Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
བདུན་པ། སྔོན་གྱི་སྦྱོར་བའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབདུན་པ། སྔོན་གྱི་སྦྱོར་བའི་ལེའུ། next

བདུན་པ། སྔོན་གྱི་སྦྱོར་བའི་ལེའུ།


DKG051_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ་ཚད་མེད་པའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་དུ་གྱུར་པ། དེའི་ཚེ་དེའི་དུས་ན་བསྐལ་པ་གཟུགས་ཆེན་པོ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་འབྱུང་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །དགེ་སློང་དག་དེ་བཞིན་གཤེགས་པ་དེ་བྱུང་ནས་ཇི་སྲིད་ལོན་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དཔེར་ན། མི་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་སའི་ཁམས་ཐམས་ཅད་བཏབས་ཏེ་ཕྱེ་མར་བྱས་ལ། དེ་ནས་མི་དེས་འཇིག་རྟེན་གྱི་ཁམས་དེ་ནས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བླངས་ཏེ། ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་སྟོང་འདས་ནས་དེར་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བཞག །དེ་ནས་ཡང་མི་དེས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བླངས་ཏེ། དེའི་ཕ་རོལ་གྱི་ཡང་ཆེས་ཕ་རོལ་འཇིག་རྟེན་གྱི་ཁམས་སྟོང་འདས་ནས་རྡུལ་ཕྲ་རབ་ཀྱི་རྡུལ་ཅིག་བཞག་ལ། རྣམ་གྲངས་འདིས་མི་དེས་ཤར་ཕྱོགས་སུ་སའི་ཁམས་དེ་ཐམས་ཅད་བཞག་ན། དགེ་སློང་དག་འདི་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་དེ་དག་གི་མཐའ་དང་མུ་བགྲང་བས་རྟོགས་པར་ནུས་སམ། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་དེ་རྔོ་མི་ཐོགས་སོ། །བདེ་བར་གཤེགས་པ་དེ་རྔོ་མི་ཐོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གང་དག་ཏུ་རྡུལ་ཕྲ་རབ་བཞག་པ་དང་། གང་དག་ཏུ་མ་བཞག་པའི་འཇིག་རྟེན་གྱི་ཁམས་དེ་རྣམས་ནི་རྩིས་པའམ་རྩིས་པ་


DKG051_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ལ་ལ་ཞིག་གིས་བགྲང་ཞིང་རྟོགས་པར་ནུས་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ། ཡོངས་སུ་མྱ་ངན་ལས་འདས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་ལོན་པའི་བསྐལ་པ་ནི་བགྲང་བའི་ཚུལ་གྱིས་མཐའ་རྟོགས་པར་མི་ནུས་ཏེ། དགེ་སློང་དག་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ཙམ་དུ་ཡུན་རིང་བ་ནི་དེ་ལྟར་བསམ་གྱིས་མི་ཁྱབ་ཅིང་དེ་ལྟར་ཚད་མེད་དེ། ངས་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བའི་སྟོབས་བསྐྱེད་པས། ཁར་སང་ངམ་དེ་རིང་ཡོངས་སུ་མྱ་ངན་ལས་འདས་པ་བཞིན་དྲན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྗེས་སུ་དྲན་པ་འདས་པའི་བསྐལ་པ་མང་། །དེ་ཚེ་ཐུབ་ཆེན་རྐང་གཉིས་རྣམས་ཀྱི་མཆོག །མངོན་ཤེས་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན། །རྒྱལ་བ་དམ་པ་འཇིག་རྟེན་བྱུང་བར་འགྱུར། །འདི་ལྟར་སྟོང་གསུམ་འདི་ཡི་འཇིག་རྟེན་ཁམས། །ལ་ལས་ཕྲ་རབ་རྡུལ་གྱི་རྡུལ་དུ་བྱས། །དེ་ནས་ཕྲ་རབ་རྡུལ་ཅིག་ཁྱེར་ནས་སུ། །ཞིང་སྟོང་རྣམས་ནི་འདས་ནས་དེ་བཞག་ལ། །དེ་བཞིན་དུ་ནི་གཉིས་དང་གསུམ་བཞག་སྟེ། །དེས་ནི་རྡུལ་དུ་གྱུར་པ་ཀུན་བཞག་པས། །འཇིག་རྟེན་འདི་ཡི་ཁམས་ནི་སྟོངས་གྱུར་ཅིང་། །རྡུལ་ཕྲན་དེ་ཡང་ཐམས་ཅད་ཟད་གྱུར་ལ། །འཇིག་རྟེན་ཁམས་དེ་དག་ན་ཡོད་པ་ཡི། །རྡུལ་ཕྲན་ཕྱེ་མ་དེ་ཡང་ཚད་མེད་པ། །དེ་དག་མ་ལུས་གང་གིས་རྡུལ་བྱས་ཏེ། །བསྐལ་པ་བརྒྱ་འདས་མཚན་མར་འཇོག་བྱེད་པ། །དེ་ལྟར་བདེ་གཤེགས་མྱ་ངན་དེ་འདས་ནས། །བསྐལ་པ་བྱེ་བ་མང་པོ་དཔག་ཏུ་མེད། །ཕྲ་རབ་རྡུལ་ཀུན་མཚན་མར་མི་ཆོག་སྟེ། །དེ་སྙེད་བསྐལ་པ་མང་པོ་ཟད་པར་གྱུར། །འདྲེན་པ་མྱ་ངན་འདས་རིང་དེ་སྲིད་ལོན། །ཉན་ཐོས་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་། །དེ་འདྲ་དེ་བཞིན་གཤེགས་ཀྱི་ཡེ་ཤེས་ཀྱིས། །ཐམས་ཅད་དྲན་པ་ཁར་སང་དེ་རིང་བཞིན། །དགེ་སློང་གང་དག་ཡེ་ཤེས་མཐའ་ཡས་ཅན། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་འདི་འདྲའོ། །དྲན་པ་ཕྲ་ཞིང་ཟག་པ་མེད་པ་


DKG051_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །བསྐལ་པ་དུ་མ་བརྒྱས་ནི་ང་སངས་རྒྱས། །དགེ་སློང་དག་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་ཚེའི་ཚད་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་རྩ་བཞིར་གྱུར་ཏོ། །བཅོམ་ལྡན་འདས་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་མ་རྒྱས་པར། སྔར་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་ནས། བདུད་ཀྱི་སྡེ་ཐམས་ཅད་རབ་ཏུ་བཅོམ་ཞིང་ཕམ་པར་བྱས་སོ། །རབ་ཏུ་བཅོམ་ཞིང་ཕམ་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱའོ་སྙམ་ཡང་། དེ་སྲིད་དུ་དེ་ལ་ཆོས་དེ་དག་མངོན་སུམ་དུ་ནི་མ་གྱུར་ཏོ། །དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོར་བར་གྱི་བསྐལ་པ་གཅིག་ཏུ་གནས། བར་གྱི་བསྐལ་པ་གཉིས་སུ་གནས་ཀྱང་དེ་སྲིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ནས། བར་གྱི་བསྐལ་པ་གསུམ་དང་བཞི་དང་ལྔ་དང་དྲུག་དང་བདུན་དང་བརྒྱད་དང་དགུ་དང་བཅུར་ཡང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོ་སྐྱིལ་མོ་ཀྲུང་ལན་ཅིག་བཅས་པ་ལས། བར་དུ་མ་ལངས་པར་འདུག་ཅིང་སེམས་མི་གཡོ་ལུས་མི་འགུལ་ཞིང་། མི་འགྱུར་བར་འདུག་ཀྱང་དེ་སྲིང་དུ་ཡང་དེ་ལ་ཆོས་དེ་དག་མངོན་དུ་མ་གྱུར་ནས། དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་བའི་བཅོམ་ལྡན་འདས་དེ་གང་ལ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སེང་གེའི་ཁྲི་ཆེན་པོ་འཕང་དུ་དཔག་ཚད་ལྔ་བརྒྱ་པ་བཤམས་ཏེ། བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སྙིང་པོར་འདུག་མ་ཐག་ཏུ། དེ་ནས་ཚངས་རིས་ཀྱི་ལྷའི་བུ་དག་གིས། བྱང་ཆུབ་ཀྱི་སྙིང་པོ་དེའི་ཁོར་ཡུག་དཔག་ཚད་བཅུ་ཚུན་ཆད་དུ་མེ་ཏོག་གི་ཆར་མངོན་པར་ཕབ་བོ། །བར་སྣང་ལས་རླུང་ལངས་པས་མེ་ཏོག་གང་དག་རྙིས་ས་དེ་དག་སེལ་ཏོ། །དེ་ལྟར་མེ་ཏོག་གི་ཆར་དེ་རབ་ཏུ་ཕབ་པ་དེ་


DKG051_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་པ་དེ་ལ། རྒྱུན་མི་འཆད་པར་རབ་ཏུ་ཕབ་སྟེ། བཅོམ་ལྡན་འདས་དེ་ལ་བར་གྱི་བསྐལ་པ་བཅུ་ཚང་བར་མངོན་པར་ཕབ་བོ། །དེ་ལྟར་མེ་ཏོག་གི་ཆར་དེ་རབ་ཏུ་ཕབ་སྟེ་བཅོམ་ལྡན་འདས་དེ་དེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱི་བར་དུ་རབ་ཏུ་ཕབ་ཅིང་། བཅོམ་ལྡན་འདས་དེ་ལ་མངོན་པར་འཐོར་རོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་དག་ཀྱང་། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་འདུག་པ་དེ་ལ་བཀུར་སྟི་བྱ་བའི་ཕྱིར། ལྷ་ཡུལ་པའི་ལྷའི་རྔ་རབ་ཏུ་བརྡུངས་ཏེ་བར་གྱི་བསྐལ་པ་བཅུ་ཚང་བར་རབ་ཏུ་བརྡུངས་ནས། དེ་ནས་བཅོམ་ལྡན་འདས་དེ་ནམ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་དུས་ཀྱི་བར་དུ། ལྷའི་སིལ་སྙན་དག་རྒྱུན་མི་འཆད་པར་རབ་ཏུ་བསིལ་ཏོ། །དགེ་སློང་དག་དེ་ནས་བར་གྱི་བསྐལ་པ་བཅུ་འདས་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། བཅོམ་ལྡན་འདས་དེ་གཞོན་ནུར་གྱུར་པའི་ཚེ། དེ་ལ་སྙིང་གི་བུར་ཤ་སྟག་བཅུ་དྲུག་ཡོད་དེ། དེ་དག་གི་བུ་ཐུ་བོ་ནི་ཡེ་ཤེས་འབྱུང་གནས་ཞེས་བྱ་བར་འགྱུར་ཏེ། དགེ་སློང་དག་འདི་ལྟར་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་རེ་རེ་ལ་ཡང་རྩེད་མོར་བྱ་བ། སྣ་ཚོགས་བཀྲ་བ་དགའ་བར་འགྱུར་བ་བལྟ་ན་སྡུག་པ་རྣམ་པ་དུ་མ་ཡོད་ལ། དགེ་སློང་དག་དེ་ནས་རྒྱལ་བུ་གཞོན་ནུར་གྱུར་པ་བཅུ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་རིག་ནས། རྩེད་མོར་བྱ་བ་དགའ་བར་འགྱུར་བ་རྣམ་པ་མང་པོ་དེ་དག་སྤངས་ཏེ། མ་དང་མ་མ་དག་བཞིན་དུ་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཕགས་པའི་


DKG051_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་མང་པོ་དང་རྒྱལ་པོའི་བློན་པོ་དང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ན་འདུག་པ་ག་ལ་བ་དེར་དོང་ངོ་། །བཅོམ་ལྡན་འདས་དེ་ལ་བཀུར་སྟིར་བྱ་བ་དང་། བཙུན་པར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པ་དང་། རྗེད་པ་དང་། གསོལ་བའི་ཕྱིར་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མངོན་པ་ཆེན་པོ་དྲུག་ལྡན་བླ་ན་མེད། །བསྐལ་པ་མཐའ་ཡས་དག་གིས་ཡང་དག་བསྒྲུབས། །ལུས་ཅན་ཐམས་ཅད་མ་ལུས་བསྒྲལ་བའི་ཕྱིར། །ཁྱོད་ཀྱི་བརྣག་པ་བཟང་དེ་འདིར་རྫོགས་སོ། །རབ་ཏུ་དཀའ་མཛད་བསྐལ་པ་བར་མ་བཅུར། །གདན་ཅིག་དེ་ལ་བཞུགས་ཏེ་མཛད་པ་ན། །བར་དུ་ནམ་ཡང་ཁྱོད་ཀྱི་སྐུ་མ་གཡོས། །ཕྱག་ཞབས་མ་གཡོས་དེ་བཞིན་གར་མ་གཤེགས། །ཁྱོད་ཐུགས་ཞི་བར་གྱུར་ཅིང་ཤིན་ཏུ་གནས། །རྟག་པར་མི་གཡོ་གྱུར་ཅིང་མི་འགུལ་ཏེ། །ཁྱོད་ལ་ནམ་ཡང་གཡེང་བ་མི་མངའ་ལ། །ཁྱོད་ནི་རབ་ཞི་ཟག་པ་མེད་ལ་གནས། །དགེ་བ་དང་ནི་བདེ་བ་དགའ་བ་དང་། །གནོད་པ་མེད་པར་བྱང་ཆུབ་མཆོག་འདི་བརྙེས། །དེ་ལྟ་བུ་ནི་བདག་ཅག་རྣམས་ཀྱི་ཁེ། །མི་དབང་སེང་གེ་བདག་ཅག་དགེ་བར་སྐྱེས། །སྐྱེ་དགུ་འདི་ཀུན་མགོན་མེད་སྡུག་བསྔལ་ཏེ། །མིག་ཕྱུང་བདེ་བ་དག་ལས་རྣམ་པར་ཉམས། །སྡུག་བསྔལ་མཐར་མཆི་ལམ་རྣམས་མི་འཚལ་བས། །ཐར་པའི་ཕྱིར་ནི་བརྩོན་འགྲུས་མི་སྐྱེད་དོ། །ཡུན་རིང་དུ་ནི་ངན་སོང་འཕེལ་བར་བགྱིད། །ལྷ་ཡི་ལུས་ལས་ཡོངས་སུ་ཉམས་པའི་ཆོས། ། དེ་ན་རྒྱལ་བའི་སྒྲ་ནི་ཡོང་མི་གྲག །འཇིག་རྟེན་འདི་ཀུན་གཏི་མུག་མུན་གནག་གོ །


DKG051_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་མེད་དམ་པ་ཞི་བའི་གོ་འཕང་ནི། །འཇིག་རྟེན་རིག་པ་ཁྱོད་ཀྱིས་དེང་བརྙེས་པས། །བདག་ཅག་རྣམས་དང་འཇིག་རྟེན་རྗེས་སུ་བཟུང་། །མགོན་པོ་ཁྱོད་ལ་རབ་ཏུ་སྐྱབས་སུ་མཆི། །དགེ་སློང་དག་དེ་ནས་རྒྱལ་བུ་གཞོན་ནུར་གྱུར་པ་བྱིས་པ་བཅུ་དྲུག་པོ་དེ་རྣམས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་ལྷ་དང་མི་དང་སྐྱེ་བོ་ཕལ་པོ་ཆེའི་དོན་དང་ཕན་པ་དང་བདེ་བའི་སླད་དུ། བཅོམ་ལྡན་འདས་ཆོས་བཤད་དུ་གསོལ། བདེ་བར་གཤེགས་པ་ཆོས་བཤད་དུ་གསོལ། ཞེས་བཅོམ་ལྡན་འདས་དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་སྟེ། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བསོད་ནམས་བརྒྱ་ཡི་མཚན་ཅན་ཆོས་བཤད་གསོལ། །རྣམ་པར་འདྲེན་པ་མཚུངས་མེད་དྲང་སྲོང་ཆེ། །ཡེ་ཤེས་དམ་པ་ཁྱད་པར་འཕགས་བརྙེས་པ། །ལྷ་དང་བཅས་པ་འཇིག་རྟེན་རྣམས་ལ་སྟོན། །བདག་ཅག་རྣམས་དང་སེམས་ཅན་འདི་དག་སྒྲོལ། །ཅི་ནས་བྱང་ཆུབ་མཆོག་འདི་བདག་ཅག་དང་། །སེམས་ཅན་འདི་རྣམས་ཀྱིས་ཀྱང་ཐོབ་འགྱུར་བར། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་བསྟན་དུ་གསོལ། །སྤྱོད་པ་དང་ནི་ཡེ་ཤེས་ཀུན་ཀྱང་མཁྱེན། །བསམ་པ་རྣམས་དང་སྔོན་གྱི་བསོད་ནམས་དང་། །སྲོག་ཆགས་ཀུན་གྱི་མོས་པ་རྣམས་མཁྱེན་པ། །བླ་མེད་འཁོར་ལོ་དམ་པ་བསྐོར་དུ་གསོལ།། །།བམ་པོ་དྲུག་པ། །དགེ་སློང་དག་དེ་ནས་ཡང་དེའི་ཚེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཕྱོགས་བཅུའི་ཕྱོགས་རེ་རེར་ཡང་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་


DKG051_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་རྣམ་པ་དྲུག་ཏུ་གཡོས་ནས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་འཇིག་རྟེན་གྱི་བར་མི་ཁོམ་པར་གྱུར་ཅིང་། མུན་པ་མུན་ནག་ཏུ་གྱུར་པ་གང་དག་ན། ཉི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ། འདི་ལྟར་གཟི་བརྗིད་ཆེ་བ། དེ་དག་གི་འོད་ཀྱིས་ཀྱང་སྣང་བར་མི་ནུས་ཏེ། དེ་དག་གི་ཁ་དོག་གིས་ཀྱང་ཁ་དོག་དང་གཟི་བརྗིད་དུ་བྱེད་མི་ནུས་པ་དེ་དག་ཏུ་ཡང་དེའི་ཚེ་སྣང་བ་ཆེན་པོར་བྱུང་བར་གྱུར་ཏོ། །འཇིག་རྟེན་གྱི་བར་དེ་དག་ཏུ་སེམས་ཅན་གང་དག་སྐྱེས་པ་དེ་དག་ཀྱང་། གཅིག་གིས་གཅིག་མཐོང་ནས། ཨེ་མ་ཀྱེ་སེམས་ཅན་གཞན་དག་ཅིག་ཀྱང་འདིར་སྐྱེས་ཤིང་འཁོད་པ་ལྟ། ཨེ་མ་ཀྱེ་སེམས་ཅན་གཞན་དག་ཅིག་ཀྱང་འདིར་སྐྱེས་ཤིང་འཁོད་པ་ལྟ་ཞེས་གཅིག་གིས་གཅིག་ཤེས་སོ། །འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ན་ལྷའི་གནས་དང་ལྷའི་གཞལ་མེད་ཁང་གང་དག་ཡོད་པ་ནས། ཚངས་པའི་འཇིག་རྟེན་གྱི་བར་དུ་ཡང་རྣམ་པར་དྲུག་ཏུ་གཡོས་པར་གྱུར་ནས། སྣང་བ་ཆེན་པོས་ཁྱབ་སྟེ། ལྷ་རྣམས་ཀྱི་ལྷའི་མཐུ་ལས་ཀྱང་འདས་སོ། །དགེ་སློང་དག་དེ་ལྟར་དེའི་ཚེ། འཇིག་རྟེན་གྱི་ཁམས་དེ་དག་ཏུ་ས་ཆེར་གཡོས་ཤིང་སྣང་བ་ཆེན་པོ་ཡང་བྱུང་བར་གྱུར་ཏོ། །དེ་ནས་ཤར་ཕྱོགས་སུ་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་པ་དེ་དག་འདི་སྙམ་དུ། ཚངས་པའི་གཞལ་མེད་ཁང་འདི་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་སེམས་ཅན་ཐམས་ཅད་སྐྱོབ་པ་ཞེས་བྱ་བས།


DKG051_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པ་ཆེན་པོའི་ཚོགས་དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བདག་ཅག་ཐམས་ཅད་དེ་རིང་ཤིན་ཏུ་དགའ། །གཞལ་མེད་ཁང་མཆོག་འདི་དག་རབ་ཏུ་འབར། །དཔལ་ལྡན་ལྷམ་མེ་ཡིད་དུ་འོང་བ་སྟེ། །ཅི་ཡི་ཕྱིར་ན་དེ་རིང་འདི་འདྲར་གྱུར། །དོན་འདི་བཙལ་བར་བྱས་ན་རབ་ཏུ་ལེགས། །ལྷ་ཡི་བུ་ཞིག་དེ་རིང་སྐྱེས་གྱུར་ཏེ། །འདི་འདྲ་བར་ནི་དེ་ཡི་མཐུས་གྱུར་ཏམ། །སྔོན་ཆད་མ་བྱུང་འདི་ནི་དེ་རིང་སྣང་། །གལ་ཏེ་སངས་རྒྱས་མི་དབང་རྒྱལ་པོ་དེ། །འཇིག་རྟེན་ག་ཤེད་དུ་ནི་དེང་བྱུང་སྟེ། །དེ་རིང་ཕྱོགས་བཅུ་དག་ན་དཔལ་འབར་བ། །འདི་འདྲ་འདི་ནི་དེ་ཡི་ལྟས་ཡིན་ནམ། དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷན་ཅིག་ཏུ་འདུས་ནས། དེ་དག་རང་རང་གི་ཚངས་པའི་ལྷའི་གཞལ་མེད་ཁང་དེ་དག་ཏུ་བཞུགས་ཏེ། ལྷའི་མེ་ཏོག་གི་ཕུར་མ་རི་རབ་ཙམ་ཐོགས་ནས། ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས། ནུབ་ཕྱོགས་ལོགས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། ནུབ་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་། བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། །དྲི་ཟ་དང་། ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་གིས་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པར་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མ་བསྐོར་བ་བྱས་ནས། མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་


DKG051_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས། ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཚངས་པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ། བདེ་བར་གཤེགས་པ་ཡོངས་སུ་སྤྱད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ངོ་མཚར་གྱུར་པ་རྒྱལ་བ་ཚད་མེད་པ། །འཇིག་རྟེན་ཕན་པ་ཐུགས་བརྩེ་འདིར་བྱུང་སྟེ། །མགོན་པོ་བླ་མ་སྟོན་པ་བྱུང་གྱུར་པས། །དེང་ནི་ཕྱོགས་བཅུ་པོ་དག་རྗེས་སུ་གཟུང་། །འདི་དག་ནས་ཀྱང་འཇིག་རྟེན་མཁས་རྣམས་ནི། །བྱེ་བ་ཁྲག་ཁྲིག་ལྔ་བཅུ་ཚང་བ་ནས། །བདག་ཅག་དེ་ནས་རྒྱལ་ལ་ཕྱག་འཚལ་ལྷགས། །གཞལ་མེད་ཁང་མཆོག་རྣམ་པ་ཀུན་ཏུ་སྤངས། །བདག་ཅག་རྣམས་ཀྱིས་སྔོན་ཆད་ལས་བགྱིས་པས། །གཞལ་མེད་ཁང་པ་རི་མོ་བཀྲ་འདི་དག །བདག་ཅག་རྣམས་ལ་ཐུགས་བརྩེའི་སླད་དུ་བཞེས། །འཇིག་རྟེན་མཁྱེན་པ་ཅི་དགྱེས་སྤྱད་དུ་གསོལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ།


DKG051_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བསྟན་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་དེ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཆོས་བཤད་གསོལ། །རྐང་གཉིས་གཙོ་བོས་བསྟན་དུ་གསོལ། །བྱམས་པའི་སྟོབས་ཀྱིས་བཤད་དུ་གསོལ། །སེམས་ཅན་སྡུག་བསྔལ་རྣམས་ལས་སྒྲོལ། །འཇིག་རྟེན་སྒྲོན་མ་རྙེད་དཀའ་སྟེ། ཨུ་དུམ་བཱ་རའི་མེ་ཏོག་བཞིན། །དཔའ་བོ་ཆེན་པོ་བྱུང་བས་ན། །དེ་བཞིན་གཤེགས་ལ་གསོལ་བར་འཚལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་ལ། བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དགེ་སློང་དག་དེའི་ཚེ་ན་ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་དག་ན། ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་འདི་སྙམ་དུ། ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་། ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི། སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་རབ་ཏུ་སྙིང་རྗེ་ཅན་ཞེས་བྱ་བས། ཚངས་པའི་ཚོགས་ཆེན་པོ་དེ་ལ་


DKG051_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཚིགས་སུ་བཅད་དེ་སྨྲས་པ། གྲོགས་དག་སུ་ཡི་སྔ་ལྟས་ཀྱིས། །གཞལ་མེད་ཁང་རྣམས་དེང་མཛེས་ཤིང་། །ཤིན་ཏུ་གཟི་བརྗིད་ལྡན་གྱུར་པར། །དེ་རིང་འདི་ན་སྣང་བར་འགྱུར། །ཅི་སྟེ་དེ་རིང་ལྷ་ཡི་བུ། །བསོད་ནམས་ཅན་ཞིག་འདིར་འོངས་ཏེ། །དེ་ཡི་མཐུས་ནི་གཞལ་མེད་ཁང་། །འདི་དག་ཐམས་ཅད་མཛེས་གྱུར་ཏམ། །འོན་ཏེ་སངས་རྒྱས་རྐང་གཉིས་མཆོག །འཇིག་རྟེན་འདིར་ནི་བྱུང་གྱུར་ཏམ། །གང་གི་མཐུས་ནི་འདི་ལྟར་དེང་། །གཞལ་མེད་ཁང་འདི་འདི་འདྲར་གྱུར། །ཐམས་ཅད་འདུས་ཏེ་བརྟག་པར་བྱ། །འདི་ནི་དོན་ཆུང་མ་ཡིན་ཏེ། །སྔོན་ཆད་དག་ནི་འདི་འདྲ་བའི། །ལྟས་ནི་ནམ་ཡང་མ་མཐོང་ངོ་། །ཕྱོགས་བཞི་དག་ཏུ་འདོང་བར་བྱ། །བྱེ་བ་སྙེད་ཀྱི་ཞིང་ཡང་བསྐོར། །དེ་རིང་སངས་རྒྱས་འཇིག་རྟེན་དུ། །གདོན་མི་ཟ་བར་འབྱུང་བར་འགྱུར། །དགེ་སློང་དག་དེ་ནས་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག །རང་རང་གི་ཚངས་པའི་ལྷའི་གཞལ་མེད་ཁང་དེ་དག་ཏུ་ཞུགས་ཏེ། ལྷའི་མེ་ཏོག་གི་ཕུར་མ་རི་རབ་ཙམ་ཐོགས་ནས། ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས། ནུབ་བྱང་གི་ཕྱོགས་མཚམས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། ནུབ་བྱང་གི་ཕྱོགས་མཚམས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་། བྱང་ཆུབ་ཀྱི་ཤིང་དྲུང་ན། སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ནི། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་མཐོང་ངོ་། ། མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་


DKG051_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས་མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས། ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ། ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །མཚུངས་མེད་དྲང་སྲོང་ཆེ་ལ་ཕྱག་འཚལ་ལོ། །ཀ་ལ་པིང་ཀའི་དབྱངས་སྙན་ལྷ་ཡི་ལྷ། །རྣམ་པར་འདྲེན་པ་ལྷར་བཅས་འཇིག་རྟེན་ན། །འཇིག་རྟེན་ཕན་བརྩེ་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཤིན་ཏུ་ཡུན་རིང་བརྒྱ་ལམ་ན། །ངོ་མཚར་གྱུར་པ་དེ་རིང་འཇིག་རྟེན་བྱུང་། །བསྐལ་པ་བརྒྱ་ཚང་ཚོལ་བའི་འཇིག་རྟེན་འདི། །སངས་རྒྱས་བརྒྱད་ཅུ་དག་དང་མཚུངས་པར་གྱུར། །བསྐལ་པ་ཁྲག་ཁྲིག་བརྒྱད་ཅུ་རྫོགས་པར་ནི། །རྐང་གཉིས་གཙོ་བོས་སྔོན་ཆད་སྟོངས་པར་གྱུར། །དེ་སྲིད་ངན་སོང་ས་ནི་རྣམ་པར་འཕེལ། །ལྷ་ཡི་ལུས་ནི་རྟག་ཏུ་ཉམས་པར་གྱུར། །ད་ནི་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱིས། །ཆོས་ཀྱི་རྒྱལ་པོ་མིག་དང་རྟེན་དང་གནས། །སྐྱོབ་དང་ཕ་དང་རྩ་ལག་ཕན་མཛད་པ། །ཐུགས་བརྩེར་ལྡན་པ་འཇིག་རྟེན་འདིར་བྱུང་ངོ་། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་


DKG051_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཐུབ་པ་ཆེན་པོ་འཁོར་ལོ་མཆོག་བསྐོར་གསོལ། །ཕྱོགས་བཅུ་རྣམས་སུ་ཆོས་རབ་བཤད་དུ་གསོལ། །སྡུག་བསྔལ་ཆོས་ཀྱིས་གཟིར་བའི་སེམས་ཅན་སྒྲོལ། །ལུས་ཅན་རྣམས་ལ་དགའ་ཞིང་རངས་པ་སྐྱེད། །དེ་ཐོས་པས་ན་བྱང་ཆུབ་ཐོབ་འགྱུར་ཏེ། །ལྷ་ཡི་གནས་རྣམས་སུ་ཡང་མཆི་བར་འགྱུར། །ཀུན་གྱིས་ལྷ་མ་ཡིན་གྱི་ལུས་སྤངས་ཏེ། །དུལ་ཞིང་ཞི་ལ་རབ་ཏུ་བདེ་བར་འགྱུར། །དགེ་སློང་དག་དེ་ནས་ཚངས་པ་དེ་དག་ལ་ཡང་། བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དགེ་སློང་དག་དེའི་ཚེ་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། ། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་འདི་སྙམ་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ནི་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ། དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་


DKG051_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན། ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་ཆོས་བཟང་ཞེས་བྱ་བས་ཚངས་པའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པ་སྨྲས་པ། གྲོགས་པོ་དེ་རིང་རྒྱུ་མེད་རྐྱེན་མེད་པར། །གཞལ་མེད་ཁང་འདི་ཐམས་ཅད་གཟི་ཅན་གྱུར། །འཇིག་རྟེན་འདིར་ནི་ཅུང་ཟད་ལྟས་ཅི་སྟོན། །དེ་ཡི་དོན་ནི་ལེགས་པར་བཙལ་བར་བྱ། །བསྐལ་པ་བརྒྱ་ཕྲག་མི་ཉུང་འདས་པ་ནས། །འདི་འདྲའི་ལྟས་སྔོན་ནམ་ཡང་བྱུང་མ་གྱུར། །ཡང་ན་འདིར་ནི་ལྷ་ཡི་བུ་ཞིག་སྐྱེས། །ཡང་ན་འཇིག་རྟེན་འདིར་ནི་སངས་རྒྱས་བྱུང་། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷན་ཅིག་ཏུ་འདུས་ནས། རང་རང་གི་ཚངས་པའི་གཞལ་མེད་ཁང་དེ་དག་ཏུ་བཞུགས་ཏེ། ལྷ་ཡི་མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་ཐོགས་ནས་ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས་བྱང་ཕྱོགས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་བྱང་ཕྱོགས་ལོགས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་སྟེ་ལྷགས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས་ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་ཏུ་ཚངས་


DKG051_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་ཀྱང་རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ལེགས་གཤེགས་ཁྱོད་ནི་སྲིད་པའི་འདོད་ཆགས་འཇོམས། །འཇིག་རྟེན་གྱི་ནི་རིང་ལོན་ཁྱོད་དེ་མཐོང་། །བསྐལ་པ་བརྒྱ་སྙེད་ཚང་ནས་སྣང་བར་འགྱུར། །འཇིག་རྟེན་མགོན་པོ་སྐྱེ་དགུ་སྐོམ་ངོམས་མཛོད། །སྔོན་ཆད་མ་མཐོང་བརྒྱ་ལམ་སྣང་བར་གྱུར། །རྙེད་དཀའ་ཨུ་དུམ་བཱ་རའི་མེ་ཏོག་བཞིན། །དེ་བཞིན་རྣམ་པར་འདྲེན་པ་བརྒྱ་ལམ་མཐོང་། །རྣམ་པར་འདྲེན་པ་བདག་ཅག་གཞལ་མེད་ཁང་། །ཁྱོད་ཀྱི་མཐུས་ནི་དེ་རིང་མཛེས་པར་གྱུར། །ཀུན་ཏུ་སྤྱན་གྱིས་འདི་དག་བཞེས་སུ་གསོལ། །བདག་ཅག་ཐུགས་བརྩེའི་སླད་དུ་སྤྱད་པ་མཛོད། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་རྣམས་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་བྱེ་བ་


DKG051_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་དེ་ལ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྣམ་པར་འདྲེན་པ་བཅོམ་ལྡན་ཆོས་བཤད་གསོལ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། །ཆོས་ཀྱི་རྔ་རྣམས་རབ་ཏུ་བརྡུང་དུ་གསོལ། །ཆོས་ཀྱི་དུང་ཡང་རབ་ཏུ་བུད་པར་གསོལ། །དམ་ཆོས་ཆར་པ་འཇིག་རྟེན་དབབ་ཏུ་གསོལ། །དབྱངས་སྙན་པས་ནི་ལེགས་པར་བསྟན་དུ་གསོལ། །གསོལ་བ་བཞིན་དུ་ཆོས་ནི་བཤད་དུ་གསོལ། །སེམས་ཅན་བྱེ་བ་ཁྲག་ཁྲིག་དགྲོལ་དུ་གསོལ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དག་ལ་ཡང་བཅོམ་ལྡན་འདས་དེས་ཅང་མི་གསུང་བར་གྱུར་པས་གནང་ངོ་། །དེ་བཞིན་དུ་སྦྱར་ཏེ་དེ་བཞིན་དུ་ལྷོ་ནུབ་ཀྱི་ཕྱོགས་དང་དེ་བཞིན་དུ་ནུབ་ཀྱི་ཕྱོགས་དང་དེ་བཞིན་དུ་ནུབ་བྱང་གི་ཕྱོགས་དང་དེ་བཞིན་དུ་བྱང་གི་ཕྱོགས་དང་དེ་བཞིན་དུ་བྱང་ཤར་གྱི་ཕྱོགས་དང་འོག་གི་ཕྱོགས་ཀྱང་དེ་བཞིན་ནོ། །དགེ་སློང་དག་དེ་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱིས་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པའི་གཞལ་མེད་ཁང་གང་དང་གང་དག་ཡོད་པ་དེ་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་འདི་སྙམ་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཤིན་ཏུ་མཛེས་ཤིང་ལྷན་ནེ་ལྷང་ངེར་གྱུར་ལ་དཔལ་དང་ལྡན་ཞིང་གཟི་བརྗིད་ཅན་དུ་གྱུར་པ་འདི་སུའི་སྔ་ལྟས་སུ་འགྱུར་སྙམ་དུ་སེམས་སོ། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་གནས་དག་ཏུ་ཕན་ཚུན་དོང་ནས་སྨྲའོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་གཙུག་ཏོར་ཅན་ཞེས་བྱ་བས་ཚངས་པའི་ཚོགས་ཆེན་པོ་དེ་དག་ལ་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་པོ་ཅི་ཡི་རྒྱུ་ཡིས་འདི་ལྟར་གྱུར། །གཞལ་མེད་ཁང་རྣམས་གང་གིས་ཡོངས་སུ་ཁྱབ། །གཟི་དང་ཁ་དོག་དང་ནི་འབར་བས་ཀྱང་། །ཤིན་ཏུ་རྒྱས་པ་འདི་ལ་རྒྱུ་ཅི་ཡོད། །འདི་འདྲ་སྔོན་ཆད་བདག་ཅག་ཡོང་མ་མཐོང་། །སུས་ཀྱང་སྔོན་ཆད་འདི་འདྲ་མ་ཐོས་ཏེ། །དེ་རིང་འདི་ལྟར་འོད་ཀྱིས་འདི་ཁྱབ་པ། །ཤིན་ཏུ་ཆེར་མཛེས་འདི་ལ་རྒྱུ་ཅི་ཡོད། །ཅི་སྟེ་དགེ་བའི་ལས་


DKG051_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཡི། །ལྷ་ཡི་བུ་ཞིག་དེ་རིང་འདིར་བྱུང་སྟེ། །བྱུང་བ་དེ་ཡི་མཐུ་ནི་འདི་ཡིན་ནམ། །ཡང་ན་བརྒྱ་ལ་སངས་རྒྱས་འཇིག་རྟེན་བྱུང་། །དགེ་སློང་དག་དེ་ནས་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་ན་ཚངས་པ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་ལྷན་ཅིག་ཏུ་འདུས་ནས། རང་རང་གི་ཚངས་པའི་གཞལ་མེད་ཁང་དེ་དག་ཏུ་ཞུགས་ཏེ། ལྷའི་མེ་ཏོག་གི་ཕུར་མ་རི་རབ་ཙམ་ཐོགས་ནས། ཕྱོགས་བཞིར་རྒྱུ་ཞིང་འདོང་བ་ལས། འོག་གི་ཕྱོགས་ལོགས་སུ་དོང་བ་དང་། དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས་འོག་གི་ཕྱོགས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་གཤེགས་ཤིང་། བྱང་ཆུབ་ཀྱི་ཤིང་དྲུང་ན་སེང་གེའི་ཁྲི་ལ་བཞུགས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དག་གིས་ནི་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ། སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་དེ་ག་ལ་བ་དེར་དོང་སྟེ། ལྷགས་ནས་བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དེ་ལ་ལན་བརྒྱ་སྟོང་དུ་མར་བསྐོར་བ་བྱས་ནས། མེ་ཏོག་གི་ཕུར་མ་རི་རབ་ཙམ་དེ་དག་གིས་བཅོམ་ལྡན་འདས་དེ་ལ་གཏོར་རབ་ཏུ་གཏོར་ཏེ། བྱང་ཆུབ་ཀྱི་ཤིང་དེའི་དཔག་ཚད་བཅུ་ཚུན་ཆད་གཏོར་ནས། ཚངས་པའི་གཞལ་མེད་ཁང་དེ་དག་ཀྱང་བཅོམ་ལྡན་འདས་དེ་ལ་ཕུལ་ཏེ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་བཞེས་སུ་གསོལ། བདེ་བར་གཤེགས་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཚངས་པའི་གཞལ་མེད་ཁང་འདི་དག་ཡོངས་སུ་སྤྱད་དུ་གསོལ་ཞེས་གསོལ་ཏོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་རང་རང་གི་གཞལ་མེད་ཁང་དེ་དག་བཅོམ་ལྡན་འདས་དེ་ལ་ཕུལ་ནས། དེའི་ཚེ་བཅོམ་ལྡན་འདས་དེ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཁམས་


DKG051_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དག་ན་སེམས་ཅན་རྣམས། །བཅིངས་པ་གང་དག་འགྲོལ་བ་ཡི། །འཇིག་རྟེན་མགོན་པོ་སྐྱོབ་མཛད་པ། །སངས་རྒྱས་རྣམས་ནི་མཐོང་བ་ལེགས། །འཇིག་རྟེན་དབང་པོ་ཀུན་ཏུ་སྤྱན། །ཕྱོགས་བཅུར་རྣམ་པར་གཟིགས་མཛད་ཅིང་། །འཆི་བ་མེད་པའི་སྒོ་ཕྱེ་ནས། །སྐྱེ་བོ་མང་པོ་ཤིན་ཏུ་སྒྲོལ། །སྔོན་ཆད་བསྐལ་པ་བསམ་མི་ཁྱབ། །འདས་པ་དེ་དག་སྟོངས་གྱུར་ཏེ། །རྒྱལ་བ་དབང་པོ་མ་མཐོང་བས། །ཕྱོགས་བཅུ་དག་ནི་ལྡོངས་པར་གྱུར། །མི་བཟད་སེམས་ཅན་དམྱལ་བ་དང་། །ལྷ་མིན་དུད་འགྲོ་སྐྱེ་གནས་འཕེལ། །སྲོག་ཆགས་བྱེ་བ་ཕྲག་སྟོང་ནི། །ཡི་དགས་རྣམས་སུ་སྐྱེ་བར་འགྱུར། །ལྷ་མི་ལུས་ལས་ཉམས་ནས་ནི། །འཆི་ཞིང་འཕོས་ནས་ངན་འགྲོར་མཆིས། །སངས་རྒྱས་རྣམས་ཀྱི་ཆོས་མ་ཐོས། །དེ་ཡིས་འགྲོ་བ་སྡིག་ཅན་གྱུར། །སྲོག་ཆགས་ཀུན་གྱི་སྤྱོད་དག་པའི། །རྒྱུད་ཀྱི་ཤེས་རབ་ཉམས་པར་གྱུར། །དེ་དག་བདེ་བ་རྣམ་པར་ཞིག །བདེ་བའི་འདུ་ཤེས་ཞིག་པར་གྱུར། །དེ་དག་ཆོ་ག་ལོག་པ་ལགས། །དམ་ཆོས་མ་ལགས་རྣམས་ལ་གནས། །འཇིག་རྟེན་མགོན་གྱིས་མ་བརྟུལ་བས། །ངན་འགྲོ་རྣམས་སུ་དེ་དག་ལྟུང་། །དགེ་བ་འཇིག་རྟེན་སྒྲོན་མ་ཡི། །ཤིན་ཏུ་རིང་ནས་བྱོན་པར་འགྱུར། །སེམས་ཅན་ཀུན་གྱི་སླད་དུ་ཡང་། །རྗེས་སུ་ཐུགས་བརྩེ་འདིར་བྱུང་ངོ་། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དགའ་ཞིང་བདེ་བར་རབ་ཏུ་བརྙེས། །ལྷ་དང་བཅས་པའི་འཇིག་རྟེན་དང་། །བདག་ཅག་ཁྱོད་ལ་རྗེས་ཡི་རང་། །གཙོ་བོ་ཁྱོད་ཀྱི་མཐུ་ཡིས་ནི། །གཞལ་མེད་ཁང་དག་རྣམ་བཀྲ་བ། །དཔའ་བོ་ཆེན་པོ་ཁྱོད་ལ་འབུལ། །ཐུབ་པ་ཆེན་པོ་བཞེས་སུ་གསོལ། །བདག་ཅག་རྣམས་ལ་ཐུགས་བརྩེའི་སླད། །རྣམ་འདྲེན་ཡོངས་སུ་སྤྱད་དུ་གསོལ། །བདག་ཅག་རྣམས་དང་སེམས་ཅན་ཀུན། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེའི་སྤྱན་སྔར་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་


DKG051_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་བཤད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཇིག་རྟེན་འདི་དག་རྗེས་སུ་གཟུང་དུ་གསོལ། བཅོམ་ལྡན་འདས་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་རྣམས་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པ་ལ་ཆོས་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་སྨན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྐྱེ་བོ་ཕལ་པོ་ཆེ་དང་ལྷ་དང་མི་རྣམས་ཀྱི་དོན་དང་སྨན་པ་དང་བདེ་བར་འགྱུར་རོ། །དགེ་སློང་དག་དེ་ནས་ཚངས་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ལྔ་བཅུ་པོ་དེ་དག་གིས་སྒྲ་སྐད་གཅིག་ཏུ་འཐུན་པར་བརྗོད་དེ། བཅོམ་ལྡན་འདས་དེ་ལ་ཚུལ་དང་འདྲ་བའི་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །འཁོར་ལོ་བླ་མེད་དམ་པ་བསྐོར་དུ་གསོལ། །འཆི་བ་མེད་པའི་རྔ་ཡང་བརྡུང་དུ་གསོལ། །སེམས་ཅན་སྡུག་བསྔལ་བརྒྱ་ལས་ཐར་བར་མཛོད། །མྱ་ངན་འདས་པའི་ལམ་ཡང་བསྟན་དུ་གསོལ། །བདག་ཅག་གསོལ་བ་བཞིན་དུ་ཆོས་གསུང་ཞིང་། །འཇིག་རྟེན་འདི་དང་བདག་ཅག་རྗེས་སུ་ཟུང་། །བསྐལ་པ་བྱེ་བ་སྟོང་དུ་བསྒྲུབས་པ་ཡི། །གསུང་སྙན་འཇམ་པ་དེ་དག་དབྱུང་དུ་གསོལ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དེ་དག་དང་སྲས་རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་གིས་གསོལ་བ་བཏབ་པར་མཁྱེན་ནས། དེའི་ཚེ་དགེ་སྦྱོང་ངམ་བྲམ་ཟེའམ་ལྷའམ་བདུད་དམ་ཚངས་པའམ་གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པས་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་ལྟ་སྟེ། འདི་ནི་སྡུག་བསྔལ་བའོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །དགེ་སློང་དག་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ།


DKG051_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་བྱ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་འཇུག་པ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཏོ། །དགེ་སློང་དག་དེ་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེས། ཆོས་ཀྱི་འཁོར་ལོ་འདི་ལྷ་དང་བཅས་བདུད་དང་བཅས་ཚངས་པ་དང་བཅས་པའི་འཇིག་རྟེན་དང་དགེ་སྦྱོང་དང་བྲམ་ཟེར་བཅས་པའི་འཁོར་གྱིས་མདུན་དུ་བསྐོར་ནས། སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དྲུག་ཅུ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ནས། དེ་དག་ཐམས་ཅད་ཀྱང་རིག་པ་གསུམ་དང་ལྡན་པ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པ་དང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་གྱུར་ཏོ། །དགེ་སློང་དག་དེ་ནས་ཡང་མཐར་གྱིས། བཅོམ་ལྡན་འདས་དེ་ཆོས་བསྟན་པ་ལན་གཉིས་སུ་མཛད་དེ། དེ་བཞིན་ལན་གསུམ་


DKG051_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལན་བཞིའི་བར་དུ་ཆོས་བསྟན་པ་མཛད་དོ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེའི་ཆོས་བསྟན་པ་ལན་རེ་རེ་ལ་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གང་གཱའི་ཀླུང་གི་བྱེ་མ་སྙེད་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་དག་དེའི་འོག་ཏུ་བཅོམ་ལྡན་འདས་དེའི་ཉན་ཐོས་ཀྱི་དགེ་འདུན་བགྲང་བ་ལས་འདས་པ་བྱུང་ངོ་། །དགེ་སློང་དག་དེ་ནས་ཡང་དེའི་ཚེ་རྒྱལ་བུ་བཅུ་དྲུག་པོ་དེ་དག་གཞོན་ནུར་གྱུར་བཞིན་དུ་དད་དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་དེ་དག་ཐམས་ཅད་དགེ་ཚུལ་ཕར་གྱུར་ཏེ། མཛངས་ཤིང་གསལ་ལ་ཡིད་རྣོ་ཞིང་མཁས་ཏེ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་སྤྱད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བ་སྟེ། དགེ་སློང་དག་དེ་ནས་དགེ་ཚུལ་བཅུ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་འདི་དག་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དང་དབང་ཆེ་བར་ཡོངས་སུ་གྲུབ་པོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བརྩམས་ཏེ་ཆོས་བསྟན་དུ་གསོལ། བདག་ཅག་ཀྱང་དེ་བཞིན་གཤེགས་པའི་རྗེས་སུ་སློབ་བོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་ཡེ་ཤེས་བདག་ཅག་མཐོང་བར་འཚལ་ལོ། །བདག་ཅག་གི་དོན་འདི་ལ་བཅོམ་ལྡན་འདས་ཉིད་མངོན་སུམ་སྟེ། བཅོམ་ལྡན་འདས་ཁྱོད་སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པས། བདག་ཅག་གི་བསམ་པ་ཡང་མཁྱེན་ཏོ། །དགེ་སློང་དག་དེ་ནས་དེའི་ཚེ་ན་རྒྱལ་བུ་གཞོན་ནུ་བྱིས་པ་ཁྱེའུ་རབ་ཏུ་བྱུང་བ་དགེ་ཚུལ་དེ་དག་མཐོང་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེའི་འཁོར་དུ་གྱུར་པ་ཇི་སྙེད་ཡོད་པའི་ཕྱེད་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་རབ་ཏུ་བྱུང་བར་གྱུར་ཏོ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG051_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེས་དགེ་ཚུལ་དེ་དག་གིས་གསོལ་བ་བཏབ་པ་མཁྱེན་ཏེ། བསྐལ་པ་ཉི་ཁྲི་འདས་ནས་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་མདོ་སྡེ་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་བ་དེ་འཁོར་བཞི་པོ་དེ་དག་ཐམས་ཅད་ལ་རྒྱ་ཆེར་རབ་ཏུ་བསྟན་ཏོ། །དགེ་སློང་དག་དེ་ནས་ཡང་དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་བཤད་པ་དགེ་ཚུལ་བཅུ་དྲུག་པོ་དེ་དག་གིས་བླངས་སོ་བཟུང་ངོ་། །ཀུན་ཆུབ་པར་བྱས་སོ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེས། དགེ་ཚུལ་བཅུ་དྲུག་པོ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དགེ་སློང་དག་དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ལ། ཉན་ཐོས་རྣམས་དང་། དགེ་ཚུལ་བཅུ་དྲུག་པོ་དེ་དག་མོས་པར་གྱུར་ཏོ། །སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ནི་ཐེ་ཚོམ་ཟ་བར་གྱུར་ཏོ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེས། དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་བསྐལ་པ་བརྒྱ་སྟོང་གི་བར་དུ་མི་མནོ་བར་བསྟན་ནས། ནང་དུ་ཡང་དག་འཇོག་ལ་འཇུག་པའི་ཕྱིར་གཙུག་ལག་ཁང་དུ་ཞུགས་སོ། །དགེ་སློང་དག་དེ་བཞིན་གཤེགས་པ་དེ་འདི་ལྟར་བསྐལ་པ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གཙུག་ལག་ཁང་དུ་གནས་ཏེ་ནང་དུ་ཡང་དག་འཇོག་ལ་ཞུགས་སོ། །དགེ་སློང་དག་དེ་ནས་དགེ་ཚུལ་བཅུ་དྲུག་པོ་དེ་དག་གིས། བཅོམ་ལྡན་འདས་དེ་ནང་དུ་ཡང་དག་འཇོག་ལ་ཞུགས་པར་རིག་ནས་སོ་སོ་ནས་ཆོས་ཀྱི་སྟན་སེང་གེའི་ཁྲི་བཤམས་ཏེ། དེ་དག་ལ་འཁོད་ནས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་འཁོར་བཞི་པོ་དག་ལ་བསྐལ་པ་བརྒྱད་ཁྲི་བཞི་སྟོང་དུ་རྒྱ་ཆེར་རབ་ཏུ་བསྟན་ཏོ། །དགེ་སློང་དག་དེ་ན་དགེ་


DKG051_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུ་དྲུག་ཅུའི་བྱེ་མ་སྙེད་ལ་ཡང་དག་པར་བསྟན་ཏེ། ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས། ཡང་དག་པར་འཛིན་དུ་བཅུག །ཞུགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དགེ་སློང་དག་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པའི་ཡེ་ཤེས་ཆེན་པོས་ཟིལ་གྱིས་གནོན་པ་དེ། བསྐལ་པ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་འདས་ནས། དྲན་པ་དང་ལྡན་ཞིང་མཁྱེན་བཞིན་དུ་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཅོམ་ལྡན་འདས་དེ་བཞེངས་ནས་ཆོས་ཀྱི་གདན་ག་ལ་བ་དེར་བཞུད་དེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ། །དགེ་སློང་དག་དེ་ནས་བཅོམ་ལྡན་འདས་དེ་ཆོས་ཀྱི་གདན་དེ་ལ་བཞུགས་མ་ཐག་ཏུ། དེ་ནས་འཁོར་འདུས་པ་ཐམས་ཅད་ལ་གཟིགས་ནས་དགེ་སློང་གི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དག་དགེ་ཚུལ་བཅུ་དྲུག་པོ་འདི་དག་ངོ་མཚར་དུ་གྱུར་པ་རྨད་དུ་གྱུར་པ་ཤེས་རབ་དང་ལྡན་པ་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ་ཤིན་ཏུ་སྤྱོད་པ་སྤྱད་པ་སངས་རྒྱས་ཀྱི་ཡེ་ཤེས་འཛིན་དུ་འཇུག་པ་སངས་རྒྱས་ཀྱི་ཡེ་ཤེས་ལ་འཛུད་པ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་སྟོན་པ་ཡིན་གྱིས། དགེ་སློང་དག་དགེ་ཚུལ་བཅུ་དྲུག་པོ་འདི་དག་ལ་ཕྱིར་ཞིང་བསྙེན་བཀུར་གྱིས་ཤིག །དགེ་སློང་དག་ཉན་ཐོས་ཀྱི་ཐེག་པ་ཅན་ནམ་རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་ཡང་རུང་སྟེ། གང་དག་ཁ་ཅིག་རིགས་ཀྱི་བུ་འདི་དག་གིས་ཆོས་བཤད་པ་ལ་མི་སྤོང་མི་སྨོད་པ་དེ་དག་ཐམས་ཅད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དགེ་སློང་དག་རིགས་ཀྱི་བུ་བཅུ་དྲུག་པོ་དེ་དག་གིས་བཅོམ་ལྡན་འདས་དེའི་བསྟན་པ་ལ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཡང་དང་ཡང་དུ་རབ་ཏུ་བསྟན་ཏོ། །དགེ་སློང་དག་དགེ་ཚུལ་བྱང་ཆུབ་སེམས་དཔའ་སེམས་དཔའ་


DKG051_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་བཅུ་དྲུག་པོ་བྱང་ཆུབ་སེམས་དཔའ་དེ་དག་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་དྲུག་ཅུ་དྲུག་ཅུའི་བྱེ་མ་སྙེད་བྱང་ཆུབ་ཏུ་ཡང་དག་པར་བཙུད་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་དེ་དག་ཉིད་དང་། ཚེ་རབས་དེ་དང་དེ་དག་ཏུ་རབ་ཏུ་བྱུང་སྟེ་དེ་དག་ལ་ལྟ་ཞིང་དེ་དག་ལ་ཆོས་ཉན་ཏོ། །དེ་དག་གིས་སངས་རྒྱས་བྱེ་བ་སྟོང་ཕྲག་བཞི་བཅུ་མཉེས་པར་བྱས་སོ། །ཁ་ཅིག་ནི་ད་དུང་ཡང་མཉེས་པར་བྱེད་དོ། །དགེ་སློང་དག་ཁྱེད་མོས་པར་བྱ་ཁོང་དུ་ཆུད་པར་བྱའོ། །རྒྱལ་བུ་གཞོན་ནུ་བཅུ་དྲུག་པོ་དེ་དག་གཞོན་ནུར་གྱུར་བཞིན་དུ་བཅོམ་ལྡན་འདས་དེའི་བསྟན་པ་ལ་དགེ་ཚུལ་ཆོས་སྨྲ་བར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་དག་ཐམས་ཅད་ད་ལྟ་ན་བཞུགས་ཏེ་འཚོ་ཞིང་གཞེས་སོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ན་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཏོ། །དགེ་སློང་དག་འདི་ལྟ་སྟེ། ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོ་བརྩེགས་པ་ཞེས་བྱ་བའོ། །དགེ་སློང་དག་ཤར་ལྷོའི་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྒྲ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་རྒྱལ་མཚན་ཞེས་བྱ་བའོ། །དགེ་སློང་དག་ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་གནས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བའོ། །དགེ་སློང་དག་ལྷོ་ནུབ་


DKG051_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་རྒྱལ་མཚན་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པའི་རྒྱལ་མཚན་ཞེས་བྱ་བའོ། །དགེ་སློང་དག་ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་གནོད་པ་དང་སྐྱོ་བ་ལས་རབ་ཏུ་རྒལ་བ་ཞེས་བྱ་བའོ། །དགེ་སློང་དག་ནུབ་བྱང་གི་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏ་མ་ལའི་འདབ་མ་དང་ཙན་དན་གྱི་དྲི་མངོན་པར་ཤེས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷུན་པོ་ལྟ་བུ་ཞེས་བྱ་བའོ། །དགེ་སློང་དག་བྱང་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་སྒྲ་མར་མེ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་སྒྲ་རྒྱལ་པོ་ཞེས་བྱ་བའོ། །དགེ་སློང་དག་བྱང་ཤར་གྱི་ཕྱོགས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ཀྱི་འཇིགས་པ་དང་ཕམ་པ་དང་བག་ཚ་བ་རྣམ་པར་འཇོམས་པ་ཞེས་བྱ་བའོ། །དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ནི་བཅུ་དྲུག་པ་སྟེ། དབུས་ཀྱི་འཇིག་རྟེན་གྱི་ཁམས་མི་མཇེད་འདིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །དགེ་སློང་དག་དགེ་ཚུལ་དུ་གྱུར་པ་ངེད་ལས་སེམས་ཅན་གང་དག་གིས་ཆོས་ཐོས་ཤིང་། བཅོམ་ལྡན་འདས་དེའི་བསྟན་པ་ལ་བྱང་ཆུབ་སེམས་དཔའ་རེ་རེས་ཀྱང་། སེམས་ཅན་བརྒྱ་སྟོང་ཕྲག་མང་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ངེད་ཀྱིས་སོ་སོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཙུད་པ་དེ་དག །དགེ་སློང་དག་ད་དུང་ཉན་ཐོས་ཀྱི་ས་ན་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་གོ་རིམས་ནི་དེ་ལྟའོ། ། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཡེ་ཤེས་ལ་མོས་པར་དཀའ་བའི་ཕྱིར་རོ། །དགེ་སློང་དག་ང་བྱང་ཆུབ་


DKG051_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔར་གྱུར་པས། བཅོམ་ལྡན་འདས་དེའི་བསྟན་པ་ལ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དཔག་ཏུ་མེད་བགྲང་དུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་དག་ཐམས་ཅད་མཁྱེན་པའི་ཆོས་ཐོས་པར་བྱ་བའི་སེམས་ཅན་དེ་དག་གང་ཞེ་ན་དགེ་སློང་དག་དེ་དག་ནི་ཁྱེད་ཡིན་ཏེ་དེའི་ཚེ་དེའི་དུས་ན་སེམས་ཅན་དག་ཏུ་གྱུར་ཏོ། །དགེ་སློང་དག་ང་མྱ་ངན་ལས་འདས་ནས་མ་འོངས་པའི་དུས་ན་ཉན་ཐོས་གང་དག་འབྱུང་བ་དེ་དག །བྱང་ཆུབ་སེམས་དཔའི་སྤྱོད་པ་ཉན་ཀྱང་བདག་ཅག་བྱང་ཆུབ་སེམས་དཔའ་ཡིན་པར་མི་ཤེས་པས། དེ་དག་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འདུ་ཤེས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགེ་སློང་དག་འོན་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ན། ང་མིང་གཞན་དང་གཞན་དག་གིས་གནས་པ་དེར་དེ་དག་དེ་བཞིན་གཤེགས་པའི་ཡེ་ཤེས་ཚོལ་ཞིང་སྐྱེ་བར་འགྱུར་རོ། །དེ་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་གཅིག་པུ་སྟེ། འདི་ལས་གུད་ན་མྱ་ངན་ལས་འདའ་བ་གཉིས་སུ་གཞན་དག་མེད་དོ། །ཞེས་དེ་ལྟ་བུའི་བྱ་བ་འདི་ཉན་པར་འགྱུར་རོ། །དགེ་སློང་དག་ཆོས་བསྟན་པ་མངོན་པར་བསྒྲུབ་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པར་རིག་པར་བྱ་སྟེ། དགེ་སློང་དག་གང་གི་ཚེ་ན་དེ་བཞིན་གཤེགས་པ་བདག་ཉིད་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ཀྱང་གཟིགས་ལ་འཁོར་ཡོངས་སུ་དག་ཅིང་མོས་པ་སྙིང་པོར་བྱེད་པ། སྟོང་པའི་ཆོས་རྟོགས་པར་བྱེད་པ། སྟོང་པའི་ཆོས་རྟོགས་པར་ཁོང་དུ་ཆུད་པ། བསམ་གཏན་དང་ལྡན་པ་བསམ་གཏན་ཆེན་པོ་དང་ལྡན་པ་ཡང་གཟིགས་ན། དགེ་སློང་དག་དེ་བཞིན་གཤེགས་པ་དུས་ལ་བབ་པར་མཁྱེན་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་ཉན་ཐོས་ཐམས་ཅད་བསགས་ཏེ་ཕྱིས་དོན་འདི་ཡང་དག་པར་སྒྲོགས་སོ། །དགེ་སློང་དག་འཇིག་རྟེན་ན་ཐེག་པའམ་ཡོངས་སུ་མྱ་ངན་ལས་འདས་པ་གཉིས་སུ་གང་ཡང་མེད་ན་གསུམ་དུ་ལྟ་ཅི་སྨོས། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་སྟེ། སེམས་ཅན་ཡུན་རིང་དུ་མ་རུང་ཞིང་དམན་པ་ལ་དགའ་བ་འདོད་པ་ལ་ཆགས་པར་མཁྱེན་ནས། དགེ་སློང་དག་དེ་དག་གང་ལ་མོས་པ་བཞིན་དུ་དེ་དག་ལ་དེ་བཞིན་


DKG051_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་མྱ་ངན་ལས་འདས་པ་དེ་འཆད་དོ། །དགེ་སློང་དག་འདི་ལྟ་སྟེ་དཔེར་ན། འདི་ལྟར་རིན་པོ་ཆེའི་གླིང་ལ་འདོང་བའི་ཕྱིར་འབྲོག་དགོན་པ་དཔག་ཚད་ལྔ་བརྒྱ་པ་དེར་སྐྱེ་བོའི་ཚོགས་ལྷགས་པར་གྱུར་ཏེ། དེ་དག་གི་ནང་ན་ལམ་མཚོན་པ་མཛངས་ཤིང་གསལ་ལ། ཡིད་གཞུངས་ཤིང་མཁས་པ་གཅིག་པུ་ཞིག་ཡོད་པ་དེས་མྱ་ངམ་དཀོན་པ་དེ་ལས་འདྲོན་པ་མང་པོ་དེ་དག་སྒྲོལ་ལོ། །དེ་ནས་སྐྱེ་བོ་ཕལ་པོ་ཆེ་དེ་དག་ངལ་ཞིང་ཆད་དེ་སྐྲག་ནས་འདི་སྐད་ཅེས། ཀྱེ་འཕགས་པ་མཚོན་མ་ཡོངས་སུ་འདྲེན་པ་བདག་ཅག་ངལ་ཞིང་ཆད་དེ་འཇིགས་ཤིང་སྐྲག་པས་མྱ་ངན་དེ་ལས་མ་འདས་པར་མཁྱེན་པར་མཛོད་ཅིག །འབྲོག་དགོན་པ་འདི་ནི་ཤིན་ཏུ་རིང་བས་སླར་ལྡོག་གོ་ཞེས་བྱས་པ་དང་། དགེ་སློང་དག་དེ་ནས་མཚོན་མ་དེ་དག་ཐབས་མཁས་པས་མི་དེ་དག་སླར་ལྡོག་པར་འདོད་པར་ཤེས་ནས་འདི་སྙམ་དུ་ཉོན་མོངས་འདི་དག་རིན་པོ་ཆེའི་གླིང་ཆེན་པོ་དེ་ལྟ་བུར་མི་འགྲོ་བར་གྱུར་ན་མི་རུང་ངོ་སྙམ་དུ་བསམས་ནས་དེས་དེ་དག་ལ་སྙིང་བརྩེ་བའི་ཕྱིར་ཐབས་མཁས་པ་སྦྱར་ཏེ། དགོན་པའི་དབུས་སུ་དཔག་ཚད་བརྒྱའམ་དཔག་ཚད་ཉིས་བརྒྱ་འདས་པ་དང་རྫུ་འཕྲུལ་གྱི་གྲོང་ཁྱེར་མངོན་པར་སྤྲུལ་ནས་དེ་ནས་དེས་མི་དེ་དག་ལ་འདི་སྐད་ཅེས། ཁྱེད་ཅག་མ་འཇིགས་ཤིག །སླར་མ་ལྡོག་པར་ཡུལ་ཆེན་པོ་འདིར་ངལ་སོས་ཤིག་བྱ་བ་གང་དག་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་འདིར་གྱིས་ཤིག །འདིར་མྱ་ངན་ལས་འདའ་བ་ཐོབ་པར་གནས་པར་གྱིས་ཤིག །འདིར་ངལ་སོས་ནས་སུ་ལ་དགོངས་པར་གྱུར་པ་དེ་ནི་རིན་པོ་ཆེའི་གླིང་ཆེན་པོ་དེར་འདོང་ངོ་ཞེས་བསྒོ་བ་དང་། དགེ་སློང་དག་དེ་ནས་དགོན་པར་ཕྱིན་པའི་མི་དེ་དག་བདག་ཅག་ནི་འབྲོག་དགོན་པ་ལས་ཐར་ནས་འདིར་མྱ་ངན་ལས་འདའ་བ་ཐོབ་སྟེ་གནས་སོ་སྙམ་ནས་ངོ་མཚར་ཐོབ་པར་གྱུར་ཏོ། །དགེ་སློང་དག་དེ་ནས་མི་དེ་དག་རྫུ་འཕྲུལ་གྱི་གྲོང་ཁྱེར་དེར་ཞུགས་ནས་ཕྱིན་པ་སྙམ་དུ་འདུ་ཤེས་པར་གྱུར། རྒལ་བ་སྙམ་དུ་འདུ་ཤེས་པར་གྱུར། མྱ་ངན་ལས་འདས་པར་འདུ་ཤེས་པར་གྱུར། བདག་ཅག་མྱ་ངན་ལས་འདས་ཤིང་བསིལ་བར་གྱུར་པར་སེམས་པར་གྱུར་ཏོ། །དེ་ནས་མཚོན་མས་དེ་དག་ངལ་སོས་པར་ཤེས་ནས་རྫུ་འཕྲུལ་གྱི་གྲོང་ཁྱེར་དེ་མི་སྣང་བར་བྱས་སོ། །མི་སྣང་བར་བྱས་ནས་མི་དེ་


DKG051_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དག་ལ་འདི་སྐད་ཅེས་གྲོང་ཁྱེར་ཆེན་པོ་འདི་ནི་ཁྱེད་ངལ་བསོ་བའི་ཕྱིར་ཁོ་བོས་སྤྲུལ་པ་ཡིན་ཏེ། རིན་པོ་ཆེའི་གླིང་ཆེན་པོ་དེ་དང་ཡང་ཉེ་བས་སེམས་ཅན་ཁྱེད་་འདོང་ངོ་ཞེས་བསྒོ་བ་དེ་བཞིན་དུ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། ཁྱེད་དང་སེམས་ཅན་ཐམས་ཅད་ཀྱི་མཚོན་མའོ། །དགེ་སློང་དག་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། འདི་ལྟར་ཉོན་མོངས་པའི་དགོན་པ་ཆེན་པོ་འདི་ལ་སྐྱོ་བར་བྱ། བཟླ་བར་བྱ་སྤང་བར་བྱ་ན། སེམས་ཅན་འདི་དག་སངས་རྒྱས་ཀྱི་ཡེ་ཤེས་གཅིག་པུ་ཐོས་ནས་སྔངས་ཏེ་ཕྱིར་ལྡོག་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་བསྒྲུབ་པ་འདི་ཉོན་མོངས་པ་མང་ངོ་ཞེས་མི་འཇུག་པར་མི་འགྱུར་གྲང་ཞེས་གཟིགས་ཏེ། དེ་ལ་དེ་བཞིན་གཤེགས་པས་སེམས་ཅན་བསམ་པའི་སྟོབས་ཆུང་བར་མཁྱེན་ནས། ཇི་ལྟར་མཚོན་མ་དེས་སེམས་ཅན་དེ་དག་ངལ་བསོ་བའི་ཕྱིར་རྫུ་འཕྲུལ་གྱི་གྲོང་ཁྱེར་དེ་མངོན་པར་སྤྲུལ་ཏེ། སེམས་ཅན་དེ་དག་ངལ་བསོས་ནས་འདི་ནི་རྫུ་འཕྲུལ་གྱི་གྲོང་ཁྱེར་ཡིན་ནོ། །ཞེས་བསྒོ་བ་དེ་བཞིན་དུ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་པ་ཆེན་པོས་སེམས་ཅན་རྣམས་ངལ་བསོ་བའི་ཕྱིར། བར་དུ་མྱ་ངན་ལས་འདའ་བའི་ས་གཉིས་བཤད་ཅིང་རབ་ཏུ་བསྟན་ཏེ། འདི་ལྟར་ཉན་ཐོས་ཀྱི་ས་དང་རང་སངས་རྒྱས་ཀྱི་ས་སྟེ། དགེ་སློང་དག་གང་གི་དུས་ན་སེམས་ཅན་དེ་དག་དེ་ལ་གནས་པར་གྱུར་པ་དེ་ན། དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འདི་སྐད་དུ། དགེ་སློང་དག་ཁྱེད་བྱ་བ་བྱས་པ་མ་ཡིན་ཏེ་བྱེད་པ་བྱས་པ་མ་ཡིན་ལ། དགེ་སློང་དག་ཁྱེད་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཉེ་བར་གྱུར་གྱིས་ལྟོས་ཤིག །རྟོགས་ཤིག །གང་ཁྱེད་ཀྱི་མྱ་ངན་ལས་འདས་པ་དེ་མྱ་ངན་ལས་འདས་པ་མ་ཡིན་ཏེ། དགེ་སློང་དག་གང་ཐེག་པ་གསུམ་དུ་བཤད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཐབས་མཁས་པའོ་ཞེས་ཡང་དག་པར་སྒྲོགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱས་པར་བསྟན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་


DKG051_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ཏོ། །མངོན་ཤེས་ཡེ་ཤེས་ཟིལ་གནོན་འཇིག་རྟེན་འདྲེན། །འདི་ལྟར་བྱང་ཆུབ་སྙིང་པོར་ཞུགས་གྱུར་པ། །དེ་ཡང་བར་གྱི་བསྐལ་པ་བཅུ་ཚང་བར། །དོན་དམ་གཟིགས་པ་བྱང་ཆུབ་མ་བརྙེས་སོ། །ལྷ་དང་ཀླུ་དང་ལྷ་མིན་གསང་བ་པ། །རྒྱལ་བ་དེ་ལ་རབ་ཏུ་མཆོད་པར་བརྩོན། །མི་ཡི་འདྲེན་པ་བྱང་ཆུབ་སངས་རྒྱས་ལ། །དེར་ནི་མེ་ཏོག་ཆར་པ་རབ་ཏུ་ཕབ། །རྒྱལ་བ་དེ་ལ་མཆོད་ཅིང་བཀུར་སྟིའི་ཕྱིར། །སྟེང་གི་མཁའ་ལ་དེ་དག་རྔ་རྡུང་ངོ་། །རིང་ནས་བླ་ན་མེད་པའི་གནས་རྟོགས་ཕྱིར། །དེ་ནས་རྒྱལ་བ་ཤིན་ཏུ་སྡུག་བསྔལ་གྱུར། །དེ་ནས་བར་གྱི་བསྐལ་པ་བཅུ་འདས་ནས། །བཅོམ་ལྡན་ཟིལ་གནོན་དེ་ཡིས་བྱང་ཆུབ་ཐོབ། །དེ་ཚེ་ལྷ་མིན་ཀླུ་དང་ལྷ་མ་ཡིན། །ཐམས་ཅད་རབ་ཏུ་དགའ་ཞིང་མགུ་བར་གྱུར། །ཡོན་ཏན་ཕྱུག་པ་མི་གཙོ་དེ་ཡི་སྲས། །གཞོན་ནུར་གྱུར་པ་དཔའ་བོ་བཅུ་དྲུག་རྣམས། །སྲོག་ཆགས་བྱེ་བ་སྟོང་གིས་མདུན་བདར་ཏེ། ། རྐང་གཉིས་དབང་པོ་མཆོག་དེའི་དྲུང་དུ་འདོང་། །རྣམ་པར་འདྲེན་གྱི་ཞབས་ལ་ཕྱག་འཚིལ་ནས། །མི་དབང་སེང་གེས་འདིར་ནི་ལེགས་བཤད་པས། བདག་ཅག་འཇིག་རྟེན་འདི་རྣམས་ཚིམ་མཛད་ཅིང་། །ཆོས་རབ་བསྟན་དུ་གསོལ་ཞེས་གསོལ་བ་བཏབ། །རིང་ནས་ཕྱོགས་བཅུའི་འཇིག་རྟེན་འདི་རྣམས་སུ། །རྣམ་འདྲེན་ཆེན་པོ་བྱུང་བར་རབ་ཏུ་རིག །ལྟས་ཀྱིས་སྲོག་ཆགས་རྣམས་ནི་བསྐུལ་བའི་ཕྱིར། །ཚངས་པའི་གཞལ་མེད་ཁང་རྣམས་རབ་ཏུ་བསྐྱོད། །ཤར་གྱི་ཕྱོགས་སུ་ཞིང་རྣམས་བྱེ་བ་ཕྲག །སྟོང་ཕྲག་ལྔ་བཅུ་དེ་དག་གཡོས་པར་གྱུར། །དེ་ནས་ཚངས་པ་གཞལ་མེད་ཁང་མཆོག་དག །དེ་དག་རབ་ཏུ་གཟི་བརྗིད་ལྡན་པར་གྱུར། །དེ་དག་སྔ་ལྟས་འདི་འདྲ་རིག་གྱུར་ནས། །འཇིག་རྟེན་འདྲེན་དབང་དྲུང་དུ་ཉེ་བར་ལྷགས། །འདྲེན་པ་དེ་ལ་མེ་ཏོག་མངོན་པར་འཐོར། །དེ་ལ་གཞལ་མེད་ཁང་དེ་ཐམས་ཅད་ཕུལ། །འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་འདེབས། །ཚིགས་སུ་བཅད་པའི་དབྱངས་ཀྱིས་མངོན་པར་བསྟོད། །ད་དུང་ང་ཡི་ཆོས་བཤད་དུས་མིན་ཞེས། །མི་དབང་རྒྱལ་པོ་དེ་ནི་མི་གསུང་གྱུར། །དེ་བཞིན་དུ་ནི་ལྷོ་ཡི་ཕྱོགས་ལོགས་དང་། །དེ་བཞིན་དུ་ཡང་ནུབ་དང་འོག་དང་བྱང་། །སྟེང་གི་ཕྱོགས་དང་ཕྱོགས་མཚམས་


DKG051_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཏེ། ཚངས་པ་བྱེ་བ་ཕྲག་སྟོང་ལྷགས་གྱུར་ནས། །འདྲེན་པ་དེ་ལ་མངོན་པར་ཡང་གཏོར་ཏེ། །རྣམ་པར་འདྲེན་པའི་ཞབས་ལ་ཕྱག་འཚལ་ནས། །གཞལ་མེད་ཁང་རྣམས་ཐམས་ཅད་དེར་ཕུལ་ཏེ། །མངོན་པར་བསྟོད་པ་བྱས་ནས་ཡང་གསོལ་པ། །མཐའ་ཡས་སྤྱན་ལྡན་འཁོར་ལོ་བསྐོར་དུ་གསོལ། །བསྐལ་པ་བྱེ་བ་མང་ཁྱོད་རྙེད་རབ་དཀའ། །སྔོན་ཆད་བྱམས་པའི་སྟོབས་བསྙེན་བསྟན་དུ་གསོལ། །འཆི་བ་མེད་པའི་སྒོ་ཡང་དབྱེ་བར་གསོལ། །གསོལ་བ་མཐའ་ཡས་སྤྱན་གྱིས་མཁྱེན་ནས་ནི། །རྣམ་པ་མང་པོར་ཆོས་རྣམས་རབ་བསྟན་པ། །བདེན་པ་བཞི་རྣམས་རབ་ཏུ་རྒྱས་པ་དང་། དངོས་པོ་འདི་དག་ཐམས་ཅད་རྟེན་ནས་བྱུང་། །མ་རིག་ལ་སོགས་འཆི་བཞི་སྡུག་བསྔལ་ཡང་། །མཐའ་ཡས་པར་ནི་སྤྱན་དང་ལྡན་པས་གསུངས། །སྐྱེ་བ་ལས་ནི་ཉེས་པ་འདི་ཀུན་བྱུང་། །མི་ཡི་འཆི་བདག་འདི་ཡང་ཤེས་པར་གྱིས། །རྣམ་པ་མང་པོ་སྣ་ཚོགས་མཐའ་ཡས་པ། །ཆོས་རྣམས་དེ་ཡིས་བཤད་མ་ཐག་ཏུ་ཡང་། །ཐོས་ནས་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག །བརྒྱད་ཅུ་ཉན་ཐོས་ས་ལ་མྱུར་དུ་གནས། །རྒྱལ་བ་དེ་ཡི་ཆོས་མང་བཤད་པ་ནི། །གཞན་ཡང་ལན་གཉིས་སུ་ནི་གྱུར་པ་ན། །སེམས་ཅན་གང་གཱའི་བྱེ་སྙེད་རྣམ་དག་སྟེ། །སྐད་ཅིག་གིས་ནི་དེ་ཀུན་ཉན་ཐོས་གྱུར། །དེ་ཡི་འོག་ཏུ་དེ་ཚེ་འཇིག་རྟེན་གྱི། །རྣམ་འདྲེན་དེ་ཡི་དགེ་འདུན་གྲངས་མེད་བྱུང་། །བསྐལ་པ་ཁྲག་ཁྲིག་བྱེ་བར་བགྲངས་ན་ཡང་། །རེ་རེ་ལ་ཡང་དེ་དག་མཐར་མི་ཕྱིན། །རྒྱལ་བུ་བཅུ་དྲུག་པོ་ནི་དེ་དག་ཀྱང་། །ཐམས་ཅད་གཞོན་ནུར་གྱུར་པ་སྙིང་གི་བུ། །འདྲེན་པ་ཁྱོད་ཀྱིས་ཆོས་མཆོག་བསྟན་གསོལ་ཞེས། །རྒྱལ་བ་དེ་ལ་དགེ་ཚུལ་དེ་དག་གསོལ། །ཇི་ལྟར་སྐྱེ་དགུ་ཀུན་མཆོག་ཁྱོད་བཞིན་དུ། །བདག་ཅག་འཇིག་རྟེན་མཁྱེན་པར་འགྱུར་བར་ཤོག །ཇི་ལྟར་དཔའ་བོ་སྤྱན་དག་ཁྱེད་བཞིན་དུ། སེམས་ཅན་འདི་དག་ཐམས་ཅད་དེ་བཞིན་ཤོག །དེ་སྲས་གཞོན་ནུར་གྱུར་པ་དེ་དག་གི། །བསམ་པ་དག་ནི་རྒྱལ་བ་དེས་མཁྱེན་པས། །དཔེ་རྣམས་བྱེ་བ་ཁྲག་ཁྲིག་དུ་མ་ཡིས། །བྱང་ཆུབ་དམ་པ་མཆོག་ནི་རབ་ཏུ་བསྟན། །རྒྱུ་ནི་མང་པོ་སྟོང་གིས་ཉེར་བསྟན་ཏེ། །མངོན་པར་ཤེས་


DKG051_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་རབ་ཏུ་བསྒྲགས། །བྱང་ཆུབ་སེམས་དཔའ་མཁས་པ་སྤྱོད་པ་བཞིན། །འཇིག་རྟེན་མགོན་པོས་ཡང་དག་སྤྱོད་པ་བསྟན། །གང་དག་ཚད་ནི་གང་གཱའི་བྱེ་སྙེད་ཀྱི། །ཚིགས་སུ་བཅད་པ་སྟོང་ཕྲག་མི་ཉུང་བར། །རབ་རྒྱས་མདོ་སྡེ་དམ་ཆོས་པད་མ་དཀར། །འདི་ཉིད་བཅོམ་ལྡན་འདས་ཀྱིས་རབ་ཏུ་བཤད། །རྒྱལ་བ་དེས་ཀྱང་མདོ་སྡེ་འདི་བཤད་ནས། ། འཇིག་རྟེན་མགོན་པོ་གཙུག་ལག་ཁང་བཞུགས་ཏེ། །སྟན་གཅིག་སྟེང་དུ་མཉམ་པར་གཞག་ནས་སུ། །བསྐལ་པ་བརྒྱད་ཅུ་རྩ་བཞིར་ཚང་བར་བརྟགས། །འདྲེན་པ་གཙུག་ལག་ཁང་བཞུགས་མི་འབྱུང་བར། །དགེ་ཚུལ་དེ་དག་རྣམས་ཀྱིས་རིག་གྱུར་ནས། །སངས་རྒྱས་ཡེ་ཤེས་ཟག་མེད་ཞི་བ་འདི། །སྲོག་ཆགས་བྱེ་བ་མང་པོ་རྣམས་ལ་བསྒྲགས། །སོ་སོར་ཁྲི་སྟན་བཤམས་ཏེ་འདུག་ནས་ནི། །དེ་དག་ལ་ཡང་མདོ་སྡེ་འདི་ཉིད་བཤད། །བདེ་བར་གཤེགས་པ་དེ་ཡི་བསྟན་པ་ལ། །དེ་དག་དེ་འདྲའི་ཚུལ་དུ་དབང་བྱེད་དོ། །བདེ་གཤེགས་སྲས་པོ་དེ་དག་རེ་རེས་ཀྱང་། །དེ་ཡི་ཚེ་ན་སེམས་ཅན་སྟོང་ཕྲག་ནི། །གང་གཱ་དྲུག་ཅུའི་བྱེ་མ་སྙེད་ལ་བསྒྲགས། །སེམས་ཅན་མཐའ་ཡས་པ་དག་རྣམ་པར་འདུལ། །རྒྱལ་བ་དེ་དག་མྱ་ངན་ཡོངས་འདས་ནས། །དེ་དག་སྤྱན་ནས་སངས་རྒྱས་བྱེ་བ་མཐོང་། །དེ་ཚེ་ཐོས་བྱས་རྣམས་དང་ལྷན་ཅིག་ཏུ། །རྐང་གཉིས་དམ་པ་ལ་ཡང་མཆོད་པ་བྱེད། །སྤྱོད་པ་ཡངས་པ་ཁྱད་པར་འཕགས་སྤྱད་ནས། །དེ་དག་ཕྱོགས་བཅུར་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བ་དེ་ཡི་སྲས་དེ་བཅུ་དྲུག་པོ། །ཕྱོགས་རྣམས་ཀུན་ན་རྒྱལ་བ་གཉིས་གཉིས་སོ། །དེ་ཚེ་གང་དག་ཐོས་བྱས་དེ་དག་ཀྱང་། །རྒྱལ་བ་དེ་ཡི་ཉན་ཐོས་ཐམས་ཅད་དེ། །བགས་ཀྱིས་རྣམ་པ་ཐ་དད་ཐབས་རྣམས་ཀྱིས། །བྱང་ཆུབ་འདི་ཉིད་རབ་ཏུ་ཐོབ་པར་བྱས། །ང་ཡང་དེ་དག་ནང་དུ་གཏོགས་པར་གྱུར། །ངས་ཀྱང་ཁྱེད་རྣམས་ཐམས་ཅད་ཐོས་པར་བྱས། །དེ་ཕྱིར་ད་དུང་ང་ཡི་ཉན་ཐོས་ཁྱེད། །བྱང་ཆུབ་འདི་ལ་ཐམས་ཅད་ཐབས་ཀྱིས་བཀྲི། །གང་གི་ཕྱིར་ན་ང་ནི་ཆོས་འཆད་ཅིང་། །གང་ཕྱིར་བྱང་ཆུབ་མཆོག་འདི་ངས་བཀྲི་བ། །རྒྱུ་འདི་རྐྱེན་འདི་དེ་ཚེ་སྔོན་བྱུང་ངོ་། །དགེ་སློང་དག་གོ་གནས་འདིར་མ་འཇིགས་


DKG051_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཇི་ལྟར་དགོན་པ་མ་རུངས་བཟོད་རླག་པ། །སྟོང་པ་གནས་མེད་རྟེན་ཀྱང་མེད་པ་ལ། ། གཅན་ཟན་རབ་ཏུ་མང་ཞིང་ཆུ་མེད་དོ། །དེ་ནི་བྱིས་པ་འཇིགས་པར་བྱེད་པ་ཡིན། །དེ་ལ་སྐྱེས་བུ་སྟོང་ཕྲག་དུ་མ་རྣམས། །དགོན་པ་དེར་ནི་དེ་དག་ཞུགས་པར་གྱུར། །དགོན་པ་དེ་ཡང་སྟོངས་ཤིང་རིང་བ་ནི། །དཔག་ཚད་ལྔ་བརྒྱ་སྙེད་དུ་ཚང་བར་གྱུར། །མྱ་ངམ་དགོན་པ་རབ་ཏུ་འཇིགས་པ་ན། །དེ་ན་དེ་ཡི་མཚོན་མར་གང་གྱུར་པ། །སྐྱེས་བུ་ཕྱུག་ཅིང་དྲན་ལྡན་གསལ་བ་སྟེ། ཤིན་ཏུ་དཔའ་ཞིང་རྟུལ་ལ་འཇིགས་པ་མེད། །སྲོག་ཆགས་བྱེ་བ་མང་པོ་དེ་དག་སྐྱོ། །དེ་ཚེ་མཚོན་མ་དེ་ལ་སྨྲས་པ་ནི། །འཕགས་པ་བདག་ཅག་སྐྱོ་སྟེ་མི་ནུས་ན། །བདག་ཅག་དེ་རིང་འདི་ནས་ལྡོག་པར་དགའ། །དེ་ཚེ་མཁས་ཤིང་ཤིན་ཏུ་མཛངས་པ་ཡི། །འདྲེན་པ་དེ་ཡང་དེ་ཚེ་ཐབས་སེམས་ཏེ། །ཀྱི་ཧུད་བྱིས་པ་འདི་དག་ཐམས་ཅད་ནི། །བདག་ཉིད་ལྡོག་པར་རིན་པོ་ཆེ་ལས་ཉམས། །འདི་ལྟར་ང་ཡིས་རྫུ་འཕྲུལ་སྟོབས་ཀྱིས་དེང་། །ཁང་པ་བྱེ་བ་སྟོང་གིས་རབ་བརྒྱན་ཞིང་། །གཙུག་ལག་ཁང་དང་ཚལ་བུས་བརྒྱན་པ་ཡི། །གྲོང་ཁྱེར་ཆེན་པོ་མངོན་པར་སྤྲུལ་ནས་སུ། །རྫིང་དང་འབབ་ཆུ་དག་ཀྱང་མངོན་པར་སྤྲུལ། །ཀུན་དགའ་དང་ནི་མེ་ཏོག་དག་གིས་བརྒྱན། །སྒོ་དང་རྩིག་པས་ཤིན་ཏུ་མཛེས་བྱས་ཤིང་། །སྐྱེས་པ་བུད་མེད་མཚུངས་མེད་རྣམས་ལྡན་པ། །སྤྲུལ་ནས་དེ་དག་རྣམས་ལ་འདི་སྐད་དུ། །འཇིགས་པར་མ་བྱེད་རབ་ཏུ་དགའ་བར་བྱོས། །གྲོང་ཁྱེར་མཆོག་ཏུ་ཁྱེད་རྣམས་ད་ཕྱིན་གྱིས། །ཞུགས་ཏེ་དོན་རྣམས་མྱུར་དུ་གྱིས་ཤེས་སྨྲས། །ཅི་ནས་དེ་དག་ཐམས་ཅད་ཕར་འགྲོ་བར། །དབུགས་ཕྱུང་བྱ་བའི་ཕྱིར་ནི་ཚིག་སྨྲས་པ། །དགོན་པ་མ་རུངས་ཀུན་ལས་རྒལ་ཟིན་ཏེ། །མྱ་ངན་འདས་ཟིན་སེམས་ནི་དགའ་བར་བྱོས། །ཐམས་ཅད་ངལ་སོས་གྱུར་པའི་ཚུལ་རིག་ནས། ཤིན་ཏུ་རི་མོ་བྱས་ཏེ་ཡང་སྨྲས་པ། །ཚུར་ཤོག་ཁོ་བོས་སྨྲས་པ་རྣམས་ལ་ཉོན། །འདི་ནི་རྫུ་འཕྲུལ་གྲོང་ཁྱེར་སྤྲུལ་པ་སྟེ། ། ཁྱེད་རྣམས་སྐྱོ་བར་ཁོ་བོས་རིག་པས་ན། །ཁྱེད་རྣམས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། །འདི་འདྲ་འདི་ནི་ཁོ་བོས་ཐབས་མཁས་ཡིན། །གླིང་དུ་འགྲོ་བའི་ཕྱིར་ནི་བརྩོན་འགྲུས་བསྐྱེད། །


DKG051_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་དེང་ཡང་དེ་བཞིན་མཚོན་མ་སྟེ། །སྲོག་ཆགས་བྱེ་བ་སྟོང་གི་འདྲེན་པ་ཡིན། །ཉོན་མོངས་སྒོ་ངའི་སྦུབས་རྟོལ་མི་ནུས་ཞིང་། །སྐྱོ་བའི་སེམས་ཅན་དག་ཀྱང་དེ་བཞིན་མཐོང་། །དེ་ཕྱིར་དེ་ཡི་དོན་དུ་ངས་བསམས་ཏེ། །བསྟི་བའི་གནས་སུ་མྱ་ངན་འདས་འདི་བྱས། །སྡུག་བསྔལ་ཐམས་ཅད་རྗེས་སུ་རྟོགས་པ་འདི། །དགྲ་བཅོམ་ས་ལ་ཁྱེད་ཅག་བྱ་བ་བྱས། །གང་གི་ཚེ་ན་ཁྱེད་ཅག་ལུགས་གནས་འདིར། །གནས་པར་དགྲ་བཅོམ་ཐམས་ཅད་མཐོང་ནས་ནི། །དེ་ཡི་འོག་ཏུ་ཐམས་ཅད་འདིར་བསྡུས་ཏེ། །ཆོས་འདི་ཇི་བཞིན་ཡང་དག་དོན་བཤད་དོ། །དྲང་སྲོང་ཆེན་པོས་ཐེག་པ་གསུམ་བསྟན་པ། །རྣམ་འདྲེན་རྣམས་ཀྱི་ཐབས་ལ་མཁས་པ་སྟེ། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །བསྟི་བའི་དོན་དུ་ཐེག་པ་གཉིས་བསྟན་ཏོ། །དགེ་སློང་དག་གོ་དེ་ཕྱིར་དེ་རིང་ངས། །འདི་ཙམ་གྱིས་ནི་མྱ་ངན་མི་འདའ་སྟེ། །ཁྱོད་ཀྱིས་ཐམས་ཅད་མཁྱེན་གྱི་ཡེ་ཤེས་ཕྱིར། །བརྩོན་འགྲུས་རླབས་ཆེན་དམ་པ་བསྐྱེད་པར་གྱིས། །ནམ་ཞིག་ཐམས་ཅད་མཁྱེན་གྱི་ཡེ་ཤེས་ཐོབ། །རྒྱལ་བའི་ཆོས་རྣམས་གང་དག་སྟོབས་བཅུ་དང་། །སུམ་ཅུ་རྩ་གཉིས་མཚན་གྱི་གཟུགས་ལྡན་པ། །སངས་རྒྱས་གྱུར་ནས་མྱ་ངན་འདས་པ་ཡིན། །འདྲེན་པ་རྣམས་ཀྱི་བསྟན་པ་འདི་འདྲ་སྟེ། །བསྟི་བའི་ཕྱིར་ནི་མྱ་ངན་འདས་པ་གསུང་། །ངལ་སོས་རིག་ནས་མྱ་ངན་བཟླ་ཕྱིར་ཀུན། །ཐམས་ཅད་མཁྱེན་གྱི་ཤེས་ལ་བཀྲི་ཞེས་བཤད། །དམ་པའི་ཆོས་པད་མ་དཀར་པོ་ལས་སྔོན་གྱི་སྦྱོར་བའི་ལེའུ་ཞེས་བྱ་བ་སྟེ་བདུན་པའོ།། །།


previousབདུན་པ། སྔོན་གྱི་སྦྱོར་བའི་ལེའུ། next