Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
   
   
   
   
   
   
བཅུ་གསུམ་པ། བདེ་བར་གནས་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གསུམ་པ། བདེ་བར་གནས་པའི་ལེའུ། next

བཅུ་གསུམ་པ། བདེ་བར་གནས་པའི་ལེའུ།


DKG051_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་བཅོམ་ལྡན་འདས་ལ་གུས་པར་སྤྲོ་བ་ནི་དཀའ་བར་བགྱིད་པ་ཤིན་ཏུ་དཀའ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་གིས། སླད་མའི་ཚེ་སླད་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རབ་ཏུ་བཤད་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་བཞི་ལ་གནས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་རྣམ་གྲངས་འདི་ཕྱི་མའི་ཚེ་ཕྱི་མའི་དུས་ན་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །བཞི་གང་ཞེ་ན། འཇམ་དཔལ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོ་ག་དང་སྤྱོད་ཡུལ་ལ་གནས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བསྟན་པར་བྱའོ། །འཇམ་དཔལ་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོ་ག་དང་སྤྱོད་ཡུལ་ལ་གནས་པ་ཡིན་ཞེ་ན། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་དང་དུལ་བ་དང་དུལ་བའི་ས་ཐོབ་ཅིང་ཡིད་མི་སྡང་ལ་ཕྲག་དོག་མེད་པར་འགྱུར་ཏེ། འཇམ་


DKG051_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག །ཆོས་གང་ལ་ཡང་མི་སྤྱོད་ཅིང་ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་ཡང་དག་པར་ཇི་ལྟ་བ་བཞིན་དུ་བལྟ་སྟེ། གང་ཆོས་རྣམས་ལ་རྣམ་པར་མི་དཔྱོད་རྣམ་པར་མི་རྟོག་པ་དེ་ནི་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་ག་ཞེས་བྱའོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་གང་ཞེ་ན། འཇམ་དཔལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་པོ་ལ་མི་སྟེན་རྒྱལ་བུ་དང་རྒྱལ་པོའི་བློན་པོ་ཆེན་པོ་དང་རྒྱལ་པོའི་ཞབས་འབྲིང་བ་ལ་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད་ཉེ་བར་མི་འགྲོ། གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་བ་པ་དང་འཚོ་བ་པ་དང་གཅེར་བུ་པ་རྣམས་དང་སྙན་དངགས་ཀྱིས་བསྟན་བཅོས་ལ་ཞུགས་པའི་སེམས་ཅན་རྣམས་དང་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད། འཇིག་རྟེན་རྒྱང་ཕན་པའི་གསང་ཚིག་འཆང་བའི་འཇིག་རྟེན་རྒྱང་ཕན་པ་ལ་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད། དེ་དག་དང་ལྷན་ཅིག་ཏུ་འདྲིས་པར་མི་བྱེད། གདོལ་པ་པ་དང་ཟོལ་པ་རྣམས་དང་མ་ཡིན། ཕག་འཚོང་བ་རྣམས་དང་མ་ཡིན། བྱ་གག་འཚོང་བ་རྣམས་དང་མ་ཡིན། རི་དགས་ཀྱི་རྔོན་པ་རྣམས་དང་མ་ཡིན། ཉ་པ་རྣམས་དང་མ་ཡིན། གླུ་མཁན་དང་གར་མཁན་དང་ལྕགས་ཀྱི་སིལ་ཁྲོལ་བྱེད་པ་རྣམས་དང་མ་ཡིན། གྱད་རྣམས་དང་མ་ཡིན། གཞན་དག་གི་དགའ་བ་དང་རྩེ་བའི་གནས་རྣམས་སུ་མི་འགྲོ། དེ་དག་དང་ལྷན་ཅིག་འདྲིས་པར་ཡང་མི་བྱེད་དེ། དྲུང་དུ་ལྷགས་པ་ལ་དུས་སུ་ཆོས་བཤད་པ་ནི་མ་གཏོགས་ཏེ། དེ་ཡང་མི་གནས་པར་འཆད་པའོ། །ཉན་ཐོས་ཀྱི་ཐེག་པ་ཅན་གྱི་དགེ་སློང་དང་དགེ་སློང་མ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་མི་སྟེན་མི་བསྙེན། བསྙེན་བཀུར་མི་བྱེད་དེ་དག་དང་འདྲིས་པར་མི་བྱེད། དེ་འཆག་སའམ་གནས་ཁང་ངམ་གཙུག་ལག་ཁང་ན་ཡང་དེ་དག་དང་འགྲོགས་པའི་སྤྱོད་ཡུལ་བ་མ་ཡིན་ནོ། །དྲུང་དུ་ལྷགས་པ་ལ་དུས་སུ་ཆོས་འཆད་པ་ནི་མ་གཏོགས་ཏེ་དེ་ཡང་མི་གནས་པར་འཆད་པའོ། །འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་ལོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་


DKG051_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་བུད་མེད་ལ་རྗེས་སུ་ཆགས་པ་གང་ཡང་རུང་བ་མཚན་མར་བཟུང་ནས་རྟག་ཏུ་ཆོས་འཆད་པ་མ་ཡིན། བུད་མེད་ལ་རྟག་ཏུ་ལྟ་བར་འདོད་པ་མ་ཡིན། ཁྱིམ་དག་ཏུ་སོང་སྟེ་བུད་མེད་དམ། བུ་མོ་འམ། ཁྱིམ་མི་མོ་ལ་རྟག་ཏུ་ཆོས་བཤད་པར་སེམས་པ་མ་ཡིན། ཡང་དག་པར་མགུ་བར་བྱེད་པ་མ་ཡིན། མ་ནིང་ལ་ཆོས་མི་སྟོན་དེ་དག་དང་ལྷན་ཅིག་འདྲིས་པར་མི་བྱེད་ཡང་དག་པར་མགུ་བར་བྱེད་པ་མ་ཡིན། སློང་བའི་ཕྱིར་གཅིག་པུ་ཁྱིམ་དུ་མི་འཇུག་སྟེ། དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམ་པ་ནི་མ་གཏོགས་སོ། །གལ་ཏེ་བུད་མེད་ལ་ཆོས་སྟོན་ན་ཡང་དེ་ཐ་ན་ཆོས་ལ་འདོད་ཆགས་པས་ཀྱང་ཆོས་མི་སྟོན་ན་དེ་བུད་མེད་ལ་འདོད་ཆགས་པས་ལྟ་ཅི་སྨོས། དེ་ཆོས་སྟོན་པ་ན་ཐ་ན་སོའི་ཕྲེང་བ་ཡང་མི་སྟོན་ན་བཞིན་གྱི་འགྱུར་བ་ཆེན་པོ་ལྟ་ཅི་སྨོས། དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་དང་། དགེ་སློང་མ་དང་། གཞོན་ནུ་དང་། གཞོན་ནུ་མ་དང་མི་སྟེན། དེ་དག་དང་གཏམ་ཡང་མི་བྱེད་ལ་ནང་དུ་ཡང་དག་འཇོག་ལ་འཇུག་པར་དགའ་ཞིང་ནང་དུ་ཡང་དག་འཇོག་ལ་རྟག་ཏུ་བསྙེན་པ་ཡིན་ཏེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་དང་པོའོ། །འཇམ་དཔལ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་སྟོང་པར་བལྟ་སྟེ། ཇི་ལྟར་གནས་པ་བཞིན་དང་མ་ལོག་པར་གནས་པ་དང་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ་དང་། མི་བསྐྱོད་པ་མི་གཡོ་བ་མི་ལྡོག་པ་མི་འགྱུར་བ་རྟག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གནས་པ་དང་ནམ་མཁའི་ངོ་བོ་ཉིད་ལྟ་བུ་ངེས་པའི་ཚིག་དང་། ཐ་སྙད་རྣམ་པར་སྤངས་པ་མ་སྐྱེས་པ་མ་བྱུང་བ་ཡང་དག་པར་མ་བྱུང་བ་མེད་པ་འདུས་མ་བྱས་པ་རྒྱུན་མེད་པ། མེད་པ་ལ་ཚིག་གིས་བརྗོད་པ་མི་ཆགས་པའི་གནས་ལ་འདུག་པ་འདུ་ཤེས་ཕྱིན་ཅི་ལོག་ལས་བྱུང་བར། དེ་ལྟར་འཇམ་དཔལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ཆོས་ཐམས་ཅད་ལ་ལྟ་ཞིང་གནས་པ་འདིས་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ལ་གནས་པ་ཡིན་ཏེ། འཇམ་དཔལ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་ཡུལ་གཉིས་པའོ། །དེ་ནས་བཅོམ་ལྡན་འདས་


DKG051_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དོན་འདི་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཕྱི་དུས་ཤིན་ཏུ་འཇིགས་པ་ལ། །ཞུམ་པ་མེད་ཅིང་མི་འཇིགས་པར། །མདོ་སྡེ་འདི་ནི་བསྟན་པར་ཡང་། །བྱང་ཆུབ་སེམས་དཔའ་གང་འདོད་པ། །ཆོ་ག་སྤྱོད་ཡུལ་བསྲུང་བྱ་ཞིང་། །འདུ་འཛི་མེད་ལ་གཙང་བར་བྱ། །རྒྱལ་པོ་དང་ནི་རྒྱལ་བུ་དང་། །འདྲིས་བྱེད་རྟག་ཏུ་སྤང་བར་བྱ། །རྒྱལ་པོའི་ཞབས་འབྲིང་གང་ཡིན་དང་། །གདོལ་པ་དང་ནི་ཟོལ་པ་དང་། །མུ་སྟེགས་ཅན་ནི་དེ་དག་དང་། རྣམ་པ་ཀུན་ཏུ་འདྲིས་མི་བྱེད། །དགེ་སློང་འདུལ་དང་ལུང་གནས་པ། །དགྲ་བཅོམ་སྙམ་དུ་སེམས་བྱེད་ཅིང་། །ང་རྒྱལ་ཅན་རྣམས་བསྟེན་མི་བྱ། །ཚུལ་ཁྲིམས་འཆལ་རྣམས་རྣམ་པར་སྤང་། །རྒོད་ཅིང་སྨྲ་བའི་སྤྱོད་ཡུལ་ཅན། །དགེ་སློང་མ་རྣམས་རྟག་ཏུ་སྤང་། །མི་བརྟན་པར་ནི་མངོན་པ་ཡི། །དགེ་བསྙེན་རྣམས་ཀྱང་སྤང་བར་བྱ། དགེ་བསྙེན་མ་གང་ཚེ་འདི་ལ། །མྱ་ངན་འདས་པ་གང་ཚོལ་བ། །དེ་དག་དང་ནི་འདྲིས་བྱེད་སྤང་། །འདི་ནི་ཆོ་ག་ཡིན་ཞེས་བྱ། །གང་ཞིག་དེ་ཡི་ཐད་འོངས་ནས། །བྱང་ཆུབ་མཆོག་ཕྱིར་ཆོས་འདྲི་ན། །གནས་པ་མེད་ཅིང་མི་ཞན་པར། ། དཔའ་བོ་རྟག་ཏུ་དེ་ལ་ཤོད། །བུད་མེད་མ་ནིང་སེམས་ཅན་གང་། །དེ་དང་འདྲིས་བྱེད་རྣམ་པར་སྤང་། །ཁྱིམ་རྣམས་སུ་ནི་མནའ་མ་དང་། །གཞོན་ནུ་མ་རྣམས་རྣམ་པར་སྤང་། །དེ་ལ་ནམ་དུའང་དགའ་མི་བྱེད། །མཁས་དང་རྒོད་པ་འདྲི་བ་དང་། ཕག་འཚོང་བ་དང་ཤན་པ་དང་། །འདྲིས་པར་བྱེད་པ་རྣམ་པར་སྤང་། །གང་དག་སྲོག་ཆགས་རྣམ་མང་དག །ལོངས་སྤྱོད་ཕྱིར་ནི་གསོད་པ་དང་། །བཟའ་ཕྱིར་ཤ་རྣམས་འཚོང་བྱེད་པ། །དེ་དག་འདྲིས་བྱེད་རྣམ་པར་སྤང་། །གང་དག་བུད་མེད་གསོ་བྱེད་དང་། །གར་མཁན་གྱད་དང་སིལ་ཁྲོལ་བ། །གང་གཞན་དེ་དང་འདྲ་བ་ཡང་། །དེ་དག་རྣམས་དང་འདྲིས་བྱེད་སྤང་། །རེས་མའི་གཙོ་བོ་བསྟེན་མི་བྱ། །ཇི་སྙེད་ལོངས་སྤྱོད་འཚོ་བ་གཞན། །ཤིན་ཏུ་དགའ་བ་དེ་དག་ཀྱང་། །རྣམ་པ་ཀུན་ཏུ་ཡོངས་སུ་སྤང་། །མཁས་པ་བུད་མེད་རྣམས་ལ་ཡང་། །གང་གི་དུས་ན་ཆོས་འཆད་པ། །དེ་ནི་གཅིག་པུར་མི་འགྲོ་སྟེ། །རྒོད་ཅིང་འདུག་པར་མི་བྱའོ། །གང་ཚེ་ཟས་ཕྱིར་ཡང་དང་ཡང་། །གྲོང་དུ་འཇུག་པར་བྱེད་པ་


DKG051_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དགེ་སློང་གཉིས་པ་བཙལ་བར་བྱ། །ཡང་ན་སངས་རྒྱས་དྲན་པར་བྱ། །གང་གིས་ཤེས་རབ་ལྡན་པ་དག །མདོ་སྡེ་འདི་འདྲ་འཛིན་གནས་པའི། །ཆོ་ག་དང་ནི་སྤྱོད་ཡུལ་དག །ཐོག་མར་ངས་བཤད་འདི་ཡིན་ནོ། །གང་ཚེ་འདུས་བྱས་འདུས་མ་བྱས། །ཡང་དག་ཡང་དག་མ་ཡིན་དང་། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་ཏུ་སྤྱོད་པ་མེད། །བརྟན་པ་བུད་མེད་ཅེས་མི་སྤྱོད། །སྐྱེས་པ་ཞེས་ཀྱང་མི་རྟོག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཕྱིར། །བཙལ་བ་བྱས་ཀྱང་མི་མཐོང་བ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ཆོ་གར་རྣམ་པ་ཀུན་ཏུ་བསྟན། །དེ་དག་སྤྱོད་ཡུལ་ཅི་འདྲ་བ། །དེ་ནི་རྣམ་པར་མཉན་པར་གྱིས། །ཆོས་འདི་དག་ནི་ཡོད་པ་མ་ཡིན་བསྟན། །ཐམས་ཅད་འབྱུང་བ་མེད་ཅིང་སྐྱེས་པ་མེད། །རྟག་ཏུ་མི་གཡོ་སྟོང་པ་ཉིད་དུ་གནས། །དེ་ནི་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །འདི་དག་འདུ་ཤེས་ལོག་པར་བརྟགས་པ་སྟེ། །ཡང་དག་མིན་ལ་ཡང་དག་ཡོད་ལ་མེད། །མ་བྱུང་བ་དང་མ་སྐྱེས་ཆོས་རྣམས་ལ། །ཡང་དག་ཉིད་དང་འབྱུང་བར་ལོག་པར་བརྟགས། །སེམས་ནི་རྟག་ཏུ་རྩེ་གཅིག་མཉམ་གཞག་སྟེ། །རི་རབ་ཕུང་པོ་ཇི་བཞིན་རབ་ཏུ་གནས། །དེ་བཞིན་འདུག་ནས་ནམ་མཁའ་ལྟ་བུར་ནི། །ཆོས་རྣམས་འདི་དག་ཀུན་ལ་བརྟག་པར་བྱ། །རྟག་ཏུ་ནམ་མཁའ་མཚུངས་པར་སྙིང་པོ་མེད། །མི་གཡོ་རློམ་སེམས་རྣམ་པར་སྤངས་པ་སྟེ། །ཆོས་རྣམས་འདི་དག་རྟག་པའི་དུས་གནས་པ། །འདི་ནི་མཁས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །ང་ནི་མྱ་ངན་འདས་ནས་དགེ་སློང་གང་། །ང་ཡི་སྤྱོད་ཡུལ་འདི་ནི་རབ་སྲུང་ཞིང་། ། དེ་ནི་ནམ་ཡང་ཞུམ་པ་མེད་པ་ཡིས། ། འཇིག་རྟེན་དུ་ཡང་མདོ་འདི་རབ་ཤོད་ཅིག །མཁས་པ་དུས་སུ་སེམས་པར་བྱེད་པ་ན། །ཁང་བུར་ཞུགས་ཏེ་དེ་བཞིན་སྒོ་བཅད་ནས། །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་བལྟ། །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད། །རྒྱལ་པོ་རྣམས་དང་རྒྱལ་པོའི་བུ་གང་དག །ཆོས་ཉན་པ་རྣམས་འདི་ནི་དེ་ལ་སྲུང་། །གཞན་ཡང་ཁྱིམ་བདག་དག་དང་བྲམ་ཟེ་རྣམས། །ཐམས་ཅད་དེ་ཡི་གཡོག་ཏུ་འཁོད་པར་འགྱུར། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་


DKG051_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དུས་ཕྱི་མའི་ཚེ་དམ་པའི་ཆོས་རབ་ཏུ་འཇིག་པར་འགྱུར་བ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་པར་འདོད་པ་ནི་བདེ་བ་ལ་གནས་པ་ཡིན་ནོ། །དེ་བདེ་བ་ལ་གནས་ནས་ཆོས་འཆད་དོ། །ལུས་ལ་ཡོད་དམ་གླེགས་བམ་དུ་བྱས་སམ། གཞན་དག་ལ་ཡང་སྟོན་ན་ཡང་། ཤིན་ཏུ་ཀླན་ཀ་ཚོལ་བའི་རང་བཞིན་ཅན་མ་ཡིན། དགེ་སློང་ཆོས་སྨྲ་བ་གཞན་དག་ལ་སྐུར་བར་མི་བྱེད། མི་སྙན་པ་མི་སྨྲ། མི་སྙན་པ་མི་རྗོད། གཞན་ཉན་ཐོས་ཀྱི་ཐེག་པ་ཅན་གྱི་དགེ་སློང་དག་གི་མིང་སྨོས་ཏེ་མི་སྙན་པ་མི་སྨྲ། མི་སྙན་པ་མི་རྗོད་ཅིང་དེ་དག་ལ་ཕྱིར་རྒོལ་བར་འདུ་ཤེས་པ་མ་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བདེ་བའི་གནས་ལ་གནས་པའི་ཕྱིར་ཏེ། དེ་ཆོས་ཉན་དུ་འོངས་ཤིང་ལྷགས་པ་རྣམས་ལ་ཕན་འདོགས་པ་དང་ཕྲག་དོག་མེད་པར་ཆོས་སྟོན་ཏོ། །མི་རྩོད་ཅིང་དྲི་བ་དྲིས་ཀྱང་ཉན་ཐོས་ཀྱི་ཐེག་པས་ལན་མི་ལྡོན་ཏེ། ཅི་ནས་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུར་ལན་ལྡོན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མཁས་པ་བདེ་ལ་རྟག་ཏུ་གནས་པར་འགྱུར། །དེ་ལ་འདུག་ནས་དེ་བཞིན་ཆོས་ཀྱང་སྟོན། །གཙང་ཞིང་ཡིད་ཏུ་འོང་བའི་ས་ཕྱོགས་སུ། །ཡངས་པའི་སྟན་ནི་རབ་ཏུ་བཤམས་བཏིང་སྟེ། །བཟང་པོའི་ཚོན་གྱིས་ལེགས་པར་ཁ་བསྒྱུར་བ། །ཆོས་གོས་གཙང་མ་དེ་ནི་རབ་བགོས་ནས། །རྔུལ་ཟན་ནག་པོ་དེ་བཞིན་བཤམས་བྱས་ལ། །ཤམ་ཐབས་ཆེ་ཚད་ལེགས་པར་རབ་བགོས་ནས། །བཅོས་བུའི་རས་རྣམས་སྣ་ཚོགས་ལེགས་བཏིང་བ། །རྐང་རྟེན་བཅས་པའི་ཁྲི་ལ་རབ་འདུག་ཅིང་། །རྐང་པ་ལེགས་པར་བཀྲུས་ཏེ་སྟེང་འཛེགས་ནས། །མགོ་དང་བཞིན་གྱི་མདངས་ནི་རབ་སྣུམ་ཞིང་། །ཆོས་ཀྱི་སྟན་དེ་ལ་ནི་རབ་འདུག་ནས། །སེམས་ཅན་ལྷགས་པ་རྩེ་གཅིག་གྱུར་རྣམས་ལ། །གཏམ་མང་རྣམ་པ་སྣ་ཚོགས་ཉེ་བར་སྟོན། །དགེ་སློང་དག་དང་དགེ་སློང་མ་རྣམས་དང་། །དགེ་བསྙེན་རྣམས་དང་དགེ་བསྙེན་མ་དག་དང་། །རྒྱལ་པོ་དག་དང་རྒྱལ་བུ་རྣམས་ལ་ཡང་། །མཁས་ཏེ་རྟག་ཏུ་ཕྲག་དོག་མེད་པར་ནི། །སྣ་ཚོགས་དོན་ལྡན་སྙན་པའི་གཏམ་ཡང་


DKG051_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན། །དེ་ཚེ་དེ་ལ་དེ་དག་དྲི་དྲིས་ནས། །དེ་ལ་འཐུན་པའི་དོན་རྣམས་རབ་ཏུ་སྟོན། །ཅི་ནས་ཐོས་པས་བྱང་ཆུབ་འཐོབ་འགྱུར་བ། །དེ་ལྟར་དོན་གྱི་རྣམ་པར་རབ་ཏུ་སྟོན། །ལེ་ལོ་དག་ཀྱང་རྣམ་པར་རབ་སྤངས་ནས། །སྐྱོ་བ་སྙམ་པའི་འདུ་ཤེས་བསྐྱེད་མི་བྱ། །མཁས་པས་མི་དགའ་ཐམས་ཅད་རྣམ་པར་སྤང་། །བྱམས་པའི་སྟོབས་ནི་འཁོར་ལ་བསྒོམ་པར་བྱ། །ཉིན་མཚན་དུ་ཡང་ཆོས་མཆོག་རབ་ཏུ་བསྒོམ། །མཁས་པ་དེས་ནི་བྱེ་བ་ཁྲག་ཁྲིག་དཔེས། །འཁོར་རྣམས་མགུ་ཞིང་དེ་བཞིན་དགའ་བར་བྱེད། །དེ་ལ་ནམ་ཡང་འདོད་པ་ཅུང་ཟད་མེད། །ཟས་དང་སྐོམ་དང་བཟའ་དང་བཅའ་བ་དང་། །གོས་དང་མལ་ཆ་ཆོས་གོས་རྣམས་དང་ནི། །ན་བའི་གསོས་སྨན་དག་ཀྱང་མི་བསམ་སྟེ། །འཁོར་རྣམས་ལ་ནི་ཅི་ཡང་མི་བསླང་ངོ་། །གཞན་དུ་མཁས་པ་རྟག་ཏུ་བདག་ཉིད་དང་། །སེམས་ཅན་འདི་དག་སངས་རྒྱས་གྲུབ་པར་ཤོག །ཕན་ཕྱིར་འཇིག་རྟེན་ཆོས་གང་བསྟན་པ་དེ། །བདག་གི་བདེ་བའི་ཡོ་བྱད་ཀུན་སྙམ་སེམས། །དགེ་སློང་གང་ཞིག་མྱ་ངན་ང་འདས་ནས། །ཕྲག་དོག་མེད་པར་འདི་ནི་རབ་སྟོན་པ། །དེ་ལ་སྡུག་བསྔལ་མེད་ཅིང་བར་ཆད་མེད། །ནམ་ཡང་མྱ་ངན་རྣམས་ཀྱང་འཁྲུག་པའང་མེད། །དེ་ལ་སུ་ཡང་སྔངས་པར་མི་བྱེད་དེ། །རྡེག་པ་མེད་ཅིང་མི་སྙན་སྨྲ་བའང་མེད། །དེ་ནི་ནམ་ཡང་བསྐྲད་པར་མི་འགྱུར་ཏེ། །འདི་ལྟར་དེ་ནི་བཟོད་པའི་སྟོབས་ལ་གནས། །རྟག་ཏུ་མཁས་པ་བདེ་ལ་གནས་པ་དེ། །ཇི་ལྟར་ངས་བཤད་བཞིན་དུ་གནས་པ་ནི། །ཡོན་ཏན་བྱེ་བ་དུ་མ་བརྒྱ་འབྱུང་སྟེ། །དེ་ནི་བསྐལ་པ་བརྒྱར་ཡང་བརྗོད་མི་ནུས། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་ཟད་པའི་ཐ་མའི་དུས་ཀྱི་ཚེ་མདོ་སྡེ་འདི་འཆང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྲག་དོག་དང་གཡོ་དང་སྒྱུ་མེད་པ་ཡིན། བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གྱི་གང་ཟག་གཞན་དག་ལ་མི་སྙན་པ་མི་སྨྲ། སྐུར་པ་མི་འདེབས། བརྙས་པར་མི་བྱེད་དོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་ནམ། བྱང་ཆུབ་


DKG051_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའི་ཐེག་པ་ཅན་གཞན་དག་ལ་འགྱོད་པ་སྐྱེད་པར་མི་བྱེད་དེ། རིགས་ཀྱི་བུ་དག་ཁྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་རིང་སྟེ་ཁྱེད་དེ་ན་མི་སྣང་ངོ་། །ཁྱེད་ནི་རབ་ཏུ་བག་མེད་པར་གནས་པ་སྟེ། ཁྱེད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་མངོན་པར་རྫོགས་པར་འཚང་རྒྱ་བའི་མཐུ་མེད་པའོ་ཞེས་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གང་ལ་ཡང་ཐེ་ཚོམ་སྐྱེད་པར་མི་བྱེད་དོ། །ཆོས་ཀྱིས་རྩོད་པ་ལ་དགའ་བ་མ་ཡིན་ཏེ་ཆོས་ལ་རྩོད་པར་མི་བྱེད་དོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སྟོབས་མི་མཐོང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕར་འདུ་ཤེས་སྐྱེད་དོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་རྣམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འཁོད་པ་དེ་དག་ལ་རྒྱུན་མི་ཆད་པར་ལྷག་པའི་བསམ་པས་གུས་པར་ཕྱག་འཚལ་ལོ། །ཆོས་འཆད་པ་ན་ལྷག་ཆད་མེད་པར་ཆོས་འཆད་དོ། །ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བསྟན་པ་ན། ཆོས་ཀྱི་དགའ་བ་སྙོམས་པར་བྱེད་དེ། ཐ་ན་འགའ་ཙམ་ལ་ཡང་ཆོས་ཀྱི་དགའ་བས་ལྷག་པར་ཕན་འདོགས་པར་བྱེད་དོ། །འཇམ་དཔལ་ཆོས་འདི་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཟད་པའི་ཐ་མའི་དུས་ཀྱི་ཚེ། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་སྟོན་པ་ན། བདེ་བར་རེག་པ་ལ་གནས་ཤིང་གཙེ་བ་མེད་པར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྟོན་ཏེ། དེའི་ཆོས་ཡང་དག་པར་འགྲོ་བའི་གྲོགས་དག་ཀྱང་འབྱུང་བར་འགྱུར་རོ། །གང་དག་དེ་ལ་ཆོས་ཉན་པའི་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། དད་པ་དང་། ཡིད་ཆེས་པ་དང་། འཛིན་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། གླེགས་བམ་དུ་བྱས་ཏེ་བསྟི་སྟང་དུ་བྱེད་པ་དང་། བཙུན་པར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེ་དག་ཀྱང་འབྱུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོན་པས་གཞན་ཡང་


DKG051_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་བཀའ་སྩལ་ཏོ། །གང་ཞིག་མདོ་འདི་འཆད་འདོད་ཆོས་སྨྲ་བས། །གཡོ་དང་ང་རྒྱལ་དེ་བཞིན་འཕྱ་བ་དག །མ་ལུས་པར་ནི་ཡོངས་སུ་སྤང་བར་བྱ། །དེ་བཞིན་མཁས་པས་ཕྲག་དོག་གཞན་མི་བྱ། ། ནམ་དུའང་སུ་ལའང་མི་སྙན་བརྗོད་མི་བྱ། །ལྟ་བས་རྩོད་པ་ནམ་ཡང་མི་བྱའོ། །བླ་མེད་ཡེ་ཤེས་ཁྱོད་ཐོབ་མི་འགྱུར་ཞེས། །ཐེ་ཚོམ་གནས་ནི་ནམ་ཡང་མི་བྱའོ། །དེ་ནི་རྟག་ཏུ་དྲན་ཞིང་མཉེན་པ་སྟེ། །བདེ་བར་གཤེགས་ཀྱི་སྲས་པོ་བཟོད་ལྡན་འགྱུར། །ཆོས་འདི་ཡང་དང་ཡང་དུ་རབ་སྟོན་ཀྱང་། །དེ་འདིར་སྐྱོ་བར་འགྱུར་བ་ཅུང་ཟད་མེད། །བྱང་ཆུབ་སེམས་དཔའ་གང་དག་ཕྱོགས་བཅུ་ཡི། །འཇིག་རྟེན་དག་ན་སེམས་ཅན་སྙིང་བརྩེས་རྒྱུ། །དེ་ཀུན་བདག་གི་སྟོན་ཅེས་དེ་དག་ལ། །མཁས་པ་རྣམས་ནི་བླ་མར་གུས་པ་སྐྱེད། །སངས་རྒྱས་རྐང་གཉིས་མཆོག་རྣམས་དྲན་བྱས་ལ། །རྒྱལ་བ་རྣམས་ལ་རྟག་ཏུ་ཕར་སེམས་བསྐྱེད། །ང་རྒྱལ་འདུ་ཤེས་ཐམས་ཅད་རྣམ་སྤངས་ན། །དེ་ཚེ་དེ་ལ་བར་ཆད་འབྱུང་མི་འགྱུར། །རྣམ་པ་འདི་འདྲའི་ཆོས་འདི་ཐོས་ནས་ནི། །མཁས་པས་དེ་ཚེ་ལེགས་པར་བསྲུང་བར་བྱ། །བདེ་བར་གནས་པའི་ཕྱིར་དང་མཉམ་གཞག་ན། །སྲོག་ཆགས་བྱེ་བས་རབ་ཏུ་བསྲུངས་པར་འགྱུར། །འཇམ་དཔལ་གཞན་ཡང་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་སྤོང་བའི་དུས་ཀྱི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པར་འདོད་པའི་དགེ་སློང་དེས། ཁྱིམ་ན་གནས་པ་དང་རབ་ཏུ་བྱུང་བ་རྣམས་ལས་རིང་བ་བས་ཀྱང་རིང་དུ་གནས་པར་བྱའོ། །བྱམས་པ་ལ་གནས་པས་གནས་པར་བྱའོ། །སེམས་ཅན་གང་དག་བྱང་ཆུབ་ཏུ་ཡང་དག་པར་མ་ཞུགས་པ་དེ་དག་ཐམས་ཅད་ལ་སྙིང་རྗེ་བསྐྱེད་པར་བྱའོ། །དེས་འདི་སྙམ་དུ་ཀྱེ་མ་གང་དག་དེ་བཞིན་གཤེགས་པའི་ཐབས་མཁས་པ། ལྡེམ་པོར་དགོངས་ཏེ་བཤད་པ་མི་ཉན་པ་དང་། མི་ཤེས་པ་དང་། མི་རྟོགས་པ་དང་། མི་འདྲི་བ་དང་། མ་དད་པ་དང་། མ་མོས་པའི་སེམས་ཅན་དེ་དག་ནི་ཤིན་ཏུ་ཤེས་རབ་འཆལ་པའི་རང་བཞིན་ཅན་དག་གོ ། གཞན་ཡང་སེམས་ཅན་འདི་དག་ནི། ཆོས་ཀྱི་རྣམ་གྲངས་འདི་ལ་མི་འཇུག་ཅིང་ཁོང་དུ་མི་ཆུད་


DKG051_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་སྟེ། འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། གང་ལ་གང་གནས་པར་འགྱུར་བ་དེ་ལ་དེ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འདུན་པར་བྱའོ། །ཡིད་ཆེས་པར་བྱའོ། །འཇུག་པར་བྱའོ། །ཡོངས་སུ་སྨིན་པར་བྱའོ། །སྙམ་དུ་བསམ་པར་བྱའོ། །འཇམ་དཔལ་ཆོས་བཞི་པོ་འདི་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་སྟོན་པ་ན་གནོད་པ་མེད་པར་འགྱུར་རོ། །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། རྒྱལ་པོའི་བློན་པོ་ཆེན་པོ་དང་། རྒྱལ་པོའི་སྣ་ཆེན་པོ་ལ་གཏོགས་པ་དང་། གྲོང་རྡལ་གྱི་མི་དང་། ཡུལ་གྱི་མི་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་བསྟི་སྟང་དུ་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པ་བྱེད་པར་འགྱུར་རོ། །བར་སྣང་ལ་གནས་པའི་ལྷ་དད་པ་དག་ཀྱང་ཆོས་ཉན་པའི་ཕྱིར་དེའི་ཕྱི་བཞིན་འབྲང་བར་འགྱུར་རོ། །ལྷའི་བུ་རྣམས་ཀྱང་དེ་བསྲུང་བའི་ཕྱིར་རྟག་ཏུ་ཕྱི་བཞིན་དུ་འབྲང་བར་འགྱུར་རོ། །གྲོང་ན་འདུག་ཀྱང་རུང་གཙུག་ལག་ཁང་ན་འདུག་ཀྱང་རུང་ཆོས་ཡོངས་སུ་འདྲི་བ་དག་ཉིན་མཚན་དུ་དེའི་དྲུང་དུ་འདོང་བར་འགྱུར། དེས་ལན་བཏབ་པས་དགའ་མགུ་རངས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར་རོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་རྟག་ཏུ་བྱིན་གྱིས་བརླབས་པའི་ཕྱིར་རོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ནི་འཇིག་རྟེན་གྱི་ཁམས་མང་པོར་ཡང་སྒྲའམ་དབྱངས་སམ་མིང་ཐོས་པ་ཡང་རྙེད་པར་དཀའོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་སྟོབས་ཀྱིས་བདག་གི་རྒྱལ་སྲིད་ཐུབ་སྟེ། དེ་ལ་ཕྱིར་རྒོལ་བ་རྒྱལ་པོ་ཟླ་དག་དང་དེ་འཐབ་མོ་བྱེད་པར་གྱུར་ན། སྟོབས་ཀྱི་འཁོར་


DKG051_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ལོས་སྒྱུར་བའི་རྒྱལ་པོ་དེ་ལ་དམག་མི་མང་པོ་ཡོད་དེ། དེ་དག་དང་དགྲ་དེ་དག་འཐབ་བོ། །རྒྱལ་པོ་དེས་དམག་མི་འཐབ་པ་དེ་མཐོང་ནས། དམག་མི་དེ་དག་ལ་དགའ་ཞིང་མགུ་རངས་པར་འགྱུར་རོ། །དེ་དགའ་ཞིང་མགུ་རངས་ནས་དམག་མི་དེ་དག་ལ་སྦྱིན་པ་རྣམ་པ་དུ་མ་སྦྱིན་པར་བྱེད་དེ། འདི་ལྟ་སྟེ་གྲོང་དང་གྲོང་གི་ཞིང་རྣམས་སྦྱིན་ནོ། །གྲོང་ཁྱེར་དང་། གྲོང་ཁྱེར་གྱི་ཞིང་དང་། གོས་དང་། ཐོད་དང་། ལག་པའི་རྒྱན་དང་། མགུལ་རྒྱན་དང་། གསེར་གྱི་ཙོང་ཙོང་དང་། རྣ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། འགྲོན་བུ་དང་། གསེར་དང་། དངུལ་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་ཡང་སྦྱིན་པར་བྱེད། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། རྐང་ཐང་དང་། བྲན་ཕོ་དང་། བྲན་མོ་ཡང་སྦྱིན་པར་བྱེད། བཞོན་པ་དང་། ཁྱོགས་ཀྱང་སྦྱིན་པར་བྱེད་དེ། གཙུག་གི་ནོར་བུ་ནི་སུ་ལ་ཡང་སྦྱིན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོའི་གཙུག་ཏུ་བཏགས་པའི་ནོར་བུ་དེ་ནི་གཅིག་པུ་ཁོ་ན་ཡིན་པའི་ཕྱིར་རོ། །འཇམ་དཔལ་གང་གི་ཚེ་རྒྱལ་པོས་གཙུག་གི་ནོར་བུ་དེ་ཡང་སྦྱིན་པར་བྱེད་པ་ན། རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པོ་དེ་དག་ཐམས་ཅད་ངོ་མཚར་དུ་འགྱུར་རྨད་དུ་འགྱུར་རོ། །འཇམ་དཔལ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱི་ལག་སྟོབས་ཀྱི་བསོད་ནམས་ལས་བྱུང་བའི་ཁམས་གསུམ་ན། ཆོས་ཀྱི་རྒྱལ་པོ་མཛད་པའི་ཁམས་གསུམ་དེ་དག་ལ་བདུད་སྡིག་ཅན་གནོན་ཏེ། དེ་ནས་དེ་བཞིན་གཤེགས་པའི་འཕགས་པའི་དམག་མི་རྣམས་དང་བདུད་དུ་ཐབ་མོ་བྱེད་དོ། །འཇམ་དཔལ་དེས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་བདག་པོ་འཕགས་པའི་དམག་མི་ཐབ་མོ་བྱེད་པ་དེ་དག་ལ་མདོ་སྡེ་བརྒྱ་སྟོང་རྣམ་པ་དུ་མ་འཆད་དོ། །འཁོར་བཞི་ཡང་དག་པར་དགའ་བར་བྱ་བའི་ཕྱིར། དེ་དག་ལ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དང་། ཆོས་ཀྱི་གྲོང་ཁྱེར་ཆེན་པོའི་སྦྱིན་པ་སྦྱིན་ཏེ། མྱ་ངན་ལས་འདས་པས་དེ་དག་ལ་རྗོད་ཅིང་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་ནི་མི་འཆད་དོ། །


DKG051_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་དེ་ལ་ཇི་ལྟར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམག་མི་དེ་དག་འཐབ་པ་ན་སྐྱེས་བུའི་རྩལ་ཆེན་པོས་ངོ་མཚར་དུ་གྱུར་ནས་ཕྱིས་བདོག་པ་ཐམས་ཅད་ཀྱི་མཆོག་གི་གཙུག་གི་ནོར་བུ་འཇིག་རྟེན་ཐམས་ཅད་ཡིད་མི་ཆེས་ཤིང་ངོ་མཚར་དུ་གྱུར་པ་དེ་སྦྱིན་པར་བྱེད་དོ། །འཇམ་དཔལ་ཇི་ལྟར་རྒྱལ་པོ་དེའི་གཙུག་གི་ནོར་བུ་གཙུག་ན་འདུག་པ་དེ་ཡུན་རིང་དུ་བསྲུངས་པ་དེ་བཞིན་དུ། འཇམ་དཔལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཁམས་གསུམ་ན་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཆོས་ཀྱི་རྒྱལ་པོ་མཛད་པ་གང་གི་ཚེ་ཉན་ཐོས་དག་དང་། བྱང་ཆུབ་སེམས་དཔའ་དག་ཕུང་པོའི་བདུད་དམ། ཉོན་མོངས་པའི་བདུད་དང་འཐབ་པ་གཟིགས་ཏེ། དེ་དག་དང་ལྷན་ཅིག་ཏུ་འཐབ་པ་ན། གང་གི་ཚེ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་དེ། ཁམས་གསུམ་པ་ཐམས་ཅད་ནས་བྱུང་ཞིང་བདུད་ཐམས་ཅད་འཇོམས་པ་སྐྱེས་བུ་ཆེན་པོའི་རྩལ་ཆེན་པོ་བྱས་པར་གྱུར་པ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉེས་ནས་འཕགས་པའི་དམག་མི་དེ་དག་ལ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ། འཇིག་རྟེན་ཐམས་ཅད་ལ་ཡིད་མི་ཆེས་པ། སྔོན་མ་བཤད་སྔོན་མ་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་འདི་བཤད་དེ། ཀུན་གྱིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ། གཙུག་གི་ནོར་བུ་ཆེན་པོ་དང་འདྲ་བར། དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་རབ་ཏུ་སྦྱིན་ནོ། །འཇམ་དཔལ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་མཆོག་སྟེ། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་མཐུའོ། །ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་རྣམ་གྲངས་འདི་ཟབ་སྟེ། འཇིག་རྟེན་ཐམས་ཅད་དང་མི་འཐུན་པའོ། །འཇམ་དཔལ་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཉིད་ཀྱིས་རིང་དུ་བསྲུངས་པའི་གཙུག་གི་ནོར་བུ་བཀྲོལ་ཏེ། དམག་མི་མཆོག་རྣམས་ལ་བྱིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་ཆོས་ཀྱི་རྣམ་གྲངས་གསང་བ་ཡུན་རིང་པོར་བསྲུངས་པ། ཆོས་ཀྱི་རྣམ་གྲངས་ཐམས་ཅད་ཀྱི་སྤྱི་བོ་ལ་འདུག་པ། དེ་བཞིན་གཤེགས་པས་མཁྱེན་པ་དེ། དེ་བཞིན་གཤེགས་པས་དེ་རིང་ཡང་དག་


DKG051_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་དོན་འདི་ཉིད་རྒྱས་པར་སྟོན་ཅིང་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱམས་པའི་སྟོབས་ནི་རབ་ཏུ་སྟོན་པར་བྱེད། །རྟག་ཏུ་སེམས་ཅན་ཀུན་ལ་སྙིང་ཡང་བརྩེ། །བདེ་བར་གཤེགས་པས་བསྔགས་པའི་མདོ་སྡེའི་མཆོག །འདི་འདྲའི་ཆོས་འདི་རབ་ཏུ་སྟོན་པར་བྱེད། །གང་དག་ཁྱིམ་ན་གནས་དང་རབ་བྱུང་དང་། །བྱང་ཆུབ་སེམས་དཔའ་མ་ཡིན་ཕྱི་དུས་དེར། །ཆོས་འདི་ཐོས་ནས་སྨོད་པར་འགྱུར་འོང་ཞེས། །ཐམས་ཅད་ལ་ཡང་དེས་ནི་བྱམས་སྟོབས་བསྟན། །བདག་གིས་བྱང་ཆུབ་རྗེས་སུ་འཐོབ་འགྱུར་ཏེ། །དེ་བཞིན་གཤེགས་ལ་འཇུག་པར་ནམ་གྱུར་པ། །དེ་ཚེ་ཐབས་ལ་གནས་ནས་ཁྱེད་ལ་སྦྱིན། །བྱང་ཆུབ་མཆོག་འདི་ཀུན་ཏུ་བསྒྲགས་པར་བྱ། །དཔེར་ན་སྟོབས་ཀྱི་འཁོར་ལོས་སྒྱུར་རྒྱལ་གྱིས། །མགུ་ནས་དམག་མི་རྣམས་ལ་འགྲོན་མང་བྱིན། །གླང་ཆེན་རྟ་དང་ཤིང་རྟ་རྐང་ཐང་དང་། །གྲོང་རྣམས་དང་ནི་གྲོང་ཁྱེར་རྣམས་ཀྱང་བྱིན། །དགའ་ནས་ཁ་ཅིག་ལ་ནི་ལག་པའི་རྒྱན། །དངུལ་དང་གསེར་གྱི་ཙོང་ཙོང་རྣམས་ཀྱང་བྱིན། །མུ་ཏིག་ནོར་བུ་བྱི་རུ་མན་ཤེལ་དང་། །སྦྱིན་པར་བྱ་བ་རྣམ་པ་མང་པོ་བྱིན། །གང་ཚེ་དེ་ནི་དེ་ལ་གང་ཞིག་གིས། །ཚམ་ཚོམ་མེད་པའི་མཆོག་གིས་ངོ་མཚར་གྱུར། །དེ་ཡིས་ངོ་མཚར་བྱས་པར་ཤེས་ནས་སུ། །ཅོད་པན་ལས་ནི་ནོར་བུ་བཀྲོལ་ཏེ་བྱིན། །བཟོད་པའི་སྟོབས་དང་ཤེས་རབ་མཛོད་མང་པོ། །སངས་རྒྱས་ཆོས་རྒྱལ་ངས་ཀྱང་དེ་བཞིན་དུ། ། ཕན་ཞིང་སྙིང་རྗེའི་རྗེས་སུ་ཐུགས་བརྩེའི་ཕྱིར། །ཆོས་ཀྱིས་འཇིག་རྟེན་འདི་དག་ཐམས་ཅད་བསྟན། །འཚེ་བའི་སེམས་ཅན་དག་ཀྱང་གཟིགས་ནས་སུ། །མདོ་སྡེ་བྱེ་བ་ཕྲག་སྟོང་རྣམས་ཀྱང་བཤད། །སེམས་ཅན་གང་འདིར་ཉོན་མོངས་འཇོམས་གཙང་བ། །སྲོག་ཆགས་དེ་དག་རྣམས་ཀྱི་མཐུ་མཁྱེན་ནས། །དེ་ནས་ཆོས་རྒྱལ་སྨན་པ་ཆེན་པོ་ཡང་། །རྣམ་གྲངས་བྱེ་བ་ཕྲག་བརྒྱ་འཆད་མཛད་ཅིང་། །སེམས་ཅན་སྟོབས་དང་ཡེ་ཤེས་ལྡན་མཁྱེན་ནས། །གཙུག་གི་ནོར་བུ་ལྟ་བུའི་མདོ་འདི་བཤད། །མདོ་སྡེ་ཀུན་གྱི་མཆོག་གྱུར་འདི་ཡིན་ཏེ། །འཇིག་རྟེན་དུ་ནི་མདོ་སྡེ་མཐའ་འདི་བཤད། །ངས་ནི་ནམ་ཡང་མ་བཤད་རབ་བསྲུངས་པ། །དེ་ནི་དེ་རིང་


DKG051_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་ཀྱིས་ཐམས་ཅད་ཉོན། །ང་ནི་ཡོངས་སུ་མྱ་ངན་འདས་གྱུར་ནས། །འདི་འདྲའི་ཆོས་བཞི་འདི་དག་བསྟེན་པར་བྱ། །གང་ཞིག་བྱང་ཆུབ་དམ་པ་མཆོག་འདོད་དང་། །དེ་དག་ང་ཡི་བྱ་བ་རྣམས་བྱེད་པ། །དེ་ལ་མྱ་ངན་མེད་ཅིང་བར་ཆད་མེད། །མདོག་མི་སྡུག་ཅིང་ན་བར་མི་འགྱུར་དང་། །དེ་ཡི་མདོག་ཀྱང་ནག་པོར་མི་འགྱུར་ཏེ། །དེ་ནི་གྲོང་ཁྱེར་ངན་པར་ཡོངས་མི་གནས། །རྟག་ཏུ་མཐོང་དགའ་དྲང་སྲོང་ཆེན་པོ་དེ། །དེ་བཞིན་གཤེགས་པ་བཞིན་དུ་མཆོད་པར་འགྱུར། །ལྷ་ཡི་བུ་ཕོ་གཞོན་ནུ་དེ་དག་ཀྱང་། །རྟག་ཏུ་དེ་ཡི་གཡོག་ཀྱང་བྱེད་པར་འགྱུར། །དེ་ལ་ནམ་ཡང་མཚོན་དང་དུག་མི་ཚུགས། །ལུས་ལ་བོང་རྡོ་དབྱུག་པས་མི་ཕོག་གོ ། དེ་ལ་གང་དག་ཁ་ངན་ཐེར་བ་ནི། །དེ་དག་ཁ་ཡང་ལྐུགས་ཤིང་ཟུམས་པར་འགྱུར། །མྱ་ངན་ང་འདས་མདོ་འདི་གང་འཛིན་པ། །དེ་ནི་སྲོག་ཆགས་རྣམས་ཀྱི་གཉེན་དུ་འགྱུར། །སྣང་བ་ཐོབ་ཅིང་ས་འདིའི་སྟེང་ན་རྒྱུ། །སྲོག་ཆགས་བྱེ་བ་མང་པོའི་རབ་རིབ་སེལ། །དེ་ཡིས་རྨི་ལམ་བཟང་པོའི་དངོས་མཐོང་ནས། །དེས་ནི་དགེ་སློང་དགེ་སློང་མ་ཡང་མཐོང་། །དེ་བཞིན་བདག་ལུས་སེང་གེའི་ཁྲི་ལ་འདུག །རྣམ་པ་མང་པོའི་ཆོས་རྣམས་སྟོན་པར་བྱེད། །དེ་ནི་རྨི་ལམ་ན་ཡང་ལྷ་ཀླུ་དང་། །གནོད་སྦྱིན་ལྷ་མི་གང་གཱའི་བྱེ་མ་སྙེད། ། ཐམས་ཅད་ཐལ་མོ་སྦྱར་བ་དེ་དག་ལ། །ཆོས་ཀྱི་དམ་པ་རྣམ་པ་མང་པོ་འཆད། །དེ་ནི་རྨི་ལམ་དེ་བཞིན་གཤེགས་མཐོང་སྟེ། །སྲོག་ཆགས་བྱེ་བ་མང་ལ་ཆོས་སྟོན་ཅིང་། །འོད་ཟེར་སྟོང་དག་རབ་ཏུ་འགྱེད་མཛད་ལ། །མགོན་པོ་དབྱངས་སྙན་གསེར་གྱི་མདོག་འདྲ་མཐོང་། །དེ་ཡང་དེ་ན་ཐལ་མོ་སྦྱར་འདུག་ནས། །ཐུབ་པ་རྐང་གཉིས་མཆོག་ལ་མངོན་པར་བསྟོད། །རྒྱལ་བ་སྨན་པ་ཆེན་པོ་དེ་ཡང་ནི། །འཁོར་བཞི་དག་ལ་ཆོས་མཆོག་སྟོན་པ་མཛད། །དེ་ཡིས་ཐོས་ནས་རབ་ཏུ་དགའ་བར་འགྱུར། །རབ་ཏུ་མགུ་བ་སྐྱེས་ནས་མཆོད་པ་བྱེད། །ཕྱིར་མི་ལྡོག་པའི་ཡེ་ཤེས་མྱུར་རེག་ནས། །རྨི་ལམ་དུ་ནི་དེ་ཡིས་གཟུངས་ཐོབ་པོ། །འཇིག་རྟེན་མགོན་པོས་དེ་ཡིས་བསམ་མཁྱེན་ནས། །རིགས་ཀྱི་བུ་ཁྱོད་མ་འོངས་དུས་ན་འདིར། །


DKG051_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་བླ་མེད་ཞི་བ་རེག་འགྱུར་ཞེས། །སྐྱེས་བུ་ཁྱུ་མཆོག་ཉིད་དུ་དེ་ལུང་སྟོན། །ཁྱོད་ཀྱི་ཞིང་ཡང་ཤིན་ཏུ་རྒྱ་ཆེར་འགྱུར། །འཁོར་བཞི་རྣམས་ཀྱང་ཇི་ལྟར་ང་ཡི་བཞིན། །གུས་པར་གྱུར་ཅིང་ཐལ་མོ་རབ་སྦྱར་ཏེ། །དེ་དག་ཟག་མེད་ཆོས་མང་ཉན་པར་འགྱུར། །དེས་ནི་བདག་གི་ལུས་ཀྱང་ཡང་མཐོང་བ། །རི་སུལ་དག་ན་ཆོས་ནི་སྒོམ་བྱེད་ཅིང་། །ཆོས་ལ་གོམས་པར་བྱས་པས་ཆོས་ཉིད་རེག །དེ་ཡིས་ཏིང་ངེ་འཛིན་རྙེད་རྒྱལ་བ་མཐོང་། །གསེར་གྱི་ཁ་དོག་བསོད་ནམས་བརྒྱ་མཚན་ལྡན། །རྨི་ལམ་དག་ན་མཐོང་ནས་ཆོས་ཀྱང་ཉན། །ཐོས་ནས་དེ་ཡང་འཁོར་ལ་རབ་ཏུ་སྟོན། །དེ་ཡི་རྨི་ལམ་དུ་ནི་དེ་འདྲ་རྨི། །རྨི་ལམ་ན་ཡང་རྒྱལ་སྲིད་ཐམས་ཅད་དང་། །བཙུན་མོའི་འཁོར་དང་དེ་བཞིན་གཉེན་ཚོགས་སྤངས། །འདོད་པ་ཐམས་ཅད་སྤངས་ཏེ་མངོན་པར་བྱུང་། །བྱང་ཆུབ་སྙིང་པོ་ག་ལ་ཡོད་པར་སོང་། །བྱང་ཆུབ་འདོད་པའི་ཕྱིར་ནི་ཤིང་དྲུང་དེར། །དེ་ན་སེང་གེའི་ཁྲི་ལ་འདུག་ནས་སུ། །དེ་བཞིན་དུ་ཡང་ཞག་བདུན་འདས་ནས་ནི། །དེ་བཞིན་གཤེགས་ཀྱི་ཡེ་ཤེས་རྗེས་སུ་ཐོབ། །བྱང་ཆུབ་ཐོབ་སྟེ་དེ་ནས་ལངས་ནས་སུ། །ཟག་པ་མེད་པའི་འཁོར་ལོ་རབ་བསྐོར་ཏེ། །བསྐལ་པ་བསམ་གྱིས་མི་ཁྱབ་བྱེ་སྟོང་དུ། །འཁོར་བཞི་དག་ལ་དེ་ནི་ཆོས་སྟོན་ཏོ། །དེར་ནི་ཟག་པ་མེད་པའི་ཆོས་བསྟན་ནས། །སྲོག་ཆགས་བྱེ་བ་མང་པོ་མྱ་ངན་འདས། །རྒྱུ་ཟད་མར་མེ་བཞིན་དུ་མྱ་ངན་འདའ། །དེ་ནི་རྨི་ལམ་རྣམ་པ་དེ་འདྲ་རྨི། །ང་ཡིས་ལེགས་བཤད་ང་ཡི་ཆོས་མདོ་མཆོག །གང་ཞིག་ཕྱི་མའི་དུས་ན་རབ་སྟོན་པ། །དེ་ཡི་ཕན་ཡོན་མང་ཞིང་མཐའ་ཡས་ཏེ། །འཇམ་དབྱངས་དེ་དག་འདྲ་བར་དེ་རྟག་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་བདེ་བར་གནས་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།


previousབཅུ་གསུམ་པ། བདེ་བར་གནས་པའི་ལེའུ། next