Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
བཞི་པ། སྒྲ་གཅན་ཟིན་གྱི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   


 
previousབཞི་པ། སྒྲ་གཅན་ཟིན་གྱི་ལེའུ། next

བཞི་པ། སྒྲ་གཅན་ཟིན་གྱི་ལེའུ།


DKG050_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གནས་བརྟན་སྒྲ་གཅན་ཟིན་འདི་སྙམ་དུ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ལ་བདག་མངོན་སུམ་དུ་ལྟ་བར་མི་སྤྲོའོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་མངོན་སུམ་དུ་མཐོང་ན་བདག་རངས་པར་ག་ལ་འགྱུར་ཏེ། མགུ་བ་ག་ལ་ཡོད། ཡིད་བདེ་བ་ག་ལ་ཡོད། དགའ་བ་ག་ལ་ཡོད། ཡི་རངས་པ་ག་ལ་ཡོད་ཀྱིས། བདག་ངེས་པར་འདི་ནས་འཇིག་རྟེན་གྱི་ཁམས་བཅུ་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བ་ཞེས་བྱ་བའི་དྲུང་དུ་འགྲོའོ་སྙམ་དུ་སེམས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ཀུ་ཤའི་གྲོང་ཁྱེར་གྱད་རྣམས་ཉེ་བར་གནས་པ་ཤིང་སཱ་ལའི་ཚལ་ནས་མི་སྣང་བར་གྱུར་ཏེ། བྱང་ཤར་གྱི་ཕྱོགས་ག་ལ་བ་དང་། དེ་བཞིན་གཤེགས་པ་བསྙེན་པར་དཀའ་བ་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་སྡུག་བསྔལ་ཞིང་ཡིད་མི་བདེ་བ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཁྱོད་མྱ་ངན་མ་བྱེད་སྨྲེ་སྔགས་མ་འདོན་ཅིག །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་


DKG050_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་ཐ་དད་དུ་འགྱུར་ཞིང་འགྱེས་པ་དང་འབྱེ་བ་དང་འབྲལ་བར་འགྱུར་རོ། །སྒྲ་གཅན་ཟིན་སངས་རྒྱས་བཅོམ་ལྡན་འདས་རྣམས་སངས་རྒྱས་ཀྱི་མཛད་པ་མཛད་ནས་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་ཆོས་ཉིད་ཡིན་ནོ། །སྒྲ་གཅན་ཟིན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྱད་རྣམས་ཉེ་བར་གནས་པའི་སཱ་ལའི་ཚལ་ན་ཤིང་སཱ་ལ་ཟུང་གི་བར་དུ་སེང་གེ་ལྟར་གློ་གཡས་པས་མནལ་ཏེ་དོ་མོད་ཀྱི་ཐུན་ཐ་མ་ལ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱིས་སྒྲ་གཅན་ཟིན་ཁྱོད་དེར་སོང་སྟེ། ཁྱོད་ངེས་པར་དེར་འདུག་དགོས་ཀྱིས་སྒྲ་གཅན་ཟིན་ཁྱོད་སོང་ཤིག །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་འགྱོད་པར་གྱུར་ཏ་རེ། དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྙེན་པར་དཀའ་བ་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དོ་མོད་ཀྱི་ཐུན་ཐ་མ་ལ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེ་ཡང་ཐོས་པར་མི་བཟོད་ན། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདའ་བ་མངོན་སུམ་དུ་མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་དེ་བས་ན་བདག་དེར་མཆི་བར་མི་སྤྲོའོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསྙེན་པར་དཀའ་བ་དེའི་བཀའ་མ་མཉན་པར་སངས་རྒྱས་ཀྱི་ཞིང་དེ་ནས་མི་སྣང་བར་གྱུར་ཏོ། །སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིམ་གྱིས་བཅུ་པ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དེད་དཔོན་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་དེ་བཞིན་གཤེགས་པ་དེད་དཔོན་གྱི་ཞབས་ལ་ཕྱག་འཚལ་ནས་གདོང་མཆི་མ་ཅན་དུ་ངུས་ཏེ། སྨྲེ་སྔགས་འདོན་ཅིང་ཕྱོགས་


DKG050_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་པ་དང་། ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཐོང་། མི་དགར་མ་བྱེད། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག །སྒྲ་གཅན་ཟིན་སྐྱེ་བའི་ཆོས་ཅན་མི་སྐྱེ་བ་དང་། རྒ་བའི་ཆོས་ཅན་མི་རྒ་བ་དང་། ན་བའི་ཆོས་ཅན་མིན་པ་དང་། འཆི་བའི་ཆོས་ཅན་མི་འཆི་བ་དང་། ཟད་པའི་ཆོས་ཅན་མི་ཟད་པར་འགྱུར་བ་དེ་ལྟ་བུ་ག་ལ་ཡོད། སྒྲ་གཅན་ཟིན་དེ་ལྟ་བུའི་གནས་དཀོན་ནོ། །སྒྲ་གཅན་ཟིན་སྔོན་གྱི་སངས་རྒྱས་དང་སངས་རྒྱས་ཀྱི་ཉན་ཐོས་ཐམས་ཅད་ཀྱང་ཞི་ཞིང་བྲལ་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །གང་དག་ད་ལྟར་བཞུགས་པའི་དེ་བཞིན་གཤེགས་པ་དང་ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའོ། །སྒྲ་གཅན་ཟིན་བསྐལ་པའམ་བསྐལ་པ་བརྒྱར་གནས་པ་ཡང་ངེས་པར་ཡོངས་སུ་མྱ་ངན་ལས་འདའ་དགོས་སོ། །སྒྲ་གཅན་ཟིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཤིན་ཏུ་རྣམ་པར་ཞི་བ་མ་གཏོགས་པར་ཆོས་ཉིད་གཞན་མེད་གནས་གཞན་མེད་དོ། །སྒྲ་གཅན་ཟིན་ཤིན་ཏུ་རྣམ་པར་ཞི་བ་ཞེས་བྱ་བ་ནི་ཤིན་ཏུ་ཞི་བ། ཤིན་ཏུ་བསིལ་བར་གྱུར་པ། ཤིན་ཏུ་མཐར་ཐུག་པ། ཤིན་ཏུ་བདེ་བ། ཤིན་ཏུ་གྲུབ་པ་དང་བདེ་བ་སྟེ། འདི་ལྟ་སྟེ་གཞི་མེད་པ་མྱ་ངན་ལས་འདས་པའི་དབྱིངས་སོ། །སྒྲ་གཅན་ཟིན་སྐྱེ་བ་སྡུག་བསྔལ། རྒ་བ་སྡུག་བསྔལ། ན་བ་སྡུག་བསྔལ། འཆི་བ་སྡུག་བསྔལ། ཡང་དང་ཡང་མཛའ་བ་དང་བྲལ་བ་སྡུག་བསྔལ། མི་མཛའ་བ་དང་འགྲོགས་པ་སྡུག་བསྔལ། ཕུང་པོའི་ཁུར་ཐོགས་པ་སྡུག་བསྔལ་ལོ། །སྒྲ་གཅན་ཟིན་གང་དག་ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ནི་བདེ་བ་ཡིན་གྱིས་སྒྲ་གཅན་ཟིན་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་གྱིས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཡང་


DKG050_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། གང་ན་སྐྱེ་བ་མེད། རྒ་བ་མེད། ན་བ་མེད། འཆི་བ་མེད། མཛའ་བ་དང་བྲལ་བ་མེད། མི་མཛའ་བ་དང་ཕྲད་པ་མེད། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མེད་པ་དེར་ཁྱོད་གཉི་ག་འདོད་པར་གྱུར་གྱིས་སྒྲ་གཅན་ཟིན་ཁྱོད་མི་དགར་མ་བྱེད། མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན་ཅིག །སྒྲ་གཅན་ཟིན་ཆོས་ཉིད་རྗེས་སུ་དྲན་པར་གྱིས་ཤིག །ཡང་དག་པ་མ་ཡིན་པ་ཕྱིན་ཅི་ལོག་ཏུ་འཛིན་པ་མ་གཏོགས་པར་འདི་ལ་སྐྱེ་བ་གང་ཡིན། འདི་ལ་རྒ་བ་གང་ཡིན། འདི་ལ་འཆི་བ་གང་ཡིན། འཕོ་བ་གང་ཡིན། འབྱུང་བ་གང་ཡིན། སྒྲ་གཅན་ཟིན་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ། འཕགས་པའི་ཆོས་རྣམས་མ་མཐོང་བ། འཕགས་པའི་ཆོས་རྣམས་མ་བསླབས་པ། འཕགས་པའི་ཆོས་རྣམས་ལ་མི་མཁས་པ། འཕགས་པའི་ཆོས་རྣམས་ལ་མི་གནས་པ། འཕགས་པའི་ཆོས་རྣམས་ཀྱིས་མ་དུལ་བ། འཕགས་པའི་ཆོས་རྣམས་མ་ཤེས་པའི་ཕྱིར་འདུ་ཤེས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་ཕྱིན་ཅི་ལོག་པས་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་འཕོ་བ་དང་འབྱུང་བ་དང་། ཀུན་ཏུ་རྒྱུག་པ་དང་འཁོར་བ་པ་དང་རྣམ་པར་བརྐམ་པ་དང་རྒུད་པ་དང་མི་དགའ་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་བྲང་རྡུང་བར་འགྱུར་རོ། །སྒྲ་གཅན་ཟིན་འཕགས་པའི་ཆོས་འདུལ་བ་འདི་ལ་ནི་འདུ་བྱེད་ཐམས་ཅད་རྣམ་པར་ཞི་བས་ཕྱིས་གོང་དུ་བྱ་བ་ཅི་ཡང་མེད་དོ། །སྒྲ་གཅན་ཟིན་སྟོན་པའི་ཉན་ཐོས་བཅོམ་ལྡན་འདས་ཀྱི་སྲས་ཀྱིས་གང་བྱ་བ་དེ་ཁྱོད་ཀྱིས་བྱས་ཟིན་ཏོ། །སྒྲ་གཅན་ཟིན་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང་ཉན་ཐོས་རྣམས་ཀྱི་བྱ་བ་གང་ཡིན་པ་དེ་མཛད་ཟིན་ཏེ། ད་གོང་དུ་མཛད་པ་མེད་ཀྱིས་སྒྲ་གཅན་ཟིན་ཁྱོད་ད་མྱ་ངན་མ་བྱེད་མི་དགར་མ་བྱེད་སྨྲེ་སྔགས་མ་འདོན་པར་སྒྲ་གཅན་ཟིན་ཁྱོད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་རྒྱལ་པོ་ཆེན་པོ་དེ་ལ་ཐ་མར་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་སོང་ཤིག །ཕྱིས་འགྱོད་པར་གྱུར་ཏ་རེ། སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ད་ལྟར་གྱད་རྣམས་ཉེ་བར་གནས་པ་ཤིང་སཱ་ལའི་ཚལ་ན་སེང་གེ་ལྟར་གློ་གཡས་པས་མནལ་


DKG050_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བ་མཛད་དེ་ཁྱོད་ཀྱང་གཟིགས་པར་བཞེད་ཀྱིས་སྒྲ་གཅན་ཟིན་ཁྱོད་ངེས་པར་དེ་ན་འདུག་དགོས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་ལ་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་འདི་སྐད་ཅེས་གསོལ་ཏོ། །གང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེ་ལྟ་བུ་ཡང་བདག་ཐོས་པར་མི་སྤྲོ་ན། བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་གང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤཱཀྱའི་རྒྱལ་པོ་དེ་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བགྱི་བའི་སྒྲ་དེ་ལྟ་བུ་དེ་ཐོས་པས་བདག་ལུས་དུབ་པར་གྱུར་ཏོ། །བཅོམ་ལྡན་འདས་སེམས་ཅན་རིན་པོ་ཆེ་འཇིག་རྟེན་ཐམས་ཅད་ལ་ཕན་པར་བཞེད་པ། འཇིག་རྟེན་ཐམས་ཅད་ལ་ཕན་པ་དང་ཐུགས་བརྩེ་བ། འཇིག་རྟེན་ཐམས་ཅད་ཀྱི་སྒྲོན་མ། འཇིག་རྟེན་ཐམས་ཅད་དང་མི་མཚུངས་པ། འཇིག་རྟེན་ཐམས་ཅད་ཀྱི་འོད་མཛད་པ། འཇིག་རྟེན་ཐམས་ཅད་ཀྱི་མིག །ཤེས་རབ་ཀྱི་སྒྲོན་མ་ཆེན་པོས་སྣང་བར་མཛད་པ། དེ་ལྟ་བུ་དང་བདག་སང་ནང་པར་འབྲལ་ཞིང་འབྱེ་བ་དང་མི་འགྲོགས་པར་གྱུར་པ་ཇི་ལྟར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཐོང་སྨྲེ་སྔགས་མ་འདོན། སྒྲ་གཅན་ཟིན་བཅོམ་ལྡན་འདས་དེས་འདུ་བྱེད་ཐམས་ཅད་མི་རྟག་པ། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ་ཞེས་ཐོག་མ་ཉིད་དུ་ཆོས་མ་བསྟན་ཏམ། སྒྲ་གཅན་ཟིན་བཅོམ་ལྡན་འདས་དེས། འདུ་བྱེད་ཐམས་ཅད་མི་རྟག་སྟེ། སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། སྐྱེས་ནས་འགག་པར་འགྱུར་བ་སྟེ། དེ་དག་རྣམ་པར་ཞི་བ་བདེ་ཞེས་བྱ་བ་དེ་སྐད་ཀྱང་གསུངས་སོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་ལྡན་འདས་


DKG050_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དེས་སྡུག་པ་དང་ཡིད་དུ་འོང་བ་ཐམས་ཅད་དང་ཐ་དད་དུ་འགྱུར་ཞིང་འགྱེས་པ་དང་འབྲལ་བ་དང་འབྱེ་བར་འགྱུར་བ་དང་། ཇི་སྲིད་ཡུན་རིང་དུ་གནས་ཀྱང་ངེས་པར་ཉམས་པར་འགྱུར་རོ་ཞེས་ཐོག་མ་ཉིད་དུ་མ་བསྟན་ཏམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་སོ། །བདེ་བར་གཤེགས་པ་དེ་ལྟ་ལགས་སོ། །བཀའ་སྩལ་པ། སྒྲ་གཅན་ཟིན་གང་སྐྱེས་ཤིང་བྱུང་བ། འདུས་བྱས་པ། བསམས་པ། ཀུན་དུ་རྟོག་པ་ལས་བྱུང་བ། རྟེན་ཅིང་འབྲེལ་བར་བྱུང་བ་དེ་དག་འཇིག་པར་མི་འགྱུར་བ་དེ་ག་ལ་ཡོད་དེ། དེའི་གནས་མེད་དོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡབ་ཤཱཀྱ་ཐུབ་པ་དེ་རྗེས་སུ་དྲན་ནས་ཆོས་ཀྱི་ཤུགས་ཀྱིས་མཆི་མ་བྱུང་བར་གྱུར་ཏོ། །བདག་སང་ནང་པར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ཅིང་ཆོས་སྟོན་པ་མི་མཐོང་ངོ་། །རིའི་རྒྱལ་པོ་རི་རབ་རྒྱ་མཚོའི་ནང་ནས་མངོན་པར་བྱུང་ཞིང་ལྷག་གེར་སྣང་བ་ལྟ་བུ། ཟླ་བ་ཉ་བ་སྐར་མས་ཡོངས་སུ་བསྐོར་བ་ལྟར་མཚན་བརྒྱས་བརྒྱན་པ། ཉི་མ་འོད་སྟོང་དང་ལྡན་པ་ནམ་མཁའ་ལ་ཐལ་ལེར་སྣང་བ་ལྟ་བུ། རྒྱ་མཚོ་ལྟར་ཟབ་ཅིང་ཚད་མེད་ལ་རིན་པོ་ཆེ་དུ་མའི་ཚོགས་ཡོད་པ། འཁོར་ལོས་སྒྱུར་པའི་རྒྱལ་པོ་ལྟར་འཁོར་དུ་མས་ཡོངས་སུ་བསྐོར་བ། གངས་རིའི་རྒྱལ་པོ་ལྟར་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཀུན་དུ་རྒྱས་པ། རི་ཁོར་ཡུག་ཆེན་པོ་ལྟར་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་གཡོས་པ། པད་མ་ལྟར་མཚོའི་ནང་ན་འདུག་ཀྱང་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱིས་མ་གོས་པ། ཚངས་པའི་འཁོར་གྱི་ནང་ན་ཚངས་པ་ལྟ་བུ། བརྒྱ་བྱིན་མིག་སྟོང་དང་ལྡན་པ་ལྟར་སེང་གེའི་གདན་ལ་བཞུགས་པ། སེང་གེ་ལྟར་འཇིགས་ཤིང་སྐྲག་པ་མེད་པར་སེང་གེའི་སྒྲ་ཡང་དག་པར་སྒྲོགས་པ། ཕྱིན་ཅད་བདག་གིས་མི་མཐོང་ངོ་ཞེས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་དེ་སྐད་སྨྲས་ནས་ངུ་ཞིང་སེམས་ཁོང་དུ་ཆུད་དེ་ཅང་མི་སྨྲ་བར་འདུག་གོ །དེ་ནས་དེ་བཞིན་གཤེགས་པ་དེད་དཔོན་གྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཁྱོད་


DKG050_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེའི་དྲུང་དུ་སོང་ཞིག །བཅོམ་ལྡན་འདས་དེ་ཁྱོད་གཟིགས་པར་བཞེད་ཀྱིས་སྒྲ་གཅན་ཟིན་ཁྱོད་ངའི་ངག་མ་གཅོག་པར་སོང་ཞིག །བཅོམ་ལྡན་འདས་དེའི་སྐུ་འོ་བརྒྱལ་བར་མ་བྱེད། སྒྲ་གཅན་ཟིན་ཁྱོད་ངེས་པར་དེ་ན་འདུག་དགོས་སོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་ཉིད་ཀྱིས་དེ་བཞིན་གཤེགས་པ་བྱམས་པས་ཁྱབ་པར་མཛད་པ་དང་། གང་དགོངས་པར་མཛད་པ་དང་། གང་ཞིག་བཞེད་ན་དེ་དག་ངེས་པར་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། དེའི་ཚེ་དེ་དག་ངེས་པར་བཞུགས་པར་འགྱུར་རོ། །སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་དེ་ཁྱོད་གཟིགས་པར་བཞེད་ཀྱིས་སོང་ལ་ཁྱོད་ངེས་པར་དེ་ན་གནས་པར་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེད་དཔོན་གྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། འདི་ལྟ་སྟེ་དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་རྐྱོང་བའམ། བརྐྱང་པ་ལས་སྐུམ་པ་དེ་བཞིན་དུ་ཚེ་དང་ལྡན་པ་སྒྲ་གཅན་ཟིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེད་དཔོན་གྱི་སངས་རྒྱས་ཀྱི་ཞིང་ནས་མི་སྣང་བར་གྱུར་ཏེ། ཀུ་ཤའི་གྲོང་ཁྱེར་གྱད་རྣམས་ཉེ་བར་གནས་པའི་ཤིང་སཱ་ལའི་ཚལ་ཤིང་སཱ་ལ་ཟུང་གི་བར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་ངུ་ཞིང་སྨྲེ་སྔགས་འདོན། མཆི་མ་བྱུང་བཞིན་དུ་ཐལ་མོ་སྦྱར་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཚུར་ཤོག །སྒྲ་གཅན་ཟིན་ཁྱོད་མི་དགར་མ་བྱེད་མ་ངུ་སྨྲེ་སྔགས་མ་འདོན་ཡི་མ་འཆད་ཅིག །སྒྲ་གཅན་ཟིན་ཁྱོད་ཀྱིས་ང་ལ་ཕའི་བྱ་བ་བྱས། ངས་ཀྱང་བུ་ཁྱོད་ལ་བུའི་བྱ་བ་བྱས་སོ། །སྒྲ་གཅན་ཟིན་དེ་ལྟར་ངས་ཕའི་བྱ་བ་བྱས། ཁྱོད་ཀྱིས་ཀྱང་བུའི་བྱ་བ་བྱས་ཏེ། བདག་ཅག་གཉི་གས་ཀྱང་བྱ་བ་བྱས་ཤིང་བྱེད་པ་བྱས་ཟིན་གྱིས་སྒྲ་གཅན་ཟིན་ཁྱོད་མྱ་ངན་མ་བྱེད། སྨྲེ་སྔགས་མ་འདོན། ཡི་


DKG050_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

མ་འཆད་ཅིག །སྒྲ་གཅན་ཟིན་བདག་ཅག་གཉིས་སེམས་ཅན་ཐམས་ཅད་འཇིགས་པ་མེད་པར་བྱ་བའི་ཕྱིར་ཞུགས་པ་དང་ཁོན་མེད་པ་དང་འགྲན་ཟླ་མེད་པ་དང་རྣམ་པར་ཐོ་འཚམས་པ་མེད་པ་དང་རྣམ་པར་འཚེ་བ་མེད་པར་ཞུགས་པ་ལ་ལྟོས། ད་ཡང་ང་ནི་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་གནས་ཏེ་ཕྱིན་ཅད་སུའི་ཕར་ཡང་མི་འགྱུར་རོ། །སྒྲ་གཅན་ཟིན་ཁྱོད་ཀྱང་ཡོངས་སུ་མྱ་ངན་ལས་འདས་ན་ཕྱིན་ཅད་སུའི་བུར་ཡང་མི་འགྱུར་རོ། །སྒྲ་གཅན་ཟིན་བདག་ཅག་གཉིས་སེམས་ཅན་ཐམས་ཅད་ལ་རྣམ་པར་འཚེ་བ་མེད་པ་དང་མི་འཐུན་པ་མེད་པར་གནས་པ་ལ་ལྟོས། དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མི་འདར་གསོལ། བདེ་བར་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདར་གསོལ། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ་བསྐལ་པར་བཞུགས་སུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྒྲ་གཅན་ཟིན་ཆོས་གང་དག་དང་ལྡན་ན་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གྲངས་སུ་འགྲོ་བའི་ཆོས་དེ་དག་སྒྲ་གཅན་ཟིན་ཟད་པའམ་རྙིངས་པའམ་སྐྱེ་བའམ་འགྲོ་བའམ་འོང་བའམ་འབྱུང་བའམ་འགག་པའམ་སྲིད་པའམ་འཇིག་པའམ་གནས་པའམ་འདུག་པའམ་ཉལ་བའམ་ལྡན་པའམ། མི་ལྡན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྒྲ་གཅན་ཟིན་ཆོས་དེ་ནི་གནས་པ་སྟེ། ཤིན་ཏུ་མི་འབྱུང་བ། ཤིན་ཏུ་མི་སྐྱེ་བ། ཤིན་ཏུ་མི་འགག་པ། ཤིན་ཏུ་སྟོང་པ། ཤིན་ཏུ་སྐྱེ་བ་མེད་པ། ཤིན་ཏུ་ངོ་བོ་ཉིད་མེད་པ། ཉེ་བར་ཞི་བ། གྲངས་མེད་པ། གཞི་མེད་པ། བརྗོད་དུ་མེད་པ། ངག་གི་ལམ་མ་ཡིན་པའོ། །སྒྲ་གཅན་ཟིན་འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། འདི་ལྟ་སྟེ། ཤིན་ཏུ་གནས་པ་ཉིད་དང་། ཉེ་བར་ཞི་བ་ཉིད་དང་། ཤིན་ཏུ་དབེན་པ་ཉིད་དང་། ཤིན་ཏུ་འདོད་ཆགས་དང་བྲལ་བ་ཉིད་དང་། ཤིན་ཏུ་འགགས་པ་ཉིད་དང་།


DKG050_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མ་འདྲེས་པ་ཉིད་དང་། ཤིན་ཏུ་མ་བྱས་པ་ཉིད་དང་། ཤིན་ཏུ་མ་ཟད་པ་ཉིད་དེ། སྒྲ་གཅན་ཟིན་ངས་འདི་ལ་དགོངས་ནས་འདི་སྐད་དུ་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་གནས་པ་ཉིད་དང་། ཆོས་ཉིད་དང་། ཆོས་ངེས་པ་ཉིད་དང་། ཆོས་འདོད་ཆགས་དང་བྲལ་བ་ཉིད་དང་། ཆོས་ཀྱི་ངོ་བོ་ཉིད་ནི་གནས་པ་ཉིད་དོ་ཞེས་བཤད་དོ། །སྒྲ་གཅན་ཟིན་དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་བསྣམས་ཏེ་ཡོངས་སུ་མྱ་ངན་ལས་མི་འདའ། ཏིང་ངེ་འཛིན་གྱི་ཕུང་པོ་མ་ཡིན། ཤེས་རབ་ཀྱི་ཕུང་པོ་མ་ཡིན། རྣམ་པར་གྲོལ་བའི་ཕུང་པོ་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་བསྣམས་ཏེ་ཡོངས་སུ་མྱ་ངན་ལས་མི་འདས། སྒྲ་གཅན་ཟིན་ཁྱོད་མི་དགར་མ་བྱེད་ཅིག །སྨྲེ་སྔགས་མ་འདོན། ཡི་འཆད་པ་མ་སྐྱེད་ཅིག །སྒྲ་གཅན་ཟིན་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། དབུགས་འབྱིན་པ་མེད་པ། ཐེར་ཟུག་མ་ཡིན་པ། ཟད་ཅིང་འགྱུར་བའི་ཆོས་ཅན་ཡིན་ཏེ། སྒྲ་གཅན་ཟིན་དེ་བས་ན་འདུ་བྱེད་ཐམས་ཅད་ལ་ཡིད་བྱུང་བར་བྱ་བའི་རིགས། མ་ཆགས་པར་བྱ་བའི་རིགས། རྣམ་པར་གྲོལ་བར་བྱ་བའི་རིགས་ཏེ། སྒྲ་གཅན་ཟིན་འདི་ནི་ཁྱོད་ལ་རྗེས་སུ་བསྟན་པའོ། །སྒྲ་གཅན་ཟིན་ལ་བདེན་པ་མཐོང་བའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཀུན་ཏུ་ཤེས་ནས་དགེ་སློང་གནས་བརྟན་དྲུག་ཅུ་ཙམ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་མི་ཚད་མེད་པ་དག་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །བྱང་ཆུབ་སེམས་དཔའ་དྲུག་ཁྲི་བརྒྱད་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཐམས་ཅད་ཀྱང་ཀྱེ་མའོ་སངས་རྒྱས་ཀྱེ་མའོ་སངས་རྒྱས། ཀྱེ་མའོ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་བོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་རྗོད་ཅིང་། དེ་དག་གིས་བཅོམ་ལྡན་འདས་ལ་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་ཀྱིས་གཏོར། མངོན་པར་གཏོར་ནས་ཚིག་འདི་སྐད་ཅེས་བདག་ཅག་ཀྱང་མ་འོངས་པའི་དུས་ན་སྟོན་པ་འདི་ལྟ་བུ་འཇིག་རྟེན་དུ་འབྱུང་བར་གྱུར་ཅིག །འདི་ལྟར་ཆོས་སྟོན་པར་གྱུར་


DKG050_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བླ་ན་མེད་པ་འཇིག་རྟེན་ཐམས་ཅད་དང་མི་འདྲ་བའི་ཡོངས་སུ་མྱ་ངན་ལས་འདའ་བ་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོ་འདི་ལྟ་བུས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་ནས་བྱང་ཆུབ་སེམས་དཔའ་དེ་དག་ཅང་མི་སྨྲ་བར་གྱུར་ཏོ། །སྒྲ་གཅན་ཟིན་གྱི་ལེའུ་སྟེ་བཞི་པ་རྫོགས་སོ།། །།


previousབཞི་པ། སྒྲ་གཅན་ཟིན་གྱི་ལེའུ། next