་དག་གི་ཡིན་པའི་ཆོས་དེ་དག་ཀྱང་གང་ཞེ་ན། བརྟན་པའི་བློ་གྲོས་ཆོས་དེ་དག་ནི་མ་བྱས་པའོ། །མ་བྱས་པ་ནི་རྣམ་པར་རིག་པ་མ་ཡིན་པས་མ་བཏགས་པ་རྣམ་པར་རིག་པ་མ་ཡིན་པར་རྣམ་པར་རིག་པ་བརྗོད་དུ་མེད་པར་བརྗོད་པ། མངོན་པར་བརྗོད་དུ་མེད་པར་མངོན་པར་བརྗོད་པ། ཟད་མི་ཤེས་པར་ཟད་པ་དག་གོ །བརྟན་པའི་བློ་གྲོས་དེ་ལྟར་ན་ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ལས་བྱེད་པ་ཡིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སྒོ་གང་ལ་ཞུགས་པས་ཡེ་ཤེས་ཟད་མི་ཤེས་ཤིང་། སྤོབས་པ་ཟད་མི་ཤེས་པར་འགྱུར་བའི་སྒོ་དེ་ནི་ཨ་ཞེས་བྱ་བའི་སྒོའོ། །བརྟན་པའི་བློ་གྲོས་མི་ཟད་པ་ནི་ཟད་པ་ལས་འདས་པའོ། །བརྟན་པའི་བློ་གྲོས་གང་ལ་གདགས་པ་མེད། རྣམ་པར་རིག་པ་མེད་པ་ནི་ཟད་པ་ཡིན་ཏེ། གང་དག་རྣམ་པར་རིག་པ་མ་ཡིན་པར་རྣམ་པར་རིག་པར་བྱས་པ་དེ་དག་ནི་རྣམ་པར་རིག་པར་བྱས་པ་མ་ཡིན་ཞིང་། གང་དག་བཏགས་པ་དེ་དག་ནི་མ་བཏགས་པ་སྟེ། བརྟན་པའི་བློ་གྲོས་དེས་ན་སྒོ་དེ་ནི་ཟད་པ་ཞེས་བྱའོ། །སྒོ་དེ་གང་གི་ཡིན་ཞེ་ན། ཆོས་དེ་དག་གི་སྒོའོ། །གང་དག་གི་ཞེ་ན། གང་དག་དེ་བཞིན་གཤེགས་པས་མ་བརྙེས་མ་དམིགས་པའོ། །བརྟན་པའི་བློ་གྲོས་སྒོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པ་སྟེ། འཇུག་པ་དེ་ནི་ཆོས་ཐམས་ཅད་ཀྱི་ཡིན་ནོ། །མངོན་པར་བརྗོད་པ་ཐམས་ཅད་ཀྱང་མངོན་པར་བརྗོད་དུ་མེད་པ་ཡིན། ངག་ཐམས་ཅད་ཀྱང་མི་ཟད་པའི་ངག་ཡིན། ངག་ཐམས་ཅད་ཀྱང་དེ་བཞིན་གྱི་ངག་ཡིན། གཞན་མ་ཡིན་པའི་ངག་ཡིན། རྣམ་པར་རིག་པ་ཐམས་ཅད་ཀྱང་རྣམ་པར་རིག་པ་མ་ཡིན་པ་ཡིན་ཏེ། བརྟན་པའི་བློ་གྲོས་འདི་ནི་རྡོ་རྗེའི་ཚིག་གོ །ཅིའི་ཕྱིར་རྡོ་རྗེའི་ཚིག་ཅེས་བྱ་ཞེ་ན། གང་ལ་ཡང་ནམ་ཡང་དབྱེར་མེད་ཅིང་གང་ལ་ཡང་དབྱེར་མེད་པ་དེ་ལ་བྱེད་པ་པོ་གང་ཡང་མེད་ལ། གང་


DKG048_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱེད་པ་པོ་གང་ཡང་མེད་པས་དེས་ན་རྡོ་རྗེའི་ཚིག་ཅེས་བྱའོ། །ཆོས་ཐམས་ཅད་ནི་ལས་མེད་པ་སྟེ། གང་ལས་མེད་པ་ཉིད་དེ་ལ་ནི་རྣམ་པར་སྨིན་པ་གང་ཡང་མེད་ལ། གང་ལ་རྣམ་པར་སྨིན་པ་གང་ཡང་མེད་པས་དེས་ན་ཆོས་ཐམས་ཅད་ནི་ལས་མེད་པ་རྣམ་པར་སྨིན་པ་མེད་པ་ཞེས་བྱའོ། །ཆོས་ཀྱི་ཕྱག་རྒྱ་དེ་ནི་གང་ལ་ལར་དེ་བཞིན་གཤེགས་པས་ལས་ཀྱི་རྣམ་པར་སྨིན་པ་བསྟན་པ་དེའི་ཚེ་ན་ཆོས་ཀྱི་ཕྱག་རྒྱ་དེས་བསྟན་པའོ། །ཕྱག་རྒྱ་དེ་ནི་མ་བྱས་པ་དང་དབྱེར་མེད་པར་ཁོང་དུ་ཆུད་པར་བྱའོ། །བརྟན་པའི་བློ་གྲོས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལས་ཀྱི་རྣམ་པར་སྨིན་པ་ལ་འཇུག་པར་འདོད་པས་ནི་དེ་ལྟར་འཇུག་པར་བྱའོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་ནམ་མཁའ་ལ་འཇུག་པས་འོང་བ་མེད་པ། འགྲོ་བ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པས་ནི་སྒོ་དེ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བ་རབ་ཏུ་མཁྱེན་ཏོ། །བརྟན་པའི་བློ་གྲོས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་འཆི་འཕོ་དང་སྐྱེ་བ་ལ་འཇུག་པར་འདོད་པས་ནི་ཕྱག་རྒྱ་དེ་ལ་འཇུག་པར་བྱའོ། །བརྟན་པའི་བློ་གྲོས་འདི་ནི་ཆོས་རྣམས་ཀྱི་ཡི་གེ་མེད་པའི་ཕྱག་རྒྱ་ཡིན་ནོ། །གདགས་པ་མེད་པའི་ཕྱག་རྒྱ་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཇི་ཙམ་དུ་མངོན་པར་བརྗོད་པ་ཐམས་ཅད་ནི་ཕྱག་རྒྱ་དེས་མངོན་པར་བརྗོད་པར་མཛད་ཅིང་ཕྱག་རྒྱ་དེ་ཉིད་མངོན་པར་བརྗོད་པར་མཛད་དོ། །བརྟན་པའི་བློ་གྲོས་ལུས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐུ་དེ་ནི་ལུས་ཀྱི་སྐུ་ཡིན་ཞིང་དེ་བཞིན་གཤེགས་པ་ནི་ཕྱག་རྒྱ་དེས་སེམས་ཅན་རྣམས་ཀྱི་ལུས་མངོན་པར་སྒྲུབ་པ་སྟོན་པར་མཛད་པའི་ཕྱིར་རོ། །བརྟན་པའི་བློ་གྲོས་ཕྱག་རྒྱ་གང་གིས་བཏབ་པའི་ལུས་ཀྱི་ཕྱག་རྒྱ་དེ་ནི་ལུས་ཐམས་ཅད་ཀྱི་གདགས་པའོ། །བརྟན་པའི་བློ་གྲོས་གང་ལ་ལར་ལུས་མངོན་པར་བསྒྲུབ་པ་དེ་ཐམས་ཅད་ནི་ཕྱག་རྒྱ་དེས་བཏབ་པ་ཡིན་ཞིང་དེ་བཞིན་གཤེགས་པ་ནི་ཕྱག་རྒྱ་དེ་ཉིད་མངོན་པར་སྒྲུབ་པར་མཛད་དོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་འཇུག་པ་


DKG048_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་སྒོ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་འགྲོ་བ་མེད་པའི་ཕྱིར་འཇུག་པ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་འཇུག་པ་མེད་པ་ཉིད་ཀྱི་ཕྱིར་འགྲོ་བ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་གང་དང་གང་ནས་ཆོས་སྟོན་པ་དེ་དང་དེ་ནས་ཆགས་པ་མེད་པའི་མུ་དང་ལྡན་པ་ཁོ་ན་དག་སྟོན་པར་མཛད་ཅིང་སེམས་ཅན་ཐམས་ཅད་ཀྱི་མུ་དེ་ཉིད་ཀྱང་རབ་ཏུ་མཁྱེན་ཏེ། མུ་དེ་ནི་དེ་ལྟ་བུ་ཡིན་ནོ། །བརྟན་པའི་བློ་གྲོས་ཆགས་པ་མེད་པའི་མུ་ཞེས་བྱ་བ་ནི་མཐའ་ཡས་པའི་མུ་སྟེ། སེམས་ཅན་ཐམས་ཅད་ནི་ཡ་མ་བརླའི་མུར་བསྟན་པས་དེ་ལྟ་བུའི་མུ་ཅན་ཡིན་ནོ། །བརྟན་པའི་བློ་གྲོས་གང་དུ་ཆོས་ཐམས་ཅད་ཀྱི་སྒོ་མུའི་སྒོ་དེས་མུའི་སྒོ་ཡིན་པ་དེ་ཐམས་ཅད་ནི་ཆོས་ཀྱི་ཕུང་པོ་ཡིན་ལ་ཆོས་ཀྱི་ཕུང་པོ་ཡང་ཕུང་པོ་མེད་པ་སྟེ། དེ་ལྟར་ཕུང་པོ་དེ་དག་ནི་ཕུང་པོ་མེད་པ་ཡིན་ཞིང་ཕུང་པོ་དེ་དག་ནི་ཆོས་ཀྱི་ཕུང་པོ་ཡང་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་གང་དང་གང་ནས་ཕུང་པོ་དག་སྟོན་པ་དེ་དང་དེ་ནས་ཆོས་ཀྱི་ཕུང་པོའི་སྒོ་མུ་དེས་སྟོན་པར་མཛད་དོ། །གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ་ཕུང་པོ་རྣམས་ནི་ཕུང་པོ་མེད་པ་ཡིན་ནོ། །འདི་ནི་ཕུང་པོ་རྣམས་ཀྱི་རྣམ་པའི་སྒོ་བསྟན་པའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་རྣམས་ཀྱི་འཇུག་པ་དེ་ནི་ཟབ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་འདི་སྙམ་དུ་འདི་ནི་ཟབ་པའོ། །འདི་ནི་གསལ་བའོ་སྙམ་དུ་མི་དགོངས་ཏེ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་ཅུང་ཟད་ཅིག་སྟོན་པར་མཛད་དོ། །གསོལ་པ། ཇི་ལྟར་བྱིས་པ་རྣམས་ཀྱིས་བཟུང་བ་དེ་ལྟར་


DKG048_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྟོན་པར་མི་མཛད་ཀྱི་ཇི་ལྟར་མཁས་པ་རྣམས་ཀྱིས་ཀུན་འཚལ་བ་དེ་ལྟར་གསུངས་ཏེ། དེ་བཞིན་གཤེགས་པ་ནི་དེ་ལྟར་ཆོས་སྟོན་པར་མཛད་ལགས་སོ། །བཀའ་སྩལ་པ། བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པ་ནི་ཇི་ལྟར་རབ་ཏུ་ཤེས་པ་དེ་ལྟར་སྟོན་པར་མི་བྱེད། འདོགས་པར་མི་བྱེད། རབ་ཏུ་འཇོག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་དེ་ལྟར་མཁས་པ་རྣམས་ཀྱིས་ཀུན་ཤེས་པ་ཡིན་ཞིང་། ཇི་ལྟར་བྱིས་པ་རྣམས་ཀྱིས་བཟུང་བ་དེ་ལྟར་ནི་ཡི་གེའི་རྣམ་པར་རིག་པ་ཡིན་ལ། ཡི་གེ་དེ་དག་ཀྱང་ཡི་གེ་མེད་པ་ཡིན་པས་བསྟན་པ་མེད་པའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་བརྟན་པའི་བློ་གྲོས་ལ་བཀའ་སྩལ་པ། བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་ཉི་མའི་དཀྱིལ་འཁོར་གྱི་སྣང་བ་ཡིན་ནོ། །བརྟན་པའི་བློ་གྲོས་གང་དང་གང་ནས་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་དེ་དང་དེ་ནས་མཐའ་ཡས་པའི་མུ་ཅན་ཁོ་ནར་སྣང་སྟེ། དེ་ལྟར་དེ་དག་ནི་ཆོས་ཀྱི་སྣང་བ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་ཀུན་ནས་སྣང་བ་དང་སྒྲིབ་པ་མེད་པའི་ཕྱིར་འོད་གསལ་བ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་གང་གིས་ཀྱང་མ་བསྒྲིབས་པའི་ཕྱིར་སྒྲིབ་པ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་བླ་གབ་མེད་པ་དང་མཚུངས་པའི་ཕྱིར་མ་བསྒྲིབས་པ་ཡིན་ནོ། །བརྟན་པའི་བློ་གྲོས་གང་ན་གཉིས་གདགས་པ་དང་གཉིས་འཛིན་པ་དེ་ལ་དེ་བཞིན་གཤེགས་པའི་སྤྱན་སྒྲིབ་པ་མེད་པ་འཇུག་གོ །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པས་མིག་གང་གིས་ཆོས་ཐམས་ཅད་རབ་ཏུ་ཤེས་ཤིང་ཇི་ལྟར་རབ་ཏུ་ཤེས་པ་དེ་ལྟར་སྒྲིབ་པ་མེད་པར་རབ་ཏུ་ཤེས་པ་འདི་ནི་མིག་གི་ཆོས་ཡིན་ནོ། །བརྟན་པའི་བློ་གྲོས་རིགས་ཀྱི་བུས་གང་ལ་བརྟེན་ནས་དོན་ལ་ངེས་པར་རྟོག་པའི་བརྗོད་པ་འབྱུང་བ་དང་། ཟབ་མོ་བསྟན་པའི་བརྗོད་པ་འབྱུང་བ་དང་། མ་ཆགས་པའི་བརྗོད་པ་འབྱུང་བའི་ཆོས་ཐམས་ཅད་ཀྱི་སྒོ་དེ་ནི་སྒྲིབ་པ་མེད་པའི་སྒོ་ཡིན་ནོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བརྟན་པའི་བློ་གྲོས་ལ་བཀའ་སྩལ་པ། བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་ཆགས་པ་མེད་ཅིང་ཆགས་པ་དང་བྲལ་བའི་ཕྱིར་རྡུལ་དང་བྲལ་བ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་ཕན་འདོགས་པ་མེད་པའི་ཚུལ་གྱིས་ཡོངས་སུ་མ་བཟུང་བ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཐམས་ཅད་ནི་དངོས་པོ་དམིགས་སུ་མེད་པས་མཐའ་ཡས་མུ་མེད་པ་ཡིན་ནོ། །བརྟན་པའི་བློ་གྲོས་གང་དང་གང་དུ་ཡི་གེའི་བསྟན་པ་སྟོན་པ་དེ་དང་དེར་ནི་ཆོས་ཐམས་ཅད་ཡི་གེ་མེད་པ་ཁོ་ནར་སྟོན་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་དེ་དག་གི་མཐའ་ཐུག་པ་མེད་པ་དང་། མཐར་ཐུག་པ་མེད་པ་བསྟན་པས་ཇི་ལྟར་སུ་ཞིག་ཡི་གེ་མེད་པའི་སྒོ་དེ་ལ་འཇུག་སྟེ། འདི་ནི་དེའི་འཇུག་པ་ཡིན་ནོ། །འཇུག་པ་དེ་ནི་ཆོས་གང་གི་ཡང་འཇུག་པ་


DKG048_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་གཤེགས་པས་ནི་ཏིང་ངེ་འཛིན་གྱི་སྒོ་སྒྲུབ་པ་གསུངས་ཏེ། ཏིང་ངེ་འཛིན་གྱི་སྒྲུབ་པ་ཡང་གང་ཞེ་ན། བརྟན་པའི་བློ་གྲོས་ཆོས་ཐམས་ཅད་བཀོད་པ་ཚུལ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །བཀོད་པ་དུ་མ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། ། དེ་ལ་བཀོད་པ་གཅིག་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཞེ་ན། བརྟན་པའི་བློ་གྲོས་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཇིག་རྟེན་གྱི་ཁམས་ག་གེ་མོ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་ཆེ་གེ་མོ་ཞེས་བྱ་བ་ཆོས་སྟོན་ཏོ། །ཞེས་དེ་བཞིན་གཤེགས་པ་གཅིག་གི་མཚན་ཐོས་པར་བྱེད་དོ། །དེ་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས་མཚན་མའི་སྒོ་ནས་ལེགས་པར་འཛིན་པར་བྱེད། མཚན་མའི་རྣམ་པ་མདུན་དུ་བྱེད། མངོན་དུ་བྱེད་དོ། །དེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་ན་བཞུགས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའམ། ཆོས་ཀྱི་འཁོར་ལོ་བསྐོར་བའམ། ཉན་ཐོས་ཀྱི་ཚོགས་ཀྱིས་ཡོངས་སུ་བསྐོར་བའམ། ཆོས་སྟོན་པ་འབའ་ཞིག་དྲན་པ་རྣམ་པར་མི་གཡེང་བ་དང་། དབང་པོ་མི་རྒོད་པ་དག་དང་། ཡིད་ཕྱི་རོལ་ཏུ་མ་སོང་བས་ཡིད་ལ་བྱེད་དོ། །དེ་དེ་བཞིན་གཤེགས་པ་དེའི་མཚན་མ་རྗེས་སུ་དྲན་པས་འཇིག་རྟེན་གྱི་ཁམས་ལ་དམིགས་པ་མདུན་དུ་བྱེད་དོ། །དེ་དེ་བཞིན་གཤེགས་པ་ལ་དམིགས་པ་དང་། འཇིག་རྟེན་གྱི་ཁམས་ལ་དམིགས་པ་ཡང་འདི་ལྟ་སྟེ། དམིགས་པ་མེད་པ་ཉིད་ཀྱིས་དམིགས་པ་གཅིག་པ་ཉིད་དུ་རྟོགས་པར་བྱེད་དོ། །དེ་དེ་ལྟར་གནས་ཤིང་སྦྱོར་བ་དེ་རྗེས་སུ་མི་གཏོང་བས་དེ་བཞིན་གཤེགས་པའི་སྐུ་མངོན་དུ་འགྱུར་རོ། །དེ་ཆོས་སྟོན་པ་ཡིད་ལ་བྱེད་པས་ཟབ་པ་དང་། གསལ་བ་དང་། དོན་དང་ཚིག་འབྲུའི་སྒོ་ནས་ཇི་ལྟ་ཇི་ལྟར་མོས་པ་དེ་ལྟ་དེ་ལྟར་ཡང་མདུན་དུ་བྱེད་དོ། །དེ་ཏིང་ངེ་འཛིན་དེ་ལ་གནས་ནས་དངོས་པོ་ཐམས་ཅད་རྣམ་པར་འཇིག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཉན་པར་བྱེད་དོ། །དེ་ཆོས་བསྟན་པ་དེ་དག་ཀུན་ལེན་པར་བྱེད་ཅིང་འཛིན་པར་བྱེད་དོ། །བླངས་ཤིང་བཟུང་ནས་ཀྱང་ཏིང་ངེ་འཛིན་དེ་ལས་ལངས་ནས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏེ། འཇུག་པ་དེ་དང་དམིགས་པ་དེ་ནི་འདི་ལྟ་སྟེ། བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་


DKG048_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བརྟན་པའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་ཡང་དམིགས་པ་དེ་ཉིད་རྣམ་པར་འཇིག་པར་བྱེད་ཅིང་། བདག་ཉིད་ཀྱི་ལུས་ཀྱང་རྣམ་པར་འཇིག་པར་བྱེད་དོ། །དེ་དངོས་པོ་ཐམས་ཅད་རྣམ་པར་འཇིག་པ་ཉིད་ཀྱིས་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ལ་འཇུག་པར་བྱེད་དོ། །དེ་དེ་ལས་ལངས་ནས་ཀྱང་ཡང་འཁོར་བཞི་པོ་དག་ལ་ཆོས་སྟོན་པར་བྱེད་དེ། བརྟན་པའི་བློ་གྲོས་འདི་ཡང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ཡིན་ནོ། །བརྟན་པའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པའི་སྐུ་ལ་དམིགས་པ་དེ་ཉིད་ལ་འདི་ལྟར་སོ་སོར་རྟོག་པར་བྱེད་དོ། །དེ་བཞིན་གཤེགས་པའི་སྐུ་དེ་ག་ལས་འོངས། བདག་ཀྱང་གང་དུ་སོང་ཞིག་གུ་སྙམ་ནས། དེ་དེ་བཞིན་གཤེགས་པ་ཡང་མ་འོངས་པར་རབ་ཏུ་ཤེས་ཤིང་། བདག་ཉིད་ཀྱང་མ་སོང་བར་རབ་ཏུ་ཤེས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཆོས་ཐམས་ཅད་ནི་འོངས་པ་མེད་པའོ། །འགྲོ་བ་མེད་པའོ་སྙམ་མོ། །དེ་དེ་ལྟར་གནས་ཤིང་དེ་ལྟར་བརྩོན་པས་རིང་པོ་མི་ཐོགས་པར་ཆོས་ཀྱི་མིག་སྒྲིབ་པ་མེད་པ་ཐོབ་བོ། །ཆོས་ཀྱི་མིག་སྒྲིབ་པ་མེད་པ་དེ་ཐོབ་ནས་དེ་བཞིན་གཤེགས་པ་ཡིན་ཏེ། ཆོས་ཀྱི་སྒོ་གང་གིས་མ་ཆགས་པའི་སྤོབས་པ་ཉིད་འཐོབ་པའི་ཆོས་ཀྱི་སྒོ་མངོན་དུ་བྱེད་དོ། །དེ་ཆོས་ཀྱང་སྟོན་པར་བྱེད་ལ་ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བརྟན་པའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མ་ཆགས་པ་འཇུག་ཀྱང་ལུས་རྣམས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོགས་པ་ཡང་མེད་དོ། །འདས་པའི་དུས་ལ་དམིགས་པའི་སྒོ་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་མི་འཇུག་ཅིང་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མི་འཇུག་ཀྱང་། འདས་པའི་དུས་ལ་དེ་བཞིན་གཤེགས་པ་ནི་ཡེ་ཤེས་མངའ་བ་ཉིད་དེ་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་དམིགས་པའི་ལུས་རྗེས་སུ་འཇུག་པ་ཡང་མ་ཡིན་ནོ། །མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཡང་དེ་དང་འདྲའོ། །བརྟན་པའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་དེ་ལ་གནས་ནས་ཆོས་ཀྱང་སྟོན་པར་བྱེད་ལ། ཆོས་དེ་དག་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཤིན་ཏུ་བསྒོམས་པས་ཏིང་ངེ་འཛིན་དེ་ལ་གནས་


DKG048_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇིག་རྟེན་གྱི་ཁམས་གང་ན་བཞུགས་པར་འགྱུར་ཞིང་། བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའམ། ཆོས་ཀྱི་འཁོར་ལོ་བསྐོར་བའམ། ཆོས་སྟོན་པའི་དེ་བཞིན་གཤེགས་པ་གཉིས་པ་ཡིད་ལ་བྱེད། དམིགས་པར་བྱེད། མངོན་དུ་བྱེད་དོ། །དེ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་དེ་ཡང་ཀུན་ལེན་པར་བྱེད། འཛིན་པར་བྱེད་དོ། །དེ་དེ་བཞིན་གཤེགས་པ་ལ་དམིགས་པ་སྔ་མ་དེ་ཡང་དམིགས་པར་བྱེད་ཅིང་། དེ་བཞིན་གཤེགས་པ་ལ་དམིགས་པ་འདི་ཡང་གཏོང་བར་མི་བྱེད་དོ། །དེ་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དེ་གཉི་ག་དམིགས་པར་བྱེད། མངོན་དུ་བྱེད་དེ། བརྟན་པའི་བློ་གྲོས་འདི་ཡང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ཡིན་ནོ། །བརྟན་པའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ལ་དམིགས་པ་གཅིག་ལེགས་པར་ཀུན་བཟུང་ཞིང་ལེགས་པར་བརྟགས་ལ། ལེགས་པར་བྱང་བར་བྱས་ནས་དེ་བཞིན་གཤེགས་པ་ཇི་སྙེད་འདོད་པ་དེ་སྙེད་ཡིད་ལ་བྱེད་དོ། །བརྟན་པའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ལུས་ཀྱི་སྐྱེ་མཆེད་དག་ལ་དགེ་སློང་དབང་དུ་གྱུར་པ་དེ་དམིགས་པ་སྔོན་པོ་ཡིད་ལ་བྱེད་དོ། །དེ་ཐམས་ཅད་ཀྱང་གང་ཅི་ཡང་རུང་བ་ཐམས་ཅད་དམིགས་པ་སྔོན་པོ་ཁོ་ནར་མོས་པར་བྱེད་དེ། སྔོན་པོ་ཁོ་ན་ཡིན་པ་མ་གཏོགས་པར་དེ་ལ་དམིགས་པ་ཅི་ཡང་མངོན་དུ་མི་འགྱུར་རོ། །དེ་འགྲོ་བ་ཐམས་ཅད་སྔོན་པོ་ཁོ་ནར་མོས་པར་བྱེད་ཅིང་བྱིན་གྱིས་རློབ་པར་བྱེད་ལ། སྔོན་པོ་ཁོ་ནར་མངོན་དུ་བྱེད་དོ། །ནང་དང་ཕྱིའི་ཆོས་རྣམས་ལ་དེའི་ཤེས་པ་སྔོན་པོའོ་སྙམ་དུ་འཇུག་ཅིང་། དེ་ལ་དེ་ནི་དབང་དུ་གྱུར་པ་ཡང་ཡིན་ནོ། །བརྟན་པའི་བློ་གྲོས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དེ་ནི་འཇིག་རྟེན་གྱི་ཁམས་གང་དང་གང་ན་དེ་བཞིན་གཤེགས་པ་ཇི་སྙེད་བཞུགས་པ་ཐོས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་རྣམས་དང་དེ་བཞིན་གཤེགས་པའི་དེ་དག་ཀྱང་ཡིད་ལ་བྱེད་དོ། །དེ་དེ་བཞིན་གཤེགས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་ཤིན་ཏུ་ལེགས་པར་བརྟགས་པ་ཤིན་ཏུ་ངེས་པར་བྱ་བ་དེས་འགྲོ་བ་ཐམས་ཅད་ནི་དེ་བཞིན་གཤེགས་པའོ། །སངས་རྒྱས་སོ། །རང་བྱུང་ངོ་ཞེས་བྱིན་གྱིས་རློབ་པར་བྱེད་དོ། །དེ་དེ་བཞིན་


DKG048_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ལ་དམིགས་པའི་ཡིད་ལ་བྱེད་པ་དེ་ཤིན་ཏུ་ཡིད་ལ་བྱེད་པས་དམིགས་པ་ཐམས་ཅད་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མངོན་དུ་འགྱུར་བའི་དམིགས་པ་གཅིག་ཏུ་བྱིན་གྱིས་རློབ་པར་བྱེད་དོ། །དེ་དེ་བཞིན་གཤེགས་པ་ལས་དམིགས་པའི་དངོས་པོ་གཞན་ཅི་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཞན་དུ་ན་སངས་རྒྱས་ཉག་གཅིག་མ་གཏོགས་ཏེ། བརྟན་པའི་བློ་གྲོས་འདི་ཡང་བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཏིང་ངེ་འཛིན་དེའི་མངོན་པར་སྒྲུབ་པ་དེ་གང་ལགས། བཀའ་སྩལ་པ། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་པའི་སེམས་རྩེ་གཅིག་པ་ཉིད་མི་གཏོང་བ་སྟེ། བརྟན་པའི་བློ་གྲོས་འདི་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ཡིན་ནོ། །བརྟན་པའི་བློ་གྲོས་ཡང་གང་དམིགས་པ་གཅིག་གིས་ཆོས་ཐམས་ཅད་རྟོགས་པ་ནི་ཐམས་ཅད་ཀྱི་ཆོས་ཉིད་ཀྱང་ཡིན་ཏེ། བརྟན་པའི་བློ་གྲོས་འདི་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་ནི་ཏིང་ངེ་འཛིན་དེ་ལ་གནས་ནས་ངག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ངག་གོ །ལུས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྐུའོ་སྙམ་དུ་དེ་ལྟར་འཇུག་པར་བྱེད་ཅིང་། །དེ་ལྟར་མོས་པར་བྱེད་དོ། །བརྟན་པའི་བློ་གྲོས་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་དེ་བཞིན་གཤེགས་པ་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། བཅུ་དང་། བརྒྱའི་བར་དང་། འབུམ་གྱི་བར་གྱི་མཚན་དག་ཉན་པར་བྱེད་ཅིང་། དེ་དག་ཐམས་ཅད་དུས་གཅིག་ཏུ་མངོན་དུ་བྱེད་ཡིད་ལ་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དང་ཉན་ཐོས་ཀྱི་བཀོད་པ་དེ་དག་ཐམས་ཅད་ཀྱང་མངོན་དུ་བྱེད། ཡིད་ལ་བྱེད་དོ། །དེ་བཞིན་གཤེགས་པ་དེ་དག་གི་གཟུགས་ཕུན་སུམ་ཚོགས་པ་དང་། མཚན་ཕུན་སུམ་ཚོགས་པ་དང་། མདོག་ཕུན་སུམ་ཚོགས་པ་དང་། སྐུ་ཕུན་སུམ་ཚོགས་པ་དང་། ཆུ་ཞེང་ཕུན་སུམ་ཚོགས་པ་ཡང་མངོན་དུ་བྱེད། ཡིད་ལ་བྱེད། མདུན་དུ་བྱེད་དོ། །སྐྱེས་བུ་ཆེན་པོའི་མཚན་རེ་རེའི་མཚན་མ་ཡང་འཛིན་པར་བྱེད་དོ། །མ་རྨོངས་པར་རྣམ་པར་གཤེགས་པའི་མཚན་མ་དང་། སེང་གེའི་རྣམ་པར་བསྒྱིངས་པའི་མཚན་མ་དང་།


DKG048_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་གཙུག་བལྟར་མི་མཐོང་བའི་མཚན་མ་དང་། འོད་འདོམ་གང་གི་མཚན་མ་ཡང་འཛིན་པར་བྱེད་དོ། །འོད་འདོམ་གང་པོ་དེ་ཡང་འོད་མཐའ་ཡས་པ་ཉིད་དུ་མོས་པར་བྱེད་དེ་བྱིན་གྱིས་རློབ་པར་བྱེད་དོ། །འོད་མཐའ་ཡས་པ་ཉིད་ཀྱང་ཀུན་ཏུ་ཤེས་སོ། །སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ཉིད་ཀྱང་འཛིན་པར་བྱེད་དོ། །སངས་རྒྱས་ཀྱི་ཞིང་གི་བཀོད་པ་དཔག་ཏུ་མེད་པ་ཡང་བྱིན་གྱིས་རློབ་པར་བྱེད། མོས་པར་བྱེད་ཅིང་ཀུན་ཏུ་ཤེས་སོ། །ཉན་ཐོས་ཀྱི་བཀོད་པ་མཐའ་ཡས་པ་ཡང་ཀུན་ཏུ་ཤེས་ཤིང་མོས་པར་བྱེད། བྱིན་གྱིས་རློབ་པར་བྱེད་དོ། །དེ་ཡང་འདི་ལྟར་སོ་སོར་རྟོག་པར་བྱེད་དེ་དེ་བཞིན་གཤེགས་པ་དེ་དག་ག་ལས་འོངས་བདག་ཀྱང་གང་དུ་སོང་ཞིག་གུ་སྙམ་ནས། དེ་དེ་བཞིན་གཤེགས་པ་དང་བདག་ཉིད་ཀྱི་མ་འོངས་པ་ཉིད་དང་། མ་སོང་བ་ཉིད་ལ་འཇུག་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་མོས་པར་བྱེད་དོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལ་དེ་བཞིན་གཤེགས་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ། །བདག་ཅེས་བྱ་བའི་ཆོས་ཀྱང་གང་ཡང་མེད་དོ་སྙམ་མོ། །དེ་འདི་ལྟར་སོ་སོར་རྟོག་པར་བྱེད་དེ། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་རོ་སྙམ་མོ། ། དེ་དེ་ལྟར་སོ་སོར་རྟོག་པས་ཆོས་ཐམས་ཅད་མཚན་ཉིད་གཅིག་གོ་སྙམ་དུ་མོས་པར་བྱེད། འཇུག་པར་བྱེད་དོ། །དེ་དེ་ལྟར་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་ཀྱིས་མཚན་ཉིད་དག་ནི་ཆོས་རྣམས་སོ་སྙམ་དུ་འཇུག་པར་བྱེད་མོས་པར་བྱེད་ཅིང་ཀུན་ཏུ་ཤེས་ལ་བྱིན་གྱིས་རློབ་པར་བྱེད་དོ། །དེ་ཆོས་ཐམས་ཅད་མཚན་ཉིད་མེད་པ་ཉིད་ཀྱིས་མཚན་ཉིད་གཅིག་པར་འཇུག་པར་བྱེད་དོ། །བརྟན་པའི་བློ་གྲོས་ཇི་སྙམ་དུ་སངས་རྒྱས་དུ་མ་མངོན་པར་སྒྲུབ་པ་ནི་སེམས་རྩེ་གཅིག་པ་ཉིད་ཀྱང་ཡིན་ཏེ། བརྟན་པའི་བློ་གྲོས་འདི་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ཡིན་ནོ། །གང་སངས་རྒྱས་སུ་མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པར་མངོན་པར་སྒྲུབ་པ་འདི་ནི་བཀོད་པ་གཅིག་པའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ཏིང་ངེ་འཛིན་དེ་ལ་གནས་ནས་དེ་བཞིན་གཤེགས་པ་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་


DKG048_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མི་ཤེས་སོ། །ཆོས་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །ཉན་ཐོས་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །ཉན་ཐོས་སོ་སྙམ་དུ་ཡང་མི་དམིགས་སོ། །ཆོས་བསྟན་པ་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །ཆོས་བསྟན་པ་ཡང་མི་དམིགས་སོ། །དམིགས་པ་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །དམིགས་པ་ཡང་མི་དམིགས་སོ། །སངས་རྒྱས་ཀྱི་ཞིང་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །སངས་རྒྱས་ཀྱི་ཞིང་ཡང་མི་དམིགས་སོ། །འཁོར་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །འཁོར་ཀྱང་མི་དམིགས་སོ། །སྤོབས་པ་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །སྤོབས་པ་ཡང་མི་དམིགས་སོ། །རབ་ཏུ་བརྗོད་པ་མ་ཡིན་པའོ་སྙམ་དུ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །རབ་ཏུ་བརྗོད་པ་ཡང་མི་དམིགས་སོ། །བྱིན་གྱིས་རློབ་པ་མ་ཡིན་པ་གང་ཅི་ཡང་ཀུན་ཏུ་མི་ཤེས་སོ། །བྱིན་གྱིས་བརླབས་ཀྱང་མི་དམིགས་སོ། །མོས་པར་མི་བྱེད་པ་གང་ཅི་ཡང་མེད་དོ། །མོས་པ་ཡང་མི་དམིགས་སོ། །རློམ་སེམས་མི་བྱེད་པ་གང་ཅི་ཡང་མེད་དོ། །རློམ་སེམས་ཀྱང་མི་དམིགས་སོ། །སྒོམ་པར་མི་བྱེད་པ་གང་ཅི་ཡང་མེད་དོ། །སྒོམ་པ་ཡང་མི་དམིགས་སོ། །རྣམ་པར་མི་འབྱེད་པ་གང་ཅི་ཡང་མེད་དོ། །རྣམ་པར་འབྱེད་པ་ཡང་མི་དམིགས་སོ། །གསལ་བར་མི་བྱེད་པ་གང་ཅི་ཡང་མེད་དོ། །གསལ་བ་ཡང་མི་དམིགས་སོ། །རབ་ཏུ་སྟོན་པར་མི་བྱེད་པ་གང་ཅི་ཡང་མེད་དོ། །རབ་ཏུ་སྟོན་པ་ཡང་མི་དམིགས་ཏེ། བརྟན་པའི་བློ་གྲོས་འདི་ནི་གང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་མཐོང་བར་འགྱུར་བའི་ཆོས་ཐམས་ཅད་ཀྱི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ཞེས་བྱའོ། །འདི་ལ་གང་མིག་གི་ཆགས་པ་མེད་པ་ཉིད་འདི་ནི་མ་ཆགས་པ་ཉིད་ཅེས་བྱའོ། །གང་ཆོས་དེ་ལྟ་བུ་དག་ལ་འཇུག་པ་འདི་ནི་ཆོས་ཀྱི་མིག་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་གང་གིས་སྤོབས་པ་མཐའ་ཡས་པ་ཉིད་རྗེས་སུ་འཐོབ་པར་འགྱུར་བ་དེ་ནི་ཏིང་ངེ་འཛིན་ཡིན་ནོ།། །།བམ་པོ་བཅོ་བརྒྱད་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པའི་བློ་གྲོས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན་གང་དག་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་ཅིང་ཏིང་ངེ་འཛིན་དེས་ངེས་པར་འབྱུང་ལ། སྤོབས་པ་མཐའ་ཡས་པ་ཡང་ཐོབ་པར་འགྱུར་བའི་


DKG048_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འབྱུང་བར་འགྱུར་ལགས། བཀའ་སྩལ་པ། བརྟན་པའི་བློ་གྲོས་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་བབ་པ་ན། གང་ལས་ཏིང་ངེ་འཛིན་དེ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཏིང་ངེ་འཛིན་དེས་ངེས་པར་འབྱུང་བ་ཡིན་ཞིང་། དགེ་སློང་དེའི་སྤོབས་པ་མཐའ་ཡས་པ་ཡིན་པར་དེའི་མཐའ་ཁོང་དུ་ཆུད་པར་བྱའོ། །བརྟན་པའི་བློ་གྲོས་གང་ཁྱོད་འདི་སྐད་དུ་སེམས་ཅན་གང་དག་ཏིང་ངེ་འཛིན་དེས་ངེས་པར་འབྱུང་བར་འགྱུར་བ་དེ་དག་ཇི་སྙེད་ཅིག་འབྱུང་བར་འགྱུར་ཞེས་ཟེར་བ་ནི་བརྟན་པའི་བློ་གྲོས་གང་དག་ཏིང་ངེ་འཛིན་དེ་ལ་སྒོམ་པར་བྱེད་ཅིང་། ཡིད་གཞན་དུ་མི་སེམས་ལ་ལན་མང་དུ་བྱེད་པ་དེ་དག་ནི་ཏིང་ངེ་འཛིན་དེས་ངེས་པར་འབྱུང་བར་འགྱུར་ཞིང་། སྤོབས་པ་མཐའ་ཡས་པ་ཡང་ཐོབ་པར་འགྱུར་ལ། དེ་བཞིན་གཤེགས་པ་མི་འཁྲུགས་པ་ལས་སྤོབས་པ་མཐའ་ཡས་པ་ཉིད་དུ་བྱ་བའི་ཕྱིར་ཆོས་ཀྱི་སྒོ་སྟོང་བརྒྱད་བརྒྱ་ཐོབ་པར་འགྱུར་ཏེ། བརྟན་པའི་བློ་གྲོས་འདི་ནི་སྒོ་གཅིག་ཏུ་མཚམས་སྦྱོར་བའི་ཚིག་ཡིན་ནོ། །བརྟན་པའི་བློ་གྲོས་ཆོས་ཀྱི་སྒོ་དེ་དག་ཐམས་ཅད་པོ་འདི་ནི་རིམ་པར་ཕྱེ་བའི་ཚིག་ཡིན་ནོ། །བརྟན་པའི་བློ་གྲོས་དེ་ལྟ་བས་ན་སྒོ་ནི་ཅི་ནས་ཁོང་དུ་ཆུད་པར་བྱ་བ་ཡིན། ཅི་ནས་འཇུག་པར་བྱ་བ་ཡིན། ཅི་ནས་བསྒོམ་པར་བྱ་བ་ཡིན་ནོ། །དེ་མཚན་མར་བྱས་ནས་དེ་ཡོངས་སུ་འཆད་པ་ནི་རྟག་ཏུ་བསྒོམ་པར་བྱ་བའོ། །དེ་བཞིན་དུ་དམིགས་པ་དག་ཀྱང་བསྒོམ་པར་བྱ་བ་ཡིན་ཏེ། ལས་གཅིག་པོ་འདི་ནི་སངས་རྒྱས་ཀྱི་སྐུ་ཡིན་ནོ། །སངས་རྒྱས་བྱང་ཆུབ་དེ་ནི་སེམས་ཀྱིས་བརྟགས། །སེམས་ཀྱང་གཟུགས་མེད་རང་བཞིན་རྣམ་པར་དག །དམིགས་པ་རྣམས་ཀྱིས་རྒྱ་ཆེར་གང་གནས་པ། །དམིགས་པ་གཞན་དང་གཞན་ལ་འཇུག་པར་འགྱུར། །སེམས་ཀྱི་ཡོངས་གཅོད་སོ་སོར་ཤེས་ནས་སུ། །དེ་བཞིན་དམིགས་ལའང་ཆོས་འདི་ཐམས་ཅད་ནི། །རྣམ་པར་རྟོག་ལས་བྱུང་བ་ཡིན་པར་ཤེས། །གང་དུ་རྟོག་མི་སྐྱེ་བ་དེ་སྒོ་ཡིན། །སེམས་ཀྱི་འགྱུར་བའི་རང་བཞིན་ཤེས་པར་འགྱུར། །དེ་བཞིན་དམིགས་པ་ཉིད་ཀྱང་ཤེས་པར་འགྱུར། །འགྲོ་བ་འདི་ཀུན་གསོབ་ཏུ་རབ་ཏུ་ཤེས། །རབ་ཏུ་ཤེས་པས་དྲན་པ་རྨོངས་མི་འགྱུར། །དེ་ལྟར་ཆོས་དེ་རབ་ཏུ་ཤེས་པས་ན། །དེ་ནི་སངས་རྒྱས་སྐུ་མང་སྤྲུལ་པར་བྱེད། །དེ་ནི་སྐུ་ལའང་ཅུང་ཟད་ཆགས་མི་འགྱུར། །དེ་བཞིན་དེ་ནི་


DKG048_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་སྟོང་པར་ཤེས། །དམིགས་པ་ཡི་ནི་མཚན་མ་བཟུང་ནས་སུ། །སེམས་དང་ལུས་ཀྱི་འགྱུར་བ་མཐོང་བར་འགྱུར། །དེ་ཕྱིར་ཏིང་འཛིན་དེ་ནི་མྱུར་བསྒོམས་པས། །དེ་ཡི་ཤེས་པ་དེ་ལྟར་ཆོས་ལ་ཞུགས། །ཆོས་བསྟན་པ་ཡིས་རྣམ་པར་འཕྲུལ་བར་འགྱུར། །ཆོས་བསྟན་ཚེ་ན་ནམ་ཡང་རྨོངས་མི་འགྱུར། །མི་རྣམས་ཀྱི་ནི་དགེ་བ་བསྐྱེད་པར་འགྱུར། །རིང་པོ་མི་ཐོགས་ཆོས་དེའང་ཐོབ་པར་འགྱུར། །སྒོའི་ཚིག་མངོན་པར་སྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།


previousབཅུ་གསུམ་པ། སྒོའི་ཚིག་མངོན་པར་སྒྲུབ་པའི་ལེའུ། next