Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉི་ཤུ་རྩ་གསུམ་པ། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉི་ཤུ་རྩ་གསུམ་པ། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ། next

ཉི་ཤུ་རྩ་གསུམ་པ། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ།


DKG055_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བ་ཡིན་ཏེ། གཟུགས་ཀྱི་སྐུས་རབ་


DKG055_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཕྱེ་བ་མ་ཡིན་ནོ། །གཞོན་ནུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྐུ་ལ་སྨོན་པར་འདོད་པ་དང་། དེ་བཞིན་གཤེགས་པའི་སྐུ་ཤེས་པར་འདོད་པས་ཏིང་ངེ་འཛིན་འདི་གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། རབ་ཏུ་གདོན་པར་བྱ། ལུང་མནོད་ཅིང་ཁ་ཏོན་དུ་བྱ། བསྒོམ་པར་བྱ་བསྒོམ་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་བྱ། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །གཞོན་ནུ་དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་པ་ལས་སྐྱེས་པའི་བློ་དང་དོན་གཅིག་ཏུ་བསྟན་པ་ཡིན་ཏེ། ཆོས་ལས་སྐྱེས་པ། མཚན་མ་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ། ཟབ་པ་ཚད་མེད་པ་ཚད་མེད་པའི་ཆོས་མཚན་མ་མེད་པའི་ངོ་བོ་ཉིད་མཚན་མ་ཐམས་ཅད་རྣམ་པར་བཤིག་པ། མི་གཡོ་བ་མི་གནས་པ་ཤིན་ཏུ་ནམ་མཁའི་ངོ་བོ་ཉིད། མི་སྣང་བ་མིག་གི་ལམ་ལས་ཡང་དག་པར་འདས་པ་ནི་ཆོས་ཀྱི་སྐུར་རབ་ཏུ་ཤེས་པར་བྱ་སྟེ། བསམ་གྱིས་མི་ཁྱབ་པ། བསམ་པའི་ས་དང་བྲལ་བ། བདེ་བ་དང་སྡུག་བསྔལ་གྱིས་མི་སྐྱོད་པ། སྤྲོས་པ་ཐམས་ཅད་ལས་ཡང་དག་པར་འདས་པ། གནས་མེད་པ། སངས་རྒྱས་ཀྱི་ཡེ་ཤེས་ལ་སྨོན་པར་འདོད་པ་རྣམས་ཀྱི་སྒྲ་ལས་ཤིན་ཏུ་འདས་པའི་སྙིང་པོ་སྟེ་འདོད་ཆགས་ལས་ཡང་དག་པར་འདས་པ། དབྱེར་མི་ཕྱེད་པ་སྟེ་ཞེ་སྡང་ལས་ཡང་དག་པར་འདས་པ་བརྟན་པ་སྟེ། གཏི་མུག་ལས་ཡང་དག་པར་འདས་པ་སྟོང་པ་ཉིད་དུ་བསྟན་པས་ངེས་པར་བསྟན་པ་མ་སྐྱེས་པ་སྐྱེ་བ་ལས་ཡང་དག་པར་འདས་པ། ཐ་སྙད་དུ་བརྟགས་པ། མྱ་ངན་ལས་འདས་པ་བྱེ་བྲག་མེད་པ། སྒྲས་མྱ་ངན་ལས་འདས་པ་དབྱངས་ཀྱིས་ཞི་བ། བརྡས་མཚུངས་པར་གྱུར་པ། དོན་དམ་པས་བརྡར་གྱུར་པ། ཡང་དག་པ་ཇི་ལྟ་བའི་ཚིག་གིས་དོན་དམ་པ། ཡོངས་སུ་གདུང་བ་མེད་པས་བསིལ་བ། གནས་མེད་པ། གཞལ་དུ་མེད་པ། ཁ་དོག་བསྟན་པས་མུ་མེད་པ། མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱང་བ་ལས་བྱུང་བ་སྟེ། གཞོན་ནུ་དེ་ནི་དེ་བཞིན་གཤེགས་པའི་སྐུ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདི་


DKG055_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའི་འཇིག་རྟེན་མགོན་པོའི་སྐུ། །སུ་དག་ཤེས་པར་འདོད་པ་ནི། །ཏིང་འཛིན་འདི་ནི་སྒོམ་གྱིས་དང་། །སངས་རྒྱས་སྐུ་ནི་ཤེས་པར་འགྱུར། །སངས་རྒྱས་སྐུ་ནི་དག་པ་སྟེ། །བསོད་ནམས་བརྒྱ་སྐྱེས་འོད་ཀྱང་གསལ། །དེ་ནི་བར་སྣང་མཚུངས་པ་སྟེ། །དེ་ལ་ཐ་དད་བྱ་བ་མེད། །སངས་རྒྱས་བྱང་ཆུབ་ཅི་འདྲ་བ། །མཚན་རྣམས་ཀྱང་ནི་དེ་འདྲ་སྟེ། །དེ་ཡི་མཚན་རྣམས་ཅི་འདྲ་བ། །དེ་ཡི་སྐུ་ཡང་དེ་འདྲའོ། །སྐུ་ནི་བྱང་ཆུབ་མཚན་ཉིད་དེ། །སངས་རྒྱས་ཞིང་ཡང་དེ་འདྲ་ཞིང་། །སྟོབས་དང་རྣམ་ཐར་བསམ་གཏན་ཡང་། །དེ་དག་ཐམས་ཅད་མཚན་ཉིད་གཅིག །དེ་ལྟར་སངས་རྒྱས་འབྱུང་འགྱུར་ཏེ། །འཇིག་རྟེན་མགོན་པོའི་དེ་འདྲ་བས། །སུས་ཀྱང་ཤ་ཡི་མིག་གིས་ནི། །ནམ་ཡང་མཐོང་བར་མི་ནུས་སོ། །མང་པོ་དག་ཀྱང་འདི་སྐད་སྨྲ། །ངས་ནི་འཇིག་རྟེན་འདྲེན་པ་མཐོང་། །སྐུ་ཡང་གསེར་གྱི་ཁ་དོག་ལ། །འཇིག་རྟེན་ཐམས་ཅད་སྣང་བར་མཛད། །སངས་རྒྱས་དག་གི་བྱིན་རླབས་དང་། །མཐུ་དང་རྣམ་པར་སྤྲུལ་པ་ཡིས། །དེ་ལྟར་མཚན་གྱིས་སྤྲས་པ་ཡི། །སྐུ་དག་ཤིན་ཏུ་སྣང་བ་ཡིན། །བོངས་ཚོད་ཁྲུན་དང་སྦོམས་སུ་ཡང་། །སངས་རྒྱས་སྐུ་ནི་བཤད་མོད་ཀྱིས། །སྐུ་ཡི་ཚད་ནི་མ་རྙེད་དེ། །དེ་ཕྱིར་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་སྐུ་ནི་འདི་ཙམ་ཞེས། །གལ་ཏེ་ཚད་ཀྱང་རྙེད་གྱུར་ན། །ལྷ་དག་དང་ནི་མི་རྣམས་དང་། །སྟོན་པ་བྱེ་བྲག་མེད་པར་འགྱུར། །མཉམ་པར་གཞག་པའི་སེམས་ཀྱི་ནི། །རྣམ་པར་སྨིན་པའང་དེ་ཡི་མཚན། །མིང་དང་གཟུགས་ཀྱང་དེ་འདྲ་མཚན། །རྣམ་པར་དག་ཅིང་འོད་གསལ་འགྱུར། །ཇི་ལྟར་འཇིག་རྟེན་མགོན་པོ་ཡིས། །བསྐལ་པ་བྱེ་བར་བསྙེན་པ་ལྟར། །སུས་ཀྱང་ཏིང་འཛིན་ཞི་བ་འདི། །ནམ་ཡང་གོམས་པར་མ་བྱས་སོ། །དཀར་པོའི་ཆོས་ནི་མང་པོ་ཡིས། །ཏིང་འཛིན་འདི་ནི་བསྐྱེད་པ་སྟེ། །ཏིང་འཛིན་འདི་ནི་རྒྱ་ཆེ་བས། །ང་ཡི་ལུས་ཀྱང་མི་སྣང་ངོ་། །གང་གི་སེམས་ནི་ཅི་འདྲ་བ། །མིང་དང་གཟུགས་ཀྱང་དེ་འདྲ་སྟེ། །རང་བཞིན་མེད་པའི་སེམས་ཀྱི་ནི། །མིང་དང་གཟུགས་ཀྱང་མཚན་དེ་འདྲ། །མིང་དང་གཟུགས་ལ་གང་གི་ནི། །འདུ་ཤེས་རགས་པ་འཇུག་པ་ཡང་། །སྐལ་པ་མི་མཉམ་འདུ་ཤེས་


DKG055_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །རགས་པའི་སེམས་ཀྱང་སྐྱེ་བར་འགྱུར། །མིང་དང་གཟུགས་ལ་སུ་དག་གི། །འདུ་ཤེས་ཕྲ་མོ་འཇུག་པ་ནི། །མིང་དང་གཟུགས་ལ་མ་ཆགས་པས། །སེམས་ནི་རབ་ཏུ་འོད་གསལ་འགྱུར། །ངས་དྲན་སྔོན་གྱི་ཚེ་རབས་ནི། །གྲངས་མེད་པ་དག་བདུན་དུ་ཡང་། །སྡིག་པའི་འདུ་ཤེས་གསུམ་པོ་དག །ནམ་ཡང་སྐྱེས་པར་མ་གྱུར་ཏོ། །ང་ཡི་སེམས་ནི་ཟག་མེད་དེ། །བསྐལ་པ་བྱེ་བ་བསམ་ཡས་སུ། །སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་། །ང་ཡི་ལུས་ནི་མི་སྣང་ངོ་། །ཇི་ལྟར་གང་གི་དངོས་པོ་ལས། །ཡིད་ཀྱང་རྣམ་པར་གྲོལ་གྱུར་པ། །དེ་དག་དེ་ཡི་དངོས་པོ་དང་། །ཕྱིར་ཡང་ཕྲད་པར་མི་འགྱུར་རོ། །དངོས་པོ་ཀུན་ལས་རྣམ་པ་ཀུན། །ང་ཡི་རྣམ་ཤེས་རྣམ་གྲོལ་ཏེ། །སེམས་ཀྱི་རང་བཞིན་ཤེས་པས་ན། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞིང་རྣམས་བྱེ་བ་ཕྲག་སྟོང་དུ། །ང་ཡི་སྤྲུལ་པ་དག་ཀྱང་འགྲོ། །སེམས་ཅན་རྣམས་ཀྱི་དོན་ཀྱང་བྱེད། །དེ་ལ་ལུས་ཀྱང་རྙེད་མི་འགྱུར། །མཚན་ཉིད་མེད་ཅིང་མཚན་མ་མེད། །ཇི་ལྟར་ནམ་མཁའ་དེ་བཞིན་དུ། །ང་ཡི་སྐུ་ཡང་བརྗོད་མེད་ཅིང་། །ཤེས་པར་དཀའ་བར་རབ་ཏུ་བསྟན། །དཔའ་བོ་ཆེན་པོ་ཆོས་ཀྱི་སྐུ། །སྐུ་ནི་ཆོས་ལས་སྐྱེས་པ་སྟེ། །གཟུགས་ཀྱི་སྐུར་ནི་ནམ་དུ་ཡང་། ། རྒྱལ་བ་གདགས་པར་ཡོང་མི་ནུས། །ཇི་ལྟར་བཤད་པ་འདི་དག་ཀྱང་། །ཐོས་ནས་དགའ་བར་འགྱུར་བ་ནི། །དེ་ལ་སྡིག་ཅན་བདུད་ཀྱིས་ཀྱང་། །ཀླན་ཀ་རྙེད་པར་མི་འགྱུར་རོ། །ཟབ་མོ་ཡི་ནི་ཆོས་ཐོས་ནས། །དེ་ལ་སྐྲག་པ་མི་འབྱུང་སྟེ། །དེ་ནི་སྲོག་གི་ཕྱིར་དུ་ཡང་། །སངས་རྒྱས་བྱང་ཆུབ་སྤོང་མི་བྱེད། །མདོ་སྡེ་བྱེ་བ་ཕྲག་སྟོང་གི། །ཡང་དག་བསྟན་པ་ཤེས་པར་འགྱུར། །གང་དང་གང་དུ་སོང་བར་ཡང་། །འཇིག་རྟེན་དག་ལ་སྣང་བར་འགྱུར། །གཞོན་ནུ་དེ་ལ་དེ་བཞིན་གཤེགས་པའི་སྐུ་ནི་མཚན་མ་དང་ལས་ཀྱིས་ཀྱང་ཤེས་པར་སླ་བ་མ་ཡིན་ཏེ། སྔོན་པོའམ་ཁ་དོག་སྔོན་པོའམ། སྔོན་པོ་ལྟ་བུར་སྟོན་པའམ། འོད་སྔོན་པོ་འབྱུང་བའམ། སེར་པོའམ། ཁ་དོག་སེར་པོའམ། སེར་པོ་ལྟ་བུར་སྟོན་པའམ། འོད་སེར་པོ་འབྱུང་བའམ། དམར་པོའམ། ཁ་དོག་དམར་པོའམ། དམར་པོ་ལྟ་བུར་


DKG055_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པའམ། འོད་དམར་པོ་འབྱུང་བའམ། དཀར་པོའམ། ཁ་དོག་དཀར་པོའམ། དཀར་པོ་ལྟ་བུར་སྟོན་པའམ། འོད་དཀར་པོ་འབྱུང་བའམ། ལེ་བརྒན་ནམ། ཁ་དོག་ལེ་བརྒན་ནམ། ལེ་བརྒན་ལྟ་བུར་སྟོན་པའམ། འོད་ལེ་བརྒན་འབྱུང་བའམ། ཤེལ་ལམ། ཤེལ་གྱི་ཁ་དོག་གམ། ཤེལ་ལྟ་བུར་སྟོན་པའམ། ཤེལ་གྱི་འོད་འབྱུང་བའམ། མེའམ། མེའི་ཁ་དོག་གམ། མེ་ལྟ་བུར་སྟོན་པའམ། མེའི་འོད་འབྱུང་བའམ། མར་གྱི་སྙིང་པོའམ། མར་གྱི་ཁ་དོག་གམ། མར་ལྟ་བུར་སྟོན་པའམ། མར་གྱི་འོད་འབྱུང་བའམ། གསེར་རམ། གསེར་གྱི་ཁ་དོག་གམ། གསེར་ལྟ་བུར་སྟོན་པའམ། གསེར་གྱི་འོད་འབྱུང་བའམ། བཻ་དཱུཪྱའམ། བཻ་དཱུཪྱའི་ཁ་དོག་གམ། བཻ་དཱུཪྱ་ལྟ་བུར་སྟོན་པའམ། བཻ་དཱུཪྱའི་འོད་འབྱུང་བའམ། གློག་གམ། གློག་གི་ཁ་དོག་གམ། གློག་ལྟ་བུར་སྟོན་པའམ། གློག་གི་འོད་འབྱུང་བའམ། ཚངས་པའམ། ཚངས་པའི་ཁ་དོག་གམ། ཚངས་པ་ལྟ་བུར་སྟོན་པའམ། ཚངས་པའི་འོད་འབྱུང་བའམ། ལྷའམ། ལྷའི་ཁ་དོག་གམ། ལྷ་ལྟ་བུར་སྟོན་པའམ། ལྷའི་འོད་འབྱུང་བའོ། །ཞེས་ཤེས་པར་སླ་བ་མ་ཡིན་ནོ། །གཞོན་ནུ་དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་དག་པ་སྟེ། མཚན་མ་དག་གིས་བསམ་པར་བྱ་བ་མ་ཡིན་པ། བསམ་གྱིས་མི་ཁྱབ་པར་བསྟན་པ། མཚན་མ་ཐམས་ཅད་ཀྱིས་ཀྱང་བསྟན་པར་བྱ་བ་མ་ཡིན་པ། བསམ་གྱིས་མི་ཁྱབ་པར་བསྟན་པ་སྟེ། རྣམ་པ་ཐམས་ཅད་བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་པ་ཞེས་བྱ་བ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ཀྱང་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པས་སྐུའི་ཚད་གཟུང་བར་སླ་བ་མ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ཀྱི་རྡུལ་ཕྲན་དང་། །རྡུལ་དུ་མིང་ཡང་སྟོན་པ་དང་། །མཚེའུ་དང་རྫིང་དང་ལྟིང་ཀ་དང་། །རྒྱ་མཚོ་ན་ཡང་ཇི་སྙེད་ཆུ། །འདི་སྙེད་རྡུལ་ཕྲན་ཡོད་དོ་ཞེས། །དེ་དག་ལ་ནི་མཐའ་མི་རྙེད། །རྒྱ་མཚོ་ལ་ནི་སྐྲ་རྩེ་ཡིས། །ཆུ་ཐིགས་གཞལ་བར་ནུས་ཀྱང་ནི། །འཇིག་རྟེན་མགོན་པོའི་དཔེ་ཉིད་དུ། །ཡང་དག་བསྟན་པར་མི་རུང་ངོ་། །ཆུ་ཡི་ཐིགས་པ་


DKG055_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་ཅིང་། །དེ་བཞིན་རབ་ཏུ་ཕྲ་བའི་རྡུལ། །དེ་བས་སེམས་ཅན་གཅིག་གི་ཡང་། །ཤིན་ཏུ་མང་དུ་ངས་མཐོང་སྟེ། །མོས་པ་དང་ནི་སེམས་བསྐྱེད་པ། །དུ་མ་དག་ནི་ཤེས་མི་སླ། །ངས་ནི་སྐུ་ཡི་ཡོན་ཏན་དག །ཡང་དག་པ་ནི་གང་བསྟན་པ། །སེམས་ཅན་ཀུན་གྱི་མོས་པ་ཡང་། །དེ་དག་དཔེ་རུ་བཟོད་མི་འགྱུར། །མཚན་མ་དང་ནི་ལས་རྣམས་དང་། །ཁ་དོག་སྣང་བ་འདི་འདྲ་ཞེས། །སངས་རྒྱས་ཀྱི་ནི་ཤེས་མི་ནུས། །ང་ཡི་བྱེ་བྲག་དེ་འདྲའོ། །སངས་རྒྱས་མཚན་མ་བྲལ་བ་སྟེ། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །ཟབ་ཅིང་དཔག་ཏུ་མེད་པ་སྟེ། །དེ་ཕྱིར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་བསམ་དུ་མེད་པ་ཡི། །སངས་རྒྱས་སྐུ་ཡང་བསམ་དུ་མེད། །སྐུ་དེ་བསམ་དུ་མེད་པ་ཡི། །ཆོས་ཀྱི་སྐུ་ཡིས་རབ་ཏུ་ཕྱེ། །སངས་རྒྱས་སྐུ་ནི་སེམས་ཀྱིས་ཀྱང་། །བསམ་པར་བཟོད་པ་མ་ཡིན་ཏེ། །དེ་ལྟར་དེ་ཡི་སྐུ་ལ་ཡང་། །ཚད་ཀྱང་ཉེ་བར་མི་དམིགས་སོ། །ཆོས་རྣམས་དེ་དག་དཔག་ཏུ་མེད། །བསྐལ་པ་བྱེ་བར་བསྙེན་པས་ན། །དེ་ཕྱིར་ང་ཡི་ལུས་ཀྱང་ནི། །འོད་གསལ་བསམ་དུ་མེད་པ་གྲུབ། །སེམས་ཅན་ཀུན་གྱིས་གཟུང་དུ་མེད། །ཚད་ཀྱིས་གཟུང་བྱ་མ་ཡིན་ཏེ། །དེ་ལྟ་སངས་རྒྱས་སྐུ་དག་ནི། །ཚད་མེད་བསམ་གྱིས་མི་ཁྱབ་པ། །ཚད་མེད་པ་ཡི་ཆོས་དག་གིས། །དེ་ལ་ཚད་ནི་བརྟག་ཏུ་མེད། །མ་བརྟགས་པ་ཡི་ཆོས་དག་གིས། །དེ་ལྟར་སངས་རྒྱས་མ་བརྟགས་སོ། །རྟོག་པ་དག་ནི་ཚད་དུ་བསྟན། །རྟོག་པ་མེད་པ་ཚད་མེད་ཡིན། །མི་རྟོག་རྟོག་དང་བྲལ་བས་ན། །དེ་ཕྱིར་སངས་རྒྱས་བསམ་དུ་མེད། །ཇི་ལྟར་ནམ་མཁའ་ཚད་མེད་ལ། །སུས་ཀྱང་གཞལ་དུ་མི་ནུས་པ། །དེ་བཞིན་སངས་རྒྱས་སྐུ་དག་ཀྱང་། །ནམ་མཁའ་ཉིད་དང་འདྲ་ཞིང་མཚུངས། །སངས་རྒྱས་སྐུ་ནི་དེ་ལྟ་བུར། །གང་གིས་རིག་པ་རྒྱལ་བའི་སྲས། །དེ་དག་བསམ་གྱིས་མི་ཁྱབ་པ། །སངས་རྒྱས་འཇིག་རྟེན་མགོན་པོར་འགྱུར། །དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།


previousཉི་ཤུ་རྩ་གསུམ་པ། དེ་བཞིན་གཤེགས་པའི་སྐུ་ངེས་པར་བསྟན་པའི་ལེའུ། next