Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཞེ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
བཅོ་ལྔ་པ། ཡོངས་སུ་གཏད་པའི་ཕན་ཡོན་གྱི་ལེའུ།
   
   
   
   


 
previousབཅོ་ལྔ་པ། ཡོངས་སུ་གཏད་པའི་ཕན་ཡོན་གྱི་ལེའུ། next

བཅོ་ལྔ་པ། ཡོངས་སུ་གཏད་པའི་ཕན་ཡོན་གྱི་ལེའུ།


DKG048_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་པའི་བློ་གྲོས་གཞན་ཡང་མངོན་པར་ཤེས་པ་མྱུར་བ་ཉིད་དུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་མཆོད་རྟེན་མཆོད་པ་དང་། ཕྱིར་བཅོས་པ་དང་། བྱི་དོར་བྱ་བ་ལྷུར་བླང་བར་བྱ་སྟེ། བརྟན་པའི་བློ་གྲོས་དེ་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པའི་མཆོད་རྟེན་བྱི་དོར་བྱེད་པ་དེ་ནི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་བཞི་རྗེས་སུ་འཐོབ་པོ། །བཞི་གང་ཞེ་ན། གཟུགས་ཀྱི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང་། དལ་བ་ཕུན་སུམ་ཚོགས་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང་། ཡང་དག་པར་བླང་བ་བརྟན་པའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པ་བལྟ་བའི་སྨོན་ལམ་གྱི་མཆོག་རྣམ་པར་དག་པའོ། །སྨོན་ལམ་དགེ་བས་བསྐྱེད་པ་ཡིས། །མངོན་གྲུབ་དེ་བཞིན་གཤེགས་རྣམས་འབྱུང་། །དམིགས་པའི་རབ་ཏུ་དབྱེ་བ་ཡིས། །ཇི་ལྟར་སྤྲུལ་པ་འབྱུང་བ་བཞིན། །ཞབས་མཐིལ་ཞབས་སོར་འོག་འཁོར་ལོ། །དཔེ་བྱད་ལས་ནི་འབྱུང་བར་འགྱུར། །དཔེ་བྱད་བཟང་འབྱོར་འདི་འདྲ་བ། །དེ་ནི་བཤད་བྱས་དེ་ཉོན་ཅིག །དེ་བཞིན་ང་ཡི་དཔེ་བྱད་རབ་ཏུ་གསལ། །ང་ཡི་སོར་མོ་དག་ལ་འཐུན་པར་གནས། །ཡང་དག་འཕགས་ཤིང་རྗེས་སུ་འཐུན་པར་གནས། །དེ་ཡི་ཡངས་པར་གནས་པ་ཡང་དག་འཕགས། །དེ་ཡི་འོད་ཟེར་གནས་པ་མངོན་དུ་འཕགས། །འོད་ཟེར་བྱེ་བ་ཇི་བཞིན་རབ་ཏུ་སྣང་། །ལྷུན་པོ་བཞིན་དུ་འོད་ཀྱིས་ཡང་དག་འབྱུང་། །དེ་ཡི་སྟེང་ན་འོད་ཟེར་དྲ་བ་ཅན། །སྙིང་པོ་བསགས་པའི་དཔེ་བྱད་དེ་དག་ལ། །དེ་ཚེ་འོད་ཟེར་གནས་པ་བྱེ་ཕྲག་བཅུ། །དེ་ཚེ་ཀུན་གྱི་མིང་ནི་གཞན་དང་གཞན། །དེ་ཚེ་འོད་དང་མདོག་ཀྱང་གཞན་དང་གཞན། །ང་ཡི་འོད་ཟེར་གཅིག་ལས་འོད་སྟོང་འབྱུང་། །དེ་ཚེ་ཐམས་ཅད་ཁ་དོག་དུ་མར་གནས། །སྟོང་གསུམ་གྱི་ནི་ས་དེ་བཤིག་ནས་སུ། །འོག་ཏུ་དེ་དག་སངས་རྒྱས་མཛད་པ་བྱེད། །ང་ནི་སངས་རྒྱས་འོད་ཀྱིས་བྱུང་བ་ཡིན། །ང་ནི་ལས་ཀྱི་འབྲས་བུས་འོངས་མ་ཡིན། །དེ་བཞིན་གཤེགས་པའི་འོད་དེ་མཐོང་ནས་སུ། །སྐྱེས་པ་བུད་མེད་དག་ནི་མྱོས་པར་འགྱུར། །བསྐལ་པ་བྱེ་བ་མང་པོར་མངོན་པར་སྤྲུལ། །ཡང་ན་སངས་རྒྱས་ཞིང་བཀོད་


DKG048_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དང་གཞན། །གང་དུ་སངས་རྒྱས་མཛད་པ་ངས་བྱས་པ། །དེ་བཞིན་རྒྱལ་བ་དག་ནི་ཆོ་འཕྲུལ་སྤྲུལ། །ང་ཡི་ཏིང་ངེ་འཛིན་ནི་ཀུན་ནས་སྣང་། །སངས་རྒྱས་ཞིང་ནི་ཀུན་ནས་སྣང་བར་བྱེད། །ལྷུན་པོའི་རྒྱལ་མཚན་འོད་ཟེར་ཞེས་བྱ་འཕགས། །དཔའ་བར་འགྲོ་བ་ཞེས་བྱའི་ཏིང་འཛིན་འཕགས། །ཆོས་རྣམས་ཀུན་གྱིས་ཁྱབ་པར་མཐོང་ལྡན་པ། །རྣམ་དག་ཁ་ཅིག་སངས་རྒྱས་སྤྲུལ་འདིར་མཐོང་། །ཁ་ཅིག་ལྷུམས་ཞུགས་མཐོང་ཞིང་བཙས་པ་དང་། །འཇིགས་མེད་མི་སྐྲག་གོམ་བདུན་འདོར་འདིར་མཐོང་། །དེ་ནི་རྒྱལ་བ་བྱང་ཆུབ་འཚང་རྒྱ་སྙམ། །ས་ཡི་སྙིང་པོར་བྱང་ཆུབ་བཞུགས་པར་མཐོང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་སྙམ་བྱེད། །ཁ་ཅིག་བྱང་ཆུབ་ཕྱིར་ནི་སྤྱོད་སྙམ་བྱེད། །ཏིང་འཛིན་གང་ལ་གནས་ནས་རྣམ་འཕྲུལ་བའི། །ཏིང་འཛིན་གཟི་བརྗིད་དེ་ནི་ཅི་འདྲ་ལྟོས། །ཁ་ཅིག་ང་ཡི་སྐུ་ཚེ་བསྐལ་པར་སེམས། །ཁ་ཅིག་ཀྱང་ནི་བསྐལ་པ་ཕྱེད་དུ་སེམས། །དེ་ཚེ་ཁ་ཅིག་བར་གྱི་བསྐལ་པར་སེམས། །གཉིས་གསུམ་བཞི་དང་དེ་ལས་ལྷག་པར་ཡང་། །དེ་ཚེ་ཁ་ཅིག་ལོ་ནི་བྱེ་བར་སེམས། །ཁ་ཅིག་གི་ནི་མང་ཉུང་རབ་ཏུ་མཐོང་། །འཛམ་བུའི་གླིང་འདིར་ང་ཡི་སྐུ་ཚེ་ནི། །ལོ་གྲངས་བརྒྱད་ཅུ་ཡིན་པར་མི་རྣམས་ཤེས། །ཁ་ཅིག་དེར་ནི་སྐུ་ཚེ་ཉིན་མཚན་ཤེས། །ཁ་ཅིག་གིས་ནི་སྐུ་ཚེ་རིང་པོར་ཤེས། །སྟོང་གསུམ་འཇིག་རྟེན་དུ་ནི་ལྷ་རྣམས་ཀྱི། །ཉིན་མཚན་ཅི་འདྲ་དེ་བཞིན་གཞན་དུ་སེམས། །དེ་དག་ཇི་ལྟར་མོས་པ་དེ་བཞིན་ཤེས། །དེ་བཞིན་དུ་ནི་དེ་ལ་གདམས་ངག་མཛད། །ཇི་ལྟར་མོས་ལ་དེ་བཞིན་བྱིན་གྱིས་རློབ། །ཡེ་ཤེས་དེ་བཞིན་དེ་ཡི་དེ་ལྟར་བསྟན། །དེ་དག་བསྟན་པས་མོས་པ་སྐྱེ་བར་འགྱུར། །འདི་ནི་དེ་ཡི་རྨད་བྱུང་ཆོ་འཕྲུལ་ཡིན། །གལ་ཏེ་རང་གི་གནས་པ་བསྟན་གྱུར་ན། །མཁས་པ་མ་ཡིན་མི་རྣམས་མྱོས་པར་འགྱུར། །ང་ཡི་སྤྱོད་ཡུལ་གང་དང་གནས་པ་གང་། །དེ་མཐོང་དགའ་བ་སུ་ཞིག་སྐྱེད་མི་བྱེད། །དེ་དག་ང་ཡི་སྤྱོད་ཡུལ་ཤེས་ནས་སུ། །དེ་དག་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར། །དེ་ཚེ་མོས་པ་སྣ་ཚོགས་ཆོས་སྨྲ་རྣམས། །དེ་དག་ང་ཡི་སྤྱོད་ཡུལ་ཀུན་མི་ཤེས། །གང་གིས་ཀུན་མཁྱེན་སྤྱོད་ཡུལ་མི་ཤེས་པ། །དེ་དག་ཆོས་ཀྱི་ཚིག་ཉུང་སྟོན་པར་བྱེད། །དེ་དག་གི་ནི་དམིགས་པ་གང་ཡང་མེད། །མཐོང་ནས་དེ་དག་ཡིད་ལ་གནོད་པར་འགྱུར། །གང་དག་རྒྱལ་བའི་ཆོས་ཉིད་དེ་ཤེས་པ། །དེ་དག་ཡིད་ལ་ནམ་ཡང་གནོད་པ་མེད། །འདི་ལྟར་ཆོས་མཉམ་ཉིད་ཀྱི་སྤྱོད་


DKG048_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ། །དེ་དག་ཐམས་ཅད་རབ་ཏུ་གནས་པ་ཡིན། །གང་དག་ང་ཡི་མདུན་ན་ཐལ་སྦྱར་ཅིང་། །འཁོད་པའི་དགེ་སློང་བརྒྱད་འདི་མ་གཏོགས་པ། །བློ་གྲོས་བརྟན་པ་ཕྱི་མའི་དུས་ན་འདིར། །མདོ་སྡེ་འདི་འཛིན་སུ་ཡང་འབྱུང་མི་འགྱུར། །བློ་གྲོས་བརྟན་པ་འདི་དག་རྟག་ཏུ་ཡང་། །འདས་པའི་སངས་རྒྱས་མཚུངས་མེད་སྤྱོད་ཡུལ་ཡིན། །དེ་དག་རྟག་པར་སྔོན་དུ་འགྲོ་བར་འགྱུར། །དེ་དག་ཆོས་ཀྱི་སྣོད་དུ་གྱུར་པ་ཡིན། །དེ་ཚེ་བྱང་ཆུབ་སེམས་ནི་ཡང་དག་ལེན། །སངས་རྒྱས་རྣམས་ཀྱིས་རྟག་པར་བསྔགས་པའང་ཡིན། །ཇི་ལྟར་དེ་དག་ང་ཡི་མདུན་འཁོད་པ། །དེ་བཞིན་འདས་པའི་དུས་ནའང་ངས་ཤེས་ཏེ། །དེ་དག་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །རྒྱལ་བ་དེ་དག་རྣམས་ཀྱི་སྤྱན་སྔར་འཁོད། །དེ་ཡི་འོག་ཏུ་ལྔ་བརྒྱ་འཁོད་པ་ཡིན། །བྱང་ཆུབ་མཆོག་དེ་ངས་ཀྱང་གཟུང་བར་བྱ། །ཕྱི་དུས་རྒྱལ་བའི་ཡེ་ཤེས་དེ་དག་ཡིན། །བརྟན་པའི་བློ་གྲོས་ཁྱོད་ཀྱང་དེ་ལ་དཔའ། །གང་དག་ཆོས་ཀུན་གཟུང་ཕྱིར་ཞུགས་པ་ནི། །གཞན་ཡང་དཔའ་བོ་དུང་ཕྱུར་ཕྲག་བརྒྱད་དོ། །ངས་ཀྱང་དེར་ནི་ཆོས་མཉན་བྱ་བ་ཡིན། །ཐོས་པར་གྱུར་ནས་ཀྱང་ནི་ཆོས་དེ་ལ། །གནས་པར་བྱ་སྟེ་སྤྱོད་པ་མི་ཞན་པ། །དེ་ཡི་ཚེ་ན་བསྟན་པར་བྱ་བ་ཡིན། །དེ་ཚེ་སྟོན་པས་བྱང་ཆུབ་མཆོག་ལུང་བསྟན། །རང་རང་ལུང་བསྟན་པ་ནི་ཐོས་ནས་སུ། །དུང་ཕྱུར་ཕྲག་བརྒྱད་དགའ་བས་ཁྱབ་གྱུར་ནས། །ཏ་ལ་བདུན་སྲིད་མངོན་པར་འཕགས་པར་གྱུར། །འཇིག་རྟེན་མགོན་པོས་ཀུན་དགའ་བཀའ་སྩལ་པ། །ཕྱི་མའི་དུས་ཚེ་སྡིག་པ་ཅན་དེར་ནི། །ཆོས་འདི་འཛིན་པར་སྤྲོ་ཞིང་ནུས་གྱུར་ཏམ། །མི་སྤྲོ་ཞེས་ནི་བཅོམ་ལྡན་འདས་ལ་གསོལ། །མཁྱེན་བཞིན་རྒྱལ་བ་འོད་སྲུང་བཀའ་སྩལ་པ། །འོད་སྲུང་ཆོས་འདི་འཛིན་པར་བྱེད་འགྱུར་རམ། །ཡོངས་སུ་མྱ་ངན་འདས་ནས་ཆོས་ཟུང་ཤིག །མི་སྤྲོ་ལགས་སོ་ཞེས་ཏེ་འོད་སྲུང་སོང་། །སྟོང་གསུམ་འཇིག་རྟེན་ཁམས་འདི་སྐྱེ་བོ་དང་། །རྒྱ་མཚོ་རི་དང་ནགས་ཚལ་བཅས་གཟུང་ཞིང་། །ཁུར་གཞན་མང་པོ་བསྐུར་བར་སྤྲོ་ལགས་ཀྱི། །ཁུར་འདི་བསྐུར་བར་བདག་ནི་མི་སྤྲོ་ལགས། །སླད་མའི་དུས་ན་སུ་ཞིག་ཆོས་འཛིན་ལགས། །དེ་ཉིད་དགེ་སློང་ཤིན་ཏུ་དབང་བགྱི་དཀའ། །རྗེས་སུ་བསྟན་པ་འདི་ལ་གནས་མི་


DKG048_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད། །འཇིག་རྟེན་འདྲེན་པ་མྱ་ངན་འདས་ཅི་སྨོས། །འོད་སྲུང་ཁྱོད་ནི་རྒས་འཁོགས་གྱུར་ཏོ་ཞེས། །སླད་དུས་བདག་གི་ཚིག་བཞིན་ཡོང་མི་བགྱིད། །བདག་གི་རྗེས་སུ་བསྟན་ལ་གནས་མི་འགྱུར། །བདག་ཅག་འདི་ནི་མཁས་ཤིང་དོན་སེམས་སྙམ། །སྙན་དངགས་འཇིག་རྟེན་རྒྱང་ཕན་སེམས་པ་ལགས། །དེ་བཞིན་འཇིག་རྟེན་སྒྲ་ཡིས་གནས་པ་ལགས། །བསམ་གཏན་དེ་བཞིན་ཏིང་ངེ་འཛིན་སྤངས་ནས། །དེ་དག་འཇིག་རྟེན་པ་ལ་སྤྱོད་པར་འགྱུར། ། རྒྱས་པ་ཆེ་དང་གྲགས་པ་ཆེན་པོ་ལགས། །རྟག་ཏུ་འཇིག་རྟེན་གྱིས་ཀྱང་མཐོང་བར་འགྱུར། །དེ་དག་བདག་གིས་ནམ་ཡང་བརྟག་མི་ནུས། །སྐྱོན་རྣམས་དམ་པོ་དག་ནི་མཐོང་ལགས་སོ། །བདག་ནི་གཅིག་པུར་དགོན་པར་གནས་པ་ན། །ལྷ་ཞིག་མཆིས་ནས་བདག་ལ་འདི་སྐད་བརྗོད། །ཆོས་དེ་འདྲ་བར་རྒྱལ་བ་རྣམས་ཀྱིས་བསྟན། །འཕགས་པའི་ཆོས་ལ་སེམས་ཅན་མང་པོ་བཏུལ། །དགེ་སློང་བསམ་གཏན་ཏིང་ངེ་འཛིན་ལ་མཁས། །རྣམ་ཐར་རྫུ་འཕྲུལ་སྟོབས་ཀྱི་ཕ་རོལ་ཕྱིན། །ཐོས་ནས་བརྒྱ་བྱིན་དགའ་བར་འགྱུར་བ་ལགས། །དེ་རིང་དེ་ལ་ངོ་མཚར་ཅི་མཆིས་སྨྲ། །ཕྱི་དུས་བདག་གི་ཐད་དུ་དེ་མཆིས་ནས། །དེ་ཚེ་ཡིད་མི་བདེ་བས་ངུ་ཞིང་སྟོན། །འོད་སྲུང་དེང་ནི་བསྟན་པ་འཇིག་པར་འགྱུར། །དེ་ཐོས་བདག་ནི་ཡིད་མི་བདེ་བར་འགྱུར། །མང་དུ་འཆད་པར་ཡང་ནི་སྤྲོ་མ་ལགས། །མདོ་སྡེ་དེ་ནི་འཛིན་པར་སྤྲོ་མ་ལགས། །དེར་ནི་དེ་དག་ཞུམ་པར་འགྱུར་བ་ལགས། །དགེ་སློང་མཆོག་ཏུ་བཀའ་བློ་མི་བདེ་འགྱུར། །དེ་ཚེ་དེར་ནི་ལྷ་ཚོགས་འདུ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་འོད་སྲུང་བཀའ་སྩལ་པ། །ཆོས་ཀྱི་ཚུལ་ནི་འཛིན་པར་མི་ནུས་པར། །འོད་སྲུང་དེ་ནི་ང་ཡིས་སྔ་ནས་ཤེས། །མདོ་སྡེ་དེ་འདྲ་དེ་ནི་གང་འཛིན་པ། །ང་ཡི་ཉན་ཐོས་གང་ཡང་འདི་ན་མེད། །གང་དག་མདོ་སྡེ་དེ་འདྲ་དེ་འཛིན་པ། །ང་ཡིས་གང་དག་བྱིན་རླབས་དེར་མ་གཏོགས། །གང་དག་ཕྱི་ནས་ཐེ་ཚོམ་མེད་འགྱུར་བ། །དེ་དག་ཐེ་ཚོམ་དེ་ནི་ང་ཡིས་གཅད། །གཞན་དག་ལས་ནི་མཐུ་ཆེ་གང་ཡིན་པ། །མདོ་སྡེ་དེ་ལ་ཅི་ཕྱིར་སྔོན་མ་སྤྱད། །དེ་དག་འཛིན་པའི་དགེ་སློང་གསར་བུ་གཞོན། །མདོ་སྡེ་དེ་དག་རྒྱས་པ་ཆེན་པོ་ཡིན། །གང་དག་ཆོས་དེ་འདྲ་བ་དེ་མི་འཛིན། །འདི་ལ་ཇི་ལྟར་ཕ་རོལ་ཕྱིན་པར་འགྱུར། །བརྟན་པའི་བློ་གྲོས་ང་ཡིས་


DKG048_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ན། །གང་དག་གིས་ནི་དེ་རིང་ང་མཐོང་འགྱུར། །དེ་དག་ཕྱི་དུས་འཇིགས་པ་ཆེན་པོའི་ཚེ། །ཆོས་དེ་ཐོས་ནས་དགའ་བ་ཐོབ་པར་འགྱུར། །ང་ནི་དམིགས་པ་འབའ་ཞིག་འཆད་པ་ཡིན། །འཇིགས་མེད་ང་ཡི་ཚིག་དེར་དད་པར་བྱོས། །གང་གི་འདི་ན་སྟོན་པ་མཐོང་གྱུར་པ། །དེ་དག་ཆོས་དེ་འཛིན་པར་སྤྲོ་བར་འགྱུར། །ཡེ་ཤེས་དེ་འདྲ་དེ་ནི་ཚོལ་བྱེད་ཅིང་། །དེ་ཚེ་འདྲེན་པ་རྣམས་ལ་མཆོད་པར་བྱེད། །རིང་བསྲེལ་མཆོད་དང་དེ་བཞིན་མཆོད་རྟེན་མཆོད། །འཇིགས་མེད་དེ་དག་དེར་ནི་བྱེད་པར་འགྱུར། །ཡོངས་སུ་གཏད་པའི་ཕན་ཡོན་གྱི་ལེའུ་སྟེ་བཅོ་ལྔ་པའོ།། །།


previousབཅོ་ལྔ་པ། ཡོངས་སུ་གཏད་པའི་ཕན་ཡོན་གྱི་ལེའུ། next