Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སུམ་ཅུ་རྩ་ལྔ་པ། ཡེ་ཤེས་ལྡན་གྱི་ལེའུ།
   
   
   
   
   
   
   
   
   


 
previousསུམ་ཅུ་རྩ་ལྔ་པ། ཡེ་ཤེས་ལྡན་གྱི་ལེའུ། next

སུམ་ཅུ་རྩ་ལྔ་པ། ཡེ་ཤེས་ལྡན་གྱི་ལེའུ།


DKG055_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དགེ་བའི་རྩ་བ་རྣམས་ལ་ཉེ་བར་གནས་ན་ཆོས་ཀྱི་སྦྱིན་པའམ་ཟང་ཟིང་གི་སྦྱིན་པ་ལ་བརྩོན་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སྦྱིན་པ་དེ་ཡང་བསྔོ་བ་བཞིས་ཡོངས་སུ་བསྔོ་བར་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། ཐབས་ལ་མཁས་པ་གང་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་ཐབས་མཁས་པ་དེ་དག་ཐོབ་པར་འགྱུར་བར་སྦྱིན་པ་འདིའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་དང་པོའོ། །དགེ་བའི་བཤེས་གཉེན་གང་དག་ལས་ཐབས་མཁས་པ་ཐོས་ཤིང་འཛིན་པར་འགྱུར་བ་དང་། ཀུན་ཆུབ་པར་བྱ་བ་དང་འཆང་བ་དང་ཀློག་པར་འགྱུར་བ་དང་། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་དགེ་བའི་བཤེས་གཉེན་དེ་དག་དང་བདག་རྟག་ཏུ་འགྲོགས་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གཉིས་པའོ། །ལོངས་སྤྱོད་ཐོབ་པ་གང་འཇིག་རྟེན་ཐམས་ཅད་འཚོ་བར་འགྱུར་བའི་ལོངས་སྤྱོད་ཐོབ་པ་དེ་དག་དང་བདག་ཕྲད་པར་གྱུར་ཅིག་ཅེས་དེ་ལྟར་སྦྱིན་པའི་དགེ་བའི་རྩ་བ་དེས་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་གསུམ་པའོ། །བདག་གི་ལུས་གྲུབ་པས་སེམས་ཅན་རྣམས་ལ་ཆོས་ཀྱི་ཕན་གདགས་པ་དང་། ཟང་ཟིང་གི་ཕན་གདགས་པ་དང་ཕན་གདགས་པ་གཉིས་ཀྱིས་ཕན་འདོགས་པར་འགྱུར་བའི་བདག་གི་ལུས་གྲུབ་པར་གྱུར་ཅིག་ཅེས་སྦྱིན་པའི་དགེ་བའི་རྩ་བ་བསྐྱེད་པར་བྱའོ་ཞེས་བྱ་བ་འདི་ནི་བསྔོ་བ་བཞི་པ་སྟེ། གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྔོ་བ་འདི་བཞིས་དགེ་བའི་རྩ་བ་རྣམས་བསྔོ་བར་བྱའོ། །


DKG055_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བ་ཡང་རུང་ཁྱིམ་པ་ཡང་རུང་སྟེ། ཏིང་ངེ་འཛིན་འདི་འདོད་པ་དང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལ་གཡོ་མེད་པས་བསྟེན་པར་བྱ། བསྙེན་པར་བྱ། རིམ་གྲོ་བྱའོ། །དེ་ལ་གཡོ་མེད་པ་དེ་ནི་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་བར་གྱུར་ཅིང་ནད་མི་བཟད་པས་བཏབ་པར་གྱུར་པ་ལ་རང་གི་ཤ་དང་ཁྲག་གིས་ཀྱང་དགེ་སློང་དེ་ན་བ་དེ་ལས་བསླང་བར་སྤྲོ་བར་བྱའོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཡོ་བ་མེད་ཅིང་འཇིགས་པ་མེད་པས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་སྟེ། དགེ་སློང་ཆོས་སྨྲ་བ་ན་བ་ལས་བསླང་བར་བྱའོ། །གཞོན་ནུ་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པ་བས་ཀྱང་ཆེས་གྲངས་མེད་པ། ཡངས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ། ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། གཞོན་ནུ་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་གང་གི་ཉིན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཉི་མ་མ་འདས་པར་སངས་རྒྱས་ཀྱི་འཕྲུལ་པ་གྲངས་མེད་དཔག་ཏུ་མེད་པ་མངོན་པར་སྤྲུལ་ནས་སེམས་ཅན་ཚད་མེད་པ་འདུལ་བ་བྱས་ཏེ། ཟག་པ་ཟད་པ་དགྲ་བཅོམ་པ་ཉིད་ལ་བཀོད་ནས་སེམས་


DKG055_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཚད་མེད་པ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ལ་བཀོད་ནས་ཉི་མ་དེ་མ་འདས་པར་ཡོངས་སུ་མྱ་ངན་ལས་འདས་སོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་དམ་པའི་ཆོས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གནས་པར་གྱུར་ཏོ། །གཞོན་ནུ་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་དུས་ཀྱི་ཚེ་ལྔ་བརྒྱ་ཐ་མར་གྱུར་པ་ན་དགེ་སློང་དམིགས་པའི་ལྟ་བ་ཅན་མང་པོ་བྱུང་སྟེ། དེ་དག་འདི་ལྟ་བུའི་མདོ་སྡེ་ལ་མི་སྲེད་མི་མོས་ཤིང་ཕྱིར་ཟློག་པར་བྱེད། སྤོང་བར་བྱེད་དེ། མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་དག་ལ་ཡང་གནོད་པར་བྱེད་ཅིང་སྲོག་ཀྱང་གཅོད་པར་བྱེད་དེ། རྙེད་པ་དང་བཀུར་སྟི་ལ་ཆགས་པ་དེ་དག་གིས་མདོ་སྡེ་འདི་ལྟ་བུ་འཛིན་པའི་དགེ་སློང་སྟོང་སྲོག་བཅད་པར་གྱུར་ཏོ། །གཞོན་ནུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཞེས་བྱ་བ་འཛམ་བུའི་གླིང་ལ་དབང་བ། དམ་པའི་ཆོས་ཡོངས་སུ་འཛིན་པ། སྔོན་གྱི་སྨོན་ལམ་ཕུན་སུམ་ཚོགས་པ་ཞིག་བྱུང་སྟེ། གཞོན་ནུ་ཡང་དེའི་ཚེ་དེའི་དུས་ན་འཛམ་བུའི་གླིང་འདིར་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཏིང་ངེ་འཛིན་འདི་འཛིན་པ། ཆོས་སྨྲ་བ་རྒྱལ་པོ་དེའི་ཕོ་བྲང་དུ་འགྲོ་ཞིང་། དགེ་བའི་བཤེས་གཉེན་བྱེད་པ། ཕན་པར་འདོད་པ། སྙིང་བརྩེ་བ་དོན་དུ་འདོད་པ་ཞིག་བྱུང་སྟེ། རྒྱལ་པོ་དེ་ཡང་དེ་ལ་རྒྱུན་མི་ཆད་པར་བལྟ་བས་མི་ངོམས་ཏེ་རྟག་ཏུ་འདོད་པར་གྱུར་ཏོ། །དེ་ཡང་བསྟན་པ་དང་ཆོས་ཀྱི་གཏམ་བྱ་བ་དང་ཉེ་བར་འགྲོ་བ་དང་། བསྙེན་བཀུར་བྱ་བ་དང་ཡོངས་སུ་དྲི་བ་དང་། གཟུང་བ་དང་ཚིག་གིས་གོ་བར་བྱེད་ནུས་ཤིང་དགེ་སློང་ཆོས་སྨྲ་བ་དེ། སེམས་ཅན་དག་གི་གཡོ་བ་དང་སྤྱོད་ལམ་དང་མོས་པ་དང་ཁམས་དང་བག་ཆགས་ལ་མཁས་ཏེ། སེམས་ཅན་རྣམས་ཀྱི་དབང་པོ་དང་སྟོབས་དང་བརྩོན་འགྲུས་ཀྱི་རིམ་པ་ཤེས་ཤིང་། ཁམས་དང་བག་ཆགས་ལ་ཡང་མཁས། བདེན་པ་དང་མཚམས་སྦྱར་བ་ལ་ཡང་མཁས། མཚམས་དབྲལ་བ་དང ་ཚིག་གི་ལན་གཏན་ལ་དབབ་པ་ལ་ཡང་མཁས། སྤོབས་པ་ཟབ་ཅིང་སེམས་ཅན་ཐམས་ཅད་འདུལ་བའི་ཆོ་ག་ལ་ཡང་མཁས། གསོང་པོར་སྨྲ་ཞིང་བཞིན་ལ་ཁྲོ་གཉེར་མེད་པ།


DKG055_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཆེན་པོར་གྱུར་པ་ལ་གནས་པ། སྙིང་རྗེ་ཆེན་པོ་ལ་བརྩོན་པ། ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མ་ནོན་པ་ཡིན་ནོ། །གཞོན་ནུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཀྱི་བུ་མོ་སྐྱེས་ནས་ལོ་བཅུ་དྲུག་ལོན་པ། བྱད་བཞིན་བཟང་ཞིང་མཛེས་ལ་བལྟ་ན་སྡུག་པ། ཁ་དོག་བཟང་ཞིང་རྒྱས་པའི་མཆོག་དང་ལྡན་པ་ཡེ་ཤེས་ལྡན་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་སློབ་དཔོན་ནི་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཡིན་ཏེ། དགེ་བའི་ཆོས་རྣམས་ལ་ཡང་དག་པར་སྟོན་པ། ཡང་དག་པར་གཟེངས་སྟོད་པ། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ། ཡང་དག་པར་འཛིན་དུ་འཇུག་པ་ཡིན་ནོ། །གཞོན་ནུ་དེའི་ཚེ་དེའི་དུས་ན་དགེ་སློང་ཆོས་སྨྲ་བ་དེའི་བརླ་གཉིས་ལ་འབྲུམ་བུ་མེ་དབལ་ནག་པོ་ཆེན་པོ་གསོ་དཀའ་ཞིང་སྨན་དཀོན་པ་ཞིག་བྱུང་སྟེ། ན་བ་དེ་སྨན་པ་དག་གིས་སྤངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་བཙུན་མོའི་འཁོར་དང་བཅས་པ་སྲས་དང་སྲས་མོ་དང་ཞབས་འབྲིང་བར་བཅས་པ་དགེ་སློང་དེ་ན་བར་རིག་ནས་རབ་ཏུ་ངུ་ཞིང་མཆི་མ་བྱུང་ངོ་། །བུད་མེད་བརྒྱད་ཁྲིར་བཅས་པ་དང་གྲོང་དང་གྲོང་ཁྱེར་གྱི་མི་རྣམས་སུ་བཅས་པ་དང་ཡུལ་འཁོར་བ་དང་གྲོང་འདབ་པ་དང་ཡུལ་གྱི་མི་དང་རྩིས་པ་དང་བློན་པོ་དང་བློན་པོ་ཆེན་པོ་དང་སྒོ་བ་དང་འཁོར་རྣམས་སུ་བཅས་པ་དེ་དག་ཐམས་ཅད་ཀྱང་དགེ་སློང་དེ་ན་བར་ཐོས་ནས་རབ་ཏུ་ངུ་ཞིང་མཆི་མ་འབྱིན་ཏེ། དགེ་སློང་འདི་འཆི་བའི་དུས་བྱེད་པར་གྱུར་ཏ་རེ་ཞེས་སྐད་འཛེར་ཏོ། །གཞོན་ནུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཡེ་ཤེས་སྟོབས་ལ་ལྷ་མོ་སྔོན་སྣག་གི་གཉེན་མཚམས་སུ་གྱུར་པ་ཞིག་ཡོད་དེ། དེ་རྒྱལ་པོ་དེའི་ཕྱི་བཞིན་འབྲང་བས་རྨི་ལམ་དུ་བསྟན་པ། རྒྱལ་པོ་ཆེན་པོ་གལ་ཏེ་དགེ་སློང་འདི་ལ་མིའི་ཤ་དང་ཁྲག་སར་པ་མ་རུལ་པས་འབྲུམ་བུ་མེ་དབལ་ནག་པོ་འདི་ལ་བྱུགས་ཏེ། མིའི་ཤ་སར་པ་མ་རུལ་པ་ལས་རོ་སྣ་ཚོགས་སུ་གཡོས་བྱས་ཏེ་བྱིན་ན་དགེ་སློང་འདི་ནད་འདི་ལས་འཚོ་བར་འགྱུར་རོ་ཞེས་ཟེར་རོ། །དེ་ནས་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་མཚན་མོ་དེ་འདས་པ་དང་གཉིད་ཀྱིས་ལོག་པ་ལས་སད་དེ་བཙུན་མོའི་འཁོར་གྱི་ནང་དུ་འོངས་ནས་རྨི་ལམ་གྱི་རྣམ་པ་དེ་དག་བཙུན་མོའི་འཁོར་རྣམས་ལ་བཟླས་ཏེ། ངའི་རྨི་ལམ་འདི་ལྟ་བུ་ཞིག་མཐོང་ངོ་


DKG055_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཟླས་ནས་གོ་བར་བྱས་ན། གཞོན་ནུ་དེ་ལྟར་བུད་མེད་ཀྱི་ཁྱིམ་དེ་དང་རྒྱལ་པོའི་ཕོ་བྲང་དེ་ནས་དགེ་སློང་དེ་ལ་རྩི་དེ་སྦྱིན་པར་སུ་ཡང་སྤྲོ་བ་མེད་དོ། །རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་ཡང་རྨི་ལམ་དེ་ལྟ་བུ་ཞིག་རྨིས་ནས་སད་པ་དང་བཙུན་མོའི་འཁོར་གྱི་ནང་དུ་སོང་སྟེ། རྨི་ལམ་གྱི་རྣམ་པ་དེ་དག་མ་དང་ཞབས་འབྲིང་བ་རྣམས་ལ་གཏམ་བྱས་ཀྱང་དགེ་སློང་དེ་ལ་རྩི་དེ་སྦྱིན་པར་སུ་ཡང་སྤྲོ་བ་མེད་དོ། །དེ་ནས་རྒྱལ་པོའི་སྲས་མོ་ཡེ་ཤེས་ལྡན་དེ་དགའ་ཞིང་མགུ་ཡི་རངས་ཤིང་རབ་ཏུ་དགའ་བ་དང་མོས་པ་དང་ཡིད་བདེ་བ་སྐྱེས་ནས་འདི་ལྟ་བུར་བརྩོན་པར་བྱས་ཏེ། འདི་ལྟར་བདག་གིས་རྩི་འདི་དག་བདག་གི་ལུས་ལས་བཅད་དེ་ཇི་སྐད་བསྟན་པ་བཞིན་དུ་ཁྲག་སར་པ་དང་ཤ་སར་པ་སྦྱིན་པར་བྱའོ། །རྒྱལ་པོའི་ཕོ་བྲང་ན་བདག་ནི་ཐམས་ཅད་ཀྱི་ནང་ན་གཞོན་ཞིང་ཆུང་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱང་ཀུན་ནས་ཉོན་མོངས་པ་མ་ཡིན་ལ། ཀུན་ནས་ཉོན་མོངས་པ་མེད་པའི་ཡེ་ཤེས་བཙལ་བར་འདོད་པས་ཆོས་སྨྲ་བ་ཀུན་ནས་ཉོན་མོངས་པ་མེད་པ་ལ་བདག་གི་ལུས་ཀྱི་ཤ་དང་ཁྲག་ཕུལ་ཏེ། དགེ་སློང་འདི་ཅི་ནས་ནད་འདི་ལས་སོས་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་དེ་རང་གི་གནས་སུ་སོང་ནས་མཚོན་རྣོན་པོ་ཐོགས་ཏེ་ཆོས་ལ་ཞུགས་པའི་ཡིད་ཀྱིས་བདག་གི་བརླ་ལས་ཤ་བཅད་ནས། རོ་སྣ་ཚོགས་དང་ལྡན་པ་གྱ་ནོམ་པར་གཡོས་བྱས་ནས། ཁྲག་ཀྱང་ཐོགས་ཏེ་འཕགས་པ་དེའི་དྲུང་དུ་སོང་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱི་མདུན་དུ་འདུག་སྟེ། ཁྲག་གིས་འབྲུམ་བུ་མེ་དབལ་ནག་པོ་དེ་བྱུགས་ནས། གཡོས་ལེགས་པར་བྱས་པའི་ཟས་དེ་དགེ་སློང་དེ་ཟར་བཅུག་སྟེ། འདྲངས་པར་བྱེད་ཅིང་ལེགས་པར་བསྟབས་སོ། །དེ་ནས་དགེ་སློང་དེ་མི་ཤེས་མ་རིག་མ་དོགས་པས་ཟས་དེ་ཟོས་སོ། །ཟས་དེ་ཟོས་མ་ཐག་ཏུ་དགེ་སློང་དེའི་ན་ཚ་ཐམས་ཅད་མེད་པར་གྱུར་ཏེ་ནད་དེ་ཐམས་ཅད་ཀྱང་སོས་སོ། །དེ་ཡོངས་སུ་གདུང་བ་དང་བྲལ་ཞིང་བདེ་བ་དང་ལྡན་པས་དེ་ལྟ་དེ་ལྟ་བུར་ཆོས་བསྟན་ཏེ། བཙུན་མོའི་འཁོར་དེ་དང་གྲོང་པ་དང་ཡུལ་མི་དང་ཡུལ་འཁོར་བ་འདུས་པ་དེ་དག་ལས་སྲོག་ཆགས་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་ནས་རྒྱལ་པོ་ཡེ་ཤེས་སྟོབས་ཀྱིས་བདག་གི་བུ་མོ་ལ་ཚིགས་


DKG055_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་འདི་དག་སྨྲས་སོ། །བུ་མོ་ཁྱོད་ཀྱིས་ཁྲག་འདི་ག་ལས་རྙེད། །མི་ཡི་ཤ་འདི་དག་ཀྱང་གང་ནས་བླངས། །བུ་མོ་ཁྱོད་ཀྱིས་ཁ་ཟས་འདི་བྱས་པས། །ཆོས་སྨྲ་འདི་ཡང་འདི་ལྟར་བདེ་བར་གྱུར། །སྣ་ཚོགས་བྲོ་དང་ལྡན་པའི་གཡོས་བྱས་པ། །བསད་པ་ཡིན་ནམ་དེ་སྟེ་ཤི་བ་རྙེད། །བུ་མོ་ཁྱོད་ཀྱིས་ཁྲག་འདི་ག་ལས་རྙེད། །དེས་ནི་སྡིག་པའི་ནད་ལས་འདི་ཐར་བྱས། །བུ་མོ་དེས་ནི་ཕ་ཡི་ཚིག་ཐོས་ནས། །བུ་མོ་ཡེ་ཤེས་ལྡན་གྱིས་འདི་སྐད་སྨྲས། །ཞུམ་སེམས་མེད་པར་ཚིག་ཀྱང་རབ་སྨྲས་ཏེ། །བདག་ནི་ཅི་མཆི་ཡབ་ཁྱོད་གསན་དུ་གསོལ། །ལྷ་ཡིས་བསྟན་པའི་རྨི་ལམ་དག །བདག་གིས་མཐོང་བར་གྱུར་ཏོ་ཡབ། །ས་ཡི་བདག་པོ་བདག་ལ་གསོན། །ཡང་དག་དོན་ནི་མཁྱེན་པར་མཛོད། །ལྷ་དེས་བདག་ལ་འདི་སྐད་སྟོན། །མི་ཡི་ཤ་དང་ཁྲག་རྣམས་ནི། །དགེ་སློང་འདི་ལ་སུས་བྱིན་ན། །སྡིག་པའི་ནད་ལས་ཐར་བར་འགྱུར། །བདག་ནི་མལ་ནས་ལངས་ནས་སུ། །བཙུན་མོའི་འཁོར་དུ་མཆིས་ནས་ནི། །བདག་གིས་དེ་ཚེ་རྨི་ལམ་རྣམས། །མ་ཡི་གཙོ་ལ་བཟླས་ཤིང་སྨྲས། །བྲན་མོ་རྣམས་ལ་བདག་གིས་བསྒོ། །འདི་ལྟ་བུ་དག་སུ་བྱེད་ནུས། །མི་ཡི་ཁྲག་དང་ཤ་རྣམས་ནི། །ཁུ་བར་བཙོས་པ་གཡོས་བྱས་ཏེ། །ཟས་སུ་རབ་ཏུ་སྦྱིན་བྱ་ཞིང་། །ཁྲག་དག་གིས་ཀྱང་བྱུགས་ནས་སུ། །མེ་དབལ་ནག་པོ་འདི་ལས་ཀྱང་། །དགེ་སློང་ཇི་ལྟར་ཐར་བར་བྱ། །ཆོ་ག་མྱུར་དུ་མ་བྱས་ན། །རྩི་སྨན་དག་ནི་མ་བྱས་པས། །དགེ་སློང་འདི་ནི་ནད་འདི་ཡིས། །མྱུར་དུ་འཆི་བའི་དུས་བྱེད་འགྱུར། །རང་གི་ཤ་དང་ཁྲག་གཏོང་བ། །སྲིད་པ་གསུམ་ན་སེམས་ཅན་གང་། ། མཁས་པ་སུ་ཞིག་འདི་མཐོང་ནས། །ལུས་ལ་ཡང་ནི་གནས་པར་བྱེད། །བཙུན་མོའི་འཁོར་དུ་བདག་གིས་གོ་བར་བགྱིས། །བུད་མེད་གཅིག་ཀྱང་སྦྱིན་ཞེས་མི་མཆི་ནས། །བདག་ལ་དགེ་སློང་དེ་ཕངས་བདག་ཕངས་ཀྱང་། །བྱང་ཆུབ་ཕྱིར་ནི་བདག་གིས་ཤ་ཁྲག་བཏང་། །བྱང་ཆུབ་ཞི་བ་མྱ་ངན་མེད་ཚོལ་བ། །དེ་དག་ལུས་ལ་མོས་ཤིང་རྟེན་པ་མིན། །བདག་ཉིད་ལ་ཡང་རྡུལ་ཙམ་ཕངས་པ་མེད། །བདག་ཉིད་བཏང་ཡང་ཡིད་ནི་མི་དགའ་མེད། །བཙུན་མོའི་འཁོར་


DKG055_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དེ་ཐོས་ནས། །ཐམས་ཅད་རྨུགས་པ་བཞིན་དུ་གྱུར། །བྱ་བ་དེ་དག་སྦྱར་བར་ནི། །སུ་ཡང་སྤྲོ་བར་མ་གྱུར་ཏོ། །དེ་ནས་བདག་གི་སེམས་སྐྱེས་པ། །དགེ་སློང་འདི་ནི་ཟས་བྱིན་ཏེ། །བདག་གི་ཤ་ཡང་བཅད་ནས་ནི། །ཁྲག་རྣམས་ཀྱིས་ཀྱང་བསྐུ་བར་བྱ། །བདག་གི་བརླ་ལས་ཤ་བཅད་དེ། །ཤ་རྣམས་དང་ནི་ཁྲག་བླངས་ནས། །ཤ་ཡི་སྣ་གུ་བདག་གིས་བསྐལ། །བྲོ་བ་སྣ་ཚོགས་གཡོས་ལེགས་བགྱིས། །དགེ་སློང་ན་བ་དེ་ལ་ནི། །མི་ཤ་ཡི་ནི་ཁ་ཟས་དང་། །ཁྲག་རྣམས་ཀྱིས་ཀྱང་བྱུག་པ་དག །བདག་གིས་ཡབ་ཀྱི་སྤྱན་སྔར་སྩལ། །མི་ཡི་བདག་པོ་བདག་གི་ཚིག་ལ་གསོན། །ས་བདག་མི་ཤ་དག་ནི་མ་རྙེད་ནས། །བདག་གི་བརླ་ལས་ཤ་དག་བཅད་ནས་སུ། །དེ་བསྒྲུབས་ཆོས་སྨྲ་འདི་ལ་སྩལ་པ་ལགས། །བདག་གིས་བླ་མེད་བྱང་ཆུབ་དོན་ཕྱིར་དུ། །རང་གི་ལུས་ཀྱིས་དོན་ཆེན་འདི་དག་བགྱིས། །དགེ་སློང་འདི་ཡང་ཐར་བགྱིས་མི་བདེ་མེད། །བདག་གི་བསོད་ནམས་དག་ནི་ཚད་མེད་བགྱིས། །བུ་མོ་དེ་ལ་རྒྱལ་པོས་འདི་སྐད་སྨྲས། །བུ་མོ་ཁྱོད་ཀྱིས་རྩིར་ནི་བྱ་བའི་ཕྱིར། །ཇི་ལྟར་ལུས་ལས་རང་གི་ཤ་བཅད་ན། །ཁྱོད་ཀྱི་ལུས་ལ་ན་ཚར་མ་གྱུར་ཏམ། །རྒྱལ་པོའི་བུ་མོ་བློ་ལྡན་འཇིགས་མེད་པས། །དེ་ཚེ་སྨྲས་པ་རྒྱལ་པོ་ས་བདག་གསོན། །ལས་ཀྱི་རྣམ་སྨིན་བསམ་ཡས་དེ་འདྲ་བས། །དེ་དག་གསན་ནས་ཚུལ་བཞིན་མཁྱེན་པར་མཛོད། །ཡབ་ཅིག་སྡིག་པའི་ལས་རྣམས་བགྱིས་པ་ཡིས། །སེམས་ཅན་སེམས་དམྱལ་མི་བཟད་ལྟུང་གྱུར་ཏེ། །ཤ་མེད་གྱུར་ནས་ཕྱིར་ཡང་ཤ་དག་སྐྱེ། །ལས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་གཟིགས། ། སྡིག་པའི་ལས་ཀྱིས་ཤ་ཁྲག་མེད་གྱུར་ཅིང་། །སྐད་ཅིག་ཏུ་ཡང་ཤ་ཁྲག་འབྱུང་འགྱུར་ན། །དགེ་བའི་ལས་དང་མོས་པ་དེ་དག་ལས། །ཤ་དང་ཁྲག་རྣམས་སྐྱེ་བ་སྨོས་ཅི་འཚལ། །ཤ་བཅད་བདག་ལ་ན་ཚ་མ་མཆིས་ཏེ། །ཁྲག་ཕྱུང་བདག་ལ་གཡོ་བ་ཡོང་མ་མཆིས། །བདག་གི་ཤ་རྣམས་ཐམས་ཅད་བཅད་ན་ཡང་། །ཆོས་ཀྱི་ལུས་ལ་རྨ་དང་སྐྱོན་མ་མཆིས། །བདག་གིས་ཆོས་ལ་དགའ་བ་མཆོག་བསྐྱེད་ནས། །རང་གི་བརླ་ལས་ཤ་བཅད་རབ་ཏུ་སྩལ། །རྨ་དང་སྡུག་བསྔལ་བདག་ལ་མ་མཆིས་ཏེ། །བདག་


DKG055_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གི་ལུས་ཀྱང་སྔོན་གྱི་བཞིན་དུ་གྱུར། །འདི་འདྲ་བ་ཡི་ཆོས་སྨྲ་འདི་ལྟ་བུ། །བརྒྱ་ལམ་ན་ཡང་འཛམ་བུའི་གླིང་དུ་འབྱུང་། །ཡབ་ཅིག་ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བསྐལ་པ་བྱེ་བ་མང་ལ་རེས་འགའ་གདའ། །ཇི་ལྟར་འཛམ་བུའི་ཆུ་བོ་གསེར་འབར་བ། །སེམས་ཅན་ལྟ་བས་ངོམས་པར་མི་འགྱུར་ཏེ། །དེ་བཞིན་དུ་ནི་ཆོས་སྨྲ་དེ་འདྲ་བ། །ལྷ་དང་མི་དག་མཐོང་བས་ཆོག་མི་ཤེས། །སྐྱེ་བོ་སྐོམ་པ་དང་བའི་ཆུ་འཐུངས་ནས། །སྐོམ་པས་གདུངས་པ་སྐོམ་པ་མེད་པར་འགྱུར། །དེ་བཞིན་ཆོས་སྨྲ་མཁས་པ་འདི་དག་ཀྱང་། །ཆོས་ཀྱི་བདུད་རྩིས་སྲོག་ཆགས་སྲེད་པ་སེལ། །དགེ་སློང་མི་བཟད་ན་བ་འདི་ལ་ཡང་། །ཤ་དང་ཁྲག་ནི་བདག་གིས་རབ་ཏུ་བཏང་། །ཆོས་སྨྲ་བ་ནི་མེ་དབལ་རབ་ཞི་སྟེ། །བདག་གིས་སངས་རྒྱས་བསྔགས་པའི་རིམ་གྲོ་བགྱིས། །མང་དུ་ཐོས་ཤིང་སྤྱོད་དང་ལྡན་པ་སྟེ། །ཏིང་འཛིན་དམ་པ་འདི་ནི་འཛིན་པ་ལ། །འདི་ལྟར་བདག་གིས་རང་གི་ཤ་བཏང་བས། །ཆོས་འདི་རྣམས་ཀྱང་བདག་གིས་ཐོབ་པར་ཤོག །ཇི་ལྟར་སྤོས་རབ་དྲི་ཞིམ་ཡིད་འོང་བ། །དུས་འབྲང་དང་ནི་ཙན་དན་དམར་པོ་ཡི། །དྲི་དག་ཕྱོགས་བཅུ་རྣམས་སུ་ལྡང་བ་ལྟར། །ཆོས་སྨྲ་དེ་ཡི་དྲི་ཡང་དེ་བཞིན་ནོ། །ཇི་ལྟར་རི་རབ་ཕྱོགས་སུ་རབ་སྣང་ཞིང་། །ཀུན་ནས་མཛེས་པ་མཐོང་ན་དགའ་བར་འགྱུར། །ཕྱོགས་སུ་རབ་ཏུ་སྣང་ཞིང་གསལ་བར་བགྱིད། །དེ་བཞིན་ཆོས་སྨྲ་འདི་ཡང་རི་རབ་འདྲ། །ཇི་ལྟར་མཆོད་རྟེན་ལ་ལ་ཞིག་པ་ནི། །སྐྱེས་བུ་མཁས་པས་བཅོས་ཤིང་སླར་བསླང་སྟེ། །མཆོད་རྟེན་དེ་ལ་དད་པར་བགྱིད་པ་ནི། །དེ་ལྟར་བསླང་བ་དེ་ཡང་དེ་ཡི་རྒྱུ། །དེ་བཞིན་ཆོས་ཀྱི་མཆོད་རྟེན་ན་བ་ཡང་། །ཆོས་ལ་གུས་པར་རང་གི་ཤ་དང་ནི། །ཁྲག་གིས་བྱུག་པ་དག་གིས་ཐར་བར་བགྱིས། །འཛམ་བུའི་གླིང་དུ་བདག་གིས་མར་མེ་བལྟམ། །དགེ་སློང་འདི་ནི་འཆི་བའི་དུས་བགྱིས་ན། །འཛམ་བུའི་གླིང་དུ་ཏིང་འཛིན་སྒྲ་ཡང་ནི། །སེམས་ཅན་རྣམས་ལ་རྟག་ཏུ་ནུབ་པར་འགྱུར། །འདི་གསོས་པས་ནི་ཏིང་འཛིན་རྣམས་ཀྱང་འཐོབ། །དགེ་སློང་འདི་ནི་འཇིག་རྟེན་ཀུན་གྱི་སྐྱབས། །འཇིག་རྟེན་ལྡོངས་པ་དག་ལ་མིག་སྦྱིན་པ། །འདོད་ཆགས་དང་ནི་ཞེ་སྡང་གཏི་མུག་ལ། །སྨན་


DKG055_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱལ་པོ་ཆེན་པོ་གསོ་བར་བགྱིད། །ཆེན་པོར་གྱུར་པར་རྟག་ཏུ་སེམས་གནས་ཏེ། །དེ་ཡི་སྤྱོད་པ་དག་ནི་ཚད་མི་རྙེད། །ངེས་པའི་དོན་དང་ཚིག་ལ་ཤིན་ཏུ་བསླབས། །ཕ་རོལ་རྒོལ་བ་ཀུན་གྱིས་ཟིལ་མི་ནོན། །ཆོས་སྨྲ་བ་ལ་རིམ་གྲོ་མཆོག་བགྱིས་པས། །བསྐལ་པ་བྱེ་བ་ཕྲག་ནི་སྟོང་དུ་ཡང་། །བདག་ལ་ཕྱིར་ཡང་ལོག་ལྟུང་འཇིགས་མ་མཆིས། །བུད་མེད་དངོས་པོར་བདག་ནི་ཕྱིས་མི་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞོན་ནུ་དེ་ལྟ་བས་ན་ཤིན་ཏུ་དཀའ་བ་སྤྱད་པ་ངོ་མཚར་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་ཆོས་འདི་ཐོས་ནས་ཆོས་སྨྲ་བ་ན་བ་ལ་སྨན་ཤིན་ཏུ་དཀོན་པས་རིམ་གྲོ་བྱ་བ་ལ་བརྩོན་ཞིང་བདག་གི་ཤ་དང་ཁྲག་གིས་ཀྱང་རིམ་གྲོར་བྱས་ཏེ། ཐ་ན་སོར་མོ་གཅིག་ཙམ་སྦྱིན་པས་ཀྱང་འགྲོ་བའི་ཆོས་ཀྱི་མཆོད་རྟེན་ལ་རིམ་གྲོར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟླ་འོད་གཞོན་ནུར་གྱུར་པ་ལ་སྔོན་བྱུང་བའི་གཏམ་ངེས་པར་བསྟན་པ་འདི་རྒྱ་ཆེར་ཚིགས་སུ་བཅད་པའི་དབྱངས་ཀྱིས་ཡང་དག་པར་རབ་ཏུ་བསྟན་ཏོ། །གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བཀང་ནས་འདྲེན་ལ་ཕུལ་བ་བས། །གང་གིས་རྐང་པའི་སོར་མོ་གཅིག་བྱིན་ན། །དེ་བས་བསོད་ནམས་མཆོག་འདི་བྱེ་བྲག་འཕགས། །བུ་མོ་དེ་ནི་འདི་ནས་ཤི་འཕོས་ནས། །སངས་རྒྱས་བྱེ་བ་སྟོང་དག་མཐོང་བར་གྱུར། ། ཀུན་གྱི་བསྟན་པ་ལ་ཡང་རབ་བྱུང་ནས། །ཏིང་འཛིན་ཞི་བའི་མཆོག་འདི་རབ་ཏུ་བཟུང་། །རྐང་གཉིས་གཙོ་བོ་དེ་དག་ཐམས་ཅད་ནི། །ཡོངས་སུ་མྱ་ངན་འདས་པ་ཕྱི་དུས་ན། །དེ་ནི་རྟག་པར་རབ་ཏུ་བྱུང་གྱུར་ཏེ། །བདེ་གཤེགས་སྲས་མོ་ཀུན་ནས་ཉོན་མོངས་མེད། །མར་མེ་མཛད་པ་དེ་བཞིན་གཤེགས་པ་ཡི། །བསྟན་པ་ལ་ཡང་ཚངས་པར་སྤྱོད་པ་སྤྱད། །དེར་ཡང་བུད་མེད་དངོས་པོ་བསྒྱུར་ནས་སུ། །དེ་ཚེ་དེ་ནི་དགེ་སློང་ཆོས་སྨྲར་གྱུར། །རྟག་ཏུ་དམ་པའི་ཆོས་ནི་ཡོངས་འཛིན་པ། །མི་དབང་ཡེ་ཤེས་སྟོབས་ནི་བྱམས་པ་ཡིན། །མར་མེ་མཛད་ནི་ཆོས་སྨྲ་དེར་གྱུར་ཏེ། །དེ་ཚེ་ང་ནི་རྒྱལ་པོའི་བུ་མོར་གྱུར། །ལྷ་མོ་སྔོན་གྱི་སྣག་གི་གཉེན་གྱུར་པ། །མི་དབང་ཡེ་ཤེས་སྟོབས་ཀྱི་ཕྱིར་འབྲང་ཞིང་། །རྒྱལ་པོའི་རྨི་ལམ་དུ་ཡང་སྟོན་པ་ནི། །


DKG055_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་སྤྱད་པ་སྤྱོད་ཚེ་དེར་གྱུར་ཏོ། །ཏིང་འཛིན་འདི་ནི་རབ་ཏུ་འདོད་པའི་ཕྱིར། །གཡོ་སྒྱུ་ཐམས་ཅད་ཡོངས་སུ་སྤངས་ནས་སུ། །བདག་གི་ཤ་དག་དང་ནི་ཁྲག་གིས་ཀྱང་། །ཆོས་སྨྲ་བ་ལ་ངས་ཀྱང་རིམ་གྲོར་བྱས། །དགེ་སློང་ན་བ་ན་ཚས་གཟིར་བ་དེ། །གང་དག་མཐོང་ནས་དེ་ཚེ་ངུས་པ་ཡང་། །ཕྱིར་མི་ལྡོག་པར་དེ་དག་རབ་གྱུར་ཏེ། །ལོག་པར་ལྟུང་བའི་སར་ནི་ཡོང་མ་སོང་། །དེ་དག་རྟག་ཏུ་མིག་ཀྱང་ན་བ་མེད། །ཀླད་པའི་ནད་མེད་རྣ་བའི་ནད་མེད་དེ། །སྣ་ཡི་ནད་མེད་ལྕེ་ཡི་ནད་ཀྱང་མེད། །སོ་ཡང་ན་བར་ནམས་ཀྱང་མ་གྱུར་ཏོ། །དགེ་སློང་ན་བ་དེ་ཚེ་སུས་བསྙེན་པ། །དེ་དག་རྟག་ཏུ་ཀུན་ནས་མཛེས་པར་གྱུར། །སུམ་ཅུ་རྩ་གཉིས་བསོད་ནམས་བརྒྱ་པའི་མཚན། །དཔལ་དང་གཟི་བརྗིད་དག་གིས་ལུས་ཀྱང་འབར། །དེ་དག་ང་ཡི་བསྟན་ལ་རབ་བྱུང་ནས། །རབ་ཏུ་འཇིག་དུས་བྱང་ཆུབ་དམ་པ་འདི། །དེ་བཞིན་གཤེགས་པའི་མཛོད་ཀྱང་བཟུང་ནས་ནི། །སངས་རྒྱས་བྱེ་བ་སྟོང་དག་མཐོང་བར་འགྱུར། །བྱང་ཆུབ་མཆོག་འདི་ལེགས་པར་བཟུང་ནས་སུ། །རྟག་ཏུ་རི་མོ་བྱས་ཤིང་བཅང་བྱས་ན། །དེ་དག་སྐྱེ་དགུའི་དོན་ཆེན་བྱས་ནས་ནི། །མི་ཡི་གཙོ་བོ་མི་འཁྲུགས་མཐོང་བར་འགྱུར། །དེ་དག་སྤྱོད་པ་བླ་མེད་འདི་ཐོས་ནས། ། དགའ་བ་ཟང་ཟིང་མེད་པ་འཕགས་པ་འཐོབ། །དེ་དག་བདག་གི་སྔོན་སྤྱད་ཐོས་ནས་ནི། །སངས་རྒྱས་དག་ལ་མཆོད་པ་རྒྱ་ཆེར་བྱེད། །དགེ་སློང་མཁས་པ་ཚུལ་ཁྲིམས་ལྡན་མཐོང་ནས། །གཡོ་མེད་པར་ནི་རྟག་ཏུ་བསྙེན་པར་བྱ། །ཞེ་སྡང་ཐ་བ་དག་ཀྱང་རྣམ་སྤངས་ཏེ། །དགེ་སློང་ཆོས་སྨྲ་རྟག་ཏུ་བསྙེན་པར་གྱིས། །གནོད་སེམས་ཁྲོ་བ་དག་ཀྱང་རྣམ་སྤངས་ལ། །ང་ཡི་སྲས་པོ་ཆོས་སྐྱོང་མཆོད་པར་གྱིས། །བསྐལ་པ་བྱེ་བ་མང་པོར་ལོང་བ་དང་། །ལོག་པར་ལྟུང་ཞིང་སྡུག་བསྔལ་གྱུར་ཏ་རེ། །གཅིག་ལ་གཅིག་ཀྱང་གནོད་སེམས་བྱས་ན་ནི། །དེ་ལ་ཚུལ་ཁྲིམས་ཐོས་པ་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པ་མི་སྐྱོབ་སངས་རྒྱས་མཆོད་པ་མིན། །ཡེ་ཤེས་ལྡན་གྱི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །།


previousསུམ་ཅུ་རྩ་ལྔ་པ། ཡེ་ཤེས་ལྡན་གྱི་ལེའུ། next