Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ལྔ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྔ་པ། སྦྱིན་པའི་ལེའུ།
   


 
previousལྔ་པ། སྦྱིན་པའི་ལེའུ། next

ལྔ་པ། སྦྱིན་པའི་ལེའུ།


DKG050_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅུ་གསུམ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་


DKG050_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞབས་ལ་ཡན་ལག་ལྔས་ཕྱག་བྱས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་སྤྱན་སྔར་འདུག་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ལ་གུས་པ་དང་བཅས་པས་ཡོངས་སུ་ཞུས་པ། བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་བསྟན་ལགས་ན། བཙུན་པ་བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་བསྟན་པ། བཙུན་པ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཡོངས་སུ་རྫོགས་པར་འགྱུར་ལགས། བཙུན་པ་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཚོགས་ཇི་ལྟ་བུ་དང་ལྡན་ན་བསྟན་པར་གནས་པ་ལགས། ཏིང་ངེ་འཛིན་གྱི་སྒོ་བསྟན་པ་ཇི་ལྟ་བུས་ནི་བརྒྱན་པ་ལགས། རིགས་ཀྱི་བུ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱི་ཞུ་བ་བཟང་པོ་སྤོབས་པ་དགེ་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་དེ་ལྟར་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་ཡོངས་སུ་ཞུ་བར་སེམས་པ་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ལ་ཕན་པ་བྱེད་པ་དང་། གཅེས་སྤྲས་བྱེད་པ་རྒྱ་ཆེན་པོ་སྐྱེས་པ་ཡིན་ཏེ། ལེགས་སོ་ལེགས་སོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །སྙིང་རྗེ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་དཔའ་བར་འགྲོ་བ་ཞེས་བྱ་བ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དེ་ལ་གནས་པ་ནི་ཏིང་ངེ་འཛིན་ཐམས་ཅད་


DKG050_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་ཞུགས་པ་ཡིན་ནོ། །རིན་ཆེན་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། དེས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཕྱག་རྒྱས་འདེབས་པར་བྱེད་དོ། །སེང་གེ་རྣམ་པར་རྩེ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། དེ་ལ་གནས་ནས་ཏིང་ངེ་འཛིན་ཐམས་ཅད་ཀྱིས་རྣམ་པར་རྩེ་བར་བྱེད་དོ། །ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་སྣང་བར་བྱེད་དོ། །ཟླ་བའི་རྒྱལ་མཚན་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པར་བྱེད་དོ། །ཆོས་ཐམས་ཅད་ལས་མངོན་པར་འཕགས་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཁོང་དུ་ཆུད་པར་བྱེད་དོ། །ཕྱག་རྒྱ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱི་གཙུག་རྣམ་པར་ལྟ་བར་བྱེད་དོ། །ཆོས་ཀྱི་དབྱིངས་སུ་རྣམ་པར་སོང་བའི་ཏིང་ངེ་འཛིན་གྱིས་ནི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་ཐམས་ཅད་རྣམ་པར་ངེས་པར་འགྲོ་བར་བྱེད་དོ། །ངེས་པའི་རྒྱལ་མཚན་ཏོག་གི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱལ་མཚན་འཛིན་པར་བྱེད་དོ། །རྡོ་རྗེའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་མི་ཕྱེད་པར་བྱེད་དོ། །ཆོས་ལ་འཇུག་པའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཕྱག་རྒྱས་འདེབས་པར་བྱེད་དོ། །ཏིང་ངེ་འཛིན་གྱི་རྒྱལ་པོ་ཤིན་ཏུ་བརྟན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རྒྱལ་པོ་ཉིད་དུ་རབ་ཏུ་གནས་པར་བྱེད་དོ། །འོད་ཟེར་འགྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་འོད་ཟེར་འགྱེད་པར་བྱེད་དོ། །སྟོབས་ཀྱི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སྟོབས་དང་བརྩོན་འགྲུས་སུ་བྱེད་དོ། །ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལས་གྱེན་དུ་འཕགས་པར་བྱེད་དོ། །ངེས་པའི་ཚིག་སྟོན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཚིག་ལ་འཇུག་པར་བྱེད་དོ། །ཚིག་བླ་དགས་ལ་འཇུག་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་མིང་གི་རྗེས་སུ་འཇུག་པར་བྱེད་དོ། །ཕྱོགས་ལ་རྣམ་པར་ལྟ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་


DKG050_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་རྣམ་པར་ལྟ་བར་བྱེད་དོ། །ཆོས་ཐམས་ཅད་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ཀྱིས་རབ་ཏུ་དབྱེ་བ་རྗེས་སུ་རྟོགས་པར་བྱེད་དོ། །ཕྱག་རྒྱ་ཡོངས་སུ་འཛིན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་འཛིན་པར་བྱེད་དོ། །ཆོས་ཐམས་ཅད་ལ་དབེན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལས་དབེན་པའི་ཆོས་ཉིད་ལ་རྗེས་སུ་འཇུག་པར་བྱེད་དོ། །བརྗེད་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་མི་བརྗེད་པར་བྱེད་དོ། །ཆོས་ཐམས་ཅད་ལས་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་མི་གཡོ་བ་ཉིད་དུ་གནས་པར་བྱེད་དོ། །ཆོས་ཐམས་ཅད་ཡང་དག་པར་འདུ་བ་རྒྱ་མཚོའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་སྡུད་ཅིང་ཡང་དག་པར་འདུ་བར་བྱེད་དོ། །ཆོས་ཐམས་ཅད་ལ་རློམ་སེམས་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་འབྱུང་བ་དང་། འཇུག་པའི་རློམ་སེམས་མེད་པར་བྱེད་དོ། །ནམ་མཁའ་ཁྱབ་པར་བྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བྱེད་དོ། །ཆོས་ཐམས་ཅད་རྒྱུན་མི་གཅོད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་རྒྱུན་མི་འཆད་པར་བྱེད་དོ། །རྡོ་རྗེའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དཀྱིལ་འཁོར་འཛིན་པར་བྱེད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་བཅུད་འཛིན་པར་བྱེད་དོ། །རིན་ཆེན་རྒྱལ་བའི་ཏིང་ངེ་འཛིན་གྱིས་ནི་ཡོ་བྱད་ཀྱི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་དོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་། འགག་པ་མེད་པར་སྟོན་པར་བྱེད་དོ། །རྣམ་པར་སྣང་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལམ་མེ་ལྷན་ནེ་ལྷང་ངེར་བྱེད་དོ། །ཆོས་ཐམས་ཅད་འགག་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་རྣམ་པར་འབྱེད་པར་བྱེད་དོ། །ཚོལ་བ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་ཆོས་


DKG050_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནམ་ཡང་ཚོལ་བར་མི་བྱེད་དོ། །གནས་ལ་རྟེན་པ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་གནས་པའི་ཆོས་ནམ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ནམ་མཁའི་ངོ་བོ་ཉིད་ལྟ་བུར་སྙིང་པོ་མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །སེམས་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྤོང་བར་བྱེད་དོ། །གཟུགས་མུ་མེད་པའི་ཏིང་ངེ་འཛིན་གྱིས་ནི་གཟུགས་ཀུན་ཏུ་སྣང་བར་བྱེད་དོ། །དྲི་མ་མེད་པའི་སྒྲོན་མའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སྒྲོན་མ་བཞིན་དུ་བྱེད་དོ། །ཆོས་ཐམས་ཅད་མུ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཡེ་ཤེས་མུ་མེད་པར་སྟོན་པར་བྱེད་དོ། །གློག་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཤེས་པ་མུ་མེད་པ་སྟོན་པར་བྱེད་དོ། །འོད་ཐམས་ཅད་བྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་འོད་བྱེད་པའི་སྒོ་ཉེ་བར་སྟོན་པར་བྱེད་དོ། །ཁམས་ཀྱི་མཐའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་མཐའ་མེད་པ་ཐམས་ཅད་རྣམ་པར་ཤེས་པར་བྱ་བའི་ཕྱིར་ཉེ་བར་སྟོན་པར་བྱེད་དོ། །ཏིང་ངེ་འཛིན་དག་པ་དམ་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་གྱི་ཆོས་རྣམས་ལས་སྟོང་པ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །ལྷུན་པོ་ལྟར་བཀྲ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་གསོག་ཉིད་དུ་ཀུན་ཏུ་སྟོན་པར་བྱེད་དོ། །འོད་དྲི་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་དྲི་མ་སེལ་བར་བྱེད་དོ། །ཆོས་ཐམས་ཅད་ཀྱི་བརྡའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་མ་འདྲེས་པ་ཉིད་དུ་ཡང་དག་པར་སྟོན་པར་བྱེད་དོ། །དགའ་བ་བྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དགའ་བ་རབ་ཏུ་ཐོབ་པར་བྱེད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ངོ་བོ་ཉིད་མི་དམིགས་པ་སྟོན་པར་བྱེད་དོ། །གློག་འགྱུར་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་མི་ཟད་པ་ཉིད་སྟོན་པར་བྱེད་དོ། །ཆོས་


DKG050_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་རྣམ་པར་གཡེང་བ་མེད་ཅིང་རྡུལ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཤེས་པ་རྡུལ་དང་བྲལ་བ་ཉེ་བར་སྟོན་པར་བྱེད་དོ། །མི་ཟད་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་ཟད་པ་མེད་པ་དང་། ཟད་པ་མེད་པ་མ་ཡིན་པ་ཡང་དག་པར་སྟོན་པར་བྱེད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་མིག་ཡོར་ལྟ་བུར་སྟོན་པར་བྱེད་དོ། །གཟི་བརྗིད་ཡོད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཡེ་ཤེས་འབར་བར་བྱེད་དོ། །ཟད་པ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཟད་པ་མེད་པ་དང་། ཉམས་པ་མེད་པར་སྟོན་པར་བྱེད་དོ། །མི་གཡོ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་གཡོ་བར་མི་བྱེད། འགུལ་བར་མི་བྱེད།འཕྲོ་བར་མི་བྱེད་དོ། །རྣམ་པར་འཕེལ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ལ་ཤེས་བྱ་རྣམ་པར་འཕེལ་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །ཉི་མའི་སྒྲོན་མའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་འོད་ཟེར་གྱི་སྒོ་དག་འགྱེད་པར་བྱེད་དོ། །ཟླ་བ་དྲི་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སྣང་བར་བྱེད་དོ། །སྣང་བ་དག་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སོ་སོ་ཡང་དག་པར་རིག་པ་བཞི་རབ་ཏུ་ཐོབ་པར་བྱེད་དོ། །བྱ་བ་དང་མི་བྱ་བའི་ཏིང་ངེ་འཛིན་གྱིས་ནི་བྱ་བ་དང་མི་བྱ་བའི་བྱ་བ་བྱེད་ཅིང་ཡེ་ཤེས་རྟོགས་ཀྱང་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ངེས་པར་འབྱེད་པར་བྱེད་ཅིང་གང་ལ་འབྱེད་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །སེམས་གནས་པའི་ཏིང་ངེ་འཛིན་གྱིས་ནི་སེམས་གཡོ་བར་མི་བྱེད། འགུལ་བར་མི་བྱེད། སྣང་བར་མི་བྱེད་ཅིང་གནོད་པར་འགྱུར་བ་ཡང་མེད་ལ། དེ་འདི་སྙམ་དུ་འདི་ནི་སེམས་ཡིན་ནོ་སྙམ་དུ་ཡང་མི་སེམས་པར་བྱེད་དོ། །ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སྣང་བ་ཡང་དག་པར་རྗེས་སུ་མཐོང་བར་


DKG050_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །རབ་ཏུ་གནས་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རབ་ཏུ་གནས་པ་ཉིད་ཀྱིས་རབ་ཏུ་གནས་པར་བྱེད་དོ། །རིན་ཆེན་བརྩེགས་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རིན་པོ་ཆེ་བརྩེགས་པ་ལྟ་བུར་ཀུན་ཏུ་སྣང་བར་བྱེད་དོ། །ཆོས་དམ་པའི་ཕྱག་རྒྱའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཕྱག་རྒྱ་འདེབས་པར་བྱེད་ཅིང་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་མཉམ་པ་ཉིད་མ་གཏོགས་པའི་ཆོས་འགའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །དགའ་བ་སྤོང་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་དགའ་བ་སྤོང་བར་བྱེད་དོ། །ཆོས་ཀྱི་སྒྲོན་མའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཡི་གེ་མི་མཉམ་པ་ཉིད་རབ་ཏུ་འཐོབ་པར་བྱེད་དོ། །ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཡི་གེ་གཅིག་ཀྱང་མི་དམིགས་པར་བྱེད་དོ། །དམིགས་པ་གཅོད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་དམིགས་པ་རྣམ་པར་གཅོད་པར་བྱེད་དོ། །འགྱུར་བ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་འགྱུར་བ་མི་དམིགས་པར་བྱེད་དོ། །རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཕན་འདོགས་པ་མི་དམིགས་པར་བྱེད་དོ། །གནས་མེད་པར་རྒྱུ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་གནས་མི་དམིགས་པར་བྱེད་དོ། །རབ་རིབ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ཀྱི་སྤྱོད་པ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་མུན་པའི་ཡུལ་ལས་ཡང་དག་པར་འདའ་བར་བྱེད་དོ། །ཡོན་ཏན་ཐམས་ཅད་ཀྱི་ཚོགས་སུ་གྱུར་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་བསྩགས་པ་སྤོང་བར་བྱེད་དོ། །སེམས་མེད་པར་གནས་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་སེམས་ཞེས་བྱ་བ་མི་དམིགས་པར་བྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་ཡོད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་རྟོགས་པར་བྱེད་དོ། །དྲན་པ་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་སྤོབས་པ་གྲངས་མེད་པ་ཐོབ་པར་བྱེད་དོ། །དེ་བྱེད་པའི་ཤེས་པ་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་


DKG050_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་མི་མཉམ་པ་དང་མཉམ་པ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །ཡེ་ཤེས་ཏོག་གི་ཏིང་ངེ་འཛིན་གྱིས་ནི་ཁམས་གསུམ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱེད་དོ། །ཤེས་པ་ཉེ་བར་གཅོད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་རྣམ་པར་གཅོད་པ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །ཡེ་ཤེས་རྣམ་པར་འཕྲོ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲོ་བ་ཉིད་རྗེས་སུ་ཐོབ་པར་བྱེད་དོ། །གནས་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་གནས་སུ་གྱུར་པ་མེད་པ་ཉིད་དུ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །བཀོད་པ་གཅིག་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་འགའ་ཡང་གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །རྣམ་པར་སྒྲུབ་པ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ཀྱི་རྣམ་པར་བསྒྲུབ་པར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །སྲིད་པའི་གཞི་ཐམས་ཅད་རྣམ་པར་སེལ་བ་ཐམས་ཅད་དུ་གཏོགས་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ངེས་པར་འབྱེད་པའི་ཡེ་ཤེས་འཇུག་ཅིང་གང་ལ་འཇུག་པ་འགའ་ཡང་མི་རྙེད་པར་བྱེད་དོ། །བརྡ་དང་སྒྲ་ལ་འཇུག་པའི་ཏིང་ངེ་འཛིན་གྱིས་ནི་སྒྲ་དང་བརྡ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་དོ། །སྒྲ་དབྱངས་ཀྱི་ཡི་གེ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ཡི་གེ་དང་བྲལ་བར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་གཟི་བརྗིད་ཀྱིས་ལམ་མེ་ལྷན་ནེ་ལྷང་ངེར་བྱེད་དོ། །ཡེ་ཤེས་མཆོག་གི་མཚན་ཉིད་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཡོངས་སུ་དག་པའི་མཚན་ཉིད་སྟོན་པར་བྱེད་དོ། །མངོན་པར་ཤེས་པ་མེད་པའི་མཚན་ཉིད་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་མངོན་པར་རིག་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་དང་ཏིང་ངེ་འཛིན་ཐམས་ཅད་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བྱེད་དོ། །སྡུག་བསྔལ་ཐམས་ཅད་ཤིན་ཏུ་སྤོང་


DKG050_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་གནས་པ་མེད་པ་ཡང་དག་པར་རྗེས་སུ་མཐོང་བར་བྱེད་དོ། །བྱེད་རྒྱུ་མི་ཟད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་ཟད་པར་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །གཟུངས་ཀྱི་གཞིའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཐམས་ཅད་འཛིན་ཅིང་ཡང་དག་པ་ཉིད་དང་། ལོག་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །འགག་པ་དང་འགལ་བ་རབ་ཏུ་ཞི་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་དང་འཐུན་པ་དང་འགལ་བ་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །འོད་དྲི་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་འདུས་བྱས་ཀྱི་དྲི་མ་དང་བྲལ་བ་ཡང་དག་པར་རྗེས་སུ་མི་མཐོང་བར་བྱེད་དོ། །སྙིང་པོ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་སྙིང་པོ་མེད་པ་མི་དམིགས་པར་བྱེད་དོ། །ཟླ་བ་ཉ་བ་དྲི་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཡོན་ཏན་ཡོངས་སུ་རྫོགས་པར་བྱེད་དོ། །བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་བཀོད་པ་ཆེན་པོ་དང་ལྡན་པར་བྱེད་དོ། །སྣང་བ་ཐམས་ཅད་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་གྱིས་ནི། ཆོས་ཐམས་ཅད་ལ་ཡེ་ཤེས་ཀྱིས་སྣང་བར་བྱེད་དོ། །མཉམ་པ་ཉིད་རྣམ་པར་སྣང་བར་བྱེད་པའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་རྩེ་གཅིག་པ་ཉིད་རབ་ཏུ་ཐོབ་པར་བྱེད་དོ། །ཉོན་མོངས་པ་མེད་པ་དང་ཉོན་མོངས་པ་དང་བཅས་པ་ཐམས་ཅད་ཡང་དག་པར་འདུ་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་ཉོན་མོངས་པ་མེད་པར་བྱེད་དོ། །རླུང་གི་གནས་ཀྱི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་གནས་པར་མི་བྱེད་དོ། །དེ་བཞིན་ཉིད་ལ་གནས་ཤིང་སེམས་མེད་པའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་ཕྱིར་མི་ལྡོག་པར་བྱེད་དོ། །ལུས་ཀྱི་སྐྱོན་ཡང་དག་པར་སེལ་བའི་ཏིང་ངེ་འཛིན་གྱིས་ནི་ཆོས་ཐམས་ཅད་ལ་འཇིག་ཚོགས་མི་དམིགས་པར་བྱེད་དོ། །ངག་གི་སྐྱོན་རྣམ་པར་འཇིག་པས་ནམ་མཁའ་ལྟར་གྱུར་པའི་ཏིང་ངེ་འཛིན་གྱིས་ནི་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ངག་གི་ལས་མི་དམིགས་པར་བྱེད་


DKG050_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ནམ་མཁའ་ལྟར་ཆགས་པ་མེད་ལ་རྣམ་པར་གྲོལ་ཞིང་གོས་པ་མེད་པའི་ཏིང་ངེ་འཛིན་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་ནམ་མཁའ་ལྟར་ཆགས་པ་མེད་པ་ཉིད་རྗེས་སུ་ཐོབ་པར་འགྱུར་ཏེ། དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་སྡུད་པའི་ཆོས་ཀྱི་རྣམ་གྲངས་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཚོགས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཚོགས་ནི་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཚོགས་ནི་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཚོགས་ནི་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཚོགས་ནི་ཅང་ཤེས་ཀྱི་སེམས་སུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་ཡོངས་སུ་ཤེས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐོས་པའི་ཚོགས་ནི་སྤོབས་པ་ཐོགས་པ་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཚོགས་ནི་ཤེས་པ་ཐོགས་པ་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞི་གནས་ཀྱི་ཚོགས་ནི་སེམས་ལས་སུ་རུང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་མཐོང་གི་ཚོགས་ནི་ཐེ་ཙོམ་དང་བྲལ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱམས་པའི་ཚོགས་ནི་ཞེ་འགྲས་པའི་སེམས་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེའི་ཚོགས་ནི་སེམས་


DKG050_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སྐྱོ་བ་མེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགའ་བའི་ཚོགས་ནི་ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་དགའ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཏང་སྙོམས་ཀྱི་ཚོགས་ནི་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཉན་པའི་ཚོགས་ནི་སྒྲིབ་པ་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་འབྱུང་བའི་ཚོགས་ནི་ཡོངས་སུ་འཛིན་པ་ཐམས་ཅད་སྤོང་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགོན་པར་གནས་པའི་ཚོགས་ནི་དགེ་བའི་རྩ་བའི་ལས་བྱས་པ་ཆུད་མི་ཟ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པའི་ཚོགས་ནི་གཟུངས་ཐོབ་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བློ་གྲོས་ཀྱི་ཚོགས་ནི་བློ་རབ་ཏུ་འབྱེད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྟོགས་པའི་ཚོགས་ནི་དོན་གྱི་རྣམ་པ་རྗེས་སུ་རྟོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དྲན་པ་ཉེ་བར་གཞག་པའི་ཚོགས་ནི། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་རྗེས་སུ་རྟོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་དག་པར་སྤོང་བའི་ཚོགས་ནི་མི་དགེ་བའི་ཆོས་ཐམས་ཅད་སྤོང་བ་དང་དགེ་བའི་ཆོས་ཐམས་ཅད་སྒོམ་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་ཚོགས་ནི་ལུས་དང་སེམས་ཡང་བ་ཉིད་དུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོའི་ཚོགས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཚོགས་ནི་ཉོན་མོངས་པ་ཐམས་ཅད་འཇོམས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་གི་ཚོགས་ནི་ཆོས་ཀྱི་ངོ་བོ་ཉིད་རྗེས་སུ་རྟོགས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་ཚོགས་ནི་ལམ་ངན་པ་ཐམས་ཅད་ལས་ཡང་དག་པར་འདའ་བར་བྱེད་པར་འགྱུར་


DKG050_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པའི་ཚོགས་ནི་མི་དགེ་བའི་ཆོས་རྣམས་སྤོང་ཞིང་མཐོ་རིས་སུ་སྐྱེ་བ་ཐོབ་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སོ་སོ་ཡང་དག་པར་རིག་པའི་ཚོགས་ནི་སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོན་པའི་ཚོགས་ནི་ཤེས་པ་གཞན་ལ་རག་མ་ལས་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་བཤེས་གཉེན་གྱི་ཚོགས་ནི་ཡོན་ཏན་ཐམས་ཅད་ཀྱི་སྒོ་ཡིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་པའི་ཚོགས་ནི་འཇིག་རྟེན་ཐམས་ཅད་ལ་མི་སླུ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱོར་བའི་ཚོགས་ནི་ཚོགས་ཐམས་ཅད་མཐར་ཕྱིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷག་པའི་བསམ་པའི་ཚོགས་ནི་ཁྱད་པར་དུ་འགྲོ་བར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་དུ་ཡང་དག་འཇོག་པའི་ཚོགས་ནི་ཇི་ལྟར་ཐོས་པའི་ཆོས་སྒྲུབ་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྡུ་བའི་དངོས་པོའི་ཚོགས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པའི་ཚོགས་ནི་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་འཆད་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་ལ་མཁས་པའི་ཚོགས་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཚོགས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་རྣམ་པར་དག་པའི་སྒོ་ཡང་དག་པར་སྡུད་པའི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོས་བྱང་ཆུབ་སེམས་དཔའི་འཁོར་ཆེན་པོ་ལ་རྣམ་པར་གཟིགས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG050_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་བོས་ཏེ་བཀའ་སྩལ་པ། སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཇིགས་པའི་རྒྱན་ཇི་ལྟ་བུས་བརྒྱན་ན་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། དོན་དམ་པ་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འབད་པ་དོན་ཡོད་པ་ཡོངས་སུ་འཛིན་པའི་སེམས་དང་། ཁམས་གསུམ་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པའི་སེམས་གང་ཡིན་པ་དེ་ནི་དགེ་སྦྱོང་གི་ཆོས་མི་འཇིགས་པ་ཆེན་པོ་ཞེས་བྱ་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པ་གང་གི་སེམས་ཆོས་ཐམས་ཅད་ལ་ནམ་མཁའ་དང་ལག་པར་མཉམ་པ་དེ་ནི་བྱང་ཆུབ་སེམས་དཔའི་མི་འཇིགས་པའི་རྒྱན་ཡིན་ནོ། །ཇི་ལྟར་ན་བཟོད་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། འདི་ལྟ་སྟེ། བྱམས་པ་དང་། བདག་མེད་པ་དང་། སྙིང་རྗེ་དང་། སེམས་ཅན་མེད་པ་ཉིད་དང་། དགའ་བ་དང་། ཡིད་བྱུང་བ་དང་། བཏང་སྙོམས་དང་། གང་ཟག་མེད་པ་ཉིད་དང་། སྦྱིན་པ་དང་། དུལ་བའི་སེམས་ཉིད་དང་། ཚུལ་ཁྲིམས་དང་། ཞི་བའི་སེམས་ཉིད་དང་། བཟོད་པ་དང་། བཟོད་པའི་སེམས་ཉིད་དང་། བརྩོན་འགྲུས་དང་། དབེན་པའི་སེམས་ཉིད་དང་། བསམ་གཏན་དང་། ངེས་པར་སེམས་པའི་སེམས་ཉིད་དང་། ཤེས་རབ་དང་། རྒྱ་ཆེ་བའི་སེམས་ཉིད་དང་། དྲན་པ་ཉེ་བར་གཞག་པ་དང་། དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པའི་སེམས་དང་། ཡང་དག་པའི་སྤོང་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་སེམས་ཉིད་དང་། རྫུ་འཕྲུལ་གྱི་རྐང་པ་དང་། ཆོས་ཐམས་ཅད་འགྲོ་བ་མེད་པའི་སེམས་ཉིད་དང་། དད་པ་དང་། ཐོགས་པ་མེད་པའི་སེམས་ཉིད་དང་། དྲན་པ་དང་། རང་བྱུང་གི་མཚན་ཉིད་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པར་བྱེད་པའི་སེམས་ཉིད་དང་། ཤེས་རབ་ཀྱི་དབང་པོ་དང་། དབང་པོ་མེད་པའི་སེམས་ཉིད་དང་། སྟོབས་དང་། མི་རྫི་བའི་སེམས་ཉིད་དང་། བྱང་ཆུབ་ཀྱི་ཡན་ལག་དང་། བློ་རབ་ཏུ་འབྱེད་པའི་སེམས་ཉིད་དང་། ལམ་དང་། སྒོམ་པའི་སེམས་ཉིད་


DKG050_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཞི་གནས་དང་། ཉེ་བར་ཞི་བའི་སེམས་ཉིད་དང་། ལྷག་མཐོང་དང་། རྨོངས་པ་མེད་པའི་སེམས་ཉིད་དང་། འཕགས་པའི་བདེན་པ་བསྒོམ་པ་དང་། ཤིན་ཏུ་ཡོངས་སུ་ཤེས་པ་བསྒོམ་པའི་སེམས་ཉིད་དང་། སངས་རྒྱས་ཡིད་ལ་བྱེད་པ་དང་། མུན་པ་མེད་པའི་སེམས་ཉིད་དང་། ཆོས་ཡིད་ལ་བྱེད་པ་དང་། ཆོས་ཀྱི་དབྱིངས་མཉམ་པའི་སེམས་ཉིད་དང་། དགེ་འདུན་ཡིད་ལ་བྱེད་པ་དང་། གནས་པ་མེད་པའི་སེམས་ཉིད་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། གདོད་མ་ནས་རྣམ་པར་དག་པའི་སེམས་ཉིད་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་སེམས་ཉིད་དང་། ཞིང་ཡོངས་སུ་དག་པར་བྱེད་པ་དང་། ནམ་མཁའ་དང་མཉམ་པའི་སེམས་ཉིད་དང་། མཚན་ཡོངས་སུ་རྫོགས་པར་བྱེད་པ་དང་། མཚན་མ་མེད་པའི་སེམས་ཉིད་དང་། བཟོད་པ་ཐོབ་པ་དང་། དམིགས་པ་མེད་པའི་སེམས་ཉིད་དང་། ཕྱིར་མི་ལྡོག་པའི་ས་དང་། འཇུག་པ་དང་ལྡོག་པའི་སེམས་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་དང་། ཁམས་གསུམ་གྱི་སྙིང་པོ་ལེན་པའི་སེམས་ཉིད་དང་། སེམས་ཅན་ཐམས་ཅད་ལས་བདུད་ཚར་གཅད་པའི་སེམས་དང་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་སེམས་ཉིད་དང་། བྱང་ཆུབ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་སེམས་ཉིད་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོས་ཐམས་ཅད་བསྐོར་བ་མེད་པའི་སེམས་ཉིད་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཀུན་ཏུ་སྟོན་པ་དང་། འཁོར་བའི་རང་བཞིན་གྱི་སེམས་ཉིད་ཀྱི་ཆོས་དེ་ལ་གང་རྗེས་སུ་རྟོགས་པར་འགྱུར་བའམ། རབ་ཏུ་རྟོགས་པར་བྱ་བ་ཕྲ་རབ་ཙམ་ཡང་མི་དམིགས་ཤིང་། རྣམ་པར་སྨིན་པ་མེད་པའི་ཆོས་ལ་མོས་པར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་གང་དག་ཕྱོགས་བཅུ་ནས་སྔོན་གྱི་ཚུལ་གྱི་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཉན་པའི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་བྱ་རྒོད་ཀྱི་ཕུང་པོའི་རི་ལ་ལྷགས་པའི་བྱང་ཆུབ་སེམས་དཔའ་ས་ཡ་ཕྲག་དྲུག་དང་


DKG050_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འབུམ་པོ་དེ་དག་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་བཞི་བཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་ཀྱིས་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ནི་ཏིང་ངེ་འཛིན་གྱི་སྒོ་བསྟན་པ་དང་། ཚོགས་རྣམ་པར་དག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་མཐའ་དག་ཡོངས་སུ་རྫོགས་ཤིང་རྣམ་པར་དག་པའི་ཡེ་ཤེས་ཁོང་དུ་ཆུད་པར་གྱུར་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེ་ཡང་མཆོག་ཏུ་དགའ་བ་དང་རབ་ཏུ་དང་བ་དེས་གཞོན་ནུ་ལོ་ཉི་ཤུ་ལོན་པ་ལྟ་བུར་རེད་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཞབས་འབྲིང་དུ་འབྲང་བར་གྱུར་ཏོ། །རིགས་ཀྱི་བུ་རྒྱལ་པོ་བདུད་རྩི་དག་པ་དེ་ཡང་བུ་སྟོང་དང་། ཁམས་ཀྱི་རྒྱལ་པོ་བརྒྱད་ཁྲི་དང་། གཞན་ཡང་སྲོག་ཆགས་བྱེ་བ་ཕྲག་དགུ་བཅུ་རྩ་གཉིས་དང་ལྷན་ཅིག་འགྲོགས་ཏེ། མངོན་པར་བྱུང་ཞིང་རབ་ཏུ་བྱུང་ནས་ཚུལ་ཁྲིམས་དང་། ཐོས་པ་དང་། ཏིང་ངེ་འཛིན་དང་། དེས་པ་དག་གིས་མངོན་པར་བརྩོན་པར་བྱས་པར་གྱུར་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་ཀྱང་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཐད་ནས་མཐར་གྱིས་ཉན་ཐོས་ཀྱི་ཐེག་པའི་གཏམ་གྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བཀླགས་ཤིང་ཀུན་ཆུབ་པར་བྱས་སོ། །རང་སངས་རྒྱས་ཀྱི་ཐེག་པའི་གཏམ་གྱི་ཆོས་ཀྱི་ཕུང་པོ་དགུ་ཁྲི་ལུང་མནོས་ཤིང་བཀླགས་ཏེ་ཀུན་ཆུབ་པའི་བར་དུ་བྱས་སོ། །དེ་བཞིན་དུ་བླ་ན་མེད་པའི་ཐེག་པ་ཆེན་པོའི་གཏམ་ལ་ཡང་ལུས་དྲན་པ་ཉེ་བར་


DKG050_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པའི་གཏམ་འབུམ་ལུང་མནོས་ཤིང་བཀླགས་ཏེ་ཀུན་ཆུབ་པར་བྱས་སོ། །ཚོར་བ་དྲན་པ་ཉེ་བར་གཞག་པའི་གཏམ་འབུམ་དང་། སེམས་དྲན་པ་ཉེ་བར་གཞག་པའི་གཏམ་འབུམ་དང་། ཆོས་དྲན་པ་ཉེ་བར་གཞག་པའི་གཏམ་འབུམ་ཡང་ལུང་མནོས་ཏེ་བཀླགས་ཤིང་ཀུན་ཆུབ་པར་བྱས་སོ། །ཁམས་ཀྱི་ཚོགས་ཀྱི་གཏམ་འབུམ་དང་། སྐྱེ་མཆེད་ཀྱི་ཚོགས་ཀྱི་གཏམ་འབུམ་དང་། འདོད་ཆགས་ཀྱི་ཀུན་ཏུ་སྦྱོར་བ་སྤོང་བའི་ཚོགས་ཀྱི་གཏམ་འབུམ་དང་། ཞེ་སྡང་གི་ཀུན་ཏུ་སྦྱོར་བ་སྤོང་བའི་ཚོགས་ཀྱི་གཏམ་འབུམ་དང་། གཏི་མུག་གི་ཀུན་ཏུ་སྦྱོར་བ་སྤོང་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚོགས་ཀྱི་གཏམ་འབུམ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པའི་ཚོགས་ཀྱི་གཏམ་འབུམ་དང་། སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ཚོགས་ཀྱི་གཏམ་འབུམ་ཡང་ལུང་མནོས་ཤིང་བཀླགས་ཏེ་ཀུན་ཆུབ་པར་བྱས་སོ། །དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཐད་ནས་ཆོས་ཀྱི་ཕུང་པོ་འབུམ་ཕྲག་བཅུའི་བར་དག་ཀྱང་བཟུང་ཞིང་བཀླགས་ཏེ་ཀུན་ཆུབ་པར་བྱས་སོ། །རིགས་ཀྱི་བུ་ཇི་ཙམ་གྱི་དུས་གཞན་ཞིག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་སྙིང་པོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དང་། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་དང་ལྡན་པ་དེས་རོལ་མོའི་སྒྲ་དང་། མེ་ཏོག་དང་། ཕྱེ་མ་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་དཔག་ཏུ་མེད། གྲངས་མེད་པ་དག་གིས་མཆོད་པ་བྱས་ཤིང་སྤོས་ཆུ་སྣ་ཚོགས་ཀྱིས་བཀྲུས་ནས། སྐུ་གདུང་གཞག་པའི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ལས་བྱས་པ་འཕང་དུ་དཔག་ཚད་ལྔ་བརྒྱ་རྒྱར་ནི་དཔག་ཚད་ཕྱེད་ཡོད་པ་ཡང་བརྩིགས། དེ་ནས་ཞག་བདུན་གྱི་བར་དུ་རོལ་མོའི་སྒྲ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེ་དཔག་ཏུ་མེད་གྲངས་མེད་པ་དག་གིས་


DKG050_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱས་ནས་དེར་ཡང་སེམས་ཅན་དཔག་ཏུ་མེད། གྲངས་མེད་པ་དག་ཐེག་པ་གསུམ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་ཞག་བདུན་པོ་དེ་དག་འདས་ནས་སྲོག་ཆགས་བརྒྱད་ཁྲི་བཞི་སྟོང་དང་ལྷན་ཅིག་ཏུ་མངོན་པར་བྱུང་སྟེ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་དག་བགོས་ཏེ། ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོ་ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པ་འབར་བར་བྱས་ཏེ། ལོ་ཁྲིའི་བར་དུ་དམ་པའི་ཆོས་འཛིན་པར་གྱུར་ནས། དེར་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཐེག་པ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །གསུམ་ལ་སྐྱབས་སུ་འགྲོ་བ་ལ་ཡང་རབ་ཏུ་བཀོད་དོ། །དགེ་བསྙེན་གྱི་སྡོམ་པ་དང་། དགེ་ཚུལ་གྱི་སྡོམ་པ་དང་། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཚངས་པར་སྤྱོད་པའི་སྡོམ་པ་ལ་ཡང་བཙུད་དེ་རབ་ཏུ་བཀོད་དོ། །དེས་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་མངོན་པར་ཤེས་པ་དང་། རྫུ་འཕྲུལ་ལ་མཁས་པ་ལ་ངེས་པར་སྦྱར་ཅིང་དེས་པ་དང་། ཚངས་པར་སྤྱོད་པའི་གནས་ལ་ཡང་ངེས་པར་སྦྱར། ཕུང་པོ་རྣམས་དགྲ་ལྟ་བུར་གྱུར་པར་ཡོངས་སུ་ཤེས་པ་ལ་ཡང་ངེས་པར་སྦྱར། སྐྱེ་མཆེད་རྣམས་གྲོང་སྟོང་པ་ལྟ་བུར་ཡོངས་སུ་ཤེས་པ་ལ་ཡང་ངེས་པར་སྦྱར། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་འདུས་བྱས་ཤེས་པ་མཐོང་བ་ཡོངས་སུ་ཤེས་པ་ལ་ཡང་ངེས་པར་སྦྱར། ཆོས་ཐམས་ཅད་མིག་ཡོར་ལྟ་བུ་དང་། མིག་སྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུར་ཡང་བསྟན། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མཚམས་སྦྱོར་བ་མེད་པའི་འགོག་པ་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བ་དང་། མཆོག་དང་། གྱ་ནོམ་པའི་འགོག་པ་མྱ་ངན་ལས་འདས་པ་ཡོངས་སུ་ཤེས་པ་ཡང་བསྟན་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རབ་ཏུ་བཀོད་ནས་འཆི་བའི་དུས་བྱས་པར་གྱུར་ཏོ། །སེམས་ཅན་དེ་དག་གིས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་


DKG050_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སྦྱོང་ཆེན་པོ་དེའི་རུས་པ་ལ་སྔ་མ་བཞིན་དུ་མཆོད་པ་བྱས་ཏེ། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རུས་པ་དག་ལ་རུས་པའི་མཆོད་པ་བྱེད་པ་དེ་བཞིན་དུ། དེའི་ཚེ་ན་སེམས་ཅན་དེ་དག་གིས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་ཆེན་པོ་དེའི་རུས་པ་དག་ལ་མཆོད་པ་བྱས་སོ། །གང་གི་ཉིན་མོ་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་ཆེན་པོ་འཆི་བའི་དུས་བྱས་པར་གྱུར་པ་དེའི་ཉིན་མོ་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་དམ་པའི་ཆོས་ཀྱང་ནུབ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ནི་སྨོན་ལམ་གྱི་དབང་གིས་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སྐྱེ་བ་ཡོངས་སུ་བཟུང་སྟེ། ཁ་ཅིག་ནི་སྨོན་ལམ་གྱི་དབང་གིས་དགའ་ལྡན་གྱི་གནས་སུ་སྐྱེས་སོ། །ཁ་ཅིག་ནི་མི་རྣམས་ཀྱི་ནང་དུ། ཁ་ཅིག་ནི་ཀླུ་རྣམས་ཀྱི་ནང་དུ། ཁ་ཅིག་ནི་ལྷ་མ་ཡིན་རྣམས་ཀྱི་ནང་དུ། ཁ་ཅིག་ནི་སྨོན་ལམ་གྱི་དབང་གིས་དུད་འགྲོའི་སྐྱེ་གནས་སྣ་ཚོགས་དག་ཏུ་སྐྱེས་སོ། །རིགས་ཀྱི་བུ་སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་ཆེན་པོ་འཆི་བའི་དུས་བྱས་ནས་ཀྱང་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་ཁྲི་འདས་པ་དེ་ན་འཇིག་རྟེན་གྱི་ཁམས་ཡང་དག་འདྲེན་ཅེས་བྱ་བ་ཡོད་དེ། དེ་ན་མི་རྣམས་ནི་ཚེ་ལོ་བརྒྱད་ཅུ་ཐུབ་ལ། མི་དགེ་བའི་རྩ་བ་དང་ལྡན་པ་གཏུམ་པ། ལག་པ་ཁྲག་གིས་གོས་པ། སྡིག་པ་ལ་ཞེན་པ། སེམས་ཅན་ཐམས་ཅད་ལ་བརྩེ་བ་མེད་པར་ཞུགས་པ། མར་མི་འཛིན་པ། ཕར་མི་འཛིན་པ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་ཤ་སྟག་སྟེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་དགེ་སྦྱོང་ཆེན་པོ་དེ་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་ཡང་དག་འདྲེན་དེར་གདོལ་པའི་རིགས་སུ་སྐྱེས་པར་གྱུར་ཏེ། དེ་ཡང་ལུས་ཤིན་ཏུ་རིང་བར་གྱུར་ཅིང་། ཤིན་ཏུ་སྟོབས་དང་ལྡན་པ། ཤིན་ཏུ་ཤུགས་དང་ལྡན་པ། ཤིན་ཏུ་དྲན་པ་དང་ལྡན་པ། ཤིན་ཏུ་སྤོབས་པ་དང་ལྡན་པ། ཤིན་ཏུ་མགྱོགས་པ་དང་ལྡན་པར་གྱུར་ནས། དེས་སྟོབས་ཀྱི་ཤུགས་བརྟན་པས་སེམས་ཅན་དག་བཟུང་སྟེ་སྨྲས་པ། ཀྱེ་སེམས་ཅན་དག་


DKG050_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེད་ཅག་གལ་ཏེ་སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་དང་། ལོག་པར་ལྟ་བའི་བར་དག་སྤོང་བར་བྱེད་ན་ངས་ཁྱེད་ཅག་གི་སྲོག་སྦྱིན་པར་བྱ་ཞིང་། འཚོ་བའི་ཡོ་བྱད་དག་ཀྱང་སྦྱིན་པར་བྱའོ། །ཀྱེ་གལ་ཏེ་མི་སྤོང་ན་ངས་སྲོག་དང་ཕྲལ་ཏེ་འགྲོའོ། །དེ་ནས་སེམས་ཅན་དེ་དག་གིས་ཐལ་མོ་སྦྱར་ཏེ་སྨྲས་པ། མགོན་པོ་ཁྱོད་ཀྱི་ཚིག་གིས་བདག་ཅག་ད་དེང་སླན་ཆད་ནས་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་དང་མ་བྱིན་པར་ལེན་པ་ནས་ལོག་པར་ལྟ་བའི་བར་དག་སྤོང་བར་བགྱིད་དོ། །གདོལ་པ་སྟོབས་ཅན་དེ་སོང་ནས་རྒྱལ་པོ་དང་། རྒྱལ་པོས་བཀྲབས་པ་དག་ལ་བསྒོ་བ་ཁོ་བོའི་འཚོ་བའི་ཡོ་བྱད་དུ་ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་དང་། བཏུང་བ་དང་། གོས་དང་། མལ་ཆ་དང་། སྤོས་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དག་དགོས་ཀྱིས་འཚོ་བའི་ཡོ་བྱད་མང་པོ་དག་ཁོ་བོ་ལ་ཕུལ་ཅིག །གདོལ་པ་སྟོབས་ཅན་དེས་ཇི་སྲིད་འཚོ་བའི་བར་དུ་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང་། དེ་ནས་མི་དེ་དག་ཀྱང་ཚེ་ལོ་ལྔ་བརྒྱ་ཐུབ་པར་གྱུར་ཏོ། །དེ་ན་རྒྱལ་པོ་གང་ཡིན་པ་དེ་འཆི་བའི་དུས་བྱས་པར་གྱུར་པ་དང་། དེ་ནས་རྒྱལ་པོའི་བློན་པོ་དེ་དག་གིས་གདོལ་པ་སྟོབས་ཅན་དེ་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ཏེ་རྒྱལ་པོར་བཅུག་ནས་རྒྱལ་པོ་བསོད་ནམས་སྟོབས་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་རིང་པོ་མ་ལོན་པར་ཡུལ་དེར་རྗེས་སུ་བསྟན་ཏེ། བརྩོན་འགྲུས་བརྟན་ཞིང་རྟུལ་བས་ཡུལ་གཉིས་པར་ཡང་རྗེས་སུ་བསྟན་ནས་རྒྱལ་པོ་བསོད་ནམས་སྟོབས་རིང་པོ་མ་ལོན་པར་འཛམ་བུའི་གླིང་ཐམས་ཅད་དུ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བར་དུ་གྱུར་ཏོ། །གང་གི་ཚེ་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་སྲིད་བཟུང་ནས། དེའི་འོག་ཏུ་སེམས་ཅན་རྣམས་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་ཅིང་


DKG050_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་དང་། ལོག་པར་ལྟ་བའི་བར་དག་སྤོང་བ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་ཡང་དག་པའི་ལྟ་བའི་བར་དག་ལ་རབ་ཏུ་བཀོད་དོ། །སེམས་ཅན་རྣམས་བསམ་པ་ཇི་ལྟ་བུ་བཞིན་དུ་ཐེག་པ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་རབ་ཏུ་བཀོད་ཅིང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ནས་འཛམ་བུའི་གླིང་ཐམས་ཅད་དུ་སྒྲ་དབྱངས་རྗེས་སུ་བསྒྲགས་པ། སློངས་མོ་པ་གང་སུ་དག་ཟས་འདོད་པ་དང་། རིན་པོ་ཆེའི་བར་དག་འདོད་པ་དེ་དག་ཐམས་ཅད་ཚུར་ཤོག་ཤིག་དང་།ངས་ཐམས་ཅད་ལ་སྦྱིན་པ་སྦྱིན་པར་བྱའོ་ཞེས་བསྒྲགས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ་ན་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལྷགས་ནས་རྒྱལ་པོ་བསོད་ནམས་སྟོབས་ལ་སློངས་མོ་བྱེད་པར་གྱུར་པ་དང་། རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ཀྱང་དེ་དག་ལས་བརྩམས་ཏེ་སྦྱིན་པ་རྣམ་པ་སྣ་ཚོགས་དག་བྱིན་ནོ། །དེ་ནས་འཚོ་བ་པ་རྡུལ་དབྱངས་ཞེས་བྱ་བ་ཞིག་རྒྱལ་པོ་བསོད་ནམས་སྟོབས་ཀྱི་དྲུང་དུ་སོང་སྟེ་སྨྲས་པ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བཞེད་ཅིང་སྦྱིན་པ་ཆེན་པོ་རྣམ་པ་སྣ་ཚོགས་ཡོངས་སུ་གཏོང་བ་དག་ཡོངས་སུ་གཏོང་བར་མཛད་ལ། རྒྱལ་པོ་ཆེན་པོ་གལ་ཏེ་ཁྱོད་ཀྱིས་བདག་གི་བསམ་པ་ཡོངས་སུ་རྫོགས་པར་མཛད་པར་འགྱུར་ན་ནི་རྒྱལ་པོ་ཆེན་པོ་ཁྱོད་རྒྱལ་བ་འཇིག་རྟེན་གྱི་སྒྲོན་མར་འགྱུར་ལགས་སོ། །རྒྱལ་པོས་སྨྲས་པ་ཁྱོད་ཅི་ཞིག་འདོད། འཚོ་བ་པ་རྡུལ་དབྱངས་ཀྱིས་སྨྲས་པ། རྒྱལ་པོ་ཆེན་པོ་བདག་ནི་ལྷ་མ་ཡིན་གྱི་གཡུལ་ཆེན་པོར་རབ་ཏུ་འཇོམས་པའི་རིག་སྔགས་འཆང་ཉིད་འཚལ་ན། ཆོ་ག་ཞིབ་མོ་བསྒྲུབ་པའི་སླད་དུ་མི་གསོན་པོའི་པགས་པ་ཡང་འཚལ། མིག་ཀྱང་འཚལ་ཏེ། དེའི་སླད་དུ་བདག་ཁྱོད་ཀྱི་སྤྱན་སྔར་མཆིས་ནས་གསོལ་བ་བགྱིད་ལགས་སོ། །རིགས་ཀྱི་བུ་དེ་ནས་རྒྱལ་པོ་བསོད་ནམས་སྟོབས་


DKG050_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྙམ་དུ་སེམས་ཏེ། བདག་གིས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཉིད་ཐོབ་ནས་སེམས་ཅན་བགྲང་བ་ལས་འདས་པ་དག་ཅིག་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་ཅིང་། ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱར་ཏེ། བདག་གིས་སྦྱིན་པ་ཡང་དཔག་ཏུ་མེད་པ་ཞིག་བྱིན་ན། ད་ནི་སྙིང་པོ་མེད་པའི་ལུས་ལས་སྙིང་པོ་ལེན་པར་བྱེད་པ་ཞིག་སྟེ། བདག་གི་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་ནས་རྒྱལ་པོས་སྨྲས་པ། ངས་ཁྱོད་ལ་ཤའི་མིག་ཐ་མལ་པ་འདི་སྦྱིན་པར་བྱས་དགའ་བར་གྱིས་ཤིག །དེས་ནི་བདག་གིས་བླ་ན་མེད་པའི་ཆོས་ཀྱི་སྤྱན་ཐོབ་པར་གྱུར་ཅིག །ངས་ཁྱོད་ལ་རབ་ཏུ་དང་བའི་སེམས་ཀྱིས་རང་གི་པགས་པ་འདི་ཡང་སྦྱིན་པར་བྱས་དེས་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་དེ་ནས་རྒྱལ་པོ་བསོད་ནམས་སྟོབས་ཀྱིས་ལག་པ་གཡས་པས་རང་གི་མིག་གཉིས་ཕྱུང་སྟེ་འཚོ་བ་པ་ལ་བྱིན་ནས་གདོང་ཁྲག་གིས་ཡོག་བཞིན་དུ་སྨྲས་པ། འདི་ན་གང་དག་འདིར་ལྷགས་པ་དང་། ནམ་མཁའ་ལ་རྒྱུ་བ་དང་། ས་ལ་གནས་པའི་ལྷ་རྣམས་དང་། གནོད་སྦྱིན་མཐུ་ཆེན་པོ་རྣམས་དང་། མིའམ་ཅི་གང་ཡིན་པ་རྣམས་དང་། ལྷ་མ་ཡིན་གང་ཡིན་པ་རྣམས་དང་། འབྱུང་པོ་གང་ཡིན་པ་རྣམས་དང་། མི་གང་ཡིན་པ་རྣམས་བདག་ལ་ཉོན་ཅིག །བདག་གིས་སྦྱིན་པ་བྱང་ཆུབ་ཏུ་བསྔོས་པའི་དགེ་བས་ཞི་བའི་གོ་འཕང་ཐོབ་པར་གྱུར་ནས། བདག་གིས་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་མི་ཟད་པ་ལས་སྒྲོལ་ཞིང་བླ་ན་མེད་པའི་ཞི་བ་མྱ་ངན་ལས་འདས་པ་ལ་འགོད་པར་གྱུར་ཅིག །ཡང་སྨྲས་པ། གལ་ཏེ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ལྟ་ན། ཇི་སྲིད་དུ་འཚོ་བ་པ་འདིའི་རིག་སྔགས་དེ་གྲུབ་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བདག་གི་སྲོག་གི་དབང་པོ་འགག་པར་མ་གྱུར་ཅིག །བདག་གི་དྲན་པ་ཡང་ཉམས་པར་མ་གྱུར་ཅིག །བདག་འགྱོད་པར་ཡང་མ་གྱུར་ཅིག །རིགས་ཀྱི་བུ་རྒྱལ་པོས་པགས་པ་ཡང་ཁྱེར་ཅིག་ཅེས་སྨྲས་པ་དང་། འཚོ་བ་པ་རྡུལ་དབྱངས་དེས་མཚོན་རྣོན་པོ་བླངས་


DKG050_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱལ་པོ་གསོན་པོའི་ལུས་ལས་པགས་པ་བཤུས་ནས་པགས་པ་ཁྱེར་ཏེ་རིག་སྔགས་བསྒྲུབས་སོ། །དེ་ལྟར་ཞག་བདུན་གྱི་བར་དུ་རྒྱལ་པོ་བསོད་ནམས་སྟོབས་ཀྱི་སྲོག་གི་དབང་པོ་ཡང་མ་འགགས་དྲན་པ་ཡང་མ་ཉམས། སྡུག་བསྔལ་གྱི་ཚོར་བ་དེ་ཡང་མ་མྱོང་ལ། དེ་ལ་སྐད་ཅིག་ཙམ་ཡང་འགྱོད་པ་སྐྱེས་པར་མ་གྱུར་ཏོ། །རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་འཛིན་ན་གཞན་དུ་མི་བལྟ་སྟེ། ང་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་ཡབ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞེས་བྱ་བ་དེར་གྱུར་ཏོ། །ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པའི་དང་པོ་ནི་དེ་ཡིན་ནོ། །ངས་དང་པོ་སེམས་བསྐྱེད་པས་སེམས་ཅན་བགྲང་བ་ལས་འདས་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་སྟེ། ངས་དཔའ་བའི་དངོས་པོ་དང་། དཔའ་བོའི་བྱ་བ་དང་པོ་ནི་དེ་ཡིན་ནོ། །ང་སྨོན་ལམ་གྱི་དབང་གིས་དེ་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་ཡང་དག་འདྲེན་དུ་གདོལ་པའི་རིགས་སུ་སྐྱེས་པ་དེའི་ཚེ་ན་ངས་གདོལ་པའི་རིགས་སུ་གནས་ནས་སེམས་ཅན་རྣམས་དགེ་བ་ལ་སྦྱར་ཅིང་རང་གི་སྟོབས་དང་རྟུལ་བས་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཉིད་ཐོབ་པའི་བར་དང་། འཛམ་བུའི་གླིང་ཐམས་ཅད་དུ་འཐབ་པ་དང་རྩོད་པའི་རྙོག་པ་རྣམས་རབ་ཏུ་ཞི་བར་བྱས་ཤིང་། ཚེ་ཡང་བསྲིངས་ཏེ་ངས་དང་པོ་ལུས་ཡོངས་སུ་བཏང་བ་དེ་ནི་ངའི་དཔའ་བའི་དངོས་པོ་དང་། དཔའ་བོའི་བྱ་བ་གཉིས་པ་ཡིན་ནོ། །གང་གི་ཚེ་ངས་རང་གི་མིག་དག་ཡོངས་སུ་བཏང་ཞིང་རང་གི་པགས་པ་ཡང་ཡོངས་སུ་བཏང་སྟེ། དེ་ནས་ཤི་འཕོས་ན་ཡང་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་ཡང་དག་འདྲེན་དེ་ཉིད་ཀྱི་གླིང་གཉིས་པར་གདོལ་པའི་རིགས་སུ་སྐྱེས་ནས་སྔ་མ་བཞིན་དུ་སྦྱར་ཏེ། དེར་ཡང་ངས་བརྩོན་འགྲུས་བརྟན་ཞིང་རྟུལ་བ་དེ་ལྟ་བུས་སེམས་ཅན་རྣམས་དགེ་བའི་ལས་དག་ལ་ངེས་པར་སྦྱར་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་བར་ཡང་ཐོབ་སྟེ། དེར་ཡང་འཐབ་པ་དང་རྩོད་པའི་རྙོག་པ་དང་།


DKG050_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འཁོན་པ་དང་། འགྱོད་པ་དག་རབ་ཏུ་ཞི་བར་བྱས་ཏེ་ཚེ་ཡང་བསྲིངས་སོ། །དེར་ཡང་རང་གི་ལུས་ལས་ལྕེ་དང་། རྣ་བ་དག་ཡོངས་སུ་བཏང་བ་ན་སངས་རྒྱས་ཀྱི་ཞིང་ཡང་དག་འདྲེན་གྱི་སྟོང་ཆེན་པོ་དེ་ཀུན་གྱི་གླིང་ཐམས་ཅད་ཀྱི་བར་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །སྨོན་ལམ་དང་བརྩོན་འགྲུས་བརྟན་ཞིང་རྟུལ་བ་རྗེས་སུ་འབྲེལ་པ་དང་། སྨོན་ལམ་གྱི་དབང་གིས་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་སེམས་ཅན་རྣམས་དགེ་བའི་རྩ་བ་དེ་དག་ལ་ངེས་པར་སྦྱར་ཅིང་ཐེག་པ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་སྟེ། འཐབ་པ་དང་རྩོད་པའི་རྙོག་པ་དང་། ཉོན་མོངས་པ་དང་། འཁོན་པ་དང་། འགྱེད་པ་རྣམས་རབ་ཏུ་ཞི་བར་བྱས་ཤིང་སྐྱེས་བུ་ཆེན་པོའི་རྩལ་དེ་ལྟ་བུ་དག་བྱས་སོ། །རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་གཞན་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་འདིའི་ཕྱིར་ཏེ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྔོན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་གཞན་གྱི་ལྟུང་བ་གླེང་བར་མི་བྱེད་ཅིང་གཞན་ལ་འཇིགས་པ་སྟོན་པར་མི་བྱེད་ལ། སེམས་ཅན་རྣམས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་དུ་མ་བཅུག་པས་ན་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དགོངས་པ་ཡོངས་སུ་རྫོགས་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་དེ་ན་ལྟུང་བའི་མིང་ཡང་མེད་ལ། བསླབ་པ་གཟུང་བ་ཡང་མེད། ཚིག་རྩུབ་པོ་ཡང་མི་གྲག །མི་དགེ་བའི་སྒྲ་ཡང་མི་གྲག་སྟེ། གཞན་དུ་ན་སངས་རྒྱས་ཀྱི་ཞིང་དེ་ཆོས་ཀྱི་སྒྲ་དང་། ཡིད་དུ་མི་འོང་བ་མེད་པའི་སྒྲས་ཁྱབ་པ་ཡིན་ནོ། །དེ་ན་སེམས་ཅན་རྣམས་ཀྱང་ཇི་ལྟར་འདོད་པ་བཞིན་དུ་བྱེད་པ་ཡིན་ཏེ། དེ་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་མིང་དུ་གདགས་པ་ཙམ་ཡང་མི་སྲིད་དོ། །ངས་ནི་གང་གི་ཚེ་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྟོང་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཚིག་རྩུབ་པོ་དང་འཇིགས་སུ་རུང་བས་སེམས་ཅན་


DKG050_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པ་ནས། ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་པའི་བར་དུ་བྱས་པས་ན། དེའི་ལས་ཀྱི་འཕྲོས་ད་ལྟར་ང་ཉོན་མོངས་པ་དང་ལྡན་ཞིང་མི་དགེ་བའི་སྒྲས་ཀུན་ཏུ་ཁྱབ་ལ་མི་དགེ་བའི་རྩ་བ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་ཡོངས་སུ་གང་བའི་སངས་རྒྱས་ཀྱི་ཞིང་འདི་ལྟ་བུ་ན་ཐེག་པ་གསུམ་གྱིས་ཆོས་སྟོན་ཏེ། ངས་ནི་སྔོན་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་བཟུང་ཞིང་ངས་འདུལ་བའི་སེམས་ཅན་ཇི་ལྟ་བུ་དག་ཡོངས་སུ་བཟུང་བ་དེ་ལྟ་བུ་ཁོ་ནའི་སྟོབས་དང་། བརྩོན་འགྲུས་དང་། འབད་པས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་དེ་སྨོན་ལམ་ཇི་ལྟ་བུ་བཏབ་ཅིང་། ས་བོན་ཅི་འདྲ་བ་བཏབ་པ་དེ་འདྲ་བའི་སངས་རྒྱས་ཀྱི་ཞིང་ཐོབ་བོ།། །།བམ་པོ་བཅུ་བཞི་པ། རིགས་ཀྱི་བུ་ཇི་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བ་ལྟར། སྔོན་གྱི་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་དེ་ལྟ་བུའི་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་མ་བཏང་ལ། ཇི་ལྟར་ངས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་བཏང་བ་ལྟར་ཕྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་གང་ཡང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་ལྟ་བུའི་སྦྱིན་པ་ཡོངས་སུ་གཏོང་བ་ཡོངས་སུ་གཏོང་བར་མི་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་ཏེ་ཁྱོད་ལ་བཤད་པར་བྱའོ། །སྐྱེས་བུ་དམ་པ་བརྒྱད་ནི་མ་གཏོགས་ཏེ། སྐྱེས་བུ་དམ་པ་སས་བྱིན་ཞེས་བྱ་བར་གྱུར་པ་ནི་ལྷོ་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཀུན་དབྱངས་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་བཞིན་གཤེགས་པ་འདྲེས་སྤོང་འོད་ཟེར་ཞེས་བྱ་བར་གྱུར་ནས་སྐྱེ་དགུ་ཚེ་ལོ་བརྒྱ་པ་རྣམས་ལ་ཆོས་སྟོན་ཅིང་ཞག་བདུན་ན་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཡང་དག་སྐུལ་ཞེས་བྱ་བ་དེ་ནི་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་མི་


DKG050_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འཕམ་ཅན་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྐྱེ་དགུའི་ཚེ་ལོ་བརྒྱ་པ་རྣམས་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ལས་ལྷག་པ་སྙེད་དུ་སངས་རྒྱས་ཀྱི་མཛད་པ་མཛད་ནས་དེའི་ཚེ་དེ་བཞིན་གཤེགས་པ་དེ་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདས་ཏེ། ད་དུང་དུ་ཡང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་སྐུ་གདུང་རྣམས་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྟོང་པ་དག་ན་སངས་རྒྱས་ཀྱི་མཛད་པ་མཛད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྙིང་པོ་མེ་ཏོག་རྒྱས་ཞེས་བྱ་བ་ནི་བརྩོན་འགྲུས་དང་། ཡི་དམ་བརྟན་པ་དང་། ཡོངས་སུ་གཏོང་བའི་སྟོབས་ཀྱི་ཤུགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དེ། དེ་བསྐལ་པ་ཆེན་པོ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་འདས་པའི་འོག་ཏུ་འདི་ནས་བྱང་ཕྱོགས་སུ་སྙིགས་མ་ལྔ་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་རྒྱུ་བཅས་ཡང་དག་འདྲེན་ཅེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེར་སྐྱེས་བུ་དམ་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུར་བཅས་ནག་པོ་རྣམ་པར་འཇོམས་པའི་རྒྱལ་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཤེས་རབ་འོད་ཟེར་ཀུན་ནས་འཁྲུགས་འཛིན་ཅེས་བྱ་བའི་སྐྱེས་བུ་དམ་པ་དེ་ནི་བསྐལ་པ་ཆེན་པོ་གཅིག་འདས་ནས་ནུབ་ཕྱོགས་ལོགས་སུ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འཇིགས་ལྡན་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེར་སྐྱེ་དགུའི་ཚེ་ལོ་བརྒྱ་པའི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་སྙིང་པོའི་འོད་ཟེར་དྲི་མ་མེད་པའི་དབང་པོ་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་རོ། །ལེགས་དགའ་འདི་ཡང་བསྐལ་པ་བགྲང་བ་ལས་ཡང་དག་པར་འདས་པ་སྙེད་རྫོགས་པའི་འོག་ཏུ། སྟེང་གི་ཕྱོགས་ལོགས་སུ་བསྐལ་པ་ཆེན་པོ་རྩོད་རྙོག་མི་


DKG050_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཟད་ཡང་དག་འཁྲུག་ཅེས་བྱ་བ་ལ་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འགྱུར་བྱེད་མི་གཙང་བསྩགས་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། ལེགས་དགའ་འདི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་འགྱུར་བྱེད་མི་གཙང་བསྩགས་ཞེས་བྱ་བ་དེར་སྐྱེ་དགུའི་ཚེ་ལོ་ལྔ་བཅུ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་བསམ་ཡས་རྣམ་པར་སྣང་མཛད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཞིང་། དེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ཉིད་ཀྱི་ཉིན་མོ་དེ་བཞིན་གཤེགས་པ་དེའི་དམ་པའི་ཆོས་ཀྱང་ནུབ་པར་འགྱུར་ཞིང་ལོ་བཅུའི་བར་དུ་སངས་རྒྱས་ཀྱི་ཞིང་དེ་སྟོངས་པར་འགྱུར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་རབ་ཏུ་ལག་བརྐྱང་འདི་སྔོན་གྱི་སྨོན་ལམ་གྱི་དབང་གིས་སངས་རྒྱས་ཀྱི་ཞིང་འགྱུར་བྱེད་མི་གཙང་བསྩགས་དེར་སྐྱེ་དགུའི་ཚེ་ལོ་སུམ་ཅུ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྣམ་པར་སྣང་མཛད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་འགྱུར་ཞིང་། དེ་ཡང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོ་བཅུས་སངས་རྒྱས་ཀྱི་མཛད་པ་མཐའ་དག་མཛད་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེའི་དམ་པའི་ཆོས་ནི་ལོ་བདུན་དུ་གནས་པར་འགྱུར་རོ། །དེ་ནས་སྐྱེས་བུ་དམ་པ་དེ་གཉིས་ཀྱིས་སྔར་ལུང་བསྟན་པ་ཐོབ་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རོ་མྱོང་བ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དགའ་བ་དང་། ཡིད་བདེ་བ་དང་། མཆོག་ཏུ་དགའ་བས་ཏ་ལ་བདུན་སྲིད་ཙམ་དུ་སྟེང་གི་བར་སྣང་ལ་མངོན་པར་འཕགས་ཤིང་ཐལ་མོ་སྦྱར་ཏེ་འཁོད་ནས། བཅོམ་ལྡན་འདས་ལ་དབྱངས་གཅིག་གིས་


DKG050_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་ཉི་མ་བཞིན་དུ་ལྷང་ངེ་ཞིང་། །འཇིག་རྟེན་འདི་ན་མངོན་འཕགས་ལྷུན་པོ་འདྲ། །རྣམ་འདྲེན་རྡུལ་བྲལ་རྣམ་དག་སྤྱན་མངའ་བ། །སྣང་གྱུར་བདེ་གཤེགས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་བྱང་ཆུབ་དམ་པ་ཚོལ་བ་ན། །བསྐལ་པ་མང་པོར་ཁྱོད་ཀྱིས་བརྩོན་འགྲུས་བསྒོམས། །ཁྱོད་ཀྱིས་སྔོན་གྱི་རྒྱལ་མང་གང་མཆོད་པ། །འདས་པའི་འདྲེན་པ་དེ་ཡིས་ལུང་མ་བསྟན། །འདོད་ཆགས་སྤངས་པ་ཡོངས་གྲོལ་ཐུགས་མངའ་བ། །ཁྱོད་འདིར་འཇིག་རྟེན་ཀུན་ཏུ་མཛད་པ་མཛད། །ལམ་སྟོར་རྣམས་ལ་ཆོས་ཀྱང་སྟོན་མཛད་ཅིང་། །སེམས་ཅན་རྣམས་ཀྱང་སྲིད་པའི་མཚོ་ལས་བསྒྲལ། །རང་བྱུང་བསྟན་ལ་བདག་ཅག་རབ་བྱུང་ཞིང་། །དབང་པོ་མཉམ་བཞག་རྒྱལ་བས་བསྟན་པ་ཡི། །སོ་སོར་ཐར་པའི་བསླབ་པ་དེ་བསླབས་ནས། །བདག་ཅག་རྟག་ཏུ་ཁྱོད་དང་ཉེར་གྱུར་ཅིག །སྲོག་ལ་བརྟེན་པ་མ་མཆིས་ཆོས་འཚལ་ཞིང་། །སྟོན་པར་འདུ་ཤེས་ཆོས་རྣམས་མཉན་བགྱིས་ནས། །རྒྱལ་བས་མངོན་པར་ལུང་བསྟན་དོན་དེ་ཡི། །རོ་མྱོང་དབང་བསྐུར་ས་ཡང་ཐོབ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སྐྱེས་བུ་དམ་པ་ལེགས་དགའ་དང་། རབ་ཏུ་ལག་བརྐྱང་ཞེས་བྱ་བ་དེ་གཉིས་དང་། སས་བྱིན་དང་། བརྩོན་འགྲུས་ཡང་དག་སྐུལ་དང་། སྙིང་པོ་མེ་ཏོག་རྒྱས་དང་། ཤེས་རབ་འོད་ཟེར་ཀུན་འཁྲུགས་འཛིན་ཅེས་བྱ་བ་བཞི་དང་། སྐྱེས་བུ་དམ་པ་དྲུག་པོ་དེ་དག་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ངས་དང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་པ་དེ་དག་ཉོན་ཅིག །རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན་སངས་རྒྱས་ཀྱི་ཞིང་འདི་རྡུལ་མེད་ལྷུན་པོ་སྤོས་ཞེས་བྱ་བར་གྱུར་ཏེ། རིགས་ཀྱི་བུ་དེའི་ཚེ་བསྐལ་པ་ཆེན་པོ་བྱུང་བ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་ཅིང་དེ་བཞིན་གཤེགས་པ་སྤོས་ཀྱི་པད་མའི་བསྟན་པ་དམ་པའི་ཆོས་ཀྱི་གཟུགས་བརྙན་དུ་གྱུར་པ་དེའི་ཚེ་དེའི་དུས་ན་ང་འཛམ་བུའི་གླིང་ལས་རྣམ་པར་རྒྱལ་བའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་


DKG050_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ངན་ཅེས་བྱ་བར་གྱུར་ཅིང་བུ་ཡང་སྟོང་ཡོད་པར་གྱུར་ནས། ངས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་གོ །དེ་དག་ཀྱང་དུས་གཞན་ཞིག་ན་མངོན་པར་བྱུང་སྟེ། དེ་བཞིན་གཤེགས་པ་སྤོས་ཀྱི་པད་མའི་བསྟན་པ་ལ་རབ་ཏུ་བྱུང་ནས་དེ་དག་གིས་དེ་བཞིན་གཤེགས་པ་སྟོབས་ཀྱི་པད་མའི་བསྟན་པ་རྒྱ་ཆེར་འབར་བར་བྱས་སོ། །གང་དག་རབ་ཏུ་མ་བྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་འདོད་པ་བུ་དྲུག་ཅིག་མ་གཏོགས་ཏེ། ངས་དེ་དག་ལ་ཡང་དང་ཡང་དུ་བསྒོ་བ། ཁྱེད་ཅག་བསམ་པ་ཇི་ལྟ་བུ་ཞིག་གིས་ན་ཁྱེད་རབ་ཏུ་མི་འབྱུང་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། བདག་ཅག་ནི་རབ་ཏུ་མི་འབྱུང་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། གང་ཟད་པའི་དུས་ཀྱི་མཐར་དམ་པའི་ཆོས་གཟུགས་བརྙན་དུ་གྱུར་པ་ན་རབ་ཏུ་བྱུང་བ་དེས་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་དག་ཀུན་ཏུ་འཛིན་པར་ཡང་རྔོ་མི་ཐོགས་ལ། དེ་ནོར་བདུན་དང་ཡང་བྲལ་བར་འགྱུར་ཞིང་འཁོར་བའི་འདམ་དུ་བྱིང་ནས། དེས་སླར་རེས་འགའ་ཞིག་ལྷ་དང་མིའི་དཔལ་ཐོབ་པར་བས་ཀྱི། རྟག་ཏུ་ངན་སོང་གསུམ་པོ་དག་ཏུ་ཡོངས་སུ་འཁྱམ་པར་འགྱུར་ཞིང་། སངས་རྒྱས་ཀྱི་བསླབ་པ་ཡང་དག་པར་འཛིན་པར་མི་འགྱུར་ཏེ། དེའི་སླད་དུ་བདག་ཅག་རབ་ཏུ་མི་འབྱུང་བ་ལགས་སོ། །ངས་ཡང་དེ་དག་ལ་དྲིས་པ། ཁྱེད་ཅག་ཅིའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པར་མི་བྱེད། དེ་དག་གིས་སྨྲས་པ། གལ་ཏེ་བདག་ཅག་ལ་འཛམ་བུའི་གླིང་ཐམས་ཅད་སྩལ་ན། དེ་ལྟ་ན་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །རིགས་ཀྱི་བུ་ངས་དེ་ཐོས་ནས་མཆོག་ཏུ་དགའ་བའི་ཡིད་ཀྱིས་འདི་སྙམ་དུ་བསམས་ཏེ། ངས་འཛམ་བུའི་གླིང་གི་མི་ཐམས་ཅད་གསུམ་ལ་སྐྱབས་སུ་འགྲོ་བ་ལ་རབ་ཏུ་བཀོད་ཅིང་འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད་དང་ལྡན་པ་ལ་གནས་པ་ཡང་ཡང་དག་པར་འཛིན་ཏུ་བཅུག་སྟེ། ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཟིན་གྱིས། གང་བདག་གིས་འཛམ་བུའི་གླིང་འདི་ཆ་


DKG050_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཏུ་བགོས་ཏེ་བུ་དྲུག་པོ་དག་ལ་བྱིན་ལ་བྱིན་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་གཞུག་ཅིང་བདག་ཀྱང་མངོན་པར་བྱུང་སྟེ། རབ་ཏུ་བྱུང་བར་བྱ་གོར་མ་ཆག་སྙམ་ནས་ངས་དེ་བཞིན་དུ་འཛམ་བུའི་གླིང་ཐམས་ཅད་ཆ་དྲུག་ཏུ་བགོས་ཏེ། བུ་དྲུག་པོ་དག་ལ་བྱིན་ནས་བདག་ཀྱང་མངོན་པར་བྱུང་སྟེ། རབ་ཏུ་བྱུང་བ་དང་། འཛམ་བུའི་གླིང་གི་རྒྱལ་པོ་དེ་དག་ཀྱང་ཕན་ཚུན་མི་འཐུན་ཞིང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། ནད་དང་། ཕ་རོལ་གྱི་འཁོར་གྱིས་འཁྲུག་པ་དང་། རྩོད་པ་དག་བྱུང་ངོ་། །དེའི་ཕྱིར་འཛམ་བུའི་གླིང་ཐམས་ཅད་དུ་མུ་གེ་བྱུང་སྟེ། ལོ་ཏོག་རྣམས་ཀྱང་མི་སྐྱེ། ཆར་པ་ཡང་མི་འབབ། ཤིང་ལྗོན་པ་དག་ལས་ཀྱང་ལོ་མ་དང་། མེ་ཏོག་དང་། འབྲས་བུ་དག་མི་སྐྱེ། སྨན་དང་། རྩྭ་དག་ཀྱང་མི་སྐྱེ་བས་རི་དགས་དང་བྱ་རྣམས་ཀྱང་བཀྲེས་པ་དང་སྐོམ་པས་ལུས་རབ་ཏུ་འབར་ཞིང་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་ན་ང་འདི་སྙམ་དུ་སེམས་ཏེ། ངས་ད་ལྟར་གྱི་ལུས་འདི་ཡོངས་སུ་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱའོ་སྙམ་ནས། དེ་ནས་ངས་གནས་ཡོངས་སུ་སྤངས་ཏེ། ཡུལ་གྱི་དབུས་སུ་སོང་ནས་རི་ཆུ་སྐྱོང་ཞེས་བྱ་བ་ལ་འཛེགས་ཏེ་སྨོན་ལམ་བཏབ་པ། འདི་ལྟར་རང་གི་ལུས་སྲོག་གཏོང་བ་ནི། །སྙིང་རྗེའི་ཕྱིར་ཏེ་མཐོ་རིས་ཕྱིར་མ་ཡིན། །རི་འདིའི་འཕང་ཙམ་དག་ཏུ་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་དུ་འགྱུར་བར་ཤོག །འདི་ལྟར་གཟུགས་མཛེས་ཕུན་སུམ་གཏོང་བ་ནི། །བདུད་ཕྱིར་མ་ཡིན་བརྒྱ་བྱིན་ཚངས་ཕྱིར་མིན། །བདག་གི་ཤ་ཁྲག་མང་པོར་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་ནི་བྱེད་གྱུར་ཅིག །གང་དག་རི་དང་བྲག་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་ལྷ་མིན་མི་རྣམས་ཉོན། །སེམས་ཅན་ཕྱིར་ནི་བདག་གིས་བརྩེ་བསྐྱེད་དེ། །རང་གི་ཤ་ཁྲག་དག་གིས་ཚིམ་པར་བྱ། །གང་གི་ཚེ་ངས་སྨོན་ལམ་དེ་ལྟ་བུ་བཏབ་པ་ན། འཇིག་རྟེན་གསུམ་འཁྲུགས་ཤིང་ས་ཡང་གཡོས། ལྷུན་པོ་ཡང་འགུལ། ལྷའི་ཚོགས་རྣམས་ཀྱང་ངུའོ། །དེ་ནས་ངས་རང་གི་ལུས་རི་ཆུ་སྐྱོང་གི་ཁ་ནས་བོར་བ་དང་། སྨོན་ལམ་གྱི་དབང་གིས་


DKG050_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་ལུས་རིའི་ཚད་ཙམ་དུ་གྱུར་ཅིང་། མགོ་འབུམ་ཕྲག་དུ་མ་ཡོད་པར་གྱུར་ལ། ཁྱོན་དུ་ནི་དཔག་ཚད་བརྒྱ། འཕང་དུ་ཡང་དཔག་ཚད་བརྒྱར་གྱུར་ནས། མི་དང་། རི་དགས་དང་། བྱའི་བར་དག་གིས་ཀྱང་ཤ་དང་ཁྲག་བཟའ་བར་བརྩམས་སོ། །རིགས་ཀྱི་བུ་ངའི་ལུས་ལ་སེམས་ཅན་དེ་དག་གིས་ཟོས་པ་ན་ཉིན་གཅིག་བཞིན་དུ་ཕྱིར་སྐྱེ་ཞིང་ཁྱོན་དུ་ཡང་དཔག་ཚད་འབུམ། འཕང་དུ་ཡང་དཔག་ཚད་འབུམ་ཡོད་པར་འགྱུར་ལ། ཐམས་ཅད་ནས་མིའི་མགོ་བོ་སྐྲ་དང་། རྣ་བ་དང་། མིག་དང་བཅས་པ། མཆུ་དང་སོ་དང་བཅས་པ། ལྕེ་དང་བཅས་པའི་ཁ་འབུམ་ཕྲག་དུ་མ་དག་བྱུང་བར་གྱུར་ནས། ཁ་འབུམ་ཕྲག་དུ་མ་པོ་དེ་དག་ནས་མིའི་སྐད་ཀྱིས་སྒྲ་སྒྲོགས་པ། ཀྱེ་སེམས་ཅན་དག་ཅི་འདོད་པ་ལོང་ཤིག །ཀྱེ་ཤ་ཟོ་ཤིག །ཁྲག་འཐུང་ཤིག །མིག་དག་ཁྱེར་ཅིག །རྣ་བ་དང་། སྣ་དང་། སྐྲ་དང་། མཆུ་དང་། སོ་དང་། ལྕེ་དག་ཁྱེར་ཅིག །གང་འདོད་པ་དང་། གང་གིས་འདོད་པ་དང་། ཇི་སྙེད་འདོད་པས་ལུས་ཚིམ་པར་གྱུར་ཅིག །བསམ་པ་ཡོངས་སུ་རྫོགས་པར་གྱུར་པ་རྣམས་ནི་ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིག །ཁྱེད་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་འདི་ནི་ཟད་པར་ཡང་མི་འགྱུར་ལ། ཁྱེད་ལ་དད་པས་བྱིན་པར་ཡང་མི་འགྱུར་གྱིས། ཁྱེད་ཅག་མྱུར་བ་ཉིད་དུ་སྲོག་ཟད་པར་ཡང་མ་གྱུར་ཅིག་ཅེས་སྒྲ་སྒྲོགས་པར་བྱེད་དོ། །དེ་ན་སེམས་ཅན་མཁས་པ་གང་ཡིན་པ་དེ་དག་ལས་ཁ་ཅིག་ནི་ཉན་ཐོས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད། ཁ་ཅིག་ནི་རང་སངས་རྒྱས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད། ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །ཁ་ཅིག་ནི་ལྷ་དང་མིར་སྐྱེ་བར་སེམས་སྐྱེད་པར་བྱེད་ཅིང་། ཤ་ནི་ཟ། ཁྲག་ནི་འཐུང་ངོ་། །ཁ་ཅིག་གིས་ནི་མིག་དག་ཁྱེར། ཁ་ཅིག་གིས་ནི་རྣ་བ་དག །ཁ་ཅིག་གིས་ནི་སྣ་དག །ཁ་ཅིག་གིས་ནི་མཆུ་དག །ཁ་ཅིག་གིས་ནི་སོ་དག་བླངས་ནས་ཁྱེར་ཏེ་དོང་ཡང་སྨོན་ལམ་གྱི་དབང་གིས་ཤ་བྲི་བར་


DKG050_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མ་གྱུར། ཡོངས་སུ་ཟད་པར་ཡང་མ་གྱུར་ལ། ཡང་དང་ཡང་ཕྱིར་སྐྱེས་པར་གྱུར་ཏོ། །ལོ་ཁྲིའི་བར་དུ་འཛམ་བུའི་གླིང་གི་མི་ཐམས་ཅད་དང་། གནོད་སྦྱིན་དང་། རི་དགས་དང་། བྱ་རྣམས་ཀྱང་ངའི་ལུས་ཀྱིས་ཚིམ་པར་བྱས་ཏེ། ངས་ལོ་ཁྲི་པོ་དེའི་བར་དུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མིག་དག་ཡོངས་སུ་བཏང་ངོ་། །ངས་རྒྱ་མཚོ་བཞིའི་ཆུ་སྙེད་ཀྱི་ཁྲག་དག་ཡོངས་སུ་བཏང་ངོ་། །ངས་རི་རབ་སྟོང་སྙེད་ཙམ་གྱི་ཤ་དག་ཡོངས་སུ་བཏང་ངོ་། །ངས་རི་ཁོར་ཡུག་ཙམ་གྱི་ལྕེ་དག་ཡོངས་སུ་བཏང་ངོ་། །ངས་ལྷུན་པོ་དང་གཉའ་ཤིང་འཛིན་ཙམ་གྱི་རྣ་བ་དག་ཡོངས་སུ་བཏང་ངོ་། །ངས་རི་རབ་ཙམ་གྱི་སྣ་རྒྱ་ཆེན་པོ་དག་ཡོངས་སུ་བཏང་ངོ་། །ངས་བྱ་རྒོད་ཀྱི་ཕུང་པོའི་རི་འདི་ཙམ་གྱི་སོ་དག་ཡོངས་སུ་བཏང་ངོ་། །ངས་དེར་སངས་རྒྱས་ཀྱི་ཞིང་མི་མཇེད་མཐའ་དག་གི་ས་གཞི་ཙམ་གྱི་རང་གི་པགས་པ་ཡང་ཡོངས་སུ་བཏང་ངོ་། །རིགས་ཀྱི་བུ་དེ་ལྟར་ལོ་ཁྲིའི་བར་དུ་སྲོག་གཅིག་གིས་རང་གི་ལུས་ཡོངས་སུ་བཏང་བ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཡོངས་སུ་བཏང་ཞིང་། དེ་ལྟར་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ཚིམ་པར་བྱས་ཀྱང་ངའི་སེམས་སྐད་ཅིག་གཅིག་ཙམ་ཡང་འགྱོད་པར་མ་གྱུར་པ་ལ་ལྟོས། དེར་ངས་སྨོན་ལམ་འདི་ལྟ་བུ་ཡང་བཏབ་སྟེ། གལ་ཏེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན། བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་བདག་གིས་གླིང་གཅིག་ཏུ་རང་གི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྡུལ་མེད་ལྷུན་པོ་སྤོས་འདིའི་གླིང་ཐམས་ཅད་དུ་ཡང་ལོ་སྟོང་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དེ་ལྟ་བུའི་ལུས་འབྱུང་བར་གྱུར་ཅིག །གླིང་གཅིག་ཏུ་ལོ་ཁྲིའི་བར་དུ་ཇི་ལྟ་བ་དེ་བཞིན་དུ་གླིང་ཐམས་ཅད་དུ་ཡང་རང་གི་ཤ་དང་། ཁྲག་དང་། པགས་པ་དང་། མིག་དང་། རྣ་བ་དང་། སྣ་དང་། མཆུ་དང་། ལྕེ་དང་། སྐྲ་དག་གིས་སེམས་ཅན་ཐམས་ཅད་ཚིམ་པར་བྱས་ཤིང་ཐེག་པ་གསུམ་པོ་དག་ཡང་དག་པར་འཛིན་དུ་བཅུག་པར་གྱུར་


DKG050_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །མི་རྣམས་དང་། གནོད་སྦྱིན་དང་། སྲིན་པོ་རྣམས་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད་དང་། གང་དག་ཤ་ཟ་ཞིང་ཁྲག་འཐུང་བ་སོ་སོའི་གནོད་སྦྱིན་རྣམས་དང་། ཐ་ན་གཤིན་རྗེའི་འཇིག་རྟེན་གྱི་བར་དེ་དག་ཀྱང་བདག་གིས་ཚིམ་པར་བྱེད་པར་གྱུར་ཅིག །ཇི་ལྟར་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རང་གི་ལུས་ཀྱིས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པར་འགྱུར་བ་དེ་བཞིན་དུ། ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་རང་གི་ཤ་དང་། ཁྲག་དང་། པགས་པ་དང་། མིག་དང་། ལྕེའི་བར་དག་དང་། དེ་ལྟ་བུའི་ལུས་ཀྱིས་བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སངས་རྒྱས་ཀྱི་ཞིང་དེ་དང་དེ་དག་ཏུ་དེ་ལྟ་བུའི་ལུས་ཐོབ་ནས་རང་གི་ལུས་དང་སྲོག་གིས་སེམས་ཅན་རྣམས་ཚིམ་པར་བྱེད་པར་གྱུར་ཅིག །གལ་ཏེ་བདག་སེམས་ཅན་རྣམས་ཚིམ་པར་བྱ་བའི་ཕྱིར་རང་གི་ལུས་དེ་ལྟ་བུ་དག་ཡོངས་སུ་གཏོང་བར་མི་བྱེད་དམ། ཇི་ལྟར་བདག་རེ་ཞིང་སེམས་པའི་སྨོན་ལམ་དེ་ལྟ་བུ་ཡོངས་སུ་རྫོགས་པར་མ་གྱུར་ན་བདག་གིས་གང་དག་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གཞན་དང་། གཞན་དག་ན་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་བསླུས་པར་གྱུར་ཅིག །བདག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བདག་འཁོར་བ་ན་འཁོར་བའི་ཚེ་སངས་རྒྱས་ཀྱི་སྒྲ་ཐོས་པར་མ་གྱུར་ཅིག །ཆོས་ཀྱི་སྒྲ་ཡང་མི་ཐོས། དགེ་འདུན་གྱི་སྒྲ་ཡང་མི་ཐོས། ཕ་རོལ་ཏུ་ཕྱིན་པའི་སྒྲ་ཡང་མི་ཐོས། བདུད་ཀྱི་དཔུང་ཕམ་པའི་སྒྲ་ཡང་མི་ཐོས། མི་འཇིགས་པའི་སྒྲ་ཡང་མི་ཐོས་པ་ནས། འཁོར་བ་ན་དགེ་བའི་སྒྲའི་བར་ཡང་ཐོས་པར་མི་འགྱུར་ཞིང་། རྟག་ཏུ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་ན་གནས་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་ཡང་བཏབ་བོ། །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་ཀྱི་གླིང་རེ་རེར་ཡང་དེ་ལྟ་བུའི་ལུས་དག་ཡོངས་སུ་བཏང་ཞིང་། རང་གི་ཤ་དང་ཁྲག་གིས་སེམས་


DKG050_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཚིམ་པར་བྱས་པ་དེ་བཞིན་དུ་ཕྱོགས་བཅུ་གཞན་གྱི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་དེ་ལྟ་བུའི་ལུས་དག་ཡོངས་སུ་བཏང་སྟེ། རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་སོ། །རིགས་ཀྱི་བུ་དེའི་ཚེ་ངས་རྒྱུན་མ་ཆད་པར་མིག་དག་ཡོངས་སུ་བཏང་བ་གང་ཡིན་པ་དེ་དག་གི་ཕུང་པོ་ཡང་འཛམ་བུའི་གླིང་འདི་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་མཐར་ཐུག་པའི་ཚད་ཙམ་དུ་གྱུར་ཏེ། དེ་བཞིན་གཤེགས་པའི་ལུས་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ལྟོས། རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པའི་ལུས་ཡོངས་སུ་གཏོང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དེའི་འོག་ཏུ་བསྐལ་པ་ཚད་མེད་པ་འདས་པ་ན་སངས་རྒྱས་ཀྱི་ཞིང་འདི་ཟླ་བ་རྣམ་པར་སྣང་བ་ཞེས་བྱ་བར་གྱུར་ཏེ། དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ཏོ། །ང་ཡང་འཛམ་བུའི་གླིང་དེར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྒྲོན་མ་སྣང་བ་ཞེས་བྱ་བར་གྱུར་ནས་ངས་ཇི་སྐད་སྔར་སྨོས་པ་བཞིན་དུ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་དགེ་བ་དག་ལ་ངེས་པར་སྦྱར་ཏོ། །ཕྱིས་ང་རང་གིས་བལྟ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། དེ་ན་ངས་བཅིང་བ་དམ་པོས་ཕྱིན་ཀ་ལོག་ཏུ་བཅིངས་པའི་མི་ཞིག་མཐོང་ངོ་། །མཐོང་ནས་ཀྱང་ངས་བློན་པོ་རྣམས་ལ་མི་འདིས་ཅི་ཞིག་བྱས་ཞེས་དྲིས་པ་དང་། བློན་པོ་རྣམས་ཀྱིས་ང་ལ་སྨྲས་པ། ལྷ་མི་འདི་ནི་ལྷ་ལ་ནོངས་པ་བགྱིས་པ་ལགས་ཏེ། དགུང་ལོ་གཅིག་ལ་མི་འདིའི་འབྲུ་དང་། ལོ་ཏོག་ཅི་འཁྲུང་བ་དེ་ལས་དྲུག་ཆ་གཅིག་ལྷའི་ཞལ་སྔར་འབུལ་བ་ལགས་ན། ཇི་ལྟར་ལྷའི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་ཀྱི་མི་དང་། རི་བྲགས་དག་ན་གནས་པའི་འཕངས་ལས་ཀྱི་མཐས་འཚོ་བ་གཞན་དག་འདུ་བའི་སྒོ་འབུལ་བར་བགྱིད་པ་དེ་ལྟར་མི་འདི་འབུལ་བར་མི་བགྱིད་ལགས་སོ། །དེ་དག་ལ་ངས་འདི་སྐད་ཅེས་སྨྲས་སོ། །མི་འདི་ཐོང་ལ་སུ་ལ་ཡང་མཐུས་ནོར་དང་འབྲུ་དག་མ་སྡུད་ཅིག །དེ་དག་གིས་སྨྲས་པ། ལྷ་འགའ་ཡང་སེམས་ཤིན་ཏུ་དད་པས་འབུལ་བར་མི་བགྱིད་དོ། །གདུགས་གཅིག་བཞིན་དུ་ལྷའི་ཞལ་


DKG050_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་དང་། སྐྱེམས་དང་། ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་གང་ལགས་པ་དང་། ལྷའི་བཙུན་མོའི་འཁོར་དང་། ལྷ་མོ་དང་། ལྷའི་སྲས་རྣམས་དང་། སྲས་མོ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱད་པ་གང་ལགས་པ་དེ་དག་ཐམས་ཅད་ཀྱང་གཞན་དག་ལས་འདུ་བ་ལགས་ན། འགའ་ཡང་སེམས་རབ་ཏུ་དང་བས་འབུལ་བར་མི་བགྱིད་ལགས་སོ། །དེ་ནས་ཤིན་ཏུ་ཡིད་མི་བདེ་སྟེ་བསམས་པ། ངས་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འདི་སུ་ལ་སྦྱིན་པར་བྱ་སྙམ་ནས། ང་ལ་བུ་ལྔ་བརྒྱ་ཡོད་པར་གྱུར་པ་དེ་དག་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་། འཛམ་བུའི་གླིང་འདི་ཡང་ཆ་ལྔ་བརྒྱར་བགོས་ཏེ་བུ་རྣམས་ལ་བྱིན་ནས། ང་ཡང་དཀའ་ཐུབ་ཀྱི་ནགས་ཚལ་དུ་སོང་སྟེ། དྲང་སྲོང་གི་རབ་ཏུ་འབྱུང་བས་ཚངས་པར་སྤྱད་པ་སྤྱོད་ཅིང་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་དང་ཧ་ཅང་ཡང་མི་རིང་བའི་ནགས་ཁྲོད་ཅིག་ན་ནགས་ཀྱི་རྩ་བ་དང་འབྲས་བུ་ཟ་ཞིང་། ཤིང་ཨུ་དུམ་བཱ་རའི་དྲུང་ན་བསམ་གཏན་སྒོམ་ཞིང་འདུག་འདུག་ནས་མཐར་གྱིས་མངོན་པར་ཤེས་པ་ལྔ་ཐོབ་པར་གྱུར་ཏོ། །ཡང་དེའི་ཚེ་ན་འཛམ་བུའི་གླིང་གི་ཚོང་པ་ལྔ་བརྒྱ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་པ་དང་། དེ་དག་གིས་ཀྱང་དེ་ནས་རིན་པོ་ཆེའི་ཕུང་པོ་མང་དུ་རྙེད་དོ། །དེ་ན་དེད་དཔོན་ཟླ་བ་ཞེས་བྱ་བ་སྐྱེས་བུ་སྐལ་བ་དང་ལྡན་ཞིང་མཛངས་པ་ཞིག་ཡོད་པ་དེས་ཀྱང་ཡིད་བཞིན་གྱི་ནོར་བུ་རྙེད་ནས། དེ་དག་རིན་པོ་ཆེའི་གླིང་དེ་ནས་ནོར་བུ་རིན་པོ་ཆེའི་ཕུང་པོ་རྒྱ་ཆེན་པོ་དང་། ཡིད་བཞིན་གྱི་ནོར་བུ་དེ་ཁྱེར་ཏེ་ཕྱིར་འཕགས་པ་དང་། དེ་ནས་རྒྱ་མཚོ་ཡང་འཁྲུགས། ཀླུ་རྣམས་ཀྱང་ཁྲོས། གང་དག་དེ་ན་གནས་པའི་ལྷ་རྣམས་ཀྱང་ངུའོ། །དེ་ན་དྲང་སྲོང་དབུགས་འབྱིན་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་ཞིག་ཀྱང་སྔོན་གྱི་སྨོན་ལམ་གྱིས་དེར་སྐྱེས་ནས་སེམས་ཅན་ཆེན་པོ་དེས་འགྲོན་པོ་དེ་དག་བདེ་ཞིང་བཀྲ་ཤིས་པར་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏོ། །སྲིན་པོ་གདུག་པ་ཕྱིར་རྒོལ་ཞིང་གླགས་ལྟ་ལ། སྐབས་ཚོལ་བ་ཞིག་ཀྱང་འགྲོན་པོ་དེ་དག་གི་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་ནས། དེ་ནས་ཞག་བདུན་གྱི་བར་དུ་རླུང་མར་དྲག་པོ་དང་། ཆར་པ་


DKG050_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བབས་ནས། དེས་ཚོང་པ་དེ་དག་ལམ་རབ་ཏུ་སྟོར་ཏེ་ཤིན་ཏུ་སྐྲག་ནས་སྒྲ་ཆེན་པོས་ངུ་ཞིང་ཆོ་ངེས་འདེབས་ལ་སྨྲེ་སྔགས་འདོན་ཅིང་ལྷ་དང་། གུ་ལང་དང་། ཆུ་ལྷ་དང་། ལུས་ངན་ལ་གསོལ་བ་འདེབས་པ་ནས། ཕ་དང་མ་དང་སྡུག་པའི་བུ་རྣམས་ཞེས་བྱ་བའི་བར་དུ་ངུ་འབོད་པར་བྱེད་པ་ངའི་ལྷའི་རྣ་བས་ཐོས་ནས། ང་ལམ་ཇི་སྲིད་པ་དེར་སོང་སྟེ། ཚོང་པ་དག་ལ་མ་འཇིགས་ཤིག །མ་འཇིགས་ཤིག་དང་། ངས་ཁྱེད་ཅག་ལ་ལམ་བསྟན་པར་བྱ་ཞིང་། འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པའི་བར་དུ་བྱའོ་ཞེས་ཚོང་པ་རྣམས་དབུགས་ཕྱུང་ནས། དེའི་ཚེ་ངས་རས་ཏིལ་མར་གྱིས་བསྐུས་ཏེ་རང་གི་ལག་པ་དཀྲིས་ནས་མེ་འབར་བར་བྱས་ཏེ་བདེན་པའི་ཚིག་བརྗོད་པ། གལ་ཏེ་བདག་གིས་སེམས་ཅན་རྣམས་ཀྱི་དོན་དང་ཕན་པའི་ཕྱིར་ལོ་ཉི་ཤུ་རྩ་དྲུག་ཏུ་ཚངས་པའི་གནས་པ་བཞི་པོ་དག་གིས་ནགས་ཁྲོད་དུ་གནས་ཏེ། ནགས་ཀྱི་རྩ་བ་དང་། འབྲས་བུ་ཟ་ཞིང་ཀླུ་དང་གནོད་སྦྱིན་བརྒྱད་ཁྲི་བཞི་སྟོང་གིས་སེམས་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་པ་ལྟ་ན། བདེན་པ་དང་བདེན་པའི་ཚིག་དེ་དང་། དགེ་བའི་རྩ་བ་ཡོངས་སུ་སྨིན་པ་དེས་བདག་གི་ལག་པ་འབར་བར་འགྱུར་ཞིང་ཚོང་པ་རྣམས་ཀྱིས་ལམ་རྙེད་པར་གྱུར་ཏེ། འཛམ་བུའི་གླིང་དུ་བདེ་ཞིང་བཀྲ་ཤིས་པར་ཕྱིན་པར་གྱུར་ཅིག་ཅེས་བདེན་པའི་ཚིག་བརྗོད་པ་དང་། ཉིན་མཚན་བདུན་གྱི་བར་དུ་ངའི་ལག་པ་དེ་འབར་བར་གྱུར་ནས་ཚོང་པ་དེ་དག་འཛམ་བུའི་གླིང་དུ་བཀོད་དོ། །དེར་ངས་སྨོན་ལམ་བཏབ་པ། གལ་ཏེ་གང་གི་ཚེ་འཛམ་བུའི་གླིང་ན་རིན་པོ་ཆེ་མེད་པར་གྱུར་པ་དེའི་ཚེ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན་བདག་གི་བསམ་པ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་འཛམ་བུའི་གླིང་དུ་དེད་དཔོན་དུ་གྱུར་ལ་ལན་བདུན་གྱི་བར་དུ་ཡིད་བཞིན་གྱི་ནོར་བུ་བླངས་ཏེ། སངས་རྒྱས་ཀྱི་ཞིང་འདིའི་གླིང་ཐམས་ཅད་ཀྱི་བར་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་མངོན་


DKG050_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་འབེབས་པར་གྱུར་ཅིག །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་ཇི་ལྟར་སྔར་སྨོས་པ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་འབེབས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། དེ་བཞིན་དུ་ངའི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཏེ། བསྐལ་པ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ཀྱི་བར་དུ་ང་དེད་དཔོན་དུ་གྱུར་ནས། སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་རིན་པོ་ཆེའི་ཆར་དག་རབ་ཏུ་ཕབ་སྟེ། གླིང་རེ་རེར་ཡང་ལན་བདུན་བདུན་དུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །དེ་ལྟར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་རིན་པོ་ཆེ་དག་གིས་བསམ་པ་ཡོངས་སུ་རྫོགས་པར་བྱས་ཤིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱར་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པའི་རིན་པོ་ཆེ་ཡོངས་སུ་གཏོང་བའི་དགེ་བའི་རྩ་བ་རྣམ་པར་སྨིན་པའི་མཚན་ཉིད་ལ་ལྟོས། རིགས་ཀྱི་བུ་གཞན་ཡང་བསྐལ་པ་དཔག་ཏུ་མེད་པ་འདས་པའི་འོག་ཏུ་བསྐལ་པ་མགུ་བྱེད་ཅེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་རབ་རིབ་ཅན་ཞེས་བྱ་བར་གྱུར་ཏེ། སྙིགས་མ་ལྔ་དང་ལྡན་ཞིང་སྐྱེ་དགུ་ཚེ་ལོ་ལྔ་སྟོང་པར་གྱུར་པ་ན་ང་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་འདིར་རིག་བྱེད་འདོན་པའི་བྲམ་ཟེ་ཉི་ཕྲེང་སྤོས་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ན་སེམས་ཅན་རྣམས་ཕལ་ཆེར་རྟག་པར་ལྟ་ཞིང་འཁོན་པ་དང་། ཕ་རོལ་གནོན་པ་དང་བཅས་ལ། འཐབ་པ་ལ་གནས་པ་དང་བཅས་པར་གྱུར་ཏེ། ངས་སེམས་ཅན་དེ་དག་ལ་ཕ་རོལ་གནོན་པའི་སྟོབས་ཆེན་པོའི་ཤུགས་ཀྱིས་ཕུང་པོ་དགྲ་ལྟ་བུར་གྱུར་པའི་རབ་ཏུ་སྦྱོར་བས་ཆོས་བསྟན་ཏོ། །སྐྱེ་མཆེད་གྲོང་སྟོང་པ་ལྟ་བུར་སོ་སོར་བརྟགས་པ་དང་། རྐྱེན་གྱིས་རྗེས་སུ་འབྲེལ་པ་སྐྱེ་བ་དང་འཇིག་པ་དང་བཅས་པ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རྗེས་སུ་དྲན་པའི་ཡིད་ལ་བྱེད་པ་ཡང་བསྟན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་ལ་མངོན་པར་སྦྱར་ནས་ང་ཉིད་ཀྱང་མངོན་པར་


DKG050_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ལྔ་དང་ལྡན་པར་གྱུར་ཏེ། དེའི་ཚེ་ན་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་ང་ཡིས་གདམས་ཤིང་རྗེས་སུ་བསྟན་པ་ལ་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་ཏོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་འཐབ་མོ་དང་། རྩོད་པ་དང་། ཁོན་དུ་འཛིན་པ་དག་སྤངས་ཏེ། ནགས་ཁྲོད་ན་གནས་ཤིང་ནགས་ཁྲོད་ན་རྩ་བ་དང་འབྲས་བུ་ཟ་ལ་བསམ་གཏན་སྒོམ་ཞིང་ཚངས་པའི་གནས་པ་བཞི་པོ་དག་གིས་ཉིན་མཚན་འདའ་བར་བྱེད་དོ། །དེ་ནས་གང་གི་ཚེ་བསྐལ་པ་དེ་ཟད་དུ་ཉེ་བ་ན་སྦྱིན་གནས་དེ་དག་གིས་འཛམ་བུའི་གླིང་མཐའ་དག་ཁྱབ་པར་གྱུར་ཏོ། །འཐབ་མོ་དང་། འཐབ་པ་དང་། གཡུལ་དང་། འཁོན་པ་དང་། འགྱེད་པ་དང་། རྩོད་པ་དེ་དག་ཀྱང་རབ་ཏུ་ཞི་བར་གྱུར། དུས་མ་ཡིན་པའི་རླུང་དང་། ཆར་པ་དག་ཀྱང་རབ་ཏུ་ཞི། ས་ལ་རྟེན་པའི་ལོ་ཏོག་རྣམས་ཀྱང་ལེགས་པར་སྨིན་ཅིང་མདངས་དང་ལྡན་པར་གྱུར་ན་དུས་ཀྱི་ཉེས་པས་ནད་སྣ་ཚོགས་ཀྱིས་ཉེན་པ་འབའ་ཞིག་ཏུ་གྱུར་ནས་དེའི་ཚེ་ང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་གིས་སེམས་ཅན་རྣམས་ཀྱི་ནད་ཞི་བར་བྱེད་མ་ནུས་སོ་སྙམ་ནས། དེའི་ཚེ་ངས་འདི་སྙམ་དུ་བསམས་ཏེ། གང་དག་བདག་གིས་བརྒྱ་བྱིན་དང་། ཚངས་པ་ཆེན་པོ་དང་། འཇིག་རྟེན་སྐྱོང་དང་། གཞན་ཡང་ལྷའི་དྲང་སྲོང་རྣམས་དང་། ཀླུའི་དྲང་སྲོང་རྣམས་དང་། བརྒྱ་བྱིན་གྱི་དྲང་སྲོང་རྣམས་དང་། མིའི་དྲང་སྲོང་རྣམས་ཀྱང་བསགས་ལ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྨན་སྦྱར་བའི་བསྟན་བཅོས་དག་བསྟན་པར་བྱའོ་སྙམ་ནས་དེའི་ཚེ་ང་རྫུ་འཕྲུལ་གྱིས་སོང་སྟེ། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་དང་། ལྷའི་དྲང་སྲོང་རྣམས་དང་། ཀླུའི་དྲང་སྲོང་རྣམས་དང་། བརྒྱ་བྱིན་གྱི་དྲང་སྲོང་རྣམས་དང་། མིའི་དྲང་སྲོང་རྣམས་ལ་བསྒོ་ནས་རི་ལན་ཚྭའི་བདག་པོ་གཅིག་པ་ཞེས་བྱ་བ་ལན་ཚྭ་སྤྱོད་པའི་རྩེ་མོར་ངེས་པའི་གནས་ཞེས་བྱ་བ་དེར་བསྡུས་ནས་འབྱུང་པོ་ཡང་དག་པར་ཟློག་པ་སོ་སོར་འབྲང་ཞིང་བསྲུང་ལ། རླུང་དང་། མཁྲིས་པ་དང་། བད་ཀན་རབ་ཏུ་ཞི་བར་བྱེད་པའི་བསྟན་བཅོས་དག་རབ་ཏུ་བསྟན་ཏོ། །དེ་བཞིན་དུ་སྦྱར་ཏེ་སེམས་ཅན་དཔག་


DKG050_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མེད་གྲངས་མེད་པ་དག་གི་ནད་རྣམས་ཀྱང་རབ་ཏུ་ཞི་བར་བྱས་སོ། །དེར་ངས་ཇི་ལྟར་སྨོན་ལམ་ཆེན་པོ་བཏབ་པ་བཞིན་དུ་ཉི་མ་གཅིག་ལ་ཡང་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་རྣམས་ཀྱི་ཤེས་རབ་སྣང་བར་བྱས་ཤིང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ནས་ངན་སོང་གི་ལམ་རྣམས་ནི་བཅད། མཐོ་རིས་ཀྱི་ལམ་དག་ལ་ནི་རབ་ཏུ་བཀོད་དེ། ནད་སྣ་ཚོགས་རབ་ཏུ་ཞི་བར་བྱས་ཤིང་ཡོངས་སུ་ཐར་བར་བྱས་པ་དང་། དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་པ་དག་ལ་ཡེ་ཤེས་ཀྱི་སྣང་བ་བྱིན་ཏེ། བདེ་བ་ལ་བཀོད་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པ་དེས་ན་རིགས་ཀྱི་བུ་ངའི་སྨོན་ལམ་གྱི་རེ་བ་དེ་ཡོངས་སུ་རྫོགས་སོ། །གང་གི་ཚེ་ངས་ཉི་མ་གཅིག་ལ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་གི་ངན་སོང་གི་ལམ་རྣམས་བཀག་ཅིང་། མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། ངས་ནད་པ་རྣམས་ཀྱི་ཡོ་བྱད་ཀྱི་དོན་དང་། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ལྷའི་དྲང་སྲོང་རྣམས་དང་། གནོད་སྦྱིན་གྱི་ཚོགས་རྣམས་ལྷའི་འཇིག་རྟེན་ལན་ཚྭ་སྤྱོད་པའི་རྩེ་མོར་བསྡུས་ནས་སེམས་ཅན་རྣམས་ཀྱི་ནད་མེད་པ་ལ་མཁས་པ་རབ་ཏུ་བཤད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་གྱི་གླིང་ཐམས་ཅད་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་ཏེ་སེམས་ཅན་རྣམས་ཀྱང་མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མིའི་དྲང་སྲོང་རྣམས་ཀྱང་བསོགས་ཏེ་དེ་དག་གིས་ཀྱང་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་རིག་པའི་གནས་སྣ་ཚོགས་དག་རབ་ཏུ་བཤད་དོ། །སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་འདིར་ཇི་ལྟ་བ་དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་ཏེ། སེམས་ཅན་རྣམས་ཀྱང་ཐེག་པ་གསུམ་པོ་དག་ལ་ངེས་པར་སྦྱར་ཅིང་མཐོ་རིས་ཀྱི་ལམ་ལ་རབ་ཏུ་བཀོད་དེ། རིག་པའི་གནས་སྣ་ཚོགས་དག་རབ་ཏུ་བཤད་ནས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱས་ནས་རིགས་ཀྱི་བུ་ངའི་བླ་ན་མེད་པའི་རེ་བ་འདི་ལྟ་བུ་ཡོངས་སུ་རྫོགས་སོ། །ཡང་སངས་རྒྱས་ཀྱི་ཞིང་རབ་རིབ་ཅན་གྱི་གླིང་ཐམས་ཅད་དུ་ཇི་ལྟར་སྔར་སྨོན་ལམ་བཏབ་པ་བཞིན་དུ་བླ་ན་མེད་པའི་ཡེ་ཤེས་


DKG050_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་པ་དེ་བཞིན་དུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རེ་རེའི་གླིང་ཐམས་ཅད་དུ་ཡང་ངས་ཇི་ལྟར་སྔོན་སྨོན་ལམ་བཏབ་པ་བཞིན་དུ་སྐྱེས་བུའི་རྩལ་དེ་ལྟ་བུ་དག་ཀྱང་བྱས་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཤེས་རབ་ཀྱི་ཁྱད་པར་དང་། དེ་བཞིན་གཤེགས་པའི་ལེགས་པར་སྤྱད་པ་གསུམ་གྱི་དགེ་བའི་རྩ་བའི་ས་བོན་དེ་ལ་ལྟོས། དེ་བཞིན་དུ་བསྐལ་པ་གྲངས་མེད་པ་ལས་ཤིན་ཏུ་ལྷག་པ་སྙེད་འདས་པ་ན་དུས་ངན་པའི་ཚེ་བསྐལ་པ་ཆེན་པོ་ལེགས་བཅས་ཞེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་རྣམ་རྒྱལ་སྒྲ་དབྱངས་ཞེས་བྱ་བར་གྱུར་ཏེ། དེ་ཡང་སྙིགས་མ་ལྔ་དང་ལྡན་པར་གྱུར་ནས་ཤར་ཕྱོགས་ལོགས་སུ་གླིང་བཞི་པ་ལྔ་བཅུ་འདས་པ་ན་འཛམ་བུའི་གླིང་དགའ་བ་ཞེས་བྱ་བ་ཞིག་བྱུང་བར་གྱུར་ཏེ། དེར་ཡང་ང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེས་ནས་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་མཁའ་ཞེས་བྱ་བར་གྱུར་ཏོ། །དེར་ཡང་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ཐེག་པ་གསུམ་པོ་དག་ཀྱང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ཐམས་ཅད་སྦྱིན་ཞིང་ཀུན་ལ་སྦྱིན་པར་ཡང་གྱུར་ཏོ། །དེ་ངའི་གན་དུ་སློངས་མོ་པ་དག་འོངས་ནས་འདི་ལྟ་སྟེ་དབྱིག་དང་། གསེར་དང་། ཨན་ད་རྙིལ་དང་། རིན་པོ་ཆེ་མཐོན་ཀ་ཆེན་པོ་དང་། སྐར་མདོག་དང་། ཆུ་འདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་སློང་བར་བྱེད་པའི་སློངས་མོ་པ་རྣམས་ཀྱིས་ཀྱང་རིན་པོ་ཆེ་མང་པོ་དེ་སྙེད་ཐོབ་པར་གྱུར་ཏོ། །དེའི་ཚེ་ན་ངས་བློན་པོ་རྣམས་ལ་དྲིས་པ། རིན་པོ་ཆེ་འདི་དག་ག་ལས་བྱུང་། དེ་དག་གིས་སྨྲས་པ། ཀླུའི་རྒྱལ་པོ་རྣམས་ཀྱིས་གཏེར་དག་བསྟན་ཏེ། འཇིག་རྟེན་དུ་གཏེར་དག་བྱུང་བས་རིན་པོ་ཆེ་རྣམས་ཀྱང་བྱུང་བར་གྱུར་ཏེ། ལྷའི་ཞལ་སྔར་སློངས་མོ་པ་ཇི་ཙམ་མཆིས་པ་དེ་ཙམ་ཉི་ཚེ་ལས་མ་བསྟན་ལགས་སོ། །དེའི་ཚེ་ངས་སྨོན་ལམ་བཏབ་པ། གལ་ཏེ་བདག་སྙིགས་མ་ལྔ་དང་ལྡན་


DKG050_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཉོན་མོངས་པ་དང་། འཐབ་པ་དང་། རྩོད་པ་བདོ་བར་གྱུར་པའི་འཇིག་རྟེན་དུ་སྐྱེ་དགུ་ཚེ་ལོ་བརྒྱ་པ་རྣམས་ཀྱི་ནང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལྟ་ན་དེའི་ཕྱིར་བདག་གི་རེ་བ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་སངས་རྒྱས་ཀྱི་ཞིང་འདིར་གཏེར་སྟོན་པར་བྱེད་པའི་ཀླུའི་རྒྱལ་པོར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་རྣམ་རྒྱལ་སྒྲ་དབྱངས་འདིའི་གླིང་ཐམས་ཅད་ཀྱི་གླིང་རེ་རེར་ཡང་སྐྱེ་བ་ལན་བདུན་བདུན་ལེན་པར་གྱུར་ལ། སྐྱེ་བ་རེ་རེ་ཞིང་ཡང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་སྟོན་ཅིང་གཏོང་བར་གྱུར་ཅིག །འདི་ལྟ་སྟེ་དབྱིག་དང་། གསེར་དང་། ཨན་ད་རྙིལ་དང་། རིན་པོ་ཆེ་མཐོན་ཀ་ཆེན་པོ་དང་། སྐར་མདོག་དང་། ཆུ་འདང་གི་བར་དག་གི་གཏེར་རེ་རེ་ཞིང་ཡང་རྒྱར་དཔག་ཚད་སྟོང་ཡོད་ལ། རིན་པོ་ཆེ་མང་པོས་ཡོངས་སུ་གང་བ་དག་བྱུང་སྟེ། སེམས་ཅན་རྣམས་ལ་སྟོན་ཅིང་གཏོང་བར་གྱུར་ཅིག །ཇི་ལྟར་སངས་རྒྱས་ཀྱི་ཞིང་འདིར་དཔའ་བོའི་མཐུ་དེ་ལྟ་བུ་དག་བྱེད་པར་འགྱུར་བ་དེ་བཞིན་དུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་རེ་རེའི་གླིང་ཐམས་ཅད་དུ་ཡང་སྔར་ཇི་སྐད་སྨོས་པའི་བར་དག་ལྟ་བུར་སྐྱེ་བ་ལན་བདུན་བདུན་འཛིན་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ་གང་གི་ཚེ་ངས་སྨོན་ལམ་དེ་ལྟ་བུ་བཏབ་པ་དེའི་ཚེ་ན་ནམ་མཁའི་དཀྱིལ་ནས་ལྷ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་བར་སྣང་ལས་མེ་ཏོག་གི་ཆར་རབ་ཏུ་ཕབ་ཅིང་ང་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཐམས་ཅད་སྦྱིན་པ་ལེགས་སོ་ལེགས་སོ། །ཇི་ལྟར་ཁྱོད་ཀྱིས་སྨོན་ལམ་བཏབ་པ་དེ་བཞིན་དུ་ཁྱོད་ཀྱི་རེ་བ་དེ་ཡང་འགྲུབ་པར་འགྱུར་རོ། །ལྷ་རྣམས་ཀྱིས་ནམ་མཁའི་དཀྱིལ་ནས་རྒྱལ་པོ་ནམ་མཁའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་བཏགས་པ་སྐྱེ་བོ་ཕལ་པོ་ཆེ་རྣམས་ཀྱིས་ཐོས་སོ། །ཐོས་ནས་ཀྱང་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་འདི་ལ་གང་ཡོངས་སུ་གཏང་བར་དཀའ་བའི་སྦྱིན་པ་དག་བསླང་བར་བྱ་སྟེ། གལ་ཏེ་ཡོངས་སུ་གཏོང་


DKG050_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་ན་ནི་དེའི་ཚེ་འདིའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་སྟེ་ཡོངས་སུ་གཏོང་བར་མི་བྱེད་ན་ནི་འདིའི་མིང་ཐམས་ཅད་སྦྱིན་པ་ཞེས་བྱ་བར་ཡང་མི་འགྱུར་རོ་སྙམ་ནས། དེ་ནས་སེམས་ཅན་དེ་དག་གིས་རྒྱལ་པོ་ནམ་མཁའ་ལ་སླས་རྣམས་ཀྱང་བསླངས་བཙུན་མོ་རྣམས་དང་། བཙུན་མོ་དམ་པ་དང་། བུ་དང་། བུ་མོ་དག་ཀྱང་བསླང་བར་བརྩམས་པ་དང་། དེའི་ཚེ་རྒྱལ་པོ་ནམ་མཁའ་སེམས་རབ་ཏུ་དང་བས་བྱིན་ནོ། །དེ་དག་ཡང་འདི་སྙམ་དུ་སེམས་ཏེ། བཙུན་མོ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་ནི་འདི་ལ་དཀའ་བ་མ་ཡིན་གྱིས་བདག་ཅག་གིས་རྒྱལ་པོ་ནམ་མཁའ་ལ་ཡན་ལག་དང་། ཉིང་ལག་གང་ཡིན་པ་དག་བསླང་བར་བྱ་སྟེ། གལ་ཏེ་སྟེར་ན་ནི་ཐམས་ཅད་སྦྱིན་པ་ཞེས་བྱ་བར་འགྱུར་རོ། །ཇི་སྟེ་མི་སྟེར་ན་ནི་ཐམས་ཅད་སྦྱིན་པ་ཞེས་བྱ་བར་ཡང་མི་འགྱུར་རོ་སྙམ་པ་དང་། དེ་ནས་བྲམ་ཟེ་སྐར་མ་ལ་དགའ་བ་ཞེས་བྱ་བ་དེ་རྒྱལ་པོ་ནམ་མཁའི་མདུན་དུ་འདུག་སྟེ་སྨྲས་པ། ཐམས་ཅད་སྦྱིན་པ་རྒྱལ་སྲིད་བདག་ལ་སྩོལ་ཅིག། རྒྱལ་པོ་ནམ་མཁའ་དེ་ཐོས་པ་དང་ཡིད་མཆོག་ཏུ་དགའ་སྟེ། བདག་ཉིད་ཀྱིས་བྲམ་ཟེ་ཁྲུས་བྱས་ནས་རྒྱལ་ཐབས་ཀྱི་ཐོད་བཅིངས་ཏེ། རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་ནས། རྒྱལ་སྲིད་ལ་རབ་ཏུ་བཞག་སྟེ་འཛམ་བུའི་གླིང་ཐམས་ཅད་ཕུལ་ནས་སྨོན་ལམ་བཏབ་པ། བདག་གིས་འཛམ་བུའི་གླིང་ཐམས་ཅད་ཡོངས་སུ་བཏང་བས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །གལ་ཏེ་བདག་གི་རེ་བ་དེ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། གང་བདག་གིས་ད་ལྟར་འཛམ་བུའི་གླིང་ཐམས་ཅད་ཀྱི་རྒྱལ་པོར་བཅུག་པ་འདི་འཛམ་བུའི་གླིང་ཐམས་ཅད་དུ་ཚིག་གིས་དབང་སྒྱུར་ཞིང་ཚེ་རིང་བ་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ་རྒྱལ་ཚབ་ཉིད་དུ་གྱུར་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བྲམ་ཟེ་འདོད་པ་ཞེས་བྱ་བ་དེས་ཀྱང་


DKG050_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་རྐང་པ་གཉིས་བསླངས་པ་དང་ང་ཉིད་ཀྱིས་སེམས་རབ་ཏུ་དང་བས་མཚོན་ཆ་རྣོན་པོ་བླངས་ནས། རང་གི་རྐང་པ་གཉིས་བཅད་དེ་བྱིན་ནས་བདག་གིས་བླ་ན་མེད་པ་ཡང་དག་པའི་ཚུལ་ཁྲིམས་ཀྱི་རྐང་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ན་བྲམ་ཟེ་ལྟ་བ་སྲུང་ཞེས་བྱ་བ་དེས་ཀྱང་ངའི་མིག་གཉིས་བསླངས་པ་དང་། ངས་མིག་གཉིས་ཕྱུང་སྟེ་དེ་ལ་བྱིན་ནས་སྔ་མ་བཞིན་དུ་སྦྱར་ཏེ། བླ་ན་མེད་པའི་སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །ཡང་རིང་པོ་མ་ལོན་པར་བྲམ་ཟེ་སྒྲ་བཟང་ཞེས་བྱ་བ་དེས་ཀྱང་ངའི་རྣ་བ་གཉིས་བསླངས་པ་དང་། ང་ཉིད་ཀྱིས་རང་གི་རྣ་བ་གཉིས་བཅད་དེ་དེ་ལ་བྱིན་ནས་བླ་ན་མེད་པའི་སྙན་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །འཚོ་བ་པ་ཡང་དག་འཚོ་ཞེས་བྱ་བ་དེས་ཀྱང་ངའི་སྐྱེས་བུའི་དབང་པོ་ཕོ་མཚན་བསླངས་པ་དང་། ང་ཉིད་ཀྱིས་བཅད་དེ་བྱིན་ནས་མདོམས་ཀྱི་སྦ་བའི་མཚན་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གཞན་དག་གིས་ཀྱང་ངའི་ཤ་དང་ཁྲག་དག་བསླངས་པ་དང་། ང་ཉིད་ཀྱིས་བྱིན་ནས་གསེར་གྱི་མདོག་ལྟ་བུའི་མཚན་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གཞན་ཡང་ཀུན་དུ་རྒྱུ་འོ་མ་འཛག་ཅེས་བྱ་བ་དེས་ངའི་ལག་པ་གཉིས་བསླངས་པ་དང་། ང་ཉིད་ཀྱིས་ལག་པ་གཡས་པས་ལག་པ་གཡོན་པ་བཅད་ནས་གཡས་པ་ཡང་གཅོད་དུ་བཅུག་སྟེ་བྱིན་ནས་དད་པའི་ཕྱག་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་བོ། །གང་གི་ཚེ་ངས་ཡན་ལག་དང་ཉིང་ལག་དག་བཅད་པ་དེའི་ཚེ་ལུས་ཁྲག་གིས་ཡོག་བཞིན་དུ་སྨོན་ལམ་བཏབ་པ། གལ་ཏེ་ཡོངས་སུ་གཏོང་བ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན་བདག་གི་ལུས་ཀྱི་ལེན་པ་ཞིག་ཀྱང་གདོན་མི་ཟ་བར་རྙེད་པར་གྱུར་ཅིག །དེ་ན་སེམས་ཅན་རྣམས་དང་། ཁམས་ཀྱི་རྒྱལ་པོ་རྣམས་དང་། བློན་པོ་དེ་དག་ཀྱང་སྙིང་རྗེ་མེད་ལ། འཕགས་པ་མ་ཡིན་ཞིང་། བྱས་པ་མི་གཟོ་བས་སྨྲས་པ། འདི་ནི་བློ་འཆལ་ཅིང་ཤེས་པ་ཆུང་སྟེ། ཡན་ལག་ཐམས་ཅད་གཏུབས་ཤིང་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཉམས་པ་ཡིན་པས་ན་ད་ཤ་སྣ་གུ་འདི་ཅི་དགོས་ཞེས་ཟེར་ཏེ་དེ་དག་གིས་ང་ཁྱེར་


DKG050_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲོང་ཁྱེར་གྱི་ཕྱི་རོལ་དུར་ཁྲོད་ཀྱི་སར་བོར་ཏེ་དོང་ངོ་། །དེར་ཤ་སྦྲང་དང་། སྦྲང་བུ་མཆུ་རིངས་དག་ལྷགས་ནས་ཁྲག་འཇིབ་པར་བྱེད་དོ། །ཁྱི་དང་། ཝ་དང་། བྱ་རྒོད་དག་ཀྱང་ལྷགས་ཏེ་ཤ་འཐོག་པར་བྱེད་དོ། །དེ་ནས་ངས་སེམས་རབ་ཏུ་དང་བས་སྨོན་ལམ་བཏབ་པ། གང་གི་ཚེ་བདག་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཐམས་ཅད་ཡོངས་སུ་བཏང་བ་དང་། ལུས་དང་ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་བཏང་བ་ན་སྐད་ཅིག་གཅིག་ཙམ་ཡང་བདག་གིས་སེམས་འགྱོད་པར་མ་གྱུར་ཅིང་ཁྲོ་བ་མ་སྐྱེས་པ་ལྟ་ན། དེའི་ཕྱིར་བདག་གི་རེ་བ་འདི་ཡོངས་སུ་རྫོགས་པར་གྱུར་ཅིག །བདག་གི་ལུས་འདི་ཤའི་རིར་ཀུན་དུ་གནས་པར་གྱུར་ལ་སེམས་ཅན་གང་སུ་དག་ཤ་ཟ་བ་དང་། ཁྲག་འཐུང་བ་དེ་དག་བདག་གི་ཤ་ཟ་བར་གྱུར་ཅིག །ཁྲག་འཐུང་བར་གྱུར་ཅིག །ཇི་སྲིད་དུ་སེམས་ཅན་རྣམས་ཤ་ཟ་བར་འགྱུར་བ་དང་། ཁྲག་འཐུང་བར་འགྱུར་བ་དེ་སྲིད་དུ་བདག་གི་སྨོན་ལམ་གྱི་དབང་གིས་ལུས་མཐར་གྱིས་སྐྱེ་བར་འགྱུར་ཞིང་། ལུས་ཀྱི་འཕང་དུ་ནི་དཔག་ཚད་འབུམ་ཡོད་པར་གྱུར་ལ། ཁྱོན་དུ་ནི་དཔག་ཚད་ལྔ་སྟོང་ཡོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེར་ངས་ལོ་སྟོང་གི་བར་དུ་རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་སོ། །དེར་ངས་ལྕེ་ཇི་སྙེད་ཡོངས་སུ་བཏང་སྟེ། གཅན་གཟན་དང་བྱ་དག་གིས་ཡོངས་སུ་ཟོས་ནས། ཡང་སྨོན་ལམ་གྱི་དབང་གིས་གཞན་དང་གཞན་དག་ཕྱིར་སྐྱེས་པར་གྱུར་པ་གང་ཡིན་པ་དེ་དག་གི་ཕུང་པོ་ཡང་བྱ་རྒོད་ཀྱི་ཕུང་པོའི་རི་འདིའི་ཚད་ཙམ་དུ་གྱུར་ཏེ། ལྗགས་ཤིན་ཏུ་རིང་བའི་མཚན་བླ་ན་མེད་པ་ཐོབ་པར་བྱ་བའི་ཕྱིར་ངས་སྨོན་ལམ་ཡང་རྟག་ཏུ་བཏབ་བོ། །དེ་ནས་ང་ཤི་འཕོས་ནས་སྨོན་ལམ་གྱི་དབང་གིས་འཛམ་བུའི་གླིང་ཤིང་པ་ཏ་སྐྱེ་བར་ཀླུ་རྣམས་ཀྱི་ནང་དུ་སྐྱེས་ཏེ་ཀླུའི་རྒྱལ་པོ་གཏེར་སྟོན་ཅེས་བྱ་བར་གྱུར་ཏོ། །གང་གི་ནུབ་མོ་ཀླུ་རྣམས་ཀྱི་ནང་དུ་སྐྱེས་པ་དེ་ཉིད་ཀྱི་ནུབ་མོ་ངས་དེར་གཏེར་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཀུན་ཏུ་བསྟན་ནས་ང་ཉིད་ཀྱིས་སྒྲ་བསྒྲགས་པ། ཀྱེ་སེམས་ཅན་དག་ཕྱོགས་འདི་ནི་འདི་ལྟ་སྟེ། དབྱིག་དང་། གསེར་དང་། ཆུ་འདང་གི་བར་གྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་


DKG050_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གང་བའི་གཏེར་དག་ཡོད་ཀྱིས། ཀྱེ་སེམས་ཅན་དག་ཁྱེད་ཀྱིས་ལོང་ཤིག །བླངས་ནས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་ཟུང་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་སྐྱེད་ཅིག །ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། སངས་རྒྱས་ཀྱི་ཐེག་པར་ཡང་སེམས་སྐྱེད་ཅིག །དེ་ང་ལས་རིན་པོ་ཆེ་ཇི་ཙམ་དགོས་པ་དག་ལོང་ཤིག་ཅེས་ཀྱང་བསྒོ་སྟེ། འཛམ་བུའི་གླིང་ཤིང་པ་ཏ་སྐྱེ་བ་དེར་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཀླུའི་སྐྱེ་བ་ལན་བདུན་བརྗེས་པ་ན། ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་བར་དུ་གཏེར་དཔག་ཏུ་མེད་གྲངས་མེད་པ་དག་བསྟན་ཅིང་རབ་ཏུ་བྱིན་ནོ། །དེ་བཞིན་དུ་དེར་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་ཐེག་པ་གསུམ་པོ་དག་ལ་བཙུད་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་རབ་ཏུ་བཀོད་དེ། རིན་པོ་ཆེ་རྣམ་པ་སྣ་ཚོགས་དག་གིས་ཚིམ་པར་བྱས་ནས། བླ་ན་མེད་པའི་མཚན་སུམ་ཅུ་རྩ་གཉིས་ཐོབ་པར་བྱ་བའི་ཕྱིར་སྨོན་ལམ་ཡང་བཏབ་བོ། །དེ་བཞིན་དུ་གླིང་གཉིས་པར་ཡང་ཀླུའི་སྐྱེ་བ་ལན་བདུན་བརྗེས་ཏེ་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །དེ་བཞིན་དུ་གླིང་གསུམ་པ་ནས་འཇིག་རྟེན་གྱི་ཁམས་རྣམ་རྒྱལ་སྒྲ་དབྱངས་ཐམས་ཅད་ཀྱི་གླིང་ཀུན་གྱི་བར་དུ་ཡང་སྐྱེས་བུའི་རྩལ་དེ་ལྟ་བུ་དག་བྱས་སོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་གླིང་རེ་རེར་ཡང་སྔར་ཇི་སྐད་སྨོས་པའི་བར་བཞིན་དུ་ངས་ཀླུའི་སྐྱེ་བ་དེ་ལྟ་བུ་ལན་བདུན་བདུན་བླངས་ཤིང་ལོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བདུན་ཅུ་རྩ་བདུན་བདུན་དུ་སེམས་ཅན་རྣམས་ལ་གཏེར་དཔག་ཏུ་མེད་གྲངས་མེད་པ་དེ་ལྟ་བུ་དག་བསྟན་ཅིང་རབ་ཏུ་བྱིན་ནོ། །རིགས་ཀྱི་བུ་ཇི་ལྟར་དེ་བཞིན་གཤེགས་པ་སྟོབས་དང་བརྩོན་འགྲུས་ཤིན་ཏུ་དྲག་པོས་མཚན་སུམ་ཅུ་རྩ་གཉིས་ཡོངས་སུ་ཚོལ་བ་ན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ལྟར། སྔར་ཇི་སྐད་སྨོས་པའི་སྐྱེས་བུ་དམ་པ་བརྒྱད་པོ་དེ་དག་མ་གཏོགས་པར་སྔོན་བྱང་ཆུབ་སེམས་དཔའ་གང་གིས་ཀྱང་སྟོབས་དང་བརྩོན་འགྲུས་ཤིན་ཏུ་དྲག་པོ་དེ་ལྟ་བུས་བྱང་ཆུབ་ཀྱི་སྤྱད་པ་མ་སྤྱད་


DKG050_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། ད་ལྟར་ཡང་སུ་ཡང་མི་སྤྱོད་ལ། ཕྱིས་འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་འགའ་ཡང་སྟོབས་དང་བརྩོན་འགྲུས་ཀྱི་ཤུགས་དེ་ལྟ་བུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་མི་འགྱུར་བའི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་ལྟོས། དེའི་ཚེ་བསྐལ་པ་གྲངས་མེད་པ་འདས་ནས་དུས་ངན་པའི་ཚེ་བསྐལ་པ་ཆེན་པོ་ཨུད་པ་ལ་ཞེས་བྱ་བ་བྱུང་བ་ན་སངས་རྒྱས་ཀྱི་ཞིང་འདི་བྱི་རུ་འབྱུང་བ་ཞེས་བྱ་བ་སྟོང་ཞིང་སྙིགས་མ་ལྔ་དང་ལྡན་པར་གྱུར་པའི་ཚེ། གླིང་བཞི་པ་དེར་ང་བརྒྱ་བྱིན་ལེགས་པར་རྣམ་པར་བྱེད་ཅེས་བྱ་བར་གྱུར་ནས་ངས་འཛམ་བུའི་གླིང་དེ་ན་སེམས་ཅན་རྣམས་མི་དགེ་བ་ལ་དད་ཅིང་སྤྱོད་པར་མཐོང་ངོ་། །མཐོང་ནས་ཀྱང་ངས་བདག་ཉིད་གནོད་སྦྱིན་གྱི་གཟུགས་ཤིན་ཏུ་འཇིགས་འཇིགས་ལྟ་ཞིག་ཏུ་མངོན་པར་སྤྲུལ་ཏེ། འཛམ་བུའི་གླིང་དུ་བབས་ནས་མི་རྣམས་ཀྱི་མདུན་དུ་འདུག་གོ །དེ་དག་གིས་ང་མཐོང་ནས་སྐྲག་སྟེ་ང་ལ་དྲིས་པ། ཁྱོད་ལ་ཅི་དགོས་བདག་ཅག་གིས་ཁྱོད་ལ་དབུལ་བར་བགྱིའོ། །ངས་སྨྲས་པ། ཁོ་བོ་ལ་ཁ་ཟས་དག་དགོས་སོ། །དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཁ་ཟས་ཇི་ལྟ་བུ་ལགས། ངས་སྨྲས་པ། ཁོ་བོ་ནི་མི་དག་བསད་ཅིང་ཟ་སྟེ། མི་གང་དག་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤོང་བར་བྱེད་པ་དང་། ལོག་པར་ལྟ་བའི་བར་དག་སྤོང་བར་བྱེད་པ་དེ་དག་ལ་ནི་ང་མི་ཟའོ། །གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པར་སེམས་སྐྱེད་པར་བྱེད་པ་དེ་དག་ལ་ཡང་ང་མི་ཟའོ་ཞེས་སྨྲས་ཏེ། དེ་ན་ང་སེམས་ཅན་དག་སྤྲུལ་ཞིང་ཟ་བ་དེ་མཐོང་བ་ན། སེམས་ཅན་དེ་དག་འཇིགས་པས་ཇི་སྲིད་འཚོ་བའི་བར་དུ་སྲོག་གཅོད་པ་སྤངས་སོ། །མ་བྱིན་པར་ལེན་པ་དང་། ལོག་པར་ལྟ་བའི་བར་དག་ཀྱང་སྤངས་སོ། །ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་གིས་ནི་རང་སངས་རྒྱས་ཀྱི་ཐེག་པར། ཁ་ཅིག་གིས་ནི་ཉན་ཐོས་ཀྱི་ཐེག་པར་སེམས་བསྐྱེད་དེ། གླིང་བཞི་པའི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་


DKG050_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་ལམ་དང་ཐེག་པ་གསུམ་པོ་དག་ལ་རབ་ཏུ་བཀོད་ནས་དེར་ངས་སྨོན་ལམ་བཏབ་པ། གལ་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བདག་གི་རེ་བ་ཡོངས་སུ་རྫོགས་པར་འགྱུར་བ་ལྟ་ན། དེའི་ཕྱིར་བདག་གིས་སྨོན་ལམ་འདི་ཡང་ཡོངས་སུ་རྫོགས་པར་གྱུར་ཅིག །ཇི་ལྟར་བདག་གིས་གླིང་བཞི་པའི་སེམས་ཅན་རྣམས་དགེ་བའི་ལམ་རྣམས་ལ་ངེས་པར་སྦྱར་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱི་གླིང་བཞི་པ་ཀུན་གྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་འཇིགས་པས་བདག་མཐོང་བར་འགྱུར་བ་དང་། བདག་གིས་ཀྱང་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་ཅིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱོར་བར་གྱུར་ཅིག །དེ་བཞིན་དུ་ཕྱོགས་བཅུ་ཀུན་གྱི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་དག་གི་སེམས་ཅན་ཐམས་ཅད་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་འགོད་ཅིང་ཐེག་པ་གསུམ་པོ་དག་ལ་ཡང་ངེས་པར་སྦྱོར་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །རིགས་ཀྱི་བུ་ངའི་རེ་བ་དང་སྨོན་ལམ་དེ་བཞིན་དུ་ཡོངས་སུ་རྫོགས་ཏེ་འཇིག་རྟེན་གྱི་ཁམས་བྱི་རུ་འབྱུང་བ་ཐམས་ཅད་ཀྱི་སེམས་ཅན་རྣམས་གནོད་སྦྱིན་གྱི་གཟུགས་ཀྱིས་དགེ་བའི་ཆོས་རྣམས་ལ་ངེས་པར་བཏུལ་ཏོ། །དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་སྟོང་པ་སྙིགས་མ་ལྔ་དང་ལྡན་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་ཡང་ངས་གནོད་སྦྱིན་གྱི་གཟུགས་ཀྱིས་མི་རྣམས་དགེ་བའི་ལམ་གྱི་སྤྱོད་པ་དག་ལ་རབ་ཏུ་བཀོད་དོ། །དེ་ལྟར་ངས་སེམས་ཅན་མང་པོ་དག་བསྡིགས་ཤིང་དགེ་བའི་སྤྱོད་པ་ལ་རབ་ཏུ་བཀོད་པའི་ལས་ཀྱི་འཕྲོ་དེས་ན། དེ་བར་ང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ནས་བྱང་ཆུབ་ཀྱི་སྙིང་པོར་བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་ལ་འདུག་པ་ན་བདུད་སྡིག་ཅན་དམག་གི་ཚོགས་ཆེན་པོ་དང་བཅས་ཏེ་ང་བྱང་ཆུབ་ལས་རྣམ་པར་བཟློག་པར་བྱ་བའི་ཕྱིར་ཉེ་བར་འོངས་པ་ཡིན་ནོ། །རིགས་ཀྱི་བུ་ངས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་མདོར་བསྡུས་པ་ནི་དེ་ཡིན་ཏེ། དེའི་ཚེ་ངས་བཟོད་པ་ཟབ་མོ་དང་། གཟུངས་ཟབ་མོ་དང་། ཏིང་ངེ་འཛིན་ཟབ་མོ་དང་། འཇིག་རྟེན་པའི་


DKG050_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་ལྔ་ཡང་ཐོབ་སྟེ་སྐྱེས་བུའི་རྩལ་ཆེན་པོ་དེ་ལྟ་བུ་དག་ཀྱང་བྱས་སོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་རང་སངས་རྒྱས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །དེ་བཞིན་དུ་སེམས་ཅན་དཔག་ཏུ་མེད་གྲངས་མེད་པ་དག་ཉན་ཐོས་ཀྱི་ཐེག་པ་ཡང་ཡང་དག་པར་འཛིན་དུ་བཅུག་ཅིང་བཙུད་དེ་རབ་ཏུ་བཀོད་དོ། །ངས་ཇི་སྲིད་དུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ལ་བསྙེན་བཀུར་བྱས་ཏེ། ངས་སངས་རྒྱས་རེ་རེའི་དྲུང་ནས་རྒྱ་མཚོའི་ཆུའི་ཐིགས་པ་སྙེད་ཀྱི་ཡོན་ཏན་དག་ཡོངས་སུ་བཟུང་བ་མ་གཏོགས་པར་ངས་རང་སངས་རྒྱས་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །དེ་བཞིན་གཤེགས་པའི་ཉན་ཐོས་བགྲང་བ་ལས་ཡང་དག་པར་འདས་པ་དག་ལ་ཡང་མཆོད་པ་བྱས་སོ། །དེ་བཞིན་དུ་ཕ་དང་། མ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ལ་ཡང་མཆོད་པ་བྱས་སོ། །ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྙིང་བརྩེ་བས་རང་གི་ཤ་དང་ཁྲག་གིས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། ད་ལྟར་ཡང་རང་གི་ཆོས་རྣམས་ཀྱིས་ཚིམ་པར་བྱས་པ་ཡིན་ནོ། །ཐེག་པ་ཆེན་པོའི་མདོ་སྙིང་རྗེ་པད་མ་དཀར་པོ་ལས་སྦྱིན་པའི་ལེའུ་ཞེས་བྱ་བ་སྟེ་ལྔ་པའོ།། །།


previousལྔ་པ། སྦྱིན་པའི་ལེའུ། next