Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་བརྒྱད་པ།


   
   
   
   
   
   
   
   
   
   
   
   
བཅུ་གཉིས་པ། བྱིན་རླབས་ཀྱི་ལེའུ།
   
   
   
   
   
   
   
   
   
   
   
   
   


 
previousབཅུ་གཉིས་པ། བྱིན་རླབས་ཀྱི་ལེའུ། next

བཅུ་གཉིས་པ། བྱིན་རླབས་ཀྱི་ལེའུ།


DKG058_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འདི་ནི་བར་ཆད་མང་བ་ཕྱིར་རྒོལ་བ་མང་བ་ལགས་ན། གང་འདི་ལྟ་བུའི་མདོ་སྡེ་འདི་དག་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ནུབ་པར་མི་འགྱུར་ཞིང་རྒྱས་པར་འགྱུར་བ་དང་། གང་དག་འཛིན་པ་དང་ཀློག་པ་དང་། སྟོན་པ་དེ་དག་ལ་ཡང་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་གླགས་རྙེད་པར་མི་འགྱུར་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པ་དང་མདོ་སྡེ་འདི་ལྟ་བུ་འདི་དག་ཀྱང་ཀུན་ཏུ་བསྲུང་བ་དང་སྦ་བ་དང་། ཡོངས་སུ་གཟུང་བའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་མདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོན་པར་འགྱུར་ཞིང་འདོད་པ་བརྩོན་འགྲུས་བརྩམས་པ། དགེ་བའི་རྩ་བ་བསྐྱེད་པ་དེ་དག་འདུལ་བའི་དབང་ཉེ་བར་གཟུང་སྟེ་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་ཟིན་ཏོ། །བློ་གྲོས་རྒྱ་མཚོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཚིག་གང་དག་གིས་རྒྱལ་པོ་ཆེན་པོ་བཞི་དག་བཀུག་ནས་ཆོས་ཀྱི་རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་བའི་རྒྱལ་པོ་ཆེན་པོ་བཞི་དགུག་པའི་ཚིག་རྣམས་བརྗོད་པར་བྱའོ། །བློ་གྲོས་རྒྱ་མཚོ་དགུག་པའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ས་མེ་ས་མ་སན་དྷི། ས་ར་ནེ། ས་ར་པ་ཏི། དྷ་ནེ། དྷ་ན་བ་ཏི། དྷུ་དྷུ་མེ། དྷུ་དྷུ་མ་ཏི། ཨཱ་བརྟེ། ཨ་མ་ལེ། བི་མ་ལེ། བི་ར་ཛེ། ཀ་ཀ་རེ། ཀཱ་རུ་ཎེ། ཧུ་ཧུ། ཧུ་ཧུ་བ་ཏི། ཧུ་ཧུ་སན་དྷི། ནིརྒྷ་ཏ་ནི། ཨ་བཊྚེ། བཱི་བཊྚེ། མ་དྷུ་མ་ཏི་མ་ར་ཛི་ཏེ། བི་ཤུ། བི་ཤུདྷ་བ་ཏི། མི་སི་ལེ། མ་ནོ་ར་ཧ་རེ། བློ་གྲོས་རྒྱ་མཚོ་འདི་དག་ནི་དགུག་པའི་ཚིག་རྣམས་ཡིན་ཏེ། ཚིག་དེ་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་ཆོས་ཀྱི་


DKG058_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་འདི་ཀུན་ཏུ་བསྲུང་བ་དང་། ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བའི་ཕྱིར་ནན་ཏན་བྱེད་པར་འགྱུར་རོ། །སྔགས་ཀྱི་ཚིག་འདི་རྣམས་ཆོས་སྨྲ་བ་དེས་ལེགས་པར་ཁ་དོན་དུ་བྱས་ཏེ། ཕྱོགས་བཞིར་བྱམས་པས་ཁྱབ་པར་བྱས་ལ་རྒྱལ་པོ་ཆེན་པོ་བཞི་བསམས་ན། སྔགས་ཀྱི་ཚིག་འདི་དག་གིས་རྒྱལ་པོ་ཆེན་པོ་བཞི་བཀུག་ནས་འོང་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་ལྷན་ཅིག་ཏུ་འཐུན་པར་གང་ན་ཡང་དག་པ་དང་ལྡན་པའི་རྒྱུད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཆད་པར་འགྱུར་བ་དེར། ཆོས་ཀྱི་རྣམ་གྲངས་འདི་ཡང་ཀུན་ཏུ་སྲུང་བ་དང་ཆོས་སྨྲ་བ་དེ་ཡང་ཡོངས་སུ་གཟུང་བ་དང་། ཅི་ནས་གང་གིས་ཀྱང་མ་བསྒྲིབས་པའམ་གནོད་པར་བགྱིད་པར་མི་འགྱུར་བར་བགྱི་བའི་སླད་དུ་མཆི་བར་བགྱིའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་བརྗོད་པར་བྱ་སྟེ། ཚིག་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ། །ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་བའི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཛ་ཡེ། ཛ་ཡ་མ་ཏི། ཨཊྚེ་མཊྚེ་མྃ་ཀུ་རེ། སིདྡྷ་མ་ཏི། ཤུ་བྷེ་ཤཱནྟི་ཀ་རེ། ན་ད་ནེ། དཱནྟེ། དཱནྟ་མ་ཏི། ཏདྐ་རེ། ཀྵ་ཡེ། ཀྵ་ཡ་མུ་ཁེ། ཨ་བཊྚ་ནི་བི་བཊྚ་ནི་པ་རི་བཊྚ་ནི། པ་རི་ཙྪེ་དེ། ཏི་ཏི་སནྡྷི། ཨཱ་ག་ཙྪ་ཀཽ་ཤི་ཀ ། ནིརྫི་ཏཱ། ཨ་སུ་ར། ཛ་ཡནྟི་དེ་བ། ས་མ་ཡ་སྟེ། ཨ་ར་བ་དྷོ། དྷརྨ་ནིརྫི་ཏོ། །ར་མ་ཧི། སྭཱ་སྟི་ཡ་ནཱ་མ་བྷུ་ཏཱ་ནཱཾ། ཨ་རཀྵ་དྷརྨ་ཙཱ་རི་ཎཱཾ། བློ་གྲོས་རྒྱ་མཚོ་འདི་དག་ནི་ལྷའི་དབང་པོ་བརྒྱ་བྱིན་དགུག་པའི་ཚིག་སྟེ་དེ་དག་གིས་ལྷའི་དབང་པོ་བརྒྱ་བྱིན་དགུག་པར་འགྱུར་རོ། །དེར་ཆོས་སྨྲ་བ་དེས་སྔགས་ཀྱི་ཚིག་འདི་དག་ལེགས་པར་ཁ་ཏོན་དུ་བྱས་ལ་གཙང་བ་དང་། གཙང་སྦྲའི་ཆོ་གས་ཁྲུས་ལེགས་པར་བྱས་ཏེ། གོས་བཟང་པོ་བགོས་ལ། ཤར་ཕྱོགས་སུ་མེ་ཏོག་གཏོར་ཏེ། སངས་རྒྱས་ཐམས་ཅད་བསམ་པའི་དྲན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་


DKG058_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་རབ་ཏུ་ལྡན་པས་སེང་གེའི་ཁྲི་ལ་འདུག་སྟེ་ལྷའི་དབང་པོ་བརྒྱ་བྱིན་བསམས་ལ། ཀཽ་ཤི་ཀ་འཁོར་ལེགས་པར་ཡོངས་སུ་གཞག་པའི་ཕྱིར་ཚུར་ཤོག ། སྔགས་ཀྱི་གྲུབ་པ་མངོན་སུམ་དུ་གྱིས་ཤིག་ཅེས་བརྗོད་ན། དེའི་བསམ་པ་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་དག་ལ་ཚུལ་ཁྲིམས་ཡོངས་སུ་དག་པས་བསམས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་འོངས་ནས་འཁོར་ཡོངས་སུ་འཇོག་པར་འགྱུར། སྔགས་ཀྱི་གྲུབ་པ་ཡང་ཉེ་བར་བསྒྲུབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་གཟུང་བ་དང་། ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་བདག་ཆོས་སྨྲ་བ་དེའི་དྲུང་དུ་མཆི་བར་བགྱི། དེའི་འཁོར་ཀྱང་ཡོངས་སུ་གཞག་པར་བགྱི། སྔགས་ཀྱིས་གྲུབ་པ་ཡང་ཉེ་བར་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ལས་བསྟན་པའི་སླད་དུའོ། །བཅོམ་ལྡན་འདས་བདག་གིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ལ་གུས་པར་བགྱིས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཀཽ་ཤི་ཀ་ཁྱོད་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་སེང་གེའི་སྒྲ་བསྒྲགས་པ་ལེགས་སོ་ལེགས་སོ། །དེ་ལྟ་བུ་ནི་ཁྱོད་ཀྱི་བྱ་བའོ། །ལྷའི་དབང་པོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསམས་ན་ལྷ་རྣམས་ནི་རྒྱལ་ཞིང་ལྷ་མ་ཡིན་རྣམས་ནི་ཕམ་པར་འགྱུར་བར་ཤེས་པར་བྱའོ། །བློ་གྲོས་རྒྱ་མཚོ་གཞན་ཡང་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅད་པའི་སྔགས་ཀྱི་ཚིག་འདི་རྣམས་


DKG058_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པར་བྱ་སྟེ། སྔགས་ཀྱི་ཚིག་དེ་དག་གིས་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་ཚར་གཅོད་པར་འགྱུར་རོ། །སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཤ་མེ། ཤ་མ་བ་ཏི། ཤ་མི་ཏ་ཤ་ཏྲུ། ཨྃ་ཀུ་རེ། ་ཀུ་རེ། མཱ་ར་ཛི་ཏེ། ཀ་རཱ་ཊེ། ཀེ་ཡཱུ་རེ། ཏེ་ཛོ་བ་ཏི། ཨོ་ཧོ་ཀ་མ་ཏི། བི་ཤ་ཋ། ནིརྨ་ལེ། མ་ལཱ་པ་ན་ཡེ། ཨོ་ཁ་རེ། ཨོ་ཁ་རཱ། གྲ་སེ། ཁ་ཡཱ་གྲ་སེ། གྲ་ས་ཏེ། ཧེ་མུ་ཁཱི། པ་རཱ་མུ་ཁི། ཨ་མུ་ཁཱི། ཤ་མི་ཏཱ་ནི། སརྦ་གྲ་ཧ་བནྡྷ་ནཱ་ནི། ནི་གྲཱི་ཧི་ཏྭཱ། སརྦ་པ་ར་པྲ་བཱ་དི་ན། བི་མུཀྟཱ་མཱ་ར་པཱ་ཤཱ། སྠཱ་པི་ཏཱ་བུདྡྷ་མུ་དྲཱ། ས་མུངྒྷ་ཏི་ཏཱཿ། སརྦ་མཱ་རཱ། སུ་ཙ་རི་ཏ་པ་ད་པ་རི་ཤུ། གཙྪནྟུ་སརྦ་མཱ་ར་ཀརྨ་ཎི། བློ་གྲོས་རྒྱ་མཚོ་འདི་དག་ནི་བདུད་ཚར་གཅད་པའི་ཚིག ། ཉོན་མོངས་པ་བསལ་བའི་ཚིག་སྟེ། དེ་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཆོས་ཀྱི་ཁྲི་ལ་འདུག་སྟེ། བྱང་ཆུབ་ཀྱི་རྣམ་པས་མངོན་པར་བསྒྲུབས་པའི་བྱམས་པས་འཁོར་ཐམས་ཅད་ལ་ཁྱབ་པར་བྱས་ལ། བདག་ལ་སྨན་པར་འདུ་ཤེས་བསྐྱེད་དེ། ཆོས་ལ་སྨན་གྱི་འདུ་ཤེས་དང་། ཆོས་ཉན་པ་ལ་ནད་པའི་འདུ་ཤེས་དང་། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པའི་འདུ་ཤེས་དང་། ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་གནས་པའི་འདུ་ཤེས་བསྐྱེད་ལ། སྔགས་ཀྱི་ཚིག་འདི་དག་མངོན་དུ་བྱས་ཏེ། ཆོས་ཀྱི་གཏམ་བྱེད་ན། དེའི་ཁོར་ཡུག་དཔག་ཚད་བརྒྱ་ཚུན་ཆད་དུ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་རྣམས་མིག་གིས་མི་རྩོལ་བར་བྱ་བའི་ལས་ཀྱི་ཕྱིར་འོང་བར་མི་འགྱུར་རོ། །གང་དག་འོང་བ་དེ་དག་ཀྱང་བར་ཆད་བྱེད་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་བདུད་སྡིག་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བདག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འཇིག་རྟེན་གྱི་ཁམས། བདེ་བ་ཐམས་ཅད་ཀྱིས་བརྒྱན་པར་འཕངས་པ་སྐྱེས་བུ་དམ་པ་དེ་དག་གིས་བྱིན་གྱི་རླབས་དང་། རྫུ་འཕྲུལ་དང་། ཆོ་འཕྲུལ་འདི་བདག་ལ་མངོན་སུམ་དུ་གྱུར་ཏོ། །བཅོམ་ལྡན་འདས་བདག་


DKG058_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དེང་སླན་ཆད་བདུད་ཀྱི་སུག་ལས་ཐམས་ཅད་འདོར་རོ། །གང་དག་ན་ཆོས་ཀྱི་རྣམ་གྲངས་འདི་སྟོན་པ་དང་། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་དེར་ཆོས་མཉན་པའི་སླད་དུ་བདག་ང་རྒྱལ་མ་མཆིས་པ་དང་། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པས་མཆིས་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ལེགས་སོ་ལེགས་སོ། །ཁྱོད་ཆོས་ལ་གུས་པའི་རྣམ་པར་སྨིན་པ་འདིས་རིམ་གྱིས་བདུད་ཀྱི་ལས་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། གང་སྐྱེས་བུ་དམ་པ་དེ་དག་གིས་ཐོབ་པའི་ཆོས་དེ་དག་རྗེས་སུ་འཐོབ་པར་འགྱུར་རོ། །བློ་གྲོས་རྒྱ་མཚོ་གཞན་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་སྔགས་ཀྱི་ཚིག་རྣམས་བརྗོད་པར་བྱ་སྟེ། དགུག་པའི་སྔགས་ཀྱི་ཚིག་དེ་དག་གིས་ཚངས་པ་བཀུག་ནས་ཆོས་སྨྲ་བའི་གན་དུ་འོང་བར་འགྱུར་རོ། །སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། མཻ་ཏྲེ་ཀ་རེ། ཀ་རུ་ཎ་ཀ་རེ། མུ་དི་ཏ་ཀ་རེ། ཨུ་པེ་ཀྵ་ཀ་རེ། བུདྡྷ་ཀ་རེ། དྷརྨ་ཀ་རེ། སཾ་གྷ་ཀ་རེ། སུ་ཀྲཱི་ཏ་བི་ཛ་ཡེ། མ་ཧཱ་བི་ཏཱ་ནེ། ནི་སྥ་རེ། དཱ་གྷེ། ཨོ་ཛོ་བ་ཏི། ཨོ་ཛོ་ག་མེ། དྷརྨཱ་ན། ན་ད་ནེ། ས་ཏྱ་པྲ་ཏིཥྛཱ་ནེ། ཨུ་པ་པ་ཏི། བི་ཤུ་། སྭ་ཙིཏྟ་ཨུ་པ་ཤ་མེ། བྱ་བ་ལོ་ཀ་ཡ་བྲ་ཤྤུ་ཎ། བྱུ་ཏིཥྛ་ན་མ་སྟེ། ཨ་བེ་ཀྵ། སྭ་དྷརྨ་ཙ་ར་། ཀུ་རུ་སདྡྷརྨ་པ་རི་གྲཱ་ཧ་ཎ། ཀྲི་ཏ་མ་ནུ་བཱ་ལ་ཡ། བུདྡྷ་ནེ། ཏྲཱི་མ་མ་བྱ་བ་ཙྪེ། བ་སི། སྨ་ར་ཏ། དྷརྨ་ཙཀྲ་པྲ་བ་། ཀུ་རུ་ས་ཏྭ་བི་ཤོ་དྷ་། པྲ་ཏི་གྲཱི་ཧཱ་ན། དྷརྨཱ་ནཱ་ག་ར་མཱ་ལཱ་། བུདྡྷ་ཨ་དྷིཥྛཱ་། མཱ་བི་ཀ་ཨུ་པ་ཡ། བློ་གྲོས་རྒྱ་མཚོ་མི་མཇེད་ཀྱི་བདག་པོ་ཚངས་པ་དགུག་པའི་ཚིག་འདི་དག་ཆོས་སྨྲ་བ་དེས་ལེགས་པར་ཁ་ཏོན་དུ་བྱས་ལ་ཚངས་པའི་ལམ་ལ་ཤིན་ཏུ་གནས་ཏེ། ཞེ་འགྲས་པ་མེད་པའི། སེམས་ཀྱི་རྒྱུད་དང་། དབང་པོ་ཤིན་ཏུ་སྦས་པ་དང་། ཤིན་ཏུ་བསྲུངས་པའི་དྲན་པ་དང་། ཤིན་ཏུ་དཀར་


DKG058_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱག་རྒྱ་དང་། ཤིན་ཏུ་ཡོངས་སུ་དག་པའི་ལུས་ཀྱི་ལས་དང་། ཤིན་ཏུ་དབེན་པས་ཟིན་པའི་ངག་གི་ལས་དང་། ཤིན་ཏུ་བརྟན་པའི་བློ་དང་། ལེགས་པར་བྱས་པའི་བཟོད་པའི་ལས་དང་། ཤིན་ཏུ་ཡོངས་སུ་སྦྱངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ལེགས་པར་བརྩམས་པའི་བརྩོན་འགྲུས་ཀྱི་སྟོབས་དང་། ཤིན་ཏུ་བསྟེན་པའི་མང་དུ་ཐོས་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་སེམས་ལས་སུ་རུང་བ་དང་། ཤིན་ཏུ་རྣོ་བའི་ཤེས་རབ་ཀྱི་དབང་པོ་དང་། ཤིན་ཏུ་བརྩོན་པའི་ཡང་དག་པའི་སྦྱོར་བ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ལེགས་པར་ཟིན་པ་དང་། ཤིན་ཏུ་ཡོངས་སུ་བསྒོམས་པའི་བྱམས་པ་དང་། ཤིན་ཏུ་བརྟན་པའི་སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ཡང་དག་པར་སྐྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་ཤིན་ཏུ་ཡོངས་སུ་དགྲོལ་བའི་ཕྱིར་སེང་གེའི་ཁྲི་ལ་འདུག་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པ་བསམས་ལ་ཆོས་ཀྱི་གཏམ་ཡང་དག་པར་རབ་ཏུ་བརྗོད་ན། དེས་བསམས་མ་ཐག་ཏུ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་ཏུ་འོང་བར་འགྱུར་རོ། །བློ་གྲོས་རྒྱ་མཚོ་དེ་ལ་ཚངས་པ་འོང་བར་འགྱུར་བའི་ལྟས་ནི་འདི་ལྟ་བུ་འདི་དག་འབྱུང་བར་འགྱུར་ཏེ། འདི་ལྟ་སྟེ། འཁོར་ཐམས་ཅད་བྱམས་པའི་སེམས་སུ་འགྱུར་བ་དང་། དབང་པོ་ཉམས་པ་མེད་པ་དང་། གཅིག་ལ་གཅིག་མི་གནོད་པར་གནས་པ་དང་། ཆོས་དང་ཆོས་སྨྲ་བ་ལ་སྟོན་པ་དང་། བླ་མ་ལྟར་ཕངས་པར་སེམས་པ་དང་། ཐལ་མོ་སྦྱར་བ་དང་སེམས་རྩེ་གཅིག་པ་དང་། མི་གཡེང་བར་ཡིད་ལ་བྱེད་པ་དང་། རུས་ཤིང་ལྟར་བྱེད་པ་དང་། ཡིད་ལ་བྱེད་པ་དང་། སེམས་ཐམས་ཅད་ཀྱིས་སེམས་པ་དང་རྣ་བ་བླགས་ཏེ་ཉན་པ་དང་། ཆོས་སྨྲ་བ་དེ་ཡང་སྔོན་ལུང་མ་མནོས་པ་དང་། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་མངོན་དུ་འགྱུར་བ་སྟེ། འཁོར་དེར་མི་མཇེད་ཀྱི་བདག་པོ་ཚངས་པ་འོངས་པར་རིག་པར་བྱའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཚངས་པའི་འཇིག་རྟེན་དུ་གནས་ཏེ། བསམ་གཏན་དང་ཚད་མེད་པའི་བདེ་བ་ལ་གནས་པ་བོར་ལ་གང་ན་ཆོས་ཀྱི་རྣམ་


DKG058_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་འདི་སྟོན་པའི་འཁོར་དེར་མཆི་བར་བགྱིའོ། །ཆོས་སྨྲ་བ་དེ་ལ་ཡང་ཆོས་བརྒྱད་བསྒྲུབ་པར་བགྱིའོ། །བརྒྱད་གང་ཞེ་ན། ཇི་ལྟར་ཐོས་པའི་ཆོས་མི་བསྐྱུད་པར་བགྱི་བའི་སླད་དུ་དེ་ལ་དྲན་པ་བསྒྲུབ་པར་བགྱི། ཆོས་ཟབ་མོ་རྟོགས་པར་བགྱི་བའི་སླད་དུ་དེ་ལ་བློ་གྲོས་བསྒྲུབ་པར་བགྱི། དོན་གྱི་རྣམ་པར་རྟོགས་པར་བགྱི་བའི་སླད་དུ་དེ་ལ་རྟོགས་པ་བསྒྲུབ་པར་བགྱི། ཐེ་ཚོམ་ཐམས་ཅད་གཅད་པའི་སླད་དུ་དེ་ལ་སྤོབས་པ་བསྒྲུབ་པར་བགྱི། སྐད་དང་ངེས་པའི་ཚིག་ཐམས་ཅད་ཀྱིས་ཡོངས་སུ་ཚིམ་པར་བགྱི་བའི་སླད་དུ་དེ་ལ་ལུང་བསྟན་པ་ཕུན་སུམ་ཚོགས་པ་བསྒྲུབ་པར་བགྱི། འཁོར་ཐམས་ཅད་ཟིལ་གྱིས་མི་ནོན་པར་བགྱི་བའི་སླད་དུ་དེ་ལ་འདུལ་བ་བསྲུང་བ་བསྒྲུབ་པར་བགྱི། མི་དམན་པར་ལུང་བསྟན་པར་བྱ་བའི་སླད་དུ་དེ་ལ་ཆོས་ཀྱི་སྣང་བ་བསྒྲུབ་པར་བགྱི། དེ་བགྱིད་ཅིང་ཆོས་བསྒྲུབ་པའི་སླད་དུ་དེ་ལ་ངེས་པར་འབྱུང་བའི་སྒོ་བསྒྲུབ་པར་བགྱི་སྟེ། བཅོམ་ལྡན་འདས་ཆོས་སྨྲ་བ་དེ་ལ་ཆོས་བརྒྱད་པོ་འདི་དག་བསྒྲུབ་པར་བགྱིའོ། །ཆོས་སྨྲ་བ་དེ་ལ་བསྲུང་ཞིང་སྦ་བ་དང་། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཉིད་ཀྱི་བྱིན་གྱི་རླབས་ཀྱིས་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་འགྱུར་བ་དེ་ལྟར་བདུད་ཐམས་ཅད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་གཅད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཏེ། ཐ་མའི་དུས་ཀྱི་ཚེ་ཅི་ནས་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་སུག་པར་མཆི་བ་དང་། མཛོད་དུ་ཆུད་པ་དང་། གླེགས་བམ་དུ་འགྱུར་ཞིང་ནུབ་པར་མི་འགྱུར་བར་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པ་མཁྱེན་ནས། མཛོད་སྤུ་ནས་འདི་ལྟ་བུའི་འོད་ཕྱུང་སྟེ། འོད་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བ་ཆེན་པོ་ཁྱབ་པར་གྱུར་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་།


DKG058_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནགས་ཚལ་དང་། རྡོ་དང་གྱོ་མོ་དང་གཟུགས་སུ་སྣང་བ་གང་དག་ཇི་སྙེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་གཟུགས་སུ་སྣང་ངོ་། །རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན་མཆོད་པའི་ལས་བྱིན་གྱིས་བརླབས་པའི་གཟུགས་ཀྱི་རྣམ་པ་གང་དག་ཡོད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་གཟུགས་ཉིད་དུ་གནས་པར་ཀུན་ཏུ་སྣང་ངོ་། །དེ་བཞིན་གཤེགས་པའི་གཟུགས་དེ་དག་གིས་གསུང་གཅིག་ཏུ། ཀྱེ་མའོ་ཆོས་ཀྱི་རྣམ་གྲངས་འདི་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་སོ། །གང་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་དེ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །གང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དེ་ལ་བདུད་ཐམས་ཅད་ཀྱིས་བར་ཆད་བྱ་བར་མི་ནུས་སོ། །བཅོམ་ལྡན་འདས་གལ་ཏེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བདུད་དཔུང་དང་བཅས། གཡོག་འཁོར་དང་བཅས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་བརྟུན་ཀྱང་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ལ་བར་ཆད་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ས་ནི་འགས་ཀྱང་སྲིད། རྒྱ་མཚོ་ཐམས་ཅད་ནི་སྐམ་ཡང་སྲིད། རི་ཐམས་ཅད་ནི་རྣམ་པར་འཐོར་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། ཉི་མ་དང་ཟླ་བ་ནི་སའི་སྟེང་དུ་ལྟུང་ཡང་སྲིད། ནམ་མཁའ་ནི་གཟུགས་ཀྱི་རྣམ་པར་བསྟན་དུ་རུང་ཡང་སྲིད། མེ་ནི་ཆུར་འགྱུར་ཡང་སྲིད། ཆུ་ནི་མེར་འགྱུར་ཡང་སྲིད། འབྱུང་བ་ཆེན་པོ་བཞི་ནི་གཞན་དུ་འགྱུར་ཡང་སྲིད། སེམས་ཅན་ཐམས་ཅད་ཀྱི་སེམས་ནི་གཅིག་ཏུ་བྱར་རུང་ཡང་སྲིད། ནམ་མཁའ་དང་ས་ནི་འབྱར་ཡང་སྲིད་ཀྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ནི་སུས་ཀྱང་བསྐྱོད་པའམ་གཡོ་བའམ་འཁྲུགས་པར་བྱེད་མི་ནུས་སོ་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྤྱི་བོར་ཕྱག་བཞག་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ཁྱོད་ཀྱིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བ་ཉེ་བར་བཟུང་སྟེ། ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག ། ཆོངས་ཤིག ། ལྷོགས་ཤིག ། ཀུན་ཆུབ་པར་གྱིས་ཤིག ། གཞན་དག་ལ་ཡང་རྒྱ་


DKG058_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་གྱི་དབང་གང་གཟིགས་ནས་དེ་ལ་རྒྱ་མཚོ་དང་མཚོ་ཆེན་པོ་ལྟར། གཏིང་དཔག་དཀའ་བའི་དྲན་པ་དང་བློ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཞན་དག་མཆིས་བཞིན་དུ། དགེ་སློང་ཀུན་དགའ་བོ་ཉི་ཚེ་བའི་འཚལ་བ་དང་ལྡན་པ་ལ་ཆོས་ཀྱི་ལེའུ་འདི་ལྟ་བུ་འདི་ཡོངས་སུ་གཏད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་དགེ་སློང་ཀུན་དགའ་བོ་རང་གི་བློའི་སྟོབས་བསྐྱེད་པས་མདོ་སྡེ་འདི་ལྟ་བུ་འཛིན་པ་མ་ཡིན་གྱི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འཛིན་ཏོ། །བློ་གྲོས་རྒྱ་མཚོ་སེམས་ཅན་གང་དག་དགེ་སློང་ཀུན་དགའ་བོ་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དགའ་བ་དང་། དད་པ་དང་། མཆོག་ཏུ་དགའ་བ་ཐོབ་པར་འགྱུར་བ་ཡོད་དེ། དེ་དག་འདི་སྙམ་དུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་འདི་ལྟར་ཉན་ཐོས་ཀྱང་འདི་ལྟ་བུའི་མདོ་སྡེ་འདི་འཛིན་ཅིང་སྟོན་པ་ནི། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཅི་ཙམ་དུ་བསམ་གྱིས་མི་ཁྱབ་པ་ངོ་མཚར་ཏོ་སྙམ་དུ་སེམས་པར་འགྱུར་རོ། །དེ་ནས་འཁོར་དེ་ལས་ལྷ་དང་མི་ཁ་ཅིག་འདི་སྙམ་དུ་སེམས་ཏེ། ཅི་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་དྲན་པ་དང་རབ་ཏུ་ལྡན་པ་ཡིན་གྱི། གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པའི་མཆོག་ཏུ་བསྟན་པའི་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་དེ་ལྟ་མ་ཡིན་ནོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འཁོར་དེའི་སེམས་ཀྱི་རྣམ་པར་རྟོག་པ་སེམས་ཀྱིས་ཤེས་ནས་འཁོར་གྱི་སེམས་ཅན་རྣམས་ལ་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་འདི་རབ་ཏུ་དྲན་པ་དང་ལྡན་པ་ལགས་ཀྱི་གང་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་དག་ན་སེམས་ཅན་ཇི་ཙམ་དུ་བསྡུ་བར་བསྡུས་པའི་སེམས་ཅན་གྱི་ཁམས་ནི་རབ་ཏུ་མང་གི་སའི་ཁམས་ནི་དེ་ལྟ་མ་ཡིན་ནོ། །ཞེས་གང་


DKG058_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་དུ་བྱ་བ་དེ་ལ་ཇི་སྙམ་དུ་སེམས། འོད་སྲུང་སེམས་ཅན་གྱི་ཁམས་དེ་མང་ངམ། འོད་སྲུང་གིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་ཚད་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཡོངས་སུ་རྟག་པ་ཉེ་བར་བཟུང་སྟེ། སེམས་ཅན་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་བཞིན་དུ་ཇི་ལྟར་དགེ་སློང་ཀུན་དགའ་བོ་ལྟར་དྲན་པ་དང་གཟུངས་ཀྱི་སྟོབས་དང་ཡང་ལྡན་པར་གྱུར་ཀྱང་ཀུན་དགའ་བོ་ལྟ་བུའི་སེམས་ཅན་དེ་དག་གིས་དྲན་པ་དང་གཟུངས་ཀྱི་སྟོབས་དེ་ནི། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པ་དང་། གཟུངས་ཀྱི་སྟོབས་བསྐྱེད་པར་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །འོད་སྲུང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ནི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་འཛིན་ཏོ། །དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པས་དེ་བཞིན་གཤེགས་པ་གཉིས་ཀྱིས་ཆོས་བསྟན་པ་ལ་སྒྲིབ་པའམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་པའི་རྒྱུན་འབབ་པའི་ཆུའི་རྒྱུན་གཅིག་གིས་ཆུའི་རྒྱུན་གཉིས་པ་ལ་སྒྲིབ་པའམ་ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། ཆུའི་རྒྱུན་ཐམས་ཅད་ཀྱང་རྒྱ་མཚོ་ཆེན་པོས་བླངས་ནས་དེ་ལ་འགྲིབ་པའམ་གང་བ་ཡང་མེད་དོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཆོས་བསྟན་པ་ཀུན་ཏུ་འཛིན་ཀྱང་། དེ་བཞིན་གཤེགས་པ་གཅིག་གིས་ཆོས་བསྟན་པས་དེ་བཞིན་གཤེགས་པ་གཉིས་ཀྱིས་ཆོས་བསྟན་པ་ལ་སྒྲིབ་པའམ། ཀུན་ནས་ལྡང་བའི་བྱ་བ་མི་བྱེད་དེ། དེའི་དྲན་པའི་སྟོབས་སྐྱེད་པ་ལ་བྲི་བའམ་གང་བ་ཡང་མེད་དོ། །བསྟན་པ་འདི་བཤད་པ་ན་སྲོག་ཆགས་བརྒྱད་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཚིག་འདི་སྐད་ཅེས་བདག་ཅག་ཀྱང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོའི་དྲན་པའི་སྟོབས་བསྐྱེད་པ་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་སྨྲས་སོ། །ཐམས་ཅད་དང་ལྡན་པའི་འཁོར་གྱིས་ལྷའི་དང་། མིའི་མེ་ཏོག་གིས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་


DKG058_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལ་གཏོར་མངོན་པར་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་པད་མ་བཀོད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ནས་མོས་པ་དང་། མོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འདོན་པ་དང་། རྟོག་པ་དང་། དེ་བཞིན་ཉིད་དུ་ནན་ཏན་བགྱིས་པ་དེ་བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་པད་མ་བཀོད་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོང་ཆེན་པོ་ཡི་འཇིག་རྟེན་ཁམས་འདི་ནི། །གསེར་གྱིས་བཀང་སྟེ་བདེ་གཤེགས་ཕུལ་བ་བས། །གང་གིས་ཆོས་ཀྱི་མཛོད་འདི་ཐོས་ནས་ནི། །མོས་པའི་བསོད་ནམས་འདི་ནི་ཁྱད་པར་འཕགས། །གང་གིས་འཇིག་རྟེན་ཁམས་ཁྲི་རིན་ཆེན་བཀང་། །དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་འཇུག་བྱས་པ། །བསོད་ནམས་དེ་ལ་སྔ་མས་བསྐྱེད་དུ་མེད། །གང་གིས་འཇིག་རྟེན་ཁམས་ནི་སྟོང་ཕྲག་བཅུ། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་བས། །གང་གིས་མདོ་འདི་བཏོན་ནས་སྟོན་པ་ཡི། །བསོད་ནམས་དེ་ཡི་ཆ་ནི་སྔ་མ་མིན། །ཞིང་ནི་བྱེ་བ་ཁྲག་ཁྲིག་སྟོང་གི་རྣམས། །རིན་ཆེན་བཀང་སྟེ་འཇིག་རྟེན་སློབ་དཔོན་སྐྱོབ། །སངས་རྒྱས་རྣམས་ལ་དབུལ་བར་ཕུལ་བ་བས། །གང་གིས་ཚུལ་འདིར་རབ་ཏུ་སྦྱོར་བ་དང་། །ཕྱོགས་བཅུ་རྣམས་སུ་གང་གཱའི་བྱེ་སྙེད་ཞིང་། །རིན་ཆེན་བཀང་སྟེ་རྒྱལ་ལ་ཕུལ་བ་བས། །ཇི་ལྟར་བསྟན་པ་བཞིན་དུ་གང་གནས་པའི། །བསོད་ནམས་དེ་ལ་མཉམ་པ་ཡོད་མ་ཡིན། །རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། ། ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་རྗེ་བ། །ཆོས་བཞི་འདི་དག་བསོད་ནམས་མཐའ་ཡས་ཏེ། །དེ་དག་མཐའ་ནི་བདེ་གཤེགས་མི་གསུང་ངོ་། །ནམ་མཁའི་ཁམས་དང་དེ་བཞིན་སེམས་ཅན་ཁམས། །སངས་རྒྱས་ཡེ་ཤེས་དང་ནི་བྱང་ཆུབ་སེམས། །ཆོས་བཞི་འདི་དག་དཔག་ཏུ་མེད་པ་སྟེ། །མཁས་པ་རྣམས་ཀྱིས་དེ་ཐོས་དོགས་མི་བྱ། །དཀོན་མཆོག་ཆོས་འདི་རབ་ཏུ་བཤད་པ་ན། །ཕྱོགས་བཅུའི་ཞིང་ནི་བྱེ་བ་གཡོས་པར་གྱུར། །སྣང་བ་བྱུང་ཞིང་མེ་ཏོག་ཆར་ཡང་བབ། །སིལ་སྙན་བརྒྱ་དག་མ་དཀྲོལ་སྒྲ་ཡང་བྱུང་། །བྱང་ཆུབ་སེམས་དཔའ་མཁས་པ་དེ་དག་ཀུན། །མགུ་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད། །ཆོས་བསྟན་འདི་འདྲ་འདི་ཐོས་བདག་ཅག་རྣམས། །འཚོ་བ་དོན་ཡོད་རྙེད་པ་ལེགས་པར་རྙེད། །གང་དག་


DKG058_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

འདི་འདྲ་འདི་ནི་ཐོས་གྱུར་པ། །སེམས་ཅན་དེ་དག་རྙེད་པ་ལེགས་པར་རྙེད། །གང་དག་བྱང་ཆུབ་སེམས་ནི་མི་བརྗེད་པ། །དེ་དག་དེ་བཞིན་གཤེགས་པས་ཤིན་ཏུ་བཟུང་། །ཕྱོགས་བཅུའི་སངས་རྒྱས་སྟོང་ཕྲག་བྱེ་བ་རྣམས། །ཕྱག་ནི་གཡས་པ་རབ་ཏུ་རྐྱང་མཛད་དེ། །ཡོན་ཏན་རྒྱ་མཚོའི་སྤྱི་བོར་བཞག་ནས་ནི། །ཤཱཀྱ་སེང་གེའི་བསྐུལ་བ་ལེགས་ཞེས་གསུངས། །ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི། །དྲི་ཟ་གནོད་སྦྱིན་མཁའ་ལྡིང་ལྟོ་འཕྱེ་ཆེ། །བརྒྱ་བྱིན་ཚངས་པ་འཇིག་རྟེན་སྐྱོང་བ་རྣམས། །ནམ་མཁར་གནས་ཏེ་ཆེད་དུ་བརྗོད་པ་བརྗོད། །ཤཱཀྱ་སེང་གེ་འདི་དང་དགེ་འདུན་དང་། །མདོ་སྡེ་འདི་འདྲ་བ་ནི་འཛིན་བྱེད་པ། །བྱང་ཆུབ་སེམས་དཔའ་དཔའ་བོ་རིང་གནས་གྱུར། །ལེགས་གསུངས་ཆོས་ནི་གཞར་ཡང་ནུབ་མི་འགྱུར། །གང་དག་ཆོས་ཀྱི་ཚུལ་ནི་འདི་འཛིན་པ། །དེ་དག་ལ་ནི་བདག་ཅག་བསྙེན་བཀུར་བགྱི། །བདག་ཅག་ཐམས་ཅད་གུས་དང་བཅས་པར་ནི། །ཀུན་ཏུ་སྲུང་ཞིང་སྤ་བར་སྤྲོ་བར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་ཆོས་ཀྱི་ཚུལ་ཆོས་ཀྱི་ཕྱག་རྒྱ། ཆོས་བཏུས་པ། ཆོས་རབ་ཏུ་དབྱེ་བ་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཤད་པ། འཆད་པ་འཆད་པར་འགྱུར་བ་སྟེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་དེ་ལ་གུས་པ་དང་བཅས་པ་དང་། ཞེ་ས་དང་བཅས་པ་དང་། སྒྲུབ་པ་སྙིང་པོར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། ཐམས་ཅད་དང་ལྡན་པའི་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་དང་། དགེ་སློང་གི་དགེ་འདུན་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བྱིན་གྱི་རླབས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ། །འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་ལས། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། བུད་དྷ་པྲ་བྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།


previousབཅུ་གཉིས་པ། བྱིན་རླབས་ཀྱི་ལེའུ། next