Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་ང་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ།
   
   
   
   
   
   
   
   
   
   
   
   


 
previousཉི་ཤུ་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ། next

ཉི་ཤུ་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ།


DKG051_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་སྙེད་གང་དག་ས་རུམ་ནས་འཐོན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། བདག་ཅག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཞིང་གང་དག་ལགས་པ་གང་དུ། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེ་དང་དེར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱི་རྣམ་གྲངས་རྒྱ་ཆེན་པོ་འདི་ལྟ་བུ་བཟུང་བ་དང་། ཀླག་པ་དང་། བསྟན་པ་དང་། རབ་ཏུ་བཤད་པ་དང་། ཡི་གེར་བྲི་བར་འཚལ་བ་ལགས་སོ། །དེ་ནས་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་གང་དག་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན་གནས་པ་དག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ། །བཅོམ་ལྡན་འདས་ལུས་མི་གདའ་བར་བར་སྣང་ལ་གནས་ཏེ་དབྱངས་ཀྱིས་ཡང་དག་པར་བསྒྲག་པར་བགྱིའོ། །དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་དགེ་བའི་རྩ་བ་བསྐྲུན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་


DKG051_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །སྔ་མ་ཚོགས་དང་ཚོགས་ཆེན་པོ་དང་ཚོགས་ཀྱི་སློབ་དཔོན་དེ་དག་གི་གཙོ་བོ་གཅིག་པོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་པ་ཁྱད་པར་ཅན་ཞེས་བྱ་བ། ཚོགས་དང་ཚོགས་ཆེན་པོ་དང་ཚོགས་ཀྱི་སློབ་དཔོན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྤྱོད་པ་ཁྱད་པར་ཅན་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག་དང་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཁྱེད་དེ་བཞིན་གཤེགས་པས་ཡོངས་སུ་སྨིན་པར་བྱས་སོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་དེ་མཆོད་རྟེན་གྱི་དབུས་ན་སེང་གེའི་ཁྲི་ལ་བཞུགས་པ་གཉི་ག་འཛུམ་པ་མཛད་ནས། གཉི་གའི་ཞལ་གྱི་སྒོ་ནས་ལྗགས་ཀྱི་དབང་པོ་ཕྱུང་སྟེ། ལྗགས་ཀྱི་དབང་པོ་དེ་ཉིད་ཀྱིས་ཚངས་པའི་འཇིག་རྟེན་གྱི་བར་དུ་ཕྱིན་ནས། ལྗགས་ཀྱི་དབང་པོ་དེ་གཉིས་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་བྱུང་ངོ་། །འོད་ཟེར་དེ་དག་ལས་འོད་ཟེར་རེ་རེ་ལས་ཀྱང་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ལུས་ཀྱི་མདོག་གསེར་གྱི་ཁ་དོག་འདྲ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། པད་མའི་སྙིང་པོའི་སེང་གེའི་ཁྲི་ལ་འཁོད་པ་དག་བྱུང་ངོ་། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཕྱོགས་དང་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དག་ཏུ་དོང་སྟེ། ཕྱོགས་དང་ཕྱོགས་མཚམས་དེ་དག་ཐམས་ཅད་ན་བར་སྣང་ལ་འཁོད་ནས་ཆོས་སྟོན་ཏོ། །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་གི་ལྗགས་ཀྱི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གཞན་དག་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་གཤེགས་པའི་


DKG051_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་དག་ན། སེང་གེའི་ཁྲི་ལ་སོ་སོར་བཞུགས་པ་དེ་དག་ཀྱང་ལྗགས་ཀྱི་དབང་པོས་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་ལོ་འབུམ་ཚང་གི་བར་དུ་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མཛད་དོ། །དེ་ནས་ལོ་འབུམ་འདས་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལྗགས་ཀྱི་དབང་པོ་དེ་དག་བསྡུས་ཏེ། དུས་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ། ཐམས་ཅད་ཀྱི་མགུར་བསལ་བའི་སྒྲ་ཆེན་པོ་ཕྱུང་སྟེ་སེ་གོལ་གཏོགས་པའི་སྒྲ་གཅིག་མཛད་དོ། །མགུར་བསལ་བའི་སྒྲ་ཆེན་པོ་དེ་དང་སེ་གོལ་གཏོགས་པའི་སྒྲ་ཆེན་པོ་དེས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཇི་སྙེད་པ་དེ་དག་ཐམས་ཅད་གཡོས་པར་གྱུར་ཏེ། གཡོས་རབ་ཏུ་གཡོས་ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག་ཀུན་ཏུ་རབ་ཏུ་ལྡེག་གོ ། སངས་རྒྱས་ཀྱི་ཞིང་དེ་དག་ན་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་སེམས་ཅན་ཇི་སྙེད་འཁོད་པ་དེ་དག་དེ་ན་འདུག་བཞིན་དུ་སངས་རྒྱས་ཀྱི་མཐུས་དེ་དག་ཐམས་ཅད་ཀྱིས་འཇིག་རྟེན་གྱི་ཁམས་མི་མཇེད་འདི་མཐོང་སྟེ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་ན་སེང་གེའི་ཁྲི་སོ་སོ་ལ་བཞུགས་པ་དེ་དག་དང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་རིན་པོ་ཆེའི་མཆོད་རྟེན་ཆེན་པོ་དེའི་དབུས་ན་སེང་གེའི་ཁྲི་ལ་བཞུགས་པ་དེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་ལྷན་ཅིག་ཏུ་བཞུགས་པ་དང་། འཁོར་བཞི་པོ་དེ་དག་ཀྱང་མཐོང་ངོ་། །དེ་མཐོང་ནས་


DKG051_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་དུ་གྱུར་རྨད་དུ་གྱུར་ཤིན་ཏུ་དགའ་བ་ཐོབ་པར་གྱུར་ཏེ་བར་སྣང་ལས་སྒྲ་འདི་སྐད་ཅེས་ཐོས་ཏེ། ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པ་དག་འདས་པ་ན། འཇིག་རྟེན་གྱི་ཁམས་མི་མཇེད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ། ད་ལྟར་དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ། བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པ། སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཡང་དག་པར་རབ་ཏུ་འཆད་ཀྱིས། དེ་ལ་ཁྱེད་ཀྱང་ལྷག་པའི་བསམ་པས་རྗེས་སུ་ཡི་རང་བར་གྱིས་ཤིག །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚོལ་ཅིག །མཆོད་པ་གྱིས་ཤིག་ཅེས་ཐོས་སོ། །དེ་ནས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བར་སྣང་ལས་དེ་ལྟ་བུའི་སྒྲ་ཐོས་ནས་དེ་ན་འཁོད་བཞིན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་ཚིག་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པའི་ལས་ཀྱི་ཕྱིར་ཐལ་མོ་སྦྱར་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་མང་པོ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ག་ལ་བ་དེ་ལོགས་སུ་འཐོར་རོ། །ཕྱང་ཕྲུལ་དང་བགོ་བ་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་རྣམ་པ་མང་པོ་ཡང་གཏོར་ཏོ། །མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ཆོས་གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་གཏོར་བ་དེ་དག་ཐམས་ཅད་འཇིག་རྟེན་གྱི་ཁམས་


DKG051_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཇེད་འདིར་འོངས་ཏེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་དང་། རྣམ་པར་རྒྱལ་བའི་བ་དན་རྣམ་པ་མང་པོ་དང་། སེ་མོ་དོ་དང་། དོ་ཤལ་དང་། ནོར་བུ་དང་། རིན་པོ་ཆེ་དེ་དག་གིས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ཁེབས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་གཞན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་དང་ལྷན་ཅིག་ཏུ་ཁེབས་པར་གྱུར་ནས་གཅིག་ཏུ་གྱུར་ཏེ། གང་དག་ན་དེ་བཞིན་གཤེགས་པ་དེ་དག་བཞུགས་པ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དེ་དག་ཐམས་ཅད་ཀྱི་སྟེང་གི་ནམ་མཁའ་བར་སྣང་ལ་མེ་ཏོག་གི་བླ་རེ་ཆེན་པོས་ཀུན་ཏུ་ཁེབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱོད་པ་ཁྱད་པར་ཅན་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། མཐུ་བསམ་གྱིས་མི་ཁྱབ་པ་སྟེ། རིགས་ཀྱི་བུ་དག་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཏད་པའི་ཕྱིར། ངས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོར་ཆོས་ཀྱི་སྒོ་རྣམ་པ་ཐ་དད་པ་དག་གིས་ཕན་ཡོན་གྱི་རྣམ་གྲངས་མང་པོ་བཤད་མོད་ཀྱི། ངས་ཆོས་ཀྱི་རྣམ་གྲངས་འདིའི་ཡོན་ཏན་བཤད་ཀྱང་ཡོན་ཏན་གྱི་ཕ་རོལ་དུ་མི་ཕྱིན་ཏོ། །རིགས་ཀྱི་བུ་དག་མདོར་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཁྱུ་མཆོག་ཏུ་གྱུར་པ་ཐམས་ཅད་དང་། སངས་རྒྱས་ཀྱི་གསང་ཆེན་ཐམས་ཅད་དང་། སངས་རྒྱས་ཀྱི་ཟབ་མོའི་གནས་ཐམས་ཅད་ངས་ཆོས་ཀྱི་རྣམ་གྲངས་འདིར་བཤད་དོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཁྱེད་ཀྱིས་ཀྱང་། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། ཆོས་ཀྱི་རྣམ་གྲངས་འདི་ལ་གུས་པར་གཟུང་བར་བྱའོ། །བསྟན་པར་བྱའོ། །ཡི་གེར་བྲི་བར་བྱའོ། །བཀླག་པར་བྱའོ། །རབ་ཏུ་བཤད་པར་བྱའོ། །བསྒོམ་པར་བྱའོ། །མཆོད་པར་བྱའོ། །རིགས་ཀྱི་བུ་དག་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་གམ་སྟོན་ཏམ་རབ་ཏུ་འཆད་དམ་ཡི་


DKG051_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

གེར་འདྲིའམ་སེམས་སམ་འདོན་ཏམ་ཁ་ཏོན་བྱེད་དམ་གླེགས་བམ་དུ་བྱས་པ། ཀུན་དགའི་ར་བའམ་གཙུག་ལག་ཁང་ངམ་ཁྱིམ་མམ་གནས་སམ་ཤིང་དྲུང་ངམ་ཁང་པའམ་གནས་ཁང་ངམ་ཕུག་ན་འདུག་ཀྱང་རུང་སྟེ། ས་ཕྱོགས་དེར་དེ་བཞིན་གཤེགས་པའི་ཕྱིར་མཆོད་རྟེན་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་རིག་པར་བྱ་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་རིག་པར་བྱ་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང་། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མངོན་ཤེས་ཡེ་ཤེས་རབ་ཏུ་གནས་རྣམས་ཀྱི། །འཇིག་རྟེན་ཕན་པའི་ཆོས་ནི་བསམ་མི་ཁྱབ། །ལུས་ཅན་འདི་ཀུན་མཆོག་ཏུ་དགའ་བའི་ཕྱིར། །མཐའ་ཡས་སྤྱན་གྱིས་རྫུ་འཕྲུལ་རབ་ཏུ་བསྟན། །འོད་ཟེར་སྟོང་རྣམས་རབ་ཏུ་ཀུན་འགྱེད་ཅིང་། །ལྗགས་ཀྱི་དབང་པོས་ཚངས་པའི་འཇིག་རྟེན་ཕྱིན། །བྱང་ཆུབ་མཆོག་ལ་ཞུགས་པ་དེ་དག་ཕྱིར། །ངོ་མཚར་གྱུར་པའི་རྫུ་འཕྲུལ་དེ་དག་བསྟན། །སངས་རྒྱས་རྣམས་ཀྱི་མགུར་སེལ་སྒྲ་མཛད་ཅིང་། །སེ་གོལ་གཅིག་གི་སྒྲ་དག་གང་ཕྱུང་བ། །དེ་དག་ཕྱོགས་བཅུའི་འཇིག་རྟེན་ཇི་ཙམ་པ། །འཇིག་རྟེན་ཁམས་དེ་ཐམས་ཅད་གོ་བར་བྱས། །ཅི་ནས་དེ་དག་དགའ་ནས་ཕྱི་དུས་ན། །བདེ་གཤེགས་མྱ་ངན་འདས་ནས་མདོ་འཛིན་པར། །དེ་དག་དང་ནི་ཆོ་འཕྲུལ་གཞན་རྣམས་དང་། །ཡོན་ཏན་རྣམས་ནི་ཕན་ཞིང་ཐུགས་བརྩེ་བསྟན། །འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་པ་ན། །མདོ་སྡེ་མཆོག་འདི་གང་དག་འཛིན་པ་ཡི། །བདེ་གཤེགས་སྲས་པོ་རྣམས་ཀྱི་བསྔགས་པ་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་མང་བརྗོད་ཀྱང་། །དེ་དག་གི་ནི་ཡོན་ཏན་མཐའ་ཡས་ཏེ། །


DKG051_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཕྱོགས་རྣམས་སུ་ནི་ནམ་མཁའ་བཞིན། །གང་དག་རྟག་ཏུ་མདོ་སྡེ་འདི་འཛིན་པ། །དེ་དག་ཡོན་ཏན་བསམ་གྱིས་མི་ཁྱབ་འགྱུར། །འཇིག་རྟེན་འདྲེན་པ་མྱ་ངན་འདས་འདི་དང་། །ང་དང་འདྲེན་པ་འདི་དག་ཐམས་ཅད་མཐོང་། །བྱང་ཆུབ་སེམས་དཔའ་མང་པོ་འདི་ཀུན་དང་། །འཁོར་བཞི་རྣམས་ཀྱང་དེ་ཡིས་མཐོང་བ་ཡིན། །དེ་ཡིས་དེང་འདིར་ང་ནི་མཉེས་པར་བྱས། །རྒྱལ་བའི་དབང་པོ་མྱ་ངན་འདས་འདི་དང་། །ཕྱོགས་བཅུ་རྣམས་ན་གང་དག་གཞན་བཞུགས་པ། །འདྲེན་པ་དེ་དག་ཐམས་ཅད་མཉེས་པར་བྱས། །གང་ཞིག་མདོ་སྡེ་འདི་ནི་འཛིན་བྱེད་པ། །འདས་དང་ད་ལྟར་མ་བྱོན་སངས་རྒྱས་དང་། །ཕྱོགས་བཅུ་དག་ན་གང་དག་བཞུགས་པ་ཡང་། །དེ་ཀུན་མཐོང་ཞིང་ཤིན་ཏུ་མཆོད་པར་འགྱུར། །མདོ་སྡེ་ཡང་དག་ཆོས་འདི་གང་འཛིན་པས། །བྱང་ཆུབ་སྙིང་པོ་རྣམ་པར་གང་དགོངས་པ། །སྐྱེས་མཆོག་རྣམས་ཀྱི་གསང་ཆེན་ཤེས་པར་འགྱུར། །དེ་ནི་དེ་ཡང་མྱུར་དུ་རྗེས་སུ་སེམས། །གང་ཞིག་མདོ་སྡེ་དམ་པ་འདི་འཛིན་པ། །དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །ཇི་ལྟར་རླུང་ནི་གང་དུའང་ཐོགས་མེད་བཞིན། །ཆོས་དང་དོན་དང་ངེས་པའི་ཚིག་ཀྱང་ཤེས། །འདྲེན་པ་རྣམས་ཀྱིས་དགོངས་ཏེ་གང་གསུངས་པ། །མདོ་སྡེ་རྣམས་ཀྱི་མཚམས་སྦྱར་རྟག་ཏུ་ཤེས། །རྣམ་པར་འདྲེན་པ་མྱ་ངན་འདས་པ་ཡི། །མདོ་སྡེ་རྣམས་ཀྱི་ཡང་དག་དོན་དེ་ཤེས། །ཟླ་བ་ཉི་མ་འདྲ་བར་དེ་འགྱུར་ཏེ། །དེ་ནི་ཤིན་ཏུ་སྣང་ཞིང་གསལ་བྱེད་འགྱུར། །དེ་ནི་ས་ལ་རྒྱུ་ཞིང་དེ་དང་དེར། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བས་བྱང་ཆུབ་སེམས་དཔའ་མཁས་གང་དག། །འདི་འདྲ་བ་ཡི་ཕན་ཡོན་འདི་ཐོས་ནས། །མྱ་ངན་ང་འདས་མདོ་འདི་ཟུང་ཤིག་དང་། །དེ་དག་ཐེ་ཚོམ་མེད་པར་བྱང་ཆུབ་འགྱུར། །དམ་པའི་ཆོས་པད་མ་དཀར་པོ་ལས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །།


previousཉི་ཤུ་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ། next