cover

སྡེ་དགེའི་བཀའ་འགྱུར་པོད་ང་དགུ་པ།

མདོ་སྡེ། བ༽

སངས་རྒྱས་ཤཱཀྱ་ཐུབ་པ།

Nitartha Publication

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བྲཤྤུ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ན་ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན་དགེ་སློང་ཁྲི་ཉིས་སྟོང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ལ་སྐྱིལ་མོ་ཀྲུང་བཅས་ནས་དྲན་པ་མངོན་དུ་བཞག་སྟེ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་ལས་བཞེངས་ནས་རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་


DKG059_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་ལས་བཞེངས་ནས་དགའ་བའི་འདོད་ཆགས་དང་བྲལ་བ། བཏང་སྙོམས་པ་དྲན་པ་དང་ལྡན་པ། བདེ་བར་གནས་པ་བསམ་གཏན་གསུམ་པ་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་དེ་ལས་བཞེངས་ནས་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་ཕྱིར་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་བསམ་གཏན་བཞི་པ་ལས་བཞེངས་ནས་བསམ་གཏན་གསུམ་པ་ལ་ཞུགས་སོ། །བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་གཉིས་པ་ལ་ཞུགས་སོ། །བསམ་གཏན་གཉིས་པ་ལས་བཞེངས་ནས་བསམ་གཏན་དང་པོ་ལ་ཞུགས་སོ། །བསམ་གཏན་དང་པོ་ལས་བཞེངས་ནས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་གདུལ་བྱ་ཇི་ལྟ་བ་བཞིན་དུ་སེམས་ཅན་ལ་གཟུགས་ཀྱི་ལུས་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་པའི་གནས་ན་འདུག་བཞིན་དུ་བཅོམ་ལྡན་འདས་ཤིན་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེ་བ་དང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་མཐོང་ངོ་། །མཐོང་ནས་ཀྱང་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་


DKG059_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་འདུག་གོ །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྙམ་དུ་བསམས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྙེན་པར་དཀའ་བ་རྣམ་པར་ཤེས་པ་དཀའ་བ་ཡིན་ན་བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ་བདག་གིས་ལུད་པ་བསལ་བའི་སྒྲའམ་སྨྲ་བ་ཙམ་གྱིས་བཞེངས་པར་གསོལ་བ་ནི་བདག་གི་ཆ་མ་ཡིན་གྱིས་བདག་གིས་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་བཞེངས་པར་གསོལ། གོར་མ་ཆག་སྙམ་སྟེ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་འདུག་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་མགོ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་དག་གིས་བཞེངས་པར་གསོལ་ཏོ། །མ་གོས་དྲི་མ་མ་མཆིས་རྣམ་པར་དག །ལྷ་དང་མི་མཆོག་རྣམས་དང་དྲི་ཟ་དང་། །ཀླུ་དང་ལྷ་མིན་རྣམས་ཀྱིས་ལེགས་མཆོད་པ། །སེམས་ཅན་སྨན་སླད་མགོན་པོ་ཁྱོད་ལ་མཆོད། །དཔེར་ན་རི་ནི་རབ་ཏུ་མི་གཡོས་དང་། །ཇི་ལྟར་རྒྱ་མཚོ་གཏིང་ནི་མི་དཔོགས་ལྟར། །བདུད་རྣམས་ཐམས་ཅད་ཀྱིས་ཀྱང་མི་གཡོས་ལ། །ཐུབ་པ་སྐྱེས་བུ་མཆོག་ནི་བསམ་གཏན་མཛད། །ཟང་ཟིང་མི་མངའ་མཚན་མ་མི་མངའ་ཞིང་། །ཐ་དད་མི་མངའ་བརྟན་པ་མི་མངའ་ལ། །གནས་མི་མངའ་ཞིང་སྣང་བ་མི་མངའ་བའི། །ཐུབ་པ་སྐྱེས་བུ་དམ་པ་བསམ་གཏན་མཛད། །རྟོག་གེ་རྣམས་ཀྱི་ཡུལ་ནི་མ་ལགས་ཤིང་། །བྱིས་པ་རྣམས་ཀྱི་སྤྱོད་ཡུལ་མ་ལགས་པ། །སེམས་དང་སེམས་ལས་བྱུང་བས་རབ་འདས་པ། །བསམ་གཏན་ཕ་རོལ་གཤེགས་པ་བསམ་གཏན་མཛད། །མགོན་པོ་སེང་གེ་བཞིན་དུ་གསུང་ཡང་སྒྲོག །ཐུབ་པ་འབྲུག་བཞིན་སྒྲོག་པ་རབ་ཏུ་མཛད། །དཔའ་བོ་ཟླ་བ་བཞིན་དུ་རབ་ཏུ་མཛེས། །སེམས་ཅན་དཀོན་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པས་བསྐུལ་བའི་ཚིགས་


DKG059_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་འདི་དག་གིས་བསྐུལ་བར་ཐུགས་སུ་ཆུད་ནས་ཇི་ལྟར་སྐྱིལ་མོ་ཀྲུང་བཅས་པ་དེ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལས་བཞེངས་སོ། །བཞེངས་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སྦྲན་པའི་ཕྱིར་མགུར་བསལ་བའི་སྒྲ་མཛད་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཇི་ལྟར་སྐྱིལ་མོ་ཀྲུང་བཅས་པ་དེ་ཉིད་ཀྱིས་བཞུགས་པ་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་


DKG059_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱའོ། །ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ། ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ། །ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ཅི་ལྟ་བུ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འགྲོའོ་སྙམ་པའི་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ལྡོག་གོ་སྙམ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉལ་ལོ་སྙམ་པ་དང་། ལྡང་ངོ་སྙམ་པ་དང་། འཆག་གོ་སྙམ་པ་དང་། འདུག་གོ་སྙམ་པ་དུ་དྲན་པ་དང་ལྡན་པ་ཡིན་ཞིང་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་འཁྲུག་པ་མེད་པའི་ཡིད་ཀྱིས་ལུས་འདི་ཉིད་ལ་འདི་ལྟ་སྟེ། ཀྱེ་མ་ལུས་འདི་ནི་མི་བརྟན་པ། མི་རྟག་པ། རང་བཞིན་གྱིས་ཉམ་ཆུང་བ། སྙིང་པོ་མེད་པ། ཐེར་ཟུག་མ་ཡིན་པ། རྣམ་པར་འཐོར་བའི་ཆོས་ཅན། རྣམ་པར་འཇིག་པའི་ཆོས་ཅན། རྟེན་ཅིང་འབྲེལ་པར་འབྱུང་བ། སྒྱུ་མ་དང་འདྲ་བ། ཟིལ་པའི་ཐིགས་པ་དང་འདྲ་བ། གཡོ་བ་མི་གནས་པ། མི་གཙང་བ། རྣག་གི་དྲི་མ་ཅན། རླུང་དང་ཉི་མས་མཐར་ཐུག་པ། མཐར་འདུལ་བ། མཐར་རྡུལ་དུ་འགྱུར་བ། ངན་སྐྱུགས་ཀྱི་མཐར་ཐུག་པ། ནད་མང་བ། གནོད་པ་ཅན། འགོ་བའི་ནད་མང་བ། ན་བ། འཇིག་པའི་ངང་ཅན། རུས་པ་བསོགས་པ། དྲི་ང་བ། འཛག་པ་ཅན་བསྒྲིམས་ཏེ་རིམ་གྲོ་བྱེད་དགོས་པ་ཡིན་པར་ཡང་དག་པའི་དྲན་པས་ཡང་དག་པར་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་གོ །དེ་དེ་ལྟར་ཡང་དག་པའི་དྲན་པས་ལུས་ཀྱི་སྐྱོན་རྣམས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས་ལུས་ལ་ཆགས་པ་དང་། ལུས་ལ་ཀུན་ཏུ་འདོད་ཆགས་དང་། ལུས་ལ་བདག་གི་ཉིད་ཡིན་པ་མི་བསྐྱེད་དོ། །དེ་ལུས་ལ་མི་ལྟ་བས་སྲོག་ལ་ཆགས་པ་དང་། སྲོག་ལ་ཀུན་ཏུ་འདོད་ཆགས་དང་། སྲོག་ལ་བདག་གི་ཉིད་ཡིན་པ་མི་བསྐྱེད་དོ། །དེ་ལུས་དང་སྲོག་ལ་མི་ལྟ་བར་ཆོས་གོས་ངན་ངོན་དང་། ཁ་ཟས་ངན་ངོན་དང་། མལ་ཆ་དང་། སྟན་ངན་ངོན་དང་། ན་བའི་གསོས་སྨན་དང་།


DKG059_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ངན་ངོན་ཙམ་དག་གིས་ཆོག་པར་འཛིན་པ་ཡིན་ནོ། །དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བྱ་བ་གང་དག་ཡིན་པ་དོན་དང་ལྡན་པ་རྣམས་སམ། དགེ་བ་དང་ལྡན་པ་རྣམས་ཀྱང་དེ་དག་ལ་སྟོང་པར་བྱེད་དེ། ཡོངས་སུ་མི་སྐྱོ་ཞིང་ཡོངས་སུ་ཡིད་འཆད་པ་མེད་ལ་ཡོངས་སུ་སྐྱོ་བའི་སེམས་མི་བསྐྱེད་དོ། །དེ་མཁན་པོ་དང་སློབ་དཔོན་གྱི་གན་དུ་འགྲོ་ན་དྲན་པ་དང་ལྡན་ཞིང་འདི་སྙམ་དུ་སེམས་ཏེ། མཁན་པོ་དག་ནི་བསྙེན་པར་དཀའ་བའོ། །སློབ་དཔོན་དག་ནི་བསྙེན་པར་དཀའ་བ་སྟེ། བདག་དེར་སོང་བ་ན་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འགའ་ཞིག་གིས་བདག་ལ་གླེངས་ཤིང་དྲན་པར་བྱས་ན་མི་རུང་ངོ་སྙམ་ནས་དེ་རྒྱུ་དེ་དང་རྐྱེན་དེ་དང་གཞི་དེས་བསླབ་པ་རྣམས་ལ་གུས་པ་བྱེད་པར་འགྱུར་ཏེ། རྟུན་པར་བྱེད་པ་དང་། ལེགས་པར་བྱ་བ་བྱེད་པ་དང་། ཞི་བ་རྣལ་དུ་བྱེད་པ་དང་། ཤིན་ཏུ་ཡོངས་སུ་མཐར་ཐུག་པར་བྱེད་པ་ཅན་དུ་འགྱུར་རོ། །དེ་ལ་བསླབ་པ་རྣམས་ལ་གུས་པ་བྱེད་པ་ཉིད་དང་། རྟུན་པར་བྱེད་པ་ཉིད་དང་། ལེགས་པར་བྱ་བ་བྱེད་པ་ཉིད་དང་། ཞི་བ་རྣལ་དུ་བྱེད་པ་ཉིད་དང་། ཤིན་ཏུ་ཡོངས་སུ་མཐར་ཐུག་པར་བྱེད་པ་ཉིད་ཀྱིས་མཁན་པོ་དང་། སློབ་དཔོན་གྱི་གན་དུ་འགྲོ་བ་ན་བག་ཚ་བ་མེད་པ་དང་། བག་འཁུམས་པ་མེད་པར་འགྲོ་ཞིང་མི་འཇིགས་པ་དང་། ལྷན་ཅིག་ཏུ་བྱུང་བའི་རྒོད་པ་ཡང་མི་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། གུས་པ་དང་བཅས་ཤིང་ཞེ་ས་དང་བཅས་པ་ཡིན་ལ། རིགས་ཀྱི་བག་མ་བཞིན་དུ་འཛེམ་པ་དང་ལྡན་པའི་ཕྱིར་རོ། །དེ་ལ་འཛེམ་པ་དང་ལྡན་པས་ལུས་ཀྱི་སྐྱོན་དང་། ལུས་ཀྱི་ཉེས་པར་སྤྱོད་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་སྤོང་ངོ་། །ཚངས་པ་བྱང་ཆུབ་སེམས་དཔའ་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་དེ་དག་གང་ཞེ་ན། ཚངས་པ་སྲོག་གཅོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ། །ཚངས་པ་མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ནི་བྱང་ཆུབ་སེམས་དཔའི་ལུས་ཀྱི་སྐྱོན་དང་ལུས་ཀྱི་ཉེས་པར་སྤྱོད་པ་ཡིན་ནོ། །ཚངས་པ་བྱང་ཆུབ་སེམས་དཔའ་ཅི་ལྟར་ན་སྲོག་


DKG059_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ཀྱི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད། ཞེ་སྡང་གི་དབང་དང་གཏི་མུག་གི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པར་མི་བྱེད་དོ། །དེ་སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བདག་ཙམ་དུ་འདུ་ཤེས་པར་བྱེད་ཅིང་སྡུག་པ་ཙམ་དུ་འདུ་ཤེས་པར་བྱེད་དེ། བདག་ཉིད་ཀྱིས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སྲོག་གཅོད་པར་མི་བྱེད་དོ། །གཞན་དག་ཀྱང་སྲོག་གཅོད་དུ་མི་འཇུག་གོ །གཞན་དག་སྲོག་གཅོད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །བདག་གིས་ཀྱང་མི་གཅོད་དོ། །གཞན་དག་ཀྱང་གཅོད་དུ་མི་འཇུག་གོ །གཞན་དག་གཅོད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །བདག་ཀྱང་མི་རྡེག་གོ །གཞན་དག་ཀྱང་རྡེག་ཏུ་མི་འཇུག་གོ །གཞན་དག་རྡེག་པར་བྱེད་པ་ལ་ཡང་རྗེས་སུ་ཡི་རང་བར་མི་བྱེད་དོ། །ཇི་ལྟར་ན་མ་བྱིན་པ་ལེན་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་འཚོ་བའི་ཡོ་བྱད་གང་དག་ཡིན་པ་འདི་ལྟ་སྟེ། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་དཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་ལ་སོགས་པ་དང་། གོས་དང་། རྒྱན་གྱི་རྣམ་པ་དག་དང་། ནོར་དང་། འབྲུ་དང་། མཛོད་དང་། བདེ་བའི་རྣམ་པ་དེ་དག་ལ་ཆགས་པ་མི་སྐྱེད། དེ་དག་ལ་རྣམ་པར་རྟོག་པར་མི་བྱེད་ཅིང་རྐུ་འཕྲོག་མི་བྱེད་དོ། །རྐུ་འཕྲོག་བྱེད་དུ་མི་འཇུག་གོ །རྐུ་འཕྲོག་བྱེད་པ་རྣམས་ལ་རྗེས་སུ་ཡི་རང་བར་མི་བྱེད་དོ། །དེ་གྲོང་ན་ཡོད་པའམ། དགོན་པ་ན་ཡོད་པ་མ་བྱིན་ཞིང་མ་གནང་བ་རྩྭའི་འདབ་མ་ཙམ་ཡང་ལེན་པར་མི་བྱེད་དོ། །ཇི་ལྟར་ན་མི་ཚངས་པར་སྤྱོད་པ་སྤོང་བ་ཡིན་ཞེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་དབང་པོ་རྣམས་ཀྱི་སྒོ་ལེགས་པར་བསྲུངས་ཤིང་གནས་པ་ཡིན། ལེགས་པར་བསྡམས་པ་ཡིན། འཐུན་པའི་གནས་སུ་རྒྱུ་བ་ཡིན། ཤིན་ཏུ་བསྲུང་བའི་དྲན་པ་དང་ལྡན་པ་ཡིན། རྟག་ཏུ་བསྲུང་བའི་དྲན་པ་དང་ལྡན་པ་ཡིན། དེ་དྲན་པས་ཡིད་ཀུན་ཏུ་


DKG059_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བ་ཡིན། ལུས་དང་ངག་ཤིན་ཏུ་བསྡམས་པ་ཡིན་ནོ། །འཐུན་པའི་གནས་སུ་རྒྱུ་ལ་དྲན་པ་དང་ལྡན་པ་ཡིན་ཞིང་འདི་སྙམ་དུ་ཡང་སེམས་བསྐྱེད་དོ། །མི་ཞིག་གིས་བྱེ་མ་ཞིབ་མོ་ཤིན་ཏུ་བསྲེགས་པ་ལག་པ་གཉིས་ཀྱི་སྙིམ་པས་བླངས་ཏེ་མིག་བཀང་བ་ནི་སླའི། ཆགས་པའི་སེམས་ཀྱིས་ཡུལ་གྱི་བཟང་མོ་ལ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཡུལ་གྱི་བཟང་མོ་ལ་བལྟས་པས་ཡུན་རིང་པོར་ཕུང་ཞིང་བཅོམ་ལ་མ་རུང་བར་གྱུར་པའི་ཕྱིར་རོ་སྙམ་མོ། །དེ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་བཟའ་བ་དང་། བཏུང་བ་དང་། གནས་དང་། མལ་ཆ་དང་། སྟན་རྣམས་ལ་དྲན་པ་ལེགས་པར་གནས་པ་ཡིན་ཏེ། དེ་དག་ལ་སྤྱོད་པ་ན་རོ་མྱོང་བར་མི་བྱེད་ཅིང་ཆགས་པའི་སེམས་མེད་པ་ཡིན་ནོ། །གལ་ཏེ་དེ་ཡོངས་སུ་སྤྱོད་པ་ན་བདེ་བ་སྐྱེད་པ་ལྟ་ན་དེས་དེ་ལ་འདི་ལྟར་ཉེ་བར་བརྟག་པར་བྱ་སྟེ། བདེ་བར་སྣང་བ་འདི་ནི་བཟློག་པའི་སྒོ་ནས་སྡུག་བསྔལ་ཡིན་ཏེ། ཁམས་གསུམ་པ་འདི་ན་འདུས་བྱས་ཀྱི་དངོས་པོ་བདེ་བ་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་མི་རྟག་པའི་ཕྱིར་རོ། །མཁས་པའི་རང་བཞིན་ཅན་དག་དངོས་པོ་མི་རྟག་པ་རྣམས་ལ་བདེ་བའི་འདུ་ཤེས་ཇི་ལྟར་སྐྱེད་སྙམ་དུ་བརྟག་པར་བྱའོ། །ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་ཡོངས་སུ་སྤྱོད་པ་ན་སྡུག་བསྔལ་ཁོ་ན་སྐྱེ་བའི་བདེ་བ་ནི་མ་ཡིན་ཏེ། སྡུག་བསྔལ་དེས་ཀྱང་ཡོངས་སུ་གནོན་ཅིང་ཉོན་མོངས་ན་དེས་དེ་ལ་སེམས་འདི་ལྟར་ཉེ་བར་གཞག་པར་བྱ་སྟེ། ལུས་འདི་ནི་བསྒྲིམས་ཏེ་ཡོངས་སུ་བསྐྱེད་དགོས་པ། གསུག་གིས་བསྒྲུབ་དགོས་པ་སྟེ། འདི་ནི་སྡུག་བསྔལ་རྩོམ་པས་གཟུང་བར་མི་ནུས་ཀྱི། བདེ་བ་རྩོམ་པས་གཟུང་བ་བྱ་བ་ཡིན་ཏེ། བདག་གི་ལུས་བརྟན་ཞིང་འཚོ་བ་འདིས་དགེ་བའི་ཆོས་རྣམས་བསྒྲུབ་པར་བྱའོ། །དཔེར་ན་རྙེད་པ་འདོད་པའི་ཚོང་པ་ཁུར་ཁལ་རྣམས་སྟོང་བྲན་བྱེད་བཅོས་ལེགས་བྱེད་པ་ནི་ཁུར་ཁལ་རྣམས་བརྒྱན་པའི་ཕྱིར་མ་ཡིན། བདེ་བར་བྱ་བའི་ཕྱིར་མ་ཡིན་གྱི་གཞན་དུ་ན་ཇི་ཙམ་དུ་ཁལ་བཀལ་བ་བསྐུར་བའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁ་ཟས་ཟ་བ་ཡང་ལུས་བརྒྱན་པའི་ཕྱིར་ཟས་ཟ་བ་མ་ཡིན། ལུས་བདེ་བར་བྱ་བའི་ཕྱིར་


DKG059_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་ཏེ། གཞན་དུ་ན་ཇི་ཙམ་ལུས་དང་འབྲེལ་བའི་དགེ་བའི་ཕྱོགས་བསྒྲལ་བའི་ཕྱིར་རོ་སྙམ་དུ་སེམས་ཉེ་བར་གཞག་པར་བྱའོ། །ཚངས་པ་གལ་ཏེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པས་གསུངས་པའི་གཉེན་པོས་སེམས་ཤེས་པར་བྱེད་མི་ནུས་ན། དེས་འདི་སྙམ་དུ་བསམ་པར་བྱ་སྟེ། སེམས་ཞེས་བྱ་བ་འདིས་ནི་མཐར་ཕྱིན་པར་དཀའ་བ། མི་འཐུན་པར་འཛིན་པ། འཁོར་བ་ལ་མངོན་དུ་ཕྱོགས་པ། དགེ་བའི་ཕྱོགས་ལ་མི་ཕྱོགས་པ། ཡུལ་ལ་མངོན་དུ་ཕྱོགས་པ། དབེན་པ་ལ་མི་ཕྱོགས་པ། བདེ་བ་ལ་མངོན་དུ་ཕྱོགས་པ། སྡུག་བསྔལ་ལ་མི་ཕྱོགས་པ། སྨྲ་བ་ལ་དགའ་བ་ལ་མངོན་དུ་ཕྱོགས་པ། དེ་ཁོ་ན་ལ་རྣམ་པར་ལྟ་བ་ལ་མི་ཕྱོགས་པ། མི་གཙང་བ་ལ་མངོན་དུ་ཕྱོགས་པ། གཙང་བ་ལ་མི་ཕྱོགས་པ། གདུལ་དཀའ་བ། གཟུང་དཀའ་བ། གནས་མེད་པ། རྟེན་མེད་པ། གསོག །གསོབ། སྐད་ཅིག་པ། རྒྱུ་དང་རྐྱེན་ཚོགས་པ་ལས་བྱུང་བ་ཡིན་ན། མཁས་པའི་རང་བཞིན་ཅན་སུ་ཞིག་འདི་ལྟ་བུའི་རང་བཞིན་ཅན་གྱི་སེམས་ཀྱི་དབང་དུ་འགྲོ་ཞིང་རྗེས་སུ་འཇུག་སྙམ་དུ་བསམ་མོ། །དེ་དེ་ལྟར་སེམས་དྲན་པ་ཉེ་བར་གནས་པས་སེམས་གདུལ་བའི་ཕྱིར་ནན་ཏན་བྱེད་དོ། །དེ་སེར་སྣའི་སེམས་གདུལ་བའི་ཕྱིར་སྦྱིན་པ་སྦྱིན་པར་བྱེད་དེ། ཐ་ན་ཁམ་གཅིག་ཙམ་མམ། རྒྱ་ཤུག་ཙམ་མམ། མོན་སྲན་གྲེའུ་ཙམ་མམ། ཏིལ་འབྲུ་ཙམ་ཡང་རུང་། དེ་ཡང་ཐམས་ཅད་ལ་སྦྱིན་པར་བྱེད་ཀྱི། སྡུག་པ་རྣམས་ལ་མ་ཡིན། འདྲིས་པ་རྣམས་ལ་ཡིན་ནོ། །དེ་འཆལ་བའི་ཚུལ་ཁྲིམས་ཀྱི་སེམས་གདུལ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ། ལུས་དང་། ངག་དང་། ཡིད་ཀྱི་སྐྱོན་མེད་པར་བྱེད་པ་ཡིན། འདྲེན་མར་མི་བྱེད་པ་ཡིན། ནག་ནོག་ཅན་དུ་མི་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ། །དེ་གནོད་སེམས་ཀྱི་སེམས་འདུལ་བའི་ཕྱིར་བཟོད་པ་སྒོམ་སྟེ། དེ་གྲོང་ངམ་གྲོང་རྡལ་དུ་ཞུགས་པ་ན་གཤེ་ཡང་ཅི་མི་སྙམ་པར་བྱེད་དོ། །བརྒྱབ་ཀྱང་རུང་རྡེག་ཀྱང་རུང་། སྡིགས་ཀྱང་རུང་། རྣམ་པར་འཇོམས་ཀྱང་རུང་། སྨོད་ཀྱང་


DKG059_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ་ཅི་མི་སྙམ་པར་བྱེད་དོ། །ཀྱེ་མ་དགེ་སྦྱོང་འདི་ནི་མགོ་རེག་ངན་པའོ། །ཀྱེ་མ་དགེ་སྦྱོང་འདི་ནི་མགོ་རེག་མི་སྡུག་པ་ངན་པའོ་ཞེས་འཇིག་རྟེན་གྱིས་དཔྱས་ཀྱང་ཅི་མི་སྙམ་པར་བྱེད་དོ། །ཡང་དག་པར་མ་ཡིན་པས་སྐུར་ཀྱང་བཟོད་པར་བྱེད་ཅིང་དང་དུ་ལེན་ལ། ལས་བདག་གིར་བྱ་བ་ཉིད་ལ་རྟོན་ཏེ། བཟོད་པ་དེས་ཀྱང་བདག་ལ་སྟོད་པར་མི་བྱེད། གཞན་ལ་སྨོད་པར་མི་བྱེད་དོ། །དེ་ལེ་ལོའི་སེམས་གདུལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བའི་ཕྱིར་དང་། ཐོབ་པ་རྣམས་འཕེལ་བར་བྱ་བའི་ཕྱིར་དང་། འཕེལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་། ཡོངས་སུ་སྨིན་པ་རྣམས་ཡང་དག་པར་གཟུང་བར་བྱ་བའི་ཕྱིར་དང་། ཡང་དག་པར་གཟུང་བ་རྣམས་རྣམ་པར་དབྱེ་བའི་ཕྱིར་བརྩོན་འགྲུས་རྩོམ་མོ། །དེ་སེམས་ཅན་གྱི་ཆེད་རྣམས་དང་སེམས་ཅན་གྱི་བྱ་བ་རྣམས་ལ་ཡོངས་སུ་མི་སྐྱོ་ཞིང་ཡོངས་སུ་ཡི་མི་ཆད་དེ། ཡོངས་སུ་སྐྱོ་བའི་སེམས་མི་སྐྱེད་དོ། །དེ་གདོལ་པ་ལ་ཕན་གདགས་ཀྱང་རུང་། རྒྱལ་པོ་ལ་ཕན་གདགས་ཀྱང་རུང་། ཤིན་ཏུ་ལམ་རིང་པོར་ཡང་འགྲོ་སྟེ། ཐ་དད་པ་མི་དམིགས་ཤིང་རྒྱུན་མི་གཅོད་པ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྡུག་བསྔལ་ཞིང་བཀྲེན་པའི་སེམས་ཅན་གྱི་དངོས་པོ་ཐམས་ཅད་ངན་པ་ཞིག་གིས་གཏམས་སམ། འབྱོར་ཅིང་ནོར་ཆེ་བ་གང་ཡང་རུང་བ་ཞིག་གིས་དངོས་པོ་བཟང་པོ་མཆོག་གྱ་ནོམ་པ་ཞིག་བསྟབས་ཀྱང་དེ་ལ་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་སེམས་བཞག་ལ་གུས་པར་བསྟོད་ཅིང་། ཡང་དག་པར་གཟེངས་བསྟོད་ལ། ཡང་དག་པར་འཛིན་དུ་གཞུག་ཅིང་དངོས་པོ་ངན་པ་དེ་བླང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། སྡུག་བསྔལ་བའི་སྦྱིན་པ་འདི་ནི་སྦྱིན་པ་བྱ་དཀའ་བ་ཡིན་པའི་ཕྱིར་རོ། །དེ་རྣམ་པར་གཡེང་བའི་སེམས་གདུལ་བའི་ཕྱིར་བསམ་གཏན་ལ་བསམ་གཏན་པར་བྱེད་དོ། །ཇི་ལྟར་བསམ་གཏན་བྱེད་ཅེ་ན། ཚངས་པ་འདི་ལ་བྱང་ཆུབ་སེམས་དཔའ་ནི་ཐོག་མ་ཁོ་ནར་ལུས་ལེགས་པར་བསྡམས་པ་ཡིན་ནོ། །ལུས་དབེན་པར་གནས་པ་ཡིན་ནོ། །ལུས་ཀྱི་འདུ་འཛི་རྣམས་ཀྱང་


DKG059_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་སྤོང་ངོ་། །ལུས་ལ་ལྷག་པར་ཆགས་པ་ཡང་འདོར་རོ། །ལུས་ལྕི་བའམ་ཡང་བ་ཡང་ཤེས་སོ། །ལུས་དང་འཐུན་པ་དང་། ལུས་འཚོ་བ་དང་། ལུས་ཀྱི་སྟོབས་ཀྱང་རབ་ཏུ་ཤེས་སོ། །ངག་ལེགས་པར་བསྡམས་པ་ཡིན་ཏེ། སྨྲ་བ་ཉུང་ཞིང་བརྗོད་པ་ཉུང་ངོ་། །དོན་སྨྲ་བ་ཡིན་ཞིང་རིགས་པ་སྨྲ་བ་ཡིན་ཏེ། བྲེ་མོའི་གཏམ་ལ་དགའ་བ་ཡོངས་སུ་སྤོང་བ་ཡིན་ནོ། །དེ་ཡིད་ལེགས་པར་བསྡམས་པ་ཡིན་ཏེ། མི་དགེ་བའི་རྣམ་པར་རྟོག་པ་ཐམས་ཅད་ཡོངས་སུ་སྤངས་སོ། །དེ་དེ་ལྟར་གནས་གསུམ་ཡོངས་སུ་དག་པས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའི་གཟུགས་རྣམས་མི་སྣང་བར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། དེ་དག་ལ་མཚན་མར་མི་འཛིན་མངོན་རྟགས་སུ་མི་འཛིན་ཏོ། །རྒྱན་དང་གོས་ཀྱི་རྣམ་པ་སྣ་ཚོགས་དག་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་སྣ་ཚོགས་པ་དག་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་རྣམས་ལ་ཡང་མཚན་མར་མི་འཛིན་ཅིང་མངོན་རྟགས་སུ་མི་འཛིན་པ་ཡིན་ནོ། །དེ་གཅིག་པུ་དབེན་པར་འདུག་ནས་ནང་དུ་ཡང་དག་པར་འཇོག་ཅིང་སེམས་གནས་པར་བྱ་བའི་ཕྱིར་ནན་ཏན་བྱེད་དེ། མི་སྡུག་པ་ལ་དམིགས་པའམ། བྱམས་པ་ལ་དམིགས་པའམ། སྙིང་རྗེ་ལ་དམིགས་པའམ། ཡིད་འབྱུང་བར་འགྱུར་བ་གང་ཡང་རུང་བས་ཇི་ལྟར་ལུས་ཁེངས་པར་མི་འགྱུར་བ་དེ་ལྟར་དམིགས་པར་བྱེད་དེ། དབུགས་རྔུབ་པ་དང་འབྱུང་བ་མི་འགག་གོ །རྒྱུན་རྣམས་ཀྱང་མི་འཆད་དོ་རླུང་འཁྲུག་པར་མི་འགྱུར་རོ། །སེམས་ལོག་པར་རྣམ་པར་གཡེང་བར་མི་འགྱུར་རོ། །དེ་འཆག་གམ། ཉལ་ལམ། འགྲེང་ངམ། འདུག་ཀྱང་དམིགས་པ་དེ་ཉིད་ཀྱིས་འདུག་གོ །དེ་ཉིད་ལ་སེམས་གཏོད་དོ། །ཚངས་པ་གང་གི་ཚེ། བྱང་ཆུབ་སེམས་དཔའ་དམིགས་པ་ལ་སེམས་བརྟན་པར་གྱུར་པ་དེའི་ཚེ་སེམས་ལ་སེམས་མཉམ་པར་འཇོག་སྟེ། སེམས་ཀྱིས་སེམས་


DKG059_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མི་དམིགས་སོ། །གང་གིས་མཉམ་པར་འཇོག་པ་དེ་ཡང་མི་དམིགས་སོ། །གང་གི་ཕྱིར་མཉམ་པར་འཇོག་པ་དེ་ཡང་མི་དམིགས་སོ། །དེ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་གསོག་གི་ཆོས་རྣམས་དང་། གསོབ་ཀྱི་ཆོས་རྣམས་ལ་མངོན་པར་ཞེན་ཏོ་སྙམ་དུ་སེམས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་ལྷག་མཐོང་ཞེས་བྱའོ། །དེ་ལྟར་རྣམ་པར་མཐོང་བས་ཉོན་མོངས་པ་རྣམས་ཀུན་ཏུ་མི་འབྱུང་ཞིང་མི་འཇུག་པ་དེ་ནི་བྱང་ཆུབ་སེམས་དཔའ་ཞི་གནས་ཞེས་བྱའོ། །ཚངས་པ་གཞན་ཡང་བྱང་ཆུབ་སེམས་དཔའ་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ནས་མིང་དང་ཡི་གེ་ཇི་ལྟར་ཐོས་པ་རྣམས་ངེས་པའི་ཚིག་གི་གདགས་པས་ཡང་དག་པར་འཇོག་ཅིང་ཡི་གེ་དེ་དག་ལ་ཉེ་བར་རྟོགས་ཏེ། དེ་དེ་ལྟར་ཉེ་བར་རྟོགས་པ་ན་ཡི་གེ་རྣམས་གསོག་དང་གསོབ་ཏུ་མཐོང་ངོ་། །དེ་ཡི་གེ་རྣམ་པ་གསོག་དང་གསོབ་ཏུ་མཐོང་ནས་མིང་རྣམས་ཀྱང་གསོག་དང་གསོབ་ཏུ་མཐོང་ངོ་། །གང་ལ་མིང་དེ་འདོགས་པ་དེ་ཡང་གསོག་དང་གསོབ་ཏུ་མཐོང་ངོ་། །དེ་ལ་གཟུགས་གང་དང་གང་སྣང་བ་དེ་དང་དེ་ཡང་གསོག་དང་གསོབ་ཏུ་མཐོང་ངོ་། །དེ་གསོག་དང་གསོབ་ཏུ་མཐོང་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པར་འགྱུར་རོ། །ཡང་དག་པར་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པས་དེ་ལ་འདུས་བྱས་རྨི་ལམ་དང་འདྲ་བར་སྣང་ངོ་། །དེ་ལ་བྱང་ཆུབ་སེམས་དཔའ་སོ་སོར་བརྟགས་ནས་སེམས་ཅན་ལ་ལྟ་བས་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་བཞག་ནས་གནས་སོ། །དེ་འཆལ་པའི་ཤེས་རབ་ཀྱི་སེམས་གདུལ་བའི་ཕྱིར་ཤེས་རབ་སྒོམ་པར་བྱེད་དོ། །ཇི་ལྟར་སྒོམ་པར་བྱེད་ཅེ་ན། དེ་ཀུན་རྫོབ་ཀྱི་ཚུལ་དུ་བཤད་པའམ་དོན་དམ་པའི་ཚུལ་དུ་བཤད་པའི་མདོ་སྡེ་གང་དག་ཡིན་པ་དེ་དག་བརྗོད་པ་གསལ་ཞིང་ཟུར་ཕྱིན་པ་དག་གིས་མ་ནོར་བར་འཛིན་ཏོ། །མ་ནོར་བས་ཆོས་སྟོན་པ་ལས་བཟུང་ནས་ཀྱང་། མ་ནོར་བའི་བསམ་པས་སེམས་པར་བྱེད་དོ། །སྒོམ་པའི་རྣལ་འབྱོར་ལ་ཡང་བརྩོན་པར་བྱེད་དོ། །དེ་ཡེ་ཤེས་ཀྱི་སྟོབས་དང་ཤེས་རབ་ཀྱི་བྱེ་བྲག་གིས་སེམས་ཅན་མི་


DKG059_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས། སྲོག་མི་དམིགས། གསོབ་མི་དམིགས། སྐྱེས་བུ་མི་དམིགས། གང་ཟག་མི་དམིགས། ཤེད་ལས་སྐྱེས་མི་དམིགས། ཤེད་བུ་མི་དམིགས་ཏེ། ཐམས་ཅད་ཀྱི་ཐམས་ཅད་དུ་ཆད་པར་ལྟ་བར་ཡང་མི་ལྷུང་ངོ་། །བཏགས་པའི་ཐ་སྙད་རྣམས་ལ་ཡང་ལེགས་པར་བསླབ་པ་ཡིན་ནོ། །དེ་ཟིན་པའི་སའི་ཁམས་དང་། མ་ཟིན་པའི་སའི་ཁམས་ལ་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ །ཟིན་པའི་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། མ་ཟིན་པ་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་སྟེ་དེ་གཉི་ག་ཡང་གསོག་ཉིད་དང་གསོབ་ཉིད་དུ་མཐོང་ཞིང་། བེམས་པོ་ཉིད་དང་། སྙིང་པོ་མེད་པ་ཉིད་དང་། སྟོང་པ་ཉིད་དུ་མཐོང་ངོ་། །དེས་དེ་ལྟར་མཐོང་བས་ཇི་ལྟར་ཕྱི་རོལ་གྱི་ཁམས་རྣམས་ལ་མངོན་པར་ཆགས་པ་མེད་པ་དེ་ལྟར་ནང་གི་རྣམས་ལ་ཡང་ངོ་། །མིག་གི་རྣམ་པར་ཤེས་པ་དང་། གཟུགས་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ །རྣ་བའི་རྣམ་པར་ཤེས་པ་དང་། སྒྲ་རྣམས་དང་། སྣའི་རྣམ་པར་ཤེས་པ་དང་། དྲི་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། རོ་རྣམས་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། རེག་བྱ་རྣམས་ལ་ཡང་ཡང་དག་པའི་ཤེས་རབ་ཀྱིས་ཚུལ་གཅིག་ཏུ་སོ་སོར་རྟོག་གོ །དེའི་སའི་ཁམས་ལ་ནི་སྲ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ་གཤེར་བ་ཉིད་དང་། ཚ་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ། །ཆུའི་ཁམས་ལ་གཤེར་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ་སྲ་བ་ཉིད་དང་། ཚ་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ། །མེའི་ཁམས་ལ་ཚ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ་སྲ་བ་ཉིད་དང་། གཤེར་བ་ཉིད་དང་། ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་སོ། །རླུང་གི་ཁམས་ལ་གཡོ་བ་ཉིད་དུ་ཡང་རབ་ཏུ་ཤེས་ལ་ཡང་ཞིང་གཡོ་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ། །དེ་ནམ་མཁའི་ཁམས་ལ་ཁོང་སྟོང་ཉིད་དུ་ཡང་རབ་ཏུ་ཤེས་ལ་ཐམས་ཅད་དུ་ཡང་སོང་བ་ཉིད་དུ་ཡང་རབ་ཏུ་ཤེས་སོ། །རྣམ་པར་ཤེས་པའི་ཁམས་ལ་སྒྱུ་མ་ལྟ་བུ་ཉིད་དུ་


DKG059_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རབ་ཏུ་ཤེས་ལ་ཕྱིན་ཅི་ལོག་ཉིད་དུ་ཡང་རབ་ཏུ་ཤེས། ཕྱིན་ཅི་མ་ལོག་པ་ཉིད་ཡང་རབ་ཏུ་ཤེས་སོ། །དེ་མིག་གི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། གཟུགས་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ། །རྣ་བའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། སྒྲ་ལ་མི་རྟག་པ་ཉིད་དང་། སྣའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། དྲི་ལ་མི་རྟག་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། རོ་ལ་མི་རྟག་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་ལ་སྟོང་པ་ཉིད་དང་། རེག་བྱ་ལ་མི་རྟག་པ་ཉིད་དུ་ཡང་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཤེས་རབ་ལ་མཁས་པས་ཤིན་ཏུ་རྟོགས་པའི་ཤེས་རབ་དང་ལྡན་ཞིང་ཤེས་རབ་རྣོ་བ་དང་ལྡན་ཏེ། མི་དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། དགེ་བའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས། རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་དང་། སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱང་རབ་ཏུ་ཤེས་སོ། །དེ་མི་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་སེམས་ཅན་དམྱལ་བ་རྣམས་དང་། དུད་འགྲོ་རྣམས་དང་། ཡི་དགས་རྣམས་སུ་སྐྱེ་བ་ཡང་རབ་ཏུ་ཤེས་སོ། །དེར་སྐྱེས་པ་རྣམས་ཀྱི་ཚོར་བ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡང་རབ་ཏུ་ཤེས་སོ། །དགེ་བའི་ཆོས་རྣམས་ཀྱི་རྣམ་པར་སྨིན་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལྷ་རྣམས་ཀྱི་ནང་དུའམ། མི་རྣམས་ཀྱི་ནང་དུ་སྨིན་པ་ཡང་རབ་ཏུ་ཤེས་སོ། །དེར་སྐྱེས་པ་རྣམས་ཀྱི་འབྲས་བུ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡང་རབ་ཏུ་ཤེས་སོ། །ཉན་ཐོས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བ་དང་། དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱ་བའི་རྣམ་པ་ཡང་རབ་ཏུ་ཤེས་སོ། །


DKG059_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་རྣམ་པར་གྲོལ་བ་ཉིད་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཡང་རབ་ཏུ་ཤེས་སོ། །རང་སངས་རྒྱས་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱིས་ཡང་དག་པར་འགྲུབ་པ་ཡང་རབ་ཏུ་ཤེས་སོ། །འབྲས་བུ་དང་ཞི་བ་ཉིད་ཀྱང་རབ་ཏུ་ཤེས་སོ། །བྱང་ཆུབ་སེམས་དཔའ་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་ཚོགས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ། །ཡེ་ཤེས་ཀྱི་ལམ་ཡང་རབ་ཏུ་ཤེས་སོ། །ཤེས་ནས་ཀྱང་ཚོགས་ཀྱི་ལམ་དང་ཡེ་ཤེས་ཀྱི་ལམ་ལ་བརྩོན་པར་བྱེད་དོ། །སངས་རྒྱས་ཉིད་ཡང་དག་པར་འགྲུབ་པར་བྱེད་པའི་ཆོས་རྣམས་ཀྱི་རྫུ་འཕྲུལ་ཆེ་བ་ཉིད་ཀྱང་རབ་ཏུ་ཤེས་སོ། །མཐུ་ཆེ་བ་ཉིད་དང་། དམ་པ་ཉིད་དང་། རབ་མཆོག་ཉིད་དང་། ཕུལ་དུ་བྱུང་བ་ཉིད་དང་། ཆེ་བ་ཉིད་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཐུན་མོང་བ་ཡང་མ་ཡིན་ན། གཞན་སེམས་ཅན་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས་པའི་ཐུན་མོང་མ་ཡིན་པ་ཉིད་ཀྱང་རབ་ཏུ་ཤེས་སོ། །དེ་དེ་ལྟར་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་དྲན་པ་ལེགས་པར་ཉེ་བར་གནས་པ་སྡིག་པའི་ཆོས་ཐམས་ཅད་དང་ནི་བྲལ། དགེ་བའི་ཆོས་ནི་ཡང་དག་པར་ཐོབ། ལུས་ཀྱི་གནོད་པ་ནི་མེད། རྣམ་པར་ཤེས་པས་འཕངས་པ་ནི་མེད། སེམས་ཀྱིས་འཕངས་པ་ནི་མེད་ལ་ཆོས་རྣམས་ཀྱི་རྒྱུའི་ཚོགས་དང་འབྲས་བུ་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པས། དཔེར་ན་རྒྱ་མཚོའི་རླབས་བཞིན་དུ་དགེ་བའི་ཆོས་རྣམས་ཀྱིས་རྣམ་པར་འཕེལ་ཏེ། ཇི་ལྟར་རྒྱ་མཚོའི་རླབས་འབྲི་ཞིང་ཡང་འབྱུང་བ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ། །དེ་དཔེར་ན་ཟླ་བ་ཡར་གྱི་ངོའི་ཟླ་བའི་དཀྱིལ་འཁོར་དང་འདྲ་བར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་མར་གྱི་ངོ་ལ་ཟླ་བའི་དཀྱིལ་འཁོར་འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ། །དཔེར་ན་དབྱར་གྱི་དུས་ཀྱི་ཕུ་ཆུ་བྲུག་པ་ལྟར་དགེ་བའི་ཆོས་རྣམས་ཀྱིས་མངོན་པར་འཕེལ་ཏེ། ཇི་ལྟར་ཕུ་ཆུ་


DKG059_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྲུག་པ་དབྱར་གྱི་དུས་ཟད་ན་འབྲི་བའི་ཆོས་ཅན་ཡིན་པ་ལྟར། བྱང་ཆུབ་སེམས་དཔའ་ནི་ཆོས་རྣམས་ལས་དེ་ལྟ་མ་ཡིན་ནོ། །ཚངས་པ་དེ་ལྟར་བསླབ་པའི་བྱང་ཆུབ་སེམས་དཔའ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ལུས་ཀྱི་སྐྱོན་རྣམས་རབ་ཤེས་ན། །ལུས་ཡོད་སྐྱོན་རྣམས་མི་སྟོན་ཏོ། །ལུས་ལ་དྲན་པ་ལེགས་གནས་ན། །སྐྱོན་མེད་ཞི་བའི་གནས་ཐོབ་བོ། །ལུས་ཀྱི་སྐྱོན་རྣམས་མི་ཤེས་ན། །ལུས་ལ་ཡོད་པའི་སྐྱོན་མི་རྟོག །ལུས་ལ་དྲན་པ་མི་གནས་ན། །སྡུག་བསྔལ་བཟོད་དཀའ་གནས་ཐོབ་བོ། །སེམས་ཀྱི་སྐྱོན་རྣམས་རབ་ཤེས་ན། །སེམས་ཡོད་སྐྱོན་རྣམས་མི་སྟེན་ཏོ། །སེམས་ལ་དྲན་པ་ལེགས་གནས་ན། །སྐྱོན་མེད་ཞི་བའི་གནས་འཐོབ་བོ། །སེམས་ཀྱི་སྐྱོན་རྣམས་མི་ཤེས་ན། །སེམས་ལ་ཡོད་པའི་སྐྱོན་མི་རྟོགས། །སེམས་ལ་དྲན་པ་མི་གནས་ན། །སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ། །དགེ་བའི་ཆོས་རྣམས་སྟེན་བྱེད་ཅིང་། །མི་དགེ་ཆོས་རྣམས་མི་སྟེན་པ། །ཆོས་རྣམས་ལ་ནི་མཁས་པའི་མི། །སྐྱོན་མེད་ཞི་བའི་གནས་འཐོབ་བོ། །དགེ་བའི་ཆོས་རྣམས་མི་སྟེན་ཅིང་། །མི་དགེ་ཆོས་རྣམས་སྟེན་བྱེད་པ། །ཆོས་རྣམས་ལ་ནི་མི་མཁས་མི། །སྡུག་བསྔལ་བཟོད་དཀའ་གནས་འཐོབ་བོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ལྷའི་མེ་ཏོག་མན་དཱ་ར་བ་དག་མངོན་པར་སྤྲུལ་ཏེ་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏོ། །མངོན་པར་གཏོར་ནས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་མངོན་པར་དགའ་ཞིང་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་ནངས་པར་མཁྱེན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས་སོ། །བཞུགས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མ་དང་


DKG059_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་མི་ཉལ་ཙམ་གྱི་ནམ་གྱི་གུང་ཐུན་ལ་ང་གཅིག་པུ་དབེན་པར་འདུག་སྟེ་ནང་དུ་ཡང་དག་བཞག་ན་མི་མཇེད་ཀྱི་བདག་པོ་ཚངས་པས་ཐམས་ཅད་དང་ལྡན་པའི་ཚལ་ཆེན་པོ་འོད་ཀྱིས་སྣང་བར་བྱས་ནས་ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་ང་ལ་མངོན་པར་བསྟོད་དེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཞུ་བ་ལུང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པས་རྟག་ཏུ་ཁྱོད་ལ་སྐབས་ཕྱེས། ཚངས་པ་ཁྱོད་ཅི་དང་ཅི་འདོད་པ་ཞུས་ཤིག་དང་། ཞུས་པ་དེ་དང་དེ་ཉིད་ཀྱི་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་ངས་སྐབས་ཕྱེ་བས་མི་མཇེད་ཀྱི་བདག་པོ་ཚངས་པས་ང་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་དུ་དང་ལྡན་ན། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས། དགེ་སློང་དག་དེ་སྐད་ཅེས་གསོལ་པ་དང་། ངས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་གཅིག་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆོས་གཅིག་གང་ཞེ་ན། འདི་ལྟ་སྟེ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པའོ། །དགེ་སློང་དག་ངས་མི་མཇེད་ཀྱི་བདག་པོ་ཚངས་པ་དེ་ལ་ལུས་ཀྱི་རྗེས་སུ་སོང་བ་དྲན་པའི་རྒྱུ་དང་། ལས་དང་འབྲས་བུ་ཡང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །ལེགས་སོ་ལེགས་སོ་བཅོམ་ལྡན་


DKG059_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བསྟན་པ་དེ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བར་བགྱི་བའི་སླད་དུ་བཤད་དུ་གསོལ་དགེ་སློང་སར་པ་རྣམས་དང་། ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་རིང་པོར་མ་ལགས་ཤིང་མཆིས་ནས་རིང་པོ་མ་ལགས་པ་རྣམས་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྐྱེས་བུ་དམ་པ་འདི་དག་གིས་ཐོས་ན་དགའ་བ་དང་། དད་པ་ཐོབ་པར་འགྱུར། བསླབས་པ་དེ་ལ་ཡང་སྦྱོར་བར་བརྩོན་པར་གནས་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་གང་བཤད་པ་དེ་དགེ་སློང་དེ་དག་ལ་ཡང་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་པར་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ལེགས་པར་བཀའ་སྩལ་ཏོ། །མི་མཇེད་ཀྱི་བདག་པོ་ཚངས་པས་མདོ་སྡེ་འདི་ལྟ་བུ་དག་ཡོངས་སུ་ཞུ་བའི་སླད་དུ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས་ཞུས་པ་ཡང་ལེགས་པར་སྨྲས་པ་ལེགས་སོ། །བཅོམ་ལྡན་འདས་མི་མཇེད་ཀྱི་བདག་པོ་ཚངས་པས་གལ་ཏེ་དགེ་བའི་རྩ་བ་གཞན་མ་མཆིས་ན་ཡང་ཞུ་བ་ཞུས་པའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་འདི་ཁོ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དགེ་བའི་རྩ་བ་དེའི་མཐའ་དང་མུ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་རྟོགས་པར་རྔོ་མི་ཐོགས་པའི་སླད་དུའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མི་མཇེད་ཀྱི་བདག་པོ་ཚངས་པས་ཞུ་བ་འདི། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་དོན་དུ་ཞུས་པའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་


DKG059_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་འདི་ཚངས་པས་ཞུས་པ་ཞེས་བྱ་བར་ཟུང་ཤིག །དྲན་པ་ཉེ་བར་གཞག་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བག་ཡོད་པའི་ཚུལ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚངས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བྲཤྤུ་དཏྟ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ཀྱང་མངོན་པར་ཤེས་པ་མངོན་པར་ཤེས་པའི་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པ། གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། ཆགས་པ་མེད་པའི་གཟུངས་ཐོབ་པ། སྒོ་མཐའ་ཡས་པའི་ཕྱག་རྒྱ་བསྒྲུབ་པའི་གཟུངས་ལ་མཁས་པ། སྟོང་པ་ཉིད་ལ་གནས་པ། མཚན་མ་མེད་པའི་སྤྱོད་ཡུལ་བ་མ་བརྟགས་པའི་སྨོན་ལམ་ཅན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཤ་སྟག་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་མཐོང་


DKG059_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བ་དོན་ཡོད་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ནས། མཐར་གྱིས་ལྗོངས་རྒྱུ་ཞིང་སོང་བ་ལས་ལྔ་འཛིན་གྱི་ལྗོངས་སུ་ཕྱིན་ཏོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་བདག་གི་ཡུལ་འདིར་ཕྱིན་ཏོ་ཞེས་ཐོས་ནས་དེ་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྐྱེ་བོའི་ཚོགས་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་ནས། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །སྐྱེ་བོ་ཕལ་པོ་ཆེ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ཀྱིས་རྒྱལ་པོ་ཚངས་པས་བྱིན་གཡོག་འཁོར་དང་བཅས་པ་འཁོད་པར་རིག་ནས་རྒྱལ་པོ་ཚངས་པས་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆོས་ལྔ་དང་ལྡན་པ་ནི་འཁོར་བ་ན་འཁོར་བའི་ཚེ་རྟག་ཏུ་ཁྱད་པར་དུ་འགྲོ་བར་འགྱུར་ལ། མི་ཁོམ་པ་རྣམས་སུ་ཡང་སྐྱེ་བར་མི་འགྱུར་རོ། །དེ་བཞིན་གཤེགས་པ་དང་ཡང་ཕྲད་ཅིང་མཉེས་པར་བྱེད་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཆོས་སྟོན་པ་ན་ཡང་ལྡེམ་པོའི་ངག་ལ་མཁས་པར་འགྱུར་རོ། །དྲན་པ་མི་ཆོད་པ་དང་ལྡན་པར་འགྱུར། མཛེས་པར་ཡང་འགྱུར། དབང་པོ་མ་ཚང་བར་མི་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དོན་དམ་པ་དང་ལྡན་པའི་གཏམ་འདི་ལྟ་སྟེ། བདེན་པ་བཞི་བསྟན་པ་དང་ལྡན་པས་བོད་པར་འགྱུར་ཏེ། ལྔ་གང་ཞེ་ན། རྒྱལ་པོ་ཆེན་པོ་འདི་ལ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་དད་པ་ཅན་ཡིན་ཏེ། དད་པའི་ཤས་ཆེ་ཞིང་ཞེ་འགྲས་པ་མེད་པའི་ཡིད་དང་ལྡན་ནོ། །དེའི་དད་པ་དེ་ཡང་ངེས་པར་རྩ་ཟུག་ཏུ་


DKG059_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན་ནོ། །དད་པ་དེ་ཡང་རྣམ་པ་བཅུར་བལྟ་བར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། གཡོ་མེད་པར་སྦྱིན་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། ལྷག་པའི་ང་རྒྱལ་མེད་པ་དང་། དང་བའི་ཤས་ཆེ་བ་དང་། འཕགས་པའི་བསྟན་པ་ལ་སྐྱོན་དུ་མི་འཛིན་པ་དང་། དགེ་སློང་རབ་འབྲིང་ཐ་མ་རྣམས་ལ་འཁྲུལ་པ་མི་ཚོལ་བ་དང་། སྟོང་པ་ཉིད་ལ་མོས་པ་དང་། ལུས་ཀྱི་ལས་ཡོངས་སུ་དག་པ་དང་། ངག་གི་ལས་ཡོངས་སུ་དག་པ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་སྟེ་བཅུ་པོ་དེ་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་དང་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཆོས་འདོད་པ་ཡིན་ཏེ། རྒྱུན་མི་ཆད་པར་འཕགས་པ་རྣམས་མཐོང་བར་འདོད་པ་དང་། ཐོས་པ་ཚོལ་བ་ལ་ཆོག་མི་ཤེས་སོ། །དེའི་མང་དུ་ཐོས་པ་དེ་ཡང་སེམས་ཀྱིས་ཤིན་ཏུ་བརྟགས་པ་དང་། མཐོང་བས་ཤིན་ཏུ་རྟོགས་པ་ཡིན་ནོ། །རྒྱལ་པོ་ཆེན་པོ་ཡན་ལག་བཅུ་དང་ལྡན་ན་ཆོས་དང་ལྡན་པའི་རྒྱལ་པོར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་འདོད་པས་ལུས་ལ་མི་ལྟ་ཞིང་སྲོག་ལ་མི་ལྟ་བ་དང་། འཁོར་བ་ལ་སྐྱོ་བའི་ཡིད་དང་ལྡན་པ་དང་། ཁྱིམ་ན་གནས་པ་ལ་སྐྱོན་མང་བར་སེམས་པ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ་དང་། སྔོན་མངོན་པར་འདུས་བྱས་པའི་ལས་ཀྱི་ནང་ནས་སྡིག་པའི་ལས་ལ་སྨོད་ཅིང་མ་འོངས་པ་མངོན་པར་འདུ་མི་བྱེད་པ་དང་། སྡུག་པ་དང་མི་སྡུག་པ་རྣམས་ལ་ངེས་པར་སེམས་པའི་ཡིད་དང་ལྡན་པ་དང་། བསམ་པ་ཐག་པ་ནས་བསྒྲུབས་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་བྱེད་དེ། ཚིག་ལྷུར་ལེན་པར་མི་བྱེད་པ་དང་། ཡེ་ཤེས་ཡོངས་སུ་ཚོལ་བས་དམ་བཅས་པ་ལ་བརྟན་པ་དང་། རང་གི་གཡོག་འཁོར་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྒྱུན་མི་ཆད་པར་དེ་དག་ཆོས་ཀྱི་སྦྱིན་པས་ཡོངས་སུ་སྨིན་པར་


DKG059_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ལ། དེ་དག་གི་ཟང་ཟིང་ཡང་སྡུད་པར་བྱེད་པ་སྟེ། བཅུ་པོ་དེ་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་གཉིས་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི། ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཆོས་ཟབ་མོའི་བཟོད་པ་ལ་མོས་ཤིང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་སྒྲུབ་པ་ཐོབ་པ་ཡིན་ནོ། །དེའི་ཟབ་མོ་ལ་མོས་པ་དེ་ཡང་རྣམ་པ་བཅུར་རིག་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལས་ཤས་ཆེར་གུས་པ་དྲག་པོ་དང་ལྡན་ཞིང་ཡ་ང་བའི་ལས་མངོན་པར་འདུ་བྱེད་པ་ཡང་ཡོངས་སུ་སྤོང་བ་དང་། མངོན་པར་འདུ་བྱེད་པ་ཡིད་དུ་འོང་བ་ཡང་མངོན་པར་འདུ་བྱེད་པ་དང་། སྐྱེ་བོ་དབང་ཕྱུག་དང་ལྡན་པ་རྣམས་ལ་ཡང་གཟུ་ལུམས་སུ་ནན་གྱིས་གནོན་པར་མི་བྱེད་པ་དང་། ཡིད་དུ་འོང་བའི་སྦྱིན་པ་ཡང་གཞན་དག་ལ་སྟོབས་པར་བྱེད་དེ། ཡིད་དུ་མི་འོང་བ་ཡོངས་སུ་སྤོང་བ་དང་། ཆོས་ཐམས་ཅད་ལ་ཡང་སྟོང་ངོ་སྙམ་དུ་ངེས་པར་འབྱུང་བར་བྱེད་པ་དང་། བྱེད་པ་མེད་པའི་ལྟ་བས་ཡང་དག་པའི་མཐའ་ལ་མཚན་ཉིད་གཅིག་ཏུ་མོས་པར་ཡང་མི་བྱེད་ལ་ཐ་དད་པའི་འདུ་ཤེས་ཅན་ཡང་མ་ཡིན་པ་དང་། རང་གི་ཡོན་ཏན་གྱིས་ཀྱང་གཞན་གྱི་ཡོན་ཏན་ཁྱད་དུ་གསོད་པར་མི་བྱེད་པ་དང་། ཚད་ངེས་པར་འཛིན་པ་ཡང་མི་བྱེད་པ་དང་། གང་ཟག་སྦྱོར་བ་མེད་པ་རྣམས་ལ་ཡང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དང་། འཐུན་པར་བྱེད་པ་སྟེ་བཅུ་པོ་དེ་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་གསུམ་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་འཇིག་རྟེན་གནས་པའི་གནོད་པས་སྦགས་པས་སྦགས་པར་ཡང་དག་པར་མཐོང་བ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའི་


DKG059_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྟན་པ་ཡོངས་སུ་འཛིན་པ་ལ་འཇུག་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྟོབས་བསྐྱེད་པ་ལ་བརྩོན་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོའོ། །དེའི་བསྟན་པ་ཡོངས་སུ་འཛིན་པ་དེ་ཡང་རྣམ་པ་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་ཚུགས་པའི་ཏིང་ངེ་འཛིན་སྒྲུབ་པ་ལ་བརྩོན་པ་དང་། གཟུངས་ཡོངས་སུ་ཚོལ་བ་ལ་བརྩོན་པ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་རྣམ་པར་ངེས་པ་ལ་མཁས་པ་དང་། གང་ཟག་གང་དག་མངོན་པར་བརྩོན་པ་དེ་དག་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་བསྟབས་པས་ཡོངས་སུ་མི་སྐྱོ་བ་དང་། བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་བརྩོན་པ་དང་། ལེགས་པར་བསམས་པ་སེམས་པ་དང་། ལེགས་པར་སྨྲ་བས་སྨྲ་བ་དང་། ལེགས་པའི་ལས་བྱེད་པ་དང་། རབ་ཏུ་འབྱུང་བར་སེམས་པ་དང་། རྒྱལ་པོ་ལ་དགའ་བ་ལ་སྐྱོན་དུ་རྟོག་པ་དང་། གཟུགས་སྡུག་ཅིང་གཟུགས་བཟང་བ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ་དང་། ཐ་ན་རྒྱལ་པོ་གཅིག་པུར་སྲེད་པས་བསྒྲུབ་པ་ལ་ཡང་མི་ལྟ་བའི་ཡིད་དང་ལྡན་པ་སྟེ། བཅུ་པོ་འདི་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་བཞི་པོ་འདི་དག་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཐོབ་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་གཞན་ཡང་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་གང་ཟག་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཡང་དག་པར་བསྒྲུབ་པ་འདི་འཛིན་པ་དང་། ཀློག་པ་དང་། སྟོན་པ་དེ་དག་ལ་ཆོས་བཞིན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་ལ་སེམས་ཅན་གང་དག་གང་ཟག་དེ་ལྟ་བུ་དག་ལ་གནོད་པ་བྱེད་པའི་རང་བཞིན་ཅན་གྱི་གང་ཟག་དེ་ལྟ་བུ་དེ་དག་ལ་ནི་འདི་ལྟར་ཆོས་ཀྱི་ལོངས་སྤྱོད་འདི་ལ་སྤྱོད་པ་ཡོངས་སུ་བསྲུང་བའི་ཕྱིར་ཆད་པས་གཅོད་པར་བྱེད་དོ། །དེའི་དམ་པའི་ཆོས་ཡོངས་སུ་འཛིན་


DKG059_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཡང་རྣམ་པ་བཅུར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཡང་དག་པར་བསྒྲུབ་པ་དང་། ངེས་པར་ཕངས་པར་བྱེད་པ་དང་། ཆོས་ལ་མོས་པ་དང་། འཁྲུལ་པ་མེད་པར་ཀུན་ཏུ་སྤྱོད་པ་དང་། ཡེ་ཤེས་འདོད་ཅིང་ཡོན་ཏན་གྱི་ཁྱད་པར་ལ་ཡིད་ཆེས་པ་དང་། དེ་བཞིན་གཤེགས་པའི་ཕོ་ཉ་དང་། ཉེ་བར་སྤྱོད་པ་དང་། སངས་རྒྱས་ཀྱི་སྣོད་དུ་རུང་བ་དང་། དཀོན་མཆོག་གསུམ་གྱི་གདུང་སྡུད་པ་དང་། དམ་པའི་ཆོས་འབར་བར་བྱེད་པ་དང་། སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱེད་པ་སྟེ། བཅུ་པོ་དེ་དག་ཡིན་ནོ། །རྒྱལ་པོ་ཆེན་པོ་ཆོས་ལྔ་པོ་འདི་དང་ལྡན་པའི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ནི་ཇི་སྐད་སྨོས་པའི་ཡོན་ཏན་འདི་དག་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་སྐད་སྨྲས་སོ། །རྒྱལ་པོ་སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་ལྷག་པའི་བསམ་པ་གཡོ་མེད་པས། །དད་པ་དང་ནི་དང་བ་མི་ཕྱེད་པ། །དེ་ལ་ཡོན་ཏན་འདི་དག་དཀོན་པ་མེད། །བཅོས་མ་མ་ཡིན་ཤེས་ནས་དད་པ་སྐྱེས། །དེ་ལ་དངོས་པོ་ཅི་ཡོད་སྲི་བ་མེད། །བྱིན་ནས་ཀྱང་ནི་དེ་ལ་འགྱོད་པ་མེད། །འདིར་ནི་ཡོན་ཏན་དེ་དག་དད་པའི་མཚན། །དེ་དག་བསམ་པ་རྟག་ཏུ་རྙོག་པ་མེད། །མི་ཕྱེད་རི་རབ་བཞིན་དུ་སྐྱོད་དུ་མེད། །བུམ་པ་གང་བ་ལེགས་གནས་མི་གཡོ་ལྟར། །དེ་དག་དད་པ་ཤིན་ཏུ་གཡོ་མེད་པ། །མཐོང་ལ་མ་མཐོང་ཐོས་ལ་མ་ཐོས་པ། །གང་དག་རི་བཞིན་དུ་ནི་གཡོ་བ་མེད། །དེ་དག་ལྟ་བུ་དད་པའི་མཚན་ཉིད་དེ། །གནས་རྣམས་ཀུན་ཏུ་ནམས་ཀྱང་འགྱུར་བ་མེད། །ཞི་བ་འདོད་ཕྱིར་ཆོས་འདོད་གང་ཡིན་པ། །མཁས་པ་དེས་ནི་ཆོས་དོན་ཀུན་སྤོངས་ཤིག །དེ་སྤངས་ནས་ཀྱང་དེ་ལ་སེམས་པ་མེད། །དེ་དག་ཆོས་འདོད་རྣམས་ཀྱི་མཚན་ཉིད་དོ། །སྐྱེ་བོའི་བདག་པོ་གང་ཞིག་ཆོས་འདོད་པ། །གང་ཚེ་ལེགས་པར་གསུངས་པ་མི་ཉན་པ། །ས་བོན་རུལ་པ་ཞིང་ངན་བཏབ་པ་ལྟར། །འདྲེན་པའི་བསྟན་པ་དག་


DKG059_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་མི་འགྱུར། །ཐོས་ཀྱང་འདི་ལ་བདག་ནི་མཁས་སྙམ་སེམས། །ཆོས་རྣམས་རང་བཞིན་ཅི་འདྲ་རྟོགས་སྙམ་སྟེ། །ལྷག་པའི་བསམ་པས་སྤྱོད་པ་མ་དག་ལ། །གཉིས་སེམས་ལྡན་ལ་དག་པ་ག་ལས་འོང་། །ཆོས་འདོད་གང་དག་དྲན་པའི་བློ་དང་ནི། །གུས་བཅས་གཡོ་མེད་ལུག་ལྟར་ལྐུགས་མེད་པ། །རྒྱ་མཚོ་ཆེན་པོ་བཞིན་དུ་འབབ་པ་མེད། །དེ་འདྲ་དེ་དག་བྱང་ཆུབ་མཆོག་གི་སྣོད། །ཆོས་འདོད་པ་ནི་ནང་དང་ཕྱི་རོལ་གྱི། །དངོས་པོ་ཀུན་ལ་སྡུག་འཛིན་ཅི་ཡང་མེད། །ཤེས་པ་རྣམས་ལ་ཕངས་ཤིང་བྱིས་པས་སྨད། །འདིས་ནི་ཆོས་འདོད་གང་ཡིན་ཤེས་པར་བྱ། །དེ་ཡི་ཕྱིར་ན་རྒྱལ་པོ་ཆོས་འདོད་པ། །འདི་ཐོས་ནས་ནི་བསྒྲུབ་པ་དག་པ་ཡིས། །སྨྲས་པ་ཙམ་དང་ཐོས་ལ་གནས་མ་བྱེད། །བསམ་པ་ཉམས་པ་ལ་ནི་ཤེས་རབ་མེད། །ཟབ་མོ་བཟོད་ལ་མོས་པ་གང་ཡིན་དེ། །སྡུག་དང་མི་སྡུག་རྣམས་ལ་ཆགས་པ་མེད། །དེ་དག་རླུང་ལྟར་ཆགས་པ་མེད་པ་ཡང་། །བསྐལ་པ་བརྒྱ་གྲངས་མཐའ་ཡས་སྤྱོད་པར་འགྱུར། །རྒྱལ་པོ་གལ་ཏེ་བྱང་ཆུབ་ཁྱོད་འདོད་ན། །ལྷག་པའི་བསམ་པས་བསམ་པ་སྦྱང་བར་གྱིས། །བདག་དང་བདག་གི་སྙམ་པའི་ང་རྒྱལ་གྱིས། །གནས་འདིར་ཕྱིན་ཅི་ལོག་ཏུ་གནས་མ་བྱེད། །ཁྱོད་ཀྱིས་ཉེས་པ་རྟག་ཏུ་བཤགས་པར་གྱིས། །ཁྱོད་ནི་འཐུན་པའི་སྡོམ་ལ་གནས་པར་གྱིས། །དབང་ཕྱུག་དང་ནི་གཉེན་ལ་མི་རྟག་སོམས། །རྟེན་པ་མེད་པ་འདི་ནི་ཡང་དག་སྟོང་། །སྟོང་པའི་ཆོས་རྣམས་མང་པོ་ཇི་སྙེད་སྨྲ། །སྟོང་ཉིད་ཇི་བཞིན་དེ་ལ་གནས་པ་མིན། །ཆོས་ཉིད་ལས་ནི་གང་གིས་འགལ་བྱས་པ། །དེ་ནི་ཟབ་མོའི་ཚུལ་ལ་བཟོད་པ་མིན། །དེ་ཕྱིར་སྟོང་པ་འདི་ནི་ཀུན་ཏུ་འགལ། །སྟོང་ཉིད་ཇི་བཞིན་དེ་ནི་གང་གིས་ཤེས། །དེ་ནི་ངང་པའི་རྒྱལ་པོས་རྫབ་སྤངས་བཞིན། །ཁམས་ལས་ངེས་བྱུང་བྱང་ཆུབ་མཆོག་ལ་རེག །དེ་བཞིན་གཤེགས་ལ་གུས་པར་བྱས་ནས་ཀྱང་། །རྒྱལ་པོ་ཁྱོད་ཀྱིས་བསྟན་པ་བརྟག་པར་གྱིས། །རྒྱལ་པོ་ལུས་ནི་རབ་ཏུ་འཇིག་པའི་ཕྱིར། །བྱང་ཆུབ་ཐེག་པ་ལ་ནི་ཡི་མ་འཆད། །སྟོན་པའི་བསྟན་


DKG059_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་སྤྱོད་ཡུལ་ཆོ་ག་ཤེས། །མཁས་པ་དེ་དག་ལ་ནི་རྟག་ཏུ་བསྲུང་། །སྨྲ་བ་ཙམ་གྱི་དབང་དུ་མ་འགྲོ་ཤིག །ནད་པ་རྒྱུན་རིང་པོར་ནི་གྱུར་ཏ་རེ། །གང་གིས་བསྟན་པ་འདི་ནི་ལེགས་བརྟག་པ། །དེ་ནི་དོན་དུ་བསྲུང་བའི་རྒྱུད་ལ་སྒྲིམས། །ལས་དང་ཉོན་མོངས་སྣ་ཚོགས་སྤངས་ནས་དེ། །ཁྱད་པར་དུ་ནི་བྱང་ཆུབ་མཆོག་ཏུ་འགྱུར། །ཕ་རོལ་ཕྱིན་དྲུག་འདི་ལ་ལེགས་པར་སློབས། །དེ་ལ་བསླབ་ན་བྱང་ཆུབ་ཐོབ་པར་འགྱུར། །ཇི་སྙེད་བསྟན་པ་འདི་ནི་བསྒྲུབ་པར་གྱིས། །ཀུན་མཁྱེན་ཆོས་རྣམས་རིང་པོ་མི་ཐོགས་འཐོབ། །མེ་ཏོག་ཁུ་བར་བུང་བ་མི་ཆགས་དང་། །ནམ་མཁའ་ལ་ནི་བྱ་རྗེས་མེད་པ་ལྟར། །ཡུལ་རྣམས་ལ་ནི་གང་སེམས་དེ་འདྲ་བ། །དེ་འདྲ་དེ་ནི་རྒྱལ་པོས་སངས་རྒྱས་འགྱུར། །ཟབ་མོའི་བཟོད་དང་སྤོབས་པ་ཐོབ་ནས་འདིར། །སངས་རྒྱས་རྣམས་ཀྱི་མཛོད་འཛིན་གང་ཡིན་པ། །དེ་དག་ཁྱོད་ཀྱིས་ཆོས་བཞིན་བསྲུང་བར་གྱིས། །མཁས་པ་དེ་འདྲ་སྲོག་ཕྱིར་མ་བཏང་ཤིག །མཁས་པ་དེ་དག་ལ་ནི་གནོད་བྱེད་མི། །ཆོས་དང་མི་ལྡན་བརྩོན་པ་མང་པོ་རྣམས། །དེ་དག་རྟག་ཏུ་ཁྱོད་ཀྱིས་ཆད་པས་ཆོད། །ཆོས་ཀྱི་ཚུལ་འདི་མྱུར་དུ་ཉམས་ས་རེ། །གང་ཕྱིར་འཇིག་རྟེན་མགོན་པོ་མི་འབྱུང་ན། །མཁས་པ་དེ་དག་འཇིག་རྟེན་སྟོན་པར་འགྱུར། །སྲོག་ཆགས་ཕན་ཕྱིར་ཆོས་སྒྲོན་འབར་བར་བྱེད། །དེ་ཕྱིར་དེ་དག་དོན་དུ་རྟག་ཏུ་སྒྲིམས། །བྱང་ཆུབ་སེམས་དཔའ་མང་པོ་བྱེ་བ་སྟོང་། །སྙིང་ནས་སེམས་ཅན་དོན་ནི་སྤྱོད་མི་བྱེད། །དེ་དག་ལྷག་སེམས་མེད་ཅིང་ཚུལ་ཁྲིམས་མེད། །དེ་དག་ལུང་བསྟན་རྒྱལ་བ་གསུང་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་རྣམས། །དེ་ལྟར་དེ་དག་སྐྱེ་མེད་སྤྱོད་ཡུལ་ཅན། །རྒྱལ་ཁྱོད་ཡང་དག་སྤྱོད་པ་འདི་ཐོས་ཀྱིས། །ཇི་སྐད་བསྟན་པའི་བསྟན་འདིར་གནས་པར་གྱིས། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས་སོ། །མཐོང་བ་དོན་ཡོད་སྐྱོན་འདི་དག་ཐམས་ཅད་ནི་བདག་ལ་མཆིས་པར་གདའ་


DKG059_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡོན་ཏན་རྣམས་ནི་མི་གདའོ། །མཐོང་བ་དོན་ཡོད་བདག་ནི་གནོད་པའི་སྦགས་པས་སྦགས་པའོ། །མཐོང་བ་དོན་ཡོད་བདག་ནི་གཟུ་ལུམས་ཀྱི་ལས་ལ་ལྷག་པར་ཞེན་པའི་ཤས་ཆེ་བ་དང་། ནོར་ཡོངས་སུ་ཚོལ་བ་དང་། འཁོར་ཡོངས་སུ་བསྡུ་བས་ཀུན་ནས་མནར་སེམས་ཀྱིས་སེམས་སྐྱེས་པ་བསལ་བར་རྔོ་མི་ཐོགས་སོ། །གཞན་ཡང་བདག་ནི་གཞན་དག་ལ་དབྱུག་པས་བསྣུན་པ་དང་། མཚོན་གྱིས་བསྣུན་པས་བསྣུན་པར་བགྱིད་དེ། མཐོང་བ་དོན་ཡོད་དེས་ན་བདག་གིས་བྱང་ཆུབ་ཏུ་སེམས་མ་བསྐྱེད་དོ། །བདག་ནི་ཐ་ན་རྨི་ལམ་དུ་ཡང་གཞན་དག་ལ་ཀུན་ནས་མནར་སེམས་ཀྱིས་སེམས་སྐྱེད་པར་བགྱིད་དོ། །མཐོང་བ་དོན་ཡོད་ད་ནི་བདག་གིས་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །མཐོང་བ་དོན་ཡོད་བདག་གིས་ཇི་ལྟར་བཅས་པའི་བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་མ་བསླབས་ན་བདག་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་བསྒྲུབས་པའི་སླད་དུ། ཇི་སྐད་སྨྲས་པ་དེ་བཞིན་དུ་བགྱིད་པར་འགྱུར་བར་བགྱིའོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་རྗེས་སུ་བསླབས་པའི་སྲོག་ཆགས་བརྒྱད་ཁྲིས་སྔོན་མ་བསྐྱེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་གིས་ཀྱང་ཇི་སྐད་བསྟན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ལ་སྨོན་ལམ་བཏབ་བོ། །སྲོག་ཆགས་ཉི་ཁྲི་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས་སོ། །མཐོང་བ་དོན་ཡོད་བདག་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་འདི་དག་ལ་ཕན་གདགས་པའི་སླད་དུ་བདག་གིས་འདི་ཉིད་དུ་དབྱར་གནས་པར་གནང་བར་མཛོད་ཅིག །མཐོང་བ་དོན་ཡོད་འདི་ལྟར་སྨོད་ཀྱི་རྐྱེན་དུ་མི་འབབ་


DKG059_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྤྱོད་ཡུལ་གྱི་རྐྱེན་དུ་མི་འབབ་ལ་སྐྱེ་བོ་དང་སྐལ་བ་མཉམ་པ་མ་ལགས་ཤིང་། དེ་བཞིན་གཤེགས་པ་ཡང་མི་མཐོང་ལ་ཆོས་ཀྱང་རྒྱུན་དུ་མི་ཐོས་ཏེ། དགེ་བའི་རྩ་བའི་ཚོགས་ཀྱང་མི་མང་ལ་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་བགྱིར་ཡང་མ་མཆིས་མོད་ཀྱི། འོན་ཀྱང་བདག་ཅག་ལ་ཕན་གདགས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་རྒྱལ་པོ་ཚངས་པས་བྱིན་ལ་སྙིང་བརྩེ་བའི་ཕྱིར་ཁས་བླངས་སོ། །དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་། འཁོར་ལྔ་བརྒྱའི་མལ་ཆ་དང་། སྟན་དང་། གདིང་བ་དང་། བགོ་བ་དང་། བཟའ་བ་ཐམས་ཅད་ཀྱི་ཡོ་ལང་ཡང་བཤམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ལ་ཡང་ཆོས་ཀྱི་མཆོད་པ་ཅི་རིགས་པར་བྱས་སོ། །དེའི་ཚེ་གནས་དེ་ན་དགེ་སློང་དྲུག་ཅུ་གནས་པར་གྱུར་ཏོ། །དེ་དག་མི་བརྩོན་པ་དང་། ཐོས་པ་ཉུང་བ་དང་། ཀུན་ནས་མནར་སེམས་མང་བ་དང་། གཞན་མཆོད་པ་དག་ལ་སེམས་སྡུག་བསྔལ་བ་དང་། བྱང་ཆུབ་སེམས་དཔར་ཁས་འཆེ་བ་དང་། བྱང་ཆུབ་སེམས་དཔའ་དམུ་རྒོད་དང་། ཅང་ཤེས་མ་ཡིན་པ་དང་། དབང་པོ་ཁོ་རུ་ཆུད་པ་དང་། རྒོད་པ་དང་། ཁེངས་པ་དང་། རྒོད་བག་ཅན་དང་། མུ་ཅོར་སྨྲ་བ་དང་། ཁྭ་ལྟར་སྐྲུ་བ་དང་། འཇིག་རྟེན་ཕ་རོལ་ལ་མི་ལྟ་བ་དང་། ལས་ཀྱིས་མི་འཇིགས་པ་དང་། བྲེ་མོའི་གཏམ་ལ་དགའ་བ་དང་། གཉིད་ཆེ་བ་དང་། ཆོས་མ་ཡིན་པ་འདོད་པ་དང་། ལུས་དང་། ངག་དང་། ཡིད་ཀྱི་ལས་ཀྱི་མཐའ་མ་བསྡམས་པ་དང་། རྩོད་པ་མང་བ་དང་། ཚུལ་ཁྲིམས་དང་ལྡན་པ་ལ་སྡང་བ་དང་། གཞན་གྱི་ཤེས་པ་ལ་ཤས་ཆེར་མ་མོས་པ་དང་། ཐ་ན་སྟོན་པ་བལྟ་བར་ཡང་མངོན་པར་མི་དགའ་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་ལྟ་སྨོས་ཀྱང་ཅི་དགོས་པ་ཤ་སྟག་སྟེ། དེ་དག་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ་ཆོས་བཞིན་མ་ཡིན་པར་སྐུར་པ་


DKG059_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་སོ། །དེ་ཡང་དད་པ་ཆུང་ངུའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་སོང་ནས་སྒྲོགས་པར་བྱེད་དེ། དེ་ཐོས་ནས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུར་སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བ་ཡོངས་སུ་འཛིན་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སེམས་ཅན་དེ་དག་ཉིད་ལ་སྙིང་བརྩེ་བའི་ཕྱིར། རྒྱལ་པོ་ཚངས་པས་བྱིན་ལ་མ་བསྙད་དོ། །དེའི་ཚེ་རྒྱལ་པོ་ཚངས་པས་བྱིན་གྱི་མདུན་ན་འདོན་པ་བྲམ་ཟེ་རབ་ཏུ་རྨུགས་བྱེད་ཅེས་བྱ་བ་ཞིག་བྱུང་སྟེ། དེས་དེ་ན་གནས་པའི་དགེ་སློང་རྣམས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་བྱེ་བར་བྱས་ཏེ། ཆོས་མ་ཡིན་པས་ཀྱང་སྐུར་པ་བཏབ་བོ། །རྒྱལ་པོ་ཚངས་པས་བྱིན་ཡང་མི་མངོན་པའི་ཐབས་ཀྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དང་བྱེ་བར་བྱས་སོ། །ཆོས་ཀྱི་མཆོག་ཏུ་དགའ་བ་བྱུང་ངོ་ཅོག་ཀྱང་འགག་པར་བྱེད་དེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ་སེམས་མི་དགའ་བར་འགྱུར་བར་བྱེད་དོ། །ཆོས་ཀྱི་གཏམ་ལ་ཞུགས་ན་ཡང་དེ་ལས་ཕྱིར་བཟློག་པའི་གཏམ་བྱེད་དེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་དམུ་རྒོད་རྣམས་ཀྱིས་བྱ་བ་བྱེད་དོ། །དེ་ལ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམུ་རྒོད་ཡིན་ཏེ། བཞི་གང་ཞེ་ན། ཁྭ་ལྟར་སྐྲུ་བ་དང་། མུ་ཅོར་སྨྲ་བ་དང་། གཞན་གྱི་ཡིད་དང་མི་སྦྱོར་བ་ཡིན། བདག་ལ་བསྟོད་པ་དང་། གཞན་ལ་སྨད་པ་ཡིན། ཚེ་འདི་ཆེད་ཆེར་འཛིན་པ་དང་། སྡིག་པའི་བསམ་པ་ཅན་ཡིན། འཐུན་པ་འབྱེད་པའི་ཤས་ཆེ་བ་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་དམུ་རྒོད་ཡིན་ནོ། །བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་དེར་བདེ་བ་དང་། སྡུག་བསྔལ་བ་དང་། བདེ་བ་དང་། ཡིད་མི་བདེ་བས་དབྱར་གནས་པ་དེ་འདས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མི་བརྩོན་པ་དང་ལྷན་ཅིག་གནས་པ་ནི་སྡུག་བསྔལ་བའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐོང་བ་དོན་ཡོད་ཀྱིས་དབྱར་གནས་པར་བྱས་ཏེ། དབྱར་ཟླ་གསུམ་འདས་ནས་ཆོས་


DKG059_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བྱས་ཤིང་ཆོས་གོས་བསྒྲུབས་ཏེ། ལྷུང་བཟེད་དང་ཆོས་གོས་ཟིན་ནས་མཐར་གྱིས་ཡུལ་རྒྱུ་ཞིང་མཉན་དུ་ཡོད་པའི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་དགེ་སློང་གནས་པ་རྣམས་ཀྱིས་གནོད་པ་བྱས་པས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་ཞེས་ཐོས་སོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་སྲོག་ཆགས་ཁྲི་དང་ལྷན་ཅིག་ཏུ་ལྔ་འཛིན་གྱི་ལྗོངས་ནས་ཀོ་ས་ལའི་ལྗོངས་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ནི་བདག་གི་ཡུལ་ནས་ཧ་ཅང་སྔར་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་གང་ཟག་ཕྲག་དོག་ཅན་དང་། མངོན་པར་མི་བརྩོན་པ་དང་། སྨྲ་བ་ལ་དགའ་བ་དང་། བྲེ་མོའི་གཏམ་བྱེད་པ་མང་བ་དང་། ཚུལ་བཞིན་ལས་ཐག་རིང་བ་དང་། སྦྱོར་བ་དང་བྲལ་བ་རྣམས་གང་ན་གནས་པ་དེར་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་ཉན་ཐོས་མི་གནས་སོ། །རྒྱལ་པོ་ཆེན་པོ་རྒྱུ་བཅུས་ན་གང་ཟག་མངོན་པར་མི་བརྩོན་པ་ཡིན་པར་རིག་པར་བྱ་སྟེ། བཅུ་གང་ཞེ་ན། གཉིད་ཆེ་བ་དང་། མཁས་སོ་སྙམ་དུ་མངོན་པའི་ང་རྒྱལ་བྱེད་པ་དང་། བདག་ལ་བསྟོད་པ་དང་། གཞན་ལ་སྨོད་པ་དང་། བྲེ་མོའི་གཏམ་ལ་དགའ་བ་དང་། སྨྲ་བ་ལ་དགའ་བ་དང་། ཚོགས་ལ་དགའ་བ་དང་། རྙེད་པ་ཆེད་ཆེར་འཛིན་པ་དང་། བཀུར་སྟི་ཆེད་ཆེར་འཛིན་པ་དང་། ཚུལ་འཆོས་པ་སྟེ། རྒྱལ་པོ་ཆེན་པོ་རྒྱུ་བཅུ་པོ་དེ་དག་དང་ལྡན་ན་གང་ཟག་མངོན་པར་མི་


DKG059_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པ་ཡིན་པར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་རིགས་ལྡན་པ་རྟག་ཏུ་མི་འཐུན་ཏེ། །ཇི་ལྟར་རྒྱ་མཚོ་ཆེན་པོ་མི་རོ་དང་། །ཇི་ལྟར་སྐྱེ་བོ་བྱ་དང་ཕྲད་པ་བཞིན། །དེ་ནི་མཁས་པ་རྣམས་དང་ཤིན་ཏུ་རིང་། །དད་མེད་དེ་ནི་འཁྲུལ་པ་ཚོལ་བར་བྱེད། །བྲེ་མོ་གཏམ་སྨྲ་སྤྱོད་ཡུལ་ཚོགས་ལ་དགའ། །རྒྱལ་བ་རྣམས་ཀྱི་བསྟན་ལ་མ་གུས་པ། །འདི་ནས་ཤི་འཕོས་མྱུར་དུ་ངན་འགྲོར་འགྲོ། །མི་ལྡན་པ་ལ་དྲན་མེད་ཤེས་རབ་མེད། །མྱ་ངན་མི་འདའ་མི་འགྲོལ་ཚུལ་ཁྲིམས་མེད། །དེ་ནི་དམུས་ལོང་ལམ་དང་ཇི་བཞིན་དུ། །འཕགས་པའི་ལམ་དང་ཤིན་ཏུ་རིང་བས་རིང་། །གང་ཟག་མི་ལྡན་དེ་ནི་སྨྲ་བ་མང་། །དགོད་ལ་དགའ་ཞིང་རྟག་ཏུ་དབང་པོ་གཡེངས། །དེ་ནི་བསྟན་ལ་ཆུ་རའི་ཆུ་འོས་མིན། །དེ་ནི་གྲོང་ཟས་ལྕགས་ཀྱི་ཐུ་ལུམ་ཟ། །སྦྱིན་པ་པོ་ཡིས་དད་པས་བྱིན་པ་ན། །ལྡན་དང་གྲོལ་ལ་ང་ཡིས་གནང་བ་ཡིན། །མི་ལྡན་པས་ནི་ཁམ་གཅིག་ཟོས་ན་ཡང་། །ངོ་ལོན་རི་རབ་ཙམ་ཡང་བྱ་བ་ཡིན། །བསྟན་ལ་ཡུལ་འཁོར་ཟས་ནི་སྦྱོང་བར་དཀའ། །ལྡན་པ་གང་ཡིན་རྣམས་ཀྱང་འདི་ལ་འཛེམ། །མི་ལྡན་དེ་ཡིས་རྒོད་བཞིན་ཟོས་ན་ནི། །གླང་ཆེན་རྟ་དང་བ་ལང་བོང་བུར་སྐྱེ། །དེ་དག་དེ་ཟོས་བརྙས་པའི་གཟུགས་སུ་འགྱུར། །དེ་དག་རིད་ཅིང་ཉམ་ཆུང་སྨད་པར་འགྱུར། །ཟས་བླང་ཟོས་པས་མི་གཙང་དྲི་ངར་འགྱུར། །དེ་དག་དབྱུག་པས་བསྣུན་པས་སྦྱོང་བར་འགྱུར། །སེམས་ཀྱང་གཡེངས་ཤིང་དྲན་པ་རྣམ་པར་ཉམས། །སློང་མོ་བྱེད་ཅིང་སྨྱོན་པ་དག་ཏུ་འགྱུར། །བསྟན་པ་བསོད་ནམས་སྟེགས་འདི་ཐོབ་ན་ཡང་། །བག་མེད་གྱུར་ན་ངན་འགྲོར་ལྟུང་བར་འགྱུར། །ལོ་ནི་བྱེ་བ་ཁྲག་ཁྲིག་མཐའ་ཡས་པར། །ངན་སོང་སྡུག་བསྔལ་མང་པོ་དེ་མྱོང་ནས། །མི་ཡི་འཇིག་རྟེན་ཁོམ་པ་ཐོབ་པར་འགྱུར། །སྡིག་བྱས་ཕྱིར་ཡང་ངན་འགྲོར་ལྟུང་བར་འགྱུར། །ལྕགས་ཀྱི་ཐུ་ལུམ་རྒྱ་མཚོ་ཆེན་པོ་ཡི། །ནང་དུ་ལྟུང་བར་གྱུར་ན་གནས་མེད་དེ། །ལོ་ནི་བྱེ་བ་ཕྲག་


DKG059_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་སྙེད་དུ་ཡང་། །རྒྱ་མཚོ་ཆེ་ལས་སླར་ནི་དབྱུང་མི་ནུས། །དེ་བཞིན་བྱིས་པ་ངན་འགྲོར་ལྟུང་བ་ཡང་། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ། །དེ་དག་མིར་སྐྱེ་བ་ཡང་ཐེ་ཙོམ་བཅས། །དེ་དག་མཐོ་རིས་བྱང་ཆུབ་ག་ལ་ཐོབ། །བསམ་པ་དག་ཅིང་རྟག་ཏུ་བརྩོན་པ་དང་། །ལེགས་པར་བསྡམས་ཤིང་གཡོ་སྒྱུ་མེད་པ་དང་། །མཉམ་པའི་སེམས་ཀྱིས་བྱང་ཆུབ་ཐོབ་འགྱུར་ཏེ། །དེ་ལ་ཐམས་ཅད་མཁྱེན་ཉིད་དཀའ་བ་མེད། །རྒྱལ་པོ་ཆེན་པོ་ཆོས་བཅུ་དྲུག་པོ་འདི་དག་ནི་གང་ཟག་ཕྲག་དོག་ཅན་གྱི་མཚན་མ་ཡིན་པར་རིག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ཁྭ་ལྟར་སྐྲུ་བ་དང་། མུ་ཅོར་སྨྲ་བ་དང་། ལེགས་པར་མ་བསྡམས་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པས་བདེ་བར་འཛིན་པ་དང་། གཞན་གྱི་ཡོན་ཏན་དག་ལ་ཡིད་མི་ཆེས་པ་དང་། བསམ་པ་མང་བ་དང་། མྱ་ངན་མང་བ་དང་། ཡིད་མི་བདེ་བ་མང་བ་དང་། མིག་སེར་བ་དང་། ཁ་དོག་དང་དབྱིབས་ཉམས་པ་དང་། ང་རྒྱལ་གྱིས་ནོན་པ་དང་། དགེ་སློང་ལ་མི་དགའ་བ་དང་། གློ་བུར་དུ་འོངས་པ་ལ་བསྟིང་བའི་ངང་ཚུལ་ཅན་དང་། བརྩད་དུ་རུང་བའི་འཁྲུལ་པ་ཚོལ་བ་དང་། གནས་ལ་སེར་སྣ་བྱེད་པ་དང་། ཆོས་ཉན་དུ་མི་འགྲོ་ལ་རྣ་བླགས་ཏེ་མི་ཉན། སེམས་རྣམ་པར་གཡེངས་ཤིང་གཞན་དང་གཞན་དུ་གཏམ་རླུང་ལ་བསྐུར་བར་བྱེད་ཅིང་ཆོས་ཀྱི་གཏམ་ལ་མི་དགའ་སྟེ། འདི་སྐད་དུ་ཅི་ཟེར་བ་ངས་མི་ཤེས་སོ། །འདི་ནི་བླུན་པོ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ཀྱི་ཆོས་སྟོན་ཏོ་ཞེས་ཀྱང་ཟེར་ཏེ། གང་འཕགས་པ་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཆོས་འདུལ་བ་ལ་མ་གུས་པ་འདི་ཉིད་མི་བླུན་པོ་དེ་དག་མི་ཤེས་པ་ཡིན་ནོ། །བདག་གིས་ནི་བྱང་ཆུབ་ཐོབ་ནས་གདོད་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཆོས་ལ་གུས་པར་གནས་པར་བྱའོ་ཞེས་ཟེར་ཞིང་དགེ་སློང་རྣམས་ལ་ཆོས་སྟོན་པ་ན་ཡང་ཕྱི་སྒོ་ན་འགྲེང་ཞིང་འདུག་ལ་ཆོས་ཉན་པར་བྱེད་དེ། སྟན་ལ་འདུག་མི་འདོད་ན་ཡང་དགེ་སློང་དག་ལ་འཚོ་བར་བྱེད་དེ། བརྒྱད་སྡེའི་བྱང་ཆུབ་ཀྱི་ཡན་ལག་གི་གཏམ་སྟོན་པ་ན་ཡང་བདག་གིས་མཉན་པར་བྱའོ། །དེ་ཐོས་ན་བདག་གིས་ནད་དེ་འབྱུང་


DKG059_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ་སྙམ་མོ། །དེ་བས་ན་མི་བླུན་པོ་དེ་དག་ཆོས་མ་ཡིན་པ་འདོད་པས་བྱང་ཆུབ་ཡོངས་སུ་བཙལ་བར་སེམས་པ་དག་ནི་དཔེར་ན་མིའི་མིག་གཉིས་ཕྱུང་ནས་བལྟ་བར་འདོད་པའམ། ནོར་ཐམས་ཅད་མེད་པར་བྱས་ནས་འདྲོན་པ་མང་པོ་དང་འཐུན་པར་འདོད་པའམ། རྐང་པ་བཅད་ནས་ལམ་དུ་འགྲོ་བར་འདོད་པ་དང་འདྲ་སྟེ། རྒྱལ་པོ་ཆེན་པོ་དེ་ལྟར་འདོད་པའི་མི་བླུན་པོ་དེ་དག་གི་བྱང་ཆུབ་ནི་དེ་འདྲ་བ་སྙམ་བྱེད་དོ། །རྒྱལ་པོ་ཆེན་པོ་ཆོས་ཉི་ཤུ་རྩ་ལྔ་དང་ལྡན་ན་གང་ཟག་བྱང་ཆུབ་ལས་ཉམས་པར་རིག་པར་བྱ་སྟེ། ཉི་ཤུ་རྩ་ལྔ་གང་ཞེ་ན། གནས་ལ་སེར་སྣ་བྱེད་པ་དང་། ཁྱིམ་ལ་སེར་སྣ་བྱེད་པ་དང་། བསྔགས་པ་ལ་སེར་སྣ་བྱེད་པ་དང་། ཕྲག་དོག་ཅན་དང་། མ་དད་པ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་དང་། སྡིག་པའི་བསམ་པ་ཅན་དང་། གཡོ་བའི་བསམ་པ་ཅན་དང་། གཞན་ལ་གནོད་པ་དང་ལྡན་པ་དང་། སྤྱོད་ལམ་ཁོ་རེ་ཆུད་པ་དང་། ཚུལ་འཆོས་པ་དང་། འཁོན་དམ་དུ་འཛིན་པ་དང་། སོག་འཇོག་གི་ཤས་ཆེ་བ་དང་། དེ་བཞིན་གཤེགས་པས་གསུངས་པ་ལ་སྐྲག་ནས་ལོག་པར་བརྡ་སྤྲོད་ཅིང་སྒྲོ་འདོགས་ཏེ། ཆོས་སྤོང་བར་བྱེད་པ་དང་། ལྷག་པའི་ང་རྒྱལ་ཅན་ཡིན་ཏེ་མི་འདྲི་བའི་ངང་ཚུལ་ཅན་དང་། ཆོས་ལ་སླུ་བ་བྱས་ཀྱང་འགྱོད་པ་མེད་པ་དང་། སྙིང་མི་འབེབས་ཤིང་དགྲ་ཟླ་མང་བ་དང་། འཁོར་གྱི་ནང་དུ་སོང་ན་མཐོང་མ་ཐག་ཏུ་གཞན་གྱི་མོས་པ་བཟློག་པའི་ཕྱིར་གཞན་དག་གི་མཚང་འདྲུ་བ་དང་། གསང་བའི་གནས་ལ་ཡིད་བརྟན་པ་ལས་འཁུ་བ་དང་། སྔོན་མཐོང་ཡང་རུང་མ་མཐོང་ཡང་རུང་བའི་དགེ་སློང་དག་ལ་འདི་རྣམས་ལ་སུ་ཡང་དགའ་བར་མི་འགྱུར་བར་བྱའོ་སྙམ་སྟེ། གནོད་པར་བྱ་བའི་ཕྱིར་བསྔགས་པ་མ་ཡིན་པ་བརྗོད་པ་དང་། གཞན་གྱི་བསྔགས་པ་མ་ཡིན་པ་བརྗོད་པར་བྱ་བའི་ཕྱིར་གཞན་སྤོང་བ་དང་། རྙེད་པའི་བསམ་པས་བདག་གི་བསྙེན་པར་རྫོགས་པ་དེ་ཉམས་པར་གྱུར་ན་མི་རུང་ངོ་སྙམ་སྟེ། སོ་སོར་བརྟགས་ནས་ཚུལ་ཁྲིམས་སྲུང་བའོ། །རྒྱལ་པོ་ཆེན་པོ་གང་ཟག་དེ་འདྲ་བ་དེ་དག་ནི་བསྟན་པ་ལས་ཚབས་ཆེར་ཉམས་པར་འགྱུར་བའམ། ཁྱིམ་གྱི་


DKG059_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འགྲོ་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །ཁྭ་ལྟར་སྐྲུ་ཞིང་མ་བསྡམས་མུ་ཅོར་སྨྲ། །འཇིག་རྟེན་མཁྱེན་རྣམས་བསྟན་ལ་གུས་པ་མེད། །ཁེངས་པ་ཁྲེལ་མེད་རྟག་ཏུ་མི་འཐུན་པ། །ཕྲག་དོག་ཟིལ་གནོན་རྟགས་ནི་འདི་རྣམས་ཡིན། །གཞན་དག་གིས་ནི་བསྔགས་པ་མ་ཡིན་ལ། །མི་དགར་མི་བྱེད་དབུལ་པོས་གསེར་རྙེད་བཞིན། །སྙིང་པོར་འཛིན་ཅིང་ཐམས་ཅད་རྣམ་པར་སྤངས། །གནོད་སེམས་ཅན་ལ་བྱང་ཆུབ་ག་ལ་ཡོད། །སྔ་མ་དེ་ཡིས་ཀུན་ནས་མནར་སེམས་ལྟས། །དེ་ཡི་རྣམ་སྨིན་གྱིས་ནི་ངན་འགྲོ་མྱོང་། །འདིར་ནི་མི་ལུས་ཐོབ་ནས་མིག་ཀྱང་སེར། །དེ་ཡི་མདོག་ཀྱང་གསལ་ཞིང་མཛེས་མི་འགྱུར། །དེ་ནི་སུ་ལའང་བཙམ་པ་མང་ཡོད་དེ། །ཀུན་ཏུ་དེ་ཡི་ཞེ་ནི་འགྲས་པར་འགྱུར། །ལ་ལའི་ཤེས་པའི་ཁྱད་པར་མཐོང་ན་ཡང་། །ཕྲག་དོག་བསྐྱེད་ནས་ཆོས་ནི་སྤོང་བར་བྱེད། །རྒོད་ཅིང་སྙིང་ལ་ཐོགས་པ་མེད་པ་ཡིས། །གཞན་དང་ལྷན་ཅིག་སྡིག་པ་མང་པོ་སྨྲ། །གལ་ཏེ་གཞན་གྱིས་གཏམ་ངན་མ་སྨྲས་ཀྱང་། །འཁྲུག་པའི་སེམས་ཀྱིས་མཚན་མོ་འདའ་བར་བྱེད། །དེ་ནི་གྲོང་དུ་སྤྱོད་ལམ་གཞན་དུ་སྒྱུར། །གཙུག་ལག་ཁང་དུ་དམུ་རྒོད་རྟ་བཞིན་བྱེད། །གཞན་གྱི་སྐྱོན་འཛིན་བདག་གི་འཛིན་མི་བྱེད། །ཕྲག་དོག་ཅན་རྣམས་ཆོས་ནི་དེ་འདྲའོ། །འདི་ནི་ཅི་ནས་ཕྱོགས་འདིར་མི་གནས་པར། །འདི་ཡི་ཁྱིམ་དུ་འདི་དང་འདི་སྐད་བྱ། །སང་ནི་བདག་གིས་ངན་དུ་བརྗོད་སྙམ་སྟེ། །དེ་ནི་སྡང་བའི་ཡིད་ཀྱིས་མང་དུ་སེམས། །དེ་ནི་མྱ་ངན་མང་ཞིང་ཡིད་མི་བདེ། །གཞན་གྱིས་ཤེས་ཕྱིར་བཀུར་པ་རྣམས་མཐོང་ན། །དེ་ནི་ལས་ཀྱི་རྣམ་སྨིན་ཡིད་མི་ཆེས། །ཉེས་པས་ནོན་ནས་བསྔགས་པ་མ་ཡིན་སྨྲ། །མཁས་པ་དེ་དག་སྨན་རྣམས་ཁོང་དུ་ཆུད། །དེ་ཕྱིར་དེ་ཡི་བསྙེན་བཀུར་འཕེལ་འགྱུར་ན། །དེ་ནི་སྦྱིན་མཆོག་བླ་མེད་སྦྱིན་བྱེད་ན། །ཆོས་མཆོག་འཛིན་པར་ཡིན་པ་ཡོང་མི་ཤེས། །དགེ་སློང་བྱ་བ་དག་ལ་དེས་པ་ཡི། །གློ་བུར་པ་དག་འོང་བ་མཐོང་ན་གནོང་། །ཤིན་ཏུ་སྡུག་བསྔལ་


DKG059_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་ཅི་འདོད་ཅེས། །གུས་པ་མེད་པར་མ་དད་ཆོས་རྣམས་སྨྲ། །གཙུག་ལག་ཁང་འདི་རྟག་ཏུ་ལས་མང་ལ། །རྙེད་པའང་མེད་དེ་སྤྱོད་ཡུལ་རྣམས་མི་བཟད། །གལ་ཏེ་དེས་བསྐུལ་དེ་ནི་མི་འགྲོ་ན། །ལེགས་པར་མ་བསྡམས་ཐབ་མོ་བྱེད་པར་འགྱུར། །འདི་འདྲ་དག་གི་གནས་འདིར་གང་ཡང་མེད། །ཡུལ་ཞིག་ཏུ་ནི་ཅི་འདྲ་དྲན་པར་གྱིས། །གནས་པའི་དགེ་སློང་དག་གིས་ཁྱོད་བསྐྲད་ན། །ཡུལ་འདི་སུན་དབྱུང་ཕྱིར་ནི་འོངས་སམ་ཁྱོད། །དགེ་བསྙེན་བླུན་པོ་རྣམས་ནི་འདི་མི་ཤེས། །འདི་དག་ཁྲིམས་འཆལ་ཚུལ་ཁྲིམས་ལྡན་མི་ཤེས། །དགེ་སློང་དགའ་དང་མི་དགས་མྱུར་དུ་སོང་། །མི་སྡུག་པ་དང་དྲག་པོས་སོང་ང་རེ། །སངས་རྒྱས་ལ་ནི་སློབ་པའི་ཆོས་སྨྲ་བ། །དེས་ཤིང་དམ་བརྟན་དག་གིས་མཐོང་ན་ནི། །བླུན་དང་མི་འཐུན་འགྱུར་ན་མི་རུང་ཞེས། །དེ་དག་ག་ལས་འོངས་པར་ཕྱིར་ཡང་འགྲོ། །ཀྱེ་མ་བདག་གི་འདྲེན་པའི་བསྟན་པ་པོ། །རྒྱལ་བ་དག་གི་ཆོས་འདི་འགག་པར་འགྱུར། །དགེ་སློང་སྡིག་ཅན་འདི་དག་རབ་ཏུ་འཕེལ། །ཆོས་སྨྲ་གང་ཡིན་རྣམས་ནི་ཉུང་བར་འགྱུར། །གང་ཚེ་མང་དུ་ཐོས་པ་གློ་བུར་འོངས། །སྐྱེ་བོ་མང་པོ་དགའ་བྱེད་སྟོན་པ་ན། །བློ་གྲོས་ཆུང་ངུ་འདི་ལྟར་ཅི་ཤེས་ཞེས། །མི་གུས་དེ་དག་གཞན་ལ་སྦྲོན་པར་བྱེད། །དེས་ནི་ལུང་ཡང་མ་མནོས་ཆོས་མ་དྲིས། །འདི་ཡི་མཁན་པོ་ཅི་འདྲ་སློབ་དཔོན་གང་། །རང་སྐྱེ་ཤིང་ལྟར་ཆོས་གོས་བགོས་ནས་ནི། །བདེ་བའི་དོན་དུ་རྙེད་པ་ཚོལ་བར་བྱེད། །དེ་འདིར་མདོ་སྡེ་དེ་ལ་མི་མཁས་ཏེ། །དེ་ཡིས་ཤེས་པ་བདག་ཅག་ཤེས་སོ་སྙམ། །དེ་དག་བླུན་ཞིང་བསྟན་པ་སུན་འབྱིན་པ། །ཏིང་འཛིན་མ་ཐོབ་བྱིས་པའི་བསམ་པ་སེམས། །རྒྱལ་པོ་ངས་ནི་འདས་པའི་དུས་དྲན་པས། །སངས་རྒྱས་ཡེ་ཤེས་འོད་ཅེས་བྱ་བ་བྱུང་། །ལོ་ནི་བརྒྱད་ཁྲི་ཐམ་པའི་བར་དག་ཏུ། །ཆོས་རྣམས་བསྟན་ནས་རྒྱལ་བ་མྱ་ངན་འདས། །རྒྱལ་བ་དེ་ནི་འདས་པའི་དུས་ཀྱི་འོག །དམ་པའི་ཆོས་ནི་ཉམས་ཤིང་ཐུག་པ་ན། །དགེ་སློང་དྲན་པའི་བློ་ཅན་ཞེས་བྱ་བྱུང་། །གཟུངས་ཐོབ་མ་ཡིན་སྤོབས་པ་ཐོབ་པར་འགྱུར། །མཛེས་


DKG059_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དེས་ལ་བཀའ་བློ་བདེ་བ་དང་། །རྟག་ཏུ་ངན་ངོན་ཙམ་གྱིས་ཆོག་ཤེས་པ། །སྐྱེ་དགུ་སྤྲིན་གྱི་ཆུས་ནི་ཚིམ་བྱེད་ལྟར། །ལྷར་བཅས་འགྲོ་བ་ཆོས་ཀྱིས་ཚིམ་པར་བྱེད། །དེ་ཡི་དུས་ཀྱི་ཚེ་ན་ས་སྟེང་དུ། །བཀོད་པའི་རྒྱལ་པོ་ཞེས་བྱ་གྲོང་ཁྱེར་བྱུང་། །ཁོ་ར་ཁོར་ཡུག་དཔག་ཚད་བརྒྱད་དུ་གྱུར། །མི་རྣམས་དེ་དག་བློ་ལྡན་ལོ་ལེགས་བདེ། །ཆོས་སྨྲ་དྲན་པའི་བློ་ཅན་དེ་འོངས་ནས། །སྲོག་ཆགས་རྣམས་ལ་ཕན་ཕྱིར་ཆོས་ཀྱང་བསྟན། །སྲོག་ཆགས་བྱེ་བ་ཕྲག་ནི་ཉི་ཤུ་གསུམ། །བླ་མེད་བྱང་ཆུབ་ལ་ནི་བཀོད་པར་གྱུར། །མེ་ཏོག་རྣམས་དང་སྤོས་དང་གོས་རྣམས་དང་། །བཅའ་བ་ཐུག་པ་དང་ནི་འཚམ་པ་ཡི། །གླུ་དབྱངས་རོལ་མོའི་སྒྲ་རྣམས་རབ་མཆོག་གིས། །དེ་དག་དེ་ལ་སངས་རྒྱས་བཞིན་དུ་མཆོད། །དགེ་སློང་ལྔ་བརྒྱ་ཤིན་ཏུ་མི་འཐུན་གྱུར། །གྲོང་ཁྱེར་དུ་ནི་དེ་ཡི་བསྔགས་མིན་སྒྲོགས། །ཚུལ་ཁྲིམས་མི་ལྡན་ཉེས་པ་དེས་ཤེས་ཞེས། །རེ་རེ་ནས་ནི་ཕྱིན་པའི་མདུན་དུ་བརྗོད། །ཟླ་བ་ཉ་བའི་གསོ་སྦྱོང་བབ་པ་ན། །གལ་ཏེ་དོ་ནུབ་མྱུར་དུ་མ་སོང་ན། །གནད་རྣམས་གཏུབ་ཅིང་སྲོག་ཀྱང་གཅད་དོ་ཞེས། །སྨྲ་བའི་དགེ་སློང་སྡིག་ཅན་ལངས་པར་གྱུར། །དགེ་སློང་དེ་དག་ཉིད་ལ་སྙིང་རྗེ་ནས། །སེམས་ཅན་དག་པ་དེ་ནི་མ་ཞུམ་སོང་། །སངས་རྒྱས་སྲས་ལ་ཅི་ཕྱིར་བརྙས་བྱེད་ཅེས། །ལྷ་རྣམས་སྟོང་དག་མི་དགའ་ངུ་བར་བྱེད། །དེ་ན་དགེ་སློང་ལྔ་བརྒྱ་དེ་དག་ཀུན། །དགོད་ཅིང་མགུ་བས་མཚན་མོ་འདའ་བར་བྱེད། །ཀྱེ་མ་བདག་ཅག་དེ་ལས་ལེགས་པར་ཐར། །ཁུར་ལྕི་བོར་བ་སྙམ་དུ་ཉམས་ལ་སེམས། །དགེ་སློང་ལྔ་བརྒྱ་དུས་ལས་འདས་གྱུར་ན། །བསྐལ་པ་བརྒྱད་ཅུ་དམྱལ་བར་གནས་པར་འགྱུར། །བསྐལ་པ་བྱེ་སྟོང་བདུན་ཅུ་རྩ་དྲུག་ཏུ། །ཡི་དགས་འཇིག་རྟེན་དེར་ནི་དགེ་སློང་གནས། །སེམས་ཅན་དེ་དག་ཚེ་རབས་དག་ཏུ་ལྡོངས། །དེ་དག་སྦྲུལ་གདུག་སྐྱེས་ཏེ་ས་རྡུལ་ཟ། །བྱིས་པ་རྣམས་ཀྱིས་མཐོང་ནས་བོང་བས་བརྒྱབ། །སྐྱབས་ཀྱང་མེད་ཅིང་དཔུང་གཉེན་མེད་པར་གྱུར། །ཚེ་རབས་བྱེ་བ་སྟོང་ཕྲག་བཅྭ་བརྒྱད་དུ། །མི་ཡི་ནང་དུ་སྐྱེས་ནས་དབུལ་པོར་གྱུར། །


DKG059_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོ་ཞིང་ལྡོངས་ལ་རྟག་ཏུ་ལུས་ཀྱང་རུལ། །མདོག་ངན་སྨད་པར་གྱུར་ཏེ་མཐུ་ཡང་ཆུང་། །དེ་ལྟར་བྱེ་བ་ལྔ་བརྒྱ་ཟིལ་གྱིས་གནོན། །བདག་ཉིད་རྟག་ཏུ་མི་སྡུག་མང་པོ་བྱེད། །གཞན་གྱི་སྦྱིན་པ་ལ་ནི་སྐྱོན་ཡང་འདོགས། །གཡང་ས་ཆེན་པོར་བདག་ཉིད་འདོར་བར་བྱེད། །མ་འོངས་དུས་ན་བསྐལ་པ་དྲུག་ཅུ་པ། །གྲགས་ཆེན་ཞེས་བྱ་བསྐལ་པ་འབྱུང་བར་འགྱུར། །དེར་ནི་སྐྱོབ་པ་འཇིག་རྟེན་དོན་མཛད་པ། །བདེ་གཤེགས་སྟོང་ཕྲག་བཅུ་དག་འབྱུང་བར་འགྱུར། །དེ་དག་ནང་ན་སངས་རྒྱས་ཐ་མའི་ཚེ། །དེར་ནི་དེ་དག་མི་ལུས་ཐོབ་འགྱུར་ཏེ། །སངས་རྒྱས་དེ་མཐོང་ནས་ནི་བཟོད་པ་ཐོབ། །སངས་རྒྱས་གང་གཱའི་བྱེ་སྙེད་མཐོང་བར་འགྱུར། །སྔོན་ནི་ལྷན་ཅིག་དེ་དག་ཐམས་ཅད་ཀྱིས། །ཐམས་ཅད་མཁྱེན་པའི་སེམས་སུ་སྨོན་ལམ་བཏབ། །དེར་ནི་དེ་དག་བྱང་ཆུབ་སེམས་མ་ཉམས། །བསམ་པའི་བྱེ་བྲག་གིས་ནི་ངན་འགྲོར་ལྟུང་། །ང་ནི་དེ་ཚེ་ཆོས་སྨྲ་རྒྱལ་བའི་བུ། །དྲན་པའི་བློ་ཅན་ཞེས་བྱ་དེར་ཡང་གྱུར། །སུན་འབྱིན་དེ་ནི་སྟོན་ལ་སུན་འབྱིན་འགྱུར། །དེ་ཕྱིར་ང་རྒྱལ་སྤངས་ཤིང་བོར་ནས་ནི། །ཚུལ་མིན་སྤངས་ཏེ་ཡེ་ཤེས་སྦྱོར་བར་གྱིས། །གང་ཞིག་བདག་ཉིད་བརླག་པར་མི་འདོད་པ། །དེས་ནི་མི་ཤེས་ཚིག་རྣམས་སྤངས་ནས་ཀྱང་། །མེ་ཡི་ཕུང་པོ་བཞིན་དུ་ཕྲག་དོག་སྤོངས། །མཐོང་དང་མ་མཐོང་ཐོས་དང་མ་ཐོས་དང་། །བདེན་དང་མི་བདེན་པས་ནི་གཞན་མི་གླེང་། །བྱང་ཆུབ་མཆོག་ཏུ་འཚང་རྒྱ་འདོད་པ་ཡི། །དགེ་སློང་དེས་ནི་བདག་གི་ཉེས་པ་བསལ། །དེས་པ་རྣམས་ནི་ནང་དང་ཕྱི་རོལ་གྱི། །དངོས་པོ་དེ་དག་ཐམས་ཅད་གཏོང་བར་བྱེད། །གང་ཞིག་ང་ཡི་བྱང་ཆུབ་མཆོག་ལ་འདུན། །དེ་དག་ཅི་ཕྱིར་གཞན་ལ་སྤྲོ་བ་སྐྱེད། །ཕྱི་མའི་དུས་ན་ང་ཡི་བསྟན་པ་ལ། །དམུ་རྒོད་མང་པོ་བྱང་ཆུབ་སུན་ཡང་འབྱིན། །དེ་དག་གཅོང་རོང་གཡང་ས་ཆེན་པོར་འགྲོ། །བསམ་པ་ཉམས་ལ་བྱང་ཆུབ་ཅི་བྱར་ཡོད། །ང་ཡི་བྱང་ཆུབ་མཆོག་འདོད་གང་ཡིན་པས། །རིགས་ངན་བུ་འདྲར་ང་རྒྱལ་སྤངས་བྱས་ནས། །སེམས་ཅན་ཀུན་ལ་བྱམས་པའི་སེམས་བསྐྱེད་ནས། །ཐོབ་དང་མ་ཐོབ་མི་དགར་ཡོང་མི་བྱ། །རྒྱལ་པོ་ཆེན་པོ་གཞན་ཡང་གང་ན་གུས་


DKG059_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དང་། མ་དད་པ་དང་། གཞན་དག་ལ་སྡང་བ་དང་། གླགས་ལྟ་བ་དག་ཡོད་པ། དེར་ནི་དེ་བཞིན་གཤེགས་པ་རྣམས་དང་། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཡུན་རིང་དུ་མངོན་པར་དགའ་བར་མི་འགྱུར་ཏེ། མྱུར་བ་ཁོ་ནར་འདོང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་ཆོས་བཅུ་དྲུག་པོ་འདི་དག་ནི་མ་དད་པའི་གང་ཟག་སྟོན་པ་སྟེ། བཅུ་དྲུག་པོ་གང་ཞེ་ན། མི་འཐུན་པར་འཛིན་དུ་འཇུག་པ་དང་། སྡིག་པའི་བསྟན་པ་ལ་འཐད་པར་ལྟ་བ་དང་། ཆོས་ཀྱི་གཏམ་ལ་མི་འཐད་པར་ལྟ་བ་དང་། སྡིག་པའི་བསམ་པ་ཅན་དང་། སེམས་ཁེངས་པ་དང་། གླགས་ལྟ་བ་དང་། ཁོང་གཡོ་ཅན་དང་། འཚོ་བ་ཡོངས་སུ་མ་དག་པ་དང་། བཀུར་སྟི་འདོད་པ་དང་། སེམས་ཀྱི་རྒྱུད་མི་དགེ་བ་དང་། སྦྱོར་བ་མེད་པ་དང་། གཞན་ལ་སྐུར་པ་འདེབས་པ་དང་། གཅིག་ཏུ་ངེས་པར་སྐྱོན་འཛིན་པ་དང་། བསྟན་པ་ལ་མ་ངེས་པ་དང་། ལོག་པར་ལྟ་བ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཐེ་ཙོམ་ཟ་བ་སྟེ། རྒྱལ་པོ་ཆེན་པོ་ཆོས་བཅུ་དྲུག་པོ་དེ་དག་ནི་མ་དད་པའི་གང་ཟག་སྟོན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །རྗེས་སུ་བསྟན་པ་འཐུན་པར་མི་འཛིན་པ། །ཁྲོན་པ་རྙིང་པ་བཞིན་དུ་ཡོངས་སུ་སྤངས། །ཐར་དང་མི་འཐུན་རྒྱུན་གཞན་འགྲོ་བ་དེ། །སྡང་སེམས་མུ་སྟེགས་ཅན་དང་ཁྱད་པར་མེད། །ལས་ཀྱི་རྣམ་པར་སྨིན་ལ་ཡིད་མི་ཆེས། །ཡིད་མི་ཆེས་པས་གཞན་ལ་འདེམས་མི་བྱེད། །བདག་ཉིད་རི་རབ་ཟོམ་ལྟར་མཐོར་འཛིན་ཏེ། །ང་རྒྱལ་མྱོས་པ་དེ་ནི་དེ་བཞིན་བྱེད། །ལེགས་པར་གསུངས་པའི་ཆོས་ནི་སྟོན་པ་ན། །སྡིག་པའི་སྤྱོད་ཡུལ་ཅན་དེ་མི་འཐད་འཛིན། །དད་མེད་ཆོས་ལ་སོམ་ཉི་བསྐྱེད་ནས་ནི། །བསྐལ་པ་བྱེ་བ་མང་པོར་སྨྱོན་པར་འགྱུར། །མ་དད་པ་ཡི་བསམ་པས་སྡིག་ཅན་འགྱུར། །བློ་སྡང་གང་གི་ཡིད་ཀྱང་སྲུང་མི་བྱེད། །སྙིང་པོ་ཅན་ཀུན་རྣམ་པར་སྤངས་ནས་ནི། །དད་པ་མེད་པས་སྙིགས་མ་འཛིན་པར་བྱེད། །འགྱིང་བར་བྱེད་ཅིང་རྟག་ཏུ་ཁེངས་པ་སྟེ། །མ་དད་དེ་ནི་གཞན་ལ་འདུད་མི་བྱེད། །ཤི་ནས་རིགས་དམར་སྐྱེ་བ་འཛིན་པར་འགྱུར། །དབུལ་པོར་འགྱུར་ཞིང་


DKG059_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ལ་འཁུ་བར་བྱེད། །གང་ཟག་མ་དད་བདག་ཉིད་གླིང་མི་བྱེད། །ཀླན་ཀ་ཚོལ་ཞིང་གཞན་གྱི་ཉེས་པ་འཛིན། །ནགས་ཀྱི་ཨེ་རཎྜ་ཡི་ཤིང་ལྟ་བུ། །དེ་ནི་ཁྱིམ་པ་མ་ཡིན་དགེ་སློང་མིན། །རྣམ་པར་མ་དག་རུང་བཞིན་ཁོང་གཡོ་ཅན། །སུ་ཡི་བསྟན་པ་ལ་ཡང་འཇུག་མི་བྱེད། །གཞན་གྱི་ཡིད་བརྟན་ན་ཡང་འཁུ་བར་བྱེད། །བསྐལ་པར་གསོས་ཀྱང་མཛའ་བོར་ཡོང་མི་འགྱུར། །དེ་དག་འཚོ་བ་རྣམས་ཀྱང་དག་པ་མེད། །མ་དད་རབ་ཏུ་བྱུང་བའི་དགེ་སློང་རྣམས། །དེ་དག་ཐར་པའི་ཆོས་མང་སྤངས་པས་ན། །རིང་པོར་མི་ཐོགས་པར་ནི་ལྟུང་བར་འགྱུར། །དད་པ་མེད་པ་བསྙེན་བཀུར་འདོད་པའི་ཕྱིར། །མི་བདེན་ཆོས་རྣམས་གཞན་ལ་གོ་བར་བྱེད། །གཡོ་བྱེད་རང་བཞིན་རྣམ་པར་སྦེད་བྱེད་ཅིང་། །དེ་ནི་གཞོགས་སློང་ཁ་གསག་བྱེད་པ་ཡིན། །དེ་ཡི་སེམས་རྒྱུད་རྟག་ཏུ་གཡན་ཡང་སྤྱོ། །གཞན་དག་གཏམ་བརྗོད་པ་ནི་ཐོས་ན་ཡང་། །གཏམ་འདི་བདག་གི་ཕྱིར་ནི་གཏམ་བྱེད་སྙམ། །དད་པ་མེད་པ་ཁུ་འཕྲིགས་ཟ་བར་འགྱུར། །དེ་ནི་གཞན་གྱི་གཏམ་དག་བརྗོད་བྱས་ནས། །བདག་ཉིད་མ་དག་དེ་བཞིན་གཞན་ཡང་མཐོང་། །མ་དད་པ་ནི་རི་དགས་སྐྲག་པ་བཞིན། །སུ་ལའང་མི་འབེབས་ཡིད་ཀྱི་རྟོན་མི་བྱེད། །སྦྱོར་བ་ཉམས་ཤིང་གཞན་ཡིད་མི་སྲུང་བ། །ཚོགས་ཀྱི་ནང་དུ་ཡིད་ཀྱང་ཞུམ་པར་འགྱུར། །ལག་པས་ཚམ་ངམ་བྱེད་ཅིང་འཐབ་པར་བྱེད། །འོང་བ་དག་ལ་ཚར་ཡང་གཅོད་བྱེད་ཅིང་། །གཞུང་མེད་པར་ནི་འཛུགས་ཤིང་གླེང་བར་བྱེད། །ཕྲ་མའི་རང་བཞིན་སྡིག་པ་མང་པོ་ཅན། །འཐུན་དང་བྲལ་བ་འཐབ་ཅིང་སྡང་བ་རྣམས། །མ་དད་རང་བཞིན་མཚན་མ་འདི་དག་ཡིན། །དེ་དག་དད་མེད་རབ་ཏུ་བྱུང་ནས་ནི། །འདྲེན་པའི་བསྟན་ལ་དེ་དག་སུན་ཡང་འབྱིན། །འཐུན་པ་གང་གིས་དགེ་འདུན་མཛེས་འགྱུར་ཏེ། །དེ་དག་ཆོས་མིན་ཚིག་གིས་འགལ་བར་བྱེད། །རྒྱལ་བ་རྣམས་ཀྱི་བསྟན་ལ་དྲི་མ་དེས། །མུ་སྟེགས་ཅན་ལྟར་སོམ་ཉི་ཐེ་ཙོམ་བཅས། །དེས་ནི་ཆོས་ལ་གླགས་གཏོང་འགལ་བྱས་ནས། །དད་མེད་དེ་ནི་ཆོས་ཀྱང་སྤོང་བར་བྱེད། །དེ་ཡི་ལོག་པར་ལྟ་བ་མ་སྤངས་ཏེ། །ཕྱི་རོལ་མུ་སྟེགས་ཅན་གྱིས་ནང་དུ་སྨོད། །དེས་


DKG059_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བསྟན་པ་འདི་ལ་གཏིང་མི་ཚུགས། །ཆོས་གོས་འཆང་བ་ཙམ་གྱིས་དགེ་སློང་བརྗོད། །བདག་མེད་རྡོ་རྗེ་ཤིན་ཏུ་སྒོམ་པ་དེས། །འཇིག་ཚོགས་ལྟ་བ་འདི་དང་བྲལ་བ་ཡི། །དགེ་སློང་དེ་ནི་བསྟན་འདིར་ཡེ་ཤེས་ལ། །སྤྱོད་ཡུལ་རླུང་ལྟར་འདུས་བྱས་ཆགས་པ་མེད། །དད་པ་མེད་པ་ལས་ལ་ཡིད་མི་ཆེས། །སྡིག་པའི་སེམས་ཀྱི་དབང་དུ་སོང་ནས་ནི། །དེ་ནི་ཇི་ལྟར་གཞན་ལ་གཙེས་པ་བཞིན། །རིང་པོར་མི་ཐོགས་ངན་སོང་གནས་པར་འགྱུར། །རྒྱ་མཚོ་ཆེ་ལ་ཇི་ལྟར་ཆུ་གནས་བཞིན། །བསྟན་པ་འདི་ལ་དད་པ་གཞི་ཡིན་ཏེ། །གང་ཟག་གང་ཞིག་བསྟན་ལ་མ་དད་དེ། །ང་ཡི་མ་ཡིན་ང་ཡང་དེའི་མ་ཡིན། །བགྲོད་པ་ཕུན་སུམ་ཚོགས་གཞི་དད་པ་ཡིན། །བདུད་རྩི་ཐོབ་པའི་ལམ་དང་སྣང་བ་ཡིན། །ཅི་ལྟར་འཛམ་བུ་གླིང་པའི་རྒྱལ་པོ་བཞིན། །འདི་ནི་ཡོན་ཏན་ཀུན་གྱི་ཐོག་མར་འགྲོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་གཙུག་ལག་ཁང་གི་དགེ་སློང་དེ་དག་ནི་ཡོན་ཏན་དེ་ལྟ་བུ་དེ་དག་དང་མི་ལྡན་པས་ན་དེའི་ཕྱིར་དེར་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་སོ་སོར་བརྟགས་ནས་མ་འདུག་པར་མྱུར་བ་ཁོ་ནར་སོང་ངོ་། །རྒྱལ་པོ་ཆེན་པོ་དགེ་སློང་དྲུག་ཅུ་པོ་དེ་དག་ཐམས་ཅད་ནི་དེ་ནས་ཤི་འཕོས་ནས་བསྐལ་པ་གསུམ་གྱི་བར་དུ་ངན་སོང་རྣམས་སུ་འཁོར་འཁོར་ནས་ཚེ་རབས་བརྒྱད་ཁྲིའི་བར་དུ་རིགས་ངན་དུ་སྐྱེ་བར་འགྱུར་ཏེ། དམན་པ་དང་། གཞན་གྱི་ཟས་ཀྱིས་འཚོ་བ་དང་། འཇིག་རྟེན་གྱིས་སྨད་པར་འགྱུར་བ་དང་། ལུས་རིད་པ་དང་། མདོག་ངན་པ་དང་ཆུང་བར་གྲགས་པ་དང་། བྱད་ངན་པ་དང་། ཚེ་རབས་ཐམས་ཅད་དུ་ཤས་ཆེར་ནད་རྒྱུན་རིང་དང་། ཁམས་མ་སྙོམས་ཏེ་འཁྲུག་པ་དང་། ཉམ་ཐག་པའི་སྐད་ཀྱིས་ཆོ་ངེ་འདོན་པ་དང་། གཤིས་ངན་དུ་འཆི་བར་འགྱུར་རོ། །དེ་ནས་ཚེ་རབས་ཀྱི་ཐ་མ་ལས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། ལོ་བརྒྱད་ཁྲིའི་བར་དུ་དེ་དག་གིས་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཆོས་སྟོན་པར་ཐོས་ལ་ཤེས་པར་ནི་མི་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་འོད་མཐོང་ལ་དེ་བཞིན་གཤེགས་པ་དེ་ནི་མི་མཐོང་ངོ་། །དེ་དག་གི་ལུས་ལ་འོད་ཀྱིས་ཕོག་པར་ཡང་མི་འགྱུར་རོ། །དེ་དག་གིས་གཏན་དུ་རྣམ་པར་དག་


DKG059_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱང་ཆུབ་སེམས་དཔའ་འདུས་པ་ལ་ཡན་ལག་ལྔས་གཏུགས་ཏེ། ཉེས་པ་བཤགས་ནས་གདོད་དེའི་འོག་ཏུ་ལས་དེ་རྣམ་པར་དག་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཡང་མཐོང་། ཆོས་ཀྱང་ཤེས་པར་འགྱུར་ལ། བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཚངས་པས་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་དེ་དག་བསལ་དུ་སྩལ་བར་བགྱིའོ། །དགེ་སློང་སྡིག་ཅན་དེ་ལྟ་བུ་དག་ཆགས་འོག་ཐམས་ཅད་དུ་གྲགས་པ་ཡང་མི་སྤྲོ་ན། མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་ཞོ་ཤས་འཚོ་བ་དག་བཏང་སྟེ། དགེ་སློང་དེ་དག་བསལ་དུ་བཅུག་ནས་ཆགས་འོག་ཐམས་ཅད་དུ་དེ་དག་མི་འདུག་པར་བྱས་སོ། །བཅོམ་ལྡན་འདས་འདི་ནི་དེ་དག་གི་ཚེ་འདིའི་རྣམ་པར་སྨིན་པ་ལགས་སོ། །དེ་དག་ནི་ཚེ་ཕྱི་མ་ལ་ཡང་བདག་ཉིད་ཀྱིས་བདག་ཉིད་བརྡེགས་པ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཚངས་པས་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ཏེ། བཞི་གང་ཞེ་ན། སངས་རྒྱས་ལ་མ་གུས་པ་དང་། དམ་པའི་ཆོས་སྤོང་བ་དང་། ཆོས་སྨྲ་བ་ལ་སྡང་བ་དང་། མངོན་པར་བརྩོན་པ་མེད་པར་དད་པས་བྱིན་པ་ལེན་པ་སྟེ། རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ནི་བསྟན་པ་འདི་ལ་རབ་ཏུ་བྱུང་བའི་གཡང་ས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སངས་རྒྱས་སོམ་ཉི་ཟ་བ་གཡང་སའི་མཆོག །འཇིག་རྟེན་ཀུན་གྱིས་སྐྱབས་བྱེད་མི་ནུས་ཏེ། །བློ་ཆུང་དེ་ནི་བསྟན་ལས་ཉམས་གྱུར་པས། །མགོན་མེད་དེ་ནི་ངན་འགྲོར་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱང་སྤངས་པས་ངན་སོང་འགྲོ། །ལོ་ནི་སྟོང་ལས་མི་ཉུང་བར་དུ་ཡང་། །དམུས་ལོང་དབང་པོ་དམན་ཞིང་སེམས་ཀྱང་ཉམས། །སྡུག་བསྔལ་ཆེན་པོ་འདི་ནི་གཡང་ས་གཉིས། །སངས་རྒྱས་ཆོས་འཛིན་མི་འཇིགས་གང་ཡིན་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐྱོང་བྱེད་པ། །དེ་དག་སྐུར་འདེབས་གཡང་ས་ཆེན་པོ་


DKG059_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །བསྐལ་པ་བྱེ་བ་མང་པོར་མྱོང་བར་འགྱུར། །དེ་ནི་དད་པས་བྱིན་པ་མི་རིགས་སྤྱོད། །དེ་ནི་གཡང་ས་ཆེན་པོ་བཞི་པ་ཡིན། །དེ་ནི་འཇིག་རྟེན་སུས་ཀྱང་སྐྱབས་མི་ནུས། །སྡིག་པའི་ལས་ཅན་ངན་སོང་ཀུན་ཏུ་རྒྱུག །བསམ་པ་དག་པ་འཕགས་པའི་དག་པ་ཡིན། །བྱང་ཆུབ་གཡོ་མེད་དེ་ནི་སེམས་ཀྱི་གཞི། །སྨྲས་པ་ཙམ་གྱིས་བྱང་ཆུབ་མི་འཐོབ་ཀྱི། །སེམས་ཀྱང་དག་པར་བྱ་ཞེས་བདེ་གཤེགས་གསུངས། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་ལྔ་སྟོང་གིས་སྔོན་མ་བསྐྱེད་པ་ལས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་མི་སྐྱེ་བའི་ཆོས་རྣམས་ལ་ཡང་བཟོད་པ་ཐོབ་པར་གྱུར་ཏོ་རྒྱལ་པོ་ཚངས་པས་བྱིན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །སྲོག་ཆགས་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ལྷ་དུང་ཕྱུར་གྱིས་ནི་སྔོན་མ་བསྐྱེད་པ་ལས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་མོད་ལ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་པ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་གྱི་ཁ་དོག་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་སྟེ། དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་སྣང་བས་ཁྱབ་པར་བྱས་ནས་སྟེང་དུ་ཡང་ཚངས་པའི་འཇིག་རྟེན་གྱི་བར་དུ་སོང་སྟེ། ཉི་མ་དང་ཟླ་བ་རྣམས་ཀྱི་གཟི་བརྗིད་ཀྱང་མེད་པར་བྱས་ནས་ཕྱིར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་


DKG059_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། མཐོང་བ་དོན་ཡོད་རྒྱལ་པོ་ཚངས་པས་བྱིན་འདི་ནི་བསྐལ་པ་སུམ་ཅུའི་བར་དུ་ལོག་པར་ལྟུང་བར་མི་འགྱུར་ཏེ། ལྷ་དང་མིའི་ཕུན་སུམ་ཚོགས་པ་མྱོང་ནས་སངས་རྒྱས་དུང་ཕྱུར་ཕྲག་བརྒྱད་མཉེས་པར་བྱེད་པར་འགྱུར་རོ། །ཐམས་ཅད་དུ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གླིང་བཞི་ཡོངས་སུ་བཏང་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ལ་ཞེ་འགྲས་པ་མེད་པའི་སེམས་ཀྱིས་དགོངས་པ་བཞིན་དུ་བསྙེན་བཀུར་བྱེད་པར་འགྱུར་རོ། །དེ་དེའི་འོག་ཏུ་བདེ་བ་ཅན་གྱི་བཀོད་པ་དང་འདྲ་བའི་སངས་རྒྱས་ཀྱི་ཞིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀོད་པ་དཔག་ཏུ་མེད་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱི་རྐང་པ་ལ་ཡན་ལག་ལྔས་གཏུགས་ནས། བཅོམ་ལྡན་འདས་མཐོང་བ་དོན་ཡོད་ལ་གང་གི་ཕྱིར་བདག་གི་སླད་དུ་དགེ་སློང་གི་དགེ་འདུན་དེ་དག་དང་ལྷན་ཅིག་འོ་བརྒྱལ་ཅིང་བཞུགས་པར་གྱུར་པ་བདག་གིས་ལྷག་པའི་བསམ་པས་བཟོད་པ་གསོལ་ལོ་ཞེས་བྱས་སོ། །བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ཀྱིས་ཀྱང་རྒྱལ་པོ་ཚངས་པས་བྱིན་ལ་སྙིང་བརྩེ་བའི་ཕྱིར་བཟོད་པར་བྱས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་ཚངས་པས་བྱིན་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚངས་པས་བྱིན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།ཤོ་ལོ་ཀ་སུམ་བརྒྱ་མཆིས་སོ།། །།

འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བྲཤྤུ་བི་ཤེ་ཥ་ཙིན་ཏི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པའི་འོད་མའི་ཚལ་ན་དགེ་སློང་སྟོང་ཕྲག་དྲུག་ཅུ་རྩ་བཞིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་མངོན་པར་ཤེས་པས་མངོན་པར་ཤེས་པ། གཟུངས་ཐོབ་པ། སྤོབས་པ་ཐོགས་པ་མེད་པ། ཏིང་ངེ་འཛིན་ཐོབ་པ། མངོན་པར་ཤེས་པས་རྣམ་པར་རོལ་ཅིང་སྤོབས་པ་མི་འཇིགས་པ་དང་ལྡན་པ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སྟོན་པ་ལ་མཁས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ལ་འདི་ལྟ་སྟེ། གཞོན་ནུར་གྱུར་པ་འཇམ་དཔལ་དང་། གཞོན་ནུར་གྱུར་པ་ལག་ན་རིན་པོ་ཆེ་དང་། གཞོན་ནུར་གྱུར་པ་ལག་ན་ཕྱག་རྒྱ་རིན་པོ་ཆེ་དང་། གཞོན་ནུར་གྱུར་པ་རིན་པོ་ཆེ་དཔལ་དང་། གཞོན་ནུར་གྱུར་པ་ནམ་མཁའ་མཛོད་དང་། གཞོན་ནུར་གྱུར་པ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་དང་། གཞོན་ནུར་གྱུར་པ་རྣམ་པར་བསྒྱིངས་པ་དང་། གཞོན་ནུར་གྱུར་པ་དཔལ་གྱི་སྙིང་པོ་དང་། གཞོན་ནུར་གྱུར་པ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་དང་། གཞོན་ནུར་གྱུར་པ་པད་མ་བཀོད་པ་དང་། གཞོན་ནུར་གྱུར་པ་སེང་གེ་དང་། གཞོན་ནུར་གྱུར་པ་ཟླ་འོད་དང་། གཞོན་ནུར་གྱུར་པ་ཟླ་བའི་འོད་ཟེར་གྱི་འོད་དང་། གཞོན་ནུར་གྱུར་པ་བློ་གྲོས་མཆོག་དང་། གཞོན་ནུར་གྱུར་པ་རྒྱན་ཐམས་ཅད་བཀོད་པ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ་བཅུ་དྲུག་ལ་འདི་ལྟ་སྟེ། བཟང་སྐྱོང་དང་། དཀོན་མཆོག་འབྱུང་གནས་དང་། དེད་དཔོན་མཆོག་དང་། མེས་བྱིན་དང་། ཕུག་སྦས་དང་། ཆུས་བྱིན་དང་། དབང་པོས་བྱིན་དང་། བླ་མའི་བློ་གྲོས་དང་། ཁྱད་པར་བློ་གྲོས་དང་། བློ་གྲོས་འཕེལ་དང་། མཐོང་བ་


DKG059_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཡོད་དང་། ཤིན་ཏུ་ཡང་དག་ཞུགས་དང་། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། བློ་གྲོས་མཐའ་ཡས་པ་དང་། བརྩོན་པ་མི་གཏོང་བ་དང་། ཉི་མའི་སྙིང་པོ་དང་། ས་འཛིན་དང་། དེ་ལྟ་བུ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། རྒྱལ་པོ་ཆེན་པོ་བཞི་དང་། བརྒྱ་བྱིན་ལྷའི་དབང་པོ་ལ་སོགས་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཚེ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། ཚངས་པ་ལ་སོགས་པ་ཚངས་པའི་རིས་ཀྱི་ལྷ་བརྒྱ་སྟོང་དང་། དེ་མ་ཡིན་པ་གཞན་གཟི་བརྗིད་ཆེ་བའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་དང་ཡང་ཐབས་ཅིག་སྟེ། དེ་ནས་བཅོམ་ལྡན་འདས་འཁོར་བརྒྱ་སྟོང་དུ་མས་བསྐོར་ཅིང་མདུན་དུ་བདར་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རབ་ཏུ་གཡོ་བར་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བདག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱོགས་འགའ་ཞིག་ཞུའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲ་བ་ཅན་གྱི་འོད་ཁྱོད་ཅི་དང་ཅི་འདོད་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང་། དྲིས་པ་དེ་དང་དེ་ཉིད་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་


DKG059_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་སྐུ་ནི་བལྟ་བས་ཆོག་མི་ཤེས་པ་ཁ་དོག་ཉི་མ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བས་ལྷག་པ་ལགས་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པའི་སྐུ་བལྟ་བའམ་བརྟག་པར་ནུས་པ་འདི་ནི་ངོ་མཚར་ཏོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཡང་བདག་ནི་དེ་བཞིན་གཤེགས་པའི་སྐུ་བལྟ་བའམ་རྟོག་པ་དེ་དག་ཐམས་ཅད་ནི་སངས་རྒྱས་ཀྱི་མཐུའོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཇི་སྐད་ཟེར་བ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་སྐབས་མ་ཕྱེ་བར་དེ་བཞིན་གཤེགས་པའི་སྐུ་བལྟ་བའམ་བརྟག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་རབ་ཏུ་ཞི་བའི་རྣམ་པར་བཀོད་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་ལ་ཡང་བལྟ་ཞིང་རྟོག་ལ་དེ་དག་གི་མིག་གི་དབང་པོ་ཡང་ཉམས་པར་མི་འགྱུར་རོ། །དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་མི་འཇིགས་པ་སྤོབས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཀུན་འདྲི་ཞིང་ཕྱིར་འདྲི་བར་བྱེད་དོ། །དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་དགེ་བའི་རྩ་བ་བསགས་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ། །དེ་བཞིན་དུ་སྦྱར་ཏེ། འོད་ཟེར་དགེ་བའི་རྣམ་པར་བཀོད་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་བརྒྱ་བྱིན་ཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ། །འོད་ཟེར་བདག་པོ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ཀུན་འདྲིའོ། །འོད་ཟེར་ཉོན་མོངས་པ་མེད་པར་གྱུར་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཉན་ཐོས་ཀྱི་ཐེག་པ་ཀུན་འདྲིའོ། །འོད་ཟེར་རྩེ་གཅིག་པ་དབེན་པ་དང་ལྡན་པ་


DKG059_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་རང་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ། །འོད་ཟེར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་དབང་བསྐུར་བ་ཐོབ་པ་ཞེས་བྱ་བའི་འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པ་ཀུན་འདྲིའོ། །འོད་ཟེར་ཁྱད་པར་དུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་དེ་བཞིན་གཤེགས་པ་བྱོན་པའམ་བཞུད་པའི་ཞབས་ཀྱི་མཐིལ་གྱིས་སེམས་ཅན་གང་ལ་རེག་པ་དེ་དག་ཤི་འཕོས་མ་ཐག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ། །རྒྱན་ཐམས་ཅད་བཀོད་པ་ཞེས་བྱ་བའི་འོད་ཟེར་དེ། དེ་བཞིན་གཤེགས་པ་གྲོང་དུ་གཤེགས་པ་ན་འབྱིན་ཏེ། དེར་དེ་བཞིན་གཤེགས་པའི་འོད་དེས་སེམས་ཅན་སུ་དག་ལ་རེག་པ་དེ་དག་ཐམས་ཅད་བདེ་བའི་མཆོག་དང་ལྡན་པར་འགྱུར་རོ། །རྒྱན་ཐམས་ཅད་བཀོད་པ་ཡང་གྲོང་ཁྱེར་དེར་འབྱུང་བར་འགྱུར་རོ། །རྣམ་པར་འཐོར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་རབ་ཏུ་གཡོ་བར་བྱེད་དོ། །བདེ་བ་སྟོན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་དམྱལ་བ་པའི་སེམས་ཅན་རྣམས་ཀྱི་སེམས་ཅན་དམྱལ་བའི་སྡུག་བསྔལ་མེད་པར་བྱེད་དོ། །འོད་ཟེར་བྱམས་པས་འཕགས་པ་ཞེས་བྱ་བ་དེས་ནི་བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་རྣམས་གཅིག་ལ་གཅིག་མི་ཟ་བར་བྱེད་དོ། །འོད་ཟེར་རབ་ཏུ་སིམ་པར་བྱེད་པ་ཞེས་བྱ་བ་དེས་ནི་གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་རྣམས་ཀྱི་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་མེད་པར་བྱེད་དོ། །དྲི་མ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལྡོངས་པ་རྣམས་མིག་ཐོབ་པར་འགྱུར་རོ། །རྣ་བའི་རྗེས་སུ་འཐུན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འོན་པ་རྣམས་རྣ་བ་ཐོབ་པར་འགྱུར་རོ། །རྣམ་པར་སྤོང་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་མི་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པ་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ཐོབ་པར་འགྱུར་རོ། །ངོ་ཚ་ཤེས་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་མྱོས་པ་རྣམས་དྲན་པ་འཐོབ་པར་འགྱུར་རོ། །


DKG059_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལོག་པར་ལྟ་བ་ཅན་རྣམས་ཡང་དག་པར་ལྟ་བ་ཐོབ་པར་འགྱུར་རོ། །རབ་ཏུ་གཏོང་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་སེར་སྣ་ཅན་རྣམས་གཏོང་བ་ཐོབ་པར་འགྱུར་རོ། །ཡོངས་སུ་གདུང་བ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ངན་པའི་ངང་ཚུལ་ཅན་རྣམས་ཚུལ་ཁྲིམས་ཐོབ་པར་འགྱུར་རོ། །ཕན་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་གནོད་པར་སེམས་པ་རྣམས་བཟོད་པ་དང་དེས་པ་ཐོབ་པར་འགྱུར་རོ། །འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ལེ་ལོ་ཅན་རྣམས་བརྩོན་འགྲུས་ཐོབ་པར་འགྱུར་རོ། །རྩེ་གཅིག་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་དྲན་པ་ཉམས་པ་རྣམས་བསམ་གཏན་ཐོབ་པར་འགྱུར་རོ། །ཡེ་ཤེས་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འཆལ་པའི་ཤེས་རབ་ཅན་རྣམས་ཤེས་རབ་ཐོབ་པར་འགྱུར་རོ། །རྙོག་པ་མེད་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་མ་དད་པ་རྣམས་དད་པ་ཐོབ་པར་འགྱུར་རོ། །ཀུན་འཛིན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཐོས་པ་ཉུང་བ་རྣམས་ཐོས་པ་ཐོབ་པར་འགྱུར་རོ། །སྤྱོད་པ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ངོ་ཚ་བ་དང་འཛེམ་པ་མེད་པ་རྣམས་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཐོབ་པར་འགྱུར་རོ། །སྐྱོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་འདོད་ཆགས་སྤྱོད་པ་རྣམས་ཀྱི་འདོད་ཆགས་འཇོམས་པར་འགྱུར་རོ། །དགའ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཞེ་སྡང་སྤྱོད་པ་རྣམས་ཀྱི་ཞེ་སྡང་འཇོམས་པར་འགྱུར་རོ། །སྣང་བ་ཅན་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་གཏི་མུག་སྤྱོད་པ་རྣམས་རྟེན་ཅིང་འབྲེལ་པར་འབྱུང་བ་ཁོང་དུ་ཆུད་པར་འགྱུར་རོ། །ཀུན་ཏུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དེས་ནི་སེམས་ཅན་ཆ་མཉམ་པ་སྤྱོད་པ་རྣམས་ཆ་མཉམ་པ་སྤྱོད་པ་སྤོང་བར་འགྱུར་རོ། །དྲ་བ་ཅན་གྱི་འོད་དེ་བཞིན་གཤེགས་པ་ལ་གཟུགས་ཐམས་ཅད་སྟོན་པ་ཞེས་བྱ་བའི་འོད་ཟེར་ཡོད་དེ། འོད་ཟེར་དེས་རེག་པའི་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་སྐུ་ཁ་དོག་སྣ་ཚོགས་ཁ་དོག་དུ་མ།


DKG059_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་བརྒྱ་སྟོང་དུ་མས་ལྷག་པར་མཐོང་བར་འགྱུར་རོ། །དྲ་བ་ཅན་གྱི་འོད་ངས་དེ་བཞིན་གཤེགས་པའི་འོད་ཟེར་ལ་བརྩམས་ཏེ། བསྐལ་པའམ། བསྐལ་པ་ལས་ལྷག་པར་བཤད་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱི་རྣམ་པ་དང་ལྡན་པའི་ཆོས་བསྟན་པ་ཡོངས་སུ་ཟད་པར་མི་འགྱུར་ཏེ། དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འོད་ཟེར་གྱི་ཡོན་ཏན་མཐའ་ཡས་མུ་མེད་པ་དང་ལྡན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པའི་སྐུའི་བཀོད་པ་ཚད་མ་མཆིས་པར་བསྟན་པ་འདི་དང་། ཐབས་མཁས་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཆོས་བསྟན་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་འོད་ཟེར་འདི་དག་ནི་བདག་ཅག་གིས་སྔོན་མ་ཐོས་ཏེ། ཇི་ལྟ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་ལ་འོད་ཟེར་འདི་དག་གི་མིང་ཐོས་ནས་དད་པ་རྙེད་པར་འགྱུར་བ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་ཟེར་འདི་ལྟ་བུས་རབ་ཏུ་སྣང་བར་བགྱིད་པའི་མཐུ་དང་ལྡན་པར་འགྱུར་རོ། །ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གང་གིས་སངས་རྒྱས་ཀྱི་ཞིང་གཞན་གྱི་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མཆི་བར་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་སུ་དག་འདྲི་བ་དང་། ལུང་བསྟན་པ་དང་། བཤད་པ་ལ་མཐར་ཕྱིན་པ་རྣམས་མཆིས་ནས་དེ་བཞིན་གཤེགས་པ་ལ་ཀུན་ཞུ་ཞིང་བསྙེན་བཀུར་བགྱིད་པ་དང་། སླར་ཞུ་བར་འགྱུར་བའི་འོད་ཟེར་བྱང་ཆུབ་སེམས་དཔའ་བསྐུལ་བ་ཞེས་བགྱི་བ་གཏང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འོད་གང་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་སྣང་བར་འགྱུར་བའི་འོད་ཟེར་དེ་ལྟ་བུ་སྐུ་ལས་ཕྱུང་སྟེ། བྱང་ཆུབ་སེམས་དཔའ་རྣམས་འོད་དེས་


DKG059_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མ་ཐག་ཏུ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་ཕྱིན་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་ཡོངས་སུ་དག་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ཟླ་བའི་འོད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། བྱང་ཆུབ་སེམས་དཔའ་འབའ་ཞིག་ལ་ཆོས་ཀྱང་འཆད་པའི་སངས་རྒྱས་ཀྱི་ཞིང་དེ་ནས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚངས་པ་ཁྱད་པར་སེམས་ཞེས་བྱ་བ་དེ་འོད་དེས་བསྐུལ་མ་ཐག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་འོད་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་སྣང་བ་ཆེན་པོ་འདི་བྱུང་བའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བརྒྱ་སྟོང་ཕྲག་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་མི་མཇེད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེས་འདི་ལྟ་སྟེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བསྡུ་བའི་ཕྱིར་སྐུ་ལས་འོད་འདི་གཏང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བདག་གཟིགས་པར་བཞེད་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ལྟ་བ་དང་། ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། ཀུན་ཞུ་བ་དང་།


DKG059_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཞུ་བའི་སླད་དུ་བདག་མཆིའོ། །བཅོམ་ལྡན་འདས་དེས་བཀའ་སྩལ་པ། ཚངས་པ་ད་ལྟར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་ཡང་ཕྱིན་གྱིས་དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སོང་ཤིག །ཚངས་པ་སངས་རྒྱས་ཀྱི་ཞིང་དེར་ལྷག་པའི་བསམ་པ་བཅུ་རྣམས་ཀྱིས་གནས་པར་བྱའོ། །བཅུ་གང་ཞེ་ན། སྙན་པར་སྨྲ་བ་དང་། ངན་དུ་སྨྲ་བ་རྣམས་ལ་ཁོང་ཁྲོ་བ་མེད་པའི་སེམས་དང་། སྙན་པ་ཐོས་པ་དང་། མི་སྙན་པ་ཐོས་པ་ལ་བྱམས་པའི་སེམས་དང་། དུས་ཐམས་ཅད་དུ་སེམས་ཅན་རྣམས་ལ་སྙིང་རྗེ་བའི་སེམས་དང་། སེམས་ཅན་རབ་འབྲིང་ཐ་མ་རྣམས་ལ་ཡང་དག་པར་སྦྱོར་བ་དང་། རི་མོ་བྱེད་པ་དང་། བརྙས་པར་བྱེད་པ་རྣམས་ལ་སེམས་མཉམ་པ་དང་། གཞན་གྱི་ལྟུང་བའི་འཁྲུལ་པ་ཐམས་ཅད་ལ་ཉེས་པར་མི་ལྟ་བ་དང་། ཐེག་པ་སྣ་ཚོགས་ལ་རོ་གཅིག་པ་དང་། ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱི་སྒྲས་མི་སྐྲག་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་པ་དང་། སངས་རྒྱས་ཀྱི་ཞིང་སྙིགས་མ་ལྔ་ཅན་ན་དེ་བཞིན་གཤེགས་པ་མཐོང་བ་ལ་ངོ་མཚར་དུ་འདུ་ཤེས་པ་སྟེ། ཚངས་པ་ལྷག་པའི་བསམ་པ་བཅུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེར་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་སེང་གེའི་སྒྲ་མི་སྒྲོག་སྟེ། འོན་ཀྱང་བདག་གིས་སྤྱོད་པ་གང་ལགས་པའི་སྤྱོད་པ་འདི་ལ་བཅོམ་ལྡན་འདས་ཉིད་མངོན་སུམ་དུ་གྱུར་པས་བཅོམ་ལྡན་འདས་བདག་གིས་ལྷག་པའི་བསམ་པ་དེ་དག་ཀྱང་རྣམ་པར་སྦྱང་ཞིང་མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་གནས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་སངས་རྒྱས་ཀྱི་ཞིང་དེའི་བྱང་ཆུབ་སེམས་དཔའ་གཞན་དག་གིས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སེམས་ཅན་མ་རུངས་པ་རྣམས་ཚོགས་པའི་སངས་རྒྱས་ཀྱི་ཞིང་དེར་


DKG059_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་མ་སྐྱེས་པ་ནི་རྙེད་པ་ལེགས་པར་རྙེད་དོ། །བཅོམ་ལྡན་འདས་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་རྣམས་དེ་སྐད་ཅེས་མ་འཛེར་ཅིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སངས་རྒྱས་ཀྱི་ཞིང་འདི་ན་གང་བསྐལ་པ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་ལ་གནས་པ་བས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་སྔ་དྲོའི་དུས་གཅིག་སེམས་ཞེ་སྡང་མེད་པར་གནས་ན་དེ་བས་དེ་ཤིན་ཏུ་མཆོག་གོ །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ནི་དེ་ཙམ་དུ་ཀུན་ནས་ཉོན་མོངས་པར་གྱུར་པ་སྟེ། སེམས་ཅན་དེ་དག་ཀྱང་དེ་ཙམ་དུ་གཙེ་བ་མང་ཞིང་ཀུན་ནས་ཉོན་མོངས་པ་མང་བ་ཡིན་ནོ། །དེ་ནས་སངས་རྒྱས་ཀྱི་ཞིང་དེ་ནས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་ཚངས་པ་ཁྱད་པར་སེམས་དང་ལྷན་ཅིག་ཏུ་ཆས་ཏེ། ཚངས་པ་བདག་ཅག་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེར་མཆིའོ། །བསམ་པ་འདི་དག་ཀྱང་རྣམ་པར་སྦྱོང་ངོ་། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ལ་ཡང་བལྟའོ། །ཕྱག་བགྱིའོ། །བསྙེན་བཀུར་བགྱིའོ། །མཉམ་པར་གཞག་པའི་བྱེ་བྲག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེར་གནས་པར་བགྱིའོ། །དེ་ནས་ཚངས་པ་ཁྱད་པར་སེམས་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་ལྟ་སྟེ། སྐྱེས་བུ་སྟོབས་དང་ལྡན་པའི་ལག་པ་བསྐུམ་པ་ལས་བརྐྱང་བའམ། བརྐྱང་བ་ལས་བསྐུམ་པའི་སྐད་ཅིག་ཡུད་ཙམ་ཐང་ཅིག་དེ་ཙམ་གྱིས་སངས་རྒྱས་ཀྱི་ཞིང་དེར་མི་སྣང་བར་གྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་འདིར་ཕྱིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཁྱོད་ཀྱིས་ཚངས་པ་ཁྱད་པར་སེམས་འོང་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲ་བ་ཅན་གྱི་འོད་ཚངས་པ་ཁྱད་པར་སེམས་འདི་ནི་བྱང་ཆུབ་སེམས་དཔའ་ཚུལ་


DKG059_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་འདྲི་བ། ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ །ཚིག་གཟུང་བ་རྣམས་ཀྱི་ནང་ན་མཆོག་གོ །ཚིག་བཙུན་པ་རྣམས་ཀྱི་ནང་ན་མཆོག་གོ །ཚིག་འཇམ་པ་རྣམས་ཀྱི་ནང་ན་མཆོག་གོ །གསོང་པོར་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ །ཚིག་མཆོད་པ་རྣམས་ཀྱི་ནང་ན་མཆོག་གོ །ཚིག་ཐོགས་པ་མེད་པ་རྣམས་ཀྱི་ནང་ན་མཆོག་གོ །ལྡེམ་པོ་ངག་ཏུ་སྨྲ་བ་རྣམས་ཀྱི་ནང་ན་མཆོག་གོ །སེམས་ཁོང་ཁྲོ་བ་མེད་པ་རྣམས་ཀྱི་ནང་ན་མཆོག་གོ །བྱམས་པ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ །སྙིང་རྗེ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ །དགའ་བ་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ །བཏང་སྙོམས་ལ་གནས་པ་རྣམས་ཀྱི་ནང་ན་མཆོག་གོ །བྱང་ཆུབ་སེམས་དཔའ་ཐེ་ཙོམ་ཐམས་ཅད་གཅོད་པ་དང་ཀུན་འདྲི་བ་ལ་མཁས་པ་རྣམས་ཀྱི་ནང་ན་མཆོག་གོ །དེ་ནས་ཚངས་པ་ཁྱད་པར་སེམས་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་གཉིས་པོ་དེ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་དག་གིས་རྣམ་པ་མང་པོས་མངོན་པར་བསྟོད་དོ། །རྣམ་པར་སྒྲ་བསྒྲགས་སྲིད་པ་གསུམ་དུ་གྲགས། །བསྔགས་པའི་ཕྲེང་བ་འཇིག་རྟེན་ཀུན་ཏུ་རྒྱུ། །བདག་གིས་སེམས་ཅན་མཆོག་རྣམས་ཞིང་ན་མཐོང་། །དེ་དག་ཀུན་ཀྱང་ཁྱེད་ཀྱི་ཡོན་ཏན་གསུངས། །འདི་ན་ཡོངས་སུ་དག་པའི་ཞིང་མཆིས་ཏེ། །དྲི་མ་མ་མཆིས་ངན་སོང་གསུམ་སྤངས་པ། །དེ་འདྲའི་ཞིང་རྣམས་དེ་དག་རྣམ་སྤངས་ནས། །ཁྱེད་ཀྱི་ཐུགས་རྗེས་ངན་པ་ཡོངས་སུ་བཟུང་། །འཇིག་རྟེན་མགོན་ཁྱོད་ཡེ་ཤེས་དམན་མ་མཆིས། །མ་ལུས་བདེ་བར་གཤེགས་དང་ཁྱོད་དུ་མཚུངས། །ཤིན་ཏུ་རྣམ་དག་བསམ་པ་མངོན་མཛད་པ། །འདི་འདྲ་བ་ཡི་ཞིང་འདི་ཁྱོད་ཀྱིས་བཟུང་། །ཚུལ་ཁྲིམས་ཐམས་ཅད་རྣམ་དག་འདོད་སྤངས་ནས། །གང་ཞིག་བསྐལ་པར་གཞན་ན་སྤྱོད་པ་


DKG059_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

བས། །སུ་དག་བྱམས་པའི་སེམས་ཀྱིས་ཤིན་ཏུ་འདིར། །སྐད་ཅིག་སྤྱོད་ནའང་འདིར་ནི་ཁྱད་པར་འཕགས། །ལུས་དང་ངག་དང་འོན་ཏེ་ཡིད་ཀྱིས་ཀྱང་། །གང་ལ་ཉེས་བགྱིས་རྣམ་པ་གསུམ་མཆིས་ཏེ། །ངན་སོང་གསུམ་དུ་མྱོང་བར་གང་འགྱུར་བ། །དེ་ནི་ཚེ་འདི་ཉིད་ལ་འབྱུང་བར་འགྱུར། །བྱང་ཆུབ་སེམས་དཔའ་འདི་ན་གང་མཆིས་པ། །དེ་དག་རྟག་ཏུ་གདུང་བར་མི་བགྱི་སྟེ། །དེ་ཡི་ལས་གང་ལོག་ལྟུང་མཆི་བ་ཡང་། །དེ་དག་འདིར་ནི་ཀླད་པ་ན་བས་འབྱང་། །འདི་ནི་བྱང་ཆུབ་སེམས་དཔའ་སྐྱོན་མེད་གྲང་། །དམ་པའི་ཆོས་གསུངས་ཆོས་མཆོག་འཛིན་པ་རྣམས། །དེ་དག་འདི་ལས་ཕྱིན་ཅད་ནམ་དུ་ཡང་། །དྲན་པ་མི་འཁྲུག་བློ་ཡང་ཉམས་མི་འགྱུར། །གང་ཞིག་བདུད་ཀྱིས་བཅིངས་པ་གཅད་པ་དང་། །དེ་བཞིན་ཉོན་མོངས་ལས་བཅས་སྤྱོད་འཚལ་བ། །དེ་ནི་ཞིང་འདིར་དམ་པའི་ཆོས་ཉིད་གསུངས། །འདི་ལ་ཡེ་ཤེས་ལྡན་པའི་མཆོག་ཏུ་འགྱུར། །གང་ཞིག་བསྐལ་པ་བྱེ་བར་ཞིང་གཞན་དུ། །སེམས་ལྡན་དམ་ཆོས་འཛིན་པར་གྱུར་པ་བས། །སུ་དག་སྔ་དྲོ་ཅིག་ཙམ་མི་མཇེད་དུ། །འདི་ནི་དེ་བས་མཆོག་ཏུ་མཁས་པས་དགོངས། །གང་གིས་མངོན་པར་དགའ་བའི་འཇིག་རྟེན་དང་། །དེ་བཞིན་ཚེ་དཔག་མེད་ཀྱི་བདེ་ཅན་མཆོག །དེ་ན་སྡུག་བསྔལ་སྡུག་བསྔལ་སྒྲ་མ་མཆིས། །དེར་ནི་ཡོན་ཏན་བགྱི་བ་རྨད་མི་ཆེ། །ཉོན་མོངས་འབྱུང་གནས་འཇིག་རྟེན་ཉེས་གང་འདིར། །ཞེ་སྡང་ཅན་གྱི་རབ་ཏུ་ཉེས་བཟོད་ལ། །ཆོས་འདི་ལ་ཡང་གཞན་དག་འཛུད་པ་ནི། །འདི་ནི་དེ་བས་དཀའ་བའི་མཆོག་ཏུ་འགྱུར། །སྙིང་རྗེས་རླན་སེམས་སྡུག་བསྔལ་མང་ལས་གྲོལ། །བླ་མེད་བླ་མ་ཁྱོད་ལ་བདག་ཕྱག་འཚལ། །གཏུམ་སེམས་ཅན་ལ་ཆོས་གང་འཆད་པ་ནི། །བདག་པོ་འཇིག་རྟེན་ན་ཡང་དེ་སྦྱང་དཀའ། །ཤིན་ཏུ་རྒྱ་ཆེ་བ་ཡི་འཁོར་འདི་དང་། །ཕྱོགས་སུ་རྣམ་པར་གྲགས་པའི་སངས་རྒྱས་སྲས། །ཆོས་ཀྱིས་མི་ངོམས་རྒྱ་མཚོ་འདྲ་བ་ཚོགས། ། དེ་དག་ལ་ནི་རྒྱལ་བའི་བྱང་ཆུབ་གསུངས། །ཚངས་པ་དབང་པོ་འཇིག་རྟེན་སྐྱོང་བ་དང་། །ལྷ་ཀླུ་ལྷ་མིན་


DKG059_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མི་འམ་ཅིར་བཅས་པ། །ཆོས་ཉིད་འཚལ་བ་མང་པོ་ཚོགས་པ་ལ། །ཇི་ལྟར་མོས་པ་བཞིན་དུ་ཆོས་ཉིད་གསུངས། །དགེ་བསྙེན་དགེ་བསྙེན་མ་དང་དགེ་སློང་དང་། །དགེ་སློང་མ་དང་འཁོར་བཞི་འདི་དག་ཚོགས། །ཇི་ལྟར་ཐོས་ནས་ནོར་གྲུབ་རབ་འདོང་བར། །དེ་ལྟར་དེ་དག་ལ་ནི་ཆོས་བསྟན་གསོལ། །གང་རྣམས་སངས་རྒྱས་ཐེག་ལ་རྟག་མོས་དང་། །དེ་བཞིན་རང་རྒྱལ་ཐེག་དང་ཉན་ཐོས་ཐེག །ཐེག་པ་གང་གི་སེམས་བསམ་གང་མཁྱེན་པ། །དེ་ལ་སྨན་པའི་སླད་དུ་དེ་གསུངས་ཤིག །སངས་རྒྱས་རིགས་ལ་གནས་ཕྱིར་གང་བཞུགས་པ། །དཀོན་མཆོག་གསུམ་པོ་གང་ལས་བྱུང་བ་ཡི། །བྱང་ཆུབ་ངེས་སེམས་དག་ལ་སྨན་སླད་དུ། །ཆོས་ཀྱི་རྒྱལ་པོ་ཁྱོད་ལ་བདག་གསོལ་ལོ། །ཁྱོད་ཀྱི་བསྔགས་པའི་ཕྲེང་བ་གྲགས་ཐོས་ནས། །ཤེས་རབ་ཡངས་པ་འདི་རྣམས་བདེ་བར་ལྷགས། །སེམས་ཅན་གཙོ་བོ་དེ་དག་མཁྱེན་པ་བཞིན། །དེ་དག་ལ་ནི་བླ་མེད་སྤྱོད་པ་ཤོད། །འདི་ལྟར་བདེ་གཤེགས་མཁྱེན་པ་བསམ་མི་ཁྱབ། །དགྲ་བཅོམ་བདག་ཉིད་ཆེན་པོ་ས་འདི་མིན། །འདི་ནི་རང་རྒྱལ་གྱི་ཡང་ཡུལ་མ་ལགས། །བདག་ཀྱང་འདྲེན་ལ་དད་པའི་རྗེས་སུ་འབྲང་། །བདག་གིས་གང་ཁྱོད་དོན་ཆེན་འདི་དྲིས་པ། །འཇིག་རྟེན་རྣམ་འདྲེན་ཁྱོད་ལ་བདག་བཟོད་གསོལ། །གང་ཕྱིར་ཁྱོད་ཀྱི་ཐུགས་ནི་སྐྱོ་མི་མངའ། །དེ་ཕྱིར་བྱང་ཆུབ་ལམ་མཆོག་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་དགེ་བའི་རྩ་བ་རྣམས་མངོན་པར་འཕགས་པ་རྣམས་ལགས། ཇི་ལྟར་ན་བསླད་པ་མ་མཆིས་ཤིང་སྤྱོད་ལམ་ཡང་མི་འཁྲུག་པ་རྣམས་ལགས། ཇི་ལྟར་ན་ཆོས་དཀར་པོ་རྣམས་རྣམ་པར་འཕེལ་


DKG059_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིད་པ་རྣམས་ལགས། ཇི་ལྟར་ན་ས་ནས་སར་འཕར་བར་བགྱིད་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་ལ་ཐབས་མཁས་པ་རྣམས་ལགས། ཇི་ལྟར་ན་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་སེམས་སྲུང་བ་རྣམས་ལགས། ཇི་ལྟར་ན་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་ལགས། ཇི་ལྟར་ན་ཆོས་རྣམས་ཡོངས་སུ་ཚོལ་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཉོན་མོངས་པ་རྣམས་འདུལ་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་འཁོར་གྱི་ནང་དུ་མཆི་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་ཆོས་རྣམ་པར་འབྱེད་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་རྒྱུའི་སྟོབས་དང་ལྡན་ཞིང་དགེ་བའི་རྩ་བ་ཆབ་མི་འཚལ་བ་རྣམས་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་བསྟན་པར་སྦྱིན་པ་དང་། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་མ་བསྟན་པར་ཤེས་པ་རྣམས་ལགས། ཇི་ལྟར་ན་བསམ་གཏན་རྣམས་ཀྱི་བདེ་བ་ལས་ལྡོག་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་རྣམས་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ལེགས་སོ་ལེགས་སོ། །ཡང་ཚངས་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་ལྟ་བུའི་དོན་དྲི་བར་སེམས་པ་ལེགས་སོ། །ཚངས་པ་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས་ཚངས་པ་ཁྱད་པར་སེམས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་


DKG059_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྙིང་རྗེ་བ་དང་། མི་སྐྱོ་བའི་བརྩོན་འགྲུས་དང་། འཁོར་བ་ལ་རྨི་ལམ་ལྟ་བུར་མོས་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་ལ་མི་མཉམ་པ་དང་མཉམ་པར་ཡོངས་སུ་འཇལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ལྷག་པའི་བསམ་པ་བརྟན་ཞིང་ཡིད་མི་སྐྱོ་བ་རྣམས་ཡིན་ནོ། །ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་མགོ་གཅིག་ཏུ་སྨྲ་ཞིང་ཚིག་གདུང་བ་མེད་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་ལ་གང་ཟག་མེད་པར་མགོ་གཅིག་ཏུ་སྨྲའོ། །བྱང་ཆུབ་སེམས་དཔའ་རྣམས་སྐྱེ་གནས་ཐམས་ཅད་ལ་དགའ་བ་མེད་པར་མགོ་གཅིག་ཏུ་སྨྲའོ། །བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་བསྔགས་པ་མགོ་གཅིག་ཏུ་སྨྲའོ། །བྱང་ཆུབ་སེམས་དཔའ་རྣམས་དགེ་བ་དང་མི་དགེ་བའི་ལས་རྣམས་ཆུད་མི་ཟ་བར་མགོ་གཅིག་ཏུ་སྨྲའོ། །ཚངས་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚིག་མགོ་གཅིག་པ་བཞིའོ། །ཚངས་པ་ཆོས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་རྩ་བ་མངོན་པར་འཕགས་པར་འགྱུར་བ་སྟེ། བཞི་གང་ཞེ་ན། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། འབྱུང་བ་སྟེ་བཞི་པོ་དེ་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་མི་སླད་ཅིང་སྤྱོད་ལམ་རྣམ་པར་འཁྲུག་པར་མི་འགྱུར་ཏེ། བཞི་གང་ཞེ་ན། རྙེད་པ་མེད་པ་དང་། སྨད་པ་མེད་པ་དང་། གྲགས་པ་མེད་པ་དང་། སྡུག་བསྔལ་བ་སྟེ། ཚངས་པ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་སླད་ཅིང་སྤྱོད་ལམ་རྣམ་པར་འཁྲུག་པར་མི་འགྱུར་རོ། །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དགེ་བའི་རྩ་བ་རྣམས་འཕེལ་བར་བྱེད་དེ། བཞི་གང་ཞེ་ན། སེམས་ཅན་རྣམས་བྱང་ཆུབ་ལ་ཡང་དག་པར་འཛུད་པ་དང་། སྦྱིན་པ་བྱིན་པ་ན་རྣམ་པར་སྨིན་པ་ལ་མི་རེ་བ་དང་། དམ་པའི་ཆོས་ཡོངས་


DKG059_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་སྟོན་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ས་ནས་སར་འཕར་ཏེ། བཞི་གང་ཞེ་ན། དགེ་བའི་རྩ་བ་བསགས་པ་དང་། ཉེས་པ་ཐམས་ཅད་རྣམ་པར་སྤང་བ་དང་། བསྔོ་བ་ལ་མཁས་པ་དང་། བརྩོན་འགྲུས་ཤིན་ཏུ་འབར་བ་དང་། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཐབས་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་གྱི་རྗེས་སུ་འཇུག་པ་དང་། གཞན་གྱི་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཉེས་པ་འཆགས་པ་དང་། སངས་རྒྱས་ཐམས་ཅད་ལ་གསོལ་བར་འདེབས་པ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་རྣམས་ལ་ཉེ་བར་སྤྱོད་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་དང་། བདག་བདེ་བ་ལ་མ་ཆགས་པ་དང་། བཟོད་ཅིང་དེས་པ་དང་། ང་རྒྱལ་བཅོམ་པ་སྟེ་བཞི་པོ་དེ་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་ཏེ་བཞི་གང་ཞེ་ན། སངས་རྒྱས་རྗེས་སུ་དྲན་པ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་བསྔགས་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་རྩེ་གཅིག་ཅིང་ཡིད་རྣམ་པར་མ་འདྲེས་པ་རྣམས་སུ་རིག་པར་བྱ་སྟེ། བཞི་གང་ཞེ་ན། ཉན་ཐོས་ཀྱི་སེམས་རྣམ་པར་སྤོང་བ་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་གཏོང་བ་དང་། ཆོས་ཡོངས་སུ་ཚོལ་བས་མི་ངོམས་པ་དང་། ཇི་ལྟར་ཐོས་པ་བཞིན་དུ་ཆོས་སྟོན་པ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་


DKG059_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཡོངས་སུ་ཚོལ་ཏེ། བཞི་གང་ཞེ་ན། རྙེད་པར་དཀའ་བའི་ཕྱིར་རིན་པོ་ཆེར་འདུ་ཤེས་པ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རྩིར་འདུ་ཤེས་པ་དང་། ཆུད་མི་ཟ་བའི་ཕྱིར་དོན་དུ་འདུ་ཤེས་པ་དང་། མྱ་ངན་ལས་འདའ་བའི་ཕྱིར་སྡུག་བསྔལ་ཐམས་ཅད་ཞི་བར་འདུ་ཤེས་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལྟུང་བ་ལས་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་། མི་འཕོ་བས་མི་འགག་པ་ལ་བཟོད་པ་དང་། རྒྱུ་ལ་སོ་སོར་རྟོག་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བཟོད་པ་དང་། གཅིག་ནས་གཅིག་ཏུ་སེམས་ཕན་ཚུན་དུ་གྱུར་པ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་རྣམ་པར་སྦྱོང་སྟེ། བཞི་གང་ཞེ་ན། ཚུལ་བཞིན་དུ་སོ་སོར་རྟོག་པ་དང་། མ་འོངས་པ་ན་སྡོམ་པ་དང་། དཀར་པོའི་ཆོས་ཀྱི་སྟོབས་བསྐྱེད་པ་དང་། རབ་ཏུ་དབེན་པར་གནས་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཁོར་གྱི་ནང་དུ་འགྲོ་སྟེ། བཞི་གང་ཞེ་ན། ཆོས་འདོད་པའི་ཕྱིར་ཏེ། ཀླན་ཀ་ཚོལ་བའི་བསམ་པས་མ་ཡིན་པ་དང་། རི་མོ་དང་བཅས་པའི་ཕྱིར་ཏེ་ང་རྒྱལ་དང་ཁེངས་པས་མ་ཡིན་པ་དང་། དགེ་བ་གང་ཡིན་པ་ཚོལ་བའི་ཕྱིར་ཏེ་བདག་སྤྱོམས་པས་མ་ཡིན་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་ལ་གཟུད་པའི་ཕྱིར་ཏེ་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་སྦྱིན་པ་རྣམ་པར་འབྱེད་དེ། བཞི་གང་ཞེ་ན། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། བདག་ཉིད་ཀྱི་ཤེས་རབ་གསལ་བར་བྱེད་པ་དང་། སྐྱེས་བུ་དམ་པའི་ལས་བྱེད་པ་དང་། ཀུན་ནས་ཉོན་མོངས་པ་དང་།


DKG059_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བྱང་བ་སྟོན་པ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱུའི་སྟོབས་དང་ལྡན་པས་དགེ་བའི་རྩ་བ་ཆུད་མི་ཟ་བ་ཡིན་ཏེ། བཞི་གང་ཞེ་ན། གཞན་གྱི་འཁྲུལ་པ་ལ་ཉེས་པར་མི་ལྟ་བ་དང་། ཁྲོས་པ་རྣམས་ལ་བྱམས་པ་སྒོམ་པ་དང་། ཆོས་རྣམས་ཀྱི་རྒྱུ་སྟོན་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་བསྟན་པར་ཤེས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྦྱིན་པ་དག་ལ་སྔོན་དུ་འགྲོ་བ་རྣམས་ཡིན། ལྟུང་བ་རྣམས་ཀྱི་ཕ་རོལ་ལ་རྩོད་པར་མི་བྱེད་པ་ཡིན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསྡུ་བའི་དངོས་པོ་ལ་མཁས་པ་ཡིན། ཆོས་རྣམས་ལ་ཟབ་མོར་མོས་པ་རྣམས་ཡིན་ཏེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་གཏན་ལ་གནས་ནས་འདོད་པའི་ཁམས་སུ་སྐྱེའོ། །བཞི་གང་ཞེ་ན། སེམས་ལས་སུ་རུང་བ་དང་། དགེ་བའི་རྩ་བ་རྣམས་ཀྱིས་སྟོབས་བསྐྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་མི་གཏོང་བ་དང་ཐབས་དང་ཤེས་རབ་སྒོམ་པ་སྟེ། བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། བཞི་གང་ཞེ་ན། འཁོར་བ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་ཅིང་རིམ་གྲོར་བྱེད་པ་དང་། བྱམས་པ་དཔག་ཏུ་མེད་པ་སྒོམ་པ་དང་། སྙིང་རྗེ་དཔག་ཏུ་མེད་པ་སྒོམ་པ་སྟེ་བཞི་པོ་འདི་དག་གོ །ཚངས་པ་ཆོས་བཞི་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དེ། བཞི་གང་ཞེ་ན། སྔར་དམ་བཅས་པ་ལས་མི་འགྱུར་བ་དང་། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། དགེ་བའི་རྩ་བ་རྣམས་ལ་ཤིན་ཏུ་མོས་པ་དང་། བསམ་པའི་ནན་ཏན་ལ་གནས་པ་སྟེ། ཚངས་པ་ཆོས་བཞི་པོ་འདི་དག་དང་ལྡན་ན་བྱང་ཆུབ་སེམས་


DKG059_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་རིགས་མི་གཅོད་དོ། །བཅོམ་ལྡན་འདས་ཀྱིས་བཞི་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན། ལྷ་དང་མིར་བཅས་པའི་སྐྱེ་དགུ་རྣམས་ལས་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་ལྷའི་མེ་ཏོག་རྣམས་ཀྱིས་པུས་མོ་ནུབ་ཙམ་དུ་ཁེབས་པར་བྱས་སོ། །དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་ཁྱོད་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་འདྲི་བ་ལ་མཁས་པ་རྣམས་ཀྱི་མཆོག་ཏུ་གསུངས་ན། དེ་ཇི་ལྟར་དྲིས་ན་བྱང་ཆུབ་སེམས་དཔའ་ཚུལ་བཞིན་དྲི་བ་ཡིན། ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་བདག་ཏུ་སྒྲོ་འདོགས་པས་འདྲི་ན་ཚུལ་བཞིན་མ་ཡིན་པས་འདྲིའོ། །གཞན་དུ་སྒྲོ་འདོགས་པས་འདྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ། །ཆོས་སུ་སྒྲོ་འདོགས་པས་འདྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ། །དྲ་བ་ཅན་གྱི་འོད་གང་ལ་བདག་ཏུ་སྒྲོ་འདོགས་པ་མེད་པ་དང་། གཞན་དུ་སྒྲོ་འདོགས་པ་མེད་པ་དང་། ཆོས་སུ་སྒྲོ་འདོགས་པ་མེད་པ་འདི་ནི་ཚུལ་བཞིན་འདྲིའོ། །གཞན་ཡང་དྲ་བ་ཅན་གྱི་འོད་བསྐྱེད་པའི་ཕྱིར་འདྲི་ན་ཚུལ་བཞིན་མ་ཡིན་པར་འདྲིའོ། །འགག་པའི་ཕྱིར་འདྲི་ན་ཚུལ་བཞིན་མ་ཡིན་པའོ། །གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་སྐྱེ་བའི་ཕྱིར་རམ། འགག་པའི་ཕྱིར་རམ། གནས་དང་གནས་མ་ཡིན་པའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་འདྲི་བའོ། །གཞན་ཡང་དྲ་བ་ཅན་གྱི་འོད་ཀུན་ནས་ཉོན་མོངས་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །རྣམ་པར་བྱང་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །འཁོར་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་


DKG059_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའོ། །འཁོར་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །དྲ་བ་ཅན་གྱི་འོད་གང་ལ་ཀུན་ནས་ཉོན་མོངས་པའི་ཕྱིར་མ་ཡིན། རྣམ་པར་བྱང་བའི་ཕྱིར་མ་ཡིན། འཁོར་བའི་ཕྱིར་མ་ཡིན། འཁོར་བ་ལས་ཤིན་ཏུ་བཟླ་བའི་ཕྱིར་མ་ཡིན། ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་འདྲི་བ་མེད་པ་དེ་ནི་ཚུལ་བཞིན་འདྲི་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་མི་འགྱུར་བ་ཉིད་ནི་ཀུན་ནས་ཉོན་མི་མོངས། རྣམ་པར་བྱང་བར་མི་འགྱུར། མི་འཁོར་ཞིང་ཡོངས་སུ་མྱ་ངན་ལས་མི་འདའོ། །གཞན་ཡང་དྲ་བ་ཅན་གྱི་འོད་འཐོབ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །མངོན་དུ་བྱ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །མངོན་པར་ཤེས་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །ཡོངས་སུ་ཤེས་པ་དང་སྒོམ་པའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །འབྲལ་བའི་ཕྱིར་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པའོ། །དྲ་བ་ཅན་གྱི་འོད་གང་ལ་ཐོགས་པ་མེད་པ་དང་། འཛིན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། ཀུན་ཏུ་རྟོག་པ་མེད་པ་དང་། མངོན་པར་ཤེས་པ་མེད་པ་དང་། གནས་མེད་པ་དང་། བསྒོམ་པ་མེད་པ་དང་། བསྒོམ་པར་ལྟ་བ་མེད་པ་དེ་ནི་ཚུལ་བཞིན་འདྲི་བའོ། །གཞན་ཡང་དྲ་བ་ཅན་གྱི་འོད་འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ། །འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདི་ནི་ཁ་ན་མ་ཐོ་བ་མེད་པའོ། །འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ། །འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ། །ཞེས་འདྲི་ན་དེ་ནི་ཚུལ་བཞིན་མ་ཡིན་པ་སྟེ། དྲ་བ་ཅན་གྱི་འོད་ཇི་ཙམ་དུ་གཉིས་སུ་འཇུག་པས་འདྲི་བ་དེ་ཙམ་དུ་ཚུལ་བཞིན་མ་ཡིན་པའོ། །དྲ་བ་ཅན་གྱི་འོད་གང་ལ་གཉིས་མེད་པ་དང་། གཉིས་མ་ཡིན་པ་མེད་པ་དང་། འདུ་ཤེས་མེད་པ་དང་། མིང་མེད་པ་དང་། སྤྱི་མི་འཇུག་པ་དེ་ནི་ཚུལ་བཞིན་འདྲི་བའོ། །གཞན་ཡང་དྲ་བ་ཅན་གྱི་འོད་སངས་རྒྱས་ཐ་དད་དུ་བྱེད་པ་དང་། ཆོས་ཐ་


DKG059_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

དད་དུ་བྱེད་པ་དང་། དགེ་འདུན་ཐ་དད་དུ་བྱེད་པ་དང་། ཞིང་ཐ་དད་དུ་བྱེད་པ་དང་། སེམས་ཅན་ཐ་དད་དུ་བྱེད་པ་དང་། ཐེག་པ་ཐ་དད་དུ་བྱེད་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ། །དྲ་བ་ཅན་གྱི་འོད་གང་ལ་ཆོས་གང་ཡང་ཐ་དད་པར་རམ། གཅིག་པར་མི་འདྲི་བ་དེ་ནི་ཚུལ་བཞིན་འདྲི་བའོ། །གཞན་ཡང་དྲ་བ་ཅན་གྱི་འོད་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ། །ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན་པའོ། །སྨྲས་པ་ཚངས་པ་ཇི་ལྟར་ན་ཆོས་ཐམས་ཅད་ནི་ཚུལ་བཞིན། ཆོས་ཐམས་ཅད་ནི་ཚུལ་བཞིན་མ་ཡིན། སྨྲས་པ། ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཆོས་ཐམས་ཅད་ནི་ཚུལ་བཞིན་ནོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ལ་སེམས་པར་ཞུགས་པ་དེ་དག་ནི་ཚུལ་བཞིན་མ་ཡིན་པའོ། །ཆོས་ཐམས་ཅད་ནི་དབེན་པའི་མཚན་ཉིད་དེ་ནི་ཚུལ་བཞིན་ནོ། །གང་དབེན་པ་ལ་མ་མོས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་ཞུགས་པའོ། །གང་ལྷག་པར་བྱེད་པ་ལ་ཞུགས་པ་དེ་དག་ནི་ལྷག་པར་བྱེད་པ་ལ་བརྩོན་པའོ། །གང་ལྷག་པར་བྱེད་པ་ལ་བརྩོན་པ་དེ་དག་ཇི་ཙམ་དུ་ལྷག་པར་བྱེད་པ་དེ་ཙམ་དུ་ཚུལ་བཞིན་དུ་མ་ཡིན་པའོ། །སྨྲས་པ་ཚངས་པ་ཆོས་རྣམས་ཀྱི་ཚུལ་གང་ཡིན། སྨྲས་པ་རིགས་ཀྱི་བུ་རང་གི་ཡུལ་དབེན་པ་འདོད་ཆགས་དང་བྲལ་བའི་མཐའ་ནི་ཆོས་རྣམས་ཀྱི་ཚུལ་ལོ། །སྨྲས་པ་ཚངས་པ་གང་ཆོས་ཐམས་ཅད་ཀྱི་ཚུལ་འདི་ཁོང་དུ་ཆུད་པའི་སེམས་ཅན་དེ་དག་ནི་ཉུང་ཞིང་འབྱུང་བར་འགྱུར་རོ། །སྨྲས་པ་རིགས་ཀྱི་བུ་འདོད་ཆགས་དང་བྲལ་བའི་མཐའ་ནི་གཅིག་པའང་མ་ཡིན། མང་པོ་ཡང་མ་ཡིན་ཏེ། དྲ་བ་ཅན་གྱི་འོད་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཆོས་རྣམས་ཀྱི་ཚུལ་བཞིན་འདི་དག་གི་རྗེས་སུ་སོང་བའམ། རྗེས་སུ་འགྲོ་བའམ། རྗེས་སུ་འགྲོ་བར་འགྱུར་བ་དེ་དག་གིས་ཆོས་གང་ཡང་མ་རྟོགས་མི་རྟོགས་རྟོགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཁོང་དུ་ཆུད་པ་མེད་པར་བཅོམ་ལྡན་འདས་ཀྱིས་ཀུན་ཤེས་པ་ལུང་བསྟན་པ་གསུངས་སོ། །གང་རྣམས་ཚུལ་བཞིན་དུ་ཆོས་བསྟན་པ་འདི་ཐོས་ནས་མོས་པར་བྱེད་པ་དེ་དག་ནི་ཇི་ལྟར་བསྟན་པར་དེ་བཞིན་དུ་རབ་ཏུ་སྦྱོར་བ་ཡིན་ཏེ། དེ་དག་ནི་ཆོས་གང་ལ་ཡང་སྤྲོས་པར་མི་བྱེད་པར་འགྱུར་རོ། །སུ་ཆོས་གང་ལ་ཡང་སྤྲོས་པར་བྱེད་པར་མི་འགྱུར་བ་དེ་དག་ནི་ཆོས་གང་ཡང་ཁོང་དུ་ཆུད་པར་མི་འགྱུར་རོ། །སུ་ཆོས་


DKG059_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་ཁོང་དུ་ཆུད་པར་མི་འགྱུར་བ་དེ་དག་ནི་འཁོར་བར་འགྲོ་བ་ཡང་མ་ཡིན། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མ་དམིགས། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་དམིགས་པའི་ཕྱིར་རོ། །སྨྲས་པ་བཅོམ་ལྡན་འདས་ཀྱིས་འཁོར་བ་ལས་བཟླ་བའི་ཕྱིར་ཆོས་མ་བཤད་དམ། སྨྲས་པ་བཅོམ་ལྡན་འདས་ཀྱིས་གང་འཁོར་བ་ལས་འདའ་བའི་ཆོས་གང་ཡང་མ་བསྟན་ཏམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱིས་འཁོར་བ་ཡང་མི་སེལ། མྱ་ངན་ལས་འདས་པ་ཡང་ཐོབ་པར་མི་བྱེད་མོད་ཀྱི། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་འདུ་ཤེས་པ་ལས་མྱ་ངན་ལས་འདའ་བར་སྟོན་ཏེ། འདི་ལ་གང་ཡང་འཁོར་བ་ལས་འདའ་བར་ཡང་མི་བྱེད། ཡོངས་སུ་མྱ་ངན་ལས་འདས་པ་ཡང་འཐོབ་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཉམ་པ་ཉིད་ནི་མི་འཁོར། མྱ་ངན་ལས་མི་འདའོ། །ཀུན་ནས་ཉོན་མི་མོངས། རྣམ་པར་བྱང་བར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚངས་པ་ལེགས་སོ་ལེགས་སོ། །ཚངས་པ་ཅི་སྟེ་བཤད་པར་བྱ་ན་དེ་སྐད་བཤད་པར་བྱའོ། །ཚུལ་བཞིན་དུ་ཆོས་བསྟན་པ་འདི་བསྟན་པ་ན་དགེ་སློང་ཉིས་སྟོང་རྣམས་ཟག་པ་ལས་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ངས་འཁོར་བ་དང་མྱ་ངན་ལས་འདས་པ་མ་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་འཁོར་བར་འདོགས་ཀྱང་འདི་ལ་གང་ཡང་འཁོར་བ་མེད་དོ། །མྱ་ངན་ལས་འདས་པར་སྟོན་ཀྱང་འདི་ལ་གང་ཡང་ཡོངས་སུ་མྱ་ངན་ལས་མི་འདའོ། །ཚངས་པ་གང་རྣམས་ཚུལ་འདི་ལ་ཞུགས་པ་དེ་དག་ནི་འཁོར་བའི་ཆོས་ཅན་ཡང་མ་ཡིན། ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ཡིན་ནོ། །དེ་ནས་འཁོར་


DKG059_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ནང་ནས་དགེ་སློང་ལྔ་བརྒྱ་བསྟན་པ་འདི་ཐོས་པ་དང་། སྟན་ལས་ལངས་ཏེ་དོང་ངོ་། །ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། གལ་ཏེ་འདི་ལ་གང་ཡང་མི་འཁོར། གལ་ཏེ་གང་ཡང་ཡོངས་སུ་མྱ་ངན་ལས་མི་འདའ་ན། བདག་ཅག་ཚངས་པར་སྤྱོད་པ་ལ་གནས་པ་ཡང་དོན་མེད་དོ། །བདག་ཅག་ལམ་སྒོམ་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཡང་ཅི་དགོས་ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ལ་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དག་ཆོས་གང་ལ་སྐྱེ་བའམ། འགག་པར་འཚལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ། །བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་ཡང་འཁོར་བ་ལས་འདའ་བ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་ཞེས་བགྱི་བ་ནི་གང་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོ་བ་ཐམས་ཅད་མ་མཆིས་པར་གྱུར་པ་ལགས་ན་བཅོམ་ལྡན་འདས་སྐྱེས་བུ་བླུན་པོ་འདི་དག་ལེགས་པར་བཤད་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མུ་སྟེགས་ཅན་གྱི་ལྟ་བར་ལྷུང་སྟེ། མྱ་ངན་ལས་འདས་པར་དངོས་པོར་ཚོལ་ལོ། །འདི་ལྟ་སྟེ། བཅོམ་ལྡན་འདས་ཏིལ་ལས་ཏིལ་མར་དང་། འོ་མ་ལས་མར་བཞིན་དུ་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པ་ལ་གང་རྣམས་མྱ་ངན་ལས་འདས་པ་ལ་དངོས་པོར་ཚོལ་བ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ང་རྒྱལ་ཅན་ཞེས་བདག་མཆིའོ། །བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པའི་ཆོས་གང་ལ་ཡང་སྐྱེ་བའམ་འགག་པར་མི་མཐོང་། ཆོས་གང་ལའང་འཐོབ་པའམ། མངོན་པར་རྟོགས་པར་མི་འཚལ་ལོ། །དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་དགེ་སློང་ལྔ་བརྒྱ་འཁོར་འདི་ནས་སྟན་ལས་ལངས་ཏེ། དོང་བ་འདི་དག་ཅི་ནས་ཀྱང་ཆོས་འདུལ་བ་ལ་འཇུག་པ་དང་། མོས་པར་འགྱུར་བ་དང་། སྡིག་པའི་ལྟ་བར་འགྱུར་བ་དེ་ལས་རྣམ་པར་གྲོལ་བར་སྟོན་ཅིག །སྨྲས་པ། རིགས་ཀྱི་བུ་འདོད་ལ་རག་གོ །འདོད་ལ་རག་གོ །


DKG059_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་དོང་ཡང་བསྟན་པ་འདི་ལས་མི་ཐར་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་བྱིས་པའི་རང་བཞིན་ཅན་ནམ་མཁས་འཇིགས་ཤིང་སྐྲག་སྟེ་བྲོས་ཀྱང་དེ་ག་ལས་གར་སོང་བ་དེ་དང་དེ་དག་ཏུ་ནམ་མཁའ་མཐོང་ངོ་། །དེ་བཞིན་དུ་དགེ་སློང་འདི་དག་ཇི་སྲིད་དུ་རིང་དུ་སོང་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་ལས་མ་འདས་སོ། །འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཞན་ཞིག་ནམ་མཁའ་རྙེད་པར་བྱའོ། །ཞེས་ནམ་མཁའ་ཚོལ་ཏེ། ཕྱོགས་དང་ཕྱོགས་མཚམས་སུ་རྒྱུག་ཅིང་ཇི་ཙམ་ནས་ནམ་མཁའི་མིང་ནས་བརྗོད་ཀྱང་ནམ་མཁའ་མི་རྙེད་དོ། །དེ་ནམ་མཁའ་དེ་ཉིད་ཀྱི་ནང་ནས་འགྲོ་ཡང་དེ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གང་ནམ་མཁའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ། །རིགས་ཀྱི་བུ་དེ་བཞིན་དུ་དགེ་སློང་འདི་དག་ཀྱང་མྱ་ངན་ལས་འདས་པ་དངོས་པོར་ཚོལ་ཏེ། མྱ་ངན་ལས་འདས་པ་དེ་ཉིད་ལ་རྣམ་པར་སྤྱོད་ཀྱང་དེ་མི་མཐོང་ཁོང་དུ་མི་ཆུད་དོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་གང་མྱ་ངན་ལས་འདས་པ་ཞེས་བྱ་བ་དེ་ནི་མིང་ཙམ་མོ། །ཇི་ལྟར་ནམ་མཁའ་ནམ་མཁའ་ཞེས་བརྗོད་ཀྱང་གཟུང་དུ་མེད་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བརྗོད་པ་ཡང་གཟུང་དུ་མེད་པའོ། །དེ་ནས་དགེ་སློང་ལྔ་བརྒྱ་པོ་དེ་དག་བཤད་པ་འདི་ཐོས་ནས་ཟག་པ་ལས་ལེན་པ་མེད་པར་སེམས་རྣམ་པར་གྲོལ་ཏེ། མངོན་པར་ཤེས་པ་ཐོབ་པ་དེ་དག་གིས་ཚིག་སྨྲས་པ། བཅོམ་ལྡན་འདས་གང་རྣམས་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པ་ལ་མྱ་ངན་ལས་འདས་པ་དངོས་པོར་ཚོལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ། །བཅོམ་ལྡན་འདས་བདག་ཅག་ནི་སོ་སོ་སྐྱེ་བོ་ཡང་མ་ལགས། སློབ་པ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས། འཁོར་བའི་ཆོས་ཅན་ཡང་མ་ལགས། མྱ་ངན་ལས་འདས་པའི་ཆོས་ཅན་ཡང་མ་ལགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སངས་རྒྱས་འབྱུང་བ་ནི་བྱེད་པ་དང་། སེམས་དང་གཡོ་བ་དང་། སྤྲོས་པ་ཐམས་ཅད་མ་མཆིས་པའོ། །དེ་ནས་ཚེ་དང་ལྡན་པ་


DKG059_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུས་དགེ་སློང་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་གིས་དགེ་སྦྱོང་ཉིད་ཁོང་དུ་ཆུད་དོ། །རང་གི་དོན་བྱས་སོ། །དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ། །མི་བྱ་བ་བྱས་སོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་དག་ཇི་ལས་བསམས་ཏེ་དེ་སྐད་སྟོན། དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་ཀུན་ནས་ཉོན་མོངས་པ་ཡོངས་སུ་ཤེས་པའི་ཕྱིར་དགེ་སྦྱོང་ཉིད་དོ། །བཙུན་པ་ཤཱ་རིའི་བུ་མི་བྱ་བ་ནི་མྱ་ངན་ལས་འདས་པ་ཡིན་ཏེ། འདི་ལ་བསམ་ནས་བདག་ཅག་གིས་ཀུན་ནས་ཉོན་མོངས་པ་ཁོང་དུ་ཆུད་དོ། །མི་བྱ་བ་བྱས་སོ་ཞེས་སྟོན་ཏོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རྣམས་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་རྣམས་ནི་སྦྱིན་གནས་ཀྱི་སར་གནས་པ་ཡིན་ནོ། །དེ་དག་གིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་སྟོན་པ་གང་ཡིན་པ་འདི་ཉིད་ཀྱང་སྦྱིན་པ་མི་སྦྱོང་ན་བདག་ཅག་གིས་ལྟ་ཇི་ལྟར་སྦྱངས། སྨྲས་པ་ཅིའི་ཕྱིར་སྨྲས་པ། བཙུན་པ་ཤཱ་རིའི་བུས་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་རང་བཞིན་གྱིས་ཡོངས་སུ་མཁྱེན་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་གང་དག་སྦྱིན་གནས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་གང་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱི་མི་འཕྲོགས་པ་རྣམས་སོ། །གསོལ་པ་འཇིག་རྟེན་ན་སྦྱིན་པ་སྤྱོད་པ་གང་དག་ལགས། བཀའ་སྩལ་པ། གང་དག་ཆོས་གང་ཡང་ཡོངས་སུ་མི་འཛིན་པ་རྣམས་སོ། །གསོལ་པ་འཇིག་རྟེན་ན་བསོད་ནམས་ཀྱི་ཞིང་གང་དག་ལགས། བཀའ་སྩལ་པ། གང་དག་བྱང་ཆུབ་ཀྱི་སེམས་ཆུད་མི་གཟོན་པ་རྣམས་སོ། །གསོལ་པ། དགེ་བའི་བཤེས་གཉེན་གང་ལགས། བཀའ་སྩལ་པ། གང་དག་གིས་སེམས་ཅན་ཐམས་ཅད་ལ་བྱམས་པ་ཡོངས་སུ་མ་བཏང་བ་རྣམས་སོ། །གསོལ་པ། དེ་བཞིན་གཤེགས་པ་ལ་བགྱིས་པ་གཟོ་བ་གང་དག་ལགས། བཀའ་སྩལ་པ། གང་དག་སངས་རྒྱས་ཀྱི་རིགས་མི་གཅོད་པ་རྣམས་སོ། །གསོལ་པ། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིད་


DKG059_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་དག་ལགས། བཀའ་སྩལ་པ། གང་དག་མི་སྐྱེ་བའི་མཐའ་རྟོགས་པ་ལགས་སོ། །གསོལ་པ། དེ་བཞིན་གཤེགས་པ་དང་ཉེ་བར་གནས་པ་གང་དག་ལགས། བཀའ་སྩལ་པ། གང་དག་སྲོག་གི་ཕྱིར་ཡང་བསླབ་པ་མི་འདྲལ་བ་རྣམས་སོ། །གསོལ་པ། དེ་བཞིན་གཤེགས་པ་ལ་རི་མོ་དང་བཅས་པ་གང་དག་ལགས། བཀའ་སྩལ་པ། གང་དབང་པོ་རབ་ཏུ་བསྡམས་ཏེ་གནས་པ་རྣམས་སོ། །གསོལ་པ། འཇིག་རྟེན་ན་ནོར་ཆེ་བ་གང་དག་ལགས། བཀའ་སྩལ་པ། གང་དག་ནོར་བདུན་དང་ལྡན་པ་རྣམས་སོ། །གསོལ་པ། འཇིག་རྟེན་ན་མཆོག་འཚལ་བ་གང་དག་ལགས། བཀའ་སྩལ་པ། འཇིག་རྟེན་ན་གང་དག་ལ་ཤེས་རབ་བླ་ན་མེད་པ་ཡོད་པ་རྣམས་སོ། །གསོལ་པ། རབ་ཏུ་དབེན་པ་གང་དག་ལགས། བཀའ་སྩལ་པ། གང་དག་ཁམས་གསུམ་དུ་སྨོན་པ་མེད་པ་རྣམས་སོ། །གསོལ་པ། འཇིག་རྟེན་ན་ཤིན་ཏུ་བསྡམས་པ་གང་དག་ལགས། བཀའ་སྩལ་པ། གང་ཀུན་ཏུ་སྦྱོར་བ་ཐམས་ཅད་ཤིན་ཏུ་བྱང་བ་རྣམས་སོ། །གསོལ་པ། འཇིག་རྟེན་ན་བདེ་བ་རྣམས་གང་དག་ལགས། བཀའ་སྩལ་པ། གང་རྣམས་ལ་ཡོངས་སུ་འཛིན་པ་མེད་པའོ། །གསོལ་པ། ཡོངས་སུ་མི་འཛིན་པ་གང་དག་ལགས། བཀའ་སྩལ་པ། གང་དག་གི་ཕུང་པོ་ཡོངས་སུ་ཤེས་པའོ། །གསོལ་པ། ཕ་རོལ་ཏུ་མཆིས་པ་གང་དག་ལགས། བཀའ་སྩལ་པ། གང་གིས་སྐྱེ་མཆེད་དྲུག་སྤངས་པ་རྣམས་སོ། །གསོལ་པ། བཅོམ་ལྡན་འདས་འགྲམ་དུ་ཕྱིན་པ་རྣམས་གང་དག་ལགས། བཀའ་སྩལ་པ། ཚངས་པ་གང་གིས་མཉམ་པ་ཉིད་ཐོབ་པ་རྣམས་སོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་རྒྱས་པ་ལགས། བཀའ་སྩལ་པ། ནམ་སེམས་ཅན་ཐམས་ཅད་ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་བྱེད་པའོ། །གསོལ་པ་ཇི་ལྟར་ན། ཚུལ་ཁྲིམས་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་མི་འདོར་བའོ། །གསོལ་པ། ཇི་ལྟར་ན་བཟོད་པ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་མི་


DKG059_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པར་མཐོང་བ་རྣམས་སོ། །གསོལ་པ། ཇི་ལྟར་ན་བརྩོན་འགྲུས་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་ལ་བརྟགས་ནས་མི་དམིགས་པའོ། །གསོལ་པ། ཇི་ལྟར་ན་བསམ་གཏན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཐམས་ཅད་མཁྱེན་པའི་སེམས་རང་བཞིན་གྱིས་ཞི་བར་རབ་ཏུ་རྟོགས་པའོ། །གསོལ་པ། ཇི་ལྟར་ན་ཤེས་རབ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་ལ་སྤྲོས་པར་མི་བྱེད་པའོ། །གསོལ་པ། ཇི་ལྟར་ན་བྱམས་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་སེམས་ཅན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ། །གསོལ་པ། ཇི་ལྟར་ན་སྙིང་རྗེ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་ལ་འདུ་ཤེས་འཇུག་པར་མི་བྱེད་པའོ། །གསོལ་པ། ཇི་ལྟར་ན་དགའ་བ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་བདག་ཏུ་འདུ་ཤེས་འཇུག་པར་མི་བྱེད་དོ། །གསོལ་པ། ཇི་ལྟར་ན་བཏང་སྙོམས་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་བདག་དང་གཞན་དུ་འདུ་ཤེས་འཇུག་པར་མི་བྱེད་པའོ། །གསོལ་པ། ཇི་ལྟར་ན་དད་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་ཆོས་ཐམས་ཅད་བརྗོད་དུ་མེད་པར་མོས་པའོ། །གསོལ་པ། ཇི་ལྟར་ན་ཐོས་པ་ལ་གནས་པ་རྣམས་ལགས། བཀའ་སྩལ་པ། ནམ་སྒྲ་ཐམས་ཅད་ལ་མངོན་པར་མི་ཆགས་པའོ། །གསོལ་པ། ཇི་ལྟར་ན་ངོ་ཚ་འཚལ་བ་དང་ལྡན་པ་རྣམས་ལགས། བཀའ་སྩལ་པ། ནང་ཡོངས་སུ་ཤེས་པས་སོ། །གསོལ་པ། ཇི་ལྟར་ན་ཁྲེལ་མཆིས་པ་ཕུན་སུམ་ཚོགས་པ་རྣམས་ལགས། བཀའ་སྩལ་པ། ཕྱི་རོལ་གྱི་སྐྱེ་མཆེད་འདོར་བས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཇི་ལྟར་ན་ཡོན་ཏན་ཐམས་ཅད་ཚོགས་ཤིང་ཀུན་ཏུ་འགྲོ་བ་རྣམས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་དང་། ངག་དང་། ཡིད་ཀྱི་ལས་ཡོངས་སུ་དག་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ལུས་ནི་རྣམ་པར་དག་ཅིང་སྡིག་པ་མི་བྱེད་དེ། །ངག་ཀྱང་རྣམ་པར་དག་པས་རྟག་ཏུ་རྫུན་རྣམས་སྤངས། །ཡིད་ཀྱང་གཙང་


DKG059_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྟག་ཏུ་བསམ་པ་དྲི་མ་མེད། །དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་གསུངས། །མི་སྡུག་སྒོམ་ཞིང་འདོད་ཆགས་ཀྱིས་ཀྱང་ཆགས་པ་མེད། །བྱམས་ལ་གནས་ཤིང་ཞེ་སྡང་གིས་ནི་གཏུམ་པ་མེད། །ཤེས་རབ་དག་ལ་གནས་ཤིང་གཏི་མུག་བླུན་མ་ཡིན། །མཁས་པ་རྣམས་ནི་དེ་ལ་ཀུན་ཏུ་འགྲོ་བར་གསུངས། །དེ་ནི་གྲོང་དུ་ཅི་བཞིན་དེ་བཞིན་སྒོམ་པ་ཡང་། །དགོན་པ་དང་ནི་གྲོང་དང་འཁོར་དུ་དེ་འདྲ་བར། །དེ་ནི་སྤྱོད་ལམ་རྣམ་པར་འགྱུར་བ་མི་བྱེད་དེ། །དེ་ཕྱིར་རྒྱལ་བས་དེ་ལ་ཀུན་ཏུ་འགྲོ་བར་བརྗོད། །རྒྱལ་བ་ཀུན་གྱི་ཆོས་ཉིད་ལ་ནི་དེ་མོས་ཏེ། །མཁས་པས་ཆོས་ཉིད་ལ་ཡང་འདོད་ཆགས་བྲལ་བ་དང་། །དགེ་འདུན་ལ་ཡང་འདུས་མ་བྱས་པར་ཤིན་ཏུ་མོས། །དེ་ཕྱིར་རྒྱལ་བ་རྣམས་ཀྱིས་ཀུན་ཏུ་འགྲོ་བར་གསུངས། །འདོད་ཆགས་མོས་པ་དག་གི་སྤྱོད་པ་རབ་ཏུ་ཤེས། །ཞེ་སྡང་མོས་པ་རྣམས་དང་དེ་བཞིན་གཏི་མུག་དང་། །སྤྱོད་པ་རྣམ་པར་འགྱུར་བ་ལ་ཡང་དེ་མཁས་ཏེ། །དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན། །འདོད་པའི་ཁམས་ལ་ཤིན་ཏུ་གནས་པར་མི་བྱེད་དེ། །གཟུགས་ཀྱི་ཁམས་ལ་ཡང་ནི་གནས་པར་མི་འགྱུར་རོ། །དེ་ནི་གཟུགས་མེད་པ་ཡི་ཁམས་ལ་མི་གནས་ཏེ། །དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བརྗོད། །རྟག་ཏུ་མཚན་མ་དང་ནི་སྨོན་པས་གསོག་གྱུར་དང་། །དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་དེ་མོས་ཏེ། །ཟག་པ་རྣམས་ནི་བར་དུ་ཟད་པར་མི་བྱེད་དེ། །དེ་ཕྱིར་དེ་ནི་རྒྱལ་བས་ཀུན་ཏུ་འགྲོ་བར་བསྟན། །དེ་ནི་རང་རྒྱལ་ཐེག་པ་ལ་ཡང་མཁས་པ་ཡིན། །སྒྲ་ཕྱིར་འབྲང་བ་ཉན་ཐོས་འགྱུར་བའང་དེ་ཡིས་ཤེས། །རྫོགས་པའི་སངས་རྒྱས་ཐེག་པའི་ཕ་རོལ་སོང་བ་ཡིན། །དེ་ཕྱིར་བདེ་བར་གཤེགས་པས་ཀུན་ཏུ་འགྲོ་བར་བརྗོད། །དེ་དག་རྟག་པར་ཀུན་ཏུ་བློ་གྲོས་དྲི་མ་མེད། །དེ་དག་ཚུལ་དང་ཚུལ་མ་ཡིན་ལ་མི་རྨོངས་ཏེ། །མཛའ་བ་དང་ནི་མི་མཛའ་བ་ལ་མཉམ་པའི་ཡིད། །དེ་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་ཏུ་འགྲོ་བ་ཡིན། །འདས་པ་དག་གི་ཆོས་ལའང་རྣམ་པར་མི་རྟོག་ཅིང་། །མ་འོངས་པ་དང་ད་ལྟར་གྱི་ལའང་དེ་བཞིན་ཏེ། །ཐམས་ཅད་དུ་ཡང་དཔའ་བོ་རྣམ་པར་མི་རྟོག་སྤྱོད། །དེ་ཕྱིར་སེམས་ཅན་དག་པ་ཀུན་ཏུ་འགྲོ་བའོ།། །།བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་


DKG059_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་རྣམས་ལས་ཤིན་ཏུ་འདའ། འཇིག་རྟེན་གྱི་ཆོས་ཀྱི་ནང་ནའང་གདའ་ལ་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཀྱང་མི་གོས། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པ་ཡང་རབ་ཏུ་འཚལ་ལ་འཇིག་རྟེན་གྱི་ཆོས་ཀྱི་འཇུག་པར་ཡང་མི་མཆི། འཇིག་རྟེན་གྱི་ཆོས་ཀྱི་འཇུག་པས་ཀྱང་སེམས་ཅན་རྣམས་འཇིག་རྟེན་གྱི་ཆོས་ལས་ཡོངས་སུ་ཐར་བར་བགྱིད། འཇིག་རྟེན་གྱི་ཆོས་ཀྱི་མཉམ་པ་ཉིད་ཀྱང་ཐོབ་ལ་འཇིག་རྟེན་ན་ཡང་རྣམ་པར་སྤྱོད་ཅིང་འཇིག་རྟེན་གྱི་ཆོས་རྣམས་ཀྱང་རྣམ་པར་འཇིག་པར་མི་བགྱིད་པ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚིགས་སུ་བཅད་པ་དག་གིས་སླར་བཀའ་སྩལ་པ། འཇིག་རྟེན་ཕུང་པོར་ངས་བཤད་དེ། །འཇིག་རྟེན་དག་ནི་འདི་ལ་གནས། །འདི་ལ་གནས་པར་མ་བྱས་ན། །འཇིག་རྟེན་ཆོས་ལས་རྣམ་པར་གྲོལ། །བྱང་ཆུབ་སེམས་དཔའ་མཁས་པ་དེར། །འཇིག་རྟེན་རང་བཞིན་ཉིད་ཤེས་ནས། །ཕུང་པོ་རྣམས་དང་རབ་ལྡན་ཡང་། །འཇིག་རྟེན་ཆོས་དང་ལྡན་པ་ཡི། །རྙེད་པ་དང་ནི་མ་རྙེད་དང་། །དེ་བཞིན་གྲགས་དང་མ་གྲགས་དང་། །བསྟོད་སྨད་བདེ་དང་སྡུག་བསྔལ་དང་། །དེ་དག་གིས་ནི་འཇིག་རྟེན་སྐྱོང་། །ཤེས་རབ་ཆེན་པོ་བརྟེན་དེ་རྣམས། །འཇིག་རྟེན་ཆོས་རྣམས་རབ་རྟོགས་ཤིང་། །འཇིག་རྟེན་འཇིག་པ་མཐོང་ནས་ནི། །འདི་དག་ལ་ཡང་གཡོ་མི་འགྱུར། །རྙེད་པས་ཐོས་པར་མི་སེམས་ཏེ། །མ་རྙེད་པས་ཀྱང་ངོམས་པ་མེད། །རི་རབ་བཞིན་དུ་མཐུ་བརྟན་པ། །རྣམ་པ་ཀུན་ཏུ་གནོད་མི་འགྱུར། །དེ་བཞིན་གྲགས་དང་མ་གྲགས་ཀྱང་། །རྟག་ཏུ་མཚུངས་པར་འགྱུར་བ་ཡིན། །བདེ་དང་སྡུག་བསྔལ་བསྟོད་སྨད་ལ། །མཉམ་པ་ཉིད་དུ་གནས་པར་འགྱུར། །འཇིག་རྟེན་འདི་ནི་གཉིས་ལས་བྱུང་། །ཕྱིན་ཅི་ལོག་ལས་ཀུན་ཏུ་ལངས། །དེ་ཕྱིར་འཇིག་རྟེན་འགྲོ་རྟོགས་ནས། །མཁས་པ་རྣམས་ནི་འགྲོ་མེད་འགྲོ། །འཇིག་རྟེན་འདི་འགྲོ་གང་ཡིན་པ། །འགྲོ་བ་དེ་ནི་དེ་དག་ཤེས། །དེ་ཕྱིར་འཇིག་རྟེན་འགྲོར་ཞུགས་ནས། །མི་བདེ་བ་ལས་སྐྱེ་བོ་འགྲོལ། །དཔའ་བོ་དེ་དག་འཇིག་རྟེན་སྤྱོད། །པད་མོ་བཞིན་དུ་ཆགས་པ་མེད། །


DKG059_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་དབྱིངས་ལ་རབ་གནས་ནས། །འཇིག་རྟེན་དག་ཀྱང་འཇིག་མི་བྱེད། །འཇིག་རྟེན་ཆོས་ཉིད་མི་ཤེས་པར། །འཇིག་རྟེན་གང་ལ་སྤྱོད་པ་ཡང་། །འཇིག་རྟེན་མཚན་ཉིད་ཤེས་ནས་ནི། །མཁས་པ་དེ་དག་ཉིད་ན་སྤྱོད། །འཇིག་རྟེན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །དེ་དག་དེ་ཡི་འགྲོ་རིག་ནས། །འཇིག་རྟེན་ཆོས་ཀྱིས་གོས་པ་མེད། །ཇི་ལྟར་འཇིག་རྟེན་རབ་ཤེས་པ། །དེ་བཞིན་སྲོག་ཆགས་རྣམས་ལ་སྨྲ། །ཆོས་ཀྱི་རང་བཞིན་ཤེས་ནས་ནི། །འཇིག་རྟེན་དག་ཀྱང་འཇིག་མི་བྱེད། །ཕུང་པོ་རྣམས་ལ་རང་བཞིན་མེད། །འདི་ནི་འཇིག་རྟེན་ཆོས་ཉིད་དོ། །གང་རྣམས་དེ་ལྟར་མི་ཤེས་པ། །དེ་དག་རྟག་ཏུ་འཇིག་རྟེན་གནས། །མ་སྐྱེས་པ་དང་མ་བྱུང་བར། །གང་གི་ཕུང་པོ་ཀུན་ཤེས་པ། །དེ་དག་འཇིག་རྟེན་སྤྱོད་འགྱུར་ཡང་། །འཇིག་རྟེན་འདི་ལའང་མི་གནས་སོ། །འཇིག་རྟེན་ཆོས་རྣམས་མི་ཤེས་ཤིང་། །འདུ་ཤེས་གཉིས་ལ་གང་གནས་པ། །འདི་བདེན་འདི་ནི་བརྫུན་ནོ་ཞེས། །མི་མཁས་དེ་དག་རྩོད་པར་འགྱུར། །འདི་ལྟར་འཇིག་རྟེན་ཆོས་རྣམས་ཀྱི། །ཡང་དག་ཆོས་ཉིད་ངས་ཤེས་པས། །ང་ནི་འཇིག་རྟེན་རྣམས་དང་ཡང་། །ནམས་ཀྱང་རྩོད་པར་མི་བྱེད་དོ། །རྩོད་པ་མེད་པའི་ཆོས་འདི་ནི། །སངས་རྒྱས་ཀུན་གྱིས་བཤད་པ་སྟེ། །འཇིག་རྟེན་མཉམ་པ་ཉིད་ཤེས་ན། །འདི་ལ་བདེན་པའམ་བརྫུན་པ་མེད། །བརྫུན་པའམ་ཡང་ན་བདེན་པ་ཞིག །བསྟན་པ་ལ་ནི་རྙེད་གྱུར་ན། །མཐར་འཛིན་པར་ནི་ང་འགྱུར་ཏེ། །མུ་སྟེགས་ཅན་དང་ཁྱད་པར་མེད། །གང་ཕྱིར་ཆོས་རྣམས་ཡང་དག་མིན། །བདེན་པ་དང་ནི་བརྫུན་པ་མེད། །དེ་ཕྱིར་འཇིག་རྟེན་འདས་པའི་ཆོས། །ངས་འདི་གཉིས་སུ་མེད་པར་བཤད། །འཇིག་རྟེན་ཆོས་ཉིད་ཇི་ལྟ་བར། །གང་གི་འཇིག་རྟེན་འདི་ཤེས་པ། །མཁས་པ་དེ་དག་བདེན་པ་འམ། །བརྫུན་པའི་ལྟ་བའང་མི་འཛིན་ཏོ། །ནམ་མཁའ་ལྟ་བུར་རྣམ་དག་པར། །གང་གི་འཇིག་རྟེན་འདི་ཤེས་པ། །གྲགས་པ་ཆེན་པོའི་འཇིག་རྟེན་གྱི། །སྣང་བ་ལྟ་བུར་གྱུར་པ་ཡིན། །ང་ཉིད་ཀྱིས་ནི་མཐོང་བ་ལྟར། །དེ་ལྟར་གང་གིས་འཇིག་རྟེན་མཐོང་། །ཕྱོགས་དང་ཕྱོགས་མཚམས་


DKG059_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

གང་བཞུགས་པ། །རྫོགས་པའི་སངས་རྒྱས་དེ་དག་གཟིགས། །ཆོས་རྣམས་ངོ་བོ་ཉིད་མེད་པར། །བརྟེན་པའི་ཆོས་རྣམས་རབ་ཏུ་ཤེས། །གང་རྣམས་བརྟེན་པ་ཤེས་པ་ནི། །དེ་དག་ཆོས་ཉིད་ཤེས་པ་ཡིན། །གང་རྣམས་ཆོས་ཉིད་རབ་ཤེས་པ། །དེ་དག་སྟོང་པ་ཉིད་དེ་ཤེས། །གང་རྣམས་སྟོང་ཉིད་རབ་ཤེས་པ། །དེ་ཡི་འདྲེན་པ་དེ་རྣམས་མཐོང་། །གང་རྣམས་འཇིག་རྟེན་བསྟན་པ་འདི། །རྣ་ལམ་གྲགས་པར་འགྱུར་བ་ནི། །དེ་དག་འཇིག་རྟེན་སྤྱོད་མོད་ཀྱི། །འཇིག་རྟེན་འདི་ལ་གནས་མ་ཡིན། །ལྟ་ལ་གནས་པ་གང་སུ་དག །གཞན་གྱི་ས་ནི་འདི་མ་ཡིན། །འཇིག་རྟེན་དུ་ནི་སྤྱོད་བྱེད་ཀྱང་། །འཇིག་རྟེན་འདི་ལ་གནས་པ་མེད། །སངས་རྒྱས་མྱ་ངན་འདས་ནས་ཀྱང་། །གང་རྣམས་བཟོད་པ་འདིར་མོས་པ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །རྫོགས་པའི་སངས་རྒྱས་དེ་ལ་བཞུགས། །གང་གིས་ཚུལ་འདི་ཤེས་པ་ནི། །དེས་ནི་ང་ཡི་ཆོས་བཟུང་སྟེ། །དེ་ཡིས་ང་ལ་རྟག་ཏུ་མཆོད། །དེ་དག་འཇིག་རྟེན་སྟོན་པའོ། །གང་ཞིག་འཇིག་རྟེན་བསྟན་པ་འདི། །རྣ་ལམ་གྲགས་པར་གྱུར་པ་ནི། །སྡིག་ཅན་བདུད་ཀྱིས་དེ་དག་ལ། །གླགས་ཀྱང་རྙེད་པར་མི་འགྱུར་རོ། །གང་གིས་རྣམ་པ་འདི་ཤེས་པ། །དེ་དག་ཕྱུག་ཅིང་ལོངས་སྤྱོད་ཆེ། །དེ་དག་སྦྱིན་ལ་རྟག་པར་དགའ། །དེ་དག་ཚུལ་ཁྲིམས་ཕུན་སུམ་ཚོགས། །གང་གིས་འཇིག་རྟེན་འདི་ཤེས་པ། །དེ་དག་བཟོད་པའི་སྟོབས་ལྡན་པ། །དེ་དག་བརྩོན་འགྲུས་རྟོགས་པར་རིགས། །མཁས་པ་དེ་དག་བསམ་གཏན་དགའ། །གང་གིས་རྣམ་པ་འདི་ཤེས་པ། །དེ་དག་ཏིང་འཛིན་ཕུན་སུམ་ཚོགས། །དེ་དག་ཉེ་བར་ཞི་ལ་དགའ། །བསྟན་པ་དེ་དག་ཤེས་རབ་འཕགས། །གང་ན་འདི་འདྲ་གྲགས་པ་ཡི། །ཕྱོགས་དེ་སངས་རྒྱས་སྟོངས་མ་ཡིན། །སེམས་དཔའ་ཆེན་པོ་རིང་མི་ཐོགས། །བྱང་ཆུབ་སྙིང་པོར་འགྲོ་བར་འགྱུར། །གང་རྣམས་འཇིག་རྟེན་བསྟན་པ་འདི། །རྣ་ལམ་གྲགས་པར་འགྱུར་བ་དག །གཡོན་ཅན་བདུད་རྣམས་བཅོམ་ནས་ནི། །བྱང་ཆུབ་མཆོག་ཏུ་རྫོགས་འཚང་རྒྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཡུལ་ལས་འདས་པས་


DKG059_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགོག་པ་དང་། འཇིག་རྟེན་འགོག་པར་འགྲོ་བའི་ལམ་དུ་ཡང་འདོགས་སོ། །ཚངས་པ་དེ་ལ་འཇིག་རྟེན་ཞེས་བྱ་བ་ནི་ཕུང་པོ་ལྔ་རྣམས་སོ། །གང་དེ་ལ་ཆགས་པ་དེ་ནི་འཇིག་རྟེན་ཀུན་འབྱུང་བའོ། །གང་ཕུང་པོ་རྣམས་ཀྱི་ཟད་པ་དང་འགག་པ་དེ་ནི་འཇིག་རྟེན་འགག་པའོ། །གང་ཕུང་པོ་རྣམས་ཚོལ་བ་དང་མི་ཚོལ་བ་གཉིས་སུ་མེད་པ་དེ་ནི་ལམ་མོ། །གཞན་ཡང་ཚངས་པ་ཕུང་པོ་རྣམས་ཕུང་པོ་རྣམས་ཞེས་ཐ་དད་དུ་འདོགས་པ་ལ། གང་སྨྲ་བ་དང་། སྨྲ་བར་ལྟ་བ་འདི་ནི་འཇིག་རྟེན་ནོ། །གང་ལྟ་བ་དེའི་རྗེས་སུ་འབྲང་བ་འདི་ནི་འཇིག་རྟེན་ཀུན་འབྱུང་བའོ། །གང་ལྟ་བ་དེ་ཇི་ལྟ་བ་བཞིན་དུ་མཚན་ཉིད་འགག་པ་དེ་ནི་འཇིག་རྟེན་འགག་པ་ཞེས་བྱའོ། །ལམ་གང་གིས་ལྟ་བ་དེ་དག་མི་འཛིན་པ་དེ་ནི་འཇིག་རྟེན་འགོག་པར་འགྲོ་བའི་ལམ་སྟེ། ཚངས་པ་ངས་འདི་ལ་བསམ་ནས་ང་ནི་ལུས་འདོམ་གང་བ་འདི་ལ་འཇིག་རྟེན་དང་། འཇིག་རྟེན་ཀུན་འབྱུང་བ་དང་། འཇིག་རྟེན་འགག་པ་དང་། འཇིག་རྟེན་འགག་པར་འགྲོ་བའི་ལམ་དུ་འདོགས་སོ་ཞེས་ཚིག་དེ་སྐད་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གང་འདི་འཕགས་པའི་བདེན་པ་བཞི་བསྟན་ན། བཅོམ་ལྡན་འདས་འཕགས་པ་རྣམས་ཀྱི་བདེན་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ནི་སྡུག་བསྔལ་བའོ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ། །ཚངས་པ་འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །འདི་ནི་སྡུག་བསྔལ་འགོག་པའོ། །འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་བྱ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ནི་སྡུག་བསྔལ་བའོ། །ཞེས་བྱ་བ་ཅི་སྟེ་འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། དེ་ནི་བྱོལ་སོང་བ་ལང་དང་། བོང་བུ་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་སྡུག་བསྔལ་བའི་ཚོར་བ་རྣམས་མྱོང་ངོ་། །ཚངས་པ་འདི་ནི་སྡུག་བསྔལ་ཀུན་


DKG059_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཞེས་བྱ་བ་དེ་ཇི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན་དེ་ནི་གང་འགྲོ་བ་རྣམས་སུ་འབྱུང་བའི་འགྲོ་བ་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཡང་འཕགས་པའི་བདེན་པར་འགྱུར་རོ། །འདི་ནི་འགོག་པའོ་ཞེས་བྱ་བ་དེ་ཇི་སྟེ་འཕགས་པའི་བདེན་པ་ཡིན་དུ་ཟིན་ན། དེ་ནི་གང་རྣམས་དངོས་པོ་བཤིགས་པས་མྱ་ངན་ལས་འདས་པ་ཚོལ་བ་དང་འགོག་པར་ལྟ་བར་ལྟུང་བ་ཆད་པར་སྨྲ་བ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་རོ། །འདི་ནི་ལམ་མོ་ཞེས་བྱ་བ་དེ་ཅི་སྟེ། འཕགས་པ་རྣམས་ཀྱི་བདེན་པ་ཡིན་དུ་ཟིན་ན། འདི་ནི་འདུས་བྱས་ཀྱི་འདུ་བྱས་ལས་འབྱུང་བར་ཚོལ་བ་འདུས་བྱས་ལམ་དུ་དམིགས་པ་ཐམས་ཅད་ལ་ཡང་འཕགས་པའི་བདེན་པར་འགྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་རྣམས་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་པར་ཁྱོད་ཀྱིས་རིག་པར་བྱའོ། །དེ་ལྟ་མོད་ཀྱི་ཚངས་པ་གང་སྡུག་བསྔལ་མི་སྐྱེ་བ་དེ་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །གང་ཀུན་འབྱུང་བ་ལ་མི་འཇུག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །གང་ཆོས་ཐམས་ཅད་ཤིན་ཏུ་འགག་པ་ལ་མི་སྐྱེ་མི་འགོག་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །གང་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དང་གཉིས་སུ་མེད་པའི་ལམ་སྒོམ་པ་འདི་ནི་འཕགས་པ་རྣམས་ཀྱི་བདེན་པའོ། །ཚངས་པ་གང་བདེན་པ་བདེན་པ་ཞེས་བྱ་བ་ནི་གང་བདེན་པ་ཡང་མ་ཡིན། བརྫུན་པ་ཡང་མ་ཡིན་པའོ། །བརྫུན་པ་གང་ཞེ་ན། བདག་ཏུ་འཛིན་པ་དང་། སེམས་ཅན་དུ་འཛིན་པ་དང་། སྲོག་ཏུ་འཛིན་པ་དང་། གང་ཟག་ཏུ་འཛིན་པ་དང་། ཆད་པར་འཛིན་པ་དང་། རྟག་པར་འཛིན་པ་དང་། འབྱུང་བར་འཛིན་པ་དང་། འཇུག་པར་འཛིན་པ་དང་། སྐྱེ་བར་འཛིན་པ་དང་། འགག་པར་འཛིན་པ་དང་། འཁོར་བར་འཛིན་པ་དང་། མྱ་ངན་ལས་འདས་པར་འཛིན་པ་དེ་ནི་བརྫུན་པ་ཞེས་བྱའོ། །གང་འཛིན་པ་འདི་དག་ལ་མི་འཛིན་ཅིང་མཆོག་ཏུ་མི་སྙེམས་པ་འདི་ནི་བདེན་པ་ཞེས་བྱའོ། །སྡུག་བསྔལ་ཡོངས་སུ་ཤེས་པ་ཞེས་བྱ་བ་ནི་བརྫུན་ནོ། །ཀུན་འབྱུང་བ་རབ་ཏུ་སྤོང་ངོ་ཞེས་བྱ་བ་ནི་བརྫུན་ནོ། །འགོག་པ་མངོན་དུ་བྱའོ་ཞེས་བྱ་བ་ནི་བརྫུན་ནོ། །ལམ་སྒོམ་


DKG059_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བྱ་བ་ནི་བརྫུན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ལས་ཉམས་པ་ཡིན་ཏེ། དེའི་ཕྱིར་བརྫུན་པ་ཞེས་བྱའོ། །སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ཞེས་བྱ་བ་གང་ཞེ་ན། གང་ཆོས་ཐམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་སངས་རྒྱས་ཀྱིས་བཀའ་སྩལ་པའི་དྲན་པ་ཞེས་བྱ་སྟེ། གང་དྲན་པ་དེ་ལ་གནས་པ་དེ་ནི་མཚན་མ་ཐམས་ཅད་ལ་མི་གནས་པའོ། །གང་མཚན་མ་ཐམས་ཅད་ལ་མི་གནས་པ་དེ་ནི་ཡང་དག་པའི་མཐའ་ལ་གནས་པའོ། །གང་ཡང་དག་པའི་མཐའ་ལ་གནས་པ་དེ་ནི་ཡིད་མི་གནས་པའོ། །གང་མི་གནས་པ་དེ་ནི་བདེན་པར་སྨྲ་བ་ཡང་མ་ཡིན། བརྫུན་པར་སྨྲ་བ་ཡང་མ་ཡིན་ཏེ། དེའི་ཕྱིར་ཚངས་པ་རྣམ་གྲངས་འདིས་གང་ལ་བདེན་པའང་མེད། བརྫུན་པའང་མེད་པ་དེ་ནི། འཕགས་པ་རྣམས་ཀྱི་བདེན་པ་ཡིན་པར་རིག་པར་བྱའོ། །ཚངས་པ་བདེན་པ་ཞེས་བྱ་བ་དེ་ནི་ནམ་ཡང་མི་བདེན་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་རྣམས་སྐྱེས་ཀྱང་རུང་། མ་སྐྱེས་ཀྱང་རུང་ཆོས་ཀྱི་དབྱིངས་འདི་ནི་གནས་པའོ། །དེ་བཞིན་དུ་འཁོར་བ་དང་། དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་རྟག་ཏུ་རྒྱུན་མི་ཆད་པར་འཕགས་པ་རྣམས་ཀྱི་བདེན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འཁོར་བ་སྤང་བའི་ཕྱིར་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡང་འཕགས་པ་རྣམས་ཀྱི་བདེན་པ་མ་ཡིན་ཏེ། ཚངས་པ་གང་དག་གིས་འཕགས་པའི་བདེན་པ་བཞི་པོ་འདི་རྣམས་དེ་ལྟར་མངོན་པར་རྟོགས་པ་མངོན་དུ་བྱས་པ་དེ་དག་ནི་བདེན་པར་སྨྲ་བ་ཡིན་ནོ། །ཡང་ཚངས་པ་མ་འོངས་པའི་དུས་ན་དགེ་སློང་། ལུས་མ་བསྒོམས་པ། སེམས་མ་བསྒོམས་པ། ཚུལ་ཁྲིམས་མ་བསྒོམས་པ། ཤེས་རབ་མ་བསྒོམས་པ་ཁ་ཅིག་འབྱུང་སྟེ། དེ་དག་ནི་སྡུག་བསྔལ་སྐྱེ་བ་ལ་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ། །ཀུན་འབྱུང་བའི་ཕྱིར་ཀུན་འབྱུང་བ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ། །དངོས་པོ་འཇིག་པའི་ཕྱིར་འགོག་པ་འཕགས་པའི་བདེན་པ་ཞེས་སྨྲ་བར་འགྱུར་རོ། །ལམ་གྱིས་འབྱུང་བའི་ཕྱིར་ལམ་འཕགས་པའི་བདེན་པ་གཉིས་སུ་སྨྲ་བར་འགྱུར་ཏེ། སྐྱེས་བུ་བླུན་པོ་དེ་དག་ནི་ཉན་ཐོས་མུ་སྟེགས་ཅན་ཞེས་ངས་བཤད་དོ། །གང་


DKG059_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དངོས་པོ་འཇིག་པས་འགོག་པ་འཕགས་པའི་བདེན་པའོ་ཞེས་སྨྲ་བར་འགྱུར་བ་དེ་དག་ནི་ལམ་ལོག་པར་ཞུགས་པ་ཡིན་ཏེ། ང་ཡང་དེ་དག་གི་སྟོན་པ་མ་ཡིན། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ། །ཚངས་པ་ལྟོས་ཤིག་ང་བྱང་ཆུབ་ཀྱི་སྙིང་པོར་འདུག་ནས་བདེན་པའམ། བརྫུན་པ་ཞེས་བྱ་བ་ཁོང་དུ་མ་ཆུད་དོ། །ཆོས་གང་ངས་ཁོང་དུ་མ་ཆུད་པའི་ཆོས་དེ་དེ་བཞིན་གཤེགས་པ་གཞན་ལ་སྟོན་པར་མཛད་དམ། འཆད་པར་མཛད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ནི་མི་དམིགས་པ་སྟེ། མ་ཟིན་པ་སྲིད་པའི་འགྲོ་བ་ཐམས་ཅད་དང་བྲལ་བའོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་སྟེ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས། ཆོས་གང་ཡང་མ་དམིགས་ན། ཇི་མངོན་པར་བརྟགས་པས་དེ་བཞིན་གཤེགས་པ་བྱང་ཆུབ་བརྙེས་ཤིང་ཡང་དག་པར་རྫོགས་པར་སངས་རྒྱས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདི་ཅི་སྙམ་དུ་སེམས། གང་ངས་འདུས་བྱས་སམ་འདུས་མ་བྱས་ཀྱི་ཆོས་བཤད་པ་འདི་དག་དེ་བཞིན་ནམ་དེ་ལྟ་མ་ཡིན། གསོལ་པ། བཅོམ་ལྡན་འདས་མ་མཆིས་པ་ལགས་སོ། །བདེ་བར་གཤེགས་པ་མ་མཆིས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཆོས་གང་རྣམས་མེད་པ་དེ་དག་ཡོད་དམ། འོན་ཏེ་མེད་གསོལ་པ། བཅོམ་ལྡན་འདས་གང་མ་མཆིས་པ་དེ་ནི་མཆིས་པའམ་མ་མཆིས་པ་ཞེས་མི་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གང་ཡང་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པ་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་དེ་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་མེད་པ་ཕྱིན་ཅི་ལོག་ལས་བྱུང་བའི་ཀུན་ནས་ཉོན་མོངས་པ་ཤིན་ཏུ་རང་བཞིན་གྱིས་མི་སྐྱེ་བའི་ངོ་བོ་ཉིད་དུ་མཁྱེན་ཏེ། ཇི་ལྟར་ཤིན་ཏུ་མི་མཁྱེན་པ་ཡང་


DKG059_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྣམ་པར་མི་དམིགས་པ་དེ་ལྟར་མཁྱེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ངས་འདི་ལྟར་ཆོས་གང་ཡང་མངོན་པར་སངས་རྒྱས་པ་དེ་ནི་མ་མཐོང་། མ་ཐོས། མི་དྲན། མ་རྟོགས། རྣམ་པར་མི་རིག་ཅིང་། གཟུང་བ་ཡང་མེད། སྦྱར་བ་ཡང་མེད། བརྗོད་དུ་ཡང་མེད། རྗེས་སུ་སྦྱོར་བ་ཡང་མེད། ཡུལ་ཐམས་ཅད་ལས་འདས་པ། སྨྲར་མེད་པ། རབ་ཏུ་སྨྲར་མེད་པ། དཔྱོད་པ་མེད་པ། རྟོགས་པར་མི་རུང་བ། ཡི་གེ་མེད་པ། ཚིག་གི་ལམ་མེད་པ། རྣམ་པར་རིག་པ་མེད་པ་ཡིན་ཏེ། ཚངས་པ་དེ་ལྟར་ཆོས་གང་ནམ་མཁའ་དང་འདྲ་བའི་ཆོས་དེ་མངོན་པར་རྟོགས་པར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དེ་མ་ལགས་སོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐུགས་རྗེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཆོས་དང་ལྡན་ཏེ། དེ་ལྟར་རབ་ཏུ་ཞི་བའི་ཆོས་མངོན་པར་སངས་རྒྱས་ནས་ཡི་གེ་དང་ངེས་པའི་ཚིག་གིས་གཞན་དག་ལ་གོ་བར་མཛད་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པས་བསྟན་པའི་ཆོས་ལ་མངོན་པར་དད་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པའོ། །བཀའ་སྩལ་པ། ཚངས་པ་ཇི་ལྟར་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་འཇིག་རྟེན་ནི་བདེན་པ་ལ་མངོན་པར་ཆགས་ན། ཆོས་འདི་ནི་བདེན་པ་ཡང་མ་ལགས། བརྫུན་པ་ཡང་མ་ལགས་སོ། །འཇིག་རྟེན་ནི་ཆོས་ལ་མངོན་པར་ཆགས་ན་ཆོས་འདི་ནི་ཆོས་ཀྱང་མ་ལགས། ཆོས་མ་ལགས་པའང་མ་ལགས་སོ། །འཇིག་རྟེན་ནི་མྱ་ངན་ལས་འདས་པ་ལ་ཆགས་ན། ཆོས་འདི་ལ་ནི་འཁོར་བ་ཡང་མ་མཆིས། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ། །འཇིག་རྟེན་ནི་དགེ་བ་ལ་མངོན་པར་ཆགས་ན་འདི་ལ་ནི་དགེ་བ་ཡང་མ་མཆིས། མི་དགེ་བ་ཡང་མ་མཆིས་སོ། །འཇིག་རྟེན་ནི་བདེ་བ་ལ་མངོན་པར་ཆགས་ན། འདི་ལ་ནི་བདེ་བ་ཡང་མ་མཆིས། སྡུག་བསྔལ་བ་ཡང་མ་མཆིས་སོ། །འཇིག་རྟེན་ནི་སངས་རྒྱས་འབྱུང་བ་ལ་མངོན་པར་ཆགས་ན་འདི་ལ་སངས་


DKG059_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འབྱུང་བ་ཡང་མ་མཆིས། མྱ་ངན་ལས་འདས་པ་ཡང་མ་མཆིས་སོ། །ཆོས་བསྟན་ཀྱང་དེ་བརྗོད་དུ་མ་མཆིས་པའོ། །དགེ་འདུན་བསྟན་ཀྱང་འདུས་མ་བགྱིས་པའོ། །དེའི་སླད་དུ་ཆོས་འདི་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། མེ་དང་ཆུའམ། ཆུ་དང་མེའི་གནས་འདི་ནི་མི་འཐུན་པའོ། །དེ་བཞིན་དུ་ཉོན་མོངས་པ་དང་བྱང་ཆུབ་འམ། བྱང་ཆུབ་དང་ཉོན་མོངས་པ་ནི་མི་འཐུན་པའོ། །དེ་ཅིའི་སླད་དུ་ཞེ་ན། ཉོན་མོངས་པ་མ་མཆིས་པར་དེ་བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ། །བཤད་ཀྱང་སྣང་བའི་གཟུགས་མ་ལགས། ཀུན་མཁྱེན་ཀྱང་རྣམ་པར་མཁྱེན་པ་མ་མཆིས། བསྒོམ་ཀྱང་གཉིས་སུ་མ་བགྱིས། མངོན་དུ་བགྱིས་ཀྱང་ཐོབ་པ་མ་མཆིས། མྱ་ངན་ལས་བཟླས་ཀྱང་ཞི་བ་ཡང་མ་མཆིས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་རྣམས་ཆོས་ཀྱི་ཚུལ་གྱི་རྣམ་པ་འདི་ལ་མོས་པ་དེ་དག་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིས་ཤིང་སྔོན་གྱི་རྒྱལ་བ་ལ་ལྷག་པར་བགྱི་བ་བགྱིས་པ་ལགས་སོ། །དེ་དག་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བ་ལགས་སོ། །དེ་དག་དགེ་བའི་རྩ་བ་འབར་བའི་སླད་དུ་རྒྱ་ཆེན་པོ་ལས་མོས་པར་འགྱུར་རོ། །དེ་དག་དེ་བཞིན་གཤེགས་པའི་མཛོད་འཆང་བའི་སླད་དུ་གཏེར་རབ་ཏུ་རྙེད་པར་འགྱུར་རོ། །དེ་དག་ལེགས་པར་བགྱི་བའི་ལས་བགྱིད་པའི་སླད་དུ་ལས་ཀྱི་མཐའ་ཤིན་ཏུ་འཐུན་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་རིགས་འཛིན་པའི་སླད་དུ་རིགས་བཙུན་པར་འགྱུར་རོ། །དེ་དག་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཏང་བའི་སླད་དུ་གཏོང་བ་ཆེན་པོ་དང་ལྡན་པར་འགྱུར་རོ། །དེ་དག་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པར་འགྱུར་ཏེ། ཉོན་མོངས་པའི་སྟོབས་ཅན་མ་ལགས། ལུས་སྲོག་བོར་བའི་སླད་དུ་དེ་དག་བཟོད་པའི་སྟོབས་ཅན་དུ་འགྱུར་རོ། །དེ་དག་ཡིད་ཡོངས་སུ་སྐྱོ་བ་མ་མཆིས་པའི་སླད་དུ་བརྩོན་འགྲུས་ཀྱི་སྟོབས་ཅན་དུ་འགྱུར་རོ། །དེ་དག་སྡིག་པའི་ལས་བསྲེགས་པའི་སླད་དུ་བསམ་གཏན་གྱི་སྟོབས་ཅན་དུ་འགྱུར་རོ། །དེ་དག་སྡིག་པར་ལྟ་བ་རྣམས་དང་བྲལ་བའི་སླད་དུ་ཤེས་རབ་


DKG059_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྟོབས་ཅན་དུ་འགྱུར་རོ། །དེ་དག་བདུད་རྣམས་ཀྱིས་རབ་ཏུ་ཐུབ་པར་དཀའ་བར་འགྱུར་རོ། །དེ་དག་ཕྱིར་རྒོལ་བ་རྣམས་ཀྱིས་མི་རྫི་བར་འགྱུར་རོ། །དེ་དག་དེ་བཞིན་གཤེགས་པ་རྣམས་ལ་མི་སླུ་བར་འགྱུར་རོ། །དེ་དག་ཆོས་ཀྱི་རང་བཞིན་སྟོན་པ་ལ་མཁས་པའི་སླད་དུ་ཡང་དག་པར་སྨྲ་བར་འགྱུར་རོ། །དེ་དག་དོན་དམ་པའི་ཆོས་སྟོན་པའི་སླད་དུ་བདེན་པར་སྨྲ་བར་འགྱུར་རོ། །དེ་དག་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར་རོ། །དེ་དག་འགྲོགས་ན་བདེ་བའི་སླད་དུ་དེས་པར་འགྱུར་རོ། །དེ་དག་འཕགས་པའི་ནོར་རྣམས་ཀྱི་ནོར་དང་ལྡན་པར་འགྱུར་རོ། །དེ་དག་འཕགས་པའི་རིགས་རྣམས་ཀྱིས་མཆོག་འཚལ་བར་འགྱུར་རོ། །གསོ་སླ་ཞིང་དགང་སླ་བར་འགྱུར་རོ། །དེ་དག་ཕ་རོལ་ཏུ་མཆི་བའི་སླད་དུ་དབུགས་འབྱིན་པ་ཐོབ་པར་འགྱུར་རོ། །དེ་དག་མ་རྒལ་བ་རྣམས་སྒྲོལ་བར་འགྱུར་རོ། །དེ་དག་མ་གྲོལ་བ་རྣམས་གྲོལ་བར་བགྱིད་པར་འགྱུར་རོ། །དེ་དག་དབུགས་འབྱིན་པ་མ་མཆིས་པ་རྣམས་ཀྱི་དབུགས་འབྱིན་པར་འགྱུར་རོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རོ། །དེ་དག་ལམ་སྟོན་པར་འགྱུར་རོ། །དེ་དག་མྱ་ངན་ལས་འདས་པ་སྟོན་པར་འགྱུར་རོ། །དེ་དག་སྨན་ཐམས་ཅད་ཡོངས་སུ་འཚལ་བའི་སླད་དུ་སྨན་པ་རྣམས་ཀྱི་རྒྱལ་པོར་འགྱུར་རོ། །དེ་དག་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པའི་སླད་དུ་སྨན་ལྟ་བུར་འགྱུར་རོ། །དེ་དག་ཡེ་ཤེས་ཀྱི་སྟོབས་དང་ལྡན་པར་འགྱུར་རོ། །དེ་དག་མཐུས་སྤྲོ་བ་དང་ལྡན་པར་འགྱུར་རོ། །དེ་དག་གཞན་གྱི་དྲིང་ལ་མི་འཇོག་པའི་སླད་དུ་རྩལ་དང་ལྡན་པར་འགྱུར་རོ། །དེ་དག་འཇིགས་པས་སྤུ་ལྡང་བ་མ་མཆིས་པའི་སླད་དུ་སེང་གེ་ལྟ་བུར་འགྱུར་རོ། །དེ་དག་ཅང་ཤེས་པའི་སླད་དུ་བ་ལང་ལྟ་བུར་འགྱུར་རོ། །དེ་དག་སེམས་རབ་ཏུ་དུལ་བའི་སླད་དུ་གླང་པོ་ཆེར་འགྱུར་རོ། །དེ་དག་འཁོར་མང་པོ་ཡོངས་སུ་སྡུད་པའི་སླད་དུ་ཁྱུ་མཆོག་ཏུ་འགྱུར་རོ། །དེ་དག་བདུད་དང་ཕྱིར་རྒོལ་བ་རྣམས་རབ་ཏུ་བཅོམ་པའི་སླད་དུ་དཔའ་བོར་འགྱུར་རོ། །དེ་དག་འཁོར་གྱིས་འཇིགས་པ་མ་མཆིས་པའི་སླད་དུ་བརྟན་པར་འགྱུར་རོ། །དེ་དག་མི་འཇིགས་པ་ཐོབ་པའི་སླད་དུ་མི་ཐུབ་པར་འགྱུར་རོ། །དེ་


DKG059_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

དག་བདེན་པ་བསྟན་པ་རྣམས་ལ་འཇིགས་པ་མ་མཆིས་པར་འགྱུར་རོ། །དེ་དག་དཀར་པོའི་ཕྱོགས་ཡོངས་སུ་རྒྱས་པའི་སླད་དུ་ཟླ་བ་དང་མཚུངས་པར་འགྱུར་རོ། །དེ་དག་ཤེས་རབ་ཀྱི་སྣང་བར་བགྱིད་པས་ཉི་མ་ལྟ་བུར་འགྱུར་རོ། །དེ་དག་མུན་པ་ཆེན་པོ་དང་བྲལ་བའི་སླད་དུ་སྒྲོན་མ་ལྟ་བུར་འགྱུར་རོ། །དེ་དག་མཛའ་བ་དང་ཁོང་ཁྲོ་བ་མ་མཆིས་པའི་སླད་དུ་གཞི་རྟེན་ལྟ་བུར་འགྱུར་རོ། །དེ་དག་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བའི་སླད་དུ་ས་དང་མཚུངས་པར་འགྱུར་རོ། །དེ་དག་ཆོས་ཐམས་ཅད་ལ་མི་གནས་པའི་སླད་དུ་རླུང་དང་མཚུངས་པར་འགྱུར་རོ། །དེ་དག་ཉོན་མོངས་པའི་དྲི་མ་ཐམས་ཅད་འཁྲུ་བའི་སླད་དུ་ཆུ་དང་མཚུངས་པར་འགྱུར་རོ། །དེ་དག་རློམ་སེམས་ཐམས་ཅད་ཡང་དག་པར་འཇོམས་པའི་སླད་དུ་མེ་དང་མཚུངས་པར་འགྱུར་རོ། །དེ་དག་བསྐྱོད་མི་ནུས་པའི་སླད་དུ་རི་རབ་དང་མཚུངས་པར་འགྱུར་རོ། །དེ་དག་ལྷག་པའི་བསམ་པ་བརྟན་ཞིང་མི་ཕྱེད་པའི་སླད་དུ་རྡོ་རྗེ་ལྟར་སྲ་བའི་ཁོར་ཡུག་གི་རི་ལྟ་བུར་འགྱུར་རོ། །དེ་དག་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་གདུལ་དཀའ་བར་འགྱུར་རོ། །དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བར་འགྱུར་རོ། །དེ་དག་ཆོས་རིན་པོ་ཆེ་ཐམས་ཅད་འདུ་བའི་སླད་དུ་རྒྱ་མཚོ་ལྟ་བུར་འགྱུར་རོ། །དེ་དག་ཉོན་མོངས་པ་ཐམས་ཅད་བས་པའི་སླད་དུ་གཏིང་དང་འདྲ་བར་འགྱུར་རོ། །དེ་དག་ཆོས་ཡོངས་སུ་ཚོལ་བས་ཆོག་མི་ཤེས་པར་འགྱུར་རོ། །དེ་དག་ཤེས་རབ་ཀྱིས་ངོམས་པར་འགྱུར་རོ། །དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བས་རྒྱལ་པོ་དང་མཚུངས་པར་འགྱུར་རོ། །དེ་དག་གཟུགས་འཛིན་པའི་སླད་དུ་བརྒྱ་བྱིན་དང་མཚུངས་པར་འགྱུར་རོ། །དེ་དག་དབང་སྒྱུར་བའི་སླད་དུ་ཚངས་པ་དང་མཚུངས་པར་འགྱུར་རོ། །དེ་དག་ཆོས་མངོན་པར་སྒྲོག་པའི་སླད་དུ་སྤྲིན་དང་འདྲ་བར་འགྱུར་རོ། །དེ་དག་བདུད་རྩིའི་ཆར་རབ་ཏུ་འབེབས་པའི་སླད་དུ་ཆར་དང་འདྲ་བར་འགྱུར་རོ། །དེ་དག་དབང་པོ་དང་སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་རྣམ་པར་འཕེལ་བར་བགྱིད་པར་འགྱུར་རོ། །དེ་དག་འཁོར་བའི་འདམ་ལས་རྒལ་བར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་ཡེ་ཤེས་ལ་ཞུགས་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ལ་ཉེ་བར་འགྱུར་རོ། །


DKG059_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བློས་མཉམ་པ་མ་མཆིས་པར་འགྱུར་རོ། །དེ་དག་ཐོས་པས་མི་མཉམ་པ་དང་མཉམ་པར་འགྱུར་རོ། །དེ་དག་གཞལ་བ་ལས་འདས་པའི་སླད་དུ་མཚུངས་པ་མ་མཆིས་པར་འགྱུར་རོ། །དེ་དག་སྤོབས་པས་ཐོགས་པ་མ་མཆིས་པར་འགྱུར་རོ། །དེ་དག་གཟུངས་རབ་ཏུ་ཐོབ་པའི་སླད་དུ་དྲན་པ་དང་ལྡན་པར་འགྱུར་རོ། །དེ་དག་དོན་རྟོགས་པའི་སླད་དུ་འབྲང་བས་རྟོགས་པ་དང་ལྡན་པར་འགྱུར་རོ། །དེ་དག་ཆོས་ལ་ཚུལ་བཞིན་དུ་སོ་སོར་རྟོག་པའི་སླད་དུ་བློ་གྲོས་དང་ལྡན་པར་འགྱུར་རོ། །དེ་དག་སེམས་ཅན་གྱི་བསམ་པ་རྣམས་ལ་མཁས་པར་འགྱུར་རོ། །དེ་དག་འཇིག་རྟེན་ལ་ཕན་པར་བགྱི་བའི་སླད་དུ་བརྩོན་པར་འགྱུར་རོ། །དེ་དག་འཇིག་རྟེན་ལས་འཕགས་པར་འགྱུར་རོ། །དེ་དག་པད་མོ་ལྟ་བུར་མི་ཆགས་པར་འགྱུར་རོ། །དེ་དག་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་ཡོངས་སུ་མ་ཟིན་པར་འགྱུར་རོ། །དེ་དག་མཁས་པ་རྣམས་དགའ་བར་འགྱུར་རོ། །དེ་དག་མང་དུ་ཐོས་པ་རྣམས་ཀྱིས་ཆེར་བཀུར་བར་འགྱུར་རོ། །དེ་དག་རིག་པ་རྣམས་ཀྱིས་རི་མོ་བགྱི་བར་འགྱུར་རོ། །དེ་དག་ལྷ་དང་མི་རྣམས་ཀྱིས་མཆོད་པར་འགྱུར་རོ། །དེ་དག་འཇིག་རྟེན་རྣམས་ཀྱིས་ཕྱག་བགྱི་བར་འགྱུར་རོ། །དེ་དག་འཕགས་པ་རྣམས་ཀྱིས་བཀུར་སྟི་བགྱི་བར་འགྱུར་རོ། །དེ་དག་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་སྨོན་པར་བགྱིད་པར་འགྱུར་རོ། །དེ་དག་ཉི་ཚེར་སྤྱོད་པ་ལ་རེ་བ་མ་མཆིས་པར་འགྱུར་རོ། །དེ་དག་ཆགས་པ་མ་མཆིས་པའི་སླད་དུ་ཚུལ་མི་འཆོས་པར་འགྱུར་རོ། །དེ་དག་སྤྱོད་ལམ་མཛེས་པར་འགྱུར་རོ། །དེ་དག་གཟུགས་བལྟ་ན་སྡུག་པར་འགྱུར་རོ། །དེ་དག་གཟི་བརྗིད་ཀྱིས་ཡིད་ཆགས་པར་འགྱུར་རོ། །དེ་དག་མཚན་རྣམས་ཀྱིས་བརྒྱན་པར་འགྱུར་རོ། །དེ་དག་དཔེ་བྱད་བཟང་པོ་རྣམས་ཀྱིས་རྣམ་པར་སྤྲས་པར་འགྱུར་རོ། །དེ་དག་སངས་རྒྱས་ཀྱི་རིགས་ཡང་དག་པར་འཛིན་པར་འགྱུར་རོ། །དེ་དག་ཆོས་ཀྱི་རིགས་ཡོངས་སུ་སྲུང་བར་འགྱུར་རོ། །དེ་དག་དགེ་འདུན་གྱི་རིགས་ཀུན་ཏུ་སྲུང་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་ཐམས་ཅད་ཀྱིས་གཟིགས་སོ། །དེ་དག་གིས་ཆོས་ཀྱི་སྤྱན་རབ་ཏུ་ཐོབ་བོ། །དེ་དག་སངས་རྒྱས་ཀྱི་ཡེ་ཤེས་སུ་ལུང་བསྟན་པར་འགྱུར་རོ། །


DKG059_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གི་བཟོད་པ་གསུམ་ཡོངས་སུ་རྫོགས་པར་བགྱིས་སོ། །དེ་དག་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་རྫོགས་པ་ལ་གནས་སོ། །དེ་དག་གིས་བདུད་ཀྱི་སྡེ་རབ་ཏུ་བཅོམ་མོ། །དེ་དག་ཐམས་ཅད་མཁྱེན་པ་ཉིད་ཐོབ་བོ། །དེ་དག་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་འགྱུར་རོ། །དེ་དག་བཅོམ་ལྡན་འདས་སངས་རྒྱས་ཀྱིས་མཛད་པ་བགྱིད་པར་འགྱུར་ཏེ། བཅོམ་ལྡན་འདས་གང་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་ནས་མི་སྐྲག་མི་དངང་ཤིན་ཏུ་དངང་བར་མི་འགྱུར་བ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་འདི་ལྟར་ཟབ་པ། འདི་ལྟར་ཤེས་དཀའ་བ། འདི་ལྟར་བལྟ་དཀའ་བ། འདི་ལྟར་ཁོང་དུ་ཆུད་པར་དཀའ་བ་འདི་ཐོས་ནས་མོས་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། འཆང་བར་འགྱུར་བ་དང་། གཞན་ལ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། ཆོས་འདི་ལ་རབ་ཏུ་ཞུགས་ཤིང་གཞན་ཡང་ནན་ཏན་ལ་འགོད་པར་བགྱིད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་བསྐལ་པའམ། བསྐལ་པ་ལས་ལྷག་པར་བརྗོད་ཅིང་ཡོན་ཏན་ཡོངས་སུ་བསྒྲགས་ཀྱང་བཅོམ་ལྡན་འདས་བདག་གིས་སྐྱེས་བུ་དམ་པ་དེ་དག་གི་ཡོན་ཏན་མཐར་མི་ཕྱིན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཁྱོད་ཀྱིས་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའམ་ཡོན་ཏན་ཇི་ཙམ་དུ་ཤེས། ཚངས་པས་གསོལ་པ། དེ་བཞིན་གཤེགས་པས་ཟག་པ་མ་མཆིས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཇི་སྙེད་པ་མཁྱེན་པ་དང་། དེ་དག་གི་ཡོན་ཏན་དེ་དག་དང་དེ་ལས་ལྷག་པར་ཡང་འཚལ་བར་བགྱི་སྟེ། གང་དེ་བཞིན་གཤེགས་པས་བཤད་པའི་དོན་དང་། ཚིག་དང་། ཡི་གེ་ཟབ་མོ་རྣམས་རྟོགས་པར་རིག་པ་དང་། ལྡེམ་པོ་ངག་འཚལ་བ་དང་། འཐུན་པར་བགྱིད་ཅིང་འགལ་བར་མི་བགྱིད་པ་དང་། ཡང་དག་པར་སྦྱོར་ཞིང་སུན་འབྱིན་པར་མི་བགྱིད་པ་དང་། དོན་རྟོགས་པར་རིག་ཅིང་ཡི་གེའི་ཕྱིར་མི་སྙེགས་པ་དེ་དག་ནི་བརྗོད་པ་གང་གིས་དེ་བཞིན་གཤེགས་པ་རྣམས་ཆོས་གསུང་བ་དང་། ལྡེམ་པོ་ངག་གང་གིས་དེ་བཞིན་གཤེགས་པ་ཆོས་གསུང་བ་དང་། ཐབས་གང་དང་། ཚུལ་གང་དང་། སྙིང་རྗེ་ཆེན་པོ་གང་གིས་དེ་བཞིན་གཤེགས་པ་ཆོས་སྟོན་པར་ངེས་པའི་ཚིག་བརྗོད་པ་


DKG059_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཚལ་ཏོ། །བཀའ་སྩལ་པ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་འདི་ཤེས་ན་བྱང་ཆུབ་སེམས་དཔའ་དེ་ནི་སངས་རྒྱས་ཀྱི་མཛད་པས་སེམས་ཅན་རྣམས་ལ་ཉེ་བར་གནས་པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བ་དང་། ལྡེམ་པོ་ངག་ཏུ་སྨྲ་བ་བསྟན་པ་དང་། ཐབས་ཀྱི་ཆོས་ལ་མོས་པར་བྱེད་པ་དང་། ཚུལ་ཉེ་བར་བསྟན་པ་དང་། སྙིང་རྗེ་ཆེན་པོའི་རྗེས་སུ་འཇུག་པ་སྟེ། ཚངས་པ་འདི་དག་ནི་གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ས་མ་ཡིན་པར་དེ་བཞིན་གཤེགས་པའི་སྟོབས་ལྔའི་སྦྱོར་བའོ། །གསོལ་པ། བཅོམ་ལྡན་འདས་གསུང་བ་གང་གིས་དེ་བཞིན་གཤེགས་པ་ཆོས་རྣམས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་འདས་པ་སྨྲ་བ་དང་། མ་འོངས་པ་སྨྲ་བ་དང་། ད་ལྟར་བྱུང་བ་སྨྲ་བ་དང་། ཀུན་ནས་ཉོན་མོངས་པ་སྨྲ་བ་དང་། རྣམ་པར་བྱང་བ་སྨྲ་བ་དང་། དགེ་བ་དང་མི་དགེ་བ་སྨྲ་བ་དང་། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྨྲ་བ་དང་། ཟག་པ་དང་བཅས་པ་དང་ཟག་པ་མེད་པར་སྨྲ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་ཁ་ན་མ་ཐོ་བ་མེད་པ་སྨྲ་བ་དང་། འདུས་བྱས་དང་འདུས་མ་བྱས་སྨྲ་བ་དང་། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་སྨྲ་བ་དང་། ཐོབ་པ་མངོན་དུ་བྱེད་པ་སྨྲ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་སྨྲ་བ་སྟེ། ཚངས་པ་སྨྲ་བ་དེ་དག་ཀྱང་ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་སྨྲ་བ་སྒྱུ་མ་ལྟ་བུར་བལྟའོ། །མེད་པར་མཐོང་བའི་ཚུལ་གྱིས་སྨྲ་བ་རྨི་ལམ་ལྟ་བུར་བལྟའོ། །ནམ་མཁའི་སྒྲ་སྐད་ཀྱི་ཚུལ་གྱིས་སྨྲ་བ་བྲག་ཅ་ལྟ་བུར་བལྟའོ། །རྐྱེན་འདུས་པའི་ཚུལ་གྱིས་སྨྲ་བ་མིག་ཡོར་ལྟ་བུར་བལྟའོ། །རྒྱུ་མི་འཕོ་བའི་ཚུལ་གྱིས་སྨྲ་བ་གཟུགས་བརྙན་ལྟ་བུར་བལྟའོ། །ཕྱིན་ཅི་ལོག་ཏུ་མཐོང་བའི་ཚུལ་གྱིས་སྨྲ་བ་སྨིག་རྒྱུ་ལྟ་བུར་བལྟའོ། །མི་འབྱུང་མི་འཇིག་པའི་ཚུལ་གྱིས་སྨྲ་བ་ནམ་མཁའ་ལྟ་བུར་བལྟའོ། །བརྗོད་དུ་མེད་པའི་ཚུལ་གྱིས་སྨྲ་


DKG059_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨྲར་མེད་པར་བལྟའོ། །ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་སྨྲ་བ་འདི་ཤེས་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་སྨྲ་བ་ཐམས་ཅད་སྨྲ་ཡང་ཆོས་གང་ལ་ཡང་མངོན་པར་མི་ཆགས་སོ། །དེ་མངོན་པར་མ་ཆགས་པས་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་གང་གིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཆོས་བཤད་ཀྱང་རྒྱུན་མི་ཆད་པ་དང་། སྨྲ་བ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་སྨྲ་བ་དང་། ཆོས་རྣམས་ཀྱི་ཐ་མི་དད་པ་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བའི་ཡེ་ཤེས་ཐོགས་པ་མེད་པའི་སྤོབས་པ་ཐོབ་པོ། །ཚངས་པ་དེ་བཞིན་གཤེགས་པས་དེ་ལྟར་གསུངས་པས་ཆོས་རྣམས་བརྗོད་དོ། །ཚངས་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་ལ་མཁས་པ་ཁོང་དུ་ཆུད་ཅེ་ན། ཚངས་པ་འདི་ལ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ཡང་རྣམ་པར་བྱང་བར་སྟོན། རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པར་སྟོན་ཏེ། དེ་ལས་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ཏུ་ཤེས་པར་བྱའོ། །ཚངས་པ་དེ་བཞིན་གཤེགས་པ་ཀུན་ནས་ཉོན་མོངས་པ་ལ་རྣམ་པར་བྱང་བར་ཇི་ལྟར་སྟོན་ཅེ་ན། ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བར་སྟོན་ཏོ། །རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་ཇི་ལྟར་སྟོན་ཅེ་ན། རྣམ་པར་བྱང་བའི་ངོ་བོ་ཉིད་རློམ་སེམས་མེད་པའི་ཕྱིར་ཏེ། དེ་ལྟར་རྣམ་པར་བྱང་བ་ཀུན་ནས་ཉོན་མོངས་པར་སྟོན་ཏོ། །ཚངས་པ་ང་སྦྱིན་པས་མྱ་ངན་ལས་འདས་པར་སྟོན་ཏེ། དེ་ནི་བྱིས་པ་དག་གིས་མི་ཤེས་ཀྱི་དེ་ལ་བྱང་ཆུབ་སེམས་དཔའ་ལྡེམ་པོ་ངག་ལ་མཁས་པ་ནི་སྦྱིན་པ་ཡང་ཕྱི་མའི་ཚེ། སྐྱིད་པ་ཆེན་པོར་འགྱུར་ཡང་འདི་ལ་ཆོས་གང་ཡང་འཕོ་བ་མེད་དོ། །མི་འཕོ་བས་ན་མྱ་ངན་ལས་འདས་པའོ། །མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཚུལ་ཁྲིམས་ཀྱིས་མྱ་ངན་ལས་འདས་པའོ། །སྐད་ཅིག་པའི་ཚུལ་གྱིས་བཟོད་པས་མྱ་ངན་ལས་འདས་པའོ། །བླང་བ་དང་དོར་བ་མེད་པའི་ཚུལ་གྱིས་བརྩོན་འགྲུས་ཀྱིས་མྱ་ངན་ལས་འདས་པའོ། །རྣམ་པར་མི་རྟོག་པའི་ཚུལ་གྱིས་བསམ་གཏན་གྱིས་མྱ་ངན་ལས་འདས་པའོ། །ཐོགས་


DKG059_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱིས་མྱ་ངན་ལས་འདས་པའོ། །ཆོས་ཀྱི་དབྱིངས་འདོད་ཆགས་དང་བྲལ་བས་ན་འདོད་ཆགས་ནི་འདོད་ཆགས་དང་བྲལ་བའི་མཐའོ། །ཆོས་ཀྱི་དབྱིངས་ལ་གཏུམ་པ་མེད་པས་ཞེ་སྡང་ནི་ཡང་དག་པའི་མཐའོ། །ཆོས་རྣམས་ལ་རྨོངས་པ་མེད་པའི་ཕྱིར་གཏི་མུག་ནི་གཏི་མུག་མེད་པའི་མཐའོ། །ཤི་འཕོ་མེད་པ་དང་སྐྱེ་བ་མེད་པའི་ཚུལ་གྱིས་འཁོར་བ་ཡང་མྱ་ངན་ལས་འདས་པའོ། །མངོན་པར་ཆགས་པ་མེད་པའི་ཚུལ་གྱིས་མྱ་ངན་ལས་འདས་པ་ཡང་འཁོར་བའོ། །ཐ་སྙད་དུ་འདོགས་པའི་ལྟ་བས་བདེན་པ་ཡང་བརྫུན་པའོ། །མངོན་པའི་ང་རྒྱལ་ཅན་རྣམས་ལ་ནི་བརྫུན་པ་ཡང་བདེན་པའོ་ཞེས་དེ་ལྟར་ཤེས་སོ། །གཞན་ཡང་ཚངས་པ་དེ་བཞིན་གཤེགས་པ་ནི་ལྡེམ་པོ་ངག་གི་རྣམ་གྲངས་ཀྱིས་བདག་ཉིད་རྟག་པར་སྨྲ་བར་ཞལ་གྱིས་བཞེས་སོ། །བདག་ཉིད་ཀུན་ནས་ཉོན་མོངས་པར་སྨྲ་བ་དང་། ཆད་པར་སྨྲ་བ་དང་། བྱ་བ་མེད་པར་སྨྲ་བ་དང་། ལོག་པར་སྨྲ་བ་དང་། མ་དད་པ་དང་། བྱས་པ་མི་གཟོ་བ་དང་། མཚམས་གཅོད་པ་དང་། སྐྱུག་པ་ཟ་བ་དང་། གོ་སྐབས་མི་ཕྱེད་པར་ཞལ་གྱིས་བཞེས་ཀྱང་དེ་བཞིན་གཤེགས་པ་ནི་བཤད་པ་འདི་དག་ལ་མི་འབྱུང་མི་སྣང་ངོ་། །ལྡེམ་པོ་ངག་གང་གིས་སེམས་ཅན་རྣམས་ལྷག་པའི་ང་རྒྱལ་འཛིན་པ་འདོད་པར་འགྱུར་བའི་ལྡེམ་པོ་ངག་དེ་དེ་བཞིན་གཤེགས་པ་སྟོན་ཏེ། དེ་ནི་དེ་བཞིན་གཤེགས་པའི་ལྡེམ་པོ་ངག་གོ །ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པ་ལྡེམ་པོ་ངག་ཏུ་ཆོས་སྟོན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་སྤྱོད་པ་ལ་མཁས་པར་བློ་དཔྱད་པར་བྱའོ། །དེ་དེ་ལྟར་མཐར་ཕྱིན་པས་བསྟན་པ་ཐམས་ཅད་ལ་མཁས་པར་འགྱུར་རོ། །དེ་སེམས་ཅན་རྣམས་ལ་གཟུགས་ཀྱི་སྐུ་བསྟན་པས་སངས་རྒྱས་བྱུང་ངོ་སྙམ་དུ་མོས་པར་འགྱུར་རོ། །ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བའི་ཕྱིར་དེ་བཞིན་གཤེགས་པ་མ་བྱུང་བའོ་ཞེས་མོས་པར་འགྱུར་རོ། །ཡི་གེ་རྣམ་པར་རིག་པ་ལྷུར་བྱེད་པའི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པས་ཆོས་བསྟན་ཏོ་ཞེས་མོས་པར་འགྱུར་རོ། །ཆོས་ཉིད་བརྗོད་དུ་མེད་པར་ངེས་པར་བྱས་ནས་ཆོས་བསྟན་དུ་མེད་དོ། །ཞེས་


DKG059_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པར་འགྱུར་རོ། །ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཡོད་དོ་ཞེས་མོས་པར་འགྱུར་རོ། །མ་སྐྱེས་པའི་ཆོས་རྣམས་མི་འཇིག་པའི་ཕྱིར་མྱ་ངན་ལས་འདས་པ་མེད་དོ་ཞེས་མོས་པར་འགྱུར་རོ། །ཀུན་རྫོབ་ལ་འཇུག་པས་སེམས་ཅན་ཡོད་དོ་ཞེས་མོས་པར་འགྱུར་རོ། །དོན་དམ་པ་བསྟན་པ་སེམས་ཅན་མེད་དོ་ཞེས་མོས་པར་འགྱུར་ཏེ། ཚངས་པ་དེ་ལྟར་ན་དེ་བཞིན་གཤེགས་པས་ལྡེམ་པོ་ངག་བསྟན་པས་ཆོས་སྟོན་ཏོ། །དེ་ལ་བྱང་ཆུབ་སེམས་དཔས་བསྟན་པ་ཐམས་ཅད་ལ་མི་སྐྲག་པར་བྱའོ། །དེ་ལ་ཚངས་པ་དེ་བཞིན་གཤེགས་པ་ཐབས་གང་གིས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སྦྱིན་པས་ལོངས་སྤྱོད་འཐོབ་པ་དང་། ཚུལ་ཁྲིམས་ཀྱིས་མཐོ་རིས་སུ་སྐྱེ་བ་དང་། བཟོད་པས་གཟུགས་བཟང་པོ་འཐོབ་པ་དང་། བརྩོན་འགྲུས་ཀྱིས་ཡེ་ཤེས་ཐོབ་པ་དང་། བསམ་གཏན་གྱིས་རབ་ཏུ་དབེན་པ་འཐོབ་པ་དང་། ཤེས་རབ་ཀྱིས་ཉོན་མོངས་པ་འདོར་བ་འཐོབ་པ་དང་། ཐོས་པའི་ཤེས་རབ་འཐོབ་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མི་དང་ལྷའི་ཕུན་སུམ་ཚོགས་པ་རྣམས་འཐོབ་པ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱིས་ཚངས་པའི་འཇིག་རྟེན་དུ་སྐྱེ་བ་འཐོབ་པ་དང་། ཞི་གནས་ཀྱིས་ལྷག་མཐོང་འཐོབ་པ་དང་། སློབ་པའི་སས་མི་སློབ་པའི་ས་ཐོབ་པ་དང་། རང་སངས་རྒྱས་ཀྱི་སས་སྦྱིན་པ་ཡོངས་སུ་སྤྱད་པ་དང་། སངས་རྒྱས་ཀྱི་སས་ཚད་མེད་པའི་ཡེ་ཤེས་འཐོབ་པ་དང་། མྱ་ངན་ལས་འདས་པས་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བ་འཐོབ་པར་འགྱུར་རོ། །ཞེས་ཚངས་པ་ང་ནི་ཐབས་ཀྱིས་སེམས་ཅན་རྣམས་ཆོས་འདི་ལ་མོས་པར་བྱེད་དེ། དེ་བཞིན་གཤེགས་པ་ནི་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་ཏུ་མི་དམིགས་སོ། །དེ་བཞིན་གཤེགས་པ་ནི་སྦྱིན་པ་ཡང་མི་དམིགས། སྦྱིན་པའི་འབྲས་བུ་ཡང་མི་དམིགས། སེར་སྣ་ཡང་མི་དམིགས། སེར་སྣའི་འབྲས་བུ་ཡང་མི་དམིགས། ཚུལ་ཁྲིམས་ཀྱང་མི་དམིགས། ཚུལ་ཁྲིམས་ཀྱི་འབྲས་བུ་ཡང་མི་དམིགས། ངང་ཚུལ་ངན་པ་ཡང་མི་དམིགས།


DKG059_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ངང་ཚུལ་ངན་པའི་འབྲས་བུ་ཡང་མི་དམིགས། བཟོད་པ་ཡང་མི་དམིགས། བཟོད་པའི་འབྲས་བུ་ཡང་མི་དམིགས། གནོད་སེམས་ཀྱང་མི་དམིགས། གནོད་སེམས་ཀྱི་འབྲས་བུ་ཡང་མི་དམིགས། བརྩོན་འགྲུས་ཀྱང་མི་དམིགས། བརྩོན་འགྲུས་ཀྱི་འབྲས་བུ་ཡང་མི་དམིགས། ལེ་ལོ་ཡང་མི་དམིགས། ལེ་ལོའི་འབྲས་བུ་ཡང་མི་དམིགས། བསམ་གཏན་ཡང་མི་དམིགས། བསམ་གཏན་གྱི་འབྲས་བུ་ཡང་མི་དམིགས། གཡེང་བ་ཡང་མི་དམིགས། གཡེང་བའི་འབྲས་བུ་ཡང་མི་དམིགས། ཤེས་རབ་ཀྱང་མི་དམིགས། ཤེས་རབ་ཀྱི་འབྲས་བུ་ཡང་མི་དམིགས། འཆལ་པའི་ཤེས་རབ་ཀྱང་མི་དམིགས། འཆལ་པའི་ཤེས་རབ་ཀྱི་འབྲས་བུ་ཡང་མི་དམིགས། བདེ་བ་ཡང་མི་དམིགས། སྡུག་བསྔལ་ཡང་མི་དམིགས། རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་མི་དམིགས་པ་ནས་བྱང་ཆུབ་ཀྱི་བར་དུ་ཡང་མི་དམིགས། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མི་དམིགས་ཏེ། ཚངས་པ་སེམས་ཅན་དེ་དག་དེ་ལྟར་བསྟན་པས་སྦྱོར་ཞིང་རྩོལ་ཏེ་འབད་ཀྱང་གང་གི་ཕྱིར་སྦྱོར་བ་དང་། རྩོལ་བ་དང་། འབད་པའི་ཆོས་དེ་དག་ཁོང་དུ་མི་ཆུད་ཅིང་མི་འཐོབ་སྟེ། གང་འདི་རྒྱུན་དུ་ཞུགས་པའི་འབྲས་བུ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དང་། རང་བྱང་ཆུབ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནས་མྱ་ངན་ལས་འདས་པའི་བར་དུ་ཁོང་དུ་མི་ཆུད་མི་འཐོབ་བོ། །ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཐབས་ཀྱིས་ཆོས་བསྟན་པ་ཡིན་ཏེ། སེམས་ཅན་རྣམས་དམ་པའི་ཆོས་ཡོངས་སུ་འཛིན་དུ་གཞུག་པའི་ཕྱིར། བྱང་ཆུབ་སེམས་དཔས་ཐབས་མཁས་པ་ལ་སྦྱོར་བར་བྱའོ། །ཚངས་པ་དེ་ལ་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་གང་ཞེ་ན། མིག་ནི་ཐར་པའི་ཚུལ་ལོ། །དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་རྣམས་ནི་ཐར་པའི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ། །དེ་བཞིན་དུ་ཡིད་ཀྱི་བར་དུ་བདག་དང་བདག་གིས་སྟོང་སྟེ། དེའི་རང་བཞིན་འདི་ཡིན་ནོ། །ཚངས་པ་མི་སླུ་བའི་ཕྱིར། སྐྱེ་མཆེད་ཐམས་ཅད་ནི་སེམས་ཅན་


DKG059_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ཐར་པའི་ཚུལ་དུ་རིག་པར་བྱའོ། །འདི་ནི་སེམས་ཅན་རྣམས་ཀྱི་ཐར་པ་ལ་བརྩོན་པར་མི་སླུ་བ་སྟེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་རྣམས་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ཚུལ་འདི་ཡིན་ཏེ། གང་འདི་སྟོང་པ་ཉིད་ཀྱི་ཚུལ་དང་། མཚན་མ་མེད་པའི་ཚུལ་དང་། སྨོན་པ་མེད་པའི་ཚུལ་དང་། མངོན་པར་འདུ་མི་བྱེད་པའི་ཚུལ་དང་། མི་སྐྱེ་བའི་ཚུལ་དང་། མི་འགག་པའི་ཚུལ་དང་། འགྲོ་བ་མེད་ཅིང་འོང་བ་མེད་པའི་ཚུལ་དང་། ཤི་འཕོ་མེད་ཅིང་སྐྱེ་བ་མེད་པའི་ཚུལ་དང་། རང་བཞིན་གྱིས་འོད་གསལ་བའི་ཚུལ་དང་། དབེན་པའི་ཚུལ་ལོ། །རང་བཞིན་གྱིས་བེམས་པོ་ཡིན་པའི་ཕྱིར་ཕན་ཚུན་མི་ཕྲད་པས་ན་དེ་བཞིན་གཤེགས་པས་ཡི་གེ་ཐམས་ཅད་ལས་ཐར་པའི་སྒོའི་ཚུལ་སྨོས་སོ། །ཚངས་པ་ཡི་གེ་ཐམས་ཅད་ལ་བདེན་པའི་གཏམ་དུ་ལྟ་སྟེ། གཏམ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐར་པའི་ཚུལ་བདེན་པ་བསྟན་པ་བསྟན་ཏོ། །དེ་བཞིན་གཤེགས་པའི་ཆོས་བསྟན་པ་གང་ཀུན་ནས་ཉོན་མོངས་པར་འགྱུར་བ་དེ་གང་ཡང་མེད་དོ། །ཆོས་བསྟན་ཏོ་ཅོག་ཏུ་ཐར་པར་འདྲེན་ཅིང་། མྱ་ངན་འདས་པ་སྟོན་ཏོ། །ཚངས་པ་འདི་ནི་དེ་བཞིན་གཤེགས་པའི་ཚུལ་བསྟན་པ་ཡིན་ཏེ། དེ་ལ་བྱང་ཆུབ་སེམས་དཔས་བསླབ་པར་བྱའོ། །ཚངས་པ་དེ་ལ་དེ་བཞིན་གཤེགས་པ་སྙིང་རྗེ་ཇི་ལྟ་བུས་སེམས་ཅན་རྣམས་ལ་ཆོས་སྟོན་ཅེ་ན། སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་དང་ལྡན་པ་སྐྱེའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། ཆོས་ཐམས་ཅད་ནི་བདག་མེད་པ་ཡིན་ན་སེམས་ཅན་རྣམས་ནི་བདག་མེད་པར་མ་མོས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་ཡིན་ན། སེམས་ཅན་རྣམས་ནི་སེམས་ཅན་དུ་སྨྲ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སྲོག་མེད་པ་ཡིན་ན་སེམས་ཅན་རྣམས་ནི་སྲོག་ཏུ་ལྟའོ་ཞེས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་གང་ཟག་མེད་པ་ཡིན་ན་སེམས་


DKG059_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ནི་གང་ཟག་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན་ན་སེམས་ཅན་རྣམས་ནི་ངོ་བོར་ལྟ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་གནས་མེད་པ་ཡིན་ན་སེམས་ཅན་རྣམས་ནི་གནས་ལ་རྟེན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་ཀུན་གཞི་མེད་པར་ཡིན་ན་སེམས་ཅན་རྣམས་ནི་ཀུན་གཞི་ལ་མངོན་པར་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་ང་ཡིར་བྱ་བ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་ང་ཡིར་འཛིན་པ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་བདག་པོ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་ཡོངས་སུ་འཛིན་པ་ལ་བརྩོན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་དངོས་པོ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་དངོས་པོ་ལ་རྟེན་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་མ་སྐྱེས་པ་ཡིན་ན་སེམས་ཅན་རྣམས་ནི་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་མ་འཕོས་མ་བྱུང་བ་ཡིན་ན་སེམས་ཅན་རྣམས་ནི་འཆི་འཕོ་དང་སྐྱེ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པར་གྱུར་པ་ཡོད་པ་མ་ཡིན་ན། སེམས་ཅན་རྣམས་ནི་ཀུན་ནས་ཉོན་མོངས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་ཡིན་ན་སེམས་ཅན་རྣམས་ལ་ཆགས་པར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ་ཡིན་ན་སེམས་ཅན་རྣམས་ནི་ཞེ་སྡང་


DKG059_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ་ཡིན་ན་སེམས་ཅན་རྣམས་ནི་གཏི་མུག་པར་གྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་འོང་བ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་འོང་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་འགྲོ་བ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་འགྲོ་བ་ལ་གནས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་མངོན་པར་འདུ་མི་བྱེད་པ་ཡིན་ན་སེམས་ཅན་རྣམས་ནི་མངོན་པར་འདུ་བྱེད་པ་ལ་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་སྤྲོས་པ་ལ་དགའ་སྟེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཡིན་ན་སེམས་ཅན་རྣམས་ནི་ལྟ་བར་ཞུགས་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་མཚན་མ་ལ་སྤྱོད་ཡུལ་བར་གྱུར་ཏེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པ་ཡིན་ན་སེམས་ཅན་རྣམས་ནི་སྨོན་ལམ་ལ་སྤྱོད་དེ། དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བའི་སྐྱོན་ལ་ཞུགས་པར་གཟིགས་ནས། དེ་དག་ལ་གནོད་སེམས་ཀྱི་ཐ་བའི་སྐྱོན་སྤང་བའི་ཕྱིར་ཆོས་སྟོན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་


DKG059_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ང་བར་ཞུགས་པ་ལམ་གོལ་བ་ལ་གནས་པ་ཡིན་ཏེ། དེ་དག་ཡང་དག་པའི་ལམ་དུ་གཟུང་བར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་བརྐམ་ཞིང་ཆགས་པའི་ཟིལ་གྱིས་གནོན་པ་ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་ཡིན་ཏེ། དེ་དག་འཕགས་པའི་ནོར་དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་ལ་དགོད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནོར་དང་། འབྲུ་དང་། ཁྱིམ་དང་། བུ་དང་། ཆུང་མ་ལ་སྲེད་པས་འཁོལ་ཅིང་སྙིང་པོ་མེད་པ་ལ་སྙིང་པོར་འཛིན་ཏེ། དེ་དག་ལ་ཤིན་ཏུ་མི་རྟག་པ་ཉིད་བསྟན་ཏོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་མ་རིག་པས་འཚོ་ཞིང་གཅིག་ལ་གཅིག་འདྲིད་པ་ལ་གནས་ཏེ། དེ་དག་འཚོ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་མི་མཛའ་བ་ཡིན་ན་ཁེ་དང་། བཀུར་སྟིས་རྒྱས་ནས་བདག་ཅག་མཛའོ་སྙམ་དུ་སེམས་ཏེ། དེ་དག་གི་གང་འདི་སྡུག་བསྔལ་རྣམ་པར་ཞི་བའི་བདེ་བ་མྱ་ངན་ལས་འདས་པ་ལ་ཤིན་ཏུ་ཡང་དག་པའི་དགེ་བའི་བཤེས་གཉེན་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཀྱེ་མ་སེམས་ཅན་འདི་དག་ནི་ཤིན་ཏུ་ཉོན་མོངས་པར་གྱུར་ཅིང་སྡུག་བསྔལ་གྱི་ཆོས་མང་བ་ཁྱིམ་གྱི་གནས་ལ་མངོན་པར་དགའ་བ་དེ་དག་ཁམས་གསུམ་ལས་བཟླ་བའི་ཕྱིར་འབྱུང་བའི་ཆོས་བསྟན་ཏོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་རྣམ་པར་བསྒྲུབས་པས་ཉེ་བར་གནས་པའི་མཚན་ཉིད་དེ། འཕགས་པའི་རྣམ་པར་གྲོལ་བ་དེ་ལ་ལེ་ལོ་བྱེད་དོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །སེམས་ཅན་རྣམས་ནི་ཆགས་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་མཆོག་ཁྱད་པར་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་བཏང་ཞིང་། གང་འདི་ཐེག་པ་དམན་པ་ཉན་


DKG059_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཚོལ་ཏེ། དེ་དག་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་སེམས་མོས་པར་བྱའོ། །ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་སྐྱེའོ། །ཚངས་པ་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་རྗེ་རྣམ་པ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་ལྡན་པར་སྐྱེ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྙིང་རྗེ་ཆེན་པོ་ལ་གནས་པ་ཞེས་བྱའོ། །ཚངས་པ་བྱང་ཆུབ་སེམས་དཔའ་གང་ལ་ལ་སྙིང་རྗེ་ཆེན་པོ་རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་དང་ལྡན་པར་སེམས་ཅན་རྣམས་ལ་འཇུག་ན། ཚངས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བསོད་ནམས་ཀྱི་ཞིང་གཟི་བརྗིད་ཆེན་པོ་ཡོངས་སུ་རྒྱས་པ། ཕྱིར་མི་ལྡོག་པ། སེམས་ཅན་གྱི་དོན་ལ་བརྩོན་པར་ཤེས་པར་བྱའོ། །ཡང་སྙིང་རྗེ་ཆེན་པོའི་ཆོས་ཀྱི་སྒོའི་ལེའུ་འདི་བཤད་པ་ན་སྲོག་ཆགས་སྟོང་ཕྲག་སུམ་ཅུ་རྩ་གཉིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །སྲོག་ཆགས་བརྒྱ་སྟོང་གིས་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །ལྷའི་བུ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཆོས་རྣམས་ལ་རྡུལ་མེད་ཅིང་དྲི་མ་དང་བྲལ་བའི་ཆོས་ཀྱི་མིག་རྣམ་པར་དག་གོ །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཚངས་པ་ཁྱད་པར་སེམས་འདི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་བསྟན་པ་འདི་ཐོས་ན་དགའ་བར་མི་བགྱིད་རངས་པར་མི་འགྱུར་རོ། །ཁྱད་པར་སེམས་ཀྱིས་སྨྲས་པ། རིགས་ཀྱི་བུ་གང་གི་རྣམ་པར་ཤེས་པ་གཉིས་དང་ལྡན་པ་དེ་དག་ལ་ནི་དགའ་བའམ་རངས་པ་ཡང་འགྱུར་གྱི་གཉིས་སུ་མེད་པ་ཡང་དག་པའི་མཐའ་ལ་གནས་པ་ལ་དགའ་བ་ཡང་མེད། རངས་པ་ཡང་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་སྒྱུ་མས་སྤྲུལ་པའི་སྐྱེས་བུ་ནི་སྒྱུ་མ་གར་བྱེད་པར་ཞུགས་པ་ལ་དགའ་བ་ཡང་མེད། རངས་པ་ཡང་མེད་དོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་ཀྱི་རང་བཞིན་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པའི་ཆོ་འཕྲུལ་ལ་དགའ་བ་ཡང་མི་སྐྱེ།


DKG059_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

རངས་པར་ཡང་མི་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པའི་སྤྲུལ་པས་དེ་བཞིན་གཤེགས་པའི་སྤོབས་པ་ཐོས་ན་དགའ་བར་མི་བྱེད། རངས་པར་མི་འགྱུར་རོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་རྣམས་སྤྲུལ་པའི་རང་བཞིན་དུ་ཤེས་ནས། དེ་བཞིན་གཤེགས་པ་ལ་ལྷག་པར་དགའ་བ་ཡང་མི་སྐྱེའོ། །སེམས་ཅན་གཞན་དག་ལ་ཡང་དམན་པར་མི་འཛིན་ཏོ། །དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། ཚངས་པ་ཁྱོད་ཀྱི་ཆོས་ཐམས་ཅད་སྒྱུ་མས་སྤྲུལ་པའི་རང་བཞིན་དུ་ཤེས་སམ་སྨྲས་པ། རིགས་ཀྱི་བུ་གང་རྣམས་གཉིས་སུ་རྣམ་པར་བཞག་པ་སྤྱོད་པ་དེ་དག་ལ་དྲིས་ཤིག །སྨྲས་པ། ཚངས་པ་ཁྱོད་གང་ལ་སྤྱོད། སྨྲས་པ། གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ལ་ང་ཡང་སྤྱོད་དོ། །སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ལ་སྤྱོད་དོ། །འཇིག་ཚོགས་ལ་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། ཐེ་ཙོམ་དང་། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་། འདོད་པ་དང་། འདོད་ཆེན་དང་། ལོག་པར་སྦྱོར་བ་རྣམས་ལ་སྤྱོད་པ་ན་ཇི་ཁྱོད་ཀྱང་དེ་དག་ལ་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་ཁྱོད་སོ་སོའི་སྐྱེ་བོ་རྣམས་ཀྱི་སོ་སོའི་སྐྱེ་བོའི་ཆོས་ཡོངས་སུ་གྲུབ་པར་འདོད་དམ། སྨྲས་པ། སོ་སོའི་སྐྱེ་བོ་ཉིད་ཀྱང་ང་མི་འདོད་ན་དེ་དག་གི་ཆོས་ཡོངས་སུ་གྲུབ་པར་ག་ལ་འདོད། སྨྲས་པ། རིགས་ཀྱི་བུ་གང་འདི་ཆོས་ཡོངས་སུ་མ་གྲུབ་པའི་ཆོས་དེ་ལ་ཆགས་པའམ། ཞེ་སྡང་བའམ། གཏི་མུག་པར་བྱ་བ་ཁྱོད་འདོད་དམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ། ཞེ་སྡང་དང་བྲལ། གཏི་མུག་དང་བྲལ་བའི་སྤྱོད་པ་ཡང་དེའི་མཚན་ཉིད་དོ། །རིགས་ཀྱི་བུ་དེ་ལྟར་སྤྱོད་པ་གཉིས་སུ་མེད་པའི་ཕྱིར་སོ་སོའི་སྐྱེ་བོའི་སྤྱོད་པ་གང་ཡིན་པ་དེ་ཉིད་འཕགས་པ་རྣམས་ཀྱི་སྤྱོད་པའོ། །རིགས་ཀྱི་བུ་ཡང་སྤྱོད་པ་ཐམས་ཅད་ནི་སྤྱོད་པ་མ་ཡིན་ནོ། །འདོགས་པ་ཐམས་ཅད་ནི་འདོགས་པ་མ་ཡིན་ནོ། །འགྲོ་བ་ཐམས་ཅད་ནི་འགྲོ་བ་མ་ཡིན་པའོ། །སྨྲས་


DKG059_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚངས་པ་དེ་ཇི་ལྟར་ན་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན། སྨྲས་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་སྤྱད་ཀྱང་ཆོས་ཀྱི་དབྱིངས་ལ་བྲི་བའམ་གང་བར་མི་དམིགས་ཏེ། དེའི་ཕྱིར་སྤྱོད་པ་ཐམས་ཅད་སྤྱོད་པ་མ་ཡིན་ནོ། །སྨྲས་པ། ཚངས་པ་དེ་ཇི་ལྟར་ན་འདོགས་པ་ཐམས་ཅད་འདོགས་པ་མ་ཡིན་ཞེ་ན། སྨྲས་པ། རིགས་ཀྱི་བུ་ཆོས་ཐམས་ཅད་འདོགས་པ་མ་ཡིན་པས་བཏགས་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་དུ་འདོགས་པ་ནི་འདོགས་པ་མ་ཡིན་པའོ། །སྨྲས་པ། ཚངས་པ་དེ་ཇི་ལྟར་ན་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་ཞེ་ན། སྨྲས་པ། གར་ཡང་མི་འགྲོ་བའི་ཕྱིར་འགྲོ་བ་ཐམས་ཅད་འགྲོ་བ་མ་ཡིན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་ཚངས་པ་ལེགས་སོ། །ལེགས་སོ། །གལ་ཏེ་བཤད་པར་བྱ་བ་དེ་ལྟར་བཤད་པར་བྱའོ། །ཞེས་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་ཁྱོད་གང་འདི་སྐད་དུ་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྤྱོད་པ་དེ་ཉིད་ལ་བདག་སྤྱོད་དོ་ཞེས་ཟེར་ན་སྤྱོད་པ་དེ་ཁྱོད་ཀྱིས་ཐོབ་པ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་གལ་ཏེ་བདག་ལ་སྐྱེ་བའི་རྒྱུ་ཡོད་ན་ནི། བདག་གི་སྤྱོད་པ་ཡང་ཐོབ་པར་འགྱུར་རོ། །སྨྲས་པ། ཚངས་པ་དེ་གལ་ཏེ་མི་སྐྱེ་ན། ཇི་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་སྤྲུལ་པའི་སྐྱེ་བ་ཇི་ལྟ་བ་བདག་གི་སྐྱེ་བའང་དེ་དང་འདྲའོ། །སྨྲས་པ། དེ་ནི་དེ་བཞིན་གཤེགས་པས་སྤྲུལ་པ་ལ་སྐྱེ་བ་གང་ཡང་མེད་དོ། །སྨྲས་པ་ཅི་དེ་བཞིན་གཤེགས་པས་སྤྲུལ་པས་སྣང་ངམ། སྨྲས་པ། སངས་རྒྱས་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར་སྣང་ངོ་། །སྨྲས་པ། རིགས་ཀྱི་བུ་ལས་ཁྱུ་མཆོག་ལྟ་བུར་གྱུར་པའི་ཕྱིར་བདག་གི་སྐྱེ་བ་ཡང་དེ་བཞིན་དུ་བལྟའོ། །སྨྲས་པ། ཚངས་པ་ཇི་ལས་མངོན་པར་འདུ་བྱེད་པ་ལ་སྤྱོད་དམ། སྨྲས་པ། རིགས་ཀྱི་བུ་བདག་ནི་ལས་མངོན་པར་འདུ་བྱེད་པ་ལ་མི་སྤྱོད་དོ། །སྨྲས་པ། ལས་མེད་པ་ལ་དེ་ཇི་ལྟར་ལས་ཁྱུ་མཆོག་ལྟ་བུར་འགྱུར། སྨྲས་པ། ལས་ཇི་ལྟ་བ་བཞིན་དུ་


DKG059_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཁྱུ་མཆོག་ཀྱང་དེ་བཞིན་ཉིད་ལས་མི་འདའོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གླང་པོ་ཆེ་འདི་དག་གི་ལྡེམ་པོ་ངག་ལ་གང་འཇུག་པར་འགྱུར་བ་དེ་དག་ནི་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དེ་དག་གི་མིང་ཙམ་ཐོས་པ་ཡང་ལེགས་པར་ཐོས་པ་ལགས་ན། ཆོས་བསྟན་པ་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཤིང་ལྗོན་པ་ས་ཆེན་པོ་ལ་མ་བརྟེན་པར་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྟོན་པ་ལྟར་བཅོམ་ལྡན་འདས་སྐྱེས་བུ་དམ་པ་འདི་དག་གི་སྤྱོད་པའི་མཚན་ཉིད་ཀྱང་དེ་བཞིན་དུ་བལྟའོ། །འདི་ལྟར་ཆོས་ཐམས་ཅད་ལ་མི་གནས་ཤིང་། སྤྱོད་པ་དང་། སྐྱེ་བ་དང་། འབྱུང་བ་དང་། འཕོ་བ་དང་། འཆི་བ་ཡང་སྟོན་ལ་སངས་རྒྱས་ཀྱི་ཞིང་དག་ན་ཡང་གདའ་བ་དེ་དག་ལ་ལྷག་པར་ཤེས་རབ་ཀྱི་སྤོབས་པ་འདི་ལྟ་བུ་ཡང་སྤོབས་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུ་མཐོང་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད།། །།བམ་པོ་གསུམ་པ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་ཅེས་བྱ་བ་འཁོར་དེར་འདུས་ཤིང་འདུག་པར་གྱུར་ཏེ། དེས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ནི་དེ་བཞིན་གཤེགས་པས་ཤེས་རབ་ཅན་གྱི་མཆོག་ཏུ་གསུངས་ན། འདི་ལྟར་ཤེས་རབ་ཀྱི་སྤོབས་པས་རྣམ་པར་འཕྲུལ་པ་འདི་ལྟ་བུས་རྣམ་པར་འཕྲུལ་མི་ནུས་པ་ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཁོང་དུ་མ་ཆུད་དམ། གནས་བརྟན་གྱིས་སྨྲས་པ། ཀུན་ཏུ་མེ་ཏོག་བཅོམ་ལྡན་འདས་ཀྱི་ཉན་ཐོས་རྣམས་ནི་ཡུལ་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཡུལ་དུ་བགྲང་ངམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཇི་ལྟར་གནས་བརྟན་ཤཱ་རིའི་བུ་ཡུལ་ཇི་ལྟ་བ་བཞིན་དུ་སྟོན། སྨྲས་པ། ཉན་ཐོས་ཀྱི་


DKG059_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་དུ་ཆུད་པ་ཇི་ཙམ་པ་བསྟན་པའང་དེ་ཙམ་མོ། །སྨྲས་པ། ཅི་གནས་བརྟན་གྱིས་ཆོས་ཀྱི་དབྱིངས་ཀྱི་ཡུལ་རྣམ་པ་ཚད་མེད་པ་ཁོང་དུ་ཆུད་དམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །སྨྲས་པ། ཆོས་ཀྱི་དབྱིངས་ལ་ཚད་ཡོད་པ་མ་ཡིན་པས་ན་ཆོས་ཀྱི་དབྱིངས་ནི་ཚད་མེད་པ་ཡིན་ཏེ། བཙུན་པ་ཤཱ་རིའི་བུ་ཇི་ལྟར་ཚད་མེད་པར་ཁོང་དུ་ཆུད་པ་དེ་བཞིན་དུ་ཚད་མེད་པར་བསྟན་པ་ཡིན་ན། དེ་ཇི་ལྟར་གང་གིས་ཁོང་དུ་ཆུད་པ་ཇི་འདྲ་བར་དེའི་བསྟན་པ་ཡང་དེ་འདྲ་བར་འགྱུར། སྨྲས་པ། ཀུན་ཏུ་མེ་ཏོག་ཆོས་ཀྱི་དབྱིངས་ནི་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པའི་མཚན་ཉིད་མ་ཡིན་ན་ཅི་ཁྱོད་ཆོས་ཀྱི་དབྱིངས་དང་ཐ་དད་དུ་རྣམ་པར་གྲོལ་ལམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཅིའི་ཕྱིར་སྨྲས་པ། ཆོས་ཀྱི་དབྱིངས་ཐ་དད་པར་འགྱུར་བའི་ཕྱིར་རོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེའི་ཕྱིར་ཁོང་དུ་ཆུད་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་དེ་བཞིན་ནོ། །སྨྲས་པ། ཀུན་ཏུ་མེ་ཏོག་བདག་ནི་སྟོན་འདོད་པ་མ་ཡིན་གྱི་བདག་ནི་ཉན་དུ་འདོད་པའོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་མི་འགྱུར་བར་ངེས་པ་ལ་ཇི་ལྟར་བཤད་པར་བྱ་བའམ། མཉན་པར་བྱ་བའམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅིའི་ཕྱིར་ཁྱོད་བདག་ནི་ཉན་པར་འདོད་པ་ཡིན་གྱི་སྟོན་པར་འདོད་པ་མ་ཡིན་སྙམ་དུ་སེམས། སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཀྱང་གང་གུས་པར་ཆོས་བསྟན་པ་དང་། གང་གུས་པར་ཆོས་ཉན་པ་གང་ཟག་གཉིས་ནི་བསོད་ནམས་མང་དུ་བསྐྱེད་དོ་ཞེས་གསུངས་ཀྱིས། དེའི་ཕྱིར་ཁྱོད་ཀྱིས་ཤོད་ཅིག་བདག་གིས་མཉན་ཏོ། །སྨྲས་པ། གནས་བརྟན་ཤཱ་རིའི་བུ་འདུ་ཤེས་དང་ཚོར་བ་ཐམས་ཅད་ལ་འགོག་པར་སྙོམས་པར་ཞུགས་ལ་ཆོས་ཉན་ནུས་སམ། སྨྲས་པ། རིགས་ཀྱི་བུ་གང་གིས་མཉན་པར་བྱ་བའི་གཉིས་ལ་འཇུག་པ་འགོག་པ་ལ་མེད་དོ། །སྨྲས་པ། གནས་བརྟན་ཤཱ་རིའི་བུ་ཆོས་ཐམས་ཅད་རང་བཞིན་གྱིས་འགག་པར་འདོད་དམ། སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཏེ། ཆོས་ཐམས་ཅད་ནི་ཤིན་ཏུ་


DKG059_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགག་པའོ། །སྨྲས་པ། དེའི་ཕྱིར་གནས་བརྟན་ཤཱ་རིའི་བུ་རྟག་ཏུ་མི་ཆད་པར་ཆོས་མཉན་པའི་སྐལ་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་འགག་པའི་ཕྱིར་རོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་ཏིང་ངེ་འཛིན་ལས་མ་ལངས་པར་ཆོས་སྟོན་ནུས་སམ། སྨྲས་པ། གནས་བརྟན་ཤཱ་རིའི་བུ་གང་རྟག་ཏུ་མཉམ་པར་མ་བཞག་པའི་ཆོས་གང་ཡང་དམིགས་སམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་མཉམ་པར་བཞག་པར་འགྱུར་རོ། །སྨྲས་པ། རིགས་ཀྱི་བུ་ཏིང་ངེ་འཛིན་གང་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་མཉམ་པར་བཞག་པ་ཡིན། སྨྲས་པ། ཆོས་ཀྱི་དབྱིངས་མི་འཁྲུགས་པའི་ཏིང་ངེ་འཛིན་ལའོ། །སྨྲས་པ། ཀུན་ཏུ་མེ་ཏོག་དེ་ལྟ་ཡིན་དུ་ཟིན་ན་སོ་སོའི་སྐྱེ་བོ་རྣམས་དང་། འཕགས་པ་རྣམས་སུ་བྱེ་བྲག་མེད་པར་འགྱུར་རོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་དེ་བཞིན་ཏེ། ང་ནི་འཕགས་པ་དང་། སོ་སོའི་སྐྱེ་བོ་རྣམས་ཐ་དད་དུ་དབྱེ་བར་མི་འདོད་དོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་འགགས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་ཆོས་གང་ཡང་མ་བསྐྱེད་དེ་ཆོས་ཀྱི་དབྱིངས་མཉམ་པ་ཉིད་དེ་གང་ཡིན་པ་དེ་ཉིད་ལས་ཀྱང་མི་འདའོ། །སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་མཉམ་པ་ཉིད་གང་ཡིན། སྨྲས་པ། གང་གནས་བརྟན་གྱིས་ཡོངས་སུ་ཤེས་པ་དེ་སྟོན་ཏེ། གནས་བརྟན་གྱིས་ཀྱང་འཕགས་པའི་ཆོས་རྣམས་བསྐྱེད་དམ། སྨྲས་པ་དེ་མ་ཡིན་ནོ། །སྨྲས་པ། ཇི་ཁྱོད་ཀྱིས་སོ་སོའི་སྐྱེ་བོ་རྣམས་འགག་པར་བྱས་སམ། སྨྲས་པ་དེ་མ་ཡིན་ནོ། །སྨྲས་པ་འོ་ན་ཁྱོད་ཀྱིས་འཕགས་པའི་ཆོས་རྣམས་ཐོབ་བམ། སྨྲས་པ། དེ་མ་ཡིན་ནོ། སྨྲས་པ། འོ་ན་ཅི་ཁྱོད་ཀྱིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཡོངས་སུ་ཤེས་སམ། སྨྲས་པ་དེ་མ་ཡིན་ནོ། །སྨྲས་པ་འོ་ན་གནས་བརྟན་གྱིས་ཡོངས་སུ་ཤེས་པས་ཅི་མངོན་པར་རྟོགས། སྨྲས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་རྣམ་པར་གྲོལ་མ་ཐག་པའི་དེ་བཞིན་ཉིད་ཀྱང་དེ་ཡིན། ཡོངས་སུ་མྱ་ངན་


DKG059_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་དེ་བཞིན་ཉིད་ཀྱང་དེ་ཡིན་ནོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་དེ་ནི་མ་ལོག་པ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། མི་འགྱུར་བ་དེ་བཞིན་ཉིད་དང་། མི་འཁྲུག་པ་དེ་བཞིན་ཉིད་དེ། བཙུན་པ་ཤཱ་རིའི་བུ་དེ་བཞིན་ཉིད་འདིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྗེས་སུ་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་ན་མེའི་ཕུང་པོ་རབ་ཏུ་འབར་བའི་མེ་ལྕེ་ཐམས་ཅད་ནི་སྲེག་པར་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་ནི་ཇི་སྐད་སྟོན་པ་དེ་བཞིན་ཏེ། རིགས་ཀྱི་བུ་འདི་དག་གིས་བསྟན་པ་ཐམས་ཅད་ཆོས་ཀྱི་དབྱིངས་བསྟན་པ་སྟེ། ཆོས་བསྟན་པ་ཐམས་ཅད་ཀྱང་ཉོན་མོངས་པ་ཐམས་ཅད་སྲེག་པར་ཉེ་བར་གནས་པ་ཡིན་ནོ། །དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་གནས་བརྟན་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །གནས་བརྟན་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱིས་ཤེས་རབ་དང་ལྡན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གསུངས་ན། གནས་བརྟན་ཤཱ་རིའི་བུ་ཤེས་རབ་གང་གིས་ཤེས་རབ་དང་ལྡན་པའི་མཆོག་ཏུ་གསུངས་པའི་ཤེས་རབ་དེ་གང་ཡིན། སྨྲས་པ། དྲ་བ་ཅན་གྱི་འོད་གང་ཉན་ཐོས་སྒྲའི་རྗེས་སུ་འབྲང་བ། རང་གི་རྒྱུད་སྣང་བའི་མཚན་ཉིད། ཉེ་ཚེ་བའི་ཡེ་ཤེས་ཀྱིས་རྣམ་པར་གྲོལ་བ་རྣམས་ཀྱི་ཤེས་རབ་སྟེ། ཤེས་རབ་དེས་བདག་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་གསུངས་ཀྱི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་ནི་མ་ཡིན་ནོ། །སྨྲས་པ། ཅི་ཤེས་རབ་སྤྲོས་པའི་མཚན་ཉིད་དམ། སྨྲས་པ་དེ་མ་ཡིན་ནོ། །སྨྲས་པ་འོ་ན་ཤེས་རབ་མཉམ་པ་ཉིད་རྗེས་སུ་སྤྱོད་པའམ། སྨྲས་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །སྨྲས་པ། གནས་བརྟན་ཤཱ་རིའི་བུ་མཉམ་པ་ཉིད་ཀྱི་རྗེས་སུ་སྤྱོད་པའི་ཤེས་


DKG059_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཀྱིས་ཇི་ལྟར་ཤེས་རབ་ཚད་ཅན་དུ་བཤད། སྨྲས་པ། རིགས་ཀྱི་བུ་ཆོས་ཀྱི་དབྱིངས་ཀྱི་རྒྱུས་ནི་ཤེས་རབ་ཚད་མེད་དོ། །ཡུལ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་འཇུག་པས་ནི་ཚད་ཟིན་པའོ། །སྨྲས་པ། བཙུན་པ་ཤཱ་རིའི་བུ་ཡེ་ཤེས་ཚད་མེད་པའམ། འོན་ཏེ་ཚད་ཡོད་པ་ཡིན། སྨྲས་པ། རིགས་ཀྱི་བུ་ཡེ་ཤེས་ནི་ཚད་མེད་པའོ། །སྨྲས་པ། འོ་ན་ཚད་མེད་པ་ཇི་ལྟར་ཚད་ཟིན་པ་སྟོན། དེ་ནས་གནས་བརྟན་ཤཱ་རིའི་བུ་ཅང་མི་ཟེར་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་ཅིའི་སླད་དུ་དྲ་བ་ཅན་གྱི་འོད་ཅེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གང་གིས་ལྷ་དང་བཅས་པའི་འཇིག་རྟེན་འདི་དགའ་བར་གྱུར་ནས་དགེ་བའི་རྩ་བ་ཡོངས་སུ་སྨིན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བའི་འོད་རང་གི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པ་ཁྱོད་ཀྱིས་སྟོན་ཅིག །དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ། །ཞེས་གསོལ་ཏེ་མཉན་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། ལག་པ་གཡས་པ་དྲ་བ་ཅན་གྱི་སེན་མོ་ཟངས་ལྟ་བུ་ལས་འོད་ཟེར་བྱུང་ནས་འོད་ཟེར་དེས་ཚད་མེད་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐལ་ནས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཚད་མེད་པ་རྣམས་འོད་ཀྱིས་ཁྱབ་པར་བྱས་ཏེ། འོད་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པ་ན་སེམས་ཅན་དམྱལ་བ་པའི་སེམས་ཅན་ནམ། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའམ། གཤིན་རྗེའི་འཇིག་རྟེན་པའམ། ལོང་བའམ། འོན་པའམ། ཐེང་པོའམ། ལག་ཞའམ། ནད་བུ་ཅན་ནམ། ཆགས་པའམ། གཏུམ་པའམ། རྨོངས་པའམ། གཅེར་བུའམ། ལྟོགས་པའམ། སྐོམ་པའམ། བཅིངས་པའམ། གཟུང་བའམ། དབུལ་བའམ།


DKG059_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

རིད་པའམ། རྒས་པའམ། འཆི་བའི་ཆོས་ཅན་ནམ། སེར་སྣ་ཅན་ནམ། གནོད་པར་སེམས་པའམ། ངང་ཚུལ་ངན་པ་ཅན་ནམ། འཛུད་པའམ། དྲན་པ་ཉམས་པའམ། འཆལ་པའི་ཤེས་རབ་ཅན་ནམ། མ་དད་པའམ། ཐོས་པ་ཉུང་བའམ། བསོད་ནམས་ཆུང་བའམ། ངོ་ཚ་མི་ཤེས་པའམ། ཁྲེལ་མེད་པའམ། ལྟ་བ་ཐིབས་པོར་གྱུར་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འོད་དེས་རེག་མ་ཐག་ཏུ་བདེ་བ་ཐམས་ཅད་དང་ལྡན་པར་གྱུར་ཏོ། །སེམས་ཅན་གང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། འཆབ་པ་དང་། ཕྲག་དོག་དང་། ཁྲོ་བའི་ཡོངས་སུ་གདུང་བས་ཉམ་ང་བར་གྱུར་པ་མེད་དོ། །སེམས་ཅན་ཐམས་ཅད་ཀྱང་དགའ་བ་དང་བདེ་བ་དང་ལྡན་པར་གྱུར་ཏོ། །གང་སངས་རྒྱས་ཀྱི་སྤྱན་སྔར་བྱང་ཆུབ་སེམས་དཔའི་འཁོར་ཏམ། ཉན་ཐོས་ཀྱི་འཁོར་ཏམ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་དེ་དག་ཐམས་ཅད་འདི་ལྟ་སྟེ། ཁ་དོག་གཅིག་ཏུ་གསེར་གྱི་ཁ་དོག་ལྟ་བུར་སྣང་ངོ་། །ཐམས་ཅད་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁ་དོག་དང་། མཚན་དང་། གཟུགས་འཆང་བར་སྣང་ངོ་། །ཐམས་ཅད་ཀྱང་སྤྱི་གཙུག་བལྟར་མི་སྣང་ཞིང་ལུས་མཆོག་གི་གཟུགས་སུ་སྣང་ངོ་། །ཐམས་ཅད་ཀྱང་པད་མོའི་སྟན་ལ་འཁོད་ཅིང་རིན་པོ་ཆེའི་དྲ་བས་ཁེབས་པར་སྣང་ངོ་། །དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། སངས་རྒྱས་མཐོང་བའི་རང་བཞིན་དུ་རང་བཞིན་གཅིག་ཏུ་སྣང་ངོ་། །དེ་དག་ཐམས་ཅད་ཀྱང་འདི་ལྟ་སྟེ། དཔེར་ན་དགའ་བའི་རྣམ་པར་བཀོད་པའི་ཏིང་ངེ་འཛིན་ཐོབ་པའི་བྱང་ཆུབ་སེམས་དཔའ་བཞིན་དུ་འདི་ལྟ་བུའི་བདེ་བ་སྐྱེས་པར་གྱུར་ཏོ། །དེ་ནས་འཁོར་དེ་ཐམས་ཅད་ངོ་མཚར་དུ་གྱུར་ཅིང་ཕན་ཚུན་དབྱེར་མེད་དེ། སྟོན་པར་ཡང་ལྷག་པར་མི་སེམས། བདག་ཉིད་ཀྱང་དམན་པར་མི་སེམས་སོ། །འོད་དེ་དག་གཏང་མ་ཐག་ཏུ་འོག་གི་ཕྱོགས་ནས་བྱང་ཆུབ་


DKG059_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བཞི་བྱུང་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨོན་ལམ་ཡང་དག་འཕགས་ཞེས་བྱ་བ་དང་། ཁྱད་པར་བཟང་ཞེས་བྱ་བ་དང་། ཡེ་ཤེས་ཟླ་བ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱིས་མི་ཐུབ་རྒྱལ་མཚན་ཞེས་བྱ་བ་སྟེ། དེ་དག་ཐལ་མོ་སྦྱར་ནས་གང་ལ་ཕྱག་བྱ་བའི་དེ་བཞིན་གཤེགས་པ་ཡང་དག་པ་འདིའི་ནང་ན་གང་ཡིན་སྙམ་སྟེ། ཕྱག་འཚལ་ཞིང་འཁོད་པ་དང་། དེ་དག་གི་བར་སྣང་ལས་འདི་ལྟར་འཁོར་འདི་ཐམས་ཅད་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཁ་དོག་ཏུ་ཁ་དོག་གཅིག་ཏུ་སྣང་བ་ནི་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱི་བྱེ་བྲག་གོ་ཞེས་སྒྲ་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་བཞིས་འདི་སྐད་ཅེས་འཛེར་ཏེ། བདེན་པ་དང་བདེན་པའི་ཚིག་གང་གིས་ཇི་ལྟར་འཁོར་འདི་ཁ་དོག་དང་གཟུགས་གཅིག་སྟེ་བྱེ་བྲག་མེད་པར་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་བྱེ་བྲག་མེད་ཅེ་ན། བདེན་པ་དང་བདེན་པའི་ཚིག་དེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཐ་དད་དུ་དབྱེ་བ་ལྷག་པ་གང་མཐོང་བས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད་པར་འགྱུར་བ་འགའ་ཞིག་མཐོང་བར་ཤོག་ཤིག་ཅེས་བྱས་པ་དང་། དེ་ནས་དེའི་མོད་ལ་བཅོམ་ལྡན་འདས་སེང་གེའི་ཁྲི་པད་མ་ཅན་དང་བཅས་ཏེ། ཏ་ལ་གང་ཙམ་དུ་མངོན་པར་འཕགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་གི་མགོ་བོས་ཕྱག་འཚལ་ནས་ཚིག་འདི་སྐད་ཅེས་འཛེར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་བསམ་གྱིས་མི་ཁྱབ་བོ། །འདི་ལྟར་སེམས་ཅན་རྣམས་ལ་བདེ་བ་བསྟན་པས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་བསོད་ནམས་དང་སྨོན་ལམ་འདིའང་བསམ་གྱིས་མི་ཁྱབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ཀྱིས་སངས་རྒྱས་ཀྱི་བྱ་བ་བྱས་ཏེ། སེམས་ཅན་ཚད་མེད་པ་རྣམས་ཁྱོད་ཀྱིས་བྱང་ཆུབ་ལ་བཀོད་ཀྱིས། རྫུ་འཕྲུལ་འདི་ཕྱིར་རྟུལ་ཅིག །


DKG059_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ཀྱིས་འོད་དེ་དག་ཕྱིར་བརྟུལ་ཏོ། །འོད་དེའི་ཕྱིར་བརྟུལ་མ་ཐག་ཏུ་འཁོར་དེ་ཐམས་ཅད་སྤྱོད་ལམ་སྔ་མ་ཇི་ལྟ་བ་བཞིན་དུ་སྣང་ངོ་། །བཅོམ་ལྡན་འདས་ཀྱང་སྔ་མ་ཁོ་ན་བཞིན་དུ་སེང་གེའི་ཁྲི་པད་མོ་ཅན་ལ་བཞུགས་པར་སྣང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་མཆིས། བྱང་ཆུབ་སེམས་དཔའ་དེ་བཞིས་སྨྲས་པ། ཁོ་བོ་ཅག་འོག་གི་འཇིག་རྟེན་གྱི་ཁམས་ནས་འོངས་སོ། །སྨྲས་པ་འཇིག་རྟེན་གྱི་ཁམས་དེ་ནི་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བྱའོ། །སྨྲས་པ་དེ་ན་དེ་བཞིན་གཤེགས་པའི་མཚན་ཅི་ཞེས་བྱ་བ་ཞིག་ཆོས་འཆད། སྨྲས་པ། དེ་བཞིན་གཤེགས་པ་དེའི་མཚན་རིན་པོ་ཆེ་གདུགས་གཅིག་པ་ཞེས་བྱའོ། །སྨྲས་པ། འཇིག་རྟེན་གྱི་ཁམས་དེ་འདི་ནས་ཇི་སྲིད་ཅིག་ཡོད། སྨྲས་པ། བཅོམ་ལྡན་འདས་མཁྱེན་པས་མཁྱེན་ཏོ། །སྨྲས་པ། ཁྱེད་རྣམས་འདིར་ཅི་ལ་འོངས། སྨྲས་པ། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་བཏང་ནས་འོད་དེས་ཁོ་བོ་ཅག་ལ་རེག་སྟེ། རེག་མ་ཐག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་མིང་ཐོས་ནས། བཅོམ་ལྡན་འདས་དང་སྐྱེས་བུ་དམ་པ་འདི་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བདག་ཅག་འདིར་འོངས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ་ཞེས་བགྱི་བ་བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དེ་ཇི་སྲིད་ཅིག་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་རྟེན་གྱི་ཁམས་འདི་ནས་འོག་ཏུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་བདུན་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་བྱང་ཆུབ་སེམས་དཔའ་འདི་བཞི་གང་ནས་འདིར་འོངས་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་སྟོན་པ་བཅོམ་ལྡན་འདས་རིན་པོ་ཆེ་གདུགས་གཅིག་པ་


DKG059_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་ཡོད་དོ། །གསོལ་པ་དེ་དག་དེ་ནས་ཇི་སྲིད་ཀྱིས་འདིར་མཆིས། བཀའ་སྩལ་པ། སེམས་ཀྱི་སྐད་ཅིག་པ་གཅིག་གིས་དེར་མི་སྣང་བར་གྱུར་ཏེ་འདིར་ཕྱིན་ཏོ། །གསོལ་པ། བཅོམ་ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་ཟེར་ཇི་སྲིད་དུ་མཆིས་པ་དང་། རིགས་ཀྱི་བུ་འདི་དག་ད་ལྟར་མྱུར་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འོད་ཟེར་གཏོང་བ་དང་། རྫུ་འཕྲུལ་གྱི་སྟོབས་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་དེ་བཞིན་ཏེ། ཇི་སྐད་ཟེར་བ་དེ་བཞིན་ནོ། །གང་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མ་ཡིན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ནི་བསམ་གྱིས་མི་ཁྱབ་བོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་གཞོན་ནུར་གྱུར་པ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་འོད་ཀྱིས་འཁོར་འདི་དག་ལ་རེག་ནས་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་གྱུར་ན་འདི་གང་གི་མཐུ། སྨྲས་པ། བཅོམ་ལྡན་འདས་ཉིད་ལ་འོད་སྲུང་ཆེན་པོ་ཁྱོད་ཀྱིས་གསོལ་ཅིག་དང་དེ་ཉིད་ཁྱོད་ལ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྟས་སྔར་བྱུང་བ་འདི་སུའི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དྲ་བ་ཅན་གྱི་འོད་བྱང་ཆུབ་ཐོབ་པའི་འཁོར་ཁ་དོག་གཅིག་ཏུ་འདི་ལྟ་སྟེ། གསེར་གྱི་ཁ་དོག་ཏུ་འགྱུར་རོ། །འཁོར་རྣམས་ཅིག་ལ་མོས་པ་འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་སེམས་ལ་མོས་པར་འགྱུར་རོ། །དེ་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་མིང་ཡང་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གི་དགེ་འདུན་དུ་འགྱུར་རོ། །འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་བ་དེ་ནི་དེ་བཞིན་གཤེགས་པ་ཉིད་དུ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར་བ་དེ་བཞིན་ཏེ། དེ་ནི་དེ་བཞིན་


DKG059_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཉིད་དུ་རིག་པར་བྱའོ། །དེ་ནས་འཁོར་དེའི་ནང་ནས་སྲོག་ཆགས་སྟོང་ཕྲག་བཞི་བཅུ་རྩ་བཞི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་ཤིང་འདི་སྐད་དུ། བཅོམ་ལྡན་འདས་ནམ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བ་དེའི་ཚེ་བདག་ཅག་རྣམས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་ཤོག་ཤིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཡུན་ཇི་སྲིད་ཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཁྱོད་ཀྱིས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ཤིག །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། དྲ་བ་ཅན་གྱི་འོད་ཀྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ལ་ལ་ཞིག་གིས་སྒྱུ་མ་སྤྲུལ་པའི་སྐྱེས་བུ་ལ་རིགས་ཀྱི་བུ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་དྲིས་ན་ཇི་སྐད་དུ་ལུང་སྟོན། སྨྲས་པ་རིགས་ཀྱི་བུ་སྒྱུ་མས་སྤྲུལ་པ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་མེད་ན་དེ་ཅི་ཞིག་ལུང་སྟོན་པར་འགྱུར། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་དེ་བཞིན་ཏེ། སྒྱུ་མས་སྤྲུལ་པ་བཞིན་དུ་ཆོས་ཐམས་ཅད་ཡོངས་སུ་མ་གྲུབ་པ་ཡིན་ན། སུ་ལ་ཁྱོད་ཡུན་ཇི་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་འདྲི། སྨྲས་པ། རིགས་ཀྱི་བུ་ཇི་ལྟར་སྒྱུ་མས་སྤྲུལ་པ་དབེན་


DKG059_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་འགྱུར་བ་མེད་པ། ཡོངས་སུ་རྟོགས་པ་མེད་པ། བྱེད་པ་མེད་པ་དེ་བཞིན་དུ་ཁྱོད་ཀྱང་གལ་ཏེ་དེ་འདྲ་ན་ཁྱོད་ཚད་མེད་པའི་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་བྱེད། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་སྒྱུ་མའི་རང་བཞིན་གང་ཡིན་པ་དེ་བྱང་ཆུབ་ཀྱང་དེའི་རང་བཞིན་ནོ། །བྱང་ཆུབ་ཀྱི་རང་བཞིན་གང་ཡིན་པ་དེ་སེམས་ཅན་རྣམས་ཀྱང་དེའི་རང་བཞིན་ནོ། །སྒྱུ་མ་དང་བྱང་ཆུབ་དང་སེམས་ཅན་གྱི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱང་དེའི་རང་བཞིན་ཡིན་ཏེ། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོས་ནི་གང་གིས་ཡང་དོན་དང་དོན་མ་ཡིན་པར་མ་མཐོང་ངོ་། །སྨྲས་པ། རིགས་ཀྱི་བུ་ཁྱོད་སངས་རྒྱས་སུ་འགྱུར་བར་མ་ཞུགས་སམ། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཅི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་འཇུག་པའི་མཚན་ཉིད་དམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། དེ་བས་ན་ཁོ་བོ་སངས་རྒྱས་སུ་འགྱུར་བ་དང་། ཉན་ཐོས་སུ་འགྱུར་བ་དང་། རང་སངས་རྒྱས་སུ་འགྱུར་བའི་ཕྱིར་མ་ཞུགས་སོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་ཅི་ལ་ཞུགས། སྨྲས་པ། དེ་བཞིན་ཉིད་གང་ལ་ཞུགས་པ་དེ་ལ་བདག་ཞུགས་སོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་ནི་ཞུགས་པའང་མེད། ལྡོག་པ་ཡང་མེད་དོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཇི་ལྟར་དེ་བཞིན་ཉིད་མ་ཞུགས་ཤིང་མི་ལྡོག་པ་དེ་བཞིན་དུ་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་འཇུག་པ་ཞུགས་པ་ལ་མི་འཇུག་མི་ལྡོག་གོ །སྨྲས་པ། དྲ་བ་ཅན་གྱི་འོད་གལ་ཏེ་ཁྱོད་མི་འཇུག་མི་ལྡོག་ན་སེམས་ཅན་རྣམས་ཇི་ལྟར་ཡོངས་སུ་སྨིན་པར་བྱེད། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་སྨོན་ལམ་འདེབས་པ་འདི་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ། །གང་ཆོས་གང་ལས་ཀྱང་མི་ལྡོག་པ་དེ་དག་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་བརྩོན་པ་མ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་སེམས་ཅན་རྣམས་འཁོར་བ་ལས་མི་ལྡོག་གམ། སྨྲས་པ། བདག་འཁོར་བ་ཉིད་མི་དམིགས་ན། ཇི་ལྟར་སེམས་ཅན་རྣམས་འཁོར་བ་ལས་བཟློག་པར་བྱ། སྨྲས་པ། རིགས་ཀྱི་


DKG059_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཁྱོད་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ལ་མི་འཛུད་དམ། སྨྲས་པ། མྱ་ངན་ལས་འདས་པ་ཉིད་བདག་གིས་མ་མཐོང་ན་སེམས་ཅན་རྣམས་ཇི་ལྟར་དེ་ལ་གཟུད་པར་བྱ། སྨྲས་པ། རིགས་ཀྱི་བུ་དེ་སྟེ་འདི་ལ་འཁོར་བ་ཡང་མེད་མྱ་ངན་ལས་འདས་པ་ཡང་མེད་ན། འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཀུན་ཏུ་སྤྱོད། སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་གང་འཁོར་བར་དམིགས་པ་དང་། མྱ་ངན་ལས་འདས་པར་ཡོངས་སུ་རྟོགས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་གནས་པས་བྱང་ཆུབ་ཏུ་སྤྱོད་ན་དེ་དག་བྱང་ཆུབ་སེམས་དཔའ་ཞེས་མི་བྱའོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་ཅི་ལ་སྤྱོད་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོ་ནི་འཁོར་བ་དང་། མྱ་ངན་ལས་འདས་པ་དང་། སེམས་ཅན་དུ་འདུ་ཤེས་པ་ལ་མི་སྤྱོད་མོད་ཀྱི་བཙུན་པ་འོད་སྲུང་ཆེན་པོ་ཁྱོད་ཅི་ལ་སྤྱོད་ཅེས་དེ་སྐད་འདྲི་ན་བཙུན་པ་འོད་སྲུང་ཆེན་པོ། ཁོ་བོ་ནི་དེ་བཞིན་གཤེགས་པའི་སྤྲུལ་པ་གང་ལ་སྤྱོད་པ་དེ་ཉིད་ལ་སྤྱོད་དོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཅི་ལ་ཡང་མི་སྤྱོད་དོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་ཀྱང་དེ་ལྟ་བུར་བལྟའོ། །སྨྲས་པ། རིགས་ཀྱི་བུ་དེ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་མཚན་ཉིད་དེ་ལྟ་བུ་ཡིན་དུ་ཟིན་ན་དེ་བཞིན་གཤེགས་པའི་སྤྲུལ་པ་རྣམས་ནི་ཆགས་པར་མི་འགྱུར། ཞེ་སྡང་བར་མི་འགྱུར། རྨོངས་པར་མི་འགྱུར་ན་ཅིའི་ཕྱིར་སེམས་ཅན་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་འབྱུང་། སྨྲས་པ། དེ་བས་ན་གནས་བརྟན་ཉིད་ལ་འདི་དྲིས་ཤིག །ཁྱོད་ཀྱི་མོས་པ་ཇི་ལྟ་བ་དེ་བཞིན་དུ་འདི་ལུང་སྟོན་ཅིག །གནས་བརྟན་འོད་སྲུང་ཆེན་པོ་ལ་ད་ལྟར་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཡོད་དམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཁྱེད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་དམ། མེད་པར་གྱུར་ཏམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། གལ་ཏེ་གནས་བརྟན་གྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཀྱང་


DKG059_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ལ། ཟད་པའམ། མེད་པར་གྱུར་པ་ཡང་མ་ཡིན་ན་ཅི་ཁྱེད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་འདུག་གམ། སྨྲས་པ། རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་དང་ལྡན་པ་རྣམས་ཀྱི་རྟོག་པ་དང་། རྣམ་པར་རྟོག་པ་དང་ཡོངས་སུ་རྟོག་པའི་གནས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་འབྱུང་གི་འཕགས་པའི་ཆོས་འདུལ་བ་ལ་ནི་ཕྱིན་ཅི་ལོག་ཁོང་དུ་ཆུད་པས་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་མི་འབྱུང་སྟེ། དེ་ལ་འདོད་ཆགས་ཀྱང་མེད། ཞེ་སྡང་ཡང་མེད། གཏི་མུག་ཀྱང་མེད་དོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཇི་སྙམ་དུ་སེམས། གང་ཕྱིན་ཅི་ལོག་ལས་བྱུང་བའི་ཉོན་མོངས་པ་དེ་ཡང་དག་པ་ཡིན་ནམ། སྨྲས་པ། དེ་མ་ཡིན་ཏེ། དེ་ནི་ཡང་དག་པ་མ་ཡིན་ནོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ཅི་སྙམ་དུ་སེམས། གང་ཡང་དག་པ་མ་ཡིན་པ་དེ་ནམ་ཡང་ཡང་དག་པར་འགྱུར་རམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། གནས་བརྟན་ཡང་དག་པ་མ་ཡིན་པ་གང་ཡིན་པའི་ཡང་དག་པ་མ་ཡིན་པ་དེ་ལས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྐྱེ་བར་འདོད་དམ། སྨྲས་པ་དེ་ནི་མ་ཡིན་ནོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་ལྟ་བུ་ཡིན་དུ་ཟིན་ན་གང་དག་གིས། སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གང་ཡིན། སྨྲས་པ། རིགས་ཀྱི་བུ་དེ་ལྟར་ན་ཆོས་ཐམས་ཅད་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བའོ། །སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་འདི་ལ་བསམས་ཏེ། འདི་སྐད་དུ་ཆོས་ཐམས་ཅད་ནི་སྒྱུ་མས་སྤྲུལ་པའི་རང་བཞིན་ཡིན་ནོ་ཞེས་སྨྲའོ། །ཡང་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཞི་བཅུ་རྩ་བཞི་རྗེས་སུ་འཐུན་པའི་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སུ་དག་གི་མིག་གིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་མཐོང་བར་གྱུར་


DKG059_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་དེ་དག་ལ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་འཇིག་པར་འཚལ་བར་མི་བགྱིའོ། །སུ་དག་འདི་ཆོས་བསྟན་པ་ཐོས་པར་གྱུར་པའི་སེམས་ཅན་དེ་དག་ལ་ཡང་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པར་འཚལ་བར་མི་བགྱིའོ། །འདིས་སུ་དག་ཀྱང་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བགྱིས་པའི་སེམས་ཅན་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་འཚལ་བར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་སངས་རྒྱས་ཀྱི་ཞིང་གང་དང་གང་ན་གནས་པ་དེ་དང་དེར་སེམས་ཅན་ཚད་མེད་པ་རྣམས་ཀྱི་དོན་བྱེད་དོ། །འོད་སྲུང་རིགས་ཀྱི་བུ་འདིས་འོད་ཕྱུང་བ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡུངས་ཀར་གྱིས་གང་བ་ནི། བགྲང་བའི་ཚུལ་གྱིས་མཐར་ཕྱིན་པར་ནུས་ཀྱི། འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་འདི་བསྟན་པ་སུ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པའི་སེམས་ཅན་དེ་དག་གི་མཐར་ཕྱིན་པར་མི་ནུས་སོ། །འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འོད་བསྟན་པས་ཀྱང་སེམས་ཅན་རྣམས་ཀྱི་དོན་བྱེད་ན་ཆོས་བསྟན་པས་ལྟ་ཅི་སྨོས། འོད་སྲུང་རིགས་ཀྱི་བུ་འདིའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་བྱེ་བྲག་གི་ཕྱོགས་ཙམ་ཞིག་བརྗོད་ཀྱིས་ཉོན་ཅིག །འོད་སྲུང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་དྲུག་ན་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་ཞེས་བྱ་བར་ཀུན་ཏུ་འོད་རྣམ་པར་འཕྲུལ་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་སྟེ། དེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཉེ་བར་སོང་བ་དང་། འཇིག་རྟེན་གྱི་ཁམས་དེའི་བདུད་དམ།


DKG059_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རིགས་ཀྱི་ལྷ་ཇི་སྙེད་པ་ཡོད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །སྦྱིན་པ་དང་གཏོང་བ་རྒྱ་ཆེར་འགྱུར་རོ། །འོད་སྲུང་འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་འགྱུར་རོ། །གོས་ཀ་ཙ་ལིན་དི་ཀ་ལྟར་མཉམ་ཞིང་རེག་ན་བདེ་བར་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་ངན་སོང་མེད། མི་ཁོམ་པ་མེད། སྡོང་དུམ་དང་། ཚེར་མ་ཡང་མེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེར་པད་མ་བཀོད་པ་དག་ཀྱང་འབྱུང་བར་འགྱུར་རོ། །རིན་པོ་ཆེའི་པད་མ་ཆེན་པོ་དྲི་དང་ལྡན་པ་དག་ཀྱང་འབྱུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་དྲི་མ་མེད་ཅིང་རྒྱ་ཆེ་བར་འགྱུར་རོ། །ཡང་འོད་སྲུང་འཇིག་རྟེན་གྱི་ཁམས་ཁྱད་པར་གྱི་ཡོན་ཏན་བསྡུས་པ་དེ་ན་བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་མཐའ་ཡས་པ་བསྒྲུབ་པའི་ཆོས་བགྲོ་བ་ལ་མཁས་པ། རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པ་འོད་ཀྱིས་ཀུན་ཏུ་བརྒྱན་པ། གཟུངས་ཀྱི་གཏེར་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། ཐོགས་པ་མེད་པའི་སྤོབས་པ་དང་། ཡེ་ཤེས་ཀྱིས་སྟོན་པ་ལ་མཁས་པ། མངོན་པར་ཤེས་པ་དང་། རིག་པ་དང་། མི་འཇིགས་པ་ཐོབ་པ། བདུད་དང་ཕྱིར་རྒོལ་བ་རྣམས་བཅོམ་པ། དྲན་པ་དང་། བློ་གྲོས་དང་། རྟོག་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་སྦྱངས་པའི་ཡེ་ཤེས་ཀྱིས་ཡོངས་སུ་སྒོམ་པ་དཔག་ཏུ་མེད་པར་འགྱུར་རོ། །ཡང་འོད་སྲུང་སངས་རྒྱས་ཀྱི་ཞིང་དེ་ན་བུད་མེད་སྐྱེ་བར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་པད་མ་ལ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་བརྫུས་ཏེ་སྐྱེ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་དེ་དག་བསམ་གཏན་གྱི་དགའ་བའི་ཟས་དང་ལྡན་པར་འགྱུར་རོ། །བསམ་པ་ཙམ་གྱིས་བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། འཆག་ས་དང་། སྐྱེད་མོས་ཚལ་དང་། ཁང་པ་བརྩེགས་པ་དང་། འབབ་ཆུ་དང་། ཆུ་མིག་དང་། མཚོ་དང་།


DKG059_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྫིང་དང་། ལྟེང་ཀའི་ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་འབྱུང་བར་འགྱུར་རོ། །འོད་སྲུང་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཡི་གེ་དང་ངེས་པའི་ཚིག་གིས་ཆོས་མི་སྟོན་ཏེ། གཞན་དུ་ན་བྱང་ཆུབ་སེམས་དཔའ་དེ་དག་དེ་བཞིན་གཤེགས་པའི་འོད་དེས་རེག་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་སོ་སོར་ཐོབ་པར་འགྱུར་རོ། །འོད་དེས་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འགྲོ་བ་ལ་ཐོགས་པ་མེད་པར་འགྱུར་རོ། །འོད་དེས་སེམས་ཅན་གྱི་ཉོན་མོངས་པ་བསལ་བ་ལ་ཉོན་མོངས་པ་དང་བྲལ་བར་འགྱུར་རོ། །ཡང་འོད་སྲུང་དེ་བཞིན་གཤེགས་པ་དེའི་འོད་ལས་ཆོས་ཀྱི་ཚུལ་རབ་ཏུ་དབྱེ་བའི་སྒྲ་སུམ་ཅུ་རྩ་གཉིས་འབྱུང་བར་གྱུར་ཏེ། སུམ་ཅུ་རྩ་གཉིས་གང་ཞེ་ན། ལྟ་བར་གྱུར་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་སྟོང་པའོ། །རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བས་ཆོས་ཐམས་ཅད་མཚན་མ་མེད་པའོ། །ཁམས་གསུམ་ལས་ཡང་དག་པར་འདས་པས་ཆོས་ཐམས་ཅད་སྨོན་པ་མེད་པའོ། །རང་བཞིན་གྱིས་ཉེ་བར་ཞི་བས་ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བའོ། །སྨོན་པ་མེད་པའི་མཚན་ཉིད་ཀྱིས་ཆོས་ཐམས་ཅད་ཞེ་སྡང་དང་བྲལ་བའོ། །མུན་པ་མུན་ནག་དང་བྲལ་བས་ཆོས་ཐམས་ཅད་གཏི་མུག་དང་བྲལ་བའོ། །ཐོག་མ་ནས་མ་སྐྱེས་པས་ཆོས་ཐམས་ཅད་འོང་བ་མེད་པའོ། །འཕོ་བ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་འགྲོ་བ་མེད་པའོ། །རབ་ཏུ་མི་བརྟན་པའི་ཕྱིར་ཆོས་ཐམས་ཅད་མི་གནས་པའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་དུས་གསུམ་ལས་འདས་པའོ། །རང་བཞིན་གཅིག་པའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་པའོ། །ལས་ཀྱི་རྣམ་པར་སྨིན་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པའོ། །བྱེད་པ་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལས་དང་རྣམ་པར་སྨིན་པ་མེད་པའོ། །མངོན་པར་འདུ་མི་བྱེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མ་བྱས་པའོ། །མངོན་པར་འདུ་མ་བྱས་པས་རབ་ཏུ་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་མངོན་པར་འདུས་མ་བྱས་


DKG059_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་འདུས་མ་བྱས་པའོ། །ཡང་དག་པར་མ་བྱུང་བའི་ཕྱིར་ཆོས་ཐམས་ཅད་ཡང་དག་པར་མ་ཡིན་པའོ། །ཅིག་ཅར་མངོན་པར་རྟོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་བདེན་པའོ། །སེམས་ཅན་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་བདག་མེད་པའོ། །དོན་དམ་པའི་ཕྱིར་ཆོས་ཐམས་ཅད་གང་ཟག་མེད་པའོ། །ཤེས་པར་མི་བྱེད་པའི་ཕྱིར་ཆོས་ཐམས་ཅད་བེམས་པོའོ། །མཛའ་བ་དང་ཁོང་ཁྲོ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་བཏང་སྙོམས་པའོ། །ཡོངས་སུ་གཟུང་བ་མེད་པའི་ཕྱིར་ཆོས་ཐམས་ཅད་ཅི་ཡང་མེད་པའོ། །རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ཆོས་ཐམས་ཅད་ཉེ་བའི་ཉོན་མོངས་པ་མེད་པའོ། །དབེན་པའི་མཐའ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཚུལ་གཅིག་པའོ། །དབེན་པ་ཕུན་སུམ་ཚོགས་པས་ཆོས་ཐམས་ཅད་དབེན་པའོ། །མི་འཁྲུགས་པའི་ཕྱིར་ཆོས་ཐམས་ཅད་ཡང་དག་པའི་མཐའ་ལ་གནས་པའོ། །ཤིན་ཏུ་ཐ་མི་དད་པའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་པའོ། །ཐམས་ཅད་དུ་རྗེས་སུ་སོང་བའི་ཕྱིར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའོ། །ཕན་ཚུན་མི་འདུ་བའི་ཕྱིར་ཆོས་ཐམས་ཅད་རྐྱེན་མེད་པའོ། །མཉམ་པ་ཉིད་ཀྱིས་ཡོངས་སུ་རྒྱས་པའི་ཕྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཇི་ལྟ་བ་བཞིན་དུ་མཐོང་བས་ཕྱེ་བའི་ཕྱིར་ཆོས་ཐམས་ཅད་བྱང་ཆུབ་བོ། །ཡོངས་སུ་མ་གྲུབ་པའི་ཚུལ་གྱིས་ཆོས་ཐམས་ཅད་མྱ་ངན་ལས་འདས་པའོ་ཞེས་འོད་སྲུང་དེ་ལྟར་བཅོམ་ལྡན་འདས་ཀུན་ཏུ་འོད་རྣམ་པར་འཕྲུལ་པ་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་འོད་དེ་ལས་འདི་ལྟ་བུའི་ཆོས་ཐམས་ཅད་ཀྱི་ཚུལ་རབ་ཏུ་དབྱེ་བའི་ཕྱིར་སྒྲ་སུམ་ཅུ་རྩ་གཉིས་འབྱུང་བར་འགྱུར་རོ། །གནས་བརྟན་འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་འོད་ཟེར་དེ་སངས་རྒྱས་ཀྱིས་མཛད་པ་བགྱིད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་དེ་བཞིན་གཤེགས་པ་དེ་ཚེ་དཔག་ཏུ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེ་ན་བདུད་ཀྱི་ལས་ཀྱིས་བར་དུ་གཅོད་པ་མེད་


DKG059_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །འོད་སྲུང་ཆེན་པོས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་འཚལ་བས་རིགས་ཀྱི་བུ་འདིའི་རྣམ་པ་ཐམས་ཅད་མཆོག་དང་ལྡན་པ་ཇི་འདྲ་བ་དེ་ལྟ་བུར་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་གཟུང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་འདི་ལྟར་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་མང་པོ་ལ་སྨོན་ལམ་ཡོངས་སུ་སྦྱངས་ཏེ། དེའི་ཕྱིར་འདིས་སངས་རྒྱས་ཀྱི་ཞིང་དེ་ལྟ་བུའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡོངས་སུ་བཟུང་བའོ། །འོད་སྲུང་དེ་བས་ན་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་གཟུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཀྱང་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱི་རྗེས་སུ་བསླབ་པར་བྱའོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱང་ལུང་བསྟན་ཏོ། །སྨྲས་པ། ཅིར་ལུང་བསྟན། སྨྲས་པ། ལས་ཀྱི་རྣམ་པར་སྨིན་པ་ཇི་ལྟ་བ་བཞིན་དུ་ལུང་སྟོན་ཏོ། །སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་ལས་ཅི་ལྟ་བ་ཞིག་བྱས་ན་ཁྱོད་འདི་ལྟར་ལུང་བསྟན། སྨྲས་པ། ཚངས་པ་ལས་གང་ལུས་དང་ངག་དང་། ཡིད་ཀྱི་མ་བྱས་པ་དེ་ལས་དེ་ནི་འདིའོ་ཞེས་བསྟན་དུ་རུང་ངམ། སྨྲས་པ། ཅིའི་ཕྱིར། སྨྲས་པ། ཅི་བྱང་ཆུབ་མངོན་པར་འདུ་བྱེད་པའི་མཚན་ཉིད་དམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། བྱང་ཆུབ་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་དེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པའི་མཚན་ཉིད་མ་ཡིན་ནོ། །སྨྲས་པ། མངོན་པར་འདུ་བྱེད་པས་བྱང་ཆུབ་འདུས་མ་བྱས་པས། ཐོབ་པར་ནུས་སམ། སྨྲས་པ། དེ་ནི་མ་ཡིན་ནོ། །སྨྲས་པ། ཚངས་པ་དེ་ལྟ་བས་ན་འདི་ལ་རྣམ་གྲངས་འདིས་གང་ལ་ལས་ཀྱང་མེད། ལས་ཀྱི་འབྲས་བུ་ཡང་མེད། མངོན་པར་འདུ་བྱེད་པའི་འཇུག་པ་ཡང་མེད་པ་དེ་ནི་བྱང་ཆུབ་བོ། །བྱང་ཆུབ་ཇི་ལྟ་བར་འཐོབ་པ་ཡང་དེ་བཞིན། ལུང་བསྟན་པ་ཡང་དེ་བཞིན་ཏེ།


DKG059_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་འདུ་བྱེད་པས་ལུང་བསྟན་པར་མི་འགྱུར་བར་རིག་པར་བྱའོ། །སྨྲས་པ། རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཕྱིས་ལུང་བསྟན་པར་འགྱུར་རོ། །སྨྲས་པ། ཚངས་པ་དེ་བཞིན་ཏེ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ནས་ཕྱིས་ལུང་བསྟན་པར་འགྱུར་ཏེ། ཚངས་པ་གང་ཉོན་མོངས་པ་ཐམས་ཅད་ཡོངས་སུ་བཏང་བ་དེ་ནི་སྦྱིན་པའོ། །གང་མངོན་པར་འདུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་རྨ་མི་ཐོད་པ་དེ་ནི་བཟོད་པའོ། །གང་དབེན་པ་དེ་ནི་བརྩོན་འགྲུས་སོ། །གང་རབ་ཏུ་མི་གནས་པ་དེ་ནི་བསམ་གཏན་ནོ། །གང་སྤྲོས་པ་མེད་པ་དེ་ནི་ཤེས་རབ་སྟེ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དེ་དག་ཅི་ལ་སྤྱོད། སྨྲས་པ། ཅི་ལ་ཡང་མི་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། སྤྱོད་པ་ཅི་ཙམ་པ་དེ་ཙམ་དུ་སྤྱོད་པ་མ་ཡིན་ནོ། །གང་སྤྱོད་པ་དེ་མི་སྤྱོད་པའོ། །གང་མི་སྤྱོད་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་སྤྱོད་པ་སྟེ། ཚངས་པ་རྣམ་གྲངས་འདིས་ཇི་ལྟར་སྤྱོད་པ་མ་ཡིན་པ་ནི་བྱང་ཆུབ་ཀྱི་སྤྱོད་པ་ཡིན་པར་རིག་པར་བྱའོ། །ཚངས་པ་བྱང་ཆུབ་ཏུ་ལུང་བསྟན་ཏོ། །ཞེས་དེ་སྐད་ཟེར་བ་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ་བུར་ལུང་བསྟན་པ་དེ་ལྟ་བུར་ཡང་ལུང་བསྟན་ཏོ། །སྨྲས་པ། རིགས་ཀྱི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་བསྟན་ཏོ། །སྨྲས་པ། འོ་ན་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་དེའི་མཚན་ཉིད་ཀྱང་དེ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་སྤྱད་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ནམ་བྱང་ཆུབ་སེམས་དཔའ་སྐྱེ་བ་ལ་ཡང་མི་སྤྱོད། འགག་པ་ལ་ཡང་མི་སྤྱོད། དགེ་བ་ལ་ཡང་མི་སྤྱོད། མི་དགེ་བ་ལ་ཡང་མི་སྤྱོད། འཇིག་རྟེན་པ་ལ་ཡང་མི་སྤྱོད། འཇིག་རྟེན་ལས་འདས་པ་ལ་ཡང་མི་སྤྱོད། ཟག་པ་དང་བཅས་པ་ལ་ཡང་མི་སྤྱོད། ཟག་པ་མེད་པ་ལ་


DKG059_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་སྤྱོད། ཁ་ན་མ་ཐོ་བ་དང་བཅས་པ་ལ་ཡང་མི་སྤྱོད། ཁ་ན་མ་ཐོ་བ་མེད་པ་ལ་ཡང་མི་སྤྱོད། འདུས་བྱས་ལ་ཡང་མི་སྤྱོད། འདུས་མ་བྱས་ལ་ཡང་མི་སྤྱོད། རྣལ་འབྱོར་ལ་ཡང་མི་སྤྱོད། རྣལ་འབྱོར་མ་ཡིན་པ་ལ་ཡང་མི་སྤྱོད། སྤོང་བ་ལ་ཡང་མི་སྤྱོད། སྤོང་བ་མ་ཡིན་པ་ལ་ཡང་མི་སྤྱོད། འཁོར་བ་ལ་ཡང་མི་སྤྱོད། མྱ་ངན་ལས་འདས་པ་ལ་ཡང་མི་སྤྱོད། མཐོང་བ་ལ་ཡང་མི་སྤྱོད། ཐོས་པ་ལ་ཡང་མི་སྤྱོད། དྲན་པ་ལ་ཡང་མི་སྤྱོད། རྣམ་པར་ཤེས་པ་ལ་ཡང་མི་སྤྱོད། སྦྱིན་པ་ལ་ཡང་མི་སྤྱོད། གཏོང་བ་ལ་ཡང་མི་སྤྱོད། ཚུལ་ཁྲིམས་ལ་ཡང་མི་སྤྱོད། སྡོམ་པ་ལ་ཡང་མི་སྤྱོད། བཟོད་པ་ལ་ཡང་མི་སྤྱོད། མི་འགྱུར་བ་ལ་ཡང་མི་སྤྱོད། བརྩོན་འགྲུས་ལ་ཡང་མི་སྤྱོད། བརྩོན་འགྲུས་རྩོམ་པ་ལ་ཡང་མི་སྤྱོད། བསམ་གཏན་ལ་ཡང་མི་སྤྱོད། ཏིང་ངེ་འཛིན་རྣམས་ལ་ཡང་མི་སྤྱོད། ཤེས་རབ་ལ་ཡང་མི་སྤྱོད། ནན་ཏན་དག་ལ་ཡང་མི་སྤྱོད། ཡེ་ཤེས་ལ་ཡང་མི་སྤྱོད། ཁོང་དུ་ཆུད་པ་ལ་ཡང་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་དེ་ལྟར་སྤྱོད་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ལྷག་པར་བྱེད་པ་སྟེ། བྱང་ཆུབ་ནི་ལྷག་པར་བྱེད་པ་མ་ཡིན་ནོ། །སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་ཡོངས་སུ་རྟོག་པ་སྟེ། བྱང་ཆུབ་ནི་ཡོངས་སུ་རྟོག་པ་མེད་པའོ། །སྤྱོད་པ་ཇི་ཙམ་པ་དེ་ཙམ་དུ་མངོན་པར་འདུ་བྱེད་པ་སྟེ། བྱང་ཆུབ་ནི་མངོན་པར་འདུ་བྱེད་པ་མེད་པའོ། །སྤྱོད་པ་ཅི་ཙམ་པ་དེ་ཙམ་དུ་སྤྲོས་པ་སྟེ། བྱང་ཆུབ་ནི་སྤྲོས་པ་མེད་པའོ། །ཚངས་པ་དེ་བས་ན་རྣམ་གྲངས་འདིས་ཅི་ནས་སྤྱོད་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུང་བསྟན་པར་འགྱུར་བར་དེ་ལྟར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལུང་བསྟན་པ་ཞེས་བགྱི་བ་ལུང་བསྟན་པ་དེ་གང་གི་ཚིག་བླ་དགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་ལ་གཉིས་དང་བྲལ་བ་སྟེ། དེའི་ཕྱིར་


DKG059_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་བསྟན་པ་ཞེས་བྱའོ། །སྐྱེ་བ་དང་འཇིག་པར་སྒྲོ་མི་འདོགས་པ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱིས་དབེན་པ་སྟེ། དེའི་ཕྱིར་ལུང་བསྟན་པ་ཞེས་བྱའོ། །ཚངས་པ་ངས་མངོན་པར་ཤེས་པ་འདས་པའི་དུས་ན་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་བྱུང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །དེའི་ཕ་རོལ་ཏུ་བསྐལ་པ་ཤིན་ཏུ་སྤྲུལ་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །ཚངས་པ་དེའི་ཡང་ཕ་རོལ་ན་ཚངས་པས་བསྟོད་པ་ཞེས་བྱ་བའི་བསྐལ་པ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བཅྭ་བརྒྱད་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །ཚངས་པ་དེའི་ཡང་ཕ་རོལ་ན་བསྐལ་པ་ལེགས་པར་དྲངས་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །དེའི་ཡང་ཕ་རོལ་ན་ཚངས་པ་བསྐལ་པ་བཀོད་པ་ཞེས་བྱ་བ་བྱུང་སྟེ། དེ་ལ་དེ་བཞིན་གཤེགས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལ་ངས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་ལུང་མ་བསྟན་ཏོ། །ཚངས་པ་ངས་གང་རྣམས་ལ་རི་མོར་བྱས་པ་དང་། མཆོད་པར་བྱས་པ་དང་། བཀུར་སྟིར་བྱས་པ་དང་། བཙུན་པར་བྱས་པ་དང་། གང་ལས་ངས་ཚངས་པར་སྤྱོད་པ་སྤྱད་པ་དང་། ངས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་བྱས་པ་དང་། ཚུལ་ཁྲིམས་དང་སྦྱངས་


DKG059_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡོན་ཏན་ཡང་དག་པར་བཟུང་བས་ངས་བླངས་པ་དང་། ངས་ཁྲོ་བའི་ཐ་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ་མེད་པར་བྱས་ནས་ངས་བཟོད་པ་དང་བྱམས་པ་སྒོམ་པ་དང་། བསམ་གཏན་དང་། རབ་ཏུ་དབེན་པར་སྤྱོད་པ་དང་། དབེན་པར་གནས་མལ་འཆའ་བ་དང་། ཟས་དང་སྒྲའི་རྗེས་སུ་འགྲོ་བའི་དྲི་བ་ཡོངས་སུ་དྲིས་པ་དང་། དེ་བྱེད་པའི་བརྩོན་འགྲུས་ཀྱིས་ཐོས་པ་ཐམས་ཅད་ཁོང་དུ་ཆུད་པར་བྱས་པའི་དེ་བཞིན་གཤེགས་པ་དེ་དག་གིས་མིང་ཡང་བསྐལ་པའམ། བསྐལ་པ་ལས་ལྷག་པར་བརྗོད་དུ་ཡོད་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་ང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་འདི་ལྟར་ང་སྤྱོད་པ་ལ་གནས་པར་གྱུར་ཏེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་ཀྱང་ཅི་ནས་བྱང་ཆུབ་སེམས་དཔའ་སྤྱོད་པ་ཐམས་ཅད་ལས་འདས་པ་རྣམས་ལ་ལུང་བསྟན་པ་ཡིན་པར་དེ་ལྟར་རིག་པར་བྱའོ། །ཚངས་པ་གང་གི་ཚེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་མཐོང་མ་ཐག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེ་ནས་གདོད་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་ལ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏེ། དེ་ན་ང་སྤྱོད་པ་ཐམས་ཅད་ལས་འདས་སོ། །དེ་ན་ངའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་མཚན་མ་ཐམས་ཅད་ཡོངས་སུ་གཏོང་བ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་དམིགས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡུལ་རྣམས་ལ་རྨས་པར་མི་འགྱུར་བ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །གང་ཆོས་ཐམས་ཅད་དབེན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གང་ཡིད་ལ་བྱེད་པ་ཐམས་ཅད་ལ་མི་འཇུག་པ་དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །གང་རང་བཞིན་གྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚངས་པ་དེ་ལྟ་དེ་ལྟར་དེ་བཞིན་གཤེགས་


DKG059_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

པ་མར་མེ་མཛད་ལས་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱས་སོ། །ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་ནི་ཕྱིས་མི་དམིགས་པས་སྦྱིན་པ་ཡོངས་སུ་གཏོང་བ་དེ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གང་དང་པོའི་ཚུལ་ཁྲིམས་བསླབ་པ་དང་། སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དེ་ནི་ཤིན་ཏུ་སྦྱངས་པའི་ཚུལ་ཁྲིམས་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་བཟོད་པ་དང་། དེས་པ་དེ་ནི་ཤིན་ཏུ་བཟོད་པའི་ཆོས་ཉིད་དེ་ལ་རྒྱུར་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཆད་ནས་བཟུང་སྟེ། བརྩོན་འགྲུས་བརྩམ་པ་དེ་ནི་བླང་བ་མེད་པ་དང་། དོར་བ་མེད་པའི་བརྩོན་འགྲུས་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་བསམ་གཏན་རབ་ཏུ་དབེན་པར་གནས་པ་དེ་ནི་རབ་ཏུ་ཞི་བ་མཚན་མ་མེད་པ་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོའོ། །ཚངས་པ་གང་སེམས་དང་པོ་བསྐྱེད་པ་ཚུན་ཅད་ཀྱི་ཤེས་རབ་ཀྱིས་སོ་སོར་རྟོགས་པ་དེ་ནི་སྤྲོས་པ་མེད་པའི་ཤེས་རབ་དེ་ལ་དཔེའི་བར་དུ་ཡང་ཉེ་བར་མི་འགྲོ་སྟེ། དེ་བས་ན་ཚངས་པ་རྣམ་གྲངས་འདིས་འདི་ལྟར་ངས་དེའི་ཚེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་སོ་ཞེས་བྱ་བ་དེ་ལྟར་རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ལགས། བཀའ་སྩལ་པ། གང་གཏོང་བ་ལ་རློམ་སེམས་མེད་པ་དང་། ཚུལ་ཁྲིམས་ལ་མི་གནས་པ་དང་། བཟོད་པ་ལ་རྣམ་པར་མི་རྟོག་པ་དང་། བརྩོན་འགྲུས་ལ་བླང་བ་མེད་པ་དང་། བསམ་གཏན་ལ་མི་གནས་པ་དང་། ཤེས་རབ་ལ་གཉིས་སུ་མེད་པ་འདི་ནི་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཅི་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ་པ། ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །གསོལ་པ།


DKG059_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་ནས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བགྱིད། བཀའ་སྩལ་པ། ཚངས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཉམ་པ་ཉིད་དོ། །དེ་བས་ན་མཉམ་པ་ཉིད་འདིས་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་མཉམ་པ་ཉིད་གང་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པའི་མཉམ་པ་ཉིད་དོ། །གཞན་ཡང་ཚངས་པ་སྦྱིན་པའི་འདུ་ཤེས་ཡོངས་སུ་རྫོགས་པ་དང་། ཚུལ་ཁྲིམས་ཀྱི་འདུ་ཤེས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་འདུ་ཤེས་ཡོངས་སུ་རྫོགས་ནས། ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །ཐམས་ཅད་མཁྱེན་པ་ཉིད་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་སྟེ། དེ་ལྟར་ན་ཚངས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མིག་མི་ལེན། གཟུགས་མི་ལེན་པ་ནས་ཡིད་དང་ཆོས་ཀྱི་བར་དུ་མི་ལེན་ཏེ། ཚངས་པ་གང་ཕྱི་དང་ནང་གི་སྐྱེ་མཆེད་དྲུག་པོ་འདི་རྣམས་མི་ལེན་པ་འདི་ནི་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པའོ། །ཚངས་པ་དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱས་ནས་མིག་ལ་མི་ཆགས། རྣ་བ་ལ་མི་ཆགས། སྣ་ལ་མི་ཆགས། ལྕེ་ལ་མི་ཆགས། ལུས་ལ་མི་ཆགས། ཡིད་ལ་མི་ཆགས་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་


DKG059_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཚངས་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་གང་ཡང་མི་ལེན་ཏོ། །ཚངས་པ་འདི་ལྟར་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་སྣོད་དུ་མ་གྱུར་པ་ཡིན་ཏེ། ཚངས་པ་སྣོད་མ་ཡིན་པ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཚིག་བླ་དགས་སོ། །དངོས་པོ་མེད་པ་ཞེས་བྱ་བ་ནི་བླ་གབ་མེད་པའི་ཚིག་བླ་དགས་སོ། །ཐམས་ཅད་མཁྱེན་པ་ནི་བླ་གབ་མེད་པ་དང་མཚུངས་པ་སྟེ། དེ་བས་ན་ང་ཆོས་གང་ཡང་མི་ལེན་ཏོ། །ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་གནས་ཏེ། བྱ་བ་ཐམས་ཅད་བྱེད་ཀྱང་ནམ་མཁའ་དེ་ནི་མི་གནས་པའོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་ལ་ཡེ་ཤེས་ཐམས་ཅད་རྣམ་པར་བཞག་ཀྱང་ཐམས་ཅད་མཁྱེན་པ་ཉིད་ནི་མི་གནས་པའོ། །གསོལ་པ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་བ། བཅོམ་ལྡན་འདས་ཅིའི་སླད་དུ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི། བཀའ་སྩལ་པ། ཚངས་པ་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་པ་ཐམས་ཅད་དེས་ཤེས་ཏེ། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །དེ་དག་གི་བསམ་པ་ཐམས་ཅད་ཀུན་ཤེས་པ་དང་། སྦྱོར་བ་ཀུན་ཤེས་པ་དང་། སྙིང་རྗེ་ཀུན་ཤེས་པ་དང་། བསླབ་པ་ཀུན་ཤེས་པ་དང་། ཡང་དག་པར་འཛིན་པ་ཀུན་ཤེས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྒྱུ་བ་ཐམས་ཅད་རྣམ་པར་སྤངས་པ་དང་། རློམ་སེམས་ཐམས་ཅད་བཅོམ་པ་དེ་ནི་ཐམས་ཅད་མཁྱེན་པ་ཉིད་དོ། །ཐོབ་པ་མེད་ཅིང་རྣམ་པར་རིག་པ་མེད་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དེ་ལས་ཤེས་པར་གྱུར་པས་ན་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཡེ་ཤེས་ཐམས་ཅད་མངོན་པར་རྟོགས་པ་དང་། སློབ་པའི་ཡེ་ཤེས་དང་། མི་སློབ་པའི་ཡེ་ཤེས་དང་། རང་སངས་རྒྱས་ཀྱི་ཡེ་ཤེས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འདི་ལྟར་རྣམ་པར་བཞག་པས་ན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཡང་དག་པར་སྦྱོར་བས་འདི་ལ་ཡེ་ཤེས་འཇུག་པས་ན་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །སྨན་ཐམས་ཅད་ཡོངས་སུ་ཤེས་པས་དེའི་ཕྱིར་


DKG059_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ནད་ཐམས་ཅད་ཞི་བར་བྱས་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བཅིང་བ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བག་ཆགས་ཀྱིས་མཚམས་སྦྱོར་བ་ཐམས་ཅད་བཅོམ་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རྟག་ཏུ་མཉམ་པར་བཞག་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཀྱང་ཐམས་ཅད་མཁྱེན་པ་འདི་ལས་རྣམ་པར་བཞག་པས་ན། དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཚངས་པ་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མཁས་པའི་ཚིག་བླ་དགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཀྱང་མཁྱེན་ལ། སེམས་ཀྱི་དམིགས་པ་ལ་ཡང་འཇུག་པ་མི་མངའ་བ་ནི་སངས་རྒྱས་ཀྱི་ཡེ་ཤེས་བསམ་གྱིས་མི་ཁྱབ་སྟེ་ངོ་མཚར་ཏོ། །བཅོམ་ལྡན་འདས་དེ་ལ་ཡོན་ཏན་གྱི་བྱེ་བྲག་ཚད་མ་མཆིས་པ་འདི་ལྟ་བུ་འདི་དག་གདའ་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མི་སྐྱེད། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སུ་དག་ཡོན་ཏན་རེ་བའི་སླད་དུ་བྱང་ཆུབ་ལ་འཇུག་ན་དེ་དག་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་མ་ལགས་པར་རིག་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རེ་བར་བགྱི་བ་མ་མཆིས་པའི་སླད་དུ་ཆོས་ཐམས་ཅད་ནི་ཡོན་ཏན་དང་བྲལ་ཞིང་ཡོན་ཏན་མ་མཆིས་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོན་ཏན་གྱི་སླད་དུའམ། ལེགས་པའི་སླད་དུ་བྱང་ཆུབ་ལ་འཇུག་པར་མི་བགྱིའོ། །གཞན་དུ་ན་སྙིང་རྗེ་ཆེན་པོའི་རྒྱུས་བདག་


DKG059_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྡུག་བསྔལ་ལས་ཡོངས་སུ་མི་སྐྲག་པའི་སླད་དུ། དགེ་བའི་ཆོས་བསྐྱེད་པར་བགྱི་བའི་སླད་དུ། ལྟ་བ་ལས་རྣམ་པར་ཐར་བར་བགྱི་བའི་སླད་དུ། ནད་ཐམས་ཅད་བསལ་བའི་སླད་དུ། ཡོངས་སུ་འཛིན་པ་གཏོང་བའི་སླད་དུ། མཛའ་བ་དང་མི་མཛའ་བ་ལ་མི་ལྟ་བའི་སླད་དུ། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པའི་སླད་དུ། འདུས་བྱས་ལས་སྐྱོ་བའི་སླད་དུ། མྱ་ངན་ལས་འདས་པ་ལ་བདེ་བར་དགོད་པའི་སླད་དུ། དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་རེ་བ་མ་མཆིས་པར་བགྱི་སྟེ་ཕ་རོལ་ལ་མི་རེ་བར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔས་བགྱིས་པ་དང་། མ་བགྱིས་པ་ལ་འགྱོད་པ་མ་མཆིས་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ནི་བདེ་བ་དང་། སྡུག་བསྔལ་གྱིས་གནོད་པར་མི་འགྱུར་རོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྲིད་ནི་དགེ་བའི་རྩ་བ་ཡོངས་སུ་དག་པར་མི་སྨྲའོ། །བརྒྱ་བྱིན་དུ་འགྱུར་བའང་མ་ཡིན། ཚངས་པར་འགྱུར་བའང་མ་ཡིན་ཏེ། གང་ལ་སྐྱེ་བ་དང་སྐྱེ་གནས་མེད་པ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ། །ནམ་བདག་ཀྱང་དགེ་བའི་རྩ་བ་ཡོངས་སུ་མི་འབྲི་ལ། ཆུང་ངུ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་ཡན་ཆད་སེམས་ཅན་གཞན་གྱི་དགེ་བའི་རྩ་བ་རྣམས་བསྐྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་དག་པའོ། །དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཕྱིར་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ཡོངས་སུ་གདུང་བ་མེད་པའི་ཕྱིར་ཚུལ་ཁྲིམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །གནོད་སེམས་མེད་པའི་ཕྱིར་བཟོད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ལེ་ལོ་མེད་པའི་ཕྱིར་བརྩོན་འགྲུས་ནི་བྱང་ཆུབ་


DKG059_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །རྩེ་གཅིག་པའི་ཕྱིར་བསམ་གཏན་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ལྟ་བ་དང་བྲལ་བའི་ཕྱིར་ཤེས་རབ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །སེམས་སྙོམས་པའི་ཕྱིར་བྱམས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ལྷག་པའི་བསམ་པ་ཡོངས་སུ་དག་པའི་ཕྱིར་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ཆོས་ལ་མོས་པ་བསྐྱེད་པའི་ཕྱིར་དགའ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །མཛའ་བ་དང་སྡང་བ་མེད་པའི་ཕྱིར་བཏང་སྙོམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱིས་མི་འདོད་པའི་ཕྱིར་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བའོ།། །།བམ་པོ་བཞི་པ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དེར་འདུས་ཏེ་ཅང་མི་ཟེར་བར་འདུག་གོ །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་འདི་འཁོར་འདིར་མཆིས་ཏེ། འདི་ལྟར་ཡང་དག་པར་བརྗོད་པའི་གཏམ་ཅུང་ཟད་ཀྱང་མི་སྟོན་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཆོས་བསྟན་པ་འདི་ལ་ཁྱོད་གཏམ་གྱི་རྒྱུད་འགའ་ཞིག་སྤོབས་པར་གྱིས་ཤིག །འཇམ་དཔལ་གྱིས་གསོལ་པ། ཆོས་གང་བཅོམ་ལྡན་འདས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་དེ་ལ་གདགས་པ་གང་ཡང་མཆིས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་ལ་གདགས་པ་གང་ཡང་མེད་དོ། །གསོལ་པ། བཅོམ་ལྡན་འདས་ཆོས་དེ་བརྗོད་པར་བགྱི་བ་ལགས་སམ། སྨྲ་བར་བགྱི་བ་ལགས་སམ། བསྟན་པར་བགྱི་བ་ལགས་སམ། བཀའ་སྩལ་པ། འཇམ་དཔལ་ཆོས་དེ་བརྗོད་པར་བྱ་བ་མ་ཡིན་ནོ། །སྨྲ་བར་བྱ་བ་མ་ཡིན་ནོ། །བསྟན་པར་བྱ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་


DKG059_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་གང་མ་བརྗོད། མ་སྨྲས། མ་བསྟན་པ་དེ་བཤད་པར་ནུས་སམ། ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་ཁྱོད་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་ཆོས་མི་སྟོན་ཏམ། སྨྲས་པ། ཚངས་པ་ཅི་ཆོས་ཀྱི་དབྱིངས་གཉིས་སུ་རབ་ཏུ་ཕྱེ་བ་ཡིན་ནམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ངེས་པ་མ་ཡིན་ནམ། སྨྲས་པ། ངེས་པ་ཡིན་ནོ། །སྨྲས་པ། ཚངས་པ་གལ་ཏེ་ཆོས་ཀྱི་དབྱིངས་ཀྱང་གཉིས་སུ་མེད་པ་ཡིན་ལ་ཆོས་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་སུ་ངེས་ན་སེམས་ཅན་གཞན་དང་གང་ཟག་གཞན་དག་ལ་ཇི་ལྟར་ཆོས་བསྟན་པར་བྱ། སྨྲས་པ། འཇམ་དཔལ་གཉིས་ཀྱང་མ་ཡིན་ལ་ཆོས་བསྟན་པ་ཡོད་དམ། སྨྲས་པ། ཚངས་པ་གལ་ཏེ་སྟོན་པའམ་ཉན་པ་འགའ་ཞིག་རྙེད་ན་ནི་ཡོད་དོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་མ་བསྟན་ནམ། སྨྲས་པ། ཚངས་པ་བསྟན་མོད་ཀྱི་གཉིས་སུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་གཉིས་སུ་མེད་པར་ཆོས་སྟོན་ཏེ་གཉིས་སུ་མི་མཛད་དོ། །སྨྲས་པ། འཇམ་དཔལ་གལ་ཏེ་ཆོས་ཐམས་ཅད་གཉིས་སུ་མེད་པ་ཡིན་ན། དེ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་སུ་མེད་པ་གཉིས་སུ་བྱེད། སྨྲས་པ། བདག་གི་རྒྱུད་ལ་བདག་ཏུ་འཛིན་པས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གཉིས་སུ་བྱེད་དེ། གཉིས་སུ་མེད་པ་ནི་ནམ་ཡང་གཉིས་སུ་མི་འགྱུར་རོ། །ཇི་ཙམ་དུ་མང་དུ་གཉིས་སུ་བྱས་ཀྱང་གཉིས་སུ་མེད་པའི་མཐའ་ལ་གཉིས་སུ་མེད་དོ། །སྨྲས་པ། འཇམ་དཔལ་གཉིས་སུ་མེད་པ་ཅི་རྣམ་པར་རིག་པར་བྱེད། སྨྲས་པ། གལ་ཏེ་རྣམ་པར་རིག་པར་བྱེད་ན་གཉིས་སུ་མེད་པ་མ་ཡིན་པར་འགྱུར་ཏེ། གཉིས་སུ་མེད་པ་ནི་རྣམ་པར་རིག་པ་མེད་པའོ། །ཚངས་པ་གཉིས་ཞེས་བྱ་བ་ནི་རྣམ་པར་རིག་པའོ། །དེ་བཞིན་གཤེགས་པས་ནི་རྣམ་པར་རིག་པ་མེད་པར་ཆོས་སྟོན་ཏེ། ཆོས་དེ་ཡང་ཇི་ལྟར་སྟོན་པ་དེ་བཞིན་དུ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་ཡི་གེ་མེད་པའི་ཕྱིར་རོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་ཆོས་བསྟན་པ་གང་དུ་འགྲོ། སྨྲས་པ། ཚངས་པ་


DKG059_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པས་ཆོས་བསྟན་པ་ནི་འགྲོ་བ་མེད་པར་འགྲོའོ། །སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པར་འགྲོ་བའི་ཆོས་མ་བསྟན་ཏམ། སྨྲས་པ། ཅི་མྱ་ངན་ལས་འདས་པ་ལ་འགྲོ་བའམ། འོང་བར་དམིགས་སམ། སྨྲས་པ། མྱ་ངན་ལས་འདས་པ་ལ་འོང་བ་ཡང་མེད་འགྲོ་བ་ཡང་མེད་དོ། །སྨྲས་པ། ཚངས་པ་དེ་ལྟ་བས་ན་དེ་བཞིན་གཤེགས་པས་འགྲོ་བ་མེད་པར་འགྲོ་བའི་ཆོས་བསྟན་ཏོ། །སྨྲས་པ། ཇི་ལྟར་ཐོས་པ་སྨྲས་པ། ཇི་ལྟར་བརྗོད་པ་བཞིན་དུའོ། །སྨྲས་པ། ཇི་ལྟ་བུར་བརྗོད། སྨྲས་པ། ཇི་ལྟར་རྣམ་པར་རིག་པ་མེད་པ་དང་ཐོས་པ་མེད་པ་བཞིན་ནོ། །སྨྲས་པ། དེ་བཞིན་གཤེགས་པའི་ཆོས་ཉན་པ་གང་ཡིན། སྨྲས་པ། གང་ཡུལ་ལ་ཟག་པ་མེད་པ་རྣམས་སོ། །སྨྲས་པ། ཆོས་འདི་སུས་ཤེས་པར་འགྱུར། སྨྲས་པ། གང་རྩོད་པར་མི་འགྱུར་བ་དང་། ཤེས་པར་མི་འགྱུར་བ་དང་། རྗེས་སུ་ཤེས་པར་མི་འགྱུར་བ་རྣམས་སོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་རྩོད་པ་མང་བ་ཡིན། སྨྲས་པ། འདི་ནི་རིགས་སོ། །འདི་ནི་མི་རིགས་སོ་ཞེས་བྱ་བ་འདི་ནི་རྩོད་པའོ། །དེ་བཞིན་དུ་བསྡུས་ཏེ་འདི་ནི་འབྲེལ་བའོ། །འདི་ནི་མ་འབྲེལ་བའོ་ཞེས་བྱ་བ་དང་། འདི་ནི་ཉོན་མོངས་པའོ། །འདི་ནི་རྣམ་པར་བྱང་བའོ་ཞེས་བྱ་བ་དང་། འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ་ཞེས་བྱ་བ་དང་། འདི་ནི་ཁ་ན་མ་ཐོ་བ་དང་བཅས་པའོ། །འདི་ནི་ཁ་ན་མ་ཐོ་བ་མེད་པའོ་ཞེས་བྱ་བ་དང་། འདི་ནི་ཟག་པ་དང་བཅས་པའོ། །འདི་ནི་ཟག་པ་མེད་པའོ་ཞེས་བྱ་བ་དང་། འདི་ནི་འཇིག་རྟེན་པའོ། །འདི་ནི་འཇིག་རྟེན་ལས་འདས་པའོ་ཞེས་བྱ་བ་དང་། འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བྱ་བ་དང་། འདི་ནི་ཚུལ་ཁྲིམས་སོ། །འདི་ནི་ངང་ཚུལ་ངན་པའོ་ཞེས་བྱ་བ་དང་། འདི་ནི་བྱ་བའོ། །འདི་ནི་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དང་། འདིས་ནི་ཐོབ་པར་འགྱུར་རོ། །འདིས་ནི་ཐོབ་པ་མ་ཡིན་པར་འགྱུར་རོ། །ཞེས་བྱ་བ་འདིས་ནི་རྩོད་པའོ། །ཚངས་པ་ཇི་ཙམ་དུ་ཁེངས་པ་དང་། འདུད་པ་དང་། ལེན་པ་དང་། འདོར་བ་དེ་ཙམ་དུ་རྩོད་པ་སྟེ། དེ་བཞིན་གཤེགས་པས་ནི་རྩོད་པ་


DKG059_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་ཆོས་བསྟན་ཏོ། །སྤྲོས་པ་ལ་དགའ་བ་ལ་ནི་མི་རྩོད་པ་མེད་དོ། །རྩོད་པ་མང་བ་ལ་ནི་དགེ་སྦྱོང་དུ་གྱུར་པ་མེད་དོ། །དགེ་སྦྱོང་འདོད་པ་ལ་ནི་འཐབ་པ་མེད་དོ། །སྨྲས་པ། འཇམ་དཔལ་ཇི་ལྟར་དགེ་སློང་དེ་བཞིན་གཤེགས་པའི་བསྟན་པ་བཞིན་བྱེད་པ་དང་། བཀའ་བཞིན་བྱེད་པར་འགྱུར། སྨྲས་པ། ཚངས་པ་ནམ་དགེ་སློང་བསྟོད་པ་དང་སྨད་པ་བྱས་ཀྱང་གནོད་པ་མེད་ན་དེ་ལྟར་ན་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ། །གང་ཡི་གེའི་རྗེས་སུ་མི་སྙེགས་ན་དེ་ལྟར་ན་བཀའ་བཞིན་དུ་བྱེད་པ་ཡིན་ནོ། །གང་མཚན་མ་ཐམས་ཅད་ལས་ཞི་བར་གྱུར་ན། དེ་ལྟར་ན་བསྟན་པ་བཞིན་བྱེད་པ་ཡིན་ནོ། །གང་དོན་དང་མི་འགལ་བར་བྱེད་ན་དེ་ལྟར་ན་དཀའ་བཞིན་བྱེད་པ་ཡིན་ནོ། །གང་ཆོས་ཡོངས་སུ་སྲུང་ན་དེ་ལྟར་ན་བསྟན་པ་བཞིན་དུ་བྱེད་པ་ཡིན་ནོ། །གང་ཚིག་རྣམས་དང་འཐུན་པར་མི་བྱེད་ན། དེ་ལྟར་ན་བཀའ་བཞིན་བྱེད་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་དམ་པའི་ཆོས་ཡོངས་སུ་སྲུང་བ་ཡིན། སྨྲས་པ། གང་མཉམ་པ་ཉིད་ལས་འགལ་བར་མི་བྱེད་ཅིང་ཆོས་ཀྱི་དབྱིངས་རྣམ་པར་འཁྲུག་པར་མི་བྱེད་ན་དེ་ལྟར་ན་དམ་པའི་ཆོས་ཡོངས་སུ་སྲུང་བ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་དགེ་སློང་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན། སྨྲས་པ། ཚངས་པ་གང་ཆོས་གང་ལ་ཡང་ཉེ་བའམ། རིང་བ་མེད་པར་མཐོང་བའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་ཉེ་བར་གནས་པ་ཡིན་ནོ། །སྨྲས་པ། ཇི་ལྟར་ན་འཇམ་དཔལ་དགེ་སློང་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་པ་ཡིན། སྨྲས་པ། ཚངས་པ་དགེ་སློང་གང་ལུས་དང་། ངག་དང་། ཡིད་ཀྱིས་རྟུལ་བར་མི་བྱེད་པའི་དགེ་སློང་དེ་ནི་དེ་བཞིན་གཤེགས་པ་ལ་རིམ་གྲོ་དང་བསྙེན་བཀུར་བྱེད་པའོ། །སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར། སྨྲས་པ། ཚངས་པ་གང་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འདུ་བྱེད་ཐམས་ཅད་མངོན་པར་འདུ་མི་བྱེད་པའོ། །སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ།


DKG059_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལའང་མངོན་པར་མ་ཆགས་པ་དེས་དེ་བཞིན་གཤེགས་པ་མཐོང་ངོ་། །སྨྲས་པ། འཇམ་དཔལ་སུས་ཆོས་མཐོང་། སྨྲས་པ། གང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ཞིང་འགལ་བར་མི་བྱེད་པ་རྣམས་ཀྱིས་སོ། །སྨྲས་པ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་མཐོང་། སྨྲས་པ། གང་མཉམ་པ་ཉིད་མི་སྐྱེད་ཅིང་འགལ་བར་མི་བྱེད་པས་སོ། །སྨྲས་པ། འཇམ་དཔལ་སུ་དག་མངོན་པར་ཤེས་པ་ཐོབ། སྨྲས་པ། གང་ཟག་པ་མི་སྐྱེད་ཅིང་མི་འགོག་པ་རྣམས་སོ། །སྨྲས་པ། འཇམ་དཔལ་སུས་དེ་བཞིན་གཤེགས་པའི་བསླབ་པ་ལ་སློབ། སྨྲས་པ། གང་མངོན་པར་འདུ་མི་བྱེད་པ་དང་། མྱོང་བར་མི་བྱེད་པ་དང་། མི་སྐྱེད་པ་དང་། སོ་སོར་མི་སྤོང་བ་རྣམས་སོ། །སྨྲས་པ། འཇམ་དཔལ་སུ་ཡང་དག་པར་ཞུགས། སྨྲས་པ། གང་ཁམས་གསུམ་པ་ལ་མ་ཞུགས་པའོ། །སྨྲས་པ། འཇམ་དཔལ་གང་ཤིན་ཏུ་དུལ་བ་ཡིན། སྨྲས་པ། གང་ཡང་སྲིད་པ་མི་ལེན་པའོ། །སྨྲས་པ། འཇམ་དཔལ་གང་བདེ་བར་གྱུར་པ་ཡིན། སྨྲས་པ། གང་ང་ཡིར་བྱ་བ་མེད་པ་རྣམས་སོ། །སྨྲས་པ། འཇམ་དཔལ་སུ་དག་གྲོལ་བ་ཡིན། སྨྲས་པ། གང་དམིགས་པར་འཁྲུག་པར་མི་བྱེད་པ་རྣམས་སོ། །སྨྲས་པ། འཇམ་དཔལ་སུ་དག་རྒལ་བ་ཡིན། སྨྲས་པ། གང་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་མི་གནས་པ་རྣམས་སོ། །སྨྲས་པ། འཇམ་དཔལ་ཟག་པ་ཟད་པའི་དགེ་སློང་ཅི་ཟད། སྨྲས་པ། ཚངས་པ་གལ་ཏེ་ཟད་པར་གྱུར་ན་ནི་ཟག་པ་ཟད་པར་མི་འགྱུར་ཏེ། ཟག་པ་དེ་དག་ནི་སྐད་ཅིག་པ་ཡིན་པ་དེས་དེ་དག་དེ་བཞིན་དུ་ཤེས་པས་ན་དེའི་ཕྱིར་ཟག་པ་ཟད་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་སུ་དག་བདེན་པར་སྨྲ་བ་ཡིན། སྨྲས་པ། གང་རྩོད་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་རྣམས་སོ། །སྨྲས་པ། འཇམ་དཔལ་སུ་ལམ་དུ་ཞུགས་པ་ཡིན། སྨྲས་པ། ཚངས་པ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལམ་དུ་ཞུགས་པའོ། སྨྲས་པ། འཇམ་དཔལ་སུ་ལམ་མ་


DKG059_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པར་ཞུགས་པ་ཡིན། སྨྲས་པ། གང་གིས་ཆོས་ཐམས་ཅད་གང་ནས་ཀྱང་མ་འོངས་པ་དང་། གང་དུ་ཡང་མི་འགྲོ་བར་ཤེས་པའི་འཕགས་པ་རྣམས་སོ། །སྨྲས་པ། འཇམ་དཔལ་བདེན་པ་མཐོང་བ་གང་ཡིན། སྨྲས་པ། ཆོས་གང་ཡང་མི་མཐོང་བའོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་མཐོང་བ་དེ་ཙམ་དུ་བརྫུན་ཏེ། མཐོང་བ་མེད་པ་ནི་བདེན་པ་མཐོང་བའོ། །སྨྲས་པ། གང་མཐོང་བས་བདེན་པ་མཐོང་། སྨྲས་པ། ལྟ་བར་གྱུར་པ་ཐམས་ཅད་མ་མཐོང་བས་བདེན་པ་མཐོང་ངོ་། །སྨྲས་པ། དེ་གང་དུ་བཙལ་བར་བྱ། སྨྲས་པ། ཕྱིན་ཅི་ལོག་བཞི་དག་ལས་བདེན་པ་བཙལ་བར་བྱའོ། །སྨྲས་པ། འཇམ་དཔལ་ཅི་ལ་བསམས་ཏེ་དེ་སྐད་སྟོན། སྨྲས་པ། ཕྱིན་ཅི་ལོག་བཞི་ཚོལ་བ་གང་ཡིན་པ་དེ་ལ་རྟག་པ་ཡང་མེད། བདེ་བ་ཡང་མེད། བདག་ཀྱང་མེད། གཙང་བ་ཡང་མེད་དེ། གང་ལ་རྟག་པ་མེད་པ་དེ་ནི་མི་རྟག་པའོ། །གང་ལ་བདེ་བ་མེད་པ་དེ་ནི་སྡུག་བསྔལ་བའོ། །གང་ལ་བདག་མེད་པ་དེ་ནི་བདག་ཡོད་པའོ། །གང་ལ་གཙང་བ་མེད་པ་དེ་ནི་མི་གཙང་བའོ། །ཚངས་པ་ཆོས་ཐམས་ཅད་ལ་བདག་མེད་པ་ནི་འཕགས་པའི་བདེན་པ་ཚོལ་བ་སྟེ། གང་བདེན་པ་ཚོལ་བ་འདི་ནི་སྡུག་བསྔལ་ཡོངས་སུ་མི་ཤེས་པ་ནས་ལམ་གྱི་བར་དུ་མི་སྒོམ་པའོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་ལམ་སྒོམ་པ་ཡིན། སྨྲས་པ། སྒོམ་པ་ན་ཇི་ལྟར་དངོས་པོར་ཡང་མི་ལྟུང་། དངོས་པོ་མེད་པ་ཡང་མི་ལྟུང་ཞིང་ཆོས་གང་ཡང་དངོས་པོར་ཡང་མི་ལྟུང་ངོ་། །དངོས་པོ་མེད་པ་ཡང་མི་བྱེད་དེ། ཚངས་པ་གཉིས་དང་བྲལ་བ་ནི་ལམ་མོ། །ལམ་གང་གིས་བཙལ་བས་ཆོས་ཐམས་ཅད་མི་དམིགས་པ་འདི་ནི་ལམ་མོ། །ལམ་གང་གང་དུ་ཡང་ཕྲད་པར་མི་བྱེད་དེ། འདོར་བ་ཡང་མི་བྱེད་ཅིང་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཕྲད་པར་བྱེད་པ་ཡང་མེད། འདོར་བའང་མེད་པ་ནི་འཕགས་པ་རྣམས་ཀྱི་ལམ་མོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ཞེས་བྱ་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་དགེ་


DKG059_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན། ཅི་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན། ཇི་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན། སྨྲས་པ། རིགས་ཀྱི་བུ་ནམ་དགེ་བསྙེན་ལྟ་བ་གཉིས་ཉེ་བར་མི་ལེན་པ་སྟེ། གཉིས་གང་ཞེ་ན། བདག་ཏུ་ལྟ་བ་མི་ལེན། ཕ་རོལ་ཏུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལེན། སངས་རྒྱས་སུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལེན། ཆོས་སུ་ལྟ་བ་མི་ལེན། བདག་ཏུ་ལྟ་བ་མི་ལེན། དགེ་འདུན་དུ་ལྟ་བ་མི་ལེན་པ་དེ་ཙམ་གྱིས་དགེ་བསྙེན་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་ནམ་དགེ་བསྙེན་དེ་བཞིན་གཤེགས་པ་གཟུགས་སུ་ཁས་མི་ལེན། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་དུ་མ་ཡིན། དེ་བཞིན་གཤེགས་པ་རྣམ་པར་ཤེས་པར་ཡང་ཁས་མི་ལེན་ན་དེ་ལྟར་ན་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ནམ་ཆོས་གང་ལ་ཡང་རྣམ་པར་མི་རྟོག་ཅིང་སྒྲོ་མི་འདོགས་ན། དེ་ལྟར་ན་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ནམ་དགེ་འདུན་འདུས་མ་བྱས་སུའང་མོས་ལ། འདུས་བྱས་ལས་གུད་ནའང་འདུས་མ་བྱས་སུ་མོས་པར་ཡང་མི་བྱེད་ན། དེ་ལྟར་ན་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་ནམ་དགེ་བསྙེན། སངས་རྒྱས་སུའང་མི་དམིགས། ཆོས་སུའང་མི་དམིགས། དགེ་འདུན་དུ་ཡང་མི་དམིགས་ན་དེ་ལྟར་ན་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ། །མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་འདི་དག་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་དེ་དག་གང་དུ་རབ་ཏུ་ཞུགས་པ་ཡིན། སྨྲས་པ། བླ་གབ་མེད་པ་ལ་རབ་ཏུ་ཞུགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བླ་གབ་མེད་པ་དང་མཚུངས་སོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱ། སྨྲས་པ། རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་རབ་ཏུ་འཇུག་པ་ཐམས་ཅད་རབ་ཏུ་འཇུག་པ་མ་ཡིན་པར་རབ་ཏུ་ཤེས་པ་དང་། ཆོས་ཐམས་ཅད་ཆོས་མ་ཡིན་པར་རབ་ཏུ་ཤེས་པ་དང་། སེམས་ཅན་


DKG059_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སེམས་ཅན་མ་ཡིན་པར་རབ་ཏུ་ཤེས་པ་སྟེ། དེ་ལྟར་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་རབ་ཏུ་ཞུགས་པ་ཞེས་བརྗོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ནམ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ཅིང་ཡང་དག་པར་ངེས་པའི་སེམས་ཅན་རྣམས་ལ་ལྷག་པར་གུས་པ་མི་སྐྱེད་པའི་ཚིག་བླ་དགས་ནི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ནི་ངེས་པ་དང་མ་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་མི་འདེབས་ཀྱི། གཞན་དུ་ན་ལོག་པར་ངེས་པའི་སེམས་ཅན་རྣམས་ཀྱི་ཕྱིར་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་བས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལོག་པར་ངེས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བར་བྱས་ནས་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཅེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་བདག་ཀྱང་སྤོབས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་ཁྱོད་སྤོབས་པར་གྱིས་ཤིག །བྱང་ཆུབ་ཀྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ། སྐྱེས་པའམ། བུད་མེད་ཇི་ལྟ་བུར་བསྟན་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱིན་ལ་མ་རལ་མ་ཞིག་པར་ཉེ་བར་གནས་ན་དེ་ཡན་ལག་བརྒྱད་ཀྱི་གསོ་སྦྱིན་ཡང་དག་པར་བླངས་པ་ཞེས་བགྱི་བའི་གྲངས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བྱང་ཆུབ་ཀྱི་སེམས་ལས་མ་གཡོས་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་


DKG059_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་བློ་གྲོས་བརྟན་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལྷག་པའི་བསམ་པ་བརྟན་པས་སེམས་ཅན་ལ་མི་དམིགས་པའི་བྱམས་པ་དང་ལྡན་པ་ལགས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་ཅན་སྒྲོལ་གྱིས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གྲུའམ་ཟམ་པ་ནི་སེམས་ཅན་རྒལ་བ་ལ་སྐྱོ་བ་མ་མཆིས་ཤིང་རྣམ་པར་མི་རྟོག་པ་དེ་བཞིན་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལ་སེམས་ཅན་ཐམས་ཅད་བསྒྲལ་བའི་སླད་དུ་དེ་ལྟ་བུའི་སེམས་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་ངན་སོང་སེལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཞིང་གང་དུ་སུག་པ་བཞག་མ་ཐག་ཏུ་ངན་སོང་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་བ་ཙམ་གྱིས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དང་། མིང་ཐོས་པས་ཀྱང་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གོམ་པ་འདོར་ཞིང་མཆི་བ་ན་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་ཁམས་ཐམས་ཅད་རབ་ཏུ་གཡོ་བར་འགྱུར་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་མི་སྐྱོ་བས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཉིན་ཞག་གཅིག་ཏུ་འགྱུར་ལ། དེ་ཉིན་ཞག་ཏུ་བགྲང་བ་དེ་ལྟ་བུའི་ཚུལ་གྱིས་ཞག་བཅྭ་ལྔ་ལ་ཟླ་བ་ཕྱེད། ཞག་སུམ་ཅུ་ལ་ཟླ་བ་གཅིག །ཟླ་བ་བཅུ་གཉིས་ལ་ལོ་གཅིག་པའི་ལོ་བྱེ་བ་བརྒྱ་སྟོང་ལ་སངས་རྒྱས་གཅིག་བྱུང་ནས་མཉེས་པར་བྱེད་དེ། རྣམ་གྲངས་འདི་ལྟ་བུས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་


DKG059_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ན་ཚངས་པ་སྤྱོད་པ་སྤྱད་ནས་ཕྱིས་ལུང་བསྟན་ཀྱང་ཡོངས་སུ་མི་སྐྱོ་བ་སྟེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་དེད་དཔོན་བཟང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ལམ་ངན་པར་ཞུགས་པའི་སེམས་ཅན་ལམ་ངན་པར་ཞུགས་པ་རྣམས་ལ་ལམ་བཟང་པོ་ལ་དགོད་པའི་སླད་དུ་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་དེ་ལ་ལན་རེ་བ་མ་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་རི་རབ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་རི་རབ་དང་མཚུངས་ཤིང་རྣམ་པར་མི་རྟོག་པར་རབ་ཏུ་འཚལ་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཆོམ་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སེམས་ཀྱི་ཆོས་ཐམས་ཅད་ལ་སེམས་ཀྱང་དེ་ལ་མ་རྨས་ཤིང་མ་ཉམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་སེང་གེའི་འགྲོས་སུ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཟབ་མོ་ལ་བཟོད་ཅིང་མི་འཇིགས་མི་སྐྲག་སྟེ། ཕ་རོལ་གྱི་མུ་སྟེགས་ཅན་ཐམས་ཅད་སྐྲག་པར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བསམ་གྱིས་མི་ཁྱབ་པས་གསོལ་པ། བཅོམ་ལྡན་འདས་གང་སེམས་ལས་བསམ་གྱིས་མི་ཁྱབ་པར་འཇུག་ཅིང་མི་སེམས་རྣམ་པར་མི་སེམས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །ལྷའི་བུ་མཚམས་བཟང་གིས་གསོལ་པ། གང་ལྷའི་གནས་ཐམས་ཅད་དུ་ཡང་སྐྱེ་ལ་ཅི་ལའང་ཆགས་པར་མི་བགྱིད། འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་ཁོང་དུ་ཆུད་པར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བདེན་པར་སྨྲ་བས་གསོལ་པ། བཅོམ་


DKG059_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་ངག་བདེན་པའི་རྗེས་སུ་འཇུག་ཅིང་རྨི་ལམ་ན་ཡང་བརྫུན་གྱི་ཚིག་མི་སྨྲ་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་མཐོང་ན་དགའ་བས་གསོལ་པ། གང་གཟུགས་ཐམས་ཅད་སངས་རྒྱས་ཀྱི་གཟུགས་སུ་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་སྙིང་བརྩེ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འཁོར་བར་ཞུགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོང་ནས་ཆོས་ལ་དགའ་བ་མ་གཏོགས་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་མ་གཏོགས་པར་དགའ་བ་ཐམས་ཅད་ལ་དགའ་བར་མི་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་ཐོགས་པ་མེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཉོན་མོངས་པ་ཐམས་ཅད་དང་། བདུད་ཐམས་ཅད་ལ་ཡང་ཐོགས་པ་མ་མཆིས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་དགའ་དགོད་དབང་པོས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་དགོད་པ་དང་། རབ་ཏུ་དགའ་བའི་དབང་པོ་དག་གིས་བདག་གི་བསམ་པ་ཡོངས་སུ་རྫོགས་ཤིང་བགྱི་བ་བགྱིས་པ། བགྱིད་པར་བགྱིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །སྲིང་མོ་ཡིད་གཉིས་རྣམ་པར་འཇོམས་མས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་ཡིད་གཉིས་མ་མཆིས་ཤིང་ཐེ་ཙོམ་མ་མཆིས་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །གཞོན་ནུ་མ་སེང་གེས་གསོལ་པ། བཅོམ་ལྡན་འདས་གང་ལ་བུད་མེད་ཀྱི་ཆོས་ཀྱང་མ་མཆིས། སྐྱེས་པའི་ཆོས་ཀྱང་མ་མཆིས་ལ་སེམས་ཅན་ཡོངས་སུ་སྨིན་པར་བགྱི་བའི་སླད་དུ་གཟུགས་སྣ་ཚོགས་ཀྱང་སྟོན་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བུ་མོ་རིན་ཆེན་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་དང་། ཆོས་དང་། དགེ་འདུན་རིན་པོ་ཆེ་


DKG059_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཏོགས་པའི་རིན་པོ་ཆེ་གཞན་ལ་དགའ་བ་མི་སྐྱེད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །དགེ་བསྙེན་ས་གས་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དམིགས་པ་ཅན་ལ་ནི་བྱང་ཆུབ་མ་མཆིས་ཏེ། གང་ཆོས་ཐམས་ཅད་ལ་མི་དམིགས་པ་དང་། མི་སྐྱེད་མི་འགོག་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །ཁྱིམ་བདག་བཟང་སྐྱོང་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་མིང་ཙམ་བཟུང་བས་སེམས་ཅན་བྱང་ཆུབ་ཏུ་ངེས་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །གཞོན་ནུར་གྱུར་པ་རིན་ཆེན་ཟླ་བས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་རྟག་ཏུ་རྒྱུན་མི་ཆད་པར་གཞོན་ནུའི་ཚངས་པ་སྤྱོད་པ་དང་ལྡན་ཞིང་འདོད་པ་ལ་རྟོག་པས་ཀྱང་ཡོངས་སུ་མི་སྤྱོད་ན། གཉིས་ཀྱི་དབང་པོ་གཉིས་མཇལ་བ་ལྟ་ཅི་སྨོས་ཏེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །ལྷའི་བུ་མན་དཱ་ར་བའི་དྲིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཚུལ་ཁྲིམས་ཀྱི་དྲིས་ཡོངས་སུ་བསྒོས་པས་གང་ཚུལ་ཁྲིམས་ཀྱི་དྲི་ལས་དྲི་གཞན་གྱི་ངད་མི་ལྡང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་དགའ་བྱེད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ལ་བསྙེན་བཀུར་བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་དང་། ཆོས་གསུམ་གྱིས་དགའ་བ་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །ཚངས་པ་ཁྱད་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཆོས་མ་ལགས་པའི་ཆོས་གང་ཡང་མ་མཆིས་སོ་ཞེས་སྣང་བར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་མཐོང་མ་ཐག་ཏུ་སེམས་ཅན་དག་བྱམས་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །འཇམ་དཔལ་


DKG059_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་སྟོན་པ་ཐམས་ཅད་ཀྱང་སྟོན་ལ་ཆོས་སུ་འདུ་ཤེས་པ་ཡང་མ་མཆིས། ཆོས་མ་ལགས་པར་འདུ་ཤེས་པ་ཡང་མ་མཆིས། བདག་ཏུ་འདུ་ཤེས་པ་ཡང་མ་མཆིས། ཕ་རོལ་ཏུ་འདུ་ཤེས་པ་ཡང་མི་བགྱིད་དེ། དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་གི་འོད་ཀྱིས་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་མེ་ཏོག་གིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཕྱོགས་བཅུའི་འཇིག་རྟེན་ན་སངས་རྒྱས་ཀྱི་ཞིང་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཀྱིས་མེ་ཏོག་རྒྱས་པ་ལྟ་བུར་མཐོང་བ་དེ་ནི་དེའི་སླད་དུ་བྱང་ཆུབ་སེམས་དཔའ་ཞེས་བགྱིའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་གིས་རང་རང་གི་སྤོབས་པ་རྣམ་པར་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་གང་སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཐར་བར་བྱ་བར་སྤྲོ་ཞིང་དགེ་བའི་རྩ་བ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་གཏོང་བ་དེ་ནི་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ཁྱོད་གནས་པ་ཅི་ལྟ་བུར་གནས་པར་བྱེད། སྨྲས་པ། གནས་པ་གང་གིས་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པའོ། །སྨྲས་པ། གང་གནས་པ་ནི་འདུས་བྱས་ཐམས་ཅད་ལ་ཞུགས་པའི་སེམས་ཅན་ཐམས་ཅད་གནས་པ་གང་གིས་གནས་སྨྲས་པ། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པའོ། །སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་གནས་པ་གང་གིས་གནས་པ་མཛད། སྨྲས་པ། དོན་དམ་པའི་སྟོང་པ་ཉིད་ལ་གནས་པས་སོ། །སྨྲས་པ། གལ་ཏེ་རིགས་ཀྱི་བུ་གནས་པ་


DKG059_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

གང་གིས་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་གནས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་གནས་པར་མཛད་ན་དེ་བཞིན་གཤེགས་པ་རྣམས་ལ་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད། སྨྲས་པ། ཚངས་པ་དེ་སྟོང་པ་ཉིད་ལ་ཁྱད་པར་ཡོད་པར་འདོད་དམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཅི་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཞེས་བཤད་དམ་སྨྲས་པ། དེ་དེ་བཞིན་ནོ། །སྨྲས་པ། ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་བྱེ་བྲག་མེད་དེ། དེ་དག་གིས་གནས་པ་ཡང་དེའི་མཚན་ཉིད་དོ། །ཚངས་པ་དེ་བཞིན་གཤེགས་པ་ནི་ཆོས་ཐ་དད་དུ་མི་འདོགས་སོ། །སྨྲས་པ། འཇམ་དཔལ་གནས་པ་གནས་པ་ཞེས་བྱ་བའི་གནས་པ་དེ་གང་ཡིན། སྨྲས་པ། ཚངས་པ་གང་ལ་ཚངས་པའི་གནས་བཞི་ཡོད་པ་དེ་ནི་གནས་ཞེས་བྱ་སྟེ། གང་ཚངས་པ་ཚངས་པའི་གནས་བཞི་དང་བྲལ་བ་དེ་ནི་གནས་ལ་གནས་པ་མ་ཡིན་ནོ། །གནས་གང་ལ་གནས་པས་ཚངས་པའི་གནས་བཞི་རྫོགས་པར་བྱས་ཏེ་གནས་པ་དེ་དག་ནི་གནས་ལ་གནས་པའོ། །ཚངས་པ་དགོན་པའམ་བླ་གབ་མེད་པ་ན་གནས་ཀྱང་ཚངས་པའི་གནས་བཞི་དང་བྲལ་ན་དེ་གནས་ལ་གནས་པ་མ་ཡིན་ནོ། །གནས་པ་ལ་མཁས་པ་མ་ཡིན་ནོ། །སྨྲས་པ། དེ་སྟེ་ཡང་ཐོག་དང་ཁང་བུ་བརྩེགས་པར་གསེར་གྱི་ཁྲི་ལ་གདིང་བ་དང་། དགབ་པ་བཤམས་པའི་གནས་ན་གནས་ཀྱང་ཚངས་པའི་གནས་བཞི་དང་ལྡན་ན་དེ་དག་གནས་ལ་གནས་ཤིང་གནས་ལ་མཁས་པ་ཡིན་ནོ། །སྨྲས་པ། གནས་པ་གང་གིས་གནས་ན་ཡེ་ཤེས་མཐོང་བར་འགྱུར། སྨྲས་པ། གནས་པ་གང་གིས་གནས་ན་བདག་མཐོང་བ་རྣམ་པར་དག་པར་འགྱུར་བའོ། །སྨྲས་པ། ཅི་འཇམ་དཔལ་གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་བའམ། སྨྲས་པ། ཚངས་པ་དེ་དེ་བཞིན་ཏེ། གང་བདག་མཐོང་བ་དེ་ཡེ་ཤེས་མཐོང་ངོ་། །ཚངས་པ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གསེར་ལྟ་མཁས་པ་ནི་ངན་པ་ལྟ་ཤེས་པས་བཟང་པོ་ལྟ་ཤེས་པ་ལ་ངེས་པར་འབྱུང་ངོ་། །དེ་བཞིན་དུ་བདག་མཐོང་བས་ཡེ་ཤེས་མཐོང་བ་རྣམ་པར་དག་པར་འགྱུར་རོ། །སྨྲས་པ། འཇམ་དཔལ་བདག་མཐོང་བ་གང་ཡིན། སྨྲས་པ།


DKG059_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

གང་བདག་མེད་པའི་ཆོས་ཉིད་དེ། ཚངས་པ་བདག་ནི་ཤིན་ཏུ་དངོས་པོ་མེད་པ། མ་གྲུབ་པ་གང་དེ་ལྟར་མགོ་གཅིག་ཏུ་གྱུར་པ་དེ་ནི་བདག་མཐོང་བ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཁྱོད་ཀྱིས་ཇི་ལྟར་བཤད་པའི་དོན་དེས་ཤེས་ཏེ་བདག་མཐོང་བས་སངས་རྒྱས་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་ངོ་བོ་ཉིད་ཀྱིས་སངས་རྒྱས་ཀྱི་ངོ་བོ་ཉིད་དོ། །སྨྲས་པ། ཚངས་པ་དེ་དེ་བཞིན་ནོ། །སྨྲས་པ། འཇམ་དཔལ་གང་གིས་དེ་བཞིན་གཤེགས་པ་མཐོང་། སྨྲས་པ། གང་བདག་ཏུ་ལྟ་བ་འཁྲུག་པར་མི་བྱེད་པས་སོ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་ལྟ་བ་ནི་ཆོས་སུ་ལྟ་བ་སྟེ། ཆོས་མཐོང་བས། སངས་རྒྱས་མཐོང་བའོ། །སྨྲས་པ། འཇམ་དཔལ་རྣམ་གྲངས་གང་གིས་གང་མ་ཞུགས་པ་དེ་དག་ཡང་དག་པར་ཞུགས་པར་འགྱུར་བ་ཡོད་དམ། སྨྲས་པ། ཚངས་པ་གང་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་ལ་ཡང་མ་ཞུགས་པ་དེ་ཡང་དག་པར་ཞུགས་པ་ཡིན་ནོ། །སྨྲས་པ། ཇི་ལྟ་བུ་ལ་ཞུགས་ན་ཡང་དག་པར་ཞུགས་པ་ཞེས་བྱ། སྨྲས་པ། གང་སྤོང་བའི་ཕྱིར་ཡང་མ་ཡིན། མངོན་དུ་བྱ་བའི་ཕྱིར་ཡང་མ་ཡིན་པ་ལ་འཇུག་པ་དེ་ནི་ཡང་དག་པར་ཞུགས་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་གང་དག་གིས་དེ་བཞིན་གཤེགས་པ་མ་མཐོང་ལ་འཕགས་པ་ཤེས་རབ་ཀྱི་མིག་རྣམ་པར་སྦྱངས་པར་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ། ཚངས་པ་གང་དེ་བཞིན་གཤེགས་པ་ལ་གཉིས་སུ་མི་ལྟ་བ་དེ་དག་གི་འཕགས་པའི་ཤེས་རབ་ཀྱི་མིག་རྣམ་པར་དག་པར་འགྱུར་རོ། །སྨྲས་པ། འཇམ་དཔལ་ཤེས་རབ་ཀྱི་མིག་གིས་ཅི་མཐོང་། སྨྲས་པ། ཚངས་པ་གལ་ཏེ་ཆོས་གང་ཡང་མཐོང་བར་གྱུར་ན་ཤེས་རབ་ཀྱི་མིག་མ་ཡིན་པར་འགྱུར་རོ། །ཚངས་པ་ཤེས་རབ་ཀྱི་མིག་ནི་འདུས་བྱས་ཀྱང་མི་མཐོང་། འདུས་མ་བྱས་ཀྱང་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ནི་རྣམ་པར་མི་རྟོག་པ་སྟེ། དེ་ནི་འདུས་བྱས་མཐོང་བར་རུང་བ་མ་ཡིན་ནོ། །འདུས་མ་བྱས་ཀྱང་མིག་གི་ལམ་ལས་འདས་པས་དེ་ཡང་མི་མཐོང་ངོ་། །སྨྲས་པ། འཇམ་དཔལ་ཡང་དག་པར་ཞུགས་པའི་དགེ་སློང་འབྲས་བུ་ཐོབ་པར་མི་འགྱུར་བའི་རྣམ་གྲངས་ཡོད་དམ། སྨྲས་པ། ཚངས་པ་ཡང་དག་པར་སྦྱོར་


DKG059_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་འབྲས་བུ་ཐོབ་པ་མེད་པ་ཡང་ཡོད་དོ། །ཡང་དག་པའི་སྦྱོར་བ་ནི་གང་ལ་ཡང་མི་སྦྱོར་བའོ། །དེ་ལ་འབྲས་བུ་ཐོབ་པར་རྣམ་པར་རྟོག་པ་ཡང་མེད་དེ། ཚངས་པ་འཐོབ་པ་མེད་པ་ལས་འཐོབ་པར་ལྟའོ། །གང་འཐོབ་པ་དེ་ནི་མངོན་པའི་ང་རྒྱལ་དང་བཅས་པའོ། །ཡང་དག་པའི་སྦྱོར་བ་ལ་ནི་མངོན་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་མེད་པ་ཡང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད་དོ། །སྨྲས་པ། འཇམ་དཔལ་ཆོས་གང་དག་མངོན་དུ་རྟོགས་པར་བྱ་བའི་ཕྱིར་ཁོང་དུ་ཆུད་པ་ཞེས་བསྟན། སྨྲས་པ། ཚངས་པ་ཆོས་གང་མ་སྐྱེས། མ་བསྐྱེད། སྐྱེད་པར་མི་འགྱུར་བའི་ཆོས་དེ་དག་མངོན་པར་རྟོགས་པར་བྱ་བའི་ཕྱིར་ཁོང་དུ་ཆུད་པའོ་ཞེས་བསྟན་ཏོ། །སྨྲས་པ། འཇམ་དཔལ་མ་སྐྱེས་པའི་ཆོས་ལ་མངོན་པར་རྟོགས་པ་གང་ཡིན། སྨྲས་པ། གང་མི་སྐྱེ་བ་འདི་ཉིད་མངོན་པར་རྟོགས་པ་ཡིན་ཏེ། དེའི་ཕྱིར་འདུས་བྱས་ཐམས་ཅད་མ་སྐྱེས་པར་མཐོང་ཞིང་ཡང་དག་པ་ཉིད་དུ་ངེས་པར་འཇུག་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་དེ་གང་ལ་བྱ། སྨྲས་པ། བདག་དང་མྱ་ངན་ལས་འདས་པ་མཚུངས་ཏེ། འདི་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། དེ་བས་ན་ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱའོ། །ཡང་དག་པ་ཉིད་དུ་ཞུགས་པས་ན་དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ། །མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་ལ་ངེས་པར་བྱུང་བས་ན་དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ། །ངེས་པའི་དོན་ལ་དོན་འདྲེན་པས་ན་དེའི་ཕྱིར་ཡང་དག་པར་ངེས་པ་ཞེས་བྱའོ། །ཏིང་ངེ་འཛིན་ཐམས་ཅད་ལ་སྒྲོ་བཏགས་པ་མེད་པའི་ཕྱིར་དེ་ནི་ཡང་དག་པར་ངེས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ཁྱོད་ཀྱི་ཚིག་འདི་ལེགས་པར་སྨྲས་ཏེ། ཇི་ལྟར་སྟོན་པ་དེ་དེ་བཞིན་ནོ། །ཁྱོད་ཀྱི་བསྟན་པ་འདི་བཤད་པ་ན་དགེ་སློང་བདུན་སྟོང་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ཆོས་རྣམས་ལ་མིག་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཆོས་ཀྱི་མིག་སྐྱེས་སོ། །སྲོག་ཆགས་སྟོང་


DKG059_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བཅུ་འདོད་ཆགས་དང་བྲལ་བ་ཐོབ་བོ། །སྲོག་ཆགས་ཉིས་བརྒྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་སངས་རྒྱས་ཀྱི་བགྱི་བ་བགྱིས་སོ། །འཇམ་དཔལ་གྱིས་སྨྲས་པ། ཚངས་པ་སངས་རྒྱས་འབྱུང་བ་གང་ལ་ཡང་ཕན་པའམ་གནོད་པར་ཉེ་བར་མི་གནས་སོ། །སྨྲས་པ། འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཚད་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདས་ཏེ། ཁྱོད་ཀྱང་ཚད་མེད་པའི་སེམས་ཅན་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་མ་ཡིན་ནམ། སྨྲས་པ། ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་རབ་ཏུ་འབྱེད་པར་འདོད་དམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། ཚངས་པ་སེམས་ཅན་མེད་པ་ལ་སེམས་ཅན་དུ་བསྟན་པའམ། སེམས་ཅན་མེད་པ་ལ་སེམས་ཅན་ཡོངས་སུ་གྲུབ་པར་འདོད་དམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། ཚངས་པ་དེ་བཞིན་གཤེགས་པ་འབྱུང་བའམ་འགག་པར་འདོད་དམ། སྨྲས་པ། མ་ཡིན་ནོ། །སྨྲས་པ། དེ་བཞིན་གཤེགས་པས་ཡོངས་སུ་མྱ་ངན་ལས་འདས་པའི་སེམས་ཅན་དེ་དག་གང་ཡིན། སྨྲས་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཀྱི་ཚུལ་གྱི་རྣམ་པ་གང་གིས་སྟོན་པ་ལྟར་ན་འདི་ལ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པའང་མེད་དོ། །སྨྲས་པ། ཚངས་པ་དེ་དེ་བཞིན་ཏེ། དེ་བཞིན་གཤེགས་པས་འཁོར་བ་ཡང་མ་དམིགས། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མ་དམིགས་སོ། །ཚངས་པ་བཅོམ་ལྡན་འདས་ཀྱིས་གང་ཉན་ཐོས་བཏུལ་བ་དེ་དག་གིས་ཀྱང་འཁོར་བ་ཡང་མ་དམིགས། མྱ་ངན་ལས་འདས་པ་ཡང་མ་དམིགས་སོ། །ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བཏགས་པའི་ཚིག་ཐ་སྙད་ཙམ་སྟེ། འདི་ལ་གང་ཡང་འཁོར་བ་ཡང་མེད། ཡོངས་སུ་མྱ་ངན་ལས་འདས་པ་ཡང་མེད་དོ། །སྨྲས་པ། འཇམ་དཔལ་འདི་ལ་སུ་དག་དད་པར་འགྱུར། སྨྲས་པ། ཆོས་གང་ལ་ཡང་མངོན་པར་ཆགས་པར་མི་འགྱུར་བ་


DKG059_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །སྨྲས་པ། འཇམ་དཔལ་མངོན་པར་ཆགས་པ་ཞེས་བྱ་བ་དེ་ཅི་ལ་མངོན་པར་ཆགས། སྨྲས་པ། ཚངས་པ་མངོན་པར་ཆགས་པ་ཞེས་བྱ་བ་ནི་མེད་པ་ལ་མངོན་པར་ཆགས་སོ། །གལ་ཏེ་ཚངས་པ་ཡོད་པ་ལ་མངོན་པར་ཆགས་པར་གྱུར་ན་འདི་ལྟར་ཤིན་ཏུ་མངོན་པའི་ང་རྒྱལ་དང་བྲལ་བར་གྱུར་པ་མ་ཡིན་ནོ། །འདི་ལྟར་མེད་པ་ལ་མངོན་པར་ཆགས་པ་སྟེ། དེ་བས་ན་མེད་པའོ་ཞེས་རྟོགས་ནས་མངོན་པར་ཆགས་པར་མི་བྱེད་དེ། གང་མངོན་པར་ཆགས་པ་མི་བྱེད་པ་དེ་མི་འཁོར་རོ། །གང་མི་འཁོར་བ་དེ་རྣམ་པར་མི་འགྲོ་བའོ། །གང་རྣམ་པར་མི་འགྲོ་བ་དེ་མྱ་ངན་ལས་འདས་པ་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ཅིའི་གཉེན་པོ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ། སྨྲས་པ། ཚངས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཕན་ཚུན་རྐྱེན་ལ་སྒྲོ་མི་འདོགས་པའི་ཕྱིར་རོ། །མ་རིག་པ་མངོན་པར་འདུ་མི་བྱེད་པ་དང་། འདུ་བྱེད་མི་འཇུག་པས་ཀྱང་ཉེ་བར་མི་སྦྱོར་ཏེ། གང་ཉེ་བར་མི་སྦྱོར་བ་དེ་ནི་ཀུན་ནས་མི་སློང་ངོ་། །གང་ཀུན་ནས་མི་སློང་བ་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ཀུན་ནས་མི་སློང་བར་སྤྱོད་པ་ནི་ཤིན་ཏུ་འགོག་པའོ། །དེའི་ལམ་མངོན་པར་རྟོགས་པ་ནི་ཤིན་ཏུ་མི་སྐྱེ་བ་ཡིན་ཏེ། འདི་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཁྱོད་ཀྱིས་བསྟན་པ་ཐམས་ཅད་ནི་ཡང་དག་པར་བསྟན་པའོ། །སྨྲས་པ། རིགས་ཀྱི་བུ་ཚིག་ཐམས་ཅད་ནི་ཡང་དག་པའོ། །སྨྲས་པ། འཇམ་དཔལ་གང་བརྫུན་གྱི་ཚིག་ཡོད་པ་མ་ཡིན་པ། ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ཡང་དག་པའམ། སྨྲས་པ། རིགས་ཀྱི་བུ་དེ་ཡང་ཡང་དག་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ངག་ཐམས་ཅད་ནི་དབང་དུ་གྱུར་པ་སྟེ། ཡུལ་ལ་གནས་པ་ཡང་མ་ཡིན་ནོ། །ཕྱོགས་ན་གནས་པ་ཡང་མ་ཡིན་ནོ། །གང་དབང་དུ་གྱུར་ཅིང་ཡུལ་ལའང་མི་གནས། ཕྱོགས་ལའང་མི་གནས་པ་དེ་ནི་མེད་པའི་ཕྱིར་ཡང་དག་པ་སྟེ། དེའི་ཕྱིར་ཚིག་ཐམས་ཅད་ཀྱང་ཡང་


DKG059_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ཞེས་བྱའོ། །གང་ཡང་ལྷ་སྦྱིན་གྱིས་ཚིག་སྨྲས་པ་དང་། གང་དེ་བཞིན་གཤེགས་པས་ཚིག་སྨྲས་པ་ཚིག་དེ་གཉིས་ཐ་དད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཚིག་སྟེ། ཚིག་ཐམས་ཅད་ནི་དེ་བཞིན་ཉིད་ལས་མི་འདའ་བའོ། །གང་ཚིག་གི་རྣམ་པར་རིག་པར་བྱས་པ་སྟེ་ཐམས་ཅད་ནི་རྣམ་པར་རིག་པ་མེད་པས་རྣམ་པར་རིག་པར་བྱས་པ་སྟེ། དེ་བས་ན་ཚིག་ཐམས་ཅད་ཡི་གེ་མཉམ་པའི་ཕྱིར། ཡི་གེ་མཚུངས་པའི་ཕྱིར། ཡི་གེ་སྟོང་པའི་ཕྱིར་ཚིག་ཐམས་ཅད་ནི་མཚུངས་པའོ། །མཉམ་པར་གནས་པས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་འཕགས་པའི་ཐ་སྙད་དུ་འདོགས་པ་དང་། འཕགས་པ་མ་ཡིན་པའི་ཐ་སྙད་དུ་འདོགས་པ་ཞེས་མ་གསུངས་སམ། སྨྲས་པ། རིགས་ཀྱི་བུ་ཡི་གེ་གང་དག་གིས་འཕགས་པ་རྣམས་ཀྱི་ཐ་སྙད་དུ་འདོགས་པའི་ཡི་གེ་དེ་དག་ཉིད་ཀྱིས་འཕགས་པ་མ་ཡིན་པ་རྣམས་ཀྱང་ཐ་སྙད་དུ་འདོགས་སོ། །སྨྲས་པ། འཇམ་དཔལ་དེ་དེ་བཞིན་ནོ། །སྨྲས་པ། ཅི་ཡི་གེ་དེ་དག་འཕགས་པ་འམ་འཕགས་པ་མ་ཡིན་པ་ཞེས་རྟོག་གམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། ཇི་ལྟར་ཡི་གེ་དེ་དག་མི་རྟོག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་ནི་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་དག་ལ་ཐ་སྙད་མེད་དེ། འཕགས་པ་རྣམས་ནི་ཡི་གེར་འདུ་ཤེས་པས་ཐ་སྙད་དུ་མི་འདོགས་སོ། །ཆོས་སུ་འདུ་ཤེས་པ་མ་ཡིན། ཆོས་མ་ཡིན་པར་འདུ་ཤེས་པས་མ་ཡིན། བདག་ཏུ་འདུ་ཤེས་པས་མ་ཡིན། ཕ་རོལ་ཏུ་འདུ་ཤེས་པས་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། སིལ་སྙན་དང་། རྔ་བོ་ཆེ་དང་། རྫ་རྔ་དང་། དུང་དག་ནི་རྐྱེན་གྱིས་སྒྲ་འབྱུང་ཡང་དེ་དག་རྣམ་པར་མི་རྟོག་པ་དེ་བཞིན་དུ་འཕགས་པ་རྣམས་རྐྱེན་ཀུན་འབྱུང་བ་མཐོང་བའི་ཕྱིར་ཐ་སྙད་དུ་འདོགས་པས་ཆགས་པར་མི་བྱེད། མངོན་པར་ཆགས་པར་མི་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་དགེ་སློང་དག་འདུས་ཏེ་འཁོད་པས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བྱ་བ་དང་། འཕགས་པ་


DKG059_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན། དེ་ལ་འཇམ་དཔལ་ཆོས་ཀྱི་གཏམ་ནི་གང་། འཕགས་པ་མི་སྨྲ་བར་གྱུར་པ་ནི་གང་། སྨྲས་པ། གཏམ་གང་གིས་སངས་རྒྱས་འཁྲུག་པར་མི་བྱེད། ཆོས་འཁྲུག་པར་མི་བྱེད། དགེ་འདུན་འཁྲུག་པར་མི་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ། །སངས་རྒྱས་ལ་ཆོས་ཉིད་དུ་མོས་པ་དང་། ཆོས་ལ་འདོད་ཆགས་དང་བྲལ་བར་མོས་པ་དང་། དགེ་འདུན་ལ་འདུས་མ་བྱས་སུ་མོས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །གཞན་ཡང་རིགས་ཀྱི་བུ་དྲན་པ་ཉེ་བར་གཞག་པ་བཞི་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ། །ཡང་ཆོས་ཐམས་ཅད་ལ་མི་དྲན་ཞིང་ཡིད་ལ་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །གང་ཡང་དག་པར་སྤོང་བ་བཞི་ལ་བརྩམས་ཏེ་གཏམ་བརྗོད་པ་ནི་ཆོས་ཀྱི་གཏམ་མོ། །གང་མཉམ་པ་ཉིད་ཀྱིས་མཚུངས་པར་ཡང་མི་བྱེད། མི་མཚུངས་པར་ཡང་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་འགྱུར་རོ། །གང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་ལུས་དང་ངག་དང་། ཡིད་ཀྱི་བརྩོན་པར་མི་བྱེད་པ་འདི་ནི་འཕགས་པ་མི་སྨྲ་བར་འགྱུར་བའོ། །གང་དབང་པོ་ལྔ་དང་། སྟོབས་ལྔ་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་སུ་ལ་ཡང་དད་པས་ཆོས་གང་ལ་ཡང་དད་པར་ཡང་མི་བྱེད་ཅིང་ཆོས་ཐམས་ཅད་ལ་ཡང་བླང་བ་མེད་པ་དང་། དོར་བ་མེད་པར་རབ་ཏུ་རྣམ་པར་འབྱེད་པ་དེ་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །དྲན་པ་དང་རྩེ་གཅིག་པ་དང་། རློམ་སེམས་མེད་པ་ལ་གནས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་བཞག་པར་མོས་པ་དང་། སྤྲོས་པའི་གནས་ཐམས་ཅད་ལ་མི་རྟེན་པའི་རྐྱེན་དུ་གྱུར་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །གང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་བརྩམས་ཏེ་གཏམ་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་བཏང་སྙོམས་པས་སྒྲོ་བཏགས་པ་མེད་པ་འཐོབ་ཅིང་བསལ་བ་ཡང་མེད། བཞག་པ་ཡང་མེད་པར་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་བརྩམས་ཏེ་གཏམ་རྗོད་པར་བྱེད་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་


DKG059_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གཟིངས་ལྟ་བུར་རྟོགས་ནས་ཆོས་ལ་ཡང་མི་རྟེན། ཆོས་མ་ཡིན་པ་ལ་ཡང་མི་རྟེན་པར་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་འདི་དག་སྨྲ་བ་དང་། འཆད་པ་དང་། སྟོན་པ་དང་། འདོགས་པ་དང་། འཇུག་པར་བྱེད་པ་དང་། འགྲེལ་བ་དང་། རྣམ་པར་འབྱེད་པ་དང་། གསལ་བར་བྱེད་ཅིང་ཡང་དག་པར་ཇི་ལྟ་བུར་སྟོན་པ་གང་ཡིན་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་འདི་ལྟར་ཆོས་ཀྱིས་མངོན་སུམ་དུ་གྱུར་ལ་ལུས་ལས་ལོགས་ཤིག་ནའང་ཆོས་མི་མཐོང་། ཆོས་ལས་ལོགས་ཤིག་ནའང་ལུས་མི་མཐོང་ངོ་། །ཇི་ནས་གཉིས་སུ་ཡང་མི་མཐོང་། གཉིས་སུ་མེད་པར་ཡང་མི་མཐོང་བ་དེ་ལྟར་མཐོང་སྟེ། དེ་ལྟར་མཐོང་ན་མངོན་སུམ་དུ་ཡེ་ཤེས་མཐོང་བ་ཡང་མི་མཐོང་སྟེ། གང་མི་མཐོང་བ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །གཞན་ཡང་རིགས་ཀྱི་བུ་གང་བདག་ཏུ་སྒྲོ་འདོགས་པ་དང་། ཕ་རོལ་ཏུ་སྒྲོ་འདོགས་པ་དང་། ཆོས་སུ་སྒྲོ་འདོགས་པ་དང་། ཆོས་མ་ཡིན་པ་སྒྲོ་འདོགས་པས་གཏམ་མི་བརྗོད་པ་འདི་ནི་ཆོས་ཀྱི་གཏམ་མོ། །གང་བརྗོད་དུ་མེད་པའི་ཆོས་ཉིད་ཐོབ་པས་ཡི་གེ་དང་། སྐད་དང་། སྒྲ་དང་། དབྱངས་ཐམས་ཅད་དང་བྲལ་བ་མི་གཡོ་བ་ཐོབ་པ་དབེན་པའི་རང་བཞིན་གྱི་སེམས་ཀྱིས་ཉེ་བར་བསྒྲུབ་པ་ལ་གནས་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །རིགས་ཀྱི་བུ་གང་སུ་དག་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས། གཏམ་བརྗོད་པ་དེ་དག་ནི་ཆོས་ཀྱི་གཏམ་བརྗོད་པའོ། །གང་ལ་ལ་མཉམ་པར་མ་བཞག་ཅིང་མ་གཡེངས་པ་དེ་དག་ནི་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་འཇམ་དཔལ་ཁྱོད་ཀྱིས་བཤད་པའི་དོན་ཁོ་བོས་ཤེས་པ་ལྟར་ན་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་དབང་པོ་མཆོག་དང་། མཆོག་མ་ཡིན་པར་ཤེས་པ་ལ་མཁས་པ་ཡང་མེད། རྟག་ཏུ་མཉམ་པར་གཞག་པ་ཡང་མ་ཡིན་ནོ། །འཇམ་དཔལ་སུ་དག་


DKG059_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྨྲ་བ་ཡིན། སུ་དག་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡིན་ཞེས་གང་ཡང་དག་པར་སྨྲ་བས་སྨྲ་ན། འཇམ་དཔལ་དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲ་བའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་ལ་མཁས་ཤིང་རྟག་ཏུ་མཉམ་པར་བཞག་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་རིགས་ཀྱི་བུ་མཉམ་པར་གནས་པས་ཇི་ལྟར་བཤད་པ་དེ་དེ་བཞིན་ཏེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནས་བརྟན་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལས་བདག་གིས་མངོན་སུམ་དུ་ཐོས་ཤིང་མངོན་སུམ་དུ་བཟུང་སྟེ། དགེ་སློང་འདུས་ཏེ་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བརྗོད་པར་བྱ། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་བྱའོ་ཞེས་གསུངས་ན། བཅོམ་ལྡན་འདས་གལ་ཏེ་གནས་འདི་ལ་ཉན་ཐོས་རྣམས་མི་ནུས་ན་དེ་ཇི་ལྟར་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་ལ་ཆོས་ཀྱི་གཏམ་བརྗོད་ཅིག །ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱོས་ཤིག་ཅེས་དོན་འདི་ཉེ་བར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ཅི་སྙམ་དུ་སེམས། ཉན་ཐོས་རྣམས་མ་ཐོས་པར་ཆོས་ཀྱི་གཏམ་བརྗོད་དམ། འཕགས་པ་མི་སྨྲ་བར་གྱུར་པ་རྩེ་གཅིག་པས་གནས་སམ། གསོལ་པ། དེ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ལ་ཆོས་ཀྱི་གཏམ་ཡང་མེད། འཕགས་པ་མི་སྨྲ་བའང་མེད་པར་རིག་པར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །རབ་འབྱོར་སེམས་ཅན་རྣམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གང་དེ་བཞིན་གཤེགས་པས་མཁྱེན་པ་དེ་དག་གནས་བརྟན་གྱིས་ཤེས་སམ་གང་དག་ལ་དེ་ལྟ་བུའི་གཏམ་བརྗོད་པར་བྱ་བ་དེ་དག་ལ་རྗེས་སུ་འཐུན་པའི་གཏམ་བསྟན་པར་བྱ་བ་དེ་ལ་གནས་བརྟན་གྱི་ཡེ་ཤེས་འཇུག་གམ། སྨྲས་པ། འཇམ་དཔལ་དེ་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། གནས་


DKG059_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་རབ་འབྱོར་ཏིང་ངེ་འཛིན་གང་ལ་གནས་ནས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལྟ་ཞིང་། བདག་གི་སེམས་དང་ཕ་རོལ་གྱི་སེམས་སུ་སྒྲིབ་པར་མི་འགྱུར་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ལྟ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་གམ། སྨྲས་པ། འཇམ་དཔལ་དེ་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་སོ་སོ་ཅི་རིགས་སུ་སྨན་པ་སྟོན་པས་ཆོས་ཀྱི་གཏམ་བརྗོད་དོ། །ཏིང་ངེ་འཛིན་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཡང་རབ་ཏུ་མཁྱེན་ཏེ། བཙུན་པ་རབ་འབྱོར་རྣམ་གྲངས་འདིས་ཀྱང་འདི་ལྟར་འདི་ལ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡུལ་མ་ཡིན་པར་རིག་པར་བྱའོ། །བཙུན་པ་རབ་འབྱོར་སེམས་ཅན་འདོད་ཆགས་སྤྱོད་པ་གང་དག་སྡུག་པའི་རྣམ་པ་ཉིད་ཀྱིས་རྣམ་པར་འགྲོལ་ཞིང་མི་སྡུག་པའི་རྣམ་པས་རྣམ་པར་མི་འགྲོལ་བའང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སེམས་ཅན་ཞེ་སྡང་ལ་སྤྱོད་པ་གང་སྐྱོན་མཐོང་བས་རྣམ་པར་གྲོལ་བར་འགྱུར་ལ་བྱམས་པས་རྣམ་པར་འགྲོལ་བར་མི་འགྱུར་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སེམས་ཅན་གཏི་མུག་སྤྱོད་པ་གང་དག་སྨད་པས་རྣམ་པར་གྲོལ་བར་འགྱུར་ལ། ཆོས་བསྟན་པས་རྣམ་པར་གྲོལ་བར་མི་འགྱུར་བ་ཡང་ཡོད་དེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །སེམས་ཅན་ཆ་མཉམ་པར་སྤྱོད་པ་སྡུག་པའི་རྣམ་པས་ཀྱང་རྣམ་པར་མི་འགྲོལ། མི་སྡུག་པའི་རྣམ་པས་ཀྱང་མི་འགྲོལ། བྱམས་པས་ཀྱང་མི་འགྲོལ། སྐྱོན་གྱིས་ཀྱང་མི་འགྲོལ། ཆོས་བསྟན་པས་ཀྱང་མི་འགྲོལ། སྨད་པས་ཀྱང་རྣམ་པར་གྲོལ་བར་མི་འགྱུར་བ་ཡང་ཡོད་དེ། དེ་དག་ལ་དེ་བཞིན་གཤེགས་པ་ཅི་ནས་མཉམ་པ་ཉིད་ཀྱིས་དབང་པོའི་ཁམས་ལས་རྣམ་པར་གྲོལ་བ་དེ་ལྟ་དེ་ལྟ་བུར་ཆོས་སྟོན་ཏེ། དེ་དག་ཀྱང་དེ་བཞིན་གཤེགས་པས་རབ་ཏུ་མཁྱེན་ཏོ། །རབ་འབྱོར་རྣམ་གྲངས་འདིས་འདི་ལྟར་དེ་བཞིན་གཤེགས་པ་ནི་ཆོས་སྨྲ་བའི་མཆོག་ཡིན་པ་དང་། བསམ་གཏན་པའི་མཆོག་ཡིན་པ་དང་། མི་སྨྲ་བར་གྱུར་པ་ལ་དགའ་བའི་


DKG059_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཡིན་པར་དེ་ལྟར་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་གལ་ཏེ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་བརྗོད་པར་མི་ནུས། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་མི་ནུས་ན། བྱང་ཆུབ་སེམས་དཔའ་གང་ལ་ལ་ཡོན་ཏན་འདི་ལྟ་བུ་དང་ལྡན་པ་གང་ཇི་ལྟར་ཆོས་ཀྱི་གཏམ་རྗོད་པར་བྱེད་ཅིང་། འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པ་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་དེ་བཞིན་གཤེགས་པ་འདི་མངོན་དུ་བཞུགས་པ་མཁྱེན་ན་དེ་བཞིན་གཤེགས་པས་མཁྱེན་གྱིས་འདི་ལ་ཞུས་ཤིག །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྗེས་སུ་འཇུག་པ་གཡེང་བ་མེད་པའི་སེམས་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། བྱང་ཆུབ་སེམས་དཔའ་གང་དག་གིས་ཏིང་ངེ་འཛིན་དེ་ཐོབ་པ་དེ་དག་ཐམས་ཅད་ཡོན་ཏན་འདི་དག་དང་ལྡན་པར་འགྱུར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་མཉམ་པར་གནས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་གང་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་པ་འདི་ནི་ཆོས་ཀྱི་གཏམ་ཞེས་བྱའོ། །གང་འདུ་ཤེས་དང་ཚོར་བ་ཐམས་ཅད་འགོག་པའི་སྙོམས་པར་འཇུག་པ་འདི་ནི་འཕགས་པ་མི་སྨྲ་བར་གྱུར་པའོ། །རིགས་ཀྱི་བུ་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ཆོས་ཀྱི་གཏམ་དང་འཕགས་པ་མི་སྨྲ་བར་གྱུར་པ་ལ་བརྩམས་ཏེ་ལུང་བསྟན་ཀྱང་ངའི་སྤོབས་པ་ཟད་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་འདས་པའི་དུས་ན་བྱུང་བ་བསྐལ་པ་གྲངས་མེད་པ་བས་ཆེས་གྲངས་མེད་པ། རྒྱ་ཆེ་བ་ཚད་མེད་པ་ནས་བསྐལ་པ་སྙན་པ་རྣམ་པར་གྲགས་པ་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་དེའི་དུས་ན་མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་སུ་ཀུན་ཏུ་འོད་ཟེར་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་


DKG059_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་རིག་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པའི་འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་རིན་པོ་ཆེ་ཐམས་ཅད་རབ་ཏུ་བཀྲམ་པ། འབྱོར་པ་རྒྱས་པ། བདེ་བ་ཤིན་ཏུ་ལོ་ལེགས་པ་ཉམས་དགའ་བ། ལྷ་དང་མིས་ཀུན་ཏུ་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་སྤོས་ཐམས་ཅད་ཀྱིས་ཡོངས་སུ་བསྒོས་པས། རེག་ན་ཤིང་བལ་ལྟར་འཇམ་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་བདེ་བ། རིན་པོ་ཆེ་སྣ་བདུན་གྱིས་མཉམ་པར་བརྒྱན་པར་གྱུར་ཏོ། །མཐོང་ན་དགའ་བའི་འཇིག་རྟེན་གྱི་ཁམས་དེ་ན་གླིང་བཞི་པ་བྱེ་བ་ཕྲག་བཞི་ཡོད་དེ། རེ་རེ་ལ་ཡང་གླིང་ཆེན་པོ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་དོ། །གྲོང་ཁྱེར་ཆེན་པོ་དེ་དག་ཐམས་ཅད་ཀྱང་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་དཔག་ཚད་ཀྱི་ཚད་ཙམ་དུ་བྱས་པ་ཡིན་ཏེ། གྲོང་ཁྱེར་ཆེན་པོ་རེ་རེ་ན་ཡང་གྲོང་དང་། རི་ཁྲོད་པ་དང་། ཡུལ་འཁོར་དང་། གྲོང་རྡལ་ལྔ་བརྒྱས་བསྐོར་བར་གྱུར་ཏོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་ཐམས་ཅད་ན་ཡང་སྲོག་ཆགས་མང་པོ་བརྒྱ་སྟོང་གནས་ཏེ། མི་དེ་དག་གི་མིག་སྔར་ཅི་སྣང་བ་དེ་དག་ཐམས་ཅད་ཀྱང་སྡུག་ཅིང་ཡིད་དུ་འོང་བ་སྣང་སྟེ། ཡིད་དུ་མི་འོང་བ་མི་སྣང་ངོ་། །མི་དེ་དག་ཀྱང་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་མཐོང་ན་དགའ་བ་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་གཞན་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་དེར་འོངས་པ་དེ་དག་ཀྱང་། འཇིག་རྟེན་གྱི་ཁམས་མཐོང་ན་དགའ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་གཞན་ལ་དེ་ཙམ་དུ་དགའ་བར་མི་འཛིན་ཏོ། །ཡང་དེ་བཞིན་གཤེགས་པ་ཀུན་ཏུ་འོད་ཟེར་དེ་ཐེག་པ་གསུམ་ལ་བརྩམས་ཏེ་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཕལ་ཆེར་ནི་རིགས་ཀྱི་བུ་ཁྱེད་འདི་ལྟར་གནས་པ་གཉིས་ཀྱིས་གནས་པར་བྱོས་ཤིག །ཆོས་ཀྱི་གཏམ་བརྗོད་ཅིག །ཡང་ན་འཕགས་པ་མི་སྨྲ་བར་གྱུར་པ་ཉེ་བར་ཞི་བ་ལ་གནས་པར་བྱོས་ཤིག་ཅེས་རྒྱས་པར་ཡང་དག་པར་རབ་ཏུ་སྟོན་ཏོ།། །།


DKG059_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་ལྔ་པ། རིགས་ཀྱི་བུ་ཡང་དེའི་ཚེ་སྟེང་གི་ཕྱོགས་ནས་དེ་བཞིན་གཤེགས་པ་སྨན་པའི་རྒྱལ་པོའི་སངས་རྒྱས་ཀྱི་ཞིང་ནས་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་དང་། ཁྱད་པར་བློ་གྲོས་གཉིས་འོངས་ནས་དེ་གཉིས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ག་ལ་བ་དེར་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་ཏེ་ཕྱོགས་གཅིག་ཏུ་འདུག་གོ །དེ་གཉིས་ལ་དེ་བཞིན་གཤེགས་པ་དེས་སྣང་བ་ཡོངས་སུ་དག་པ་ཞེས་བྱ་བའི་ཏིང་ངེ་འཛིན་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། །ཅིའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་གང་ཏིང་ངེ་འཛིན་དེ་ཐོབ་པ་དེ་མཚན་མ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་སྣང་བ་ཐོབ་པར་འགྱུར་ཏེ། དེའི་ཕྱིར་སྣང་བ་ཡོངས་སུ་དག་པ་ཞེས་བྱའོ། །ཆོས་ཐམས་ཅད་སྔོན་གྱི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ཕྱི་མའི་མཐའ་ནས་ཡོངས་སུ་དག་པའོ། །ཆོས་ཐམས་ཅད་ད་ལྟར་བྱུང་བའི་མཐའ་ནས་ཡོངས་སུ་དག་པ་སྟེ། འདི་ནི་དུས་གསུམ་ཡོངས་སུ་དག་པ་ཞེས་བྱའོ། །གང་ཡོངས་སུ་དག་པ་འདི་ནི་ནམ་དུ་ཡང་ཡོངས་སུ་མ་དག་པར་མི་འགྱུར་ཏེ། ཡོངས་སུ་དག་པ་གང་གིས་རང་བཞིན་གྱིས་ཡོངས་སུ་དག་པ་འདི་ནི་ཤིན་ཏུ་ཡོངས་སུ་དག་པ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་ཐམས་ཅད་ཀྱི་རང་བཞིན་དེ་གང་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཏེ་དམིགས་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པའི་རང་བཞིན་ཅན་ཏེ་རྟོག་པ་དང་རྣམ་པར་རྟོག་པ་དང་བྲལ་བའོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པའི་རང་བཞིན་ཅན་ཏེ། བླང་བ་མེད་པ། དོར་བ་མེད་པ། བསམ་པ་མེད་པ། ནུས་པ་མེད་པ་ཤིན་ཏུ་ངོ་བོ་ཉིད་དང་བྲལ་བ་ཡིན་ཏེ། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །འཁོར་བའི་རང་བཞིན་གང་ཡིན་པ་དེ་མྱ་ངན་ལས་འདས་པའི་རང་བཞིན་ཡིན་ནོ། །མྱ་ངན་ལས་འདས་པའི་རང་བཞིན་གང་ཡིན་པ་དེ་ཆོས་ཐམས་ཅད་ཀྱི་རང་བཞིན་ཡིན་ཏེ། དེའི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་


DKG059_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཞེས་བྱའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་བླ་གབ་མེད་པ་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། རིགས་ཀྱི་བུ་དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་ཀུན་ནས་ཉོན་མོངས་པར་གྱུར་པ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་སྤྲིན་གྱི་ཕུང་པོའམ། དུ་བའམ། རྡུལ་དག་བྱུང་སྟེ། དེས་ནམ་མཁའ་མི་མཛེས་ཤིང་ལྷམ་མེ་ལྷང་ངེར་མི་འགྱུར་མོད་ཀྱི་དེ་དག་གིས་ནམ་མཁའི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གལ་ཏེ་ནམ་མཁའ་ཀུན་ནས་ཉོན་མོངས་སུ་ཟིན་ན་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་བས་ན་དེའི་ཕྱིར་ནམ་མཁའ་ཞེས་རབ་ཏུ་དབྱེའོ། །རིགས་ཀྱི་བུ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ཀྱི་ཉོན་མོངས་པ་སྐྱེད་མོད་ཀྱི་དེ་དག་གིས་སེམས་ཀྱི་རང་བཞིན་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གལ་ཏེ་ཀུན་ནས་ཉོན་མོངས་པར་འགྱུར་ན་ནི་ཤིན་ཏུ་རྣམ་པར་དག་པར་མི་འགྱུར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པར་མི་འགྱུར་བས་ན་དེའི་ཕྱིར་རང་བཞིན་གྱིས་རྣམ་པར་གྲོལ་བས་རྣམ་པར་གྲོལ་ལོ། །རིགས་ཀྱི་བུ་འདི་ནི་སྣང་བ་ཡོངས་སུ་དག་པའི་ཏིང་ངེ་འཛིན་ལ་འཇུག་པའོ། །ཞེས་དེ་ལྟར་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་རབ་ཏུ་བསྟན་ཏོ། །དེ་གཉིས་ཀྱིས་ཏིང་ངེ་འཛིན་དེ་ཐོས་ནས་བསམ་གྱིས་མི་ཁྱབ་པའི་ཆོས་ལ་ཆོས་ཀྱི་སྣང་བ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཏིང་ངེ་འཛིན་འདི་ལ་འཇུག་པ་ནི་ཐོས་ན། བཅོམ་ལྡན་འདས་བདག་ཅག་གནས་གང་གིས་གནས་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེས་རིགས་ཀྱི་བུ་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལ་ཁྱོད་ཆོས་ཀྱི་གཏམ་ཡང་དག་པར་སྟོན་ཅིག །ཡང་ན་འཕགས་པ་མི་སྨྲ་བར་གྱུར་པ་ལ་གནས་པར་གྱིས་ཤིག །དེ་ནས་བཅོམ་ལྡན་འདས་ལས་བྱང་ཆུབ་སེམས་དཔའ་དེ་


DKG059_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱིས་ལེགས་སོ་ཞེས་བྱ་བ་ཐོས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་ནས་སྐྱེད་མོས་ཚལ་ཞིག་གང་ན་ཡོད་པ་དེར་སོང་སྟེ། དེར་ཕྱིན་ནས་རང་གིས་སྤྲུལ་པའི་ཁང་བུ་བརྩེགས་པའི་ནང་དུ་འདུག་གོ །དེ་གཉིས་དེ་ནི་འདུག་པ་དེར་ཚངས་པ་ཆེན་པོ་འོད་ཟེར་བཟང་པོ་ཞེས་བྱ་བ་ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་བྱང་ཆུབ་སེམས་དཔའ་དེ་གཉིས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ཏེ་བྱང་ཆུབ་སེམས་དཔའ་དེ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བཅོམ་ལྡན་འདས་ཀུན་ཏུ་འོད་ཟེར་དེ་བཞིན་གཤེགས་པ་དེས་འདི་སྐད་དུ་འདུས་ཤིང་འཁོད་པ་རྣམས་ཀྱིས་བྱ་བ་གཉིས་ཡོད་དེ། ཆོས་ཀྱི་གཏམ་བསྟན་པར་བྱའོ། །ཡང་ན་འཕགས་པ་མི་སྨྲ་བར་གྱུར་པས་གནས་པར་བྱའོ་ཞེས་གསུངས་ན། དེ་ལ་ཆོས་ཀྱི་གཏམ་ནི་གང་ཡིན། འཕགས་པ་མི་སྨྲ་བར་གྱུར་པ་ནི་གང་ཡིན། དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་དེ་གཉིས་ཀྱིས་ཚངས་པ་འོད་ཟེར་བཟང་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་དེའི་ཕྱིར་དྲི་བ་ལུང་བསྟན་པ་འདི་ལས་ཅུང་ཟད་ཅིག་བཤད་ཀྱིས་ཉོན་ཅིག་དང་། འདི་ལ་དེ་བཞིན་གཤེགས་པ་ནི་མངོན་སུམ་སྟེ་ཕ་རོལ་གྱི་མཆོག་བརྙེས་སོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་དེ་གཉིས་འཁོར་དེའི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ལ་བརྩམས་ནས་དོན་གྱི་ཚིག་འདི་ཉིད་རྒྱས་པར་བསྟན་ཏེ། དེའི་ཚེ་ཚངས་པ་བརྒྱ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །ཚངས་པ་འོད་ཟེར་བཟང་པོས་ཀྱང་ཏིང་ངེ་འཛིན་ཀུན་ཏུ་སྣང་བ་མངོན་དུ་གྱུར་ཏེ་རབ་ཏུ་ཐོབ་བོ། །རིགས་ཀྱི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སྤོབས་པ་རྒྱུན་མི་ཆད་པ་དེ་གཉིས་དྲིས་པ་གཉིས་པོ་འདི་ལྟ་སྟེ་ཆོས་ཀྱི་གཏམ་དང་། འཕགས་པ་མི་སྨྲ་བར་གྱུར་པ་ཡང་དག་པར་སྟོན་ཅིང་འདུག་སྟེ། དེ་གཉིས་ཀྱིས་ལོ་སྟོང་ཕྲག་བདུན་ཅུ་རྩ་དྲུག་གི་བར་དུ་དོན་གྱི་ཚིག་འདི་གཉིས་གཏན་ལ་འབེབས་ཤིང་


DKG059_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ལྡོན་པར་གྱུར་ཏེ། གཅིག་གི་ཡང་མཐར་མ་ཕྱིན། གཉིས་པོའི་ཡང་མཐར་མ་ཕྱིན་ཏོ། །དེ་ནས་དེ་བཞིན་གཤེགས་པ་དེ་སྟེང་གི་ནམ་མཁའ་ལ་བཞུགས་ནས་དེ་གཉིས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་མཆོག་གོ །སྨྲ་བས་རྩོད་པར་མ་བྱེད་ཅིག །སྨྲ་བས་རྩོད་པ་མ་སྐྱེད་ཅིག །སྨྲ་བ་ཐམས་ཅད་ནི་བྲག་ཅ་དང་མཚུངས་ཏེ། སྒྲ་ཇི་འདྲ་བ་དེ་བཞིན་དུ་སྒྲ་བརྙན་ཡང་དེ་བཞིན་ནོ། །ཁྱོད་ཀྱི་སྤོབས་པ་སོ་སོའི་ཡང་དག་པར་རིག་པ་མི་ཟད་པ་མངོན་པར་བསྒྲུབ་པ་ཁོང་དུ་ཆུད་དོ། །ཁྱེད་འདོད་ན་དྲིས་པ་འདིའི་དོན་བསྐལ་པའམ། བསྐལ་པ་ལས་ལྷག་པར་ཡང་ལན་ལྡོན་ཞིང་ཁྱེད་ཀྱི་སྤོབས་པའི་མཐར་ཕྱིན་པར་ཡང་མི་འགྱུར་མོད་ཀྱི་སངས་རྒྱས་ཀྱི་ཚིག་ནི་ཉེ་བར་ཞི་བ་ཡིན་ཏེ། ཞི་བ་རབ་ཏུ་ཞི་བ། ཉེ་བར་ཞི་བ། ཡི་གེ་མེད་པའི་དོན་ཏོ། །དོན་ནི་བརྗོད་དུ་མེད་པ་སྟེ། ཇི་ཙམ་དུ་བརྗོད་པ་དེ་ཙམ་དུ་དོན་མེད་པའོ། །དོན་ལ་རྟོན་པ་ཡི་གེ་ལ་མ་རྟོན་ཅིག་ཅེས་དེ་གཉིས་དེ་བཞིན་གཤེགས་པ་དེས་བསྐུལ་བར་རིག་ནས་ཅང་མི་སྨྲ་བར་གྱུར་ཏོ། །རིགས་ཀྱི་བུ་རྣམ་གྲངས་འདིས་ཀྱང་འདི་ལྟར་འདོད་ན་བྱང་ཆུབ་སེམས་དཔའ་དག་བསྐལ་པ་བརྒྱ་སྟོང་ངམ། དེ་ལས་ལྷག་པར་ཡང་སྤོབས་པས་བསྟན་པ་སྟོན་པར་རིག་པར་བྱའོ། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་གཉིས་བྱུང་བ་གཞན་ཡིན་པར་འཛིན་པ་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་གཞོན་ནུར་གྱུར་པ་འདི་དེའི་ཚེ་བྱང་ཆུབ་སེམས་དཔའ་བློ་གྲོས་མི་ཟད་པ་ཞེས་བྱ་བར་གྱུར་ཏོ། །མཉམ་པར་གནས་པ་ཁྱོད་ཀྱང་དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་ཁྱད་པར་བློ་གྲོས་ཞེས་བྱ་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཚངས་པ་ཆེན་པོ་ཁྱད་པར་སེམས་འདི་ནི་ཚངས་པ་འོད་ཟེར་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་འདི་མངོན་པར་བརྩོན་པ་དེ་བགྱིད་པའི་བརྩོན་འགྲུས་བརྩམ་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དོན་ཆེན་པོ་འཐོབ་པར་འགྱུར་ཏེ། མངོན་པར་མི་བརྩོན་པ་རྣམས་ལ་ནི་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་གིས་ཀྱང་ཅི་ཞིག་བགྱི།


DKG059_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མངོན་པར་བརྩོན་པ་ནི་བྱང་ཆུབ་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པ་མངོན་པར་བརྩོན་པ་ཞེས་བྱ། སྨྲས་པ། བྱང་ཆུབ་སེམས་དཔས་ཇི་ལྟར་བརྩོན་པར་བྱས་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར་བ་སྟེ་འདི་ནི་མངོན་པར་བརྩོན་པའོ། །སྨྲས་པ། ཡང་ཇི་ལྟར་མངོན་པར་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར། སྨྲས་པ། གང་ཆོས་གང་ལ་ཡང་རྣམ་པར་མི་རྟོག་ན་དེ་ལྟར་མངོན་པར་བརྩོན་པས་མངོན་པར་རྟོགས་པ་འཐོབ་པར་འགྱུར་རོ། །སྨྲས་པ། ཇི་ལྟར་ན་མངོན་པར་རྟོགས་པ་མངོན་པར་རྟོགས་པ་ཡིན། སྨྲས་པ། མཉམ་པ་ཉིད་གང་གིས་ཆོས་ཐམས་ཅད་མཉམ་པར་མཐོང་བ་ནི་དེ་ལྟར་ན་མངོན་པར་རྟོགས་པ་མངོན་པར་རྟོགས་པ་ཡིན་ནོ། །སྨྲས་པ། རིགས་ཀྱི་བུ་མཉམ་པ་ཉིད་མཐོང་བར་རུང་ངམ། སྨྲས་པ། མི་རུང་ངོ་། །སྨྲས་པ། གལ་ཏེ་མི་རུང་ན་མི་མཉམ་པར་འགྱུར་ཏེ། མཉམ་པར་མི་རུང་ངོ་། །ཁྱད་པར་སེམས་ཀྱིས་སྨྲས་པ། འཇམ་དཔལ་གང་མཉམ་པ་ཉིད་ཀྱིས་ཆོས་ཐམས་ཅད་མི་མཐོང་བ་འདི་ནི་མངོན་པར་རྟོགས་པ་ཞེས་བྱའོ། །འཇམ་དཔལ་གྱིས་སྨྲས་པ། ཚངས་པ་ཅིའི་ཕྱིར་མི་མཐོང་། སྨྲས་པ། གཉིས་དང་བྲལ་བའི་ཕྱིར་མི་མཐོང་ངོ་། །འཇམ་དཔལ་མི་མཐོང་བ་ནི་ཡང་དག་པར་མཐོང་བ་ཡིན་ནོ། །སྨྲས་པ། ཚངས་པ་སུས་འཇིག་རྟེན་གྱི་མཉམ་པ་ཉིད་མཐོང་། སྨྲས་པ། དེ་བཞིན་གཤེགས་པས་སོ། །སྨྲས་པ། ཇི་ལྟར་གཟིགས། སྨྲས་པ། ཇི་ལྟར་གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་དུ་མ་མཛད་པའོ། །འཇམ་དཔལ་ཕུང་པོ་ལྔའི་དེ་བཞིན་ཉིད་ཇི་ལྟ་བ་བཞིན་དུ་གཟིགས་པ་འདི་ནི་འཇིག་རྟེན་ལ་ཡང་དག་པར་གཟིགས་པའོ། །སྨྲས་པ། ཚངས་པ་འཇིག་རྟེན་གང་གིས་རབ་ཏུ་ཕྱེ་སྨྲས་པ། ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེའོ། །སྨྲས་པ། གལ་ཏེ་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ན་ཚངས་པ་ཅི་འཇིག་


DKG059_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་མཚན་ཉིད་དེ་ཟད་པར་འགྱུར་རམ། སྨྲས་པ། འཇམ་དཔལ་འཇིག་རྟེན་གྱི་མཚན་ཉིད་ཟད་པར་མི་འགྱུར་རོ། །སྨྲས་པ། འོ་ན་ང་ཇི་ལྟར་འཇིག་རྟེན་ཟད་པའི་མཚན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན། སྨྲས་པ། འཇམ་དཔལ་གང་ཤིན་ཏུ་ཟད་པ་དེ་ནི་ཟད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟད་པ་དེ་ནི་ཟད་པར་མི་འགྱུར་བའི་ཕྱིར་རོ། །སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་དུ་མ་གསུངས་སམ། སྨྲས་པ། འཇམ་དཔལ་ཟད་པའི་ཆོས་ཉིད་གང་ཡིན་པ་དེ་ནམ་ཡང་ཟད་པར་མི་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པས་འདུས་བྱས་ཟད་པའི་ཆོས་ཅན་ནོ་ཞེས་གསུངས་སོ། །སྨྲས་པ། ཚངས་པ་གང་གིས་འདུས་བྱས་ཀྱི་གྲངས་སུ་འགྲོ། སྨྲས་པ། འཇམ་དཔལ་ཟད་པའི་ཆོས་ཉིད་ཀྱིས་འདུས་བྱས་སོ་ཞེས་བྱ་བའི་གྲངས་སུ་འགྲོའོ། །སྨྲས་པ། ཚངས་པ་འདུས་བྱས་ཅི་ལ་གནས། སྨྲས་པ། འདུས་མ་བྱས་ཀྱི་རང་བཞིན་ལ་གནས་སོ། །སྨྲས་པ། ཚངས་པ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ཅི་ཡོད། སྨྲས་པ། འཇམ་དཔལ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་ལ་ཐ་དད་དུ་བྱ་བ་ནི་ཐ་སྙད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐ་སྙད་ཀྱིས་འདི་ནི་འདུས་བྱས་སོ། །འདི་ནི་འདུས་མ་བྱས་སོ་ཞེས་བསྟན་ཏོ། །ཡང་འདུས་བྱས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཉིད་ཀྱང་དེ་ཡིན་ཏེ། ཆོས་ཉིད་ལ་ཐ་དད་དུ་བྱ་བ་མེད་དོ། །སྨྲས་པ། ཚངས་པ་ཆོས་ཉིད་ཅེས་བྱ་བ་འདི་གང་གི་ཚིག་བླ་དགས་ཡིན། སྨྲས་པ། འཇམ་དཔལ་ཆོས་ཉིད་ཅེས་བྱ་བ་ནི་འདུས་མ་བྱས་དང་བྱེ་བྲག་མེད་པར་གྱུར་པའི་ཆོས་རྣམས་ཀྱི་ཚིག་བླ་དགས་སོ། །སྨྲས་པ། ཚིག་བླ་དགས་ཞེས་བྱ་བའི་དོན་ཅི། སྨྲས་པ། ཕ་རོལ་རྣམ་པར་རིག་པར་བྱ་བའི་ཆེད་དུ་བསྟན་པས་ན་འདི་ནི་དེའི་ཕྱིར་ཚིག་བླ་དགས་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་བླ་དགས་ཐམས་ཅད་ནི་ལྷག་པར་བྱེད་པས་སྒྲོ་འདོགས་པ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་སྒྲོ་མི་འདོགས་ཤིང་ལྷག་པར་ཡང་མི་མཛད་ལ་སྟོན་པས་ན་དེ་ནི་ལྷག་པའི་ཚིག་ཅེས་བྱའོ། །ཡང་འཇམ་དཔལ་ཚིག་ཐམས་ཅད་ཚིག་མ་ཡིན་པས་ན་དེའི་ཕྱིར་སངས་རྒྱས་ཀྱི་ཚིག་ནི་བརྗོད་དུ་མེད་པ་ཞེས་བྱའོ། །


DKG059_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཅིའི་ཕྱིར་ཞེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ནི་བརྗོད་པས་རབ་ཏུ་ཕྱེ་བ་མ་ཡིན་ནོ། །སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་རབ་ཏུ་དབྱེ། སྨྲས་པ། གཟུགས་སུ་ཡང་མ་ཡིན། མཚན་དུ་ཡང་མ་ཡིན། ཆོས་ཉིད་དུ་ཡང་རབ་ཏུ་མི་དབྱེའོ། །སྨྲས་པ། ཇི་གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ལས་ཐ་དད་དུ་རབ་ཏུ་དབྱེའམ། སྨྲས་པ། དེ་མ་ཡིན་ནོ། །སྨྲས་པ། གཟུགས་ཀྱི་མཚན་ཉིད་ཀྱི་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དེ་ལས་ཀྱང་མ་ཡིན། གཞན་ལས་ཀྱང་མ་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམས་རབ་ཏུ་དབྱེའོ། །འདི་ལྟར་དེ་བཞིན་ཉིད་ཀྱིས་རབ་ཏུ་བསྟན་ཅིང་ཆུད་ཟ་བར་ཡང་མི་འགྱུར་བ་དེ་ལྟར་རབ་ཏུ་དབྱེའོ། །སྨྲས་པ། དེ་ལྟར་ན་དེ་བཞིན་གཤེགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས། སྨྲས་པ། འཇམ་དཔལ་དེ་ལྟར་ན་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོ་ཉིད་ཀྱིས་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་མངོན་པར་རྟོགས་ཏེ། དེ་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པར་གནས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མཁས་པ་དེ་དག་གཟུགས་གཞིག་ཕྱིར། །བྱང་ཆུབ་ཏུ་ནི་མ་ཞུགས་ཏེ། །གཟུགས་བཞིན་བྱང་ཆུབ་དེ་བཞིན་ཞེས། །མཁས་པ་དག་ནི་དེ་ལྟར་འཇུག །དེ་བཞིན་ཉིད་ཀྱིས་ཕྱེ་བས་ན། །གཟུགས་ལྟར་བྱང་ཆུབ་དེ་བཞིན་ཏེ། །མཁས་མཆོག་དེ་དག་བྱང་ཆུབ་ལ། །ཡོངས་སུ་དབྱེ་བར་མི་འཇུག་གོ །བྱང་ཆུབ་དོན་ནི་དབྱེར་མེད་དེ། །དོན་ལ་བྱང་ཆུབ་མི་དམིགས་སོ། །དོན་དམ་འདི་ལ་གང་བརྩོན་པ། །དེ་དག་བྱང་ཆུབ་ཉིད་ལ་ཞུགས། །ཕུང་པོ་དང་ནི་ཁམས་རྣམས་དང་། །སྐྱེ་མཆེད་དག་ལ་བྱང་ཆུབ་ཚོལ། །བྱང་ཆུབ་དེ་ཡི་རང་བཞིན་ཏེ། །དེ་དག་གུད་ན་བྱང་ཆུབ་མེད། །ཆོས་རྣམས་རབ་དང་ཐ་མ་དང་། །བར་མའང་ནམ་ཞིག་མི་འཛིན་ཅིང་། །གང་ཡང་འདོར་བར་མི་བྱེད་པ། །དེ་ཚེ་བྱང་ཆུབ་ཡང་དག་ཞུགས། །ནམ་ཞིག་ཆོས་དང་


DKG059_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མ་ཡིན། །གཉིས་སུ་དེ་དག་ཁས་མི་ལེན། །གཉིས་སུ་གྱུར་པའང་མ་ཡིན་པ། །དེ་དག་བྱང་ཆུབ་རབ་ཏུ་ཞུགས། །འདུས་མ་བྱས་ནི་གཉིས་སུ་མེད། །འདུས་བྱས་དག་ནི་གཉིས་ཡོད་ན། །འདི་གཉིས་མཐའ་སྟེ་རྣམ་པར་སྤང་། །བྱང་ཆུབ་སྤྱད་པ་དེ་དག་སྤྱོད། །སོ་སོའི་སྐྱེ་ལས་རབ་འདས་ལ། །མི་འགྱུར་བ་ལའང་མི་གནས་ཤིང་། །འབྲས་བུའང་མ་ཐོབ་འཕགས་པ་རྣམས། །དེ་དག་འཇིག་རྟེན་སྦྱིན་འོས་ཡིན། །འཇིག་རྟེན་ཆོས་རྣམས་ཀུན་ལྟ་ཞིང་། །འཇིག་རྟེན་ན་ཡང་པད་མོ་བཞིན། །སྤྱོད་པ་མཆོག་ལ་སྤྱོད་པ་ནི། །དེ་དག་བྱང་ཆུབ་ཞུགས་པ་ཡིན། །གང་ལ་འཇིག་རྟེན་སྤྱོད་པ་དེར། །དེ་དག་སྤྱོད་པར་བྱེད་མོད་ཀྱི། །གང་ལ་འཇིག་རྟེན་རྨོངས་འགྱུར་བ། །དེ་ལ་མཁས་པ་དེ་དག་གྲོལ། །དེ་དག་འཁོར་བར་ཉོན་མི་མོངས། །བྱང་ཆུབ་སེམས་དཔའ་འཇིགས་མེད་པ། །ཞན་པ་མེད་ཅིང་ཞུམ་མེད་པ། །དེ་དག་བྱང་ཆུབ་སྤྱད་པ་སྤྱོད། །ཇི་བཞིན་མཁས་ཤིང་བརྟག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་ཚུལ་ཡང་རྟོགས། །དེ་དག་ཆོས་དང་ཆོས་མིན་དུ། །འདི་ལ་མཁས་པ་མི་རྟོག་གོ །བྱང་ཆུབ་སྤྱོད་པ་རབ་སྤྱོད་ཅིང་། །དེ་དག་ཆོས་རྣམས་འཇིག་མི་བྱེད། །གང་ཡང་སྐྱེད་པར་མི་བྱེད་དེ། །འདི་ནི་བྱང་ཆུབ་མཚན་ཉིད་དོ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ནམ་མཁའ་མཚུངས་ཤིང་མཉམ་པ་སྟེ། །མཁས་པ་དེ་དག་ནམ་དུ་ཡང་། །མཚན་གཞི་མཚན་གཞི་མེད་མི་སྙམ། །སྤྱོད་པ་མཁས་པར་གྱུར་པ་ཡིན། །ཐབས་ཀྱི་ཕ་རོལ་རབ་སོང་ཞིང་། །སེམས་ཅན་རྣམས་ཀྱི་བསམ་པ་ཡང་། །མཁས་པ་དག་ནི་རྫོགས་པར་བྱེད། །རྟག་ཏུ་དམ་པའི་ཆོས་འཛིན་ཅིང་། །མངོན་པ་ཉིད་ལ་རབ་ཏུ་གནས། །ཆོས་ལ་རློམ་སེམས་མི་བྱེད་པ། །འདི་ནི་ང་ཡི་ཆོས་ཡིན་ཏེ། །སངས་རྒྱས་དག་ནི་སྐྱེས་ཀྱང་རུང་། །འོན་ཏེ་འདྲེན་པ་མ་སྐྱེས་ཀྱང་། །ཆོས་རྣམས་ཐམས་ཅད་སྟོང་པ་སྟེ། །དེ་དག་ཆོས་ཉིད་དེ་མི་འདོར། །ཆོས་རྣམས་ཀུན་ལ་མངོན་སུམ་སྟེ། །ཆོས་ཀྱི་ཆོས་ཉིད་གང་ཡིན་པ། །དེ་བཞིན་ཉིད་ལ་རབ་གནས་ཤིང་། །དེ་དག་བརྟན་པ་ཤིན་ཏུ་སྟེན། །བདུད་ཀྱི་ཟབ་མོ་སྤྱོད་པ་ཡི། །གཏིང་ཡང་རྟག་ཏུ་རིག་མི་འགྱུར། །འདི་ལྟར་དེ་དག་ཆོས་རྣམས་ལ། །མ་ལུས་པར་ནི་མི་འཛིན་ཏོ། །སངས་རྒྱས་ཡེ་ཤེས་རབ་ཚོལ་ན། །ཡང་དག་ཞུགས་


DKG059_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱོད་ཡུལ་མིན། །ཡེ་ཤེས་དེ་ཡང་ཡུལ་གནས་དང་། །ཕྱོགས་ལ་གནས་པ་མི་ཐོབ་བོ། །སངས་རྒྱས་ཡེ་ཤེས་ཆགས་མེད་དེ། །ཆོས་དང་ཆོས་ལ་ཆགས་མི་བྱེད། །བྱང་ཆུབ་ཏུ་ནི་གང་གཞོལ་བ། །དེ་བཞིན་དེ་དག་ཆགས་མི་བྱེད། །སྦྱིན་པས་མངོན་པར་རྟག་ཏུ་འཕགས། །སེམས་དུལ་དུལ་ལ་རབ་ཏུ་དགའ། །དེ་དག་མ་ལུས་གཏོང་བ་ན། །ཞེན་པའི་སེམས་ནི་ཡོང་མེད་དོ། །ཆོས་ནི་གཏོང་བར་མི་ནུས་ཏེ། །གཟུང་བར་ཡང་ནི་མི་ནུས་སོ། །དེ་ལྟར་ཆོས་རྣམས་ཐམས་ཅད་ལ། །བདག་གི་དངོས་པོ་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མ་མཆིས་ཤིང་། །གྲོལ་བའང་མེད་པར་གང་གིས་ཤེས། །གང་ལ་ལྟ་བ་མེད་པ་སྟེ། །དེ་ནི་སྦྱིན་བདག་ཆེན་པོ་ཡིན། །ང་དང་ང་ཡིར་ལྟ་བ་གང་། །དེ་ལ་དེ་དག་ཡོང་མེད་དེ། །དེ་ཕྱིར་དེ་དག་གཏོང་བ་ན། །དངོས་པོ་ཅི་ལའང་རྟེན་མི་འགྱུར། །སྦྱིན་པ་གཏོང་བ་ཐམས་ཅད་ཀྱང་། །བྱང་ཆུབ་ལ་ནི་སྔོ་བར་བྱེད། །བྱང་ཆུབ་ལ་ནི་སྦྱིན་པ་ཡི། །གཉིས་སུ་འདུ་ཤེས་མི་བསྐྱེད་དོ། །འདུ་བྱེད་མེད་པའི་ཚུལ་ཁྲིམས་ལ། །རྟག་པར་ཤིན་ཏུ་གནས་པར་འགྱུར། །ཚུལ་ཁྲིམས་ལ་ཡང་བདག་གནས་ཤེས། །དེ་དག་ལ་ནི་རློམ་སེམས་མེད། །ཚུལ་ཁྲིམས་དག་ནི་མ་བྱས་ཤིང་། །མ་སྐྱེས་པར་ཡང་མཁས་པས་ཤེས། །དེ་ཕྱིར་དེ་ཡི་ཚུལ་ཁྲིམས་ནི། །རབ་དག་དྲི་མེད་ནམ་མཁའ་བཞིན། །ལུས་ནི་གཟུགས་བརྙན་ཉིད་དང་འདྲ། །ངག་ནི་བྲག་ཅ་ཇི་བཞིན་ཏེ། །སེམས་ཀྱང་སྒྱུ་མ་འདྲར་རིག་ནས། །དེ་དག་ཚུལ་ཁྲིམས་མི་སྙེམས་སོ། །དེ་དག་ཞི་ཞིང་རབ་ཏུ་ཞི། །ཉེ་བར་ཞི་ཞིང་མཉམ་པར་གཞག །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །རབ་ཏུ་ཞི་བའི་ཕ་རོལ་སོང་། །ངང་ཚུལ་ངན་དང་ཚུལ་ཁྲིམས་ནི། །གཉིས་སུ་བྱ་བ་དེ་ལ་མེད། །ཆོས་ཀྱི་དབྱིངས་ནི་ཡོངས་ཤེས་ནས། །དེ་ཡི་ཚུལ་ཁྲིམས་ཟག་པ་མེད། །བཟོད་པའི་ཕ་རོལ་རབ་ཕྱིན་ཅིང་། །ཉེས་བྱས་ཐམས་ཅད་བཟོད་པར་བྱེད། །དེ་ལྟར་སེམས་ཅན་ཐམས་ཅད་ལ། །དེ་ཡི་འདུ་ཤེས་མཉམ་པར་འཇུག །ཆོས་རྣམས་ཐམས་ཅད་མི་གནས་ཏེ། །སྐད་ཅིག་འཇོམས་པས་འཇིག་པར་འགྱུར། །འདི་ལ་གང་ཡང་གཤེ་བ་མེད། །འདི་ལ་གང་ཡང་ཕྱག་འཚལ་མེད། །ལུས་རྣམས་གཤགས་ཤིང་བཅད་ན་


DKG059_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་། །དེ་ཡི་སེམས་ལ་འཁྲུག་མི་འབྱུང་། །ལུས་ཀྱི་ནང་ངམ་ཕྱི་རོལ་ན། །སེམས་ནི་ཤིན་ཏུ་མི་གནས་སོ། །ཁམས་བཞི་ལས་ནི་བྱུང་བ་ཡི། །ལུས་འདི་ཉིད་ནི་དགྲ་དང་མཚུངས། །ཡང་དག་ཡོངས་སུ་རྟོགས་པ་ཡི། །མཁས་པ་དེ་དག་བདག་མི་སྙེམས། །དེ་ལྟར་མངོན་སུམ་གྱུར་པས་ན། །དེ་དག་བཟོད་པར་སྨྲ་བ་ཡིན། །དེ་ཡི་སེམས་ནི་སུན་དབྱུང་བར། །མ་ལུས་སྐྱེ་བོས་མི་ནུས་སོ། །དེ་དག་བརྩོན་འགྲུས་ཆེ་རྩོམ་སྟེ། །མཐུ་བརྟན་འཇིགས་པ་མེད་པ་དག །ལུས་དང་སེམས་རྣམས་རིག་ནས་ནི། །དེ་དག་ལ་ནི་གནས་མི་འགྱུར། །འཁོར་བ་ཡི་ནི་ཐོག་མ་ཡི། །མཐའ་ནས་བཟུང་སྟེ་མ་སྐྱེས་སོ། །སེམས་ཅན་ཅིག་གི་དོན་ཕྱིར་ཡང་། །སྟོབས་པོ་ཆེ་དག་གོ་ཆ་གྱོན། །ཆོས་ནི་གང་ཡང་མི་སྐྱེ་སྟེ། །འབྱུང་བར་འགྱུར་བའང་མེད་མོད་ཀྱི། །བྱིས་པ་ཕྱིན་ཅི་ལོག་པའི་ཕྱིར། །སྔོན་གྱི་མཐའ་ནི་མི་རྟོགས་སོ། །དབྱིངས་འདི་རྟག་ཏུ་གནས་པ་སྟེ། །ཆོས་ཀྱི་དབྱིངས་ནི་བསམ་མི་ཁྱབ། །དེ་ལྟར་ཡང་དག་རབ་ཤེས་ན། །འདི་ལ་སྐྱེ་མེད་འཇིག་པ་མེད། །ཆོས་ཀྱི་ཆོས་ནི་འདི་རྣམས་ནི། །སེམས་ཅན་འདི་དག་མི་ཤེས་ཏེ། །དེ་ཕྱིར་དེ་ཡི་ཕྱིན་ཅི་ལོག །སྤང་བའི་ཕྱིར་ནི་དེ་དག་བརྩོན། །སེམས་ཅན་རྫོགས་པའི་སངས་རྒྱས་ཀྱིས། །ཇི་ལྟ་བུར་ཡང་ཡོང་མ་སྙེམས། །གོ་ཆ་དག་ཀྱང་མི་འདོར་ཏེ། །བརྩོན་འགྲུས་དག་གི་ཁྱད་པར་ལྟོས། །ཇི་ལྟར་སྒྱུ་མ་སྨིག་རྒྱུ་ལྟར། །ཆོས་རྣམས་ལ་ནི་རབ་ཏུ་འབྱེད། །འདི་ལ་སྙིང་པོ་མི་རྙེད་དེ། །ནམ་མཁའ་ལ་ནི་ལྟ་བ་བཞིན། །མེད་པའི་ཡོངས་སུ་རྟོགས་པ་ཡི། །སྐྱེ་བོ་མི་མཁས་ཉོན་མོངས་འགྱུར། །གང་གི་མྱ་ངན་འདའ་བ་ཡི། །རིག་པ་དག་ནི་འདི་ལ་བཤད། །དེ་ཡི་བརྩོན་འགྲུས་དེ་ཕྱིར་ཏེ། །དངོས་པོ་གཞིག་ཕྱིར་མ་ཡིན་ནོ། །དངོས་དང་དངོས་མེད་མི་རྟག་ཕྱིར། །དེ་དག་གི་ནི་བརྩོན་འགྲུས་བསྐྱེད། །དབེན་པ་དག་ཏུ་རྟག་གནས་ཤིང་། །ཉོན་མོངས་མེད་པར་རྟོག་པར་རིག །འཁོར་བ་ལ་ནི་སྐྲག་པའི་ཡིད། །འདྲིས་པ་མེད་ཅིང་ཡིད་མི་སྟོན། །དགོན་པར་སྤྱོད་པར་བརྟན་པ་དག །མཁས་པ་རྟག་ཏུ་བསེ་རུ་བཞིན། །ཤེས་པར་བཙན་པ་རིག་པ་དག །དེ་དག་མངོན་ཤེས་རྟོགས་པར་རིག །དགོན་པ་བཞིན་དུ་གྲོང་དེ་བཞིན། །མཉམ་པ་ཉིད་ལ་རབ་གནས་པས། །སྤྱོད་དང་སྤྱོད་ལམ་མི་རྟོགས་ཏེ། །དེ་དག་རྟག་ཏུ་


DKG059_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག །ནམ་ཞིག་མཉམ་པར་བཞག་པའི་ཆོས། །ཉེ་བར་ཞི་བ་ཟག་མེད་ལ། །མོས་ཤིང་རྣམ་པར་གྲོལ་བ་ན། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །མཉམ་པར་བྱེད་ཅིང་མཉམ་པར་འགྲོ། །མཉམ་པ་ཉིད་ལ་རབ་གནས་ནས། །མཉམ་པ་ཉིད་དང་འགལ་མི་བྱེད། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །བྱང་ཆུབ་སེམས་ལས་རྣམ་པ་ཀུན། །སེམས་ལས་དེ་དག་རྨོངས་མི་འགྱུར། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །དེ་དག་མཉམ་པར་བཞག་ཅེས་གསུངས། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་རྟག་ཏུ་དྲན། །གཟུགས་ལ་འདོད་ཆགས་བྲལ་བ་ཐོབ། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །ཆོས་ཀྱི་ཆོས་ཉིད་ཇི་ལྟ་བར། །དེ་དག་ཆོས་རྣམས་སྒོམ་མོད་ཀྱི། །དྲན་པ་ཡིད་ལ་བྱེད་པས་མིན། །དེ་ཕྱིར་མཉམ་པར་བཞག་ཅེས་གསུངས། །དགེ་འདུན་དྲན་པ་སྒོམ་བྱེད་དེ། །དགེ་འདུན་ཉིད་ཀྱང་འདུས་མ་བྱས། །ཚད་དང་བྲལ་བ་ཞི་བ་ཡི། །མཁས་པ་དག་ནི་བསམ་གཏན་སྒོམ། །ལུས་ཅན་དག་གི་ཕྱོགས་བཅུ་ན། །ཞིང་དང་སངས་རྒྱས་རྣམས་མཐོང་སྟེ། །དེ་དག་མིག་དང་གཟུགས་ལ་ཡང་། །གཉིས་སུ་འདུ་ཤེས་མི་འཇུག་གོ །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཇི་སྙེད་ཡོད་པ་ཉན་མོད་ཀྱི། །དེ་དག་སྒྲ་དང་རྣ་བ་ལ། །གཉིས་སུ་འདུ་ཤེས་མི་འཇུག་གོ །དེ་དག་སེམས་ཅན་རྣམས་ཀྱི་སེམས། །སེམས་གཅིག་གིས་ནི་རབ་ཤེས་ཀྱང་། །དེ་དག་སེམས་སམ་སེམས་ཅན་ལ། །རྣམ་པར་རྟོག་པར་མི་འགྱུར་རོ། །བསྐལ་པ་གང་གཱའི་བྱེ་མ་སྙེད། །བྱེ་བ་ལྟ་བུའི་དྲན་གྱུར་ཀྱང་། །དེ་དག་སྔོན་ནམ་ཕྱི་མ་ཞེས། །སྤྲོས་པ་འདི་ཡང་མི་འབྱུང་ངོ་། །ཞིང་རྣམས་བྱེ་བ་ཕྲག་སྟོང་དང་། །བསམ་མི་ཁྱབ་པར་འཕྲུལ་གྱིས་འགྲོ། །ལུས་ལའང་མེད་ཅིང་སེམས་ལའང་མེད། །དེ་ལས་གུད་ནའང་ཡོད་མ་ཡིན། །ཆོས་རྣམས་རབ་ཏུ་དབྱེ་བར་ཤེས། །སྤོབས་པ་དག་ལ་རྟོགས་པར་རིག །ཆོས་ཀྱི་དབྱིངས་རྣམས་བསྟན་པ་དག །བསྐལ་པ་བྱེ་བར་སྨྲ་བར་བྱེད། །ཤེས་རབ་ཀྱི་ཡང་ཕ་རོལ་ཕྱིན། །ཕུང་པོ་དག་ལ་མཁས་པར་བསླབ། །བླང་མེད་སྤྲོས་པ་མེད་པ་ཡི། །ཆོས་མཆོག་དག་ནི་རྗོད་པར་བྱེད། །དེ་དག་རྐྱེན་ལ་མཁས་པ་སྟེ། །མཐའ་གཉིས་


DKG059_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་སྤངས་པ་ཡིན། །དེ་དག་ཉོན་མོངས་རྒྱུ་རྣམས་ཀྱང་། །སྡིག་པ་མེད་པར་དག་པར་ཤེས། །རྐྱེན་ལ་ལྷག་པར་མོས་པ་ལ། །ལྟ་བ་དག་ནི་ཡོད་མ་ཡིན། །འདི་ལྟར་ཆོས་རྣམས་ཐམས་ཅད་ནི། །རྐྱེན་ལས་རག་ལུས་དངོས་པོ་མེད། །བདག་ཏུ་ལྟ་དང་སངས་རྒྱས་ལྟ། །སྟོང་པར་ལྟ་བ་གང་ཡིན་དང་། །མྱ་ངན་འདས་དང་འཁོར་བར་ལྟ། །ཐམས་ཅད་དེ་ལ་ཡོངས་མེད་དོ། །ཤེས་རབ་རང་བཞིན་ཤེས་ནས་ནི། །སྣང་བར་གྱུར་མ་ཐག་ཏུ་ཡང་། །དེ་དག་མུན་བྲལ་ཆགས་མེད་ཅིང་། །བྱང་ཆུབ་སྤྱོད་ལ་སྤྱོད་པར་འགྱུར། །ཐེག་པ་ཆེན་པོའི་ཐེག་པ་འདི། །སངས་རྒྱས་ཐེག་པ་བསམ་མི་ཁྱབ། །སེམས་ཅན་གྱི་ནི་གོ་སྐབས་འབྱེད། །ཐེག་པ་ཆེན་པོ་བླ་ན་མེད། །ཐེག་པ་ཇི་སྙེད་ཅི་ཡོད་པ། །འདི་ནི་དེ་ཡི་མཆོག་ཏུ་དགོངས། །དེ་ཕྱིར་ཐེག་པ་ཆེན་པོ་ལས། །ཐེག་པ་ཐམས་ཅད་རབ་ཏུ་དབྱེ། །ཐེག་པ་གཞན་དུ་ཆུང་ངུ་སྟེ། །ཐམས་ཅད་ཀྱི་ནི་གོ་སྐབས་མེད། །ཐེག་པ་ཆེན་པོ་འདི་ལ་ནི། །ལུས་ཅན་ཀུན་གྱི་གོ་སྐབས་ཤོད། །ཐེག་པ་ཆེན་པོ་ནམ་མཁའ་ལྟར། །དྲི་མ་མེད་ལ་གང་ཞུགས་པ། །དེ་དག་ལུས་ཅན་ཐམས་ཅད་ལ། །སེར་སྣ་བྱེད་པ་ཡོང་མེད་དོ། །ཇི་ལྟར་ནམ་མཁའ་ཚད་མེད་ཅིང་། །གཟུགས་མེད་བསྟན་དུ་མེད་པ་ལྟར། །དེ་བཞིན་ཐེག་པ་ཆེན་པོ་འདི། །ཚད་མེད་སྒྲིབ་པ་མེད་པའོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱང་། །ཐེག་པ་དམ་པ་འདོད་འགྱུར་ན། །ཐམས་ཅད་ཀྱི་ཡང་གོ་སྐབས་ཡོད། །ཐེག་པའི་ཁྱད་པར་དག་ལ་ལྟོས། །ཐེག་པ་ཆེན་པོའི་ཡོན་ཏན་དང་། །དེ་ལ་གང་རྣམས་གནས་པ་ཡིན། །དེ་དག་གི་ནི་བསྔགས་པའི་མཐའ། །བསྐལ་པ་བྱེ་བར་བཤད་མི་ནུས། །ཚིག་བཞི་པ་ཡི་ཚིགས་བཅད་ཙམ། །མདོ་སྡེ་འདི་ལས་གང་འཛིན་པ། །དེ་དག་གིས་ནི་མི་ཁོམ་སྤངས། །མཁས་པ་དེ་དག་དལ་བ་ཐོབ། །གང་དག་མདོ་སྡེ་འདིར་དགའ་བ། །དེ་དག་ཕྱིན་ཆད་ངན་སོང་དུ། །འགྲོ་བར་འགྱུར་བ་མ་ཡིན་ཏེ། །དེ་དག་ལྷ་དང་མིར་འགྱུར་རོ། །ཕྱི་དུས་འཇིགས་པ་ཆེན་པོའི་ཚེ། །མདོ་སྡེ་འདི་ནི་གང་ཉན་པ། །དེ་དག་ཐམས་ཅད་བྱང་ཆུབ་ཏུ། །ཤིན་ཏུ་གཞོལ་བར་ངས་ལུང་བསྟན། །དེ་ཡི་ལག་ན་ཆོས་ཡོད་དེ། །དེ་དག་དམ་པའི་ཆོས་ལ་གནས། །ཆོས་འདི་ལ་ནི་གནས་ནས་ཀྱང་། །དེ་དག་ཆོས་ཀྱི་འཁོར་ལོ་བསྐོར། །གང་གིས་


DKG059_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་འདི་བཟུང་བ། །དེ་དག་རྫོགས་པའི་བྱང་ཆུབ་སྟེ། །བསྐལ་པ་མཐའ་ཡས་འཁོར་བ་ལས། །བདག་ཉིད་ཆེན་པོ་དེ་དག་སྤོང་། །གང་གིས་ཚུལ་འདི་བཟུང་བ་དག །དེ་དག་དཔའ་བོ་ནུས་པ་སྟེ། །བདུད་ཀྱི་སྡེ་རྣམས་རབ་ཏུ་འཇོམས། །བརྩོན་འགྲུས་ཆེ་ཞིང་ཤེས་རབ་ཆེ། །མདོ་སྡེ་འདི་ལ་གང་དགའ་བ། །ང་ནི་བཟུང་ལ་གནས་པའི་ཚེ། །མར་མེ་མཛད་ཀྱིས་ལུང་བསྟན་ལྟར། །དེ་ཚེ་དེ་དག་ལུང་བསྟན་ཏོ། །མདོ་སྡེ་འདི་ནི་གང་སྨྲ་བ། །དེ་ནི་སངས་རྒྱས་སྐྱོབ་པ་ཡི། །འཇིག་རྟེན་སྒྲོལ་བ་མ་བྱུང་ཚེ། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །ཡང་ཚིགས་སུ་བཅད་པ་མངོན་པར་བསྒྲུབ་པ་འདི་བཤད་པ་ན་ལྷའི་བུ་ལྔ་སྟོང་བྱང་ཆུབ་ཏུ་སེམས་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །དགེ་སློང་སྟོང་ལྷག་ཙམ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན་གང་བྱང་ཆུབ་ཀྱི་ཕྱིར་སྨོན་པ་ནི་ལོག་པར་ལྟ་བ་ལ་སྨོན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དམིགས་པ་ནི་ལོག་པ་ལགས་ཏེ། དེ་ལྟ་བས་ན་བྱང་ཆུབ་ལ་དམིགས་པར་བགྱིད་ཅིང་། དམིགས་པ་ལ་སྨོན་པ་དེ་དག་གིས་འབད་པ་ནི་ལོག་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་ནི་འདོད་པའི་ཁམས་ལ་མི་གནས། གཟུགས་ཀྱི་ཁམས་ལ་མི་གནས། གཟུགས་མ་མཆིས་པའི་ཁམས་ལ་མི་གནས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ནི་མི་གནས་པ་ལགས་པས་དེ་ལ་སྨོན་པ་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་བདག་གིས་ནམ་མཁའ་ཐོབ་པར་བགྱིའོ། །ཞེས་ནམ་མཁའ་ལ་སྨོན་ན་དེས་ནམ་མཁའ་ཐོབ་པར་འགྱུར་རམ། བཀའ་སྩལ་པ། འཇམ་དཔལ་དེ་མ་ཡིན་ནོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་དུ་གང་བྱང་ཆུབ་ནམ་མཁའ་དང་མཚུངས་པ་ལ་སྨོན་པ་དེ་དག་ནི་ནམ་མཁའ་ལ་སྨོན་པ་ལགས་སོ། །བཅོམ་ལྡན་འདས་


DKG059_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ནི་སྨོན་པ་མ་མཆིས་པ། དུས་གསུམ་ལས་འདས་པ། ཉེ་བར་མི་མཆི་བ་ལགས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདུ་ཤེས་གཉིས་སུ་བགྱིས་ནས་བྱང་ཆུབ་ཀྱང་གཞན་ལ་འཁོར་བ་ཡང་གཞན་ནོ། །བྱང་ཆུབ་ཀྱང་གཞན་ལ་ལྟ་བར་གྱུར་པ་ཡང་གཞན་ནོ། །བྱང་ཆུབ་ཀྱང་གཞན་ལ་མྱ་ངན་ལས་འདས་པ་ཡང་གཞན་ནོ་ཞེས་སྨོན་པར་བགྱིད་ན་བྱང་ཆུབ་སེམས་དཔའ་དེ་དག་ནི་བྱང་ཆུབ་ལ་སྤྱོད་པ་མ་ལགས་སོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་ཇི་ལྟར་སྤྱོད་ན་བྱང་ཆུབ་ལ་སྤྱོད་པ་ཡིན། སྨྲས་པ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་ཐམས་ཅད་ལ་ཡང་སྤྱོད་ལ་ཆོས་གང་ལ་ཡང་མི་སྤྱོད་ན་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ལ་སྤྱོད་དེ། ཚངས་པ་སྤྱད་པ་ཡུལ་ལས་འདས་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཏུ་སྤྱོད་དོ། །སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སྤྱད་པའི་ཡུལ་ལས་འདས་པ་བྱང་ཆུབ་ལ་སྤྱོད། སྨྲས་པ། དམིགས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་བྲལ་བ་དེ་ལྟར་ན་སྤྱད་པའི་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །སྨྲས་པ། འཇམ་དཔལ་ཡང་དག་པར་འདས་པ་ཞེས་བྱ་བ་ཅི་ལ་བསམ། སྨྲས་པ། མཉམ་པ་ཉིད་ལས་མི་འདའ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་བྱང་ཆུབ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ། །སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་ཇི་ལྟར་ན་བྱང་ཆུབ་ཏུ་འཇུག་པར་བྱ། སྨྲས་པ། བྱང་ཆུབ་ཇི་ལྟ་བ་བཞིན་དུའོ། །སྨྲས་པ། བྱང་ཆུབ་ཇི་ལྟ་བུ་ཡིན། སྨྲས་པ། ཚངས་པ་བྱང་ཆུབ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། དེ་བས་ན་བྱང་ཆུབ་སེམས་དཔས་དུས་གསུམ་ཡོངས་སུ་དག་པའི་རྣམ་པ་དང་། འཁོར་གསུམ་ཡོངས་སུ་དག་པས་བྱང་ཆུབ་ཏུ་ཡང་དག་པར་འཇུག་པར་བྱའོ། །འདས་པ་ཇི་ལྟ་བ་དང་། མ་འོངས་པ་ཇི་ལྟ་བ་དང་། ད་ལྟར་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་ཇི་ལྟ་བ་དང་། མ་བྱུང་བ་གང་ཡིན་པ་དེ་ལ་རབ་ཏུ་དབྱེ་བ་མེད་དེ། གང་དེ་ལྟར་རབ་ཏུ་ཞུགས་པ་དེ་གང་ལ་ཡང་ཞུགས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན།


DKG059_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་འཇུག་པ་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །སྨྲས་པ། འཇམ་དཔལ་ཅིའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ། སྨྲས་པ། ཐམས་ཅད་ཤེས་པར་གྱུར་པའི་ཡེ་ཤེས་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱའོ། །སྨྲས་པ། འཇམ་དཔལ་ཀུན་ཤེས་པ་གང་ཡིན། སྨྲས་པ། ཚངས་པ་ཀུན་ཤེས་པ་གང་ལ་དངོས་པོ་མེད་ཅིང་ཀུན་ཤེས་པ་ལ་ཀུན་ཤེས་པ་མེད་པ་དེ་ནི་ཀུན་ཤེས་པ་སྟེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་དེའི་ཀུན་ཤེས་པ་ཡང་མེད་དོ། །སྨྲས་པ། ཅིའི་ཕྱིར་དངོས་པོ་མེད། སྨྲས་པ། དངོས་པོ་ནི་མིང་གི་རང་བཞིན་གྱིས་དབེན་ཏེ། དེའི་མིང་དང་རང་བཞིན་དབེན་ལ་དངོས་པོ་ཡང་གཞན་མ་ཡིན། བྱང་ཆུབ་ཀྱང་གཞན་མ་ཡིན་ནོ། །གལ་ཏེ་དངོས་པོ་ཡང་གཞན་ལ་བྱང་ཆུབ་ཀྱང་གཞན་དུ་ཟིན་ན་འདི་ལྟར་འདི་ལ་བྱང་ཆུབ་ཇི་ལྟ་བར་དངོས་པོ་ཡང་དེ་བཞིན་ནོ། །དེ་ལྟ་བས་ན་འདི་ལ་སེམས་ཅན་ཡང་གུད་ན་མེད་ལ་དེ་རྣམ་པ་གཞན་དུ་ཡང་རྟོགས་པར་མི་འགྱུར་ཏེ། གཞན་དུ་ན་བདག་གི་མཉམ་པ་ཉིད་ཀྱིས་བྱང་ཆུབ་མཉམ་པ་ཉིད་དང་། བྱང་ཆུབ་ཀྱི་མཉམ་པ་ཉིད་ཀྱིས་བདག་གི་མཉམ་པ་ཉིད་རིག་པར་བྱེད་དེ། དེ་ལྟར་ན་བྱང་ཆུབ་རྟོགས་པར་འགྱུར་ཏེ། གཞན་དུ་མ་ཡིན་པས་ན་དེའི་ཕྱིར་དེ་ལ་གཞན་དུ་འགྱུར་བ་མེད་དོ། །བདག་ནི་རྟག་ཏུ་བདག་མེད་པ་ཡིན་ཏེ། དེའི་ཕྱིར་དེ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་དོ། །ཇི་ལྟར་ན་ནམ་མཁའ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་གཞན་དུ་འགྱུར་བ་མེད་དོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཆོས་འདི་དག་རབ་ཏུ་ཕྱེ་བ་ལས་ན་དེ་བཞིན་གཤེགས་པ་ནི་བདེན་པར་གསུངས་པའོ། །སྨྲས་པ། ཚངས་པ་དེ་བཞིན་གཤེགས་པས་ནི་ཆོས་གང་ཡང་རབ་ཏུ་མ་ཕྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ཆོས་ཉིད་ཀྱང་མ་དམིགས་ན་གང་རབ་ཏུ་དབྱེ་བ་ལྟ་ཅི་སྨོས། སྨྲས་པ། འཇམ་དཔལ་ཇི་དེ་བཞིན་གཤེགས་པས་ཆོས་འདི་དག་ནི་འདུས་བྱས་སོ། །ཆོས་འདི་དག་ནི་འདུས་མ་བྱས་སོ། །ཆོས་འདི་དག་ནི་འཇིག་རྟེན་པའོ། །ཆོས་འདི་དག་ནི་འཇིག་རྟེན་ལས་འདས་པའོ་ཞེས་ཆོས་རྣམས་རྣམ་པར་མི་མཁྱེན་ཏམ། སྨྲས་པ། ཚངས་པ་འདི་ཇི་སྙམ་དུ་སེམས། སུས་ཀྱང་ནམ་མཁའ་འདི་


DKG059_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་ཕྱེ་བའམ། ཤེས་པར་གྱུར་པ་ཡོད་དམ། སྨྲས་པ། འཇམ་དཔལ་དེ་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། གང་ནམ་མཁའ་ཞེས་བྱ་བ་དེ་སྐྱེ་བའམ་འགག་པར་འགྱུར་རམ། སྨྲས་པ་དེ་མ་ཡིན་ནོ། །སྨྲས་པ། ཚངས་པ་དེ་བཞིན་དུ་ཆོས་གང་ཡང་རུང་བའི་རྣམ་པར་རིག་པར་བྱེད་པ་དེ་ཡང་ནམ་མཁའ་རྣམ་པར་རིག་པར་བྱེད་པའོ། །ཆོས་ནི་སྐྱེ་བའམ་འགག་པར་མི་འགྱུར་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པར་རིག་པར་བྱེད་པ་ནི་རྣམ་པར་རིག་པར་བྱེད་པ་མེད་པའོ། །ཆོས་དེས་གང་ཀུན་ཤེས་པར་བྱས་པ་དེ་དག་ཀྱང་གཞན་དུ་མི་འགྱུར་བས་ན་རྣམ་པར་རིག་པར་བྱེད་པ་མེད་པས་ཀུན་ཤེས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་རྣམ་པར་རིག་པར་བྱེད་པ་དེ་ཇི་འདྲ་བ་དེ་བཞིན་དུ་དེའི་ཀུན་ཤེས་པ་ཡང་དེ་འདྲ་སྟེ། དེའི་ཕྱིར་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་གནས་ཞེས་བྱ་སྟེ་དེ་བཞིན་ཉིད་ནི་མི་གནས་པའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཡང་འཁོར་དེ་ཉིད་དུ་ཚོགས་ནས་འདུག་པར་གྱུར་ཏེ། དེ་དག་ལྷའི་མེ་ཏོག་དེ་དག་གིས་དེ་བཞིན་གཤེགས་པ་ལ་གཏོར་ནས་ཚིག་འདི་སྐད་འཛེར་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ལ་མོས་པ་དེ་དག་ནི་བདུད་དང་ཕྱིར་རྒོལ་བ་བཅོམ་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་ནི་འདུ་ཤེས་ཐམས་ཅད་དང་བྲལ་བ་ལགས་ཏེ། གང་ཆོས་ཟབ་མོ་བསྟན་པ་འདི་ལ་མི་སྐྲག་མི་དངང་ཞིང་ཤིན་ཏུ་དངང་བར་མི་འགྱུར་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ས་ཕྱོགས་གང་དུ་བྱུང་བ་དེ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །གང་དུ་ཆོས་ཀྱི་ཚུལ་ཟབ་མོ་འདི་ཐོས་པར་འགྱུར་བའི་ས་ཕྱོགས་དེ་དག་དེ་བཞིན་གཤེགས་པས་ཡོངས་སུ་ལོངས་སྤྱད་པའོ། །གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། གཙུག་ལག་ཁང་དང་། འཆག་ས་གང་དུ་ཆོས་ཀྱི་རྣམ་གྲངས་འདི་བྱུང་བ་དེར་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བལྟའོ། །དེར་བདུད་རྣམས་རྒྱུ་བ་མ་མཆིས། དམིགས་པ་ལ་མངོན་པར་ཆགས་པ་


DKG059_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རྒྱུ་བ་མ་མཆིས་ཏེ། བཅོམ་ལྡན་འདས་སེམས་ཅན་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བགྱི་བ་བགྱིས་པའི་རྣམས་ཀྱི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་རོ། །བཅོམ་ལྡན་འདས་འདི་ལྟར་བདག་ཅག་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཆོས་ཀྱི་སྣང་བ་ཐོབ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚངས་པ་འདི་ལ་བདག་ཅག་གིས་རང་གི་ཤ་དང་ཁྲག་གིས་ཀྱང་ལན་མི་ལོན་ནོ། །བཅོམ་ལྡན་འདས་གང་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་ཆོས་སྨྲ་བ་དེ་ལ་བདག་ཅག་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །བཅོམ་ལྡན་འདས་ཆོས་སྨྲ་བ་དེའི་དྲུང་དུ་བདག་ཅག་རྟག་ཏུ་རྒྱུན་མི་འཆད་པར་མཆི་སྟེ། རིགས་ཀྱི་བུ་དེ་ལྷ་དེ་དག་གིས་ཡོངས་སུ་གཟུང་བར་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བའམ། ཀློག་གམ། སྟོན་ཏམ། ཁ་ཏོན་བྱེད་ན་ལྷའི་བུ་བརྒྱ་སྟོང་ཕྲག་དུ་མ་ཆོས་ཉན་དུ་མཆིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱེད་ཇི་སྐད་ཟེར་བ་དེ་དེ་བཞིན་ནོ། །གྲོགས་པོ་དག་གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་ཆ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བ་ཆ་གཅིག་བཞག་པ་དང་། དེ་གཉིས་ནི་གང་འདི་ཆོས་ཀྱི་རྣམ་གྲངས་ཉན་པའི་དགེ་བའི་རྩ་བའི་ཆ་འདི་མཆོག་གོ །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་གི་གལ་ཏེ་ཆུ་བོ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་བའི་ཆ་གཅིག་བཞག་པ་དང་། ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་གཅིག་བཞག་པ་དང་། དེ་གཉིས་ནི་གང་འདི་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་དགེ་བའི་རྩ་བའི་ཆ་འདི་མཆོག་གོ །གྲོགས་པོ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསོད་ནམས་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱའོ། །རྙེད་པ་འདོད་པ་དང་། ཆོས་འདོད་པ་དང་། གཟུགས་འདོད་པ་དང་། ལོངས་སྤྱོད་


DKG059_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་དང་། གཡོག་འདོད་པ་དང་། ཆོས་ཀྱི་དབང་ཕྱུག་འདོད་པ་དང་། ལྷའི་ཕུན་སུམ་ཚོགས་པ་འདོད་པ་དང་། མིའི་ཕུན་སུམ་ཚོགས་པ་འདོད་པ་དང་། གྲགས་པ་འདོད་པ་དང་། བརྗོད་པ་འདོད་པ་དང་། ཐོས་པ་འདོད་པ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བརྟན་པ་དང་། ཤེས་རབ་འདོད་པ་དང་། སྤོབས་པ་འདོད་པ་དང་། གཟུངས་འདོད་པ་དང་། དགེ་བའི་བཤེས་གཉེན་རྙེད་པར་འདོད་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། ཡེ་ཤེས་འདོད་པ་དང་། བྱང་ཆུབ་འདོད་པ་དང་། དགེ་བའི་ཆོས་ཐམས་ཅད་འདོད་པ་དང་། བྱང་ཆུབ་ཀྱི་ཡན་ལག་འདོད་པ་དང་། ཆོ་ག་འདོད་པ་དང་། སེམས་ཅན་ཐམས་ཅད་བདེ་བ་ཐོབ་པར་བྱ་བར་འདོད་པ་དང་། མྱ་ངན་ལས་འདས་པར་འདོད་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། མོས་པར་བྱ། གཟུང་བར་བྱ། ཀུན་ཆུབ་པར་བྱ། བཅང་བར་བྱ། བཀླག་པར་བྱ། གཞན་ལའང་རྒྱ་ཆེར་རབ་ཏུ་བསྟན་པར་བྱའོ། །གྲོགས་པོ་དག་ཆོས་ཀྱི་རྣམ་གྲངས་འདི་ཆུང་ངུ་ན་མཉན་པ་ཙམ་གྱིས་ཀྱང་གང་དེས་ཡོངས་སུ་མ་བཟུང་བར་གྱུར་པའི་ཕུན་སུམ་ཚོགས་པ་དེ་ངས་མ་མཐོང་ངོ་། །གྲོགས་པོ་དག་མོས་པར་བྱ། གོ་བར་བྱ་སྟེ། སློབ་དཔོན་ནམ་མཁན་པོ་གང་ལས་ཆོས་ཀྱི་རྣམ་གྲངས་འདི་མཉན་ཏམ། བཟུང་ན་འཇིག་རྟེན་གྱི་ཟང་ཟིང་གང་གིས་དེ་ལ་ལན་བླན་པར་སླ་བ་དེ་ལྟ་བུ་ངས་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་འཇིག་རྟེན་ལས་འདས་པའི་ཆོས་ཏེ། འཇིག་རྟེན་གྱི་ཟང་ཟིང་གིས་དེ་སྦྱང་བར་སླ་བ་མ་ཡིན་ནོ། །ཆོས་འདི་དག་ནི་འཇིག་རྟེན་གྱིས་མ་གོས་པ་སྟེ། འཇིག་རྟེན་གྱི་ཟང་ཟིང་གིས་སྦྱང་བར་སླ་བ་མ་ཡིན་ནོ། །ཆོས་འདི་ནི་ཟང་ཟིང་མེད་པ་སྟེ། འཇིག་རྟེན་གྱི་ཟང་ཟིང་གིས་སྦྱང་བར་སླ་བ་མ་ཡིན་ནོ། །ཆོས་ཀྱི་རྣམ་གྲངས་འདི་ལ་ལན་བླན་པ་ནི་ཆོས་ཀྱི་ནན་ཏན་མ་གཏོགས་པར་གཞན་མེད་དེ། ལོག་པའི་ནན་ཏན་གྱིས་མ་ཡིན་ནོ། །གང་འདི་ལ་ཞུགས་པ་དེ་དག་གིས་མཁན་པོ་དང་སློབ་དཔོན་ལ་གུས་པར་བྱས་སོ། །དེ་དག་གིས་ལན་བླན་པ་དག་བྱས་སོ། །དེ་དང་དེ་དག་


DKG059_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བུ་ལོན་མེད་པར་ཡུལ་འཁོར་གྱི་བསོད་སྙོམས་ཟའོ། །དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཚིག་ལ་ནན་ཏན་དུ་བྱེད་པའོ། །དེ་དང་དེ་དག་ནི་ཆུ་བོ་ལས་རྒལ་བའོ། །དེ་དང་དེ་དག་ནི་དགོན་པ་ལས་ཤིན་ཏུ་རྒལ་བའོ། །དེ་དང་དེ་དག་ནི་གདུགས་དང་། རྒྱལ་མཚན་དང་། བ་དན་སྒྲེང་བའོ། །དེ་དང་དེ་དག་ནི་དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བའོ། །དེ་དང་དེ་དག་ནི་སེང་གེ་ལྟར་འཇིགས་ཤིང་སྐྲག་པ་དང་བྲལ་བའོ། །དེ་དང་དེ་དག་ནི་བལ་གླང་ལྟར་ཅང་ཤེས་པའོ། །དེ་དང་དེ་དག་ནི་གླང་པོ་ཆེ་ལྟར་སེམས་རབ་ཏུ་ཞི་བའོ། །དེ་དང་དེ་དག་ནི་ཁྱུ་མཆོག་ལྟར་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པའོ། །དེ་དང་དེ་དག་ནི་སྨན་པ་སྟེ། སེམས་ཅན་ཐམས་ཅད་ནད་ཐམས་ཅད་ལས་རབ་ཏུ་ཐར་བར་བྱེད་པའོ། །དེ་དང་དེ་དག་ནི་ཆོས་ཟབ་མོ་བསྟན་པ་ལ་མི་དངང་བའོ། །དེ་དང་དེ་དག་ནི་སྦྱིན་པ་ཕུན་སུམ་ཚོགས་ཤིང་ཉོན་མོངས་པ་ཐམས་ཅད་ཡོངས་སུ་གཏོང་བའོ། །དེ་དང་དེ་དག་ནི་ཚུལ་ཁྲིམས་ཡོངས་སུ་དག་ཅིང་ཞི་བ་དང་། ཞི་གནས་དམ་པའི་ཕ་རོལ་ཏུ་ཕྱིན་པའོ། །དེ་དང་དེ་དག་ནི་བཟོད་པའི་སྟོབས་དང་ལྡན་ཞིང་ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་བའོ། །དེ་དང་དེ་དག་ནི་བརྩོན་འགྲུས་ཆེ་ཞིང་བསྐལ་པ་གྲངས་མེད་པར་ཚོགས་མུ་མེད་པའི་མཐར་གཏུགས་པའོ། །དེ་དང་དེ་དག་ནི་བསམ་གཏན་ཕུན་སུམ་ཚོགས་ཤིང་དྲན་པ་དང་ལྡན་ཞིང་སེམས་རྩེ་གཅིག་པའོ། །དེ་དང་དེ་དག་ནི་ཤེས་རབ་ཆེན་པོ་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བའི་ཡེ་ཤེས་སྟོན་པ་ལ་མཁས་པའོ། །དེ་དང་དེ་དག་ནི་བསོད་ནམས་ཆེན་པོ་སྟེ་བསོད་ནམས་བརྒྱ་པའི་མཚན་གྱིས་ལེགས་པར་བརྒྱན་པའོ། །དེ་དང་དེ་དག་ནི་གཟི་བརྗིད་ཆེན་པོ་སྟེ་ཉི་མ་དང་ཟླ་བ་ཟིལ་གྱིས་གནོན་པར་བྱེད་པ་ཐོབ་པའོ། །དེ་དང་དེ་དག་ནི་མཐུ་ཆེན་པོ་ཐོབ་ཅིང་སྟོབས་བཅུའི་ཤུགས་འཛིན་པའོ། །དེ་དང་དེ་དག་ནི་སྤྲིན་ཆེན་པོ་ལྟར་ཆོས་མངོན་པར་སྒྲོག་པའོ། །དེ་དང་དེ་དག་ནི་ཆོས་ཀྱི་ཆར་ཆེན་པོ་རབ་ཏུ་འབེབས་པ་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །དེ་དང་དེ་དག་ནི་གནས་ཏེ་མྱ་ངན་ལས་འདས་པའི་གྲོང་དུ་ཞུགས་པའོ། །དེ་དང་དེ་དག་ནི་འཁོར་བའི་འཇིགས་པས་གཙེས་པ་རྣམས་ཀྱི་མགོན་ནོ། །དེ་དང་དེ་དག་ནི་སྒྲོན་མ་སྟེ་མུན་པ་མུན་ནག་དང་བྲལ་བའོ། །དེ་དང་དེ་དག་ནི་བདུད་ཀྱིས་སྐྲག་པ་རྣམས་ཀྱི་སྐྱབས་སོ། །དེ་དང་དེ་དག་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་ཏོ། །དེ་དང་དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་


DKG059_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བསྐུར་བའོ། །དེ་དང་དེ་དག་ནི་ཆོས་ཀྱི་མིག་ཐོབ་བོ། །དེ་དག་གིས་ཆོས་ཀྱི་དེ་བཞིན་ཉིད་མཐོང་ངོ་། །དེ་དག་གིས་ཆོས་ཐམས་ཅད་སྟོང་པར་ཤེས་སོ། །དེ་དག་ནི་སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པའོ། །དེ་དག་ནི་བྱམས་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའོ། །དེ་དག་ནི་སེམས་ཅན་ཐམས་ཅད་མི་གཏོང་བའོ། །དེ་དག་ནི་ཐེག་པ་དམན་པ་ལ་རྒྱབ་ཀྱིས་བལྟས་པའོ། །དེ་དག་ནི་ཐེག་པ་ཆེན་པོ་ལ་མངོན་དུ་ཕྱོགས་པའོ། །དེ་དག་གིས་ནི་ཕྱིན་ཅི་ལོག་སྤངས་སོ། །དེ་དག་ནི་མཉམ་པ་ཉིད་ལ་ཉེ་བའོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་ངེས་པ་ལ་ཞུགས་པའོ། །དེ་དག་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའོ། །དེ་དག་གིས་བདུད་ཀྱི་སྡེ་རྣམས་བཏུལ་ལོ། །དེ་དག་གིས་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་དོ། །དེ་དག་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་འགྱུར་རོ། །དེ་དག་ནི་སངས་རྒྱས་ཀྱི་བྱ་བ་བྱེད་པར་འགྱུར་རོ། །གྲོགས་པོ་དག་གང་ཆོས་འདི་ལ་ནན་ཏན་དུ་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པ་ངས་བསྐལ་པའམ། བསྐལ་པ་ལས་འདས་པར་བཤད་ཀྱང་ཆོས་འདི་ལ་ནན་ཏན་བྱེད་པའི་སྐྱེས་བུ་དམ་པ་དེ་དག་གི་བསྔགས་པའི་མཐར་མི་ཕྱིན་ཏེ། དེ་བཞིན་གཤེགས་པ་ལྟར་སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་ཕྱིར་མི་ལྡོག་པ་ཞེས་བྱ་བ་འདུས་པར་གྱུར་ཏེ་འདུག་གོ །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་ནན་ཏན་ཆོས་ཀྱི་ནན་ཏན་ཞེས་བགྱི་བ་བཅོམ་ལྡན་འདས་ཇི་ཙམ་གྱིས་ན་ཆོས་ཀྱི་ནན་ཏན་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ཆོས་ཀྱི་ནན་ཏན་ཞེས་བྱ་བ་ནི་གང་ཆོས་ཐམས་ཅད་ལ་ནན་ཏན་མེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །དེ་ཅིའི་ཕྱིར་ཞེ་ན། གང་ཆོས་རྣམས་ལ་ནན་ཏན་དུ་མི་བྱེད་དེ། དེ་ཆོས་ཐམས་ཅད་མི་བྱེད་རྣམ་པར་མི་བྱེད་དོ། །གང་མི་བྱེད་རྣམ་པར་མི་བྱེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །གང་དགེ་བ་ལའང་མི་འཇུག །མི་དགེ་བ་ལའང་མི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །དེ་བཞིན་དུ་བསྡུས་ཏེ། འཇིག་རྟེན་པ་ལའང་མ་ཡིན། འཇིག་རྟེན་ལས་འདས་པ་ལ་མ་ཡིན། ཟག་པ་དང་བཅས་པ་ལ་མ་ཡིན། ཟག་པ་མེད་པ་ལ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་


DKG059_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་མ་ཡིན། ཁ་ན་མ་ཐོ་བ་མེད་པ་ལ་མ་ཡིན། འདུས་བྱས་ལ་མ་ཡིན། འདུས་མ་བྱས་ལ་མ་ཡིན། འཁོར་བ་ལ་མ་ཡིན། མྱ་ངན་ལས་འདས་པ་ལ་མི་འཇུག་པ་འདི་ནི་ཆོས་ཀྱི་ནན་ཏན་ཞེས་བྱ་སྟེ། ཆོས་ཐམས་ཅད་ལ་ནན་ཏན་དུ་བྱ་བ་མེད་པ་འདི་ནི་ཆོས་ཀྱི་ནན་ཏན་ནོ། །ཆོས་སུ་འདུ་ཤེས་པ་ལ་ཆོས་ཀྱི་ནན་ཏན་མེད་དེ། ཆོས་འདི་ལ་ནན་ཏན་བྱའོ་ཞེས་སྤྲོ་བར་བྱེད། ནན་ཏན་དུ་མི་བྱའོ་ཞེས་སྤྲོ་བར་བྱེད་ན་མ་ཞུགས་པའོ། །ཆོས་ཐམས་ཅད་ཀྱི་རྗེས་སུ་ཞུགས་པའི་ནན་ཏན་འདི་ནི་ཆོས་ཀྱི་ནན་ཏན་ནོ། །སྤྲོས་པ་མེད་པས་གཉེན་པོ་མེད་པ་འདི་ནི་ཆོས་ཀྱི་ནན་ཏན་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་ཕྱིར་མི་ལྡོག་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཡང་དག་པའི་ནན་ཏན་འདི་ལ་ཞུགས་པ་དང་། འཇུག་པར་འགྱུར་བ་དེ་དག་ལ་ཤིན་ཏུ་ལོག་པའི་ནན་ཏན་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཤིན་ཏུ་ཡང་དག་པའི་ནན་ཏན་འདི་ལགས་ཏེ། ལོག་པའི་ལམ་དུ་ཞུགས་པ་རྣམས་ལ་ནན་ཏན་གང་ཡང་མ་མཆིས་སོ། །ཡང་དག་པའི་ལམ་ལ་གནས་པ་རྣམས་ལ་ཆོས་ཀྱི་ནན་ཏན་མ་མཆིས་སོ། །ཡང་དག་པར་ཞུགས་པ་རྣམས་ལ་ནི་མི་མཉམ་པའི་ཆོས་གང་ཡང་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཁྱད་པར་མ་མཆིས་པའོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་ལྷའི་བུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་ཁྱོད་ནན་ཏན་འདི་ལ་ཞུགས་སམ། སྨྲས་པ། ཚངས་པ་གལ་ཏེ་བཅོམ་ལྡན་འདས་ཀྱིས་ནན་ཏན་ལ་གཉིས་སུ་བཤད་པར་གྱུར་ན་བདག་ཀྱང་ནན་ཏན་འདི་ལ་ནན་ཏན་དུ་བྱེད་དོ། །ནན་ཏན་ནི་གཉིས་སུ་མེད་པ་སྟེ། དེ་ལ་གང་ནན་ཏན་བྱེད་པ་དང་། གང་ལ་ནན་ཏན་བྱེད་པ་དེ་ཡང་མེད་དོ། །གང་ཡང་ནན་ཏན་དུ་བྱེད་པ་དེ་མེད་དེ། འོན་ཀྱང་ཚངས་པ་བདག་ནི་ལྷག་པར་མི་བྱེད་པ་དང་སྒྲོ་མི་འདོགས་པའི་ཕྱིར་ནན་ཏན་འདི་ལ་ཞུགས་སོ། །ཆོས་ཉིད་ཇི་ལྟ་བར་ཆོས་ཀྱི་ནན་ཏན་ཡང་དེ་བཞིན་ཏེ། དེ་ནི་དེ་བཞིན་ཉིད་ལ་དེ་ལྟར་ཞུགས་ན་ཞུགས་པ་ཞེས་བྱའོ། །ཚངས་པས་སྨྲས་པ། ལྷའི་བུ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནི་སྔོན་ངས་མ་མཐོང་ངོ་། །སྨྲས་པ། ཚངས་པ་སངས་རྒྱས་ཀྱི་ཞིང་འདིས་ཀྱང་


DKG059_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བདག་མ་མཐོང་ངོ་། །སྨྲས་པ། སངས་རྒྱས་ཀྱི་ཞིང་འདི་ནི་བལྟའོ་ཞེའམ། མི་ལྟའོ་ཞེས་རྟོག་པའམ། རྣམ་པར་རྟོག་པ་མེད་དོ། །སྨྲས་པ། ཚངས་པ་བདག་སྔོན་མཐོང་ངོ་ཞེའམ། སྔོན་མ་མཐོང་ངོ་ཞེས་བདག་ཀྱང་མི་རྟོག་རྣམ་པར་མི་རྟོག་གོ །སྨྲས་པ། ལྷའི་བུ་སྔོན་མ་མཐོང་བ་མཐོང་བ་སུ་སྨྲས་པ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་འཕགས་པའི་ངེས་པར་འཇུག་པ་སྔོན་མ་མཐོང་ངོ་། །ཚངས་པ་ནམ་ཡང་དག་པར་ངེས་པར་ཞུགས་པ་དེ་ནི་སྔོན་མ་མཐོང་བ་མཐོང་ངོ་། །ངེས་པ་དེ་ནི་མིག་གི་རྣམ་པར་ཤེས་པས་ཤེས་པ་མ་ཡིན། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྣམ་པར་ཤེས་པས་ཤེས་པར་བྱ་བ་མ་ཡིན་ཏེ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བལྟ་བར་བྱའོ། །མིག་གི་དེ་བཞིན་ཉིད་ཇི་ལྟ་བ་དང་། རྣ་བའི་དེ་བཞིན་ཉིད་ཇི་ལྟ་བ་དང་། སྣའི་དེ་བཞིན་ཉིད་ཇི་ལྟ་བ་དང་། ལྕེའི་དེ་བཞིན་ཉིད་ཇི་ལྟ་བ་དང་། ལུས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དང་། ཡིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བལྟ་སྟེ། གང་དེ་ལྟར་མཐོང་བ་དེ་དག་ནི་ཡང་དག་པར་མཐོང་བའོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེད་དཔོན་ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་པའི་མིག་སྔར་ནི་ནོར་བུ་རིན་པོ་ཆེ་འབའ་ཞིག་གདའོ། །དེ་བཞིན་དུ་བཅོམ་ལྡན་འདས་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པའི་ཆོས་རིན་པོ་ཆེ་དང་ལྡན་པ་རྣམས་ཅི་དང་ཅི་སྤོབས་པ་དེ་དག་གིས་དེ་ཐམས་ཅད་ཆོས་རིན་པོ་ཆེ་ཉིད་དུ་སྤོབས་སོ། །དེ་ཉིད་ཡང་དག་པའི་མཐའ་ཡོངས་སུ་གསལ་བར་བགྱིད་པར་སྤོབས་སོ། །འདི་ལྟར་དེ་དག་ལ་བདག་ཏུ་མངོན་པར་ཆགས་པ་མ་མཆིས། ཆོས་སུ་མངོན་པར་ཆགས་པ་མ་མཆིས། སེམས་ཅན་དུ་མངོན་པར་ཆགས་པ་མ་མཆིས་པའི་སླད་དུའོ། །དེའི་སླད་དུ་ཇི་ལྟར་མ་ལོག་པ་དང་ཕྱིན་ཅི་མ་ལོག་པར་སྤོབས་པ་དེ་དེ་ལྟར་སྤོབས་སོ། །ཇི་ལྟར་སྔོན་གྱི་མཐའ་ཡང་སྤྱོད་པ་དང་། ཕྱི་མའི་མཐའ་ཡང་མི་དམིགས་པ་དང་། ད་ལྟར་བྱུང་བ་ལ་ཡང་དེ་ལྟ་བ་མ་མཆིས་པ་དེ་ལྟར་སྤོབས་སོ། །ཇི་ལྟར་མ་མོས་པ་རྣམས་ཀྱང་མོས་པར་བགྱིད་ལ་མོས་པ་རྣམས་ཀྱང་རྣམ་པར་འགྲོལ་བ་དེ་དེ་ལྟར་སྤོབས་སོ། །མངོན་པའི་


DKG059_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ང་རྒྱལ་ཅན་རྣམས་ཀྱང་ཚར་བཅད་པར་འགྱུར་ལ། ང་རྒྱལ་མ་མཆིས་པ་ཀུན་འཚལ་བ་ལན་ལྡོན་པ་དེ་ལྟར་སྤོབས་སོ། །ཇི་ལྟར་བདུད་ཀྱིས་གླགས་མི་རྙེད་པ་དེ་ལྟར་སྤོབས་སོ། །གང་དེ་ལྟར་ཉན་པ་དེ་དག་ཀྱང་བདུད་ཀྱི་ལས་ལས་འདས་པར་འགྱུར་རོ། །ཇི་ལྟར་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་བསྐྱེད་པ་དང་། དགེ་བའི་རྩ་བ་སྐྱེས་པ་རྣམས་ཆབ་མི་འཚལ་བ་དང་། ཉོན་མོངས་པ་སྐྱེས་པ་རྣམས་སྤོང་བ་དང་། མ་སྐྱེས་པ་རྣམས་མི་སྐྱེད་པ་དེ་ལྟར་སྤོབས་སོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་གོ་ཆ་མ་བགོས་པ་རྣམས་གོ་ཆ་འཚལ་བ་དང་། གོ་ཆ་བགོས་པ་རྣམས་མི་ལྡོག་པར་འགྱུར་བ་དེ་ལྟར་སྤོབས་སོ། །ཇི་ལྟར་དམ་པའི་ཆོས་མི་འཆད་ཅིང་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིད་པ་དེ་ལྟར་སྤོབས་སོ། །ཇི་ལྟར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དེ་ལྟར་སྤོབས་སོ། །བཅོམ་ལྡན་འདས་དེ་ལྟ་བུའི་སྤོབས་པས་ནི་མུ་སྟེགས་ཀྱི་གནས་ཐམས་ཅད་གཞོམ་པར་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཝ་ནི་སེང་གེའི་སྒྲ་བཟོད་པར་ཡང་མི་ནུས་ན་རབ་ཏུ་སྒྲོག་པར་ལྟ་ག་ལ་ནུས་ཏེ། བཅོམ་ལྡན་འདས་དེ་བཞིན་དུ་ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་བླ་ན་མེད་པ་སེང་གེའི་སྒྲ་བཟོད་པར་མི་ནུས་སོ། །དེ་ནས་ལྷའི་བུ་ཕྱིར་མི་ལྡོག་པས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ཇི་ཙམ་གྱིས་ན་སེང་གེའི་སྒྲ་ཞེས་བྱ། སྨྲས་པ། ལྷའི་བུ་ཆོས་གང་ལ་ཡང་མངོན་པར་མ་ཆགས་པར་བརྗོད་པ་དེ་དག་སེང་གེའི་སྒྲ་ཡིན་ནོ། །གང་དེ་ལྟ་བུ་ལ་མངོན་པར་ཆགས་པར་བརྗོད་པ་དེ་དག་ནི་སེང་གེའི་སྒྲ་མ་ཡིན་ཏེ་ཝའི་སྒྲའོ། །གང་ལྟ་བ་ཀུན་ཏུ་སློང་བ་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད་དོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། ལྷའི་བུ་ཁྱོད་སེང་གེའི་སྒྲ་ཇི་ལྟ་བུ་ཡིན་པ་སྤོབས་པར་གྱིས་ཤིག །སྨྲས་པ། ཀཽ་ཤི་ཀ་གང་དེ་བཞིན་གཤེགས་པ་ལ་ཡང་མངོན་པར་མ་ཆགས་པར་སྟོན་ན་ཆོས་ངན་པ་གཞན་ལྟ་ཅི་སྨོས་ཏེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ། །ཡང་དག་པའི་ནན་ཏན་ནི་སེང་གེའི་སྒྲ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ། །འདི་ནི་མགོ་གཅིག་ཏུ་བསྟན་པ་ཡིན་ཏེ། དེའི་ཕྱིར་


DKG059_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་སྒྲ་ཞེས་བྱའོ། །འདི་ནི་མི་སྐྲག་པར་བསྟན་པ་སྟེ། དེའི་ཕྱིར་སེང་གེའི་སྒྲ་ཞེས་བྱའོ། །ཀཽ་ཤི་ཀ་གང་ཆོས་ཐམས་ཅད་མི་སྐྱེ་བ་དང་། མི་འགོག་པ་དང་། མི་འཐོབ་པར་སྒོམ་པའི་ཕྱིར་ཆོས་སྟོན་པ་དེ་དག་གི་སེང་གེའི་སྒྲ་ཡིན་ཏེ། གང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ཀུན་ཏུ་སྦྱོར་བ་དང་འབྲལ་བར་བྱ་བའི་ཕྱིར་ཆོས་སྟོན་པ་དེ་དག་ལ་སེང་གེའི་སྒྲ་མེད་དོ། །ཀཽ་ཤི་ཀ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། མགོ་གཅིག་ཏུ་བསྟན་པ། ཆོས་ཐམས་ཅད་གང་ཟག་མེད་པ། བདག་མེད་པ་ཡིན་ནོ། །ཀཽ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། མགོ་གཅིག་ཏུ་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡོངས་སུ་སྟོན་པ་ནི་སེང་གེའི་སྒྲའོ། །དམ་པའི་ཆོས་བསྲུང་བའི་ཕྱིར་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ། །འདི་ལྟ་སྟེ། སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་ཕྱིར་སངས་རྒྱས་སུ་གྱུར་ཅིག་ཅེས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་སྨྲ་བ་ནི་སེང་གེའི་སྒྲའོ། །ལོངས་སྤྱོད་རུང་བ་ལ་ཆོག་ཤེས་པར་སྨྲ་བ་ནི་སེང་གེའི་སྒྲའོ། །ཀཽ་ཤི་ཀ་སེང་གེའི་སྒྲ་སེང་གེའི་སྒྲ་ཞེས་བྱ་བ་ནི་འདི་ལྟ་སྟེ། དགོན་པར་གནས་པ་དང་། ཡང་དག་པར་ལེན་པ་དང་། གཏོང་བ་སྔོན་དུ་འགྲོ་བ་ནི་སེང་གེའི་སྒྲའོ། །ཚུལ་ཁྲིམས་ཡང་དག་པར་བླངས་པ་མི་འདོར་བ་ནི་སེང་གེའི་སྒྲའོ། །མཛའ་བ་དང་མི་མཛའ་བ་ལ་སེམས་མཉམ་པ་ནི་སེང་གེའི་སྒྲའོ། །བརྩོན་པ་མི་འདོར་བ་ནི་སེང་གེའི་སྒྲའོ། །ཉོན་མོངས་པ་སྤོང་བ་ནི་སེང་གེའི་སྒྲའོ། །ཤེས་རབ་ཀྱིས་ཤིན་ཏུ་བརྟགས་པ་ནི་སེང་གེའི་སྒྲའོ། །སེང་གེའི་སྒྲ་བསྟན་པ་འདི་བཤད་པའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་སོ། །སིལ་སྙན་བརྒྱ་སྟོང་དུ་མ་མ་བརྡུངས་པར་སྒྲ་འབྱིན་ཏོ། །འཇིག་རྟེན་རྣམས་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །ལྷའི་བུ་བརྒྱ་སྟོང་ཨ་ལ་ལ་ཞེས་སྒྲ་འབྱིན་ཅིང་ཚིག་འདི་སྐད་ཅེས་སྨྲས་སོ། །ཨེ་མའོ་དེང་འདིར་ལྷའི་བུས་སེང་གེའི་སྒྲ་འདི་བསྒྲགས་པས་འཛམ་བུ་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལན་གཉིས་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་པ་དང་། ཆོས་ཉིད་ཀྱིས་འདི་ལྟར་འགྱུར་ཏེ། ནམ་སངས་རྒྱས་


DKG059_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་འོད་ཟེར་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། མཐིང་ག་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་ཞལ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ཁྱབ་པར་བྱས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་འཕགས་ཏེ་ཕྱིར་ལོག་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་མི་སྣང་བར་གྱུར་ཏོ།། །།བམ་པོ་དྲུག་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །ཡེ་ཤེས་ཀུན་མཆོག་ཕ་རོལ་ཕྱིན་ཅིང་ཐུབ་པ་ཀུན་མཁྱེན་ཀུན་ཟིལ་གནོན། །འདི་ལ་དུས་གསུམ་སེམས་ཅན་སྤྱོད་པ་སྣ་ཚོགས་ཅི་མཆིས་ཁྱོད་ཀྱིས་མཁྱེན། །གང་དེ་ཤིན་ཏུ་གྲོལ་བའི་བློ་ཡུལ་གང་ཡང་དེ་དག་བསམ་པ་རྣམས། །ལྷ་ཡི་གཙོ་བོ་ཀུན་མཁྱེན་འཛུམ་མཛད་འདི་ཡི་རྒྱུ་ནི་ལུང་བསྟན་གསོལ། །ཉན་ཐོས་རང་རྒྱལ་དགྲ་བཅོམ་དྲི་མེད་དེ་དག་གིས་ཡང་སྤྱོད་ཡུལ་མིན། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ་ཅིང་མཐའ་བྲལ་ཁྱོད་ལ་ཆགས་པ་མེད། །ཁྱོད་ཀྱིས་སེམས་ཅན་སྤྱོད་པ་སེམས་ཅན་གང་ལ་ཅི་འདྲའི་གཏམ་བརྗོད་མཁྱེན། །སྨྲ་མཆོག་ཐུབ་དཀའ་ཚིག་དབང་འཛུམ་པ་མཛད་པའི་རྒྱུ་ནི་བསྟན་པར་གསོལ། །འོད་འདི་ཤིན་ཏུ་ཡིད་འོང་སྡུག་པ་དྲི་མེད་རབ་ཏུ་རྣམ་པར་མཛེས། །ཉི་ཟླའི་འོད་དང་དེ་བཞིན་ཚངས་པ་དབང་པོའི་གཟི་ཡང་ཟིལ་གྱིས་གནོན། །དེ་བཞིན་ཁོར་ཡུག་ཁྲག་ཁྲིག་རི་རབ་དག་ཀྱང་ཤིན་ཏུ་སྣང་བགྱིས་ན། །ཅི་སླད་ཁྱོད་ཀྱིས་འཛུམ་མཛད་དེ་ཡི་རྒྱུ་ནི་རབ་ཏུ་བསྟན་པར་གསོལ། །འདོད་ཆགས་ཞེ་སྡང་དྲེགས་ལ་སོགས་པ་ཟུག་རྔུ་བྲལ་ཞིང་རབ་ཏུ་ཞི། །འཇིག་རྟེན་ལྷ་མི་ལྟོ་འཕྱེའི་ཚོགས་རྣམས་བྱམས་པས་བདག་པོ་ཁྱོད་ཞལ་ལྟ། །བདེ་གཤེགས་བལྟས་ཀྱང་མི་ངོམས་ལུས་ནི་རབ་ཏུ་སིམ་ཞིང་བདེ་བར་འགྱུར། །གང་གི་སླད་དུ་འཛུམ་པ་འདི་བསྟན་ཐུབ་པ་བདག་ཅག་རྣམས་ལ་གསུངས། །ཁྱོད་ཀྱིས་ཆོས་རྣམས་ནམ་མཁའ་ལྟ་བུར་རྟག་ཏུ་བྱེད་མེད་གསོག་ཉིད་དང་། །གློག་དང་སྤྲིན་འདྲ་སྒྱུ་མ་ལྟ་བུར་གསོབ་ཉིད་དབུ་བ་ལྟ་བུ་དང་། །རྨི་


DKG059_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཐོང་དང་ཆད་པ་སྟོང་འདྲ་ནམ་མཁའ་ཆུ་ཟླ་ལྟ་བུར་མཁྱེན། །དགེ་བ་འཛུམ་མཛད་འདི་རྒྱུ་རྣར་སྙན་གསུང་ནི་རབ་ཏུ་བརྗོད་པར་མཛོད། །འཛིན་དང་རྟོག་དང་རྣམ་རྟོག་ཀུན་དང་བྲལ་བས་སྟོང་པ་ཉིད་ལ་མོས། །བདག་པོ་ཤེས་བྱ་ཀུན་ལ་རྟོག་བྲལ་རྟག་ཏུ་མཚན་མ་མེད་ལ་དགྱེས། །ཁྱོད་ནི་སྲིད་པ་གསུམ་འདིར་གང་ལའང་མི་སྨོན་བསམ་གཏན་ཏིང་འཛིན་དགྱེས། །གང་གི་སླད་དུ་འཛུམ་པ་བསྟན་མཛད་འདྲེན་པ་འདི་ནི་ལུང་བསྟན་གསོལ། །སྐད་ལ་མི་ཆགས་སྒྲ་དང་དབྱངས་དང་ཡི་གེ་དག་ལའང་དེ་བཞིན་ཏེ། །འཇིག་རྟེན་དུ་ཡང་ཆོས་སྟོན་བློ་གཙང་བདག་དང་ཆོས་ལའང་གནས་མི་མཛད། །འདུས་པ་སོ་སོར་བདེ་གཤེགས་བདག་ལ་ཐ་དད་ཆོས་སྟོན་སྙམ་དུ་འཛིན། །ཡེ་ཤེས་རྫུ་འཕྲུལ་དབང་པོ་སྟོབས་མཆོག་རྒྱས་པ་ཤེས་རབ་མཚུངས་མེད་གསུངས། །ཁྱོད་ནི་སྡུག་བསྔལ་ཀུན་སེལ་ན་རྒ་འཆི་འཇོམས་སྨན་པའི་མཆོག་ལགས་ཏེ། །ཁྱོད་ནི་དཔའ་བོ་བདུད་ཀྱི་སྟོབས་འཇོམས་མཐུ་བོ་ཆེ་ཡི་མཐུ་དང་ལྡན། །ཁྱོད་ནི་སྐྱོབ་པ་དཔུང་གཉེན་འཇིག་རྟེན་མགོན་སྐྱབས་སྒྲོན་མ་སྣང་མཛད་པ། །ལྷ་མིན་ལྷ་དང་ཀླུས་མཆོད་འཛུམ་པ་མཛད་པའི་རྒྱུ་གང་འདིར་བསྟན་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་པ་ཁྱོད་ཀྱིས་ཕྱིར་མི་ལྡོག་པའི་ལྷའི་བུ་འདི་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ཕྱིར་མི་ལྡོག་པ་ལྷའི་བུ་འདི་བསྐལ་པ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་གཉིས་ན་འཇིག་རྟེན་གྱི་ཁམས་ལེགས་པར་སྤྲུལ་པ་ཞེས་བྱ་བར་བསྐལ་པ་ཚངས་པས་བསྟོད་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རི་རབ་སྒྲོན་མའི་རྒྱལ་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་སངས་རྒྱས་ཀྱི་ཞིང་དེ་ཡང་བཻ་དཱུཪྱ་དང་། འཛམ་


DKG059_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཆུ་བོའི་གསེར་དང་། རིན་པོ་ཆེ་གཉིས་ཀྱི་གཞིར་འགྱུར་རོ། །དེའི་བྱང་ཆུབ་སེམས་དཔའ་དགེ་འདུན་འབའ་ཞིག་འབྱུང་སྟེ་བདུད་དང་ཕྱིར་རྒོལ་བ་བཅོམ་ཞིང་དཔའ་བོ་ཤ་སྟག་གོ །སངས་རྒྱས་ཀྱི་ཞིང་དེ་ན་བཟའ་བ་དང་། བཏུང་བ་ཡང་བསམ་པ་ཙམ་གྱིས་འབྱོར་ཅིང་དགའ་ལྡན་གྱི་ལོངས་སྤྱོད་དང་འདྲ་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཚེ་དཔག་ཏུ་མེད་ཅིང་ལྟུང་བ་མེད་པའི་ཆོས་སྟོན་པར་འགྱུར། ཁྱད་པར་སེམས་ཀྱིས་སྨྲས་པ། ལྷའི་བུ་ཁྱོད་དེ་བཞིན་གཤེགས་པས་ལུང་བསྟན་ཏོ། །སྨྲས་པ། ཚངས་པ་བདག་ནི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ལུང་བསྟན་ཏོ། །སྨྲས་པ། ལྷའི་བུ་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ནི་ལུང་མི་བསྟན་ཏོ། །སྨྲས་པ། ཇི་ལྟར་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ལུང་མི་བསྟན་པ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལུང་བསྟན་པ་ཡང་དེ་ལྟར་བལྟའོ། །སྨྲས་པ། ལྷའི་བུ་དེ་འང་ད་ཁྱོད་དེ་ལྟར་དེ་བཞིན་གཤེགས་པས་ལུང་བསྟན་པས་ན་ཁྱོད་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲུང་དུ་ཚངས་པར་སྤྱད་པ་ལ་གནས་པ་ནི་དོན་མེད་པ་མ་ཡིན་ནོ། །སྨྲས་པ། ཚངས་པ་གང་གནས་མེད་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ། །སྨྲས་པ། ལྷའི་བུ་དེ་ལྟར་གང་ལ་གནས་པ་མེད་པ་དེ་ནི་ཚངས་པར་སྤྱད་པ་ལ་གནས་པ་ཡིན། སྨྲས་པ། ཚངས་པ་གང་ཁམས་གསུམ་ལ་མི་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གནས་པའོ། །ཚངས་པ་གང་ཡང་ཁམས་གསུམ་ལ་གནས་པ་དེ་ནི་ཚངས་པར་སྤྱད་པ་ལ་གནས་པ་མ་ཡིན་ནོ། །གཞན་ཡང་ཚངས་པ་གང་བདག་ལ་མི་གནས། སེམས་ཅན་དང་། སྲོག་དང་། གང་ཟག་ལ་མི་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པ་ཡིན་ཏེ། ཚངས་པ་མདོར་ན་གང་ཆོས་ཐམས་ཅད་ལ་མི་གནས་པ་དེ་ནི་ཚངས་པར་སྤྱོད་པ་ལ་གནས་པའོ། །སྨྲས་པ། ལྷའི་བུ་ཚངས་པར་སྤྱོད་པ་ལ་གནས་པ་ཞེས་བྱ་བ་དེ་གང་གི་ཚིག་བླ་དགས་ཡིན། སྨྲས་པ། ཚངས་པར་སྤྱོད་པ་ལ་གནས་ཞེས་བྱ་བ་ནི་ཚངས་པ་གཉིས་སུ་མེད་པའི་ལམ་ལ་རབ་ཏུ་གནས་པའི་ཚིག་བླ་དགས་སོ། །སྨྲས་པ། ལྷའི་བུ་ལམ་ལ་རབ་ཏུ་གནས་པ་ཡང་ཅི་ལ་རབ་ཏུ་གནས་


DKG059_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། སྨྲས་པ། ཚངས་པ་ལམ་ལ་རབ་ཏུ་གནས་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་རབ་ཏུ་གནས་པ་མེད་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་གནས་པ་མེད་པ་དང་། ལེན་པ་མེད་པ་དེ་ནི་ལམ་ལ་རབ་ཏུ་གནས་པའོ། །སྨྲས་པ། ལྷའི་བུ་ཇི་ལྟར་བསྒོམ་པ་ན་ལམ་སྒོམ་པ་ཡིན། སྨྲས་པ། ཚངས་པ་ཇི་ནས་ཀྱང་དངོས་པོ་དང་དངོས་པོ་མེད་པར་མི་ལྟུང་བ་དང་། ཆོས་གང་ཡང་དངོས་པོར་ཡང་མི་བྱེད། དངོས་པོ་མེད་པར་ཡང་མི་བྱེད་པར་སྒོམ་པ་སྟེ། དེ་ལྟར་བསྒོམ་ན་ལམ་སྒོམ་པ་ལ་བརྩོན་པ་ཡིན་ནོ། །སྨྲས་པ། ལྷའི་བུ་གང་གིས་ལམ་བསྒོམ་པར་བྱའོ། །སྨྲས་པ། ཚངས་པ་མཐོང་བས་མ་ཡིན། ཐོས་པས་མ་ཡིན། དྲན་པས་མ་ཡིན། རྣམ་པར་རིག་པས་མ་ཡིན། ཐོབ་པས་མ་ཡིན། མངོན་དུ་བྱས་པས་མ་ཡིན་ཏེ། གང་ཆོས་ཐམས་ཅད་ལ་མི་སྒོམ་པ་འདི་ནི་ལམ་སྒོམ་པའོ། །སྨྲས་པ། ལྷའི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱ། སྨྲས་པ། ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་གང་ལ་ཡང་གཅིག་པ་འམ་ཐ་དད་པར་ཡང་དག་པར་རྗེས་སུ་མི་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་ཀྱི་གོ་ཆ་སྲ་བ་བགོས་པ་ཞེས་བྱའོ། །གང་ཆོས་ཀྱི་དབྱིངས་མ་འདྲེས་པའི་ཕྱིར་ཆོས་གང་ལ་ཡང་འབྱེད་པར་མི་བྱེད་སྦྱོར་བར་མི་བྱེད་དེ། ཆོས་ཀྱི་དབྱིངས་མ་གཏོགས་པར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མི་མཐོང་བ་འདི་ནི་བྱང་ཆུབ་སེམས་དཔའི་བརྩོན་འགྲུས་རྩོམ་པའི་མཆོག་གོ །གང་ཆོས་ཐམས་ཅད་ལ་བསལ་བ་དང་བཞག་པ་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའོ། །ཚངས་པ་གང་ལ་ལུས་དང་། ངག་དང་ཡིད་ཀྱི་རྩོམ་པ་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཕྱིར་མི་ལྡོག་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཚངས་པ་ཁྱད་པར་སེམས་ལ་བཀའ་སྩལ་པ། ཚངས་པ་ལྷའི་བུ་འདི་ཇི་སྐད་སྟོན་པ་དེ་དེ་བཞིན་ནོ། །འདི་ནི་དེའི་བརྩོན་འགྲུས་རྩོམ་པའི་མཆོག་སྟེ། གང་ལུས་ཀྱི་རྩོམ་པ་ཡང་མེད། ངག་གི་རྩོམ་པ་མེད། ཡིད་ཀྱི་རྩོམ་པ་ཡང་མེད་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་གོ །ཚངས་པ་ངས་མངོན་པར་ཤེས་པ་


DKG059_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་དུས་ན་སྦྱངས་པའི་ཡོན་ཏན་ཡོ་བྱད་བསྙུངས་པ་ཐམས་ཅད་ཡང་དག་པར་བླང་བའི་བརྩོན་འགྲུས་བརྩམས་ཀྱང་དེ་བཞིན་གཤེགས་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་བཞིན་དུ་བླ་མ་རྣམས་ལ་ལྡང་བ་དང་། རིམ་གྲོ་བྱ་བ་དང་། དགོན་པར་གནས་པ་དང་། མང་དུ་ཐོས་པ་དང་། སེམས་ཅན་རྣམས་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་ཀུན་ཏུ་འགྲོ་བའི་བརྩོན་འགྲུས་བརྩམས་ཀྱང་ང་ལུང་མ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ལུས་དང་། ངག་དང་། སེམས་ཀྱི་རྩོམ་པ་ལ་རབ་ཏུ་གནས་པའི་ཕྱིར་རོ། །ཚངས་པ་ནམ་ང་ལྷའི་བུ་འདིས་ཇི་སྐད་དུ་བསྟན་པའི་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་དང་ལྡན་པར་གྱུར་པ་དེའི་འོག་ཏུ་ང་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་བྲམ་ཟེའི་ཁྱེའུ་ཁྱོད་མ་འོངས་པའི་དུས་ན་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཚངས་པ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ལུང་བསྟན་པའི་ས་མྱུར་དུ་ཐོབ་པར་འདོད་པས་བརྩོན་འགྲུས་རྩོམ་པ་འདི་ལྟ་བུ་འདི་ལྟ་སྟེ། ཆོས་ཐམས་ཅད་ལ་རྩོམ་པ་མེད་པའི་བརྩོན་འགྲུས་འདི་ལ་བརྩམ་པར་བྱའོ། །གསོལ་པ། བཅོམ་ལྡན་འདས་རྩོམ་པ་མ་མཆིས་པའི་བརྩོན་འགྲུས་དེ་གང་ལགས། བཀའ་སྩལ་པ། ཚངས་པ་གང་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་རྩོམ་པའོ། །གསོལ་པ། བཅོམ་ལྡན་འདས་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་རྩོམ་པ་གང་ལགས། བཀའ་སྩལ་པ། འདི་ལྟ་སྟེ། འདས་པའི་སེམས་ནི་ཟད། མ་འོངས་པ་ནི་མ་ཕྱིན། ད་ལྟར་བྱུང་བ་ལ་ནི་གནས་པ་མེད་ཅིང་མི་དམིགས་ཏེ། གང་ཟད་པ་དེ་ནི་དམིགས་སུ་མེད་དོ། །གང་མ་བྱིན་པ་དེ་ནི་མི་སྐྱེ་བའི་མཚན་ཉིད་དོ། །དེ་བཞིན་དུ་གང་ད་ལྟར་བྱུང་བ་དེ་ཡང་ཆོས་ཉིད་ཀྱིས་མི་གནས་སོ། །ཆོས་ཉིད་གང་ཡིན་པ་དེ་ཡང་མ་སྐྱེས་པའོ། །གང་མ་སྐྱེས་པ་དེ་ནི་འདས་པའང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གང་འདས་པའང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་ནི་རང་བཞིན་


DKG059_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །རང་བཞིན་གང་ཡིན་པ་དེ་ནི་མ་སྐྱེས་པ་སྟེ། ཚངས་པ་དུས་གསུམ་མཉམ་པ་ཉིད་དང་ལྡན་པའི་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་འདི་ནི་ལུང་བསྟན་པ་མྱུར་དུ་ཐོབ་པར་བྱེད་དོ། །ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་ཆོས་ཐམས་ཅད་གཏོང་བ་མེད་པའི་སྦྱིན་པ་ལ་མོས་སོ། །ཆོས་ཐམས་ཅད་སྲུང་བ་མེད་པའི་ཚུལ་ཁྲིམས་ལ་མོས་སོ། །ཆོས་ཐམས་ཅད་རློམ་སེམས་མེད་པའི་བཟོད་པ་ལ་མོས་སོ། །ཆོས་ཐམས་ཅད་རྩོམ་པ་མེད་པའི་བརྩོན་འགྲུས་ལ་མོས་སོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མོས་སོ། །ཆོས་ཐམས་ཅད་རྣམ་པར་མི་རྟོག་པའོ་ཞེས་ཤེས་རབ་ལ་མོས་སོ། །དེ་དེ་ལྟར་མོས་པས་ལྷག་པར་མི་བྱེད། བྲི་བར་མི་བྱེད། བྱེད་པ་མ་ཡིན། རྣམ་པར་བྱེད་པ་མ་ཡིན་ནོ། །སྦྱིན་པ་ཡང་སྦྱིན་པར་བྱེད་ལ་དེའང་རྣམ་པར་སྨིན་པ་ལ་མི་རེ་བས་སོ། །ཚུལ་ཁྲིམས་ཀྱང་སྲུང་ལ་དེའང་སྒྲོ་བཏགས་པ་མེད་པས་སོ། །བཟོད་པ་ཡང་སྒོམ་ལ་དེའང་ཕྱི་ནང་སྟོང་པ་ཉིད་ཀྱིས་སོ། །བརྩོན་འགྲུས་ཀྱང་རྩོམ་ལ་དེའང་ཡོངས་སུ་གྲུབ་པ་མེད་པས་སོ། །བསམ་གཏན་ལ་ཡང་མཉམ་པར་གཞོག་ལ་དེ་ཡང་གནས་པ་མེད་པས་སོ། །ཤེས་རབ་ཀྱང་སྒོམ་ལ་དེ་ཡང་མཚན་མ་མེད་པས་སོ། །ཚངས་པ་བྱང་ཆུབ་སེམས་དཔའ་བཟོད་པ་དེ་ལྟ་བུ་དང་ལྡན་པ་ནི་བྱ་བ་ཐམས་ཅད་ཀྱང་སྟོན་ལ་བྱ་བས་ཀྱང་མི་གོས་སོ། །དེ་མི་གོས་པས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་ཅིང་རྙེད་པས་ཀྱང་མི་འཕྲོགས། རྙེད་པ་མེད་པས་ཀྱང་མ་ཡིན། སྙན་པས་ཀྱང་མ་ཡིན། མི་སྙན་པས་ཀྱང་མ་ཡིན། སྨད་པས་ཀྱང་མ་ཡིན། བསྟོད་པས་ཀྱང་མ་ཡིན། སྡུག་བསྔལ་གྱིས་ཀྱང་མ་ཡིན། བདེ་བས་ཀྱང་མི་འཕྲོགས་སོ། །དེ་འཇིག་རྟེན་གྱི་ཆོས་ཐམས་ཅད་ལས་རྣམ་པར་འདས་ཏེ། གཉིས་སུ་དམིགས་པའི་སེམས་དང་བྲལ་ཞིང་གཉིས་སུ་མེད་པའི་ཆོས་རྟོགས་པའི་ཕྱིར་ཁེངས་པར་ཡང་མི་བྱེད། འདུད་པར་ཡང་མི་བྱེད། སྡུད་པར་ཡང་མི་བྱེད། ཁོང་ཁྲོ་བ་ཡང་མི་བྱེད། གནོད་པར་ཡང་མི་བྱེད། ཀུན་ནས་གནོད་པར་ཡང་མི་བྱེད། རློམ་སེམས་སུ་ཡང་མི་བྱེད། བག་མེད་པར་ཡང་མི་བྱེད། ཀུན་ནས་བག་མེད་པར་ཡང་མི་བྱེད་


DKG059_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ལྟ་བ་གཉིས་སུ་ལྟུང་བའི་སེམས་ཅན་རྣམས་ཀྱི་དོན་དུ་སྙིང་རྗེ་ཆེན་པོ་སྐྱེད་ནས་ཆེད་དུ་བསམ་ནས་སྲིད་པ་ཉེ་བར་ལེན་ཏེ། ཚངས་པ་གང་འདི་བདག་མེད་པའི་བཟོད་པ་རབ་ཏུ་ཐོབ་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སྐྱེ་བ་ཡོངས་སུ་འཛིན་པ་འདི་ནི་བརྩོན་འགྲུས་རྩོམ་པའི་མཆོག་ཡིན་ནོ། །བརྩོན་འགྲུས་བརྩམ་པ་བསྟན་པ་འདི་བཤད་པའི་ཚེ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བརྒྱད་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མིང་གཅིག་ཏུ་དེ་བཞིན་གཤེགས་པ་བརྩོན་འགྲུས་བརྟན་པ་ཞེས་བྱ་བར་སངས་རྒྱས་ཀྱི་ཞིང་ཐ་དད་པར་དེར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་འཁོར་དེར་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་འདུག་པར་གྱུར་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། གང་ཀླུ་ཆེན་པོ་དེ་དག་ནི་ཆར་འབེབས་ན་རྒྱ་མཚོ་ཆེན་པོར་འབེབས་ཏེ། ས་ཕྱོགས་གཞན་དུ་མ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་སྐྱེས་བུ་དམ་པ་ཀླུ་ཆེན་པོ་དང་མཚུངས་པ་འདི་དག་ཀྱང་ཆོས་ཀྱི་ཆར་འདི་འདྲ་བ་འདི་སྐྱེས་བུ་དམ་པ་མཚོ་ཆེན་པོ་རྒྱ་མཚོ་ལྟ་བུ་འདི་དག་གི་སེམས་ཀྱི་རྒྱུད་ལ་འབེབས་ཏེ། སེམས་ཅན་གཞན་དག་ལ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་ཇི་སྐད་ཟེར་བ་དེ་བཞིན་ཡིན་མོད་ཀྱི་ཀླུའི་རྒྱལ་པོ་ཆེན་པོ་དེ་དག་ལ་ནི་གང་གི་ཕྱིར་འཛམ་བུ་གླིང་འདིར་ཆར་པ་མི་འབེབས་པར་འགྱུར་བའི་སེར་སྣ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འཛམ་བུ་གླིང་གི་ཕྱོགས་ཀྱིས་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་དེ་དག་མི་བཟོད་དོ། །འོད་སྲུང་གལ་ཏེ་ཀླུ་ཆེན་པོ་དེ་དག་གིས་འཛམ་བུ་གླིང་འདིར་ཆར་ཕབ་པར་གྱུར་ན་དེས་འཛམ་བུ་གླིང་འདི་གྲོང་དང་། གྲོང་ཁྱེར་དང་བཅས། རི་དང་བྲག་དང་རི་བོར་བཅས། ཁོར་ཡུག་དང་འོབས་སུ་བཅས་པ་འདི་ལྟ་སྟེ། རྫ་མའི་ཆུས་རྒྱ་ཤུག་གི་ལོ་མ་བཏེག་པ་བཞིན་དུ་བཏེག་ནས་ཁྱེར་བར་འགྱུར་ཏེ། དེ་བས་ན་ཀླུ་ཆེན་པོ་དེ་དག་འཛམ་བུ་གླིང་འདིར་ཆར་པ་མི་འབེབས་སོ། །


DKG059_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་འདི་དག་ལ་ནི་གང་གི་ཕྱིར་སེམས་ཅན་དེ་དག་གཞན་ལ་ཆོས་ཀྱི་ཆར་པ་ཆེན་པོ་མི་འབེབས་པར་འགྱུར་བའི་ཆོས་ཀྱི་སེར་སྣ་མེད་མོད་ཀྱི་འོན་ཀྱང་འདི་དག་ཆོས་འདི་ལྟ་བུ་དག་གི་སྣོད་དུ་མ་གྱུར་ཏེ། དེ་ལྟ་བས་ན་སྐྱེས་བུ་དམ་པ་དེ་དག་རྒྱ་མཚོ་ལྟ་བུའི་བློ་མཆོག་དང་ལྡན་པ་དེ་དག་ལ་ཆོས་ཀྱི་ཆར་པ་ཆེན་པོ་འབེབས་སོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན་ཆར་པའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་བབ་པ་དེ་དག་གིས་ཀྱང་རྒྱ་མཚོ་ཆེན་པོ་བྲི་བ་ཡང་མེད། གང་བ་ཡང་མེད་དོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་བསྐལ་པ་བརྒྱད་ཆོས་ཉན་ཏམ་འཆད་ཀྱང་ཆོས་གང་ཡང་བྲི་བའམ་གང་བར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་དེར་གླིང་ཆེན་པོ་བཞིའི་ཀླུང་སྣ་ཚོགས་ནས་གང་ཆུ་འབབ་པ་དེ་དག་ཐམས་ཅད་འདི་ལྟ་སྟེ། ལན་ཚྭའི་རོར་རོ་གཅིག་པར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་རྣམ་གྲངས་སྣ་ཚོགས་སུ་ཆོས་བསྟན་པ་བཤད་པ་དག་ཐོས་མ་ཐག་ཏུ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་རོར་རོ་གཅིག་ཏུ་མོས་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་དག་པ། གཙང་བ་དྲི་མ་མེད་པ། གསལ་བ། རྙོག་པ་མེད་པ་ཡིན་ཏེ། ཆུ་རྙོག་པ་ཅན་མི་འཛིན་ཏོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་དག་པ། གཙང་བ། དྲི་མ་མེད་པ། གསལ་བ་སྟེ། གནོད་སེམས་དང་། ཞེ་སྡང་དང་། ཁྲོ་བ་དང་། འཁོན་དུ་འཛིན་པ་ཐམས་ཅད་མི་འཛིན་ཏོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་གཏིང་དཔག་དཀའ་བའོ། །དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཆོས་ཀྱི་ཚུལ་ཟབ་མོ་ལ་རབ་ཏུ་ཞུགས་ཤིང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་གཏིང་དཔག་དཀའོ། །འདི་ལྟ་སྟེ་དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཆུ་ཚད་མེད་ཅིང་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་པའོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཤེས་རབ་ཚད་མེད་ཅིང་ཆོས་རིན་པོ་ཆེའི་ཚོགས་དཔག་ཏུ་མེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱི་དབྱིངས་སོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་མངོན་པར་བསྒྲུབ་པ་སྣ་ཚོགས་ཀྱིས་ཆོས་རིན་པོ་ཆེ་ཚད་མེད་པའི་དབྱིངས་སོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན།


DKG059_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེན་པོའི་ནང་ནས་རིན་པོ་ཆེ་ཁ་ཅིག་རིན་ཐང་ཡོད་པ་དང་། ཁ་ཅིག་རིན་ཐང་མེད་པ་དང་། ཁ་ཅིག་མཆིང་བུ་ལྟ་བུ་དང་རྣམ་པ་གསུམ་འབྱུང་སྟེ། འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་སེམས་ཅན་གྱི་དབང་པོ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་ན་ཡང་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། གང་འོག་མ་ཐེག་པ་ཆེན་པོ་ལ་སེམས་ཀྱི་རྒྱུད་རྣམ་པར་འགྲོལ་ལོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གཅིག་གི་ཆེད་དུ་མི་གནས་སོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་སེམས་ཅན་གཅིག་གི་དོན་དུ་བྱང་ཆུབ་ཏུ་སེམས་མི་སྐྱེད་དོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་མཐར་གྱིས་གཞོལ། མཐར་གྱིས་འབབ། མཐར་གྱིས་བབ་པའོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་གཞོལ། ཐམས་ཅད་མཁྱེན་པ་ཉིད་དུ་འབབ། ཐམས་ཅད་མཁྱེན་པ་ཉིད་དུ་བབ་པའོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་ལྷན་ཅིག་མི་གནས་སོ། །སེར་སྣ་དང་། ངང་ཚུལ་ངན་པའི་སེམས་དང་། གནོད་སེམས་དང་། ལེ་ལོའི་སེམས་དང་། བརྗེད་ངས་པ་དང་། འཆལ་པའི་ཤེས་རབ་ཀྱི་སེམས་དང་ལྷན་ཅིག་མི་གནས་སོ། །བདག་དང་། སེམས་ཅན་དང་། སྲོག་དང་། གང་ཟག་དང་། སྐྱེས་བུར་ལྟ་བ་དང་ལྷན་ཅིག་མི་གནས་སོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། བསྐལ་པས་སྲེག་པར་གྱུར་པའི་ཚེ། ཀླུང་དང་། ཆུ་བྲན་དང་། ཆུ་མིག་དང་། མཚེའུ་དང་། རྫིང་བུ་དང་། མཚོ་ཐམས་ཅད་སྔར་སྐམ་པར་འགྱུར་ཏེ། ཕྱིས་རྒྱ་མཚོ་ཆེན་པོ་ཟད་ཅིང་བསྐམས་པར་འགྱུར་རོ། །འོད་སྲུང་དེ་བཞིན་དུ་དམ་པའི་ཆོས་ནུབ་པར་འགྱུར་བའི་ཚེ་ཉི་ཚེ་བར་སྤྱོད་པ་ལ་ཞུགས་པའི་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་སྔར་ནུབ་པར་འགྱུར་ཏེ། ཕྱིས་སྐྱེས་བུ་དམ་པ་བློ་གྲོས་རྒྱ་མཚོ་ལྟ་བུ་སངས་རྒྱས་ཀྱི་ཐེག་པ་ཡང་དག་པར་འཛིན་པ་དེ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་འགྱུར་ཏེ། ཡང་འོད་སྲུང་སྐྱེས་བུ་དམ་པ་དེ་དག་ནི་སྲོག་ཀྱང་ཡོངས་སུ་གཏོང་བར་བྱེད་ཀྱི་དམ་པའི་ཆོས་ཡོངས་སུ་གཏོང་བར་མི་བྱེད་


DKG059_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ན། འོད་སྲུང་སྐྱེས་བུ་དམ་པ་དེ་ལྟ་བུ་དག་གི་ལག་ནས་དམ་པའི་ཆོས་ནུབ་པར་འགྱུར་བ་ཡོད་དམ། དེ་དག་གི་དམ་པའི་ཆོས་ནུབ་པར་ཁྱོད་ཀྱིས་མི་བལྟའོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ནོར་བུ་རིན་པོ་ཆེ་རིན་པོ་ཆེ་ཐམས་ཅད་འདུས་པ་ཞེས་བྱ་བ་རྡོ་རྗེ་ཚོགས་ཀྱི་ནོར་བུ་རིན་པོ་ཆེ་ཆེན་པོ་ཞིག་ཡོད་དེ། དེ་ཉི་མ་བདུན་ཤར་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་འོད་ཟེར་བྱུང་ཡང་རིན་པོ་ཆེ་དེ་ཚིག་པར་མི་འགྱུར་ཏེ། གང་འཇིག་རྟེན་གྱི་ཁམས་ཀྱི་བར་གྱི་སངས་རྒྱས་ཀྱི་ཞིང་གཞན་དག་ན་རྒྱ་མཚོ་ཆེན་པོ་ཡོད་པ་དེར་ནོར་བུ་རིན་པོ་ཆེ་དེ་དེར་འཕོ་བར་འགྱུར་ཏེ། འོད་སྲུང་གང་ནོར་བུ་རིན་པོ་ཆེ་དེ་རྒྱ་མཚོ་ཆེན་པོ་ལས་གཞན་དུ་མ་འཕོས་པ་དང་། འཇིག་རྟེན་གྱི་ཁམས་འདིར་ཚིག་པར་མི་འགྱུར་བ་དེ་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། དེ་ནི་གནས་མེད་དོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་ལྟ་བུ་དེ་དག་ཀྱང་དམ་པའི་ཆོས་ཡོངས་སུ་ཟད་པར་འགྱུར་ཏེ། འཇིག་རྟེན་གནས་པར་དམ་པ་མ་ཡིན་པའི་ཆོས་བདུན་བྱུང་བའི་ཚེ་སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་རོ། །བདུན་གང་ཞེ་ན། འདི་ལྟ་སྟེ། མུ་སྟེགས་ཅན་གྱི་གནས་དང་། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་། ལོག་པའི་སྦྱོར་བ་དང་། གཅིག་ལ་གཅིག་འཚེ་བའི་སྦྱོར་བ་དང་། ལྟ་བར་གྱུར་པའི་ཐིབ་པོ་དང་། དགེ་བའི་རྩ་བ་འཇོམས་པར་བྱེད་པ་དང་། མ་ཐོབ་ཅིང་མངོན་པར་མ་རྟོགས་པ་སྟེ། དམ་པ་མ་ཡིན་པའི་ཆོས་བདུན་པོ་དེ་དག་འཇིག་རྟེན་གནས་པར་བྱུང་བ་དེ་ན་སེམས་ཅན་རྣམས་སྣོད་མ་ཡིན་པར་ཤེས་ནས་སྐྱེས་བུ་དམ་པ་དེ་དག་སངས་རྒྱས་ཀྱི་ཞིང་གཞན་དུ་འཕོ་བར་འགྱུར་ཏེ། སངས་རྒྱས་མཐོང་བ་དང་། དམ་པའི་ཆོས་མཉན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངས་སུ་འབར་བ་དང་ཡང་མི་འབྲལ་བར་འགྱུར་རོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལ་བརྟེན་ཅིང་སེམས་ཅན་ཚད་མེད་པ་དག་གནས་སོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་བརྟེན་ཅིང་སེམས་ཅན་ཚད་མེད་པ་དག་ཕུན་སུམ་ཚོགས་པ་གསུམ་ལ་གནས་སོ། །གསུམ་གང་ཞེ་ན། ལྷའི་ཕུན་སུམ་ཚོགས་པ་དང་། མིའི་ཕུན་སུམ་ཚོགས་པ་དང་། མྱ་ངན་ལས་འདས་པའི་ཕུན་སུམ་ཚོགས་པའོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་


DKG059_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ཆེན་པོ་ནི་སེམས་ཅན་དག་གིས་བཏུང་བར་མི་ནུས་སོ། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་གིས་གང་ཆོས་བསྟན་པ་དེ་དག་ཀྱང་ཕ་རོལ་གྱི་རྒོལ་བ་རྣམས་ཀྱིས་བཏུང་བར་མི་ནུས་སོ། །འོད་སྲུང་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་གནས་པ་དེ་དག་ནི་ཆུ་གཞན་མི་ཚོལ་གྱི་དེ་ཉིད་ལ་འཐུང་ངོ་། །འོད་སྲུང་དེ་བཞིན་དུ་སྐྱེས་བུ་དམ་པ་དེ་དག་ཀྱང་གཞན་གྱི་ངོར་ལྟ་བས་ཆོས་ཀྱི་རོ་མི་འཐུང་གི། རང་བྱུང་གི་ཡེ་ཤེས་ཀྱི་ཆོས་ཀྱི་རོ་འཐུང་ངོ་། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོའི་གཏིང་ངམ་ཚད་གཟུང་བ་ནི་ནུས་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྐྱེས་བུ་དམ་པ་དེ་དག་གི་གཏིང་ངམ་ཚད་གཟུང་བ་ནི་མི་ནུས་ཏེ། དེ་བས་ན་སྐྱེས་བུ་དམ་པ་དེ་དག་སེམས་ནམ་མཁའ་དང་མཚུངས་ཞེས་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་སྲུང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ཀྱི་གཏིང་ངམ་ཚད་ནི་གཟུང་བར་ནུས་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱི་སྐྱེས་བུ་དམ་པ་བློ་གྲོས་མཆོག་རྒྱ་མཚོ་ལྟ་བུ་དང་ལྡན་པ་དེ་དག་གི་གཏིང་ངམ་ཚད་གཟུང་བ་ནི་མི་ནུས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཇི་ལྟར་ཆོག་མི་ཤེས་པར་ཆུ་ཆེན་གཏེར། །འབབ་ཆུ་ཐམས་ཅད་ཀུན་གྱི་ཆུ་ཚོལ་བ། །དེ་བཞིན་དེ་རྣམས་འདི་ལ་ཆོས་ཚོལ་ཀྱང་། །རྟག་པར་ཆོས་ཀྱིས་ཆོག་པར་འགྱུར་བ་མེད། །ཇི་ལྟར་ཇི་སྙེད་ཆུ་མང་རབ་བསྡུས་ཀྱང་། །འདི་ལ་རྒྱ་མཚོ་འགྲིབས་ཤིང་གང་འགྱུར་མེད། །དམ་པའི་ཆོས་ཐོས་ནས་ཀྱང་ཆོས་ཀྱི་དབྱིངས། །ཤིན་ཏུ་འཕེལ་ཤིང་འགྲིབ་པ་མཐོང་བ་མེད། །ཇི་ལྟར་དྲི་མེད་རྒྱ་མཚོ་ཆུ་སྡུད་ཀྱང་། །རྙོག་པ་ཅན་གྱི་འབབ་ཆུ་དེར་མི་འབབ། །དེ་བཞིན་ཐུབ་མཁས་སྤྱད་པ་སྤྱོད་པ་ཡང་། །དེ་དག་རྣམ་དག་ཉོན་མོངས་མི་སྡུད་དོ། །ཇི་ལྟར་རྒྱ་མཚོ་ཆེན་པོ་ལུས་འཆང་བས། །ཟབ་ཅིང་གཏིང་ཡངས་པས་ན་མི་དཔོགས་པ། །དེ་བཞིན་ཡོན་ཏན་རྒྱ་མཚོ་ཡེ་ཤེས་ཀྱང་། །ཕ་རོལ་རྒོལ་བ་


DKG059_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་དཔག་མི་ནུས། །ཇི་ལྟར་རྒྱ་མཚོར་འབབ་པའི་འབབ་ཆུ་རྣམས། །རྣམ་པ་སྣ་ཚོགས་དག་ཀྱང་རོ་གཅིག་འགྱུར། །དེ་བཞིན་རྣམ་པ་སྣ་ཚོགས་ཆོས་ཐོས་ནས། །དེ་དག་རྣམ་པར་གྲོལ་བར་རོ་གཅིག་འགྱུར། །ཇི་ལྟར་ཆུ་འཛིན་རྒྱ་མཚོ་ཆེན་པོ་ནི། །སྐྱེ་བོ་གཅིག་གི་དོན་ཕྱིར་མི་གནས་ཏེ། །དེ་བཞིན་བྱང་ཆུབ་ཏུ་ཡང་ཞུགས་པ་དག །དེ་དག་འགྲོ་བ་ཀུན་ལ་ཕན་ཕྱིར་ཞུགས། །ཇི་ལྟར་རྒྱ་མཚོ་རིན་ཆེན་དབྱིངས་ཡིན་ཞིང་། །དེ་ལ་གནས་ནས་ནོར་བུ་རིན་ཆེན་འབྱུང་། །དེ་བཞིན་རིན་ཆེན་འབྱུང་གནས་སེམས་ཅན་མཆོག །དེ་དག་ལས་ནི་རིན་ཆེན་གསུམ་འདིར་འབྱུང་། །ཇི་ལྟར་རྣམ་པར་མི་རྟོག་རྒྱ་མཚོ་ན། །རྟག་པར་རིན་ཆེན་རྣམ་པ་གསུམ་འབྱུང་སྟེ། །དེ་བཞིན་དེ་དག་ཆོས་རྣམས་སྟོན་པ་ཡང་། །ཐེག་པ་གསུམ་གྱིས་སེམས་ཅན་དག་པར་འགྱུར། །ཇི་ལྟར་འབབ་པ་དང་ནི་འགྲམ་ཉིད་ནས། །རྒྱ་མཚོ་ཆེན་པོ་མཐར་གྱིས་གཞོལ་བ་ལྟར། །དེ་བཞིན་སེམས་ཅན་མཆོག་རྣམས་ཀུན་མཁྱེན་གཞོལ། །སེམས་ཅན་རབ་ཏུ་དགྲོལ་ཕྱིར་རྟག་ཏུ་བརྩོན། །ཇི་ལྟར་རྒྱ་མཚོ་རོ་དང་མི་གནས་ཏེ། །དེ་དག་གི་ནི་མ་འདྲེས་ཆོས་འདི་ཡིན། །དེ་བཞིན་བྱང་ཆུབ་མཆོག་ལ་ཞུགས་པ་ཡང་། །དམན་པའི་ཐེག་པ་དང་ནི་གནས་མི་བྱེད། །ཇི་ལྟར་རྒྱ་མཚོ་ལས་བྱུང་རིན་ཆེན་ནི། །རིན་ཆེན་སྡུད་ཅེས་བྱ་བ་སྲ་བསྔགས་པ། །སྲེག་པའི་བསྐལ་པ་བྱུང་ཡང་མི་ཚིག་སྟེ། །དེ་ཡང་འཇིག་རྟེན་འཇིག་ཚེ་གཞན་དུ་འགྲོ། །དེ་བཞིན་དྲི་མ་མེད་པའི་ཆོས་འཇིག་ཚེ། །བརྩོན་འགྲུས་མཆོག་ལྡན་དེ་དག་འབད་ཅིང་འཛིན། །སྣོད་མིན་འཇིག་རྟེན་ཆོས་མིན་འདོད་རིག་ནས། །མཁས་པ་རྒྱལ་བ་གཞན་གྱི་དྲུང་དུ་འགྲོ། །ནམ་ཞིག་སྲེག་པའི་བསྐལ་པ་བྱུང་གྱུར་ཏེ། །ཆུ་མིག་མཚོ་དང་ལྟེང་ཀ་སྐམ་པར་འགྱུར། །རྒྱ་མཚོ་འདིར་ནི་ཕྱིས་ནས་སྐམ་པར་འགྱུར། །སྟོང་གསུམ་ཆེན་པོ་འདི་ཡང་རབ་ཏུ་འཇིག །ཉི་ཚེའི་སྤྱོད་ལ་ཉེ་བར་གནས་པ་ཡི། །འདི་ལ་མཆོག་ཏུ་བྱ་བའི་ཆོས་ནུས་པ། །དེ་ཚེ་འདིར་ནི་སེམས་ཅན་མཆོག་ཆོས་འདི། །ལུས་དང་སྲོག་ཀྱང་བོར་ནས་སྲུང་བར་བྱེད། །བདེ་གཤེགས་འདས་ནའང་རྟག་པར་བག་མེད་པས། །དེ་དག་རྣམས་ལ་ཆོས་འདི་མི་འཇིག་གོ །དེ་ལྟར་དེ་རྣམས་བསམ་པའང་རྣམ་པར་དག །ཆོས་ལ་གནས་ཤིང་སྤྱོད་པ་རྟག་པར་སྤྱོད། །ཇི་ལྟར་རྒྱ་མཚོ་


DKG059_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཚད་མེད་གནས། །སེམས་ཅན་གཅིག་གི་དོན་དུ་མི་འཇུག་པ། །དེ་བཞིན་འཇིག་རྟེན་ཐམས་ཅད་རྣམ་གྲོལ་ཕྱིར། །གྲགས་པ་ཆེན་པོ་འདི་དག་རབ་ཏུ་འཇུག །འཇིག་རྟེན་ཁམས་འདི་རྒྱ་མཚོ་ཇི་སྙེད་པ། །མ་ལུས་པར་ནི་ཚད་རྣམས་ཤེས་རུང་ཡང་། །རྒྱལ་བ་དེ་དག་ཀུན་གྱི་སྤྱོད་པ་ནི། །དགྲ་བཅོམ་རང་རྒྱལ་དག་གིས་ཤེས་མི་ནུས། །མ་ལུས་ཕྱོགས་ཀྱི་ནམ་མཁའི་དབྱིངས་རྣམས་ཀྱང་། །མཆོག་རྣམས་ཀྱི་ནི་ཚད་གཟུང་ནུས་སྲིད་ཀྱི། །ནམ་མཁའ་བས་ཀྱང་ལྷག་པ་དེ་དག་གི །ཡེ་ཤེས་ཚད་ནི་ནམས་ཀྱང་གཟུང་མི་ནུས། །བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟུལ་བརྟན་ཞིང་། །གང་དག་འཇིག་རྟེན་མ་ལུས་དགྲོལ་བའི་ཕྱིར། །རྒྱ་ཆེ་ཡངས་པའི་སེམས་རབ་གཞོལ་བྱས་པ། །འོད་སྲུང་དེ་དང་མཚུངས་མེད་ག་ལ་ལྷག །དེ་དག་རིན་ཆེན་འབྱུང་གནས་རྒྱ་མཚོ་འདྲ། །དེ་དག་བསོད་ནམས་ཡིན་ལ་བསོད་ནམས་ཞིང་། །དེ་དག་དཔྱད་པའི་རྒྱལ་པོ་སྨན་པའི་མཆོག །སེམས་ཅན་ཡུན་རིང་ན་བ་ཐར་བར་བྱེད། །དེ་དག་གནས་ཡིན་སྐྱབས་དང་དཔུང་གཉེན་ཏེ། །སྐྱོབ་པ་སྒྲོན་མ་དེ་བཞིན་འོད་བྱེད་པ། །སྐྱེ་བོ་ལྡོངས་པ་རྣམས་ཀྱི་མིག་སྐྱེད་པ། །དེ་ཐོབ་པས་ན་དེ་དག་བདུད་རྩི་ཐོབ། །དེ་དང་དེ་དག་ཆོས་ཀྱི་རྒྱལ་མཆོག་འབར། །དེ་རྣམས་བརྒྱ་བྱིན་དོན་མང་སེམས་པ་སྟེ། །ཚངས་པ་བསམ་གཏན་བཞི་ལ་གནས་པ་ཡིན། །དེ་དག་ཚངས་པའི་ཆོས་ཀྱི་འཁོར་ལོ་བསྐོར། །དེ་དག་དེད་དཔོན་མཁས་པ་འདྲེན་པ་སྟེ། །ལོག་པའི་ལམ་དུ་གནས་ལ་ལམ་སྟོན་པ། །དེ་དང་དེ་དག་བདུད་འཇོམས་དཔའ་བོ་སྟེ། །སེམས་ཅན་དམ་པ་བྱང་ཆུབ་སྙིང་པོར་གནས། །དེ་དག་ཆོས་དཀར་ཚད་མེད་ཟླ་བ་བཞིན། །དེ་དག་འོད་ཟེར་མངོན་འཕགས་ཉི་མ་འདྲ། །སྤྲིན་ལྟ་བུར་ཡང་ཚད་མེད་བློ་སྒྲོགས་ཤིང་། །འཇིག་རྟེན་གསུམ་ན་བདུད་རྩིའི་ཆར་པ་འབེབས། །དེ་དག་སེང་གེ་ལྟ་བུར་འཇིགས་སྐྱོན་མེད། །གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བའི་སེམས། །དེ་དག་རི་རབ་རི་བོ་འདྲ་མཚུངས་ཏེ། །དེ་དག་ཕ་རོལ་རྒོལ་བས་མི་ཐུབ་བོ། །དེ་དག་རྣམ་པར་དང་བ་ཆུ་བཞིན་ཏེ། །རྟག་ཏུ་བསྙེན་པར་དཀའ་བ་མེ་དང་འདྲ། །དེ་དག་རླུང་ལྟར་རྟག་ཏུ་ཆགས་མེད་ཅིང་། །ས་དང་འདྲ་བར་ཐ་བ་རབ་ཏུ་སྤངས། །གནོད་སེམས་ང་རྒྱལ་ཐ་བ་ཕྲག་དོག་བྲལ། །དེ་དག་རྩི་ཡི་ཤིང་ལྟར་


DKG059_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མེད། །འཇིག་རྟེན་ཆོས་རྣམས་བརྒྱད་པོས་མ་གོས་ཤིང་། །དེ་དག་ཚུལ་ཁྲིམས་རྣམ་དག་པད་མ་བཞིན། །དེ་དག་ཨུ་དུམ་བཱ་རའི་མེ་ཏོག་ལྟར། །དགེ་ཞིང་བསྐལ་པ་བྱེ་བར་སྒྲ་ཐོས་དཀའ། །དེ་དག་རྐང་གཉིས་གཙོ་ལ་བྱས་པ་གཟོ། །དེ་དག་སངས་རྒྱས་རིགས་ལ་གནས་པར་བརྩོན། །དེ་དག་སྙིང་རྗེ་ཆེ་ཞིང་བརྟུལ་ཞུགས་བརྟན། །བྱམས་ལ་གནས་དང་དགའ་ལ་མངོན་པར་འཕགས། །འདོད་པའི་ཡོན་ཏན་ལྔ་ལ་བཏང་སྙོམས་ཞིང་། །རྟག་ཏུ་རྒྱལ་བ་དག་གི་ནོར་རྣམས་ཚོལ། །དེ་དང་དེ་དག་སྦྱིན་པས་ཁྱད་པར་སོང་། །ཡེ་ཤེས་ཚུལ་ཁྲིམས་ལ་ཡང་རབ་ཏུ་གནས། །དེ་དག་བཟོད་པའི་སྟོབས་ཀྱིས་གཅིག་ཏུ་དཔའ། །བརྩོན་འགྲུས་རགས་ཤིང་རྟག་ཏུ་མཐུ་དང་ལྡན། །དེ་དག་བསམ་གཏན་མངོན་པར་ཤེས་ལ་མཁས། །དེ་དག་ཚད་མེད་ཞིང་དུ་འཕྲུལ་གྱིས་འགྲོ། །ཐུབ་པ་དམ་མཆོག་ལ་ཡང་ཆོས་ཉན་ཅིང་། །ཇི་ལྟར་ཐོས་པ་དག་ཀྱང་སྟོན་པར་བྱེད། །ཇི་ལྟར་འདི་མོས་རྣམ་པར་འགྲོལ་བ་ཡང་། །སྐྱེ་བོ་དག་གི་སྤྱོད་པ་དེ་དག་ཤེས། །ཇི་ལྟར་མོས་པ་མཁས་ཤིང་རྟོགས་པ་སྟེ། །ནན་ཏན་སྙིང་པོར་བྱེད་ཅིང་མུ་སྟེགས་ཐོབ། །འདི་རྣམས་ཚོགས་པ་ལས་ནི་འདི་སྐྱེ་ཞེས། །དེ་དང་དེ་དག་ཆོས་ཀུན་རབ་ཏུ་ཤེས། །དེ་དག་རྐྱེན་ལ་མཁས་ཤིང་རྟོག་པ་སྟེ། །མཐའ་གཉིས་ལྟ་བ་སྤངས་ཤིང་མཉམ་ལ་དགའ། །ཆོས་འདི་གང་ནས་འོངས་ཤིང་གར་འགྲོ་ཞིང་། །དེ་དག་ཆོས་ལ་ཚུལ་བཞིན་རྣམ་པར་ལྟ། །ཆོས་ཀུན་འོང་བ་མ་ཡིན་བྱུང་བ་ཡིན། །གནས་པ་ཆོས་ཉིད་མཚུངས་པར་རབ་ཏུ་ཤེས། །ཇི་ལྟ་ཇི་ལྟར་འདུས་བྱས་བརྫུན་དུ་མཐོང་། །དེ་ལྟ་དེ་ལྟར་སྙིང་རྗེ་ཅན་དུ་འགྱུར། །མི་བདེན་ཉོན་མོངས་སྐྱེ་བོ་སྡུག་བསྔལ་ཏེ། །དེ་དག་ཐར་བར་བྱ་ཕྱིར་སྤྱད་པ་སྤྱོད། །ང་དང་ང་ཡི་ཞེས་ནི་རྣམ་བརྟག་ནས། །བྱིས་པ་མི་མཉམ་པ་ལ་བརྩོན་པས་སྤྱོད། །ཆོས་དེ་ཡང་དག་མ་ཡིན་ཤེས་ནས་ནི། །ལྟ་བ་སྤངས་པའི་ཕྱིར་ནི་ཆོས་ལ་སྤྱོད། །བདག་མེད་བདག་ཏུ་མི་སྡུག་སྡུག་པར་ཏེ། །སྡུག་བསྔལ་བདེ་བར་མི་རྟག་རྟག་པར་ཡང་། །སེམས་ལོག་སོ་སོའི་སྐྱེ་བོ་རྣམས་ལ་ནི། །འཁོར་བའི་སྔོན་གྱི་མཐའ་ཡང་ཡོད་མ་ཡིན། །དེ་དག་ལོག་པའི་སྦྱོར་བ་དེ་ཤེས་ནས། །འདི་ལ་སེམས་ཅན་མེད་དང་གང་ཟག་མེད། །གང་ལ་བདག་སྡུག་རྟག་བདེ་མེད་པ་ཡིན། །ཡང་དག་སྦྱོར་བ་ལ་ཡང་རྣམ་པར་


DKG059_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ། །འོད་སྲུང་དེ་ཡི་ཡོན་ཏན་འདི་བརྗོད་པ། །ས་ཡི་རྡུལ་ཕྲན་ཇི་བཞིན་ཕྱོགས་ཙམ་སྟེ། །བྱང་ཆུབ་སེམས་དཔའ་དེ་ཡི་སྤྱོད་ཡུལ་གང་། །དེ་དག་ཡེ་ཤེས་བསྔགས་པ་མཐའ་ཡས་སོ། །སྟོང་གསུམ་འཇིག་རྟེན་མཆོད་པ་ཅི་ཡོད་པ། །ཀུན་གྱིས་བྱང་ཆུབ་སེམས་དཔའ་དེ་ལ་མཆོད། །དེ་ལས་ལྷག་པར་ཡང་ནི་མཆོད་འོས་ཏེ། །རྒྱལ་བའི་ཐུགས་སྲས་དག་ནི་ཕྱིར་མི་ལྡོག །གང་རྣམས་སངས་རྒྱས་འགྱུར་བར་བརྩོན་ལྡན་པ། །དེ་དག་གིས་ནི་ང་དང་མ་བྱོན་དང་། །གང་ཡང་མྱ་ངན་འདས་པའི་རྒྱལ་བ་དང་། །མ་ལུས་ཕྱོགས་བཞུགས་རིམ་གྲོར་བྱས་པར་འགྱུར། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅི་ནས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་ཕྱི་མའི་དུས་ཕྱི་མའི་ཚེ་ལྔ་བརྒྱ་ཐ་མ་ལ་རབ་ཏུ་སྤྱོད་པ་དང་། རྒྱས་པར་འགྱུར་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གསོལ་བ་ཐོབ་ཤིག །དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་དེ་ཇི་སྙམ་དུ་སེམས། ཆོས་ཀྱི་རྣམ་གྲངས་འདི་ལ་ཆོས་གང་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པར་བྱ་བའི་ཆོས་གང་ཡང་དེ་བཞིན་གཤེགས་པས་ཡོངས་སུ་བསྟན་ཏམ། སྨྲས་པ། འཇམ་དཔལ་དེ་ནི་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ཚངས་པ་དེ་ལྟ་བས་ན་འདི་ལ་བརྗོད་པ་མེད་པས་ན་ཆོས་ཐམས་ཅད་བྱིན་གྱིས་མ་བརླབས་པ་སྟེ། དེ་ནི་ནུབ་པར་མི་འགྱུར་ཞིང་བསྲུང་བར་བྱ་བ་མ་ཡིན་ནོ། །ཚངས་པ་གང་ཆོས་གང་ལ་ཡང་བྱིན་གྱིས་བརླབས་པར་འདོད་པ་དེ་ནི་ནམ་མཁའ་བྱིན་གྱིས་བརླབས་པར་འདོད་དོ། །ཚངས་པ་བྱང་ཆུབ་སེམས་དཔའ་གང་ཆོས་གང་ཡང་ཁས་ལེན་ན་དེ་ནི་ཆོས་སྨྲ་བ་དེ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སྨྲ་བ་ཐམས་ཅད་ལས་ཕྱིར་ལྡོག་པ་ནི་རྩོད་པ་མེད་པ་ལྷུར་བྱེད་པ་མ་ཡིན་ནོ། །ཚངས་པ་བྱང་ཆུབ་སེམས་དཔའ་གང་དག་འདི་སྙམ་དུ་འཁོར་འདིར་ཆོས་བསྟན་ཏོ་སྙམ་དུ་སེམས་ན་དེ་དག་ལ་ཆོས་ཐོས་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཐོས་པ་མེད་པ་ནི་ཆོས་ཐོབ་པའོ། །སྨྲས་པ། འཇམ་དཔལ་


DKG059_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་མེད་པ་ནི་ཆོས་ཐོས་པའོ། །ཞེས་བྱ་བ་ཅི་ལས་བསམས་ཏེ་དེ་སྐད་ཟེར། སྨྲས་པ། ཚངས་པ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱིས་ཐོས་པ་མེད་པ་ནི་ཆོས་ཐོས་པ་སྟེ། གང་སྐྱེ་མཆེད་དེ་དག་ནི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་དང་། ཆོས་ལ་མི་འཛིན་པ་དེ་དག་ནི་ཆོས་ཐོས་པའོ། །དེ་ནས་འཁོར་དེ་ནས་ལྷའི་བུ་སྟོང་ཕྲག་སུམ་ཅུ་རྩ་གཉིས་དང་། དགེ་སློང་སྟོང་ཕྲག་ལྔ་དང་། དགེ་སློང་མ་སུམ་བརྒྱ་དང་། དགེ་བསྙེན་བརྒྱད་བརྒྱ་དང་། དགེ་བསྙེན་མ་བརྒྱད་བརྒྱ་དེ་དག་ཐམས་ཅད་ཀྱིས་འཇམ་དཔལ་གྱིས་བསྟན་པ་འདི་ཐོས་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་སྟེ། ཚིག་ཀྱང་འདི་སྐད་དུ་འཇམ་དཔལ་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། ཐོས་པ་མེད་པ་ནི་ཆོས་ཐོས་པའོ་ཞེས་འཛེར་ཏོ། །དེ་ནས་ཚངས་པ་ཁྱད་པར་སེམས་ཀྱིས་བཟོད་པ་རབ་ཏུ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་སམ། སྨྲས་པ། ཚངས་པ་ཐོས་པ་མེད་པའི་ཚུལ་གྱིས་ཐོས་སོ། །སྨྲས་པ། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་ཤེས། སྨྲས་པ། ཇི་ལྟར་ཤེས་པ་མེད་པ་དང་། རྣམ་པར་ཤེས་པ་མེད་པ་དེ་ལྟར་རོ། །སྨྲས་པ། ཁྱེད་ཀྱིས་ཆོས་གང་རབ་ཏུ་ཐོབ་པས་བཟོད་པ་རབ་ཏུ་ཐོབ་པར་འགྱུར། །སྨྲས་པ། ཆོས་ཐམས་ཅད་རབ་ཏུ་ཐོབ་པ་མེད་པའི་ཕྱིར་རོ། །སྨྲས་པ། ཆོས་ཀྱི་རྣམ་གྲངས་འདི་ཇི་ལྟར་རྟོགས་པར་བྱ། སྨྲས་པ། རྟོགས་པར་བྱ་བ་མེད་པའི་ཚུལ་གྱིས་སོ། །སྨྲས་པ། ཆོས་བསྟན་པ་འདི་ཁྱེད་ཀྱི་མངོན་སུམ་ཡིན་ནམ། སྨྲས་པ། ཚངས་པ་ཆོས་ཐམས་ཅད་བདག་དང་གཞན་མེད་པའི་ཕྱིར་མངོན་སུམ་ཡིན་ནོ། །དེ་ནས་འཁོར་དེ་ཉིད་དུ་ལྷའི་བུ་དྲི་མ་མེད་པའི་ཏོག་ཅེས་བྱ་བ་འདུས་པར་གྱུར་པ་དེས་ཚངས་པ་ཁྱད་པར་སེམས་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པ་གང་ཆོས་ཀྱི་རྣམ་གྲངས་འདི་ལས་ཆུང་ངུ་ན་ཉན་པར་འགྱུར་བ་དེ་དག་གལ་ཏེ་དེ་བཞིན་གཤེགས་པས་ལུང་མ་བསྟན་ཀྱང་ཁོ་བོས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཚངས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་འབྲས་བུ་དང་ས་བོན་ཆུད་མི་གཟོན་པའོ། །འཕགས་པ་ཡང་དག་པར་ཞུགས་པ་ཐམས་ཅད་ཀྱིས་


DKG059_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་བའོ། །དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་བསྐྱེད་པའོ། །བདུད་དང་ཕྱིར་རྒོལ་བ་ཚར་གཅོད་པའོ། །བར་དུ་གཅོད་པ་ཐམས་ཅད་དང་བྲལ་བའོ། །དང་བ་སྐྱེ་བར་བྱེད་པའོ། །དད་པ་དང་ལྡན་པ་རྣམས་དགའ་ཞིང་མགུ་བར་བྱེད་པའོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ཡོངས་སུ་གཟུང་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་ལེགས་པར་བསྲུངས་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་གཅིག་ཏུ་ངེས་པ་སྟེ་ཕྱིར་མི་ལྡོག་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་མི་སླུ་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བདེན་པའི་འབྱུང་གནས་སོ། །ཆོས་ཀྱི་རྣམས་གྲངས་འདི་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་འགྱོད་པ་རྣམས་སེལ་བར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་འཕགས་པའི་ལམ་རྣམ་པར་སྦྱོང་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཐར་བར་འདོད་པ་རྣམས་ཀྱིས་ལེགས་པར་ཐོས་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་གཟུངས་འདོད་པ་རྣམས་ཀྱིས་ལེགས་པར་བཟུང་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་བསོད་ནམས་འདོད་པ་རྣམས་ཀྱིས་ལེགས་པར་རབ་ཏུ་བསྟན་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་འདོད་པ་རྣམས་ཀྱིས་ལེགས་པར་བསྲུང་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར་གྲངས་མེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཕ་རོལ་གྱི་རྒོལ་བ་དམིགས་པ་ཅན་གྱིས་མི་འཕྲོགས་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་སྦྱིན་པར་འོས་པ་རྣམས་དང་འཐུན་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་མཁས་པ་རྣམས་དགའ་བར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ལྟ་བ་ངན་པ་དང་བྲལ་བས་ཤེས་རབ་སྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་གཏི་མུག་འཇོམས་པར་བྱེད་པས་ཡེ་ཤེས་བསྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཡི་གེའི་ཚིག་ངེས་པས་ཤིན་ཏུ་ངེས་པའི་ཚིག་གོ །ཆོས་ཀྱི་རྣམ་གྲངས་འདི་ནི་འབྲུ་འབྲེལ་བས་ལེགས་པར་བསྟན་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་དོན་དམ་པ་ཡང་དག་པར་སྟོན་པས་དོན་ཡང་དག་པར་བསྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཆོས་བརྗོད་པ་རྣམས་ཀྱིས་ཡོངས་སུ་མ་བཏང་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་པ་


DKG059_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་རྣམས་ཀྱིས་མ་བོར་བའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ནོར་འདོད་པ་རྣམས་ཀྱི་གཏེར་རོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཀུན་ཏུ་གདུངས་པ་རྣམས་ཡོངས་སུ་གདུང་བ་མེད་པར་བྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་བྱམས་པ་ལ་གནས་པ་རྣམས་ཀྱི་མཉམ་པ་ཉིད་སྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ལེ་ལོ་ཅན་རྣམས་ཀྱི་བརྩོན་འགྲུས་སྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་བརྗེད་ངས་པ་རྣམས་ཀྱི་བསམ་གཏན་བསྐྱེད་པའོ། །ཆོས་ཀྱི་རྣམ་གྲངས་འདི་ནི་ཤེས་རབ་འཆལ་བ་རྣམས་ལ་སྣང་བར་བྱེད་པའོ། །ཚངས་པ་ཆོས་ཀྱི་རྣམ་གྲངས་འདི་ལ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཤིན་ཏུ་ལེགས་པར་གནས་སོ། །དེ་ནས་ལྷའི་བུ་དེས་ཆོས་ཀྱི་རྣམ་གྲངས་འདིའི་བསྔགས་པ་བསྟན་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལྷའི་བུ་དེ་ལ་ལེགས་སོ། །ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་ཁྱད་པར་སེམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་འདིས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་དག་ལས་སྔོན་ཆོས་ཀྱི་རྣམ་གྲངས་འདི་ཐོས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚངས་པ་ལྷའི་བུ་འདིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་དྲུག་ཅུ་རྩ་བཞི་ལས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། ཚངས་པ་ལྷའི་བུ་དྲི་མ་མེད་པའི་ཏོག་འདི་བསྐལ་པ་བརྒྱ་སྟོང་ཕྲག་བཞི་བཅུ་རྩ་གཉིས་ན་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་དུ་དེ་བཞིན་གཤེགས་པ་རིན་ཆེན་བཀོད་པ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །གང་ཡང་དེའི་བར་དུ་སངས་རྒྱས་འབྱུང་བ་དེ་དག་ཐམས་ཅད་ལ་ཡང་མཉེས་པར་བྱེད་པར་འགྱུར། བཀུར་སྟིར་བྱེད་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཀྱི་རྣམ་གྲངས་འདི་ཡང་ཐོས་པར་འགྱུར་རོ། །ཚངས་པ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བཟོད་པ་རབ་ཏུ་ཐོབ་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་བཀོད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་རིན་ཆེན་ལྡན་དུ་སྐྱེ་བར་འགྱུར་རོ། །དེ་ནས་


DKG059_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་ལྷའི་བུ་དྲི་མ་མེད་པའི་ཏོག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་བདག་ནི་བྱང་ཆུབ་མི་འཚལ། མི་སྨོན། མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་སེམས། མི་རྟོག་རྣམ་པར་མི་རྟོག་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་འདི་ལྟར་སྐྱེས་བུ་ལ་ལ་ཞིག་གིས་རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་དག་མེར་བཅུག་ནས་འདི་སྐད་དུ་རྩྭ་དང་། ཤིང་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་དག་མ་ཚིག་ཅེས་སྨྲས་ན། དེ་དེའི་དབང་གིས་མི་འཚིག་པ་ཡིན་ནོ། །ལྷའི་བུ་དེ་བཞིན་དུ་འདི་ལྟར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་འདོད། མི་སྨོན། མི་སེམས། རྣམ་པར་མི་རྟོག་ཀྱང་སངས་རྒྱས་ཐམས་ཅད་ལུང་སྟོན་ཏེ། ལྷའི་བུ་འོན་ཀྱང་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་འདོད། མི་སྨོན། མི་སེམས། རྣམ་པར་མི་རྟོག་པ་དེ་ལ་དེ་བཞིན་གཤེགས་པ་རྣམས་ལུང་སྟོན་ཏོ། །དེ་ནས་འཁོར་དེར་ལྷའི་བུ་ལྔ་བརྒྱ་ཙམ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་འཚལ། མི་སྨོན། མི་རྟོག །རྣམ་པར་མི་རྟོག་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ཅག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན། དེ་ནས་སངས་རྒྱས་ཀྱི་མཐུས་སྟེང་གི་ཕྱོགས་ན་སྟེང་གི་བར་སྣང་ལ་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་བུ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་འདི་སྐད་དུ་བྱང་ཆུབ་སེམས་དཔའ་གང་བྱང་ཆུབ་ལ་མངོན་པར་མི་དགའ། མངོན་པར་མ་ཆགས། མི་དམིགས། མི་འདོད། མི་སྨོན། མི་སེམས། མི་རྟོག་རྣམ་པར་མི་རྟོག་པ་དེ་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རོ་ཞེས་ལེགས་པར་གསུངས་པ་


DKG059_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ངོ་མཚར་ཏེ། བཅོམ་ལྡན་འདས་བདག་ཅག་གིས་སྟེང་གི་ཕྱོགས་ན་སངས་རྒྱས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་མཐོང་སྟེ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་བདག་ཅག་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་འཛམ་བུ་གླིང་འདིར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པ་དང་། ཡུན་རིང་དུ་གནས་པར་འགྱུར་བ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་གོ་ཆ་ཆེན་པོ་བགོས་པ་དག་གི་རྣ་ལམ་དུ་གདའ་བར་འགྱུར་བ་དང་། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་རྣམས་ཀྱི་དབང་དུ་མི་མཆི་བ་དང་། དེ་དག་ལ་བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་དག་གིས་གླགས་རྙེད་པར་མི་འགྱུར་བ་དང་། ཆོས་ཀྱི་རྣམ་གྲངས་འདིས་ཡོངས་སུ་བཟུང་ཞིང་གོ་ཆ་ཆེན་པོ་བགོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་ཉམས་པར་བྱིན་གྱིས་བརླབས་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབ་པ་དང་། ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་འབེབས་པ་ཞེས་བྱ་བའི་རིག་པ་དང་སྔགས་ཀྱི་ཚིག་འདི་བཤད་ཀྱིས་ཉོན་ཅིག །རིག་པ་དང་སྔགས་ཀྱི་ཚིག་དེ་བཅངས་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཆོས་སྨྲ་བ་དེ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གྲུལ་བུམ་རྣམས་ཀྱིས་ཡོངས་སུ་སྲུང་བ་རབ་ཏུ་ཐོབ་སྟེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ལམ་མམ། ལམ་ལོག་པར་སོང་ངམ། གཙུག་ལག་ཁང་དུ་སོང་ངམ། གནས་ཁང་དུ་སོང་ངམ། འཆག་པ་ལ་ཞུགས་སམ། འཁོར་གྱི་ནང་དུ་སོང་ཡང་རུང་སྟེ་སྲུང་བར་བྱེད་དོ། །སྤོབས་པ་སྐྱེད་པར་བྱེད། དྲན་པ་དང་། བློ་གྲོས་དང་། རྟོག་པའི་སྟོབས་བསྐྱེད་པ་ཉེ་བར་སྦྱོར་ཏེ། དེ་ལ་ཕ་རོལ་གྱི་རྒོལ་བའམ། ཕས་ཀྱི་དགྲ་གླགས་ཚོལ་


DKG059_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བ་དག་གིས་གླགས་ཀྱང་རྙེད་པར་མི་འགྱུར་རོ། །དེ་དྲན་ཞིང་ཤེས་བཞིན་དུ་ལྡང་བར་འགྱུར། འཆག་པར་འགྱུར། འདུག་པར་འགྱུར། ཉལ་བར་འགྱུར་རོ། །འཇམ་དཔལ་དེ་ལ་རིག་པ་དང་སྔགས་ཀྱི་ཚིག་དེ་དག་གང་ཞེ་ན། འདི་ལྟ་སྟེ། ཨུད་དྷུ་རེ། དྷུ་དྷུ་རེ། མན་ཏེ། ཙ་ཏི་མ། གོ་ཙ་རེ། ཤཱི་ལ་ལི། ཧི་ལི་མི་ལི། ཐི་ལི། ཐི་མི་ལི། ཧུ་ལུ་ཧུ་ལུ་ཧུ་ལུ། ཨེ་བད་ཏེ། བེ་ཏ་ཊེ། ཁ་ཁ་རེ། ཁ་རེ། ཁ་ར་ཀེ། ཨཱ་སན་ནེ། ཛ་ག་ཏི། མ་ཧི་ལེ། མ་ནུ་ཥ། ཏ་ནེ་མ་ན་སེ་བ་ར་གན་དྷེ། སརྦ་རུ་ཏི། ར་བཱ་བ་ག་ཏེ། སིན་དྷུ་ལེ། ན་མོ་བུད་དྷེ་བྷྱཿ། ཙ་དི་ར་ཏྲེ། ན་མོ་དྷརྨཱ་ཡ་ནི་རྒ་ཏ་ནི། ན་མཿ སཾ་གྷཱ་ཡ། བཱ་ཧི་ཏ་པཱ་པེ། བྱུ་པ་ཤཱནྟཱ་ནི། སརྦ་པཱ་པཱ་ནི་མཻ་ཏྲི་མེ། སརྦ་བུ་བྷྱཿ ས་ཏྱ་ནི་ར་དེ་ཤ་བྲཤྤུ་པ་ཐོ། མ་ཧཱ་རཱི་ཥི་བྷིཿ། པྲ་ཤཱསྟ་ཏ་ཏྲ་ཏིཥྛན་ཏི། སརྦ་བྷུ་ཏ་གྲཱ་ཧ། ན་མཿ སརྦ་བུ་བྷྱཿ སིདྷྱནྟུ་མེ་མནྟྲ་པ་དཱ་སྭཱ་ཧཱ། འཇམ་དཔལ་རིག་པ་དང་སྔགས་ཀྱི་ཚིག་འདི་བྱང་ཆུབ་སེམས་དཔའ་གང་ཆོས་ཀྱི་རྣམ་གྲངས་འདི་ལ་བརྩོན་པ། རྟག་ཏུ་ཤེས་བཞིན་དང་ལྡན་པ། མི་རྒོད་པ། ཁེངས་པ་མེད་པ། སེམས་མ་གཡེངས་པ། ཀུན་དུ་སྤྱོད་པ་གཙང་བ། སྩོགས་པ་དང་བྲལ་བ། ཆོག་ཤེས་པ། བས་མཐའི་གནས་མལ་ལ་མངོན་པར་དགའ་བ། འདུ་འཛི་ཉུང་བ། ལུས་དང་སེམས་དབེན་པ། བྱམས་པ་དང་སྙིང་རྗེ་ལ་མངོན་པར་དགའ་བ། ཆོས་ལ་དགའ་ཞིང་མོས་པ། བདེན་པའི་ཚིག་ལ་རབ་ཏུ་གནས་པ། མི་སླུ་བ། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་ཚུལ་བཞིན་ཡིད་ལ་བྱེད་པ་ལ་བརྩོན་པ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བྲལ་བ། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་ལ་མངོན་པར་དགའ་བ། རྙེད་པ་དང་མ་རྙེད་པ་ལ་སེམས་མཉམ་པ། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ། འཁོར་བས་འཇིགས་ཤིང་སྐྲག་པ། སྡུག་པ་དང་མི་སྡུག་པ་ལ་སེམས་མཉམ་པ། འདུ་ཤེས་སྣ་ཚོགས་དང་བྲལ་བ། ལུས་དང་སྲོག་འདོར་བ་དང་། དངོས་པོ་ཐམས་ཅད་ལ་མི་ལྟ་བ། སྤྱོད་པ་དང་ཆོ་ག་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་དང་སྡོམ་པ་ལ་མངོན་པར་དགའ་བ། བཟོད་པ་དང་དེས་པ་མང་བ། ངན་དུ་ཟེར་བ་བཟོད་པའི་རང་བཞིན་ཅན། བརྩོན་འགྲུས་


DKG059_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་ཅི་ཡོད་ཅེས་བྱ་བ་ལ་བརྩོན་པ། བཞིན་འཛུམ་པ། ཁྲོ་གཉེར་དང་བྲལ་བ། གསོང་པོར་སྨྲ་བ། ང་རྒྱལ་བཅོམ་པ། དེས་པ། འགྲོགས་ན་བདེ་བ། དེ་ལྟ་བུའི་སྤྱོད་པ་ལ་རབ་ཏུ་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་འཇམ་དཔལ་སྔགས་ཀྱི་ཚིག་འདི་རབ་ཏུ་གདོན་པར་བྱའོ། །འཇམ་དཔལ་དེ་ལྟར་ན་ཆོས་སྨྲ་བ་དེ་ཚེ་འདི་ཉིད་ལ་སྟོབས་བསྐྱེད་པ་བཅུ་རབ་ཏུ་འཐོབ་བོ། །བཅུ་གང་ཞེ་ན། མི་བརྗེད་པའི་ཆོས་ཉིད་པས་དྲན་པའི་སྟོབས་བསྐྱེད་པ་དང་། ཆོས་རབ་ཏུ་འབྱེད་པ་ལ་མཁས་པས་བློ་གྲོས་ཀྱི་སྟོབས་བསྐྱེད་པ་དང་། མདོ་སྡེའི་ཚུལ་ཁོང་དུ་ཆུད་པས་རྟོགས་པའི་སྟོབས་བསྐྱེད་པ་དང་། སྡོམ་པ་དང་། སྤྱོད་པ་མི་གཏོང་བས་དད་པའི་སྟོབས་བསྐྱེད་པ་དང་། བདག་དང་གཞན་སྲུང་བས་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པའི་སྟོབས་བསྐྱེད་པ་དང་། ཤེས་རབ་ཡོངས་སུ་རྫོགས་པས་ཐོས་པའི་སྟོབས་བསྐྱེད་པ་དང་། ཐོས་པ་ཐམས་ཅད་ཡོངས་སུ་འཛིན་པས་གཟུངས་ཀྱི་སྟོབས་བསྐྱེད་པ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཡོངས་སུ་བཟུང་བས་སྤོབས་པའི་སྟོབས་བསྐྱེད་པ་དང་། མངོན་པར་ཤེས་པ་ལྔ་རབ་ཏུ་ཐོབ་པས་ཟབ་མོའི་སྟོབས་བསྐྱེད་པ་དང་། མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པས་མི་སྐྱེ་བའི་ཆོས་ལ་བཟོད་པའི་སྟོབས་བསྐྱེད་པ་སྟེ། འཇམ་དཔལ་སྤྱོད་པ་ལ་ཞུགས་པའི་ཆོས་སྨྲ་བ་གང་རིག་པ་དང་སྔགས་ཀྱི་ཚིག་འདི་རབ་ཏུ་འདོན་པ་དེ་ནི་སྟོབས་བསྐྱེད་པ་དེ་བཅུ་རབ་ཏུ་ཐོབ་པར་འགྱུར་རོ། །རིག་པ་དང་སྔགས་ཀྱི་ཚིག་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་བཤད་པའི་ཚེ་རྒྱལ་པོ་ཆེན་པོ་བཞི་སྐྲག་ཅིང་བ་སྤུ་ལངས་པར་གྱུར་ཏེ། གཡོག་བརྒྱ་སྟོང་ཕྲག་དུ་མ་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་པོ་འདི་དག་ནི་རྒྱུན་དུ་ཞུགས་པ། དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་བགྱིད་པ་སྟེ། གཉེན་བཤེས་དང་བཅས། འཁོར་དང་བཅས་པས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཆོས་སྨྲ་བ་དང་ཆོས་སྟོན་པ་གང་མདོ་སྡེ་འདི་ལྟ་བུ་འདི་འཆང་བ་དང་། ཀློག་པ་དེ་དག་ལ་


DKG059_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞིས་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱིའོ། །དེ་དག་གྲོང་ངམ། གྲོང་ཁྱེར་རམ། ལྗོངས་སམ། ལྗོངས་ཀྱི་ཕྱོགས་གང་ན་གནས་ཀྱང་རུང་། ཁྱིམ་པའམ། རབ་ཏུ་བྱུང་བ་ཡང་རུང་སྟེ། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞི་སྟོབས་དང་བཅས་འཁོར་དང་བཅས་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གི་རིམ་གྲོ་བགྱི་བར་བདག་ཅག་སྤྲོའོ། །བསྲུང་བ་དང་། བསྐྱབ་པ་དང་། སྤྲོ་བ་དང་། སྤོབས་པ་དང་། གཞན་གྱིས་གནོད་པར་མི་བགྱི་ཞིང་མི་གཙེ་བར་བགྱི་བའི་སླད་དུ་བདག་ཅག་སྤྲོའོ། །བཅོམ་ལྡན་འདས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ས་ཕྱོགས་དེར་དཔག་ཚད་བརྒྱ་ཁོ་ར་ཁོར་ཡུག་ཏུ་ལྷའམ། ཀླུའམ། གནོད་སྦྱིན་ནམ། གྲུལ་བུམ་གྱིས་གླགས་མི་རྙེད་དོ། །དེ་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་བུ་དང་གཉེན་བཤེས་དང་། །བྲན་དང་འཁོར་རྣམས་ཅི་མཆིས་པ། །དེ་དང་བདག་ཅག་གྲོགས་བཅས་པས། །བདག་པོ་དེ་དག་རིམ་གྲོ་བགྱི། །དེ་ནས་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་ཆོས་ཀྱི་རྒྱལ་པོའི་སྲས། །ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ། །ཁྱོད་ཀྱི་སྲས་གང་བྱང་ཆུབ་ཏུ། །ཞུགས་པ་དེ་དག་རིམ་གྲོ་བགྱི། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་གསུངས་པའི་མདོ་སྡེ་འདི། །གང་དག་འཛིན་པར་འགྱུར་བ་རྣམས། །དེ་དག་ཕྱོགས་བཅུ་རྣམས་སུ་ཡང་། །བདག་གིས་ཀུན་ཏུ་བསྲུང་བར་བགྱི། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །གང་དག་བྱང་ཆུབ་ཕྱིར་བརྩོན་པ། །དེ་ལ་ཅི་འདྲ་འོས་པ་ཡི། །དེ་འདྲའི་མཆོད་པར་བགྱི་བ་ནི། །སེམས་ཅན་ཀུན་གྱིས་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བདེན་པའི་ཟླ་བ་ཞེས་བྱ་བ་དེས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་གསོལ་ནས་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་ལས་བདག་ཉིད་ཀྱིས། །ཆོས་ཀྱི་རྣམ་གྲངས་གཟུང་བར་བགྱི། །ཕ་རོལ་ལ་ཡང་བསྟན་པར་བགྱི། །བདག་གི་བསམ་པ་དེ་


DKG059_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །བཅོམ་ལྡན་འདས་ཀྱིས་བདག་སེམས་དང་། །སྔོན་གྱི་སྤྱད་པ་ཅི་འདྲ་མཁྱེན། །ཇི་ལྟར་བདག་གི་སེམས་འདུད་པ། །བདག་ནི་འཇིག་རྟེན་རྣམ་འདྲེན་གྱུར། །སངས་རྒྱས་དཔག་མེད་སྐྱོབ་པ་ལ། །བདག་གིས་གདུགས་འདི་ཕུལ་བ་ཡིས། །བདག་ནི་ཐུབ་པ་ཁྱོད་འདྲ་བར། །སྤྱི་གཙུག་བལྟར་ཡང་མི་གདའ་འགྱུར། །སངས་རྒྱས་སྐྱེས་བུ་དམ་པ་ཡང་། །བདག་གི་བྱམས་པས་བལྟས་པ་ཡིས། །ཡོངས་སུ་དག་པའི་མིག་ཐོབ་སྟེ། །རྒྱལ་བ་མ་ཕམ་བལྟ་བར་བགྱི། །ཡེ་ཤེས་ཕ་རོལ་ཕྱིན་པ་ཡི། །སྟོན་པས་དེ་ནས་ལུང་བསྟན་ཏེ། །ཁྱོད་ནི་འདི་ནས་ཕྱི་དུས་ན། །དགའ་ལྡན་དུ་ཡང་སྐྱེ་བར་འགྱུར། །དགའ་ལྡན་ནས་ནི་ཤི་འཕོས་ནས། །རྒྱལ་བ་བྱམས་པ་མཐོང་བར་འགྱུར། །བསྐལ་པ་སྟོང་ཕྲག་ཉི་ཤུར་ནི། །མཆོད་པ་བྱས་ནས་འབྱུང་བར་འགྱུར། །ཁྱོད་ནི་རབ་ཏུ་བྱུང་ནས་ཀྱང་། །ཚངས་པར་སྤྱད་པ་རབ་སྤྱད་དེ། །བསྐལ་པ་བཟང་འདིར་གང་བྱུང་བ། །བདག་པོ་དེ་དག་མཐོང་བར་འགྱུར། །ཐམས་ཅད་ལ་ཡང་མཆོད་བྱས་ཏེ། །ཚངས་པར་སྤྱོད་པ་སྤྱད་ནས་ནི། །བསྐལ་པ་བྱེ་བ་དྲུག་ཅུ་ན། །དེ་ནས་ཁྱོད་ནི་སངས་རྒྱས་འགྱུར། །སངས་རྒྱས་ཞིང་ནི་ལེགས་བརྒྱན་པ། །རིན་ཆེན་གདུགས་ཞེས་བྱ་བར་ནི། །བྱང་ཆུབ་སེམས་དཔའ་ཤ་སྟག་ལ། །ཁྱོད་ནི་ཆོས་རྣམས་སྟོན་པར་འགྱུར། །ཚེ་ཡི་ཚད་ནི་བསྐལ་པར་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །མྱ་ངན་འདས་པའི་དམ་ཆོས་ཀྱང་། །མ་འདྲེས་བསྐལ་པ་ཕྱེད་དུ་གནས། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གཡོག་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་མདོ་སྡེ་འདི་འཆང་བ་དེ་དག་བསྲུང་བ་དང་། ཡོངས་སུ་བསྲུང་བར་བགྱིའོ། །བསྙེན་བཀུར་དང་རིམ་གྲོ་ཡང་བགྱིའོ། །གང་ན་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བའམ། ཀློག་པ་དེར་ཅི་ནས་ཀྱང་ཆོས་སྨྲ་བ་དེའི་སྟོབས་དང་མཐུ་དང་ཆོས་ཀྱི་མཚམས་སྦྱོར་བ་སྤོབས་པར་འགྱུར་བར་བདག་འཁོར་དང་བཅས་ཏེ་ཆོས་ཉན་དུ་མཆིའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་བུ་སྦེད་བྱེད་ཅེས་བྱ་བ་དེས་དོ་ཤལ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ་དེ་བཞིན་གཤེགས་པ་ལ་ཕུལ་ནས་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །ཐུབ་པ་བདག་འདིར་མངོན་སུམ་


DKG059_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཇི་ལྟར་ཁྱོད་ཀྱིས་སྔོན་སྤྱད་པ། །དེ་བཞིན་བདག་ཀྱང་སངས་རྒྱས་ཀྱི། །ཡེ་ཤེས་ཚོལ་བས་བསྒྲུབ་པར་བགྱི། །ཁྱོད་ཀྱིས་སྔོན་ཆད་མ་སྩལ་ཅིང་། །ཡོངས་སུ་མ་བཏང་ཅི་མ་མཆིས། །བདོག་པ་ཐམས་ཅད་གཏོང་བ་ཡི། །བདག་ཀྱང་རྗེས་སུ་བསླབ་པར་བགྱི། །ཁྱོད་ཀྱི་མདོ་སྡེ་འདི་ཡང་ནི། །འཇིག་རྟེན་མགོན་ལས་མངོན་དུ་བླངས། །ཡང་དང་ཡང་དུ་བཤད་པར་བགྱི། །བདག་པོ་ཁྱོད་ལ་བགྱིས་པར་གཟོ། །མདོ་སྡེ་འདི་ལ་སུ་དགའ་བ། །དེ་དག་བདག་གི་སྟོན་པ་འདྲ། །བདག་ནི་སངས་རྒྱས་ཆོས་འཚལ་བས། །དེ་ལ་རྟག་ཏུ་རིམ་གྲོ་བགྱིད། །དམ་པའི་ཆོས་རྣམས་ཡོངས་སུ་བསྲུང་། །མགོན་པོ་ཉན་ཐོས་མི་ནུས་ཏེ། །ཕྱི་དུས་འཇིག་པ་ཆེན་པོའི་ཚེ། །བདག་གིས་ཡོངས་སུ་བསྲུང་བར་བགྱི། །མགོན་པོ་བདག་ཀྱང་དབུགས་དབྱུང་གསོལ། །ལྷ་རྣམས་ཐེ་ཙོམ་གཅད་དུ་གསོལ། །ཐུབ་པ་ཁྱུ་མཆོག་ཁྱོད་འདྲ་བར། །ཇི་སྲིད་ཡུན་གྱིས་འགྲུབ་པར་འགྱུར། །ཀུན་མཁྱེན་ཡེ་ཤེས་མཁས་པ་ཡི། །བདེ་བར་གཤེགས་པས་དེ་ལུང་བསྟན། །ང་ནི་ཅི་འདྲ་དེ་འདྲ་བར། །ཁྱོད་ཀྱང་རྫོགས་པའི་སངས་རྒྱས་འགྱུར། །བསྐལ་པ་བྱེ་བ་ཕྲག་སྟོང་དང་། །བསྐལ་པ་བྱེ་བ་བརྒྱ་ཡི་ཚེ། །འཇིག་རྟེན་དུ་ནི་སངས་རྒྱས་འགྱུར། །མིང་ནི་ཡེ་ཤེས་འབྱུང་ཞེས་བྱ། །བྱང་ཆུབ་ཞི་བ་ཐོབ་ནས་ཀྱང་། །བདུད་རྣམས་རབ་ཏུ་བཏུལ་ནས་ནི། །སེམས་ཅན་བྱེ་བ་བརྒྱ་སྟོང་རྣམས། །བྱང་ཆུབ་ལ་ཡང་འགོད་པར་འགྱུར། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བསམ་གཏན་ལ་གནས་པ་ཡང་བཏང་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཆོས་ཀྱི་རྣམ་གྲངས་འདི་ཡང་དག་པར་སྟོན་པ་དེ་ལ་ཆོས་ཉན་དུ་མཆིའོ། །དེ་ཅིའི་སླད་དུ་ཞེ་ན། བརྒྱ་བྱིན་དང་ཚངས་པ་ནི་འདི་ལས་སྐྱེས་ཏེ། བཅོམ་ལྡན་འདས་བདག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་ལ་བསྙེན་བཀུར་དང་རིམ་གྲོ་བགྱི་བར་སྤྲོའོ། །དེ་དག་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་རིམ་གྲོ་བགྱི་བ་དང་མཆོད་པར་འོས་པ་ལགས་སོ། །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་དང་ནི་དགེ་སློང་མ། །དགེ་བསྙེན་དང་ནི་དགེ་བསྙེན་མ། །གང་རྣམས་མདོ་སྡེ་འདི་འཛིན་པ། །སྐྱེ་བོ་ཀུན་གྱི་


DKG059_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་དེ། །གལ་ཏེ་མདོ་སྡེ་འདི་ལ་ནི། །སེམས་ཅན་གཅིག་འགའ་བཙུད་ན་ཡང་། །འགྲོ་བའི་མགོན་པོ་བདག་སྤྲོའོ། །ཆོས་སྨྲ་བ་ནི་དེ་དག་ལ། །ཁྲི་སྟན་གང་ལ་དེ་མཆིས་ཏེ། །མདོ་སྡེ་འདི་ནི་རབ་སྟོན་པར། །ཚངས་པའི་འཇིག་རྟེན་མན་ཆད་དུ། །མེ་ཏོག་དགྲམ་པར་བདག་སྤྲོའོ། །གང་གི་ལག་ནས་མདོ་སྡེ་འདི། །ཕྱི་མའི་དུས་ན་ཐོས་པར་འགྱུར། །དེ་ལ་ཨ་ལ་ལ་ཞེས་ནི། །ལེགས་སྨྲས་ལེགས་ཞེས་བརྗོད་པར་བགྱི། །གང་ན་མདོ་སྡེ་འདི་མཆིས་པར། །མེ་ཡི་ཕུང་པོས་གང་བ་ཡི། །བྱེ་བ་སྙེད་ཀྱི་ཞིང་རྒལ་ནས། །སྐྱོ་མི་འཚལ་བར་མཆི་བར་བགྱི། །རིན་ཆེན་ཕུང་པོ་རི་རབ་ཙམ། །དགའ་བཞིན་དུ་ནི་ཕུལ་ནས་ཀྱང་། །སངས་རྒྱས་ཀྱི་ཡང་ལམ་སྦྱོང་བ། །མདོ་སྡེ་འདི་ནི་མཉན་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྫུ་འཕྲུལ་མངོན་པར་འདུ་བྱ་བ་འདི་ལྟ་བུ་མཛད་དེ། རྫུ་འཕྲུལ་མངོན་པར་འདུ་བྱ་བ་ཇི་ལྟ་བུར་མངོན་པར་འདུས་བྱས་པས་བདུད་སྡིག་ཏོ་ཅན་དཔུང་གི་སྟོབས་བཞི་དང་། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དཔུང་དང་བཅས། གཡོག་དང་བཅས་པ་འདི་དག་དེ་བཞིན་གཤེགས་པའི་སྤྱན་སྔར་དམ་བཅས་ཏེ། གང་ན་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ལྗོངས་ཀྱི་ཕྱོགས་དེར་ཆོས་ཉན་པ་དང་། ཆོས་སྨྲ་བ་དག་ལ་བདུད་ཀྱི་ལས་མི་བགྱིད་པའི་སྟེང་དུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་ཡང་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འོད་གསེར་གྱི་ཁ་དོག་ལྟ་བུས་སངས་རྒྱས་ཀྱི་ཞིང་འདི་ཁྱབ་པར་མཛད་དེ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་འདི་ལྟ་སྟེ། སྐྱེས་བུ་དམ་པ་དམ་པའི་ཆོས་ཡོངས་སུ་འཛིན་པ་དེ་དག་གི་དམ་པའི་ཆོས་ཡོངས་སུ་གཟུང་བར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་སོ། །འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདི་ཡུན་ཇི་སྲིད་དུ་འཛམ་བུ་གླིང་འདིར་སྤྱོད་པར་འགྱུར་བ་ཡུན་དེ་སྲིད་དུ་དམ་པའི་ཆོས་ནུབ་པར་མི་འགྱུར་རོ། །དེ་ནས་འཁོར་དེ་དག་ཐམས་ཅད་དགའ་མགུ་རངས་ཡིད་བདེ་བར་གྱུར་


DKG059_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྤོས་ཐམས་ཅད་དང་། ཕྲེང་བ་ཐམས་ཅད་དང་། བྱུག་པ་ཐམས་ཅད་དང་། མེ་ཏོག་ཐམས་ཅད་དང་། ཕྱེ་མ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ལ་མངོན་པར་གཏོར་ནས་ཚིག་ཀྱང་འདི་སྐད་ཅེས། ཨེ་མའོ་ཆོས་ཀྱི་རྣམ་གྲངས་འདི་འཛམ་བུའི་གླིང་ན་ཡུན་རིང་དུ་གནས་པ་དང་རྒྱས་པར་གྱུར་ཅིག་ཅེས་འཛེར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ངམ། གསོལ་པ། བཅོམ་ལྡན་འདས་བདག་གིས་གཟུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། བཅང་བ་དང་། བཀླག་པ་དང་། ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་ཁྱོད་ལ་ཡོངས་སུ་གཏད་དོ། །གསོལ་པ། བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་འཛིན་ཏམ། འཆང་ངམ། ཀློག་གམ། གཞན་དག་ལ་སྟོན་ཏམ། ཡི་གེར་བྲིས་པ་ལ་མཆོད་པ་བགྱིད་ན་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡི་གེ་དང་ངེས་པའི་ཚིག་ཇི་སྙེད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་དེ་སྙེད་ཀྱི་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། བཟུང་ནས་ཀྱང་གཞན་ལ་སྟོན་པ་དང་། ཀློག་པ་དེ་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ། །ཀུན་དགའ་བོ་གང་གིས་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ། མཆོད་ན་དེས་ཚེ་འདི་ཉིད་ལ་གཏེར་འཐོབ་པ་བཅུ་འཐོབ་བོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱི་སྤྱན་རབ་ཏུ་ཐོབ་པས་སངས་རྒྱས་མཐོང་བའི་གཏེར་དང་། ལྷའི་རྣ་བ་རབ་ཏུ་ཐོབ་པས་ཆོས་ཉན་པའི་གཏེར་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རབ་ཏུ་ཐོབ་པས་དགེ་འདུན་མཐོང་བའི་གཏེར་དང་། རིན་པོ་ཆེའི་ལག་པ་རབ་ཏུ་ཐོབ་པས་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དང་། མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པས་གཟུགས་ཀྱི་གཏེར་དང་། གཡོག་མི་ཕྱེད་པས་གཡོག་གི་གཏེར་དང་། གཟུངས་རབ་ཏུ་ཐོབ་པས་ཐོས་པའི་


DKG059_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་དང་། སྤོབས་པ་རབ་ཏུ་ཐོབ་པས་དྲན་པའི་གཏེར་དང་། ཕ་རོལ་གྱི་རྒོལ་བ་ཚར་གཅོད་པས་མི་འཇིགས་པའི་གཏེར་དང་། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བས་བསོད་ནམས་ཀྱི་གཏེར་རོ། །ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་ས་ཡ་ཁྲག་ཁྲིག་ཕྲག་བདུན་ཅུ་རྩ་གཉིས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སེམས་ཅན་དཔག་ཏུ་མེད་པ་བྱང་ཆུབ་ལ་རབ་ཏུ་ཞུགས་སོ། །སེམས་ཅན་ཚད་མེད་པ་ཡང་ལེན་པ་མེད་པར་རྣམ་པར་གྲོལ་ལོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི། འདི་ཅི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཆོས་ཐམས་ཅད་ཡང་དག་པར་འདུ་བ་ཞེས་བྱ་བར་ཡང་ཟུང་ཤིག །སངས་རྒྱས་ཀྱི་རྒྱན་བཀོད་པ་ཞེས་བྱ་བར་ཡང་ཟུང་ཤིག །ཚངས་པ་ཁྱད་པར་སེམས་ཀྱིས་ཀུན་དྲིས་པ་ཞེས་བྱ་བར་ཡང་ཟུང་ཤིག །འཇམ་དཔལ་གྱིས་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཚངས་པ་ཁྱད་པར་སེམས་དང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུའི་བུ་མཉམ་པ་ཉིད་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་དྲ་བ་ཅན་གྱི་འོད་དང་། གནས་བརྟན་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། དྷརྨ་པཱ་ལ་དང་། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་དང་། པར་ཞུས་ཀྱི་ལོ་ཙཱ་བ་བནྡེ་དེ་བེན་དྲ་རཀྵི་ཏ་དང་། ཀུ་མཱ་ར་རཀྵི་ཏ་ལ་སོགས་པས་ཞུས་ཤིང་གཏན་ལ་ཕབ་པ།། །།

འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སུ་བི་ཀྲཱནྟ་ཙིནྟ་དེ་བ་པུ་ཏྲ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཁྲིའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། འཇིག་རྟེན་གྱི་ཁམས་གཞན་དག་ནས་འདུས་པའི་བྱང་ཆུབ་སེམས་དཔའ་སྟོང་ཕྲག་རབ་ཏུ་མང་པོ་དང་། འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་། དེ་ལས་གཞན་པའི་ལྷའི་བུ་རྣམས་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པ་ཀླུའི་འཁོར་མང་པོ་དང་། གནོད་སྦྱིན་གྱི་རྒྱལ་པོ་ལུས་ངན་ལ་སོགས་པ་གནོད་སྦྱིན་གྱི་འཁོར་མང་པོ་རྣམས་དང་། ནམ་མཁའ་ལྡིང་གི་རྒྱལ་པོ་སྟོབས་ཆེན་ལ་སོགས་པ་ནམ་མཁའ་ལྡིང་གི་འཁོར་མང་པོ་རྣམས་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་ལ་སོགས་པ་ལྷ་མ་ཡིན་གྱི་འཁོར་མང་པོ་རྣམས་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་མིའམ་ཅིའི་འཁོར་མང་པོ་རྣམས་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་ལག་བཟངས་ལ་སོགས་པ་ལྟོ་འཕྱེ་ཆེན་པོའི་འཁོར་མང་པོ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་ལྷའི་བུ་སྟོང་ཕྲག་མང་པོའི་འཁོར་དང་བཅས་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མའི་འཁོར་དང་བཅས་པ་དང་། རྒྱལ་པོ་གསལ་རྒྱལ་འཁོར་སྟོང་ཕྲག་དུ་མ་དང་བཅས་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་འཁོར་དང་བཅས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ལ་སོགས་པ་འཁོར་བཞི་པོ་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ཏེ་ཆོས་སྟོན་ཏོ། །དེའི་ཚེ་ན་འཇམ་དཔལ་གཞོན་ནུར་གྱུར་པ། འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་རབ་རྩལ་སེམས་ཀྱང་


DKG059_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པར་གྱུར་ཏེ་འདུག་གོ །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་འཁོར་ཕལ་པོ་ཆེ་དེ་འདུས་པར་རིག་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩམས་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་དག་གིས་མངོན་པར་འཕགས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱིས་ཆགས་པ་མ་མཆིས་པར་སྤྱོད་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱིས་མུན་པ་དང་བྲལ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་རྣམས་ཀྱི་ནང་དུ་འཇིགས་པ་དང་བྲལ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོས་པས་དོན་ལ་རྟོན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཚུལ་གྱིས་ཆོས་ལ་རྟོན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་བཞིན་དུ་སྨྲ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་སྨྲ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འཕགས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློས་གཏིང་དཔག་དཀའ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG059_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏིང་དཔག་དཀའ་ཞིང་ཟབ་མོ་ལ་སྤྱོད་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པས་དབང་པོ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་པ་དང་མ་འདྲེས་པས་རྣམ་པར་ཐར་པའི་སྒོར་གནས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ང་རྒྱལ་ཅན་ཚར་གཅོད་པའི་སླད་དུ་སྣྲེལ་ཞིར་བསྒྲུབ་པ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་བགྱི་བ་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བའི་རྣམ་པ་དང་བྲལ་ཞིང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བགྱིད་པ་དག་ཐབས་ལ་མཁས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཡོངས་སུ་དག་པས་བརྟུལ་ཞུགས་གྲུབ་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་འགྲས་པའི་སེམས་མ་མཆིས་ཤིང་བཟོད་པའི་སྟོབས་དང་ལྡན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་མངོན་པར་འདུ་བར་འགྱུར་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སྤྱོད་པ་ཐམས་ཅད་ལ་རྨས་པ་མ་མཆིས་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་དག་ལ་རྒྱ་


DKG059_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལྟ་བུ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བགྱི་བ་ཐམས་ཅད་ལ་སློབ་དཔོན་དུ་གྱུར་པ་རྣམས་ལགས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མ་མཆིས་ཤིང་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་རྣམས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་བུ་རབ་རྩལ་སེམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་རྩལ་སེམས་ལེགས་སོ་ལེགས་སོ། །ལྷའི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། འཇིག་རྟེན་གྱི་ཡོངས་སུ་འདྲེན་པ། སྙིང་རྗེ་ཆེན་པོ་དང་ལྡན་པ། བསྐལ་པ་གྲངས་མེད་པ་ནས་གོ་ཆ་བགོས་པ། བརྩོན་འགྲུས་ཤིན་ཏུ་བརྟན་པ། དེད་དཔོན་ཆེན་པོ། སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པ། སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་ཐང་བདེ་བ་ལ་རབ་ཏུ་འགོད་པ་ལ་མཁས་པ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུ་བ་ནི་ཡང་ཁྱོད་ལེགས་སོ། །ལྷའི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི་ཁྱད་པར་དེ་དག་དང་གཞན་དག་ཀྱང་འཐོབ་པར་འགྱུར་བ་ངས་ཁྱོད་ལ་བཤད་པར་བྱའོ། །ལྷའི་བུ་རབ་རྩལ་སེམས་ཀྱིས་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཐབས་ལ་མཁས་པས་མངོན་པར་བསྒྲུབ་པའི་ཤེས་རབ་དང་། སྙིང་རྗེ་ཆེན་པོས་མངོན་པར་བསྒྲུབ་པའི་བྱམས་པ་དང་། དོན་དང་ཆོས་ཀྱིས་མངོན་པར་བསྒྲུབ་པའི་སྤོབས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་རྣམ་པས་མངོན་པར་བསྒྲུབ་པའི་མངོན་པར་ཤེས་པ་ལྔ་པོ་


DKG059_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐབས་ལ་མཁས་པ་མངོན་པར་སྒྲུབ་པར་བྱེད་པ་ཡི། །མངོན་སུམ་ཤེས་རབ་རྟོགས་པར་ཁོང་དུ་ཆུད་གྱུར་ཅིང་། །ཐམས་ཅད་སྐྱབས་ཕྱིར་སྙིང་རྗེ་ཆེན་པོ་ཡངས་པ་ལ། །གནས་པའི་བྱམས་པ་མངོན་པར་སྒྲུབ་པར་བྱེད་གྱུར་ལ། །དོན་དང་ཆོས་ལ་ཤིན་ཏུ་མཁས་པར་འགྱུར་བ་ཡི། །སོ་སོ་ཡང་དག་རིག་ལ་སྤོབས་པ་ཐོབ་གྱུར་ལ། །བྱང་ཆུབ་ལམ་ལ་མངོན་ཤེས་དག་གིས་རྣམ་རྩེ་ན། །དེས་ནི་གཞན་གྱི་དྲིང་ལ་འཇོག་པར་མི་འགྱུར་རོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཕྱིར་མི་ལྡོག་པའི་བརྩོན་འགྲུས་དང་། བསམ་པ་དག་པའི་བརྟུལ་བ་དང་། བྱང་ཆུབ་ལ་འདུན་པ་དྲག་པོ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་བསྒྲུབ་པ་ལ་ཡིད་ཡོངས་སུ་མི་སྐྱོ་བ་དང་ལྡན་པ་སྟེ། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་པོ་དེ་དག་དང་ལྡན་ན་བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བརྩོན་འགྲུས་བརྟན་ཞིང་རབ་ཏུ་གནས་པ་མེད་གྱུར་ཅིང་། །བསམ་པ་རྙོག་པ་མེད་ཅིང་ཡོངས་སུ་དག་གྱུར་ལ། །སངས་རྒྱས་ཡེ་ཤེས་དོན་ཕྱིར་འདུན་པ་གྲགས་ལྡན་ཞིང་། །སངས་རྒྱས་ཆོས་རྣམས་འདོད་ཅིང་རྟག་ཏུ་ཡང་མི་སྐྱོ། །གང་ལ་ཆོས་བཞི་རྒྱ་ཆེན་ཁྱད་པར་དེ་ཡོད་པ། །དེ་ནི་བྱང་ཆུབ་ལམ་དུ་མངོན་འབྱུང་བརྟན་འགྱུར་ཞིང་། །བྱང་ཆུབ་ཡན་ལག་ལག་མཐིལ་བཞག་པ་བཞིན་གྱུར་ལ། །རིང་པོ་མི་ཐོགས་འཇིག་རྟེན་གསུམ་གྱི་ཆོས་རྒྱལ་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བསོད་ནམས་དག་གིས་མངོན་པར་འཕགས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འདོམས་པར་བྱེད་པ་དང་། སེམས་ཅན་གང་


DKG059_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་དུ་འཇུག་པ་དང་། སྤྲུལ་པ་ལྟ་བུར་དུས་གསུམ་ཡོངས་སུ་བསྔོ་བ་དང་། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་དགེ་བའི་རྩ་བ་ཐམས་ཅད་སྐྱེད་པ་མངོན་པར་འདུ་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ལྡན་པའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་གང་དག་ཤེས་རབ་ཕ་རོལ་ཕྱིན་འདོམས་ཤིང་། །བྱང་ཆུབ་ཞུགས་པས་བྱང་ཆུབ་སེམས་འཛིན་འཇུག་བྱེད་པ། །གང་དག་བྱང་ཆུབ་ཞུགས་པས་དུས་གསུམ་ཡི་རང་ཞིང་། །ཡིད་དང་མ་བྲལ་སྤྲུལ་འདྲ་བྱང་ཆུབ་འདོད་བྱེད་པ། །དགེ་བ་གང་ཡིན་ཅུང་ཟད་བྱེད་པ་ཐམས་ཅད་ནི། །ཐམས་ཅད་མཁྱེན་ཉིད་སེམས་ལ་རྟེན་པར་བྱེད་པ་ཡིན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཡེ་ཤེས་ཀྱིས་ཆགས་པ་མེད་པར་སྤྱོད་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཤེས་པས་བྱིས་པའི་བྱ་བ་རྣམས་བྱེད་ཅིང་། ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་པ་དང་། ཆོས་ཐམས་ཅད་རྐྱེན་ལས་རག་ལས་ཤིང་བྱིན་གྱིས་རློབ་པ་མེད་ལ་གང་ཟག་དང་བྲལ་བར་ཤེས་པ་དང་། སྟོང་པ་ཉིད་སྤྱོད་ཡུལ་དུ་གྱུར་ཅིང་། སེམས་ཅན་ཐམས་ཅད་མི་གཏོང་བའི་བསམ་པ་དང་ལྡན་པ་དང་། ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་སྐྱེ་མཆེད་དྲུག་ཡོངས་སུ་ཤེས་པ་སྲུང་བ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཤེས་པས་ལས་བྱེད་དེ་དག་ང་རྒྱལ་ཡོད་མིན་ཞིང་། །བརྟེན་ལ་མཁས་པ་ཡིན་ཞིང་དེ་དག་ལྟ་མེད་ལ། །སྟོང་ཉིད་སྤྱོད་ཡུལ་དེ་དག་སེམས་ཅན་མི་གཏོང་ཞིང་། །ཆགས་པ་ཀུན་ལས་འདས་ཤིང་ཕྱི་ནང་གནས་པ་ནི། །ཆོས་མཆོག་བཞི་པོ་དེ་ལ་ཤིན་ཏུ་རབ་གནས་པ། །ཤེས་པས་ཕ་རོལ་ཕྱིན་ཅིང་ཆགས་མེད་སྤྱོད་པ་ཡིན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཤེས་རབ་ཀྱི་མུན་པ་དང་བྲལ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཐོས་པས་ངོམས་པ་མེད་ཅིང་ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་དང་། ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་སྟོན་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པ་ཤེས་པར་བྱ་བའི་ཕྱིར་ཉོན་


DKG059_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཐམས་ཅད་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་། ཚུལ་གཅིག་ལ་འཇུག་པས་ཐམས་ཅད་ཀྱི་འཇུག་པ་ལ་འཇུག་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་དག་ཐོས་ཚོལ་ངོམས་མེད་ཚུལ་བཞིན་རྟོགས་བྱེད་ཅིང་། །དེ་མཉམ་སྟོན་ཅིང་ཀློག་འཛིན་རྙེད་པ་ཚོལ་མི་བྱེད། །ཉོན་མོངས་སྤྲིན་འདྲ་སྒྱུ་མ་རྨི་ལམ་ལྟ་བུར་བལྟ། །ཆོས་ཉིད་ཐ་དད་མི་བྱེད་དེ་དག་ཚུལ་གཅིག་འཇུག །ཆེ་བདག་ཆོས་བཞི་དེ་བརྟེན་ཁྱད་པར་ཐོབ་འགྱུར་ཞིང་། །ཤེས་རབ་སྒྲོན་འདྲས་མུན་བསལ་ཟླ་ལྟར་འཇིག་རྟེན་རྒྱུ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་འཁོར་རྣམས་ཀྱི་ནང་དུ་འཇིགས་པ་དང་བྲལ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཐོས་པ་ཐམས་ཅད་འཛིན་པའི་གཟུངས་ཐོབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པའི་སྤོབས་པ་ཐོབ་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མེད་པ་སྟོན་པའི་སྙིང་རྗེ་ཆེན་པོ་དང་། བདུད་དང་ཉོན་མོངས་པ་དང་བྲལ་བ་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་གོ་ཆ་བགོས་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐོས་ཀུན་ཆུད་མི་ཟ་བར་འགྱུར་བའི་གཟུངས་ཐོབ་ཅིང་། །དེ་དག་སྤོབས་ལྡན་སེམས་ཅན་སོམ་ཉི་གཅོད་པར་བྱེད། །སྙིང་རྗེས་ཆོས་འདི་ཐམས་ཅད་བདག་མེད་སྟོན་བྱེད་ཅིང་། །མངོན་ཤེས་ཤེས་པའི་གོ་བགོས་བདུད་ཀྱིས་མི་ཉམས་ལ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དེ་དག་གིས་འཇུག་ན། །འཁོར་ཀུན་ནང་དུ་སོང་ཡང་དེ་ལ་འཇིགས་པ་མེད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐོས་པས་དོན་ལ་རྟོན་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན་ཐོས་པས་ཐམས་ཅད་མི་འཛིན་པས་ཐོས་པ་དང་མི་ལྡན་ཞིང་། སྒྲུབ་པ་ཉམས་པའི་བྱིས་པ་ཐམས་ཅད་ཡོངས་སུ་སྤོང་བ་དང་། ཡི་གེ་དང་། སྒྲ་དང་། སྐད་དང་། ཚིག་གི་ལམ་ཐམས་ཅད་མངོན་དུ་རྣམ་པར་ཤེས་པར་བྱ་བའི་ཕྱིར། བྲག་ཅ་དང་མཚུངས་པ་ཉིད་དུ་ཁོང་དུ་ཆུད་པ་དང་། དོན་འདོད་པ་ཉིད་ཀྱི་ཕྱིར། ཐོས་པ་ཡོངས་སུ་ཚོལ་ཞིང་དགའ་དགུར་བྱ་


DKG059_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྱིར་མ་ཡིན་པ་དང་། བརྗོད་དུ་མེད་པའི་དོན་ལ་འཇུག་ཅིང་། བརྗོད་པའི་དོན་མ་ཡིན་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་ཙམ་མང་དུ་ཐོས་ཀྱང་དོན་ལ་མི་རྟོག་པས། །བྱིས་པ་ཐོས་དང་མི་ལྡན་རྟག་ཏུ་སྒྲུབ་ཆོས་ཉམས། །སྲིད་གསུམ་སྒྲ་སྐད་དབྱངས་དང་ཚིག་ལམ་གང་ཡོད་པ། །བྲག་ཅའདྲ་བར་དེ་ལས་དོན་ལྡན་སྒྲ་ཐོས་ནས། །དོན་ཉིད་རྟོགས་ཤིང་དགའ་མགུར་ཉེས་ཀུན་ཕྱིར་མི་འཇུག །ཆོས་ཉིད་འདི་ནི་དོན་མཆོག་ཡིན་ཏེ་བརྗོད་དུ་མེད། །འདི་ནི་དོན་དང་སྒྲ་སྐད་ཐོས་པར་གྱུར་པ་ལས། །འགྲོ་བ་རྣམས་སུ་འགྲོ་བར་བྱེད་ཅིང་འགྲོ་བར་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་འཇིག་རྟེན་གྱི་ཚུལ་གྱིས་ཆོས་ལ་སྟོན་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བྲེ་མོ་གཏམ་བྱེད་པ་རྣམས་ལ་ཆོས་སྟོན་པ་དང་། སྐྱེ་བོ་ཕལ་པོ་ཆེ་འདུས་པ་དག་ལ་འཆི་བ་རྗེས་སུ་དྲན་པ་དག་གཏོང་བ་ཆེན་པོ་དག་ལ་རྗེས་སུ་ཡི་རང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དང་། འདུ་འཛི་ཐམས་ཅད་ལ་དབེན་པར་གཞོལ་བ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། གང་ཚེ་སྐྱེ་བོ་མང་པོའི་དབུས་སུ་སོན་གྱུར་པ། །དེར་ནི་མཁས་པས་ཆོས་ཀྱི་གཏམ་ལ་འཇུག་པར་བྱ། །སྐྱེ་བོ་མང་པོ་འདུས་པར་གྱུར་པའི་ཚོགས་རྣམས་ལ། །འཆི་བར་འགྱུར་བའི་འདུ་ཤེས་རྣམ་པར་བསྒོམ་པར་བྱ། །དེས་ནི་བག་ཡོད་གཞན་གྱི་གཏོང་བ་རྣམ་ལྔ་ཡི། །གཏོང་ལ་ཡི་རངས་བྱས་ནས་བྱང་ཆུབ་བསྔོ་བྱ་ཞིང་། །གང་ཚེ་འདུ་འཛི་དག་དང་ཕྲད་པར་གྱུར་པའི་ཚེ། །དེར་ནི་དབེན་པར་གཞོལ་བར་རབ་ཏུ་འདོད་པར་བྱ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་བཞིན་དུ་སྨྲ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ཐོས་པ་བསྒྲུབ་པ་སྙིང་པོར་བྱེད་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། རང་བཞིན་གྱིས་བདག་མེད་པ་ལ་འཇུག་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་


DKG059_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་སྟེ། ཉམ་ང་གནོད་པར་གྱུར་ཀྱང་བྱང་ཆུབ་སེམས་མི་གཏོང་། །དེ་དག་སྐྱོབ་པའི་ཆོས་ཐོས་སྒྲུབ་པ་སྙིང་པོར་བྱེད། །བཀའ་བློ་བདེ་འཐུན་ཇི་སྐད་སྨྲས་པ་དེ་བཞིན་བྱེད། །མཁས་པ་དེ་དག་ཆོས་ཀུན་རང་བཞིན་བདག་མེད་འཇུག །དེ་ལྟར་བརྩོན་པའི་ཤེས་ལྡན་སྨྲས་བཞིན་བྱེད་འགྱུར་ཞིང་། །རྟག་བརྩོན་མི་འདོར་རྗེས་འཐུན་བདག་མེད་ཅི་ཡང་མེད། །རྟག་ཏུ་སྙན་པའི་ཕྲེང་བ་ཕྱོགས་བཅུར་གྲགས་འགྱུར་ཞིང་། །དེ་ལྟར་ཆོས་སྨྲ་དེ་དག་ཆོས་ཀྱི་ཤེས་པས་འཕགས། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སེམས་ཅན་རྣམས་ལ་ཆོས་སྨྲ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བདག་ཉིད་བསྒྲུབ་པ་ལ་གནས་ཤིང་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། བདག་ཉིད་དུལ་བ་དང་། བསྲུང་བ་དང་། གྲོལ་བ་དང་། བཏུལ་བ་དང་། ཡོངས་སུ་མྱ་ངན་ལས་འདས་ཤིང་སེམས་ཅན་གཞན་དག་དུལ་བར་བྱ་བ་དང་། བསྲུང་བ་དང་། དགྲོལ་བ་དང་། གདུལ་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དང་། བདག་ཉིད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསམ་པ་ངེས་པར་གྱུར་ཅིང་། སེམས་ཅན་རྣམས་ཀྱང་ཐེག་པ་ཆེན་པོ་ལ་རབ་ཏུ་འགོད་པར་བྱེད་པ་དང་། བདག་ཉིད་ཆོས་འདོད་ཅིང་། ཆོས་འདོད་པས་གཞན་དག་ལ་ཡང་སྟོན་པར་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། བསྒྲུབ་པ་སྙིང་པོར་བྱེད་ཅིང་འགྲོ་ལ་ཆོས་སྟོན་ལ། །དུལ་བསྲུང་ལེགས་བཏུལ་ཤིན་ཏུ་མྱ་ངན་འདས་གནས་ཀྱང་། །གང་དག་མ་དུལ་མ་བསྲུངས་མ་བཏུལ་མྱ་ངན་འདས། །མ་འདས་དེ་དག་ཆོས་ཀྱི་དཀོན་མཆོག་འབྱོར་བར་འཛུད། །དེ་དག་བྱང་ཆུབ་སེམས་ལ་བསམ་པ་ངེས་གྱུར་ཅིང་། །ཐེག་པ་དེ་ལ་འགྲོ་བ་རྣམས་ཀྱང་འགོད་པར་བྱེད། །རྟག་ཏུ་ཆོས་འདོད་དོན་ལྡན་བླ་མ་གུས་བྱེད་ཅིང་། །སེམས་ཅན་རྣམས་ལ་དེ་དང་འཐུན་པའི་ཆོས་རྣམས་སྟོན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG059_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཞི་དང་ལྡན་ན་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འཕགས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཡང་དང་ཡང་དུ་ཚངས་པའི་གནས་པ་བཞིའི་གནས་པ་དང་། རྟག་པར་རྒྱུན་དུ་རབ་ཏུ་དབེན་པར་གནས་པ་དང་། ཆོས་ཟབ་མོ་ལ་བཟོད་པ་དང་། ལུས་དང་སེམས་མཉམ་པ་ཉིད་དུ་ཤེས་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚངས་པའི་གནས་པ་དག་ལ་རྟག་ཏུ་རབ་གནས་ཤིང་། །དབེན་པར་གནས་པ་ལ་ཡང་དགའ་བ་སྐྱེད་བྱེད་ལ། །ཤེས་པས་ཟབ་མོའི་བཟོད་ལས་ངེས་པ་ཐོབ་གྱུར་ཅིང་། །མཁའ་དང་མཉམ་པའི་སེམས་དང་ལྡན་པར་གྱུར་པ་སྟེ། །དེ་ལྟར་མངོན་པར་བརྩོན་པའི་འཇིག་པ་མེད་པ་རྣམས། །མངོན་ཤེས་ལྔ་པོ་དག་གིས་མངོན་པར་འཕགས་གྱུར་ཅིང་། །དེ་དག་སངས་རྒྱས་རྣམས་ཀྱི་སྤྱན་སྔར་འདུག་འདྲ་ལ། །སེམས་ཅན་མང་པོ་རྣམས་ཀྱང་ཡོངས་སུ་སྨིན་བྱེད་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བདུད་ཐམས་ཅད་ཀྱིས་ཐུབ་པ་དཀའ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་ཀྱི་རྣམ་པས་མངོན་པར་བསྒྲུབ་པའི་བསམ་གཏན་བཞི་དང་། སེམས་ཅན་ཐམས་ཅད་མི་གཏོང་བའི་སྙིང་རྗེ་ཆེན་པོ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པའི་བརྩོན་འགྲུས་དང་། ཐབས་ལ་མཁས་པ་མངོན་པར་བསྒྲུབ་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཚན་མེད་སྟོང་པས་ངེས་པའི་བསམ་གཏན་བཞི་བསྒོམ་ཞིང་། །སེམས་ཅན་ཡོངས་སུ་སྐྱབས་ཕྱིར་རྟག་ཏུ་སྙིང་རྗེ་ལྡན། །དཀོན་མཆོག་གསུམ་རྒྱུན་མི་གཅོད་བརྩོན་འགྲུས་ཐོབ་གྱུར་ཅིང་། །ཀུན་ཏུ་ཐབས་ལྡན་ཕ་རོལ་ཕྱིན་པ་དྲུག་ལ་འཇུག །དེ་ལྟར་སྤྱོད་མཁས་བློ་ལྡན་ཆེ་བདག་ཡིད་གཞུངས་པ། །དེ་དག་བདུད་བཞི་དག་ལས་ཡང་དག་འདས་གྱུར་ཅིང་། །བདུད་ཀྱི་ལྕགས་ཀྱུས་ཟིན་པའི་འགྲོ་བ་མགོན་མེད་རྣམས། །མྱ་ངན་འདའ་བར་འགྲོ་བའི་ལམ་ལ་འགོད་པར་བྱེད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བློས་


DKG059_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་དཔག་དཀའ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཆོས་ཟབ་མོའི་ཚུལ་ལ་འཇུག་པ་དང་། རྟག་ཏུ་དོན་དང་ལྡན་ཞིང་བསྙེན་པར་དཀའ་བ་དང་། རྟག་ཏུ་ཡིད་བྱུང་ཞིང་ཆོས་སེམས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་ལ་སེམས་ཀྱིས་ངེས་པར་རྟོགས་པར་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཟབ་མོའི་ཆོས་ཀྱི་ཚུལ་ལ་ཞུགས་པར་གྱུར་པ་དང་། །རྟག་ཏུ་དོན་དང་ལྡན་ཞིང་བསྙེན་པར་དཀའ་གྱུར་ལ། །རྟག་ཏུ་ཡིད་བྱུང་ཆོས་ལ་བསམ་པ་ཞུགས་གྱུར་ཅིང་། །སེམས་ཀྱིས་ངེས་པར་རྟོགས་པར་བྱེད་པ་གང་ཡིན་པའི། །མཁས་པ་ཐེག་པ་ཆེ་ལ་བརྟན་པ་རབ་གནས་པ། །བློ་རྣམས་དག་གིས་གཏིང་དཔག་དཀའ་བར་རབ་འགྱུར་ཞིང་། །ཆགས་པ་མེད་པའི་ཡེ་ཤེས་ཡང་དག་སྒྲུབ་བྱེད་པ། །དེ་ཕྱིར་བློ་རྣམས་དག་གིས་གཏིང་དཔག་དཀའ་བ་ཡིན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་རྣམས་ཡིན་ཏེ། བརྒྱད་གང་ཞེ་ན། རྙེད་པ་དང་། སྙན་པ་དང་། བསྟོད་པ་དང་། བདེ་བས་ཁེངས་པ་མེད་པ་དང་། མ་རྙེད་པ་དང་། མི་སྙན་པ་དང་། སྨད་པ་དང་། སྡུག་བསྔལ་གྱིས་ཞུམ་པ་མེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཕུང་པོ་རྣམས་ལ་ཡོངས་སུ་སྤྱོད་པར་བྱེད་པ་དང་། ཕུང་པོ་ཡོངས་སུ་ཤེས་པ་སྲུང་ཞིང་དབེན་པར་ལྟ་བ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། རྙེད་དང་སྙན་དང་བསྟོད་དང་བདེ་བ་ཀུན་ཐོབ་ཀྱང་། །དེ་དག་ལ་ནི་ནམ་ཡང་ཁེངས་པར་འགྱུར་བ་མེད། །མ་རྙེད་མི་སྙན་སྨད་དང་སྡུག་བསྔལ་ཐོབ་གྱུར་ཀྱང་། །དེ་དག་པད་མ་བཞིན་དུ་ཆགས་མེད་འཇིག་རྟེན་སྤྱོད། །སེམས་ཅན་སྨིན་པར་བྱ་ཕྱིར་ཕུང་པོ་ཡོངས་སྤྱོད་ཅིང་། །ཕུང་པོ་སྒྱུ་མ་གསོག་འདྲ་ཡ་མ་བརླར་ཤེས་པ། །སེམས་ཅན་ཕན་བདེའི་དོན་དུ་འཇིག་རྟེན་སྤྱོད་བྱེད་ཀྱང་། །འཇིག་རྟེན་ཆོས་ཀྱིས་མི་གོས་ཚུལ་ཁྲིམས་སྤོས་ངད་ལྡན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་


DKG059_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བཞི་དང་ལྡན་ན་གཏིང་དཔག་དཀའ་ཞིང་ཟབ་མོ་ལ་སྤྱོད་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བདག་ལ་བདག་མེད་པ་དང་། སེམས་ཅན་ལ་སེམས་ཅན་མེད་པ་དང་། ཆོས་དབེན་པ་དང་། ཤེས་པ་ཆགས་པ་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། བདག་ལ་བདག་མེད་ཉིད་དུ་ཡོངས་སུ་ཤེས་གྱུར་ཅིང་། །སེམས་ཅན་སེམས་ཅན་མེད་པར་རྗེས་སུ་རྟོགས་གྱུར་ལ། །ཆོས་རྣམས་དབེན་པ་ཉིད་དུ་ཡོངས་སུ་ཤེས་གྱུར་ཅིང་། །མཁའ་ལ་ལག་བཞིན་ཤེས་རབ་ཆགས་པ་ཡོད་མིན་པའི། །དཔའ་རྣམས་ཟབ་མོ་དག་ལ་ཡོངས་སུ་སྤྱོད་བྱེད་ལ། །སྤྱད་པ་མེད་ལ་རྟག་ཏུ་སྤྱོད་པར་བྱེད་གྱུར་ཅིང་། །འཛིན་དང་ཀུན་འཛིན་ཀུན་དང་རྣམ་པར་བྲལ་གྱུར་པས། །སེམས་ཅན་དག་པ་དེ་དག་དེ་ཕྱིར་གཏིང་དཔག་དཀའ། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཆོས་སྟོན་པས་དབང་པོ་རྣམས་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། མངོན་པར་ཤེས་པ་ཐོབ་པ་དང་། སོ་སོ་ཡང་དག་པར་རིག་པ་ཤེས་པ་དང་། ཤེས་རབ་རྣོ་བ་དང་། སྔོན་གྱི་སྨོན་ལམ་རྣམ་པར་དག་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། མངོན་པར་ཤེས་པ་རྣམས་ནི་རབ་ཏུ་ཐོབ་གྱུར་ཅིང་། །ཤེས་པས་སོ་སོ་ཡང་དག་རིག་པ་མི་ཟད་གྱུར། །རྟག་ཏུ་ཤེས་རབ་རྣོན་པོར་གྱུར་ཅིང་སྔོན་ཡང་ནི། །ཡང་དག་བསགས་པ་ཡོངས་སུ་དག་པ་ཐོབ་གྱུར་པ། །སེམས་ཅན་རྣམས་ཀྱི་དབང་པོ་ཡོངས་སུ་ཤེས་བྱས་ནས། །དེ་དང་འདྲ་བའི་ཆོས་རྣམས་ཡོངས་སུ་སྟོན་པར་བྱེད། །དེ་དག་བསྟན་པ་འབྲས་བུ་མེད་པ་མ་ཡིན་ཏེ། །དེ་ཕྱིར་མྱ་ངན་འདས་ནས་མྱ་ངན་འདའ་བར་བྱེད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་འདུས་མ་བྱས་དང་མ་འདྲེས་པས་རྣམ་པར་ཐར་པའི་སྒོར་ཞུགས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། སྟོང་པ་ཉིད་སྤྱོད་ཡུལ་དུ་གྱུར་ཅིང་། ལྟ་བའི་འཆིང་བས་བཅིངས་པའི་སེམས་ཅན་རྣམས་ཐར་བར་བྱེད་པ་དང་། མཚན་མ་མེད་པ་ལ་གནས་ཤིང་རྣམ་པར་


DKG059_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་སྤྱོད་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། སྨོན་པ་མེད་པ་ལ་གནས་ཤིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་དུ་སྐྱེ་བ་ལེན་པ་དང་། ཐབས་ལ་མཁས་ཤིང་ཤེས་རབ་ཀྱི་ངེས་པར་བྱུང་བ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྟོང་ཉིད་སྤྱོད་ཡུལ་དེ་དག་ལྟས་བཅིང་གྲོལ་བྱེད་ཅིང་། །མཚན་མེད་གནས་ཤིང་སེམས་ཅན་འདི་དག་ཡོངས་སྨིན་བྱེད། །སྨོན་པ་མེད་ལ་གནས་ཤིང་སེམས་ཅན་སྨིན་བྱའི་ཕྱིར། །བསམ་བཞིན་སྐྱེ་ཞིང་གང་དུ་འདོད་པ་དེར་སྐྱེ་འགྱུར། །ཤེས་རབ་ཐབས་ཀྱིས་ངེས་བྱུང་རྣམ་ཐར་སྒོར་གནས་ཀྱང་། །འདུས་མ་བྱས་པའི་དབྱིངས་ནི་དུས་མིན་ཐོབ་མི་བྱེད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ལྷག་པའི་ང་རྒྱལ་ཅན་ཚར་གཅོད་པའི་ཕྱིར་སྣྲེལ་ཞིར་བསྒྲུབ་པ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཆོས་ཀྱི་དབྱིངས་ཀུན་ནས་སྒོ་ཡང་དག་པར་ཤེས་པ་དང་། ཆོས་ཐམས་ཅད་སྒྲིབ་པ་མེད་པར་མོས་པ་དང་། ཀུན་ཏུ་རྟོག་པའི་རྩ་བ་ལས་བྱུང་བའི་ཉོན་མོངས་པ་རྣམས་ཡོངས་སུ་ཤེས་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱིས་ཆོས་ཐམས་ཅད་ལ་ནེམ་ནུར་མེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་མཉམ་ཆོས་ཀྱི་དབྱིངས་སུ་ངེས་པར་བྱུང་གྱུར་ཅིང་། །དེ་དག་རྣམས་ཀྱིས་སྒྲིབ་པ་འགའ་ཡང་མཐོང་མི་འགྱུར། །ཉོན་མོངས་ཀུན་ཏུ་རྟོག་པའི་རྩ་ལས་རབ་བྱུང་བར། །ཤེས་ནས་དེ་ལས་སྣྲེལ་ཞིར་ཀུན་ཏུ་སྟོན་མི་བྱེད། །ཆོས་འདི་ཐམས་ཅད་རང་བཞིན་མྱ་ངན་འདས་པ་དང་། །མ་སྐྱེས་མ་འགག་ངོ་བོ་ཉིད་ཀྱིས་དག་པ་ཡིན། །དེ་དག་ཀུན་མཁྱེན་ཡོངས་བཙལ་མྱ་ངན་འདས་གྱུར་ནས། །ལྷག་པའི་ང་རྒྱལ་ཅན་དག་ཚར་གཅོད་བྱེད་པ་ཡིན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ལས་ཀྱི་བྱ་བ་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ལོངས་སྤྱོད་ཆེན་པོའི་རྒྱུ་སྦྱིན་པ་མི་སྤོང་བ་དང་། མཐོ་རིས་སུ་སྐྱེ་བའི་རྒྱུ་ཚུལ་ཁྲིམས་མི་སྤོང་བ་དང་། ཤེས་རབ་ཆེན་པོའི་རྒྱུ་ཐོས་


DKG059_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་མི་སྤོང་བ་དང་བྲལ་བའི་རྒྱུ་སྒོམ་པ་མི་སྤོང་བ་སྟེ་ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ལོངས་སྤྱོད་ཆེ་རྒྱུ་སྦྱིན་པ་མི་སྤོང་དེའི་འབྲས་དེ། །མཐོ་རིས་སྐྱེ་རྒྱུ་ཚུལ་ཁྲིམས་ཐོབ་ཅིང་དེའི་འབྲས་དེ། །ཤེས་རབ་ཉོན་མོངས་འཇོམས་རྒྱུ་ཐོས་པ་དེའི་འབྲས་དེ། །རྣམ་གྲོལ་རིག་རྒྱུ་སྒོམ་པར་བྱེད་ཅིང་དེ་འབྲས་དེ། །རྒྱུ་བཞི་དེ་ལ་རྟག་བརྩོན་མཁས་པ་དེ་དག་ནི། །བྱང་ཆུབ་སྙིང་པོར་དབང་བསྐུར་འབྲས་ཕྱིར་ཉིན་མཚན་སྤྱོད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ལྟ་བའི་རྣམ་པ་དང་བྲལ་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཆད་པར་སྨྲ་བ་མ་ཡིན་པ་དང་། རྟག་པར་སྨྲ་བ་མ་ཡིན་པ་དང་། མ་རིག་པ་བྱུང་ན་རྒ་ཤིའི་བར་དུ་འབྱུང་བར་ལྟ་ཞིང་། བདག་ཏུ་ལྟ་བར་མི་བྱེད་པ་དང་། མ་རིག་པ་འགགས་ན་རྒ་ཤིའི་བར་དུ་འགག་པར་ལྟ་ཞིང་སྲིད་པ་འགོག་པར་ཡང་མི་བྱེད་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ནམ་ཡང་རྟག་པར་མི་ལྟ་ཆད་པར་ལྟུང་མི་བྱེད། །དེས་ནི་ཆོས་རྣམས་རྐྱེན་བྱུང་བྱེད་པ་པོ་དང་ནི། །ཚོར་བ་པོ་མེད་རང་བཞིན་རྣམ་པར་དག་པར་ཤེས། །མ་རིག་རྩ་ལས་རྒ་ཤིའི་བར་དུ་འབྱུང་འགྱུར་བ། །རྒྱལ་བ་ཀུན་གྱིས་གསུངས་ཏེ་དེ་འགགས་རྒྱུ་དང་ནི། །རྐྱེན་ཟད་དེ་ཕྱིར་ཕྱིན་ཅད་སྐྱེ་མི་འགྱུར་ཞེས་གསུངས། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཐབས་ལ་མཁས་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་རག་ལས་པར་ལྟ་བ་དང་། དགེ་བའི་རྩ་བ་ཡང་དག་པར་བསགས་པ་ལ་སྐྱོ་བ་མེད་པ་དང་། འཁོར་བའི་སྒོ་ནས་མྱ་ངན་ལས་འདས་པའི་སྒོ་ཡོངས་སུ་ཚོལ་བ་དང་། སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་དེ་ལྟ་བུའི་མོས་པའི་ཐབས་ཀྱིས་ཉམས་སུ་མྱོང་བར་བྱེད་ཅིང་། ཉོན་མོངས་པ་རྣམས་ཀྱིས་མ་ཡིན་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་བྱང་ཆུབ་འདི་ནི་སེམས་ཅན་རྣམས་ལ་རྟེན། །དགེ་བ་སོགས་ཤིང་འདོད་པས་ཡོངས་སུ་སྐྱོ་བ་མེད། །འཁོར་བའི་


DKG059_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་མྱ་ངན་འདས་པ་ཡོངས་ཚོལ་ཞིང་། །སེམས་ཅན་ཇི་བཞིན་མོས་པ་ཐབས་ཀྱིས་ཡོངས་སུ་ཤེས། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ལོངས་སྤྱོད་མི་ཟད་པ་དང་། ཆོས་སྟོན་པ་མི་ཟད་པ་དང་། མངོན་པར་ཤེས་པ་ཐོབ་པ་དང་། སེམས་ས་ལྟར་མཉམ་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་དག་རྣམས་ཀྱི་ལོངས་སྤྱོད་རྟག་ཏུ་མི་ཟད་ཅིང་། །རྟག་ཏུ་ཆོས་ཀྱི་མི་ཟད་རྒྱ་མཚོ་འདྲ་བ་ཡིན། །དེ་དག་མངོན་ཤེས་ལྔ་པོ་མི་ཟད་རྟག་མི་གཡོ། །རྟག་ཏུ་དྲན་ལྡན་བསམ་པ་ས་དང་འདྲ་བ་ཡིན། །མཉམ་མེད་བྱང་ཆུབ་ཕྱིར་ནི་ཡང་དག་ཞུགས་གྱུར་ཅིང་། །མྱ་ངན་མ་འདས་གང་ལ་ཆོས་རྣམས་དེ་ཡོད་པ། །དེ་དག་འགྲོ་བ་ཀུན་གྱི་ཉེ་བར་འཚོ་འགྱུར་ཞིང་། །བྱང་ཆུབ་མཆོག་ཕྱིར་མྱུར་དུ་ངེས་པར་འབྱུང་བར་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་འཇིག་རྟེན་ཐམས་ཅད་མངོན་པར་འདུ་བར་འགྱུར་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཚངས་པའི་གནས་པ་བཞི་གནས་པ་དང་། བསྡུ་བའི་དངོས་པོ་བཞིས་བསྡུས་པ་དང་། བདེན་པ་བཞི་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཚངས་པའི་གནས་པ་བཞི་པོ་དག་གིས་གནས་བྱེད་ཅིང་། །བསྡུ་བའི་དངོས་པོ་དག་ལ་རྟག་ཏུ་དགའ་བྱེད་ལ། །བདེན་པ་བཞི་པོ་དག་ལ་འཇིགས་མེད་དཔའ་བོ་རྣམས། །འགྲོ་བས་རི་མོ་བྱས་ཤིང་མཆོད་པ་བྱས་པར་འགྱུར། །སོ་སོ་ཡང་དག་རིག་པའི་ཕ་རོལ་སོན་གྱུར་ཅིང་། །འཆང་དང་ཀློག་པ་དག་ལ་རྟག་ཏུ་བརྩོན་གྱུར་ལ། །ཕ་རོལ་བདེ་བར་གྱུར་པའི་བདེ་བས་མགུ་བྱེད་ན། །དེ་ཕྱིར་དེ་དག་ཡིད་དུ་འོང་ཞིང་སྡུག་པར་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཐོས་པ་དང་ཚུལ་ཁྲིམས་དང་ལྡན་ཞིང་། ཚུལ་འཆོས་པ་མེད་པ་དང་།


DKG059_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཤིང་འགྲོགས་ན་བདེ་བ་དང་། དབེན་པ་ལ་དགའ་ཤིང་དབང་པོ་བསྲུང་བ་དང་། བདག་ཉིད་བདེ་བ་ལ་ལྷག་པར་ཆགས་པ་མེད་ཅིང་རྟག་ཏུ་ཁ་ན་མ་ཐོ་བ་ལ་ལྟ་བ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ཐོས་པའི་ཡོན་ཏན་ཐོབ་ཅིང་ཚུལ་ཁྲིམས་ཕ་རོལ་སོན། །ཚུལ་འཆོས་མེད་ཅིང་རྟག་ཏུ་དེས་ལ་བརྟུལ་ཞུགས་བཟང་། །ནགས་དང་ནགས་འདབ་གནས་ཤིང་དབང་པོ་སྡོམ་བྱེད་ལ། །དྲན་ལྡན་བདག་བདེ་མི་ལྟོས་ཁ་ན་མ་ཐོ་སྟེ། །གང་ལ་རྟག་ཏུ་དགེ་བའི་ཡོན་ཏན་དེ་ཡོད་པ། །དེ་དག་རྟག་ཏུ་སེམས་ཅན་ཕན་ཕྱིར་བརྩོན་འགྲུས་ཞིང་། །དེ་དག་སེམས་ཅན་དོན་ཡང་རྟག་ཏུ་བྱེད་འགྱུར་ལ། །དེ་དག་རྟག་ཏུ་བྱང་ཆུབ་ཕྱིར་ནི་ཡིད་གཞོལ་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་དགེ་བའི་སྤྱོད་པ་ཐམས་ཅད་ལ་སྨད་པ་མེད་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། དད་པ་ཕུན་སུམ་ཚོགས་པ་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་། སྙིང་རྗེ་ཆེན་པོ་ཕུན་སུམ་ཚོགས་པ་དང་། ཐེག་པ་ཆེན་པོར་ཡོངས་སུ་བསྔོ་བ་ལ་མཁས་པ་རྣམས་ཡིན་ཏེ། བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་དག་དད་དང་ལྡན་ལ་བརྟུལ་བ་བརྟན་ལྡན་ཞིང་། །དེ་དག་བརྩོན་འགྲུས་མཐུ་དང་སྟོབས་དང་ལྡན་པ་ཡིན། །འགྲོ་བ་ཀུན་ལ་བྱམས་དང་སྙིང་རྗེ་ཆེ་ལྡན་ཞིང་། །བྱང་ཆུབ་ཆེད་དུ་ཡོངས་སུ་བསྔོ་ལ་མཁས་པ་སྟེ། །དེ་ཕྱིར་དགེ་བ་ཀུན་ལ་སྨས་པ་ཡོད་མིན་ཞིང་། །ཟླ་བ་ཉ་བའི་ཟླ་བ་མཁའ་ལ་སྐར་མ་ཡི། །ཚོགས་ཀྱི་དབུས་ན་གནས་པ་རྣམ་པར་མཛེས་པ་དག །ཡང་དང་ཡང་དུ་དགེ་བ་ཀུན་ལ་རྣམ་འཕེལ་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཤེས་རབ་དག་ལ་རྒྱ་མཚོ་ལྟ་བུ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པ་དང་། བློ་རབ་ཏུ་གནས་པ་དང་། ལྷག་པའི་བསམ་པ་རྡོ་རྗེ་ལྟར་བརྟན་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་དེ་དག་ཇི་སྐད་སྨྲས་པ་དེ་བཞིན་བྱེད། །དེ་དག་སྒྲུབ་པ་སྙིང་པོར་བྱེད་


DKG059_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་བློ་རབ་གནས། །གང་དག་བརྩོན་པ་དེ་དག་རྡོ་རྗེ་ལྟ་བུ་ཡི། །ལྷག་པའི་བསམ་པ་བརྟན་པ་དག་དང་ལྡན་པར་འགྱུར། །མཁས་པ་གང་དག་ཆོས་བཞི་དེ་དག་སྟོན་བྱེད་པ། །དེ་དག་རྟག་ཏུ་དགེ་བའི་བཤེས་གཉེན་སྟེན་བྱེད་ཅིང་། །དམ་བཅས་རྣམས་ལ་སྙིང་པོར་བྱེད་པར་འགྱུར་བ་དང་། །རྟག་ཏུ་སངས་རྒྱས་གསུང་ཡང་འཛིན་པར་བྱེད་པ་ཡིན། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ཡེ་ཤེས་ཀྱི་སྟོབས་ཅན་རྣམས་ཡིན་ཞིང་ཉོན་མོངས་པའི་སྟོབས་ཅན་རྣམས་མ་ཡིན་པ་དང་། སེམས་ལ་དབང་སྒྱུར་བ་རྣམས་ཡིན་ཞིང་བདུད་ཀྱི་དབང་སྒྱུར་བ་མ་ཡིན་པ་དང་། གཟུངས་དང་སྤོབས་པ་ཕུན་སུམ་ཚོགས་པ་རྣམས་ཡིན་པ་དང་། འབྲས་བུ་ཡོད་པར་ཆོས་སྟོན་པ་རྣམས་ཡིན་ཏེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། དེ་དག་ཡེ་ཤེས་སྟོབས་ལྡན་ཉོན་མོངས་དབང་མི་འགྲོ། །ཤེས་རབ་སྟོབས་ཀྱིས་བླུན་སྤངས་ལྟ་རྣམས་ཀུན་དུ་བྲལ། །སེམས་ལ་དབང་སྒྱུར་བྱེད་ཅིང་བདུད་བཞི་སྤངས་གྱུར་ལ། །སྤོབས་པ་བརྟན་པར་གྱུར་ཅིང་གཟུངས་ཀྱིས་འཁྲུགས་པ་མེད། །དེ་དག་སྟོན་པ་འབྲས་བུ་མེད་པར་མི་འགྱུར་ཏེ། །དེ་ཕྱིར་མྱུར་དུ་དབང་ཕྱུག་ཉིད་དང་ལྡན་པར་འགྱུར། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་བྱ་བ་ཐམས་ཅད་ལ་སློབ་དཔོན་དུ་གྱུར་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། ང་རྒྱལ་མེད་པ་དང་། བླ་མ་ལ་གུས་པ་དང་། བག་ཡོད་པ་དང་། འདུན་པ་དྲག་པོ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། ང་རྒྱལ་མེད་ཅིང་བླ་མར་གུས་པས་གནས་གྱུར་ལ། །ཀུན་ནས་བག་ཡོད་བྱང་ཆུབ་མཆོག་ལ་འདུན་དྲག་ཅིང་། །བསམ་པ་ཐག་པས་སྨོན་ཅིང་རྟག་ཏུ་དྲང་གྱུར་ལ། །སློབ་དཔོན་དཔེ་མཁྱུད་མེད་པ་རྟག་ཏུ་སློབ་དཔོན་འགྱུར། །མཁས་པ་འཇིག་རྟེན་འཇིག་རྟེན་འདས་པའི་དོན་མཁས་ཤིང་། །ཚུལ་དང་ཚུལ་མ་ཡིན་པའི་མཁས་པས་བརྟན་པ་རྣམས། །


DKG059_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཀུན་མཛའ་ཐམས་ཅད་རྟོགས་པར་ཁོང་དུ་ཆུད། །དེ་ཕྱིར་འགྲོ་བས་སྤྱི་བོར་ཐལ་སྦྱར་དེ་ལ་འདུད། །ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་། ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་རྣམས་ཡིན་ཏེ། བཞི་གང་ཞེ་ན། མངོན་པར་ཤེས་པའི་ཡེ་ཤེས་ཀྱིས་རྣམ་པར་བརྩེ་བ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་སྤོབས་པ་དང་། དགེ་བ་ཐམས་ཅད་དང་མི་འབྲལ་ཞིང་བག་ཆགས་དང་བྲལ་བ་དང་། དགེ་བའི་ཆོས་ཐམས་ཅད་དང་ལྡན་ཞིང་དབང་བསྐུར་བ་ཐོབ་པ་སྟེ། ཆོས་བཞི་པོ་དེ་དག་དང་ངོ་། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེམས་ཅན་དག་པ་རྒྱ་ཆེན་མངོན་ཤེས་ཤེས་པས་བརྩེ། །བདེ་གཤེགས་ཀུན་གྱིས་དགོངས་པ་མཁའ་འདྲའི་སྤོབས་དང་ལྡན། །བརྩོན་འགྲུས་ཐོགས་མེད་མི་དགེ་བག་ཆགས་ཀུན་སྤོངས་ཤིང་། །དགེ་དང་ལྡན་ཞིང་དབང་བསྐུར་ཐོབ་པར་གྱུར་པ་སྟེ། །ཆོས་རྣམས་དེ་དག་ལ་ནི་རབ་ཏུ་གནས་གྱུར་པ། །དེ་དག་ཁ་ན་མ་ཐོ་མེད་པའི་ཡོན་ཏན་ལྡན། །བཅོམ་ལྡན་འདས་ཀྱིས་བཞི་པ་བསྒྲུབ་པ་འདི་བསྟན་པ་ན་ལྷ་དང་མི་རྣམས་ལས་སྲོག་ཆགས་ས་ཡ་ཉིས་འབུམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་འབུམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཤིང་། འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་ཡང་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་ལྷའི་མེ་ཏོག་གི་ཆར་རབ་ཏུ་ཕབ་ཅིང་། ལྷའི་སིལ་སྙན་དག་གི་སྒྲ་ཡང་བྱུང་བར་གྱུར་ཏོ། །ཀླུ་རྣམས་ཀྱིས་ཀྱང་མུ་ཏིག་དམར་པོ་དང་། ཀླུའི་མེ་ཏོག་གི་ཆར་རབ་ཏུ་ཕབ་པོ། །ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་རྣམས་ཀྱིས་ཀྱང་བཅོམ་


DKG059_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་ལྷའི་མཆོད་པ་དག་གིས་མཆོད་པ་བྱས། ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཀྱང་། ཨ་ལ་ལ་ཆོས། ཨ་ལ་ལ་ཆོས། ཨ་ལ་ལ་ཆོས་ཞེས་ལན་གསུམ་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་ནས་མཆོད་པ་ཆེན་པོ་དག་ཀྱང་བྱས་སོ། །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བཅོམ་ལྡན་འདས་ཀྱིས་ཆོས་སུམ་ཅུ་རྩ་གཉིས་པོ་དེ་དག་གི་དོན་དང་ཚིག་རྣམ་པར་གཏན་ལ་འབེབས་པ་བསྟན་པར་བཀའ་སྩལ་གྱིས། འཇམ་དཔལ་ཁྱོད་ཀྱང་ཆོས་སུམ་ཅུ་རྩ་གཉིས་པོ་དེ་དག་གི་དོན་དང་ཚིག་རྣམ་པར་གཏན་ལ་དབབ་པ་དེ་ལ་སྤོབས་པར་གྱིས་ཤིག །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་གཞན་གྱི་རྐྱེན་གྱིས་མི་འགྲོ་བ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཉོན་མོངས་པ་ཐམས་ཅད་ངེས་པར་འཇོམས་པར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩམ་པ་ཐམས་ཅད་ལ་བརྩོན་འགྲུས་བརྟན་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་དག་གིས་མངོན་པར་འཕགས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་དབྱིངས་མི་གཡོ་བ་རྗེས་སུ་རྟོགས་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་དག་གིས་མངོན་པར་འཕགས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་


DKG059_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ཡེ་ཤེས་ཀྱི་ཆགས་པ་མེད་པར་སྤྱོད་པ་རྣམས་ཡིན། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡུལ་ཐམས་ཅད་ལ་ཆགས་པར་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡེ་ཤེས་ཀྱི་ཆགས་པ་མེད་པར་སྤྱོད་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མུན་པ་དང་བྲལ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པར་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་མུན་པ་དང་བྲལ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་རྣམས་ཀྱི་ནང་དུ་འཇིགས་པ་དང་བྲལ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་རྣམ་པར་ཕྱེ་ན་མི་རྙེད་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་རྣམས་ཀྱི་ནང་དུ་འཇིགས་པ་དང་བྲལ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོས་པས་དོན་ལ་རྟོན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་བརྗོད་དུ་མེད་པར་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོས་པས་དོན་ལ་རྟོན་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཚུལ་གྱིས་ཆོས་ལ་རྟོན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་དབྱིངས་ཞི་བ་ཉིད་དུ་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཚུལ་གྱིས་ཆོས་ལ་རྟོན་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་


DKG059_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་བཞིན་དུ་སྨྲ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒྲ་ཐམས་ཅད་ལ་རྟེན་པར་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གསུངས་པ་བཞིན་དུ་སྨྲ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་སྨྲ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྨྲ་བ་ཐམས་ཅད་ལས་ལྡོག་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ལ་ཆོས་སྨྲ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འཕགས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ལས་གཡོ་བར་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་རྣམས་ཀྱིས་མངོན་པར་འཕགས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྟོང་པ་ཉིད་རྗེས་སུ་རྟོགས་པར་བྱ་བའི་ཕྱིར་ཉོན་མོངས་པ་ཉིད་བྱང་ཆུབ་ཡིན་པར་ཡོངས་སུ་ཚོལ་བར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློས་གཏིང་དཔག་དཀའ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་


DKG059_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་གཏིང་རྟོགས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བློས་གཏིང་དཔག་དཀའ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་ན་སྤྱོད་ཀྱང་འཇིག་རྟེན་གྱི་ཆོས་རྣམས་ཀྱིས་གོས་པར་མི་འགྱུར་བ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་གོས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏིང་དཔག་དཀའ་ཞིང་ཟབ་མོ་ལ་སྤྱོད་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བདག་ལ་བདག་མེད་པས་སྒྱིད་ལུག་པར་མི་འགྱུར་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཏིང་དཔག་དཀའ་ཞིང་ཟབ་མོ་ལ་སྤྱོད་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པས་དབང་པོ་ལ་མཁས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དབང་པོ་དྲུག་གིས་དབང་པོ་ཐམས་ཅད་ལ་ལྟ་བར་བྱེད་པར་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་སྟོན་པས་དབང་པོ་ལ་མཁས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་དང་མ་འདྲེས་པས་རྣམ་པར་ཐར་པའི་སྒོར་གནས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྒོ་ཐམས་ཅད་ནས་ཐར་པ་སྟོན་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདུས་མ་བྱས་དང་མ་འདྲེས་པས་རྣམ་པར་ཐར་པའི་སྒོར་གནས་པ་རྣམས་ཡིན་ནོ། །ལྷའི་


DKG059_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ང་རྒྱལ་ཅན་ཚར་གཅོད་པའི་ཕྱིར་སྣྲེལ་ཞིར་བསྒྲུབ་པ་ལ་མཁས་པ་རྣམས་ཡིན། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཁོར་བ་ལས་མྱ་ངན་ལས་འདས་པ་ཚོལ་ཞིང་ལྟ་བར་བྱེད་ལ། མྱ་ངན་ལས་འདས་པ་ལས་ཀྱང་འཁོར་བ་ཚོལ་ཞིང་ལྟ་བར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་ང་རྒྱལ་ཅན་ཚར་གཅོད་པའི་ཕྱིར་སྣྲེལ་ཞིར་བསྒྲུབ་པ་ལ་མཁས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་བྱ་བ་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་མི་འཕོ་བར་ལྟ་བར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་བྱ་བ་ཐམས་ཅད་ཀྱི་རྒྱུ་ལ་མཁས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བའི་རྣམ་པ་དང་བྲལ་ཞིང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་བདག་པོ་མེད་པར་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྟ་བའི་རྣམ་པ་དང་བྲལ་ཞིང་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དག་ལ་ཐབས་ལ་མཁས་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་འཇིག་རྟེན་གྱི་ཚུལ་ལ་སྨོད་པར་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དག་ལ་ཐབས་མཁས་པ་རྣམས་ཡིན་ནོ། །ལྷའི་


DKG059_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཡོངས་སུ་དག་པས་བརྟུལ་ཞུགས་གྲུབ་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྟོགས་པ་ཉིད་བྱང་ཆུབ་ཡིན་པར་ཤེས་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཡོངས་སུ་དག་པས་བརྟུལ་ཞུགས་གྲུབ་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་འགྲས་པའི་སེམས་མེད་ཅིང་བཟོད་པའི་སྟོབས་དང་ལྡན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཤེས་པར་བྱེད། ལྟ་བར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་འགྲས་པའི་སེམས་མེད་ཅིང་བཟོད་པའི་སྟོབས་དང་ལྡན་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཕ་རོལ་ལས་མཐོང་བར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་དབྱིངས་མི་ཟད་པ་རབ་ཏུ་རྟོགས་པར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་འཚོ་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་མངོན་པར་འདུ་བར་འགྱུར་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་


DKG059_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་སྣང་བའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇིག་རྟེན་ཐམས་ཅད་མངོན་པར་འདུ་བར་འགྱུར་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་འགའ་ཡང་ལེན་པར་མི་བྱེད། སྤོང་བར་མི་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་ཆགས་ཐམས་ཅད་ཀྱིས་བསྔགས་པར་འགྱུར་བ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སྤྱོད་པ་ཐམས་ཅད་ལ་སྨྲས་པ་མེད་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་ཤིང་འདྲ་བར་ཤེས་པར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་སྤྱོད་པ་ཐམས་ཅད་ལ་སྨྲས་པ་མེད་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་དག་ལ་སྙིང་པོར་གྱུར་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཀྱི་དབྱིངས་ཀུན་ཏུ་འབྱེད་པར་མི་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་དག་ལ་སྙིང་པོར་གྱུར་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསམ་དུ་མེད་པ་སེམས་པས་སེམས་ཐམས་ཅད་ཤེས་པར་བྱེད་པ་དེ་ལྟ་ན། བྱང་


DKG059_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ལ་དབང་སྒྱུར་བས་དབང་ཕྱུག་ཏུ་གྱུར་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་བ་ཐམས་ཅད་ལ་སློབ་དཔོན་དུ་གྱུར་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཚུལ་གཅིག་གིས་ཚུལ་ཐམས་ཅད་ཤེས་པར་བྱེད་ཅིང་། ཚུལ་ཐམས་ཅད་ཀྱིས་ཀྱང་ཚུལ་གཅིག་ཤེས་པར་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱ་བ་ཐམས་ཅད་ལ་སློབ་དཔོན་དུ་གྱུར་པ་རྣམས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་། ཡོན་ཏན་ཐམས་ཅད་དང་ལྡན་པ་རྣམས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་གཉེན་པོ་མེད་པར་རྟོགས་ནས་ཆོས་འགའ་ཡང་བསྒྲུབ་པར་མི་བྱེད། ཆོས་འགའ་ཡང་སེལ་བར་མི་བྱེད་པ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་ཅིང་ཡོན་ཏན་རྣམ་པ་ཐམས་ཅད་དང་ལྡན་པ་རྣམས་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་ཁྲི་བརྒྱད་སྟོང་གིས་མི་སྐྱེ་བའི་ཆོས་ལུང་བསྟན་པ་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་བདུན་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྲོག་ཆགས་འབུམ་ལྷག་ཙམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པའི་ཕྱིར། ལྷ་རྣམས་ཀྱིས་ཀྱང་སྟེང་གི་བར་སྣང་ལས་ལྷའི་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཐོས་ནས་ཡི་རངས་པ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཚིག་འདི་སྐད་ཅེས་བདག་ཅག་ཅིག་གིས་ཀྱང་ཆོས་དེ་དག་ཐོབ་པར་གྱུར་ཅིག །འཇམ་དཔལ་གཞོན་ནུར་གྱུར་པའི་སྤོབས་པ་ཇི་ལྟ་བ་དེ་ལྟ་བུའི་


DKG059_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྤོབས་པ་མི་ཆོད་པ་ཡང་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འཇམ་དཔལ་ཁྱོད་ཀྱིས་ཆོས་རྣམ་པར་གཏན་ལ་དབབ་པ་བསྟན་པ་འདི་ལེགས་པར་སྨྲས་ཏེ་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏོ།། །།བམ་པོ་གཉིས་པ། དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཅི་ཁྱོད་ཁོ་བོ་ལས་ཆོས་ཀྱི་དགབ་པ་འདོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་སྐད་དུ་ཁྱོད་ཆོས་ཀྱི་དགབ་པ་འདོད་དམ་ཞེས་ཟེར་བ་ནི། ལྷའི་བུ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་ཆོས་ཀྱི་དགབ་པ་ཞེས་བྱ་བ་ནི་སྲེད་པ་དང་འདོད་པ་སྤངས་པ་ཡིན་ཏེ། ཆོས་འདི་ནི་སོ་སོར་རྟོགས་པ་མེད་པའི་ཕྱིར་འདོད་པ་མེད་པ་ཡིན་ནོ། །ཆོས་འདི་ནི་མིག་གི་ལམ་ལས་ཡང་དག་པར་འདས་པའི་ཕྱིར་ལྟར་མི་སྣང་བ་ཡིན་ནོ། །ཆོས་འདི་ནི་མངོན་པར་གྲུབ་པ་མེད་པའི་ཕྱིར་མ་བྱས་པ་ཡིན་ནོ། །ཆོས་འདི་ནི་ཡུལ་དྲུག་དང་མ་འདྲེས་པའི་ཕྱིར་མི་མཐོང་བ་ཡིན་ནོ། །ཆོས་འདི་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར་བདག་གི་བ་མེད་པ་ཡིན་ནོ། །ཆོས་འདི་ནི་གཏན་ཡོངས་སུ་མ་གྲུབ་པའི་ཕྱིར་གཟུང་བ་མེད་པ་ཡིན་ནོ། །ཆོས་འདི་ནི་ཡུལ་མེད་པའི་ཡུལ་དུ་འགྲོ་བའི་ཕྱིར་གཞི་མེད་པ་ཡིན་ནོ། །ཆོས་འདི་ནི་རང་བཞིན་གྱིས་དབེན་པའི་ཕྱིར་ཟག་པ་མེད་པ་ཡིན་ནོ། །ཆོས་འདི་ནི་སྔོན་གྱི་མཐའ་རྣམ་པར་དག་པའི་ཕྱིར་འོང་བ་མེད་པ་ཡིན་ནོ། །ཆོས་འདི་ནི་ཕྱི་མའི་མཐའ་རྣམ་པར་དག་པའི་ཕྱིར་འགྲོ་བ་མེད་པ་ཡིན་ནོ། །ཆོས་འདི་ནི་ད་ལྟར་བྱུང་བ་རྣམ་པར་དག་པའི་ཕྱིར་གནས་པ་མེད་པ་ཡིན་ནོ། །ཆོས་འདི་ནི་བརྟག་ཅིང་སེལ་བ་དང་བྲལ་བའི་ཕྱིར་རྩོལ་བ་མེད་པ་ཡིན་ནོ། །ཆོས་འདི་ནི་ནམ་མཁའ་དང་མཉམ་པའི་ཕྱིར་མཉམ་པ་མེད་པ་ཡིན་ནོ། །ཆོས་འདི་ནི་གཉེན་པོ་མེད་པའི་ཕྱིར་མི་མཉམ་པ་དང་མཉམ་པ་མེད་པ་ཡིན་ནོ། །ཆོས་འདི་ནི་བདུད་ཀྱི་ཡུལ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་གཡོ་བ་མེད་པ་དང་། རློམ་སེམས་མེད་པ་དང་། མ་བརྟགས་པ་དང་། རྣམ་པར་མ་བརྟགས་པ་དང་། རྣམ་པར་མ་བསྒྲུབས་པ་དང་། ཀུན་ཏུ་མ་བསྟན་པ་ཡིན་ནོ། །ཆོས་


DKG059_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སྐྱེ་བ་དང་འཇིག་པ་དང་བྲལ་བའི་ཕྱིར་བླང་བ་མེད་པ་དང་། དོར་བ་མེད་པ་ཡིན་ནོ། །ཆོས་འདི་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་གཞོལ་བའི་ཕྱིར་གནས་པ་མེད་པར་གནས་པ་ཡིན་ནོ། །ཆོས་འདི་ནི་ཡང་དག་པར་མ་བྱུང་བའི་ཕྱིར་དབྱེར་མེད་པ་ཡིན་ནོ། །ཆོས་འདི་ནི་སྤྲོས་པ་དང་བྲལ་བའི་ཕྱིར་རབ་ཏུ་སྤྱོད་པ་མེད་པ་ཡིན་ནོ། །ཆོས་འདི་ནི་རང་བཞིན་གྱིས་ཉེ་བར་ཞི་བའི་ཕྱིར་སྤྲོས་པ་དང་བྲལ་བ་ཡིན་ནོ། །ཆོས་འདི་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཉེ་བར་ཞི་བ་ཡིན་ནོ། །ཆོས་འདི་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ངེས་པར་བཅོམ་པའི་ཕྱིར་རྣམ་པར་རྟག་པ་མེད་པ་ཡིན་ནོ། །ཆོས་འདི་ནི་འདོད་པའི་འདོད་ཆགས་ཀྱི་རྡུལ་དང་བྲལ་བའི་ཕྱིར་ཤིན་ཏུ་འཕགས་པ་ཡིན་ནོ། །ཆོས་འདི་ནི་སྟོང་པ་ཉིད་ཀྱི་ཕྱིར་སྟོང་པ་མེད་པ་ཡིན་ནོ། །ཆོས་འདི་ནི་ངེས་པར་མ་བརྟགས་པའི་ཕྱིར་མཚན་མ་མེད་པ་ཡིན་ནོ། །ཆོས་འདི་ནི་རྣམ་པར་ཤེས་པ་མི་གནས་པའི་ཕྱིར་སྨོན་པ་མེད་པ་ཡིན་ནོ། །ཆོས་འདི་ནི་རྩ་བ་ཡོངས་སུ་ཆད་པའི་ཕྱིར་མི་གནས་པ་ཡིན་ནོ། །ཆོས་འདི་ནི་གྲོགས་མེད་པའི་ཕྱིར་མི་རྟེན་པ་ཡིན་ནོ། །ཆོས་འདི་ནི་མི་རྟེན་པའི་ཕྱིར་མི་གཡོ་བ་ཡིན་ནོ། །ཆོས་འདི་ནི་གཟོད་མ་ནས་རྣམ་པར་དག་པའི་ཕྱིར་བདག་མེད་པ་ཡིན་ནོ། །ཆོས་འདི་ནི་གཏན་མངོན་པར་གྲུབ་པ་མེད་པའི་ཕྱིར་སེམས་ཅན་མེད་པ་ཡིན་ནོ། །ཆོས་འདི་ནི་གཟོད་མ་ནས་མ་བྱུང་བའི་ཕྱིར་རྟག་པ་མེད་པ་ཡིན་ནོ། །ཆོས་འདི་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་མ་བྱུང་བ་ཡིན་ནོ། །ཆོས་འདི་ནི་མཚན་ཉིད་དང་བྲལ་བའི་ཕྱིར་མ་སྐྱེས་པ་ཡིན་ནོ། །ཆོས་འདི་ནི་མཚན་ཉིད་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་ཉིད་མེད་པ་ཡིན་ནོ། །ཆོས་འདི་ནི་གཟོད་མ་ནས་ཡང་དག་པར་རྒྱུན་ཆད་པའི་ཕྱིར་ཞི་བ་ཡིན་ནོ། །ཆོས་འདི་ནི་གཟོད་མ་ནས་ཉེ་བར་ཞི་བའི་ཕྱིར་ཡང་དག་པར་རྒྱུན་ཆད་པ་མེད་པ་ཡིན་ནོ། །ཆོས་འདི་ནི་མི་ཕྱེད་པ་དང་མི་སྣང་བའི་ཕྱིར་ནམ་མཁའི་མཚན་ཉིད་ལྟ་བུ་ཡིན་ན། ལྷའི་བུ་ཆོས་དེ་ལྟ་བུ་ལ་ཆོས་ཀྱི་དགབ་པ་དེ་ལྟ་བུ་ཞིག་ཡོད། ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་འདིའི་དགབ་པ་ནི་ཀུན་ཏུ་འཕྲོ་བ་མེད་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལེགས་སོ་ལེགས་སོ། །ཇི་སྐད་སྨྲས་པ་དེ་བཞིན་


DKG059_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། ཆོས་འདིའི་དགབ་པ་ནི་གང་ལ་ལུས་དང་། ངག་དང་། སེམས་ཀྱིས་རྟུལ་བ་མེད་པ་དེ་ལྟ་བུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་ནི་གསལ་བ་རྙོག་པ་མེད་པ་ཡིན་པས། དེ་ནི་སེམས་རྙོག་པ་ཅན་གྱིས་མཆོད་པར་མི་ནུས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་སེམས་རྙོག་པ་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཟུགས་ཀྱི་མཚན་མ་རྗེས་སུ་དྲན་པས་སངས་རྒྱས་རྗེས་སུ་དྲན་པར་བྱེད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སྒྲ་དང་། སྐད་དང་། དབྱངས་དང་། ཚིག་གི་ལམ་གྱིས་ཆོས་རྗེས་སུ་དྲན་པར་བྱེད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །འབྲས་བུ་ཐོབ་པ་མངོན་དུ་བྱེད་པས། དགེ་འདུན་རྗེས་སུ་དྲན་པར་བྱེད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ཉོན་མོངས་པ་གཏན་སྤང་བ་རྗེས་སུ་དྲན་པར་བྱེད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སྐྱེ་བ་ལ་རྟེན་པས་ལྷ་རྗེས་སུ་དྲན་པར་བྱེད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །མ་དུལ་བའི་སྦྱིན་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །མ་ཞི་བའི་ཚུལ་ཁྲིམས་ཀྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སེམས་ཅན་ལ་བརྟེན་པའི་བཟོད་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སྤྲོས་པ་དང་བཅས་པའི་ཤེས་རབ་ཀྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །བདག་ཏུ་འཛིན་པ་ལ་གནས་པའི་བྱམས་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སེམས་ལ་ངེས་པར་མ་བསམས་པའི་བསམ་གཏན་གྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ཐེ་ཙོམ་ཅན་གྱི་སྙིང་རྗེའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །མྱ་ངན་ལས་འདས་པའི་ལམ་དང་བྲལ་བའི་དགའ་བའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །གཉིས་ལ་གནས་པའི་བཏང་སྙོམས་ཀྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ལུས་སུ་འདུ་ཤེས་པའི་ཚོར་བའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ཆོས་སུ་འདུ་ཤེས་པའི་དྲན་པ་ཉེ་བར་གཞག་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སྐྱེ་བ་དང་འཇིག་པར་འདུ་ཤེས་པའི་ཡང་དག་པར་སྤོང་བའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ལུས་དང་སེམས་ལ་རྟེན་པའི་རྫུ་འཕྲུལ་གྱི་རྐང་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །དབང་པོ་དྲུག་ལ་རྟེན་པའི་དབང་


DKG059_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལྔའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ལྟ་བའི་སྟོབས་དང་ལྡན་པའི་སྟོབས་ལྔའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ཆོས་སུ་འདུ་ཤེས་པ་ལ་གནས་པའི་བྱང་ཆུབ་ཀྱི་ཡན་ལག་གི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །འདུ་བྱེད་ཡིད་ལ་བྱེད་པ་ལ་བརྩོན་པའི་ལམ་སྒོམ་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །སྡུག་བསྔལ་ལ་ཡོངས་སུ་རྟོག་པའི་འདུ་ཤེས་ཅན་གྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ཀུན་འབྱུང་བ་ལ་སྒོམ་པའི་འདུ་ཤེས་ཅན་གྱི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །འགག་པར་ཟད་པ་འདུ་ཤེས་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ནོ། །ལམ་ལ་སྒོམ་པར་འདུ་ཤེས་པའི་སེམས་ནི་སེམས་རྙོག་པ་ཅན་ཡིན་ཏེ། ལྷའི་བུ་ཇི་ཙམ་དུ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་ལ་སྒྲོ་འདོགས་པར་བྱེད་པ་དེ་ཙམ་དུ་སེམས་རྙོག་པ་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སེམས་རྙོག་པ་མེད་པ་གང་དག་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་སེམས་ནམ་མཁའ་དང་མཉམ་པ་དག་གོ །ལྷའི་བུས་སྨྲས་པ། འཇམ་དཔལ་ནམ་མཁའ་ལ་སེམས་ཅུང་ཟད་ཀྱང་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཇི་ལྟར་ནམ་མཁའ་ལ་སེམས་མེད་པ་བཞིན་དུ་སེམས་དེ་ཡང་དེ་དང་འདྲ་སྟེ། གང་གི་སེམས་དེ་འདྲ་བ་དེ་ནི་སེམས་ནམ་མཁའ་དང་མཉམ་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གནས་དེ་ལ་སུ་ཞིག་མོས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལྷག་པར་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་མོས་པར་དཀའ་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷག་པར་བྱེད་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་སེམས་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིར་ལྷག་པར་བྱེད་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཞིག་ལྷག་པར་བྱེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྟག་པར་བྱེད་པ་ནི་ལྷག་པར་བྱེད་པ་ཡིན་ནོ། །མི་རྟག་པར་བྱེད་པ་ནི་ལྷག་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་བདེ་བ་དང་། སྡུག་བསྔལ་དང་། སྡུག་པ་དང་། མི་སྡུག་པ་དང་། བདག་དང་། བདག་མེད་པར་བྱེད་པ་ནི་ལྷག་པར་བྱེད་པ་ཡིན་ནོ། །སྟོང་པ་ཞེས་བྱ་


DKG059_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། གང་ཟག་ཅེས་བྱ་བ་དེ་ནི་ལྷག་པར་བྱེད་པ་ཡིན་ནོ། །མཚན་མ་མེད་པ་ཞེས་བྱ་བ་དང་། སྨོན་པ་མེད་པ་ཞེས་བྱ་བ་འདི་ནི་ལྷག་པར་བྱེད་པ་ཡིན་ནོ། །སྒྱུ་མ་དང་། རྨི་ལམ་དང་། མིག་ཡོར་དང་། གཟུགས་བརྙན་དང་། བྲག་ཅ་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། སྤྲུལ་པའི་དཔེ་ཉེ་བར་དགོད་པ་དག་གི་ཆོས་རྣམ་པར་འཇོག་པར་བྱེད། མཚོན་པར་བྱེད། འཇུག་པར་བྱེད། སྟོན་པར་བྱེད་པ་དེ་ནི་ལྷག་པར་བྱེད་པ་ཡིན་ནོ། །དེ་ཇི་ཙམ་དུ་ཆོས་རྣམ་པར་འཇོག་པར་བྱེད་པ་དེ་ཙམ་དུ་ལྷག་པར་བྱེད་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པ་ལ་སྐྱོན་དུ་བྱེད་པ་དང་། རྣམ་པར་བྱང་བ་ལ་སྐྱོན་མེད་པར་བྱེད་པ་དེ་ནི་ལྷག་པར་བྱེད་པ་ཡིན་ནོ། །འཁོར་བ་ལ་སྐྱོན་དུ་ལྟ་བར་བྱེད་པ་དང་། མྱ་ངན་ལས་འདས་པ་ལ་ཕན་ཡོན་དུ་ལྟ་བར་བྱེད་པ་དེ་ནི་ལྷག་པར་བྱེད་པ་ཡིན་ཏེ། ལྷའི་བུ་དེ་དག་ནི་ལྷག་པའི་ང་རྒྱལ་ཅན་རྣམས་ཀྱིས་ལྷག་པར་བྱེད་པ་དག་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་ལྷག་པའི་ང་རྒྱལ་མེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གིས་ངེས་པར་འབྱུང་བའི་དབྱིངས་རྟོགས་ཤིང་། ཉོན་མོངས་པ་ཐམས་ཅད་འགོག་པ་བསྒྲུབས་ཏེ། གནས་ཀྱང་འགོག་པ་འགོག་པར་ཡང་མི་བྱེད་ལ། སྐྱེ་བ་མེད་པ་སྐྱེད་པར་ཡང་མི་བྱེད་ཅིང་། སྒྲ་ཐམས་ཅད་ཀྱིས་སྐྲག་པར་ཡང་མི་བྱེད་ལ། ཀུན་ནས་ཉོན་མོངས་པའི་རང་བཞིན་གང་ཡིན་པ་དེ་ཉིད་རྣམ་པར་བྱང་བའི་རང་བཞིན་ཡིན་པ་དེ་ལྟར་ཤེས་ཤིང་། ཆོས་ཐམས་ཅད་ལ་གཉིས་དང་བྲལ་བ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་ཐོབ་པ་དེ་ནི་ལྷའི་བུ་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་ལྷའི་བུ་ཉི་ཁྲི་ཉིས་སྟོང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དགེ་སློང་ལྔ་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སྟོང་ཕྲག་རབ་ཏུ་མང་པོ་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དགེ་བསྙེན་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ཁྱིམ་


DKG059_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་རབ་ཏུ་བྱུང་བ་ལས་བུད་མེད་ཉིས་སྟོང་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ཀྱང་ཐེ་ཙོམ་ཅི་ཡོད་པ་དག་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དྲིས་ཤིག །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་དགེ་སློང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པ་ཇི་ཞིག་ལ་བསམ་གཏན་བྱེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དགེ་སློང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པ་ནི་རྩ་བ་མེད་པ་དང་། མཐའ་མེད་པ་དང་། གནས་མེད་པ་ལ་བསམ་གཏན་བྱེད་པ་དང་། མི་འཁྲུགས་པ་ལ་བསམ་གཏན་བྱེད་པ་དང་། ཡང་དག་པ་ལ་བསམ་གཏན་བྱེད་པ་ཡིན་ནོ། །འོད་སྲུང་ཆེན་པོས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་རྩ་བ་ནི་རང་གི་ལུས་ཡིན། མཐའ་ནི་ངར་འཛིན་པ་ཡིན། གནས་ནི་ཁམས་གསུམ་པ་ཡིན། འཁྲུགས་པ་ནི་ཉོན་མོངས་པ་རྣམས་ཡིན། མི་མཉམ་པ་ནི་གཉིས་ཡིན་ཏེ། དེ་ལ་དེས་ལུས་ནི་རྩ་བ་མེད་པར་ཤེས། ངར་འཛིན་པ་ནི་མཐའ་མེད་པར་ཤེས། ཁམས་གསུམ་ནི་གནས་མེད་པར་ཤེས། ཉོན་མོངས་པ་རྣམས་ནི་མི་འཁྲུགས་པར་ཤེས། བསམ་གཏན་རྣམས་ནི་གཉིས་སུ་མེད་པར་ཤེས་པས་ན། བཙུན་པ་འོད་སྲུང་ཆེན་པོ་ཁོ་བོས་དེ་ལས་བསམས་ནས་དགེ་སློང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པ་ནི་རྩ་བ་མེད་པ་དང་། མཐའ་མེད་པ་དང་། གནས་མེད་པ་ལ་བསམ་གཏན་བྱེད་པ་དང་། མི་འཁྲུགས་པ་ལ་བསམ་གཏན་བྱེད་པ་དང་། ཡང་དག་པ་ལ་བསམ་གཏན་བྱེད་པ་ཡིན་ནོ་ཞེས་སྨྲས་སོ། །ཤཱ་རིའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་ཤེས་རབ་དང་ལྡན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཆགས་པ་ཐམས་ཅད་ལ་སྤྱོད་པར་བྱེད་ཀྱང་ཆགས་པ་ཐམས་ཅད་ཀྱིས་གོས་པར་མི་འགྱུར་ཞིང་། ཉོན་མོངས་པ་ཐམས་


DKG059_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་མངོན་སུམ་དུ་བྱེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཉོན་མོངས་པ་དེ་དག་གི་རང་བཞིན་གང་ཡིན་པའི་ཉོན་མོངས་པ་དེ་དག་ཀྱང་སྤོང་བར་མི་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆགས་པ་མེད་པའི་ཤེས་རབ་དང་ལྡན་པ་ཡིན་ནོ། །མཽད་གལ་གྱི་བུ་ཆེན་པོས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་བྱང་ཆུབ་སེམས་དཔའ་གང་འདུས་བྱས་ཀྱང་མ་ཐོབ། འདུས་མ་བྱས་ཀྱང་མ་ཐོབ་ལ། སློབ་པ་དང་མི་སློབ་པ་རྣམས་ཀྱང་འདུལ་བར་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ་བ་ཡིན་ནོ། །རབ་འབྱོར་གྱིས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མེད་པར་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཤེས་པར་བྱེད་ལ། ཕ་རོལ་དང་ཚུ་རོལ་དང་བྲལ་བར་བྱེད་ཅིང་། བྱང་ཆུབ་ཀྱི་སྒྲིབ་པ་ཡང་མི་སྤོང་ལ་ཏིང་ངེ་འཛིན་ལས་ཀྱང་མི་ལྡང་ཞིང་། བྱ་བ་ཐམས་ཅད་ཀྱང་སྟོན་པར་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་མེད་པར་གནས་པ་ཡིན་ནོ། །བྱམས་མའི་བུ་གང་པོས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་གང་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དབང་པོ་ཐམས་ཅད་ཀྱིས་སྤོབས་པར་བྱེད་ཅིང་། འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་འབྲས་བུ་ཡོད་པར་ཆོས་སྟོན་པར་བྱེད་ལ། བསྐལ་པ་སྟོང་ཕྲག་རྣམས་སུ་དོན་དང་། ཚིག་དང་། ཡི་གེ་སྟོན་པ་རྣམས་ཀྱིས་རྒྱས་པར་སྟོན་པར་བྱེད་ཀྱང་མཐར་ཐུག་པར་མི་འགྱུར་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཆོས་སྟོན་པ་ཡིན་ནོ། །ནམ་གྲུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བསམ་གཏན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ནམ་གྲུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པར་གཞག་པ་ཉིད་ཡིན་པར་ཡང་ཤེས་པར་བྱེད་ལ། སེམས་རྣམ་པར་གཡེངས་པ་རྣམས་


DKG059_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། ཕྱི་མའི་མཐའི་མུར་ཐུག་པའི་བར་དུ་སྤྱོད་པར་བྱེད་ཅིང་། བསམ་གཏན་ལ་གནས་པ་ལས་གཡོ་བར་མི་འགྱུར་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་བསམ་གཏན་པ་ཡིན་ནོ། །ཉེ་བར་འཁོར་གྱིས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཉེ་བར་འཁོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་རྣམས་གཏན་དུལ་བ་ཉིད་དུ་ཡང་ཤེས་པར་བྱེད་ཅིང་ལྟུང་བ་དང་ཉོན་མོངས་པ་དང་བྲལ་ལ། ལྟུང་བ་དང་ཉོན་མོངས་པ་གདུལ་བའི་ཕྱིར་ཆོས་སྟོན་པར་ཡང་བྱེད་ཅིང་། དེ་ལྟར་ཉོན་མོངས་པ་རྣམས་རྟོགས་པར་ཡང་བྱེད་ལ་བྱང་ཆུབ་ཀྱང་ཚོལ་བར་བྱེད་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་ཡིན་ནོ། །མ་འགགས་པས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་མ་འགགས་པ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་གཟུགས་སྣང་བ་ཐམས་ཅད་ཀྱང་མཐོང་བར་བྱེད་ལ། གཟུགས་དབེན་པར་མཐོང་བས་ཆོས་ཐམས་ཅད་དབེན་པར་མཐོང་བ་རྗེས་སུ་རྟོགས་པར་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ལྷའི་མིག་དང་ལྡན་པ་ཡིན་ནོ། །བ་ཀུ་ལས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དབང་པོ་བསྲུང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡུལ་ཐམས་ཅད་སངས་རྒྱས་ཀྱི་ཡུལ་ཡིན་པར་ལྟ་ཞིང་། སངས་རྒྱས་ཀྱི་ཡུལ་ཡང་ཡུལ་མེད་པར་ལྟ་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་དབང་པོ་བསྲུང་བ་ཡིན་ནོ། །སོར་མོའི་ཕྲེང་བས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དབང་པོ་རྣོ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར། མཚམས་མེད་པ་དང་མཉམ་པར་ལྟ་བར་བྱེད་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་དབང་པོ་རྣོ་བ་ཡིན་ནོ། །ཀཱ་ཏྱཱའི་བུ་ཆེན་པོས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མདོ་སྡེ་རྣམ་པར་འབྱེད་པ་ལ་མཁས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀཱ་ཏྱཱའི་བུ་ཆེན་པོ་གང་གི་ཚེ་


DKG059_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་མི་ཟད་པ་བཞི་ཐོབ་ཅིང་། ཚིག་གཅིག་གིས་ཀྱང་བསྐལ་པ་འབུམ་གྱི་བར་དུ་རྒྱ་ཆེར་རྣམ་པར་འབྱེད་ཅིང་སྟོན་ལ། ཅི་ནས་ཀྱང་ཀུན་ནས་ཉོན་མོངས་པ་སྤོང་བར་མི་བྱེད་པ་དང་། རྣམ་པར་བྱང་བ་ལེན་པར་མི་བྱེད་པ་དེ་ལྟར་སྟོན་པར་བྱེད་པ་དང་། ཆོས་ཉིད་གནས་པ་ལས་ཀྱང་མི་གཡོ་ལ་གནས་ཐམས་ཅད་ལ་ཡང་མི་རྟེན་པ་དེ་ལྟར་སྟོན་པར་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་མདོ་སྡེ་རྣམ་པར་འབྱེད་པ་ལ་མཁས་པ་ཡིན་ནོ། །གསུས་པོ་ཆེ་ཆེན་པོས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་རིག་པ་ཐོབ་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དོན་གྱིས་དོན་སོ་སོ་ཡང་དག་པར་རིག་པ་སྟོན་པ་དང་། ཆོས་ཀྱི་དབྱིངས་གནས་པ་ཉིད་ཀྱིས་ཆོས་སོ་སོ་ཡང་དག་པར་རིག་པ་སྟོན་པ་དང་། མིང་དང་མཚན་མ་མེད་པ་ཉིད་ཀྱིས་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྟོན་པ་དང་། བྲག་ཅ་དང་མཉམ་པ་ཉིད་ཀྱིས་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟོན་པར་བྱེད་ན། དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་ནོ། །སྒྲ་གཅན་ཟིན་གྱིས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་སྒྲ་གཅན་ཟིན་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་བརྟུལ་ཞུགས་ཡང་དག་པར་བླངས་ཤིང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཚུལ་ཁྲིམས་འཆལ་པའི་འགྲོ་བ་གང་ཡིན་པར་འགྲོ་བར་བྱེད་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་དང་ལྡན་པ་ཡིན་ནོ། །ཀུན་དགའ་བོས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། བཙུན་པ་ཀུན་དགའ་བོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར་ཉན་པར་བྱེད་ཅིང་ཐོས་པ་ཐམས་ཅད་ཀྱི་དོན་ཀྱང་རྟོགས་པར་བྱེད་ལ། ཇི་ལྟར་ཐོས་པ་ཡང་འཛིན་པར་བྱེད་ཅིང་། ཇི་ལྟར་གཟུང་བ་བཞིན་སྟོན་པར་ཡང་བྱེད་ན་དེ་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་མང་དུ་ཐོས་པ་


DKG059_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ལ་འདི་སྐད་སྨྲས་སོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་བསྟན་པ་དེ་ལྟ་བུའི་ཆོས་འགའ་དང་ལྡན་ནམ། དེ་དག་གིས་སྨྲས་པ། ལྷའི་བུ་བདག་ཅག་ལ་ནི་ཆོས་དེ་དག་ལས་འགའ་ཙམ་ཡང་མེད་དོ། །ལྷའི་བུས་སྨྲས་པ། ཚེ་དང་ལྡན་པ་དག་དེ་ལྟ་ན་ཁྱེད་ཅག་ཉན་ཐོས་ཆེན་པོ་མཆོག་ཏུ་གྱུར་པ་མ་ཡིན་པར་མི་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ལྷའི་བུ་འདི་ལྟ་སྟེ་དཔེར་ན། གནག་རྗེས་ལས་བརྟེན་ན་རྫིང་བུ་མཆོག་ཡིན་པ་དེ་བཞིན་དུ་ཉན་ཐོས་གཞན་དག་ལས་བརྟེན་ན་ཁོ་བོ་ཅག་ཀྱང་མཆོག་ཡིན་ནོ། །འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོ་ལས་བརྟེན་ན་འོག་གི་ཆུའི་ཕུང་པོ་མཆོག་ཡིན་པ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལས་བརྟེན་ན་བྱང་ཆུབ་སེམས་དཔའ་མཆོག་ཡིན་ནོ། །ལྷའི་བུས་སྨྲས་པ། བཙུན་པ་ཤཱ་རིའི་བུས་དེ་ནི་ཉན་ཐོས་མངོན་པའི་ང་རྒྱལ་མེད་པ་རྣམས་ཀྱིས་བསྟན་པ་ཡིན་ཏེ། ལེགས་སོ་ལེགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ཉན་ཐོས་ནི་ལྷག་པའི་ང་རྒྱལ་མེད་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནི་ལྷག་པའི་ང་རྒྱལ་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ལྟར་ཉན་ཐོས་རྣམས་ནི་རང་སངས་རྒྱས་ལ་བརྟེན་ནས་ང་རྒྱལ་སྤངས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་ལྷག་པའི་ང་རྒྱལ་ཅན་ཡིན་ལ། ང་རྒྱལ་དེས་སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་སྒྲུབ་པར་བྱེད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ནི་ལྷག་པའི་ང་རྒྱལ་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལྷག་པའི་ང་རྒྱལ་ཅན་ནི་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་ཡང་དེ་ལྟ་བུར་མི་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་ནི་བདག་ལ་སྟོད་པར་བྱེད་ཅིང་གཞན་ལ་སྨོད་པར་བྱེད་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་རྣམ་གྲངས་དུ་མར་ཐེག་པ་ཆེན་པོའི་བསྔགས་


DKG059_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྗོད་པར་བྱེད་ཅིང་། ཉན་ཐོས་ཀྱི་ཐེག་པ་པའི་བསྔགས་པ་མ་ཡིན་པར་རྗོད་པར་བྱེད་པ་དང་། ཇི་ལྟར་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་སྙམ་ནས་བདག་ཉིད་ཀྱི་ཡོན་ཏན་གྱི་ཆོས་རྗོད་པར་བྱེད་ཅིང་། འདི་ལ་དགའ་བའི་སེམས་སྐྱེད་པར་མི་འགྱུར་བར་བྱའོ། །སྙམ་ནས་ཐེག་པ་དམན་པ་ལ་རྣམ་པར་སྡང་བར་བྱེད་པ་ཡིན་པས་ལྷའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ནི་ཐེག་པ་ཆེན་པོ་ལ་སྟོད་པར་བྱེད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་སྨོད་པར་བྱེད་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྟུང་བ་དང་བཅས་པར་མི་འགྱུར་རམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གིས་ནོར་བུ་མཆིང་བུའི་བསྔགས་པ་མ་ཡིན་པར་རྗོད་ཅིང་། ནོར་བུ་རིན་པོ་ཆེ་བཻ་དཱུཪྱའི་བསྔགས་པ་བརྗོད་པར་གྱུར་ན་དེ་ཡང་ལྟུང་བ་དང་བཅས་པར་འགྱུར་རམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ནི་མི་འགྱུར་རོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཐེག་པ་ཆེན་པོའི་བསྔགས་པ་རྗོད་པར་བྱེད་ཅིང་ཉན་ཐོས་ཀྱི་ཐེག་པའི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་པ་ཡང་ལྟུང་བ་དང་བཅས་པར་མི་འགྱུར་རོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ཤིན་ཏུ་སྟོབས་དང་ལྡན་པ་གང་ཞིག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བསྔགས་པ་རྗོད་ཅིང་ཁམས་ཀྱི་རྒྱལ་པོ་ལ་དེ་ལྟ་མ་ཡིན་ན། དེ་སྨད་པའི་འོས་སུ་འགྱུར་བ་ཡིན་སྙམ་མམ། ལྷའི་བུས་སྨྲས་པ། འཇམ་དཔལ་དེ་ལྟ་མ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་སྟོད་པར་བྱེད་ཅིང་ཉན་ཐོས་ཀྱི་ཐེག་པ་ལ་སྨོད་པར་བྱེད་པ་ཡང་སྨད་པའི་འོས་སུ་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །ཁྱོད་ཀྱི་ཚིག་དེ་ནི་ལེགས་པར་སྨྲས་ཏེ། འཇམ་དཔལ་ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པས་ནི་ཐེག་པ་ཐམས་ཅད་ཀྱི་བསྔགས་པ་བརྗོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཐེག་པ་ཐམས་ཅད་ནི་དེ་ལས་ངེས་པར་བྱུང་བ་ཡིན་པའི་ཕྱིར་རོ། །གཞན་ཡང་ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་


DKG059_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་སེམས་དཔའ་གང་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་བརྟེན་ནས་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དག་བྱང་ཆུབ་ཀྱི་ཐེག་པ་མ་ཡིན་དུ་ཟིན་ན་ནི་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་གོ་ཆ་གྱོན་པར་མི་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་སེམས་ཅི་ཞིག་ལ་རྟེན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རྟེན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་བའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཐམས་ཅད་ཅི་ལ་རྟེན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཐམས་ཅད་ནི་རྩ་བ་མེད་པའི་གནས་ལ་རྟེན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་མཐའ་ཡས་པའི་ཕྱིར་རྩ་བ་མེད་པ་དང་། མངོན་པར་སྐབས་ཡོད་པ་དང་། ནམ་མཁའ་ལ་རྟེན་པ་ཡང་ཡིན་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སངས་རྒྱས་ཀྱི་ཆོས་རྣམས་ཇི་སྙེད་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཐམས་ཅད་ཇི་སྙེད་པ་དེ་སྙེད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་ཆོས་ཐམས་ཅད་སངས་རྒྱས་པས་ན། ལྷའི་བུ་དེའི་ཕྱིར་ཆོས་ཐམས་ཅད་ཇི་སྙེད་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་སྙེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱང་སངས་རྒྱས་ཀྱི་ཆོས་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དེ་དག་གི་རྩ་བའི་གནས་རྗེས་སུ་རྟོགས་པ་ནི་སངས་


DKG059_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་གིས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་རྣམ་གྲངས་མེད་པས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་གྱིས་རྣམ་གྲངས་ཀྱིས་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས་ནི་སེམས་ཅན་ཐམས་ཅད་རྟོགས་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་རྟོགས་པར་ཐུགས་སུ་ཆུད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སེམས་ཅན་མེད་པའི་རྣམ་པ་དང་སྟོང་པ་ཉིད་ཀྱིས་རྣམ་པས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ཀྱིས་ཅི་ཞིག་རྟོགས་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་ཅུང་ཟད་རྗེས་སུ་རྟོགས་པར་བྱེད་ན་ནི་དེ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་སྟོང་པ་ཉིད་ནི་རྣམ་པར་རྟོག་པ་མེད་པ་དང་རྩོལ་བ་མེད་པ་ཡིན་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པས་སྟོང་པ་ཉིད་རྗེས་སུ་རྟོགས་པ་ནི་བྱང་ཆུབ་ཡིན་ནོ་ཞེས་མ་གསུངས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྟོང་པ་ཉིད་གང་ཡིན་པ་དེ་ཉིད་བྱང་ཆུབ་ཡིན་པས་ན་བཅོམ་ལྡན་འདས་ཀྱིས་ཀྱང་སྟོང་པ་ཉིད་རྗེས་སུ་རྟོགས་པ་ཁོ་ན་བྱང་ཆུབ་ཡིན་ནོ་ཞེས་གསུངས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྟོང་པ་ཉིད་ལ་གནས་པ་ཇི་ཞིག་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྟོང་པ་ཉིད་ལ་གནས་པ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་གནས་པ་མ་ཡིན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་གནས་པ་མ་ཡིན། ལུས་དང་སེམས་ལ་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དེ་གནས་པ་གང་གིས་གནས་པར་འགྱུར་བའི་གནས་པ་དེ་ཡང་སྟོང་པས་ན། སྟོང་པ་ཉིད་ནི་སྟོང་པ་ཉིད་ལ་མི་གནས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ་དོན་དམ་པ་སྟོང་པ་ཉིད་ཀྱི་གནས་པས་གནས་པར་མི་མཛད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་གཤེགས་པ་ཉིད་སྟོང་པ་ཉིད་ཡིན་ལ། སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་པ་ཡིན་པས་ན། དེ་བཞིན་གཤེགས་པ་ནི་


DKG059_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པའི་གནས་པས་གནས་པར་མཛད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཉིས་སུ་མེད་པའི་གནས་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཉིས་སུ་མེད་པའི་གནས་པ་ནི་གཉིས་སུ་མེད་པ་ཉིད་ཡིན་གྱི། དེ་ལ་གནས་པ་གཞན་མེད་དེ། དེའི་གནས་པ་གཉིས་སུ་མེད་པ་ལས་གཞན་མེད་པ་དེ་ཉིད་ཀྱང་གཉིས་སུ་མེད་པ་ཉིད་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གཉིས་ཞེས་བྱ་བ་ནི་གང་། གཉིས་སུ་མེད་པ་ཞེས་བྱ་བ་ནི་གང་། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདོད་ཆགས་དང་། འདོད་ཆགས་དང་བྲལ་བར་བྱེད་པ་དེ་ནི་གཉིས་སོ། །འདོད་ཆགས་ཀྱི་རང་བཞིན་ནི་གཉིས་སུ་མེད་པའོ། །ཞེ་སྡང་དང་། ཞེ་སྡང་མེད་པར་བྱེད་པ་དེ་ནི་གཉིས་སོ། །ཞེ་སྡང་གི་རང་བཞིན་ནི་གཉིས་སུ་མེད་པའོ། །གཏི་མུག་དང་། གཏི་མུག་མེད་པར་བྱེད་པ་དེ་ནི་གཉིས་སོ། །གཏི་མུག་གི་རང་བཞིན་ནི་གཉིས་སུ་མེད་པའོ། །ཉོན་མོངས་པ་དང་། ཉོན་མོངས་པ་མེད་པར་བྱེད་པ་དེ་ནི་གཉིས་སོ། །ཉོན་མོངས་པའི་རང་བཞིན་ནི་གཉིས་སུ་མེད་པའོ། །བདག་དང་བདག་མེད་པར་བྱེད་པ་དེ་ནི་གཉིས་སོ། །བདག་གི་རང་བཞིན་ནི་གཉིས་སུ་མེད་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བདག་གི་རང་བཞིན་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བདག་གི་རང་བཞིན་ནི་གཟོད་མ་ནས་དག་པའི་ཕྱིར་བདག་མེད་པ་ཉིད་ཡིན་ནོ། །བདག་གི་རང་བཞིན་ནི་གཟོད་མ་ནས་དག་པའི་ཕྱིར་གཟོད་མ་ནས་དབེན་པ་ཉིད་དང་། གཟོད་མ་ནས་མ་སྐྱེས་པ་ཉིད་དང་། གཟོད་མ་ནས་མ་བྱུང་བ་ཉིད་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅིའི་ཕྱིར་རང་བཞིན་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་ནི་འགྱུར་བ་མེད་པས་དེའི་ཕྱིར་རང་བཞིན་ཞེས་བྱའོ། །དེ་ནི་གཟོད་མ་ཉིད་ནས་གསལ་ཞིང་ཉོན་མོངས་པ་ཅན་མ་ཡིན་པས་དེའི་ཕྱིར་རང་བཞིན་ཞེས་བྱའོ། །དེ་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱིས་མཉམ་ཞིང་ཚད་མེད་པས་དེའི་ཕྱིར་རང་བཞིན་ཞེས་བྱའོ། །དེ་ནི་སྤྲོས་པ་དང་བྲལ་བ་དང་། དེ་ནི་རྒྱུ་བ་དང་བྲལ་བ་དང་། དེ་ནི་འོད་གསལ་བས་དེའི་ཕྱིར་རང་བཞིན་ཞེས་བྱའོ། །དེ་ནི་བླང་བ་མེད་པ་དང་དོར་བ་མེད་པས་དེའི་ཕྱིར་རང་བཞིན་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་རང་བཞིན་མི་ཤེས་པ་དག་གང་ཡིན། འཇམ་དཔལ་གྱིས་སྨྲས་པ།


DKG059_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་གང་དག་ཆོས་རྣམས་ཀྱི་རང་བཞིན་མི་ཤེས་པ་དག་གོ །ལྷའི་བུས་སྨྲས་པ། འཇམ་དཔལ་རང་བཞིན་ཤེས་པ་དག་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་དེ་དག་གི་རང་བཞིན་ཤེས་པ་དག་གོ །ལྷའི་བུས་སྨྲས་པ། འཇམ་དཔལ་དད་པ་དང་ལྡན་པའི་མཚན་ཉིད་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དད་པ་དང་ལྡན་པའི་མཚན་ཉིད་ནི་ཆགས་པ་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དགེ་སློང་དད་པ་དང་མི་ལྡན་པ་ཇི་ལྟར་དད་པས་བྱིན་པ་ལ་དད་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དད་པ་དང་མི་ལྡན་པ་ཞེས་བྱ་བ་ནི་གང་མངོན་སུམ་དུ་གྱུར་པའི་ཆོས་ཐམས་ཅད་ལ་གཞན་གྱི་དྲིང་མི་འཇོག་ཅིང་། གཞན་གྱི་དད་པས་ཡང་དང་ཡང་དུ་མི་འགྲོ་བ་ཡིན་པས་དེའི་ཕྱིར་དད་པ་དང་མི་ལྡན་པ་ཞེས་བྱ་སྟེ། དེ་ནི་དད་པས་བྱིན་པ་སྤྱོད་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟོད་མ་ནས་དག་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་དགེ་སློང་གང་། དགེ་འདུན་དང་ལྷན་ཅིག་མི་གནས་པ་དེ་ལ་ཇི་སྐད་ཅེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དགེ་སློང་གང་དགེ་འདུན་དང་ལྷན་ཅིག་མི་གནས་པ་དེ་ནི་དེས་ན་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དགེ་འདུན་ནི་འདུས་མ་བྱས་པ་ཡིན་ལ། བྱང་ཆུབ་སེམས་དཔའ་ནི་འདུས་མ་བྱས་དང་ལྷན་ཅིག་མི་གནས་པས་དེའི་ཕྱིར་དེ་ནི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་བ་ཡིན་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གལ་ཏེ་བྱང་ཆུབ་སེམས་དཔའ་འདུས་མ་བྱས་དང་ལྷན་ཅིག་གནས་པར་གྱུར་ན་ཉེས་པ་ཅིར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདུས་མ་བྱས་ཐོབ་ནས་སེམས་ཅན་རྣམས་སྐྱོབ་པར་མི་བྱེད་ཅིང་ཉན་ཐོས་སུ་འགྱུར་བས་དེའི་ཉེས་པ་ནི་དེར་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འདུས་བྱས་ནི་སོ་སོ་སྐྱེ་བོའི་ས་ཡིན་ལ། འདུས་མ་བྱས་ནི་འཕགས་པ་རྣམས་ཀྱི་ས་ཡིན་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་འཕགས་པའི་ས་སྤངས་ཤིང་། སོ་སོ་སྐྱེ་བོའི་ས་ལ་གནས་པ་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་འདུས་བྱས་ལ་ཡང་མི་གནས། འདུས་མ་བྱས་ལ་ཡང་མི་གནས་པས་དེའི་ཕྱིར་དེ་ནི་འཇིག་རྟེན་


DKG059_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྦྱིན་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་འདུ་བྱེད་ལས་ཡིད་བསྐྱོད་པ་དང་། འདུས་མ་བྱས་ལ་མི་གནས་པ་ཡིན་པས་འདུས་བྱས་ཀྱི་སྐྱོན་དང་བྲལ་བ་དང་། འདུས་མ་བྱས་ཤེས་པ་རྟོགས་པ་ཡིན་ཏེ། དེ་འདུས་བྱས་ཀྱི་སྐྱོན་དང་བྲལ་བས་ནི་འདུས་བྱས་ལ་མི་གནས་ལ། འདུས་མ་བྱས་ཤེས་པ་རྟོགས་པས་ནི་འདུས་མ་བྱས་སུ་མི་ལྟུང་བའི་ཕྱིར་རོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། ཚན་པོ་ཆེ་ཆེན་པོས་སྟེང་གི་བར་སྣང་ལ་མདའ་འཕངས་པར་གྱུར་ལ། དེ་ནས་མདའ་དེ་ནམ་མཁའ་ལ་མི་གནས་པར་འདུག་ཅིང་ས་ལ་ཡང་མི་ལྟུང་ན། ལྷའི་བུ་དེ་ལ་དཀའ་བ་ཅུང་ཟད་ཡོད་དམ། ལྷའི་བུས་སྨྲས་པ། འཇམ་དཔལ་དཀའོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་འདུས་བྱས་ཀྱང་མི་སྤོང་ཞིང་། འདུས་མ་བྱས་ཀྱང་ཐོབ་པར་བྱེད་ལ། འདུས་མ་བྱས་སུ་ཡང་མི་ལྟུང་ཞིང་། འདུས་བྱས་ཐོབ་པ་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་ནི་ཆེས་དཀའ་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་འཇིག་པ་འདུས་བྱས་སམ། འོན་ཏེ་འདུས་མ་བྱས་སམ། གང་ལས་འབྱུང་བར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའི་འཇིག་པ་ནི་འདུས་བྱས་ལས་ཀྱང་འབྱུང་བར་འགྱུར། འདུས་མ་བྱས་ལས་ཀྱང་འབྱུང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་འདུས་བྱས་ལས་ནི་ཉོན་མོངས་པའི་འཇིག་པ་འབྱུང་ལ། འདུས་མ་བྱས་ལས་ནི་ཉོན་མོངས་པ་མེད་པའི་འཇིག་པ་འབྱུང་བའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པ་མེད་པས་འཇིག་པ་ཅི་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁམས་གསུམ་ན་ནི་ཉོན་མོངས་པའི་འཇིག་པ་ཡོད་ལ། བྱང་ཆུབ་སེམས་དཔའ་གང་ཁམས་གསུམ་དུ་ཉོན་མོངས་པར་མི་བྱེད་ན། དེ་ནི་ཉན་ཐོས་སུ་འགྱུར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཤེས་པས་འདུས་བྱས་ལ་སྤྱོད་པར་བྱེད་ཅིང་། ཐབས་ཀྱི་ཤེས་པས་འདུས་མ་བྱས་སུ་མི་ལྟུང་བ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་


DKG059_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བུ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ལྟ་བས་འདུས་བྱས་སྤོང་བར་མི་བྱེད་ཅིང་། སངས་རྒྱས་ཀྱི་ཆོས་ལ་ལྟ་བས་འདུས་མ་བྱས་སུ་མི་ལྟུང་བ་དེ་ལྟ་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བསོད་ནམས་ཀྱི་ཚོགས་ཉེ་བར་བསགས་པའི་ཕྱིར། འདུས་བྱས་ལ་སྦྱོར་བར་བྱེད་ཅིང་། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པའི་ཕྱིར། འདུས་མ་བྱས་སུ་མི་ལྟུང་བ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་འདུས་མ་བྱས་ལ་གནས་ཏེ། བསམ་གཏན་རྣམས་སྐྱེད་པར་བྱེད་ཅིང་། ཐབས་ལ་གནས་ཏེ་བསམ་གཏན་རྣམས་ལས་ལྡོག་པར་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལ་གནས་ཏེ་དགེ་བའི་རྩ་བ་ཉེ་བར་སོགས་པར་བྱེད་ཅིང་། སྙིང་རྗེ་ཆེན་པོ་ལ་གནས་ཏེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་དབེན་པ་ལ་གནས་ཏེ་བདུད་ཀྱི་ལས་རྣམས་རྟོགས་པར་བྱེད་ཅིང་། ཐབས་ལ་གནས་ཏེ་བདུད་ཀྱི་ལས་རྣམས་སྤོང་བར་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་བྱམས་པ་ཆེན་པོ་ལ་གནས་ཏེ་ཆོས་སྟོན་པར་བྱེད་ཅིང་། སྙིང་རྗེ་ཆེན་པོ་ལ་གནས་ཏེ། ཟང་ཟིང་གི་སྦྱིན་པ་སྦྱིན་པར་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་འཁོར་བ་ལ་གནས་ཏེ། མྱ་ངན་ལས་འདས་པ་ཡོངས་སུ་སྤྱད་པའི་ལས་བྱེད་ཅིང་། མྱ་ངན་ལས་འདས་པ་ལ་གནས་ཏེ། འཁོར་བ་ཡོངས་སུ་སྤྱད་པའི་ལས་བྱེད་པ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སྐྱེ་བ་མེད་པས་སྐྱེ་བར་བྱེད་ཅིང་། འཕོ་བ་མེད་པས་འབྱུང་བར་བྱེད་པ་དང་། ཆོས་ལ་ལྟ་


DKG059_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྣང་བར་བྱེད་ཅིང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱིས་རབ་ཏུ་ཕྱེ་བ་མ་ཡིན་པ་དང་། ཐམས་ཅད་དང་རྗེས་སུ་འབྲེལ་ཞིང་ཞི་བ་དང་། ཉེ་བར་ཞི་བར་གྱུར་པ་དང་། འབར་བར་བྱེད་ཅིང་། འབར་བས་ཚིག་པར་མི་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་ལ་ཡོངས་སུ་སྦྱོང་བར་བྱེད་ཅིང་། ཉོན་མོངས་པའི་སྐྱོན་རྣམས་ཀྱིས་མི་གོས་པ་དང་། སློབ་པ་དང་། མི་སློབ་པ་རྣམས་འདུལ་བར་བྱེད་ཅིང་། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ལ་རེག་པར་མི་བྱེད་པ་དང་། སེམས་ཅན་རྣམས་ཀྱི་བསམ་པ་ལ་འཇུག་ཅིང་། ཆོས་ཀྱི་བསམ་པ་སྤོང་བར་མི་བྱེད་པ་དང་། བདུད་ཀྱི་ལྕགས་ཀྱུ་ཤེས་པར་བྱེད་ཅིང་། ཆོས་ཀྱི་ལྕགས་ཀྱུ་སྤོང་བར་མི་བྱེད་པ་དང་། ཤེས་པས་འཇུག་པར་བྱེད་ཅིང་། ཐབས་ཀྱིས་ལྡོག་པར་བྱེད་པ་དང་། འཕགས་པའི་རྣམ་པ་སྟོན་པར་བྱེད་ཅིང་། འཕགས་པ་མ་ཡིན་པ་ཡོངས་སུ་སྨིན་པར་བྱ་བ་ལ་སྤྲོ་བར་བྱེད་པ་དང་། སངས་རྒྱས་མཐོང་བ་ལ་མངོན་པར་དགའ་བར་བྱེད་ཅིང་། ཆོས་མཐོང་བ་ལ་ཀུན་ཏུ་འདོད་པར་བྱེད་པ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་འཇིག་པ་མེད་པ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན། ལྷའི་བུ་ལྔ་ཁྲི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ལྷའི་བུ་ཉི་ཁྲི་ལྔ་སྟོང་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་སྔོན་དགེ་བའི་རྩ་བ་བསྐྱེད་པ་ལྔ་ཁྲི་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ནི་སྤོབས་པ་ཐོགས་པ་མེད་པ་སྐྱེས་སོ། །ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་སྟོང་ཕྲག་རབ་ཏུ་མང་པོ་དག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་བཞིན་གཤེགས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལྷའི་མཆོད་པ་དག་བྱས་སོ། །གཞན་ཡང་ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་འདོད་ཆགས་སྤང་བའི་ཕྱིར་ཡང་ཆོས་སྟོན་པར་བྱེད་ལ། འདོད་ཆགས་དང་བྲལ་བ་མངོན་དུ་ཡང་མི་བྱེད་པ་དང་། ཞེ་སྡང་སྤང་བའི་ཕྱིར་


DKG059_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཆོས་སྟོན་པར་བྱེད་ལ། ཞེ་སྡང་སྤོང་བ་མངོན་དུ་ཡང་མི་བྱེད་པ་དང་། གཏི་མུག་སྤང་བའི་ཕྱིར་ཡང་ཆོས་སྟོན་པར་བྱེད་ལ། གཏི་མུག་སྤོང་བ་མངོན་དུ་ཡང་མི་བྱེད་པ་དང་། ཉོན་མོངས་པ་སྤང་བའི་ཕྱིར་ཆོས་སྟོན་པར་ཡང་བྱེད་ལ། ཉོན་མོངས་པ་སྤོང་བ་མངོན་དུ་ཡང་མི་བྱེད་པ་དེ་ཙམ་གྱིས་ན། ལྷའི་བུ་བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་སྟོང་པ་ཉིད་སྟོན་པར་ཡང་བྱེད་ལ། སྟོང་པ་ཉིད་མངོན་དུ་ཡང་མི་བྱེད་པ་དང་། སེམས་ཅན་རྣམས་ལ་མཚན་མ་མེད་པ་སྟོན་པར་ཡང་བྱེད་ལ། མཚན་མ་མེད་པ་མངོན་དུ་ཡང་མི་བྱེད་པ་དང་། སེམས་ཅན་རྣམས་ལ་སྨོན་པ་མེད་པ་སྟོན་པར་ཡང་བྱེད་ལ། སྨོན་པ་མེད་པ་མངོན་དུ་ཡང་མི་བྱེད་པ་དང་། དེ་བཞིན་དུ་སེམས་ཅན་རྣམས་ལ་མངོན་པར་འདུ་བྱེད་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དངོས་པོ་མེད་པ་དང་། འདོད་ཆགས་དང་བྲལ་བ་དང་མི་ལྡན་པ་དང་། འགོག་པའི་ཆོས་སྟོན་པར་ཡང་བྱེད་ལ། འགོག་པ་མངོན་དུ་ཡང་མི་བྱེད་པ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡོངས་སུ་མི་གཏོང་བས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། ཚུལ་ཁྲིམས་ལས་ཡང་དག་པར་འདའ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། གནོད་སེམས་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། ལེ་ལོས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། བརྗེད་ངས་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དང་། བེམས་པོ་དང་། ལུག་ལྟར་ལྐུགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་དེ་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་མི་གཏོང་བ་ཡིན་ཏེ། བཞི་གང་ཞེ་ན། སེམས་ཅན་ཡོངས་སུ་མི་གཏོང་བ་དང་། ཆོས་ཡོངས་སུ་མི་གཏོང་བ་དང་། བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་


DKG059_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་མི་གཏོང་བ་སྟེ། བྱང་ཆུབ་སེམས་དཔའ་ནི་ཆོས་བཞི་པོ་དེ་དག་ཡོངས་སུ་མི་གཏོང་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་དོ། །ལྷའི་བུ་ཚུལ་ཁྲིམས་ལས་ཡང་དག་པར་འདའ་བ་ཞེས་བྱ་བ་དེ་ནི་དེའི་རང་བཞིན་མ་ཡིན་པའི་ཚིག་བླ་དགས་ཏེ། ཚུལ་ཁྲིམས་ལས་ཡང་དག་པར་འདའ་བས་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་ལས་ཡང་དག་པར་འདའ་བས་ཤེས་རབ་དང་། ཤེས་རབ་ལས་ཡང་དག་པར་འདའ་བས། རྣམ་པར་གྲོལ་བ་ཤེས་པ་སྒྲུབ་པར་བྱེད་དེ། ལྷའི་བུ་ཁྱོད་ཀྱིས་རྣམ་གྲངས་དེས། གང་ཚུལ་ཁྲིམས་ལས་ཡང་དག་པར་འདའ་བ་དེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཡིན་པར་རིག་པར་བྱའོ། །ལྷའི་བུ་བྱང་ཆུབ་སེམས་དཔའ་གང་གནོད་སེམས་ལ་ཞུགས་པ་ནི། ཉན་ཐོས་ཀྱི་ཐེག་པ་ལས་ལོག་པར་ཞུགས་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ལས་ལོག་པར་ཞུགས་པ་ཡིན་པས། དེ་ནི་ཐེག་པ་ཆེན་པོ་ལ་ལེགས་པར་ཞུགས་པ་ཡིན་ཏེ། གང་ཐེག་པ་ཆེན་པོ་ལ་ལེགས་པར་ཞུགས་པ་དེ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལུས་ཀྱི་རྟུལ་བར་མི་བྱེད་ཅིང་། ངག་དང་། སེམས་ཀྱིས་རྟུལ་བར་མི་བྱེད་པ་དེ་ནི་ལེ་ལོ་ཅན་ཡིན་ལ། གང་དེ་ལྟར་ཆོས་ལ་མངོན་པར་བརྩོན་པ་དེ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི། རྨི་ལམ་ན་ཡང་ས་གཉིས་པོ་དག་ལ་དགའ་བའི་སེམས་སྐྱེད་པར་མི་བྱེད་པས། དེ་ནི་བརྗེད་ངས་པ་ཡིན་ལ། གང་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་བརྗེད་ངས་པ་དེ་ནི། ཐེག་པ་ཆེན་པོ་ལ་མཉམ་པར་བཞག་པ་ཡིན་པས། དེ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པར་བྱེད་པ་ཡིན་ནོ། །ལྷའི་བུ་ཆོས་ཐམས་ཅད་ནི་བེམས་པོ་སྟེ། རྩྭ་དང་། ཤིང་དང་། རྩིག་པ་དང་། ལམ་དང་། མིག་ཡོར་དང་། ལུག་ལྟར་ལྐུགས་པ་དང་འདྲ་བར། རང་བཞིན་གྱིས་ནུས་པ་མེད་པ་ཡིན་པས། གང་གི་ཚེ། བྱང་ཆུབ་སེམས་དཔའ་ཤེས་རབ་དང་། ཡེ་ཤེས་ཀྱིས་དེ་ལྟར་ཆོས་ཐམས་ཅད་བེམས་པོ་དང་། ལུག་ལྟར་ལྐུགས་པ་ལྟ་བུས་བྱང་ཆུབ་སྒྲུབ་པར་བྱེད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་


DKG059_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ལམ་སྒྲུབ་པར་བྱེད་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་འཁོར་བའི་ལམ་ཡང་མི་སྤོང་ལ། མྱ་ངན་ལས་འདས་པའི་ལམ་ཡང་ཚོལ་བར་བྱེད་པ་དང་། ལམ་གྱི་ལས་ཀྱི་རྒྱུན་ཡང་མི་གཅོད་ཅིང་། ལམ་གྱི་བྱ་བ་ཡང་སྒྲུབ་པར་བྱེད་པ་དང་། ལམ་ངན་པར་ཞུགས་པའི་སེམས་ཅན་རྣམས་ཀྱང་ལམ་ལ་འགོད་པར་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་བཙལ་ཡང་མི་རྙེད་པ་དང་། བྱང་ཆུབ་ཀྱི་ལམ་སྤོང་བར་མི་བྱེད་པ་དང་། འབྲས་བུ་ཡོད་པ་བསམ་གཏན་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ལམ་ཐོབ་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ལམ་ཡང་རབ་ཏུ་ཤེས་ལ། ཉན་ཐོས་ཀྱི་ལམ་གྱིས་ངེས་པར་འབྱུང་བར་ཡང་མི་བྱེད་པ་དང་། རང་སངས་རྒྱས་ཀྱི་ལམ་ཡང་རབ་ཏུ་ཤེས་ལ། རང་སངས་རྒྱས་ཀྱི་ལམ་གྱིས་ངེས་པར་འབྱུང་བར་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ལམ་ཡང་ཐོབ་པར་བྱེད་ལ་ལམ་དེས་ཀྱང་དབང་པོ་ཡོངས་སུ་མ་རྫོགས་པར་ངེས་པར་འབྱུང་བར་མི་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བ་ཐམས་ཅད་མངོན་པར་འདུ་བྱེད་པ་དང་། མངོན་པར་འདུ་བྱ་བའི་འབྲས་བུ་དོན་དུ་མི་གཉེར་བ་དང་། མངོན་པར་འདུ་བྱེད་པའི་སྐྱོན་གྱིས་མི་གོས་པ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་ཐམས་ཅད་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱིར་འཕེལ་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དང་། འབྲི་བ་ཡང་དག་པར་རྗེས་སུ་མི་མཐོང་བ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་ལམ་ལ་གནས་པ་ཡིན་ནོ། །ལྷའི་བུ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་དཔའ་ལམ་ངན་པ་ལས་ལམ་ཡོངས་སུ་ཚོལ་བར་བྱེད་པ་དང་། ལམ་ཡོངས་སུ་བཙལ་ནས་ཀྱང་ངེས་པར་འབྱུང་བར་མི་བྱེད་པ་དེ་ལྟ་ན། བྱང་ཆུབ་སེམས་དཔའ་


DKG059_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལ་གནས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལམ་ངན་པ་ལས་ལམ་ཡོངས་སུ་ཚོལ་བར་བྱེད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལམ་ངན་པ་ཞེས་བྱ་བ་ནི་འཁོར་བ་སྟེ། བྱང་ཆུབ་སེམས་དཔའ་ནི་དེ་ལ་གནས་ནས། སེམས་ཅན་ངེས་པར་འབྱུང་བའི་ཕྱིར་ལམ་ཡོངས་སུ་ཚོལ་བར་བྱེད་ཀྱི། བདག་ཉིད་ངེས་པར་འབྱུང་བའི་ཕྱིར་ནི་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིག་རྟེན་ན་སྤྱོད་ཀྱང་། འཇིག་རྟེན་གྱི་ཆོས་རྣམས་ཀྱིས་མི་གོས་པ་དང་། ཉོན་མོངས་པ་མེད་པ་སྟོན་པར་བྱེད་ཀྱང་། ཉོན་མོངས་པ་མེད་པ་ཉིད་དུ་མི་ལྟུང་བ་དང་། རྒ་བ་དང་། འཆི་བ་སྟོན་པར་བྱེད་ཀྱང་། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འབྱུང་བ་མེད་པར་ཤེས་ཤིང་། སྐྱོན་མེད་པ་མངོན་དུ་མི་བྱེད་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ཡོངས་སུ་སྤྱོད་པར་བྱེད་ཀྱང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དོན་དུ་མི་གཉེར་བ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཡོངས་སུ་ཤེས་པར་བྱ་བའི་ཕྱིར། སེམས་ཅན་རྣམས་ལ་ཆོས་སྟོན་ཀྱང་། ཡོངས་སུ་ཤེས་པ་དེ་དག་ཡོངས་སུ་ཤེས་པར་མི་བྱེད་པ་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་སྒྲུབ་པར་བྱེད་ཅིང་། སེམས་རྣམ་པར་གཡེངས་པ་རྣམས་ཉེ་བར་འཇོག་པར་བྱེད་ཀྱང་། ཉེ་བར་འཇོག་པ་ལ་འབྱུང་བར་མི་བྱེད་པ་དང་། བདུད་ཀྱི་ཡུལ་ཉེ་བར་སྟོན་པར་བྱེད་ཀྱང་། བདུད་ཀྱི་ལས་རྣམས་ཀྱིས་མི་འཕྲོགས་པ་དང་། སངས་རྒྱས་ཀྱི་ཡུལ་སྤོང་བར་མི་བྱེད་པ་དང་། བདུད་ཀྱི་ཡུལ་གྱི་རྗེས་སུ་མི་འཇུག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡུལ་ལས་ལྡོག་པར་མི་བྱེད་པ་དང་། སེམས་ཅན་གྱི་ཁམས་ཀྱི་ཡུལ་ཉེ་བར་ལེན་པར་བྱེད་པས་ན། དེའི་ཕྱིར་སེམས་ཅན་ཆེན་པོ་དེ་དག་གི་སྤྱོད་པ་ནི་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཁྱོད་བྱང་ཆུབ་


DKG059_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱི་སྤྱོད་པ་ལ་སྤོབས་པར་གྱིས་ཤིག །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བསམ་པ་ཡོངས་སུ་དག་ཅིང་། ནང་དང་། ཕྱི་རོལ་དབེན་པ་ཉིད་ཀྱིས་ལྷག་པའི་བསམ་པ་ལ་སྤྱོད་པ་དང་། རབ་ཏུ་སྤྱོད་པ་མེད་པ་ཉིད་ཀྱིས་སྦྱོར་བ་ལ་སྤྱོད་པ་དང་། སེམས་མི་བརྗེད་པ་ཉིད་ཀྱིས་བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ལ་སྤྱོད་པ་དང་། སེམས་དུལ་བ་ཉིད་ཀྱིས་སྦྱིན་པ་ལ་སྤྱོད་པ་དང་། སེམས་ཞི་བ་ཉིད་ཀྱིས་ཚུལ་ཁྲིམས་ལ་སྤྱོད་པ་དང་། རྨས་པ་མེད་པ་ཉིད་ཀྱིས་བཟོད་པ་ལ་སྤྱོད་པ་དང་། ལུས་དང་སེམས་དབེན་པ་ཉིད་ཀྱིས་བརྩོན་འགྲུས་ལ་སྤྱོད་པ་དང་། ཆོས་ཀྱི་དབྱིངས་རྣམ་པར་གཡེང་བ་མེད་པ་ཉིད་ཀྱིས་བསམ་གཏན་ལ་སྤྱོད་པ་དང་། སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ལ་སྤྱོད་པ་དང་། སེམས་ཅན་ལ་བདག་མེད་པ་ཉིད་ཀྱིས་བྱམས་པ་ལ་སྤྱོད་པ་དང་། ཉོན་མོངས་པ་ཡོད་པ་མ་ཡིན་པར་རབ་ཏུ་ཞི་བ་ཉིད་ཀྱིས་སྙིང་རྗེ་ལ་སྤྱོད་པ་དང་། རང་བཞིན་གྱིས་རྣམ་པར་གྲོལ་བའི་ཕྱིར་དགའ་བ་ལ་སྤྱོད་པ་དང་། མཐའ་གཉིས་དང་བྲལ་བའི་ཕྱིར་བཏང་སྙོམས་ལ་སྤྱོད་པ་དང་། གཟོད་མ་ནས་མ་སྐྱེས་པའི་ཕྱིར་མི་རྟག་པ་ལ་སོ་སོར་རྟོག་པ་ལ་སྤྱོད་པ་དང་། ཡོངས་སུ་རྟོག་པ་སྡུག་བསྔལ་བའི་ཕྱིར་སྡུག་བསྔལ་ལ་སོ་སོར་རྟོག་པ་ལ་སྤྱོད་པ་དང་། ཕྱིན་ཅི་ལོག་རང་བཞིན་མེད་པའི་ཕྱིར་བདག་མེད་པ་ལ་སོ་སོར་རྟོག་པ་ལ་སྤྱོད་པ་དང་། འདུ་ཤེས་ཡོངས་སུ་ཤེས་པའི་ཕྱིར་ཞི་བ་ལ་སོ་སོར་རྟོག་པ་ལ་སྤྱོད་པ་དང་། ཕུང་པོ་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་པའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སྤྱོད་པ་དང་། མ་རིག་པ་སྔོན་དུ་འགྲོ་བའི་ཕྱིར་ཀུན་འབྱུང་བ་ཤེས་པ་ལ་སྤྱོད་པ་དང་། རང་བཞིན་གྱིས་འགགས་པའི་ཕྱིར་འགོག་པ་ཤེས་པ་ལ་སྤྱོད་པ་དང་། འདུས་བྱས་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ལམ་ཤེས་པ་ལ་སྤྱོད་པ་དང་། འབྲས་བུ་ཡོངས་སུ་ཤེས་པ་ཉིད་ཀྱིས་རྒྱུ་ཤེས་པ་ལ་སྤྱོད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་རྐྱེན་ཤེས་པ་ལ་སྤྱོད་པ་དང་། དུ་མའི་ཕྱིར་ཚོགས་པ་ལ་སྤྱོད་པ་དང་། བརྗོད་དུ་མེད་པའི་ཕྱིར་དོན་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་པ་དང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཕྱིར་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་པ་


DKG059_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མིང་དང་གཟུགས་འབྱུང་བ་མེད་པའི་ཕྱིར་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་པ་དང་། སྒྲ་བྲག་ཅ་དང་མཚུངས་པའི་ཕྱིར་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་པ་དང་། ཚིག་འབྲུ་གསལ་བ་ཉིད་ཀྱིས་དོན་ལ་རྟོན་པ་ལ་སྤྱོད་པ་དང་། རྣམ་པར་ཤེས་པའི་སྤྱོད་ཡུལ་མ་སྤངས་པ་ཉིད་ཀྱིས་ཡེ་ཤེས་ལ་རྟོན་པ་ལ་སྤྱོད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་སྟོང་པ་ཉིད་ཀྱིས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ལ་སྤྱོད་པ་དང་། གང་ཟག་ཡོངས་སུ་སྨིན་པར་བྱ་བ་ཉིད་ཀྱིས་ཆོས་ལ་རྟོན་པ་ལ་སྤྱོད་པ་དང་། ལས་རྣམ་པར་དག་པའི་ཕྱིར་ལྷའི་མིག་ལ་སྤྱོད་པ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་ལྷའི་རྣ་བ་ལ་སྤྱོད་པ་དང་། ཏིང་ངེ་འཛིན་རྣམ་པར་དག་པའི་ཕྱིར་ཕ་རོལ་གྱི་སེམས་ཤེས་པ་ལ་སྤྱོད་པ་དང་། དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་ལ་སྤྱོད་པ་དང་། སེམས་ལ་དབང་སྒྱུར་བའི་ཕྱིར་རྫུ་འཕྲུལ་མངོན་པར་བསྒྲུབ་པ་ལ་སྤྱོད་པ་དང་། མི་ཕྱེད་པའི་ཕྱིར་སྤྱོད་པ་བརྟན་པ་ལ་སྤྱོད་པ་དང་། མི་ལྷོད་པའི་ཕྱིར་སྤྱོད་པ་སྲ་བ་ལ་སྤྱོད་པ་དང་། བསྐྱོད་དུ་མེད་པའི་ཕྱིར་གནས་པ་མེད་པ་ལ་སྤྱོད་པ་དང་། ཐ་དད་པ་མེད་པ་ཉིད་ཀྱིས་སྤྱོད་པ་མཉམ་པ་ལ་སྤྱོད་པ་དང་། ཐམས་ཅད་རྗེས་སུ་མ་བརྟགས་པའི་ཕྱིར་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་ལྟ་བུར་སྤྱོད་པ་དང་། རྣམ་པར་བསྒྲུབ་པའི་མཚན་ཉིད་ཀྱི་ཕྱིར་སྒྱུ་མ་ལྟ་བུ་ལ་སྤྱོད་པ་དང་། ཡང་དག་པ་མ་ཡིན་པའི་མཚན་ཉིད་ཀྱིས་རྨི་ལམ་ལྟ་བུ་ལ་སྤྱོད་པ་དང་། རྣམ་པར་རྨོངས་པའི་མཚན་ཉིད་ཀྱིས་སྨིག་རྒྱུ་ལྟ་བུ་ལ་སྤྱོད་པ་དང་། བདག་མི་སྦེད་པའི་མཚན་ཉིད་ཀྱིས་སྟོང་པ་ཉིད་ལ་སྤྱོད་པ་དང་། སེམས་རང་བཞིན་མེད་པའི་མཚན་ཉིད་ཀྱིས་མཚན་མ་མེད་པ་ལ་སྤྱོད་པ་དང་། ཁམས་གསུམ་རང་བཞིན་མེད་པའི་མཚན་ཉིད་ཀྱིས་སྨོན་པ་མེད་པ་ལ་སྤྱོད་པ་དང་། འདུས་བྱས་རང་བཞིན་མེད་པའི་མཚན་ཉིད་ཀྱིས་མངོན་པར་འདུ་བྱེད་པ་མེད་པ་ལ་སྤྱོད་པ་དང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་འཇུག་པ་མེད་པའི་མཚན་ཉིད་ཀྱིས་བདུད་ཚར་བཅད་པ་ལ་སྤྱོད་པ་དང་། སྤྱོད་པ་ཐམས་ཅད་རྣམ་པར་བསྒྲུབ་པའི་མཚན་ཉིད་ཀྱིས་དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་ལ་སྤྱོད་པ་སྟེ། ལྷའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་ལ་སྤྱོད་པ་ཡིན་ནོ།། །།བམ་པོ་གསུམ་པ་སྟེ་ཐ་མ།


DKG059_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལས་ཡང་དག་པར་འདས་པ་ཡིན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་དེ་བཞིན་ཏེ། ལྷའི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་གང་དད་པས་རྗེས་སུ་འབྲང་བ་མ་ཡིན་པ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་མ་ཡིན་པ་དང་། གང་བརྒྱད་པ་མ་ཡིན་པ་དང་། རྒྱུན་དུ་ཞུགས་པ་མ་ཡིན་པ་དང་། ལན་ཅིག་ཕྱིར་འོང་བ་མ་ཡིན་པ་དང་། ཕྱིར་མི་འོང་བ་མ་ཡིན་པ་དང་། དགྲ་བཅོམ་པ་མ་ཡིན་པ་དང་། གང་ཉན་ཐོས་མ་ཡིན་པ་དང་། རང་སངས་རྒྱས་མ་ཡིན་པ་དང་། གང་སངས་རྒྱས་བཅོམ་ལྡན་འདས་མ་ཡིན་པ་དང་། དེ་བཞིན་གཤེགས་པ་མ་ཡིན་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་པ་དང་། སྟོན་པ་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་མི་སྨྲའོ། །ལྷའི་བུ་ཁོ་བོ་ནི་བྱང་ཆུབ་སེམས་དཔའ་གང་སོ་སོ་སྐྱེ་བོའི་ཆོས་ཅན་མ་ཡིན་པ་དང་། འདོད་ཆགས་ཀྱི་ཆོས་ཅན་མ་ཡིན་པ་དང་། ཞེ་སྡང་གི་ཆོས་ཅན་མ་ཡིན་པ་དང་། གཏི་མུག་གི་ཆོས་ཅན་མ་ཡིན་པ་དང་། གང་འཁོར་བའི་ཆོས་ཅན་མ་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་མ་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་མི་སྨྲའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བ་དང་། ཆོས་ཀྱི་རྗེས་སུ་འབྲང་བ་དང་། བརྒྱད་པ་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། སངས་རྒྱས་བཅོམ་ལྡན་འདས་དང་། དེ་བཞིན་གཤེགས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྟོན་པ་དང་། སོ་སོ་སྐྱེ་བོའི་ཆོས་ཅན་དང་། འདོད་ཆགས་ཀྱི་ཆོས་ཅན་དང་། ཞེ་སྡང་གི་ཆོས་ཅན་དང་། གཏི་མུག་གི་ཆོས་ཅན་དང་། འཁོར་བའི་ཆོས་ཅན་དང་། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པར་བྱེད་པ་དང་། ཆགས་པ་ཐམས་ཅད་


DKG059_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དད་པར་བྱེད་ཀྱང་དེ་ལ་ཆགས་པར་མི་འགྱུར་བ་དང་། གཞན་གྱི་དད་པས་མི་འགྲོ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ལ་དད་པ་སྐྱེད་ཅིང་འཛིན་པར་བྱེད་པ་དང་། ཆགས་པས་ཆགས་པར་གྱུར་པ་རྣམས་ཐར་བར་བྱེད་པ་དང་། ཆགས་པ་མེད་པའི་ཡེ་ཤེས་ཡོངས་སུ་ཚོལ་བར་བྱེད་པ་དང་། འཁོར་བ་ལ་ཆགས་པར་མི་བྱེད་པ་དང་། མྱ་ངན་ལས་འདས་པར་མི་ལྟུང་བ་དེ་ཙམ་གྱིས་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་དད་པས་རྗེས་སུ་འབྲང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་འཛིན་པར་བྱེད་པ་དང་། ཀུན་འཛིན་པར་བྱེད་པ་དང་། ཆོས་ཀྱི་ཟས་དང་ལྡན་ཞིང་ཟང་ཟིང་གི་ཟས་མེད་པ་དང་། ཆོས་ལ་གནས་ཀྱི་ཉོན་མོངས་པ་ལ་མི་གནས་པ་དང་། ཆོས་ཀྱི་སྟོབས་ཅན་ཡིན་གྱི་ང་རྒྱལ་གྱི་སྟོབས་ཅན་མ་ཡིན་པ་དང་། ཆོས་སྨྲ་བ་ཡིན་གྱི་འཇིག་རྟེན་རྒྱང་པན་པའི་གཏམ་སྨྲ་བ་མ་ཡིན་པ་དང་། ཆོས་ཀྱི་དབང་ཕྱུག་ཡིན་གྱི་ཉོན་མོངས་པའི་དབང་ཕྱུག་མ་ཡིན་པ་དང་། ཆོས་ལ་རྟོན་པ་ཡིན་གྱི་གང་ཟག་ལ་རྟོན་པ་མ་ཡིན་པ་དང་། ཆོས་སྨྲ་བ་ཡིན་གྱི་ཆོས་མ་ཡིན་པར་མི་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལ་རྟོན་པ་ཡིན་གྱི་བརྩོན་པ་བཏང་བའི་ཆོས་ལ་མི་གནས་པ་དང་། ཆོས་སྐྱོན་མེད་པ་ཉིད་དུ་ཆོས་ཐམས་ཅད་ཤེས་པར་བྱེད་པ་དང་། གཟུངས་ཀྱི་སྒོ་ཆགས་པ་མེད་པ་དང་ལྡན་པ་དང་། ནོར་བདུན་དང་ལྡན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པར་བྱེད་པ་དང་། ཆོས་ཀྱི་ཁྱད་པར་ལ་གནས་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བརྒྱད་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལོག་པ་ཉིད་བརྒྱད་ལས་ཡང་དག་པར་འདས་པ་དང་། ཡང་དག་པ་ཉིད་བརྒྱད་ལ་རབ་ཏུ་གནས་པ་དང་། ལམ་ཡན་ལག་བརྒྱད་པ་རྣམ་པར་སྦྱང་བ་ལ་མཁས་པ་དང་། སྦྱོར་བ་ཡོངས་སུ་མ་རྫོགས་པར་ལམ་དེས་ངེས་པར་འབྱུང་བར་མི་བྱེད་པ་དང་།


DKG059_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁོམ་པ་བརྒྱད་དུ་སྐྱེས་པའི་སེམས་ཅན་རྣམས་དལ་བ་ཕུན་སུམ་ཚོགས་པ་དག་ལ་འགོད་པར་བྱེད་པ་དང་། སྐྱེས་བུ་དམ་པའི་རྣམ་པར་རྟོགས་པ་བརྒྱད་ལ་གནས་པ་དང་། རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་མི་སྤོང་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་བརྒྱད་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྒྱུན་དུ་ཞུགས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་རྒྱུན་ཕྱོགས་སུ་དད་པ་རྣམས་རྒྱུན་ལས་ཟློག་པར་བྱེད་པ་དང་། འཁོར་བའི་རྒྱུན་ཐམས་ཅད་ཀྱང་གཅོད་པར་བྱེད་ལ་འཁོར་བ་མི་གཅོད་པ་དང་། ངན་སོང་ཐམས་ཅད་རྒྱུན་གཅོད་པར་བྱེད་པ་དང་། སེམས་ཅན་རྣམས་བདེ་འགྲོ་དང་མྱ་ངན་ལས་འདས་པ་མངོན་དུ་བྱ་བའི་ལམ་ལ་འགོད་པར་བྱེད་པ་དང་། མཚམས་བཅད་པ་དང་། ལྷ་དང་མི་ལ་གཞོལ་བ་དང་། བདེན་པ་སྟོན་པར་བྱེད་པ་དང་། རློམ་སེམས་སུ་མི་ལྟུང་བ་དང་། ཐེ་ཙོམ་དང་བྲལ་བ་དང་། ངེས་པ་དང་། སངས་རྒྱས་ཀྱི་ཆོས་ལ་གཞོལ་བ་དང་། སོ་སོ་སྐྱེ་བོའི་ལམ་ལས་ཡང་དག་པར་འདས་པ་དང་། སངས་རྒྱས་ཀྱི་ཆོས་ཀྱི་ལམ་ལ་རབ་ཏུ་གནས་པ་དང་། འཁོར་བའི་གཏིང་རྙེད་པ་དང་། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པར་གྱུར་པ་དང་། འཇིག་རྟེན་གྱི་སྦྱིན་གནས་སུ་གྱུར་པ་དང་། འདུས་བྱས་ལ་སྣང་བ་དང་། འདུས་མ་བྱས་པས་རབ་ཏུ་ཕྱེ་བ་དང་། ཕྱིར་ལྡོག་པར་མི་འགྱུར་བ་དང་། དགེ་འདུན་ལ་ཡང་དག་པར་གཞོལ་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་རྒྱུན་དུ་ཞུགས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ལན་ཅིག་ཕྱིར་འོང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་འོང་བ་མེད་པ་དང་འགྲོ་བ་མེད་པར་ཤེས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བསམ་བཞིན་དུ་འོང་བ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། འོང་བ་དང་། འགྲོ་བར་སྟོན་པར་བྱེད་པ་དང་། ཆོས་ཉིད་ལ་འོང་བ་དང་འགྲོ་བ་མེད་པར་མཐོང་བ་དང་། འོང་ཡང་ཉོན་མོངས་


DKG059_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པས་འོང་བ་དང་། རང་གི་ལས་ཡོངས་སུ་དག་པས་འགྲོ་བ་དང་། འོང་བ་མཉམ་པ་ཉིད་མི་སྤོང་བ་དང་། བདུད་ཀྱི་དབང་གིས་མི་འགྲོ་བ་དང་། བྱང་ཆུབ་ཀྱི་ལམ་ཉེ་བར་སྟོན་པའི་ཕྱིར་འོང་བ་དང་། ཉེ་བར་བླངས་པའི་སེམས་ཅན་བསྒྲལ་བའི་ཕྱིར་འོང་བ་དང་། བྱང་ཆུབ་ཀྱི་ལྷག་པའི་བསམ་པ་སྲ་ཞིང་མི་ཕྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ལན་ཅིག་ཕྱིར་འོང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཕྱིར་མི་འོང་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ལྟ་བ་རྣམས་དང་། ཕྱིན་ཅི་ལོག་རྣམས་དང་། སྒྲིབ་པ་རྣམས་སུ་ཡང་མི་འོང་བ་དང་། འདུན་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། འཇིགས་པ་དང་། གཏི་མུག་གིས་ཡང་འོང་བ་དང་། འགྲོ་བར་མི་འགྱུར་བ་དང་། བྱས་པ་ངེས་པར་མ་གྱུར་ཅིང་སངས་རྒྱས་ཀྱི་ཆོས་རྣམས་མ་རྫོགས་པར་མི་འོང་བ་དང་། འོང་བ་མེད་པ་དང་། འཕོ་བ་མེད་པ་ལ་མཁས་པ་དང་། རྒ་ཤི་མེད་པ་ལ་ཐོབ་པ་དང་། མཐར་གནས་པ་དང་། བྱས་པ་ངེས་པ་དང་། ལུང་བསྟན་པ་ཐོབ་པ་དང་། དམིགས་སུ་མེད་པ་དང་། རྣམ་པ་མེད་པ་ཐོབ་པ་དང་། ཤེས་པས་གཞན་ལ་རག་མ་ལས་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཕྱིར་མི་འོང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆགས་པ་མེད་ཅིང་འདོད་ཆགས་གདུལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། སྡང་བ་མེད་ཅིང་ཞེ་སྡང་གདུལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། རྨོངས་པ་མེད་ཅིང་གཏི་མུག་གདུལ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་པ་དང་། ཆོས་ཐམས་ཅད་ལ་ཉོན་མོངས་པ་མེད་པར་གནས་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་མ་བཏང་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བརྩོན་འགྲུས་བརྩམས་པ་དང་། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ་དགའ་བ་མེད་པས་དགའ་བ་དང་། དགྲ་བཅོམ་པ་དང་པད་མ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱིས་མ་གོས་པ་དང་། ཤེས་པས་འཕགས་པ་དང་མཉམ་པ་དང་།


DKG059_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་ཀྱིས་འཕགས་པ་མ་ཡིན་པར་གནས་པ་དང་། ཉེ་བར་ལེན་པ་ཐམས་ཅད་ལ་བདག་གིར་མེད་ཅིང་ཡོངས་སུ་འཛིན་པ་མེད་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བདག་གིར་བྱེད་ཅིང་ཡོངས་སུ་འཛིན་པ་དང་། རང་གི་སེམས་ཀྱི་རྒྱུད་དག་ལ་ཟག་པ་མེད་པའི་སེམས་དང་ལྡན་པ་དང་། གཞན་གྱི་སེམས་ཀྱི་རྒྱུད་དག་ལ་ཟག་པ་མེད་པར་གནས་པར་བྱེད་པ་དང་། སྔོན་དམ་བཅས་པ་དག་ལ་བརྣག་པ་ཡོངས་སུ་རྫོགས་པ་དང་། ཚུ་རོལ་དང་ཕ་རོལ་ལ་གནས་པ་རྣམས་ཀྱི་ཕ་རོལ་ཏུ་སོན་པ་དང་། ཚུ་རོལ་གྱི་གནས་མ་སྤངས་པ་དང་། གཞན་གྱིས་སེམས་ཅན་གཞན་ཐར་བར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་མ་ཐོས་པའི་ཆོས་སྒྲོགས་པར་བྱེད་ཅིང་ཡུལ་རྣམས་ལ་སྤྱོད་པར་མི་བྱེད་པ་དང་། ཡང་དག་པའི་དམ་པའི་ཆོས་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པའི་ཆོས་སྒྲོགས་པར་བྱེད་པ་དང་། རྒྱུ་དང་། རྐྱེན་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། རང་བཞིན་གྱིས་གཡོ་བ་མེད་པར་སྒྲོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་དང་། ནམ་མཁའ་དང་མཉམ་པའི་ཆོས་རྣམས་སྒྲོགས་པར་བྱེད་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། ཡེ་ཤེས་ཆེན་པོ་ལ་ཆོས་ཐམས་ཅད་རྒྱུས་ཉེ་བར་འགྲོ་བར་རྩོམས་ཤིག་ཅེས་སྒྲོགས་པར་བྱེད་པ་དང་། སྒྲོགས་པ་ཡང་གཞན་གྱི་དྲིང་མི་འཇོག་པ་དང་། ཐོས་པས་ཀྱང་རློམ་སེམས་མི་བྱེད་པ་དང་། སྒྲོགས་པ་ཐམས་ཅད་ཀྱི་སྔོན་དང་ཕྱི་མའི་མཐའ་མི་ཆད་པ་ཡོངས་སུ་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་མི་ཟད་པ་ཐོབ་པ་དང་། དོན་དང་ཚིག་དང་ཡིག་འབྲུ་མི་ཟད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པ་དང་། ཤེས་པར་སྟོན་པར་བྱེད་པ་དང་། སོ་སོ་ཅི་རིགས་པར་ཆོས་སྟོན་པར་བྱེད་པ་དང་། ཞི་བའི་ས་ལ་གནས་པ་དང་། སྤྲོས་པ་མེད་པ་དང་། སྔོན་གྱི་སྨོན་ལམ་གྱི་སྤྱོད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཡིན་


DKG059_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་རྐྱེན་ལ་རག་ལས་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་བསྒྲུབ་པ་ཉེ་བར་གནས་པའི་མཚན་ཉིད་དུ་ཤེས་པ་དང་། དེས་རྐྱེན་རྣམས་ལེགས་པར་མཐོང་བའི་ཕྱིར་བྱང་ཆུབ་འདྲེན་པར་བྱེད་པའི་རྐྱེན་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕྱོགས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ཕྱོགས་དང་། བསྡུ་བའི་དངོས་པོ་བཞིའི་ཕྱོགས་དང་། ཚད་མེད་པ་བཞིའི་ཕྱོགས་དང་། མངོན་པར་ཤེས་པའི་ཕྱོགས་ཡང་དག་པར་སྒྲུབ་པར་བྱེད་པ་དང་། དེ་རྐྱེན་ཉེ་བར་སྒྲུབ་པར་བྱེད་ཅིང་གཞན་གྱི་དྲིང་མི་འཇོག་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པ་དང་། ས་ངན་པ་དག་ལས་སེམས་སྐྱོ་བར་བྱེད་པ་དང་། ཉི་ཚེ་བའི་ཤེས་པ་འདུལ་བ་ལ་མཁས་པ་དང་། ཐེག་པ་ཆེན་པོ་ལ་ལེགས་པར་རབ་ཏུ་གནས་པ་དང་། ཆོས་ཐམས་ཅད་ལ་མངོན་དུ་གྱུར་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་རང་སངས་རྒྱས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སངས་རྒྱས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་གཟོད་མ་ནས་དབེན་པ་ཉིད་དུ་རྟོགས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་གཟོད་མ་ནས་བདག་མེད་པ་ཉིད་དུ་རྟོགས་པར་བྱེད་པ་དང་། མིང་མངོན་པར་རྟོགས་པར་བྱ་བའི་ཕྱིར་སྤྱོད་པ་དམན་པ་དང་། མཆོག་དང་། བར་མ་ཐམས་ཅད་རྟོགས་པར་བྱེད་པ་དང་། རང་གི་ཉོན་མོངས་པ་སྟོང་པ་ཉིད་ཀྱིས་ཉོན་མོངས་པ་ཐམས་ཅད་རྟོགས་པར་བྱེད་པ་དང་། སྐད་ཅིག་གཅིག་ལ་རྗེས་སུ་རྟོགས་པའི་རིམ་གྱི་ས་དང་སྤྱོད་པ་སྣ་ཚོགས་སྟོན་པར་བྱེད་པ་དང་། སེམས་ཅན་གྱི་དབང་པོ་དང་། མོས་པས་ཆོས་སྟོན་པར་བྱེད་པ་དང་། འབྲས་བུ་ཡོད་པར་ཆོས་སྟོན་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སངས་རྒྱས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཡིན། འཇམ་དཔལ་གྱིས་


DKG059_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་ལམ་དུ་འགྲོ་བ་དང་། དེ་བཞིན་ཉིད་མི་བརྗེད་པ་དང་། དེ་བཞིན་ཉིད་ལ་རབ་ཏུ་གནས་པ་དང་། དེ་བཞིན་ཉིད་ཀྱི་སྦྱིན་པ་དང་། དེ་བཞིན་ཉིད་ཀྱི་ཚུལ་ཁྲིམས་དང་། དེ་བཞིན་ཉིད་ཀྱི་བཟོད་པ་དང་། དེ་བཞིན་ཉིད་ཀྱི་བརྩོན་འགྲུས་དང་། དེ་བཞིན་ཉིད་ཀྱི་བསམ་གཏན་དང་། དེ་བཞིན་ཉིད་ཀྱི་ཤེས་རབ་དང་། དེ་བཞིན་ཉིད་ཀྱི་ཐབས་དང་། དེ་བཞིན་ཉིད་ཀྱི་སྨོན་ལམ་དང་། དེ་བཞིན་ཉིད་ཀྱི་སྟོབས་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་ལྡན་པ་དང་། དེ་བཞིན་ཉིད་ཀྱི་སེམས་ཅན་མེད་པ་དང་། སེམས་ཅན་ཡོངས་སུ་ཐར་བར་བྱེད་པ་དང་། སེམས་ཅན་གྱི་གནས་དང་། འཁོར་བ་ན་ཡང་སྤྱོད་ལ་སྤྱོད་པ་ཐམས་ཅད་ལས་ཀྱང་ཡང་དག་པར་འདས་པ་དང་། སྤྱོད་པ་ལས་སྒྲོལ་བར་བྱེད་པ་དང་། དེ་ན་ཡང་ཡིན་ལ་དེ་ན་ཡང་མ་ཡིན་པ་དང་། འདི་ན་ཡང་ཡིན་ལ་འདི་ན་ཡང་མ་ཡིན་པ་དང་། གཉིས་ཀ་ལས་དག་པ་དང་། མུན་པ་དང་བྲལ་བ་དང་། རྟག་ཏུ་གསལ་བ་དང་། མུན་པ་མེད་པ་དང་། མུན་པའི་ལིང་ཏོག་དང་བྲལ་བ་དང་། དེ་བཞིན་ཉིད་ཀྱི་རྗེས་སུ་སོང་བ་དང་། དེ་བཞིན་གཤེགས་པའི་སའི་རྗེས་སུ་སོང་བ་དེ་ལྟར་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཞེས་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་བཅོམ་པ་དང་། ཆུ་བོ་ལས་རྒལ་བ་དང་། སྲིད་པ་མཐོང་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཁུར་དང་། སྲིད་པ་འཇོམས་པ་དང་། སྲིད་པའི་འདུ་ཤེས་དང་བྲལ་བ་དང་། བདུད་བཅོམ་པ་དང་། ཁུར་བོར་བ་དང་། སྲིད་པའི་འགྲོ་བར་འཆི་འཕོ་བ་དང་། སྐྱེ་བ་དང་། བྱ་བ་ཤེས་པ་དང་། སྲིད་པའི་འདོད་ཆགས་བསལ་བ་དང་། ལུས་དང་སེམས་སྒོམ་པ་དང་། ཚུལ་ཁྲིམས་དང་། ཤེས་རབ་བསྒོམས་པ་དང་། སྲིད་པའི་སྐྱོན་ལེགས་པར་མཐོང་བ་དང་། སྲིད་པའི་སྲེད་པ་དང་བྲལ་བ་དང་། སེམས་ཅན་ལ་བསམ་པ་མ་བཏང་བ་དང་། སྲིད་པའི་རྒྱ་མཚོ་ལས་སྒྲོལ་བ་དང་། ཆུ་ལོན་དང་ཟམ་པ་ལེགས་པར་བྱས་པ་དང་། མི་གནས་པས་


DKG059_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་མཐོང་བ་དང་། རྟག་ཏུ་སྒོམ་པ་ལ་ཡིད་ཀྱིས་བརྩོན་པ་དང་། སེམས་ཅན་གྱི་སྲིད་པ་ཟད་པར་བྱེད་པ་དང་། སྲིད་པ་ཐམས་ཅད་ལས་རྣམ་པར་ལོག་པ་དང་། ཐབས་ལ་མཁས་པ་དང་། ཉོན་མོངས་པ་ཐམས་ཅད་ཐལ་བར་རློག་པར་བྱེད་པ་དང་། སྲིད་པས་རྣམ་པར་རྩེ་བ་ལ་མཁས་པ་དང་། སྲིད་པ་གསུམ་ན་ཡོད་པ་རྣམས་ཀྱིས་མཆོད་པ་དེ་ལྟར་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཞེས་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་མཚམས་མེད་པ་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་པས་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དང་། ལྟ་བའི་རྣམ་པ་རྣམས་དང་། ཕྱིན་ཅི་ལོག་རྣམས་དང་། སྒྲིབ་པ་རྣམས་དང་། ཆོད་པ་རྣམས་དང་། ཀུན་ནས་ལྡང་བ་རྣམས་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་པས་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་མཉམ་པ་དང་། ཉོན་མོངས་པ་ཐམས་ཅད་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་པས་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དང་། སོ་སོའི་སྐྱེ་བོའི་ཆོས་རྣམས་དང་། སློབ་པའི་ཆོས་རྣམས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་གང་དང་མཉམ་པ་བྱང་ཆུབ་ཀྱང་དེ་དང་མཉམ་པས་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དང་། མཉམ་པ་ཉིད་རྣམ་པར་འཁྲུག་པར་མི་བྱེད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་མཉམ་པ་ཉིད་ཀྱིས་མཉམ་པ་ཉིད་དུ་ལྟ་བར་བྱེད་པ་དང་། ཆོས་ཐམས་ཅད་གཟོད་མ་ནས་དག་པའི་ཕྱིར་རྐྱེན་ལ་རག་ལས་པ་དང་། ཡོད་པ་མ་ཡིན་པའི་ཡོངས་སུ་རྟོག་པས་ཀུན་ནས་བསླང་བ་ནམ་མཁའ་དང་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་


DKG059_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་གང་ལ་སྟོན་པ་དང་། རབ་ཏུ་སྟོན་པ་དང་། རྗེས་སུ་སྟོན་པར་བྱེད་པ་དེ་དག་ཐམས་ཅད་མི་གཡོས་པའི་ཆོས་ཅན་དུ་འགྱུར་བ་དང་། བསྟན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སྟོན་པ་དང་། རབ་ཏུ་སྟོན་པ་དང་། སྟོན་པ་གཅིག་པུར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། གླིང་དང་། དཔུང་གཉེན་དུ་འགྱུར་བ་དང་། མཚན་མ་ཐམས་ཅད་ཞི་བ་དང་རབ་ཏུ་ཞི་བ་དང་། ཉེ་བར་ཞི་བར་འགྱུར་བ་དང་། ཐེ་ཙོམ་དང་བྲལ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཐེ་ཙོམ་གཅོད་པ་ལ་མཁས་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་གིས་ཕྱག་བྱས་པ་དང་། ཡང་དག་པར་སྨྲ་བ་དང་། ཁམས་གསུམ་པས་ཕྱག་བྱས་པ་དང་། སེམས་ནམ་མཁའ་དང་མཉམ་ཞིང་ཁེངས་པ་མེད་པ་དང་། ཡང་དག་པའི་མཐའ་ལེགས་པར་མཐོང་བའི་ཕྱིར་སྨད་པ་དང་། བརྡེག་པ་དང་། དགོད་པ་དང་། བཤུང་བ་དང་། ཁྲོ་བ་དང་། སྐྱོ་བ་དང་། བསྡིགས་པ་ཐམས་ཅད་དང་། རློམ་སེམས་ཐམས་ཅད་ཀྱིས་ཞུམ་པར་མི་འགྱུར་བ་དང་། སེམས་ཅན་གྱི་རང་བཞིན་ལེགས་པར་མཐོང་བའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་ཞིང་སྙིང་བརྩེ་བ་དང་། འཇིག་རྟེན་ལ་སྟོན་པར་གྲགས་པར་འགྱུར་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སྟོན་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཐབས་ཀྱི་སོ་སོ་སྐྱེ་བོའི་སྤྱོད་པ་ཐམས་ཅད་ཀྱང་སྟོན་པར་བྱེད་ལ་ཤེས་པས་སོ་སོ་སྐྱེ་བོའི་སྤྱོད་པ་ཐམས་ཅད་ལ་ཆགས་པར་ཡང་མི་འགྱུར་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ཆོས་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་རྟག་ཏུ་སངས་རྒྱས་ཀྱི་ཆོས་རྣམས་ལ་རྗེས་སུ་ཆགས་པར་འགྱུར་བ་དང་། རྟག་ཏུ་སངས་རྒྱས་ཀྱི་སྐུ་ལ་ཀུན་ཏུ་ཆགས་


DKG059_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་དང་། བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་བསྒྲུབ་པའི་ཕྱིར་རྟག་ཏུ་དགོན་པར་གནས་པ་ལ་རྗེས་སུ་ཆགས་པར་འགྱུར་བ་དང་། སེམས་ཅན་རྣམས་བསྡུ་བའི་དངོས་པོ་བཞིས་བསྡུ་བ་ལ་རྟག་ཏུ་རྗེས་སུ་ཆགས་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ལ་ཞེ་འགྲས་པའི་སེམས་མེད་པར་འགྱུར་བ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་འདོད་ཆགས་ཀྱི་ཆོས་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞེ་སྡང་གི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འདུས་བྱས་རྣམས་ལ་གཅིག་ཏུ་ཉེས་པའི་སྐྱོན་ཆགས་པར་ལྟ་བར་བྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྡང་བར་བྱེད་པ་དང་། ཉོན་མོངས་པ་ཐམས་ཅད་དང་། འདུ་བྱེད་ཐམས་ཅད་ལ་སྐྱོན་དུ་ཡང་འདུ་ཤེས་ལ་ཉོན་མོངས་པ་རྣམས་དང་འདུ་བྱེད་རྣམས་སྤོང་བར་ཡང་མི་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་རྒྱུན་གཅོད་པར་མི་བྱེད་པ་དང་། སྙིང་རྗེ་ཆེན་པོས་ཡང་དག་པར་ཟིན་པའི་ཡིད་ཀྱིས་སྙིང་བརྩེ་བ་རྒྱ་ཆེན་པོ་ཡང་དག་པར་སྐྱེད་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཉོན་མོངས་པའི་འདམ་རྫབ་ལས་འབྱིན་པར་བྱེད་པ་དང་། སེམས་ཅན་ཞེ་སྡང་ཅན་རྣམས་ལ་བཟོད་པ་ཉེ་བར་སྒྲུབ་པར་བྱེད་ཅིང་ཉོན་མོངས་པ་རྣམས་ལ་ཉེས་པ་སྦྱིན་པར་བྱེད་པ་དང་། འཆི་འཕོའི་ཐབས་ཐམས་ཅད་དང་། འཁོར་བ་སུན་འབྱིན་པར་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཞེ་སྡང་གི་ཆོས་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གཏི་མུག་གི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གཏི་མུག་ཅེས་བྱ་བ་ནི་གང་ཅུང་ཟད་ཀྱང་མི་ཤེས་པ་ཡིན་པས་དེ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ངོ་བོ་ཉིད་ལ་སྙོམས་པར་འཇུག་པ་དེ། ཤེས་པར་མི་བྱེད། རྣམ་པར་ཤེས་པར་མི་བྱེད། ཀུན་ཏུ་ཤེས་པར་མི་བྱེད། ལེན་པར་མི་བྱེད། སྤོང་བར་མི་བྱེད། འབྱུང་བར་མི་བྱེད། འཇིག་པར་མི་བྱེད། གཡོ་བར་མི་བྱེད། རློམ་སེམས་


DKG059_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མི་བྱེད། སྐྱོད་པར་མི་བྱེད་ཅིང་། ཆོས་ཀྱི་རང་བཞིན་གྱིས་འགོག་པ་ལ་སྙོམས་པར་འཇུག་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་གཏི་མུག་གི་ཆོས་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བའི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་འཁོར་བ་ལས་ཀྱང་མི་གཡོ་ལ་དེ་ཉིད་ལས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ཚོལ་བར་ཡང་བྱེད་པ་དང་། བདུད་ཐམས་ཅད་དང་ཐུན་མོང་མ་ཡིན་ཞིང་སྤྱོད་པ་དམན་པ་རྣམས་དང་། མ་འདྲེས་པ་དང་། སེམས་ཅན་རྣམས་སྤྱོད་པ་དམན་པ་ལས་ཕྲལ་ཞིང་སྤྱོད་པ་རྒྱ་ཆེན་པོ་ལ་འགོད་པར་བྱེད་པ་དང་། དོན་འཐུན་པར་བྱེད་པ་དང་། མི་དགེ་བ་ཐམས་ཅད་ལ་མི་བསྔགས་པ་རྗོད་པར་བྱེད་ཅིང་འདུན་པ་བཟློག་པ་དང་། ཕྱིར་ཟློག་པར་བྱེད་པ་དང་། བྱང་ཆུབ་འཁོར་བ་ལ་གཞོལ་བར་ཤེས་པར་བྱེད་པ་དང་། འཁོར་བ་མཉམ་པ་ཉིད་ཀྱིས་སངས་རྒྱས་མཉམ་པ་ཉིད་དུ་ལྟ་བར་བྱེད་པ་དང་། འཁོར་བ་ལས་མི་གཡོ་ཞིང་གནས་པ་ཡང་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་འཁོར་བའི་ཆོས་ཅན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་ཅན་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བར་བྱེད་པ་དང་། ཆོས་ཐམས་ཅད་རང་བཞིན་གྱིས་ཉེ་བར་ཞི་བར་ཤེས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བ་དང་ཉེ་བར་ཞི་བར་བྱ་བའི་ཕྱིར་ཆོས་སྟོན་པར་བྱེད་པ་དང་། སེམས་ཅན་དཔག་ཏུ་མེད་པ་མེ་གསུམ་གྱིས་འབར་བར་གྱུར་པ་རྣམས་ཉེ་བར་ཞི་བར་བྱེད་ཅིང་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་པ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ལ་ཡང་སྤྱོད་པར་བྱེད་ལ། གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་པ་དེ་ལྟ་ན་ལྷའི་བུ་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ཡིན་ཏེ། ཐབས་ལ་མཁས་པ་དང་། ཐབས་ཤེས་པ་ལ་ངེས་པར་སྐྱེས་པ་དང་།


DKG059_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་ཕན་པ་དང་། རྗེས་སུ་སྙིང་བརྩེ་བ་དང་ལྡན་པ་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་སྲོག་ཆགས་འབུམ་ལྷག་ཙམ་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །སྲོག་ཆགས་དྲུག་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྔོན་དགེ་བའི་རྩ་བ་བསྐྱེད་ཅིང་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པའི་སེམས་ཅན་རྣམས་ཀྱིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་གིས་ནི་མི་ཟད་པའི་རྣམ་པའི་མཛོད་ཅེས་བྱ་བའི་གཟུངས་སོ་སོར་ཐོབ་པར་གྱུར་ཏོ། །སྲོག་ཆགས་ས་ཡ་ཕྲག་གཉིས་དང་ལྔ་འབུམ་གྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྟེང་གི་བར་སྣང་ལས་ཀྱང་བཅོམ་ལྡན་འདས་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱ་བའི་ཕྱིར་མེ་ཏོག་གི་ཆར་དག་མངོན་པར་རབ་ཏུ་ཕབ་བོ། །དེ་ནས་ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཐབས་དང་ཤེས་རབ་ཀྱིས་ངེས་པར་འབྱུང་བ་ཡིན། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷའི་བུ་རབ་རྩལ་སེམས་ལ་ཚིགས་སུ་བཅད་དེ་སྨྲས་པ། གང་ཚེ་སེམས་ནི་ཆགས་མེད་པ། །བླ་མེད་བྱང་ཆུབ་སེམས་ཡིན་ཏེ། །སེམས་ཀྱི་རང་བཞིན་མངོན་སུམ་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སེམས་རྣམས་བསྐྱེད་པ་ཐམས་ཅད་ནི། །བྱང་ཆུབ་ཏུ་ནི་ཡོངས་བསྔོ་ཞིང་། །བྱང་ཆུབ་སེམས་ལས་རབ་རྟས་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །སེམས་ཅན་ཐམས་ཅད་བདག་མེད་ཅིང་། །མི་བདེན་ཡ་མ་བརླ་གསོག་ཏུ། །གང་ཚེ་ཤེས་པས་ཤེས་བྱེད་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །གང་ཕྱིར་སེམས་ཅན་ཐམས་ཅད་དག །བྱང་ཆུབ་ཕྱིར་ནི་སྦྱིན་བྱེད་ཅིང་། །བསམ་པ་ཐག་པས་སྡུད་བྱེད་པ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །གང་ཚེ་བདག་དང་བྱང་ཆུབ་དག །གཏན་དུ་མཐོང་བར་མི་བྱེད་ཅིང་། །འཁོར་གསུམ་ཡོངས་སུ་དག་གྱུར་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ནང་དང་ཡང་ན་ཕྱི་རོལ་དག །


DKG059_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་གཏོང་བྱེད་ཅིང་། །སེམས་ཅན་ཀུན་ལ་ཡོངས་བསྔོ་བ། །དེ་ནི་ཐབས་ཀྱི་མཚན་ཉིད་དོ། །ཞི་ཞིང་རབ་ཞི་གཙང་དག་ཅིང་། །ཚུལ་ཁྲིམས་རློམ་སེམས་མི་བྱེད་ལ། །ལུས་དང་ངག་ཡིད་ཞི་གྱུར་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །ཚུལ་ཁྲིམས་ལ་ནི་ཞུགས་གྱུར་ཅིང་། །གཞན་ཡང་ཚུལ་ཁྲིམས་སྦྱོར་བྱེད་ལ། །སངས་རྒྱས་ཚུལ་ཁྲིམས་སྔོ་བྱེད་པ། །དེ་ཕྱིར་ཐབས་ཞེས་བྱ་བ་ཡིན། །ཆོས་རྣམས་ཐམས་ཅད་རབ་སྟོང་ཞིང་། །བདག་མེད་བཟོད་པ་སྒོམ་བྱེད་ལ། །ལུས་དང་སེམས་ཀྱིས་མ་སྨས་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ལུས་ཀྱིས་སྦྱོར་བར་མི་བྱེད་ཅིང་། །ངག་དང་སེམས་ཀྱིས་མ་ཡིན་ལ། །ཆོས་རྣམས་ཀུན་ལ་དབེན་གྱུར་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་ཀུན་གྱི་ཁྲོ་བ་དང་། །གསོད་དང་འཆིང་བ་བཟོད་བྱེད་ཅིང་། །སེམས་ཅན་དེ་དག་མི་སྤོང་བ། །དེ་ནི་ཐབས་ཀྱི་ཕ་རོལ་ཕྱིན། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །བསམ་གཏན་བདེ་བ་རབ་སྤངས་ནས། །གྲོང་དང་ཡུལ་འཁོར་སྣང་བྱེད་པ། །དེ་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ཚུ་རོལ་མ་ཡིན་ཕ་རོལ་མིན། །འཐུན་པའི་ཕ་རོལ་རབ་གནས་ཤིང་། །སྤྲོས་པའི་ལྟ་བ་རྒྱུན་བཅད་པ། །ཤེས་རབ་ཕ་རོལ་ཕྱིན་རྟོགས་ཡིན། །གང་གིས་སྟོང་ཉིད་རྟོགས་གྱུར་ནས། །དེ་ནི་བཏང་སྙོམས་མི་བྱེད་ཅིང་། །སེམས་ཅན་སྟོང་ཉིད་སྦྱོར་བྱེད་པ། །དེ་ནི་ཐབས་ཀྱི་ཚུལ་ཡིན་ནོ། །སངས་རྒྱས་གཟུགས་མེད་མཁའ་འདྲ་བར། །ཆོས་ཀྱི་སྒོ་ནས་ལྟ་བྱེད་ཅིང་། །དེ་ཚེ་གཟུགས་ལ་ཞེན་མེད་པ། །དེ་ནི་ཤེས་རབ་མཚན་ཉིད་དོ། །སངས་རྒྱས་མཚན་ཉིད་མཆོད་འདོད་ཅིང་། །སངས་རྒྱས་བྱེ་བ་མཆོད་བྱེད་ལ། །འདྲེན་ཀུན་མཆོད་དུ་འཇུག་བྱེད་པ། །དེ་ཕྱིར་ཐབས་ཞེས་བྱ་བ་ཡིན། །ཆོས་རྣམས་རྡུལ་མེད་རྡུལ་བྲལ་ཞིང་། །མཁའ་དང་མཉམ་པས་མཉམ་གྱུར་ལ། །ཆོས་འགའང་འཛིན་པར་མི་བྱེད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ཆོས་ནི་ཡོངས་སུ་གཟུང་བའི་ཕྱིར། །ལུས་དང་སྲོག་ནི་འདོར་བྱེད་ཅིང་། །འཇིག་རྟེན་ཀུན་གྱིས་དབེན་གྱུར་པ། །དེ་ནི་ཐབས་ཀྱི་སྒོ་ཡིན་ནོ། །ཆོས་དབྱིངས་གནས་པ་ཉིད་ཀྱི་ཕྱིར། །


DKG059_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་མཐའ་ལ་རབ་གནས་ཤིང་། །དེ་བཞིན་ཉིད་ལས་མི་གཡོ་བ། །དེ་ནི་ཤེས་རབ་སྒོ་ཡིན་ནོ། །གང་གི་ཆོས་ཉིད་ཅི་འདྲ་བ། །སེམས་ཅན་དེ་འདྲར་ཤེས་བྱེད་ཅིང་། །དེ་ལྟར་རྟོག་པར་བྱེད་པའི་མཐའ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །ཆོས་ཀུན་འཆི་འཕོ་ཡོད་མིན་ཞིང་། །སྐྱེ་བ་མེད་པར་ཤེས་བྱེད་ལ། །མི་འགྲོ་རྒྱུག་པར་མི་བྱེད་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །མཁས་པས་འདོད་དང་གཟུགས་རྣམས་སུ། །བསམ་བཞིན་དུ་ནི་སྐྱེ་བྱེད་པ། །དེ་དག་ཐབས་ཀྱི་ཡོན་ཏན་ཡིན། །དགོན་པ་གནས་རབ་གནས་བྱེད་ཅིང་། །ཉོན་མོངས་མེད་ལ་རབ་གནས་ལ། །བསམ་གཏན་རྣམ་ཐར་རྟེན་བྱེད་པ། །དེ་དག་ཤེས་རབ་མཚན་ཉིད་ཡིན། །གྲོང་དང་ཡུལ་འཁོར་རྣམས་སུ་ནི། །སོང་ནས་སྙན་གཏམ་སྟོན་བྱེད་ཅིང་། །མི་ཟད་ཞུམ་པ་ཡོད་མིན་པའི། །མཁས་པ་ཐབས་ལ་མཁས་པ་ཡིན། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས། །སྐྲག་ཅིང་འདུ་འཛི་བསྟེན་མེད་ལ། །བདག་ཉིད་དུལ་ཞིང་ཞི་གྱུར་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །འགྲོ་བ་དག་ན་འདུས་ཆེན་དང་། །ཚོགས་དང་འདུ་འཛི་ཇི་སྙེད་པ། །ཀུན་ན་སྣང་བ་དེ་དག་ནི། །ཐབས་ཀྱིས་སྨྲས་པ་མེད་པ་ཡིན། །བརྟན་པ་ཆགས་མེད་སྤྱོད་བྱེད་ཅིང་། །ཡི་གེ་དོན་གཉེར་མི་བྱེད་ལ། །བརྗོད་མེད་ངེས་དོན་དོན་གཉེར་བ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །མཁས་པ་ཆགས་པ་ཐམས་ཅད་ན། །སྣང་ཞིང་ཆོས་རྣམས་སྟོན་བྱེད་ལ། །དཀོན་མཆོག་གསུམ་གྱི་བསྔགས་བརྗོད་པ། །དེ་ནི་ཐབས་ཀྱི་ཕ་རོལ་ཕྱིན། །མངོན་ཤེས་ཤེས་ལ་མཁས་གྱུར་ཅིང་། །ཞི་ཞིང་དུལ་ལ་ཟག་པ་མེད། །གདེག་མེད་གཞག་པ་ཡོད་མིན་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །མངོན་ཤེས་དག་ལ་རྣམ་འཕྲུལ་ཞིང་། །ཞིང་རྣམས་བྱེ་བར་འགྲོ་བྱེད་ལ། །སངས་རྒྱས་བྱེ་བ་མང་མཆོད་པ། །དེ་ནི་ཐབས་ཀྱི་མཚན་ཉིད་ཡིན། །ཕུང་པོ་སྒྱུ་མ་འདྲར་ཤེས་ཤིང་། །ཉོན་མོངས་དངོས་མེད་ཤེས་བྱེད་ནས། །དེ་དག་བདུད་ཀུན་ཞི་གྱུར་པ། །དེ་ནི་ཤེས་རབ་ཕ་རོལ་ཕྱིན། །བདུད་རྣམས་ཐམས་ཅད་སྟོན་བྱེད་ཅིང་། །


DKG059_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས་རྒྱལ་བར་བྱེད་གྱུར་ལ། །དེ་ལས་སེམས་ཅན་ཐར་བྱེད་པ། །དེ་ནི་ཐབས་ཀྱི་སྒོ་ཡིན་ནོ། །སྟོང་ཉིད་མཚན་མ་མེད་པ་དང་། །སྨོན་པར་བྱེད་པ་ཡོད་མིན་པའི། །རྣམ་ཐར་སྒོ་ལ་སྟོན་བྱེད་པ། །དེ་ནི་ཤེས་རབ་མཚན་ཉིད་ཡིན། །ཆགས་མེད་སྡང་བ་ཡོད་མིན་ཞིང་། །རྨོངས་མེད་ཤེས་པའི་སྤྱོད་ཡུལ་དང་། །བླང་མེད་དོར་བ་ཡོད་མིན་པ། །དེ་ནི་ཤེས་རབ་མཚན་ཉིད་ཡིན། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །སྟོང་ཉིད་རབ་ཏུ་སྟེན་གྱུར་ལ། །ཀུན་གྱི་ཕ་རོལ་སོན་གྱུར་པ། །མཉམ་ཉིད་འགོག་པའི་མཚན་ཉིད་ཡིན། །ཟག་མེད་བརྟུལ་བ་མ་ཡིན་པ། །དེ་དག་ཤེས་རབ་ལྡན་འགྱུར་ཞིང་། །འཁོར་བའི་སྤྱོད་ཡུལ་དེ་དག་ནི། །སེམས་ཅན་ཀུན་གྱི་གྲོགས་སུ་འགྱུར། །བསོད་ནམས་ཚོགས་ཀྱིས་མི་ངོམས་པའི། །མཁས་པ་ཐབས་ལ་མཁས་པ་ཡིན། །ཤེས་རབ་ཐབས་ལ་མཁས་པ་ཡི། །ཡན་ལག་གཉིས་ལྡན་ལམ་དེ་ནི། །ཤེས་ལྡན་བྱང་ཆུབ་སེམས་དཔའ་སྟེ། །དེས་ནི་འདྲེན་རྣམས་ངེས་པར་འབྱུང་། །ཐབས་དང་མི་ལྡན་ཤེས་རབ་ཀྱིས། །མ་བྱུང་འབྱུང་བར་འགྱུར་བ་མེད། །ཤེས་རབ་མེད་པའི་ཐབས་ཀྱིས་ནི། །མཁས་པ་རབ་ཏུ་ཞི་མི་འགྱུར། །ཤེས་རབ་དང་ནི་ཐབས་ཤེས་པ། །དེ་གཉིས་ཀུན་ཏུ་འདྲེས་གྱུར་ཅིང་། །གཉིས་ཀ་ཟུང་དུ་འཇུག་འགྱུར་ན། །དེས་ནི་དམ་པ་རྟོགས་པར་འགྱུར། །གང་དག་བགྲོད་པ་འདིར་འགྲོ་བ། །སངས་རྒྱས་ཀུན་གྱིས་རབ་བསྔགས་ཤིང་། །ཡེ་ཤེས་ཕ་རོལ་ཕྱིན་འགྱུར་ཏེ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །དེ་དག་སངས་རྒྱས་སྤྱོད་ཡུལ་གྱི། །ཆོས་དབྱིངས་དབྱེར་མེད་དགའ་བྱེད་ཅིང་། །སངས་རྒྱས་བྱང་ཆུབ་བླ་མེད་པའི། །རྡུལ་མེད་བྱང་ཆུབ་རྟོགས་པར་འགྱུར། །ལྷའི་བུ་རབ་རྩལ་སེམས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གཞན་ཡང་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ་བྱང་ཆུབ་ཀྱི་ཡུལ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་ཡུལ་ནི་རང་གི་ཡུལ་དབེན་པ་ཉིད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ནི་ནམ་མཁའི་མཚན་ཉིད་


DKG059_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་མཐའ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་མཐའ་ནི་སྟོང་པ་ཉིད་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་གནས་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་གནས་ནི་ཆོས་ཐམས་ཅད་ཀྱི་གནས་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་སྒོ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་སྒོ་ནི་ཀུན་ནས་སྒོ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་རྩོམ་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་རྩོམ་པ་ནི་སེམས་ཅན་ཐམས་ཅད་བདག་མེད་པའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཅི་དང་མཉམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ནི་ཆོས་ཐམས་ཅད་མི་སྐྱེ་བ་དང་མཉམ་མོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ཀྱི་བགྲོད་པ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ཀྱི་བགྲོད་པ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པ་ཡིན་ནོ། །བྱང་ཆུབ་ཀྱི་བགྲོད་པ་ནི་འགྲོ་བ་མེད་པར་འགྲོ་བ་དང་། རྒྱུ་བ་མེད་པར་འགྲོ་བ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་གང་གི་རྒྱུ་འཐུན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ནི་སྙིང་རྗེ་ཆེན་པོའི་རྒྱུ་འཐུན་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྙིང་རྗེ་ཆེན་པོ་གང་གི་རྒྱུ་འཐུན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྙིང་རྗེ་ཆེན་པོ་ནི་སེམས་ཅན་ཐམས་ཅད་རབ་ཏུ་ཐར་བར་བྱ་བའི་རྒྱུ་འཐུན་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་ག་ལས་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་ནི་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་རྗེས་སུ་རྟོགས་པ་ལས་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉོན་མོངས་པ་རྣམས་ག་ལས་བཙལ་བར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཉོན་མོངས་པ་རྣམས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་བཙལ་བར་བྱའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་འཕགས་པའི་ལམ་ཉོན་མོངས་པ་རྣམས་དང་ལྷན་ཅིག་གནས་


DKG059_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གལ་ཏེ་འཕགས་པའི་ལམ་གཉིས་སུ་གྱུར་པ་ཞིག་ཡིན་ན་ནི། འཕགས་པའི་ལམ་ཉོན་མོངས་པ་རྣམས་དང་ལྷན་ཅིག་གནས་པར་ཡང་འགྱུར་བ་ཞིག་ན། ལྷའི་བུ་འཕགས་པའི་ལམ་ནི་གཉིས་སུ་གྱུར་པ་མེད་པ་སྟེ། ཉོན་མོངས་པ་ཚོལ་བ་གང་ཡིན་པ་དེ་ཉིད་འཕགས་པའི་ལམ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་ལམ་གྱིས་ལམ་གྱི་བྱ་བ་བྱས་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བཙལ་ན་ཉོན་མོངས་པ་རྣམས་མི་རྙེད་ཅིང་འཁོར་བ་ཡང་མི་རྙེད། མྱ་ངན་ལས་འདས་པ་ཡང་མི་རྙེད་པ་དེ་ལྟར་ན་ལམ་གྱིས་ལམ་གྱི་བྱ་བ་བྱས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་བྱང་ཆུབ་སེམས་དཔའི་ལམ་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའི་ལམ་ནི་ལྟ་བའི་རྣམ་པ་དྲུག་ཅུ་རྩ་གཉིས་དང་། ཕྱིན་ཅི་ལོག་བཞི་དང་། སྒྲིབ་པ་ལྔ་དང་། མི་དགེ་བའི་ཕྱོགས་ཀྱི་ཆོས་ཐམས་ཅད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ལས་བསམས་ཏེ་དེ་སྐད་སྨྲ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་སྦྱོར་བ་ཡིན་པས་སེམས་ཅན་རྣམས་ཀྱང་ལྟ་བའི་རྣམ་པ་དང་། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། མི་དགེ་བའི་ཆོས་རྣམས་མ་གཏོགས་པ་གཞན་ལས་བཙལ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་གང་གིས་སེམས་ཅན་རྣམས་རབ་ཏུ་ཕྱེ་བའི་ལྟ་བའི་རྣམ་པ་དང་། ཕྱིན་ཅི་ལོག་དང་། སྒྲིབ་པ་དང་། ཉོན་མོངས་པ་དེ་དག་ཉིད་ཚོལ་བར་བྱེད་དེ། དེ་ཚོལ་བར་བྱེད་ན་སེམས་ཅན་ཡང་མི་རྙེད། ཉོན་མོངས་པ་རྣམས་ཀྱང་མི་རྙེད་དོ། །མ་རྙེད་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སྐྱོ་བར་མི་འགྱུར་བ་སྟེ། ལྷའི་བུ་རྣམ་གྲངས་དེས་ན་ཉོན་མོངས་པ་ཚོལ་བ་ནི་བྱང་ཆུབ་སེམས་དཔའི་ལམ་ཡིན་ལ། སེམས་ཅན་ཚོལ་བ་ཡང་བྱང་ཆུབ་སེམས་དཔའི་ལམ་ཡིན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། ཉོན་མོངས་པ་ཚོལ་བ་ཡང་བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་རྣམ་པར་ཐར་


DKG059_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་གསུམ་པོ་དག་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་ནམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྟོང་པ་ཉིད་ནི་བཙལ་བར་མི་ནུས་ལ། མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་བཙལ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་དེ་ལ་ནི་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འཇུག་པར་མི་འགྱུར་ལ་གང་ལ་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་འཇུག་པར་མི་འགྱུར་བ་དེ་ནི་བཙལ་བར་མི་ནུས་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ལམ་ཇི་ལྟར་མངོན་པར་རྟོགས་པར་བྱ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡང་དག་པའི་ལྟ་བ་གང་དང་མཉམ་པ་ལོག་པའི་ལྟ་བ་ཡང་དེ་དང་མཉམ་པ་དེ་ལྟར་མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་ལམ་མངོན་པར་རྟོགས་པ་ཡིན་ནོ། །ཡང་དག་པའི་རྟོག་པ་གང་དང་མཉམ་པ་ལོག་པའི་རྟོག་པ་ཡང་དེ་དང་མཉམ་པ་དང་། ཡང་དག་པའི་ངག་གང་དང་མཉམ་པ་ལོག་པའི་ངག་ཀྱང་དེ་དང་མཉམ་པ་དང་། ཡང་དག་པའི་ལས་ཀྱི་མཐའ་གང་དང་མཉམ་པ་ལོག་པའི་ལས་ཀྱི་མཐའ་ཡང་དེ་དང་མཉམ་པ་དང་། ཡང་དག་པའི་འཚོ་བ་གང་དང་མཉམ་པ་ལོག་པའི་འཚོ་བ་ཡང་དེ་དང་མཉམ་པ་དང་། ཡང་དག་པའི་རྩོལ་བ་གང་དང་མཉམ་པ་ལོག་པའི་རྩོལ་བ་ཡང་དེ་དང་མཉམ་པ་དང་། ཡང་དག་པའི་དྲན་པ་གང་དང་མཉམ་པ་ལོག་པའི་དྲན་པ་ཡང་དེ་དང་མཉམ་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གང་དང་མཉམ་པ་ལོག་པའི་ཏིང་ངེ་འཛིན་ཀྱང་དེ་དང་མཉམ་པ་དེ་ལྟར་མངོན་པར་རྟོགས་པ་གང་ཡིན་པ་དེ་ནི་ལམ་མངོན་པར་རྟོགས་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཡང་དག་པའི་ལྟ་བ་གང་དང་མཉམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡང་དག་པའི་ལྟ་བ་དང་ལོག་པའི་ལྟ་བ་ནི་སྟོང་པ་ཉིད་དང་། དབེན་པ་ཉིད་དང་མཉམ་པ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སྟོང་པ་ཉིད་དང་དབེན་པ་ཉིད་ལ་ཐ་དད་དུ་བྱ་བ་ཅི་ཡོད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ནམ་མཁའ་དང་ནམ་མཁའ་ལ་ཐ་དད་དུ་བྱ་བ་ཅི་ཡོད། ལྷའི་བུས་སྨྲས་པ། འཇམ་དཔལ་ཐ་དད་དུ་བྱ་བ་ཆུང་ཟད་ཀྱང་མེད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དེ་བཞིན་དུ་སྟོང་པ་ཉིད་


DKG059_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབེན་པ་ཉིད་ལ་ཡང་ཐ་དད་དུ་བྱ་བ་ཆུང་ཟད་ཀྱང་མེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཐ་དད་དུ་བྱ་བ་གང་ལས་རབ་ཏུ་ཕྱེ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཐ་དད་དུ་བྱ་བ་ནི་མཚན་མ་དང་། དམིགས་པ་དང་། འདུ་ཤེས་དང་། སྤྲོས་པ་ལས་རབ་ཏུ་ཕྱེ་བ་ཡིན་ཏེ། མཚན་མ་དང་། དམིགས་པ་དང་། འདུ་ཤེས་དང་། སྤྲོས་པ་གང་ཡིན་པ་དེའི་ངོ་བོ་ཉིད་ཀྱི་མཚན་ཉིད་རྗེས་སུ་རྟོགས་པ་གང་ཡིན་པ་དེ་ལ་ནི་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་མ་ཞུགས་པའི་ཆུ་ལ་ནི་ཐ་དད་དུ་བྱ་བ་ཡོད་ཀྱི་རྒྱ་མཚོ་ཆེན་པོར་ཞུགས་པའི་ཆུ་ལ་ནི་ཐ་དད་དུ་བྱ་བ་མེད་པ་དེ་བཞིན་དུ། ལྷའི་བུ་ཆོས་ཀྱི་དབྱིངས་ཡོངས་སུ་མ་ཤེས་པ་ལ་ནི་ཆོས་ཐམས་ཅད་ཐ་དད་དུ་བྱ་བ་ཡོད་ཀྱི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པ་ལ་ནི་ཆོས་ཐ་དད་དུ་བྱ་བ་མེད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅི་ཆོས་ཀྱི་དབྱིངས་ཡོངས་སུ་ཤེས་པར་ནུས་སམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཆོས་ཀྱི་དབྱིངས་ནི་ཡོངས་སུ་ཤེས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ཆོས་ཐམས་ཅད་ནི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཡིན་ལ། ཆོས་ཀྱི་དབྱིངས་ཀྱིས་ནི་ཆོས་ཀྱི་དབྱིངས་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་ཆོས་དེ་དག་ལ་གཉིས་སུ་མེད་པར་ཤེས་པ་དེ་དག་གང་ཡིན་པ་དེ་ནི་ཡོངས་སུ་ཤེས་པ་ཞེས་བྱ་སྟེ། སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་ཉེ་བར་ཞི་བར་བྱེད་པའི་ཕྱིར་དེ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །གཞན་གྱི་རྣམ་པར་རིག་པ་ལ་གནས་པའི་ཕྱིར་དེ་ནི་ཡོངས་སུ་ཤེས་པ་ཞེས་བྱའོ། །ལྷའི་བུ་འདི་ལྟ་སྟེ་དཔེར་ན་ནམ་མཁའ་གཟུགས་མེད་པའི་སྣང་བ་ལ་གཟུགས་ཐམས་ཅད་སྣང་ཡང་གཟུགས་དེ་དག་ནི་ནམ་མཁའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ། ལྷའི་བུ་བྱང་ཆུབ་སེམས་དཔས་རང་གིས་སྨྲས་པའི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་ཆོས་ཐམས་ཅད་མཐོང་ཡང་ཆོས་དེ་དག་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཁོ་ན་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མགོ་སྨོས་པས་གོ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་


DKG059_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མགོ་སྨོས་པས་གོ་བའི་རང་གི་ལྟ་བས་སེམས་ཅན་ཐམས་ཅད་ཀྱི་ལྟ་བ་སྤང་བའི་ཕྱིར་ཆོས་སྟོན་པ་བྱེད་ནའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་རྣམ་པར་སྤྲོས་པས་གོ་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་དབེན་པའི་ཕྱིར་བདག་ཀྱང་གཞན་དུ་མི་བྱེད་ལ། བདག་མེད་པ་ཡང་གཞན་དུ་མི་བྱེད་ནའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མི་བཀྲི་བ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཆོས་འགའ་ཡང་ཁྲིད་པར་མི་བྱེད་ནའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་གནས་ལྷུར་ལེན་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་མཚན་མ་མེད་པའི་གནས་ལས་གཡོ་བར་མི་བྱེད་ནའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་གིས་བྱང་ཆུབ་སེམས་དཔའ་ཚོགས་གསུམ་པོ་ངེས་པ་ཉིད་དང་། མ་ངེས་པ་ཉིད་དང་། ལོག་པ་ཉིད་དུ་ངེས་པའི་ཚོགས་དག་ལ་སྣང་བར་འགྱུར་བའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཇི་ལྟ་བུ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་བྱང་ཆུབ་སེམས་དཔའ་ངེས་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལའོ། །མ་ངེས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལའོ། །ལོག་པ་ཉིད་དུ་ངེས་པ་ནི་དེ་ལས་སེམས་ཅན་བསྒྲལ་བ་བྱ་བ་ལའོ། །ལྷའི་བུས་སྨྲས་པ། འཇམ་དཔལ་གང་གིས་བྱང་ཆུབ་སེམས་དཔའ་མི་ཁོམ་པ་ཐོབ་ཅིང་ཁོམ་པ་མ་ཐོབ་པའི་རྣམ་གྲངས་ཡོད་དམ། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཡོད་དོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འོ་ན་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་མི་ཁོམ་པ་ཐོབ་པ་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེད་པར་བྱེད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཁོམ་པ་ཐོབ་པ་དེ་དག་ཀྱང་ཡལ་བར་འཇོག་པར་བྱེད། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་རྣམ་པར་གྲོལ་བའི་ཚོགས་དེ་དག་ནི་ཁོམ་པ་ཐོབ་པ་ཡིན་པས་དེ་ལ་ནི་བྱང་ཆུབ་སེམས་དཔར་མི་སྣང་ངོ་། །ལྷའི་བུས་སྨྲས་པ། འཇམ་དཔལ་


DKG059_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མི་ཁོམ་པ་ཐོབ་པ་ཡིན་ནམ། འོན་ཏེ་ཁོམ་པ་ཐོབ་པ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ཁོམ་པ་ཐོབ་པ་ཡང་མ་ཡིན། མི་ཁོམ་པ་ཐོབ་པ་ཡང་མ་ཡིན་ནོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཅིའི་ཕྱིར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ཁོ་བོ་ནི་ཐོབ་ཡང་མ་ཡིན། ཡང་དག་པར་ཐོབ་པ་ཡང་མ་ཡིན། ཁོམ་པ་ཡང་མ་ཡིན། མི་ཁོམ་པ་ཡང་མ་ཡིན་ལ། ཁོམ་པ་དང་མི་ཁོམ་པ་ལ་ཆགས་པར་ཡང་མི་བྱེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཀྱི་རྣམ་གྲངས་འདིས་ནི་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་ཚར་གཅོད་དོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་ལ་ནི་ཕུང་པོ་ཡོངས་སུ་ཤེས་པ་ཡང་མེད། ཉོན་མོངས་པ་སེལ་བ་ཡང་མེད། བདུད་ལས་ཡང་དག་པར་འདས་པ་ཡང་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཉེ་བར་སྦྱར་བས་གཞན་མུ་སྟེགས་ཅན་རྣམས་ཕམ་པར་བྱས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་ལྟར་འདི་ལ་མུ་སྟེགས་ཅན་ཐམས་ཅད་ཀྱི་སྤྱོད་པ་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་ཀྱི་ཏོག་བཙུགས་སོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་སྣང་བ་མེད་པ་དང་མུན་པ་མེད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་འདིས་ནི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཏོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་ལྟ་བའི་མཐའ་ཐམས་ཅད་ཡོངས་སུ་གཅད་པའི་ཕྱིར་རོ། །ལྷའི་བུས་སྨྲས་པ། འཇམ་དཔལ་ཆོས་བསྟན་པ་འདིས་ཆོས་ཀྱི་སྣང་བ་ཇི་སྙེད་ཅིག་བྱས། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་ལ་སྣང་བ་ཡང་མེད་ལ་མུན་པ་ཡང་མེད་པ་དེ་དག་ཆོས་ཀྱི་སྣང་བར་བྱས་སོ། །ལྷའི་བུས་སྨྲས་པ། འཇམ་དཔལ་སེམས་ཅན་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པར་འགྱུར་བ་དེ་དག་ནི་དཀོན་ནོ། །འཇམ་དཔལ་གྱིས་སྨྲས་པ། ལྷའི་བུས་སྨྲས་པ། འཇམ་དཔལ་འདི་ལ་སུ་དག་མོས་པར་འགྱུར། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་འཆིང་བས་རྣམ་པར་འཁྲུག་པར་མི་འགྱུར་བ་རྣམས་སོ། །ལྷའི་


DKG059_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བུས་སྨྲས་པ། འཇམ་དཔལ་འཆིང་བས་རྣམ་པར་འཁྲུག་པར་མི་འགྱུར་བ་དག་གང་ཡིན། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་བསལ་བའི་སྒོ་ནས་ཐར་བ་ཚོལ་བར་མི་བྱེད་པ་དང་། གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་མཉམ་པ་ཉིད་ཀྱི་རྣམ་པར་གྲོལ་བ་མཉམ་པར་འགྱུར་བ་དག་སྟེ། དེ་དག་གིས་ནི་འཆིང་བ་མ་དམིགས་པས་རྣམ་པར་འཁྲུག་པ་ཡང་མི་འགྱུར་བའི་ཕྱིར་རོ། །འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་བཤད་པ་ན་སྲོག་ཆགས་ལྔ་འབུམ་ཙམ་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བདག་ཅག་གིས་ཀྱང་ཅི་ལྟར་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་འདི་དག་བརྙེས་པ་དེ་བཞིན་དུ་ཐོབ་པར་གྱུར་ཅིག་ཅེས་ཀྱང་སྨྲས་སོ། །ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་འབུམ་ལྷག་ཙམ་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །གནས་གཙང་མའི་རིས་ཀྱི་ལྷའི་བུ་དྲུག་ཁྲི་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །འདོད་པ་ན་སྤྱོད་པའི་ལྷའི་བུ་བརྒྱད་ཁྲི་ཡང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །སྲོག་ཆགས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཉི་ཁྲི་ཡང་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་སྔོན་དགེ་བའི་རྩ་བ་བསྐྱེད་པ་བདུན་ཁྲི་ཉིས་སྟོང་གིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱང་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ། །ཨེ་མའོ་ཀུན་ནས་ཡོངས་གྲོལ་བའི། །དམིགས་མེད་ཆོས་ནི་ལེགས་པར་བཤད། །འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། །ཤིན་དུ་ལེགས་པར་བཤད་པར་བྱས། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང་།


DKG059_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་གིས་ལྷ་དང་མིའི་མཆོད་པ་དག་བྱས་ཏེ། སྟེང་གི་བར་སྣང་ལས་ཀྱང་ལྷའི་མེ་ཏོག་གི་ཆར་དག་ཀྱང་ཕབ། རིན་པོ་ཆེའི་ཆར་དག་ཀྱང་ཕབ། གོས་ཀྱི་ཆར་དག་ཀྱང་ཕབ། བདུག་སྤོས་ཀྱི་ཆར་དག་དང་། སྤོས་ཆུའི་ཆར་དག་དང་། ཕྱེ་མའི་ཆར་དག་ཀྱང་ཕབ་བོ། །ལྷ་རྣམས་ཀྱིས་སྟེང་གི་བར་སྣང་ལས་ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་རབ་ཏུ་གསིལ་བར་གྱུར་ཏོ། །དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་རང་རང་གི་འབྱོར་པ་ཅི་བདོག་པ་དག་གིས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་སོ། །ཐམས་ཅད་དང་ལྡན་པའི་འཁོར་རྣམས་ཀྱིས་ཀྱང་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པར་མི་བགྱིད་པ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་མ་མཆིས་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་བགྱིད་པ་དེ་དག་ལ་ནི་རབ་ཏུ་འབྱུང་བ་མ་མཆིས་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་བསྒྲུབས་ཏེ་གནས་པར་མི་བགྱིད་པ་དེ་དག་ལ་ནི་བསྙེན་པར་རྫོགས་པར་མ་མཆིས་ལགས་སོ། །དེ་དག་ལ་ནི་འཕགས་པའི་བསྙེན་པ་རྫོགས་པས་བསྙེན་པར་རྫོགས་པ་ཡང་མ་མཆིས་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་བགྲོད་པར་མི་མཆི་བ་དེ་དག་ལ་ནི་དགེ་སྦྱོང་གི་ཚུལ་མ་མཆིས་ལགས་སོ། །དེ་དག་ལ་ནི་བྲམ་ཟེའི་ཚུལ་ཡང་མ་མཆིས་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་སྐྲག་པར་འགྱུར་བ་དེ་དག་ལ་ནི་ཐོབ་པ་ཡང་མ་མཆིས། མངོན་པར་རྟོགས་པ་ཡང་མ་མཆིས་ལགས་སོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པར་བགྱིད་པ་དང་། ཐོས་ནས་ཀྱང་མོས་པར་བགྱིད་པ་དང་། ལེན་པར་བགྱིད་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འཛིན་པར་བགྱིད་པ་དང་། ཀློག་པར་བགྱིད་པ་དང་། ཡི་གེར་འདྲི་བར་བགྱིད་པ་དང་། སྣོད་འཚལ་བར་བགྱིད་ནས་གཞན་དག་ལ་ཡང་སྟོན་པར་བགྱིད་པ་དང་། སྐྱོ་བ་མ་


DKG059_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་པའི་ཡིད་ཀྱིས་འདོམས་པར་བགྱིད་པ་དང་། རྗེས་སུ་སྟོན་པར་བགྱིད་པ་དང་། འདི་ལ་ནན་ཏན་གྱིས་སྒྲུབ་པར་བགྱིད་པ་དང་། གཞན་དག་ཀྱང་ནན་ཏན་གྱིས་སྒྲུབ་ཏུ་སྩོལ་བ་དང་། ཉམས་པར་མི་བགྱིད་པ་དེ་དག་ནི་སེམས་ཅན་དམ་པ་དང་། སེམས་ཅན་ཆེན་པོ་དང་། དགེ་བའི་རྩ་བ་བསྲུངས་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་བགྱིས་པ་དང་། གཏིང་རྙེད་པ་དང་། ལོག་པར་ལྟུང་བའི་རྒྱུན་བཀུམ་པ་དང་། ངན་སོང་དང་ངན་འགྲོའི་སྒོ་བཀུམ་པ་དང་། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་ཤིན་ཏུ་གུས་པ་དང་། དགེ་བའི་བཤེས་གཉེན་རྣམས་ལ་བགྱིས་པ་གཟོ་ཞིང་བགྱིས་པ་ཚོར་བ་ལགས་ཤིང་། དེ་དག་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་སླད་དུ་ཞུགས་པ་ལགས་ཏེ། སྐྱེས་བུ་དམ་པ་དེ་དག་ལ་ནི་སངས་རྒྱས་འབྱུང་བ་ཡང་མཆིས་ལགས་སོ། །དེ་དག་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་མཆིས་ལགས་སོ། །དེ་དག་ལ་ནི་འབྲས་བུ་མཆིས་པ་དང་། ཁོམ་པ་དང་ལྡན་པ་ལགས་སོ་ཞེས་ཀྱང་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་བཀའ་སྩལ་པ། བྱམས་པ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་ཉི་ཁྲི་ཉིས་སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་གོ །ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་སྲོག་ཆགས་འབུམ་ཕྲག་བརྒྱད་ནི་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ས་ཡ་ཕྲག་གཉིས་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འདི་ན་གནས་པ་དང་། འཇིག་རྟེན་གྱི་ཁམས་གཞན་དག་ནས་


DKG059_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པའི་བྱང་ཆུབ་སེམས་དཔའ་ལྔ་འབུམ་གྱིས་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་བསམ་པ་ཐ་དད་པ་ཉིས་སྟོང་ཙམ་གྱིས་ནི་གཟུངས་སྣ་ཚོགས་སོ་སོར་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་འབུམ་གྱིས་ནི་གཟུངས་དྲི་མ་མེད་པ་སོ་སོར་ཐོབ་པར་གྱུར་ཏོ། །དེ་དག་ལས་བྱང་ཆུབ་སེམས་དཔའ་མང་པོ་དག་བྱང་ཆུབ་སེམས་དཔའ་བྱམས་པ་ཁྱོད་ཀྱིས་བྱང་ཆུབ་ཐོབ་པའི་དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་ཞིང་མདོ་སྡེ་ཟབ་མོ་འདི་ལྟ་བུ་དག་ནོད་པ་དང་། སྟོན་པ་དང་། འཛིན་པ་དང་། ཀློག་པར་ཡང་འགྱུར་ཏེ། དེ་དག་ནི་བྱམས་པ་ཁྱོད་ཉིད་ཀྱིས་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་མདོ་སྡེ་འདི་འཛིན་པ་དང་། ཀློག་པ་དང་། སྟོན་པ་དང་། ཡི་གེར་འདྲི་བ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་གླེགས་བམ་དུ་བགྱིས་ཏེ་འཆང་བ་དང་། ཐ་ན་ལན་འགའ་ཞིག་ཉན་པར་བགྱིད་པ་དང་། རྣ་ལམ་དུ་གྲགས་པར་བགྱིད་པ་དེ་དག་བསོད་ནམས་ཇི་ཙམ་སྐྱེད་པར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱམས་པ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །བྱམས་པ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །བྱམས་པ་ནན་གྱིས་དཔེར་ན་ལྷ་དང་མི་རྣམས་ཀྱི་སྐྱེ་དགུ་ལས་ལྷའམ་མི་གང་ཞིག་གིས་སངས་རྒྱས་བཅོམ་ལྡན་འདས་འཁོར་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་བཅས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱས་པར་གྱུར་པ་དེ་བས་ནི་གང་གིས་མདོ་སྡེ་ལེགས་པར་གསུངས་པ་འདི་ཡི་གེར་བྲིས་ཏེ་འཛིན་པ་དང་། ཀློག་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དང་། གཞན་དག་ལ་


DKG059_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པར་བྱེད་པ་དེ་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་ཏེ། བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་རིང་པོར་མི་ཐོགས་པར་བྱང་ཆུབ་ཀྱི་སྙིང་པོར་ཉེ་བར་འགྲོ་བར་ཡང་འགྱུར་རོ། །བྱམས་པ་ང་ནི་གང་དག་གིས་མདོ་སྡེ་འདི་ཐོས་ནས་སྤོང་བར་མི་བྱེད་ཅིང་མོས་པར་བྱེད་པ་དང་། ཐ་ན་གླེགས་བམ་དུ་འདྲི་བར་བྱེད་པ་དེ་དག་ཀྱང་མོས་པ་ཇི་ལྟ་བ་བཞིན་དུ་ཕྱིར་མི་ལྡོག་པ་ཉིད་དུ་ལུང་སྟོན་ཏོ། །བྱམས་པ་ང་ནི་གང་དག་གིས་མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་ནི་མིང་ཙམ་ཐོས་པ་དེ་དག་ཀྱང་། འབྲས་བུ་ཡོད་པར་ལུང་སྟོན་པར་བྱེད་ན་གང་དག་མོས་པ་དང་། ཡི་གེར་འདྲི་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་སྟོན་པར་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས། གང་དག་མདོ་སྡེ་འདི་ཡི་གེར་འདྲི་བ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་པ་དང་། ཀློག་པ་དང་། དེ་བཞིན་ཉིད་དུ་སྒྲུབ་པར་བྱེད་པ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་ཏུ་གཏམ་འདྲེ་བར་བྱེད་པ་དང་། ཕེབས་པར་སྨྲ་བར་བྱེད་པར་འགྱུར་ཏེ། དེ་དག་ནི་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་ཞིང་འཇིག་རྟེན་གྱི་ཁམས་གཞན་དག་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་དེ་དག་ལ་སྟོན་པར་མཛད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དེ་ནི་སངས་རྒྱས་འབྱུང་བ་དང་འདྲ་བ་ཡིན་གྱིས་ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །གཞན་དག་ལ་ཡང་རྒྱ་ཆེར་སྟོན་ཅིག །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ཞེས་བགྱི། འདི་ཇི་ལྟར་གཟུང་བར་བགྱི། འདིའི་མིང་ཇི་སྐད་བསྟན་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་དང་། འཇམ་དཔལ་གྱིས་བསྟན་པ་ཆོས་ཐམས་ཅད་རྣམ་པར་གཏན་


DKG059_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབབ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག །དེ་ནས་འཁོར་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཐོས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་བསྟན་པ་མང་དུ་ཐོས་ལགས་ན་ཇི་ལྟར་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་རྣམ་པར་ཕྱེ་སྟེ་རྒྱ་ཆེར་བསྟན་པ་དེ་ལྟ་བུའི་ཆོས་ནི་ནམ་ཡང་མ་བྱུང་ལགས་སོ། །བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་ལ་དགའ་བ་འདི་ལྟ་བུ་ཐོབ་པ་སྔོན་མ་མྱོང་ལགས་ཏེ། དེ་ལྟ་ལགས་པས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། མ་འོངས་པའི་སྐྱེ་བོ་རྣམས་ཀྱི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ཅི་ནས་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་བ་དང་། སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་པ་ཇི་ལྟ་བ་བཞིན་དུ་ཐེག་པ་ཐ་དད་པས་ངེས་པར་འབྱུང་བར་འགྱུར་བ་དང་། དེ་དག་བདེ་འགྲོར་མཆི་བར་བགྱི་བར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལེགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་བཞི་པོ་དེ་དག་གིས་གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་ཕྱོགས་བཅུར་རྣམ་པར་གཟིགས་སོ། །བཅོམ་ལྡན་འདས་ཕྱོགས་བཅུར་རྣམ་པར་གཟིགས་མ་ཐག་ཏུ་དེ་ནས་དེའི་མོད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ས་གཞི་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཅིང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། སྤྲོ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་ཅི་ནས་ཀྱང་ཕྱི་མའི་དུས་ན་ཆོས་ཀྱི་རྣམ་གྲངས་འདི་ནུབ་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དགའ་བ་རྣམས་དང་། ཉན་ཐོས་ཀྱི་དགེ་འདུན་ལ་ལྷའི་མཆོད་པ་དག་བྱས་ཤིང་། སྟེང་གི་བར་སྣང་ལས་མེ་ཏོག་གི་ཆར་དག་ཀྱང་རབ་ཏུ་


DKG059_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཕབ། ལྷའི་སིལ་སྙན་དང་། གླུ་དབྱངས་དག་ཀྱང་རབ་ཏུ་གསིལ་ཅིང་བླངས་སོ། །དེ་ནས་དེ་བཞིན་གཤེགས་པས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་འདི་སྐད་ཅེས་ང་དང་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་ཀྱི་རྣམ་གྲངས་འདི་བྱིན་གྱིས་བརླབས་སོ་ཞེས་གོ་བར་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དགའ་བ་དང་། མགུ་བ་དང་། ཡི་རངས་པ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་མཆོད་པ་བྱས་ཏེ་རང་རང་གི་གནས་སུ་དོང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་བྱམས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ལྷའི་བུ་རབ་རྩལ་སེམས་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཤྲཱི་བ་སུ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་སྨྲ་བ་རི་དགས་ཀྱི་ནགས་ན་བྱང་ཆུབ་སེམས་དཔའི་དགེ་འདུན་དང་། ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་ཅེས་བྱ་བ། བཱ་རཱ་ཎ་སཱིའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་


DKG059_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་འདས་ཤིང་གཤེགས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་འདས་ཤིང་གཤེགས་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་སྐྱེ་ཞིང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་ཅིག་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད་གྲངས་མེད་པ་སྐྱེ་ཞིང་འབྱུང་བར་འགྱུར་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ། །ཚོང་དཔོན་གྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔག་ཏུ་མེད། གྲངས་མེད་པ་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། དཔེར་ན་གང་གཱའི་ཀླུང་གི་བྱེ་མ་སྙེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་མི་བརྒྱའམ། མི་སྟོང་ངམ། མི་འབུམ་གྱིས་སྔོན་འབད་དེ་བཙལ་བས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ན། བཅོམ་ལྡན་འདས་བདག་གིས་ཀྱང་འབད་དེ་བཙལ་ན་ཅིའི་སླད་དུ། དེ་མི་ཐོབ། མི་རྟོགས་ཀྱིས་དེའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བགྱི་བ་དང་། ཇི་ལྟར་གནས་པར་བགྱི་བ་དང་། ཇི་ལྟར་བསྒྲུབ་པར་བགྱི་བ་བཅོམ་ལྡན་འདས་ཀྱིས་བདག་ལ་དེ་ལྟར་ལེགས་པར་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚོང་དཔོན་གྱི་བུ་དཔལ་དབྱིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚོང་དཔོན་གྱི་བུ་ལེགས་སོ་


DKG059_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །ཁྱོད་ཀྱིས་རྟོག་པ་མཛེས་སོ། །སྤོབས་པ་དགེའོ། །ཚོང་དཔོན་གྱི་བུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཇི་ལྟར་བྱ་བ་དང་། ཇི་ལྟར་གནས་པར་བྱ་བ་དང་། ཇི་ལྟར་བསྒྲུབ་པར་བྱ་བ་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ་ཚོང་དཔོན་གྱི་བུ་དཔལ་གྱི་དབྱིག་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚོང་དཔོན་གྱི་བུ་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་ཉིན་གཅིག་བཞིན་དུ་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་མཆོད་པ་དང་རིམ་གྲོ་བྱ་བ་མི་གཏང་བར་བྱའོ། །ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཡི་དམ་མི་གཏང་བར་བྱའོ། །ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་མི་སྟོང་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དཀོན་མཆོག་གསུམ་བསྐལ་པ་དུ་མར་གནས་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་བསྐལ་པ་དུ་མར་ཆོས་བསྟན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་ཅི་ནུས་པ་དང་། ཅི་ལྕོགས་པ་དང་། ཇི་ལྟར་གསོལ་བ་འདེབས་པ་བཞིན་དུ་ཐེག་པ་གསུམ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དགེ་བའི་རྩ་བ་ཐམས་ཅད་མྱུར་ཞིང་རིངས་


DKG059_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡོངས་སུ་རྫོགས་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་གསུམ་ཐོབ་པར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ངན་འགྲོར་སྐྱེས་པ་ཐམས་ཅད་ངན་འགྲོ་ཐམས་ཅད་ནས་གདོན་པར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྤོང་བར་འགྱུར་བར་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འཇིག་པ་ཐམས་ཅད་སྤོང་བར་འགྱུར་བར་གསོལ་བ་གདབ་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་སྤོང་བར་འགྱུར་བ་དུས་གསུམ་དུ་གསོལ་བ་གདབ་པ་མི་གཏང་བར་བྱའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་དུས་གསུམ་དུ་རྗེས་སུ་ཡི་རང་བ་མི་གཏང་བར་བྱའོ། །ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལས་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་རྫོགས་པའི་བྱང་ཆུབ་ཏུ་སྨོན་པ་དང་། བདག་ཉིད་སྡིག་པའི་སྤྱོད་པ་ལ་རྣམ་པར་སྨོད་པ་དང་། སྡིག་པ་སྤྱོད་པ་ལ་བཤུང་བ་དང་། སྡིག་པ་ལས་ངེས་པར་འབྱུང་བ་དང་། དགེ་བ་ཐམས་ཅད་འདོད་པ་དང་། དགེ་བ་ཐམས་ཅད་བླང་བ་དང་། ཚེ་རབས་ཚེ་རབས་སུ་ཡང་དཀོན་མཆོག་གསུམ་ལ་བསྙེན་བཀུར་བྱ་བར་གསོལ་བ་གདབ་པ་དང་། གཅིག་ཏུ་ངེས་པར་རྣམ་པར་དག་པའི་དགེ་བའི་སྤྱད་པ་སྤྱོད་པར་གསོལ་བ་གདབ་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་བར་གསོལ་བ་གདབ་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་འཐོབ་པར་གསོལ་


DKG059_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བ་གདབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ་པ་དང་། བསྐལ་པ་དུ་མར་ཆོས་བསྟན་པར་གསོལ་བ་གདབ་པ་མི་གཏང་བར་བྱའོ། །ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་ཕ་མ་ལ་གནོད་པ་མེད་པ་དང་། བུ་དང་། ཆུང་མ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། ཞོ་ཤས་འཚོ་བ་དང་། མཛའ་བོ་དང་། བློན་པོ་དང་། ཉེ་དུ་དང་། རྒན་རབས་ལ་གནོད་པ་མེད་པར་ཇི་ལྟར་མོས་པ་དང་། ཅི་ནུས་པར་དུས་དུས་སུ་སྦྱིན་པ་སྦྱིན་པར་བྱའོ། །ཚོང་དཔོན་གྱི་བུ་གཞན་ཡང་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ནི་བསླབ་པའི་གཞི་ལྔ་ལ་གནས་ཞིང་འདུག་པ་དང་། བརྟན་པོར་འདུག་པ་དང་། མི་ལྷོད་པར་འདུག་པར་བསླབ་པར་བྱའོ། །གལ་ཏེ་བསླབ་པའི་གཞི་ལྔ་ལ་སློབ་མི་ནུས་ན་ཡང་། དེས་བཞིའམ། གསུམ་མམ། གཉིས་སམ། དེའི་ནང་ནས་བསླབ་པའི་གཞི་གཅིག་ཙམ་ལ་ཡང་བསླབ་པར་བྱའོ། །གལ་ཏེ་བསླབ་པའི་གཞི་གཅིག་ཙམ་ལ་སློབ་ཀྱང་མི་ནུས་ན་དེ་སྡིག་པའི་ལས་མི་དགེ་བ་གང་དང་གང་ཀུན་ཏུ་སྤྱོད་པ་དེ་ལ་ཞེན་པ་མ་ཡིན་པ་དང་། དྲག་པོ་མ་ཡིན་པའི་སེམས་དང་། མི་དགའ་བ་ཞེན་པ་དང་། ལྷོད་པ་དང་། ཡང་བའི་སེམས་དང་། དོན་གྱི་དབང་དང་། དགོས་པའི་དབང་གིས་སྤྱད་པར་བྱ་སྟེ། དེས་མི་དགེ་བ་བཅུའི་ལས་ཁྲོ་བའི་དབང་དུ་གྱུར་པ་དང་། འཁོན་དུ་འཛིན་པའི་དབང་དུ་གྱུར་པ་དང་། དགའ་བ་དང་མཆོག་ཏུ་དགའ་བའི་དབང་དུ་གྱུར་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཀུན་ཏུ་སྤྱད་པར་འདོད་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུང་བར་བྱའོ། །སྤྱོད་ཅིང་འདུག་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུང་བར་བྱའོ། །སྤྱད་ཟིན་པ་ན་ཡང་རྣམ་པར་སྨད་པར་བྱ། རྣམ་པར་བཤུང་བར་བྱ། སོ་སོར་བཤགས་པར་བྱ། ངེས་པར་འབྱུང་བར་བྱའོ། །ལེགས་པ་དགེ་བ་ཅི་ཡང་རུང་བ་ཞིག །ཀུན་ཏུ་སྤྱོད་པ་ན་ཡང་དེས་ནི་དེ་ལ་སེམས་ཞེན་པ་དང་། དྲག་པོའི་སེམས་དང་། ཚིམ་པ་དང་། མགུ་བ་དང་། ལྷོད་པ་མ་ཡིན་པ་དང་། ཡང་བ་མ་ཡིན་པ་དང་། བར་ཆད་མེད་པ་དང་། དད་པ་དང་། དགའ་བ་དང་། དང་བ་དང་། མཆོག་


DKG059_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བའི་དབང་དུ་གྱུར་པའི་སེམས་ཀྱིས་ཀུན་ཏུ་སྤྱད་པར་བྱའོ། །ཀུན་ཏུ་སྤྱོད་པར་འདོད་པ་ན་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེས་དགེ་བ་ཀུན་ཏུ་སྤྱོད་པ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཐམས་ཅད་ལ་ཡང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་མངོན་པར་བསྡུས་ཏེ་བཟླུམས་ནས་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རང་བའི་མཆོག་དང་། ཕུལ་དང་། གཙོ་བོ་དང་། རབ་དང་། རབ་མཆོག་དང་། གྱ་ནོམ་པ་དང་། དམ་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པ་དང་། ནམ་མཁའ་དང་མཉམ་པ་དང་། མྱ་ངན་ལས་འདས་པ་དང་། མཉམ་པའི་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་བར་བྱའོ། །རྗེས་སུ་ཡི་རངས་ནས་ཀྱང་དགེ་བ་ཀུན་ཏུ་སྤྱད་པ་དེ་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ལ་དབུལ་བར་བྱའོ། །ཕུལ་ནས་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱ་ཞིང་། སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར་དང་། དགྲོལ་བའི་ཕྱིར་དང་། དབུགས་དབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་བྱ་བའི་ཕྱིར་ཉིན་གཅིག་བཞིན་དུ་དུས་གསུམ་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །དེས་ཀ་ཤི་ཀའི་གོས་དང་། ཙན་དན་དང་། ཨ་ག་རུའི་བདུག་པ་ལ་སོགས་པ་དང་། ཡོ་བྱད་རྣམ་པ་སྣ་ཚོགས་ཉམས་སུ་མྱོང་ངམ། འདོད་པའི་ཡོན་ཏན་ལྔ་ལ་དགའ་མགུར་སྤྱོད་


DKG059_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དམ། ལམ་དུ་འགྲོ་བའམ། འདུ་བྱེད་དམ། བྱ་བ་ཐམས་ཅད་བྱེད་པ་ན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་དེ་འབའ་ཞིག་རྟག་ཏུ་རྒྱུན་མི་འཆད་པར་རྗེས་སུ་དྲན་པར་བྱའོ། །ཡིད་ལ་བྱའོ། །བསྒོམ་པར་བྱའོ། །ལན་མང་དུ་བྱའོ། །དེ་ལྟར་བྱས་ན་དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་འགྱུར་རོ། །ལེགས་པར་དགེ་བའི་ལས་ཀུན་ཏུ་སྤྱོད་པ་རྣམས་ལ་ནི་སེམས་ཞེན་པར་འགྱུར། དྲག་པར་འགྱུར། མི་ལྷོད་པར་འགྱུར། མི་ཡང་བར་འགྱུར། མི་ཆུང་བར་འགྱུར་རོ། །དེ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་ལྷོད་པར་འགྱུར། ཡང་བར་འགྱུར། ཆུང་བར་འགྱུར། སྲབ་པར་འགྱུར། གསོག་ཏུ་འགྱུར། མེད་པར་འགྱུར་བ་དང་། ལེགས་པ་དགེ་བའི་རྩ་བ་ཀུན་ཏུ་སྤྱོད་པ་རྣམས་ལ་སེམས་ཞེན་པར་གྱུར་པས་སྲིད་པའི་འགྲོ་བ་གང་དང་ཕྲད་པ་དག་ཏུ་ཆུང་བར་མི་འགྱུར་རོ། །འཁུ་བ་དང་། གསོད་པ་དང་། འཆིང་བ་དང་། རྣམ་པར་འཚེ་བ་གང་ཡིན་པ་རྣམས་ལེགས་པར་སྤང་བ་དང་། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པའི་ཁོངས་སུ་གཏོགས་པའི་སེམས་ཅན་མཐའ་ཡས་མུ་མེད་པ་རྣམས་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པ་དུས་མཐའ་ཡས་པར་ཉམས་སུ་མྱོང་བར་འགྱུར་བའི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བའི་སྡུག་བསྔལ་དང་། མི་སྡུག་པ་དང་ཕྲད་པ་དང་། སྡུག་པ་དང་བྲལ་བའི་སྡུག་བསྔལ་བ་དང་། འདོད་པས་ཕོངས་པའི་སྡུག་བསྔལ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དགས་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་སྡུག་བསྔལ་གཅད་པར་བྱ་བ་དང་། དགག་པར་བྱ་བ་དང་། རྣམ་པར་ཞི་བར་བྱ་བའི་ཕྱིར་ཞུགས་པ་དང་། བྱམས་པའི་སེམས་སུ་གྱུར་པ་དང་། སྙིང་རྗེ་ཆེན་པོའི་སེམས་སུ་གྱུར་པ་དང་། གོ་ཆ་ཆེན་པོ་བགོས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོ་ལ་མོས་པ་


DKG059_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་གདུང་མི་འཆད་པར་ངེས་པར་བྱེད་པའི་ཕྱིར་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ཡོངས་སུ་འགྲིབ་པར་འགྱུར་བ་དང་། ཆུང་བར་འགྱུར་བ་ནས་སྲབ་པའི་བར་དུ་འགྱུར་རོ། །ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་རྣམས་ནི་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའི་བསམ་པ་སོགས་ཤིང་སྒོམ་པ་ཡང་ཡོངས་སུ་རྫོགས་པ་དང་། སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་རོ། །ཚོང་དཔོན་གྱི་བུ་དེ་ལྟ་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་གོ་རིམས་འདི་ལྟ་བུས་མཐར་གྱིས་སྲིད་པ་འདི་དང་། སྲིད་པ་ཕྱི་མ་དང་། སྲིད་པ་ལན་གྲངས་གཞན་དག་ལ་སྡིག་པ་མི་དགེ་བ་ཀུན་ཏུ་སྤྱོད་པ་འགྲིབ་པར་བྱེད་པ་དང་། ཆུང་ངུར་བྱེད་པ་ནས་གསོག་ཏུ་བྱེད་པའི་བར་དང་། ལེགས་པ་དགེ་བ་ཀུན་ཏུ་སྤྱོད་པ་འཕེལ་བར་འགྱུར་བ་ནས་དཔག་ཏུ་མེད་པའི་བར་དུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སོགས་ཤིང་སྒོམ་པར་བྱེད་དེ། ལེགས་པ་དགེ་བ་ཀུན་ཏུ་སྤྱད་པ་རྣམས་ཡོངས་སུ་སྨིན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་དེའི་ཚེ་ཡུལ་ད་ར་ད་ནས་ད་ར་དའི་རྒྱལ་པོ་སིན་དུ་གི་རི་ཞེས་བྱ་བའི་བུ་བཅོམ་ལྡན་འདས་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བཱ་རཱ་ཎ་སཱིར་སོང་ནས་དེ་བཅོམ་ལྡན་འདས་དང་ཐག་མི་རིང་བ་ཞིག་ན་འདུག་པར་གྱུར་ཏོ། །དེ་ནས་ད་ར་དའི་རྒྱལ་པོ་སིན་དུ་གི་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ། །བདེ་བར་གཤེགས་པ་ཁྱོད་ཀྱིས་ལེགས་པར་བཀའ་སྩལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ཀྱི་གསོལ་བ་འདེབས་ཤིང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིས་ཏེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་དུས་གསུམ་དུ་གསོལ་བ་འདེབས་ཤིང་བརྗོད་པ་གང་ལགས་པ་དེ་ཙམ་ཡང་


DKG059_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཚོགས་འཕེལ་བར་འགྱུར་ཞིང་ཡང་དག་པར་རབ་ཏུ་འཕེལ་བར་འགྱུར། སོགས་པར་འགྱུར། གྲངས་མ་མཆིས་པར་བགྱིད། བྱང་ཆུབ་སེམས་དཔའི་བསམ་པ་ཡང་སོགས་ཤིང་སྒོམ་པ་དང་། ཡོངས་སུ་རྫོགས་པར་འགྱུར་ཞིང་སྲ་བ་དང་། བརྟན་པ་དང་། རྡོ་རྗེ་ལྟ་བུར་འགྱུར་ན་གོང་དུ་རྩོལ་ཞིང་བརྩོན་པ་མི་གཏོང་བ་ལྟ་ཅི་སྨོས་ལགས། བཅོམ་ལྡན་འདས་བདག་ཀྱང་སྙིང་ཐག་པ་རུས་པའི་ཁོང་ནས་ཡིད་ལ་བགྱིད་དེ། སེམས་ཅན་ཐམས་ཅད་ཀྱིས་བསམས་ནས་སེམས་ཅན་ཐམས་ཅད་བསྒྲལ་བ་དང་། དགྲོལ་བར་བགྱི་བ་དང་། དབུགས་དབྱུང་བ་དང་། ཡོངས་སུ་མྱ་ངན་ལས་བཟླ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བགྱི་བའི་སླད་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ཏེ། སེམས་ཅན་མ་རྒལ་བ་རྣམས་སྒྲོལ་བ། མ་གྲོལ་བ་རྣམས་འགྲོལ་བ། དབུགས་མ་ཕྱིན་པ་རྣམས་དབུགས་འབྱིན་པ། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་ཟློ་བའི་སངས་རྒྱས་སུ་གྱུར་ཅིག །ཡང་དང་ཡང་དུ་ལན་བརྒྱར་བསྣན་ཏེ། མཐའ་ཡས་པ་མཐའ་ཡས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ལགས་སོ། །དེ་ནས་ཚོང་དཔོན་གྱི་བུ་དཔལ་དབྱིག་གིས་ཀྱང་དེའི་རྗེས་ཐོགས་སུ་དེ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚོང་དཔོན་གྱི་བུ་དཔལ་དབྱིག་དང་། ད་ར་དའི་རྒྱལ་པོའི་བུ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དཔལ་དབྱིག་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། པྲཛྙཱ་བམྟ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་རཏྣ་ཛཱ་ལཱི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་ན། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་གནས་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་དང་། སྐྱེ་བ་གཉིས་ཀྱིས་ཐོགས་པ་རྣམས་དང་། སྐྱེ་བ་གསུམ་གྱིས་ཐོགས་པ་རྣམས་དང་། སྐྱེ་བ་བཞིས་ཐོགས་པ་རྣམས་དང་། སྐྱེ་བ་ལྔས་ཐོགས་པ་རྣམས་དང་། སྐྱེ་བ་བཅུས་ཐོགས་པ་རྣམས་དང་། སུམ་ཅུ་དང་། བཞི་བཅུ་དང་། སྐྱེ་བ་སྟོང་གི་བར་རྣམས་ཀྱིས་ཐོགས་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཞི་བཅུ་རྩ་གཉིས་དང་། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་དང་། ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལ་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་ཤིན་ཏུ་དཔལ་བཟང་ལྡན་དང་། ལྷའི་བུ་ཟླ་བའི་འོད་དང་། ལྷའི་བུ་ཉི་མའི་འོད་དང་། ལྷའི་བུ་གྲགས་པའི་ཏོག་དང་། ལྷའི་བུ་མངོན་པར་དགའ་བ་དང་། དེ་དག་དང་གཞན་ཡང་ལྷའི་བུ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། གཟི་ཅན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་བོ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་བཏང་བཟུང་ཆེན་པོ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། ལྷ་མ་ཡིན་གྱི་དབང་པོ་ཐམས་ཅད་ཀྱི་འཁོར་དང་ཡང་ཐབས་ཅིག་གོ །དེའི་ཚེ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ན་དེད་དཔོན་སེང་གེའི་བུ་ལིཙྪ་བཱི་སྟོབས་མཐའ་ཡས་ཞེས་བྱ་བ་ཞིག་གནས་སོ། །དེའི་ཚེ་སེང་གེའི་བུ་སྟོབས་མཐའ་ཡས་དེའི་བུ་གཞོན་ནུ་ལིཙྪ་བཱི་རིན་ཆེན་དྲ་བ་ཅན་ཞེས་བྱ་བ་སངས་རྒྱས་མང་པོ་ལ་བསྙེན་


DKG059_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བྱས་པ། ཆོས་ཀྱི་ཚུལ་སྣང་བ་མཐའ་ཡས་པའི་སྒྲོན་མ་དང་ལྡན་པ་ཡང་དག་པར་འཛིན་པ། ན་ཚོད་ལོ་བརྒྱད་ལོན་པ་འདྲ་བ་ཞིག་གཉིད་ལོག་སྟེ། དེའི་རྨི་ལམ་དུ་རྨིས་པ། ལྷའི་བུ་ཡོངས་སུ་དགའ་ལྡན། དགའ་ལྡན་གྱི་གནས་ནས་བབས་ནས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྐུལ་ཏེ་མངོན་པར་སྨྲས་པ། སེམས་ཅན་སྙིང་པོ་རྒྱལ་བ་སངས་རྒྱས་ཀྱིས། །སྟོང་གསུམ་འཇིག་རྟེན་སྣང་བ་མཛད་ནས་བཞུགས། །བསོད་ནམས་བརྒྱ་བསགས་གསེར་གྱི་མདོག་འདྲ་བ། །བདག་ཉིད་ཆེན་པོ་གཟུགས་ཀྱི་མ་ལུས་མཛེས། །དཀྱིལ་འཁོར་བྱེ་བ་རབ་ཚང་གང་ཡིན་པ། །ཟླ་བ་སྟོང་ངམ་ཡང་ན་བྱེ་བ་ཡི། །འོད་ཟེར་དག་གི་དཀྱིལ་འཁོར་དེ་སྣང་བྱེད། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །དེ་འདྲའི་དཀྱིལ་འཁོར་བྱེ་བར་ཚང་བ་ནི། །ཤར་ཕྱོགས་དཀྱིལ་འཁོར་མཆོག་ནི་སྣང་བྱེད་ཅིང་། །དེ་བཞིན་ལྷོ་ཕྱོགས་དེ་བཞིན་ནུབ་ཕྱོགས་དང་། །དེ་བཞིན་བྱང་ཕྱོགས་དཀྱིལ་འཁོར་མཆོག་སྣང་བྱེད། །འཇིག་རྟེན་མགོན་པོ་འོད་མཛད་སྤུ་ཡི་ཁུང་། །རེ་རེ་ནས་ནི་འོད་ཟེར་གང་དག་འབྱུང་། །རེ་རེ་ནས་ནི་འོད་བྱུང་དེ་དག་གིས། །ཟླ་བའི་དཀྱིལ་འཁོར་ཐམས་ཅད་མོག་མོག་མཛད། །ཀུན་གཟིགས་རྣམས་ཀྱིས་སྤུ་ཁུང་རེ་རེ་ནས། །འོད་ཟེར་འབྱུང་ཞིང་སྤུ་ཁུང་རེ་རེ་ནས། །འོད་ཟེར་བྱུང་བ་རྣམས་ཀྱིས་གང་གཱའི་ཀླུང་། །དྲུག་ཅུ་རྩ་དྲུག་བྱེ་སྙེད་རབ་གསལ་མཛད། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་དེའི་མཚན་མོ་འདས་ནས། ཕ་སྟོབས་མཐའ་ཡས་ལ་སྨྲས་པ། ཡབ་མདང་སུམ་ལྷའི་བུ་ཡོངས་སུ་དགའ་ལྡན། དགའ་ལྡན་གྱི་གནས་ནས་བབས་ནས་བདག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྐུལ་བ་བགྱིས་པར་གྱུར་ཏོ། །འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི་བའི་ལས་བརྩམ་པའི་སླད་དུ་ཡབ་ལ་བདག་གསོལ་བར་བགྱིད་དོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱིས་ཕ་སྟོབས་མཐའ་ཡས་ལ་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཅན་ཀུན་གྱི་དེད་དཔོན་རྫོགས་སངས་རྒྱས། །འཇིག་རྟེན་མཁས་པ་བསམ་ཡས་བདག་ཉིད་ཆེ། །སྐྱོབ་པ་དེ་ལ་ཁྱོད་ཀྱིས་མཆོད་དོན་མཛོད། །འདྲེན་པ་དེ་ནི་


DKG059_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འབྱུང་བར་དཀའ། །ཇི་ལྟར་ཨུ་དུམ་བཱ་རའི་མེ་ཏོག་ནི། །མདོག་ལྡན་མཛེས་ཤིང་ཤིན་ཏུ་དྲི་ཞིམ་ལ། །དྲི་ངད་ལྡན་ཞིང་རྡུལ་བཅོམ་ཉོན་མོངས་མེད། །དེ་འདྲའི་མེ་ཏོག་མཆོག་ནི་རྙེད་པར་དཀའ། །དེའི་ཕྱིར་བདག་གིས་ཡབ་ལ་གསོལ་འདེབས་པ། །ད་ནི་དགྱེས་པའི་ཐུགས་ཀྱིས་བདག་ལ་གནང་། །གང་ཞིག་འཇིག་རྟེན་མགོན་པོ་འོད་མཛད་པ། །དོན་དམ་གཟིགས་པ་ལ་ནི་མཆོད་པར་བགྱིད། །ལིཙྪ་བཱི་སྟོབས་མཐའ་ཡས་སེམས་དགའ་བས། ལིཙྪ་བཱི་སེང་གེ་ཞེས་བྱ་བ་ལ་སྨྲས་པ། དེད་དཔོན་རྒྱལ་བ་ལ་ནི་མཆོད་མཛད་དེ། །བདག་གི་གཞོན་ནུ་བསྟན་ལ་གནས་པར་མཛོད། །འདྲེན་པ་ཤཱཀྱ་སེང་གེ་མཆོད་པ་དང་། །གཞོན་ནུ་མཆོག་གི་སྤྲོ་བ་བསྐྱེད་པའི་ཕྱིར། །ཁྱིམ་པ་བྱེ་བ་དྲུག་ཅུ་བརྩོན་པར་གྱུར། །བརྒྱ་བྱིན་ལྷ་མིག་སྟོང་དང་ལྡན་པ་དང་། །ཚངས་པ་དང་ནི་དབང་ཕྱུག་དབང་སྒྱུར་ལྷ། །བདུད་ཀྱི་བུ་ཕོ་དེད་དཔོན་བཟང་པོ་དང་། །བྱེ་བ་ས་ཡི་ལྷ་དང་ལྷན་ཅིག་ཏུ། །ཡངས་པ་ཅན་གྱི་དགའ་བར་ཐམས་ཅད་ཞུགས། །གསེར་ལས་བྱས་དང་དེ་བཞིན་དངུལ་གྱི་ཁྲི། །བྱེ་བ་ཕྲག་ནི་སྟོང་དུ་ཚང་བ་དག །རིན་ཆེན་བདུན་གྱིས་དེ་དག་མཛེས་བྱས་པ། །རེ་རེ་ཡང་ནི་བྱེ་བ་སྟོང་དུ་ཚང་། །ཁྲི་ཡི་གཡས་དང་གཡོན་དུ་རིན་པོ་ཆེ། །རིན་ཆེན་སྣ་བདུན་རྒྱལ་མཚན་བཟང་པོར་བཙུགས། །ཁྲི་དེའི་ཚད་ནི་དཔག་ཚད་རངས་པར་ཡོད། །རྒྱལ་མཚན་དག་ཀྱང་དཔག་ཚད་ཕྱེད་པར་མཐོ། །རྒྱལ་མཚན་རྣམས་ཀྱི་གཡས་དང་གཡོན་དུ་ནི། །དེའི་དྲུང་དཔག་ཚད་བས་མཐོ་སྟེགས་བུ་དག །རང་བཞིན་གཅིག་སྟེ་ནོར་བུ་རིན་པོ་ཆེ། །བྱེ་བ་ལས་བྱས་དཔག་ཚད་མཐོ་བར་འཕགས། །ཁྲི་ཡི་བར་བར་ལྷ་ཡི་བ་དན་ཡང་། །དཔག་ཚད་བས་ཀྱང་རིང་བ་ཤ་སྟག་དཔྱངས། །བ་དན་ལྡ་ལྡི་གསེར་གྱི་དྲ་བ་དག །དྲིལ་བུ་གཡེར་ཀ་དག་གིས་མཛེས་པར་བྱས། །ཁྲི་རྣམས་ཀྱི་ནི་འོག་ཏུ་ཀ་བ་ཡང་། །བྱེ་བ་ཕྲག་སྟོང་བྱ་བ་ལེགས་པར་སྦྱར། །གང་གིས་འདི་རུ་ཁྲི་མཆོག་དེ་དག་ནི། །བརྟན་པར་བྱས་པ་སྒོ་གཏན་བཅུག་པ་བཞིན། །ཁྲི་ཡི་སྟེང་དུ་གསེར་ལས་བྱས་པ་དང་། །གསེར་ལྟ་བུ་དང་དངུལ་དང་བཻ་དཱུཪྱ། །དེ་བཞིན་ཤེལ་དང་སྤུག་དང་རྡོ་སྙིང་


DKG059_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དེ་བཞིན་རྩ་བ་དང་ནི་ཁོག་པ་ནས། །བྱུང་བ་མིན་པའི་མུ་ཏིག་གདུགས་དག་བྱས། །ཙན་དན་ཤིན་ཏུ་དམར་པོས་དམར་བར་བསྐུས། །རེ་རེ་དག་ནི་བྱེ་བ་སྟོང་དུ་ཚང་། །ཁྲི་རྣམས་དང་ནི་ཁྲིལ་ཚུལ་ལྟ་བུ་ཡི། །མཁའ་རྟེན་དག་ཀྱང་བྱས་ནས་དེ་ལ་ནི། །གསེར་གྱི་དྲ་བ་དང་ནི་གསེར་ལྟ་བུ། །དངུལ་དང་བཻ་དཱུཪྱ་དང་དེ་བཞིན་ཤེལ། །སྤུག་དང་དེ་བཞིན་རྡོ་ཡི་སྙིང་པོ་ཡི། །མཁའ་རྟེན་སོ་སོ་བྱས་ནས་དེ་ལ་ནི། །རིན་ཆེན་དྲིལ་སྒྲ་ཤིན་ཏུ་སྙན་པ་བཏགས། །རྣམ་འདྲེན་སྒྲ་ནི་རྣམ་པར་གྲགས་པ་ཡི། །མཆོད་པའི་དོན་དུ་བདུག་པ་རབ་ཏུ་བཞག །ཡངས་པ་ཅན་གྱི་སྟེང་གི་བར་སྣང་ལ། །གསེར་གྱི་སྐུད་པ་ལས་བྱས་བླ་རེ་བྲེས། །གསེར་གྱི་སྐུད་པ་རེ་རེ་མཆོག་ཏུ་བཟང་། །རིན་ཆེན་ཆུན་འཕྱང་སྟོང་ཕྲག་བྱེ་བ་དཔྱངས། །མུ་ཏིག་རྒྱན་འཕྲེང་སྟོང་ཕྲག་བྱེ་བ་ཡང་། །རེ་རེ་གསེར་ལས་བྱས་པའི་སྐུད་པས་བརྒྱུས། །ཡངས་པའི་གྲོང་ཁྱེར་གནས་པའི་ལིཙྪ་བཱི། །གང་དག་གང་དུ་འདོང་བ་དེར་ཉམས་དགའ། །དེ་ཚེ་ས་ནི་སྐྱེས་བུ་བདུན་སྲིད་གཡོགས། །གྲོང་ཁྱེར་ཡངས་པ་ཀུན་ཏུ་རས་ཡུག་བཀྲམ། །དྲ་བ་ཅན་གྱིས་ཙན་དན་དམར་བཏགས་ནས། །རས་རྣམས་ལ་ནི་ལེགས་པར་བསྐུ་བ་བྱས། །བྱེ་བ་སྟོང་ཕྲག་བདུན་ཅུའི་སིལ་སྙན་དག །རྣམ་པ་སྟོང་རྣམས་གཡས་ཀྱི་ཕྱོགས་ནས་འཁྲོལ། །གཡོན་གྱི་ཕྱོགས་སུའང་བྱེ་བ་བདུན་ཅུ་སྟོང་། །ཤཱཀྱ་སེང་གེ་མཆོད་པའི་དོན་དུ་བརྩོན། །དེ་འདྲའི་བཀོད་ཆེན་བྱས་ནས་ལིཙྪ་བཱི། །གཞོན་ནུ་དྲ་བ་ཅན་གྱིས་དེ་ཡི་ཚེ། །དགའ་བའི་སེམས་ཀྱིས་ཕ་མ་ལ་སྨྲས་པ། །སངས་རྒྱས་སྤྱན་དྲངས་སླད་དུ་བདག་མཆིའོ། །གྲོང་ཁྱེར་མཆོག་ནས་མཁས་པ་དེ་བྱུང་སྟེ། །རྒྱལ་བདག་ཆེན་པོ་ག་ལ་བར་སོང་ནས། །ཡོན་ཏན་རྒྱ་མཚོའི་ཞབས་ལ་མགོ་བོ་ཡིས། །ཕྱག་འཚལ་དེར་ནི་གཞོན་ནུ་ཕྱོགས་གཅིག་འདུག །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་དེ་ལ་བཅོམ་ལྡན་


DKG059_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་སྟོད། ཡང་དག་པར་རབ་ཏུ་དགའ་བར་མཛད་དོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སང་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བདག་གི་སྡུམ་པར་གདུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། ཅང་མི་གསུང་བར་གྱུར་པས་གནང་ངོ་། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བར་གྱུར་པས་གནང་བར་རིག་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་བུ་དཔལ་བཟང་ལྡན་དང་ལྷན་ཅིག་ཏུ་ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས་སོ། །སྤྲོ་བ་དང་དགའ་བའི་གཟུགས་རྣམས་ཀྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པའི་རྣམ་པ་སྦྱོར་དུ་བཅུག་གོ །སྦྱར་ནས་དེའི་མཚན་མོ་འདས་པ་དང་གདན་བཤམས་ཤིང་ཡངས་པ་ལེགས་པར་བརྒྱན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་ཏུ་འདུག་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདུགས་ཚོད་ལ་བབ་སྟེ། དེའི་དུས་ལ་ད་བབ་པར་མཁྱེན་ན་གདུགས་ཚོད་ལགས་ཏེ། དུས་ལ་བབ་ལགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། སྨད་གཡོགས་དང་ཆོས་གོས་གསོལ། ལྷུང་བཟེད་བསྣམས་ཏེ་དགེ་སློང་གི་དགེ་འདུན་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་སྟེང་གི་བར་སྣང་ལ་མི་བདུན་གྱི་


DKG059_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཙམ་དུ་མངོན་པར་འཕགས་ཏེ་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ། །བསྐྱོད་མ་ཐག་ཏུ་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས། ཀུན་དུ་རབ་ཏུ་གཡོས། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག །འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཆེམ་ཆེམ་རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ་སྟེ། ལྟས་བཅྭ་བརྒྱད་དང་ལྡན་པ་རྣམ་པ་དྲུག་ཏུ་གཡོས་སོ། །གཞན་ཡང་ཆོ་འཕྲུལ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོང་སྙེད་སྟོན་ཅིང་ཡངས་པ་ཅན་དུ་གཤེགས་སོ། །དེའི་ཚེ་ལྷ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོང་དུ་མ་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་རྣམས་དང་། ལྷའི་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་རྣམས་དང་། ལྷའི་ཨ་ག་རུའི་ཕྱེ་མ་དང་། རིན་པོ་ཆེའི་ཕྱེ་མ་དང་། འཛམ་བུ་ཆུ་བོའི་གསེར་དང་། ལྷའི་རིན་པོ་ཆེའི་ཕྱེ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ལྷའི་སིལ་སྙན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་མངོན་པར་རབ་ཏུ་དཀྲོལ་ཏོ། །ལྷའི་རྒྱན་དཔག་ཏུ་མེད་པ་རྣམས་ཀྱིས་བརྒྱན་ཏོ། །སྟེང་གི་བར་སྣང་ལ་ཙན་དན་དམར་པོ་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་གྱི་རྒྱུན་ཕབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱི་གནས་ག་ལ་བ་དེར་གཤེགས་ཏེ། བྱོན་ནས་གདན་བཤམས་པ་དེ་ལ་བཞུགས་ཏེ། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་དང་ཐབས་ཅིག་གོ །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་བཞུགས་པར་རིག་ནས་རང་གི་ལག་ནས་བཅའ་བ་དང་། བཟའ་བ་དང་། མྱང་བ་བཟང་པོ་རབ་ཏུ་མང་པོས་ཚིམ་པར་བྱེད་ཅིང་གང་བཞེད་པ་སྟོབ་པར་བྱེད་དོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ཞལ་ཟས་གསོལ་ལགས་པར་རིག་ནས་ལྷུང་བཟེད་བླངས་ཏེ་ཆབ་ཕུལ་ནས་ཕྱག་བཅབས་སོ། །བྱེ་བ་ཁྲག་


DKG059_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག་འབུམ་རི་བའི་ཆོས་གོས་གསུམ་གྱིས་བཅོམ་ལྡན་འདས་ལ་མངོན་པར་གསོལ་ཏོ། །དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ལ་ཡང་ཆོས་གོས་གསུམ་གྱིས་མངོན་པར་གཡོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བཅོམ་ལྡན་འདས་ཀྱི་མཐུས་སོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་ཕྱོགས་འགའ་ཞིག་ཞུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ཁྱོད་དེ་བཞིན་གཤེགས་པ་ལ་གང་དང་གང་སོམ་ཉི་ཡོད་པ་ཞུས་ཤིག་དང་། ངས་དེ་དང་དེའི་ཞུ་བ་ལུང་བསྟན་པས་སེམས་རངས་པར་བྱའོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་དག་ན། སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་དང་ལྡན་པ་བཞུགས་ཤིང་འཚོ་བ་གང་དག་གི་མཚན་ཐོས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་སོམ་ཉི་མ་མཆིས་ཤིང་ཐེ་ཙོམ་མ་མཆིས་པར་འགྱུར། ཕྱིར་མི་ལྡོག་ཅིང་བླ་ན་མ་མཆིས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་འགྱུར། ཚེ་རབས་དྲན་པ་དང་ཡང་ལྡན་པར་འགྱུར། ནམ་དུ་ཡང་སེར་སྣའི་སེམས་དང་ལྷན་ཅིག་མི་གནས། བྱང་ཆུབ་སེམས་དཔའི་འཁོར་གྱིས་ཀྱང་ཡོངས་སུ་བསྐོར་བར་འགྱུར། ཉན་ཐོས་ཀྱི་འཁོར་དང་བྲལ་བར་འགྱུར། ཡོན་ཏན་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར། སངས་རྒྱས་ཐམས་ཅད་མངོན་པར་དགྱེས་པར་བགྱིས་པས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བགྱིད། བདུད་ཐམས་ཅད་ཤིན་ཏུ་སྐྲག་པར་བགྱིད། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྦྱོང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པའི་དྲི་མ་སེལ། སེམས་ཅན་


DKG059_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཆོས་དཀར་པོ་ལ་ཡང་དག་པར་བསྐུལ། ལྷས་ཀྱང་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་སེམས་དཔས་ཀྱང་བསམ་པར་འགྱུར། དེ་བཞིན་གཤེགས་པས་ཀྱང་བྱིན་གྱིས་རློབ་པར་མཛད། ནམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་འབྲལ་བར་མི་འགྱུར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར། སྒྲ་དབྱངས་ཀྱི་རྣམ་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོངས་སུ་རྫོགས་པ་ཐོབ་པར་འགྱུར། ཚངས་པའི་དབྱངས་སུ་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་འཐུན་པའི་སྒྲ་དབྱངས་དང་ལྡན་པ་ལྟ་བཞུགས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ལེགས་སོ་ལེགས་སོ། །གང་ཁྱོད་དེ་བཞིན་གཤེགས་པ་ལ། དོན་འདི་འདྲི་བར་སེམས་པ་ནི་སྤོབས་པ་ལེགས་ཤིང་དཔྱོད་པ་བཟང་ངོ་། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་རིན་ཆེན་དྲ་བ་ཅན་སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་འདི་ནས་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ཞིག་ཡོད་དེ། གཞོན་ནུ་འདི་ལྟ་སྟེ། སྲིད་པའི་རྩེ་མོ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ལ། དེ་དག་ཐམས་ཅད་ཀྱང་རྡུལ་ཕྲ་མོའི་རྡུལ་སྙེད་ཀྱིས་ཡོངས་སུ་གང་བར་གྱུར་ཅིང་། དེ་ནས་སྐྱེས་བུ་འགའ་ཞིག་བྱུང་བས་དེ་དག་ལ་རྡུལ་ཕྲ་མོའི་རྡུལ་ཅིག་ཁྱེར་ཏེ། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་སྲིད་པའི་རྩེ་མོའི་མཐས་གཏུགས་པ་དེ་དག་རྡུལ་ཕྲ་མོའི་རྡུལ་གྱིས་ཡོངས་སུ་གང་བ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་ནས་རྡུལ་ཕྲ་མོའི་རྡུལ་གཅིག་འཇོག་ན། གཞོན་ནུ་རྣམ་གྲངས་དེ་དང་གྲངས་དེའི་གཞིས་ཡུན་རིང་པོ་འདས་པས་རྡུལ་ཕྲ་མོའི་རྡུལ་གྱི་ཕུང་པོ་ཆེན་པོའི་མཐའ་དེ་དག་ཟད་པའམ།


DKG059_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གཏུགས་པར་འགྱུར་རམ། གཞོན་ནུ་དེ་ཅི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་གང་དུ་སྐྱེས་བུ་དེས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་བཞག་པའམ་མ་བཞག་པ་དེ་དག་བསམ་པའམ། བགྲང་བའམ། གཞལ་བའམ། ཉེ་བར་བརྟག་པར་སླའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་གང་ཞིག་དཔེ་འདི་བཤད་པ་ལ་ཡང་དག་པའི་འདུ་ཤེས་བསྐྱེད་པར་འགྱུར་བའི་སེམས་ཅན་དེ་དག་ནི་ཤེས་པའི་ཕུང་པོ་མཆོག་དང་ལྡན་པར་འགྱུར་བ་ལགས་སོ། །གཞོན་ནུ་འཇིག་རྟེན་གྱི་ཁམས་གང་དུ་སྐྱེས་བུ་དེས་རྡུལ་ཕྲ་མོའི་རྡུལ་དེ་དག་བཞག་གམ། འོན་ཏེ་མ་བཞག་པའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་འོག་གི་ཆུའི་ཕུང་པོ་ནས་བཟུང་ནས། སྲིད་པའི་རྩེ་མོ་ལ་ཐུག་གི་བར་གྱི་རྡུལ་ཕྲ་མོའི་རྡུལ་རྣམས་ཀྱིས་ཡོངས་སུ་གང་བར་གྱུར་ལ། སྐྱེས་བུ་གཉིས་པ་ཞིག་བྱུང་བས་དེ་དག་ལས་རྡུལ་ཕྲ་མོའི་རྡུལ་གཅིག་ཁྱེར་ཏེ། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་དེ་དག་གི་རྡུལ་ཕྲ་མོའི་རྡུལ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་ནས་རྡུལ་ཕྲ་མོའི་རྡུལ་གཅིག་འཇོག་ན། གཞོན་ནུ་རྣམ་གྲངས་དེས་ན་ཡུན་རིང་པོ་འདས་པས་རྡུལ་ཕྲ་མོའི་རྡུལ་བསགས་པའི་ཕུང་པོ་ཆེན་པོ་དེ་འདོར་བར་འགྱུར་རོ། །གཞོན་ནུ་རྣམ་གྲངས་དེས་ན་སྐྱེས་བུ་ཕྱི་མ་དེས་གྲངས་མེད་པ་བརྒྱ་སྟོང་དགུ་བཅུ་རྩ་དགུར་བསྒྱུར་བ་འདས་ནས་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ནོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་རྒྱལ་པོ་དེའི་མཚན་


DKG059_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོམ་ཉི་མི་ཟ་ཞིང་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེའི་ཚེ་འདས་པའི་འོག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་འགྱུར་རོ། །དེའི་རྒྱལ་སྲིད་ལ་ཡང་སངས་རྒྱས་འབྱུང་བར་འགྱུར་ཞིང་དེ་བཞིན་གཤེགས་པ་དེ་མཐོང་ནས་ཀྱང་མཆོད་པ་དཔག་ཏུ་མེད་པ་བྱེད་པར་འགྱུར། ཚངས་པར་སྤྱོད་པར་ཡང་འགྱུར། མངོན་པར་ཤེས་པ་ལྔ་ཡང་རྟོགས་པར་ཁོང་དུ་ཆུད་པར་འགྱུར། དེ་བཞིན་གཤེགས་པ་མཐོང་མ་ཐག་ཏུ་གཟུངས་བརྒྱ་འཁྱིལ་བ་ཞེས་བྱ་བ་འཐོབ་པར་འགྱུར། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དག་ལ་བསྙེན་བཀུར་བྱེད་པར་འགྱུར། དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཉིད་དུ་འཁོར་བ་ལས་ཕྱིར་ཕྱོགས་པར་བྱེད་པར་འགྱུར། དེའི་སེམས་ཤིན་ཏུ་རྨོངས་པ་མེད་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར། སྲེད་མེད་ཀྱི་བུའི་ལུས་ལྟར་མཁྲེགས་པའི་ལུས་སུ་འགྱུར། ལུས་དབྱིབས་གཅིག་ལ་སྤི་ཛ་བཞི་པར་འགྱུར། དེའི་ལུས་ཀྱི་མདོག་གསེར་གྱི་ཁ་དོག་འདྲ་བར་འགྱུར། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་བརྒྱན་ཅིང་ཚངས་པའི་སྒྲ་དབྱངས་སུ་ཡང་འགྱུར། མི་ཁོམ་པ་ཐམས་ཅད་ཀྱང་སྤོང་ཞིང་དལ་བ་ཕུན་སུམ་ཚོགས་པ་ཡང་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་རྒྱས་པར་བསྟན་པའི་ཕྱིར་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཐོས་ནས་སོམ་ཉི་མི་ཟ་ཞིང་། །ངས་མཐོང་བ་ལའང་ཡིད་ཆེས་པ། །དེ་ནི་ཡོན་གནས་འོས་པ་ཡིན། །རྟག་ཏུ་འཁོར་ལོས་སྒྱུར་བ་ཡི། །རྒྱལ་སྲིད་འཐོབ་ཅིང་སངས་རྒྱས་མཐོང་། །མཐོང་ནས་དཔག་ཏུ་མེད་པ་དང་། །བསམ་གྱིས་མི་ཁྱབ་མཆོད་པ་བྱེད། །རྟག་ཏུ་ཚངས་པར་སྤྱོད་པ་དང་། །མངོན་པར་ཤེས་རྣམས་རྟོགས་པར་འགྱུར། །སངས་རྒྱས་མཐོང་ནས་བརྒྱ་འཁྱིལ་བའི། །གཟུངས་ཀྱང་དེ་ཡིས་འཐོབ་པར་འགྱུར། །ཇི་ལྟར་གང་གཱའི་བྱེ་མ་སྙེད། །དེ་སྙེད་སངས་རྒྱས་མཐོང་བར་འགྱུར། །དེ་སྙེད་བསྐལ་པ་བྱེ་བ་རུ། །འཁོར་བ་དག་ནི་སྤངས་པར་འགྱུར། །གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཚོགས་དང་དགེ་འདུན་དག་ལ་བརྗོད། །དེ་


DKG059_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་སེམས་ནི་མི་རྨོངས་ཤིང་། །སངས་རྒྱས་བྱང་ཆུབ་རྒྱུ་བྱེད་དོ། །རྟག་ཏུ་སྲེད་མེད་བུ་འདྲ་ཞིང་། །ལུས་དབྱིབས་གཅིག་ལ་སྤི་ཛ་བཞི། །ལུས་ནི་གསེར་གྱི་མདོག་འདྲ་ཞིང་། །སུམ་ཅུ་རྩ་གཉིས་མཚན་འཆང་འགྱུར། །གང་ཞིག་མཚན་ནི་ཐོས་ནས་སུ། །ཡན་ལག་ལྔ་ཡིས་ཕྱག་བྱས་ན། །རྟག་ཏུ་ཚངས་པའི་དབྱངས་ལྡན་ཞིང་། །མི་ཁོམ་པ་ཡང་སྤངས་པར་འགྱུར། །གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཐོས་ནས་སོམ་ཉི་མི་ཟ་བ། །དེ་ནི་བྱང་ཆུབ་ལ་མི་འགོང་། །དེ་ནི་ནམས་ཀྱང་སོམ་ཉི་མེད། །གང་ཞིག་ཉིན་དང་མཚན་བདུན་དུ། །ཚང་བར་རྒྱལ་བའི་མཚན་འཛིན་པ། །སངས་རྒྱས་བསྔགས་པ་མཐའ་ཡས་པའི། །མིག་ནི་རྣམ་པར་དག་པར་འགྱུར། །མི་དེ་ཡི་ནི་ཤ་ཡི་མིག །ལྷ་ཡི་མིག་ཏུ་རྣམ་སྦྱོང་སྟེ། །གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །སངས་རྒྱས་མང་པོ་མཐོང་བར་འགྱུར། །ཐམས་ཅད་ལ་ནི་མཆོད་བྱེད་ཅིང་། །ཐམས་ཅད་ལས་ནི་ཐོས་པ་འཛིན། །མིག་གིས་ཐམས་ཅད་མཐོང་ནས་སུ། །མི་རྣམས་ཐམས་ཅད་དབུགས་འབྱིན་ཏོ། །དེ་བཞིན་གཤེགས་པའི་མཚན་ཐོས་པ། །སྔོན་ཆད་བསམ་གྱིས་མི་ཁྱབ་པའི། །བསྙེན་བཀུར་སངས་རྒྱས་དག་ལ་བྱས། །དེ་དག་ཐམས་ཅད་རྗེས་དྲན་འགྱུར། །སྲོག་ཆགས་གང་རྣམས་མདུན་དག་ཏུ། །མཚན་ནི་བསྟན་པར་བྱས་གྱུར་ན། །སེམས་ཅན་གཞན་གྱིས་དེ་མཐོང་ཞིང་། །ངེས་པར་བྱང་ཆུབ་འགྱུར་བ་ཡིན། །སངས་རྒྱས་ལ་ནི་དད་བསྐྱེད་པས། །མི་ཁོམ་ཐམས་ཅད་རྣམ་པར་སྤངས། །རྩོད་དང་འགྱེད་པ་བྱས་པས་ནི། །མི་ཁོམ་རྣམས་སུ་སྐྱེ་བར་འགྱུར། །ཐུབ་པ་ཆེན་པོ་དེ་ཡི་མཚན། །སེམས་ཅན་གཅིག་ཅིག་ཐོས་བྱས་ན། །རྩོད་པ་དང་ནི་འགྱེད་པ་ཡང་། །ཡིད་ལ་བྱེད་པར་མི་འགྱུར་རོ། །གལ་ཏེ་མནར་མེད་པ་ཡི་ལས། །བསྐལ་པ་གནས་པར་འགྱུར་བ་དག །ཀླད་ནད་ཙམ་ཞིག་བསྐྱེད་ནས་སུ། །ལས་ཀུན་རྣམ་པར་སྨིན་མི་འགྱུར། །དེ་ལ་མེས་ནི་མི་ཚིག་ཅིང་། །ཆུ་ཡི་ནང་དུ་འཆི་མི་འགྱུར། །དེ་ལ་རྒྱལ་པོ་རབ་ཁྲོས་ཀྱང་། །མྱུར་བ་ཉིད་དུ་ཞི་བར་འགྱུར། །གང་ཞིག་ཐུབ་


DKG059_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཚན་འཛིན་པ། །ནམས་ཀྱང་ལོང་བ་ཞར་བ་དང་། །ཐེང་དང་སྒུར་དང་ལུས་ཉམས་དང་། །ནད་ནི་མང་པོར་མི་འགྱུར་རོ། །གནོད་སྦྱིན་དྲི་ཟ་ཡི་དགས་དང་། །གྲུལ་བུམ་སྲིན་པོ་མི་རྣམས་ནི། །སྡིག་ཅན་མ་རུངས་པ་རྣམས་དག །མི་དེ་ལ་ནི་གནོད་མི་བྱེད། །གང་ཞིག་ཐུབ་པའི་མཚན་འཛིན་པ། །འབྱུང་པོ་དྲི་ཟ་གནོད་སྦྱིན་རྣམས། །ཀླུ་དང་ལྷ་རྣམས་ཐམས་ཅད་ཀྱི། །ཡིད་དུ་འོང་ཞིང་དགའ་བར་འགྱུར། །འདིར་ནི་སྐྱོབ་པའི་མཚན་ཐོས་པ། །ཤིན་ཏུ་བསགས་པ་དམ་པའི་དབྱངས། །ཏིང་འཛིན་མྱུར་དུ་ཐོབ་པར་འགྱུར། །ཡོན་ཏན་བྱེ་བ་རབ་ཏུ་སྒྲོགས། །གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཐོས་ནས་སོམ་ཉི་མི་ཟ་བ། །ཕྱི་མའི་དུས་ཀྱི་ཚེ་དག་ཏུ། །དེ་ཡི་བྱང་ཆུབ་འདི་འཛིན་ཏོ། །ཐུབ་པ་ཆེན་པོའི་མཚན་ཐོས་པ། །སངས་རྒྱས་མྱ་ངན་འདས་རྣམས་ཀྱིས། །ལེགས་པར་གསུངས་པའི་ཆོས་ཀྱི་ཚུལ། །འཛིན་ཅིང་ཡང་དག་རབ་ཏུ་སྟོན། །སངས་རྒྱས་ཀུན་གྱིས་ལེགས་གསུངས་པའི། །ཆོས་དེ་རྣམས་ནི་དེས་འཛིན་ཏོ། །བཀོད་པ་མཆོག་ནི་དེས་བྱེད་ཅིང་། །སངས་རྒྱས་ཀུན་ལ་བསྙེན་བཀུར་བྱེད། །དེ་ནས་འཆི་བའི་དུས་བྱས་ནས། །སངས་རྒྱས་བྱེ་བ་དེས་མྱུར་མཐོང་། །སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི། །ཆོས་རྣམས་དེ་དག་འཛིན་པར་བྱེད། །སྐྱོབ་པ་དེ་ཡི་མཚན་ཐོས་པ། །སྲོག་ཆགས་བྱེ་བ་ནན་ཏན་གྱིས། །འདུལ་བར་བྱེད་ཅིང་རབ་ཏུ་འགོད། །ཐམས་ཅད་བྱང་ཆུབ་ཕྱིར་འཇོག་གོ །ང་ཡིས་མཐོང་ལའང་ཡིད་ཆེས་པ། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །རབ་ཏུ་བསྟན་པ་འཛིན་འགྱུར་ཞིང་། །སངས་རྒྱས་རྣམས་ཀྱང་མཆོད་པར་འགྱུར། །སངས་རྒྱས་མཁྱེན་ལ་གང་དད་པ། །ངས་མཐོང་བ་ལའང་དེ་ཡིད་ཆེས། །འཆིང་བ་རྣམས་ལས་དེས་རྣམས་འགྲོལ། །ཀློང་ལས་རྒལ་ཅིང་འཇིགས་པ་མེད། །གང་ཞིག་དམ་པའི་ཆོས་སྤོང་བ། །དེ་ནི་བདུད་ཀྱི་སྡེ་ཡིན་ནོ། །འགྲོ་བ་ལྔ་རུ་འགྲོ་བ་ཡི། །སེམས་ཅན་ཀུན་གྱི་བ་སྤུ་གང་། །དེ་ནི་སྟོན་པའི་པུས་མོ་ཡི། །ལྷ་ང་གཅིག་གིས་བ་སྤུར་སྡུད། །སྐྱོབ་པ་འཇིག་རྟེན་མགོན་པོ་ཡི། །བ་སྤུ་གཅིག་གི་ཁུང་བུ་ནས། །ཇི་ལྟར་


DKG059_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཱའི་བྱེ་མ་སྙེད། །དེ་སྙེད་འོད་ཟེར་འབྱིན་པར་མཛད། །གང་ཞིག་འཇིག་རྟེན་མགོན་འདི་ཡི། །འོད་ཟེར་མཐའ་ཡས་ལ་ཡིད་ཆེས། །ཚེ་གཅིག་གིས་ནི་སངས་རྒྱས་རྣམས། །སངས་རྒྱས་བྱེ་བ་མཐོང་བར་འགྱུར། །ཆོས་ཀྱི་རྒྱལ་པོ་མདོ་སྡེ་འདི། །བཤད་པ་གང་ཞིག་ཐོས་གྱུར་ནས། །ནམས་ཀྱང་ཡིད་གཉིས་མི་ཟ་བ། །དེ་ནི་ང་དང་འདྲ་བར་འགྱུར། །ཡངས་པ་ཅན་དུ་མདོ་སྡེ་འདི། །བཤད་པའི་ཚེ་ན་སུས་ཐོས་པ། །དེ་ནི་ཕྱི་མའི་དུས་སུ་དེས། །གཞན་ལ་ཡང་དག་རབ་ཏུ་སྟོན། །ཇི་ལྟར་གང་གཱའི་བྱེ་མ་དག །མི་གང་གིས་ནི་མང་བརྗོད་པ། །དེ་སྙེད་འཇིག་རྟེན་ཁམས་རྣམས་སུ། །འོད་ཟེར་གཅིག་གིས་ཁྱབ་པར་བྱེད། །སངས་རྒྱས་ཞིང་རྣམས་ཐམས་ཅད་དག །བགྲང་བའི་ཚུལ་གྱིས་མི་མཆོད་པ། །གསེར་རྣམས་ཀྱིས་ནི་བཀང་ནས་སུ། །འཇིག་རྟེན་མགོན་ལ་ཕུལ་བ་བས། །འདི་ཡི་མཚན་ནི་ཐོས་ནས་སུ། །དགའ་བ་བཟང་པོ་སྐྱེས་གྱུར་ཏེ། །སངས་རྒྱས་ཕྱག་འཚལ་ཞེས་བརྗོད་པ། །དེ་ཡི་བསོད་ནམས་བསམ་མི་ཁྱབ། །འཇིག་རྟེན་མགོན་ནི་ཐམས་ཅད་ལ། །ཡང་དང་ཡང་དུ་ཕྱག་འཚལ་བ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ཚད་ནི་བཤད་པར་མི་ནུས་སོ། །གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཐོས་ནས་སོམ་ཉི་མི་ཟ་བ། །དེ་ཡི་ལུས་ནི་འོད་ཟེར་གྱིས། །ཁྱབ་ཅིང་རིན་པོ་ཆེ་ལྟར་འགྱུར། །གང་ཞིག་ཐུབ་པའི་མཚན་འཛིན་པ། །དེ་ནི་རྣམ་པར་འདས་གྱུར་ནས། །ལྷ་ཡི་ཙན་དན་དམར་པོ་ཡི། །དྲི་ཞིམ་ཁ་ནས་རབ་ཏུ་འབྱུང་། །སྐྱོབ་པ་སེམས་ཅན་སྙིང་པོ་ཡི། །སངས་རྒྱས་ཀྱི་ནི་མཚན་ཐོས་པ། །བ་སྤུའི་ཁུང་ནས་འོད་ཟེར་དག །བཀྱེ་བས་ལུས་ཀྱང་མཛེས་པར་འགྱུར། །ཚེ་རབས་དག་ནི་ཐམས་ཅད་དུ། །ཐོས་པ་མང་པོར་འགྱུར་བ་སྟེ། །ཀུན་དགའ་སངས་རྒྱས་ཅི་འདྲ་བའི། །དཔག་ཏུ་མེད་པའི་ཐོས་པའང་འཛིན། །འཇིག་རྟེན་སྣང་བྱེད་དེས་མཐོང་ནས། །གཞལ་གྱིས་མི་ལང་དགའ་བ་འཐོབ། །བྱང་ཆུབ་སྤྱད་པ་སྤྱོད་པ་ན། །ཚེ་རབས་དག་ནི་དྲན་པར་འགྱུར། །རྒྱལ་བའི་ཐུགས་སྲས་མཐོང་ནས་ཀྱང་། །གཞལ་གྱིས་མི་ལང་དགའ་བ་འཐོབ། །


DKG059_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་མེ་ཏོག་བྱུག་རྣམས་ཀྱིས། །མཆོད་པ་དག་ནི་རྒྱ་ཆེན་བྱེད། །འཇིག་རྟེན་མགོན་པོ་དེ་ཡི་མཚན། །བརྗོད་པ་འཛིན་པར་མི་བྱེད་དེ། །བདུད་ཀྱི་ཕྱོགས་དང་སྔོན་ཀྱང་ནི། །མུ་སྟེགས་གྱུར་པ་མ་གཏོགས་སོ། །ང་ཡིས་ཚུལ་འདི་བཤད་པ་ན། །སྔོན་ནི་གང་གིས་འདི་ཐོས་པ། །ཕྱི་མའི་དུས་ཀྱི་ཚེ་དག་ཏུ། །དེ་ཡི་ལག་ཏུ་མདོ་སྡེ་འཐོབ། །དེ་ཡིས་མདོ་སྡེ་དམ་པ་འདི། །བཤད་པ་དག་ནི་སུས་ཐོས་པ། །སྔོན་ནི་མཆོད་ཅིང་བཀུར་སྟི་བྱས། །དེ་ཡི་ལག་ཏུ་འདི་འཐོབ་བོ། །གང་གིས་སྨོན་ལམ་བཏབ་པ་ནི། །ཕྱི་མའི་དུས་ཀྱི་ཚེ་དག་ཏུ། །ཆོས་ཀྱི་རྒྱལ་པོས་གསུངས་པ་ཡི། །མདོ་འདི་ལག་ཏུ་འཐོབ་པར་འགྱུར། །གང་ཞིག་སེམས་ནི་རྩེ་གཅིག་གིས། །སངས་རྒྱས་གྲངས་མེད་བཀུར་སྟི་བས། །མདོ་འདི་ལ་ནི་གང་དད་པ། །དེ་བས་བསོད་ནམས་འདི་མང་འགྱུར། །རྟག་ཏུ་གཟུགས་བཟང་བསོད་ནམས་ལྡན། །ཤིན་ཏུ་འཇིགས་མེད་ལོངས་སྤྱོད་ལྡན། །དྲན་དང་ལྡན་ཞིང་མཚན་རྣམས་ཀྱིས། །མངོན་པར་བརྒྱན་པ་དག་ཏུ་འགྱུར། །དེ་ལྟ་བས་ན་མདོ་སྡེ་འདི། །ཐོས་ནས་ཕྱི་མའི་དུས་ཀྱི་ཚེ། །བཟུང་ཞིང་ཡང་དག་བསྟན་པ་དང་། །གཞན་དག་ལ་ཡང་བསྟན་པར་གྱིས། །གང་གིས་སངས་རྒྱས་འཁོར་ལོས་སྒྱུར། །འབུམ་ཕྲག་དག་ལ་བཀུར་བྱས་པས། །ཕྱི་མ་ཡི་ནི་དུས་དག་ཏུ། །དེས་མཐོང་བ་ལ་སོམ་ཉི་མེད། །གང་གིས་སྔོན་ནི་འཇིག་རྟེན་མགོན། །གྲངས་མེད་པ་ལ་བསྙེན་བཀུར་བས། །དེ་ཡི་འཇིག་རྟེན་མགོན་འདི་ཡི། །ཐོས་ཤིང་མཐོང་ལའང་ཡིད་ཆེས་སོ། །གང་ཞིག་མཚན་འདི་ཐོས་ནས་སུ། །སངས་རྒྱས་ཀྱི་ནི་གཟུགས་བྱེད་པ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་དང་ནི་དམ་ཆོས་བསྲུང་། །གང་ཞིག་བྱང་ཆུབ་བསྟན་སྤངས་ན། །བསྐལ་པ་བྱེ་བ་དག་ཏུ་ནི། །ལུག་ལྟར་ལྐུགས་ཤིང་མིག་ཉམས་ལ། །མིག་མེད་པ་དག་ཏུ་ཡང་འགྱུར། །གང་ཞིག་ལག་པ་གཅིག་གིས་ནི། །མཆོད་རྟེན་གྲངས་མེད་བཤིག་བྱས་པས། །གང་གིས་མདོ་སྡེ་འདི་སྤངས་ན། །ཁྱད་ཆོས་སྡིག་པར་འདི་འགྱུར་རོ། །དེ་ལྟ་བས་ན་ང་སྨྲ་བ། །ཕྱི་མའི་དུས་ཚེ་འདི་རྙེད་ནས། །


DKG059_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཡེ་ཤེས་བླ་མེད་ལ། །སོམ་ཉི་ཟ་བར་མ་བྱེད་ཅིག །མདོ་སྡེ་འདི་འདྲ་འདི་ཐོས་ནས། །མེ་ཏོག་སྤོས་དང་འཕན་རྣམས་དང་། །གདུགས་དང་ཕྱེ་མ་གོས་རྣམས་ཀྱིས། །གུས་པར་བྱས་ཏེ་མཆོད་པར་གྱིས། །དེར་ནི་དེ་བཞིན་གཤེགས་པ་ཡི། །ཕྱག་མཉེན་ཤིན་ཏུ་འཇམ་པ་ཡིས། །ལིཙྪ་བཱི་ཡི་མགོ་བོ་ལ། །ཡང་དང་ཡང་དུ་བྱུག་པ་མཛད། །དེ་ཡི་རྗེས་ལ་ལྷ་རྣམས་ཀྱིས། །སྒྲ་སྐད་ཆེན་པོ་ཕྱུང་གྱུར་ཅིང་། །ལྷ་ཡི་མེ་ཏོག་ཀུ་སུ་མ། །ཡིད་འོང་གཏོར་ཅིང་ཞིང་འདི་བཀང་། །ལྷ་རྣམས་མཁའ་ལ་འདུག་ནས་སུ། །གླུ་དབྱངས་དཔག་ཏུ་མེད་པ་ལེན། །ཚངས་པ་དག་ནི་བྱེ་བ་ཡིས། །ཙན་དན་དམར་པོའི་ཆར་ཕབ་པོ། །དེ་བཞིན་གཤེགས་པས་མདོ་སྡེ་འདི། །གསུངས་ཚེ་དྲ་བ་ཅན་ཐོས་ཏེ། །སེམས་ནི་རངས་ཤིང་ཡིད་དགའ་ནས། །དེ་བཞིན་གཤེགས་ལ་ཚིག་གསོལ་བ། །ཕྱི་མའི་དུས་སུ་བདག་གིས་ནི། །དགེ་སློང་བགྱིས་ལ་མི་འཇིགས་པར། །གྲོང་དང་གྲོང་ཁྱེར་རྣམས་དག་ཏུ། །མདོ་སྡེ་འདི་ནི་བཤད་པར་བགྱི། །སངས་རྒྱས་བཀའ་བཞིན་བདག་བགྱིད་དེ། །རྫོགས་སངས་རྒྱས་ལ་དཔལ་གྱིས་གསུངས། །དཔག་ཚད་བྱེ་བར་མཆིས་ནས་སུ། །འདི་ཡི་ཚུལ་ནི་བཤད་པར་བགྱི། །ལྷ་ཀུན་དང་ནི་ཀླུ་རྣམས་དང་། །ཡང་ན་མིའམ་ཅི་དང་ནི། །མི་མ་ཡིན་རྣམས་མགྲོན་གཉེར་ཏེ། །ཆོས་ཀྱི་སྦྱིན་པས་ཚིམ་པར་བགྱི། །བླ་ན་མེད་པའི་མདོ་སྡེ་འདི། །སངས་རྒྱས་ཀྱིས་ནི་གསུངས་པ་ན། །ལྷ་མ་ཡིན་ཚོགས་དགའ་གྱུར་ནས། །མེ་ཏོག་དཔག་ཏུ་མེད་པ་འཐོར། །སངས་རྒྱས་ཀྱི་ནི་ཞིང་འདི་དག །མི་མཆོག་ཤཱཀྱ་སེང་གེ་ཡི། །ཆོས་ཀྱི་རྒྱལ་པོའི་སྤུ་གཅིག་གིས། །ཞིང་རྣམས་ཐམས་ཅད་སྣང་བར་མཛད། །སེམས་ཅན་སྙིང་པོའི་བདག་ཉིད་ཅན། །སྟོན་པ་ཡི་ནི་ལྗགས་ཕྱུང་ནས། །གང་གཱའི་བྱེ་མ་སྙེད་དག་གི །ཞིང་རྣམས་བྱེ་བ་ཁེབས་པར་མཛད། །དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་གྱི། །ཞིང་རྣམས་བྱེ་བ་ཁེབས་མཛད་དེ། །གཞོན་ནུ་རིན་ཆེན་དྲ་བ་ཅན། །དཔའ་བོ་དང་ནི་ལིཙྪ་བཱི། །བྱེ་བ་དྲུག་ཅུ་ཙམ་དག་ནི། །ལྷན་ཅིག་ལྷགས་ལ་བཀའ་སྩོལ་ཅིག །དེ་ནས་དེར་ནི་སྟོན་པ་ཡིས། །


DKG059_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཆོས་ལ་གཟུད་པར་མཛད། །བདེ་བ་ཐམས་ཅད་སྦྱིན་མཛད་པ། །སངས་རྒྱས་སྤྱན་ནི་ཐོགས་པ་མེད། །དེ་བཞིན་གཤེགས་རྣམས་དཔག་མེད་དེ། །སངས་རྒྱས་ཆོས་ལ་ཐེ་ཚོམ་སྤོང་། །སངས་རྒྱས་ཡེ་ཤེས་ཐོགས་མེད་དེ། །དུས་གསུམ་རྣམས་ལའང་འཇུག་པར་མཛད། །ཆོས་རྣམས་ཀུན་ལ་མངའ་བརྙེས་པས། །སངས་རྒྱས་ལ་ནི་མི་མཁྱེན་མེད། །ཕུང་པོ་རྣམས་ནི་མེད་པའོ་ཞེས། །མི་ཡི་འདྲེན་པ་སྟོན་པར་མཛད། །ཁམས་བཞི་དག་ནི་གསོག་དང་འདྲ། །གང་དུའང་སྒྲ་ལ་ཆགས་པ་མེད། །གཟུགས་དང་ཚོར་བ་འདུ་ཤེས་དང་། །སེམས་པ་དང་ནི་འདུ་བྱེད་དང་། །རྣམ་ཤེས་ཕུང་པོའི་སྙིང་པོ་ནི། །མེད་པ་དག་ཏུ་ཤེས་པར་གྱིས། །སངས་རྒྱས་ཀྱིས་ནི་གསུངས་པ་བཞིན། །དེ་ལྟར་ཕུང་པོ་རྣམས་ཕྱེ་ན། །མྱུར་དུ་གཟུངས་རྣམས་འཐོབ་འགྱུར་ཞིང་། །ཤིན་ཏུ་རྨོངས་པ་མེད་པར་འགྱུར། །ཆོས་རྣམས་དག་ནི་གསོབ་དང་འདྲ། །ཐམས་ཅད་སྟོང་ཞིང་བདག་མེད་དོ། །རྩོད་པ་མེད་ཅིང་རྨོངས་མེད་པ། །དེ་སྐད་དེ་བཞིན་གཤེགས་པས་གསུངས། །གཞོན་ནུ་ལྷོ་ཕྱོགས་ལོགས་ན་གཞོན་ནུ་དཔེ་སྔ་མ་ལྟ་བུ་ལས་ཉིས་གྱུར་གྱི་རྡུལ་ཕྲ་མོའི་རྡུལ་བགྲངས་པའི་ཚུལ་གྱིས་སངས་རྒྱས་ཀྱི་ཞིང་བཅུ་གཉིས་འདས་པ་ན་དེ་ན་ཟླ་བས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་འོག་ཏུ་འོད་ཟེར་རབ་ཏུ་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་ཁྲིར་འཇུག་པ་འཐོབ་པར་འགྱུར། གཟུངས་ཀྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དྲུག་ཅུ་པོ་རྒྱ་


DKG059_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལྟ་བུ་ཞེས་བྱ་བའི་གཟུངས་ལ་སོགས་པ་ནས་རིན་པོ་ཆེའི་མཛོད་ཀྱི་གཟུངས་ལ་ཐུག་པའི་བར་ལ་འཇུག་པ་འཐོབ་ཅིང་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དེ་དག་ལ་རྨོངས་པར་ཡང་མི་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་ཤར་ཕྱོགས་ནས་སངས་རྒྱས་བྱེ་བ་གཤེགས་ནས་ཞལ་སྟོན་པར་མཛད་དེ། ཕྱོགས་ཐམས་ཅད་ནས་ཀྱང་དེ་དང་འདྲའོ། །གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གསུང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་འཛིན་པར་འགྱུར། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེའི་ཆོས་ཀྱི་ཚུལ་དེ་འཇིག་པར་མི་འགྱུར། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནས་བཟུང་ནས་བསྐལ་པ་ལྔ་བརྒྱར་འཁོར་བ་ལས་ཕྱིར་ཕྱོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །མི་ཡི་དབང་པོ་འཇིག་རྟེན་མགོན། །སྐྱོབ་པ་ཡི་ནི་མཚན་ཐོས་པ། །བསྐལ་པ་ལྔ་བརྒྱ་ཐམ་པ་ཡི། །འཁོར་བ་དག་ནི་བཟློག་པར་འགྱུར། །འཆི་བ་དག་གི་དུས་ཚེ་ཡང་། །སངས་རྒྱས་བྱེ་བ་སྟོན་པར་མཛད། །མཐོང་ནས་དབང་པོས་ཕྱག་འཚལ་ཏེ། །ཆོས་ཀྱང་ཉན་ཅིང་འཛིན་པར་འགྱུར། །དེ་བཞིན་གཤེགས་པའི་མཚན་ཐོས་པ། །སྤྱད་པ་དམ་པ་སྤྱོད་པ་ན། །དེ་ཡིས་བསྟན་པའི་ཆོས་གང་དག །བསྐལ་པ་བྱེ་བར་ཆུད་མི་གསོན། །སངས་རྒྱས་ཀྱི་ནི་མཚན་བསྒྲགས་པས། །རིན་ཆེན་ཞེས་བྱའི་ཏིང་ངེ་འཛིན། །སྟོང་ཕྲག་བདུན་ཅུ་དེ་ཚེ་འཐོབ། །ཡོན་ཏན་བྱེ་བར་སྒྲོགས་པར་འགྱུར། །གང་ཞིག་ཐུབ་པའི་མཚན་འཛིན་པ། །ཏིང་འཛིན་གྲངས་མེད་བྱེ་བ་དང་། །དེ་བཞིན་ས་ཡ་དྲུག་ཅུ་དག །དེ་ལ་ཉེ་བར་གནས་པར་འགྱུར། །དེ་བས་མཉམ་བཞག་དཔའ་བོ་ཡིས། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་མང་པོ་སྟོང་རྣམས་དག །བྱང་ཆུབ་མཆོག་ལ་འཇོག་པར་བྱེད། །བྱང་ཆུབ་མ་རྫོགས་བར་དུ་ནི། །ནམ་ཡང་འདོད་ལ་མི་བསྟེན་ཏེ། །སེམས་ཅན་གཞན་ཡང་སངས་རྒྱས་ཀྱི། །མཚན་བསྟན་རྣམས་ནི་ཟློག་པར་བྱེད། །གང་ཞིག་སངས་རྒྱས་མཚན་


DKG059_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས། །སྲོག་ཆགས་ཀུན་ལ་འདི་སྟོན་པ། །ནམས་ཀྱང་མི་ཁོམ་མི་འགྱུར་ཞིང་། །དེ་ཡི་དལ་བ་རྙེད་མི་དཀའ། །ཤིན་དུ་བཟུང་བ་སངས་རྒྱས་དག །འབྱུང་བ་མཉེས་པར་བྱས་པས་ནི། །ང་ཡི་མི་ཁོམ་གང་བསྟེན་པ། །དེ་དག་ཐམས་ཅད་སྤང་བར་འགྱུར། །ཇི་ལྟར་འདྲེན་པ་མཁྱེན་པ་བཞིན། །གཞོན་ནུ་གལ་ཏེ་ཁྱོད་ཤེས་ན། །སྟོན་པའི་མཚན་ནི་བཟུང་ནས་སུ། །ཕྱོགས་ཀུན་ཏུ་ནི་རབ་ཏུ་སྒྲོགས། །དེ་བས་གཞོན་ནུ་གཞན་དག་ལ། །མཚན་འདི་རབ་ཏུ་བསྟན་བྱས་ན། །ཡང་དག་བྱང་ཆུབ་འདི་བཟུང་ཞིང་། །འཇིག་རྟེན་གྱི་ནི་མགོན་དུ་འགྱུར། །གང་ཞིག་སངས་རྒྱས་མཚན་ཐོས་ནས། །གཡེང་བ་མེད་པར་འདི་བཟུང་སྟེ། །སོང་ནས་གཞན་དག་ལ་སྟོན་པ། །དེ་ནི་བྱང་ཆུབ་མངོན་དུ་བསྲུང་། །གང་ཞིག་མདོ་སྡེ་འདི་ཐོས་ནས། །གཞན་དག་ལ་ནི་རབ་སྟོན་ན། །ལེགས་པར་གསུངས་པའི་ཆོས་ཀྱི་ཚུལ། །བསྟན་པ་འདི་དག་སྲུང་བར་བྱེད། །གཞོན་ནུ་ནུབ་ཕྱོགས་ལོགས་ན་གཞོན་ནུ་དཔེ་སྔ་མ་ལྟ་བུ་དེ་ལས་སུམ་འགྱུར་གྱི་རྡུལ་ཕྲ་མོའི་རྡུལ་བགྲངས་པའི་ཚུལ་གྱིས་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དག་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་ཆེན་བཀྲ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་ཞིག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་དུས་འོག་དུ་ཆོས་ལྔ་འཛིན་པར་འགྱུར་ཏེ། ལྔ་གང་ཞེ་ན། ལུས་ཞིག་ནས་སངས་རྒྱས་འབྱུང་བ་དང་། དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་དང་། མངོན་པར་ཤེས་པ་ལྔ་དང་། ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ཏེ། དེ་ཡང་སྟོང་འཁྱིལ་བའི་གཟུངས་དང་། བྱང་ཆུབ་ཐོབ་ཀྱི་བར་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་འཐོབ་པ་སྟེ། ཆོས་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་


DKG059_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་མི་ཡི་ཁྱུ་མཆོག་སྐྱོབ་པའི་མཚན། །ཐོས་ནས་སོམ་ཉི་མེད་ཅིང་དད་བསྐྱེད་ནས། །དེ་ཡི་ཆོས་ལྔ་དེ་དག་འཛིན་འགྱུར་ཞིང་། །བྱང་ཆུབ་ཐོབ་པའི་བར་དུ་འཇིག་མི་འགྱུར། །གསེར་གྱི་མདོག་འདྲའི་གཟུགས་དང་ལྡན་འགྱུར་ཞིང་། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དམ་མཆོག་མཁས། །བསོད་ནམས་ལྡན་པ་སྲེད་མེད་བུ་འདྲ་ཞིང་། །དམ་ཆོས་འཁོར་ལོ་བར་ཆད་མེད་པར་བསྐོར། །བསོད་ནམས་ལྡན་པ་བུ་སྟོང་ཡོད་འགྱུར་ཏེ། །དཔའ་ཞིང་རྟུལ་ཕོད་ཕ་རོལ་ཚོགས་འཇོམས་ལ། །ཡན་ལག་མཆོག་གི་གཟུགས་ལྡན་མཚན་གྱིས་བརྒྱན། །མཐུ་སྟོབས་ཆེ་བ་རྒྱལ་པོ་གཙོ་ཉིད་འདྲ། །རྒྱལ་པོའི་ཆུང་མ་གཟུགས་བཟང་གཟུགས་མཛེས་པ། །གསེར་གྱི་མདོག་འདྲ་མང་པོ་སྟོང་ཡོད་འགྱུར། །ཕྱི་ནས་ཉལ་ཞིང་སྔར་ནི་ལྡང་བྱེད་དེ། །རྒྱལ་པོ་གཙོ་ལ་ནམས་ཀྱང་སྐྱོ་མི་བྱེད། །རྒྱལ་ཕྲན་གང་དག་དེ་ཡི་ཡུལ་གནས་ཤིང་། །གང་དག་བློན་པོ་ཁྱིམ་བདག་གཙོ་བོ་ཀུན། །རྒྱལ་པོ་དེ་མཐོང་ནམས་ཀྱང་སྐྱོ་མི་བྱེད། །དེ་བས་དེ་ནི་བསོད་ནམས་དམ་མཆོག་ལྡན། །མཁས་མཆོག་ལྷ་རྣམས་ཀྱིས་ཀྱང་ཐུབ་པར་དཀའ། །མི་ཡི་འཇིག་རྟེན་དག་ན་གནོད་སྦྱིན་ཀླུ། །དེ་ཡི་ཡུལ་ན་སེམས་ཅན་གང་གནས་པ། །དེ་ཡིས་ཐམས་ཅད་བྱང་ཆུབ་སྙིང་པོར་འཇོག །རྒྱལ་སྲིད་རྒྱས་ཤིང་ཤིན་ཏུ་ལོ་ལེགས་དང་། །དེ་ཡི་རྒྱལ་སྲིད་བདེ་ཞིང་སངས་རྒྱས་འབྱུང་། །དེ་དག་ལ་ནི་མཆོད་པ་དམ་པ་བྱེད། །རྒྱལ་པོ་བདག་ཡུལ་ནམས་ཀྱང་སྡང་སེམས་མེད། །སངས་རྒྱས་མཚན་མཆོག་ཐོས་ནས་མཁས་པ་གང་། །སོམ་ཉི་ཟ་ཞིང་མི་དགའ་སུ་ཞིག་ཡོད། །མདོ་སྡེ་དམ་པ་དེ་རིང་ངས་བཤད་པའི། །ཆོས་མཆོག་འདི་ཡིས་དེ་ལ་ཕན་འདོགས་འགྱུར། །གཞན་དུ་གང་གིས་སྔོན་གྱི་རྒྱལ་རྣམས་ཀྱིས། །ཆོས་སྤངས་གྱུར་པའམ་བདུད་ཀྱིས་ཟིན་པའམ། །སེམས་ཅན་སྙིང་པོ་རྒྱལ་བ་མཆོག་དག་ནི། །སྔོན་ཆད་སྤྱོད་ཚེ་ཁྱད་དུ་བསད་མ་གཏོགས། །གཞོན་ནུ་གང་ཞིག་རྒྱལ་པོའི་ཕོ་བྲང་དང་། །ལིཙྪ་བཱི་བཀོད་དགའ་བ་འདི་དག་དང་། །ཤཱཀྱ་སེང་གེ་ང་ནི་མ་མཐོང་བ། །དེ་དག་


DKG059_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཚན་ཐོས་སོམ་ཉི་ཟ། །གཞོན་ནུ་བྱང་ཕྱོགས་ལོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་གཞོན་ནུ་དཔེ་སྔ་མ་ལྟ་བུ་དེ་ལས་སུམ་འགྱུར་གྱིས་སངས་རྒྱས་ཀྱི་ཞིང་དྲུག་ཅུ་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་ཆེན་དྲ་བས་གཡོགས་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ཞིང་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེའི་ཚེ་འདས་པའི་འོག་ཏུ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་བར་འགྱུར། དེ་སྙེད་ཀྱི་བསྐལ་པ་བྱེ་བར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར། དབྱངས་སྙན་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །བུད་མེད་གང་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ཞིང་ཐེ་ཚོམ་མི་སྐྱེ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ་བུད་མེད་ཀྱི་དབང་པོ་རྣམ་པར་སྤངས་པར་འགྱུར་ཞིང་སྐྱེས་པའི་དབང་པོ་འཐོབ་པར་འགྱུར། སེམས་ཅན་མང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་འཇོག་པར་འགྱུར། དབྱངས་སྙན་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་རྐང་གཉིས་དམ་པ་དེ་ཡི་མཚན། །ཐོས་ནས་ནམས་ཀྱང་སོམ་ཉི་མི་ཟ་བ། །བསྐལ་པ་བྱེ་བ་གང་གཱའི་བྱེ་མ་


DKG059_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད། །དེས་སྤངས་མྱ་ངན་མེད་པའི་སྐྱེས་པར་འགྱུར། །གང་གཱའི་བྱེ་སྙེད་སངས་རྒྱས་དུ་མ་དག །མཐོང་ནས་དེ་དག་ལ་ནི་མཆོད་པར་བྱེད། །དེ་སྙེད་སངས་རྒྱས་དེ་ཡི་ཚེ་གཅིག་གིས། །སངས་རྒྱས་མཆོད་ནས་རྒྱལ་བ་མྱ་ངན་འདའ། །བྱང་ཆུབ་དམ་པ་སྤྱོད་མཆོག་སྤྱོད་པ་ན། །གང་གིས་སྐྱེས་བུ་ཁྱུ་མཆོག་མཚན་ཐོས་ནས། །ནམས་ཀྱང་སོམ་ཉི་མེད་ཅིང་འཛིན་བྱེད་ན། །དེ་འདྲའི་ཁྱད་པར་དེ་ཡིས་འཐོབ་པར་འགྱུར། །གང་གིས་རྐང་གཉིས་མཚན་མཆོག་གཙོ་བོ་འདི། །ཐོས་ནས་ནམས་ཀྱང་སོམ་ཉི་མི་ཟ་བ། །རང་བྱུང་ཡེ་ཤེས་སངས་རྒྱས་ཉིད་འགྱུར་ཞིང་། །མཁས་པས་དབྱངས་སྙན་ཏིང་འཛིན་ཐོབ་པར་འགྱུར། །བྱང་ཆུབ་དམ་པ་སྤྱད་མཆོག་སྤྱོད་པ་ན། །དག་པའི་བདག་ཉིད་སྐྱེས་པའི་དབང་པོ་ཐོབ། །ཡོན་ཏན་ཀུན་དང་ལྡན་ཞིང་མཛེས་པ་སྟེ། །དེ་འདྲའི་ཁྱད་པར་དེ་ཡིས་ཐོབ་པར་འགྱུར། །ཕྱོགས་རྣམས་ཀུན་ནི་རབ་ཏུ་སྣང་བྱེད་ཅིང་། །ས་ཡ་མཐའ་ཡས་ཞིང་དུ་སོང་ནས་སུ། །འཇིག་རྟེན་སྤྱོད་པ་ཐུབ་པ་ཆེ་མཐོང་ནས། །མྱ་ངན་བྲལ་ཏེ་བྱང་ཆུབ་ཕྱིས་རིག་འགྱུར། །ཐུབ་དབང་ཆེན་པོ་དེ་བཞིན་གཤེགས་པ་ནི། །དེ་ཡི་མཚན་འདིར་ཐོས་ནས་རྫུ་འཕྲུལ་མཆོག །དེ་འདྲའི་ཁྱད་པར་དག་ནི་ཐོབ་པར་འགྱུར། །བྱང་ཆུབ་འདོད་པ་གཞན་ཡང་ཐོབ་པ་ནི། །དྲི་བྲལ་བྱང་ཆུབ་འདུན་པ་བསྐྱེད་ནས་སུ། །རྒྱལ་བའི་མཚན་འདི་གཞན་ལའང་སྒྲོགས་པར་བྱེད། །ཟླ་བའི་དཀྱིལ་འཁོར་རབ་ཏུ་གསལ་བ་ལྟར། །དེ་ཡི་ཡོན་ཏན་དག་ཀྱང་དེ་འདྲར་འགྱུར། །སེམས་ཅན་མང་པོ་དུ་མ་བསམ་མི་ཁྱབ། །བྱང་ཆུབ་མཆོག་ལ་མཁས་པ་དེ་ཡིས་འཇོག །ཟླ་བ་མཁའ་ལ་གནས་པའི་གཞལ་མེད་ཁང་། །འོད་ཟེར་མང་པོ་བསགས་པས་མཛེས་པ་ལྟར། །གང་ཞིག་དེ་བཞིན་གཤེགས་པའི་མཚན་འཛིན་པ། །དེ་ཡི་ལུས་ཀྱང་དེ་འདྲའི་རྣམ་པས་མཛེས། །མཁས་པ་གང་ཞིག་རྒྱལ་བའི་མཚན་ཐོས་ནས། །སོམ་ཉི་ཟ་ཞིང་མི་དགའ་སུ་ཞིག་ཡོད། །བྱང་ཆུབ་སྤྱད་མཆོག་དམ་པ་སྤྱོད་པ་ན། །ཆོས་འདི་དག་གིས་དེ་ལ་ཕན་འདོགས་འགྱུར། །ཐུབ་པ་ཆེན་པོ་འཇིག་རྟེན་སྤྱོད་མཆོག་པས། །མཁས་པ་དེ་ནི་ཕོངས་པ་མྱོང་མི་འགྱུར། །


DKG059_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་འོག་གི་ཕྱོགས་ན་གཞོན་ནུ་དཔེ་སྔ་མ་ལྟ་བུའི་རྣམ་པ་དེ་བཞིན་དུ་དགུ་བཅུ་རྩ་དགུར་བསྒྱུར་བ་འདས་ནས་འཇིག་རྟེན་གྱི་ཁམས་རྒྱལ་མཚན་མཆོག་གི་བདག་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན་དེ་ཚེ་འདས་པའི་འོག་ཏུ་ཀུན་ནས་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་ཚང་བ་དག་མཐོང་བར་འགྱུར། ཤར་ཕྱོགས་སུ་ཇི་ལྟ་བ་བཞིན་ཕྱོགས་ཐམས་ཅད་དུ་ཡང་དེ་བཞིན་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་ཚང་བ་དག་མཐོང་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་གང་ཆོས་བསྟན་པ་དེ་དག་ཐམས་ཅད་ཀུན་དུ་འཛིན་པར་འགྱུར། བྱང་ཆུབ་ལ་ཐུག་གི་བར་དུ་སངས་རྒྱས་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུར་འཁོར་བ་ལས་ཕྱིར་ཕྱོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་འཇིག་རྟེན་འདི་ན་སངས་རྒྱས་ཀྱི། །ཡོན་ཏན་རྒྱ་མཚོའི་མཚན་མཆོག་ཐོབ་གྱུར་པ། །དེས་ནི་སངས་རྒྱས་བྱེ་བ་ཁྲི་རྣམས་ལ། །མྱུར་དུ་མཆོད་པ་བླ་མེད་རབ་ཏུ་བྱེད། །མཐའ་ཡས་དྲི་མེད་ཁྱད་པར་མཆོད་བྱས་ཤིང་། །སྲིད་པ་ཀུན་ཏུ་སངས་རྒྱས་ཆེ་རྣམས་ཀྱི། །ཉི་མ་མཛད་པའི་སྤྱད་པ་སྤྱོད་ནས་སུ། །ཕྱིས་ནི་བྱང་ཆུབ་དྲན་དབང་དེས་རེག་འགྱུར། །ཇི་ལྟར་གང་གཱའི་བྱེ་སྙེད་རྣམ་པར་འདྲེན། །མང་པོ་དག་ནི་ཚེ་གཅིག་གིས་མཆོད་དེ། །ཀུན་ནས་འོད་ཟེར་ཏིང་ངེ་འཛིན་ཐོབ་ནས། །


DKG059_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིས་ནི་བྱང་ཆུབ་མྱ་ངན་མེད་རེག་འགྱུར། །བྱང་ཆུབ་དྲི་མེད་བྱང་ཆུབ་ཆེ་ཐོབ་ནས། །ཆོས་ཀྱི་འཁོར་ལོ་དམ་པ་རབ་ཏུ་བསྐོར། །སེམས་ཅན་སངས་རྒྱས་བྱང་ཆུབ་མཆོག་བཞག་ནས། །ཆར་ཆུས་མེ་བསད་ལྟར་ནི་མྱ་ངན་འདའ། །རྐང་གཉིས་འདྲེན་པ་མི་འདུལ་ཁ་ལོ་སྒྱུར། །བསོད་ནམས་ཞིང་སྟེ་བསོད་ནམས་ཕུང་པོ་གཅིག །དེ་ལ་མི་ཡིས་དད་པ་ཙམ་བསྐྱེད་ན། །སྐད་ཅིག་གིས་ནི་མི་ཁོམ་ཐམས་ཅད་སྤོང་། །གང་ཞིག་བདེ་བར་གཤེགས་ཀྱི་མཚན་འདོན་པ། །མི་ལུས་རྙེད་པ་དལ་བ་གཅིག་ཐོབ་ནས། །མཐའ་ཡས་རྒྱ་མཚོ་དེ་བཞིན་གཤེགས་བཞུགས་ལ། །མི་ཡི་མཁས་པ་བསོད་ནམས་རབ་ཏུ་བྱེད། །སངས་རྒྱས་མཚན་ནི་སྟོང་ཕྲག་བརྒྱ་ཙམ་དུ། །གོམས་བྱེད་དེ་ནི་རྗེས་འཐུན་བཟོད་པ་ཐོབ། །ལྷ་ཡི་མིག་ཐོབ་ཇི་ལྟར་ང་ཡིས་ནི། །སངས་རྒྱས་མར་མེ་མཛད་མཐོང་མེ་ཏོག་གིས། །གཏོར་བ་བྱས་ནས་བཟོད་པ་ཐོབ་གྱུར་པ། །དེ་འདྲའི་བཟོད་པ་དག་ནི་ཐོབ་པར་འགྱུར། །འཇིག་རྟེན་མགོན་པོ་འོད་མཛད་ཐུབ་པ་ཡི། །མཚན་ནི་ཐོས་ནས་སུ་ཞིག་ལུང་མི་ནོད། །གཞན་དུ་གང་ཞིག་མུ་སྟེགས་ཅན་གྱུར་པའམ། །ཕྲག་དོག་དག་གིས་ཉམས་པའི་མི་མ་གཏོགས། །འདྲེན་པ་སངས་རྒྱས་ཀྱི་ནི་མངོན་སུམ་དུ། །འདི་འདྲའི་མདོ་སྡེ་བཤད་པ་སུས་ཐོས་པ། །དེ་ནི་ཕྱི་དུས་དག་ཏུ་འདི་འཛིན་ཅིང་། །གཞན་དག་ལ་ཡང་རབ་ཏུ་སྟོན་པར་བྱེད། །གཞོན་ནུ་སྟེང་གི་ཕྱོགས་ན་སངས་རྒྱས་ཀྱི་ཞིང་འདི་ནས་གཞོན་ནུ་དཔེ་སྔ་མ་ལྟ་བུ་དེ་ལས་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ཞིག་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །གཞོན་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་དེའི་མཚན་ཐོས་ནས་སོམ་ཉི་མི་ཟ་


DKG059_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ་ནམས་ཀྱང་བརྩོན་འགྲུས་དམན་པར་མི་འགྱུར། ནམས་ཀྱང་འདོད་པ་ལ་སྟེན་པར་མི་འགྱུར། ནམས་ཀྱང་མའི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། ཕའི་སྡུག་བསྔལ་དང་། གཉེན་གྱི་སྡུག་བསྔལ་དང་། སྤུན་གྱི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། སྲིང་མོའི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། ནམས་ཀྱང་མཛའ་བོ་དང་། བཤེས་གཉེན་དང་། བློན་པོ་དང་། སྣག་གི་གཉེན་མཚམས་ཀྱི་སྡུག་བསྔལ་གྱིས་གོས་པར་མི་འགྱུར། ནམས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལུས་མ་བརྒྱན་པར་མི་འགྱུར། ནམས་ཀྱང་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་མང་བར་མི་འགྱུར། ནམས་ཀྱང་ནད་མང་བར་མི་འགྱུར། ནམས་ཀྱང་མྱ་ངན་མང་བར་མི་འགྱུར། བདེ་བ་མཐའ་ཡས་པ་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་ལ་ཐུག་གི་བར་དུ་ཡོན་ཏན་མཐའ་ཡས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པས་ཡོངས་སུ་བཟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་འཇིག་རྟེན་མགོན་པོའི་མཚན། །ཐོས་ནས་སོམ་ཉི་མི་ཟ་བ། །ནམས་ཀྱང་ཕ་མ་གཉེན་འདུན་གྱི། །ཚོགས་ཀྱི་སྡུག་བསྔལ་མི་མཐོང་ངོ་། །སྟེང་གི་ཕྱོགས་ན་རྐང་གཉིས་མཆོག །འཇིག་རྟེན་སྣང་བར་མཛད་པ་བཞུགས། །སྲིད་གསུམ་གསལ་བར་མཛད་ནས་སུ། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །རྫོགས་སངས་རྒྱས་པའི་མཚན་ཐོས་ནས། །དེ་ནི་གཞན་རྣམས་རབ་བསྟན་ན། །རྟག་ཏུ་སུམ་ཅུ་རྩ་གཉིས་ཀྱི། །མཚན་དག་གིས་ནི་བརྒྱན་པར་འགྱུར། །གང་ཞིག་ཐུབ་པའི་མཚན་འཛིན་ན། །དེ་ནི་ཤེས་རབ་མི་ཉམས་ཤིང་། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །བྱང་ཆུབ་སེམས་དཔའ་ལ་ཡང་མཆོད། །སངས་རྒྱས་ཀྱི་ནི་མཚན་བསྟན་པས། །ཕྱིས་ནི་བྱང་ཆུབ་སྤྱོད་པ་ན། །སངས་རྒྱས་བྱེ་བ་བསམ་མི་ཁྱབ། །ཤེས་རབ་ཅན་གྱིས་རྟག་མཆོད་འགྱུར། །སངས་རྒྱས་མཚན་དེ་གང་ཐོས་ནས། །གཞན་རྣམས་ལ་ཡང་རབ་སྟོན་ན། །དེ་འདྲའི་བསོད་ནམས་ཕུང་པོ་ཡི། །ཚད་ནི་


DKG059_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པར་མི་ནུས་སོ། །དེ་ལྟར་མཚན་འདི་ཐོས་པ་ནི། །ཕྱི་དུས་དག་ནི་མང་པོར་ཡང་། །བླ་མེད་སངས་རྒྱས་ཡེ་ཤེས་ལ། །དེར་ནི་སོམ་ཉི་ཟ་མི་བྱེད། །གང་གིས་རྫོགས་སངས་རྒྱས་མཐོང་ནས། །བཀུར་སྟི་རིམ་གྲོ་བྱས་པ་ནི། །ཕྱི་མའི་དུས་སུ་མདོ་སྡེ་འདི། །དེ་ཡི་ལག་ཏུ་འཐོབ་པར་འགྱུར། །ང་ནི་བྱང་ཆུབ་སེམས་དཔའ་ཡིས། །བསྐོར་དང་དྲ་བ་ཅན་སུས་མཐོང་། །དེས་ནི་མདོ་སྡེ་འདི་ཐོས་ནས། །དེ་ལ་སོམ་ཉི་ཟ་མི་འགྱུར། །དེ་བཞིན་གཤེགས་པ་དཔག་མེད་དེ། །སངས་རྒྱས་ཆོས་ལ་ཐེ་ཙོམ་སྤངས། །འདི་ལྟར་སྔོན་གྱི་སྤྱོད་པ་ནི། །བསྐལ་པ་བྱེ་བ་མང་བརྒྱར་སྤྱད། །ལག་པ་རྐང་པ་གཏོང་བ་དང་། །རྣ་བ་སྣ་དང་མགོ་བོ་དང་། །བུ་ཕོ་བུ་མོ་ཡུལ་འཁོར་དག །བྱིན་ལ་ཡིད་ནི་མི་དགའ་མེད། །གང་ཞིག་མདོ་སྡེ་འདི་ཐོས་པ། །ཕྱི་མའི་དུས་ན་རྙེད་ནས་ནི། །གཞན་དག་ལ་ཡང་སྟོན་བྱེད་ན། །དེ་ནི་མཆོད་པའི་འོས་སུ་འགྱུར། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ། །མངོན་རྫོགས་བྱང་ཆུབ་འདོད་གང་གིས། །ནམ་ཡང་འཇིག་རྟེན་མགོན་པོ་ཡི། །བསྟན་ལ་སོམ་ཉི་མ་ཟ་ཅིག །དེ་ལྟར་མདོ་སྡེ་འདི་ཐོས་ནས། །གཡོ་སྒྱུ་མེད་པའི་མིས་ཟུང་ལ། །འཆག་པ་དག་ཏུའང་ཡང་དང་ཡང་། །མདོ་སྡེ་འདི་ནི་བརྗོད་པར་བགྱི། །བརྗོད་བྱས་ཟླ་བ་གསུམ་དག་ཏུ། །ཚང་བར་ཤིན་ཏུ་ཡང་བརྗོད་ན། །ཆོས་རྣམས་ཐམས་ཅད་འཛིན་བྱེད་པའི། །གཟུངས་ཀྱི་ཡེ་ཤེས་ཐོབ་པར་འགྱུར། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པར་རིག་ནས་རིན་ཐང་མེད་པའི་རས་བཅོས་བུ་གསེར་གྱིས་བརྒྱན་པ་ཟུང་གཅིག་བཅོམ་ལྡན་འདས་ལ་མངོན་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཇི་ལྟ་བུས་བཅོམ་ལྡན་འདས་ཀྱི་སྐུ་ཐམས་ཅད་ཀྱི། བ་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བྱུང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་གྲངས་མེད་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྣང་བར་གྱུར་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན་གང་དག་སྐྱེས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་འདི་ན་དེ་བཞིན་


DKG059_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་འཁོར་གྱི་དཀྱིལ་འཁོར་དུ་སེམས་ཅན་གང་དག་འདུས་པ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་མཐོང་བ་དང་། དེའི་ཚེ་གང་གཱའི་ཀླུང་གི་བྱེ་མ་སྙེད་དགུ་བཅུ་རྩ་དགུ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་བཞི་པོ་ལ་སྣང་བར་གྱུར་པ། དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པས་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་ལ་བཀའ་སྩལ་པ། གཞོན་ནུ་ཁྱོད་ཀྱིས་སྟེང་གི་ཕྱོགས་ལོགས་ན་སངས་རྒྱས་བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མི་ཁྱབ་པ། འདི་ལྟར་གཞལ་གྱིས་མི་ལང་བ། འདི་ལྟར་ཐུག་པ་མེད་པ། འདི་ལྟར་ཚད་མེད་པ། འདི་ལྟར་བརྗོད་ཀྱིས་མི་ལང་བ་དེ་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཀའ་སྩལ་པ། རིགས་ཀྱི་བུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷ་དང་མི་རྣམས་ཀྱི་མིང་གི་ཚོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཆེས་མང་སྟེ། རེ་རེ་ལ་ཡང་མཚན་གྱི་ཚོགས་གྲངས་མེད་བསམ་གྱིས་མི་ཁྱབ་པ་ཡོད་དེ། འདི་ལྟར་ཤར་ཕྱོགས་ན་དེ་བཞིན་གཤེགས་པ་ལེགས་པར་རབ་ཏུ་ཞི་བའི་དཔལ་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་མེ་ཏོག་རྒྱས་པ་སཱ་ལའི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རིན་ཆེན་འོད་ཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་ཏེ། དེ་བཞིན་གཤེགས་པ་གཅིག་གི་མཚན་ཇི་ལྟ་བར་དེ་བཞིན་གཤེགས་པ་སོ་སོའི་མཚན་ཡང་དེ་དང་འདྲ་བར་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། དེ་བཞིན་དུ་འོག་གི་ཕྱོགས་


DKG059_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེ་བཞིན་དུ་སྟེང་གི་ཕྱོགས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་གྱི་ཕྱོགས་རེ་རེ་ན་དེ་བཞིན་གཤེགས་པའི་མཚན་གཅིག་པ་ཡང་གྲངས་མ་མཆིས་ལ། དེ་བཞིན་གཤེགས་པའི་མཚན་ཐ་དད་པ་ཡང་བཞུགས་སོ། །བཀའ་སྩལ་པ། གཞོན་ནུ་ཁྱོད་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་གནས་པ་དེ་བས་ཀྱང་ཆེས་ལྷག་པའི་སངས་རྒྱས་བཅོམ་ལྡན་འདས་དག་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །དེ་ནས་ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་མགུ་ཞིང་དགའ་ལ་ཡི་རངས། རབ་ཏུ་དགའ་ཞིང་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དེའི་ཚེ་ས་ཆེན་པོ་གཡོས་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་སྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་དགའ་བ་དང་། དགེ་བའི་རྩ་བ་སྐྱེད་པའི་སྣང་བ་ཆེན་པོ་བྱུང་བར་གྱུར་ཏོ། །ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ནམ་མཁའ་ལ་འཁོད་ནས། ལྷའི་འཛམ་བུ་ཆུ་བོའི་གསེར་གྱི་ཕྱེ་མ་རྣམས་གཏོར་ཏོ། །ཚངས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་ལྷའི་ཙན་དན་དམར་པོའི་ཕྱེ་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་ལྷའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་རིན་པོ་ཆེའི་གདུགས་སྟོང་ཕུལ་ལོ། །ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ངུས་ཏེ། གནས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་རྗེས་སུ་དྲན་ནོ། །འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་ཀྱང་ཆོ་འཕྲུལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་རབ་ཏུ་བསྟན་ཏོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། བྱེ་བ་བརྒྱ་ཕྲག་དུ་མ་ཡི། །ལྷ་རྣམས་ཁོ་ར་ཁོར་ཡུག་ནས། །ཙན་དན་དམར་པོ་ཞིབ་མོ་ཡིས། །རྫོགས་སངས་རྒྱས་ལ་འཐོར་བར་བྱེད། །བརྒྱ་བྱིན་བྱེ་བ་ཕྲག་སྟོང་དག །མཁའ་ལ་གནས་ནས་འཛམ་བུ་ཡི། །ཆུ་བོའི་གསེར་ཕྱེ་མང་པོ་ཡིས། །དེ་བཞིན་གཤེགས་ལ་འཐོར་བར་བྱེད། །ཚངས་པ་བྱེ་བ་ཉེར་ལྷགས་ནས། །ཙན་དན་དམར་པོའི་ཕྱེ་མ་ཡིས། །རྫོགས་སངས་


DKG059_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ལ་འཐོར་བྱེད་ཅིང་། །སྒྲ་དབྱངས་སྙན་པ་ཀུན་དུ་སྒྲོགས། །དྲི་མ་མེད་པའི་འོད་རིག་ནས། །ནམ་མཁའ་ལ་ནི་ལྷ་འཁོད་དོ། །གླུ་དབྱངས་དཔག་ཏུ་མེད་པ་ལེན། །མཁའ་ལ་རས་ཀྱིས་གཡོབ་པར་བྱེད། །ནམ་མཁའ་ལ་ནི་ལྷ་འཁོད་དེ། །པད་མ་བརྒྱ་ཕྲག་སྟོང་བླངས་ནས། །འཇིག་རྟེན་གསལ་ལ་སྟོན་བྱེད་ཅིང་། །རྒྱལ་མཚན་ལ་སོགས་མཆོད་པ་བྱེད། །ཟླ་མེད་རྒྱལ་མཆོག་ཐུབ་དབང་ལ། །རབ་ཏུ་ཡིད་དགས་ཕྱག་འཚལ་ཞིང་། །བསྟོད་བྱེད་ནོར་བུ་རིན་ཆེན་དང་། །མུ་ཏིག་རྒྱན་ཕྲེང་འཐོར་བར་བྱེད། །མི་ནི་བྱེ་བ་འབུམ་ཐམ་པ། །རྒྱལ་མཆོག་ཟླ་མེད་པ་ལ་མཆོད། །སྔོན་གྱི་གནས་བརྒྱ་རྗེས་དྲན་ཞིང་། །ཐུབ་མཆོག་བླ་མེད་མགོས་ཕྱག་འཚལ། །དེ་ནས་འཇིག་རྟེན་སྣང་མཛད་པས། །ཆོས་ཀྱི་རྔ་ནི་རབ་བརྡུངས་ཏེ། །དེ་ཡིས་སྒྲས་ནི་ཞིང་རབ་མང་། །བྱེ་བ་དག་ཏུ་གོ་བར་བྱས། །དེ་ཡི་ཚེ་ན་སེམས་ཅན་ནི། །བྱེ་བ་གྲངས་མེད་ཀུན་ནས་ལྷགས། །དེ་དག་རྫོགས་པའི་སངས་རྒྱས་ཀྱིས། །སངས་རྒྱས་ཡེ་ཤེས་བླ་མེད་བཀོད། །དེ་ཚེ་གཞོན་ནུ་དགའ་གྱུར་ནས། །ཙན་དན་སྦྲུལ་གྱི་སྙིང་པོ་ཡི། །གདན་འབུལ་རིན་ཆེན་ཕྱེ་མ་ཡིས། །གཞོན་ནུ་སངས་རྒྱས་གཙོ་ལ་མཆོད། །ནོར་བུ་རིན་ཆེན་འོད་གཅིག་ནི། །འཇིག་རྟེན་སྟོང་དུ་གཏོང་བར་བྱེད། །རིན་ཆེན་གཅིག་ལས་འོད་ཟེར་ནི། །སྟོང་ཕྲག་བྱེ་བར་གཏོང་བར་བྱེད། །དེ་བཞིན་རིན་ཆེན་མ་ལུས་ལས། །འོད་ཟེར་དག་ནི་བྱུང་བར་གྱུར། །དེ་དག་གིས་ནི་དེ་ཡི་ཚེ། །ཡངས་པ་ཅན་ཡང་སྣང་བར་བྱས། །རིན་ཆེན་རྣམ་པ་དེ་སྙེད་ཀྱིས། །སངས་རྒྱས་གཙོ་ལ་མཆོད་བྱེད་ཅིང་། །རིན་པོ་ཆེ་ཡི་ཕུང་པོ་ཡང་། །ཐུབ་པ་ཆེ་ལ་འབུལ་བར་བྱེད། །གདུགས་ནི་གང་དག་མུ་ཁྱུད་བྱས། །མུ་ཏིག་ཕྲེང་གིས་ཡོངས་བརྒྱན་པ། །རེ་རེ་ལ་ཡང་མུ་ཁྱུད་ཅན། །སྟོང་ཕྲག་ཉི་ཤུ་རྩ་ལྔའོ། །འདི་འདྲའི་ལེགས་པ་དེ་ཡིས་ནི། །


DKG059_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པ་ཆེ་ལ་མཆོད་པ་བྱས། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །གསེང་ཐགས་ཀྱི་ནི་གོས་ཕུལ་ལོ། །བྱང་ཆུབ་ཤིང་དག་སྤྲུལ་ནས་སུ། །དེའི་དྲུང་སེང་གེའི་ཁྲི་བཤམས་ལ། །སྟོང་ཕྲག་བྱེ་བ་ཉི་ཤུ་ལྔ། །དེ་རྣམས་ལ་ནི་འཁོད་གྱུར་པ། །ལོ་ནི་བྱེ་བ་གྲངས་སྙེད་པར། །བགྲང་བ་དག་ཏུ་མི་ཆོད་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ནི། །བྱེ་བ་བརྒྱ་ཕྲག་ལྷགས་པར་གྱུར། །ཤར་གྱི་ཕྱོགས་ནས་བཟུང་ནས་སུ། །ལྷོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོགས་དང་། །འོག་དང་སྟེང་དང་དེ་བཞིན་དུ། །ཕྱོགས་དག་གི་ཡང་མཚམས་ནས་ལྷགས། །ཇི་ཙམ་མིག་གིས་མཐོང་བའི་བར། །དེ་སྲིད་འཇིག་རྟེན་ཁམས་རྣམས་སུ། །སྐྱོབ་པ་འཇིག་རྟེན་མགོན་པོ་ཡི། །གསེར་གྱི་མདོག་འདྲའི་འོད་ཀྱིས་གང་། །སྟོན་པ་གང་ན་བཞུགས་པ་དང་། །ཆོས་ནི་གང་ན་འབར་བ་དེར། །འཇིག་རྟེན་ཁམས་ནི་ཐམས་ཅད་ནས། །བྱང་ཆུབ་སེམས་དཔའ་ཉེ་བར་ལྷགས། །དེ་ལྟར་མཐའ་ཡས་དཔག་ཏུ་མེད། །བསམ་གྱིས་མི་ཁྱབ་མཆོད་པ་ནི། །རིན་ཆེན་དྲ་བ་ལིཙྪ་བཱི། །གཞོན་ནུ་དེ་ཡི་ཚེ་ན་བྱས། །དེ་ནས་བདག་ཉིད་ཆེན་པོ་པ། །ལྷ་དང་ཀླུ་དང་མི་རྣམས་ཀྱིས། །མདུན་དུ་མི་མཆོག་ཤཱཀྱ་ཡི། །སེང་གེས་དབུགས་ནི་འབྱིན་པར་མཛད། །ང་ཡི་མདུན་དུ་འདུག་ནས་སུ། །ཁྱོད་ཀྱིས་འདི་འདྲའི་མཆོད་བྱས་པ། །གང་གཱའི་བྱེ་མ་ཇི་སྙེད་པ། །དེ་སྙེད་མཆོད་པ་དག་གིས་མཆོད། །རིན་ཆེན་དྲ་བ་ཅན་གྱི་ཕྱིར། །མདོ་སྡེ་བཤད་པ་སུས་རིག་པ། །བྱང་ཆུབ་ལས་ནི་མི་ལྡོག་སྟེ། །སངས་རྒྱས་སྨྲ་བའི་མཆོག་ཏུ་འགྱུར། །གང་ཞིག་མདོ་སྡེ་འདི་འཛིན་པའི། །བསོད་ནམས་ཕུང་པོའི་ཚད་དག་ནི། །འདི་སྙེད་སོགས་པར་འགྱུར་རོ་ཞེས། །དེ་ལྟར་བཤད་པར་མི་ནུས་སོ། །ཕྱོགས་བཅུའི་འཇིག་རྟེན་ས་དང་ཆུ། །མེ་དང་རླུང་གི་ཚད་དག་ནི། །འདི་ཙམ་ཞེས་ནི་བཤད་པར་ནུས། །བསོད་ནམས་ཕུང་པོ་བཤད་མི་ནུས། །དགེ་སློང་ངམ་ནི་དགེ་སློང་མ། །དགེ་བསྙེན་འམ་ནི་དགེ་བསྙེན་མ། །གང་གིས་མདོ་སྡེ་འདི་ཐོས་ནས། །ལྷ་དང་ཀླུ་དང་ལྟོ་འཕྱེ་ཆེ། །སེམས་ཅན་ཐམས་ཅད་ཉེར་ལྷགས་པས། །དེ་ཡི་གཟི་བརྗིད་མི་བཟོད་དེ། །མེ་ནི་བསིལ་བར་འགྱུར་སྲིད་ཀྱི། །དེ་ཡི་གཟི་


DKG059_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བརྗིད་ཉམས་པ་མེད། །མདོ་སྡེ་འདི་ནི་གང་འཛིན་པ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །སེམས་ཅན་ཀུན་གྱིས་བསྟེན་བྱ་ཞིང་། །བྱང་ཆུབ་སེམས་ལའང་མཆོད་པ་བྱེད། །གང་ཞིག་སྟོབས་དང་ལྡན་པའི་མིས། །བྱེ་བ་སྟོང་དུ་བཤད་པ་ཡི། །སྐྲ་རྩེས་སྟོང་གི་འཇིག་རྟེན་ཁམས། །བསྐལ་པ་བྱེ་བ་བཟུང་བ་བས། །གང་ཞིག་ཕྱི་མའི་དུས་དག་ཏུ། །སངས་རྒྱས་བྱང་ཆུབ་གླེང་གཞི་ནི། །འདི་འདྲའི་རྣམ་པས་ཐོས་ནས་སུ། །གཞན་དག་ལ་ཡང་སྟོན་བྱེད་ན། །གང་ཞིག་སྔར་ནི་རབ་བསྒྲགས་པ། །འདི་ཡི་ངོ་མཚར་ཆེན་པོ་ཡི། །བརྒྱ་དང་གྲངས་དང་བགྲང་བ་དང་། །དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཕྱི་མ་ཡི་ནི་དུས་དག་ཏུ། །འདི་འདྲའི་རྣམ་པ་སེང་གེའི་སྒྲ། །བསྟན་པ་བླ་མེད་ཐོས་གྱུར་ཀྱང་། །འགལ་མེད་དོན་མེད་འགྱུར་བར་འོང་། །འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །འོད་མཛད་གང་གིས་འདིར་མཐོང་བ། །ཕྱི་མའི་དུས་སུ་དེས་ཐོས་ནས། །ཞེ་ས་གུས་པར་བྱེད་པར་འགྱུར། །གལ་ཏེ་ཞིང་རྣམས་བྱེ་བ་ན། །སེམས་ཅན་གང་དག་འཁོད་དེ་དག །སངས་རྒྱས་ཡེ་ཤེས་ལྡན་གྱུར་ལ། །གང་གཱ་ཡི་ནི་བྱེ་མ་སྙེད། །བསྐལ་པ་དུ་མ་བརྒྱ་དག་ཏུ། །རིམ་གྲོ་དག་ནི་བྱེད་པ་དང་། །ཇི་ལྟར་སྟོང་ཆེན་གྱི་ནི་འཇིག་རྟེན་ཁམས། །དེ་སྙེད་དག་གི་གཙུག་ལག་ཁང་མཆོག་ནི། །དབུལ་བྱ་ལྷ་ཡི་ཙན་དན་དག་ལས་བྱས། །ལྷ་ཡི་གཙུག་ལག་ཁང་མཆོག་རེ་རེ་ལའང་། །བྱེ་བ་ཕྲག་སྟོང་དག་གི་ཁང་བཟངས་བྱས། །བྱེ་བ་ཕྲག་སྟོང་དག་གི་ཁང་བཟངས་ཀྱང་། །དབུལ་བྱ་ལྷ་ཡི་རིན་ཆེན་དག་ལས་བྱས། །རེ་རེའི་ཁྲི་དག་བཤམས་ནས་རིམ་གྲོ་པ། །བྱེ་བ་ཕྲག་བརྒྱ་ཤིན་ཏུ་ཚང་བར་བཀོད། །མཁས་པས་དེ་ནི་རིན་ཆེན་དྲ་བ་དག །བླངས་ནས་དེ་ཚེ་ཁྲི་དེ་བརྒྱན་པ་རྣམས། །གང་གཱའི་བྱེ་སྙེད་བསྐལ་པ་བྱེ་བ་བརྒྱར། །ཐུབ་ཆེན་འཇིག་རྟེན་སྤྱོད་པ་བཞུགས་པ་ཡི། །སངས་རྒྱས་གཅིག་ལ་འབུལ་བྱ་དབུལ་བ་དང་། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །ཡོངས་སུ་མྱ་ངན་འདས་ཀྱི་མཆོད་རྟེན་བྱས། །ཇི་ལྟར་སྟོང་ཆེན་འཇིག་རྟེན་ཁམས་རྣམས་སུ། །སངས་རྒྱས་གཅིག་གི་མཆོད་རྟེན་བྱས་པ་ནི། །རིན་ཆེན་རང་བཞིན་ལྷ་ཡི་སྒོ་སྟོང་ལྡན། །ཤིན་ཏུ་


DKG059_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་སྲིད་པའི་རྩེ་སྲིད་མཐོ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་སྙེད་ཀྱི། །གདུགས་ནི་མཆོད་རྟེན་གཅིག་ལ་འབུལ་བར་བྱེད། །དེ་ཚེ་རེ་རེ་གདུགས་ལ་མུ་ཏིག་གི །རྒྱན་ཕྲེང་བྱེ་བ་རྣམས་ཀྱང་ཤིན་ཏུ་བཀྲམ། །ཇི་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད། །བྱེ་བའི་འཕན་དང་རིན་ཆེན་སྣ་ཚོགས་ཀྱི། །རྒྱལ་མཚན་བྱེ་བ་ཕྲག་བརྒྱ་གང་གཱ་ཡི། །བྱེ་སྙེད་མཆོད་རྟེན་དག་ལ་འབུལ་བར་བྱེད། །སྣང་བ་མཛད་པ་ཐམས་ཅད་མཁྱེན་གཅིག་གི །མཆོད་རྟེན་གཅིག་ལ་སིལ་སྙན་བྱེ་བ་སྟོང་། །དཀྲོལ་ཅིང་གུས་པའི་མི་ནི་ས་ཡ་དག །བྱེ་བ་ཕྲག་སྟོང་ཚང་བ་འབུལ་བར་བྱེད། །མེ་ཏོག་གདུགས་བརྒྱ་དུ་མ་མཆོད་རྟེན་ལ་འབུལ་བ། །ཐུབ་པ་ཆེ་ལ་དེ་འདྲའི་མཆོད་པ་ཉིན་གཅིག་བཞིན། །གང་གཱའི་བྱེ་སྙེད་བསྐལ་པ་སྟོང་དུ་བྱེད་པ་བས། །གང་ཞིག་མདོ་སྡེ་འདི་ལས་ཚིགས་བཅད་གཅིག་ཐོས་ནས། །སོམ་ཉི་མེད་ཅིང་འདུན་པ་སྐྱེད་བྱེད་ལ། །རྒྱལ་བའི་མཚན་འདི་དག་ཀྱང་རྗོད་བྱེད་ན། །དེ་བས་བསོད་ནམས་འདི་ནི་བླ་མེད་མཆོག །མཁས་པ་ཏིང་ངེ་འཛིན་གྱི་མིང་ཐོས་ཤིང་། །ཚུལ་ཁྲིམས་སྐྱོན་མེད་མཚན་འདི་འཛིན་པ་དང་། །དེ་བཞིན་སངས་རྒྱས་ལ་ནི་མཆོད་བྱེད་པ། །དེས་ནི་གང་གཱའི་བྱེ་སྙེད་སངས་རྒྱས་མཐོང་། །ཐུབ་ཆེན་རྐང་གཉིས་མཆོག་གྱུར་དེ་དག་ལ། །མཆོད་པ་དམ་པའང་ཡིད་ཀྱིས་བྱས་ནས་ནི། །རྟག་ཏུ་མྱོས་མེད་ཆོས་ཀྱང་སྟོན་བྱེད་ཅིང་། །བསྐལ་པ་བྱེ་བ་དེ་ནི་རྨོངས་མེད་འགྱུར། །འཇིག་རྟེན་མགོན་པོས་མདོ་མཆོག་རྒྱལ་པོ་འདི། །སྟོན་པའི་ཚེ་ན་གང་གིས་སྔོན་མཐོང་བ། །རྒྱལ་བ་མཆོག་ལས་འདི་ནི་ཐོས་གྱུར་ནས། །ཕྱི་མའི་དུས་སུ་དེ་ནི་དགའ་བས་འཛིན། །དྲི་ང་ཕྱི་སའི་བུམ་པ་མིས་འདོར་ལྟར། །འདོད་པ་སྐྱོན་དུ་བགྲང་བ་སྤོང་བྱེད་ཅིང་། །མཁས་པ་ངེས་འབྱུང་ཞི་ལ་མངོན་དགའ་སྟེ། །རྟག་ཏུ་མྱོས་མེད་དགོན་པ་སྟེན་པར་བྱེད། །ཡངས་པའི་གྲོང་ཁྱེར་མཆོག་ཏུ་གནས་ནས་སུ། །དེར་ནི་བཤད་ཚེ་གང་གིས་ང་མཐོང་ཞིང་། །དྲ་བའང་ང་ལ་མཆོད་བྱེད་མཐོང་བ་ནི། །ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ། །ངའི་བུ་གང་ཞིག་རྟག་ཏུ་རྗེས་འབྲང་ཞིང་། །བྱང་ཆུབ་ཞི་བ་སྤྱོད་མཆོག་སྤྱོད་པ་ན། །སེམས་ཅན་རྣམས་ནི་རྟག་ཏུ་འདུལ་བྱེད་པ། །


DKG059_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ། །སངས་རྒྱས་འདྲེན་པ་གཞལ་མེད་དཔག་མེད་ཀྱི། །སྤྱད་པ་སྤྱོད་ཚེ་གང་གིས་རིམ་གྲོ་དང་། །དེ་བཞིན་མཆོད་པ་མཆོག་དག་བྱེད་པ་ནི། །དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་འཛིན་ཏོ། །གང་ཞིག་བསྐལ་པ་བྱེ་བར་ཚངས་སྤྱོད་ཅིང་། །འཇིག་རྟེན་མཐའ་ཡས་དོན་ནི་སྔར་སྤྱད་པ། །གང་ཞིག་ཕྱི་མའི་དུས་སུ་མདོ་སྡེ་འདི། །ཐོས་པའི་བསོད་ནམས་གྲངས་སུ་འགྱུར་མ་ཡིན། །སངས་རྒྱས་འཁྲུགས་མེད་ཡང་ན་ཚེ་དཔག་མེད། །སངས་རྒྱས་གཞལ་མེད་དཔག་མེད་དེ་དག་འདིར། །སེམས་ཅན་སྙིང་པོ་གང་གིས་མཐོང་འདོད་པ། །མདོ་སྡེ་མཛེས་པ་དཔག་མེད་བཟུང་བར་གྱིས། །ཚེ་དཔག་མེད་དང་མི་འཁྲུགས་དྲི་མེད་འོད། །སེང་གེ་དང་ནི་ཏོག་དང་དེ་བཞིན་དུ། །གང་ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ། །ཕྱི་མའི་དུས་སུ་རྒྱལ་མཆོག་ཆོས་ཟུང་ཤིག །སངས་རྒྱས་བྱམས་པ་དང་ནི་དྲི་མེད་འོད། །བདག་ཉིད་ཆེན་པོ་དང་ནི་སེང་གེ་ཏོག །རབ་སྣང་གཙོ་བོ་དེ་བཞིན་མཐོང་འདོད་པ། །དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་ཟུང་ཤིག །འདི་འདྲའི་མདོ་སྡེ་ཁྱད་པར་འཕགས་མཆོག་དག །རིན་ཆེན་དྲ་བ་ཅན་ལ་ང་ཡིས་བཤད། །ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་ནི། །བག་མེད་གནས་ལ་འདུག་པར་མ་བྱེད་ཅིག །ཕྱི་མའི་དུས་ཀྱི་ཚེ་རུ་གྱུར་པ་ན། །ཚུལ་ཁྲིམས་སྐྱོན་མེད་རྟག་ཏུ་བག་བྱོས་དང་། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། །རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་། །རིན་ཆེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས། །སྟེང་གི་འཇིག་རྟེན་ཁམས་སུ་འགྲོ་བར་འགྱུར། །དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། །མྱུར་བ་ཉིད་དུ་སངས་རྒྱས་བྱམས་པ་མཐོང་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ལིཙྪ་བཱི་གཞོན་ནུ་རིན་ཆེན་དྲ་བ་ཅན་དང་། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བཞི་བཅུ་དང་། དགྲ་བཅོམ་པ་བྱེ་བ་ཕྲག་དྲུག་ཅུ་དང་། ལྷ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་རྣམས་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གར་བྷ་དང་། ལོཙྪ་བ་བནྡེ་ཡེ་ཤེས་སྙིང་པོས་བསྒྱུར། ཞུས་ཆེན་གྱི་ལོཙྪ་བ་བནྡེ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་རཏྣ་ཙན་དྲ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཕུང་པོའི་རི་ལ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་འབུམ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་དགེ་སློང་གི་དགེ་འདུན་ཆེན་པོ་རྣམས་དང་། ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དགུ་ཁྲི་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མཐའ་ཡས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་བརྟན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁམས་གསུམ་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རིན་པོ་ཆེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་འབྱུང་གནས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་སྡུག་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་དགུ་ཁྲི་དང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གཡོག་འཁོར་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་གཡོག་འཁོར་ཚངས་རིས་ཀྱི་ལྷའི་བུ་འབུམ་ཕྲག་དུ་མ་དང་བཅས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང་། ཀླུའི་རྒྱལ་པོ་ཀུན་དུ་གྲགས་དང་། དེ་དག་ལ་སོགས་པ་ཀླུ་འབུམ་ཕྲག་དུ་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་དང་། ཁབ་སྤུ་


DKG059_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དང་། རྩི་སྨན་དང་། བོང་བུ་དང་། དེ་དག་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ། ཤམ་ཐབས་དང་ཆོས་གོས་གསོལ་ཏེ། ལྷུང་བཟེད་བསྣམས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོར་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་ཞེས་བྱ་བ་གླང་པོ་ཆེའི་ལག་བརྒྱད་པ་ཞེས་བྱ་བ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་ཅིང་གསེར་གྱི་དྲ་བས་གཡོགས་པ། དྲིལ་བུ་གཡེར་ཁ་དཔྱངས་པ། གསེར་གྱིས་སྤྲས་པའི་དར་གྱི་ལྡ་ལྡི་མང་པོས་མཛེས་པར་བྱས་པ། བདུག་པས་བདུགས་པ། མེ་ཏོག་སིལ་མས་གཏོར་བ། རྒྱལ་མཚན་དང་བ་དན་བསྒྲེང་བ། གདུགས་དང་ར་བས་བརྒྱན་པ། རིན་པོ་ཆེའི་ཤིང་ལྗོན་པས་མཛེས་པར་བྱས་པ། སྟེགས་བུ་བདུན་གྱིས་ཁོ་ར་ཁོར་ཡུག་དག་བསྐོར་བ་ལ་ཞོན་ནས་རྒྱལ་པོའི་འབྱོར་པ་ཆེན་པོ་དང་། རྒྱལ་པོའི་མཐུ་ཆེན་པོ་དང་ལྡན་པས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་དག་སྦྱིན་ཞིང་སོང་བ་ལས་གཞོན་ནུ་རིན་ཆེན་ཟླ་བས་ཐག་རིང་པོ་ཞིག་ནས་བཅོམ་ལྡན་འདས་མཛེས་པ། དད་པར་བྱ་བ། དབང་པོ་དུལ་བ། ཐུགས་དུལ་བ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། དུལ་བ་དང་ཞི་བའི་མཆོག །དུལ་བ་དང་ཞི་བ་དམ་པའི་ཕ་རོལ་ཏུ་ཕྱིན་པ། གཙོ་བོ་ཆེན་པོ། དབང་པོ་བསྲུངས་པ། དབང་པོ་ཐུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་གསེར་གྱི་མཆོད་སྡོང་ལྟར་འཕགས་ལ་དཔལ་གྱི་མཆོག་གིས་ལམ་མེ། ལྷན་ནེ། ལྷང་ངེ་སྟེ་གཤེགས་པ་མཐོང་ངོ་། །མཐོང་ནས་ཀྱང་སེམས་དད་པར་གྱུར་ཏོ། །སེམས་དད་པར་གྱུར་ནས་གླང་པོ་ཆེའི་སྟེང་ནས་སྐྱེན་པར་བབས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །བཅོམ་ལྡན་འདས་ལ་ཞེ་ས་དང་བཅས། གུས་པ་དང་བཅས་པས་


DKG059_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་ཅན་གང་དག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་དག་གི་མཚན་ཐོས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་ལེགས་སོ་ལེགས་སོ། །གཞོན་ནུ་ཁྱོད་འདི་ལྟར་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོའི་ཚོགས་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པ་དང་། ད་ལྟར་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་གཟུང་བའི་ཕྱིར་ཞུགས་ཏེ། གཞོན་ནུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་ཞུ་བར་སེམས་པ་ལེགས་སོ། །གཞོན་ནུ་ཁྱོད་ཀྱི་ཞུ་བ་བཟང་སྟེ་སྤོབས་པ་དགེའོ། །དེའི་ཕྱིར་གཞོན་ནུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །སེམས་རྩེ་གཅིག་ཏུ་རྣ་བ་བླགས་ཏེ་སེམས་སྡུས་ལ་སོམས་ཤིག་དང་། དོན་དེ་ངས་ཁྱོད་ལ་བཤད་དོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་བསམ་གྱིས་མི་ཁྱབ་གཞལ་དུ་མེད་པ་སྙེད་འདས་པ་ན་འཇིག་རྟེན་གྱི་


DKG059_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་མྱ་ངན་མེད་པ་ཞེས་བྱ་བ་ཞིག་ཡོད་དོ། །འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན། གཞོན་ནུ་དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར་དུ་བྱེ་མས་ཡོངས་སུ་གང་བར་གྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེའི་ས་འབྲུ་རེ་རེ་ནས་བླངས་ཤིང་ཤར་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་ཤར་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང་། སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང་། མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་བརྒྱན་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་ཚོགས་རྣམས་མེད་པ། རྩྭ་དང་། ཤིང་སྐམ་དང་། ཚེར་མ་དང་། རྡོ་དང་། གསེག་མ་དང་། གྱོ་མོ་དག་མེད་པ། ངམ་གྲོག་དང་གཡང་ས་མེད་པ། མེ་ཏོག་སིལ་མ་དག་བཀྲམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཅིང་། བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བྱའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ། གསེར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ་རིན་པོ་ཆེའི་རྒྱན་ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་


DKG059_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་ནི་མེད་པར་མི་འགྱུར་རོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། སྐྱེ་དགུའི་བདག་པོ་ཚངས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་བསྐལ་པ་བྱེ་བ་ཕྲག་དྲུག་ཅུ་ལོན་ནོ། །གཞོན་ནུ་གཞན་ཡང་སངས་རྒྱས་ཀྱི་ཞིང་དེ་ན་ཉིན་མོ་དང་། མཚན་མོའི་མིང་ཡང་མེད་དེ། འཛམ་བུའི་གླིང་གི་རྩི་བའི་ཐབས་འདིས་དཔེར་བྱ་བ་ནི་མ་གཏོགས་སོ། །སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཀྱང་རྟག་ཏུ་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་སྣང་བར་འདུག་གོ །གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དེས་ཆོས་བསྟན་པ་རེ་རེས་ཀྱང་སེམས་ཅན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དཔག་ཏུ་མེད་པ་དག་མི་སྐྱེ་བའི་ཆོས་ལ་འགོད་པར་མཛད་དོ། །བཟོད་པ་དང་པོ་དང་། བཟོད་པ་གཉིས་པ་དང་། བཟོད་པ་གསུམ་པ་ལ་ནི་དེའི་ཉིས་འགྱུར་འགོད་པར་མཛད་དོ། །གཞོན་ནུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པས་སངས་རྒྱས་ཀྱི་ཞིང་གཞན་དག་ན་གང་དག་སྔོན་གྱི་རྒྱལ་བ་རྣམས་ལ་ལྷག་པར་བྱ་བ་བྱས་ཤིང་དགེ་བའི་རྩ་བ་བསྐྱེད་པའི་སེམས་ཅན་དག་གི་ལུས་ལ་འོད་ཀྱིས་རེག་པ་དེ་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་བཟང་པོ་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་འདི་ནས་ལྷོ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པ་ཞེས་བྱ་བ་


DKG059_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཙན་དན་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་ཙན་དན་དཔལ་ཞེས་བྱ་ཞེ་ན། གཞོན་ནུ་དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་ཙན་དན་གྱི་ཁང་པ་བརྩིགས་པས་ཡོངས་སུ་ཁྱབ་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་དེའི་མཚན་ཙན་དན་དཔལ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་འདི་ནས་ནུབ་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བཟང་པོ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་ཏེ། ཇི་ལྟར་གོང་དུ་བསྟན་པ་བཞིན་ནོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་། བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་ཆོས་སྟོན་ཏོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འོད་དེ་


DKG059_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉམས་སུ་མྱོང་ངོ་། །གཞོན་ནུ་འདི་ནས་བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་སྔ་མ་ཇི་སྙེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་འཁྲུག་མེད་ཅེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་ཐམས་ཅད་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་གི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ། །ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་མཚན་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ལྷ་དང་བཅས་པའི་འཇིག་རྟེན་གྱི་རྒྱལ་མཚན་ལྟ་བུར་འགྱུར་རོ། །གཞོན་ནུ་འདི་ནས་ཤར་ལྷོའི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་དེ་བཞིན་གཤེགས་པ་དེའི་འོད་ཀྱིས་སྣང་བར་བྱས་པས་ན། དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཟླ་བ་སྣང་བ་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་


DKG059_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཏོག་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་མཆོད་སྡོང་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་ཡོངས་སུ་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་འཇིག་རྟེན་ན་རིན་པོ་ཆེ་ལྟར་མངོན་པར་འཕགས་པར་འགྱུར་རོ། །གཞོན་ནུ་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་སྒྲ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྒྲ་དང་ལྡན་ཞེས་བྱ་ཞེ་ན་འཇིག་རྟེན་གྱི་ཁམས་དེ་སྒྲ་འདི་ལྟ་བུ་དག་དང་ལྡན་ཏེ། འདི་ལྟ་སྟེ། སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། སྟོང་པ་ཉིད་ཀྱི་སྒྲ་དང་། མཚན་མ་མེད་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་སྒྲ་དང་། རྣམ་པར་གྲོལ་བའི་སྒྲ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་སྒྲ་རྣམས་དང་ལྡན་ནོ། །གཞོན་ནུ་འཇིག་རྟེན་གྱི་ཁམས་དེ་སྒྲ་དེ་ལྟ་བུ་དག་དང་ལྡན་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སྒྲ་དང་ལྡན་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་


DKG059_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་མེ་ཏོག་ལྟར་མི་དགེ་བའི་ཆོས་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་རོ། །གཞོན་ནུ་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ཞིག་ཡོད་དེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་ཞིང་ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་ཤེས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོས་རྣམ་པར་རོལ་པ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ཚུལ་ཐམས་ཅད་ལ་མཁས་ཤིང་ཕ་རོལ་ཏུ་ཕྱིན་པའི་ཤེས་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །གཞོན་ནུ་འདི་ནས་འོག་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཡངས་པ་དང་ལྡན་པ་ཞེས་བྱ་བ་ཞིག་ཡོད་དོ། །གཞོན་ནུ་དེ་ལ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང་ལྡན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་ལག་མཐིལ་ལྟར་མཉམ་པར་གྱུར་པ། རི་མེད་ཅིང་ཁོར་ཡུག་དང་། ཁོར་ཡུག་ཆེན་པོ་མེད་དེ། སངས་རྒྱས་ཀྱི་ཞིང་དེ་ན་རི་ཞེས་བྱ་བའི་མིང་ཡང་


DKG059_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་མེད་པས་ན་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཡངས་པ་དང་ལྡན་པ་ཞེས་བྱའོ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ་ལ་ཆོས་སྟོན་ཏོ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་དུ་སྦྱར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་། དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཉེ་བར་ལེན་པའི་ཉོན་མོངས་པ་ཐམས་ཅད་ཟད་པར་ཡང་རྗེས་སུ་འཛིན་པར་འགྱུར་རོ། །གཞོན་ནུ་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ། གཞལ་དུ་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ཞིག་ཡོད་དེ། འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་ཇི་སྙེད་ཅིག་འདས་པ་ན་ཡོད་ཅེ་ན། གཞོན་ནུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྲིད་པའི་རྩེ་མོའི་བར་དུ་བྱེ་མས་ཡོངས་སུ་གང་བར་གྱུར་ལ། དེ་ནས་མི་ལ་ལ་ཞིག་གིས་བྱེ་མ་དེ་ལས་འབྲུ་རེ་རེ་ནས་བླངས་ཤིང་སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཀྱི་ཞིང་རེ་རེར་བྱེ་མ་འབྲུ་རེ་རེ་འཇོག་པར་བྱེད་པ་དེ་ལྟ་བུའི་ཚུལ་གྱིས་བྱེ་མ་དེ་ཐམས་ཅད་སྟེང་གི་ཕྱོགས་སུ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུགས་པར་གྱུར་ཀྱང་སངས་རྒྱས་ཀྱི་ཞིང་དེ་དག་གི་ཚད་དམ་མཐའ་རྟོགས་པར་མི་ནུས་པའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དཔག་ཏུ་མེད་གྲངས་མེད་པ་དེ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་དེ་ཡང་ལག་མཐིལ་ལྟར་མཉམ་པར་གྱུར་པ། རིན་པོ་ཆེ་སྣ་བདུན་གྱིས་ལེགས་པར་བརྒྱན་པ། གསེར་གྱི་ས་གཞིར་འདུག་ཅིང་མིག་མངས་རིས་སུ་བྲིས་པ། རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་ཚོགས་


DKG059_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་མེད་པ། རྩྭ་དང་། ཤིང་སྐམ་དང་། ཚེར་མ་དང་། རྡོ་དང་། གསེག་མ་དང་། གྱོ་མོ་དག་མེད་པ། ངམ་གྲོག་དང་། གཡང་ས་མེད་པ། མེ་ཏོག་གི་སིལ་མ་དག་བཀྲམ་པ་ཡིན་ཏེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཤིང་འཚོ་ལ་གཞེས་ཏེ། བྱང་ཆུབ་སེམས་དཔས་བསྐོར་ཅིང་བྱང་ཆུབ་སེམས་དཔས་མདུན་གྱིས་བལྟས་པ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུ་གསེར་ལེགས་པར་བཙོས་ཤིང་ལེགས་པར་དུལ་བ་ལྟ་བུ་རིན་པོ་ཆེའི་རྒྱན་ལེགས་པར་བཀོད་པ་བཞིན་དུ་འཁོར་གྱི་ནང་ན་མཛེས་པར་བཞུགས་ཤིང་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བའི་ཆོས་སྟོན་ཏོ། །འདི་སྐད་ཅེས་ཀྱང་སྟོན་ཏེ། འདི་ལྟར་སའི་ཁམས་མེད་པར་མི་འགྱུར་རོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། སྐྱེ་དགུའི་བདག་པོ་ཚངས་པ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མེད་པར་མི་འགྱུར་རོ་ཞེས་སྟོན་ཏོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་དེའི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་ཆོས་རིན་པོ་ཆེ་བླ་ན་མེད་པ་ཡང་ཐོབ་པར་འགྱུར་རོ། །གཞོན་ནུ་དེ་ལྟར་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཡང་རུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་དང་། ཡོན་ཏན་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་དག་གི་མཚན་ཐོས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གཞོན་ནུ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ་བས་ཀྱང་


DKG059_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཆེས་གྲངས་མེད་པ་ཡུན་རིང་པོ་ཚད་མེད་པ་འདས་པ་དེའི་ཚེ་རིན་ཆེན་འབྱུང་གནས་ཞེས་བྱ་བའི་བསྐལ་པ་ཞིག་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྒྱ་མཚོའི་དཔལ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་སྟེ། དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅུ་པོ་འདི་དག་ཐམས་ཅད་ལྷན་ཅིག་ཏུ་འཐུན་པར་དགེ་བའི་རྩ་བ་བསྐྱེད་དེ། ཟས་དང་། སྐོམ་དང་། བཟའ་བ་དང་། བཅའ་བ་རྣམ་པ་སྣ་ཚོགས་དང་། མེ་ཏོག་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་གྱི་རྣམ་པ་དཔག་ཏུ་མེད་གྲངས་མེད་པས་བཅོམ་ལྡན་འདས་དེ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་འཐུན་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་ཀྱིས་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །དེ་ནས་དེ་དག་གིས་རིམ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་ནས། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་རྣམས་ཡོངས་སུ་རྫོགས་པར་བྱས་ཏེ། སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་རང་རང་གི་སངས་རྒྱས་ཀྱི་ཞིང་རྣམས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་དེ་དག་གིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །ཐམས་ཅད་ཀྱི་ཚེའི་ཚད་ཀྱང་མཉམ་མོ། །གཞོན་ནུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་ཉི་མ་གཅིག་ཏུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་


DKG059_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་སྐུ་ཚེའི་ཚད་ནི་ངོ་མཚར་ལགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གིས་ནི་སེམས་ཅན་རྣམས་ལ་ཐུགས་བརྩེ་བའི་སླད་དུ་སྐུ་ཚེའི་ཚད་དེ་ཙམ་དུ་རིང་བ་གཞེས་ལགས་སོ། །བཅོམ་ལྡན་འདས་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་ཚེའི་ཚད་འདི་ལ་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བགྱིད། འདོར་བར་མི་བགྱིད་པ་དེ་ལ་བསོད་ནམས་ཇི་ཙམ་སྐྱེ་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དེ་དག་གི་སངས་རྒྱས་ཀྱི་ཞིང་དེ་དག་དང་། སངས་རྒྱས་ཀྱི་ཞིང་བཅུ་པོ་རྣམས་ལྷའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཉིན་གཅིག་བཞིན་དུ་སྦྱིན་པ་བྱིན་ཏེ། དེ་ལྟ་བུར་བསྐལ་པ་གྲངས་མེད་པར་སྦྱིན་པ་སྦྱིན་པར་བྱེད་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་མཚན་འདི་རྣམས་དང་། སྐུ་ཚེའི་ཚད་འདི་རྣམས་ཐོས་ནས་དེ་བཞིན་དུ་འཛིན་ཅིང་ཡིད་ཆེས་ལ་སྤོང་བར་མི་བྱེད། སྨོད་པར་མི་བྱེད་དེ། མོས་པར་བྱེད་ཅིང་འཐུན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བསོད་ནམས་ཀྱི་ཕུང་པོ་དེའི་བརྒྱའི་ཆར་ཡང་མི་ཕོད། སྟོང་གི་ཆ་དང་། དཔེའི་བར་དུ་ཡང་མི་བཟོད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་བུ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། དཔལ་ལྡན་ལེགས་དང་། དགའ་ལྡན་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་གྱིས་འདི་ལྟར་ཆོས་ཀྱི་རྣམ་གྲངས་འདི་དང་། དེ་བཞིན་གཤེགས་པ་བཅུ་པོ་དེ་རྣམས་ལ་མཆོད་པ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང་། ཙན་དན་གྱི་ཕྱེ་མས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ཏོ། །ཚིག་འདི་སྐད་ཅེས་ཀྱང་སྨྲས་ཏེ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་།


DKG059_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་དང་། ཀློག་པ་དང་། རྗོད་པར་བགྱིད་པ་དེ་དག་ནི་ཕྱག་བགྱི་བའི་འོས་ལགས་སོ། །བཅོམ་ལྡན་འདས་ཐ་ན་ཆོས་ཀྱི་རྣམ་གྲངས་འདི་གང་དག་གིས་སུག་པ་ན་མཆིས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་གི་རྣ་ལམ་དུ་གྲགས་པར་འགྱུར་བ་དེ་དག་ནི་བདུད་སྡིག་ཅན་གྱི་དབང་དུ་མཆིས་པར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བས་ཚིགས་སུ་བཅད་པས་གསོལ་པ། ཕུང་པོ་མེད་པ་བཅོམ་ལྡན་འདས། །ཁྱོད་ཀྱིས་ལེགས་གསུངས་དཔག་ཏུ་མེད། །བདག་དང་ལྷར་བཅས་འཇིག་རྟེན་རྣམས། །ཁྱོད་ཀྱིས་འདི་ལ་ཡི་རང་ངོ་། །འཇིག་རྟེན་མགོན་པོ་འདས་པ་ན། །གང་དག་ད་དུང་མ་བྱོན་དང་། །ཕྱོགས་རྣམས་མ་ལུས་གང་བཞུགས་པའི། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆིས། །སངས་རྒྱས་རྣམས་ཀྱི་ཡུལ་གཅིག་པ། །ཆོས་དང་དགེ་འདུན་ཞི་བའི་མཆོག །ཡོན་ཏན་ལེགས་པར་བསམ་མི་ཁྱབ། །དགེ་འདུན་ལ་ཡང་སྐྱབས་སུ་མཆིས། །བྱང་ཆུབ་སེམས་དཔའ་འཇིགས་པ་མེད། །གང་དག་བཟོད་ལ་རབ་གནས་ཤིང་། །གང་དག་གཟུངས་ལ་གནས་པ་དང་། །གང་དག་མཚུངས་མེད་སྟོང་ཉིད་ཚུལ། །མཚན་ཉིད་ཀྱི་ནི་མདོ་སྡེ་དང་། །བྱང་ཆུབ་རྒྱུར་འགྱུར་སྡེ་སྣོད་དང་། །འཐུན་པར་འཇུག་པའི་མདོ་སྡེ་ལ། །ལེགས་བསླབས་བྱང་ཆུབ་སེམས་རྣམས་ལྟར། །ཐུབ་པ་བདག་ནི་བྱང་ཆུབ་ཀྱི། །སྤྱད་པ་སྤྱོད་ཅིང་སློབ་པར་འཚལ། །རང་བྱུང་དེ་དག་ཇི་བཞིན་དུ། །ཞིང་གི་བཀོད་པ་རྣམ་དག་དང་། །སྤྱོད་དང་སྤྱོད་ཡུལ་ཏིང་འཛིན་དང་། །དེ་དག་གི་ནི་ཡོན་ཏན་དང་། །དྲང་སྲོང་མཆོག་རྣམས་སྐུ་ཚེའི་ཚད། །གསུངས་པ་གང་ལགས་རྫོགས་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་དང་། རིན་ཆེན་ཟླ་བ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །འཇིག་རྟེན་མགོན་པོ་དེ་རྣམས་ཀྱི། །མཚན་ནི་གང་ཞིག་


DKG059_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་བྱེད་པ། །མ་འོངས་དུས་ན་དེ་དག་ཀུན། །རྐང་གཉིས་རྣམས་ཀྱི་མཆོག་ཏུ་འགྱུར། །ང་ཡིས་ཇི་སྐད་གསུངས་པ་བཞིན། །དྲང་སྲོང་མཆོག་བཞུགས་དེ་དག་ལྟར། །དེ་དག་ཚེ་ཡང་བསྐལ་པ་ནི། །བྱེ་བ་བསམ་ཡས་སྙེད་དུ་འགྱུར། །གང་ཞིག་སྐྱོབ་པ་དེ་དག་གི །མཚན་འདི་དག་ནི་འཛིན་འདི་ལ། །མེ་དང་ཆོམ་རྐུན་དུག་རྣམས་དང་། །མཚོན་གྱིས་ཚུགས་པར་མི་འགྱུར་རོ། །མཚན་འདི་དག་ནི་འཛིན་བྱེད་ན། །ཆུ་ཆེན་དག་གིས་དེ་མི་འཆི། །རྒྱལ་པོའི་གནོད་པས་མ་ཡིན་ཏེ། །དེ་ནི་ནམས་ཀྱང་ཆོས་མི་སྤོང་། །མཚན་མོ་ཐུན་ཚོད་དང་པོ་དང་། །གུང་དང་ཐ་མའང་དེ་བཞིན་ཏེ། །དུས་གསུམ་དག་ཏུ་མཚན་སྒྲོགས་དང་། །དྲང་སྲོང་མཆོག་ནི་དེ་དག་གི །མཚན་རྣམས་སྔ་དྲོ་སྒྲོགས་བྱེད་ཅིང་། །ཉི་མའི་གུང་ལ་སྒྲོགས་བྱེད་དང་། །མཁས་པ་ནུབ་ཀར་སྒྲོགས་བྱེད་པ། །རྨི་ལམ་བཟང་པོ་མཐོང་བར་འགྱུར། །མཚན་རྣམས་བཟུང་ནས་དེ་འོག་ཏུ། །བསྐལ་པ་བྱེ་བ་སྟོང་རྣམས་སུ། །སྔོན་ཆད་སྡིག་པ་ཅི་བསགས་པ། །མི་དགེ་ཐམས་ཅད་བཤགས་པར་བྱ། །དེ་ཡིས་ལུས་ངག་ཡིད་ཀྱི་ལས། །མི་དགེ་གང་དག་བྱས་གྱུར་ན། །མཚན་རྣམས་བཟུང་ནས་དེ་འོག་ཏུ། །ཉེས་བྱས་དེ་ཡང་བཤགས་པར་བྱ། །ཡན་ལག་ལྔ་ཡིས་གཏུགས་ནས་ནི། །རྒྱལ་རྣམས་བྱང་ཆུབ་སྔོན་རོལ་དུ། །དུས་གསུམ་དགེ་བ་ཅི་བསགས་པ། །དེ་ཀུན་རྗེས་སུ་ཡི་རང་བྱ། །འཇིག་རྟེན་རྩ་ལག་རྣམས་ཀྱིས་ནི། །བྱང་ཆུབ་བརྙེས་ནས་ཆོས་གསུངས་དང་། །ལུས་ཅན་གང་དག་འཇིག་རྟེན་གྱི། །མགོན་པོ་རྣམས་ལ་མཆོད་བྱེད་པ། །དེ་ལ་རྒྱལ་བའི་སྲས་རྣམས་ཀྱིས། །ཉིན་མཚན་དུས་གསུམ་ཡི་རང་བྱ། །དེས་ན་བདག་གཞན་དོན་བྱེད་པའི། །ཕ་རོལ་ཕྱིན་པ་རྫོགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོའི་སྲས་ཁྱེའུ་རིན་ཆེན་ཟླ་བ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་


DKG059_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་རིན་ཆེན་ཟླ་བས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིང་ཧ་དང་། ལོཙྪ་བ་བནྡེ་དགེ་བ་དཔལ་གྱིས་བསྒྱུར། རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་སིདྷ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙན་དྲས་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཀྴེ་མང་ཀ་ར་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན། ཤཱཀྱ་རྣམས་ཀྱི་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཤཱཀྱའི་བུ་བདེ་བྱེད་ཅེས་བྱ་བ་སེར་སྐྱའི་གནས་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་ཤཱཀྱའི་བུ་བདེ་བྱེད་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར། ཚེགས་ཆུང་ངུས་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་སྒྲུབ་པར་བགྱིད། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་མཆི་བར་བགྱིད། རྨོངས་པ་མ་མཆིས་པར་འགུམ་པའི་དུས་བགྱིད་པར་འགྱུར། སྐྱེས་ནས་ཀྱང་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར། མི་ཁོམ་པ་ཐམས་ཅད་རྣམ་པར་སྤངས་ཤིང་ཁོམ་པ་འབྱོར་པ་ཐོབ་པར་འགྱུར། གཟུངས་ཀྱང་ཐོབ་པར་འགྱུར། སྤོབས་པ་ཐོགས་པ་མ་མཆིས་པ་དང་ཡང་ལྡན་པར་འགྱུར། ཕྱིར་མི་ལྡོག་


DKG059_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཆོས་དང་ལྡན་ཞིང་སྟོང་པ་ཉིད་ལ་ལྷག་པར་མོས་པར་ཡང་འགྱུར། རྟག་ཏུ་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བར་འགྱུར། ཁྱིམ་ན་གནས་ཀྱང་རྟག་ཏུ་ཚངས་པར་སྤྱོད་པ་ལ་མངོན་པར་དགའ་བར་འགྱུར་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཤཱཀྱའི་བུ་གཞོན་ནུ་བདེ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་ཞུ་བར་སེམས་པ་ནི་རིགས་ཀྱི་བུ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ལྷ་དང་མི་རྣམས་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ཏེ། ལེགས་སོ་ལེགས་སོ། །དེའི་ཕྱིར་རིགས་ཀྱི་བུ་ཁྱོད་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་རྗེས་སུ་འཐོབ་སྟེ། བཞི་གང་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་དང་ལྡན་ཞིང་བཟོད་པ་ལ་གནས་པ་དེ་ཕ་རོལ་གཤེ་ཡང་སླར་མི་གཤེ་བ་དང་། བརྡེགས་ཀྱང་སླར་མི་རྡེག་པ་དང་། མཚང་བྲུས་ཀྱང་སླར་མཚང་མི་འདྲུ་བ་དང་། ཁྲོས་ཀྱང་སླར་མི་ཁྲོ་བ་སྟེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨྲས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་ཏུ་སྤྱོས་ཀྱང་གཤེ་བར་མི་བྱེད་ལ། །གནོད་བྱས་གཞན་ལ་དེ་ནི་གནོད་མི་བྱེད། །དེ་ནི་མི་ལུས་སྤང་བ་བྱས་ནས་ཀྱང་། །བྱང་ཆུབ་སེམས་དཔའ་ཡོན་ཏན་དེ་དག་འཐོབ། །སྡིག་པའི་ཚིག་རྣམས་རྟག་ཏུ་སྲུང་བྱེད་ཅིང་། །སྡིག་པའི་སེམས་ཀྱི་དབང་དུ་མི་འགྲོ་ལ། །སྡིག་ལས་ལོག་སྟེ་འབྲས་བུ་དེ་ཐོབ་ནས། །ཡེ་ཤེས་མཆོག་ཉིད་མྱུར་དུ་ཐོབ་པར་འགྱུར། །སྐྱེ་བོ་གང་དག་འཚོག་རུང་དགའ་བྱེད་ཅིང་། །ཁྲོ་གཏུམ་གནོད་པར་སེམས་པའི་


DKG059_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྡན་རྣམས། །སངས་རྒྱས་ཡེ་ཤེས་ཡོངས་སུ་སྤངས་ནས་སུ། །མི་མཁས་དེ་དག་སྡུག་བསྔལ་མི་བཟད་ལྡན། །དེ་ལྟ་བས་ན་གཞན་ལ་མི་འཚོག་ཅིང་། །རྒྱུ་དང་མི་རྒྱུ་རྣམས་ལ་དབྱུག་པ་སྤངས། །སེམས་ཅན་ཀུན་ལ་ཕན་ཞིང་སྙིང་བརྩེར་ལྡན། །དེས་འདིར་ཡེ་ཤེས་དམ་པ་མྱུར་དུ་འཐོབ། །སྐྱེ་བོ་རྨོངས་པ་ཁྲོས་པས་ཟིལ་ནོན་པ། །འཇིག་རྟེན་མཁས་པའི་བསྟན་ལས་དེ་རིང་སྟེ། །དེ་ནི་ལོག་ལྟ་རྣམས་ཀྱིས་ངན་འཛིན་ཡིན། །དེ་ལྟ་བས་ན་མཁས་མིས་དཀྲུག་མི་བྱ། །བྱང་ཆུབ་སེམས་དཔའ་གང་འདིར་མི་ཁྲོ་ཞིང་། །བདེན་པ་རྗེས་སྲུང་གཞན་ལ་མི་གནོད་པ། །སྤྱད་པ་དཀོན་པ་འདི་དག་རྫོགས་བྱས་ནས། །སུམ་ཅུ་རྩ་གཉིས་མཚན་མཛེས་ཕུན་སུམ་ཚོགས། །མི་མཁས་རྟག་ཏུ་ཕུང་ཞིང་སྡང་སེམས་ལྡན། །ཕ་མ་ལ་ཡང་འདི་ན་གུས་མི་བྱེད། །ཀུན་ནས་ཉོན་མོངས་རྩ་བ་རབ་གནས་པ། །སྐྱེས་བུ་ཐ་མའི་ཉེས་པ་འདི་རྣམས་ཡིན། །དེ་བས་རྟག་ཏུ་བཟོད་པ་ཁོ་ན་བསྟེན། །དགེ་སློང་ཆོས་སྨྲ་བ་ལ་བསྟེན་པར་བྱ། །དགེ་བའི་བཤེས་གཉེན་ཡོངས་སུ་མི་གཏོང་སྟེ། །དེ་ལ་བྱང་ཆུབ་མཆོག་ནི་དཀའ་བ་མེད། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡང་རྗེས་སུ་འཐོབ་བོ། །བཞི་གང་ཞེ་ན། རིགས་ཀྱི་བུ་འདི་ལ་ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ་དང་། ཆོས་འཛིན་པ་དང་། ཆོས་སྟོན་པ་ཡིན། བུད་མེད་ཡོངས་སུ་སྤོང་ཞིང་བུད་མེད་ལ་སྟེན་པར་མི་བྱེད་པ་ཡིན། སྦྱིན་པའི་བདག་པོ་དང་། ཀུན་བགེད་པའི་ངང་ཚུལ་ཅན་དང་། ཀུན་བགེད་པ་ལ་དགའ་བ་དང་། རྨུགས་པ་དང་། གཉིད་ཡོངས་སུ་སྤོང་བ་ཡིན། སྟོང་པ་ཉིད་ལ་མོས་པ་དང་། སྟོང་པ་ཉིད་ལ་གནས་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་བཞི་པོ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཇི་སྐད་སྨོས་པའི་ཡོན་ཏན་དེ་དག་ཀྱང་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་


DKG059_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པས་དེ་སྐད་གསུངས་ནས་དེ་བཞིན་དུ་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་དག་ཆོས་ནི་འདོད་པ་དང་། །ཆོས་ཀྱི་དོན་དུ་བརྩོན་འགྲུས་བསྐྱེད་པ་དཀོན། །གང་དག་ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ། །དེ་དག་ཡེ་ཤེས་དམ་པ་ཐོབ་པར་འགྱུར། །གཞན་ལས་ཐོས་ནས་ཡང་དག་འཛིན་བྱེད་ཅིང་། །ཕ་རོལ་དོན་དུ་གཉེར་ལ་ཆོས་སྟོན་ལ། །ཤེས་ལྡན་དེ་དག་འཁོར་དུ་ཞུམ་པ་མེད། །བླ་མེད་བྱང་ཆུབ་མཆོག་ལ་རེག་པར་འགྱུར། །ལོག་པར་ལྟུང་རྒྱུ་བུད་མེད་རྣམ་པར་སྤངས། །རྒྱལ་སྲས་རྟག་ཏུ་ཚངས་པར་སྤྱོད་པར་འགྱུར། །ཚངས་པར་སྤྱོད་ལ་བརྟན་པར་དེ་གནས་ཤིང་། །འཁོར་ལོ་བླ་མེད་དམ་པ་སྐོར་བར་བྱེད། །བུད་མེད་རྣམས་ལ་མཚན་མ་འགའ་ཡོད་དེ། །འདི་ལྟར་སྡུག་བསྔལ་ཉམ་ཐག་སྐེམ་པར་འགྱུར། །དེ་དག་བསྟེན་ན་ཞི་བ་མེད་པ་སྟེ། །དེ་བས་ཡོངས་སུ་སྤོངས་ལ་བྱང་ཆུབ་སྤྱོད། །དེ་ནས་ཤཱཀྱའི་བུ་བདེ་བྱེད་བསྟན་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་རང་གི་ལུས་ལས་རྒྱན་བཀྲོལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་རྒྱན་དེ་དག་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་ཀྱི་སྟེང་གི་བར་སྣང་ལ་རིན་པོ་ཆེའི་ཁང་པ་བརྩེགས་པ་ཞིག་ཏུ་འདུག་པར་གྱུར་ནས། རིན་པོ་ཆེའི་ཁང་པ་བརྩེགས་པ་དེ་ནས་མི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྔ་བརྒྱ་བྱུང་ནས། བཅོམ་ལྡན་འདས་ལ་རྒྱན་རྣམས་འཐོར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་སེམས་བསྐྱེད་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་འདས་བདག་ཅག་གི་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བགྱིས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་འཛེར་ཏོ། །དེ་ནས་ཤཱཀྱའི་བུ་བདེ་བྱེད་ཀྱིས་ཀྱང་སྤྲུལ་པའི་མི་དེ་དག་མཐོང་ངོ་། །མཐོང་ནས་ཀྱང་ལུས་ཀྱི་སྤུ་ཟིང་ཞེས་བྱེད་པར་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་འདི་རྣམས་གང་ནས་མཆིས། ཤར་ཕྱོགས་སམ། ལྷོ་ཕྱོགས་སམ། ནུབ་ཕྱོགས་སམ། བྱང་ཕྱོགས་སམ། འོག་གམ། སྟེང་གི་ཕྱོགས་སམ།


DKG059_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འོན་ཏེ་ཕྱོགས་མཚམས་གང་ནས་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་མི་འདི་རྣམས་ནི་ཤར་ཕྱོགས་ནས་མ་འོངས་ལྷོ་དང་། ནུབ་དང་། བྱང་ཕྱོགས་དང་། འོག་དང་སྟེང་གི་ཕྱོགས་དང་། ཕྱོགས་མཚམས་གང་ནས་ཀྱང་མ་འོངས་ཏེ། འདི་རྣམས་ནི་ལྷ་མ་ཡིན། ཀླུ་མ་ཡིན། གནོད་སྦྱིན་མ་ཡིན། དྲི་ཟ་མ་ཡིན། ལྷ་མ་ཡིན་མ་ཡིན། །ནམ་མཁའ་ལྡིང་མ་ཡིན། མིའམ་ཅི་མ་ཡིན། ལྟོ་འཕྱེ་ཆེན་པོ་མ་ཡིན། མི་མ་ཡིན། མི་མ་ཡིན་པ་མ་ཡིན་ནོ། །སའི་ཁམས་ལ་མི་རྟེན། ཆུའི་ཁམས་ལ་མི་རྟེན། མེའི་ཁམས་ལ་མི་རྟེན། རླུང་གི་ཁམས་ལ་མི་རྟེན། ནམ་མཁའི་ཁམས་ལ་མི་རྟེན་ཏོ། །འདི་དག་ལ་ནི་གཟུགས་མེད། ཚོར་བ་མེད། འདུ་ཤེས་དང་། འདུ་བྱེད་རྣམས་དང་། སེམས་མེད། ཡིད་མེད། རྣམ་པར་ཤེས་པ་མེད། ལས་མེད། ལས་ཀྱི་རྣམ་པར་སྨིན་པ་མེད། འཇིག་རྟེན་འདི་མེད། འཇིག་རྟེན་ཕ་རོལ་མེད། འོང་བ་མེད། འགྲོ་བ་མེད། གནས་པ་མེད། འཆི་འཕོ་མེད། སྐྱེ་བ་མེད་དོ། །འོན་ཀྱང་རིགས་ཀྱི་བུ་འདི་དག་ནི་སྤྲུལ་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་གཞི་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྲོག་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྐྱེས་བུ་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་གང་ཟག་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་མཚན་ཉིད་མེད་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་དབེན་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་སྟོང་པ་ཞེས་བྱ་བ་ཡིན་ནོ། །འདི་དག་ནི་ངོ་བོ་ཉིད་མེད་པ་ཞེས་བྱ་བ་ཡིན་ནོ། །བདེ་བྱེད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་དག་དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་འདོད་པ་དང་། བཟོད་པ་དང་། ཁོང་དུ་ཆུད་པ་དང་། མངོན་པར་དད་པ་དང་། ཡིད་ཆེས་པ་དང་། གཞན་གྱི་དྲིང་མི་འཇོག་པར་འགྱུར་བའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་བདེ་བྱེད་ངའི་བུ་ཞེས་བྱའོ། །ངའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །སྣང་བ་འཛིན་པ་ཞེས་བྱའོ། །འོད་བྱེད་པ་ཞེས་བྱའོ། །མུན་པ་བསལ་བ་ཞེས་བྱའོ། །ཉོན་མོངས་པ་སྤངས་པ་ཞེས་བྱའོ། །སྟོན་པ་ཞེས་བྱའོ། །བསོད་ནམས་ཀྱི་ཞིང་ཞེས་བྱའོ། །ཡོན་ཏན་གྱི་གནས་ཞེས་བྱའོ། །དགེ་སྦྱོང་ཞེས་བྱའོ། །བྲམ་ཟེ་ཞེས་བྱའོ། །ཚོར་བ་པོ་ཞེས་བྱའོ། །གླང་པོ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པ་ཞེས་


DKG059_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དཔའ་ཆེན་པོ་ཞེས་བྱའོ། །ཕྱིར་མི་ལྡོག་པའི་ཆོས་དང་ལྡན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་ཆོས་དང་ལྡན་པ་ཞེས་བྱའོ། །ལུང་བསྟན་པ་ཞེས་བྱའོ། །རིགས་ཀྱི་བུ་གང་སུ་ཡང་རུང་བ་དག་དེ་ལྟར་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་མི་འདོད། མི་བཟོད། མི་འཇུག །མི་མོས། མི་དད། ཐོས་ནས་ཀྱང་དངང་ཞིང་སྐྲག་ལ་དངང་བར་འགྱུར་བ་དང་། སླར་ཟློག་པ་དང་། ཕྱིར་གཤེ་བའི་རིགས་ཀྱི་བུ་དེ་དག་ནི་དགེ་སྦྱོང་མ་ཡིན་པ་ཞེས་བྱའོ། །བྲམ་ཟེ་མ་ཡིན་པ་ཞེས་བྱའོ། །མུ་སྟེགས་ཅན་ཞེས་བྱའོ། །དམིགས་པ་ཅན་ཞེས་བྱའོ། །དཀྲུགས་མ་པ་ཞེས་བྱའོ། །སྡིག་པའི་གྲོགས་པོ་ཞེས་བྱའོ། །ཡོངས་སུ་སྤང་བར་བྱ་བ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ངན་གཡོ་ཅན་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་འཆལ་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ལྟར་བཅོས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སྲེ་ད་ལྟ་བུ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་སུན་འབྱིན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་གཏུམ་པ་ཞེས་བྱའོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་སེམས་ཅན་ཇི་སྙེད་ཅིག་གི་དོན་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ཆོས་ཀྱི་རྣམ་གྲངས་འདི་བཤད་པས་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པའི་ལྷའི་བུ་བརྒྱད་ཁྲི་བཞི་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པོ། །དགེ་སློང་ལྔ་བརྒྱ་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་བདུན་ཅུ་རྩ་ལྔས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་བདེ་བྱེད་དང་། དགེ་བསྙེན་ལྔ་བརྒྱ་གཞན་དག་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དགེ་བསྙེན་མ་ཉི་ཤུ་རྩ་ལྔ་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་སྟེ། དེ་དག་ཐམས་ཅད་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་དང་ལྡན་པར་གྱུར་ཏོ། །དེ་དག་ཐམས་ཅད་ཀྱང་འདི་ནས་


DKG059_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་འཕོས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེར་སྐྱེས་ནས་ཐམས་ཅད་ལྷན་ཅིག་འཐུན་པར་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང་ཆུབ་འཛིན་པར་འགྱུར། བརྗོད་པར་འགྱུར། སྟོན་པར་འགྱུར། ཡང་དག་པར་རབ་ཏུ་སྟོན་པར་འགྱུར་རོ། །དེ་དག་ཕྱིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་འདས་ནས། བསྐལ་པ་བཟང་པོ་ཞེས་བྱ་བ་འདི་ཉིད་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བདུད་སྡིག་ཅན་སྡུག་བསྔལ་ཞིང་ཡིད་མི་བདེ་ལ་འགྱོད་ཅིང་མཆི་མས་བརྣངས་ལ་ངུ་བཞིན་དུ་གྱུར་ཏེ། དེ་ཉིད་ནས་ཕྱིར་འགྲོ་ཞིང་ཚིག་འདི་སྐད་དུ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་སླན་ཅད་མི་བཤད་དུ་གསོལ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡིག་ཅན་ཁྱོད་དེ་སྐད་མ་སྨྲ་ཤིག །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི། ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་ཐོགས་པ་མེད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་ངེས་པར་འབྱུང་བ་ཞེས་བྱ་བར་ཟུང་ཤིག །བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ངས་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་གཏད་དེ། གཟུང་བ་དང་། བཀླག་པ་དང་། བཤད་པ་དང་། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཡོངས་སུ་གཏད་དོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་


DKG059_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་པ་མ་གཏོགས་པར་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་ལ་བསྐལ་པ་བཅུར་སྤྱད་པ་བས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། ཐ་ན་གླེགས་བམ་དུ་བྱས་ཏེ་འཆང་བ་དེ་ནི་དེ་བསོད་ནམས་ཆེས་མང་དུ་སྐྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་ཚུལ་འདི་མ་ཐོས་པར། །བསྐལ་པ་བཅུར་ནི་སྦྱིན་བྱིན་ཡང་། །བླ་ན་མེད་པའི་སྦྱིན་པ་ཞེས། །དེ་ནི་བསྔགས་པར་མི་འགྱུར་རོ། །གང་ཞིག་བསྐལ་པ་བཅུ་རྣམས་སུ། །འཇིག་རྟེན་པ་ཡི་ཚུལ་ཁྲིམས་སྲུང་། །དེ་ནི་དམིགས་ལ་གནས་པས་ན། །ཚུལ་ཁྲིམས་དེ་ནི་དག་མི་འགྱུར། །གང་ཞིག་སངས་རྒྱས་ཀྱིས་བསྔགས་པའི། །མདོ་སྡེ་ཟབ་མོ་འདི་འཛིན་པ། །ཚུལ་ཁྲིམས་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །གང་འདིར་བསྐལ་པ་བཅུ་རྣམས་སུ། །བཟོད་པ་སྨྲ་བའི་མིར་གྱུར་ལ། །གཤེ་བར་བྱེད་པའི་སྲོག་ཆགས་རྣམས། །ཀུན་ལ་བཟོད་པར་བྱེད་གྱུར་ཀྱང་། །འདི་ནི་ཚུལ་འདི་མ་ཐོས་ན། །བཟོད་པ་དེ་ནི་བསྔགས་མ་ཡིན། །གང་ཞིག་མདོ་སྡེ་འདི་འཛིན་ཅིང་། །གཞན་དག་ལ་ཡང་རབ་སྟོན་ན། །བཟོད་པ་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡིན། །གང་ཞིག་ཚུལ་འདི་མ་ཐོས་པར། །བསྐལ་པ་དག་ནི་བཅུ་རྣམས་སུ། །འཆག་པ་དག་ལས་མི་འདའ་ཡང་། །བརྩོན་འགྲུས་དེ་ནི་བསྔགས་མ་ཡིན། །གང་ཞིག་སངས་རྒྱས་ཀྱིས་བཤད་པ། །མདོ་སྡེ་ཟབ་མོ་འདི་འཛིན་ན། །བརྩོན་འགྲུས་དེ་ནི་བླ་ན་མེད། །སངས་རྒྱས་ཀུན་གྱིས་བསྔགས་པ་ཡི། །གང་ཞིག་བསྐལ་པ་བཅུ་རྣམས་སུ། །བསམ་གཏན་ལྡན་པའི་མིར་གྱུར་ལ། །བསམ་གཏན་རོ་ལ་དེ་གནས་ན། །བསམ་གཏན་པ་ཞེས་དེ་མི་བརྗོད། །ནང་དང་ཕྱི་རོལ་རྣམས་ལ་ཡང་། །རྡུལ་ཙམ་ཆོས་ཀྱང་མི་རྟོགས་ན། །བསམ་གཏན་དེ་ནི་བླ་ན་མེད། །དེ་ནི་བསམ་གཏན་པ་ཞེས་བྱ། །དེ་ལྟར་སྦྱིན་དང་ཚུལ་ཁྲིམས་


DKG059_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །བཟོད་པ་དང་ནི་བརྩོན་འགྲུས་དང་། །བསམ་གཏན་ཤེས་རབ་མཉམ་ཉིད་ཀྱིས། །དེ་ནི་བྱང་ཆུབ་མྱུར་འཐོབ་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཤཱཀྱའི་བུ་བདེ་བྱེད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བདེ་བྱེད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་རཱ་པཱ་ལ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བགྱིད་པའི་སེམས་ཅན་གང་ལགས་པ་དེ་དག་ཇི་ལྟ་བུ་དག་ཅིག་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་འཁོར་སྐྱོང་གནས་འདི་གཉིས་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། གཉིས་གང་ཞེ་ན། དགེ་སློང་གི་གནས་དང་། ལྷོད་པའི་གནས་སོ། །དེ་ལ་


DKG059_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གི་གནས་ནི། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་གང་ཡིན་པའོ། །ལྷོད་པའི་གནས་ནི། ཚུལ་ཁྲིམས་འཆལ་པའི་ཕྱོགས་གང་ཡིན་པའོ། །ཡུལ་འཁོར་སྐྱོང་དེ་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པའི་དགེ་སློང་གིས་ནི། གནས་འདི་གཉིས་ལ་བསླབ་པར་བྱའོ། །གཉིས་གང་ཞེ་ན། ཚུལ་ཁྲིམས་ཀྱི་ཕུང་པོས་ཀྱང་ཤིན་ཏུ་བསྲུང་བར་བྱ་བ་དང་། བདག་ཉིད་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱའོ། །དེ་ལ་ཇི་ལྟར་བདག་ཉིད་ལ་ངེས་པར་བསམ་པར་བྱའི། ཕ་རོལ་ལ་ངེས་པར་བསམ་པར་མི་བྱ་ཞེ་ན། དེས་འདི་ལྟར་བརྟག་པར་བྱ་སྟེ། ཅི་བདག་རང་གི་སྡུག་བསྔལ་གྱི་ཕུང་པོ་ཟད་པར་བྱེད་འདོད་པ་ཡིན་ནམ། འོན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་ཡིན་སྙམ་དུ་བརྟག་པར་བྱའོ། །གལ་ཏེ་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ཞིག་ཡིན་ན་ནི། དེས་ཉན་ཐོས་ཀྱི་བསླབ་པ་ཁོ་ན་ལ་བསླབ་པར་བྱ་སྟེ། སོ་སོར་ཐར་པའི་སྡོམ་པས་བསྡམ་པར་བྱའོ། །ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པར་བྱའོ། །ཁ་ན་མ་ཐོ་བ་ཕྲ་རབ་ཙམ་དག་ལ་ཡང་འཇིགས་པར་ལྟ་བས་ཡང་དག་པར་བླངས་ཏེ་བསླབ་པར་བྱའོ། །བསླབ་པའི་གཞི་རྣམས་ལ་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོངས་སུ་དག་པར་བྱའོ། །འཚོ་བ་ཡོངས་སུ་དག་པ་དང་། སྨད་དུ་མེད་པར་ཡང་བྱའོ། །བརྐམ་པ་མེད་ཅིང་རོ་རྣམས་ལ་འཆུམས་པ་མེད་པ་དང་། ཆོས་གོས་ལ་ཚོད་ཟིན་པར་ཡང་བྱའོ། །ལྷུང་བཟེད་ལ་ཚོད་ཟིན་པར་ཡང་བྱའོ། །དེས་ཁ་ཟས་ཡོག་དྲོད་ཀྱིས་བཟའ་བར་ཡང་མི་བྱ་སྟེ། ལྟོ་མ་བཀྲེས་ཙམ་དུ་ཁ་ཟས་བསྙུངས་པ་དེས་བསླབ་པར་བྱའོ། །དེས་ཁ་ཟས་ལ་རྟག་ཏུ་རྒྱུན་མི་ཆད་པར་མི་གཙང་བའི་འདུ་ཤེས་བསྐྱེད་པར་བྱའོ། །འདི་ལྟ་སྟེ། ཕྱི་ས་དང་། གཅིན་གྱི་འདུ་ཤེས་དང་། རྣག་གི་འདུ་ཤེས་དང་། སྐྱུགས་པའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། རྨ་བསྐུ་བ་ལྟ་བུའི་འདུ་ཤེས་དང་།


DKG059_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའི་འདུ་ཤེས་དང་། མི་འཐུན་པའི་འདུ་ཤེས་དང་། བུའི་ཤ་ལྟ་བུའི་འདུ་ཤེས་དང་། དོར་བའི་འདུ་ཤེས་དང་། སྤང་བའི་འདུ་ཤེས་དང་། དྲི་མི་ཞིམ་པའི་འདུ་ཤེས་བསྐྱེད་པར་བྱ་སྟེ། དེས་དེ་ལྟ་བུའི་ཚུལ་དུ་བཟའ་ཞིང་ཚོད་རིག་པར་བྱའོ། །དེས་ཆགས་པ་མེད་པ་དང་། སྡང་བ་མེད་པ་དང་། རྨོངས་པ་མེད་པ་དང་། རྟག་ཏུ་དབེན་པ་ལ་མངོན་པར་དགའ་བར་བྱ་སྟེ། བྲེ་མོའི་གཏམ་ལ་མངོན་པར་དགའ་བར་མི་བྱའོ། །རི་དགས་འཆི་བ་ལྟ་བུར་དང་དུ་བླང་བར་བྱའོ། །དབེན་པར་བྱའོ། །དབེན་པ་ལ་མངོན་པར་དགའ་བར་བྱའོ། །དབེན་པ་ལ་མངོན་པར་དགའ་ཞིང་མོས་པ་དང་། བཟོད་པ་དང་ལྡན་པར་བྱའོ། །དེས་པ་དང་འགྲོགས་ན་བདེ་བར་བྱའོ། །འཇིག་རྟེན་གྱི་གཏམ་ལ་མི་རྟེན་པར་བྱའོ། །ཉོ་ཚོང་སྤྱོད་པ་སྤང་བར་བྱའོ། །སྨན་དཔྱད་ལ་དགའ་བ་དང་། ཕྲིན་པ་ལ་དགའ་བ་དང་། ཁྱིམ་གྱི་བྱ་བ་དང་འབྲེལ་པར་མི་བྱའོ། །འདུག་པ་དང་། འགྲེང་བ་དང་། འཆག་པ་དང་། ཉལ་བ་ལ་མཁས་པར་བྱའོ། །རབ་ཏུ་དབེན་པ་དང་། དགོན་པར་དགའ་བ་དང་། ཞི་བའི་གནས་མལ་སྒྲ་ཆུང་བ། སྐད་ཆུང་བ། འཇིགས་པའི་ཡིད་ལ་བྱེད་པ་མེད་པ། སྡིག་སྦྲུལ་མེད་པ། མི་མང་པོ་མེད་པ། མིས་དབེན་པ། ནང་དུ་ཡང་དག་འཇོག་དང་འཚམ་པ་བསྟེན་པར་བྱའོ། །བདག་བསྟོད་པར་ཡང་མི་བྱ། གཞན་སྨད་པར་ཡང་མི་བྱའོ། །ཚུལ་འཆོས་པ་དང་ཁ་གསག་མི་བྱའོ། །རྟག་ཏུ་རྒྱུན་མི་ཆད་པར་སྐྱོ་བའི་སེམས་བསྐྱེད་པར་བྱའོ། །དེས་ཁྱིམ་པ་དང་། རབ་ཏུ་བྱུང་བ་རྣམས་དང་འདུ་ཞིང་འདྲིས་པར་མི་བྱའོ། །སྟོང་པའི་ཆོས་རྣམས་ཀུན་ཏུ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། །དེས་རིག་པ་དང་མི་ལྡན་པའི་དགེ་སློང་དང་ལྷན་ཅིག་ཕྲད་པ་སྤང་བར་བྱའོ། །དགེ་སློང་མ་དང་འདྲིས་པར་མི་བྱའོ། །འདོད་པ་ཆུང་བར་ཡང་བྱའོ། །རྟག་ཏུ་བདག་ཉིད་ཀྱི་འཁྲུལ་པ་རྣམས་ལ་སོ་སོར་བརྟག་པར་བྱའོ། །གཞན་གྱི་འཁྲུལ་པ་རྣམས་ལ་བརྟག་པར་མི་བྱའོ། །ཕ་མ་ལ་ཡང་ཡིད་བརྟན་པར་མི་བྱ་ན། རིགས་གཞན་ལྟ་ལ་ཅི་སྨོས། ཤིན་ཏུ་ཡང་དག་པར་བསྡམ་


DKG059_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་དུ་བྱའོ། །ཉེ་བར་ཞི་བའི་ཆོས་ཀྱི་སྦྱིན་བདག་བྱའོ། །དམིགས་པ་ལ་མཁས་པར་བྱའོ། །དབེན་པའི་གནས་མལ་དུ་གནས་པར་བྱའོ། །འཐུན་པ་ཡང་གཞན་དག་ལ་སྨྲ་བར་མི་བྱ་ན་མི་འཐུན་པ་ལྟ་ཅི་སྨོས། དེས་ཆོས་དེ་དག་ལ་སེམས་ཉེ་བར་གནས་པར་བྱས་ནས། ཆོས་ཟབ་མོ་རྣམས་ལ་སོ་སོར་བརྟག་པར་བྱའོ། །ཆོས་ཟབ་མོ་རྣམས་ལ་བརྟག་པར་བྱ་བ་དེ་དག་ཀྱང་གང་ཞེ་ན། མིག་མི་རྟག་གོ་སྙམ་དུ་སོ་སོར་བརྟག་པར་བྱའོ། །དེའི་སྐྱེ་བ་དང་འཇིག་པ་ལ་ཡང་སོ་སོར་བརྟག་པར་བྱའོ། །དེ་ལ་སྐྱེ་བ་དང་། འཇིག་པ་ལ་སོ་སོར་བརྟག་པ་གང་ཡིན་པ་དེ་ནི་མེད་པ་ལ་སོ་སོར་རྟོག་པའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ཅེས་བྱ་བ་ནི་མེད་པའི་ཕྱིར་རོ། །མིག་དང་། གཟུགས་དང་། མིག་གི་རྣམ་པར་ཤེས་པ་ནི་དམིགས་པ་མ་ཡིན་གྱི་མེད་པ་དམིགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་དམིགས་པ་མེད་པའི་ཕྱིར་རོ། །དེས་རྣ་བའི་རྟེན་བསམ་པར་མི་བྱའོ། །སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་རྟེན་བསམ་པར་མི་བྱའོ། །ཅི་ཡང་རུང་བའི་རྟེན་བསམ་པར་མི་བྱའོ། །དེ་ལྟར་བྱས་ན་ཅི་ཞིག་བསམ་པ་ཡིན། དེ་བཞིན་དུ་ཆོས་རྣམས་སྟོང་པར་ཡང་བརྩོན་པར་བྱའོ། །དེ་ལྟར་བརྩོན་པ་དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ། །ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་དག་པར་བྱེད་དོ། །རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་འདུ་འཛི་མེད་པ་ནི་དང་པོའི་ཉན་ཐོས་ཀྱི་ས་ཡིན་ཏེ། དེ་དག་གིས་ཟག་པ་ཟད་པ་ཐོབ་པར་འགྱུར་རོ། །དེ་ལ་དགེ་སློང་ལྟར་བཅོས་པ་གང་ཞེ་ན། ཡུལ་འཁོར་སྐྱོང་འདི་ན་དགེ་སློང་བདག་ཉིད་ལ་ངའོ་སྙམ་དུ་འཛིན་ཏེ། དེ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་མ་རྫོགས་པ་དང་ལྡན་པ་ཡིན། ཆོས་གོས་གཅེས་པར་འཛིན་པ་དང་། ལྷུང་བཟེད་གཅེས་པར་འཛིན་པ་ཡིན། ཟང་ཟིང་གཅེས་པར་འཛིན་པ་ཡིན་ཏེ། དེ་ནི་མི་སྨྲ་བ་སྤངས་


DKG059_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ངན་སོང་དུ་འགྱུར་བའི་མལ་ཆ་དང་། སྟན་དང་། མགྲོན་དུ་གཉེར་བ་ཆེན་པོ་རྣམས་བདག་གིར་བྱེད། བུད་མེད་དང་འདྲིས་པར་བྱེད། དགེ་སློང་མ་དང་འདྲིས་པར་བྱེད། རྒྱལ་པོས་བཀྲབས་པ་དང་འདྲིས་པར་བྱེད་དེ། དེ་འདྲིས་པར་གྱུར་ནས་རྒྱུན་མི་འཆད་པར་མིག་གིས་གཟུགས་རྣམས་ལ་ངེས་པར་སེམས་སོ། །དེས་དེ་ལྟར་སེམས་བསྐྱེད་ནས་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་ན་གནས་འདི་ལྟ་བུ་ཡོད་དོ། །ཉེས་པ་ལྕི་བ་དེ་བྱེད་པའམ། ཡང་ན་ཆུང་ངུ་བྱེད་ཅིང་འདུག་པར་འགྱུར་ཏེ། ཡུལ་འཁོར་སྐྱོང་འདི་ནི་དགེ་སློང་ལྟར་བཅོས་པ་ཡིན་ནོ། །ཡུལ་འཁོར་སྐྱོང་ཅིའི་ཕྱིར་དགེ་སློང་ལྟར་བཅོས་པ་ཡིན་ཞེ་ན། དགེ་སློང་ལྟར་བཅོས་པ་དེ་དེ་བཞིན་གཤེགས་པས་མལ་ཆ་དང་། སྟན་གནང་བ་ཐ་མལ་པ་གང་ལ་དགེ་སྦྱོང་གནས་པའི་མལ་ཆ་དང་སྟན་གང་ཡིན་པ་མི་བླུན་པོ་དེས་སྤངས་ན་ཆོས་གོས་ལ་ཞེན་ཅིང་ཟང་ཟིང་ལ་ཞེན་ནས་བུད་མེད་དང་འདྲིས་པར་བྱེད་ཅིང་། ཁྱིམ་པ་དང་འདྲིས་པར་བྱེད་ན་འདྲིས་པར་འགྱུར་བའི་མི་བླུན་པོ་དེ་ལ་དགེ་སྦྱོང་གི་ཚུལ་ལྟ་ག་ལ་ཡོད་དེ། དེའི་སྟེང་དུ་ཆོས་ཟབ་མོ་རྣམས་ལ་ཡང་སུན་འབྱིན་ཅིང་གཤེ་བར་བྱས། ལས་དེས་ཐོས་སུ་ཟིན་ཀྱང་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །དགོན་པའི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །གང་ལ་དེའི་སེམས་མངོན་པར་དགའ་བའི་འདོད་པ་རྣམས་འབའ་ཞིག་གི་བསྔགས་པ་རྗོད་པར་བྱེད་ཅིང་། གང་ལ་དེའི་སེམས་མངོན་པར་དགའ་བའི་བྲེ་མོའི་གཏམ་འབའ་ཞིག་གི་བསྔགས་པ་རྗོད་པར་བྱེད་ལ། དགེ་སློང་གི་གནས་གང་ཡང་རུང་བ་དེ་དག་གི་བསྔགས་པ་མ་ཡིན་པ་རྗོད་པར་བྱེད་དོ། །གང་ལ་ལས་དེ་བཞིན་གཤེགས་པས་མདོའི་ཚིག་ཁྱིམ་ན་གནས་པ་དང་། རབ་ཏུ་བྱུང་བ་རྣམས་དང་། འདུ་འཛིར་མི་འབྱུང་བར་བྱའོ་ཞེས་གསུངས་པའི་མདོའི་ཚིག་དེ་བོར་ནས་དགེ་སྦྱོང་གི་ཚུལ་མི་འདོད་ཅིང་དགེ་སློང་གི་དངོས་པོ་མི་འདོད་དེ། གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པར་བྱེད་ལ་གཞན་དག་ལ་ཡང་དེ་ལྟ་བུའི་གཞི་རྣམས་སུ་ལུང་འབོག་པར་བྱེད་པའོ། །དེ་ཅིའི་ཕྱིར་


DKG059_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། དེ་དག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཆོམ་རྐུན་པར་གསུངས་ཏེ། སོ་སོར་ཐར་པ་སྤངས་ནས་གཅིག་པུར་འདུག་ཅིང་བུད་མེད་ལ་ཆོས་འཆད་པའི་ཕྱིར་རོ། །མི་བླུན་པོ་དེ་དག་ནི་བཅོས་མ་སྟེ། མགོ་བྲེགས་པས་བཅོས་པ་དང་། གོས་ངུར་སྨྲིག་གྱོན་པས་བཅོས་པའོ། །རྒྱུ་གང་གིས་བཅོས་མ་ཡིན་པར་ཤེས་པར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྨད་པ་གང་ཡིན་པ་དེ་ནི་མི་བླུན་པོ་དེ་དག་གིས་གནང་བར་བྱེད་དེ། ལོ་ཉི་ཤུ་མ་ལོན་པར་རྫོགས་པར་བསྙེན་པར་བྱེད། རང་གི་ལག་གིས་ལེན་པར་བྱེད། མ་བརྟགས་པ་ལ་ལོངས་སྤྱོད་པར་བྱེད། རང་ཉིད་གཡོས་དང་འཚེད་པའི་ལས་བྱེད། གསེར་དང་དངུལ་བདག་གིར་བྱེད། ཁྲེ་རྒོད་དང་། འབྲུ་ལ་སོགས་པ་བསོགས་པར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ཉོ་ཚོང་བྱེད་ཅིང་། ཚལ་ཟའི་འཚོ་བ་སྦྱོར་བར་བྱེད། ཁྱིམ་གྱི་གཞི་དང་། ཞིང་གི་གཞི་དང་། ཀུན་དགའ་ར་བའི་གཞི་ལེན་པར་བྱེད་དེ། ལས་ཀྱི་རྣམ་པར་སྨིན་པ་ལ་ཡང་ཡིད་མི་ཆེས་ཤིང་སོ་སོར་ཐར་པ་ལ་ཡང་མ་དད་ནས་དེ་ལ་འབབ་དེ་ལ་བབ་དེ་ལ་བདེན་པར་འཛིན་དེའི་སྤྱོད་ལམ་བྱེད། དགེ་སྦྱོང་དུ་འདྲ་བར་འཛིན་ཅིང་གང་ན་སྐྱེ་བོ་མང་པོ་ཡོད་པ་དེར་གཅེར་བུ་པ་དང་མཚུངས་པར་སྟོན་པར་བྱེད། གང་ཟག་ཏུ་ལྟ་བ་བསྔགས་པར་བྱེད། གང་ཟག་ཏུ་ལྟ་བ་དང་། གཅེར་བུ་པ་དང་མཚུངས་པར་སྟོན་པས། སྐྱེ་བོ་མང་པོ་འཛུད་པར་བྱེད་ཅིང་འགོད་པར་བྱེད། སངས་རྒྱས་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་པ་སྟོང་པ་ཉིད་ལ་དམིགས་ནས་སུན་འབྱིན་པར་བྱེད། གཤེ་བར་བྱེད་པར་ཤེས་པར་བྱའོ། །ཡུལ་འཁོར་སྐྱོང་དེ་ལྟ་བུའི་སེམས་ཅན་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་ཁྱིམ་པ་ཡང་མ་ཡིན། དགེ་སྦྱོང་ཡང་མ་ཡིན་ཏེ། དེ་དག་གིས་ནི་དེ་བཞིན་གཤེགས་པའི་བསྟན་པ་འདི་ནུབ་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །དགེ་སློང་ཚུལ་ཁྲིམས་རྣམས་ལ་བསྡམ། །ཞི་ཞིང་ཞི་བའི་གནས་ལ་དགའ། །སོ་སོར་ཐར་པ་སློབ་བྱེད་པ། །དེ་དག་དགེ་


DKG059_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

སློང་བྲམ་ཟེ་ཡིན། །ཆོས་རྣམས་གཙོ་བོ་བླངས་ནས་ནི། །ཅི་ཡང་མེད་པའི་དགེ་སློང་བ། །བས་མཐའ་དགོན་པ་རྣམས་སུ་དགའ། །དེ་དག་དགེ་སློང་བྲམ་ཟེ་ཡིན། །དེ་དག་བྲེ་མོ་གཏམ་མི་དགའ། །སོ་སོར་ཐར་རྣམས་ལེགས་པར་བསླབས། །གང་ཟག་མཆོག་ལ་ཉིན་མཚན་དུ། །བཀུར་སྟི་ཆེན་པོ་བྱེད་པ་ཡིན། །ཞིང་ཡང་མི་རྨེད་ཚོང་མི་བྱེད། །ལྷུང་བཟེད་ཆོས་གོས་རྙེད་མི་ཚོལ། །ལེན་པ་མེད་པར་བརྩོན་པ་གང་། །དེ་དག་སངས་རྒྱས་ཉན་ཐོས་ཡིན། །དེ་དག་བུད་མེད་སྟོན་མི་བྱེད། །བུད་མེད་རྣམས་དང་འདུ་བ་མེད། །ཤིང་དྲུང་རྣམས་ནི་བསྔགས་པར་བྱེད། །དེ་དག་སངས་རྒྱས་ཉན་ཐོས་ཡིན། །ཟས་དང་སྐོམ་གྱི་དོན་གྱི་ཕྱིར། །གཅམ་གསག་དག་ཀྱང་ཡང་མི་བྱེད། །དེ་འདྲར་གྱུར་པ་དེ་དག་ནི། །དགེ་སློང་མོ་ལ་སྟེན་མི་བྱེད། །མཚོན་རྣོ་ཇི་ལྟར་བདར་བ་བཞིན། །བུད་མེད་རྣམས་ནི་དེ་འདྲར་ཤེས། །སོ་སོར་ཐར་ལས་བྱུང་བ་བཞིན། །བུད་མེད་འདུ་ཤེས་སྤོང་བར་བྱེད། །དེས་པ་དེ་དག་ཟས་ཕྱིར་དང་། །སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར། །ཁྱིམ་ཁྱིམ་དག་ཏུ་འགྲོ་བྱེད་ཅིང་། །ཆོས་རྣམས་སྟོན་པར་མི་བྱེད་དོ། །དགེ་སློང་རྣམས་ཀྱིས་བུད་མེད་རྣམས། །བལྟ་བར་མི་བྱ་རྫོགས་སངས་རྒྱས། །དེ་ལ་ཤེས་ལྡན་སུ་ཞིག་རྟོན། །དེ་ནི་བདུད་ཀྱི་སྤྱོད་ཡུལ་ཡིན། །དེ་དག་གིས་ནི་མེད་པར་སྨྲས། །རོ་དང་ཉལ་བ་བཞིན་དུ་ཉལ། །དེ་ཕྱིར་སངས་རྒྱས་ཐམས་ཅད་མཁྱེན། །འདུ་འཛི་བསྔགས་པར་མི་མཛད་དོ། །ཆོས་རྣམས་སྲོག་མེད་གསོ་བ་མེད། །གསོབ་དང་གསོག་དང་སྙིང་པོ་མེད། །སྟོང་པ་ཉིད་ལ་མོས་བྱེད་པ། །དེ་ནི་དགེ་སློང་ཆོས་ཉིད་དོ། །རྟག་ཏུ་བརྩོན་འགྲུས་ཕུན་སུམ་ཚོགས། །གཅིག་པུ་དགོན་པར་གནས་བྱེད་དང་། །འཇིག་རྟེན་ན་ནི་རྟེན་མེད་སེམས། །དེ་ནི་དགེ་སློང་ཆོས་ཉིད་དོ། །སེང་གེ་བཞིན་དུ་འཇིགས་པ་མེད། །ཚངས་པར་སྤྱོད་ལ་གཞོལ་བར་བྱེད། །སྡུག་བསྔལ་ཀུན་ལས་ཐར་བྱའི་ཕྱིར། །ཤེས་རབ་ལྡན་པས་ལམ་ལ་སྒོམ། །མིག་དང་གཟུགས་ནི་ཚོལ་བ་ན། །དེ་དག་གིས་ནི་རྣམ་ཤེས་རྙེད། །དངོས་པོ་དེ་ཡང་ཚོལ་བ་ན། །བཙལ་བ་གང་ཡིན་མི་


DKG059_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་དོ། །སྔོན་ཡང་མ་བྱུང་ཕྱིས་མི་འབྱུང་། །དབུས་ནའང་ཡོད་པ་མ་ཡིན་ཏེ། །དེ་ལྟ་བུ་ཡི་དོན་གྱིས་ན། །ཆོས་ཀུན་མཉམ་པ་ཉིད་ཀྱི་ཕྱིར། །དེས་པ་དེ་དག་ཟས་ཕྱིར་དང་། །སྐོམ་གྱི་ཕྱིར་དང་གོས་ཀྱི་ཕྱིར། །ཁྱིམ་ཁྱིམ་དག་དུ་འགྲོ་བྱེད་ཅིང་། །ཆོས་རྣམས་སྟོན་པར་མི་བྱེད་དོ། །རྒྱུ་མེད་དེས་པ་བཟང་པོ་ཡིན། །དེ་དག་སངས་རྒྱས་བསླབས་པ་རྣམས། །འདའ་ཞིང་འཇིག་པར་མི་བྱེད་དེ། །བརྟུལ་བཟང་སྟོང་ཉིད་སྐྲག་པ་མེད། །འཇིགས་པ་མེད་པར་འཇུག་པར་བྱེད། །ལྟ་བ་མི་བཟད་འཇིག་མི་བྱེད། །སེམས་ཅན་གང་ཟག་དངོས་མི་འཇིག །དཀར་པོའི་ཆོས་རྣམས་ཐམས་ཅད་ལ། །ཤིན་ཏུ་བརྟན་པར་གནས་པ་ཡིན། །བརྟན་པོ་དེ་དག་འཇིག་རྟེན་ན། །མྱ་ངན་འདས་པའང་རེག་གྱུར་ནས། །མཆོད་པའི་གནས་སུ་འོས་པར་འགྱུར། །གང་དག་ཤེས་རབ་འཆལ་པ་དང་། །ལེ་ལོ་ཅན་དང་དམན་ལ་བརྩོན། །ཐོས་པ་ཉུང་དང་སྡིག་པ་འདོད། །ང་རྒྱལ་ཐ་བ་ཁྲོ་འགྱུར་གནས། །མགོ་ལ་སྤུ་གྲི་སྟེན་བྱེད་ཅིང་། །ཤིང་གིས་ཁ་བསྒྱུར་ཆོས་གོས་གྱོན། །སྟོང་པ་ཉིད་ནི་དོན་མེད་པ། །དེ་ནི་མཁས་པ་སྒོམ་མི་བྱེད། །ཆོས་ལ་སུན་འབྱིན་ཐེག་ཆེན་གྱི། །བསྔགས་པ་མ་ཡིན་རྗོད་པར་བྱེད། །གང་ཞིག་ཆོས་འདི་བསྟན་པ་རྣམས། །ཇི་ལྟར་བསྟན་པ་དེ་བཞིན་དུ། །ནག་པོའི་ཕྱོགས་ལ་ཀུན་ཏུ་ཆགས། །དེས་ནི་ངན་འགྲོར་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཡུལ་འཁོར་སྐྱོང་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་ལ་སོགས་པ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བི་ཀུརྦན་རཱ་ཛ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་ཉི་ཁྲིའི་དགེ་སློང་གི་དགེ་འདུན་མང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། སེང་གེ་བློ་གྲོས་དང་། སེང་གེའི་ཏོག་དང་། སེང་གེའི་རྩལ་གྱིས་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁྲི་དང་ཡང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཡང་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ །ཡང་དེའི་ཚེ་བཅོམ་ལྡན་འདས་འཁོར་འབུམ་ཕྲག་དུ་མའི་ནང་ན་འདི་ལྟ་སྟེ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཉིད་ལས་བརྩམས་ཏེ་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་དྲི་བ་ལན་གདབ་པའི་ཕྱིར། དེ་བཞིན་གཤེགས་པས་ཁྱོད་ལ་སྐབས་ཕྱེ་བས་རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་ཁྱོད་ཀྱི་དྲི་བ་དེ་དང་


DKG059_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་སྐབས་ཕྱེ་བ་དང་ཚིམ་ཞིང་མགུ་ལ་ཡི་རངས་ཏེ། དགའ་བ་དང་བདེ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་འཚལ་བར་བགྱིད་པ་དང་། རྣམ་པར་འཕྲུལ་པ་དེས་ཀྱང་བདུད་ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཚད་བཀུམ་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བགྱིད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པར་འགྱུར་བ་དང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ལེགས་སོ་ལེགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་དྲི་བར་སེམས་པ་ཡང་ལེགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་། ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན་དག་དང་། གང་ཟག་གཞན་དག་འདོད་པར་བྱེད་པ་དང་། རྣམ་པར་འཕྲུལ་པ་དེས་ཀྱང་། བདུད་ཐམས་ཅད་དང་། ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་དང་། དམིགས་པར་ལྟ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཚར་བཅད་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བྱེད་པ་དང་། སྨོན་ལམ་ཕུན་སུམ་ཚོགས་པར་འགྱུར་བ་དང་།


DKG059_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པར་འགྱུར་བ་ངས་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བཞི་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་གང་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཡིན་ཏེ། མ་རལ་བའི་ཚུལ་ཁྲིམས་དང་། མ་ཞིག་པའི་ཚུལ་ཁྲིམས་དང་། མ་འདྲེས་པའི་ཚུལ་ཁྲིམས་དང་། རྙོག་པ་མེད་པའི་ཚུལ་ཁྲིམས་དང་། དམིགས་པ་མེད་པའི་ཚུལ་ཁྲིམས་དང་། གནོད་པ་མེད་པའི་ཚུལ་ཁྲིམས་དང་། མ་སྨད་པའི་ཚུལ་ཁྲིམས་དང་། མི་གདུང་བའི་ཚུལ་ཁྲིམས་དང་། ལེགས་པར་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། མཁས་པས་བསྔགས་པའི་ཚུལ་ཁྲིམས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་ཚུལ་ཁྲིམས་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བའི་ཚུལ་ཁྲིམས་དང་། ཕ་རོལ་བདེ་བ་དང་། མཆོག་ཏུ་དགའ་བ་དང་། མགུ་བའི་ཚུལ་ཁྲིམས་དང་། སྲིད་པའི་འགྲོ་བ་ཐམས་ཅད་དུ་སྐྱེ་བ་ལ་མི་གནས་པའི་ཚུལ་ཁྲིམས་དང་། ཞི་གནས་ལ་གནས་པའི་ཚུལ་ཁྲིམས་དང་། ལྷག་མཐོང་གི་རྗེས་སུ་འགྲོ་བའི་ཚུལ་ཁྲིམས་དང་། ཆོས་ཟབ་མོ་ལ་མོས་པའི་ཚུལ་ཁྲིམས་དང་། མངོན་པར་ཤེས་པ་ཉམས་པ་མེད་པའི་ཚུལ་ཁྲིམས་དང་། སྟོང་པ་ཉིད་དང་། མཚན་


DKG059_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པའི་ཚུལ་ཁྲིམས་དང་། ཞི་བ་དང་། རབ་ཏུ་ཞི་བ་དང་། ཉེ་བར་ཞི་བའི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་ཆོས་སྡུད་ཅིང་ཡང་དག་པར་སྟོན་པའི་ཚུལ་ཁྲིམས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་ཚུལ་ཁྲིམས་དང་། བྱམས་པས་རྗེས་སུ་བསྲུང་བའི་ཚུལ་ཁྲིམས་དང་། སྙིང་རྗེ་ཆེན་པོ་རྩ་བར་གྱུར་པའི་ཚུལ་ཁྲིམས་དང་། དག་ཅིང་དང་བའི་ཚུལ་ཁྲིམས་དང་། སྤྱོད་ལམ་མ་བརྟགས་པའི་ཚུལ་ཁྲིམས་དང་། སྦྱངས་པའི་ཡོན་ཏན་དང་། ཡོ་བྱད་བསྙུངས་པ་ལ་གནས་པའི་ཚུལ་ཁྲིམས་དང་། བསོད་ནམས་ཀྱི་སྦྱིན་གནས་སུ་གྱུར་པའི་ཚུལ་ཁྲིམས་དང་། ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་དང་། དེ་བཞིན་གཤེགས་པའི་རིགས་རྒྱུན་མི་འཆད་པའི་ཚུལ་ཁྲིམས་དང་། ཆོས་ཀྱི་རིགས་ཡོངས་སུ་སྲུང་བའི་ཚུལ་ཁྲིམས་དང་། འཕགས་པའི་དགེ་འདུན་འགུགས་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཉེ་བར་བརྟན་པའི་ཚུལ་ཁྲིམས་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་སྒོམ་པའི་ཚུལ་ཁྲིམས་དང་། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་པའི་ཚུལ་ཁྲིམས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་གང་སྨོན་པ་དེ་འགྲུབ་པར་འགྱུར་རོ། །ཅི་ཞིག་སྨོན་ཅེ་ན། དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སྲེག་པའི་བསྐལ་པ་ཆེན་པོའི་མེས་རབ་ཏུ་གང་ཞིང་འདུག་པ་ལ་གལ་ཏེ་བྱང་ཆུབ་སེམས་དཔས་མེ་འདི་རབ་ཏུ་ཞི་བར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་བཏབ་ན། མེ་དེ་རབ་ཏུ་ཞི་ཞིང་མེད་པར་འགྱུར་རོ། །དེ་འདོད་ན་སྟོང་གསུམ་པོ་འདི་མེས་ཡོངས་སུ་གང་བར་བྱིན་གྱིས་རློབ་བོ། །དེ་འདོད་ན་མེ་ཏོག་གིས་ཀུན་དུ་བཀྲམ་པར་བྱིན་གྱིས་རློབ་བོ། །


DKG059_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདོད་ན་ཐམས་ཅད་རིན་པོ་ཆེའི་རང་བཞིན་དུ་བྱིན་གྱིས་རློབ་བོ། །དེ་འདོད་ན་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་རིའི་རྒྱལ་པོ་རི་རབ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་རློབ་བོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་འདོད་ན། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་རྒྱ་མཚོ་ཆེན་པོ་དེ་དག་ཐམས་ཅད་རྒྱ་མཚོ་ཆེན་པོ་གཅིག་ཏུ་བྱིན་གྱིས་རློབ་བོ། །དེ་ཚུལ་ཁྲིམས་ལ་གནས་པ། དེ་དང་ལྡན་ན་གང་སྨོན་པ་དེ་འགྲུབ་ཅིང་། གང་བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ནི་རྣམ་པར་འཕྲུལ་པ་བཞི་པོ་འདི་དག་དང་ལྡན་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པ་དེ་ཡང་འགྲུབ་པར་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པ། ཤིན་ཏུ་གྲངས་མེད་པ། རྒྱ་ཆེ་བ། ཚད་མེད་པ་དང་། བསམ་གྱིས་མི་ཁྱབ་པ་ན། དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི་རྒྱལ་པོ་དེའི་གསུང་རབ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ཚུལ་ཁྲིམས་ལ་གནས་པའི་སྟོབས་དང་ལྡན་པ། ཚུལ་ཁྲིམས་ཤིན་ཏུ་ཡོངས་སུ་དག་པ་ཞིག་བྱུང་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་དེ་དགོན་པའི་གནས་ན་འཆག་པ་ན། འདི་ལྟ་སྟེ། ཆོས་འདུ་བ་འཕགས་པ་ལ་འགྲུས་ཤིང་བརྩོན་པར་གྱུར་ཏེ། སངས་རྒྱས་ཀྱི་ཆོས་ལ་གནས་པ་ན་ཚུལ་བཞིན་དུ་སྦྱོར་བ་འདི་ལྟ་བུ་བྱུང་སྟེ། གང་ཆོས་ཐམས་ཅད་ལ་མི་དམིགས་པ་དེ་


DKG059_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཚུལ་ཁྲིམས་སོ། །གང་དངོས་པོ་ཐམས་ཅད་ལ་མངོན་པར་མ་ཞེན་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་སོ། །གང་ལུས་གཟུགས་བརྙན་དང་འདྲ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ངག་བྲག་ཅ་ལྟ་བུར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་སེམས་ལ་སྒྱུ་མའི་ཆོས་ལྟ་བུར་སོ་སོར་རྟོག་པ་དེ་ནི་ཚུལ་ཁྲིམས་སོ། །གང་དགེ་བ་དང་མི་དགེ་བའི་ཆོས་རྣམ་པ་གཉིས་སུ་མི་འབྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་ལ་མི་སྡུག་པར་སོ་སོར་རྟོག་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཞེ་སྡང་ལ་བྱམས་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཤེས་རབ་ཀྱི་གཏི་མུག་གི་དྲ་བ་རྣམ་པར་འཇོམས་པ་དེ་ནི་ཚུལ་ཁྲིམས་སོ། །གང་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་དངོས་པོ་རྣམས་མི་དམིགས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཐམས་ཅད་ལ་མི་རྟོག་པ་དང་། རྣམ་པར་མི་རྟོག་པ་དང་མི་སེམས་པ་དང་། མི་ལྟ་བ་དེ་ནི་ཚུལ་ཁྲིམས་སོ། །གང་བདག་ཏུ་ལྟ་བ་མེད་པ་དང་། སེམས་ཅན་དུ་ལྟ་བ་མེད་པ་དང་། སྲོག་ཏུ་ལྟ་བ་མེད་པ་དང་། གང་ཟག་ཏུ་ལྟ་བ་མེད་པ་དང་། ཆད་པར་ལྟ་བ་མེད་པ་དང་། རྟག་པར་ལྟ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཐམས་ཅད་ལ་མངོན་པར་འདུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སེམས་སྐྲག་པ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཁམས་གསུམ་ལ་མི་གནས་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་མི་སྐྱེ་བ་ལ་ཡིད་ཆེས་པ་དེ་ནི་ཚུལ་ཁྲིམས་སོ། །གང་མི་སྐྱེ་བའི་ཆོས་ལ་བཟོད་པ་ལ་མོས་པ་དེ་ནི་ཚུལ་ཁྲིམས་སོ། །གང་རྙེད་པ་དང་བཀུར་སྟི་དོན་དུ་མི་གཉེར་བ་དེ་ནི་ཚུལ་ཁྲིམས་སོ། །གང་སྟོང་པ་ཉིད་ཀྱིས་མི་སྐྲག་པ་དེ་ནི་ཚུལ་ཁྲིམས་སོ། །གང་མཚན་མ་མེད་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྨོན་པ་དང་བྲལ་བ་དེ་ནི་ཚུལ་ཁྲིམས་སོ། །གང་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཚུལ་ཁྲིམས་དེས་བདག་ལ་མི་སྟོད་པ་དང་གཞན་ལ་མི་སྨོད་པ་དེ་ནི་ཚུལ་ཁྲིམས་སོ། །གང་སྐྱེ་མཆེད་རྣམས་ལ་མངོན་པར་དགའ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ། །གང་ཡུལ་ལ་མི་འཕྲོ་བ་དེ་ནི་ཚུལ་


DKG059_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་སོ། །གང་ཕུང་པོ་རྣམས་ཆོས་ཀྱི་ཕུང་པོ་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་ཁམས་རྣམས་ཆོས་ཀྱི་དབྱིངས་དང་མཉམ་པ་ཉིད་དེ་ནི་ཚུལ་ཁྲིམས་སོ། །གང་རྩོད་པ་དང་འཐབ་པ་མེད་པ་གཙོ་བོར་གྱུར་པ་དེ་ནི་ཚུལ་ཁྲིམས་སོ། །གང་དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་གཏོང་བ་དེ་ནི་ཚུལ་ཁྲིམས་སོ། །གང་ཆོས་ཐམས་ཅད་ཤིན་ཏུ་ཞི་བ་དང་། རབ་ཏུ་ཞི་བར་ཤེས་ཤིང་རབ་ཏུ་ཤེས་ཏེ་ལུས་ཀྱིས་བསྒྲུབས་ནས་གནས་པ་དེ་ནི་ཚུལ་ཁྲིམས་སོ་སྙམ་མོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། ཕྱིན་ཅི་མ་ལོག་པར་ཚུལ་བཞིན་ཡིད་ལ་བྱེད་པ་འདི་ལ་གནས་ཤིང་དགེ་སློང་དེ་ཚུལ་ཁྲིམས་ལ་གནས་པ་དེ་དང་། ཆོས་འཕགས་པ་ལ་སྦྱོར་བ་དེ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་རྩོམ་ཞིང་འཆག་ས་ན་འཆག་པ་དང་། བདུད་ཀྱི་བུ་རྣམ་པར་གནོན་པ་ཞེས་བྱ་བ་འཁོར་དང་བཅས་པ་བདུད་བརྒྱད་ཁྲི་བཞི་སྟོང་ཐམས་ཅད་ཀྱང་དཔུང་དང་གཡོག་འཁོར་དུ་བཅས་པ་ཐམས་ཅད་ཀྱང་གོ་མཚོན་དང་བཅས་པ་ཤ་སྟག་དང་ལྷན་ཅིག་ཏུ་བགེགས་ཀྱི་ལས་བྱེད་པར་འོངས་ཏེ། ལུས་ཕྲ་མོར་བྱིན་གྱིས་བརླབས་ནས་ལུས་མི་སྣང་བར་བྱས་ཏེ། དགེ་སློང་དེའི་སེམས་ཀྱི་སྤྱོད་པ་ལ་གླགས་ལྟ་ཞིང་ལོ་སྟོང་དུ་རྗེས་སུ་འབྲང་བར་གྱུར་ཏོ། །དེས་ལོ་སྟོང་དུ་ཡང་དགེ་སློང་དེའི་སེམས་རྣམ་པར་གཡེང་བ་གང་གིས་སྡང་བར་འགྱུར་བ་དང་། འཚེ་བར་འགྱུར་བ་དེ་ལྟ་བུའི་སེམས་རྣམ་པར་གཡེང་བའི་སེམས་སྐྱེ་བ་གཅིག་ཀྱང་མ་མཐོང་ངོ་། །དེ་ནས་བདུད་ཀྱི་བུ་རྣམ་པར་གནོན་པ་ལོ་སྟོང་འདས་ནས་གཡོག་འཁོར་དང་བཅས་ཏེ། ལུས་ཆེན་པོ་མངོན་པར་བསྟན་ནས་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ལག་ན་ཐོགས་པ་རྣམས་ཀྱིས་དགེ་སློང་དེའི་མདུན་དུ་འཇིགས་པ་སྟོན་པར་གྱུར་ཏོ། །དགེ་སློང་རྡོ་རྗེའི་ལྟེ་བས་བདུད་ཀྱི་འཁོར་ཆེན་པོ་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ཐོགས་པ་རྣམས་ཀྱིས་འཇིགས་པར་སྟོན་པར་མཐོང་ངོ་། །མཐོང་ནས་ཀྱང་ཚིག་འདི་སྐད་སྨྲས་སོ། །བདག་གིས་བདེན་པའི་ཚིག་གང་གིས་


DKG059_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆོས་འཕགས་པ་འདི་ལ་སྦྱོར་བ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཚུལ་བཞིན་དུ་སྦྱོར་བ་ཤིན་ཏུ་ཡོངས་སུ་དག་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདུད་རྣམས་དང་། བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་། མདའ་གཞུ་དང་། མདུང་ཐུང་དང་། མདའ་བོ་ཆེ་ལ་སོགས་པ་ཇི་སྙེད་ལག་ན་ཐོགས་པ་འདི་དག་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། ཙམ་པ་ཀ་དང་། སྣ་མའི་མེ་ཏོག་དང་། བར་ཤི་ཀ་དང་། མཁན་པའི་ཕྲེང་བ་རྣམས་སུ་གྱུར་ཅིག །བདུད་རྣམས་དང་། བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱི་བདག་གི་གཟུགས་དང་། ལུས་དང་། ཁ་དོག་དང་། སྨོན་ལམ་ཅི་འདྲ་དེ་འདྲ་བ་ཁོ་ནར་གྱུར་ཅིག་ཅེས་སྨྲས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བས་ཚིག་དེ་སྐད་སྨྲས་མ་ཐག་ཏུ་བདུད་རྣམས་དང་། བདུད་ཀྱི་འཁོར་དེ་རྣམས་ཀྱི་རལ་གྲི་དང་མདའ་གཞུ་དང་། མདུང་ཐུང་དང་མདའ་བོ་ཆེ་ལ་སོགས་པ་ལག་ན་ཐོགས་པ་ཇི་སྙེད་ཡོད་པ་མེ་ཏོག་ཁ་དོག་སྣ་ཚོགས་པའི་ཕྲེང་བ་བསུང་ཞིམ་པ། ཡིད་དུ་འོང་བ། བལྟ་ན་སྡུག་པ། དེ་སྙེད་གནས་པར་གྱུར་ཏོ། །བདུད་དེ་རྣམས་ཀྱང་དགེ་སློང་གི་གཟུགས་དེ་ལྟ་བུ་ཉིད་དུ་གྱུར་ཏེ། དེ་དག་ཐམས་ཅད་རབ་ཏུ་བྱུང་བའི་ཁོངས་སུ་གཏོགས་ཤིང་གོས་ངུར་སྨྲིག་བགོས་ལ་སྐྲ་དང་ཁ་སྤུ་བྲེགས་པར་སྣང་བར་གྱུར་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནས་བདུད་རྣམ་པར་གནོན་པས་དགེ་སློང་དེའི་ཆོ་འཕྲུལ་རྒྱ་ཆེན་པོ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། གཡོག་འཁོར་དང་བཅས་པར་དགེ་སློང་དེའི་རྐང་པ་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱིས་ཆོས་གང་དག་ཐོབ་པར་ཁྱོད་ལ་འདི་ལྟ་བུའི་བྱིན་གྱི་རླབས་ཡོད་པར་གྱུར། དེ་སྐད་ཅེས་སྨྲས་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་སློང་རྡོ་རྗེའི་ལྟེ་བས་བདུད་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་རྙེད་པ་ལས་གྱུར་པ་མ་ཡིན་གྱི་ཆོས་ཐམས་ཅད་དམིགས་སུ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་རྙེད་པ་ལས་མ་གྱུར་གྱི་ཆོས་ཐམས་ཅད་མ་རྙེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་ལུས་དང་།


DKG059_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ངག་དང་། སེམས་ལ་གནས་པ་ལས་གྱུར་པ་མ་ཡིན་གྱི། ཆོས་ཐམས་ཅད་ལ་མི་གནས་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །གྲོགས་པོ་བྱིན་གྱི་རླབས་འདི་ནི་མཚན་མར་འཛིན་པ་ལས་གྱུར་པ་མ་ཡིན་གྱི། མཚན་མ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །བྱིན་གྱི་རླབས་འདི་ནི་ཆོས་གང་ལ་ཡང་གནས་ཤིང་གནས་པ་མེད་པ་ལས་བྱིན་གྱི་རླབས་འདི་ཡོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སེམས་ལ་ཁོ་བོས་ལོ་སྟོང་དུ་བལྟས་ན་ཁྱོད་ཀྱི་སེམས་ཀྱི་རྒྱུ་བ་མ་མཐོང་ངོ་། །དེ་ནས་དགེ་སློང་རྡོ་རྗེའི་ལྟེ་བས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གྲོགས་པོ་ཁྱོད་ཀྱིས་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྱོད་ཅིང་། སེམས་ཡོངས་སུ་བལྟས་སུ་ཟིན་ཀྱང་རྙེད་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ནི། ནང་ནས་ཀྱང་མི་རྙེད། ཕྱི་རོལ་ནས་ཀྱང་མི་རྙེད། གཉིས་ཀ་མེད་པར་ཡང་མི་རྙེད་པའི་ཕྱིར་རོ། །གྲོགས་པོ་ཁྱོད་ཀྱི་སྒྱུ་མ་མཁན་གྱི་སྤྲུལ་པ་ལ་སེམས་ཀྱི་རྒྱུ་བ་རྙེད་དམ། སྨྲས་པ། དགེ་སློང་དེ་ནི་མི་རྙེད་དོ། །སྒྱུ་མ་མཁན་གྱིས་སྤྲུལ་པ་ལ་སེམས་ཀྱང་མེད། སེམས་པ་ཡང་མེད་ན་དེ་ག་ལ་རྙེད། སྨྲས་པ། གྲོགས་པོ་ཆོས་ཐམས་ཅད་ནི་སྒྱུ་མར་སྤྲུལ་པའི་ངོ་བོ་ཉིད་དུ་དེ་བཞིན་གཤེགས་པས་བཤད་དེ། དེའི་ཕྱིར་དེ་ལ་སེམས་དང་སེམས་པ་མི་རྙེད་དོ། །སྨྲས་པ། གལ་ཏེ་དགེ་སློང་ཁྱོད་སེམས་སམ་སེམས་པ་མི་རྙེད་ན་ཁྱོད་ཇི་ལྟར་འགྲོ་བའམ་འོང་བ་དང་། ཚིག་ཏུ་སྨྲ་བར་བྱེད། སྨྲས་པ། འདི་ལྟ་སྟེ། དཔེར་ན། སྒྱུ་མ་མཁན་གྱིས་སྤྲུལ་པའི་མི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་བྱེད་པ་ལྟར་ཁོ་བོའི་འོང་བ་དང་། འགྲོ་བ་དང་། ཚིག་སྨྲ་བར་ཡང་དེ་དང་འདྲའོ། །སྨྲས་པ། དགེ་སློང་ཁྱོད་བརྩོན་འགྲུས་རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། སྨྲས་པ། གནས་མེད་པ་འདོད་དོ། །སྨྲས་པ། གནས་མེད་པ་ཇི་ལྟར་འདོད། སྨྲས་པ། དེ་ལ་འགྲོ་བ་མེད་པས་འགྲོ་བའམ་འགྲོ་བར་འགྱུར་བ་གང་ཡང་མེད་དེ།


DKG059_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་གནས་མེད་པ་ཞེས་བྱ་བ་དེ་ནི་སྨོན་པ་མེད་པའི་ཚིག་བླ་དགས་སོ། །ཡང་བརྩོན་འགྲུས་རྩོམ་པ་འདི་དང་། ཚུལ་ཁྲིམས་ལ་གནས་པ་འདི་དང་། ཆོས་འཕགས་པ་ལ་སྦྱོར་བ་འདི་དང་། འཇུག་པ་འདིས་ཅི་ཞིག་འདོད། ཅེས་རྣམ་པར་གནོན་པ་ཁྱོད་ཀྱིས་སྨྲས་པ་དེ་གཟུགས་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད། ཆོས་ཐམས་ཅད་ཀྱང་སྐྱེ་བར་མི་འདོད། འགག་པར་མི་འདོད། གནས་པར་མི་འདོད་དོ། །རྣམ་པར་གནོན་པ་འཇུག་པ་གང་གཟུགས་སོ་སོར་མི་འཛིན་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་པ་དེ་འདོད་ཅིང་དེ་ལ་བལྟའོ། །རྣམ་པར་གནོན་པ་འཕགས་པ་རྣམས་ཀྱི་འཇུག་པ་གང་ཡིན་པ་དེ་ཁོ་བོའི་འཇུག་པའོ། །སྨྲས་པ། དགེ་སློང་ཇི་ལྟར་འཇུག །སྨྲས་པ། རྣམ་པར་གནོན་པ་སོ་སོའི་སྐྱེ་བོའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་མཉམ་ཞིང་གཉིས་སུ་མེད་པ་དང་། སློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། མི་སློབ་པའི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། རང་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དང་། སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་། འདས་པའི་ཆོས་གང་དག་ཡིན་པ་དང་། མ་འོངས་པའི་ཆོས་གང་དག་ཡིན་པ་དང་། ད་ལྟར་བྱུང་བའི་ཆོས་གང་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དེ་ནི་སྐྱེ་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འབྱུང་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་། འགག་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། མཉམ་པ་ཉིད་འདི་རྣམས་མི་སྤོང་བ་གང་ཡིན་པའི་མཉམ་པ་ཉིད་དེ་བསྟན་པའི་ཕྱིར། སེམས་ཅན་


DKG059_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཆོས་འཆད་པར་འདོད་དོ། །གྲོགས་པོ་ཡང་དག་པར་འཇུག་པ་འདི་ནི་འདོད་པའི་ཁམས་སུ་འཇུག་པ་མ་ཡིན། གཟུགས་ཀྱི་ཁམས་སུ་འཇུག་པ་མ་ཡིན་ནོ། །གཟུགས་མེད་པའི་ཁམས་སུ་འཇུག་པ་མ་ཡིན་ནོ། །གང་དག་མཉམ་པ་ཉིད་ལ་གནས་པ་དག་ནི་ཆོས་ཉིད་ལས་མི་གཡོས། རྣམ་པར་མི་གཡོ། འགྲོ་བར་མི་བྱེད། མི་འགྲོ་བར་མི་བྱེད་དོ། །གྲོགས་པོ་འདི་དག་ནི་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་བཞིན་ཉིད་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །ཡང་དག་པའི་མཐའི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པ་ཡང་དེ་ཡིན་ནོ། །འཇུག་པ་དེ་ལྟ་བུ་འདོད་པ་གང་ཡིན་པ་དེ་ནི་འདོད་པ་ཡང་མེད། འཇུག་པ་ཡང་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞིང་མངོན་པར་ཞེན་པར་མི་བྱེད་དེ། གྲོགས་པོ་འདི་ནི་ཡང་དག་པར་འཇུག་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཡང་དག་པའི་སྦྱོར་བ་འདིས་ཆོས་གང་ཞིག་རྟོགས། སྨྲས་པ། གྲོགས་པོ་ཡང་དག་པའི་སྦྱོར་བ་འདིས་ནི་ཁོ་བོས་དམ་པ་མེད་པའི་ཆོས་རྟོགས་སོ། །ལྷག་པར་བྱེད་པ་མེད་པ་དང་། རློམ་སེམས་མེད་པས་ཀྱང་མཉམ་པ་ཉིད་རྟོགས་པར་བྱས་སོ། །ཡང་ཁྱོད་ཀྱི་ཆོས་གང་རྟོགས་ཤེས་གང་དེ་སྐད་སྨྲས་པ་ཡང་དག་པའི་སྦྱོར་བ་འདི་ནི་རྟོག་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཡང་དག་པའི་སྦྱོར་བ་འདི་ནི་ལྷག་པའི་ང་རྒྱལ་མེད་པའོ། །ཡང་དག་པའི་སྦྱོར་བ་འདི་ནི་ཐོབ་པས་རབ་ཏུ་ཕྱེ་བ་མ་ཡིན་གྱི་ཡང་དག་པའི་སྦྱོར་བ་འདི་ནི་ཐོབ་པར་རབ་ཏུ་ཕྱེ་བ་དང་བྲལ་བ་སྟེ། ཡང་དག་པའི་སྦྱོར་བ་འདིས་ཆོས་གང་ཡང་རྟོགས་པ་མེད་དོ། །ཡང་དག་པའི་སྦྱོར་བ་ཞེས་བྱ་བ་འདིས་ནི་སྦྱོར་བ་མེད་པའི་ཚིག་བླ་དགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་ལ་བདུད་རྣམ་པར་གནོན་པས་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཚུལ་ཁྲིམས་ཡང་དག་པར་བླངས་པ་འདིས་ཅི་ཞིག་ཐོབ་པར་འགྱུར། སྨྲས་པ། རྣམ་པར་གནོན་པ་ཁོ་


DKG059_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཚུལ་ཁྲིམས་ཡང་དག་པར་བླངས་པ་འདིས་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །སྨྲས་པ། བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་གང་། སྨྲས་པ། གཟུགས་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའོ། །བདུད་རྣམ་པར་གནོན་པས་སྨྲས་པ། དགེ་སློང་བྱང་ཆུབ་གང་དུ་བཙལ་བར་བྱ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟེ་བས་སྨྲས་པ། གྲོགས་པོ་བྱང་ཆུབ་ནི་འཇིག་ཚོགས་ལ་ལྟ་བའི་ངོ་བོ་ཉིད་ལས་བཙལ་བར་བྱའོ། །སྨྲས་པ། ཇི་ལྟར་བཙལ་བར་བྱ། སྨྲས་པ། ཅི་ནས་ཀྱང་བྱང་ཆུབ་དང་བྱང་ཆུབ་ཏུ་ལྟ་བ་ཀུན་ནས་མི་ལྡན་པ་དེ་ལྟར་བཙལ་བར་བྱའོ། །དེ་ནས་བདུད་རྣམ་པར་གནོན་པས་དགེ་སློང་རྡོ་རྗེའི་ལྟེ་བ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང་ཁྱོད་ཀྱི་སྟོན་པ་སུ་ཡིན། སུས་རྗེས་སུ་བསྟན་པས་ཁྱོད་ཀྱི་སྤོབས་པ་འདི་ལྟ་བུར་འགྱུར། སྨྲས་པ། གྲོགས་པོ་གང་འཇིག་ཚོགས་མ་གཤིགས་པར་བྱང་ཆུབ་ཐོབ་པ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ། །གང་འདུས་བྱས་དང་འདུས་མ་བྱས་ལ་རྣམ་པར་ཤེས་པ་མི་གནས་པ་ནི་ཁོ་བོའི་སྟོན་པའོ། །གང་གཞན་ལས་མ་མཉན་པར་བླང་བ་མེད་པའི་ཆུ་བོ་མི་གནས་པ་རྒལ་བ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཆོས་ཐམས་ཅད་ལ་རྣམ་པར་ཤེས་པ་མི་འཇུག་ཅིང་ཆོས་རྣམས་ལ་ཤེས་པ་མི་འཕོ་བ་དེ་ནི་ཁོ་བོའི་སྟོན་པའོ། །གང་སྒྲ་ཐམས་ཅད་ལ་འཇུག་པ་ཉེ་བར་བསྒྲུབ་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་ལས་ཀྱང་མི་གཡོ་བ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཆོས་ཐམས་ཅད་མི་སྐྱེ་བ་དང་སྐྱེ་བ་ཐམས་ཅད་མི་འབྱུང་བར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཚུ་རོལ་དང་། ཕ་


DKG059_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་དང་དབུས་ན་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཆོས་ཐམས་ཅད་མི་སྐྱེ་བའི་ཕྱིར་སྐྱེས་པ་དེ་ནི་ཁོ་བོའི་སྟོན་པའོ། །གང་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དེ་ནི་ཁོ་བོའི་སྟོན་པ་སྟེ། དེས་རྗེས་སུ་བསྟན་པ་ལས་ཁོ་བོའི་སྤོབས་པ་འདི་ལྟ་བུར་གྱུར་ཏོ། །བདུད་རྣམ་པར་གནོན་པས་སྨྲས་པ། དེ་བཞིན་གཤེགས་པ་དེ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟེ་བས་སྨྲས་པ། གཟུགས་འཇུག་པར་ཡང་མི་བྱེད། ལྡོག་པར་ཡང་མི་བྱེད། གཟུགས་ཀྱི་དེ་བཞིན་ཉིད་དང་། གཟུགས་ཀྱི་ཆོས་ཉིད་དང་། གཟུགས་སྟོང་པ་ཉིད་དང་། གཟུགས་མཚན་མ་མེད་པ་ཉིད་དང་། གཟུགས་སྨོན་པ་མེད་པ་ཉིད་དང་། གཟུགས་ཞི་བ་ཉིད་དང་། གཟུགས་དབེན་པ་ཉིད་དང་། གཟུགས་སྐྱེ་བ་མེད་པ་ཉིད་དང་། གཟུགས་ཀྱི་རང་བཞིན་ཉིད་དང་། གཟུགས་ཀྱི་ངོ་བོ་ཉིད་འཇུག་པར་མི་བྱེད། ལྡོག་པར་མི་བྱེད། དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་འཇུག་པར་མི་བྱེད། ལྡོག་པར་མི་བྱེད། རྣམ་པར་ཤེས་པའི་དེ་བཞིན་ཉིད་དང་། རྣམ་པར་ཤེས་པའི་ཆོས་ཉིད་དང་། རྣམ་པར་ཤེས་པ་སྟོང་པ་ཉིད་དང་། རྣམ་པར་ཤེས་པ་མཚན་མ་མེད་པ་ཉིད་དང་། རྣམ་པར་ཤེས་པ་སྨོན་པ་མེད་པ་ཉིད་དང་། རྣམ་པར་ཤེས་པ་ཞི་བ་ཉིད་དང་། རྣམ་པར་ཤེས་པ་དབེན་པ་ཉིད་དང་། རྣམ་པར་ཤེས་པ་སྐྱེ་བ་མེད་པ་ཉིད་དང་། རྣམ་པར་ཤེས་པའི་རང་བཞིན་ཉིད་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་འཇུག་པར་མི་བྱེད། ལྡོག་པར་མི་བྱེད་དེ། དེ་བཞིན་གཤེགས་པ་དེ་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཐམས་ཅད་འཇུག་པ་མེད་པར་བྱ་བའི་ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་རོ། །ཆོས་ཀྱི་འཁོར་ལོ་དེ་བསྐོར་ཀྱང་རུང་མ་བསྐོར་ཀྱང་རུང་ཆོས་ཀྱི་དབྱིངས་ཀྱི་མཐའ་ཚད་མེད་པ་དེ་ཉིད་སྤོང་བར་ཡང་མི་བྱེད་དོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་གང་དག་གིས་ཤེས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་དེ་བསྐོར་བ་ཉིད་དུ་འགྱུར་རོ། །དེ་ནས་བདུད་རྣམ་པར་གནོན་པ་གཡོག་འཁོར་དང་བཅས་པ་དགེ་སློང་རྡོ་རྗེའི་ལྟེ་བ་དེའི་


DKG059_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མར་ཁས་བླངས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་དགེ་སློང་ཁྱེད་ལ་སྐྱབས་སུ་མཆིའོ། །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཁོ་བོ་ལ་སྐྱབས་སུ་མ་འགྲོ་བར་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི་རྒྱལ་པོ་གང་གིས་ཆོས་འདི་ལྟ་བུ་བསྟན་པས་ཁྱོད་དེ་ཉིད་ལ་སྐྱབས་སུ་སོང་ཤིག །དེས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ད་དེ་བཞིན་གཤེགས་པ་དེའི་ཐད་དུ་བཞུད་ཀྱིས་ཚུར་སྤྱོན། དེ་ནས་དགེ་སློང་རྡོ་རྗེའི་ལྟེ་བ་བདུད་རྣམ་པར་གནོན་པ་དང་། བདུད་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་དང་འགྲོགས་ཏེ། བཅོམ་ལྡན་འདས་འོད་དྲི་མ་མེད་པའི་འོད་ཟེར་གྱི་རྒྱལ་པོ་དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་ནས་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་སྤྱན་སྔར་འཁོད་པ་དང་། དེ་བཞིན་གཤེགས་པ་དེས་དེ་དག་ལ་ཚུལ་ཁྲིམས་ལ་གནས་པ་དེ་ཉིད་དང་། ཆོས་འཕགས་པ་ལ་སྦྱོར་བ་དེ་ཉིད་ལས་བརྩམས་ཏེ། ཅི་ནས་ཀྱང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དེ་ལྟ་བུར་ཆོས་བསྟན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚེ་དེའི་དུས་ན་དགེ་སློང་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་ན་ཁྱོད་ཀྱིས་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན་དགེ་སློང་རྡོ་རྗེའི་ལྟེ་བ་ཞེས་བྱ་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ས་འཛིན་ནི་དེའི་ཚེ་དེའི་དུས་ན་བདུད་རྣམ་པར་གནོན་པ་ཞེས་བྱ་བར་གྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པ་དེ་ལ་བརྟེན་ནས་སྨོན་ལམ་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་རྣམས་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཅིང་སེམས་ཅན་ཚད་མེད་པ་རྣམས་ཀྱང་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད། བདུད་ཕྱིར་རྒོལ་བ་རྣམས་ཀྱང་བཅོམ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་


DKG059_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་གང་ཞེ་ན། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་བ་ནི་རྣམ་པ་ལྔ་སྟེ། འདི་ལྟ་སྟེ། ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་བྱ་བའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་གི་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་ཇི་ལྟ་བུ་ཞེ་ན། མིག་གི་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའི་མིག་གི་དབང་པོ་རྩིག་པ་རྣམས་ཀྱིས་མི་སྒྲིབ། ཤིང་རྣམས་ཀྱིས་མི་སྒྲིབ། རི་རྣམས་ཀྱིས་མི་སྒྲིབ། ནགས་ཚལ་རྣམས་ཀྱིས་མི་སྒྲིབ། ཁོར་ཡུག་དང་། ཁོར་ཡུག་ཆེན་པོའི་རི་རྣམས་ཀྱིས་མི་སྒྲིབ། རི་རབ་ཀྱིས་མི་སྒྲིབ། འཇིག་རྟེན་གྱི་བར་རྣམས་ཀྱིས་མི་སྒྲིབ་སྟེ། དེ་སྒྲིབ་པ་མེད་པའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད། གྲངས་མེད་པ་རྣམས་མཐོང་ཞིང་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རབ་ཏུ་ཤེས་ཏེ། འདི་ལྟ་སྟེ། ནམ་མཁའ་ལ་ཐ་དད་པ་མེད་པའི་ཕྱིར་རོ། །ཞིང་ལ་ཞིང་སྦྱོར་བར་ཡང་མི་བྱེད། ཐ་དད་པར་ཡང་མི་བྱེད་དོ། །སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་གང་དག་བཞུགས་པ་དེ་དག་ཐམས་ཅད་ཀྱང་མཐོང་ཞིང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱང་མཐོང་ཞིང་། ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་མོས་སོ། །སངས་རྒྱས་གཅིག་མཐོང་བས་ཀྱང་སངས་རྒྱས་ཐམས་ཅད་མཐོང་བ་རྣམ་པར་སྦྱོང་བར་བྱེད་དོ། །སངས་རྒྱས་ཐམས་ཅད་མཐོང་བས་ཀྱང་སངས་རྒྱས་གཅིག་མཐོང་བ་རྣམ་པར་སྦྱོང་བར་བྱེད་དོ། །སངས་རྒྱས་མཐོང་བ་རྣམ་པར་དག་པ་དེས་ཀྱང་བདག་མཐོང་བ་རྣམ་པར་དག་པ་ལ་འཇུག་གོ །རྣམ་པར་དག་པ་དེ་ཉིད་ཀྱིས་ཆོས་ཐམས་ཅད་མཐོང་བ་རྣམ་པར་དག་པ་ལ་འཇུག་སྟེ། བདག་མཐོང་བ་རྣམ་པར་དག་པའམ། ཆོས་མཐོང་བ་རྣམ་པར་དག་པ་ལ་འདུ་ཤེས་གཉིས་སུ་ཡང་མི་འགྱུར་རོ། །སངས་


DKG059_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་གང་དག་མཐོང་བ་དེ་དག་ཀྱང་སངས་རྒྱས་མཐོང་བ་རྣམ་པར་དག་པ་ལས་གཞན་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་ཉན་ཐོས་མཐོང་བས་སངས་རྒྱས་མཐོང་ལ། སངས་རྒྱས་མཐོང་བས་ཀྱང་ཉན་ཐོས་མཐོང་སྟེ། ཡང་དག་པར་མཐོང་བས་མཉམ་པར་མཐོང་ངོ་། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་འཁོད་པའི་སེམས་ཅན་གང་དག་སེམས་ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་དམྱལ་བའམ། དུད་འགྲོའམ། ཡི་དགས་སམ། ལྷ་མ་ཡིན་ནམ། ལྷའམ། མི་ཡང་རུང་སྟེ། གཟུགས་མེད་པ་ན་སྤྱོད་པ་མ་གཏོགས་པར་དེ་དག་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། བདེ་འགྲོ་དང་། ངན་འགྲོ་དང་། ངན་པ་དང་། བཟང་པོ་རྣམས་མཐོང་ཞིང་སེམས་ཅན་དེ་དག་གི་སྣང་བ་ཙམ་དུ་རབ་ཏུ་ཤེས་སོ། །གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ཀྱང་ལས་ཀྱི་རྣམ་པར་སྨིན་པར་ཐམས་ཅད་ཀྱང་རབ་ཏུ་ཤེས་ཤིང་ཁོང་དུ་ཆུད་དོ། །དེ་སེམས་ཅན་རྣམས་མཐོང་ཞིང་ལས་ཀྱི་རྣམ་པར་སྨིན་པ་རབ་ཏུ་ཤེས་ཀྱང་བདག་མེད་པའི་མཐའ་ཚད་མར་བྱས་ནས་སེམས་ཅན་རྣམས་ལ་སེམས་ཅན་གྱི་འདུ་ཤེས་སུ་མི་འགྱུར་རོ། །དེ་ལྷའི་མིག་དེས་གཟུགས་སུ་གཏོགས་པ་ཐམས་ཅད་མཐོང་སྟེ། དངོས་པོ་མེད་པ་ཉིད་ཀྱི་ཕྱིར་གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ཀྱང་སྣང་བ་ཙམ་དུ་རབ་ཏུ་ཤེས་སོ། །གཟུགས་སུ་སྣང་བ་དེ་དག་ཐམས་ཅད་ཀྱང་སྔོན་གྱི་མཐའ་སྐྱེ་བ་མེད་པའི་ཕྱིར་ཡང་དག་པ་མ་ཡིན་པར་རབ་ཏུ་ཤེས་ལ། ལྷའི་མིག་སྒྲིབ་པ་མེད་པ་དེ་མངོན་པར་སྒྲུབ་པ་མ་ཡིན་ནོ། །དེ་ཤེས་རབ་ཀྱི་སྟོབས་དང་ལྡན་པས་འདོད་ན་གཟུགས་ཉེ་བར་འཁོར་དུ་གྱུར་པ་དང་མཚུངས་པར་ཡང་མཐོང་བར་འགྱུར། འདོད་ན་མི་མཐོང་བར་ཡང་འགྱུར། དེ་འདོད་ན་གཟུགས་ཅུང་ཟད་ཀྱང་ཡོང་ཡེ་མིག་སྔར་སྣང་བར་མི་འགྱུར་རོ། །དེ་སྲོག་ཆགས་འབུམ་ཕྲག་དུ་མའི་ནང་ན་འདུག་ཀྱང་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་རྣམས་ཀྱིས་གནས་ཏེ། སེམས་ཅན་གང་ཡང་དེའི་མིག་ལམ་དུ་སྣང་བར་མི་འགྱུར་


DKG059_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་མེད་པའི་དེ་ཁོ་ན་ཤེས་པའི་ཕྱིར་རོ། །དེ་འདོད་ན་གཟུགས་ན་སྤྱོད་པའི་ལྷའི་ལུས་ཕྲ་བ། ལུས་བཟང་བ། ལུས་འོད་གསལ་བ། ལུས་མི་སྣང་བ། གང་དག་ཡིན་པའི་ལྷ་དེ་དག་གི་མདུན་ན་ཡང་བྱང་ཆུབ་སེམས་དཔའ་རང་གི་ལུས་ཉེ་བར་སྟོན་ཏོ། །ལྷའི་བུ་དེ་དག་གིས་ཀྱང་དེའི་ལུས་མཐོང་། དེས་ཀྱང་དེ་དག་གི་ལུས་མཐོང་ངོ་། །འདོད་ན་དེའི་ལུས་ལྷ་རྣམས་ཀྱིས་མཐོང་ལ། རང་གི་ལུས་མི་མཐོང་ངོ་། །དེ་འདོད་ན་ལྷའི་བུ་དེ་དག་རང་གི་ལུས་མཐོང་ལ། དེའི་ལུས་མི་མཐོང་སྟེ། དེ་ལྷའི་མིག་དེ་ལྟ་བུ་དང་ལྡན་པར་འགྱུར་རོ། །དེ་ལྷའི་རྣ་བ་དང་ལྡན་པར་གྱུར་ཏེ། འདི་ལ་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སྒྲ་ཇི་སྙེད་ཡོད་པ་ལྷའི་སྒྲའམ། ཀླུ་དང་། གནོད་སྦྱིན་དང་། དྲི་ཟའི་སྒྲའམ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་སྒྲའམ། མི་དང་མི་མ་ཡིན་པའི་སྒྲ་དེ་དག་ཐམས་ཅད་དེའི་ལྷའི་རྣ་བའི་དབང་པོ་དེ་ལ་གྲགས་པར་འགྱུར་རོ། །དེ་སྒྲ་དེ་དག་ཐམས་ཅད་ཐོས་ཀྱང་སྒྲ་ཐ་དད་པར་མི་བྱེད་ལ། སྒྲ་ཐམས་ཅད་ཀྱང་སྨྲར་མེད་པར་མོས་སོ། །བརྗོད་དུ་མེད་པར་མོས་སོ། །དེ་སྒྲ་དེ་དག་ཀྱང་བདག་ཏུ་འདུ་ཤེས་སམ། སེམས་ཅན་དུ་འདུ་ཤེས་སམ། སྒྲར་འདུ་ཤེས་མི་འཇུག་ལ། སྒྲ་ཐམས་ཅད་ཐོག་མའི་མཐའ་དང་ཐ་མའི་སྒྲར་བརྗོད་པ་མེད་པར་རབ་ཏུ་རྟོགས་ཤིང་ཆོས་ཐམས་ཅད་བརྗོད་དུ་མེད་པར་ཡིད་ཆེས་སོ། །དེའི་རྣ་བའི་དབང་པོའི་རྣམ་པར་ཤེས་པའི་ཁམས་སྒྲིབ་པ་མེད་པར་འགྱུར་ཏེ། སྒྲ་དེ་དག་ཐོས་ནས་ཀྱང་སྒྲ་དེ་དག་གི་དོན་གང་ཡིན་པ་དེ་རབ་ཏུ་ཤེས་སོ། །སྒྲ་རྣམས་ཀྱི་དོན་གང་ཞེ་ན། སྒྲ་ཐམས་ཅད་ཀྱི་དོན་ནི་བརྗོད་དུ་མེད་པའི་དོན་ཏོ། །སྨྲར་མེད་པའི་དོན་ཏོ། །སྒྲ་ཐམས་ཅད་ཀྱི་དོན་ནི་ཉེ་བར་ཞི་བའི་དོན་ཏོ། །དེ་དོན་དེས་དོན་ལ་རྟོན་པར་འགྱུར་རོ། །སྒྲ་ཐམས་ཅད་ཀྱང་ཐོས་ལ་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་གང་ལ་ཡང་གནས་པར་མི་བྱེད་དོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་


DKG059_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ལ་འཚོ་ཞིང་གཞེས་ཏེ། ཆོས་ཀྱང་སྟོན་པ་དེ་དག་གིས་ཆོས་བསྟན་པ་དེ་དག་ཐམས་ཅད་ཀྱང་དེའི་རྣ་བས་ཐོས་པར་འགྱུར་རོ། །དེ་ལ་སྒྲིབ་པའམ་ཀུན་ནས་དཀྲིས་ཏེ་འདུག་པར་ཡང་མི་འགྱུར་ལ། ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཇི་ལྟར་ཐོས་པ་ཡང་འཛིན་ཏོ། །ཟིན་ནས་ཀྱང་ཆོས་གང་ཡང་མི་བརྗེད་དོ། །ཇི་ལྟར་ན་དེ་གང་ཡང་མི་བརྗེད་ཅེ་ན། དེ་ནི་ཚིག་འགའ་ཡང་མ་རྟོགས་པར་མི་འགྱུར་བས་དེ་ལྟར་ན་མི་བརྗེད་དོ། །ཆོས་གང་དག་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའམ། འདུས་བྱས་དང་འདུས་མ་བྱས་སམ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའམ། དགེ་བ་དང་། མི་དགེ་བའམ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་རྣམས་སམ། ཉན་ཐོས་ཀྱི་ཐེག་པ་དང་ལྡན་པའམ། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་རྣམས་སམ། ཐེག་པ་ཆེན་པོ་དང་ལྡན་པ་རྣམས་ཐོས་ནས། འདི་ལྟ་སྟེ། དབེན་པའི་དབྱིངས་རོ་གཅིག་པ་ཉིད་ཀྱི་ཕྱིར་ཆོས་དེ་དག་ཐམས་ཅད་ཆོས་གཅིག་གི་ངོ་བོ་ཉིད་ཀྱི་རོ་ཡིན་པར་འཇུག་གོ །དེ་ཆོས་ཉན་ཅིང་འཆད་ཀྱང་ཡུལ་ཐམས་ཅད་ལ་མི་འཆགས་སོ། །ཆོས་ཀྱང་ཉན་མོད་ཀྱི་མཚན་མ་ཐམས་ཅད་དང་ཡང་ལྷན་ཅིག་ཏུ་མི་གནས་སོ། །དེ་ཆོས་ལ་རྟེན་པ་ཡིན་གྱིས་ཆོས་མ་ཡིན་པ་ལ་མི་རྟེན་ཏོ། །དེ་ལ་ཆོས་གང་ཞེ་ན། ཆོས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བའོ། །ཆོས་ཞེས་བྱ་བ་ནི་མཚན་མ་མེད་པའོ། །ཆོས་ཞེས་བྱ་བ་ནི་འདུས་མ་བྱས་པའོ། །ཆོས་ཞེས་བྱ་བ་ནི་མཐའ་ཡས་པ། དཔེ་མེད་པ། མི་འགྱུར་བ། དམིགས་སུ་མེད་པ། མི་སྐྱེ་བ། མ་སྐྱེས་པ་སྟེ། གང་ཆོས་དེ་ལྟ་བུ་ལ་རློམ་སེམས་མེད་པ་དང་། རྟོག་པ་མེད་པ་དང་། འདུ་ཤེས་དང་། ཡིད་ཀྱི་འདུ་བྱེད་སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དེ་ནི་ཆོས་ཞེས་བྱའོ། །དེ་དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན། ཚིག་འབྲུ་སྤོང་བས་དོན་ལ་རྟོན་པ་ཡང་མ་ཡིན་ནོ། །དེ་དོན་ལ་འབབ་པའི་བློས་ཆོས་ཉན་ཏེ། ཇི་ལྟར་ན་དོན་ལ་འབབ་པའི་བློ་


DKG059_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། གང་སྟོང་པ་ཉིད་ཀྱི་དོན་གྱིས་ལྟ་བར་མི་ལྟུང་བ་དང་། གང་མཚན་མ་མེད་པའི་དོན་གྱིས་མཚན་མར་མི་ལྟུང་བ་དང་། གང་སྨོན་པ་མེད་པའི་དོན་གྱིས་སྨོན་པར་མི་ལྟུང་བ་སྟེ་དེ་ལྟར་ན་དོན་ལ་འབབ་པའི་བློ་ཡིན་ནོ། །གང་ལས་ཆོས་ཉན་པ་དང་། གང་ལས་དོན་ལ་རྟོན་པ་དེ་ཡང་དོན་དུ་མི་དམིགས་ཏེ། དེ་དམིགས་སུ་མེད་པ་ལ་ཡང་དམིགས་པར་མི་འགྱུར་རོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཆོས་ཉན་ཏེ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་རྟོན་པ་མ་ཡིན་ནོ། །ངེས་པའི་དོན་གྱི་མདོ་སྡེ་གང་ཞེ་ན། བརྗོད་དུ་མེད་པའི་ཕྱིར་མདོ་སྡེ་ཐམས་ཅད་ནི་ངེས་པའི་དོན་ཏེ། དེ་ལྟར་ན་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ཡིན་ནོ། །ངེས་པའི་དོན་གྱི་མདོ་སྡེ་འདི་དག་ལ་གང་དག་མི་རྟོན་པ་དེ་དག་ནི་དྲང་བ་ཞེས་བྱ་སྟེ། ཅིའི་ཕྱིར་དྲང་བ་ཞེས་བྱ་ཞེ་ན། འདི་ལྟར་ངེས་པའི་དོན་ལས་འགལ་བའི་ཆོས་ལ་གནས་པ་ཡིན་ཏེ། དེ་དག་ནི་དྲང་དགོས་པ་ཡིན་ནོ། །གང་གིས་དྲང་ཞེ་ན། སྒྲས་དྲང་ངོ་། །ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་དག་ནི་སྒྲས་དྲང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་དོན་དམ་པ་བརྗོད་དུ་མེད་པ་རྟོགས་ཤིང་དེ་དག་གིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ལྷག་ཆད་མེད་པར་ཤེས་པའི་ཕྱིར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ་རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་རྟོན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་ཉན་པ་ན་ཡེ་ཤེས་ལ་རྟོན་པ་ཡིན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེས་རྣམ་པར་ཤེས་པ་སྒྱུ་མ་ལྟ་བུ་དང་། དབེན་པ་དང་། ངོ་བོ་ཉིད་མེད་པ་དང་། གཟུགས་མེད་པ་དང་། བསྟན་དུ་མེད་པ་དང་། ཐོགས་པ་མེད་པ་དང་། རྣམ་པར་རིག་པ་མ་ཡིན་པར་ཤེས་པའི་ཕྱིར་ཏེ། གང་རྣམ་པར་ཤེས་པ་དེ་ལྟར་རྟོགས་པ་དེ་ནི་ཡེ་ཤེས་ཡིན་ནོ། །དེ་ཡེ་ཤེས་ལ་རྟོན་པ་ཡིན་གྱི་རྣམ་པར་


DKG059_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་རྗེས་སུ་མི་རྒྱུག་ཀྱང་གཞན་དག་ལ་རྣམ་པར་ཤེས་པ་དེ་སྟོན་ཏེ། དེ་ལ་མཚན་མར་ཡང་མི་འཛིན་ཅིང་དེ་རྣམ་པར་ཤེས་པ་ལ་ཡེ་ཤེས་སོ་ཞེས་ཀུན་ཏུ་སྐྱེད་དེ། རྣམ་པར་ཤེས་པའམ། ཡེ་ཤེས་ལ་མངོན་པར་ཞེན་པར་ཡང་མི་འགྱུར་རོ། །རྣམ་པར་ཤེས་པ་དེ་ཁོ་ན་ལ་མངོན་པར་ཞེན་པས་ཡེ་ཤེས་ཀྱི་དེ་ཁོ་ན་མི་བརྗོད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང་ཡེ་ཤེས་ལ་རྟོན་པ་དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་མི་གནས་སོ། །སེམས་ཅན་གཞན་དག་ལ་རྣམ་པར་ཤེས་པ་མ་ཡིན་པར་ཡང་ཆོས་མི་འཆད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ། ལྷའི་རྣ་བ་ཐོབ་པ་དེས་ཡེ་ཤེས་ཀྱི་དབྱིངས་འདི་རྟོགས་པར་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་གང་ཟག་གི་ཚིག་བླ་དགས་དང་ལྡན་པའི་ཆོས་ཉན་ཅིང་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་གལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་གང་ཟག་ཡོད་པར་གྱུར་ན་སེམས་ཅན་གང་ཡང་ཤིན་ཏུ་དག་པ་དང་ཐར་བར་མི་འགྱུར་བའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་གང་ཟག་མེད་མོད་ཀྱི་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་གང་ཟག་ཅེས་གསུངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཆོས་ལ་རྟོན་པ་ཡིན་གྱི་གང་ཟག་ལ་རྟོན་པ་མ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཆོས་ཞེས་བྱ་བ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཆོས་ཀྱི་དབྱིངས་ཞེས་བྱ་བ་དེ་ནི་སྐྱེ་བ་མེད་པའི་དབྱིངས་ཀྱི་ཚིག་བླ་དགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སྐྱེ་བ་མེད་པ་ཞེས་བྱ་བ་དེ་ནི་འབྱུང་བ་མེད་པའི་ཚིག་བླ་དགས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འབྱུང་བ་མེད་པ་ཞེས་བྱ་བ་དེ་ནི་བརྗོད་དུ་མེད་པའི་ཚིག་བླ་དགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཚིག་གང་དང་གང་གིས་ཆོས་གང་དང་གང་བརྗོད་པའི་ཆོས་དེ་དང་དེ་ཚིག་དེ་ལ་ཡོད་པ་མ་ཡིན་ལ། གང་ཡོད་པ་མ་ཡིན་


DKG059_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་བླ་དགས་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་ཚིག་བླ་དགས་ཞེས་བྱའོ། །ཆོས་ཐམས་ཅད་ནི་ཚིག་མེད་པ་ཚིག་ཏུ་བརྗོད་པ་མེད་པའོ། །དེ་ལ་ངས་ཚིག་བརྗོད་པ་མེད་པའོ། །དེ་ལ་ངས་ཚིག་བརྗོད་པ་གང་ཡིན་པ་དེ་ནི་ཚིག་མེད་པ་སྟེ། བརྗོད་པ་མ་སྐྱེས་ཤིང་ཡང་དག་པ་མ་ཡིན་པའི་ཕྱིར་བརྗོད་པ་མེད་པའོ། །དེ་ལ་ངས་ཚིག་བརྗོད་པ་མེད་པའོ། །དེ་ལངས་ཚིག་བརྗོད་པ་གང་ཡིན་པ་དེ་ནི་ཚིག་མེད་པ་སྟེ། །བརྗོད་པ་མ་སྐྱེས་ཤིང་ཡང་དག་པ་མ་ཡིན་པའི་ཕྱིར་བརྗོད་པ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་བརྗོད་པའི་མཚན་ཉིད་དེ་ནི་སངས་རྒྱས་ཀྱི་ཚིག་མ་ཡིན་ཏེ། བརྗོད་དུ་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་པའི་ཕྱིར་རོ། །དེ་བས་ན་སངས་རྒྱས་ཀྱི་ཚིག་ཅེས་བྱའོ། །གང་སངས་རྒྱས་ཀྱི་ཚིག་ལ་འཇུག་པ་དེ་ནི་ཚིག་མེད་པ་ལ་འཇུག་པའོ། །གལ་ཏེ་ཚིག་ལ་འཇུག་ན་སངས་རྒྱས་ཀྱི་ཚིག་ལ་འཇུག་པ་མ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སངས་རྒྱས་ཀྱི་ཚིག་ལ་འཇུག་པར་འདོད་པས་ཚིག་གང་གིས་གང་ཟག་ཅེས་བྱ་བའམ། ཆོས་ཞེས་བསྟན་པར་གྱུར་པ་དེ་ཚིག་ཏུ་བལྟ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གང་ལ་གཉིས་ཡོད་པ་དེ་སངས་རྒྱས་ཀྱི་ཚིག་མ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཚིག་ནི་གཉིས་སུ་མེད་པའོ། །གང་ལ་སྒྲ་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཚིག་མ་ཡིན་ཏེ། སངས་རྒྱས་ཀྱི་ཚིག་ནི་སྒྲ་མེད་པའོ། །གང་ལ་བརྗོད་པ་ཡོད་པ་དེ་ནི་སངས་རྒྱས་ཀྱི་ཚིག་མ་ཡིན་ཏེ། སངས་རྒྱས་ཀྱི་ཚིག་ནི་བརྗོད་པ་མེད་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གང་སངས་རྒྱས་ཀྱི་ཚིག་ལ་ཞུགས་པ་དེ་ནི་མངོན་པར་ཤེས་པ་ཐོབ་པ་ཞེས་བྱ་སྟེ། དེ་ལྷའི་རྣ་བ་དེས་སྒྲ་ཐམས་ཅད་ཆོས་ཉིད་དང་འཐུན་པར་སངས་རྒྱས་ཀྱི་བྱང་ཆུབ་རྟོག་པར་བྱེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལྟ་སྟེ་ལྷའི་རྣ་བ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་གཉིས་པའོ།། །།འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། བམ་པོ་གཉིས་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་འཐོབ་ཅིང་སེམས་ཀྱིས་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ཀྱི་སེམས་རབ་ཏུ་ཤེས་ཏེ། འཁོར་གང་དང་གང་དུ་ཆོས་འཆད་དུ་འགྲོ་བར་དེ་དང་པོ་ཉིད་དུ་སེམས་


DKG059_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གང་གི་བསམ་པ་ཇི་ལྟ་བུ། སྦྱོར་བ་ཇི་ལྟ་བུ། རྒྱུ་ཇི་ལྟ་བུ། མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་དུ་འཁོར་གྱི་སེམས་ལ་རྣམ་པར་ལྟ་སྟེ། བལྟས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་རང་གི་སེམས་ཡོངས་སུ་དག་པས་འཁོར་གྱི་སེམས་ཡོངས་སུ་དག་པ་རྗེས་སུ་འཇུག་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལྟ་སྟེ། དཔེར་ན་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པའི་ཕྱིར་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པ་ལ་གཟུགས་སུ་སྣང་བ་ཇི་ལྟ་བུ་བསྙེན་པའི་ཁ་དོག་དང་། རྟགས་དང་། དབྱིབས་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཉིད་ཀྱི་གཟུགས་བརྙན་ལྷག་ཆད་མེད་པར་སྣང་སྟེ། མེ་ལོང་གི་དཀྱིལ་འཁོར་ནི་རྣམ་པར་མི་རྟོག་མི་སེམས་ཀྱང་དེ་དག་སྣང་ངོ་། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་གི་སེམས་ཡོངས་སུ་དག་པ་དང་། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བུར་འབྱུང་བ་དེ་དག་ཐམས་ཅད་རབ་ཏུ་ཤེས་ཏེ། བྱང་ཆུབ་སེམས་དཔའ་རང་གི་སེམས་ལ་སྒྲིབ་པ་ཡང་མེད། གཞན་གྱི་སེམས་ལ་སྒྲིབ་པ་ཡང་མེད་དོ། །དེ་ན་གལ་ཏེ་འཁོར་འདོད་ཆགས་ལ་སྤྱོད་པ་ཡིན་ན་ཡང་དེའི་སེམས་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་ཆགས་པ་མེད་པའི་ཕྱིར་རོ། །གལ་ཏེ་འཁོར་ཞེ་སྡང་ལ་སྤྱོད་པ་ཡིན་ན་ཡང་དེའི་སེམས་རབ་ཏུ་ཤེས་སོ། །ཞེ་སྡང་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་ཞེ་སྡང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འཁོར་གཏི་མུག་ལ་སྤྱོད་པ་ཡིན་ན་ཡང་དེའི་སེམས་རབ་ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། སེམས་ཀྱི་རང་བཞིན་ནི་གཏི་མུག་མ་ཡིན་པའི་ཕྱིར་རོ། །གལ་ཏེ་འཁོར་ཉན་ཐོས་ཀྱི་ཐེག་པ་ལ་མོས་པ་ཡིན་ན་ཡང་སྤྱོད་པ་དེ་ཁོ་ན་བཞིན་དུ་ཤེས་ཏེ། ཆོས་ཀྱི་དབྱིངས་ཆུང་བར་ཡང་མི་བྱེད་དོ། །གལ་ཏེ་འཁོར་རང་སངས་རྒྱས་ཀྱི་


DKG059_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ལ་མོས་པ་ཡིན་ན་ཡང་སྤྱོད་པ་དེ་ཁོ་ན་བཞིན་དུ་ཤེས་ཏེ། ཆོས་ཀྱི་དབྱིངས་འབྲིང་དུ་ཡང་མི་བྱེད་དོ། །གལ་ཏེ་འཁོར་ཐེག་པ་ཆེན་པོ་ལ་མོས་པ་ཡིན་ན་ཡང་སྤྱོད་པ་དེ་ཁོ་ན་བཞིན་དུ་ཤེས་ཏེ། ཆོས་ཀྱི་དབྱིངས་མཆོག་ཏུ་ཡང་མི་བྱེད་དོ། །དེ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཁམས་ཀྱི་སྤྱོད་པ་ཤེས་པས་ཀྱང་ཆོས་སྟོན་ལ། སེམས་ཀྱི་རང་བཞིན་ལ་རྣམ་པར་རྟོག་པར་ཡང་མི་བྱེད་དོ། །ཐེག་པ་ཐམས་ཅད་རྣམ་པར་འཇོག་པས་ཀྱང་ཆོས་སྟོན་ལ་ཆོས་ཀྱི་དབྱིངས་ཐ་དད་པར་ཡང་མི་བྱེད་དོ། །ཆོས་ཀྱི་དབྱིངས་ཐ་དད་པ་མེད་པས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ། །དེ་སེམས་ཀྱིས་སེམས་ལ་རྣམ་པར་ལྟ་ལ། སེམས་ཀྱིས་སེམས་ལ་སྤྱོད་པར་ཡང་མི་བྱེད་ཅིང་མི་འཐུན་པར་ཡང་མི་བྱེད་དོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དབྱིངས་དེ་དག་ཀྱང་རབ་ཏུ་ཤེས་ཏེ། ཆོས་ཀྱི་དབྱིངས་གང་ཡིན་པ་དེ་སེམས་ཀྱི་དབྱིངས་ཡིན་པར་རབ་ཏུ་ཤེས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཕ་རོལ་གྱི་སེམས་ཤེས་པའི་མངོན་པར་ཤེས་པ་ཐོབ་སྟེ། མངོན་པར་ཤེས་པ་དེས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་མངོན་པར་ཤེས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་འཐོབ་ཅིང་དེ་བརྗོད་པ་མེད་ལ། དབང་པོ་མཉམ་པར་བཞག་པས་སྔོན་གྱི་གནས་རྗེས་སུ་དྲན་ཏེ། དེ་བདག་དང་གཞན་དག་གི་སྔོན་གྱི་གནས་ལ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ནས་བརྩམས་ནས་ཆོས་སྟོན་ཏོ། །ཆེ་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར་གྱུར་རིགས་ནི་འདི་ཞེས་བྱ། ཚེའི་ཚད་ནི་འདི་ཙམ་ཞིག་ཐུབ། བདེ་བ་དང་། སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་བྱ་བ་དང་། སེམས་ཅན་གཞན་རྣམས་ཀྱི་ཡང་དེ་བཞིན་དུ་རབ་ཏུ་ཤེས་སོ། །དེ་སེམས་ཅན་རྣམས་སྔོན་གྱི་དགེ་བའི་རྩ་བ་རྒྱུ་ལས་བྱུང་བ་རབ་ཏུ་ཤེས་ཏེ། སེམས་ཅན་འདི་དག་ནི་རྒྱུའི་སྟོབས་ཅན། འདི་དག་ནི་རྐྱེན་གྱི་སྟོབས་ཅན། སེམས་ཅན་འདི་དག་གི་རྒྱུ་ནི་ཉན་ཐོས་ཀྱི་ཐེག་པ། སེམས་ཅན་འདི་དག་གི་རྒྱུ་ནི་རང་སངས་རྒྱས་ཀྱི་ཐེག་པ། སེམས་


DKG059_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འདི་དག་གི་རྒྱུ་ནི་ཐེག་པ་ཆེན་པོའོ་ཞེས་དེ་སེམས་ཅན་རྣམས་ཀྱི་སྔོན་གྱི་རྒྱུ་ཤེས་ནས་དེ་དག་ལ་དེ་བཞིན་དུ་ཆོས་སྟོན་ཏོ། །དེ་སྔོན་གྱི་གནས་མངོན་དུ་བྱེད་པས་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཐོབ་བོ། །དེ་སངས་རྒྱས་རྣམས་ལ་སྔོན་དགེ་བའི་རྩ་བ་ཇི་སྙེད་པ་སྐྱེད་པ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་དེ་དག་རྗེས་སུ་དྲན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་སྔོན་གྱི་གནས་ཀྱང་རྗེས་སུ་དྲན་ལ་ཆོས་ཐམས་ཅད་སྔོན་གྱི་མཐར་འཕོ་བ་མེད་པར་ཡང་རབ་ཏུ་ཤེས། གང་ཡང་སྔོན་གྱི་མཐའ་ནས་ཕྱི་མའི་མཐར་འགྲོ་བ་མེད་པར་མཐོང་། ཕྱི་མའི་མཐའ་ནས་སྔོན་གྱི་མཐར་འགྲོ་བ་མེད་པར་མཐོང་ངོ་། །ཆོས་ཐམས་ཅད་གང་དུ་ཡང་འགྲོ་བ་དང་འོང་བ་མེད་པར་ཡང་རབ་ཏུ་ཤེས་སོ། །དེ་སྔོན་གྱི་མཐའ་རྗེས་སུ་དྲན་པ་ན་སྔོན་གྱི་མཐར་ལྟ་བར་མི་འགྱུར། དེ་ཕྱི་མའི་མཐའ་རྗེས་སུ་དྲན་པ་ན་ཕྱི་མའི་མཐར་ལྟ་བར་མི་འགྱུར་ཏེ། ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་ཡང་རབ་ཏུ་ཤེས་སོ། །དེ་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་ཀྱང་རྗེས་སུ་དྲན་ལ་གཟུགས་སྔོན་གྱི་མཐས་དབེན་པ་ཉིད་དུ་ཡང་རབ་ཏུ་ཤེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྔོན་གྱི་མཐས་དབེན་པ་ཉིད་དུ་ཡང་རབ་ཏུ་ཤེས་ཏེ། དེ་ཕུང་པོ་ལྔ་ཆར་སྔོན་གྱི་མཐས་དབེན་པ་ཉིད་དང་། ཕྱི་མའི་མཐས་དབེན་པ་ཉིད་དང་། ད་ལྟར་བྱུང་བས་དབེན་པ་ཉིད་དུ་རབ་ཏུ་ཤེས་སོ། །དེ་ཆོས་ཐམས་ཅད་སྔོན་གྱི་མཐས་སྟོང་པའི་ངོ་བོ་ཉིད་དང་། ད་ལྟར་བྱུང་བས་སྟོང་པའི་ངོ་བོ་ཉིད་དང་། ཕྱི་མའི་མཐས་སྟོང་པའི་ངོ་བོ་ཉིད་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་རྗེས་སུ་དྲན་པ་ནི་སྔོན་གྱི་དགེ་བའི་རྩ་བ་ཡོངས་སུ་ཉམས་པར་ཡང་མི་འགྱུར་ལ། ལས་མངོན་པར་འདུ་བྱ་བ་སྔོན་བྱས་པ་ཡང་ཡོངས་སུ་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཐམས་ཅད་སར་པ་མ་ཡིན་པ་དང་། རྙིང་པ་མ་ཡིན་པར་ཤེས་པའི་ཕྱིར་རོ། །དེས་ཤེས་པ་དེ་ལྟ་བུ་དང་


DKG059_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་འདུ་བྱེད་དུ་གཏོགས་པ་རྣམས་རྨི་ལམ་ལྟ་བུར་མོས་པར་བྱེད་དེ། འདི་ལྟ་སྟེ། དཔེར་ན་རྨི་ལམ་ན་སྐྱེ་བ་དང་། འཆི་བ་དང་། བདེ་བ་དང་སྡུག་བསྔལ་རྨི་བ་དེ་བཞིན་དུ་འདུ་བྱེད་ཐམས་ཅད་ལ་མོས་པར་བྱེད་དོ། །དེ་དེ་ལྟར་མོས་པས་འཁོར་བ་ལས་སྐྱོ་བར་མི་འགྱུར་ལ། སེམས་ཅན་ཐམས་ཅད་ལ་ཡང་སྙིང་རྗེ་བར་འགྱུར་རོ། །ཆོས་ཐམས་ཅད་ལ་བཅོས་མ་འདུ་ཤེས་སུ་འགྱུར་ཏེ། དེ་འདི་སྙམ་དུ་བདག་བསྐལ་པ་སྟོང་ཕྲག་འདི་སྙེད་གཅིག་ཏུ་འཁོར་བར་གྱུར་པ་དེ་ཡང་དག་པར་མ་ཡིན་ཞིང་མེད་པའོ། །འབྱུང་བ་ཆེན་པོ་རྣམས་ནི་མེད་པས་གང་ན་འབྱུང་བ་ཆེན་པོ་རྣམས་མི་སྲིད་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བ་ཡང་དེ་བཞིན་ཏེ། ཡང་དག་པ་མ་ཡིན་ཞིང་མེད་པའོ་སྙམ་དུ་མི་སེམས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་སྔོན་གྱི་གནས་རྗེས་སུ་དྲན་ལ་དེ་འབྱུང་བ་རྣམས་དང་། འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མཐོང་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཁོར་ལོས་སྒྱུར་བའི་བདེ་བ་རྗེས་སུ་དྲན་པ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན། བརྒྱ་བྱིན་གྱི་བདེ་བ་རྗེས་སུ་དྲན་ལ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན། ཚངས་པའི་བདེ་བ་རྗེས་སུ་དྲན་ལ་དེ་ཡང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན་ནོ། །སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་། ཉན་ཐོས་ཀྱི་ཡོན་ཏན་བཀོད་པ་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཉེ་བར་སྤྱོད་པ་དང་། ཡོངས་སུ་སྤྱོད་པ་རྗེས་སུ་དྲན་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་གཟུགས་ཀྱི་སྐུ་ཕུན་སུམ་ཚོགས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཕུན་སུམ་ཚོགས་པ་ཡང་རྗེས་སུ་དྲན་ནོ། །དེ་དེ་ལྟར་རྗེས་སུ་དྲན་པ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་། ཡོངས་སུ་འཛིན་པ་ཐམས་ཅད་ལ་མི་ལྟ་བའི་འདུ་ཤེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་འདི་སྙམ་དུ་སངས་རྒྱས་ཀྱི་ཞིང་རྒྱ་ཆེན་པོ་དང་། སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དེ་དག་ཀྱང་ཟད་པའི་ཆོས་ཉིད་ཀྱི་ཟད་པ་ཡིན་ཏེ། དེ་བས་ན་བདག་གི་ཡོངས་སུ་གཟུང་བ་འདི་ཡང་མི་རྟག་གོ་སྙམ་དུ་སེམས་ཤིང་། དེ་


DKG059_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ཡོངས་སུ་གཟུང་བ་མི་རྟག་པ་ཉིད་ལ་ཡང་སྟོན། འགྱུར་བ་ལ་ཡང་སྟོན་ཏོ། །དེ་འདི་སྙམ་དུ་ཡང་སེམས་ཏེ། ཨེ་མའོ་འདུ་བྱེད་ཐམས་ཅད་ཤིན་ཏུ་མི་རྟག་ན་སེམས་ཅན་རྣམས་ནི་རྟག་པར་འདུ་ཤེས་སོ་སྙམ་དུ་དེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེ་ཞིང་དངོས་པོ་ཐམས་ཅད་ལ་མི་ལྟ་བར་འགྱུར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་བཞི་པ་སྟེ། དངོས་པོ་ཐམས་ཅད་མི་རྟག་པར་ཡང་རྟོགས་ལ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྲིད་པ་རྣམས་སུ་བསམས་བཞིན་དུ་སྐྱེ་བ་དང་། ཡོངས་སུ་འཛིན་པ་མེད་པར་བྱ་བའི་ཕྱིར་ཡོངས་སུ་གཟུང་བ་ཡོངས་སུ་འཛིན་ཅིང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་ཉིད་ཀྱི་ཕྱིར་ཉེ་བར་ལེན་པ་མེད་པར་ཉེ་བར་ལེན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་གང་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལ་བྱང་ཆུབ་སེམས་དཔའ་འདུན་པ་དང་། བརྩོན་འགྲུས་དང་། སེམས་དང་། དཔྱོད་པ་ལས་སེམས་དབང་བའི་རྣམ་པ་མངོན་པར་བསྒྲུབ་པའི་རྫུ་འཕྲུལ་གྱི་རྐང་པ་འཐོབ་སྟེ། དེ་ཤིན་ཏུ་ཆེར་མངོན་པར་འདུས་བྱས་པ་མེད་པར་རྫུ་འཕྲུལ་མངོན་དུ་འཐོབ་བོ། །དེ་འདོད་ན་སེམས་བསྐྱེད་པ་གཅིག་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོ་ཞིང་དེར་སོང་བ་ཡང་ཤེས་ལ་འདི་ནས་ཀྱང་མི་གཡོའོ། །དེ་ན་ཆོས་སྟོན་པར་ཡང་སྣང་ལ་འདི་ན་གཏམ་བརྗོད་པའི་རྒྱུན་ཡང་མི་འཆད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟེ། རྣམ་པར་འཕྲུལ་པ་དེས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བའི་སེམས་ཅན་རྣམས་གདུལ་བར་བྱེད་དེ། ལྷ་ཡང་རུང་། མི་ཡང་རུང་། སེམས་ཅན་གང་དག་རྟག་པར་འདུ་ཤེས་པ། དེ་དག་ལ་སྲེག་པའི་བསྐལ་པ་ཉེ་བར་སྟོན་ཏེ། དེ་ན་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཚིག་པར་དེ་དག་གིས་མཐོང་ལ་འཇིག་རྟེན་གྱི་ཁམས་དེ་ཞིག་པར་ཡང་མི་འགྱུར་རོ། །སེམས་ཅན་གང་དག་


DKG059_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་པའི་ང་རྒྱལ་ཅན་དེ་དག་ལ་ནི་གནོད་སྦྱིན་ལག་ན་རྡོ་རྗེའི་གཟུགས་སུ་ཉེ་བར་སྟོན་ཏེ། དེ་རྡོ་རྗེ་འབར་བ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་བ་རབ་ཏུ་འཇིགས་པར་བྱེད་པས་དེ་དག་འཇིགས་པར་བྱས་ནས་དེ་དག་ང་རྒྱལ་མེད་པར་གྱུར་ཏེ་དེ་ལ་ཕྱག་འཚལ་ལོ། །གང་དག་འཁོར་ལོས་སྒྱུར་བའི་ཁ་དོག་ལ་མོས་པ་དེ་དག་ལ་ནི་འཁོར་ལོས་སྒྱུར་བའི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། གང་དག་བརྒྱ་བྱིན་གྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་བརྒྱ་བྱིན་གྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། གང་དག་བདུད་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་བདུད་ཀྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། སེམས་ཅན་གང་དག་ཚངས་པའི་ཁ་དོག་ལ་མོས་པ་དེ་དག་ལ་ནི་ཚངས་པའི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན། གང་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི། དེ་ལྟ་བུའི་ཁ་དོག་དང་གཟུགས་ཉིད་ཀྱིས་ཆོས་སྟོན། སེམས་ཅན་གང་དག་སངས་རྒྱས་ཀྱི་ཁ་དོག་ལ་མོས་པ་དེ་དག་ལ་ནི་སངས་རྒྱས་ཀྱི་ཁ་དོག་དང་གཟུགས་ཀྱིས་ཆོས་སྟོན་ཏོ། །དེ་སེམས་ཅན་ཁ་ཅིག་ལ་ནི་ནམ་མཁའ་ལ་སྐྱིལ་མོ་ཀྲུང་དུ་འདུག་ནས། འོད་རྣམས་ལས་འོད་ཟེར་ཕྱུང་སྟེ་ཆོས་སྟོན་ཏོ། །དེ་སེམས་ཅན་རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་བླ་རེར་བྲེས། དར་གྱི་ཆུན་ཀོར་གྱི་ཕྲེང་བ་དཔྱངས། གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བརྒྱན། དྲིལ་བུའི་དྲ་བ་སྐྱོད། མེ་ཏོག་སྣ་ཚོགས་བཀྲམ། བདུག་པས་བདུགས། སིལ་སྙན་འབུམ་ཕྲག་དུ་མ་གསིལ་བ་བསྟན་ནས་ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱ་མཚོ་གཅིག་ཏུ་བྱིན་གྱིས་བརླབས་ཏེ། མེ་ཏོག་ཨུད་པ་ལ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཁེབས་པར་བྱས་ནས་དེའི་དབུས་སུ་སེང་གེའི་ཁྲི་མངོན་པར་སྤྲུལ་ཏེ། དེ་ལ་བདག་འདུག་ནས་ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་རི་རབ་ཀྱི་རྩེ་མོ་ལ་བདག་འདུག་པར་བསྟན་ནས་ཚངས་པའི་སྒྲར་སྨྲ་བའི་དབྱངས་ཀྱིས་ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་ལུས་མི་སྣང་བར་སྒྲ་སྙན་པར་གྲགས་


DKG059_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་རིག་བྱེད་ཀྱིས་ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་དྲི་ཟའི་གཟུགས་ཀྱིས་གླུ་དང་། རོལ་མོའི་དབྱངས་སྒྲ་དགའ་བའི་སྦྱོར་བས་ཆོས་སྟོན། སེམས་ཅན་ཁ་ཅིག་ལ་ནི་ཀླུའི་དཀྱིལ་འཁོར་གྱིས་སྦྱོར་བས་སྤྲིན་དང་། འབྲུག་སྒྲ་དང་། གློག་དང་། ཆར་གྱི་རྒྱུན་འབབ་པ་བསྟན་ནས་ཆོས་སྟོན། བཀྲེས་པ་དང་། སྐོམ་པས་ཉེན་པ་ཁ་ཅིག་ལ་ནི་ལྷའི་བཟའ་བ་དང་། བཏུང་བ་བྱིན་ནས་བདེ་བར་གྱུར་པ་ལ་ཆོས་སྟོན། སེམས་ཅན་དམྱལ་བ་པའི་སེམས་ཅན་གང་དག་སྡུག་བསྔལ་གྱིས་ཤིན་ཏུ་གཟིར་བ་དེ་དག་ལ་ནི་རྫུ་འཕྲུལ་གྱི་མཐུས་སེམས་ཅན་དམྱལ་བའི་མེ་ཞི་བར་བྱས་ནས་སྤུའི་བུ་ག་ཐམས་ཅད་དུ་གཟི་བྱིན་བཅུག་སྟེ། བདེ་བ་ཐོབ་པར་གྱུར་པ་རྣམས་ལ་ཆོས་སྟོན། སེམས་ཅན་ལོང་བ་རྣམས་ལ་ནི་རྫུ་འཕྲུལ་གྱི་མཐུས་མིག་བྱིན་ཏེ། མིག་དང་ལྡན་པར་གྱུར་པ་ལ་ཆོས་སྟོན། སེམས་ཅན་གང་དག་རྣ་བ་དང་བྲལ་ཞིང་འོན་པར་གྱུར་པ་དེ་དག་ལ་ནི་རྫུ་འཕྲུལ་གྱི་མཐུས་རྣ་བ་དང་ལྡན་པར་བྱས་ཏེ་དེ་དག་ལ་ཆོས་སྟོན། སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་དེ་དག་ལ་ནི་ནད་མེད་པར་བྱས་ནས་ནད་དང་བྲལ་བ་རྣམས་ལ་ཆོས་སྟོན། སེམས་ཅན་གང་དག་གསད་དུ་ཁྲིད་ཅིང་སྲོག་གི་བར་ཆད་དུ་གྱུར་པ་དེ་དག་གི་ཕྱིར་ནི་རྫུ་འཕྲུལ་གྱི་མཐུས་དེ་དང་འདྲ་བ་གཞན་དག་སྤྲུལ་ཏེ་བསམས་ནས་དེ་དག་ཐར་བར་བྱས་ཏེ་སྲོག་གི་དབུགས་ཕྱིན་པར་གྱུར་པ་རྣམས་ལ་ཆོས་སྟོན། སེམས་ཅན་ཡན་ལག་དང་ཉིང་ལག་ཉམས་ཤིང་དབང་པོ་དང་བྲལ་ལ་མི་སྡུག་པ། མི་འཇིགས་པ་མེད་པ། སེམས་རང་གི་ལུས་ལ་ཞུམ་པ་དེ་དག་ལ་རྫུ་འཕྲུལ་གྱི་མཐུས་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་བྱས་པའི་འོག་ཏུ་གཟུགས་བཟང་པོ་ཅན་ལ་ཆོས་སྟོན། སེམས་ཅན་མངལ་གྱི་གནས་ན་འཁོད་པ་བླུན་ཞིང་མི་གཙང་བའི་སྙིང་པོས་འཚོ་བ་དག་ཀྱང་རྫུ་འཕྲུལ་གྱི་མཐུས་བཏུལ་ཏེ། མངལ་ཉིད་དུ་རིན་པོ་ཆེ་བཀོད་པའི་ཁང་པ་བརྩེགས་པར་འདུག་ནས་དེ་དག་གི་ཡིད་ཀྱི་བློ་བསྐྱེད་དེ་དེ་དག་ལ་ཆོས་སྟོན། བཙས་ཏེ་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རྫུ་འཕྲུལ་


DKG059_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མཐུས་ངག་གི་ལས་ཀྱི་རྣམ་པར་རིག་བྱེད་ཀྱིས་བྱིས་པ་རྣམས་ལ་ཆོས་སྟོན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་རྫུ་འཕྲུལ་དེ་ལྟ་བུ་དང་ལྡན་པས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་གཞན་དག་གིས་ཀྱང་ཆོས་སྟོན་ཏེ། དེ་ཟླ་བ་དང་ཉི་མ་ལ་མོས་པའི་སེམས་ཅན་རྣམས་གདུལ་བའི་ཕྱིར་ཟླ་བ་དང་ཉི་མའི་གཞལ་མེད་ཁང་རྣམས་ན་ཟླ་བ་དང་ཉི་མ་ལྟར་སྣང་ཞིང་རྫུ་འཕྲུལ་གྱི་མཐུས་ཀྱང་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་དུ་བཞག་སྟེ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འགྲོའོ། །དེ་འགྲོ་བ་ཡང་སྣང་ལ་གཞི་ནས་གཡོས་པ་ཡང་མེད་དོ། །དེ་འདོད་ན་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྤུའི་དྲ་བ་གཅིག་ཏུ་བཅུག་ནས་ཚངས་པའི་འཇིག་རྟེན་དུ་འདུག་ཅིང་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕེན་ཀྱང་སེམས་ཅན་གང་ལ་ཡང་གནོད་པར་མི་འགྱུར་ལ། སླར་ཡང་གནས་ཇི་ལྟ་བ་ཉིད་དུ་འཇོག་ཅིང་སེམས་ཅན་རྣམས་ཀྱིས་བདག་ཅག་ཁྱེར་བའམ། སླར་བླངས་པར་མ་ཤེས་སོ། །ཁའི་དབུགས་གཅིག་གིས་ཀྱང་སྲེག་པའི་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཞི་བར་བྱེད་དོ། །སྐྱིལ་མོ་ཀྲུང་གཅིག་ཏུ་འདུག་པས་ཀྱང་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཏུ་འགྲོའོ། །ལག་པ་གཉིས་ཀྱིས་ཉི་མ་དང་ཟླ་བ་བསྒྲིབས་ཏེ། སངས་རྒྱས་ཀྱི་ཞིང་དེ་དག་ཀྱང་སྨད་པར་བྱས་ནས་ཆོས་སྟོན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་པར་གྱུར་ལ། དེ་འདོད་ན་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་མེ་ཏོག་གི་ཕུར་མ་རི་རབ་ལྟ་བུ་དག་དེ་བཞིན་གཤེགས་པའི་སྐུ་ལ་འཐོར་ཞིང་མེ་ཏོག་གི་ཕུར་མ་དེ་དག་གཏོར་མ་ཐག་ཏུ་དེ་བཞིན་གཤེགས་པའི་སྐུའི་ནང་ན་སྣང་ངོ་། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ངམ། རྩྭ་གང་དག་ཡོད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་བྱ་བའི་ཕྱིར་མར་མེ་དང་། ཡོན་ཆབ་ཏུ་བྱིན་གྱིས་རློབ་སྟེ། དེ་དག་ཀྱང་འབར་ཞིང་མར་མེ་དང་། ཡོན་


DKG059_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཀྱི་ཆར་འབབ་པར་སྣང་ངོ་། །སེམས་ཅན་ཐམས་ཅད་ཀྱི་མདུན་ན་ཡང་བདག་གི་ལུས་ཉེ་བར་སྟོན་ཏེ། བརྒྱ་བྱིན་དུ་སྟོན་པའམ། ཚངས་པར་སྟོན་པའམ། ཉན་ཐོས་སུ་སྟོན་པའམ། རང་སངས་རྒྱས་སུ་སྟོན་པའམ། སངས་རྒྱས་སུ་སྟོན་པ་ཇི་ལྟར་མོས་པའི་གཟུགས་སུ་སྟོན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་སྟེ། འདི་ལྟ་སྟེ། ལྷའི་མིག་གཟུགས་ལྟ་བ་ལ་ཐོགས་པ་མེད་པ་དང་། ལྷའི་རྣ་བ་སྒྲ་ཉན་པ་ལ་སྒྲིབ་པ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་ལ་ཐོགས་པ་མེད་པའི་ཤེས་པ་ཉིད་དང་། བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་ཞིང་བསྐལ་པ་གྲངས་མེད་པར་གནས་པ་ལ་ཐོགས་པ་མེད་པ། སྒྲིབ་པ་མེད་པ་དང་། ཐམས་ཅད་ཉེ་བར་སྟོན་ཅིང་། ལེན་པ་མེད་པ་དང་། དོར་བ་མེད་པར་བྱེད་པ་འདི་ནི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་སངས་རྒྱས་ཐམས་ཅད་བསྟན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་གང་ཡིན་པ་དང་། སེམས་ཅན་ཐམས་ཅད་མཆོག་མ་ཡིན་པ་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཐེག་པ་ཆེན་པོས་འདུལ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། འཆི་འཕོ་བ་དང་སྐྱེ་བ་དག་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པའི་མངོན་པར་ཤེས་པ་གང་ཡིན་པ་དང་། མངོན་པར་འབྱུང་བ་ཡང་དག་པར་ཤེས་པ་སྤྱོད་པ་དག་མངོན་པར་ཤེས་པ་གང་ཡིན་པ་དང་། ཐབས་མཁས་པ་མངོན་པར་ཤེས་པ་གང་ཡིན་པ་དང་། སྦྱིན་པ་ཡོངས་སུ་བསྔོ་བའི་མངོན་པར་ཤེས་པ་གང་ཡིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཡོངས་སུ་བསྔོ་བ་དང་། བདུད་ཚར་གཅོད་པ་དང་། དགེ་བའི་རྩ་བ་ལ་སྦྱོར་བ་མངོན་


DKG059_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་ཐོབ་པ་ནི་གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྙན་པ་དང་། གྲགས་པ་དང་། སྟོབས་དང་། རིགས་དང་། རུས་དང་། ནོར་དང་། གཡོག་འཁོར་རྣམས་ཀྱིས་མངོན་པར་ཤེས་པར་འགྱུར་ཏེ། དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མངོན་པར་ཤེས་པར་འགྱུར་ཏེ། དེ་བས་ན་མངོན་པར་ཤེས་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་མངོན་པར་ཤེས་པ་ཞེས་བྱ་སྟེ། མངོན་པར་ཤེས་པ་དེས་བྱང་ཆུབ་སེམས་དཔའ་སྔོན་དམ་བཅས་པ་ལས་ཀྱང་མི་འགྱུར་ལ་བྱ་བ་ཐམས་ཅད་ཀྱང་སྟོན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཤེས་པའི་རྣམ་པར་འཕྲུལ་པ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ཤེས་པ་དང་། ཁམས་ཤེས་པ་དང་། སྐྱེ་མཆེད་ཤེས་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དང་། བདེན་པ་ཤེས་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཕུང་པོ་ཤེས་པ་གང་ཞེ་ན། གཟུགས་སྟོང་པ་དང་། གཟུགས་ཀྱི་སྔོན་གྱི་མཐའ་སྟོང་པ་དང་། གཟུགས་ཀྱི་ཕྱི་མའི་མཐའ་སྟོང་པ་དང་། གཟུགས་ཀྱི་དབུས་སྟོང་པ་དང་། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་སྟོང་པ་དང་། རྣམ་པར་ཤེས་པའི་སྔོན་གྱི་མཐའ་སྟོང་པ་དང་། རྣམ་པར་ཤེས་པའི་ཕྱི་མའི་མཐའ་སྟོང་པ་དང་། རྣམ་པར་ཤེས་པའི་དབུས་སྟོང་པ་ཡིན་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་སྟོང་ཞིང་ཤིན་ཏུ་སྟོང་པར་


DKG059_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དེ་ནི་ཕུང་པོ་ཤེས་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཁམས་ཤེས་པ་གང་ཞེ་ན། སའི་ཁམས་ཆོས་ཀྱི་དབྱིངས། ཆུའི་ཁམས་ཆོས་ཀྱི་དབྱིངས། མེའི་ཁམས་ཆོས་ཀྱི་དབྱིངས། རླུང་གི་ཁམས་ཆོས་ཀྱི་དབྱིངས་ཏེ། དེ་ཅིའི་ཕྱིར་ཞེ་ན། ཁམས་བཞི་པོ་དེ་དག་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཁམས་གཅིག་སྟེ། འདི་ལྟ་སྟེ། ནམ་མཁའི་ཁམས་ཡིན་ལ། ནམ་མཁའི་ཁམས་དང་། ཆོས་ཀྱི་དབྱིངས་དེ་ནི་དབྱིངས་མ་ཡིན་ཏེ། དེ་ནི་སའི་ཁམས་མ་ཡིན། ཆུའི་ཁམས་མ་ཡིན། མེའི་ཁམས་མ་ཡིན། རླུང་གི་ཁམས་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། འགྱུར་བ་མེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས། གཉིས་སུ་མེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས། སྐྱེ་བ་མེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས། ཀུན་ནས་ཉོན་མོངས་པ་མེད་པའི་དབྱིངས་ནི་ཆོས་ཀྱི་དབྱིངས། ཤིན་ཏུ་རྣམ་པར་དག་པའི་དབྱིངས་ནི་ཆོས་ཀྱི་དབྱིངས་ཡིན་པའི་ཕྱིར་ཏེ། ཆོས་ཀྱི་དབྱིངས་ཅི་འདྲ་བ་བདག་གི་དབྱིངས་ཀྱང་དེ་བཞིན། སེམས་ཅན་གྱི་དབྱིངས་ཀྱང་དེ་བཞིན། སྲོག་གི་དབྱིངས་ཀྱང་དེ་བཞིན། གང་ཟག་གི་དབྱིངས་ཀྱང་དེ་བཞིན། འཁོར་བའི་དབྱིངས་ཀྱང་དེ་བཞིན། མྱ་ངན་ལས་འདས་པའི་དབྱིངས་ཀྱང་དེ་བཞིན་ཏེ། མྱ་ངན་ལས་འདས་པའི་དབྱིངས་ཇི་ལྟ་བ་དེ་བཞིན་དུ་འདོད་པའི་ཁམས་ཀྱང་དེའི་ཁམས། གཟུགས་ཀྱི་ཁམས་ཀྱང་དེའི་ཁམས། གཟུགས་མེད་པའི་ཁམས་ཀྱང་དེའི་ཁམས། འདུས་བྱས་ཀྱི་ཁམས་ཀྱང་དེའི་ཁམས། འདུས་མ་བྱས་ཀྱི་ཁམས་ཀྱང་དེའི་ཁམས་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་དབྱིངས་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཟུགས་ཀྱི་ཁམས་རྣམས་ལ་དེ་ལྟར་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་པ་གང་ཡིན་པ་དེ་ནི་ཁམས་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་སྐྱེ་མཆེད་ཤེས་པ་གང་ཞེ་ན། མིག་ནི་རང་བཞིན་ལས་མ་སྐྱེས་ཤིང་མ་བྱུང་བ་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ་རྣ་


DKG059_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱང་རང་བཞིན་ལས་མ་སྐྱེས་ཤིང་མ་བྱུང་བ་སྟེ། དེ་ལ་བྱེད་པ་པོ་གང་ཡང་མེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་མིག་ནི་བདག་པོ་མེད་པ་སྟེ། དེ་ལ་ལྟ་བ་པོ་གང་ཡང་མེད་དོ། །རྣ་བ་ནི་བདག་པོ་མེད་པ་སྟེ། དེ་ལ་ཉན་པ་པོ་གང་ཡང་མེད་དོ། །སྣ་ནི་བདག་པོ་མེད་པ་སྟེ། དེ་ལ་མནོམ་པ་པོ་གང་ཡང་མེད་དོ། །ལྕེ་ནི་བདག་པོ་མེད་པ་སྟེ། དེ་ལ་མྱོང་བ་པོ་གང་ཡང་མེད་དོ། །ལུས་ནི་བདག་པོ་མེད་པ་སྟེ། དེ་ལ་རེག་པ་པོ་གང་ཡང་མེད་དོ། །ཡིད་ནི་བདག་པོ་མེད་པ་སྟེ། དེ་ལ་ཤེས་པ་པོ་གང་ཡང་མེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་མིག་གི་རང་བཞིན་གཟུགས་མི་མཐོང་། རྣ་བའི་རང་བཞིན་སྒྲ་མི་ཉན། སྣའི་རང་བཞིན་དྲི་མི་སྣོམ། ལྕེའི་རང་བཞིན་རོ་མྱོང་བར་མི་བྱེད། ལུས་ཀྱི་རང་བཞིན་རེག་བྱ་ལ་རེག་པར་མི་བྱེད། ཡིད་ཀྱི་རང་བཞིན་ཆོས་ཤེས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་བྱེད་པ་པོ་མེད་པ་སྟེ། རྩྭ་དང་། ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པ་དང་། དེ་བཞིན་དུ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་བྱེད་པ་མེད་པ་སྟེ། རྩྭ་དང་། ཤིང་དང་། རྩིག་པ་དང་། གྱོ་མོ་ལྟ་བུ་ཡིན་པའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་མིག་ནི་ཆགས་པ་ཡང་མ་ཡིན་ཆགས་པ་མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མིག་ནི་རང་བཞིན་གྱིས་ཆགས་པ་མེད་པའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ནི་ཆགས་པ་ཡང་མ་ཡིན། ཆགས་པ་མེད་པ་ཡང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡིད་ནི་རང་བཞིན་གྱིས་ཆགས་པ་མེད་པའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སྐྱེ་མཆེད་ཐམས་ཅད་ལ་གང་དེ་ལྟར་རབ་ཏུ་ཤེས་ཤིང་ཤེས་ནས་ཀྱང་ཆགས་པ་མེད་པ་དེ་ནི་སྐྱེ་མཆེད་ཤེས་པ་ཞེས་བྱའོ། །གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ལ་དེ་ལྟར་ཤེས་ནས་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་དང་། ཤིན་ཏུ་མྱ་ངན་ལས་འདའ་བར་གྱུར་ཀྱང་སྐྱེ་ཞིང་འབྱུང་ལ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་ཀྱང་ཡོངས་སུ་འཛིན་ཅིང་ཕུང་པོ་དང་། ཁམས་


DKG059_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐྱེ་མཆེད་རྣམས་ཀྱང་མི་སྤོང་བ་དེ་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ། །གང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དག་གི་མཚན་ཉིད་གང་ཡིན་པ་དང་། ངོ་བོ་ཉིད་གང་ཡིན་པ་དེ་དག་རབ་ཏུ་ཤེས་ལ། དེ་རྣམས་སྤོང་བར་མི་བྱེད་ཅིང་། ཁམས་གསུམ་ན་ཡང་སྣང་ལ། ཉོན་མོངས་པ་དང་ཡང་ལྷན་ཅིག་མི་གནས་ཤིང་སྐྱེ་བ་དང་འབྱུང་བ་དག་ཀྱང་སྟོན་ལ། སྐྱེ་བར་ཡང་མི་འགྱུར། འཆི་འཕོ་བར་ཡང་མི་འགྱུར་བ་དེ་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ། །དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་གང་ཞེ་ན། མ་རིག་པ་གང་ནི་འདུ་བྱེད་རྣམས་ཀྱི་རྐྱེན་ཡིན་མོད་ཀྱི་མ་རིག་པ་ཡང་འདི་སྙམ་དུ་བདག་ནི་འདུ་བྱེད་རྣམས་སྐྱེད་དོ་སྙམ་དུ་མི་སེམས། འདུ་བྱེད་རྣམས་ནི་རྣམ་པར་ཤེས་པའི་རྐྱེན་ཡིན་མོད་ཀྱི། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་རྣམ་པར་ཤེས་པ་སྐྱེད་དོ་སྙམ་དུ་མི་སེམས། རྣམ་པར་ཤེས་པ་ནི་མིང་དང་གཟུགས་ཀྱི་རྐྱེན་ཡིན་མོད་ཀྱི། རྣམ་པར་ཤེས་པ་ཡང་འདི་སྙམ་དུ་བདག་ནི་མིང་དང་གཟུགས་སྐྱེད་དོ་སྙམ་དུ་མི་སེམས། མིང་དང་གཟུགས་ནི་སྐྱེ་མཆེད་དྲུག་གི་རྐྱེན་ཡིན་མོད་ཀྱི། མིང་དང་གཟུགས་ཀྱང་འདི་སྙམ་དུ་བདག་ནི་སྐྱེ་མཆེད་དྲུག་སྐྱེད་དོ་སྙམ་དུ་མི་སེམས། སྐྱེ་མཆེད་དྲུག་ནི་རེག་པའི་རྐྱེན་ཡིན་མོད་ཀྱི། སྐྱེ་མཆེད་དྲུག་ཀྱང་འདི་སྙམ་དུ་བདག་ནི་རེག་པ་སྐྱེད་དོ་སྙམ་དུ་མི་སེམས། རེག་པ་ནི་ཚོར་བའི་རྐྱེན་ཡིན་མོད་ཀྱི། རེག་པ་ཡང་འདི་སྙམ་དུ་བདག་ནི་ཚོར་བ་སྐྱེད་དོ་སྙམ་དུ་མི་སེམས། ཚོར་བ་ནི་སྲེད་པའི་རྐྱེན་ཡིན་མོད་ཀྱི། ཚོར་བ་ཡང་འདི་སྙམ་དུ་བདག་ནི་སྲེད་པ་སྐྱེད་དོ་སྙམ་དུ་མི་སེམས། སྲེད་པ་ནི་ལེན་པའི་རྐྱེན་ཡིན་མོད་ཀྱི། སྲེད་པ་ཡང་འདི་སྙམ་དུ་བདག་ནི་ལེན་པ་སྐྱེད་དོ་སྙམ་དུ་མི་སེམས། ལེན་པ་ནི་སྲིད་པའི་རྐྱེན་ཡིན་མོད་ཀྱི། ལེན་པ་ཡང་འདི་སྙམ་དུ་བདག་ནི་སྲིད་པ་སྐྱེད་དོ་སྙམ་དུ་མི་སེམས། སྲིད་པ་ནི་སྐྱེ་བའི་རྐྱེན་ཡིན་མོད་ཀྱི། སྲིད་པ་ཡང་འདི་སྙམ་དུ་བདག་ནི་སྐྱེ་བ་སྐྱེད་དོ་སྙམ་དུ་མི་སེམས། སྐྱེ་བ་ནི་རྒ་ཤིའི་རྐྱེན་ཡིན་མོད་ཀྱི། སྐྱེ་བ་ཡང་འདི་སྙམ་དུ་བདག་ནི་རྒ་


DKG059_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་སྐྱེད་དོ་སྙམ་དུ་མི་སེམས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོ་སོར་རྟོག་པ་ནི། དེ་ལས་ཆད་པར་ལྟ་བའམ། རྟག་པར་ལྟ་བའི་ལྟ་བ་གཉིས་ལ་གནས་པར་མི་འགྱུར་རོ། །དེ་འདི་སྙམ་དུ་ཆོས་འདི་དག་ཐམས་ཅད་ནི་རྒྱུ་དང་རྐྱེན་ལ་རག་ལས་པའོ་སྙམ་དུ་སེམས་ཤིང་། དེ་རྒྱུ་དང་རྐྱེན་དེ་དག་ཚོལ་ཏེ་བཙལ་ན་ཡང་མི་རྙེད་དོ། །དེ་ནས་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཉམ་པར་འཇུག་གོ །ཤེས་པ་ཇི་ལྟ་བུ་ཞིག་འཇུག་ཅེ་ན། རྟེན་ཅིང་འབྲེལ་པར་འབྱུང་བ་དང་སྐྱེ་བ་མེད་པར་མཉམ་པ་སྟེ། སྟོང་པ་ཉིད་གང་དང་མཉམ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་དང་མཉམ། མཚན་མ་མེད་པ་གང་དང་མཉམ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་དང་མཉམ། སྨོན་པ་མེད་པ་གང་དང་མཉམ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཡང་དེ་དང་མཉམ་མོ། །མཉམ་པ་དེ་ཉིད་གང་གིས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཉམ་མོ། །རྟེན་ཅིང་འབྲེལ་པར་འབྱུང་བ་གང་མཉམ་པ་དེ་ལ་བདག་སྐྱེ་བ་མེད། སེམས་ཅན་སྐྱེ་བ་མེད། སྲོག་སྐྱེ་བ་མེད། གང་ཟག་སྐྱེ་བ་མེད་ལ་ཆོས་གང་ཡང་སྐྱེ་བ་མེད་དེ། དེ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འབྱུང་བ་མེད་པར་བལྟ་བར་བྱ་སྟེ། གང་འབྱུང་བ་མེད་པར་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ཡིན་མོད་ཀྱི་ཡང་མ་རིག་པ་དང་། རིག་པ་དེ་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །འདུ་བྱེད་དང་། འདུ་བྱེད་མ་ཡིན་པ་དེ་དག་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པ་མ་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །མིང་དང་གཟུགས་དང་། མིང་དང་གཟུགས་མེད་པ་དེ་ནི་གཉིས་སུ་མེད་ཅིང་


DKG059_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །རེག་པ་དང་། རེག་པ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ཚོར་བ་དང་། ཚོར་བ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །སྲེད་པ་དང་། སྲེད་པ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །ལེན་པ་དང་། ལེན་པ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །སྲིད་པ་དང་། ཉིང་མཚམས་མི་སྦྱོར་བ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །སྐྱེ་བ་དང་། སྐྱེ་བ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །རྒ་ཤི་དང་རྨི་ལམ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །གང་དེ་རྟེན་པ་དེ་ནི་མི་གནས་པའོ། །གང་རྟེན་པ་དེ་ནི་སྙིང་པོ་མེད་པ། གང་རྟེན་པ་དེ་ནི་མི་རྟག་པ། གང་རྟེན་པ་དེ་ནི་སྟོང་པ། གང་རྟེན་པ་དེ་ནི་སོང་བ་མེད་པ། འོང་བ་མེད་པ། གང་རྟེན་པ་དེ་ནི་མ་བྱུང་བ། གང་རྟེན་པ་དེ་ནི་རིལ་པོར་འཛིན་པ་མེད་པ། གང་རྟེན་པ་དེ་ནི་འཇུག་པ་མེད་པ་སྟེ། གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ། །གང་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེ་ནི་མ་རིག་པ་མི་མཐོང་། འདུ་བྱེད་རྣམས་མི་མཐོང་། རྣམ་པར་ཤེས་པ་མི་མཐོང་།


DKG059_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མིང་དང་གཟུགས་མི་མཐོང་། སྐྱེ་མཆེད་དྲུག་མི་མཐོང་། རེག་པ་མི་མཐོང་། ཚོར་བ་མི་མཐོང་། སྲེད་པ་མི་མཐོང་། ལེན་པ་མི་མཐོང་། སྲིད་པ་མི་མཐོང་། སྐྱེ་བ་མི་མཐོང་། རྒ་ཤི་མི་མཐོང་སྟེ། དེ་ལྟར་གང་ཆོས་རྣམས་ལ་ཚུལ་བཞིན་དུ་མཐོང་བ་དེས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་ངོ་། །གང་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ནི་ཆོས་མཐོང་ངོ་། །ཆོས་གང་མཐོང་ཞེ་ན། འདོད་ཆགས་དང་བྲལ་བའི་ཆོས་མཐོང་ངོ་། །ཅིའི་ཕྱིར་འདོད་ཆགས་དང་བྲལ་བ་ཞེས་བྱ་ཞེ་ན། འདི་ལྟར་དེ་ལས་ཆོས་ཐམས་ཅད་ལ་ཆགས་པའི་ལྟ་བ་དང་བྲལ་བས་དེའི་ཕྱིར། འདོད་ཆགས་དང་བྲལ་བའི་ཆོས་མཐོང་ཞེས་བྱའོ། །ཅི་ནས་ཀྱང་ལྷག་པར་ཡང་མི་བྱེད། བྲི་བར་ཡང་མི་བྱེད་པ་དེ་ལྟར་མཐོང་། ཅི་ནས་ཀྱང་དེ་ཁོ་ནས་མི་གཡོ་ཞིང་མི་ཆགས་པ་དེ་ལྟར་མཐོང་། ཅི་ནས་ཀྱང་ཆོས་ཀྱི་དབྱིངས་ཐ་དད་པར་མི་འགྱུར་བ་དེ་ལྟར་མཐོང་། ཅི་ནས་ཀྱང་ཡང་དག་པའི་མཐའ་སྐྱོན་མེད་པ་དེ་ལྟར་མཐོང་། ཅི་ནས་ཀྱང་མཐོང་བས་མཐོང་བ་ཡང་མི་མཐོང་བ་དེ་ལྟར་མཐོང་། ཅི་ནས་ཀྱང་ཤའི་མིག་གིས་མཐོང་བ་ཡང་མ་ཡིན་པ་དང་། ལྷའི་མིག་གིས་མཐོང་བ་མ་ཡིན་པ་དང་། ཤེས་རབ་ཀྱི་མིག་གིས་མཐོང་བ་མ་ཡིན་པ་དེ་ལྟར་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤའི་མིག་ནི་བྱེད་པ་མེད་པ་སྟེ། བྱེད་པ་མེད་པའི་ཕྱིར་མི་མཐོང་། ལྷའི་མིག་ནི་མངོན་པར་འདུས་བྱས་པ་ཡིན་པས་དེས་འདུས་མ་བྱས་པ་མཐོང་བར་སླ་བ་མ་ཡིན། ཤེས་རབ་ཀྱི་མིག་ནི་རྣམ་པར་མི་རྟོག་པ་སྟེ། རྣམ་པར་མི་རྟོག་པས་མི་མཐོང་བའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང་ཆོས་རྣམས་ལ་དེ་ལྟར་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་སྟེ། གཟུགས་སུ་མཐོང་བ་མ་ཡིན། ཚོར་བར་མ་ཡིན། འདུ་ཤེས་སུ་མ་ཡིན། འདུ་བྱེད་རྣམས་སུ་མ་ཡིན། རྣམ་པར་ཤེས་པར་མཐོང་བ་མ་ཡིན། མཚན་དང་དཔེ་བྱད་བཟང་པོར་མ་ཡིན། ཆོས་ཀྱི་དབྱིངས་སུ་མ་ཡིན། ཚུལ་


DKG059_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་སུ་མཐོང་བ་མ་ཡིན། ཏིང་ངེ་འཛིན་དུ་མ་ཡིན། ཤེས་རབ་ཏུ་མ་ཡིན། རྣམ་པར་གྲོལ་བར་མ་ཡིན། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མ་ཡིན། འདས་པར་ཡང་མ་ཡིན། མ་འོངས་པར་ཡང་མ་ཡིན། ད་ལྟར་བྱུང་བར་མཐོང་བ་མ་ཡིན་ཏེ། གང་དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཆོས་རྣམས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་བར་འགྱུར་བའི་རྣམ་གྲངས་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མི་ཟད་པའི་མཚན་ཉིད། སྐྱེ་བ་མེད་པའི་རང་བཞིན་ཅན་ཏེ། གང་གཟུགས་དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཟད་པའི་མཚན་ཉིད། སྐྱེ་བ་མེད་པའི་རང་བཞིན་ཅན་ཏེ། གང་རྣམ་པར་ཤེས་པ་དེ་ལྟར་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའོ། །ཚུལ་ཁྲིམས་ནི་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་འདུས་མ་བྱས་པ་སྟེ། གང་ཚུལ་ཁྲིམས་དེ་ལྟར་མཐོང་བ་དེ་ནི། དེ་བཞིན་གཤེགས་པ་མཐོང་བའོ། །ཏིང་ངེ་འཛིན་དེ་ནི་མཉམ་པ་མཐོང་བ་རྣམ་པར་དག་པའོ། །དེ་ལྟར་ངས་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཚེ་མཐོང་བ་རྣམ་པར་དག་གོ །དེར་ངས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་དེ་བཞིན་གཤེགས་པ་མཐོང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་མར་མེ་མཛད་ཀྱི་ཕ་རོལ་ཏུ་དེ་བཞིན་གཤེགས་པ་དག་གཟིགས་པ་ཇི་ལྟར་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་ཀྱི་མཚན་ཉིད་


DKG059_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྟོག་པར་མཐོང་བས་མཐོང་གི་ཆོས་ཀྱི་སྐུ་གཉིས་སུ་མེད་པར་མཐོང་བས་ནི་མ་ཡིན་ནོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་མོས་པར་བྱའོ། །ཁྱོད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ངས་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུན་ཅད་དེ་བཞིན་གཤེགས་པ་མར་མེ་མཛད་མ་གཏོགས་པར་ནམ་ཡང་དེ་བཞིན་གཤེགས་པ་མ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་མཚན་ཉིད་མཐོང་བས་དེ་བཞིན་གཤེགས་པ་མཐོང་བ་རྣམ་པར་དག་པར་མ་ཡིན་པའི་ཕྱིར་རོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བས་ན། དེ་བཞིན་གཤེགས་པ་མཐོང་བར་འདོད་པས་ཇི་ལྟར་ངས་ཆོས་ཉིད་གཅིག་པ་དང་། ཆོས་ཉིད་གཉིས་སུ་མེད་པར་མར་མེ་མཛད་མཐོང་བ་དེ་ལྟར་བལྟ་བར་བྱའོ། །ཇི་ལྟར་ཆོས་ཉིད་གཅིག་པ་ཡིན་ཞེ་ན། ངའི་ལུས་ཇི་ལྟ་བ་མར་མེ་མཛད་ཀྱི་སྐུ་ཡང་དེ་བཞིན། མར་མེ་མཛད་ཀྱི་སྐུ་ཇི་ལྟ་བ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་དེ་བཞིན་ཏེ། དེ་བས་ན་ལུས་གཅིག་པ་དང་། གཉིས་སུ་མེད་པ་དང་། གཉིས་སུ་དབྱེར་མེད་པ་སྟེ། འདི་ལྟ་སྟེ། མཚན་ཉིད་མེད་པའི་ཕྱིར་ཆོས་ཉིད་གཅིག་པ་ཤེས་པར་བྱའི། རྣམ་པར་བརྟགས་པས་ཤེས་པར་མི་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་ཞེས་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བས་ཆོས་མཐོང་། ཆོས་མཐོང་བས་ཀྱང་སངས་རྒྱས་མཐོང་ངོ་། །གང་ཡང་སེམས་སྐྱེད་པ་ཐམས་ཅད་ལ་འགོག་པ་མངོན་དུ་བྱེད་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་མི་སྐྱེ་བ་དང་དམིགས་སུ་མེད་པའི་ཕྱིར་ཐབས་ཤེས་པས་འཁོར་བ་སྟོན་པ་འདི་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ། །དེ་ལ་བདེན་པ་ཤེས་པ་གང་ཞེ་ན། བདེན་པ་མངོན་པར་རྟོགས་པ་གང་གིས་ཉན་ཐོས་ཀྱི་རྣམ་པར་གྲོལ་བ་ལ་རེག་པར་བྱེད་ཅིང་། བདེན་པར་རྟོགས་པ་དེ་ཉིད་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པར་བྱས་ནས། རྣམ་པར་གྲོལ་བ་ལ་ཡང་རེག་པར་མི་བྱེད་པ་འདི་ནི་དེའི་ཤེས་པའི་རྣམ་པར་འཕྲུལ་པའོ། །བདེན་


DKG059_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པ་མངོན་པར་རྟོགས་པ་གང་གིས་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ལ་རེག་པར་བྱེད་ཅིང་། བདེན་པ་མངོན་པར་རྟོགས་པ་དེ་ཉིད་བྱང་ཆུབ་སེམས་དཔས་མངོན་པར་རྟོགས་པར་བྱས་ནས། རྣམ་པར་གྲོལ་བ་ལ་རེག་པར་ཡང་མི་བྱེད་པ་འདི་ནི་དེའི་སྐྱེ་བ་མེད་པའི་རྣམ་པར་འཕྲུལ་པ་ཡིན་མོད་ཀྱི། བདེན་པ་ཤེས་པ་ཞེས་བྱ་བ་ནི་གང་ཡང་དག་པར་མ་ཡིན་པ་མེད་པ་སྡུག་བསྔལ་ཡོངས་སུ་ཤེས་པའོ། །དེའི་ཡོངས་སུ་ཤེས་པ་གང་ཞེ་ན། ཕྱིན་ཅི་ལོག་ཏུ་སྐྱེ་བའི་ཕྱིར་དེ་ཡོད་པ་མ་ཡིན་ཞིང་མེད་ལ། དེ་ལ་དངོས་པོ་ཡོད་པ་མ་ཡིན་གྱི། དངོས་པོ་མེད་པར་ཤེས་པ་སྟེ། གང་གི་ཚེ་སྡུག་བསྔལ་སྐྱེ་བ་མེད་ཅིང་། འབྱུང་བ་མེད་པར་ཤེས་པ་དེ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ། །དེ་ལ་ཀུན་འབྱུང་བ་ཡོངས་སུ་ཤེས་པ་གང་ཞེ་ན། ཆོས་རྣམས་ཇི་ལྟར་ཀུན་ཏུ་འབྱུང་བ་དེ་བཞིན་དུ་སྤོང་བའོ། །ཇི་ལྟར་ཀུན་ཏུ་འབྱུང་ཞེ་ན། ཀུན་ཏུ་འབྱུང་བ་ཞེས་བྱ་བ་ནི་ཀུན་ཏུ་བྱུང་མ་ཐག་ཏུ་འོང་བ་མེད་པར་སྤོང་བ་དང་། ཀུན་ཏུ་འབྱུང་བ་ལ་འགྲོ་བ་མེད་པར་སྤོང་བ་འདི་ནི་ཆོས་རྣམས་ཀྱི་ཚུལ་ཏེ། འདི་ལ་སྤོང་བར་འགྱུར་བའི་ཆོས་གང་ཡང་བྱུང་བ་མེད་དེ། སྲེད་པ་བག་ལ་ཉལ་གང་གིས་སྲིད་པ་བྱུང་བའི་སྲེད་པ་བག་ལ་ཉལ་དེ་སྤངས་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་འགོག་པ་གང་ཞེ་ན། གང་སྡུག་བསྔལ་དང་། ཀུན་འབྱུང་བ་གཉིས་ཤིན་ཏུ་འགག་ཅིང་ཆོས་གང་ཡང་འཇིག་པ་མེད་པ་དེ་ནི་འགོག་པ་ཞེས་བྱའོ། །འགོག་པ་ཞེས་བྱ་བའི་གང་མཚན་མར་དམིགས་པ་ཐམས་ཅད་འགོག་པ་སྟེ། དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཉིད་འགགས་པས། སྐྱེ་བར་ཡང་མི་བྱེད། འགོག་པར་ཡང་མི་བྱེད་པ་དེ་ནི་འགོག་པ་ཞེས་བྱའོ། །དེ་ལ་ལམ་གང་ཞེ་ན། ལམ་གང་གིས་ཆོས་ཐམས་ཅད་བཙལ་ན་དགེ་བ་དང་། མི་དགེ་བའམ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པའམ། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པའམ། འདུས་བྱས་དང་། འདུས་མ་བྱས་


DKG059_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

སམ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་མི་དམིགས་པ་དེ་ནི་ལམ་ཞེས་བྱའོ། །ཆོས་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་ལམ་མཉམ་པ་ཉིད་དོ། །ཉོན་མོངས་པ་ཐམས་ཅད་ཀྱིས་ཡོངས་སུ་གདུང་བ་མེད་པའི་ཕྱིར་ལམ་རབ་ཏུ་ཞི་བའོ། །ངན་འགྲོ་ཐམས་ཅད་དང་བྲལ་བའི་ཕྱིར་ལམ་ཉེ་བར་ཞི་བའོ། །ཟག་པ་ཐམས་ཅད་ཡོངས་སུ་ཟད་པའི་ཕྱིར་ལམ་ཟག་པ་མེད་པའོ། །ལམ་དེ་ནི་དམིགས་པར་ལྟ་བ་ཐམས་ཅད་ཀྱིས་བགྲོད་པར་བྱ་བ་མ་ཡིན་པའོ། །ལམ་དེ་ནི་རྣལ་འབྱོར་སྤྱོད་པ་ཡང་དག་པར་ཞུགས་པ་རྣམས་ཀྱིས་རྟོགས་སླ་བའོ། །ལམ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་བཞུད་ཅིང་རྗེས་སུ་བཞུད་པའོ། །ལམ་དེ་ནི་མཚན་མར་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའི་ཕྱིར་མཚན་མ་མེད་པའོ། །ལམ་གང་གིས་གཉིས་དང་མཚན་མར་མི་ལྟུང་བ་དེ་ནི་ལམ་ཞེས་བྱ་སྟེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བདེན་པ་བཞི་པོ་གང་དག་ལ་ཚུལ་འདིས་རྟོགས་པ་དེ་ནི་བདེན་པ་ཤེས་པ་ཞེས་བྱའོ། །བདེན་པ་བཞི་པོ་འདི་རྣམས་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་སྟོན་ལ། ཐེག་པ་དེ་དག་ལ་ཡང་འདོད་པར་མི་བྱེད་པ་དེ་ནི་བདེན་པ་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཉན་ཐོས་ཀྱི་ཐེག་པ་ཡང་ཤེས་ལ། དེ་ལ་གནས་པར་ཤེས་པ་ཡང་མ་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་པ་ཡང་ཤེས་ལ། དེ་ལ་གནས་པར་ཤེས་པ་ཡང་མ་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་ཤེས་ལ། དེ་ལ་གནས་པར་ཤེས་པ་ནི་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ། །གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཤེས་པ་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་དང་། སེམས་ཀྱི་ངོ་བོ་ཉིད་གཅིག་གིས་སེམས་ཅན་ཀྱི་སེམས་ཀྱི་ངོ་བོ་ཉིད་ཤེས་ལ། སེམས་དང་ཤེས་པ་ལ་གཉིས་སུ་ཡང་མི་འཇུག་པའོ། །གཞན་ཡང་ཤེས་པའི་རྣམ་པར་


DKG059_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་པ་ནི་གང་འདས་པ་ལ་ཤེས་པ་དང་མཐོང་བ་ཐོགས་པ་མེད་ལ། འདས་པ་ལ་མ་འོངས་པའི་སེམས་འཕོ་བ་ཡང་མེད་པ་དང་། མ་འོངས་པ་ལ་ཤེས་པ་དང་མཐོང་བ་མེད་པ་ལ། མ་འོངས་པ་ལ་འདས་པའི་སེམས་འཕོ་བ་མེད་པ་དང་། ད་ལྟར་བྱུང་བ་ལ་ཤེས་པ་དང་མཐོང་བ་ཐོགས་པ་མེད་ལ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་ཡང་སེམས་སྤྲོས་པ་མེད་པའོ། །གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཟག་པ་ཡང་ཤེས་ལ་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་ཡོངས་སུ་མི་ཟད་པར་ཤེས་པ་དང་། སྐྱེ་བ་མེད་པར་ཤེས་ལ། བསྡུ་བའི་དངོས་པོ་ལ་ཡང་ཐབས་ཤེས་པ་འདི་ནི་ཤེས་པའི་རྣམ་པར་འཕྲུལ་པའོ། །གཞན་ཡང་ཤེས་པའི་རྣམ་པར་འཕྲུལ་པ་ནི་གང་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་ཤིང་ཤེས་པའི་སྟོབས་དེས་ཀྱང་འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་འདི་ནི་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཤེས་པའི་རྣམ་པར་འཕྲུལ་པར་བྱེད་པར་འདོད་པས་ཡེ་ཤེས་ཀྱིས་བྱས་པའི་བྱ་བ་རྣམས་བྱའི་ང་རྒྱལ་གྱིས་བྱས་པ་རྣམས་ནི་མི་བྱའོ། །ང་རྒྱལ་གྱི་ལས་གང་ཞེ་ན། ཅི་ཙམ་དུ་ཡིད་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཅི་ཙམ་དུ་རྣམ་པར་ཤེས་པ་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཅི་ཙམ་དུ་སེམས་རྒྱུ་བ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཅི་ཙམ་དུ་དགེ་བའི་རྩ་བ་མངོན་པར་འདུ་བྱེད་པ་ལ་མངོན་པར་ཞེན་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཅི་ཙམ་དུ་ལྟ་བར་ལྟུང་བའི་སྦྱིན་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཅི་ཙམ་དུ་འདུ་ཤེས་སུ་ལྟུང་བའི་ཚུལ་ཁྲིམས་སུ་གྱུར་པ་དེ་ཙམ་དུ། ང་རྒྱལ་གྱི་ལས་སོ། །ཇི་ཙམ་དུ་བདག་དང་གཞན་ལ་གནས་པའི་བཟོད་པར་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཇི་ཙམ་དུ་ལུས་དང་སེམས་ལ་དམིགས་


DKG059_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྩོན་འགྲུས་སུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཇི་ཙམ་དུ་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པའི་བསམ་གཏན་དུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །ཇི་ཙམ་དུ་བདག་དང་བདག་གིར་བྱེད་པས་བསྐྱེད་པའི་ཤེས་རབ་ཏུ་གྱུར་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །བདག་ནི་བྱང་ཆུབ་སེམས་དཔའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་བྱང་ཆུབ་ཏུ་ཞུགས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་ཚུལ་མི་གཅོད་དོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་སེམས་ཅན་གྱི་དོན་ལ་ཡང་དག་པར་ཞུགས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་གིས་སེམས་ཅན་མ་རྒལ་བ་བསྒྲལ་ལོ་སྙམ་པ་དང་། མ་གྲོལ་བ་དགྲོལ་ལོ་སྙམ་པ་དང་། དབུགས་མ་ཕྱིན་པ་དབུགས་དབྱུང་ངོ་སྙམ་པ་དང་། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་པ་དེ་ནི། ང་རྒྱལ་གྱི་ལས་སོ། །བདག་ནི་སྦྱིན་པའི་བདག་པོའོ། །བདག་ནི་ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་ལྡན་ནོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་སོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པ་ལ་དགའ་བའོ་སྙམ་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་སྦྱིན་གནས་སྨྲ་བ། བདག་ནི་དགོན་པ་པ་ཡོ་བྱད་བསྙུངས་པའོ་སྙམ་དུ་རློམ་སེམས་སུ་བྱེད་ཅིང་རྣམ་པར་རྟོག་པ་དེ་ནི་ང་རྒྱལ་གྱི་ལས་སོ། །བདག་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་གནས་པའོ་སྙམ་པ་དེ་ནི། ང་རྒྱལ་གྱི་ལས་སོ། །བདག་ནི་བདེན་པར་སྨྲ་བའོ། །ཡང་དག་པར་སྨྲ་བའོ། །ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པའོ་སྙམ་པ་དེ་ནི། ང་རྒྱལ་གྱི་ལས་སོ། །བདག་ནི་


DKG059_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་ལས་ལས་ཡང་དག་པར་འདས་ལ། བདུད་བཞི་དང་ལྟ་བ་ཐམས་ཅད་དང་བྲལ་ཞིང་སྐྱེ་བ་མེད་པ་ལ་བཟོད་པ་ཉམས་སུ་བླང་ངོ་སྙམ་པ་དེ་ནི། ང་རྒྱལ་གྱི་ལས་སོ། །བདག་གིས་བྱང་ཆུབ་རྟོགས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ། སེམས་ཅན་རྣམས་ཐར་པར་བྱས་ནས། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་གང་རློམ་སེམས་སུ་བྱེད་ཅིང་། རྣམ་པར་རྟོག་པ་དེ་དག་ཐམས་ཅད་ནི་ང་རྒྱལ་གྱི་ལས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ། ཇི་ཙམ་དུ་ཡིད་ཉེ་བར་སྤྱོད་པ་དང་། སེམས་མཐོ་བ་དང་། དམའ་བ་དང་། རྣམ་པར་ཤེས་པར་བརྟགས་པ་དེ་ཙམ་དུ་ང་རྒྱལ་གྱི་ལས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ། དེ་ལ་ཡེ་ཤེས་ཀྱི་ལས་གང་ཞེ་ན། གང་ལ་ཡིད་ཀྱི་ཉེ་བར་སྤྱོད་པ་མེད། སེམས་ཀྱི་མེད། རྣམ་པར་ཤེས་པའི་མེད་པ་དེ་ནི་ཡེ་ཤེས་ཀྱི་ལས་ཏེ། དེ་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་ཀྱང་བྱེད་དོ། །བྱང་ཆུབ་སེམས་དཔའི་ལས་ཀྱང་གང་ཞེ་ན། གང་བྱང་ཆུབ་སེམས་དཔས་བྱ་བ་སྟེ། བྱང་ཆུབ་སེམས་དཔའི་ལས་ནི་རྣམ་པ་གཉིས་སོ། །གཉིས་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། དམ་པའི་ཆོས་ཡོངས་སུ་གཟུང་བའོ། །དེ་བདག་ཇི་ལྟར་ཤེས་པ་དེ་བཞིན་དུ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དེ། བདག་ཀྱང་ཇི་ལྟར་ཤེས་ཞེ་ན། བདག་ནི་གནས་མེད་པར་ཤེས་ཏེ། གང་བདག་གནས་མེད་པར་ཤེས་པ་དེ་ལ་ཡང་ཡིད་མེད། རྣམ་པར་ཤེས་པ་མེད། སེམས་མེད། དེ་དེ་ལྟར་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དམ་པའི་ཆོས་ཀྱང་ཇི་ལྟར་ཡོངས་སུ་འཛིན་ཅེ་ན། གང་ཆོས་ཐམས་ཅད་ཡོངས་སུ་འཛིན་པ་མེད་པ་སྟེ། འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ། །གཟུགས་ཡོངས་སུ་འཛིན་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་


DKG059_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དང་། རྣམ་པར་ཤེས་པ་ཡོངས་སུ་འཛིན་པ་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། དེ་བཞིན་དུ་ཁམས་ཡོངས་སུ་འཛིན་པ་དང་། སྐྱེ་མཆེད་ཡོངས་སུ་འཛིན་པ་དང་། མིང་དང་གཟུགས་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། དགེ་བ་དང་། མི་དགེ་བའི་ཆོས་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། སྦྱིན་པའི་མཚན་མ་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་མཚན་མ་ཡོངས་སུ་འཛིན་པ་ནི། དམ་པའི་ཆོས་ཡོངས་སུ་འཛིན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ཙམ་དུ་མཚན་མ་དང་། དམིགས་པ་མེད་པ་འབྱུང་བ་དེ་ཙམ་དུ་ཆོས་མ་ཡིན། འདུལ་བ་མ་ཡིན་པའི་ཕྱིར་ཏེ། གང་འཛིན་པ་ཐམས་ཅད་གཏོང་ཞིང་། འཇུག་པ་དང་། མི་འཇུག་པ་དང་། སྨོན་པ་དང་། མཚན་མ་དང་། དམིགས་པ་ཡོངས་སུ་འཛིན་པ་འདི་ནི། དམ་པའི་ཆོས་ཡོངས་སུ་འཛིན་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པས། ཆོས་རྣམས་མཚན་མ་མེད་པ་དང་། དམིགས་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་ཏེ། དེ་མཚན་མ་དང་། དམིགས་པ་དག་གིས་ཡོངས་སུ་གཟུང་བར་མི་ནུས་སོ། །གང་དེ་ལྟར། བྱང་ཆུབ་སེམས་དཔའི་ལས་ཤེས་པ་དེ་ནི་ཡེ་ཤེས་སོ། །ཡེ་ཤེས་དེ་བྱང་ཆུབ་སེམས་དཔའི་བྱ་བ་ཐམས་ཅད་ཀྱང་བྱེད་ལ། གང་ཟད་པར་ཡང་མི་འགྱུར་བ་དེ་ནི་ཤེས་པའི་རྣམ་པར་འཕྲུལ་པ་ཞེས་བྱའོ།། །།


DKG059_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ། བམ་པོ་གསུམ་པ་སྟེ་ཐ་མའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་གང་ཞེ་ན། ཆོས་རྣམས་རྣམ་པར་འབྱེད་པ་ཚིག་རབ་ཏུ་དབྱེ་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་པོ་འདི་ལྟ་སྟེ། དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཉེ་བར་ལེན་ཅིང་སྟོན་པའོ། །དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། ཚིག་འབྲུ་བཤད་པ་ཐམས་ཅད་དོན་ཉིད་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན་པ་སྟེ། དོན་ཅེས་བྱ་བ་ནི་ཆོས་ཐམས་ཅད་ཡང་དག་པ་ཉིད་དུ་འདུ་ཤེས་པའོ། །དོན་ཅེས་བྱ་བ་ནི་འདི་ལྟ་སྟེ། བརྗོད་དུ་མེད་པའོ། །བརྗེད་ངས་པ་མེད་ཅིང་ཚིག་འབྲུ་ཐ་དད་པ་མེད་པ་ཉིད་དང་། སྔོན་གྱི་མཐའ་དང་། ཕྱི་མའི་མཐའི་སྒྲ་ལས་དབེན་པ་ཉིད་དང་། དེ་ནི་དོན་ཅེས་བྱའོ། །ཚིག་འབྲུ་གསལ་བའི་དོན་ལ་ནི་བརྟེན་པར་མི་བྱའི། གང་ཚིག་འབྲུ་མཉམ་པ་དེ་ནི་དོན་ཡིན་ཏེ། དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དོན་ཐམས་ཅད་ཡང་དག་པར་རིག་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ཆོས་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། དེ་ཆོས་ལ་རྟོན་པ་ཡིན་གྱི་ཆོས་མ་ཡིན་པ་ལ་མི་རྟོན་ཏེ། ཆོས་ལ་རྟོན་པ་ལ་ཆོས་མ་ཡིན་པ་སྣང་བར་ཡང་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེས་ནི་ཆོས་ཐམས་ཅད་མིང་དུ་བརྗོད་པ་ལས་དབེན་པར་ཤེས་པའི་ཕྱིར་རོ། །ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་ཐེག་པ་ཐ་དད་པ་དང་། ཆོས་ཐ་དད་པར་ཡང་འཚལ་ལ། ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཐ་དད་པར་ཡང་མི་བྱེད་པ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་དབྱིངས་ནི་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར་རོ། །དེ་བརྗོད་པ་གང་གིས་ཆོས་རྣམས་བརྗོད་པ་དེ་བྲག་ཅའི་སྒྲ་དང་མཚུངས་པ་ཉིད་དུ་འཇུག་གོ །ཆོས་གང་དག་ཡོངས་སུ་བརྗོད་པ་དེ་དག་ཀྱང་ཆོས་ཀྱི་དབྱིངས་དང་མཉམ་པར་ཤེས་ལ་ཤེས་པ་དང་ཐ་སྙད་ལ་ཐོགས་པ་མེད་པ། དེ་


DKG059_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་ལྷའི་གདགས་པ་ཤེས་པ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་གདགས་པ་ཤེས་པ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བའི་གདགས་པ་ཤེས་པ་དང་། ཚིག་གཅིག་དང་། གཉིས་དང་། ཚིག་མང་པོ་རྣམས་དང་། མདོར་བསྡུས་པའི་ཚིག་བླ་དགས་དང་། སྤྲོས་པའི་ཚིག་བླ་དགས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་ཚིག་བླ་དགས་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཚིག་བླ་དགས་ཤེས་པ་དང་། ཆོས་རྣམས་ཇི་ལྟར་གདགས་པར་བྱ་བ་དང་། གདགས་པ་གང་གི་སེམས་ཅན་གཞན་གྱི་སེམས་ཀྱི་རྒྱུད་ལ་གདགས་པ་དེ་བཞིན་དུ་རྟོགས་ཤིང་འདོགས་སོ། །རང་གི་ངེས་པའི་ཚིག་གིས་གཞན་གྱི་ངེས་པའི་ཚིག་འཁྲུག་པར་ཡང་མི་བྱེད་ཅིང་རློམ་སེམས་སུ་ཡང་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེས་ཆོས་ཐམས་ཅད་ངེས་པའི་ཚིག་མེད་པར་ཤེས་པའི་ཕྱིར་རོ། །དེ་འདི་སྙམ་དུ་གདགས་པ་གང་གིས་ཆོས་གང་གདགས་པའི་ཆོས་དེ་གདགས་པ་དེ་ལ་ཡོད་པ་མ་ཡིན། གང་གིས་གདགས་པའི་གདགས་པ་དེ་ཡང་ཆོས་དེ་ལ་ཡོད་པ་མ་ཡིན་ནོ། །སྙམ་དུ་སེམས་པ་འདི་ནི་ངེས་པའི་ཚིག་ཅེས་བྱའོ། །ངེས་པའི་ཚིག་གི་སྒྲ་འདི་གལ་ཏེ་ཡང་དག་པའི་ངེས་པའི་ཚིག་ཡིན་དུ་ཟིན་ན། དགེ་བའི་ཆོས་ཀྱི་ངེས་པའི་ཚིག་ལ་མི་དགེ་བའི་ཆོས་ཀྱི་ངེས་པའི་ཚིག་ཏུ་མི་འགྱུར་རོ། །དེ་བས་ན་ངེས་པའི་ཚིག་འདི་ངེས་པར་འབྱུང་བ་ཡིན་པར་ཤེས་པར་བྱའོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱ་བ་ནི་གང་གདགས་པའི་ཚིག་ཐམས་ཅད་ཆོས་རྟོགས་པར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཤིན་ཏུ་རྟོགས་པའི་ཕྱིར་ཆོས་རྣམས་མི་རྟོགས་སོ། །གང་དེ་ལྟར་རྟོགས་པའི་རྟོགས་པ་དེའི་གདགས་པ་དང་། བཤད་པ་དེ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཞེ་ན། གང་གི་ཕྱིར་དེ་ལ་ཡི་གེ་


DKG059_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སོ་སོར་སྣང་བ་དང་སྒྲ་ཐམས་ཅད་སོ་སོར་སྣང་བ་དང་། མིང་བསྟན་པ་ཐམས་ཅད་སོ་སོར་སྣང་བའོ། །ཇི་ལྟར་སོ་སོར་སྣང་ཞེ་ན། གསལ་བ་ཉིད་དུ་སོ་སོར་སྣང་། ཆོས་སུ་སོ་སོར་སྣང་། འདུལ་བར་སོ་སོར་སྣང་། ཡང་དག་པར་སོ་སོར་སྣང་ངོ་། །མདོའི་སྒྲ་དབྱངས་ལ་མོས་པ་རྣམས་ལ་མདོའི་སྒྲ་དབྱངས་སོ་སོར་སྣང་ངོ་། །དེ་བཞིན་དུ་དབྱངས་ཀྱིས་བསྙད་པ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་པའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་དང་། ཆོས་གཏན་ལ་བབ་པར་བསྟན་པ་ལ་མོས་པ་རྣམས་ལ་དེ་བཞིན་དུ་སོ་སོར་སྣང་ངོ་། །སྔོན་གྱི་སྦྱོར་བ་ལ་མོས་པ་རྣམས་ལ་སྔོན་གྱི་སྦྱོར་བ་རྣམས་སོ་སོར་སྣང་ངོ་། །སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྣམས་སོ་སོར་སྣང་སྟེ། དད་པ་དང་ལྡན་པ་རྣམས་ལ་དད་པའི་དབང་པོ། བརྩོན་འགྲུས་བརྩམས་པ་རྣམས་ལ་བརྩོན་འགྲུས་ཀྱི་དབང་པོ། དྲན་པ་དང་ལྡན་པ་རྣམས་ལ་དྲན་པའི་དབང་པོ། ཏིང་ངེ་འཛིན་དང་ལྡན་པ་རྣམས་ལ་ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཅན་རྣམས་ལ་ཤེས་རབ་ཀྱི་དབང་པོ་སོ་སོར་སྣང་ངོ་། །འདོད་ཆགས་སྤྱོད་པ་ཉི་ཁྲི་ཆིག་སྟོང་ཡོད་པ་དེ་དག་གི་དབང་པོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལ་ནི་དབང་པོ་ཐམས་ཅད་སོ་སོར་སྣང་ངོ་། །དེའི་རྗེས་སུ་འབྲེལ་པ་ལ་ནི་བྱང་ཆུབ་སེམས་དཔའ་ལ་སོ་སོར་སྣང་ངོ་། །ཞེ་སྡང་སྤྱོད་པ་ཉི་ཁྲི་ཆིག་སྟོང་ཡོད་པ་དེ་དག་གི་དབང་པོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལ་ནི་དབང་པོ་ཐམས་ཅད་སོ་སོར་སྣང་ངོ་། །དེའི་རྗེས་སུ་འབྲེལ་པ་ནི་བྱང་ཆུབ་སེམས་དཔའ་ལ་སོ་སོར་སྣང་ངོ་། །གཏི་མུག་སྤྱོད་པ་ཉི་ཁྲི་ཆིག་སྟོང་ཡོད་པ་དེ་དག་གི་དབང་པོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལ་ནི་དབང་པོ་ཐམས་ཅད་སོ་སོར་སྣང་ངོ་། །དེའི་རྗེས་སུ་འབྲེལ་པ་ནི་བྱང་ཆུབ་སེམས་དཔའ་ལ་སོ་སོར་སྣང་ངོ་། །ཆ་མཉམ་


DKG059_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང་ཡོད་པ་དེ་དག་གི་དབང་པོ་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་མཁྱེན་ཏེ། དེ་ལ་དེ་བཞིན་གཤེགས་པ་ལ་ནི་དབང་པོ་ཐམས་ཅད་སོ་སོར་སྣང་ངོ་། །དེའི་རྗེས་སུ་འབྲེལ་པ་ནི་བྱང་ཆུབ་སེམས་དཔའ་ལ་སོ་སོར་སྣང་སྟེ། དེ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའི་སོ་སོ་ཡང་དག་པར་རིག་པ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་ཤེས་རབ་ཡིན། གཞི་ཤེས་རབ་ཡིན། ཤེས་རབ་ཏུ་ཡང་དག་པར་འདུ་བ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཅན་ནི་རྣམ་པར་འཕྲུལ་པ་འདི་དག་དང་། གཞན་དག་ཀྱང་རྣམ་པར་བྱེད་དོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་ཤེས་རབ་ཀྱི་རྩ་བ་ཐོས་པ། གཞི་ཐོས་པ། ཐོས་པར་ཡང་དག་པར་འདུ་བའོ། །ཐོས་པའི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་ཐོས་པའི་རྩ་བ་ནི་དགེ་བའི་བཤེས་གཉེན་ཡིན། གཞི་ནི་དགེ་བའི་བཤེས་གཉེན་ཡིན། ཡང་དག་པར་འདུ་བ་དགེ་བའི་བཤེས་གཉེན་ཡིན་ནོ། །དགེ་བའི་བཤེས་གཉེན་གྱི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་བའི་བཤེས་གཉེན་གྱི་རྩ་བ་ནི་གུས་པ་ཡིན། གཞི་ནི་གུས་པ་ཡིན། ཡང་དག་པར་འདུ་བ་ཡང་གུས་པ་ཡིན་ནོ། །གུས་པའི་རྩ་བ་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་གུས་པའི་རྩ་བ་ནི་ལྷག་པའི་བསམ་པ་ཡིན། གཞི་ནི་ལྷག་པའི་བསམ་པ་ཡིན། ཡང་དག་པར་འདུ་བ་ཡང་ལྷག་པའི་བསམ་པ་ཡིན་ནོ། །ལྷག་པའི་བསམ་པའི་རྩ་བ་གང་ལགས། ཡང་དག་པར་འདུ་བ་གང་


DKG059_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་ལྷག་པའི་བསམ་པའི་རྩ་བ་ནི་སྒྱུ་མེད་པ་ཡིན། གཞི་ནི་སྒྱུ་མེད་པ་ཡིན། ཡང་དག་པར་འདུ་བ་ཡང་སྒྱུ་མེད་པ་ཡིན་ནོ། །སྒྱུ་མ་མཆིས་པའི་རྩ་བ་གང་ལགས། གཞི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་སྒྱུ་མེད་པའི་རྩ་བ་ནི་སྙིང་རྗེ་ཆེན་པོ་ཡིན། གཞི་ནི་སྙིང་རྗེ་ཆེན་པོ་ཡིན། ཡང་དག་པར་འདུ་བ་ཡང་སྙིང་རྗེ་ཆེན་པོ་ཡིན་ནོ། །སྙིང་རྗེ་ཆེན་པོའི་རྩ་བ་ནི་གང་ལགས། གཞི་ནི་གང་ལགས། ཡང་དག་པར་འདུ་བ་གང་ལགས། རྣམ་པར་འཕྲུལ་པའི་རྒྱལ་པོ་སྙིང་རྗེ་ཆེན་པོའི་རྩ་བ་ནི་སེམས་ཅན་ཐམས་ཅད་ཡིན། གཞི་ནི་སེམས་ཅན་ཐམས་ཅད་ཡིན། ཡང་དག་པར་འདུ་བ་ཡང་སེམས་ཅན་ཐམས་ཅད་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྣམ་པར་འཕྲུལ་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་རབ་ཏུ་དགྲོལ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་སྐྱེ་བའི་ཕྱིར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་ནི་གང་ཆོས་ཀྱི་སྒོ་གཅིག་ལས་བརྩམས་ནས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བཤད་པ་གཞན་དང་། གཞན་དག་གིས་འཆད་ཅིང་འདུག་པ་ན་ཆོས་གང་ཡང་ཆོས་ཉིད་དང་འགལ་བར་མི་བྱེད་དེ། དེ་འདོད་ན་ལུས་མི་སྣང་བས་སེམས་ཅན་རྣམས་ལ་ཆོས་སྟོན། སྤུའི་ཁུང་བུ་ཐམས་ཅད་ནས་ཀྱང་ཆོས་སྟོན་པ་འབྱིན། སེམས་ཅན་གྱི་བསམ་པ་དང་སྦྱོར་བ་ཇི་ལྟ་བ་བཞིན་དུ་དེ་ཆོས་སྟོན་པ་སྤོབས་པར་བྱེད། དེ་ཡིད་ཀྱི་ཚུལ་སྟོན་པས་ཀྱང་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཐུབ་པ་ཡིན་ནོ། །ཕྱི་རོལ་གྱི་མངོན་པར་ཤེས་པ་ལྔ་དང་ལྡན་པ་རྣམས་ཀྱི་བསྟན་བཅོས་སམ། ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་ཤེས་པའམ། རྨི་ལམ་དང་མཚན་མ་ཤེས་པའམ། རིག་བྱེད་དམ། སྔགས་སམ། རིག་སྔགས་སམ། སྒྲའམ། མངོན་པར་ཤེས་པ་ལ་འཇུག་པའམ། ས་གཡོ་བའམ། འགྲོ་ལྡིང་བའི་སྔགས་ཀྱི་སྦྱོར་བའམ། བྱ་རོག་


DKG059_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྒྲའམ། རི་དགས་ཀྱི་ཁྱུ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དབབ་པའམ། རྒྱལ་པོའི་རྟགས་དང་། མཚན་ཉིད་དང་། མཚན་མའམ། ལོ་ལེགས་པ་དང་། ལོ་ཉེས་པའི་མཚན་མའམ། གདོན་རྣམ་པར་གཙེ་བ་ཤེས་པའམ། དེ་ལས་གཞན་པ་འཇིག་རྟེན་གྱི་བཟོ་ཤེས་པའམ། ལས་ཤེས་པའམ། ཡི་གེ་དང་། ལག་བརྡ་དང་། གྲངས་དང་། བརྩི་བ་དང་། རི་མོ་བྲི་བ་དང་། གླུ་དང་། གར་དང་། པི་བང་དང་། རྔ་དང་། ཁར་དཀྲོལ་དང་། རོལ་མོ་ལ་འཇུག་པའི་ཤེས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་དེ་ཚེ་རྗེས་ནས་མ་བསྟན་པར་མངོན་དུ་འགྱུར་ཞིང་། དེ་དག་ལ་དེའི་ཤེས་པ་རབ་ཏུ་འཇུག་གོ །ཤེས་རབ་དང་ལྡན་པ་རྣམས་ལའང་དེ་དག་ཐམས་ཅད་སྟོན་ཅིང་ཐམས་ཅད་ལ་མཐར་ཕྱིན་པར་འགྱུར་ཏེ། དེ་བསྟན་བཅོས་དང་། སྔགས་དང་། རིག་སྔགས་ཀྱི་གནས་དེ་དག་ཐམས་ཅད་ཀྱང་རབ་ཏུ་ཤེས་ལ། སེམས་ཅན་ཐམས་ཅད་ལའང་མི་གནོད་པར་གནས་ཤིང་། དེ་དག་གིས་ཡང་དག་པར་ཡང་མི་སེམས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་ཤེས་རབ་མ་ཉམས་པར་ཚངས་པ་འབུམ་ཕྲག་བཅུ་དང་ལྷན་ཅིག་ཏུ་གནས་ཤིང་འདུག་ལ་སྨྲའོ། །ལྟ་བས་ཀྱང་ལྟ་བ་སྟོན་ལ། ཁ་དོག་གིས་ཀྱང་ཁ་དོག་སྟོན། སྨྲ་བས་ཀྱང་སྨྲ་བ་སྟོན། ཁ་དོག་དང་འོད་དང་གཟི་བརྗིད་ཀྱིས་ཀྱང་ཁ་དོག་དང་འོད་དང་གཟི་བརྗིད་སྟོན་ལ་ཚངས་པ་དེ་དག་ལ་ཆགས་པར་ཡང་མི་འགྱུར། ཚངས་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་བསྩུར་འོང་ཞིང་དེ་ལ་གུས་པ་སྐྱེད་དོ། །དེ་བཞིན་དུ་ལྷའི་གནས་ཐམས་ཅད་དུ་ཡང་བདག་པོ་ཡིན་པར་སྟོན་ལ་དེ་དག་ལ་ཆགས་པ་ཡང་མེད། དགའ་བ་ཡང་མི་སྐྱེད་ཀྱི་མི་རྟག་པའི་འདུ་ཤེས་ཉིད་སྐྱེད། སྡུག་བསྔལ་གྱི་འདུ་ཤེས་ཉིད་སྐྱེད། བདག་མེད་པའི་འདུ་ཤེས་ཉིད་སྐྱེད། ཉེ་བར་ཞི་བ་ཉིད་ལ་རྟོན། སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པ་ཉིད་ལ་རྟོན། བྱང་ཆུབ་ཀྱི་སྙིང་པོ་ཉིད་ལ་རྟོན་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ཡང་ཤེས་རབ་ཀྱི་རྣམ་པར་འཕྲུལ་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་ནི་བདུད་ཀྱི་གནས་བཀོད་པ་


DKG059_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་འདྲ་བ་དེ་དག་ལས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱུར་གྱི་བཀོད་པའི་ཁྱད་པར་གྱིས་བདུད་དེ་རྣམས་བཏུལ་ཏེ་འདོད་པར་བྱས་ནས། ང་རྒྱལ་བཅག་སྟེ། དེ་དག་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ལ་བཀོད་ནས་དེའི་འོག་དུ་ཆོས་སྟོན་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཤེས་རབ་ནི་ཀུན་དུ་འགྲོ་བར་ཤེས་པར་བྱ་སྟེ། སྦྱིན་པ་བྱིན་ནམ་ལེན་ཏམ། ཡོངས་སུ་སྔོ་བ་ཡང་རུང་ཤེས་རབ་ནི་ཀུན་དུ་འགྲོ་བར་ཤེས་པར་བྱའོ། །ཚུལ་ཁྲིམས་སྲུང་ངམ། གཞན་དག་ཀྱང་དེང་ཡང་དག་པར་འཛུད་དམ། ཡོངས་སུ་སྔོ་ཡང་རུང་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །བཟོད་པ་སྒོམ་མམ། བཟོད་པ་ལ་ཡང་དག་པར་འཛུད་དམ། བཟོད་པ་དེ་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཡང་རུང་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །བརྩོན་འགྲུས་རྩོམ་མམ། གཞན་དག་ཀྱང་བརྩོན་འགྲུས་ལ་ཡང་དག་པར་འཛུད་དམ། བརྩོན་འགྲུས་དེ་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཡང་རུང་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །བསམ་གཏན་ལ་སྙོམས་པར་འཇུག་གམ། གཞན་དག་ཀྱང་ཡང་དག་པར་འཛུད་དམ། བསམ་གཏན་དེ་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཡང་རུང་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །ཆོས་རྣམས་འཛིན་ཏམ། གཞན་ལ་སྟོན་ཏམ། ཇི་ལྟར་ཐོས་པའི་ཆོས་རྣམས་ལ་སོ་སོར་རྟོག་རུང་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །ཐམས་ཅད་དུ་འགྲོ་བ་དང་འོང་བ་དང་། སྤྱོད་ལམ་ཐམས་ཅད་དུ་གོམ་པ་འདོར་ཞིང་འཇོག་པ་ན་ཤེས་རབ་ཉིད་ཡིན་པར་ཤེས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་སྟོབས་ཅན་ནི་ཐམས་ཅད་དུ་དགེ་བའི་སྟོབས་ཅན་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་བདག་པོར་གྱུར་པ་ནི་ཐམས་ཅད་ལ་དབང་ཕྱུག་གི་དབང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་ནི་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་རྗེས་སུ་འཐོབ་བོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་མཚོན་ཐོགས་པ་ནི་ཉོན་མོངས་པ་ཐམས་ཅད་གཅོད་ཅིང་རབ་ཏུ་འདྲལ་ལོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ལ་གནས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ཡོངས་སུ་འཛིན་ཏོ། །བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་འོད་བྱེད་པ་ནི་སངས་རྒྱས་ཀྱི་འོད་ཀྱི་བཀོད་པ་འཐོབ་བོ། །བྱང་ཆུབ་


DKG059_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཤེས་རབ་དང་ལྡན་པ་ནི་དགེ་བའི་ཆོས་ཐམས་ཅད་ལྷུན་གྱིས་གྲུབ་པར་རྗེས་སུ་རྟོགས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལྟ་སྟེ། དཔེར་ན་སྟེང་གི་བར་སྣང་ལ་མདའ་འཕངས་ནས་འཕེན་པའི་སྟོབས་ཇི་ཙམ་པ་དེ་སྲིད་དུ་སོང་ནས་བཙལ་མི་དགོས་པ་ཁོ་ནར་སླར་ས་ལ་ལྷུང་ངོ་། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཤེས་རབ་ཀྱི་སྟོབས་རྣམ་པར་དག་པར་དེ་ཡང་བཙལ་མི་དགོས་པ་ཁོ་ནར་དགེ་བའི་ཆོས་ཐམས་ཅད་ལ་ཡང་འབབ། སྟོབས་གང་གིས་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གཡོ་བར་བྱེད་པ་དང་། བདུད་ཀྱི་སྡེ་ཆེན་པོ་དེ་དག་ཕམ་པར་བྱེད་པའི་སྟོབས་ཀྱང་བྱང་ཆུབ་ཀྱི་སྙིང་པོར་ཀུན་ཏུ་སྟོན། བྱང་ཆུབ་ཐོབ་ནས་ཀྱང་སྟོབས་གང་དག་གིས་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་རྫི་བའི་སྟོབས་བཅུ་པོ་དག་ཀྱང་འཐོབ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་ཚུལ་ཁྲིམས་དང་། མངོན་པར་ཤེས་པ་དང་། ཤེས་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲག་པར་འགྱུར་རོ། །གང་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ན་དགའ་བར་གྱུར་པ་དེ་དག་ཐམས་ཅད་ཀྱང་རྣམ་པར་འཕྲུལ་པ་བཞི་པོ་འདི་དག་ལྷག་པར་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ལ་མེད་པའི་ཕྱིར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ཞུས་པའི་ལན་ཐོབ་པས་དགའ་མགུ་རངས། ཡིད་བདེ་རབ་ཏུ་དགའ་ཚིམ་ཞིང་ཡི་རངས་པར་གྱུར་ནས། དེ་བཞིན་གཤེགས་པ་ལ་ཐལ་མོ་སྦྱར་ཏེ་མིག་མི་འཛུམས་པར་ལྟ་ཞིང་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་ལྟར་རྣམ་པར་འཕྲུལ་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་རྣམ་པར་འཕྲུལ་པ་དེ་དག་གིས་རྣམ་པར་འཕྲུལ་པར་གྱུར་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོས་ལྷ་དང་མིའི་མེ་ཏོག་རབ་ཏུ་དྲི་ཞིམ་པ་ཁ་དོག་རྣམ་པ་དུ་མ་ཅན་རྣམས་ཀྱི་ཕུང་པོ་བྱིན་གྱིས་བརླབས་ནས་མེ་ཏོག་དེ་དག་གིས་དེ་བཞིན་གཤེགས་པ་


DKG059_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཁོར་ཐམས་ཅད་ལ་ཀུན་དུ་གཏོར་ཏོ། །མེ་ཏོག་དེ་དག་གཏོར་མ་ཐག་ཏུ་གང་དག་གི་ལུས་ལ་ཕོག་པ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་འདྲ་བ་ལ་མཚན་དང་དཔེ་བྱད་བཟང་པོས་བརྒྱན་པར་སྣང་ངོ་། །བར་སྣང་ལས་ཀྱང་ལྷ་འབུམ་དག་ཚིག་ཏུ་སྨྲ་བ། བཅོམ་ལྡན་འདས་སེམས་ཅན་གང་དག་རྣམ་པར་འཕྲུལ་པ་འདི་ལ་མོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་བ། དེ་དག་ནི་སངས་རྒྱས་ཀྱི་རྒྱན་གྱིས་བརྒྱན་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། རྣམ་པར་འཕྲུལ་པ་འདི་དག་ཐམས་ཅད་ནི་ཐམས་ཅད་མཁྱེན་པའི་སེམས་ཀྱི་ཁོངས་སུ་གཏོགས་པ་ལགས་པའི་སླད་དུའོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་སྔོན་བྱང་ཆུབ་ཀྱི་སེམས་མ་བསྐྱེད་དུ་ལགས་ན་ཆོས་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་འདི་དག་འདི་ལྟར་ཐོས་པར་ག་ལ་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །བྱིན་ནས་ཀྱང་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་ངས་མངོན་པར་དྲན་ཏེ། དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཕ་རོལ་ན་དེ་བཞིན་གཤེགས་པ་བདུན་ཅུ་པ་ཀུན་ནས་འོད་ཟེར་གཟི་བརྗིད་རྒྱ་ཆེན་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པ་དེས་ཀྱང་རྣམ་པར་འཕྲུལ་པ་བཞི་པོ་འདི་ཁོ་ན་དག་སྟོན་པའི་ཆོས་ཀྱི་སྒོའི་ལེའུ་རྒྱ་ཆེར་རབ་ཏུ་བསྟན་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཡུལ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ཞིག་ཀྱང་ཡོད་པར་གྱུར་ཏེ། དེས་དེ་ལ་ཞུས་པ་དང་། དེ་བཞིན་གཤེགས་པ་དེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་གིས་རྣམ་པར་འཕྲུལ་པ་འདི་དག་ཐོབ་པར་འགྱུར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་སུམ་ཁྲི་ཉིས་སྟོང་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་དོ། །དེ་དག་ལས་ཀྱང་རྣམ་པར་འཕྲུལ་པ་འདི་དག་ངས་ཐོས་ཏེ། ཐོས་ནས་ཀྱང་བཟུང་ངོ་། །དེ་བཞིན་གཤེགས་པ་མར་མེ་མཛད་ལས་ངས་བཟོད་པ་ཐོབ་ནས་ཀྱང་དེ་དག་ཡོངས་སུ་རྫོགས་པར་བྱས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟ་བས་ན་ད་ལྟར་ཡང་རུང་ཡོངས་སུ་མྱ་ངན་


DKG059_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ནས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་ཐོས་ནས་ཀྱང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་ང་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་མི་སྐྱེ་བའི་ཆོས་ལ་བཟོད་པ་མྱུར་དུ་ཐོབ་པར་འགྱུར་རོ། །བསྟན་པ་འདི་བཤད་པའི་ཚེ་ལྷ་དང་མིའི་སྲོག་ཆགས་སུམ་ཁྲི་ཉིས་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་ཅིང་། ལྷའི་བུ་དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་མཆོད་པའི་ལས་བྱ་བའི་ཕྱིར་མེ་ཏོག་གི་ཆར་ཆེན་པོ་མངོན་པར་ཕབ་སིལ་སྙན་རྣམས་ཀྱང་རབ་ཏུ་དཀྲོལ་བ་དང་། སངས་རྒྱས་ཀྱི་མཐུས་སིལ་སྙན་དེ་དག་ལས་ཀྱང་གང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་མོས་ཤིང་འཛིན་པར་བྱེད། འཆང་བར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པའི་སེམས་ཅན་དེ་དག་ནི་མོས་པ་རྒྱ་ཆེ་བ་དབང་པོ་རྣོ་བ། སངས་རྒྱས་ཀྱི་ཆོས་ལ་མོས་པ། ཤེས་རབ་སྤྱོད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། སྔོན་དགེ་བའི་རྩ་བ་བསགས་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་ནོ། །ཞེས་དེ་སྐད་ཀྱི་སྒྲ་ཕྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་དག་མངའ་བ་དེ་དག་ལྟ་བུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བྱང་ཆུབ་སེམས་དཔའི་སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་དང་། བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱང་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་གང་ཡོངས་སུ་སྦྱང་བ་བྱས་ཤིང་ཕྱིར་མི་ལྡོག་པའི་བཟོད་པ་ཐོབ་པ་ས་བརྒྱད་པ་ལ་གནས་ཤིང་། ས་དགུ་ལ་འཕར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་ཡོངས་སུ་ཟིན་པ་དེ་དག་ལ་ཡོད་དེ་རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་དག་ནི་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞི་དང་ལྡན་པ། ཆོས་


DKG059_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདྲེས་པ་བཅྭ་བརྒྱད་དང་ལྡན་པ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་བཅུ་པོ་དག་གང་ཞེ་ན། འདི་ལྟ་སྟེ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ལྷག་པའི་བསམ་པ་བརྟན་པའི་སྟོབས་དང་། བྱམས་པ་ཡོངས་སུ་རྫོགས་པས་ཐམས་ཅད་གཏང་བའི་སྟོབས་དང་། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དོན་དུ་མི་གཉེར་ཞིང་འཇིག་རྟེན་ཐམས་ཅད་དང་འདྲེས་པ་ལ་མི་ལྟ་བས་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པའི་སྟོབས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྐྱེད་ཅིང་དེ་རྫོགས་པར་བྱ་བའི་ཕྱིར་སེམས་མ་ཞུམ་པས་བརྩོན་འགྲུས་ཆེན་པོ་ཡོངས་སུ་རྫོགས་པའི་སྟོབས་དང་། དྲན་པ་དང་ཤེས་བཞིན་དུ་སྤྱོད་ཅིང་སྤྱོད་ལམ་མ་འཁྲུགས་པའི་ཏིང་ངེ་འཛིན་གྱི་སྟོབས་ལ་གནས་པའི་སྟོབས་དང་། མཐའ་གཉིས་རྣམ་པར་སྤངས་ཤིང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་འཐུན་པས་ལྟ་བ་ཐམས་ཅད་སྤང་བ་དང་རྟོག་པ་དང་། རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་དང་། སྤྲོས་པ་དང་། ཡོངས་སུ་དཔྱོད་པ་ཐམས་ཅད་སྤང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་སྟོབས་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བ་དང་། འཁོར་བ་ཚད་མེད་པ་ཡོངས་སུ་གཟུང་ཅིང་། དགེ་བའི་རྩ་བའི་ཚོགས་བསགས་པས་ངོམས་པར་བྱ་བའི་ཕྱིར་འདུ་བྱེད་ཐམས་ཅད་རྨི་ལམ་ལྟ་བུར་མོས་ཏེ། འཁོར་བས་ཡོངས་སུ་མི་སྐྱོ་བའི་སྟོབས་དང་། ཆོས་ཀྱི་རང་བཞིན་ལ་སོ་སོར་རྟོག་པས་བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་གསོ་བ་མེད་པ་དང་། གང་ཟག་མེད་པ་དང་། སྐྱེ་བ་མེད་པ་དང་། འབྱུང་བ་མེད་པའི་ཆོས་ལ་མོས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་སྟོབས་དང་། སྟོང་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཆོས་ལ་འཇུག་ཅིང་རྣམ་པར་ཐར་པའི་སྒོ་ལ་ལྟ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པའི་རྣམ་པར་གྲོལ་བ་ཤེས་པ་ལ་མི་རེག་པས་རྣམ་པར་ཐར་པ་ཐོབ་པའི་སྟོབས་དང་། ཆོས་ཟབ་མོ་གཞན་ལ་རག་མ་ལས་པའི་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་ལྟ་བ་ཐོགས་པ་མེད་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་སྟོབས་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་དག་


DKG059_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བྱང་ཆུབ་སེམས་དཔའི་སྟོབས་བཅུ་པོ་དག་གོ །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་འཇིགས་པ་བཞི་པོ་དག་གང་ཞེ་ན། ཐོས་པ་ཐམས་ཅད་འཛིན་པས་གཟུངས་ཐོབ་སྟེ། བརྗེད་པ་མེད་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ་དང་། ཆོས་ཐམས་ཅད་རབ་ཏུ་དབྱེ་བ་དང་། སྤོབས་པ་ཐོགས་པ་མེད་པ་དང་། སྤོབས་པ་བར་ཆད་མེད་པ་དང་། སྒྲ་ཐམས་ཅད་ཤེས་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ་དང་། གནས་ཐམས་ཅད་ལ་མོས་པ་རྣམ་པར་གྲོལ་བས་བསམ་པ་ཇི་ལྟ་བ་བཞིན་དུ་སྨན་སྦྱོར་བ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཤེས་པ་དང་། ཇི་ལྟར་སོ་སོར་འོས་པར་ཆོས་འཆད་པས་བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་འཁོར་རྣམས་ལ་ཆོས་སྟོན་པ་དང་། དེ་འཁོར་གྱི་འཇིགས་པ་དང་བྲལ་བ་ཡིན་ཏེ། འགའ་ཞིག་ཤར་དང་། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་རྣམས་ནས་འོངས་ཤིང་བདག་ལ་དྲི་བ་མི་འདྲི་གང་། བདག་གིས་ནི་དེ་བསྟན་མི་ནུས་སོ། །སྙམ་པའི་མཚན་མ་ཡང་བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་། སེམས་ཅན་ཐམས་ཅད་འདྲི་བའི་སྐབས་ཀྱང་འབྱེད་དེ། དྲི་བ་ཇི་སྐད་དྲིས་པའི་ལན་ཀྱང་འདེབས་ཤིང་དེ་འཇིགས་པ་དང་བྲལ་ལ། ཐེ་ཙོམ་ཐམས་ཅད་གཅོད་པ་ལ་མཁས་པ་ཡིན་ཞིང་། འཇིགས་པ་མེད་པར་ཡང་འཁོར་རྣམས་ལ་ཆོས་སྟོན་པ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་མི་འཇིགས་པ་བཞི་པོ་དག་གོ །རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་དག་གང་ཞེ་ན། བྱང་ཆུབ་སེམས་དཔའ་ནི་མ་བསྟན་པའི་སྦྱིན་པ་ཅན་ཡིན་ཏེ། དེ་སྦྱིན་པ་བྱིན་ཅིག་ཅེས་སུས་ཀྱང་བསྐུལ་མི་དགོས་ཀྱི། སྐྱེས་མ་ཐག་ཏུ་སྦྱིན་པ་ལ་སེམས་འཇུག་པ་ཡིན་ཏེ། གལ་ཏེ་བདུད་རང་གི་གཟུགས་ཀྱིས་འོངས་ནས་དེ་ལ་འདི་སྐད་དུ་ཁྱོད་སྦྱིན་པ་དེ་བྱིན་པས་ཅི་ཞིག་བྱ། གང་སྦྱིན་པ་སྦྱིན་པར་བྱེད་པ་དེ་ནི་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་ཟེར་ཡང་བྱང་ཆུབ་སེམས་དཔའ་དེ་སེར་སྣ་བྱེད་པའི་གནས་སྐབས་མེད་ཀྱི། དེ་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་


DKG059_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་འཇུག་ཅིང་། དེ་སྦྱིན་པ་རྣམ་པར་བགེད་པ་ཉིད་ལ་སེམས་འཇུག་ལ། དེའི་སྦྱིན་པ་དེ་ཐམས་ཅད་ཀྱང་བྱང་ཆུབ་ལ་གཞོལ་ཞིང་། རྣམ་པར་སྨིན་པ་ལ་མི་རེ་བ་དང་། སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོས་པ་ཡིན། འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དང་པོའོ། །བྱང་ཆུབ་སེམས་དཔའ་ནི་མ་བསྟན་པའི་ཚུལ་ཁྲིམས་ཅན་ཡིན་ཏེ། དེ་དེ་བཞིན་གཤེགས་པ་རྣམས་མ་བྱུང་བ་ན་ཡང་སུ་ལས་ཀྱང་བསླབ་པ་དང་། སོ་སོར་ཐར་པར་མི་ནོད་ལ། སོ་སོར་ཐར་པའི་སྡོམ་པས་ཀྱང་བསྡམས་པ་ཡིན། བསླབ་པ་ལ་དགའ་བ་ཡིན། བྱང་ཆུབ་སེམས་དཔའ་ཁྱིམ་ན་གནས་པས་ཀྱང་ཇི་ལྟ་ཇི་ལྟ་བུར་བཅས་པའི་བསླབ་པ་སྲུང་ལ། མངོན་པར་བྱུང་ནས་ཀྱང་ཇི་ལྟར་བཅས་སོ་སོར་ཐར་པ་ལ་བསྟན་མི་དགོས་སློབ་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའི་མ་འདྲེས་པའོ། །སྲོག་གི་ཕྱིར་ཡང་དེ་བསླབ་པའི་གཞི་མི་གཏོང་ཞིང་། ཚུལ་ཁྲིམས་ཐམས་ཅད་བྱང་ཆུབ་ཏུ་གཞོལ་ལ་སེམས་ཅན་ཐམས་ཅད་ཀྱི་འཆལ་པའི་ཚུལ་ཁྲིམས་སྤང་བའི་ཕྱིར་ཡོངས་སུ་བསྔོ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་གཉིས་པའོ། །དེ་སེམས་ཅན་ཐམས་ཅད་ཀྱིས་བརྒྱད་བཀག་ཅིང་སྤྱོས་ལ། ཡན་ལག་དང་ཉིང་ལག་རྣམས་ཀྱང་བཅད་རབ་ཏུ་དབུལ་བ་དང་། གདོལ་པ་དང་། རིགས་ངན་པ་དང་། སྨྱིག་མ་མཁན་དག་གིས་སྤྱོས་ཀྱང་བྱང་ཆུབ་སེམས་དཔའ་སེམས་མི་འཁྲུག་གི། དེ་དག་ལ་བྱམས་པ་ཉིད་ཀྱིས་ཁྱབ་པར་བྱེད་ལ། སླར་ལན་བླན་པ་ནུས་ཤིང་མཐུ་ཡོད་ཀྱང་། ལན་མི་ལོན་པར་ཆོས་ཉིད་ལ་རྟོན། སངས་རྒྱས་ཀྱི་ཆོས་ཁོ་ན་རྟོན་ཅིང་། སེམས་ཅན་དེ་དག་ཉིད་དད་པ་བསྐྱེད་པའི་ཕྱིར་གོ་ཆ་བགོས་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་གསུམ་པའོ། །བྱང་ཆུབ་སེམས་དཔའ་དེ་རབ་ཏུ་ཉམ་ཐག་པས་ཀྱང་བརྩོན་འགྲུས་མི་གཏོང་ཞིང་། ནམས་ཀྱང་ཞུམ་པར་མི་འགྱུར་ལ། དེ་གང་གི་ཚེ་ཉན་ཐོས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བ་དེའི་ཚེ་འཁོར་བ་ན་སྤྱོད་པ་སྡུག་བསྔལ་བར་མཐོང་བ་ཡང་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ལ་སེམས་མི་འཇུག །གང་གི་ཚེ་རང་སངས་རྒྱས་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བ་དེའི་ཚེ་འཁོར་བ་ན་སྤྱོད་པ་སྡུག་བསྔལ་


DKG059_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཐོང་ཡང་དེ་རང་སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ལ་སེམས་མི་འཇུག །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་ཅིང་། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་སྟེ། བདག་ཀྱང་མི་ནུས་ཤིང་སངས་རྒྱས་ཀྱི་ཆོས་ཡོངས་སུ་མ་རྫོགས་པ་དེའི་ཚེ་ཡང་དེ་སེམས་ཞུམ་པར་མི་འགྱུར་གྱི། བསམ་པ་ཤིན་ཏུ་ཡོངས་སུ་རྫོགས་ནས་འདི་འདྲ་བའི་ཡོངས་སུ་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ། །ཞེས་བརྩོན་འགྲུས་སྐྱེད་པ་འདི་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཞི་པའོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ལྷའི་དབང་པོ་བརྒྱ་བྱིན་ནམ། བདུད་དབང་སྒྱུར་བར་གྱུར་པ་དེ་ན། དེ་ལྷའི་བུ་མོ་མང་པོས་བསྐོར་ཅིང་། ལྷའི་སིལ་སྙན་དང་། གར་དང་། གླུ་བླངས་པས་བདེ་བ་དང་ལྡན་པར་གྱུར་པ་ན་ཡང་བསམ་གཏན་ཉིད་མངོན་དུ་འགྱུར། ཚད་མེད་པ་རྣམས་མངོན་དུ་འགྱུར། དེའི་སེམས་དབེན་པ་ཉིད་ལ་འཇུག་པར་འགྱུར། དེའི་སེམས་འདུ་འཛི་དག་ལ་འཇུག་པར་མི་འགྱུར། དེ་འཁོར་བས་ཆེར་འཇིགས་པར་འགྱུར། དེ་འདོད་པ་ལ་ཡང་མི་སྡུག་པའི་འདུ་ཤེས་ཆེན་པོ་སྐྱེ་བར་འགྱུར། དེ་ཕུང་པོ་རྣམས་ལ་གཤེད་པོར་འདུ་ཤེས་སྐྱེ་བར་འགྱུར། ཁམས་རྣམས་ལ་དུག་གདུག་པར་འདུ་ཤེས་པ་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པར་འདུ་ཤེས་པ་དང་། བདག་གི་གཡོག་འཁོར་དེ་ལ་བདུད་ཀྱི་གཡོག་འཁོར་དུ་འདུ་ཤེས་པ་དང་། དེ་བུད་མེད་ཀྱི་འཁོར་དེ་ལ་དུར་ཁྲོད་དུ་འདུ་ཤེས་སྐྱེ་བར་འགྱུར། དེ་ཆོས་ཀྱི་གཡོག་འཁོར་ཉིད་འདོད་ཅིང་། སངས་རྒྱས་མཐོང་བ་དང་ལྡན་པ་ཉིད་འདོད་པ་དང་། སེམས་ཅན་ཐམས་ཅད་ཐར་པ་ཉིད་ལ་མངོན་པར་དགའ་བ་ཡིན་ཏེ། དེའི་སིལ་སྙན་དང་། རྒྱུད་ཅན་དང་། གླུའི་སྒྲ་དེ་དག་ལས་ཀྱང་བསམ་གཏན་གྱི་ཡན་ལག་གི་སྒྲ་བྱུང་ལ། གལ་ཏེ་དེ་ལ་བདུད་སྒྲ་དེ་མེད་པར་བྱེད་ན། ཡང་དེའི་སྔོན་གྱི་དགེ་བའི་རྩ་བའི་མཐུས་ནམ་མཁའ་ལས་སངས་རྒྱས་ཀྱི་སྒྲ་དང་། ཆོས་ཀྱི་སྒྲ་དང་། དགེ་འདུན་གྱི་སྒྲ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒྲ་འབྱུང་སྟེ། དེས་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་དེ་དང་། དབང་ཕྱུག་དེ་བོར་


DKG059_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནགས་ཚལ་དུ་གནས་པར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་ལྔ་པའོ། །དེ་འཇིག་རྟེན་པའི་ཤེས་པ་རྣམས་ལ་སྙིང་པོ་མེད་པའི་འདུ་ཤེས་སུ་འགྱུར། དེ་ཤེས་རབ་རྣམ་པར་འབྱེད་པ་ལ་མཁས་པ་ཡིན། བག་ལ་ཉལ་དང་ལྟ་བ་དང་བྲལ་བ་ཡང་མ་ཡིན། དོན་དང་ཆོས་ལ་རྟོན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་རྨི་ལམ་ན་ཡང་བདག་ཏུ་ལྟ་བ་དང་། གཞན་དུ་ལྟ་བ་མི་འབྱུང་། དེ་ལ་བག་ལ་ཉལ་དང་། ལྟ་བ་དང་། ཀུན་ཏུ་དཀྲིས་ཏེ་འདུག་པ་ཐམས་ཅད་མེད་ཅིང་འགྱོད་པ་དང་བྲལ་བ་ཡིན། དེ་ལ་བདུད་སྡིག་ཅན་འགྱོད་པ་གང་གིས་བསྒྲིབས་ན་ཆོས་དང་བྲལ་བར་འགྱུར་བའི་འགྱོད་པ་སྐྱེད་མི་ནུས། དེ་གལ་ཏེ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྦྱོར་བའི་ཚུལ་ཁྲིམས་ལས་འདས་ཀྱང་དེ་འགྱོད་པར་མི་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དྲུག་པའོ། །དེའི་ཚེ་བརྗེས་ནས་ཀྱང་ལྷུན་གྱིས་གྲུབ་པ་ཉིད་དུ་ལུས་ཀྱི་ལས་ཡོངས་སུ་དག་པར་འགྱུར་ཏེ། དེ་སྲོག་གཅོད་པ་སྤངས་པ་ཡིན། ལག་པའམ། བོང་བའམ། དབྱིག་པའམ། མཚོན་གྱིས་སེམས་ཅན་གང་ལ་ཡང་གནོད་པར་མི་བྱེད་དོ། །དེ་མཚོན་དང་། དབྱིག་པ་བོར་བ་ཡིན། བདག་གི་ལོངས་སྤྱོད་ཀྱིས་ཆོག་ཤེས་པ་ཡིན་ཏེ། དེ་ཐ་ན་རྩྭ་སྤར་གང་ཙམ་ཡང་གཞན་དག་གིས་མ་བྱིན་པར་མི་ལེན། ས་གཞི་རིན་པོ་ཆེས་གང་བ་ལ་ཡང་ཆགས་པ་མི་སྐྱེད་དེ་ཤིན་ཏུ་ཉམ་ཐག་ཅིང་འཆི་བར་འགྱུར་བ་དང་། གོས་ངན་ཅིང་རྙིངས་ན་ཡང་གཞར་ཡང་འཚོ་བ་མི་འཐུན་པས་འཚོ་བར་མི་བྱེད་ཅིང་ཚངས་པར་སྤྱོད་པ་ཡིན། དེ་ཐ་ན་རྨི་ལམ་ན་ཡང་འདོད་པ་རྣམས་ཡོངས་སུ་མི་སྤྱོད་དེ། འདོད་པ་དང་། ཐབ་མོ་དང་། ཉོན་མོངས་པ་མེད་པ་ཡིན། འདོད་པའི་ཕྱིར་ལས་མི་འཐུན་པ་མི་སྤྱོད་དེ། དེ་ནི་བྱང་ཆུབ་སེམས་དཔའི་མ་འདྲེས་པའོ། །དེ་ཡེ་ཤེས་སྔོན་དུ་འགྲོ་བའི་ལུས་ཀྱི་ལས་དེ་དང་ལྡན་པ་ཡིན་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བདུན་པའོ། །དེ་དག་ཡོངས་སུ་དག་པ་ཡིན་ཏེ། བདེན་པར་སྨྲ་བ་ཡིན། ཡང་དག་པར་སྨྲ་བ་ཡིན། ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་ཡིན། བདག་


DKG059_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་བཞིན་གཤེགས་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་དང་མི་མ་ཡིན་པ་རྣམས་མི་སླུ་བ་ཡིན། ཕྲ་མའི་ཚིག་མེད་ཅིང་འཁོར་མི་ཕྱེད་པ་ཡིན། བདག་གི་འཁོར་ལ་རྗེས་སུ་ཆགས་ཤིང་ཚིག་རྩུབ་པོ་མེད་པ་ཡིན། དགའ་བར་སྨྲ་བ་ཡིན། འཇམ་པོར་སྨྲ་བ་ཡིན། ཚིག་མི་བརླང་བ་ཡིན། ཚིག་སྐྱོན་མེད་པ་ཡིན། རིགས་པར་སྨྲ་བ་ཡིན། ཚིག་ཉུང་བ་ཡིན། གསོང་པོར་སྨྲ་བ་ཡིན། བཞིན་འཛུམ་པ་ཡིན་ཏེ། གང་ཚིག་མི་གསལ་བ་དང་། གཏུམ་པ་དང་། བརླང་བ་དང་། རྩུབ་པ་དང་། འཇིགས་པར་བྱེད་པ་དང་། ཕ་རོལ་པོ་མི་དགའ་བར་འགྱུར་བ་དང་། བདག་དང་གཞན་ལ་གནོད་པར་འགྱུར་བའི་ཚིག་དེ་དག་མི་སྨྲ། ཚིག་ཀྱལ་པར་མི་སྨྲ་བ་ཡིན་ཏེ། གང་མེད་པ་ལ་ནི་མེད་ཅེས་སྨྲ། གང་ཡོད་པ་ལ་ནི་ཡོད་ཅེས་སྨྲ་སྟེ། དེ་ཚིག་གང་བསམ་པ་དང་། ལྷག་པའི་བསམ་པ་ཡོངས་སུ་དག་པ་དེས་མ་འདྲེས་པའི་ཆོས་འདི་རབ་ཏུ་འཐོབ་བོ། །ཚིག་སྨྲས་པ་གང་གིས་མ་དད་པ་རྣམས་དད་པར་འགྱུར། དད་པ་རྣམས་ཀྱང་གོང་དུ་མཆོད་པ་བྱེད་པར་འགྱུར་ཞིང་། སྐྱེ་བ་ཐམས་ཅད་དུ་འདི་ལྟ་བུའི་ཆོས་ཀྱི་ཚུལ་སྨྲ་བའི་ཚིག་འཐོབ་པར་འགྱུར། ལྷག་པའི་བསམ་པ་མ་འདྲེས་པ་དེས་ཀྱང་བདེན་པའི་རྗེས་སུ་འཇུག་པའི་ཚིག་འཐོབ་པར་འགྱུར་ཏེ། སྨྲ་བ་གང་སྨྲས་པ། དེ་དེ་བཞིན་དུ་འགྱུར་གྱི་གཞན་དུ་མི་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བརྒྱད་པའོ། །དེ་དག་གི་སེམས་ལ་དབང་དུ་གྱུར་པ་ཡིན་ཏེ། བརྣབ་སེམས་མེད་ཅིང་གནོད་སེམས་ཀྱི་སེམས་མེད་པ་ཡིན། ཡང་དག་པར་ལྟ་བ་ཡིན། བྱང་ཆུབ་ཀྱི་སེམས་མི་མཉམ་པ་དང་མཉམ་པའི་སེམས་དེ་ལས་ནམས་ཀྱང་ཉམས་པར་མི་འགྱུར་ཏེ། དེ་སེམས་ཀྱི་གྱ་གྱུ་ཐམས་ཅད་དང་། སེམས་ཀྱི་གཡོ་ཐམས་ཅད་དང་། སེམས་ཀྱི་དམུ་རྒོད་ཐམས་ཅད་ཡོངས་སུ་དག་ཅིང་། བྱམས་པའི་རྗེས་སུ་འབྲང་བའི་སེམས་ཀྱིས་ཉིན་མཚན་འདས་པར་བྱེད་དེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་དགུ་པའོ། །དེ་སྐྱེས་མ་ཐག་ཏུ་བསྟན་བཅོས་དང་། གསང་སྔགས་དང་། རིག་སྔགས་དང་། སྨན་དང་། རྩིས་


DKG059_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་དང་། ཡི་གེ་དང་། ལག་རྩིས་དང་། གྲངས་དང་། རྩིས་རྣམས་མ་ཐོས་ཤིང་སློབ་དཔོན་མེད་པར་ཡང་མངོན་དུ་འགྱུར་ཏེ། དེ་བསྟན་བཅོས་དང་བཟོ་ཐམས་ཅད་ལ་མཁས་ཤིང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་གཞན་གྱི་དྲིང་ལ་མི་འཇོག་པའི་ཤེས་པ་དང་ལྡན་ལ་གཞན་གྱི་ངོར་ལྟ་བ་མ་ཡིན་གྱི་ལྷ་དང་བཅས་པའི་འཇིག་རྟེན་འདི་ཅི་ཞིག་འཆང་། བདག་ཅག་གིས་མཉན་ཏེ་བསླབ་པོ་སྙམ་ནས་དེ་ཉིད་ཀྱི་ངོར་ལྟ་བར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་པའོ། །གང་གི་ཚེ་སེམས་ཅན་གཞན་དག་དང་། གང་ཟག་གཞན་རྣམས་ལ་འཇིག་རྟེན་པའི་གསོ་བ་སྦྱོར་བ་དེའི་ཚེ་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་ལ་མི་རེ་བར་སྦྱོར་ཞིང་། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་སེམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་ཉིད་རྗེས་སུ་དྲན་ཞིང་། འཇིག་རྟེན་པའི་གསོ་བ་སྦྱོར་བ་ནི་བྱང་ཆུབ་སེམས་དཔའ་ནི་བདག་གིས་ནམ་ཞིག་ན་ཁམས་མི་འཐུན་པའི་ནད་འདི་ལས་སེམས་ཅན་རྣམས་ཐར་བར་བྱ་ཞིག་གུ། ཐར་བར་བྱས་ནས་ཀྱང་ཉོན་མོངས་པའི་ནད་ཤིན་ཏུ་སྤང་ཞིང་། སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ། །སྙམ་པ་དེ་ལྟ་བུའི་དྲན་པ་ཐོབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་གཅིག་པའོ། །དེ་སྨོན་ལམ་མ་བཏབ་ཅིང་། རེ་བ་མེད་པ་ཉིད་དུ་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་མངོན་པར་འགྲུབ་ཅིང་། བྱང་ཆུབ་སེམས་དཔའ་དེ་བརྒྱ་བྱིན་ཉིད་དང་། ཚངས་པ་ཉིད་དོན་དུ་གཉེར་བ་མ་ཡིན། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱང་དོན་དུ་གཉེར་བ་མ་ཡིན་མོད་ཀྱི། དེའི་དེ་དག་བསྒྲིམ་མི་དགོས་ཤིང་ལྷུན་གྱིས་གྲུབ་པ་ཉིད་དུ་མངོན་པར་འགྲུབ་པར་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་དེ་གཟུགས་འདོད་པའི་ཕྱིར་ཚངས་པར་སྤྱོད་པ་མི་སྤྱོད། ལོངས་སྤྱོད་འདོད་པའི་ཕྱིར་མ་ཡིན། རྒྱལ་སྲིད་འདོད་པའི་ཕྱིར་མ་ཡིན། གཡོག་འཁོར་འདོད་པའི་ཕྱིར་མ་ཡིན། གྲགས་པ་དང་། བརྗོད་པ་དང་། སྒྲ་འདོད་པའི་ཕྱིར་ཚངས་པར་སྤྱད་པ་སྤྱོད་པ་ཡང་མ་ཡིན་


DKG059_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དེའི་དེ་དག་ཀྱང་ལྷུན་གྱིས་གྲུབ་ཅིང་བཙལ་མི་དགོས་པ་དང་། རེ་བ་མེད་པར་འགྲུབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་གཉིས་པའོ། །དེ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་གནས་པ་ན་ཡང་གང་སྔོན་སངས་རྒྱས་མཐོང་བའི་ལྷ་དེ་དག་བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ལྷགས་ནས་དྲན་པར་བྱེད། སྐུལ་མ་འདེབས་ཏེ། དེ་ལ་འདི་སྐད་སྟོན་ཏོ། །འདི་ནི་བྱ་བ་ཡིན། འདི་ནི་བྱ་བ་མ་ཡིན། ལས་འདི་ནི་བྱང་ཆུབ་ཏུ་འགྱུར། འདི་ནི་ཡོངས་སུ་ཉམས་པར་འགྱུར་རོ། །ཁྱོད་དེ་ལྟར་སྤྱོད་ཅིང་དེ་ལྟར་གནས་ན་དབང་པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འཐུན་པར་འགྱུར་རོ། །ཞེས་ལྷ་དེ་དག་ཀྱང་དེ་ལ་སྐུལ་ལ། དེ་ཡང་རང་བཞིན་གྱིས་བྱང་ཆུབ་སེམས་དཔའི་ལམ་ལས་མི་གཡོ་སྟེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་གསུམ་པའོ། །ཇི་ཙམ་དུ་ཁྲོས་ཤིང་རབ་ཏུ་སྡང་བ་དང་། ཐ་བ་དང་། ཞེ་སྡང་དང་། གནོད་སེམས་མང་བ། རང་བཞིན་གྱིས་མི་སྲུན་པའི་རིགས་ཅན་གྱི་སེམས་ཅན་རྣམས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་དེ་ལ་ལུས་དང་། ངག་དང་། ཡིད་ཀྱིས་ཀྱང་གནོད་པར་བྱ་མི་ནུས་ཏེ། ཁྲོས་ཤིང་ཐ་བ་དང་། ཞེ་སྡང་དང་། གནོད་སེམས་མང་བའི་སེམས་ཅན་དེ་དག་ཀྱང་དེ་མཐོང་བ་ཙམ་གྱིས་དད་པར་འགྱུར་རོ། །གང་དག་དེ་ལ་ལོག་པར་བྱེད་པ་དེ་དག་ལ་དེ་ལོག་པར་མི་བྱེད་ཀྱི། སླར་དེ་དག་ཆོས་ལ་སྦྱར་བའི་ཕྱིར་ཡང་དག་པར་དད་པར་བྱེད་དོ། །དེ་ལ་ལོག་པར་བྱེད་པའི་སེམས་ཅན་རྣམས་ངན་འགྲོ་ལོག་པར་ལྟུང་བར་ཡང་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་གང་དག་ལུས་སམ། ངག་གམ། ཡིད་ཀྱིས་བདག་ལ་ལོག་པར་བྱེད་པའི་སེམས་ཅན་དེ་དག་གཞི་དེས་ངན་འགྲོར་ལྟུང་བར་མ་གྱུར་ཅིག །ཅེས་བྱང་ཆུབ་སེམས་དཔའ་དེས་ཐོག་མ་ཉིད་དུ་ཚུལ་ཁྲིམས་མ་འདྲེས་པའི་ཆོས་ཡོངས་སུ་དག་པ་ཡོངས་སུ་རྫོགས་པར་བྱས་པའི་ཕྱིར་ཏེ། ཚུལ་ཁྲིམས་དང་ལྡན་པ་དེའི་སེམས་ཀྱིས་སྨོན་ལམ་བཏབ་པ་ཡང་འགྲུབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་བྱུང་བའི་ཆོས་མ་འདྲེས་པ་བཅུ་བཞི་པའོ། །སེམས་ཅན་གང་དག་མ་དད་པར་


DKG059_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

འཇུངས་པ། ལོག་པར་ལྟ་བ་ལས་ལ་མི་ལྟ་བ། ལས་ཀྱི་རྣམ་པར་སྨིན་པ་ལ་མི་རྟོན་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་རྒྱབ་ཀྱིས་ཕྱོགས་པ། དགེ་སྦྱོང་དང་། བྲམ་ཟེ་གཞན་དག་ལ་མ་དད་ཅིང་མ་གུས་ལ། བསྟི་སྟང་མི་བྱེད་ཞེ་ས་མི་བྱེད། རི་མོ་མི་བྱེད་པ་དེ་དག་བྱང་ཆུབ་སེམས་དཔའ་དེ་མཐོང་བ་དང་། སྤྱོད་ལམ་མཐོང་བའམ། ཐོས་པ་ཉིད་ཀྱིས་དད་ཅིང་གུས་པར་འགྱུར། བསྟི་སྟང་བྱེད་ཞེ་ས་བྱེད། རི་མོ་བྱེད་དེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅོ་ལྔ་པའོ། །ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། དྲང་སྲོང་རྣམས་སམ། ཚངས་པའམ། བདག་ཅག་ཉིད་སྟོན་པར་འདུ་ཤེས་ཤིང་འཇིག་རྟེན་ན་སྟོན་པར་གྲགས་པ་གང་དག་ཡིན་པ་དེ་དག་གི་ནང་ན་དེ་ཉིད་རབ་ཏུ་གྲགས་པར་འགྱུར་ཞིང་། ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། དྲང་སྲོང་ངམ་ཚངས་པར་སྟོན་པ་འདུ་ཤེས་པ་གང་དག་ཡིན་པ་དེ་དག་བྱང་ཆུབ་སེམས་དཔའ་དེ་ལ་འདུད། རབ་ཏུ་འདུད། དེ་ལ་རིམ་གྲོ་བྱེད། བསྙེན་བཀུར་བྱེད། དེ་དག་སྔོན་བདག་གི་སྟོན་པ་དེ་ཡིན་ནོ་སྙམ་པའི་འདུ་ཤེས་སུ་མཐོང་ནས་བསྩུར་འོང་། གུས་པར་བྱེད། འདི་ཉིད་གཙོ་བོ། འདི་ཉིད་མཆོག་ཡིན་ནོ། །སྙམ་ནས་དད་པ་འཐོབ་པར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་དྲུག་པའོ། །ཁྱིམ་འམ་གྲོང་ཁྱེར་གང་ན་དགེ་བའི་ཆོས་རྣམས་འཕེལ། མི་དགེ་བའི་ཆོས་རྣམས་སྤོང་ལ། སེམས་ཅན་ཡོངས་སུ་སྨིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པར་འགྱུར་བ་དེར་དེ་ལྷུན་གྱིས་གྲུབ་པ་ཉིད་དུ་སྐྱེ་བར་ཏེ། དེ་དེར་ཡང་དག་པར་སོང་ཞིང་ཡང་དག་པར་ཞུགས་པའི་ཕ་མ་དང་ལྡན་པར་འགྱུར་རོ། །ཡུལ་ལམ། ལྗོངས་གང་དུ་བྱང་ཆུབ་སེམས་དཔའ་དེ་སྐྱེས་པ་དེར་སྟོན་པ་གཅིག་ཏུ་འགྱུར་ཏེ། རྗེད་ཅིང་མཆོད་པར་འགྱུར་རོ། །ལྗོངས་ཀྱིས་ཕྱོགས་དེ་ནས་སེམས་ཅན་གང་ཡང་ངན་འགྲོར་འགྲོ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བས་དེ་དག་ཡོངས་སུ་ཟིན་པའི་ཕྱིར་ཏེ། དེ་དག་ཤི་འཕོས་ནས་ཀྱང་ལྷ་དང་མི་རྣམས་སུ་སྐྱེ་བར་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་


DKG059_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅུ་བདུན་པའོ། །དེ་མངོན་པར་ཤེས་པ་དང་། རིག་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་དང་འཐུན་པའི་ཆོས་ཐམས་ཅད་དང་འཐུན་པར་འགྱུར་ཞིང་། བདུད་ཀྱིས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའི་ཆོས་མ་འདྲེས་པ་བཅྭ་བརྒྱད་པའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་མ་འདྲེས་པ་རྣམས་ཞེས་བྱ་བ་ཅིའི་ཕྱིར་མ་འདྲེས་པ་རྣམས་ཞེས་བྱ་ཞེ་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡང་དག་པར་འདུ་བའི་ཕྱིར་མ་འདྲེས་པ་རྣམས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཆོས་ཀྱི་སྣང་བ་ཆེན་པོ་སྩལ་ཅིང་། སྣང་བ་ཚད་མ་མཆིས་པ་མཛད་པ་ངོ་མཚར་ལགས་སོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བཤད་པའི་དོན་བདག་གིས་འཚལ་བ་ལྟར་ན། ཆོས་ཀྱི་རྣམ་གྲངས་འདི་བྱང་ཆུབ་སེམས་དཔའ་གང་གི་རྣ་ལམ་དུ་གྲགས་པ་དེས་ཕྱིས་གཞན་ཐོས་ན་དེ་ལྟ་བུའི་དད་པའི་དངོས་པོ་ཐོབ་པར་མི་འགྱུར་ལགས་སོ། །གང་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཟུང་བར་འགྱུར་ལགས་སོ། །བཟུང་ནས་ཀྱང་གཞན་དག་ལ་འཆད་པ་དེས་སངས་རྒྱས་ཀྱིས་ཆོས་ལ་ཡོངས་སུ་སྨིན་པར་བགྱིས་པར་འགྱུར་ལགས་སོ། །གང་ཆོས་ཀྱི་རྣམ་གྲངས་འདི་ལ་ཚུལ་བཞིན་དུ་སྦྱོར་བ་དེས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ཞུགས་པར་འགྱུར་ལགས་སོ། །གང་འདི་ལ་བཟོད་པ་དེ་ནི་རྗེས་སུ་འཐུན་པའི་བཟོད་པ་ལགས་སོ། །གང་འདི་ལ་ནན་ཏན་བགྱིད་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་ནན་ཏན་བགྱིད་པ་ལགས་པར་བལྟ་བར་བགྱིའོ། །བཅོམ་ལྡན་འདས་གང་ཆོས་ཀྱི་རྣམ་གྲངས་འདི་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ནི་མངོན་པར་ཤེས་པ་ཐོབ་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ལགས་པ་བལྟ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་རྒྱལ་པོ་ཁྱོད་ཟེར་བ་དེ་བཞིན་ཏེ། གང་ཆོས་ཀྱི་རྣམ་


DKG059_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་འདི་དང་མ་བྲལ་བའི་བྱང་ཆུབ་སེམས་དཔའ་དེ་ནི་མངོན་པར་ཤེས་པ་ཐོབ་ཅིང་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པ་ཡིན་པར་བལྟའོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་སྔོན་བྱུང་བ་ལས་འདས་པའི་དུས་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཕ་རོལ། དེ་བཞིན་གཤེགས་པ་རབ་ཏུ་གདུང་བའི་ཡང་ཕ་རོལ། དེ་བཞིན་གཤེགས་པ་སྐར་རྒྱལ་གྱི་ཡང་ཕ་རོལ། དེ་བཞིན་གཤེགས་པ་རྒྱལ་གྱི་ཡང་ཕ་རོལ། དེ་བཞིན་གཤེགས་པ་རབ་སྩལ་གྱི་ཡང་ཕ་རོལ་ན་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བར་གྱུར་ཏེ། རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་དེའི་སངས་རྒྱས་ཀྱི་ཞིང་དེ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། ཉམས་དགའ་བ་དང་། ལྷ་དང་མི་རྣམས་ཀྱིས་གང་བར་གྱུར་ཅིང་། ལག་མཐིལ་བཞིན་དུ་མཉམ་པ། བཻ་དཱུཪྱ་དག་ལ་འཛམ་བུའི་ཆུ་བོའི་གསེར་གྱི་པད་མས་སྤྲས་པ། གོས་ཀ་ཙ་ལིན་དི་ཀ་ལྟར་རེག་ན་འཇམ་པ་ཡིན་ནོ། །དེའི་ཚེ་མི་རྣམས་ཀྱི་ལོངས་སྤྱོད་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་ཇི་འདྲ་བ་དེ་འདྲ་བར་གྱུར་ཏེ། བཟའ་བ་དང་། བཏུང་བ་རྣམས་ཀྱང་ཡིད་ལ་བསམ་པ་ཙམ་གྱིས་འབྱུང་ངོ་། །མི་དེ་དག་གི་ཁ་དོག་དང་། གཟུགས་དང་། དབྱིབས་དང་། སྐྱེད་མོས་ཚལ་དང་། གཞལ་མེད་ཁང་དག་ཀྱང་ལྷ་རྣམས་ཀྱི་དང་བྱེ་བྲག་མེད་པར་གྱུར་ཏེ། མིང་དུ་བརྗོད་པ་འབའ་ཞིག་ཐ་དད་དུ་ཟད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ན་དེ་བཞིན་གཤེགས་པ་དེ་མ་གཏོགས་པ་རྒྱལ་པོ་གང་ཡང་མེད་དེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་ལྷའི་རྒྱལ་པོ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆོས་ཀྱི་འདུན་སར་འདུག་ནས་ཆོས་ཁོ་ན་སྟོན་གྱིས། ཆོས་མ་ཡིན་པ་མི་སྟོན་ཏོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་དེ་ཡང་ཆོས་ཀྱི་སྟན། དགེ་བའི་ཁྲི་ལ་བཞུགས་ནས་འཇིག་རྟེན་པ་རྣམས་ལ་ཆོས་སྟོན་


DKG059_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །དེ་ཆོས་སྟོན་པ་ན་མདུན་དང་རྒྱབ་ན་འཁོར་གྱི་དཀྱིལ་འཁོར་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དང་། གཡས་གཡོན་ན་ཡང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་གང་བར་འཁོད་དེ་དེ་བཞིན་གཤེགས་པ་དེ་ཆོས་སྟོན་པ་ན་སྟོང་གི་འཇིག་རྟེན་གྱི་ཁམས་སྒྲས་མངོན་པར་ཁྱབ་པར་མཛད་དོ། །དེ་བཞིན་གཤེགས་པ་དེ་ཡང་ལྷ་དང་མི་དེ་རྣམས་ཀྱིས་འདི་ལྟ་སྟེ་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ནན་ཏན་དུ་བྱེད་པའི་མཆོད་པས་མཆོད། རྗེད་བསྟི་སྟང་བྱས། བླ་མར་བྱས་པར་གྱུར་ཏོ། །དེ་ན་སེམས་ཅན་དམན་པ་ལ་མོས་པ་གང་ཡང་མེད་ཀྱི། དེ་དག་ཐམས་ཅད་རྒྱ་ཆེན་པོ་ལ་མོས་པར་གྱུར་ཏེ། འདི་ལྟ་སྟེ་སངས་རྒྱས་ཀྱི་ཆོས་ལ་མོས་པ་ཤ་སྟག་གོ །དེ་ན་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མིང་ཡང་མི་གྲག་ན་འཇུག་པ་དང་། སྤྱོད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། བཅོམ་ལྡན་འདས་དེའི་གཡོག་འཁོར་ན་བྱང་ཆུབ་སེམས་དཔའ་འབའ་ཞིག་ཏུ་གྱུར་ཏོ། །དེ་ན་བུད་མེད་དུ་གདགས་པ་ཡང་མེད། འཁྲིག་པའི་ཆོས་སྤྱོད་པའི་སྒྲ་ཡང་མེད་དེ། སེམས་ཅན་དེ་དག་ཐམས་ཅད་པད་མ་ལ་སྐྱིལ་མོ་ཀྲུང་དུ་རྫུས་ཏེ་སྐྱེ་བར་གྱུར་ཏོ། །ལྷ་དང་མི་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་མཐོང་བས་མགུ་བའི་དགའ་བ་དང་། ཆོས་ཉན་པའི་དགའ་བ་དང་། ཆོས་སོ་སོར་རྟོག་ཅིང་འབྱེད་པའི་དགའ་བ་དང་། དགའ་བ་གསུམ་དང་ལྡན་པར་གྱུར་ཏོ། །ལྷ་དང་མི་དེ་དག་ཀྱང་རྟག་ཏུ་བག་ཡོད་པར་གནས་པར་གྱུར་ཏོ། །ཕན་ཚུན་ཆོས་བགྲོ་བ་ལ་བརྩོན་ནོ། །ལྷ་དང་མི་རྣམས་དཔག་ཏུ་མེད་དེ། ཤི་འཕོས་ན་ཡང་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་སངས་རྒྱས་ཀྱི་ཞིང་རྣམས་སུ་བསམས་བཞིན་དུ་སྐྱེ་བར་བྱེད་དོ། །བྱང་ཆུབ་སེམས་དཔའ་གང་དེ་ནི་འཆི་འཕོ་བ་དེ་ཤིང་ཏ་ལ་བདུན་ཙམ་དུ་བར་སྣང་ལ་འཕགས་ནས། ཀྱེ་གྲོགས་པོ་དག་བདག་ནི་སངས་རྒྱས་ཀྱི་ཞིང་འདི་ནས་འཆི་འཕོའོ། །ཞེས་འཆི་འཕོ་བའི་སྒྲ་འབྱིན་ཏོ། །སྒྲ་དེས་ཀྱང་བྱང་ཆུབ་སེམས་དཔའ་དུ་མ་ཞིག་འདུས་ནས་བྱང་ཆུབ་སེམས་དཔའ་དེའི་ཆོས་ཀྱི་བཟོད་པ་ལ་ལོངས་སྤྱོད་ཅིང་དེ་ལ་གང་འཆི་འཕོ་བ་དང་། གང་སྐྱེ་བའི་ཆོས་གང་ཡིན་པ་ཞེས་དེ་སྐད་ཀྱང་སྨྲའོ། །བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་སྨྲས་ཏེ།


DKG059_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་པོ་དག་ཆོས་གང་ཡང་འཆི་བ་དང་། སྐྱེ་བ་མེད་དེ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་འཆི་བ་དང་། སྐྱེ་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་སོ། །གཟུགས་མི་འཆི་མི་སྐྱེའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མི་འཆི་མི་སྐྱེའོ། །དེ་ལ་དོན་དམ་པར་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གམ། ཤེད་ལས་སྐྱེས་སམ། ཤེད་བུའམ། འཆི་བའམ། སྐྱེ་བར་འགྱུར་བ་གང་ཡང་མེད་དོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཏེ། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་འཆི་བའམ་སྐྱེ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འདོད་ཆགས་དང་བྲལ་བའི་མཐའ་མངོན་དུ་མཛད། བཅོམ་ལྡན་འདས་ཀྱིས་མངོན་པར་འདུ་བྱ་བ་མེད་པའི་མཐའ་དང་། སྐྱེ་བ་མེད་པའི་མཐའ་དང་། འབྱུང་བ་མེད་པའི་མཐའ་མངོན་དུ་མཛད་དེ། འདོད་ཆགས་བྲལ་བའི་མཐའ་ནས་འབྱུང་བ་མེད་པའི་མཐའི་བར་དུ་འཆི་བ་དང་སྐྱེ་བ་ཡང་མེད་དོ། །གང་འཆི་འཕོ་བ་ལ་འཆི་འཕོ་ཞེས། དེའི་རྐྱེན་རྣམས་དང་མི་ལྡན་པའོ། །གང་སྐྱེ་བ་ཞེས་བྱ་བ་ཡང་རྐྱེན་རྣམས་ཚོགས་པ་སྟེ། རྐྱེན་རྣམས་ལ་ནི་འཆི་འཕོའམ་སྐྱེ་བ་མེད་དོ། །ཞེས་བྱང་ཆུབ་སེམས་དཔའ་དེས་བྱང་ཆུབ་སེམས་དཔའི་འཁོར་དེར་ཆོས་ཀྱི་གཏམ་དེ་ལྟ་བུ་བྱས་ཏེ་ཤི་འཕོས་པར་གྱུར་ཏོ། །ཤི་འཕོས་ནས་ཀྱང་ཐལ་བའམ། དུ་བ་ཙམ་ཡང་མེད་པར་གྱུར་ཏེ། འཆི་འཕོས་ནས་དེ་བཞིན་གཤེགས་པ་མངོན་དུ་བཞུགས་པའི་སངས་རྒྱས་ཀྱི་ཞིང་གཞན་དུ་སོང་ངོ་། །དེ་བཞིན་གཤེགས་པ་དེ་དང་། བྱང་ཆུབ་སེམས་དཔའ་དེ་རྣམས་གོས་ངུར་སྨྲིག་མི་གྱོན་གྱི། ཐམས་ཅད་ཀྱང་ལྷའི་གོས་གཙང་མ་རྣམས་གྱོན་ནོ། །དེར་བསླབ་པ་བཅའ་བ་ཡང་མེད་དེ། དེ་དག་ཐམས་ཅད་ཅང་ཤེས་པ་སྐྱེ་བ་མེད་པ་ལ་བཟོད་པའི་ཆོས་ཅན་དུ་གྱུར་ཏོ། །དེ་དག་ལ་གཏམ་རྒྱས་པར་བྱ་ཡང་མི་དགོས་ཏེ། དེ་དག་ནི་ཟུར་ཙམ་གྱིས་གོ་ཞིང་དབང་པོ་རྣོ་བ་ཤ་སྟག་གོ །གང་གི་ཚེ་དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའ་


DKG059_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཆོས་སྟོན་པ་དེའི་ཚེ་སངས་རྒྱས་ཀྱི་ཞིང་དེ་ན་ལྷ་དང་མི་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས་བཤད་པ་དེ་ཀུན་ཤེས་པར་གྱུར་ཏེ། དེ་ལ་ཁ་ཅིག་གིས་ནི་བཟོད་པ་ཐོབ། ཁ་ཅིག་གིས་ནི་གཟུངས། ཁ་ཅིག་གིས་ནི་སྤོབས་པ། ཁ་ཅིག་གིས་ནི་ཏིང་ངེ་འཛིན་ཐོབ་བོ། །དེ་བཞིན་གཤེགས་པ་དེའི་མཚན་ཀྱང་ཕྱོགས་བཅུར་གྲགས་པར་གྱུར་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་དེ་ལྷ་དང་བཅས་པའི་འཇིག་རྟེན་གྱི་མདུན་ན་ཆོས་ཀྱི་རྣམ་གྲངས་འདི་ཉིད་རྒྱས་པར་འཆད་དོ། །དེ་ན་བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་བྱང་ཆུབ་སེམས་དཔའ་དྲི་མེད་རྣམ་དག་འོད་ཅེས་བྱ་བ་ཞིག་ཀྱང་ཡོད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་དེ་ལུང་ཡང་མ་བསྟན་པ་དང་། དེ་འདི་སྙམ་དུ་སེམས་ཏེ། བྱང་ཆུབ་སེམས་དཔའ་གང་དག་ལུང་བསྟན་པ་དེ་དག་སྤྱོད་ལམ་མམ། སྤྱོད་པའམ། ནན་ཏན་ནམ། དྲན་པ་འམ། བློ་གྲོས་སམ། རྟོགས་པ་འམ། ཤེས་རབ་བམ། མངོན་པར་ཤེས་པའམ། གཟུངས་སམ། ཏིང་ངེ་འཛིན་ཐོབ་པའི་བདག་ལས་ལྷག་པའམ། མཆོག་ཏུ་གྱུར་པ་ནི་མེད་ན། ཅིའི་ཕྱིར་འདི་བདག་ནི་ལུང་བསྟན་ལ་བདག་ལུང་མ་བསྟན་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་དེའི་ཐུགས་ཀྱིས་བྱང་ཆུབ་སེམས་དཔའ་དེའི་སེམས་མཁྱེན་ནས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་ཞིག་འབྱུང་སྟེ། དེ་ཁྱོད་ལ་ལུང་སྟོན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་དྲི་མེད་རྣམ་དག་འོད་ཀྱིས་ཚིག་དེ་ཐོས་ནས་རབ་ཏུ་དགའ་ཞིང་མགུ་བར་གྱུར་ཏེ། ནམ་མཁའ་ལ་འཕགས་ནས། གལ་ཏེ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཅིག་ན་དེ་བཞིན་གཤེགས་པ་མར་མེ་མཛད་དེ་འབྱུང་དུ་ཟིན་ཀྱང་། བདག་གིས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནི་ཤོབ་བེ་མི་གསུང་སྟེ། དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པར་གསུངས་པ།


DKG059_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་གསུངས་པའོ། །ཞེས་ཚིག་དེ་སྐད་སྨྲས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ཇི་སྙམ་དུ་སེམས་དེའི་ཚེ་བྱང་ཆུབ་སེམས་དཔའ་དྲི་མེད་རྣམ་དག་འོད་ཅེས་བྱ་བར་འགྱུར་བ་དེ་གཞན་ཞིག་ཡིན་པ་སྙམ་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་བྱང་ཆུབ་སེམས་དཔའ་དྲི་མེད་རྣམ་དག་འོད་ཅེས་བྱ་བར་གྱུར་ཏོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་རབ་གསལ་ཞེས་བྱ་བ་ངས་མཉེས་པར་བྱས་ཏེ། དེ་ལས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཐོས་ནས་ཀྱང་བཟུང་ངོ་། །སྣང་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་རྒྱལ་ཞེས་བྱ་བ་མཉེས་པར་བྱས་ཏེ། དེ་ལས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཐོས་ནས་ཀྱང་བཟུང་ངོ་། །སྣང་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་སྐར་རྒྱལ་ཞེས་བྱ་བ་མཉེས་པར་བྱས་ཏེ། དེ་ལས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོས་སོ། །ཐོས་ནས་ཀྱང་བཟུང་ངོ་། །རྣམ་པར་སྣང་བྱེད་ཅེས་བྱ་བའི་ཏིང་ངེ་འཛིན་ཀྱང་ཐོབ་བོ། །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་རབ་ཏུ་གདུང་བ་ཞེས་བྱ་བ་མཉེས་པར་བྱས་ནས། དེ་ལས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ཐོས་ཏེ། ཐོས་ནས་ཀྱང་བཟུང་ངོ་། །རྗེས་སུ་འཐུན་པའི་བཟོད་པ་ཐོབ་པོ། །དེའི་ཚུ་རོལ་ན་དེ་བཞིན་གཤེགས་པ་མར་མེ་མཛད་ཅེས་བྱ་བ་མཉེས་པར་བྱས་ནས། དེ་ལས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་སྟེ། ཚུལ་ཁྲིམས་ཀྱི་རྣམ་པར་འཕྲུལ་པ་དང་། མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་པའི་རྣམ་པར་འཕྲུལ་པ་དང་། ཤེས་རབ་ཀྱི་རྣམ་པར་འཕྲུལ་པ་ཞེས་བྱ་བ་དང་། རྣམ་པར་འཕྲུལ་པ་བཞི་པོ་དེ་དག་མངོན་སུམ་དུ་བྱས་སོ། །རྣམ་པར་འཕྲུལ་པའི་རྒྱལ་པོ་རྣམ་གྲངས་དེས་འདི་ལྟར་རིག་པར་བྱ་སྟེ། ད་ལྟར་རམ་ང་འདས་པའི་འོག་ཏུ་ཡང་རུང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་སུ་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་དེ་དག་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་མངོན་པར་ཤེས་པ་མྱུར་བ་དང་ལྡན་པར་


DKG059_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། ཆོས་ཀྱི་རྣམ་པར་འཕྲུལ་པ་འདི་རྣམས་ཀྱང་ཐོབ་པར་འགྱུར། ཐོབ་ནས་ཀྱང་ཆོས་ཀྱི་རྣམ་པར་འཕྲུལ་པ་འདི་དག་གིས་ཆོས་ཀྱི་འཁོར་ལོ་རྗེས་སུ་བསྐོར་བར་འགྱུར། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པ་འདི་ལ་རྗེས་སུ་འཐུན་པའི་བཟོད་པ་ཡང་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཁྲི་དྲུག་སྟོང་གིས་བཟོད་པ་ཐོབ་བོ། །སྲོག་ཆགས་འབུམ་ཕྲག་བཅུ་གཉིས་ཀྱིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་རབ་ཏུ་གཡོས་པར་གྱུར་ཏོ། །ལྷ་དང་ཀླུ་འབུམ་དག་ཀྱང་གང་ན་ཆོས་ཀྱི་རྣམ་གྲངས་འདི་སྤྱོད་པ་ན་སངས་རྒྱས་འབྱུང་བར་ཤེས་པར་བྱའོ། །གང་དག་ཆོས་ཀྱི་རྣམ་གྲངས་འདི་ཉན་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་མ་བསགས་པ་མ་ཡིན། གང་དག་གིས་བཟུང་བ་ནས་ཀུན་ཆུབ་པར་བྱེད་པའི་བར་དུ་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་རིང་པོར་མི་ཐོགས་པར་རྣམ་པར་འཕྲུལ་པ་འདི་དག་ཐོབ་པར་འགྱུར་རོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འཕྲུལ་པའི་ཆོ་འཕྲུལ་བསྟན་པ་ཞེས་བྱ་བར་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་བར་མ་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

དྲི་མ་མེད་པ་འོད་ཀྱིས་ཞུས་པ།


DKG059_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བི་མ་ལ་པྲ་བྷ་པ་རི་པྲཱིཙྪཱ། བོད་སྐད་དུ། དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟླ་བའི་སྙིང་པོ་ཞེས་བྱ་བའི་མདོ་བཤད་པའི་ཚེ་འཛམ་བུའི་གླིང་གི་ཡུལ་ཐམས་ཅད་སྲུང་མ་རྣམས་ཀྱི་ལག་ཏུ་སོ་སོར་གཏད་པ་ན། བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་ནས་ལྷ་ཐམས་ཅད་བསྡུ་བའི་ཕྱིར་འོད་ཟེར་བཏང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་བསྐྱེད་མ་ཐག་ཏུ་ལྷའི་རྒྱལ་པོ་ཐམས་ཅད་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་གྱི་དབང་པོ་ཀུན་ཏུ་རྒྱལ་ལ་བོས་ཏེ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དག་ངའི་བཀའ་ཆོས་དང་ལྡན་པ་བཞིན་གྱིས་ལ་རིམ་གྲོ་བྱོས་ཤིག །ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། ལི་ཡུལ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་ཏེ། དེ་ཡོངས་སུ་བསྐྱང་བའི་ཕྱིར་ངས་ཁྱེད་ཀྱི་ལག་ཏུ་གཏད་དོ། །རྒྱལ་པོ་རྣམ་ཐོས་བུ་ཁྱོད་དང་། །རྫུ་འཕྲུལ་ཆེན་པོ་ཀུན་ཏུ་རྒྱལ། །ཀླུ་ཡི་རྒྱལ་པོ་མ་དྲོས་དང་། །བློ་རབ་བརྟན་པའི་ལྷ་ཡི་བུ། །ང་ཡི་ཚིག་ནི་མཉན་པར་གྱིས། །ཡུལ་འདི་རྒྱལ་བའི་དབང་པོ་ཡིས། །འདུལ་བ་ཡིན་གྱི་གཞན་གྱིས་མིན། །གང་དག་ངས་ནི་མ་བཏུལ་བའི། །སེམས་ཅན་དེ་དག་ལི་ཡུལ་འཁོར། །སངས་རྒྱས་ལུང་བསྟན་གྲོང་ཁྱེར་དུ། །སོ་སོར་སྐྱེ་བ་ལེན་པར་འགྱུར། །ང་ཡི་སངས་རྒྱས་བྱང་ཆུབ་ཕྱིར། །སྡུག་བསྔལ་ཆེན་པོ་མྱོང་བ་དང་། །སྨོན་ལམ་ཆེན་པོ་རབ་མང་བ། །བཏབ་པར་གྱུར་པ་གང་ཡིན་པའི། །བསོད་ནམས་ཀྱི་ནི་ཚོགས་དེ་ཡིས། །ཡུལ་འདི་ང་ཡི་ཕྱག་མཚན་གྱུར། །ཞི་བར་མྱ་ངན་ང་འདས་ན། །ཁྱེད་རྣམས་ལ་ནི་གཏད་པར་བྱ། །གང་ཚེ་ང་ཡི་བྱམས་པའི་ས། །ལི་ཡུལ་འདི་ནི་བྱུང་བ་ན། །འགུ་མ་ཏི་ར་གནས་མཛེས་དེར། །ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་དུ། །བསྐལ་པ་བཟང་པོའི་སངས་རྒྱས་རྣམས། །དེ་ཚེ་འདིར་ནི་འདུལ་བར་འགྱུར། །ཡུལ་འདི་ཡོངས་སུ་བསྐྱང་བའི་ཕྱིར། །ང་ཡིས་ཁྱེད་ལ་


DKG059_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་ཡིན། །དེ་ནས་རྒྱལ་པོ་རྣམ་ཐོས་བུས། །བཅོམ་ལྡན་འདས་ལ་གསོལ་པ་ནི། །འདྲེན་པ་སངས་རྒྱས་རྣམས་ཀྱི་བཀའ། །གཅིག་ཏུ་རུང་བ་མ་ལགས་ཏེ། །མཆོག་རབ་རྒྱལ་བས་བཀའ་སྩལ་པ། །ལས་འདི་ཤིན་ཏུ་དཀའ་བ་ལགས། །སྟོན་པ་བཅོམ་ལྡན་བཞུགས་བཞིན་དུ། །ཡུལ་དང་ལྗོངས་རྣམས་འཁྲུག་པ་མཆིས། །ཁྱོད་ཀྱིས་དམ་ཆོས་བཤད་ན་ཡང་། །ཡོངས་སུ་བསྲུང་བར་དཀོན་ལགས་ན། །སྟོན་པ་མྱ་ངན་འདས་པའི་ཚེ། །ལྷ་ཡིས་བོར་བའི་ཡུལ་དག་ཏུ། །ལྷ་ལ་སོགས་པ་སྲུང་བ་རྣམས། །བཀའ་བཞིན་མི་ཉན་ཇི་ཞིག་སྨོས། །བདག་ཅག་རྣམས་ལ་ཐུགས་རྗེས་མཛོད། །གང་ཞིག་ཐོས་ན་ལྷ་རྣམས་ཀུན། །ཁྱོད་ཀྱི་བཀའ་བཞིན་བགྱིད་འགྱུར་བ། །དེ་འདྲའི་ཆོས་ནི་བཤད་པར་གསོལ། །སངས་རྒྱས་དཔའ་བོ་རྣམས་ཀྱི་བཀའ། །དེ་ནི་ས་སྟེང་གཅོག་ཏུ་མེད། །སྐྱེ་བོ་གང་དུ་མ་བྱུང་བའི། །ལས་ནི་ཤིན་ཏུ་དཀའ་ལགས་ན། །བཅོམ་ལྡན་དེར་ནི་བདག་ཅག་གིས། །ཇི་ལྟར་ཡོངས་སུ་བསྲུང་བར་བགྱི། །སངས་རྒྱས་རྣམས་ནི་དུས་གསུམ་གཟིགས། །ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན། །རྒྱལ་བ་སྐྱེས་མཆོག་དེ་ཡི་ཕྱིར། །ལས་འདི་བདག་ཅག་མཆིས་ཀྱིས་འཚལ། །དེ་ཕྱིར་གཏད་པ་མནོད་པར་བགྱི། །རྒྱལ་བས་སྔར་ནི་བཀའ་སྩལ་པའི། །ལས་ནི་ཇི་ལྟར་བགྱིད་འགྱུར་བ། །དེ་ལྟར་བྱིན་གྱིས་བརླབ་པར་གསོལ། །རྒྱལ་བས་ལུང་བསྟན་གྲོང་ཁྱེར་དུ། །རྒྱལ་བས་སྔོན་ནི་ལུང་བསྟན་པའི། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །གཟུགས་བཟང་སྡོམ་པ་འཛིན་པ་ཡི། །དགེ་སློང་བརྒྱ་ཕྲག་གསུམ་དག་དང་། །དགེ་སློང་མ་ནི་ཉིས་བརྒྱ་འབྱུང་། །སྡིག་པའི་ལས་རྣམས་གང་དག་གིས། །སྔོན་ནི་སྨོན་ལམ་བཏབ་གྱུར་ཅིང་། །སྡིག་བྱེད་ཕྱོགས་ནི་ལྔ་བརྒྱ་པོ། །དེ་དག་རྣམས་ཀྱང་འབྱུང་འགྱུར་ཏེ། །དགེ་བྱེད་ལ་ནི་བགེགས་བྱའི་ཕྱིར། །ཡུལ་འདི་དག་ཏུ་སྐྱེ་བར་འགྱུར། །དགེ་བྱེད་མཛའ་བོ་དེ་དག་ཀྱང་། །ལི་ཡུལ་དག་ཏུ་སྐྱེ་བ་ལེན། །རྒྱལ་བས་ལུང་བསྟན་ཡུལ་དག་ཏུ། །ལེགས་པ་རྣམས་ནི་བྱེད་པར་འགྱུར། །ཇི་ལྟར་ཡུལ་འདིར་བདག་ཅག་རྣམས། །ལེགས་པར་འགྱུར་དང་


DKG059_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས། །ཅི་ནས་གཟུང་བའི་ཐབས་འཚལ་བར། །བཅོམ་ལྡན་བདག་ཅག་དམ་པ་གསོལ། །དེ་ལ་བཅོམ་ལྡན་གསུངས་པ་ནི། །དམ་པའི་མཆོག་ནི་སྦྱིན་པར་བྱས། །གནོད་སྦྱིན་དབང་པོ་དུས་ཀུན་ཏུ། །ཡུལ་ནི་ཡོངས་སུ་བསྲུང་བའི་ཕྱིར། །བྱང་ཆུབ་སེམས་དཔའི་གནས་བཟང་འདི། །ང་ཡི་ཚིག་གིས་གཟུང་བར་གྱིས། །ཡུལ་དེ་འབྱུང་བར་འགྱུར་བ་ནི། །ལྷ་ཡི་སྐྱེད་མོས་ཚལ་མཆོག་བཞིན། །དགེ་འདུན་ཀུན་དགའ་ར་བས་རྒྱས། །དྲི་གཙང་ཁང་གིས་མཛེས་པར་བྱས། །དེར་ནི་དགོན་པའི་གནས་རྣམས་ཀྱང་། །བདེ་བ་ཅན་དང་འདྲ་བར་འགྱུར། །དགེ་སློང་དགེ་སློང་མ་ཡིས་གང་། །དེ་དག་ཐེག་པ་མཆོག་ཀྱང་སྟོན། །བྱང་ཆུབ་སེམས་དཔའི་གནས་བཟང་དེར། །མི་རྣམས་སྐྱེས་པ་གང་ཡིན་པ། །དགེ་བ་ཡི་ནི་ལས་བྱེད་ཅིང་། །བྱང་ཆུབ་ཕྱིར་ནི་སྔོ་བར་བྱེད། །ཅི་སྲིད་ཐུབ་པའི་དབང་པོ་ཡིས། །བསྟན་པ་ཡུལ་དེར་གནས་པ་དང་། །མཆོད་པར་བྱེད་པ་དེ་སྲིད་དུ། །ཡུལ་དག་ཀྱང་ནི་གནས་པར་འགྱུར། །བསྟན་པ་དག་ལ་མ་མཆོད་ན། །སྲུང་མ་རྣམས་ནི་འཁྲུག་པར་འགྱུར། །ཡུལ་ཡང་ཡལ་བར་འདོར་བ་དང་། །འཁྲུག་པའི་སེམས་ཀྱིས་འགྲོ་བར་འགྱུར། །སྲུང་མ་དག་ནི་སོང་བ་དང་། །ཡུལ་འདི་ལྷ་ཡིས་བོར་བ་དེར། །ནད་དང་མུ་གེས་ཉེན་པ་དང་། །རྒྱལ་པོ་དག་ཀྱང་ཚེ་ཐུང་འགྱུར། །སྲུང་མ་ཀུན་ཏུ་ཁྲོས་པ་ཡིས། །དཔུང་རྣམས་ཀྱང་ནི་མེད་པར་བྱེད། །རྒྱལ་བ་དམ་པ་མཆོག་གིས་ལྷ་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་ནས། དེའི་འོག་ཏུ་བཅོམ་ལྡན་འདས་དཔལ་འོད་ཟེར་ལྟ་བུ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྨིན་མཚམས་ཀྱི་གསེབ་ནས་དེ་བཞིན་གཤེགས་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་རྣམས་བྱུང་ངོ་། །འོད་ཟེར་དེ་དག་ལས་ཀྱང་འོད་ཟེར་ཚད་མེད་གྲངས་མེད་པ་བྱུང་བར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ནས་སངས་རྒྱས་ཀྱི་ཞིང་གང་དང་གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་དེར་ཚིག་ཏུ་བརྗོད་པ་འདི་སྐད་ཅེས་འབྱུང་སྟེ། ལྷའི་ལྷ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གནོད་པ་ཉུང་ངམ། བསྐྱོད་པ་ཡང་དམ་ཞེས་བྱ་བའི་


DKG059_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་འདྲིའོ། །འདི་སྐད་ཅེས་ཀྱང་སྨྲས་ཏེ། སངས་རྒྱས་ཉིད་ཀྱི་ཕྱིར་ངས་བསྐལ་པ་མང་པོར་དཀའ་བ་བྱས་སོ། །དམ་པའི་ཆོས་བསྡུ་བའི་ཕྱིར་ལུས་གྲངས་མེད་པ་ཡོངས་སུ་བཏང་བ་བྱས་ཏེ། སྦྱིན་པ་མང་པོ་བྱིན་ནོ། །སྡུག་བསྔལ་ཤིན་ཏུ་མང་པོ་བྱང་ཆུབ་སེམས་དཔའ་གཞན་དག་གིས་མ་མྱོང་བ་དག་ཉམས་སུ་མྱོང་སྟེ། དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྗེས་སུ་ཐོབ་པར་གྱུར་ཏོ། །ད་ནི་ང་ཡོངས་སུ་མྱ་ངན་འདའ་བའི་དུས་དང་སྐབས་སུ་བབ་ནས། འཛམ་བུའི་གླིང་ཐམས་ཅད་ཀྱི་ཡུལ་རྣམས་ཡོངས་སུ་བསྐྱང་བའི་ཕྱིར་སྲུང་མ་རྣམས་ཀྱི་ལག་ཏུ་བྱིན་ནོ། །ལྷ་རྣམས་མྱ་ངན་ང་འདས་ནས། །ལོ་བརྒྱ་ལོན་པ་དེ་ཡི་ཚེ། །མིང་ནི་ལི་ཡུལ་ཞེས་བྱ་བ། །རབ་ཏུ་འབྱོར་པ་འབྱུང་བར་འགྱུར། །བསྐལ་པ་བཟང་པོའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་ཀྱི། །འདུལ་བའི་ཕྱིར་ནི་ཆད་ཀྱུ་སྟེ། །རྟོག་གེ་པ་དང་བྲལ་བ་ཡིན། །བསྐལ་པ་བཟང་པོའི་རྒྱལ་སྲས་རྣམས། །ལི་ཡུལ་འཁོར་གྱི་གྲོང་ཁྱེར་དེར། །སྐྱེ་བ་དག་ཀྱང་ལེན་འགྱུར་ཞིང་། །མིག་དང་འདྲ་བར་སྣང་བར་འགྱུར། །སེམས་ཅན་རྣམས་ནི་སྨིན་བྱ་དང་། །ཆོས་ཀྱང་མཉན་པར་བྱ་བའི་ཕྱིར། །བྱང་ཆུབ་སྤྱོད་པ་བཟང་པོ་དག །དེ་ཚེ་དེ་ཀུན་སྤྱོད་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་ལ་དགོངས། །ཉི་མའི་སྙིང་པོ་མདོ་སྡེ་ཆེ། །མདོ་སྡེ་མཆོག་ནི་བཤད་པ་ན། །སྙིང་རྗེས་ནོན་པའི་སེམས་ཀྱིས་སུ། །ཡུལ་དེར་བསྲུང་བར་བྱ་བའི་ཕྱིར། །གཟུངས་སྔགས་རྣམས་དང་འོད་ཟེར་དག །ཇི་ལྟར་སྔོན་ནི་སྐུར་བ་བཞིན། །སངས་རྒྱས་ཞིང་ནི་ཐམས་ཅད་ནས། །ཡུལ་འཁོར་འདིར་ནི་སྐྱེས་ཀྱི་རྣམས། །རྒྱལ་མཆོག་རྣམས་ཀྱིས་སྐུར་བར་མཛོད། །བསྟན་པ་བསྲུང་བར་བྱ་བའི་ཕྱིར། །བདག་ལ་དགྱེས་པས་སྐུར་བར་མཛོད། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །འོད་ཟེར་དེ་དག་བཏང་བ་ན། །སངས་རྒྱས་ཞིང་རྣམས་སོང་ནས་ནི། །དེ་ཉིད་དུ་ནི་སླར་ཡང་འོངས། །དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལི་ཡུལ་ཡོངས་སུ་བསྐྱང་བར་བཞེད་པའི་


DKG059_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྐྱེས་སུ་འོད་ཟེར་དག་ཀྱང་བཏང་། གཟུངས་སྔགས་དག་ཀྱང་བསྐུར་ཏེ། འདི་སྐད་ཅེས་ཀྱང་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་གིས་འོད་ཟེར་དག་ཀྱང་གཏོང་། གཟུངས་སྔགས་དག་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་ཏུ་བསྐུར་བ་དེ་དག་གི་མཚན་ནི་འདི་ཞེས་བྱ། བྱང་ཆུབ་སེམས་དཔའ་དེ་དག་གི་མིང་ཡང་འདི་ཞེས་བྱའོ། །དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་འཛུད་པ་ལ་དཔའ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཚིག་གསང་བ་ལ་ཕྱག་འཚལ་ལོ། །གཟུངས་སྔགས་ནི་འདི་ཡིན་ཏེ། ཏདྱ་ཐཱ། བ་ར་བ་ར། ཀཱ་ཤ་ཨ་ར། ཙཀྲ་ཀོ་ཥེ། གུ་ཧྱ་ཀ་བཱ་རེ་སྭཱ་ཧཱ། གཟུངས་སྔགས་འདིས་ལི་ཡུལ་གྱི་ལྷ་དང་མི་རྣམས་ལ་ལྷ་རྣམས་དམ་པ་སྦྱིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགའ་བའི་ཆོས་ལ་དཔའ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བ་ར་ཏྲི་ཀ་བུ་ལི། ཤ་སི་རི་པ་ཧཱ་རེ་བཱ་རེ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་ཚེ་རབས་དྲན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཆོས་ལ་ཞུགས་པ་ཤིན་ཏུ་འཕགས་པའི་ཏོག་གི་གསུང་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རང་གི་ཡིད་ལ་གསལ་བའི་ཚིག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མངོན་པར་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ནམ་མཁའི་ཚིག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཧྭཱ་ཀྱ་ར་ཏེ། ཧོ་ཧོ་ཧོ་ཧོ། ཕཱ་རུ་ར་ར། ཨ་བི་བ་ར། མ་བི་བ་ར། ཎ་རུ་ཧེ་སྭཱ་ཧཱ། གཟུངས་སྔགས་འདི་སུ་འཛིན་པ་ནི་ངན་སོང་ངན་འགྲོར་འགྲོ་བར་མི་འགྱུར་ལ། སེམས་ཅན་རྣམས་ཀྱི་འགྲོ་བ་སྔོན་གྱི་ཚེ་རབས་སུ་ཇི་ལྟ་བུར་གྱུར་པ་དང་། ཚེ་རབས་ཕྱི་མ་ལ་ཅིར་འགྱུར་བ་ཡང་ཤེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་བུ་སྡུག་རྒྱལ་བའི་ཆོས་འཕེལ་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ལྷ་དང་མིའི་ཆོས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། དྷ་ར་སྠི་ཏ། ཏ་ཐ་ཏཱ་བཛྲི་བི་ས་རེ་ཏ་ཐ་ཏཱ་སྭཱ་ཧཱ། གཟུངས་སྔགས་


DKG059_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ནི་གཟུངས་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་བ་ཧི། སརྦ་ཏ་ཐཱ་ག་ཏ་བྷཱུ་ཏ་ཀོ་ཊི་བྷ་ཏི་བྷ་ཏི། པ་ཌི་ར་ཌི་སྭཱ་ཧཱ། གཟུངས་སྔགས་འདིས་ནི་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཐོབ་པར་གྱུར་ཏོ། །དེ་བཞིན་གཤེགས་པ་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དཔལ་རྒྱན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཐ་ཏཱ་པུ་ཌེ་དྲ་བ་ནེ། སརྦི་ས་ར་ཌྲི། གུ་ཧྱ་མན་ཏྲ་ཏ་ཐ་ཏཱ་དྷ་ན་སྭཱ་ཧཱ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔའ་དཀའ་བ་ཆེན་པོ་མཛད་པར་འགྱུར་ཞིང་། སེམས་ཅན་རྣམས་ཀྱང་སྡུག་བསྔལ་དང་ནད་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སྣང་གསལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། རད་དཱ་ག་ཏེ། བ་གྲི་བ་ཏི་ཏ་ཌི་བྷ་ཏི་ཙ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་རྣམས་ཡོངས་སུ་སྦྱོང་བར་བྱེད་དེ། སུ་འདི་འཛིན་པའི་ལུས་དང་། སེམས་ཀྱི་སྡུག་བསྔལ་རྣམས་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བྷི་ན་རེ་རི་བི། ས་མ་ས་ཙ་ག་བ། དརྴ་ན་ར། ས་མན་ཏ་དརྴ་ར་ནི་སྭཱ་ཧཱ། གཟུངས་སྔགས་འདིས་ནི་བྱང་ཆུབ་སེམས་དཔས་བྱ་བ་ཐམས་ཅད་ཤེས་པར་གྱུར་ཏོ། །འདིས་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་རྒྱུ་ཆེན་པོ་རྣམས་མཛད་དོ། །སངས་རྒྱས་བཅོམ་ལྡན་འདས་འདི་དག་གིས་གཟུངས་སྔགས་འདི་དག་ཡུལ་ཀུན་དུ་བསྲུང་བའི་ཕྱིར། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྐྱེས་སུ་བསྐུར་རོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དང་པོ་ཐུགས་བསྐྱེད་པ་ནས། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་གྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་དང་། ཆོས་ལ་གུས་པར་


DKG059_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྗེས་སུ་དགོངས་སོ། །དེ་ནས་རང་གི་དོན་དང་ལྷ་ལ་སོགས་པའི་དོན་གྱི་ཕྱིར་དེ་དག་ལ་ཡུལ་གཏམས་ཤིང་གཏད་དོ། །ཚངས་པ་ལ་སོགས་པའི་ལྷ་རྣམས་དང་། ལྷ་ཐམས་ཅད་ཀྱི་གཟུངས་སྔགས་འདི་ཡང་བརྗོད་པར་བྱའོ། །ན་མོ་བྲཤྤུ་ནེ། ན་མཿ སརྦ་དེ་བཱ་ནཱ་ན། ཏདྱ་ཐཱ། བྲ་ཤྤུ་ན་ཨིན་དྲེ། དེ་བ་ཏཱ་པྲ་ཏི་ཏེ། ཨ་ཤྭ་སྠཱ་ནེ། བ་ར་ཨིན་དྲེ། སྭ་པ་ར་པ་རི། ཧ་ར མ་བ་ཨིན་དྲེ། སན་ཏ་ཐཱ་སྨ་ར་བ་ར་ཧ་རེ། ཨ་མ་བྷ་ཀུམྦྷ་ཀ་ཝླ་ཤྲཱི། ཨཱ་ལང་ཀཱ་ར། སརྦ་དེ་བ། གྲཱ་མ་སྭཱ་ཧཱ། གཟུངས་སྔགས་འདིས་ལྷ་དང་། མི་རྣམས་རྒྱལ་བ་ཐོབ་པར་འགྱུར་ཞིང་། དགྲས་ཀྱང་དེ་ལ་གནོད་པར་མི་བྱེད་ལ། དབང་ཕྱུག་ཐམས་ཅད་ཀྱི་བདག་པོར་འགྱུར་རོ། །ལི་ཡུལ་དུ་གང་ལ་ལ་རྒྱལ་པོར་འགྱུར་བ་དེ་འདི་སྙམ་དུ། ལི་ཡུལ་འདི་ནི་སྐྱེ་བོ་དང་། མི་དང་། མི་མང་པོས་གང་ཞིང་ནོར་དང་། འབྲུ་མང་པོ་རྒྱས་པ་ཡིན་ཏེ། ཡུལ་ཐམས་ཅད་ཀྱི་མཆོག་དམ་པ་ཡིན་པས། གཞན་གྱི་དམག་ཚོགས་འོང་བར་མི་ནུས་སོ་སྙམ་དུ་སེམས་པར་འགྱུར་རོ། །དེའི་ཚེ་རྒྱལ་པོ་དེས་དགོན་པ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་དང་། ཡུལ་གྱི་མི་ཐམས་ཅད་སྔར་བཤད་པའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ཀློག་ཏུ་གཞུག་པར་བྱའོ། །འཛིན་དུ་གཞུག་པ་དང་། ཀུན་ཆུབ་པར་བྱེད་དུ་གཞུག་གོ །དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་དག་དང་། ཡུལ་ན་གནས་པའི་མི་དེ་དག་ལ་ཡང་ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། ཁ་ཟས་དང་། བཏུང་བ་སྣ་ཚོགས་དང་། མཆོད་པའི་ལས་སྣ་ཚོགས་དང་། ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱའོ། །བཙུན་པར་བྱའོ། །བསྟི་སྟང་དུ་བྱའོ། །མཆོད་པར་བྱའོ། །དེ་ལྟར་བྱས་ན་ལི་ཡུལ་དེ་གནོད་པ་ཐམས་ཅད་མེད་པ་དང་། ཕྱིར་རྒོལ་བའི་རྒྱལ་པོ་ཐམས་ཅད་ཀྱི་དཔུང་གིས་རྒྱལ་པོ་དེའི་ལི་ཡུལ་གཞིག་པར་མི་ནུས་སོ། །དེ་ནས་ཡང་


DKG059_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རང་རང་གི་མཚན་དང་། འོད་ཟེར་དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་བསྐུར་རོ། །བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་། འཇིག་རྟེན་སྐྱོང་བ་བཞི་དང་། ལྷའི་བུ་ཀུན་དུ་རྒྱལ་བ་ལ་སོགས་པ། གནོད་སྦྱིན་གྱི་སྡེའི་བདག་པོ་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་འོད་དེ་དང་། གོ་མ་ས་ལ་གན་དྷའི་མཆོད་རྟེན་མཆོད་པའི་བྱང་ཆུབ་སེམས་དཔའ་ཉི་ཁྲི་པོ་དེ་དག་དང་། ཀླུའི་རྒྱལ་པོ་གདོན་ལ་སྙེམས་པ་ལ་སོགས་པ་ཁྲི་བརྒྱད་སྟོང་པོ་གང་ཡིན་པ་དེ་དག་གི་ལག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གནས། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་ཕྱག་མཚན་དུ་གྱུར་པ་ལི་ཡུལ་དང་ཐུབ་པ་དྲང་སྲོང་ཆེན་པོའི་གནས་སུ་གྱུར་པ་གོ་མ་ས་ལ་གན་དྷའི་མཆོད་རྟེན་དེ་དང་། དགེ་སློང་དང་། དགེ་སློང་མའི་དགེ་འདུན་དེ་དག་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བ་དང་། འཚེ་བ་མེད་པར་བྱ་བ་དང་། འབྱེ་བར་མི་འགྱུར་བ་དང་། སངས་རྒྱས་ཀྱི་བསྟན་པ་ལི་ཡུལ་ན་གནས་པ་དེ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་གཏད་དོ། །སངས་རྒྱས་ཀྱི་མཚན་འདི་དག་དང་། འོད་ཟེར་འདི་དག་དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་སྙིང་རྗེས་ནོན་པའི་ཐུགས་དང་ལྡན་པ་དང་། གསོལ་བ་ཆེན་པོ་བཏབ་པས་སྐྱེས་སུ་བསྐུར་ནས། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བཀའ་མཉན་ཏེ། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་པོ་དེ་དག་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། གནོད་སྦྱིན་གྱི་སྡེའི་བདག་པོ་དེ་དག་དང་། ཀླུའི་རྒྱལ་པོ་དེ་དག་དང་། དྲི་མ་མེད་པའི་འོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ། ལི་ཡུལ་དེ་དང་། ཐུབ་པའི་དྲང་སྲོང་ཆེན་པོའི་གནས་གོ་མ་ས་ལ་གན་དྷའི་མཆོད་རྟེན་དེ་དང་། སངས་རྒྱས་ཀྱི་བསྟན་པ་དེ་དག་བསྲུང་བའི་ཕྱིར་མནོས་སོ། །སངས་རྒྱས་ཀྱི་མཚན་དེ་དག་དང་། འོད་ཟེར་དེ་དག་


DKG059_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་དེ་དག་ཀྱང་ཡུལ་བསྲུང་བའི་ཕྱིར་མནོས་སོ། །འོད་ཟེར་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་འོད་ཀྱི་ལུས་ལ་གནས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བས་རོལ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཞི་བའི་བླ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ནམ་མཁའ་ལ་རབ་ཏུ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚོན་ཆ་རབ་ཏུ་འཇིལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྤྱན་བརྒྱ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འོད་ཟེར་བཟང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དབང་པོའི་རྣམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མའི་རྣམ་པ་ལ་ཕྱག་འཚལ་ལོ། །དབང་པོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། བདུད་རྩིའི་ལོ་མ་ཞེས་བྱ་བའི་འོད་ཟེར་དང་། ཞི་བར་འགྱུར་བ་ཞེས་བྱ་བའི་འོད་ཟེར་དང་། ལོ་མ་དང་བྲལ་བ་ཞེས་བྱ་བའི་འོད་ཟེར་དང་། ཀ་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། གནས་པ་ཞེས་བྱ་བའི་འོད་ཟེར་དང་། མི་གཡོ་བ་ཞེས་བྱ་བའི་འོད་ཟེར་དང་། གཡོ་བ་དང་མི་གཡོ་བ་ཞེས་བྱ་བའི་འོད་ཟེར་དང་། ཐོགས་མེད་སྦྱིན་ཞེས་བྱ་བའི་འོད་ཟེར་དང་། ཡིད་དང་འཐད་པ་ཞེས་བྱ་བའི་འོད་ཟེར་དང་། བར་ཆད་མེད་པ་ཞེས་བྱ་བའི་འོད་ཟེར་དང་། རིམས་མེད་རྒྱལ་མཚན་བྱེ་བ་ཞེས་བྱ་བའི་འོད་ཟེར་དང་། འཁྲུགས་མེད་གནས་ཞེས་བྱ་བའི་འོད་ཟེར་དང་། ཏོག་གི་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། གྲོང་ཁྱེར་དུ་འབབ་པ་ཞེས་བྱ་བའི་འོད་ཟེར་དང་། འཁོར་ལོ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། རྡོ་རྗེའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། བསོད་ནམས་ཀྱི་ཏོག་ཅེས་བྱ་བའི་འོད་ཟེར་དང་། བསམ་གཏན་གྱི་ཏོག་ཅེས་བྱ་བའི་འོད་ཟེར་དང་། མེ་ལྕེ་དང་ལྡན་པ་ཞེས་བྱ་བའི་འོད་ཟེར་དང་། ཀུན་ཏུ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་བའི་


DKG059_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དང་། ཞི་གནས་ཀྱི་འོད་ཅེས་བྱ་བའི་འོད་ཟེར་དང་། མཐའ་ཡས་པ་ཞེས་བྱ་བའི་འོད་ཟེར་དང་། ནོར་བུ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོའི་རིན་ཆེན་ཞེས་བྱ་བའི་འོད་ཟེར་དང་། ཟླ་བ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཉི་མ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཡེ་ཤེས་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། སྣང་བའི་རིན་པོ་ཆེ་ཞེས་བྱ་བའི་འོད་ཟེར་དང་། དབང་པོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། སྙིང་རྗེའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་བ་དམ་པ་ཞེས་བྱ་བའི་འོད་ཟེར་དང་། ཤེས་རབ་ཀྱི་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་བའི་འོད་ཟེར་དང་། རབ་རིབ་ཀྱི་རྣམ་པ་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་བ་མཆོག་ཅེས་བྱ་བའི་འོད་ཟེར་དང་། འཇིག་རྟེན་གྱི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འོད་ཆེན་པོ་ཞེས་བྱ་བའི་འོད་ཟེར་དང་། ཀོ་ཀ་ར་ཞེས་བྱ་བའི་འོད་ཟེར་དང་། ཨའི་ཚུལ་དུ་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། ཛད་ཚ་ར་ཡ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བོ་བྱེད་པའི་དཔའ་བོའི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། འོད་ཆེན་པོ་ཞེས་བྱ་བའི་འོད་ཟེར་དང་། འོད་མཐའ་ཡས་པ་ཞེས་བྱ་བའི་འོད་ཟེར་དང་། མི་བསྐྱོད་པ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་མཚན་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། འབད་པ་མཐོ་བ་ཞེས་བྱ་བའི་འོད་ཟེར་དང་། བདེན་པ་ཅན་ཞེས་བྱ་བའི་འོད་ཟེར་དང་། མགུ་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རབ་སྒྲོགས་ཞེས་བྱ་བའི་འོད་ཟེར་དང་། འོད་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། སྟོང་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འཛིན་པ་ཞེས་བྱ་བའི་འོད་ཟེར་དང་། དཔའ་བའི་རྒྱལ་མོ་ཞེས་བྱ་བའི་འོད་ཟེར་དང་། གཡོ་བ་ཞེས་བྱ་བའི་འོད་ཟེར་དང་། མཐོ་རིས་སུ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། ཞི་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། ཞི་བའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། བསམ་གཏན་གྱི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། དགའ་བའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། འདམ་བུ་ལྟ་བུའི་འོད་ཅེས་བྱ་བའི་འོད་ཟེར་


DKG059_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མིག་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། ཀླུ་འབྱུང་བ་ཞེས་བྱ་བའི་འོད་ཟེར་དང་། ཀླུང་གི་འོད་ཅེས་བྱ་བའི་འོད་ཟེར་དང་། སྐྱེས་བུའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འབར་བ་ཅན་ཞེས་བྱ་བའི་འོད་ཟེར་དང་། མེ་ཞེས་བྱ་བའི་འོད་ཟེར་དང་། པད་མའི་འོད་ཅེས་བྱ་བའི་འོད་ཟེར་དང་། དབང་པོའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། འདྲི་བའི་ཚུལ་ཞེས་བྱ་བའི་འོད་ཟེར་དང་། བསྐྱོད་པ་ཞེས་བྱ་བའི་འོད་ཟེར་དང་། དབང་པོ་ལ་གནས་པ་ཞེས་བྱ་བའི་འོད་ཟེར་དང་། འཁྲུག་པ་ཞེས་བྱ་བའི་འོད་ཟེར་དང་། སའི་རྒྱལ་མཚན་སྟོན་པ་ཞེས་བྱ་བའི་འོད་ཟེར་དང་། བདེན་པའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། སྣང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། དངར་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། དབང་པོ་ལ་བརྟེན་པ་ཞེས་བྱ་བའི་འོད་ཟེར་དང་། ཡིད་ལ་འགྲོ་བ་ཞེས་བྱ་བའི་འོད་ཟེར་དང་། རབ་ཏུ་འགྲོ་མཛེས་ཞེས་བྱ་བའི་འོད་ཟེར་དང་། འཕྲལ་བའི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། ལེགས་འབར་ཞེས་བྱ་བའི་འོད་ཟེར་དང་། འདྲི་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། ཉི་མ་འཁོར་བ་ཞེས་བྱ་བའི་འོད་ཟེར་དང་། ཉེ་བར་གནས་པ་ཞེས་བྱ་བའི་འོད་ཟེར་དང་། ཡེ་ཤེས་ཀྱི་ཆུ་ཞེས་བྱ་བའི་འོད་ཟེར་དང་། རྒྱལ་བའི་བློ་གྲོས་ཞེས་བྱ་བའི་འོད་ཟེར་དང་། རྣམ་པར་བསྒྱིངས་པ་ཞེས་བྱ་བའི་འོད་ཟེར་དང་། བདེན་པ་སྣང་བ་ཞེས་བྱ་བའི་འོད་ཟེར་དང་། སངས་རྒྱས་ཀྱི་རྣམ་པ་ཞེས་བྱ་བའི་འོད་ཟེར་དང་། གཙུག་ཏོར་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། རྡོ་རྗེ་ལ་གནས་པ་ཞེས་བྱ་བའི་འོད་ཟེར་དང་། བསོད་ནམས་ཀྱི་རྒྱལ་མཚན་ཞེས་བྱ་བའི་འོད་ཟེར་དང་། ལྕེའི་ཏོག་ཅེས་བྱ་བའི་འོད་ཟེར་དང་། ཡིད་དང་བར་བྱེད་པ་ཞེས་བྱ་བའི་འོད་ཟེར་དང་། འདི་དག་ནི་སངས་རྒྱས་ཀྱི་འོད་ཟེར་ཡིན་ནོ། །ཏདྱ་ཐཱ། ལོ་ཀ་ཧཱ་ར། ཤུད་དྷཱ་ཀ་རུ་སྠི་ཏི་པུ་ཥྱ་བ། ཀ་རུ་ལེ་སྭཱ་ཧཱ། སྡིག་པ་གཅོད་པར་བྱེད་པ་ཞེས་བྱའོ། །ཏདྱ་ཐཱ། ཤུད་དྷ་མ་ཏི། ཨད་ཙམ་བྷེ་བུ་ལོ་ཙ་རེ། ཨ་ཀྲ་མ་ཏེ། ཙུ་ར་ཀ་རེ་པུ་སྭཱ་ཧཱ། དགའ་བྱེད་སྙིང་རྗེ་ཞེས་བྱའོ། །ཏདྱ་ཐཱ། ཨིན་དྲ། ཨིན་དྲི། བ་དྲེ། བ་དེ་བི་ཕུ་རེ་སྭཱ་ཧཱ། རྡོ་རྗེ་བློ་གྲོས་ཞེས་


DKG059_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཏདྱ་ཐཱ། ཋ་ཀེ་བ་ཀེ། ཛཱ་ཛམ་བྷེ། བྷྲ་མ་ཛྭ་རེ་སྭཱ་ཧཱ། པད་མ་འདུལ་ཞེས་བྱའོ། །ཏདྱ་ཐཱ། ཤུ་ར། ར་རེ་བེ་ཨ་ལོ་ཀེ། ཀོ་ཤ་གཱ་རེ་སྭཱ་ཧཱ། བྱེ་བར་བྱེད་པ་ཞེས་བྱའོ། །ཏདྱ་ཐཱ། ཙ་ལེ་བི་ཏ་ཐཱ། ཨ་ནྱོ་ནྱ། པྲཛྙཱ་ཀཱ་རེ་སྭཱ་ཧཱ། སྦྱོར་བ་མེད་པ་ཞེས་བྱའོ། །ཏདྱ་ཐཱ། ཛི་ཛི་རེ། ཧཱ་རཱ་ཧཱ་ལེ། ལེ་ལེ་པྲཛྙཱ་ཀཱ་རེ་སྭཱ་ཧཱ། འགོག་པ་མེད་པ་ཞེས་བྱའོ། །ཏདྱ་ཐཱ། བཛྲེ་ཤྲཱི་ཀ་རེ། ས་ར་ས་ར། ཨ་ཛྙཱ་མཱ་ཛྙེ། ན་རི་རེ་ཀཱི། ན་རི། སང་ངི་ཛྙཱ་ཀཱ་རེ་ཕུ་སྭཱ་ཧཱ། གཞན་གྱིས་མི་ཚུགས་པ་ཞེས་བྱའོ། །ཏདྱ་ཐཱ། ཨ་པུ་རཱི་བི་བ་རེ། ས་ད་རེ། མ་ཁ་ཀ་རེ་སྭཱ་ཧཱ། བདེན་པ་ལ་གནས་པ་ཞེས་བྱའོ། །ཏདྱ་ཐཱ། ཛྱོ་ཏི་ཛྱོ་ཏི། བཛྲེ་ཨ། ཨ་ཀྵ་མན་ཏྲ་བེ། པྲ་ག་ཨཱ་བེ། བཛྲི་མཱ་བ། ཀ་ཀ་སུ་རེ་སྭཱ་ཧཱ། གཟུངས་སྔགས་ཀྱི་དབང་ཕྱུག་གི་རྒྱལ་མོ་ཞེས་བྱ་སྟེ། གཟུངས་སྔགས་འདི་ནི་ཕ་རོལ་གྱི་དམག་ཚོགས་ཞི་བར་བྱེད་པ་དང་། དགེ་བའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པའོ། །ཏདྱ་ཐཱ། དི་ཤཱ་ཀ་རེ། སྠ་ཀཱ་རཻ། ཨིན་དྲ་བ་ཏེ། བ་པྲཱ་ཏཽ་ས་པྲཱ་ཨུ་སྠཱ་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་མུ་གེ་མེད་པར་བྱེད་པ་དང་། དབུལ་བ་མེད་པར་བྱེད་པའོ། །དམ་པ་གང་འདོད་པ་ཐམས་ཅད་ཀྱང་ཐོབ་པར་འགྱུར་ཏེ། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་ལན་བཞི་མཚན་ལན་བཞི་སྟེ། དུས་བརྒྱད་དུ་ལན་ཉི་ཤུ་རྩ་རེ་རེ་བཟླས་བརྗོད་བྱས་ན་གཏེར་རམ། ཡང་ནོར་གང་སའི་འོག་ཏུ་སྦས་པ་གཞན་ཐོབ་པར་འགྱུར་རོ། །ཏདྱ་ཐཱ། ཧེ་མོ་ཧེ་ཛམ་བྷཱ་ཡ། མ་ཤ་མན་ཏྲ་ཀཱ། ད་མ་ཀཱ་རེ་ལ་བྷཱ་ཀཱ་རེ། བི་ཀཱ་རེ་ས་དི་ཛྙཱ་ཀཱ་རེ། ད་ཀ་དི་ཨ་དྷཱ་ཀ ། པྲ་ཤ་མ་ན་ཕུ་ཨ་ཀ་ན་པྲ་མ་ནེ་ཕུ་སྭཱ་ཧཱ། ནད་ཐམས་ཅད་ཞི་བར་བྱེད་པ་དང་། བུད་མེད་དུ་སྐྱེ་བ་ལས་ཐར་བར་བྱེད་པ་དང་། བུད་མེད་རྣམས་ཀྱི་བུད་མེད་ཀྱི་ནད་རབ་ཏུ་ཞི་བར་བྱེད་པ་སྟེ། བརྟུལ་ཞུགས་བྱ་མི་དགོས་པར། ཇི་ལྟར་འདོད་པ་དེ་བཞིན་དུ། དུས་གསུམ་དུ་བཟླས་བརྗོད་བྱའོ། །བུད་མེད་གང་ལ་ལ་མོ་མཚན་གྱི་ནད་ཡོད་པ་དེ་ལ་ནི་ཉིན་གཅིག་བཞིན་དུ་ལན་བདུན་བདུན་དུ་བཟླས་བརྗོད་བྱའོ། །ཏདྱ་ཐཱ། ཀ་ཀ །ཀོ་ཤ་ཕུ་མ་མ། ར་ར་ར་ར། སྟ་རེ་ཕུ། ས་ཀ་རེ་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་ནི་གནོད་པ་བྱུང་བ་དང་། སྡུག་བསྔལ་ཐམས་ཅད་མེད་པར་བྱེད་པར་བཤད་དེ། བརྟུལ་


DKG059_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་བྱ་མི་དགོས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་གི་མཚན་སྔར་སྨོས་པ་དང་། གང་དག་གིས་གཟུངས་སྔགས་བཤད་པ་དེ་དག་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། གྲོགས་སུ་གྱུར་པ་ཤ་སྟག་གོ །སངས་རྒྱས་དེ་དག་གི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ལི་ཡུལ་འདིར། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐྱེ་བ་བླངས་ཏེ། སྔར་སྨོས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དང་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ལི་ཡུལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། གཟུངས་སྔགས་དེ་དག་དང་། སངས་རྒྱས་ཀྱི་འོད་ཟེར་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་སྐྱེས་སུ་བསྐུར་ཏེ། སངས་རྒྱས་ཀྱི་སྲས་རྣམས་ཀྱིས་ཞུས་ནས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང་། ལི་ཡུལ་ཡོངས་སུ་བསྐྱང་བ་དང་། བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སྐྱེས་དེ་དག་བླངས་ནས་འདིར་ཁྱེར་ཏེ་འོངས་སོ། །སངས་རྒྱས་ཀྱི་ཞིང་སྣ་ཚོགས་ན་གནས་པའི་བྱང་ཆུབ་སེམས་དཔའ་མང་པོ་དག་ཀྱང་སངས་རྒྱས་ཀྱིས་ལུང་བསྟན་པའི་ཡུལ་འདི་ཅི་ནས་འཇིག་པར་མི་འགྱུར་བ་དང་། བསྟན་པ་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། འདིར་ལྷགས་ནས་སྐྱེ་བ་བླངས་སོ། །གང་གི་ཚེ་ཡུལ་དེར་གནོད་པ་བྱུང་ན་དེའི་ཚེ་སངས་རྒྱས་ཀྱི་མཚན་དེ་དག་དང་། གཟུངས་སྔགས་དེ་དག་དང་། འོད་ཟེར་སྔར་བཤད་པ་དེ་དག་བྲིས་ཏེ་གྲོང་ཁྱེར་གྱི་སྒོ་རྣམས་སུ་བཙུགས་ལ། དམག་གི་རུ་མཚོན་ལ་ཡང་བྲིས་ཏེ་བཞག་ནས། མི་རྣམས་ཀྱང་ཀློག་ཏུ་བཅུག་ཅིང་འཆང་དུ་བཅུག་ན་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། མུ་གེས་འཇིགས་པ་དང་། ལས་འབྱང་བར་བྱ་བ་དང་། དགེ་བའི་ཕྱོགས་ཡོངས་སུ་རྫོགས་པར་བྱ་བ་དང་། སེམས་ཅན་རྣམས་ཀྱིས་ཇི་ལྟ་བུར་བསམས་པ་བཞིན་དུ་ཕན་འདོགས་པར་འགྱུར་རོ། །སེམས་ཅན་ནད་པ་རྣམས་ལ་ཡང་སྐྱབས་བྱེད་པར་འགྱུར་རོ། །གང་ལ་སྡིག་པའི་ལས་


DKG059_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་ལྕི་བ་དག་ཡོད་ན་ཡང་། དེས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་སངས་རྒྱས་ཀྱི་མཚན་དང་། གཟུངས་སྔགས་དང་། འོད་ཟེར་རྣམས་བཟླས་བརྗོད་བྱ་ཞིང་། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དྲན་པར་བྱའོ། །གང་ན་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་དེའི་སྤྱན་སྔར་དུས་གསུམ་དུ་བཟླས་བརྗོད་བྱས་ན་དགེ་བའི་ཕྱོགས་ལས་གང་འདོད་པ་དེ་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་ཏེ། འོད་ཟེར་དེ་དག་ཀྱང་དེའི་སྟེང་དུ་གནས་པར་འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་འོང་ན་ཡང་བཟླས་བརྗོད་བྱའོ། །ཡང་ན་ཞག་བདུན་གྱི་བར་དུ་བཀླག་པར་བྱའོ། །སུ་ཡང་རུང་སྟེ་གནོད་པ་བྱུང་བའམ། ནད་པའམ། ཇི་ལྟ་བུར་འདོད་པ་ལས་བཟླས་བརྗོད་བྱ་བའམ། ཡང་ན་བཀླག་པར་བྱའོ། །ཅི་སྟེ་ཀློག་མི་ནུས་ན་དེའི་ཚེ་སྐུད་པ་ལ་ལན་བདུན་བཟླས་བརྗོད་བྱ་སྟེ། མདུད་པ་བྱས་ནས་བཏགས་ན་གནོད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །གྲོང་ཁྱེར་གང་གི་སྒོ་དག་ཏུ་སངས་རྒྱས་ཀྱི་མཚན་དང་། གཟུངས་སྔགས་དང་། འོད་ཟེར་རྣམས་བྲིས་ཏེ་བཞག་ན་གྲོང་ཁྱེར་དེ་གཞན་གྱི་དམག་ཚོགས་ཀྱིས་གཞོམ་པར་མི་ནུས་སོ། །རྟག་ཏུ་བཟླས་བརྗོད་བྱེད་པ་ལ་ནི་ཤ་སྤང་མི་དགོས་སོ། །དངོས་པོ་གཞན་ཡང་སྤང་མི་དགོས་སོ། །དེ་ནས་རིགས་ཀྱི་བུ་གང་དག་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དེ་དག་ཤིན་ཏུ་དགོངས་ཤིང་བག་ཚ་བར་གྱུར་པ་དེ་དག་ལ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །བུ་དག་བག་ཚ་བར་མ་བྱེད་ཅིག །ཁྱོད་ཀྱི་དོན་གྱི་ཕྱིར་དགེ་འདུན་གྱི་ཀུན་དགའ་ར་བ་མང་པོ་དང་། ཆོས་ཀྱི་རྒྱལ་པོས་བྱས་པའི་དྲི་གཙང་ཁང་ལ་སོགས་པ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ཡུལ་དེར་འབྱུང་བར་འགྱུར་ཏེ། ཇི་སྲིད་དུ་ཡུལ་དེ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་གནས་ཀྱི་བར་དུ་ཡུལ་དེ་མ་ལུས་པར་གཞིག་ནུས་པའི་རྒྱལ་པོ་འབྱུང་བར་མི་འགྱུར་རོ། །འདི་ལྟ་སྟེ། དངར་ལྡན་ཞེས་བྱ་བ་ཡིད་དུ་འོང་བ་དང་། ཕག་གིས་མཚོན་པའི་གྲོང་ཁྱེར་དང་། གྲོང་ཁྱེར་རྙིང་པ་དེ་དག་གསུམ་ཡང་ཇི་སྲིད་དུ་སངས་རྒྱས་ཀྱི་བསྟན་པ་གནས་ཤིང་། དགེ་འདུན་ཐམས་ཅད་ལ་མཆོད་པ་དང་།


DKG059_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་མཆོད་རྟེན་ཀ་པི་ལ་ན་ཡོད་ཀྱི་བར་དུ་དེ་དག་འཇིག་པར་མི་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རྒྱལ་བའི་སྲས་ཐམས་ཅད་ལ་བོས་ཏེ་བསྒོ་བ། ཀྱེ་གྲོགས་པོ་དག་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་ལ་སོགས་པ་ཡུལ་དེ་ཡོངས་སུ་སྐྱོང་བ་གང་ཡིན་པ་དེ་དག་གིས་ཆོས་དང་མི་ལྡན་པའི་རྒྱལ་པོས་ཡུལ་དེ་གཞིག་པ་ན་ཡལ་བར་མ་དོར་ཅིག །ལ་ལ་ཞིག་གིས་སངས་རྒྱས་ཀྱི་བཀའ་མ་མཉན་ཏེ། འཇིག་པའི་ཚེ་ཡུལ་བཏང་བར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བསྐལ་པ་མང་པོར་བར་ཆད་དུ་འགྱུར་རོ། །དེ་ནས་གཟུངས་སྔགས་འདི་བཤད་དོ། །ཏདྱ་ཐཱ། ཀཱ་ལེ། ཨ་ཀཱ་ལེ། ནི་མེ་བྷ་པྲ་བེ་ཤཱ། ཨཱ་ཀཱ་ལི་ཀྲ་མེ། ཨ་ནི་མེ། ཨ་བྲ་བེ་ཤཱ། པ་རེ་ས་མེ་པ་རི་ས་མི་ཏི། ས་ས་སེ། ཨ་ས་ས་སེ། ས་ཀུ་ཏེ། བ་རུ་རེ། པ་རུ་རེ། ཨ་ག་མེ། ཨ་ས་མ་མོ་ཏེ། སིད་དྷེ་སིད་དྷཱ་ཡ། ན་མོ་བཻ་རོ་ཙ་ནཱ་ཡ་སྭཱ་ཧཱ། ཕ་ཌ་ཌེ་ཎེ་སྦ་ཏེ། ཨཱ་སཱ་ཏེ། སུ་མན་ནེ། ས་རུ་སྟེ། སིད་དྷེ། སིད་དྷཱ་ཡ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལི་ཡུལ་གྱི་རྒྱལ་པོར་གྱུར་པ་ལ་དྲིས་ནས། འདི་ནི་ཁྱེད་ཀྱི་སྐྱེས་ཡིན་ནོ། །ཇི་ལྟར་ཁྱོད་ཀྱིས་བྱས་པ་དང་། ཁྱོད་ཀྱིས་དཀོན་མཆོག་གསུམ་གྱི་ཕྱིར་ལུས་དང་སྲོག་བཏང་བར་བྱས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་སྲས་རྣམས་ཀྱི་ལས་དེ་ལྟ་བུ་ཡིན་ཏེ། ཁྱོད་ཀྱིས་ལེགས་པར་བྱས་པ་ཡིན་ནོ། །གང་གི་ཚེ་ཡུལ་དུ་དགྲ་ཆེན་པོའི་འཇིགས་པ་བྱུང་བར་གྱུར་ན་དེའི་ཚེ་མདོ་སྡེ་འདི་བཀླག་པར་བྱའོ། །བཅང་བར་བྱའོ། །མཆོད་པར་བྱའོ། །འོན་ཏེ་འཇིགས་པ་ཐམས་ཅད་ཞི་བར་འགྱུར་ཏེ། ས་ཧ་པ་ཏི་ཡང་གྲོགས་བྱེད་པར་འགྱུར་རོ། །ཡུལ་བསྲུང་བའི་ཕྱིར་མདོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་རྒྱལ་པོའི་ཕོ་བྲང་དུ་བཅང་བར་བྱའོ། །རྒྱལ་པོའི་ཕོ་བྲང་གི་ཕྱི་རོལ་དང་། གྲོང་ཁྱེར་གྱི་སྒོ་རྣམས་སུ་ཡང་དེ་བཞིན་དུ་བྲིས་ཏེ་གཞག་པར་བྱའོ། །ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་རྣམས་དང་། ཁྱིམ་བདག་རྣམས་ཀྱི་ཁྱིམ་དུ་ཡང་གཞག་པར་བྱའོ། །གང་གི་ཚེ་མང་དུ་བཀླགས་སམ། བསླབས་སམ།


DKG059_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཅངས་ན་དེའི་ཚེ་ཡུལ་དེར་ཡམས་ཀྱི་ནད་དང་། གནོད་པ་རྣམས་ལས་ཐར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྨྲས་ནས། བར་སྣང་ལ་གནས་པའི་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་གི་ཆར་ནི་ཕབ། ལྷའི་སིལ་སྙན་རྣམས་ནི་དཀྲོལ། ལྷའི་རྔ་བོ་ཆེ་རྣམས་ནི་བརྡུངས་ཏེ། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་ཚིག་འདི་སྐད་ཅེས་བརྗོད་དོ། །གང་གི་ཚེ་ཡུལ་དེར་གཟུངས་སྔགས་དེ་དག་དང་། འོད་ཟེར་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་འོང་བར་གྱུར་པ་དེའི་ཚེ་བདག་ཅག་ཀྱང་ཇི་ལྟར་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་འོངས་པ་བཞིན་དུ་ཕྱི་བཞིན་འོང་བར་བྱའོ། །རྒྱལ་པོ་དེ་ལ་ཡང་ཡུལ་བསྲུང་བའི་ཕྱིར་བདག་ཅག་གིས་གཟུངས་སྔགས་སྦྱིན་པར་བྱ་སྟེ། དམ་པ་ཅི་སློང་བ་དེ་བཞིན་དུ་སྦྱིན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ཞིག་བུད་མེད་ཀྱི་གཟུགས་ཀྱིས་འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པ་ཞེས་བྱ་བ་ན་འདུག་པས། དེ་བཞིན་གཤེགས་པ་པད་མའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་མངོན་སུམ་དུ་སྨོན་ལམ་བཏབ་སྟེ། ཅི་ནས་ཀྱང་བདག་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སངས་རྒྱས་ཀྱི་ཞིང་དུ་མཆིས་ལ། དེར་བཅོམ་ལྡན་འདས་དེ་ལས་དམ་པའི་ཆོས་པད་མ་དཀར་པོ་ཞེས་བགྱི་བའི་ཆོས་ཀྱི་རྣམ་གྲངས་ཐོས་པར་གྱུར་ཅིག །དེར་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ནད་ལས་ཐར་བར་བགྱིད་པར་གྱུར་ཅིག །ཅེས་དེ་སྐད་དུ་སྨོན་ལམ་བཏབ་ནས། བྱང་ཆུབ་སེམས་དཔའ་དེ་སངས་རྒྱས་ཀྱི་ཞིང་དེ་ནས་ཤི་འཕོས་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་རྒྱལ་པོ་མ་སྐྱེས་དགྲའི་ཕོ་བྲང་དུ་བཙུན་མོ་དམ་པའི་བུ་མོར་སྐྱེས་ཏེ་དྲི་མ་མེད་པའི་འོད་ཅེས་བྱ་བར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་བུ་མོར་གྱུར་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཉིད་འཁོར་དེའི་ནང་ན་འདུས་པར་གྱུར་ཏེ་འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལགས་པ་ན་ལི་


DKG059_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཡོངས་སུ་བསྐྱང་བའི་སླད་དུ་བདག་གིས་ཀྱང་བཀས་གཏད་པ་མནོད་པར་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པའི་འོད་ཟེར་བཏང་བ་རྣམས་གང་གི་ཚེ། བདག་གི་སྟེང་དུ་གནས་པར་འགྱུར་བ་ན། གཟུངས་གང་གིས་གཟུངས་ཐམས་ཅད་རྟོགས་པར་འགྱུར་བའི་གཟུངས་དེ་ཡང་བདག་གིས་བུད་མེད་ཀྱི་གཟུགས་ཀྱིས་ཐོབ་པར་གྱུར་ཅིག །གང་གི་ཚེ་ལི་ཡུལ་དུ་འཇིགས་པ་ཆེན་པོ་བྱུང་བར་གྱུར་པ་ན། དེའི་ཚེ་ཡུལ་ཡོངས་སུ་བསྲུང་བ་དང་། བསྟན་པ་ཡང་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ། བདག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པར་གྱུར་ཅིག །ཐབས་ཀྱང་སྟོན་པར་གྱུར་ཅིག །ལྷ་རྣམས་ཀྱང་དམ་པ་སྩོལ་བར་གྱུར་ཅིག །དེ་བཞིན་དུ་བདག་དེར་མིའི་བུད་མེད་གཞན་འདྲ་བར་བུད་མེད་དེ་ཐ་མལ་པའི་གཟུགས་སུ་སྣང་བར་གྱུར་ཅིག །སངས་རྒྱས་ཀྱི་འོད་ཟེར་དེ་དག་གི་སྟེང་དུ་གནས་པ་ཡང་ཐོབ་པར་གྱུར་ཅིག །སེམས་ཅན་གནོད་པས་ཉེན་པ་རྣམས་དང་། ནད་ཀྱིས་ཐེབས་པ་རྣམས་དང་། སྡུག་བསྔལ་བར་གྱུར་པ་དེ་དག་སྡུག་བསྔལ་ཐམས་ཅད་ལས་ཐར་བར་བགྱི་བའི་སླད་དུ་གཟུངས་སྔགས་དེ་དག་ཀྱང་ཐོབ་པར་གྱུར་ཅིག །གང་གི་ཚེ་རྒྱལ་པོ་ཆེན་པོ་དེ་དག་ཕན་ཚུན་འཐབ་པ་དང་། གང་གི་ཚེ་གདོང་དམར་གྱིས་ལི་ཡུལ་གྱི་ཡུལ་འཁོར་ཁྱེར་བ་ན་ཡང་དེར་བདག་བུད་མེད་ཀྱི་སྐྱེ་བ་ལེན་པར་གྱུར་ཅིག །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པད་མ་དཀར་པོ་གསུངས་པ་གང་ལགས་པ་དེ་ཡང་བདག་འཛིན་པར་གྱུར་ཅིག །མདོ་སྡེ་འདི་ལས་གཟུངས་སྔགས་འབྱུང་བ་རྣམས་ཀྱང་རྟོགས་པར་གྱུར་ཅིག །སེམས་ཅན་འདུལ་བའི་སླད་དུ་སྒྲ་ཐམས་ཅད་ལ་རྟོགས་པའི་ཏིང་ངེ་འཛིན་ཡང་རྟོགས་པར་གྱུར་ཅིག །དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་གྱུར་ཅིག །ལི་ཡུལ་གྱི་སྲུང་མ་གང་ལགས་པའི་ལྷ་རྣམས་ལ་ཡང་ཆོས་ཀྱི་སྦྱིན་པ་དང་། མཆོད་པའི་ལས་བགྱིད་པར་གྱུར་ཅིག །ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་


DKG059_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་པད་མ་དཀར་པོ་འདི་དང་། ལྷ་གང་དག་གིས་མདོ་སྡེ་འདི་བསྟན་ཅིང་མནོས་པ་དེ་དག་ཀྱང་བདག་གི་དབང་དུ་གྱུར་ཅིག །དེ་ནས་སྲུང་མ་རྣམ་ཐོས་ཀྱི་བུ་དང་། སྲིན་མོ་ལམ་བཀོན་ཏི་སྲིན་མོ་ཐམས་ཅད་དང་། གྲོགས་མོ་དང་བཅས་པ་དང་། འཕྲོག་མ་བུ་དང་འཁོར་དུ་བཅས་པ་དེ་དག་གིས་བཅོམ་ལྡན་འདས་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ཚིག་ཐོས་ནས། སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་ལྷ་མོ་འདི་ལི་ཡུལ་དུ་སྐྱེ་བ་ལེན་པར་འགྱུར་བ་དེའི་ཚེ་བདག་ཅག་ཀྱང་གྲོགས་བགྱིད་པའི་སླད་དུ་སྲུང་མ་བགྱིད་ཅིང་ཐེག་པ་ཆེན་པོའི་མདོ་སྡེ་དམ་པའི་ཆོས་པད་མ་དཀར་པོ་དང་། ལི་ཡུལ་གྱི་ཡུལ་འཁོར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཏད་པ་ཁྱོད་ཀྱིས་མནོས་སོ་ཞེས་དྲན་པར་བགྱིའོ། །དེའི་ཚེ་ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་ཀྱིས་ལྷ་མོ་དེའི་དམ་བཅས་པ་འདི་ཐོས་ནས་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་ལྷ་མོ་འདི་ལི་ཡུལ་བསྲུང་བའི་སླད་དུ་སྐྱེ་བ་ལེན་པར་འགྱུར་བ་དེའི་ཚེ་བདག་ཅག་འཁོར་དང་བཅས་པས་ཀྱང་ཡུལ་བསྲུངས་པ་དང་། བསམས་པ་བཞིན་དུ་འབྱོར་བར་བགྱི་བའི་སླད་དུ་གྲོགས་བགྱིའོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་དམ་པ་གསོལ་ཞིང། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་སེམས་པར་གྱུར་ཅིག །བརྩོན་འགྲུས་གང་ཅི་རྩོམ་པ་དེ་ཐམས་ཅད་གྲུབ་པར་གྱུར་ཅིག །ལུས་བརྟན་པ་དང་། སེམས་བརྟན་པ་དང་། སེམས་ཅན་གྱི་དོན་བགྱིད་པ་དང་། བསམ་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་། ཡུལ་གྱི་སླད་དུ་སེམས་མངོན་པར་བརྩོན་པར་གྱུར་ཅིག །དམ་པའི་ཆོས་པད་མ་དཀར་པོའི་མདོ་སྡེས་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། ཏིང་ངེ་འཛིན་ཡང་ཐོབ་པར་གྱུར་ཅིག་ཅེས་སྨྲས་སོ། །ལྷ་མོས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་སྐད་ཅེས་སྨྲས་པ། དེའི་ཚེ་བཅོམ་ལྡན་འདས་དང་། ལྷ་


DKG059_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མོ་དྲི་མ་མེད་པའི་འོད་ཀྱི་སྟེང་དུ་ལྷའི་མེ་ཏོག་གི་ཆར་བབ་བོ། །དེའི་ཚེ་ལྷ་མོ་དྲི་མེད་འོད། །བྱང་ཆུབ་སེམས་དཔའི་གནས་མཛེས་པ། །ལི་ཡུལ་དུ་ནི་སྐྱེས་ཤིག་ཅེས། །རྒྱལ་བའི་སྤྱན་སྔར་སྨོན་ལམ་བཏབ། །སྐྱོབ་པ་ཤཱཀྱ་སེང་གེ་ཡི། །བསྟན་པ་ཇི་སྲིད་གནས་པའི་བར། །དེ་སྲིད་བར་དུ་བདག་ཀྱང་དེར། །རྟག་ཏུ་སྐྱེ་བ་འཛིན་གྱུར་ཅིག །རྒྱལ་བའི་སྤྱན་སྔར་གང་གི་ཚེ། །ལྷ་མོས་སྨོན་ལམ་བཏབ་པ་ན། །སངས་རྒྱས་ཞིང་བཞུགས་རྒྱལ་རྣམས་ཀྱིས། །དེ་ཚེ་ལེགས་ཞེས་བྱ་བ་བྱིན། །ལྷ་མོ་ཡུལ་གྱི་སྲུང་མ་ལ། །རྒྱལ་བ་རྣམས་ཀྱིས་ལེགས་བྱིན་པ། །རྣམ་ཐོས་བུ་དང་གནོད་སྦྱིན་དབང་། །ཀུན་ཏུ་རྒྱལ་གྱིས་དེ་བཞིན་ཐོས། །དེ་ཚེ་རྣམ་ཐོས་བུ་ལ་སོགས། །ལྷ་རྣམས་གང་དག་དེར་འདུས་པས། །བཅོམ་ལྡན་འདས་ལ་ཚིག་གིས་གསོལ། །ལི་ཡུལ་ཡོངས་སུ་བསྲུང་བའི་ཕྱིར། །ལྷ་རབ་དམ་པ་འཐུན་གྱུར་པ། །བདག་ཅག་གིས་ནི་ཡུལ་ཡང་བཟུང་། །གང་ཚེ་གསེར་གྱི་རིགས་དག་དང་། །སྐར་རྡོའི་ཡུལ་ནི་མཛེས་གྱུར་པ། །ལི་ནི་དབང་བར་གྱུར་པ་ན། །གསེར་གྱི་དཔྱ་ནི་འཇལ་བར་འགྱུར། །དེ་ཚེ་ལྷ་མོས་གསོལ་པ་ནི། །སྐར་རྡོ་དང་ནི་གསེར་གྱི་རིགས། །ལྷ་རྣམས་ཀྱིས་ནི་བསྲུང་བའི་ཕྱིར། །རྒྱལ་བ་སྐྱེས་མཆོག་སྩོལ་བར་མཛོད། །ས་འདིར་སྔོན་གྱི་ཚེ་རབས་སུ། །གང་ཚེ་བདག་ནི་དགེ་བསྙེན་མ། །མིང་ནི་ཧུ་ཤར་གྱུར་པ་ན། །ཡུལ་འདི་གཉིས་ནི་བདག་གི་ལགས། །དེ་ཡི་འཁོར་དུ་རྒྱལ་བྱུང་བ། །ཨུ་རྒྱན་བདག་པོ་དབང་ཕྱུག་གོ །རྒྱལ་པོ་སྟན་ལས་ལངས་ནས་ཀྱང་། །པུས་མོ་གཉིས་ནི་ས་ལ་བཙུགས། །བཅོམ་ལྡན་འདས་ལ་གསོལ་བ་ནི། །གང་གི་ཚེ་ན་ལི་ཡུལ་ཞེས། །བྱ་བ་དེ་ནི་འབྱུང་འགྱུར་ཞིང་། །ཡོངས་སུ་རྒྱས་ཤིང་སྐྱེ་བོ་གང་། །དེ་ཚེ་སྐར་རྡོའི་ཡུལ་དག་ཏུ། །སྟོབས་ཆེན་རྒྱལ་པོར་བདག་གྱུར་ནས། །དེར་ནི་ལི་ཡི་བདག་པོ་དང་། །རྟག་ཏུ་གཉེན་ནི་བགྱིད་པ་དང་། །བདག་གི་ཡུལ་དེ་བསྲུང་བའི་ཕྱིར། །བདག་ཉིད་ཀྱང་ནི་དབུལ་བར་བགྱི། །དེ་ཡི་ཚེ་ནི་དྲི་མེད་འོད། །ལྷ་མོས་སྨོན་ལམ་འདི་སྐད་བཏབ། །གང་ཚེ་ཡུལ་གྱི་དང་པོ་འདིར། །སུམ་པ་མང་པོ་འོང་བ་དང་། །


DKG059_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་ཡུལ་འདིར་རྒྱ་དང་ནི། །འ་ཞ་དང་ནི་སུམ་པ་རྣམས། །འཕགས་སྐྱེས་པོ་ཡི་དམག་བཞིན་དུ། །ཡུལ་དེར་འོང་བར་གྱུར་པ་ན། །དེ་ཚེ་ཡུལ་འདིར་སྐྱེ་བོའི་ཕྱིར། །བདག་གིས་སྐྱེ་བ་བླང་བར་བགྱི། །བདག་གིས་སྐྱེ་བ་དེར་བླངས་པས། །སུམ་པ་ལ་སོགས་ལྡོག་གྱུར་ཅིག །ལི་ཡུལ་ན་ནི་གནས་རྣམས་ཀྱིས། །སྔོན་ནི་གང་དུ་ལས་བགྱིས་པ། །དེར་ནི་བདག་ཀྱང་དགའ་བཞིན་དུ། །བདག་གིས་སུ་ནི་ལས་རྣམས་བགྱིས། །དེར་ནི་སྔོན་གྱི་རྒྱལ་པོ་གང་། །བློན་པོ་ཁྱིམ་བདག་ཡུལ་མི་དང་། །བདག་ལ་སྡུག་པར་གྱུར་པ་དང་། །དེ་དག་དང་ནི་བྲལ་བར་འགྱུར། །དེ་ཚེ་བདག་ནི་གཅིག་པུ་སྡུག །མི་གཙང་ཏིང་འཛིན་ཐོབ་གྱུར་ནས། །དེར་ནི་སྐྱོ་བར་གྱུར་པ་ན། །སྔོན་གྱི་སྨོན་ལམ་དྲན་གྱུར་ཅིག །དེ་ཚེ་དེ་ཡི་འཁོར་དུ་ནི། །ཀ་སྤ་ར་ཡི་བདག་པོ་རྒྱལ། །དེས་ནི་ལྷ་མོ་དྲི་མེད་འོད། །སྨྲས་པ་ཐོས་པར་གྱུར་ནས་ཀྱང་། །རྒྱལ་པོ་སྟན་ལས་ལངས་ནས་ནི། །འདི་སྐད་ཀྱི་ནི་ཚིག་ཀྱང་སྨྲས། །བདག་ནི་ཚེ་རབས་སྔ་མར་ནི། །མི་བཟད་ལས་བྱས་གང་ཡིན་པས། །ཤཱཀྱ་རྣམས་ནི་བརླག་པའི་ཕྱིར། །བདག་ནི་རྒྱལ་པོ་འཕགས་སྐྱེས་དང་། །མཛེས་པའི་ཡུལ་དུ་ལྷན་ཅིག་དོང་། །ལས་འདི་རྣམ་སྨིན་མི་བཟད་པ། །ཚེ་འདི་ལ་ནི་མི་མྱོང་བར། །བདག་ནི་འདི་སྐད་སྨོན་ལམ་འདེབས། །གང་གི་ཚེ་ན་སུམ་པ་དང་། འ་ཞ་དག་དེར་དོང་བ་དང་། བདག་གིས་སྔོན་ཤཱཀྱའི་ཡུལ་དུ་འཕགས་སྐྱེས་པོའི་གཡུལ་ངོར་ལས་བྱས་པ་གང་ཡིན་པ་དེ། གང་གི་ཚེ་ལྷ་མོ་འདི་སྐྱོ་བ་ཆེན་པོར་གྱུར་པ་ན། དེའི་ཚེ་བདག་འདིའི་ཕར་གྱུར་ལ། བདག་གི་ཕྱིར་འདི་སྐྱོ་བར་གྱུར་ཅིང་། དང་པོར་གཟུངས་ཐོབ་པ་བཞིན་དུ། དེས་བདག་ཀྱང་སྡུག་བསྔལ་ཐམས་ཅད་ལས་གྲོལ་བར་གྱུར་ཅིག་ཅེས་བྱས་སོ། །རྒྱལ་པོ་དེའི་བཙུན་མོ་དམ་པ་འཁོར་དེ་ཉིད་ཀྱི་ནང་ན་འདུག་པ་དེས་སྨོན་ལམ་བཏབ་པ་དེའི་ཚེ་བདག་ཀྱང་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མར་གྱུར་ལ། བདག་གིས་འཕགས་སྐྱེས་པོའི་དམག་སླར་ལྡོག་ལ་སྡིག་པའི་ལས་ཆེན་པོ་འདི་ལྟ་བུ་བྱས་ཏེ་ཅི་བྱ་ཞེས་གྱོད་བཏབ་པའི་དགེ་བའི་སེམས་བསྐྱེད་པ་གང་ཡིན་པ་དེས་ན་ལི་ཡུལ་དེར་བདག་འཆི་


DKG059_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་ལ་མ་བབ་ཀྱི་བར་དུ། བདག་གིས་ལི་ཡུལ་དེ་ཉིད་དུ་མི་རྟག་པ་ཉིད་མཐོང་ནས། གང་གི་ཚེ་ཡུལ་དེར་འ་ཞ་དང་སུམ་པ་འོང་བ་དེའི་ཚེ་བདག་འཆི་བའི་དུས་བྱས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག་ཅེས་བྱས་སོ། །ལྷ་མོ་དྲི་མ་མེད་པའི་འོད་དེའི་མིང་པོ་རྒྱལ་པོ་མ་སྐྱེས་དགྲའི་བུ་གང་ཡིན་པ་དེ་ཡང་ཤིན་ཏུ་ང་རྒྱལ་ཆེ་ཞིང་རྒྱགས་པས་གཡུལ་འགྱེད་པ་བལྟ་བའི་ཕྱིར་ཤཱཀྱའི་གཡུལ་དེར་རྒྱལ་པོ་འཕགས་སྐྱེས་པོའི་དམག་གི་ཟླ་ལ་འོངས་ནས། དེས་ཀྱང་གཡུལ་དེར་མི་བསད་པ་ལ་སོགས་པའི་སྡིག་བྱས་ཏེ། གང་གི་ཚེ་དེར་སེམས་ཅན་མང་པོ་ཤི་བ་མཐོང་བ་དེའི་ཚེ། དེས་སངས་རྒྱས་མཐོང་ནས་འགྱོད་པ་ཆེན་པོ་དང་སྐྱོ་བར་གྱུར་ཅིང་། དེའི་ཚེ་དེས་ལྷ་མོ་དྲི་མ་མེད་པའི་འོད་ལ་སྨྲས་པ། ང་ནི་ཁྱོད་ཀྱི་མིང་པོ་ཤིན་ཏུ་སྡུག་པ་ཡིན་པས་ངས་དམག་དེའི་ནང་དུ་སྡིག་པའི་ལས་བྱས་པ་ཁྱོད་ཀྱིས་ཐོས་ནས་རྗེས་སུ་ཡིད་རངས་པར་གྱུར་ཏེ། ཁྱོད་ཀྱི་ཡིད་ཀྱིས་མི་དགེ་བ་ཐོབ་པར་གྱུར་པ་གང་ཡིན་པའི་ལས་ཀྱི་རྣམ་པར་སྨིན་པ་དེས་ན་ཁྱོད་ཀྱི་ཡུལ་དུ་སུམ་པའི་དམག་འོང་བར་གྱུར་ཏེ། དེའི་ཚེ་ད་ལྟར་ཇི་ལྟ་བ་བཞིན་དུ་དེར་ང་ཁྱོད་ཀྱི་སྡུག་པའི་མིང་པོར་གྱུར་ལ། ཁྱོད་ཀྱིས་གཅིག་པུ་ལུང་མེད་པར་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་བ་དང་། ཁྱོད་ཀྱིས་ཐོག་མ་ཁོ་ནར་གཟུངས་ཐོབ་པར་འགྱུར་བཞིན་དུ། དེའི་ཚེ་ང་ཡང་ཁྱོད་ཀྱི་མཐུས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྡུག་བསྔལ་རྣམས་ལས་ཐར་བར་གྱུར་ནས་གནོད་སྦྱིན་གྱི་དབང་པོ་རྣམ་ཐོས་ཀྱི་བུའི་གཡོག་བྱེད་པའི་གནོད་སྦྱིན་ཨཱ་ཛུ་ལ་ཞེས་བྱ་བར་གྱུར་ལ་དེས་རྟག་ཏུ་ཁྱོད་བསྲུང་ཞིང་ངས་རྣམ་ཐོས་ཀྱི་བུ་ལ་སོགས་པ་དེ་དག་དང་། གནོད་སྦྱིན་གཞན་དེ་དག་དང་། ལྷའི་ཕོ་བྲང་སུམ་ཅུ་རྩ་གཉིས་དག་ཏུ་ལྷའི་རྒྱལ་པོ་དེ་དག་ལ་དྲན་པར་བསྐུལ་ཏེ། གང་གི་ཚེ་ཁྱོད་ལ་དགོངས་པ་དེའི་ཚེ་འོངས་ནས་ཅི་འདོད་པ་སྒྲུབ་པར་གྱུར་ཅིག་ཅེས་སྨྲས་སོ། །དེར་ལྷ་མོ་དེ་ཉིད་ཀྱི་ནུ་མོ་ཐ་ཆུངས་རྒྱལ་པོ་མ་སྐྱེས་དགྲའི་བུ་མོར་གྱུར་པ་དེས་སྨོན་ལམ་བཏབ་པ། བདག་གི་མིང་པོ་འཕགས་སྐྱེས་པོའི་དམག་གི་ཟླ་ལ་སྡིག་པའི་ལས་བྱས་པ་བདག་གིས་ཐོས་ནས་


DKG059_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བར་གྱུར་པའི་ལས་དེས་ན་དེར་ཡང་ཁྱོད་ཀྱི་ནུ་མོར་གྱུར་ལ་གང་གི་ཚེ་ལས་དེའི་རྣམ་པར་སྨིན་པས་བདག་མྱ་ངན་གྱིས་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ་ཁྱོད་དེ་ལྟ་བུར་སྐྱོ་བར་གྱུར་པས་ན། བདག་གིས་དགེ་བའི་བཤེས་གཉེན་རྙེད་ནས་ཆོས་གང་གིས་འབྲས་བུ་དང་པོ་ཐོབ་སྟེ། སྡུག་བསྔལ་མཐར་བྱེད་པར་འགྱུར་བ་དེ་ལྟ་བུའི་ཆོས་ཐོས་ནས་དེའི་ཚེ་སྔོན་དང་ཕྱི་མའི་ལས་རྣམས་དྲན་པར་གྱུར་ཅིག་ཅེས་བྱས་སོ། །དེར་ལྷ་མོ་དེའི་མིང་པོ་ཐ་ཆུངས་སུ་གྱུར་ཅིང་། དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་པ་ཕྱིན་ཅད་དེའི་མིང་པོར་གྱུར་པ་དེའི་སྔོན་གྱི་ལས་ཀྱིས་སེམས་ཅན་རྣམས་སྐྲག་པར་བྱེད་པ་དེས་སྲིང་མོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་འདེབས་པ་ཡང་མཐོང་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྨོན་ལམ་བཏབ་ནས་ལི་ཡུལ་གྱི་ཡུལ་འཁོར་ཡོངས་སུ་བསྐྱང་བའི་ཕྱིར་མནོས་པ་ཡང་མཐོང་ངོ་། །དེ་ནས་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་ཐ་ཆུངས་རྒྱལ་པོ་མ་སྐྱེས་དགྲའི་བུས་བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །སྔོན་བདག་གིས་སངས་རྒྱས་བཅོམ་ལྡན་འདས་མང་པོ་ལ་བསྙེན་བཀུར་བྱས་ཏེ། དུས་ཐམས་ཅད་དུ་སྐྱེས་པར་གྱུར་ནས་རྒྱལ་སྲིད་ཀྱི་བགྱི་བ་མང་པོ་ཡང་བགྱིས་སོ། །བདག་གི་སྲིང་མོ་འདི་ཡང་བུད་མེད་ཀྱི་གཟུགས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལགས་ཏེ། འདིས་ལི་ཡུལ་ཡོངས་སུ་བསྐྱང་བའི་སླད་དུ་སུག་པར་བླངས་པ་དེ་ནི་ལས་ཆེན་པོ་མཆིས་ཀྱི་འཚལ་བ་ལགས་ཏེ། བུད་མེད་ཀྱི་བསམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པར་བས་སོ། །བཅོམ་ལྡན་འདས་ཅི་ནས་ཀྱང་བདག་གི་སྟེང་དུ་འོད་ཟེར་བཏང་བ་དེ་ལྟ་བུར་བདག་ལ་བྱིན་གྱིས་བརླབ་པར་གསོལ། ཅི་ནས་ཀྱང་ཡུལ་བསྲུང་བའི་སླད་དུ་གྲོགས་བགྱིད་པར་འགྱུར་བ་དང་། བདག་གི་རིགས་ཀྱིས་ཡུན་རིང་པོར་ལི་ཡུལ་དུ་ཡུལ་འཛིན་པར་འགྱུར་བ་དེ་ལྟ་བུའི་གཟུངས་ཀྱང་སྩལ་བར་གསོལ། སྐྱེ་བ་བླངས་ཏེ་འབྲས་བུ་ཐོབ་ནས་གུམ་པའི་འོག་ཏུ་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་གྱུར་ཅིག །གང་གི་ཚེ་ལི་ཡུལ་དུ་སུམ་པའམ། གདོང་དམར་རྣམས་འོང་བར་འགྱུར་བ་དེའི་ཚེ་བདག་སྐར་


DKG059_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

རྡོའི་ཡུལ་གྱི་རྒྱལ་པོར་གྱུར་ཏེ། ལྷ་མོ་དྲི་མ་མེད་པའི་འོད་དེའི་མིང་པོར་གྱུར། ལི་ཡུལ་དར་བར་བགྱི་བའི་སླད་དུ་བདག་དེའི་གྲོགས་བགྱིད་པར་གྱུར་ཅིག་ཅེས་བྱས་སོ། །གང་གི་ཚེ་གཞོན་ནུ་དེས་དེ་སྐད་ཅེས་གསོལ་ནས། སྨོན་ལམ་ཡང་བཏབ་དེའི་ཚེ་བཅོམ་ལྡན་འདས་བདུད་ལས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ལྷ་རྣམས་ཀྱིས་ཀྱང་ལྷའི་མེ་ཏོག་གི་ཆར་ཕབ་སྟེ། ལྷའི་སིལ་སྙན་རྣམས་དཀྲོལ་ལོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ནས་བཀའ་སྩལ་པ། ངས་ཐོག་མ་སེམས་བསྐྱེད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བསོད་ནམས་དང་། དགེ་བའི་རྩ་བ་བསགས་པ་དེ་དག་དང་། དེ་བཞིན་གཤེགས་པ་མང་པོ་གཞན་དག་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཕྲིན་ལས་མང་པོ་མཛད་མཛད་པའི་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དེ་དག་དང་། ཆོ་འཕྲུལ་དེ་དག་ངས་གཅིག་ཏུ་བསྡུས་ཏེ་གཅིག་ཏུ་བརྟུལ་བས་མ་འོངས་པའི་དུས་སུ་ལྷ་མོ་དྲི་མ་མེད་པའི་འོད་འདིས་ཡོངས་སུ་བསྐྱང་བའི་ཕྱིར་ལག་ཏུ་བླངས་པའི་ལི་ཡུལ་གྱི་ཡུལ་འཁོར་རབ་ཏུ་གནས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་མི་སྣང་བར་གྱུར་ཏེ། ཕྱོགས་གང་དུ་ལི་ཡུལ་དང་། ཐུབ་པའི་དྲང་སྲོང་ཆེན་པོའི་གནས་གོ་མ་ས་ལ་གན་དྷའི་མཆོད་རྟེན་འབྱུང་བར་འགྱུར་བའི་ཕྱོགས་དེར་བཞུགས་སོ། །བཅོམ་ལྡན་འདས་དེར་བཞུགས་བཞིན་དུ་དཔལ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཡེ་ཤེས་སྒྲོན་མ་ཞེས་བྱ་བའི་འོད་ཟེར་བཏང་ངོ་། །བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་པའི་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་གནས་གཅིག་ན་འཁོད་བཞིན་དུ་བཅོམ་ལྡན་འདས་གང་དུ་ལི་ཡུལ་འབྱུང་བར་འགྱུར་བའི་ཕྱོགས་དེ་ན་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་པར་མཐོང་ངོ་། །ཐུབ་པའི་དྲང་སྲོང་ཆེན་པོའི་གནས་རི་གླང་རུ་ཞེས་བྱ་བ་དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གྲོགས་སུ་གྱུར་པ་གང་ཡིན་པ་དེ་དག་གིས་ཀྱང་འོད་ཟེར་དེ་དག་བཏང་སྟེ། བཅོམ་ལྡན་


DKG059_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཉིད་ནི་གང་དུ་གོ་མ་ས་ལ་གན་དྷའི་མཆོད་རྟེན་གྱི་ཆོས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བ་དེའི་བར་སྣང་ལ་བཞུགས་སོ། །བྱང་ཆུབ་སེམས་དཔའ་རྣམས་ནི་གང་དང་གང་དག་ཏུ་དགེ་འདུན་གྱི་ཀུན་དགའ་ར་བ་དང་། དགོན་པའི་གནས་དང་། དྲི་གཙང་ཁང་དང་། མཆོད་རྟེན་ཆེན་པོ་རྣམས་འབྱུང་བར་འགྱུར་བའི་ཆུའི་ནང་གི་པད་མའི་སྟེང་དེ་དང་དེ་དག་ལ་འཁོད་དོ། །དེ་ནས་དེར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཐམས་ཅད་ཐུགས་སུ་ཆུད་པར་འགྱུར་བའི་གཟུངས་སྔགས་ཆོས་ཀྱི་སྤྱི་བོ་ཞེས་བྱ་བ་འདི་བཤད་དོ། །ཏདྱ་ཐཱ། བ་བ་ར། པྲ་ཏྱ་བ་བ་ར། པྲཛྙཱ་བ་བ་ར། བུད་དྷ་བ་བ་ར། སད་དྷརྨ་བ་བ་ར། ཤུ་རཱ་བ་བ་ར། སརྦ་དྷརྨ་སྐན་དྷ་བ་བ་ར། བཛྲ་པཱ་ཎི་བ་བ་ར། ཏིཥྛ་ཏ་བ་བ་ར་སྭཱ་ཧཱ། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བཤད་པ་དེའི་ཚེ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་གནས་པའི་འཁོར་ཐམས་ཅད་ཀྱིས་ཐོས་སོ། །རི་གླང་རུའི་ཟོམ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚོགས་དང་ཐབས་ཅིག་ཏུ་བཞུགས་པ་ཡང་མཐོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་བཀའ་སྩལ་པ། ཁྱོད་ཀྱིས་གཟུངས་སྔགས་འདིས་ངའི་ལས་གྱིས་ལ། ལི་ཡུལ་གྱི་ཡུལ་འཁོར་ཁྱོད་ལ་གཏད་པས། ཡོངས་སུ་བསྲུང་བར་གྱིས་ཤིག །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལི་ཡུལ་གཏད་པ་འདི་བདག་ཅག་གིས་མནོད་པར་འཚལ་ལོ།། །།དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་གཉིས་པ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེའི་དོན་གྱི་ཕྱིར་གཟུངས་སྔགས་གཞན་བཤད་པ། ཏདྱ་ཐཱ། ནིརྫི་ཏེ། བརྫི་ཏེ། བརྫི་ཏེ། བྷ་ཋི་ཏེ་དྷརྨ་སྐན་དྷ་ཨ་བ་ར་ཛི་ཏེ། ཨིན་དྲ་བརྫི་ཏེ། ཕུ་སྭཱ་ཧཱ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་ལ་སོགས་པ་གང་དག་ལ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་སྔོན་སངས་རྒྱས་ཉིད་དུ་ཐོག་མ་སེམས་


DKG059_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པ་དེ་དག་ཀྱང་དེར་གཤེགས་སོ། །གཞོན་ནུ་རྡོ་རྗེ་སྡེས་ཀྱང་ཡོན་ཕུལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་དེ་ལས་སྔོན་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པོ། །དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དེར་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ཤིན་ཏུ་འཕགས་པའི་འོད་ཟེར་གྱི་འོད་ཀྱི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ། །གནས་པ་ཞེས་བྱ་བའི་བསྐལ་པ་ལ་འཇིག་རྟེན་གྱི་ཁམས་བུད་མེད་དུ་གྲགས་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲ་སྒྲོགས་ཕྱག་ན་རིན་ཆེན་མཛོད་བསྣམས་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་ལྷ་མོ་དེ་ལ་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དེའི་ཚེ། དེ་ལུང་བསྟན་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འོད་ཟེར་བཏང་སྟེ། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ལུང་བསྟན་པ་དེ་ཐོབ་པ་དེའི་ཚེ་དེར་བྱང་ཆུབ་སེམས་དཔའ་སེམས་ཀྱི་ཚིག་ཅེས་བྱ་བར་གྱུར་ཏེ། དེ་ཕྱིན་ཅད་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་གནས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ལུང་བསྟན་ཏོ། །བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བྱང་ཆུབ་གང་ལ་ཁྱོད་གནས་པ་དེ་ནི་ཤིན་ཏུ་དཀོན་པ་ཡིན་ནོ་ཞེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་སྔོན་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་འོད་ཟེར་གཏོང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་གསུང་གཅིག་ཏུ་འཐུན་པར་གཟུངས་སྔགས་བཤད་པ། ཏདྱ་ཐཱ། ཏཱ་ཐཱ་ཏཱ། ལོ་ཀཱ་གྲ། ཏ་ཐཱ་ག་ཏ། ཀ་བ་པ་བི། ཀ་ར་ཛི། བྷུ་ཏ་ཀོ་ཊི། བི་བི་དྲ་དྲ་ཁ་ཤ་ར། སས་སས་སས་སས། བྷ་དྷ་པྲ་བྷ། བ་པ་ད་ཀ་ར་ན་ས། བ་ར་ན་བ་བ་བ་བ། ཨ་ས་ཙ་རུ་ན་ན། ཙ་པ་བ་ར་ཎན། ཀ་ཀ་ཀོ་ཊ་རཱ་ཛཱ་ན། བྱ་ཀ་ར་ཎ་ས་བྷ་དྲ། ཀ་ར་ཎ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལུང་སྟོན་པ་ཞེས་བྱ་སྟེ། གཟུངས་སྔགས་འདིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དེ། མཚན་ལན་


DKG059_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཉིན་ལན་གསུམ་དུ་བཟླས་བརྗོད་བྱས་ན་ཕྱིར་མི་ལྡོག་པར་གྱུར་ཏེ། སངས་རྒྱས་ཀྱི་བྱང་ཆུབ་ཏུ་ལུང་བསྟན་པ་ཡང་ཐོབ་པར་འགྱུར་རོ། །གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པ། དེའི་ཚེ་དེས་བཟོད་པ་ཆེན་པོ་ཐོབ་པར་གྱུར་ཏེ། དེའི་ཚེ་དེས་སྨོན་ལམ་བཏབ་པ། ཇི་སྲིད་དུ་ལི་ཡུལ་དུ་འཇིགས་པ་ཆེན་པོ་འབྱུང་བར་འགྱུར་བ་དེ་སྲིད་དུ་བདག་བུད་མེད་ཀྱི་གཟུགས་སུ་སྣང་བར་གྱུར་ཏེ། སྨོན་ལམ་བཏབ་པ་དེས་ན་དེའི་ཚེ་བདག་སྐར་རྡོའི་རྒྱལ་པོའི་བུ་མོར་སྐྱེ་བ་ལེན་པར་གྱུར་ཅིག་ཅེས་བྱས་སོ། །དེ་བཞིན་གཤེགས་པ་ཟླ་བའི་རྒྱལ་མཚན་ཤིན་ཏུ་འཕགས་པའི་འོད་ཟེར་གྱི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྒྲ་སྒྲོགས་ཕྱག་ན་རིན་ཆེན་མཛོད་བསྣམས་ལ་ཕྱག་འཚལ་ལོ། །ཞེས་སངས་རྒྱས་ཀྱི་མཚན་འདི་གཉིས་སུ་བརྗོད་པ་ནི་བུད་མེད་དུ་སྐྱེ་བ་ལས་ཐར་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་འགྱུར་རོ། །ཚེ་དང་ལྡན་པའི་དམ་པ་ཇི་ལྟ་བུ་འདོད་པ་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །སེམས་ཅན་དམྱལ་བར་སྐྱེ་བའི་ལས་རྣམས་ཀྱང་བཤགས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །སདྱཱ་ཐེ་དན། ད་ད་ད་ད། པྲཛྙཱ་ཀེ་ས། པྲཛྙཱ་ཀེ་རེ། པ་ར་པྲཛྙཱ། པྲ་ཏ་ཧ་ཏ་སྭཱ་ཧཱ། གཟུངས་སྔགས་འདི་ནི་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་ཅེས་བྱ་སྟེ། ཆོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་རོ། །བདུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང་སངས་རྒྱས་སུ་བསྒྲུབ་པ་ལ་བར་ཆད་བྱེད་མི་ནུས་ཤིང་གླགས་རྙེད་པར་མི་འགྱུར་རོ། །དྲན་པ་དང་ཡང་ལྡན་པར་འགྱུར་རོ། །སེམས་ཀྱང་ཕྱིན་ཅི་ལོག་ཏུ་མི་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བཤད་པ་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སྨོན་ལམ་བཏབ་པ། བདག་གིས་དེར་སྐྱེ་བ་བླངས་ཏེ་སྐར་རྡོའི་རྒྱལ་པོའི་བུ་མོར་གྱུར་ནས་གསེར་གྱི་ཡུལ་གང་དུ་བདག་གི་ཕ་མ་གུམ་པའི་སྡུག་བསྔལ་གྱིས་བདག་སྐྱོ་བར་གྱུར་པ་དེར་བདག་འགྲོ་བར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་འཁོར་དེའི་ནང་ན་


DKG059_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བའི་རིགས་ཀྱི་བུ་གཞན་ཞིག་འདུག་པ་དེས་འདི་སྐད་ཅེས་སྨྲས་སོ། །བདག་ཁྱེད་ཀྱི་ཁྱིམ་ཐབ་ཏུ་གྱུར་ལ། བདག་གི་ཁྱིམ་ན་ཁྱོད་བུད་མེད་ཀྱི་ལུས་ཀྱིས་ལས་དེ་དག་བྱེད་ཅིང་བདག་གིས་ཀྱང་དེར་བར་ཆད་བྱེད་པར་མི་འགྱུར་བ་དང་། ཁྱོད་ཀྱི་ཡུལ་གྱི་ཕྱིར་དང་། སངས་རྒྱས་ཉིད་བསྒྲུབ་པའི་བར་གྱི་ལས་ཅི་བྱེད་པ་དེ་དག་ཐམས་ཅད་བདག་གི་ཁྱིམ་དུ་བྱེད་ཅིང་དཀའ་བའི་ལས་དེ་དག་ཐམས་ཅད་ཀྱང་དྲན་པར་གྱུར་ཅིག་ཅེས་བྱས་སོ། །དེ་ན་གྲོང་ཁྱེར་སྐྱོང་བ་དེའི་བུར་གྱུར་པ་ཞིག་ཡོད་པ་དེས་སྨྲས་པ། གང་གི་ཚེ་སྔོན་ཁྱོད་དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་པ་དེའི་ཚེ་བདག་ཁྱོད་ཀྱི་བུར་གྱུར་ཅིག་ཅེས་བདག་གིས་སྨོན་ལམ་བཏབ་ནས། དེ་ཕྱིན་ཅད་ཚེ་རབས་ཐམས་ཅད་དུ་ཁྱོད་ནི་བདག་གི་མར་གྱུར་ལ། བདག་ནི་ཁྱོད་ཀྱི་བུར་གྱུར་ཏོ། །གང་གི་ཚེ་ཁྱོད་གསེར་གྱི་ཡུལ་དུ་སྨོན་ལམ་ཆེན་པོའི་དབང་གིས་ལས་བྱེད་པར་འགྱུར་བ་དང་། གང་གི་ཚེ་ཡུལ་དེར་གནོད་པ་ཆེན་པོ་བྱུང་བ་དེའི་ཚེ་ཡང་ཅི་ནས་ཀྱང་བདག་དེར་སེམས་ཅན་ཐམས་ཅད་གནོད་པ་ལས་ཐར་བར་བྱ་བའི་ཕྱིར་གྲོགས་སུ་འགྱུར་བ་དང་། ཡུལ་དེ་ན་རྒྱལ་པོ་མེད་པར་ཡང་བདག་གིས་ཆོས་བཞིན་དུ་སྐྱོང་བ་དང་། བདག་གཞན་གྱིས་བཀོལ་བར་མི་འགྱུར་བ་དང་། སངས་རྒྱས་ཉིད་དུ་འགྱུར་གྱི་བར་དུ་བདག་ཁྱོད་ཀྱི་བུར་འགྱུར་ཞིང་། ཁྱོད་ཀྱང་བདག་གི་མར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་འཁོར་དེའི་ནང་ན་ལྷ་མོ་དྲི་མ་མེད་པའི་འོད་དེའི་ཕྱི་བཞིན་དུ་འབྲང་བའི་རིགས་དང་ལྡན་པའི་བུད་མེད་ཅིག་འདུག་པ་ང་རྒྱལ་གྱིས་ཤིན་ཏུ་ཁེངས་ཤིང་རྒྱགས་ལ། འདོད་ཆགས་ཀྱི་སེམས་དང་ཤིན་ཏུ་ལྡན་པ་དེས་སྨོན་ལམ་བཏབ་པ། བདག་ཀྱང་ཁྱོད་ཀྱི་ནུ་མོར་གྱུར་ཏེ། གཞོན་ནུའི་ཚེ་བདག་གིས་སྐྱེས་བུ་མང་པོ་དག་དང་འདོད་པའི་འདོད་ཆགས་ཀྱི་ཕྱིར་བགད་པ་དང་། རྩས་པ་གང་ཡིན་པའི་བདག་གི་ལས་དེ་དག་ཐམས་ཅད་བྱང་བར་གྱུར་ཅིག་ཅེས་བྱས་སོ། །འཁོར་དེའི་ནང་ན་སྐྱེས་པ་གཞན་ཞིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་པ་དེས་རིགས་དང་ལྡན་པའི་བུད་མེད་དེ་ལ་སྨྲས་པ། གང་ཁྱོད་ཀྱིས་ངའི་ཕྱིར་གསང་བའི་དོན་གྱི་དམ་བཅས་


DKG059_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ངས་མི་གཏོང་ཞེས་བྱས་ནས། དེའི་ཚེ་མི་དེས་སྨོན་ལམ་བཏབ་པ། གང་གི་ཚེ་མ་འོངས་པ་ན་རིགས་དང་ལྡན་པའི་བུད་མེད་འདི་ལྷ་མོ་དྲི་མ་མེད་པའི་འོད་དང་ལྷན་ཅིག་ཏུ་ལི་ཡུལ་ན་གནས་ཤིང་ལས་ཆེན་པོ་བྱེད་པར་འགྱུར་བ་དེའི་ཚེ་བདག་གིས་ལས་འདི་གཤེགས་ཏེ་འཁོར་བ་ནས་འབྱུང་བ་འཐོབ་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་མིང་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གསེར་གྱི་རིགས་སུ་ཆོས་དང་ལྡན་པའི་རྒྱལ་པོར་གྱུར་ཏེ། ཡུལ་རྟས་པར་བགྱི་བའི་སླད་དུ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་གྲོགས་སུ་གྱུར་ལ། ལི་ཡུལ་གྱི་ཡུལ་འཁོར་རྟས་པར་བགྱི་བའི་སླད་དུ་གསེར་གྱི་ཡུལ་གང་དུ་དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བ་གནས་པར་གྱུར་པ་དེར་ནོར་སའི་འོག་ཏུ་བཞག་པ་དང་། མི་ཤི་བ་རྣམས་ཀྱི་དུར་ཁྲོད་ན་ཡོད་པ་གང་ཡིན་པ་དང་། དགེ་བསྙེན་མ་ཧུ་ཤའི་ནོར་དུ་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་བདག་གིས་བཙལ་ཏེ། གསེར་ལ་སོགས་པ་ནོར་མང་པོ་རྣམས་སྩལ་བར་བགྱིའོ། །ལྷ་མོ་དྲི་མ་མེད་པའི་འོད་འདི་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལི་ཡུལ་གྱི་སླད་དུ་ནོར་རྣམས་དབུལ་བར་བགྱིད་དོ། །གང་གི་ཚེ་ཡུལ་དེར་གནོད་པ་འབྱུང་བ་དེའི་ཚེ་ཡང་ལྷའམ། ཀླུའམ། གནོད་སྦྱིན་ནམ། འབྱུང་པོ་གང་སུ་དག་ནོར་དེ་ལ་བགེགས་བྱེད་པར་མི་འགྱུར་རོ། །ཡུལ་དེའི་སྲུང་མར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཅི་ནས་ནོར་དེ་རྙེད་པར་འགྱུར་བར་རང་ཉིད་གྲོགས་བྱེད་པར་འགྱུར་རོ། །སྔོན་གྱི་གསེར་གྱི་རི་གང་དུ་དགེ་བསྙེན་མ་ཧུ་ཤ་བྱུང་བར་གྱུར་པ་དེར་བུད་མེད་གཞན་ཞིག་བྱུང་སྟེ། དེས་སྦྱིན་པ་མང་པོ་བྱིན་ལ་ཚུལ་ཁྲིམས་ནི་དེས་མ་བསྲུངས་ཏེ། དེས་འདི་སྐད་དུ་བདག་གིས་སྦྱིན་པ་དག་བྱིན་པའི་བསོད་ནམས་བསགས་པ་གང་ཡིན་པ་དེས་ན་བདག་གསེར་གྱི་རིགས་ཀྱི་རྒྱལ་པོའི་བཙུན་མོ་དམ་པར་གྱུར་ལ། ཅི་ནས་ཀྱང་ལི་ཡུལ་དེ་རྟས་པར་བྱ་བའི་ཕྱིར་ནོར་སྦྱིན་པར་བྱེད་པ་དེ་ལྟ་བུར་བདག་གྲོགས་སུ་གྱུར་ཅིག་ཅེས་བྱས་སོ། །དེའི་


DKG059_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་གཞོན་ནུ་རྡོ་རྗེ་སྡེས་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་དམག་གི་དཔུང་ཆེན་པོ་དེ་དག་ཕན་ཚུན་འགྱེད་པར་འགྱུར་བ་དེའི་ཚེ་བདག་སྐར་རྡོའི་རྒྱལ་པོར་གྱུར་ནས། གང་གི་ཚེ་གདོང་དམར་དག་དམག་འདྲེན་པ་དེའི་ཚེ། བདག་གི་གསེར་གྱི་རིགས་ཀྱི་རྒྱལ་པོ་ལས་ནོར་བླངས་ཏེ། ལི་ཡུལ་རྟས་པར་བགྱི་བའི་སླད་དུ་ཆོས་བཞིན་དུ་སྩོལ་བར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་ན་རིགས་དང་ལྡན་པའི་བུད་མེད་གཞན་ཞིག་ལྷ་མོ་དེའི་གྲོགས་མོར་གྱུར་པ་ས་དང་པོ་ཐོབ་པ་གང་ཡིན་པ་དེའི་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེས་སྨོན་ལམ་བཏབ་པ། བདག་ལི་ཡུལ་དུ་ཚེ་རབས་བདུན་གྱི་བར་དུ་རྒྱལ་པོའི་བཙུན་མོ་དམ་པར་གྱུར་ཅིག་གང་གི་ཚེ་དམག་གི་དཔུང་ཆེན་པོ་གང་ཡིན་པ་དེ་དག་ལི་ཡུལ་དུ་གཡུལ་འགྱེད་པའི་དུས་ལ་བབ་པ་དེའི་ཚེ་ནི་བདག་རྒྱ་ཡུལ་དུ་སྐྱེ་བ་ལེན་པར་གྱུར་ཅིག །གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་འདི་ལིའི་རྒྱལ་པོར་གྱུར་པ་དེའི་ཚེ་ནི་བདག་དེའི་བཙུན་མོ་དམ་པར་གྱུར་ནས། བདག་ཅག་གཉིས་ཀས་ལི་ཡུལ་སླར་རྟས་པར་བགྱི་བ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་དང་། དགོན་པའི་གནས་རྣམས་དང་། མཆོད་རྟེན་ཆེན་པོ་དང་། དྲི་གཙང་ཁང་དང་། གདོང་དམར་རྣམས་ཀྱིས་བསྲེགས་པ་གང་ཡིན་པ་དེ་དག་ཀྱང་བདག་ཅག་གཉིས་ཀྱིས་སླར་གསར་དུ་བགྱིད་པར་གྱུར་ཅིག་ཅེས་བྱས་སོ། །གང་གི་ཚེ་དེ་དག་གིས་འཁོར་གྱི་ནང་དུ་སྨོན་ལམ་བཏབ་པ་དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ལྷའི་བུ་བློ་གྲོས་རབ་ཏུ་བརྟན་པ་དང་། ལྷ་མོ་འཕྲོག་མ་བུ་དང་བཅས་པ་དང་། ལྷ་མོ་དྲི་མ་མེད་པའི་འོད་རྣམས་ཀྱང་དེའི་ཚེ་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་པུས་མོའི་ལྷ་ང་ས་ལ་བཙུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་མ་འོངས་པའི་དུས་སུ་ལི་ཡུལ་དེ་བསྲུང་བའི་སླད་དུ་


DKG059_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མནོད་པར་འཚལ་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་བཞིན་དུ་སུག་ལས་ཐམས་ཅད་འཚལ་ལོ། །དེ་ནས་འཁོར་དེར་འདུས་པ་གང་ཡིན་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་ཆར་ཕབ་ནས་རོལ་མོའི་སྒྲ་རྣམ་པ་སྣ་ཚོགས་ཇི་ལྟ་བུས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པར་འོས་པ་རྣམས་ཀྱང་བསྒྲགས་སོ། །དེའི་ཚེ་འཁོར་དེའི་ནང་ན་རྣམ་ཐོས་ཀྱི་བུ་དང་། ཀུན་ཏུ་རྒྱལ་ལ་སོགས་པ་གང་དག་གི་ལག་ཏུ་ཡུལ་དེ་བསྲུང་བའི་ཕྱིར་གཏད་པ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཡུལ་བསྲུང་བའི་ཕྱིར་ཁྱེད་ཀྱི་ལག་ཏུ་ཡང་དང་ཡང་དུ་གཏད་དོ། །གང་གི་ཚེ་གདོང་དམར་དག་གིས་ཡུལ་བཟུང་སྟེ། དགེ་འདུན་གྱི་ཀུན་དགའ་ར་བ་དང་། དྲི་གཙང་ཁང་དང་། མཆོད་རྟེན་ཆེན་པོ་རྣམས་འཇིག་པར་བྱེད་ཅིང་སྲེག་པར་བྱེད་དེ། དེ་དག་གིས་ཅི་ནས་ཀྱང་ངའི་བསྟན་པ་གཞིག་པར་བྱ་བའི་ཕྱིར་སྨོན་ལམ་ལོག་པར་བཏབ་པས་རིང་པོ་མི་ཐོགས་པར་དེར་དམག་སྡེ་གཉིས་པོ་དེ་དག་ཕན་ཚུན་འགྱེད་པར་འགྱུར་བ་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་གཞོན་ནུ་རྡོ་རྗེ་སྡེ་ཉིད་གསེར་གྱི་རིགས་ཀྱི་ཡུལ་དེར་སོང་ནས། གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་ཏེ། དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་པ་ཡོད་དེ། ལི་ཡུལ་ནས་འོངས་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་ལྷ་རྣམས་ཀྱིས་གསུངས་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱི་བཀའ་ནི་གཅོག་ཏུ་རུང་བ་མ་ཡིན་ནོ། །གདོང་དམར་གྱིས་ལི་ཡུལ་གྱི་ཡུལ་འཁོར་ཁྱེར་བའི་དུས་ལ་ནི་ད་བབ་སྟེ་རྒྱ་ནི་གསེར་གྱི་རིགས་ཀྱི་ཡུལ་དུ་འོང་བར་འདོད་དོ། །གང་གི་ཚེ་ཕན་ཚུན་གཡུལ་འགྱེད་པར་བྱེད་པ་དེ་ནི་འཇིགས་པ་ཆེན་པོ་ཡིན་ཏེ། གང་གི་ཚེ་གདོང་དམར་རྣམས་སྐྲག་པར་གྱུར་པ་དེའི་ཚེ་གསེར་གྱི་རིགས་ཀྱི་ཡུལ་དུ་འགྲོ་བར་ཆས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་འདི་


DKG059_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། གང་གི་ཚེ་གསེར་གྱི་རིགས་ཀྱི་ཡུལ་གདོང་དམར་མི་གཏོང་ལ། རྒྱང་ལ་གནོད་པ་བྱེད་དུ་མི་འོང་བ་དེའི་ཚེ་གསེར་གྱི་རིགས་ཀྱི་ཡུལ་དུ་མདོ་འདི་ཕྲིན་ཡིག་ཏུ་ཁྱེར་ལ། གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་འདི་སྐད་དུ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དང་། ལྷ་རྣམས་ཀྱིས་བཀའ་སྩལ་པ་ཡིན་ཏེ། ལྷ་དང་མི་རྣམས་ཀྱིས་འགལ་བར་བྱར་མི་རུང་བ་ཡིན་གྱིས། བདག་གིས་ལི་ཡུལ་གྱི་གླུད་སྦྱིན་པ་དང་སྐར་རྡོའི་དོན་གྱི་ཕྱིར་ང་ལ་ནོར་མང་པོ་བྱིན་ཅིག་ཅེས་སྨྲོས་ལ། གང་གི་ཚེ་ནོར་ཐོབ་པར་གྱུར་པ་དེའི་ཚེ་ཐོག་མར་ལི་ཡུལ་དུ་ནོར་རྫོངས་ལ་གདོང་དམར་ལ་སྐུར་ཅིག་ལི་ཡུལ་པ་རྣམས་ལ་ཡང་དེར་སྦྱིན་པར་བྱ་སྟེ། གང་གི་ཚེ་ལི་ཡུལ་དུ་སྐྱེས་བསྐུར་བ་ན། དེར་ཐོག་མར་སྐར་རྡོར་ཡང་བསྐུར་བར་བྱས་ནས། མིའི་ཡུལ་ཆོས་བཞིན་དུ་བྱའོ། །དེའི་ཚེ་འདི་སྐད་དུ་ང་ནི་གདོང་དམར་རྣམས་ཀྱི་བྲན་མི་བྱེད་དེ། ངས་ལི་ཡུལ་གཟུང་གིས་ང་ལ་ནོར་བྱིན་ཅིག་དང་། དེ་དག་གིས་དམག་གི་དཔུང་ཆེན་པོ་ཡང་དེར་འོང་བར་མི་ནུས་སོ་ཞེས་སྨྲོས་ཤིག །གང་གི་ཚེ་དེའི་དམག་ལི་ཡུལ་དུ་འོང་ན་དེར་མ་འོངས་ཤིག་དང་ཡུལ་དེ་ཅི་རི་བའི་རིན་ངས་སྦྱིན་ནོ། །ཅི་སྟེ་ཡུལ་བླུ་བའི་ཕྱིར། ཕྲིན་ཡིག་འདི་བཞིན་དུ་བྱེད་པར་འགྱུར་ན་བདག་ཅག་གིས་ལི་ཡུལ་ཐམས་ཅད་བསྡུས་ཏེ་འདུམ་པར་བྱའོ་ཞེས་བྱས་ན་རྫི་བར་མི་ནུས་ཏེ་འདི་ལ་ཐེ་ཙོམ་མི་བྱའོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ་ལ་དེ་སྐད་ཅེས་བསྟན་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་འོད་ཟེར་རྣམས་གཏོང་ཞིང་བྱང་ཆུབ་སེམས་དཔའ་རྣམས་གཏོང་བ་གང་ཡིན་པ་དེ་དག་དང་། ལྷ་ལ་སོགས་པ་འཁོར་དེར་འདུས་པ་གང་ཡིན་པ་དེ་དག་གིས་འདི་སྐད་ཅེས་གསུངས་སོ། །བདག་ཅག་གིས་ཀྱང་ལྷ་མོ་དྲི་མ་མེད་པའི་འོད་དེ་ལ་གང་གི་ཚེ་ཡུལ་དེར་གནོད་པ་བྱུང་བར་འགྱུར་བ་དེའི་ཚེ་དྲན་པར་འགྱུར་བའི་གཟུངས་སྔགས་དང་གཟུངས་སྔགས་གང་ཡིད་ལ་བྱས་ན་གཟུངས་སྔགས་ཆེན་པོ་གཞན་རྣམས་རྟོགས་པར་འགྱུར་བ་དེ་སྦྱིན་པར་བྱའོ། །འོན་ཀྱང་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏེ། དེ་ལ་


DKG059_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་པ་རྣམས་མཐོང་ཞིང་དེ་དག་གིས་ཆོས་བཤད་པ་ཡང་ཐོས་པར་འགྱུར་ལ། ལྷ་རྣམས་ཀྱང་དམ་པ་སྦྱིན་པར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་སྔོན་འོད་ཟེར་གཏོང་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་གསུངས་སོ། །ཁྱོད་ཀྱིས་ཡོངས་སུ་བསྐྱང་བའི་ཕྱིར། །ལི་ཡུལ་མནོས་པ་གང་ཡིན་པ། །རྒྱལ་མཆོག་གིས་ནི་བཀའ་སྩལ་བཞིན། །ཤེས་རབ་ཆེན་པོས་དེ་བཞིན་བྱོས། །ས་སྟེང་གཞན་གྱིས་མི་ཚུགས་པའི། །གསང་སྔགས་ཀྱང་ནི་སྦྱིན་པར་བྱ། །གང་གི་ཚེ་ན་ལི་ཡུལ་དེར། །གནོད་འབྱུང་དུས་ལ་བབ་པ་ན། །དེ་ཚེ་ངེད་ཀྱིས་དགོངས་པར་བྱ། །དེ་འདྲའི་ཤེས་རབ་དག་ཀྱང་སྦྱིན། །དེ་ཚེ་ཚངས་པ་ལ་སོགས་ལྷ། །ས་སྟེང་དབང་ཕྱུག་སུམ་ཅུ་གཉིས། །མགྲིན་གཅིག་འཐུན་པར་སྨྲས་པ་ནི། །ཀླུ་རྣམས་དང་ནི་གནོད་སྦྱིན་དང་། །དེ་བཞིན་འབྱུང་པོ་ལྷ་མ་ཡིན། །མི་མ་ཡིན་དང་མི་རྣམས་ཀྱིས། །འཚེ་བར་མི་འགྱུར་གང་ཡིན་པའི། །གཟུངས་སྔགས་ངེད་ཀྱིས་སྦྱིན་པར་བྱ། །ཏདྱ་ཐཱ། ཨིན་དྲ་དད་ཏ་ཏྲི་ཤུ་ལ་ཧ་ཤ་སརྦ་པཱ་ཤ་བྷན་དྷ་ནེ། ནི་ཙིན་དཱ་ནེ། དྲ་དྲ་དྲ་དྲ། ཛ་ཛ་ཛ་ཛ། བུད་ཏཱི་ར། ནི་ཙིན་ན་དེ། ཏཱ་ལ་ཧི་ལི། ཨ་ཤྭ་སྠཱ་ནེ། ན་ནི་ནེ་ནི། པུ་པུ་པུ་པུ། ཨིན་དྲ་ཡུ་གི་ན། བི་ཤ་བི་ཤ་བི་ཤ་བི་ཤ་སྭཱ་ཧཱ། འདི་ནི་རྟ་གནས་ཞེས་བྱ་བའི་གཟུངས་སྔགས་ཡིན་ཏེ། གཟུངས་སྔགས་འདིས་ནི་རངས་བྱེད་ཀྱི་སྲིན་པོ་རྣམས་ཐུབ་ལ། སྲིད་སྒྲུབ་ཀྱིས་ཀྱང་སྒྲ་མི་སྙན་པ་རྣམས་ཐུབ་པར་གྱུར་ཏོ། །དེ་ནས་ཚངས་པ་ལ་སོགས་པ་ལྷ་རྣམས་དང་། འཁོར་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །རིག་སྔགས་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་སམ། རྟའི་མགོ་ལ་བཏགས་སམ། རང་གི་མགུལ་དུ་བཏགས་ཀྱང་རུང་སྟེ། གང་དང་གང་དུ་གཡུལ་འགྱེད་དུ་འགྲོ་བ་དེ་གཞན་གྱིས་མི་ཐུབ་པར་འགྱུར་ཞིང་ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། ལྷ་ལ་བྱ་བ་བཞིན་དུ་གཙང་མས་བཅང་བར་བྱའོ། །ལི་ཡུལ་གྱི་བདག་པོ་རྒྱལ་པོ་དེས་ཀྱང་རས་ལ་འདུས་པ་ཆེན་པོའི་རི་མོ་བྲིས་


DKG059_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། རྒྱལ་པོའི་ཕོ་བྲང་གཙང་མར་བྱས་ཏེ། ཐམས་ཅད་དུ་གདུགས་དང་རྒྱལ་མཚན་དང་བ་དན་གྱིས་བརྒྱན་ནས་བདུག་པ་སྣ་ཚོགས་ཀྱི་སྣོད་ཀྱིས་བདུགས་ཏེ། མེ་ཏོག་སྣ་ཚོགས་བཀྲམ་ཞིང་མེ་ཏོག་གི་ཕྲེང་བ་སྣ་ཚོགས་ཀྱིས་མཛེས་པར་བྱས་ལ། དེར་གཡོག་གི་བྱ་བ་བྱེད་པ་གང་ཡིན་པ་དེ་དག་གིས་ཀྱང་ཇི་ལྟར་རྒྱལ་པོ་བཙུན་མོའི་འཁོར་དང་བཅས་པ་རྣམས་སྤངས་པ་བཞིན་དུ་སྤང་བར་བྱ་ཞིང་གཙང་མས་གོས་དང་། ཟས་དང་སྐོམ་གཙང་མར་བྱས་ཏེ། འདུས་པ་ཆེན་པོའི་རི་མོའི་གཟུགས་རྒྱལ་པོའི་གདན་ལ་བཞུགས་ནས་དེའི་མདུན་དུ་ས་གཞི་སྐྱོང་ནུལ་གྱིས་ལེགས་པར་བྱུགས་པ་ལ་དཀྱིལ་འཁོར་བྱའོ། །བདག་ཉིད་ཀྱང་ཁྲུས་ལེགས་པར་བྱས་ཤིང་གོས་གཙང་མ་བགོས་ལ། གཡོག་དེ་རྣམས་ཀྱང་དེ་བཞིན་དུ་བྱེད་དུ་གཞུག་གོ །གང་གི་ཚེ་ས་གཞི་དག་པར་བྱེད་པ་དེའི་ཚེ། ཐོག་མར་བའི་རྣམ་ལྔས་རྒྱལ་པོའི་ཕོ་བྲང་ཐམས་ཅད་ཆག་ཆག་གདབ་བོ། །ཡང་ན་སྤོས་ཐམས་ཅད་ཀྱི་ཆུས་གདབ་བོ། །དེ་ནས་དཀྱིལ་འཁོར་ཁྲུ་བཅུ་དྲུག་པ་གྲུ་བཞི་ལྷམ་པར་བྱས་ལ། དེར་ཁ་ཟས་རོ་སུམ་བརྒྱ་པ་དང་། འབྲུ་མར་དྲི་ཞིམ་པོས་བསྒོས་པའི་མར་མེ་སུམ་བརྒྱ་དྲུག་ཅུ་དང་། གདུགས་སྟོང་ཉིས་བརྒྱ་སུམ་ཅུ་དང་། བ་དན་སྟོང་ཉིས་བརྒྱ་སུམ་ཅུ་དང་། བུམ་པ་སུམ་ཅུ་རྩ་གཉིས་དང་། བུམ་པ་ཆེན་པོ་བཞི་དང་། རྔ་བོ་ཆེ་བཞི་གཞག་པར་བྱའོ། །གཟུངས་སྔགས་འདི་ཡང་དཀྱིལ་འཁོར་དེའི་དབུས་སུ་གཞག་པར་བྱའོ། །སིལ་སྙན་མང་པོ་དཀྲོལ་ཞིང་རོལ་མོའི་སྒྲ་མང་པོ་ཡང་བསྒྲག་པར་བྱའོ། །དེ་ནས་སྒྲུབ་པ་པོས་ཚངས་པ་ལ་སོགས་པ་ལྷ་རྣམས་ལ་བསྟོད་པ་གདོན་ཅིང་གཟུངས་སྔགས་འདི་ཡང་བཟླས་བརྗོད་བྱ་སྟེ། སྒྲུབ་པ་པོ་ངས་སྒྲུབ་པའི་ཟླ་གང་ལྷ་ཐམས་ཅད་ཀྱི་བསྟོད་པ་སྣ་ཚོགས་ཤེས་པ་གཞག་པར་བྱའོ། །ལས་འདི་ཞག་བདུན་གྱི་བར་དུ་བྱས་ནས་མཇུག་བརྟུལ་ཏེ་ཞག་བདུན་པའི་ཉིན་པར་ཁྲུས་བྱའོ། །ལས་འདི་ནི་ཇི་ལྟར་སྔར་སྨོས་པ་དེ་བཞིན་དུ་ཚེས་ལྔ་ལ་བྱའོ། །སྒྲུབ་པ་པོ་ཉིད་ཀྱང་དཀྱིལ་འཁོར་གྱི་དྲུང་དུ་འདུག་པར་བྱའོ། །མེའི་ཐབ་ཁུང་ནི་གཉིས་ཏེ། གཅིག་ནི་སྒྲུབ་པ་པོའི་


DKG059_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བྱའོ། །གཅིག་ནི་སྒྲུབ་པའི་ཟླ་བའི་ཕྱིར་བྱས་ལ། དེར་ལས་ཀྱིས་སྦྱིན་སྲེག་ལན་བརྒྱ་རྩ་བརྒྱད་བྱའོ། །རྟ་གནས་ཀྱི་གཟུངས་སྔགས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །རྩྭ་དཱུར་བའི་སྦྱིན་སྲེག་ཀྱང་ལན་བརྒྱ་རྩ་བརྒྱད་བྱའོ། །གུར་གུམ་གྱི་ཆུས་དཀྱིལ་འཁོར་གསེར་གྱི་ཁ་དོག་བཞིན་དུ་གྱུར་གྱི་བར་དུ་ཆག་ཆག་མང་དུ་གདབ་པར་བྱའོ། །སྦྱིན་སྲེག་གི་མར་ནི་དྲི་ཞིམ་པོས་བསྒོས་པས་སྦྱིན་སྲེག་བྱའོ། །དཀྱིལ་འཁོར་སྐྱོང་ནུལ་གྱིས་མཛེས་པར་བྱུགས་ལ། གང་གི་ཚེ་བཟླས་བརྗོད་རྩོམ་པ་ན་རྔ་བོ་ཆེ་རྡུང་ཞིང་རོལ་མོའི་སྒྲ་རྣམས་བསྒྲགས་ཏེ། དཀོན་མཆོག་གསུམ་ལ་མཆོད་པ་བྱས་ལ་ཐོག་མ་ཚེས་ལྔའི་ཉི་མ་ནུབ་ཀའི་དུས་སྐབས་སུ་ལས་འདི་བརྩམ་ཞིང་གསང་སྔགས་བཟླས་བརྗོད་བྱའོ། །ཡང་ན་ཚེས་དྲུག་གམ་བདུན་ལ་བརྩམ་པར་བྱའོ། །ནང་པར་གྱི་དུས་སྐབས་སུ་ཐོག་མར་མེ་ལྷ་སྤྱན་དྲངས་ལ། ཇི་ལྟར་སྔར་བསྟན་པ་བཞིན་དུ་རྩྭ་དཱུར་བའི་སྦྱིན་སྲེག་བྱའོ། །རོའི་ཁ་ཟས་དེ་དག་ཀྱང་ཕྱིར་ཕྱུང་ལ་གསར་པ་གཞན་གཞག་པར་བྱ་སྟེ། ཞག་གསུམ་མམ། ཞག་བདུན་གྱི་བར་དུ་སྦྱིན་སྲེག་ཟིན་པའི་རྗེས་ལ་རོའི་ཁ་ཟས་དེ་གསར་པ་རྣམས་གཞག་པར་བྱའོ། །དཀྱིལ་འཁོར་དེའི་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དང་། དམ་པའི་ཆོས་དང་། སྐུ་གདུང་ཡང་གཞག་པར་བྱའོ། །དཀྱིལ་འཁོར་དེར་གདུགས་བཅུ་དང་། རྒྱལ་མཚན་བཅུ་དང་། བ་དན་བཅུ་དང་། རྔ་བོ་ཆེ་བཅུ་དང་། དྲིལ་བུ་བཅུ་དང་། མེ་ཏོག་གི་ཕྲེང་བ་སུམ་བརྒྱ་དྲུག་ཅུ་དང་། མར་མེ་སུམ་བརྒྱ་དྲུག་ཅུ་རྣམས་གཞག་པར་བྱའོ། །ལས་དེ་ལྟར་བྱས་པའི་རྗེས་ལ་དཀྱིལ་འཁོར་དེ་ཉིད་དུ་ཚེས་བརྒྱད་ལ་བརྩམས་ཏེ། ཚེས་བཅྭ་ལྔའི་བར་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྒྱས་པར་བརྩམ་ཞིང་བཟླས་བརྗོད་བྱའོ། །གང་གི་ཚེ་རྟ་གནས་ཀྱི་གཟུངས་སྔགས་ཀྱི་ལས་དེ་དག་གིས་ལས་ཆེན་པོ་རྩོམ་མམ། ཡང་ན་གཡུལ་ཆེན་པོའི་ནང་དུ་འགྲོ་བར་འདོད་དམ། ཡང་ན་རྒྱལ་པོ་ཆེན་པོའི་དབང་ཕྱུག་གི་བདག་པོ་ཐོབ་པར་འདོད་ན་རྟ་གནས་ཀྱི་གཟུངས་སྔགས་འདི་ཇི་ལྟར་འདི་ལས་ཆོ་ག་རྒྱས་པ་སྔར་སྨོས་པ་དེ་བཞིན་དུ་བཟླས་བརྗོད་བྱས་


DKG059_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ནས། དེའི་ཚེ་ལྷ་རྣམས་དམ་པ་དང་། དབང་བསྐུར་བ་སྦྱིན་པར་བྱེད་དོ། །གང་གི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་རྒྱས་པས་བཟླས་བརྗོད་བྱ་བར་རྩོམ་པ་ན་དཀྱིལ་འཁོར་དེ་ཉིད་དུ་སྔ་མའི་ལུགས་བཞིན་དུ་བྱས་ན། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་སྔོན་འོད་ཟེར་བཏང་ཞིང་གཟུངས་སྔགས་བསྐུར་བ་གང་ཡིན་པ་དེ་དག་གི་ཐུགས་ལས་སྐྱེས་པས་སྐུ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མང་པོ་དང་ཐབས་ཅིག་ཏུ་དེར་གཤེགས་ནས་དམ་པ་ཡང་སྩོལ་བར་མཛད་དེ་ལས་འདི་ནི་ཇི་ལྟར་འདོད་པ་དེ་བཞིན་དུ་འགྲུབ་པ་ཡིན་ནོ། །གཟུངས་སྔགས་འདིའི་ལས་འདི་དག་ཆོ་ག་རྒྱས་པ་འདིའི་ལས་རྣམས་ནི་གང་གི་ཚེ་ལས་ཆེན་པོ་རྩོམ་མམ། ཡང་ན་དགྲ་མཐོང་ནས་གཡུལ་དུ་འགྲོ་བ་དེའི་ཚེ་བཟླས་བརྗོད་བྱས་ཏེ། ཡ་ལ་ད་ལ་བཟླས་བརྗོད་བྱས་ན་བདག་ཉིད་བསྲུང་བར་འགྱུར་རོ། །དགྲ་སྟ་ལ་བཟླས་བརྗོད་བྱས་སམ། གཞུ་ལ་བཟླས་བརྗོད་བྱས་སམ། མདའ་ལ་བཟླས་བརྗོད་བྱས་ཏེ། དཀྱིལ་འཁོར་དེར་གུར་གུམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་དམག་མི་ཐམས་ཅད་དང་། རྟ་ཐམས་ཅད་ཀྱི་དཔྲལ་བར་ཐིག་ལེ་བྱས་ལ་གྲོང་ཁྱེར་གྱི་སྒོ་རྣམས་སམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་པོའི་ཁབ་ཀྱི་སྒོ་རྣམས་སུ་གུར་གུམ་དེས་བསྐུས་ན་ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ནས་ཡང་ལྷ་རྣམས་ཀྱིས་གཟུངས་སྔགས་གཞན་བྱིན་ཏེ། ན་མོ་བྲཤྤུ་མ་ནེ། ན་མ་སརྦ་དེ་བ་ནཱན། ཏདྱ་ཐཱ། བྲཤྤུ་མ་ན། ཨིན་དྲི་དེ་བ་ནཱན། པྲ་ཏི་J04,V055,P1A ཏེ། ཨ་ཤྭསྠཱ་ནེ། བ་ར་ཨི་ས་ཏ་བ་ཕ་སྨ་བ། ཧ་རེ། ཨཱ་མ་བྷ་ཀུ་པ་ག་ག་ཀྲི་ཤྲཱི་བཾ་ཀ་ར། སརྦ་དེ་བ་གྲཱ་བཱ་སྭཱ་ཧཱ། འདི་ནི་ཆོལ་བའི་གཟུངས་སྔགས་ཡིན་ཏེ། ཇི་ལྟར་འདོད་པ་བཞིན་དུ་དཀྱིལ་འཁོར་དེར་བཟླས་བརྗོད་བྱའོ། །གུར་གུམ་ལ་ལན་བདུན་བཟླས་བརྗོད་བྱས་ན་རྟ་གནས་ཀྱི་གཟུངས་སྔགས་ཀྱི་སྐབས་སུ་སྔར་བཤད་པའི་ལས་དེ་དག་ཐམས་ཅད་ཀྱང་བྱེད་པར་འགྱུར་ཏེ། ལན་བདུན་བཟླས་


DKG059_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱེད་པའི་མཆོད་པའི་ཆོ་ག་ནི་སྔར་བཤད་པ་ཡིན་ནོ། །གང་གི་ཚེ་དམག་གི་ནང་དུ་འགྲོ་བ་ན་དེའི་ཚེ་གསང་སྔགས་འདི་དང་། རྟ་གནས་ཀྱི་གསང་སྔགས་ལན་བདུན་བདུན་བཟླས་བརྗོད་བྱས་ན་སྔར་བཤད་པའི་འོད་ཟེར་དང་། གཟུངས་སྔགས་རྣམས་དང་བཅས་པར་དམག་དཔོན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་ཤིང་ལུས་ལ་ཡང་བཅང་བར་བྱའོ། །གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་ཀྱི་བཟླས་བརྗོད་རྩོམ་པ་དེའི་ཚེ། ཞག་བདུན་གྱི་བར་དུ་ལྷའི་གནས་སུ་འགྲོ་བ་བཞིན་དུ་གཙང་སྦྲ་བྱས་ཏེ། སྤོང་བ་རྣམས་འདི་ལྟར་བྱའོ། །ཚེས་བཅུ་གསུམ་ལ་རྩོམ་ན་ནི་ཀུན་སྤང་བར་བྱའོ། །ཚེས་བཅུ་བཞི་ལ་རྩོམ་ན་ནི་ཤ་བཟའ་བར་མི་བྱའོ། །ཚེས་བཅྭ་ལྔ་ལ་རྩོམ་ན་ནི་འབྲས་ཆན་འོ་མ་དང་སྦྱར་བ་འམ། འབྲས་ཀྱི་འོ་ཐུག་གམ། འབྲས་ཆན་དང་མར་བཟའ་བར་བྱ་སྟེ། ཆུ་བཏུང་བར་མི་བྱའོ། །དེ་ནས་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་འདི་བྱིན་ནོ། །ན་མ་ཤྲཱི་སུ་བཋྛུཏ་ཏ་མ་པྲ་བ་བྷ་ས་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། བུད་བ་དྷརྨེ། ཨ་སང་ག་པྲ་ཏི། བ་སེ། བོ་དྷི་བོ་དྷི། དྲ་བེ་ཤྲཱི་ས་རེ་ས་རེ། བི་སརྦེ་དུཿ ཁ་ཤྲཱི་བཾ་ཀ་ར་སརྦ་དུར་པྲ་བྷ་སེ་བ་ར་ཁྲི་ཏི་ཏི་སྭཱ་ཧཱ། གཟུངས་སྔགས་འདི་གང་དུ་རྟ་གནས་ཀྱི་རིག་སྔགས་བཟླས་བརྗོད་བྱེད་པ་དེར་བརྗོད་པར་བྱ་སྟེ། དངོས་གྲུབ་གང་འདོད་པ་དང་། ལས་གཞན་གང་བྱེད་ཀྱང་རུང་། ཡང་ན་གཏེར་འདོད་ན་ཡང་གཟུངས་སྔགས་འདི་ལན་སུམ་ཅུ་རྩ་གསུམ་བཟླས་བརྗོད་བྱའོ། །དེ་ནས་འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་ཐམས་ཅད་ཀྱིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །J04,V055,P1B གནོད་སྦྱིན་ནམ། འབྱུང་པོ་ཇི་སྙེད་མཆིས་པ་དེ་དག་བཟློག་པའི་སླད་དུ་བདག་ཅག་གིས་གཟུངས་སྔགས་འདི་བཤད་པར་འཚལ་ཏེ། འབྱུང་པོ་དང་། རིམས་དང་ནད་ཐམས་ཅད་ཞི་བར་བགྱིད་པ་དང་། གཞན་ཡང་སྐྱེས་པའམ། བྱིས་པ་རྣམས་ཀྱི་ནད་གང་ཅི་ཡང་རུང་བ་དག་ལ་ལན་གསུམ་བསྲུང་བར་བགྱིའོ། །ཡང་ན་མདུད་པ་གསུམ་བགྱིས་ཏེ་བཏགས་ན་འབྱུང་པོས་བཏང་བའི་ནད་རྣམས་ཞི་བར་འགྱུར་རོ། །གང་གི་བུ་བཙས་ནས་མི་འཚོ་བ་དེས་ནི་བདག་ཉིད་ཀྱིས་བསྒྲུབ་


DKG059_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། བུ་རྣམས་ཀྱང་བསྲུང་བར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་གྲུབ་པ་སྩལ་བར་གསོལ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་མཚན་གྱིས། གཟུངས་སྔགས་འདི་གསུངས་སོ། །ཏདྱ་ཐཱ། བད་ཀུ་དྲི། བ་ཛ་ལ་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རྡོ་རྗེ་རྒྱལ་མཚན་གྱིས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་བྱ་བའི་ཕྱིར་གསུངས་ཏེ། གང་གི་སྣ་ནས་ཁྲག་འབྱུང་བ་དང་། གང་གི་ལུས་ལ་རྨ་བྱུང་བ་དང་། ཡང་ན་གཞི་གཞན་ལས་གྱུར་ཏེ། བུད་མེད་རྣམས་ཀྱི་ལུས་ལས་ཁྲག་འཛག་ཅིང་འབྱུང་བ་ལ་སྐུད་པ་དམར་པོ་ལ་སྔགས་ལ་སྤྱི་བོར་གདགས་པར་བྱས་ཏེ། རྨ་ལ་ནི་བྱུག་པར་ཡང་བྱའོ། །ཇི་སྟེ་རིམས་སམ། འབྱུང་པོས་བཏང་བའི་ནད་དམ། སྐྲངས་པར་གྱུར་ན་དེ་ལ་སྐུད་པ་ལ་སྔགས་ནས་མདུད་པ་བཅུ་བྱས་ཏེ་མགུལ་དུ་གདགས་སོ། །གང་ལ་འཁྲུ་བའམ། མཁྲིས་པ་ལས་གྱུར་པའི་འཁྲུ་བ་ཡོད་པ་དེ་ལ་ནི་སྐུད་པ་སེར་པོ་ལ་མདུད་པ་བཅུ་བྱས་ཏེ་རྐེད་པ་ལ་གདགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་སྔགས་འདི་བཤད་དོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ས་རེ་ས་རེ། བི་ས་རེ་བི་ས་རེ་བི་ཤ་ན་ཤ་ནི་ཡེ་སྭཱ་ཧཱ། འབྱུང་པོས་བཏང་བའི་ནད་ཐམས་ཅད་དང་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་སྟེ། གང་གི་ཚེ་ནད་པ་ཤི་ལ་ཐུག་པར་གྱུར་ཏེ། མདངས་ཕྲོག་པས་སྲོག་J04,V055,P2A གི་ཕྱེད་འཕྲོགས་པ་དེ་ལ་གཟུངས་སྔགས་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། བོ་དྷ་བོ་དྷ། ཨཱ་བ་ལ་ཀི་ཏེ་ཤྭ་ར། ར་པྲ་བྷ་སེ་བྷུ་ཏ་ཛམ་བྷེ། ཕུ་ཕུ་ཕུ་ཕུ། ཀ་རུ་ལེ་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་རིམས་ནད་ཐམས་ཅད་དང་། འབྱུང་པོའི་གདོན་ཐམས་ཅད་ཞི་བར་བྱ་བ་ལ་ལན་གསུམ་བརྗོད་ལ་སྐུད་པ་ལ་མདུད་པ་གསུམ་བོར་ཏེ་གདགས་སོ། །བཟླས་བརྗོད་ནི་ཟན་ཟོས་པའི་འོག་ཏུ་བྱའོ། །གཟུངས་


DKG059_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་སངས་རྒྱས་ཐམས་ཅད་དང་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་སོ། །ན་མོ་ཨ་སྟི་ཀ་རཱ་ཛ་ཀ་རི་བུད་དྷ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ་ཨང་ག་རེ། མང་ག་རེ་ཕུ་བ་ཙ་ག་རེ། ཕུ་བཛྲ། ཕུ་བུད་དྷ་རཱ་ཛེ་ཕུ་ཧྱ་རེ་ཏེ་ཕུ་དྲི་པ་རེ་ཕུ་སྭཱ་ཧཱ། དུག་གི་གསང་སྔགས་ཡིན་ཏེ། གང་གིས་དུག་འཐུངས་སམ། ཕོལ་མིག་བྱུང་ངམ། རྨ་རེད་པ་ལ་ཁ་ཟས་སམ། ཡང་ན་ཆུའམ། སྨན་ནམ། ས་ལ་ལན་བདུན་བཟླས་བརྗོད་བྱས་ན་ཐམས་ཅད་ཞི་བར་འགྱུར་རོ། །དེའི་ཚེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱིས་གཟུངས་སྔགས་བཤད་དེ། སྔར་གང་གི་ཡོན་ཏན་གསུངས་པ་དེ་དག་གི་མཚན་མས་བཤད་པའི་གཟུངས་སྔགས་བདག་ཅག་གིས་སྩལ་བར་བགྱིའོ། །ཏདྱ་ཐཱ། ཤཱ་ན་ཏ་མུ་ཁི་བི་མུ་ཁི་བི་མ་ལེ། བི་མུ་ཁེ། ཌ་ཌྷ་ཁ་མུ་ལ་སྭཱ་ཧཱ། གཟུངས་སྔགས་འདི་ནི་འབྱུང་པོའི་རིམས་ཐམས་ཅད་དང་། ནད་བཞིའི་རིམས་རྣམས་དང་། ནད་འགོ་བ་ཞི་བར་བགྱིད་པ་སྟེ། གཟུངས་སྔགས་འདི་ནི་འབྱུང་པོ་རྣམས་ཀྱིས་འགལ་བར་བགྱིར་མི་རུང་བ་ལགས་སོ། །གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་བཟླས་བརྗོད་བགྱིད་པ་ན་ཐོག་མར་གསང་སྔགས་འདི་དག་གིས་སྐུད་པ་གདགས་པར་བགྱིའོ། །དཀྱིལ་འཁོར་གྱི་ནང་དུ་མཆི་བའི་ཚེ་ཡང་དེར་མཚམས་འཛིན་པ་འདི་དག་བཞག་པར་བགྱི་སྟེ། གཟུངས་སྔགས་རེ་རེ་ཡང་ལན་གསུམ་གསུམ་བརྗོད་ལ་མདུད་པ་གསུམ་བོར་ཏེ། སངས་རྒྱས་ཀྱི་སྤྱན་སྔར་བདུག་པ་ཐམས་ཅད་ཀྱིས་བདུག་པར་བྱའོ། །དཀྱིལ་འཁོར་གྱི་མདུན་དེར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་རི་མོའི་གཟུགས་བྲིས་པ་བཞག་ལ་དུ་རུ་ཀའམ། ཨ་ག་རུ་ནག་པོའི་བདུག་པ་བསྲེག་J04,V055,P2B པར་བགྱིའོ། །ལྷ་རྣམས་ལ་ནི་སྲ་རྩི་པོག་དང་། གུ་གུལ་གྱི་བདུག་པ་བསྲེག་པར་བྱ་སྟེ། དེའི་ཚེ་འདི་སྐད་སྨོན་ལམ་གདབ་པར་བགྱིའོ། །ཇི་ལྟར་བདག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡུལ་གྱི་ཡུལ་འཁོར་བསྲུང་བའི་ཕྱིར་ལས་སུ་བཀའ་སྩལ་པ་དང་། ཇི་ལྟར་ལྷ་རྣམས་ཀྱིས་བདག་གི་གྲོགས་སུ་བགྱིའོ་ཞེས་དམ་བཅས་པ་དང་། སངས་རྒྱས་རྣམས་ཀྱིས་བཀའ་


DKG059_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ་དང་། ལྷ་རྣམས་ཀྱིས་དམ་བཅས་པ་བཞིན་དུ་བདག་གི་ལས་འདི་དེ་བཞིན་དུ་དེས་གྲུབ་ཅིང་མཐར་ཕྱིན་པར་གྱུར་ཅིག་ཅེས་བགྱིའོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་འདི་དག་བཤད་དོ། །དེ་བཞིན་གཤེགས་པ་གསེར་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དྲི་མ་མེད་པར་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགོངས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རབ་ཏུ་འཇིགས་ཤིང་བག་ཚ་བ་དང་བྲལ་བ་དྲང་སྲོང་ཆེན་པོར་གྲགས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཀ་ར་བ་ར། ཨི་རི་བ་ར། ས་སུ་ར་མ་མ་ར། བ་བ་ར། བུད་དྷ་ཨ་དྷི་ཏེ། དྷརྨ་ཨ་དྷི་ཏེ། སང་ག་ཨ་དྷི་ཏེ། བྲཤྤུ་ཨ་དྷི་ཏེ། ཤ་ཀྲ་ཨ་དྷི་ཏེ། བཛྲ་པཱ་ཎི་གུ་ཧྱ་ག་ཨ་དྷི་ཏེ། བིད་ཏྱཱ་དྷི་ཏེ། སརྦ་དེ་པ་ཨ་དྷི་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལག་ན་རྡོ་རྗེའི་གསང་བའི་ཡེ་ཤེས་ཆེན་པོའི་མདོ་ལས་གསུངས་ཏེ། ནད་ཐམས་ཅད་དང་། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཡིན་ནོ། །དེ་བཞིན་གཤེགས་པ་གནོད་པ་ཐམས་ཅད་གཅོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བཛྲ་ཀ་ར། ད་ར་མ་ར། ས་ར་བ་ཏ་ཪྱ། ཨ་ཥ་ཥ། བི་བི་སུ་ཁ་ཀ་རཱ་སྭཱ་ཧཱ། གཟུངས་སྔགས་འདི་ནི་དབང་བསྐུར་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །སྱཱདྱ་ཐེ་དན། དེ་བ་ཙ་ར་པ་ད་མཱ་ར། མཎ་ཌ་ལ་ས་མཱ་སེ་དེ་བ་ནཱ་ནཱ། བུད་དྷ་དེ་བ་ནཱ་ནཱ། པུཎྱཱ་ཀ་ར། སརྦ་པརྵ་ཀཪྱ། པྲཛྙཱ་ནཱ་ནཱ། ཨཱ་ཧ་ར་མི་ཀ་ར་སིད་དྷ་ན་སྭཱ་ཧཱ། དབང་བསྐུར་བའི་ཕྱིར་འཁོར་ཐམས་ཅད་ཀྱིས་སྨྲས་སོ། །ཏདྱ་ཐཱ། ཚད་ཙ་ར་ཙ་ར་ཙ་ར། ཀ་ར་ཧུ་རུ་ར། ཀྵེ་ཧོ་ར་ར། ད་ད་ད་ད། ཀ་རཀྵ་སྭཱ་ཧཱ། ཇི་ལྟར་བདུད་ཀྱི་དཔུང་གིས་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེའི་གདན་ལས་བསྐྱོད་མ་ནུས་པ་དེ་བཞིན་དུ་གསང་སྔགས་འདིས་གཞོན་ནུ་


DKG059_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་སྡེ་ཉིད་ཀྱིས་དམ་བཅས་པ་ལས་སུས་ཀྱང་བསྐྱོད་པའམ། བཟློག་པར་མི་ནུས་སོ། །དེ་ནས་འཁོར་དེའི་ནང་ནས། དམོད་པས་ཕོག་པའི་ལྷ་མོ་དང་བུད་མེད་འཁོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་བུད་མེད་དུ་སྐྱེ་བ་ལས་ཐར་བར་འགྱུར་བའི་གཟུངས་སྔགས་བཅོམ་ལྡན་འདས་ལས་མནོས་ལ། བདག་ཅག་ལ་བྱིན་ཅིག་དང་། བདག་ཅག་གིས་ཁྱོད་ལས་གཟུངས་སྔགས་གཟུང་བར་བྱའོ། །དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས། སངས་རྒྱས་བཅོམ་ལྡན་འདས་ལ་གཟུངས་སྔགས་གསོལ་ནས་བྱིན་ནོ། །ཏདྱ་ཐཱ། ཛ་ལོ་ཀ་མན་ཏ་པ། སརྦ་བྷུ་ཡ་སྲ་ཀ་ར་སྭཱ་ཧཱ། གཟུངས་སྔགས་འདི་ཅི་སུས་བརྗོད་པ་ནི་བུད་མེད་དུ་སྐྱེ་བ་ལས་ཐར་བར་འགྱུར་རོ། །ཏདྱ་ཐཱ། སརྦ་བྷུ་དྷ་ནཱན། སརྦ་དེ་ག་མ་ར། གན་པ་ཤ་ར་ར་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དང་། ལྷ་ཐམས་ཅད་ཀྱིས་གཟུངས་སྔགས་འདི་བཤད་དེ། འདིས་ནི་བར་ཆད་བྱེད་པར་མི་ནུས་སོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷ་རྣམས་ལ་འདི་སྐད་ཅེས་གསོལ་ཏོ། །གཟུངས་སྔགས་གང་གིས་ཤེས་རབ་འཐོབ་པར་འགྱུར་བ་དང་གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་སུག་ལས་དེ་དག་བགྱིད་ནུས་པར་འགྱུར་བ་དང་། བདག་ཅག་ལ་བར་ཆད་བགྱིད་མི་ནུས་པ་དང་། བདག་གི་བར་ཆད་བགྱི་བར་སྨོན་ལམ་འདེབས་པ་དེ་དག་གིས་ཀྱང་བདག་ལ་གཙེ་བར་མི་ནུས་པ་དང་། བདག་གིས་རིམ་གྱིས་སངས་རྒྱས་ཀྱི་ཕྲིན་ལས་བགྱིད་པར་འགྱུར་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཆོས་དང་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་བའི་གཟུངས་སྔགས་དེ་བདག་ལ་སྩལ་དུ་གསོལ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་འདི་སྐད་ཅེས་གསུངས་སོ། །སུས་ཀྱང་སེམས་འཁྲུག་པར་བྱེད་མི་ནུས་པར་ངེད་ཀྱིས་གྲོགས་བྱའོ། །དེ་བཞིན་གཤེགས་པ་ཆོས་མངོན་པའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་


DKG059_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨ་བྷི་ཥེ་ཀྱ། བིད་ད་བྷི། ཨ་ར་བིཪྱ་ཛ་བ་ར། ཀུ་མ་ས་སརྦ་ཨ་བ་པྲཱི་ཡ་ད་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་ཐམས་ཅད་ཀྱིས་དྲི་མ་མེད་པའི་འོད་ཀྱི་ཕྱིར་གསུངས་སོ། །ཏདྱ་ཐཱ། བྲ་ཤྤུ་ཤ་ཀྲ་ཙ་ས་བ་ཧི། པུ་ར་མྲ་ག་ག་མ་ན། ཀུ་ས་མ་ན་ཛ་ནཱ་དཱ་ནུ། པ་ར་མ་ཛི་ན་ན་ཛྭ་ར་ཛ་ར་ནི། ཛི་ན་པི་བ་ན་ཀ་ར། ཀ་ད་ར་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དྲི་མ་མེད་པའི་འོད་ལ་སྣང་བ་རྣམས་ཀྱིས་ཅི་ནས་ཀྱང་སྡིག་པའི་ལས་བྱེད་མི་ནུས་པར་བྱ་བའི་ཕྱིར་གསུངས་ཏེ། སྐུད་པ་ལ་མདུད་པ་བདུན་བོར་ལ་མགུལ་དུ་བཏགས་ན་བར་ཆད་བྱེད་པའམ། ཕམ་པར་བྱེད་མི་ནུས་སོ། །ཏདྱ་ཐཱ། ཧ་དེ་བྷཱི་ཧཱ་ཏེ། ཡ་ཀུ་ན་མ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་སྡིག་པ་བསལ་བའི་ཕྱིར་བཤད་དེ། བསྲུང་བའི་ཕྱིར་སྐུད་པ་ལ་མདུད་པ་བདུན་བོར་ནས་མགུལ་དུ་བཏགས་ཏེ་ཟན་ཟོས་པའི་འོག་ཏུ་བརྗོད་པར་བྱའོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །གཟུངས་གང་གིས་མིག་ནད་ཞི་བར་འགྱུར་བ་དེ་ཡང་བདག་ལ་སྩལ་དུ་གསོལ། དེ་བཞིན་གཤེགས་པ་མིག་རྣམ་པར་སྦྱོང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མིག་གི་རབ་རིབ་ཀྱི་མུན་པ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྤྱན་ལ་གནས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཏ་ཏ་ཙཀྵུ་ར་མ་ལ་བ། མ་བྷི་ས་ར་མ་མ་ཙཀྵུཿ ཤྲོད་ཏྲ། པྲ་བྷ་ཀ་ས་ཀར་སྭཱ་ཧཱ། གཟུངས་སྔགས་འདི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས་ཉིན་གཅིག་བཞིན་དུ་ཆུ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་མིག་ལ་ཕྱི་བར་བྱའོ། །མིག་སྨན་ལ་ལན་ལྔ་བཟླས་བརྗོད་བྱས་ཏེ་བྱུག་པར་བྱའོ། །ན་མོ་བཛྲ་དྷ་ར་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཨིན་ཊི་ནི་བི་ཊི་ནི། ནི་ག་ར་ཨ་ག་རེ། བ་ཁ་རེ་ཕུ། ཀ་ཁ་ཁཱ་རེ་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་ནི་འཇིགས་པ་ཐམས་ཅད་བསལ་བ་དང་། གྲོང་


DKG059_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར་བསྲུང་བའི་ཕྱིར་བྱ་བ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ་ལ་དེ་སྐད་ཅེས་བཀའ་སྩལ་ནས། དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲའི་བུ་གཞོན་ནུ་རྡོ་རྗེ་སྡེ་གང་གི་ཚེ་བཙས་པ་དེའི་ཚེ་བདག་གི་བུས་ཕྱིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཅི་ནས་ཀྱང་ཐོབ་པར་བྱ་བའི་ཕྱིར་དེའི་ནུ་བོ་རྒྱལ་པོའི་བུ་གཞོན་ནུ་རྒྱལ་པོ་མ་སྐྱེས་དགྲའི་ནུ་བོའི་མཐེ་བོང་བུ་ཕོས་གཅོད་དུ་བཅུག་པའི་རྒྱལ་པོའི་བུ་གཞོན་ནུ་འཁོར་དེའི་ནང་ན་འདུག་པ་དེས་སྨོན་ལམ་འདི་སྐད་ཅེས་བཏབ་བོ། །གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་སྲིད་འཛིན་པར་འགྱུར་བ་དེའི་ཚེ་བདག་ལི་ཡུལ་གྱི་རྒྱལ་པོར་གྱུར་ཏེ། གཡུལ་གཉིས་ཀ་གཟུང་བའི་ཕྱིར་བདག་དེའི་གྲོགས་སུ་གྱུར་ལ། དེ་ཕྱིན་ཆད་གཅིག་ལ་གཅིག་དགྲ་བྱེད་པ་མེད་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཚེ་བྲམ་ཟེ་ཀཽཎྜི་ནྱས་སློབ་མ་བྲམ་ཟེའི་བུ་ཞིག་ཡོད་པ་ལས་དེས་བྲམ་ཟེའི་སངས་རྒྱས་ལ་མ་དད་པ་གཞན་ཞིག་གི་སློབ་མར་བྱིན་ནས། བྲམ་ཟེ་དེ་ཡང་རབ་ཏུ་བྱུང་བ་མ་ཡིན་ཏེ། འཁོར་དེའི་ནང་ན་འདུག་པ་དེས་སངས་རྒྱས་བཅོམ་ལྡན་འདས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་མཐོང་ངོ་། །དེ་ནས་སྨོན་ལམ་བཏབ་པ། བདག་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ངེས་པ་ཁོ་ནར་བསླབས་ཏེ། རྟོགས་པར་བྱས་ལ་ལྷ་མོ་དྲི་མ་མེད་པའི་འོད་དེ་ལ་རྟ་གནས་ཀྱི་གཟུངས་སྔགས་དེ་གྲུབ་པར་བྱ་བའི་ཕྱིར། གཟུངས་སྔགས་སྦྱིན་པར་གྱུར་ཅིག་ཅེས་བྱས་སོ། །གང་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བདུད་ཀྱི་དཔུང་ལས་རྒྱལ་བར་འགྱུར་བའི་གཟུངས་སྔགས་འདིས་གཞོན་ནུ་རྡོ་རྗེ་སྡེ་རྒྱལ་སྲིད་ཀྱི་བྱ་བ་ཆོས་བཞིན་དུ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིགས་མཆོག་ཀུན་ཏུ་དཔལ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། སརྦ་ཀར་ཎི། སརྦ་མ་ར་ཧ་ར་ཎེ། ཛ་ལི་ཛ་ཙ་ལི། མ་ར་བ་ར་ས་པ་བ་ར་སྭཱ་ཧཱ། བདུད་ཀྱིས་མི་ཐུབ་པའི་གཟུངས་སྔགས་འདི་ཟན་ཟོས་པའི་འོག་ཏུ་ལན་བདུན་བརྗོད་པར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་


DKG059_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདུད་བཅོམ་པ་དེ་བཞིན་དུ་གཞོན་ནུ་རྡོ་རྗེ་སྡེ་རྒྱལ་བར་འགྱུར་ཞིང་མཚམས་ཀྱང་གཅོད་པར་འགྱུར་རོ། །རྟ་གནས་ཀྱི་རིག་སྔགས་ཇི་ལྟ་བ་དེ་བཞིན་དུ་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གུར་གུམ་ལ་སྔགས་ཏེ་ཐིག་ལེ་བྱས་སམ་སྐུད་པ་ལ་མདུད་པ་བདུན་བོར་ཏེ། དཀྱིལ་འཁོར་གྱི་སྟེང་དུ་བཞག་ལ། ནམ་དམག་གི་ནང་དུ་འགྲོ་བ་དེའི་ཚེ་ལུས་ལ་བཏགས་ཏེ་བཅངས་ན་རྒྱལ་བ་འཐོབ་པར་འགྱུར་ཏེ། གཟུངས་སྔགས་སྔ་མ་རྣམས་ཇི་ལྟ་བ་དེ་བཞིན་དུ་བཟླས་བརྗོད་བྱའོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྟ་གནས་ཞེས་བྱ་བའི་གཟུངས་སྔགས་གསུངས་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ལྷ་རྣམས་དང་འཁོར་དེ་དག་ཐམས་ཅད་ལ་བཀའ་སྩལ་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ། འདིར་འདུས་པ་གང་ཡིན་པ་ཁྱེད་ཀྱིས་ཇི་ལྟར་ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་རྟ་གནས་ཞེས་བྱ་བའི་གཟུངས་སྔགས་བྱིན་པ་བཞིན་དུ་ངས་ཀྱང་ཁྱེད་ལ་གསང་སྔགས་སྦྱིན་པར་བྱ་སྟེ། གང་གིས་དགྲ་ཐམས་ཅད་དང་བར་འགྱུར་བ་དང་། གང་གིས་བདག་ཉིད་ཤིན་ཏུ་བྱིན་དང་ལྡན་ཞིང་གཟི་བརྗིད་དང་རབ་ཏུ་ལྡན་པར་འགྱུར་བ་དང་། གཞལ་མེད་ཁང་དང་། ཁྱིམ་གྱི་ནང་ན་གནས་པ་གང་ཡིན་པ་དག་ལ་བདེ་ལེགས་སུ་འགྱུར་བ་དང་། འཐབ་པ་དང་། གཡུལ་འགྱེད་པ་གང་ཡིན་པ་རྣམས་མེད་པར་འགྱུར་བའི་གཟུངས་སྔགས་འདི་ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལི་ཡུལ་གྱི་དོན་གྱི་ཕྱིར་འཁོར་བཞི་པོ་ཁྱེད་རྣམས་ལ་སྦྱིན་པར་བྱ་སྟེ། ཅི་ནས་ཀྱང་གཟུངས་སྔགས་འདིས་ཁྱེད་བྱིན་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པར་འགྱུར་བ་དང་། དེ་བཞིན་དུ་གཞོན་ནུ་རྡོ་རྗེ་སྡེ་གནོད་པ་ཐམས་ཅད་ལས་ཐར་བར་བྱའོ། །དེ་ནས་དེའི་ཚེ་སའི་དབང་ཕྱུག་སུམ་ཅུ་རྩ་གཉིས་པོ་དེ་དག་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་དབང་པོ་ཀུན་ཏུ་རྒྱལ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། འཕྲོག་མ་བུ་དང་འཁོར་དུ་བཅས་པ་དང་།


DKG059_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཡུལ་གྱི་སྲུང་མ་གང་ཡིན་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ལི་ཡུལ་སུག་པར་བླང་བར་འཚལ་ཏེ། གང་གི་ཚེ་དྲི་མ་མེད་པའི་འོད་དང་། རྡོ་རྗེ་སྡེ་དེར་སྐྱེ་བ་ལེན་པར་འགྱུར་བ་དང་། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་གཉིས་ཀྱི་སྟེང་དུ་འོད་ཟེར་གཏོང་ཞིང་དམ་པ་སྩོལ་བར་མཛད་པ་ན། དེར་བདག་ཅག་མཆི་ཞིང་དམ་པ་ཡང་སྩལ་བར་འཚལ་ན། བཅོམ་ལྡན་འདས་བདག་ཅག་ལ་གཟུངས་སྔགས་བཤད་དུ་གསོལ། བདག་ཅག་གིས་གཟུང་བར་འཚལ་ལོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་གཏོང་བ་གང་ཡིན་པ་དེ་དག་དང་། དེ་བཞིན་གཤེགས་པ་ཚིག་གི་བརྗོད་པ་གཏོང་བ་གང་ཡིན་པ་དེ་དག་གིས་གཟུངས་སྔགས་འདི་གསུངས་ཏེ། དེ་བཞིན་གཤེགས་པ་སྤོང་བའི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཤིན་ཏུ་འཕགས་པ་སངས་རྒྱས་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སེང་གེའི་ཆོས་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་མཉམ་པ་ཉིད་ཀྱི་རྒྱལ་སྲིད་ལ་གནས་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་སྙིང་རྗེའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྣམ་པར་སྣང་བྱེད་ཡོན་ཏན་བསྔགས་པ་དཔལ་གྱིས་བརྒྱན་པའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བ་ར་ཨིན་དྲེ། བ་ར་ཨ་པ་ར། ཨིན་དྲེ་ར་ནུ་མ་བྷེ། ཨཱ་ཀཱ་ཤ་ཀ་བ་ཀེ། ཨིན་དྲེ། སྟ་སྐ་བ་ཀ་ར་ཊ། བ་ད་ཀྲ་བ་བྷེ། ཥ་པ་སུ་ར། པྲ་ཏེ། ཏ་ཐ་ཐ་ཏན་དུ་རུ་ཨི་དྲ་དུ་སྭཱ་ཧཱ། གཟུངས་སྔགས་འདི་ནི་རྣམ་པར་སྣང་བྱེད་ཅེས་བྱ་སྟེ། གཟུངས་སྔགས་འདིས་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱི་སྙིང་དུ་སྡུག་པར་འགྱུར་ཏེ། གཟི་བརྗིད་དང་ལྡན་པར་འགྱུར་རོ། །སེམས་ཅན་


DKG059_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ངག་མཉན་པར་འགྱུར་ཞིང་བསྒོ་བ་མི་གཅོག་པར་འགྱུར་རོ། །མར་ཡང་འདིས་བཙོ་བར་བྱ་སྟེ་སྲ་རྩི་པོག་དང་། ཙན་དན་སྣ་གསུམ་དང་། ཛ་མ་ཀ་དང་། ཕ་བོང་གི་དྲེག་པ་དང་། འབུ་སུག་ཧང་དང་། ཀར་ཀོ་ཏ་དང་། ཤུག་པ་དང་། སུག་སྨེལ་དང་། པི་པི་ལིང་དང་། རྨ་ཤིང་དང་། ཨ་བ་ཡག་དང་། པུ་ཤེལ་ཙེ་དང་། སྣ་མ་དཀར་པོའི་མེ་ཏོག་རྣམས་ལས་སྨན་གཞན་རྣམས་བསྡོམས་པའི་ཚད་ཇི་ཙམ་ཡོད་པ་སྣ་མ་དཀར་པོའི་མེ་ཏོག་ཀྱང་དེ་ཙམ་དུ་བྱས་ཏེ། དེ་རྣམས་མར་དང་། ཆུའི་ནང་དུ་བཙོས་ལ། གཟུངས་སྔགས་འདི་དང་དཀྱིལ་འཁོར་འདིར་སྔར་བཤད་པའི་རྟ་གནས་ཀྱི་རིག་སྔགས་ཀྱིས་བཏབ་པར་བྱའོ། །དེ་ལྟར་བྱས་ན་ལེགས་པར་སྒྲུབ་པ་ཡིན་ཏེ། གང་གི་ཚེ་དེ་ཚོས་པར་གྱུར་པ་ན་ལན་སུམ་ཅུ་རྩ་གསུམ་བཟླས་བརྗོད་བྱས་ཏེ་འཐུངས་ན། ནད་ཀྱིས་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ་དེའི་ཚེ་ལྷ་རྣམས་ལ་བསྟོད་པ་བརྗོད་པར་བྱའོ། །རྣམ་པར་སྣང་བྱེད་ཅེས་བྱ་བའི་མར་འདི་དང་། རྣམ་པར་སྣང་བྱེད་ཅེས་བྱ་བའི་གཟུངས་སྔགས་འདི་ནི་ལྷ་དང་མི་རྣམས་དགའ་བར་བྱེད་པ་ཡིན་ནོ། །གང་གི་ཚེ་གཟུངས་སྔགས་འདི་བརྗོད་པ་དེའི་ཚེ་ལྷ་རྣམས་ཀྱི་དགའ་བའི་སྐྱེད་མོས་ཚལ་ཤིན་ཏུ་མཛེས་པར་གྱུར་ཏེ། སེམས་དང་ཞིང་དགའ་བར་གྱུར་ནས་དེའི་ཚེ་ལྷ་དེ་དག་གིས་སངས་རྒྱས་ཀྱི་བཀའ་དྲན་པར་གྱུར་ཏེ། ལྷ་མོ་དྲི་མ་མེད་པའི་འོད་གང་ན་འདུག་པ་དེར་ལྷགས་ནས་དེ་དག་གིས་འདི་སྐད་དུ་གང་གི་ཚེ་ཁྱོད་ཀྱིས་རྣམ་པར་སྣང་བྱེད་ཀྱི་གཟུངས་སྔགས་བརྗོད་པ་དེའི་ཚེ་ཁོ་བོ་ཅག་གི་དགའ་བའི་སྐྱེད་མོས་ཚལ་ཤིན་ཏུ་མཛེས་པར་འགྱུར་ཏེ། ཤིན་ཏུ་ལྷག་པར་བརྩེགས་ཀྱིས་གང་བདག་ཅག་གིས་གཞོན་ནུ་རྡོ་རྗེ་སྡེའི་ཕྱིར་སྔོན་བཅོམ་ལྡན་འདས་ལ་གསོལ་པ་བཞིན་དུ་ཁྱོད་ཅི་འདོད་པའི་དམ་པ་ཐམས་ཅད་ཁྱོད་ལ་སྦྱིན་ནོ་ཞེས་ཟེར་རོ། །གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་དང་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་དང་ལྷ་རྣམས་ཀྱི་ཚིག་དེ་དག་ཐོས་པ་དེའི་ཚེ་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་


DKG059_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བདག་ཅག་ལ་གང་བཀའ་སྩལ་པའི་སུག་ལས་འདི་ནི་ཤིན་ཏུ་ཆེ་བ་ལགས་ཏེ། ཅི་ནས་བཅོམ་ལྡན་འདས་དང་ལྷ་རྣམས་ཀྱིས་གྲོགས་མཛད་ན། ལི་ཡུལ་གྱི་ཡུལ་འཁོར་བདག་ཅག་གིས་སུག་པར་བླང་བར་འཚལ་ལོ། །དེའི་ཚེ་དྲི་མ་མེད་པའི་འོད་ཀྱིས་སྨྲས་པ། གང་གི་ཚེ་ཡུལ་དེ་བསྲུང་བའི་དུས་ལ་བབ་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་བདག་གི་སྟེང་དུ་འོད་ཟེར་གཏོང་བར་གྱུར་ཅིག །ཅི་ནས་ཀྱང་བདག་གི་གཟུངས་རྟོགས་པར་འགྱུར་བའི་བཟོད་པ་དེ་ཡང་ཐོབ་པར་གྱུར་ཅིག །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་སྔོན་འོད་ཟེར་གཏོང་བ་གང་ཡིན་པ་དང་། འོད་ཟེར་དག་ལས་ཚིག་རྣམས་གསུངས་པ་གང་ཡིན་པ་དེ་དག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །དྲི་མ་མེད་པའི་འོད་ལེགས་སོ། །ལེགས་སོ་གང་གི་དུས་ལ་བབ་ན། དེའི་ཚེ་ཁྱོད་འདི་ལྟ་བུར་མྱ་ངན་བྱེད་ཅིང་སྐྱོ་བར་གྱུར་པ་ཡོད་དེ། གང་གི་ཚེ་སྔོན་གྱི་དགེ་བྱེད་དང་། སྡིག་བྱེད་ཀྱི་གྲོགས་པོ་གང་ཡིན་པ་དེ་དག་གཡུལ་འགྱེད་པར་ཆ་བ་དེའི་ཚེ་ཁྱོད་ཀྱི་མིང་པོ་གཞོན་ནུ་རྡོ་རྗེ་སྡེ་འབྱུང་བར་འགྱུར་ལ་གཡུལ་དེའི་ནང་དུ་གཏོགས་པར་འགྱུར་ཏེ། དེའི་ཚེ་ཁྱོད་མྱ་ངན་བྱེད་ཅིང་སྐྱོ་བར་གྱུར་པ་དེས་ན་འདི་སྙམ་དུ་བདག་ནི་ཤི་ཡང་སླའོ་སྙམ་དུ་སེམས་པར་གྱུར་ཏེ། དེའི་ཚེ་ཁྱོད་གནས་གཅིག་ཏུ་འདུག་ནས་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་གཟུངས་སྔགས་བདུད་རྩི་རྔ་དབྱངས་ཞེས་བྱ་བ་བརྗོད་ཅིང་། དེར་བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཏེ། འདི་སྐད་དུ་ཡིད་ལ་བསམ་པ་སྣ་གསུམ་ལས་གཅིག་མ་གྲུབ་གྱི་བར་དུ་བདག་མྱ་ངན་གྱི་ཁང་བུ་ནས་མི་འབྱུང་སྟེ། ཡང་ན་ནི་མིང་པོ་དང་ཕྲད་པར་གྱུར་ཅིག །ཡང་ན་ནི་བདག་འཆི་བར་གྱུར་ཅིག །ཡང་ན་ནི་འཁོར་བ་ལས་མཐར་བྱེད་པར་གྱུར་ཅིག །ཅེས་ཟེར་བར་འགྱུར་རོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱི་མྱ་ངན་གྱི་ཁང་བུ་དེར་གང་གིས་གཟུངས་སྔགས་རྟོགས་པར་འགྱུར་བའི་བཟོད་པ་ཐོབ་པར་འགྱུར་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཁྱོད་ཀྱི་སྟེང་དུ་འོད་ཟེར་གཏོང་


DKG059_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ཏེ། ལྷའི་རོལ་མོའི་སྒྲ་ཡང་ཐོས་པར་འགྱུར་རོ། །ལྷའི་འཁོར་གྱི་སྒྲ་ཡང་ཐོས་པར་འགྱུར་རོ། །ལྷའི་རྔ་སྒྲ་ཡང་ཐོས་པར་འགྱུར་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། ལྷ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་འཁོར་ལོའི་གཟུངས་སྔགས་ཀྱང་རྟོགས་པར་འགྱུར་ཏེ། དེ་ནས་གང་གིས་ཁྱོད་སེམས་ཅན་རྣམས་ལ་ཕན་འདོགས་པར་འགྱུར་བའི་གཟུངས་དེ་དག་ཀྱང་ཐོབ་པར་འགྱུར་རོ།། །།དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སྡུག་པའི་ནུ་བོ་དུས་འདི་དྲན་པར་གྱིས་ཤིག །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་གྱི་ནང་དུ་གཤེགས་པ་དེའི་ཚེ། འུ་བུ་ཅག་གཉིས་ཀྱིས་ལུང་བསྟན་པ་ཐོས་ནས་དེ་ན་འདུས་ཏེ། ཁྱོད་ཀྱིས་སྨོན་ལམ་ཆེན་པོ་བཏབ་པ། བདག་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཐར་བར་བྱེད་པར་གྱུར་ཅིག་ཅེས་བྱས་ཀྱི། ཁྱོད་ཀྱིས་ངའི་ལི་ཡུལ་དང་། ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་སྐྱོངས་ཤིག་ཅེས་ལག་ཏུ་གཏད་ནས། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་གཞོན་ནུ་དང་། ནམ་མཁའི་སྙིང་པོ་དང་། མཐུ་ཆེན་པོ་ཐོབ་པ་དང་། སྨན་གྱི་རྒྱལ་པོ་དང་། རབ་ཏུ་སྦྱིན་པ་ལ་དཔའ་བ་དང་། སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། སྔོན་མཛའ་བོ་དང་། སྤུན་དུ་གྱུར་པ་གང་ཡིན་པ་དང་། གང་དག་བདག་ཅག་གྲོགས་པོར་འགྱུར་བ་དབང་ཕྱུག་གི་ལྷ་དང་། ལྗོན་ཤིང་གི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེ་ཐ་སྐར་དབང་ཕྱུག་དང་། གཅོད་པའི་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། སྐྱེ་བའི་དབང་ཕྱུག་དང་། ཐམས་ཅད་ཀྱི་ལྷ་དང་། འདི་དག་ནི་བྱང་ཆུབ་སེམས་དཔའ་


DKG059_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གྲོགས་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱི་ལག་ཏུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལི་ཡུལ་སྲུང་བ་བཞིན་དུ་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ལ་གཏད་དེ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱུང་བ་གང་ལགས་པ་རྣམས་དང་། ཕྱིས་འབྱུང་བ་དེ་དག་གིས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་གྲོགས་སུ་གྱུར་པ་ལགས་ཏེ། ཆོས་ཀྱང་མཉན། བདག་གིས་ཀྱང་ལི་ཡུལ་ཡོངས་སུ་བསྲུང་བའི་སླད་དུ་མནོད་པར་འཚལ་ཏེ། དེར་སྐྱེ་བ་བླངས་ནས་རིང་བསྲེལ་བགོ་བར་བགྱིའོ། །ལྷ་མོ་འདི་ལ་ཡང་གཟུངས་སྔགས་གང་གིས་ཚེ་རབས་དྲན་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་ལས་ཆོས་ཅི་ཐོས་པ་དེ་དག་ཐམས་ཅད་དྲན་པར་འགྱུར་བའི་གཟུངས་སྔགས་སྩལ་བར་བགྱིའོ། །དེ་བཞིན་གཤེགས་པ་སྣང་བ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གླང་པོ་ཆེ་བྱེད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུ་ས་དྷ་རེ། བྷ་ཤ་ད་ཙེ། བཱ་ཛ་ར་སྭཱ་ཧཱ། འདི་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་བརྗོད་བྱས་ན་ཚེ་རབས་དྲན་པར་འགྱུར་ཏེ། སྔོན་ཆོས་ཅི་ཐོས་པ་དེ་ཐམས་ཅད་དྲན་པར་འགྱུར་རོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་གཟུངས་སྔགས་འདི་བཤད་དོ། །ཏདྱ་ཐཱ། པྲ་ཏྱུད་ན་རུ་ནེ། པྲ་ཏྱུད་ས་རཱ་ཀཱ་ར་ན་རིཀྵ་ནི་སྭཱ་ཧཱ། གང་གི་ཚེ་རྣལ་འབྱོར་སྤྱོད་པ་ལ་ཕྱོགས་གཅིག་ཏུ་འདུག་པ་དེའི་ཚེ་བཟླས་བརྗོད་བྱས་ན་རྣམ་པར་རྟོག་པ་རྣམས་ཀྱང་བྱང་བར་འགྱུར་ལ་དགེ་བའི་ཕྱོགས་རྣམས་འཕེལ་བར་འགྱུར་རོ། །གང་གི་ཚེ་རྟ་གནས་ཀྱི་རིག་སྔགས་ཀྱིས་ལས་བྱེད་པ་དེའི་ཚེ་ཡང་ལན་གསུམ་བཟླས་བརྗོད་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་ལྷ་མོ་འདིས་ཐོག་མར་གཟུངས་སྔགས་རྟོགས་པར་འགྱུར་བ་དེའི་ཚེ། བདག་གིས་གྲོགས་བགྱིས་ཏེ། ཅི་ནས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་


DKG059_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གང་གི་སེམས་ཅན་ཐམས་ཅད་ཀྱི་ལས་བགྱིད་པ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ལས་གློང་འཁྱིལ་པ་ཞེས་བྱ་བའི་གཟུངས་སྔགས་ཐོབ་ནས་རྟོགས་པར་འགྱུར་བ་དང་། གང་གི་ཚེ་གཟུངས་སྔགས་རྟོགས་ནས་སེམས་ཅན་ཐམས་ཅད་ལ་སྦྱིན་པར་བྱ་བ་དང་། ཅི་ནས་གཞོན་ནུ་རྡོ་རྗེ་སྡེ་ལ་སངས་རྒྱས་ཀྱི་བཀའ་དྲན་པར་བགྱིད་པ་དང་། གཟུངས་སྔགས་འདི་དག་གིས་ཆོས་དྲན་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ད་ལྟར་ཅི་གསུང་བའི་སངས་རྒྱས་ཀྱི་གསུང་དེ་དག་ཐམས་ཅད་དྲན་པར་འགྱུར་བ་དང་། དེར་འདོད་ཆགས་ཟད་པར་འགྱུར་བར་བགྱིས་སོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡུག་པའི་ནུ་བོ་དུས་འདི་དྲན་པར་གྱིས་ཤིག །གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པའི་ཚེ་གྲོང་ཁྱེར་གྱི་སྒོ་དྲུང་དེ་ན་བུད་མེད་ལོང་མ་ཐེང་མོ་མཛེ་ནད་ཀྱིས་ཤིན་ཏུ་གཟིར་བ་ཞིག་འདུག་སྟེ། དེ་ནས་བུད་མེད་ལོང་མ་ལོང་དམིགས་བྱེད་པའི་ཁྱེའུ་ཞིག་ཀྱང་འདུག་སྟེ། གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པར་ཆས་པ་དེའི་ཚེ་སེམས་ཅན་རྣམས་བཅོམ་ལྡན་འདས་ལ་མཆོད་པ་བགྱི་བའི་ཕྱིར་མྱུར་ཞིག་ཏུ་ཡན་མན་དུ་རྒྱུག་པས་བུད་མེད་དེ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་འདི་སྙམ་དུ་ཅི་གྲོང་ཁྱེར་འདིར་དམག་གི་དཔུང་ཆེན་པོ་འོངས་སམ། ཡང་ན་རི་དགས་དང་། གླང་པོ་ཆེ་དང་། སེང་གེ་དང་། སྟག་ལ་སོགས་པ་མང་པོ་ཞིག་རབ་ཏུ་རྒྱུག་པ་ཞིག་འོངས་སྙམ་དུ་སེམས་ཏེ། དེའི་ཚེ་སྨྲས་པ། སྙིང་རྗེའི་བདག་ཉིད་ཅན་སུ་ལ་ལ་ཞིག་མཆིས་པ་བདག་ལ་སྨོས་ཏེ། བདག་ནི་རབ་ཏུ་འཇིགས་ཏེ། དམག་གི་དཔུང་གིས་གསོད་དུ་འོངས་སམ། ཡང་ན་གཅན་གཟན་དག་བདག་ལ་བརྫིས་སུ་འོངས་སོ་ཞེས་བྱས་སོ། །དེའི་ཚེ་ན་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་བྲམ་ཟེ་རྒད་པོ་ཞིག་ཏུ་གྱུར་ཏེ། ཁྱོད་ཀྱིས་བུད་མེད་ནད་པ་དེ་ལ་འདི་སྐད་དུ་ཁྱོད་མ་འཇིགས་ཤིག །གྲོང་ཁྱེར་འདི་ན་དམག་གི་དཔུང་གིས་འཇིགས་པའམ། གཅན་གཟན་མང་པོའི་འཇིགས་


DKG059_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། གཞན་ཅི་ཡང་མེད་ཀྱི་བཅོམ་ལྡན་འདས་རིན་པོ་ཆེ་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེ་ལ་མཆོད་པ་བྱ་བའི་ཕྱིར་སྐྱེ་བོ་མང་པོ་དག་ཕན་ཚུན་དུ་རབ་ཏུ་རྒྱུག་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་བུད་མེད་དེས་བུ་ཁྱེའུ་དེ་ལ་སྨྲས་པ། བུ་ངའི་ལག་ནས་དྲོངས་ལ་མདུན་དུ་སོང་སྟེ་གང་ན་བཅོམ་ལྡན་འདས་བཞུགས་པ་དེར་ཁྲིད་ཅིག་ཅེས་བྱས་སོ། །བྱིས་པ་དེ་ཡང་སངས་རྒྱས་ཀྱི་འོད་ཟེར་གྱི་མཐུས་མ་དང་ལྷན་ཅིག་ཏུ་གྲོང་ཁྱེར་གྱི་སྒོ་དེར་ཕྱིན་ཏོ། །གང་གི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པའི་ཚེ་དེ་ན་སེམས་ཅན་ནད་པ་དང་། ལོང་བ་དང་། འོན་པ་དང་། ཐེང་པོ་དང་། སྒུར་པོ་དང་། སྨྱོན་པ་ལ་སོགས་པ་འདུག་པ་དེ་དག་ཐམས་ཅད་སོས་པར་གྱུར་ཏོ། །གང་གི་ཚེ་བུད་མེད་དེ་གང་དུ་བྲམ་ཟེ་ཆེན་པོ་རྒྱ་མཚོའི་རྡུལ་ཞེས་བྱ་བས་སྨོན་ལམ་བཏབ་པ་དང་། གང་དུ་བྱང་ཆུབ་སེམས་དཔའ་མང་པོ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པ་དེར་ཕྱིན་པ་དེའི་ཚེ་བུད་མེད་དེ་ཡང་སོས་པར་གྱུར་ཏེ། དེར་སངས་རྒྱས་ཉིད་དུ་སྨོན་ལམ་བཏབ་པ་གང་གི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་འདི་འཚང་རྒྱ་བར་འགྱུར་བ་དེའི་ཚེ་བདག་དེའི་བསྟན་པ་ལ་གནས་ཏེ། གང་གིས་བདག་སྐྱེས་པའི་ཕུང་པོ་བླངས་ཏེ། སངས་རྒྱས་བསྟན་པའི་ཕྱིར་ཁྲིད་པའི་བྲམ་ཟེ་དེ་ཇི་ལྟར་ལུང་བསྟན་པ་བཞིན། བདག་གིས་ཀྱང་དེར་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག་ཅེས་བྱས་ནས། བུད་མེད་དེ་ལ་སངས་རྒྱས་ལེགས་པར་སྟོན་པའི་བྲམ་ཟེ་གང་ཡིན་དེས། འདི་སྐད་དུ་བདག་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱི་སྐྱབས་སུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དེའི་ཚེ་བུད་མེད་དེས་ཀྱང་འདི་སྐད་དུ་ཁྱོད་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་གང་དག་གི་སྐྱབས་སུ་གྱུར་པ་དེའི་ཚེ་ང་དྲན་པར་གྱིས་ཤིག །འོན་ཏང་བདག་གིས་ཀྱང་གྲོགས་བགྱིའོ་ཞེས་སྨྲས་ནས། དེའི་ཚེ་བུད་མེད་ཀྱིས་དེར་སངས་རྒྱས་ཉིད་དུ་སྨོན་ལམ་བཏབ་བོ། །གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལས་སྔོན་སྐྱེས་པའི་རྒྱུད་ཐོས་པ་དེའི་ཚེ་སྨོན་ལམ་ཆེན་པོ་བཏབ་ནས་འདི་སྐད་ཅེས་སྨྲས་


DKG059_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་སངས་རྒྱས་པར་གྱུར་ལ། བདག་ནི་ད་དུང་དུ་བུད་མེད་ཀྱི་གཟུགས་སུ་སྣང་བ་ནི་བདག་ཤིན་ཏུ་ངོ་ཚ་མོད་ཀྱི། འོན་ཀྱང་བཅོམ་ལྡན་འདས་ཀྱིས་ལས་ཆེན་པོ་ཇི་སྐད་དུ་བཀའ་སྩལ་པ་ནི་གཞན་དུ་མི་འགྱུར་ཏེ། བདག་གིས་བུད་མེད་དུ་སྐྱེ་བ་མ་བླངས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ལས་དེ་དག་ཀྱང་ཇི་ལྟར་བྱེད་པར་འགྱུར། དེ་བས་ན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་ལྡན་པའི་བུད་མེད་གཞན་དག་ཇི་ལྟ་བ་བཞིན་དུ་དེར་བདག་བུད་མེད་ཀྱི་གཟུགས་སུ་སྣང་བར་བྱས་ལ། གང་གི་ཚེ་བདག་གི་སངས་རྒྱས་ཀྱི་ཕྲིན་ལས་ཐམས་ཅད་དང་། སྨོན་ལམ་རྣམས་དྲན་པར་འགྱུར་བ་དེའི་དུས་ལ་བབ་པ་ན་གཞོན་ནུ་འདི་དང་ལྷན་ཅིག་ཏུ་ལི་ཡུལ་དུ་སྐྱེ་བ་བླངས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་དུ་གྱུར་ཅིག །གང་གི་ཚེ་ལི་ཡུལ་དུ་གནོད་པ་བྱུང་བར་གྱུར་པ་ན་དེར་བདག་ཅག་སྒྲོལ་བ་པོར་གྱུར་ཅིག །དེ་ནས་ཐམས་ཅད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་ནས་ལྷ་དང་མིའི་ནང་དུ་བུད་མེད་ཀྱི་སྐྱེ་བ་ལེན་པ་ན་བདག་གང་དུ་སོང་ཡང་རུང་སྟེ། ཐམས་ཅད་དུ་ཚེ་རབས་དྲན་པར་གྱུར་ཅིག །གང་གི་ཚེ་སངས་རྒྱས་ཀྱིས་བཀའ་སྩལ་པ་འདི་བྱས་ཏེ། འཆི་བའི་དུས་བྱས་ནས་ཀྱང་གང་ན་བུད་མེད་ཀྱི་མིང་ཡང་མེད་པའི་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །དེར་ཡང་རིང་པོ་མི་ཐོགས་པར་ཕྱིར་འདིར་འོངས་ནས་འགྲོ་བ་ལྔར་གཏོགས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་གྲོལ་བར་བྱེད་པར་གྱུར་ཅིག །གང་གི་ཚེ་བྱམས་པ་འདིར་གཤེགས་པའི་ཚེ་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་ཚིག་ཇི་ལྟ་བ་བཞིན་དུ་ཚུལ་བཞིན་དུ་བལྟ་བའི་ཕྱིར་འགྲོ་བར་གྱུར་ཅིག །ཚེ་རབས་ཐམས་ཅད་དུ་སེམས་ཅན་ཇི་སྙེད་ཀྱིས་བདག་དང་ལྷན་ཅིག་ཏུ་བསོད་ནམས་བགྱིས་པའམ། བགྱིད་པར་འགྱུར་བའམ། ཡང་ན་མཐོང་བའམ། མིང་ཐོས་ཀྱང་རུང་སྟེ། དེ་དག་ཐམས་ཅད་བདག་གིས་ཡོངས་སུ་གྲོལ་བར་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་དེ་སྐད་སྨྲས་པ་


DKG059_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་གྱི་ཚེ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བར་གྱུར་པ་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ང་ཡིན་ནོ། །གང་གིས་བུད་མེད་དེ་སངས་རྒྱས་བཅོམ་ལྡན་འདས་བསྟན་པའི་བྲམ་ཟེ་རྒད་པོར་གྱུར་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདི་ཡིན་ནོ། །བུད་མེད་ནད་པར་གྱུར་པ་གང་ཡིན་པ་དེ་ནི་རྒྱལ་པོ་མ་སྐྱེས་དགྲའི་བུ་མོ་ལྷ་མོ་དྲི་མ་མེད་པའི་འོད་འདི་ཡིན་ནོ། །དེའི་བུ་ཁྱེའུར་གྱུར་པ་གང་ཡིན་པ་དེ་ནི་གཞོན་ནུ་རྡོ་རྗེ་སྡེ་འདི་ཡིན་ནོ། །ཕྱིས་འབྱུང་བ་གང་ཡིན་པ་དེ་དག་ཀྱང་བཤད་པར་བྱ་སྟེ། སྐར་རྡོ་རྣམས་དང་། གསེར་གྱི་རིགས་ཀྱི་ནང་ན་ནི། ཐོག་མ་ཁོ་ནར་དགེ་བསྙེན་མ་ཧུ་ཤ་ལས་ཟུག་སྟེ། མིའི་རྒྱུད་ཆགས་པར་གྱུར་ནས། དགེ་བསྙེན་མ་ཧུ་ཤ་གསེར་གྱི་རིགས་ཀྱི་ཡུལ་དེ་ན་གནས་པར་གྱུར་ཏོ། །དགེ་བསྙེན་མ་ཧུ་ཤ་དེ་ནི་ལྷའི་རིགས་ཡིན་ཏེ། ལྷ་རྣམས་ཀྱི་ནང་ནས་ལྷ་མོ་ཞིག་ལ་སྐྱོན་བྱུང་བར་གྱུར་ནས། དེ་ཆད་པས་གཅད་དེ་གསེར་གྱི་རི་ལ་བཏང་ངོ་། །དམོད་པ་ཡང་བོར་ཏེ། ཁྱོད་དེར་མི་ལ་ཟ་བའི་སྲིན་མོར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་དེས་ཚོང་པ་མང་པོ་གསེར་འདོད་པའི་ཕྱིར་གསེར་གྱི་རིགས་ཀྱི་རི་དེར་སོང་བ་གང་ཡིན་པ་རྣམས་ལ་བསྟན་ཏེ། སྲིན་མོ་དེས་ཚོང་པ་དེ་དག་དང་ལྷན་ཅིག་ཏུ་འདོད་པའི་བདེ་བ་ཉམས་སུ་མྱོང་ངོ་། །གང་གི་ཚེ་དུས་གཞན་ཞིག་ན་འགྲོན་པོ་གཞན་དག་དེར་ལྷགས་པར་གྱུར་པ་ན་སྔར་འོངས་པ་གང་དག་དང་ལྷན་ཅིག་ཏུ་འདོད་པའི་བདེ་བ་ཉམས་སུ་མྱོང་བར་གྱུར་པ་དེ་དག་ནི་ཟོས་སོ། །ལྷས་དམོད་པ་བོར་བའི་སྲིན་མོ་དེ་ཡང་སྲིན་མོ་གཞན་གང་དག་དང་འགྲོན་དུ་འགྲོན་པ་དེ་དག་དང་འདོད་པའི་བདེ་བ་ཉམས་སུ་མྱོང་བ་ལྔ་བརྒྱ་པོ་དག་དང་གྲོགས་མོར་གྱུར་ཏོ། །དེ་ན་བྱང་ཆུབ་སེམས་དཔའ་འོག་པག་ཅན་ཞེས་བྱ་བ་ཞིག་དེད་དཔོན་དུ་གྱུར་ཏོ། །གང་གི་ཚེ་ལྷ་རྣམས་ཀྱིས་དེ་ཉེས་པ་ལས་ཚངས་པར་བྱེད་པ་དེའི་དུས་ལ་བབ་པ་ན། དེའི་ཚེ་དེ་ལས་བུ་མོ་ཞིག་བཙས་ཏེ་ཧུ་ཤ་ཞེས་བྱ་བར་མིང་བཏགས་སོ། །ཧུ་ཤ་དེ་ཡང་སྔོན་དེ་བཞིན་གཤེགས་པ་པད་མའི་འདབ་མ་དྲི་


DKG059_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་ན་གནས་པ་ལས་འདི་སྐད་དུ་སྔོན་ལྷ་ལས་གྱུར་པའི་སྲིན་མོ་འདི་ནི་ཚེ་རབས་མང་པོར་བདག་གི་མར་གྱུར་པ་ཡིན་ན། ད་ལྟར་བྱང་ཆུབ་སེམས་དཔའ་འོག་པག་ཅན་བཟའ་བར་ཆས་ཀྱིས། བདག་འདིའི་བུ་མོར་གྱུར་ལ་དེའི་སྡིག་པའི་ལས་དགག་པར་བྱའོ། །ཞེས་སྙིང་རྗེ་རྗེ་སྐད་དུ་ཟློས་པར་བྱེད་དོ། །དེའི་ཚེ་འགྲོན་པ་གཞན་དག་དེར་ལྷགས་སོ། །དེ་ནས་འོག་པག་ཅན་འཁོར་དང་བཅས་པའི་སྒོ་རྣམས་བཅད་ནས། བཟའ་བར་ཆས་སོ། །གསར་དུ་ལྷགས་པ་རྣམས་དང་ནི་འདུས་སོ། །དེ་ནས་འོག་པག་ཅན་དེ་དང་། སྲིན་མོར་འདུས་པར་གྱུར་པ་ཧུ་ཤ་ཞེས་བྱ་བ་བུ་མོ་ཆུང་ངུ་དེས་ཕ་འོག་པག་ཅན་ལ་འདི་སྐད་དུ་ཕ་ཇོ་བོ་ཅི་ནས་བདག་ཅག་སྲིན་མོ་འདི་དག་གིས་མ་ཟོས་པར་བྲོས་ཏེ་བཞུད་དོ་ཞེས་སྨྲས་སོ། །དེའི་ཚེ་འོག་པག་ཅན་དེ་རང་གི་བུ་མོ་དེས་ཐར་བར་བྱས་སོ། །འོག་པག་ཅན་གྱིས་ཀྱང་འགྲོན་པོ་ལྔ་བརྒྱ་པོ་ཐམས་ཅད་ཐར་བར་བྱས་ཏེ་ཀུན་ཏུ་ལྷན་ཅིག་ཏུ་བྲོས་སོ། །དེའི་ཚེ་སྲིན་མོ་དེ་དེར་སོང་ནས་འོག་པག་ཅན་དེ་མ་རྙེད་ནས། དེར་གསར་དུ་ལྷགས་པའི་འགྲོན་པ་གང་ཡིན་པ་དེ་དག་བོར་ཏེ། འོག་པག་ཅན་ལ་སོགས་པ་འགྲོན་པ་རྣམས་ཚོལ་བའི་ཕྱིར་རྒྱུག་གོ །དེ་སྔོན་ལྷའི་འཇིག་རྟེན་ན་གནས་པའི་ཚེ་ཕྱི་ལ་ཕྱིན་པས་དེའི་ཕྱིར་ཆད་པས་བཅད་དེ། ལྷ་རྣམས་ཀྱིས་རྣ་བ་བཅད་ནས་གསེར་གྱི་རིགས་ཀྱི་རི་ལ་བཞག་སྟེ། དེ་ལ་ལྷ་རྣམས་ཀྱིས་འདི་སྐད་དུ་དམོད་པ་བོར་ཏེ། གང་གིས་ཁྱོད་ལ་འདི་སྐད་དུ་ཁྱོད་ཀྱི་རྣ་བ་སུས་བཅད་ཅེས་ཐེ་ཚོམ་འདྲི་བར་འགྱུར་རོ། །དེས་ཁྱོད་དམོད་པ་ལས་ཐར་བར་གྱུར་ཏེ། ཕྱིར་ལྷའི་འཇིག་རྟེན་ན་སོང་ནས་སྔོན་བཞིན་དུ་ལྷར་འགྱུར་རོ་ཞེས་བྱས་སོ། །དེ་ནས་དེའི་ཚེ་ལྷའི་འཇིག་རྟེན་དུ་ཕྱིར་འགྲོ་བའི་དུས་ལ་བབ་སྟེ། དེ་འགྲོན་པོ་མང་པོ་དག་ཚོལ་བའི་ཕྱིར་རྒྱུག་པ་ན། ཞབ་མ་རིང་པོ་བགོས་པ་བསྙིལ་ནས། དེ་སྔོན་རི་དགས་ཀྱི་སྤུ་ལས་གོས་བྱས་པ་གང་ཡིན་པ་གྱོན་ཏེ། སྐྲ་སྤྱི་བོར་བཅིངས་ནས། གང་གི་ཚེ་ཚོང་པ་བྲོས་པ་དེ་དག་གི་ཕྱི་བཞིན་དུ་འོངས་པ་དེའི་ཚེ། དེད་


DKG059_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་འོག་པག་ཅན་དེ་དང་། ཚོང་པ་ལྔ་བརྒྱ་པོ་དེ་དག་བཟུང་ནས་ཞབ་མའི་ནང་དུ་བྲུབས་ཏེ་ཕྲག་པ་ལ་བཀལ་ལོ། །དེའི་ཚེ་འོག་པག་ཅན་གྱིས་བགད་པ་དང་། སྲིན་མོ་དེས་དྲིས་པ། མིའི་བུ་ཁྱོད་ཅིའི་ཕྱིར་དགོད། ཇི་སྟེ་དྲང་པོར་མ་སྨྲས་ན་ཁྱོད་ཀྱི་ཁྲག་ས་ལ་ཕོ་སྟེ་བཏང་ངོ་། །དེ་ནས་དེད་དཔོན་འོག་པག་ཅན་གྱིས་དེ་ལ་འདི་སྐད་དུ་འདི་ལྟར་མཐུ་ཆེ་བ་ཁྱོད་ཀྱི་རྣ་བ་མི་སུས་ཇི་ལྟར་བཅད་ཅེས་སྨྲས་པ་ན། དེའི་ཚེ་དེས་འགྲོན་པ་དེ་དག་བཏང་ནས་བར་སྣང་ལ་གནས་ཏེ། འདི་སྐད་དུ་ཡུལ་འདིའི་མིང་ནི་རྣ་བའི་ཕྱིར་གསེར་གྱི་རིགས་ཞེས་བྱ་བར་འགྱུར་རོ། །ཞེས་སྨྲས་ནས། རྣ་བ་སྔ་མ་ཁོ་ན་བཞིན་དུ་བྱུང་བར་གྱུར་ཏེ། ལྷའི་འཇིག་རྟེན་དུ་སོང་ནས་ཕྱིར་ལྷར་གྱུར་ཏོ། །དེད་དཔོན་འོག་པག་ཅན་དེ་ཡང་འགྲོན་པ་དེ་དག་དང་ལྷན་ཅིག་ཏུ་ཕྱིར་གསེར་གྱི་རིགས་ཀྱི་རི་ལ་ལོག་སྟེ་དེ་ན་བུ་མོ་དེ་གསོ་ཞིང་འདུག་གོ །སྲིན་མོ་དེ་དག་ཐམས་ཅད་ཀྱང་སྦྲུམ་པར་གྱུར་ཏེ། དེ་དག་གི་ནང་ན་གང་དང་ལྷན་ཅིག་ཏུ་འདོད་པའི་དགའ་བ་ཉམས་སུ་མྱོང་ནས་དེའི་འོག་ཏུ་སེམས་ཅན་དེ་ཉིད་མི་གསོད་པ་ནི་འགའ་ཡང་མེད་དོ། །དེ་ནས་སྲིན་མོ་དེ་དག་ཐམས་ཅད་ངོ་ཚ་བར་གྱུར་ནས་བུ་དེ་རྣམས་གསོས་ཏེ། ཧུ་ཤ་ཡང་ལྷ་བཞིན་དུ་མཆོད་པའི་གནས་སུ་བྱས་སོ། །དེར་དེ་དག་གི་བུ་གཞོན་ནུ་ཐོག་མར་བཙས་པ་དེ་ནི་ཧུ་ཤའི་ཁྱིམ་ཐབ་ཏུ་གྱུར་ཏེ། དེ་ཕྱིན་ཅད་གསེར་གྱི་རིགས་ཀྱི་མིའི་རྒྱུད་བྱུང་བར་གྱུར་ཏོ། །འགྲོན་པོ་དེ་དག་གི་བུ་བྱུང་ངོ་ཅོག་དང་ལྷན་ཅིག་ཏུ་འདོད་པའི་དགའ་བ་བྱས་ཀྱང་དེ་དག་ཐམས་ཅད་མགུ་བར་བྱེད་མ་ནུས་ཏེ། དེ་ལྟར་དེས་དེའི་ཚེ་འདོད་པའི་བདེ་བ་དམ་བཅས་པ་ལས་ཐམས་ཅད་མགུ་བར་བྱེད་མ་ནུས་པས་དེའི་ལས་ཀྱིས་རྟག་ཏུ་བུད་མེད་དུ་སྐྱེ་བར་གྱུར་ཏོ། །ཧུ་ཤ་ལས་བུ་ཅིག་བྱུང་ནས་དགེ་བསྙེན་མ་ཧུ་ཤར་གྱུར་ཏེ། ཧུ་ཤ་དེའི་བུར་གྱུར་པ་གང་ཡིན་པ་དེ་དེར་རྒྱལ་པོར་གྱུར་ཏེ། དེ་ཕྱིན་ཅད་མིའི་རྒྱུད་ཆགས་པར་གྱུར་ནས། དགེ་བསྙེན་མ་ཧུ་ཤ་གསེར་གྱི་རིགས་ཀྱི་རི་དེ་ལ་ལྷའི་གཞལ་མེད་ཁང་གི་ནང་ན་གནས་ཤིང་ལྷ་དང་མི་རྣམས་དང་། སྲིན་མོ་རྣམས་ལ་ཆོས་སྟོན་ཏོ། །གང་གི་ཚེ་ཧུ་ཤ་འཆི་བའི་དུས་བྱེད་པ་ན་སྲིན་མོ་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་དང་། ལྷ་དང་སྲིན་པོ་


DKG059_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཆོས་ཐོས་པ་གང་ཡིན་པ་དེ་དག་ད་ལྟར་གསེར་གྱི་རིགས་ཀྱི་ཡུལ་གྱི་སྲུང་མར་གྱུར་ཏོ། །དེའི་ཚེ་ན་དགེ་བསྙེན་མ་ཧུ་ཤར་གྱུར་པ་གང་ཡིན་པ་དེ་ནི་ད་ལྟར་དྲི་མ་མེད་པའི་འོད་འདི་ཡིན་ནོ། །ཨུ་རྒྱན་གྱི་རྒྱལ་པོར་གྱུར་པ་གང་ཡིན་པ་དེ་ནི་ལི་ཡུལ་གྱི་རྒྱལ་པོ་ཐོག་མར་བྱུང་བ་དང་། གཉེན་བྱེད་ཅིང་བདག་ཉིད་དང་། ཡུལ་འབུལ་བར་བྱེད་པ་གང་ཡིན་པའི་སྐར་རྡོའི་རྒྱལ་པོར་གྱུར་པ་འདི་ཡིན་ནོ། །ཀ་སྤ་རའི་རྒྱལ་པོར་འགྱུར་བ་གང་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ནི་ཕར་གྱུར་ཅིག་ཅེས་སྨྲས་པ་གང་ཡིན་པ་དེ་ནི་སྐར་རྡོའི་རྒྱལ་པོ་དབང་ཕྱུག་གོ་ཆ་ཞེས་བྱ་བ་དྲི་མ་མེད་པའི་འོད་ཀྱི་ཕར་འགྱུར་རོ། །ཀ་སྤ་རའི་རྒྱལ་པོའི་བཙུན་མོར་གྱུར་པས་འདི་སྐད་དུ་བདག་ནི་མར་གྱུར་ཅིག་ཅེས་སྨྲས་པ་གང་ཡིན་པ་འདི་ནི་རྒྱལ་པོ་དབང་ཕྱུག་གོ་ཆ་དེའི་བཙུན་མོ་དམ་པར་འགྱུར་རོ། །ལྷ་མོ་དེའི་མིང་པོར་གྱུར་པ་གང་གིས་བདག་ནི་སྡུག་པའི་མིང་པོར་གྱུར་ཏེ། གང་གི་ཕྱིར་སྐྱོ་བ་ཆེན་པོ་ཐོབ་ནས་སྐྱོ་བ་དེ་ལ་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་གང་ཡིན་པ་འདི་ནི་མིང་པོར་འགྱུར་རོ། །ནུ་མོ་ཐ་ཆུངས་སུ་གྱུར་པ་གང་གིས་འདི་སྐད་དུ་གང་གི་ཚེ། བདག་མྱ་ངན་གྱིས་འཆི་བར་འགྱུར་བ་དེའི་ཚེ་ཁྱོད་དགེ་བའི་བཤེས་གཉེན་དགེ་སློང་གི་ཐད་དུ་སོང་ནས་དེར་འཁོར་བ་ལས་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་པ་གང་ཡིན་པ་འདི་ནི་ནུ་མོ་ཐ་ཆུངས་སུ་འགྱུར་རོ། །རྡོ་རྗེ་སྡེའི་ནུ་བོ་ཐ་ཆུངས་གང་གི་ལི་ཡུལ་གྱི་ཕྱིར་དེ་དང་ལྷན་ཅིག་ཏུ་སྨོན་ལམ་བཏབ་པ་གང་ཡིན་པ་འདི་ནི་མིང་པོར་གྱུར་ཏེ། སྐར་རྡོའི་རྒྱལ་པོར་འགྱུར་རོ། །རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བ་གང་ཡིན་པ་འདི་ནི་གསེར་གྱི་རིགས་ཀྱི་རྒྱལ་པོར་འགྱུར་རོ། །བུད་མེད་གང་གིས་སྦྱིན་པ་ནི་བྱིན་ལ་ཚུལ་ཁྲིམས་ནི་མ་བསྲུངས་པ་གང་ཡིན་པ་འདི་ནི་རྒྱལ་པོ་དེའི་བཙུན་མོར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལྷ་རྣམས་ལ་བཀའ་སྩལ་པ། གང་གི་ཚེ་ལྷ་མོ་འདི་ལི་ཡུལ་དུ་དང་པོར་སྐྱེ་བའི་དུས་ལ་བབ་པ་ན་བྱང་ཆུབ་སེམས་དཔའ་བྱམས་པ་དགའ་ལྡན་ན་གནས་པ་ལྷ་དང་བཅས་པས་བསྐུལ་


DKG059_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྔོན་རྡོ་རྗེ་སྡེ་ལས་གྱུར་པའི་ལྷ་གང་ཡིན་པ་དེ་དང་། སྔོན་དྲི་མ་མེད་པའི་འོད་ལས་གྱུར་པའི་ལྷ་མོ་གང་ཡིན་པ་དེ་དང་། གྲོགས་མོར་གྱུར་པས་ཐོབ་པ་གང་དང་ལྷན་ཅིག་ཏུ་སྨོན་ལམ་བཏབ་པར་གྱུར་པ་གང་ཡིན་པ་དེ་ལ་ལྷ་དེ་དག་གིས་བསྐུལ་ཏེ། ལྷའི་སྐྱེ་བ་བོར་ལ་མིའི་སྐྱེ་བ་ལོང་ཤིག་ཅེས་ཐམས་ཅད་ལ་དྲན་པར་བྱེད་དོ། །རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བར་གྱུར་པ་གང་ཡིན་པ་དེ་དང་། གྲོང་ཁྱེར་སྐྱོང་བ་དེའི་བུར་གྱུར་པ་ལ་ཡང་ལྷའི་འཇིག་རྟེན་ནས་ལྷ་རྣམས་ཀྱིས་སྐུལ་བར་བྱེད་དོ། །ཕ་དང་མར་གྱུར་པ་གང་ཡིན་པ་དང་ལྷན་ཅིག་ཏུ་སྨོན་ལམ་འདེབས་འདེབས་པ་གང་ཡིན་པ་རྣམས་ལ་ཡང་དེའི་ཚེ་ལྷ་རྣམས་ཀྱིས་བསྐུལ་ཏེ། སངས་རྒྱས་ཀྱིས་བཀའ་སྩལ་པ་གང་ཡིན་པ་དང་། སྨོན་ལམ་བཏབ་པ་གང་ཡིན་པ་རྣམས་ཀྱི་དུས་ནི་ད་བབ་ཀྱིས། J04,V055,P1A ལི་ཡུལ་དུ་སྐྱེ་བ་ལོང་ཤིག་ཅེས་དྲན་པར་བྱེད་དོ། །དེ་ལ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ་ཞེས་བྱ་བའི་ལྷ་གང་ཡིན་པ་དེ་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། །ས་ཐོབ་པའི་རིགས་ཀྱི་བུད་མེད་གང་ཡིན་པ་དེ་ནི་ཚེ་རབས་ལྔའི་བར་དུ་ལི་ཡུལ་གྱི་རྒྱལ་མོར་འགྱུར་རོ། །ལི་ཡུལ་དུ་ནི་ཚེ་རབས་དྲུག་ཏུ་སྐྱེ་བ་ལེན་ཏེ། རྒྱལ་པོ་བྱང་ཆུབ་སེམས་དཔའི་བཙུན་མོར་འགྱུར་རོ། །གང་གི་ཚེ་འཕགས་སྐྱེས་པོའི་ཕྱོགས་བྱས་པའི་ལས་དེའི་དུས་ལ་བབ་པ་ན་དེའི་རྒྱུད་དུ་གྱུར་པ་ཇི་སྙེད་པ་རྣམས་སུམ་པར་འགྱུར་རོ། །གང་གི་ཚེ་ལི་ཡུལ་དུ་ཐོག་མར་སུམ་པ་འོངས་པ་དེའི་ཚེ་ལྷ་མོ་འདི་ལྷའི་ནང་ནས་ཤི་འཕོས་ནས་སྐར་རྡོའི་རྒྱལ་པོའི་བུ་མོར་འགྱུར་རོ། །གང་གི་ཚེ་འ་ཞ་དང་སུམ་པ་འོང་བའི་དུས་ལ་བབ་པ་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་འདིས་རྒྱལ་པོ་མ་སྐྱེས་དགྲའི་གྲོང་ཁྱེར་སྐྱོང་བ་ཁྱིམ་ཐབ་ཏུ་གྱུར་པ་འདི་ཁྲིད་ནས་གསེར་གྱི་ཡུལ་དུ་ཁྲིད་དེ་འོང་བར་འགྱུར་རོ། །དེའི་ཚེ་དེར་དམག་གི་དཔུང་དེ་དག་འོངས་ནས་དེའི་ཕ་སྐར་རྡོའི་རྒྱལ་པོ་དེ་དང་། མིང་པོ་རབ་གཉིས་གཡུལ་དེར་འཆི་བར་གྱུར་ཏེ། དེའི་ཚེ་དྲི་མ་མེད་པའི་འོད་མྱ་ངན་གྱིས་གཟིར་ནས་མྱ་ངན་གྱི་ཁང་བུར་ཞུགས་ཏེ། གཞན་ལ་དྲི་མི་དགོས་པར་མི་གཙང་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གང་གི་ཚེ་གདོང་དམར་


DKG059_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ལི་ཡུལ་བྲན་དུ་འགྱུར་བའི་དུས་ལ་བབ་པ་ན། རྒྱལ་པོ་རྣམ་པར་རྒྱལ་བའི་རྩལ་དེ་གཡུལ་དེར་གསོད་པར་འགྱུར་རོ། །དེའི་བུ་རྒྱལ་པོ་རྣམ་པར་རྒྱལ་བའི་གྲགས་པ་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་རོ། །སྐར་རྡོའི་རྒྱལ་པོ་དབང་ཕྱུག་གོ་ཆ་ཞེས་བྱ་བ་ནི་བུ་དང་བཅས་ཏེ། ལིའི་རྒྱལ་པོ་དང་ལྷན་ཅིག་ཏུ་གཡུལ་གྱི་ནང་དུ་འཆི་བར་འགྱུར་རོ། །ད་ལྟར་གྱི་རྡོ་རྗེ་སྡེ་འདི་ནི་དེའི་བུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་འགྱུར་ཏེ། སྐར་རྡོའི་རྒྱལ་པོར་འགྱུར་རོ། །དེས་ཀྱང་ལོ་གཅིག་རྒྱལ་སྲིད་ཐོབ་པར་འགྱུར་ཏེ། དེ་ལ་རྣམ་པར་རྒྱལ་བའི་གྲགས་པ་ནི་ལི་ཡུལ་དུ་འབྱུང་ངོ་། །རྣམ་པར་རྒྱལ་བའི་གོ་ཆ་ནི་སྐར་རྡོར་འབྱུང་ངོ་། །གང་གི་ཚེ་དྲི་མ་མེད་པའི་འོད་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འོད་ཟེར་བཏང་སྟེ། བཟོད་པ་ཐོབ་པར་འགྱུར་བ་དེའི་དུས་ལ་བབ་པ་དེའི་ཚེ་དགེ་བྱེད་ཀྱི་ཕྱོགས་དང་སྡིག་བྱེད་ཀྱི་ཕྱོགས་དེ་དག་ཀྱང་སོ་སོར་སྡེར་J04,V055,P1B འཆའ་བར་འགྱུར་རོ། །དེའི་ཚེ་དགེ་བྱེད་དང་། སྡིག་བྱེད་གཉིས་ཀྱི་ཕ་སྔོན་ཆོམ་རྐུན་པ་ལྔ་བརྒྱ་སྤྱུག་པར་བྱེད་པ་གང་ཡིན་པ་དེ་རྒྱལ་པོར་འགྱུར་ཏེ། བློན་པོ་ཆེན་པོ་ནི་གཉིས་འབྱུང་བར་འགྱུར་རོ། །རྒྱལ་པོའི་བུ་རྣམ་པར་རྒྱལ་བའི་གྲགས་པ་ཞེས་བྱ་བ་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། །རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བ་ནི་སྐར་རྡོའི་རྒྱལ་པོར་འགྱུར་རོ། །གཞོན་ནུ་དེ་གཉིས་ལས་དགེ་བྱེད་ནི་བློན་པོ་ཆེན་པོ་གཙོ་བོ་ཤོས་ཀྱིས་གསོས་སོ། །ཅིག་ཤོས་ནི་སྡིག་བྱེད་ཀྱིས་གསོས་སོ། །གང་གི་ཚེ་དགེ་བྱེད་བཙས་པ་དེའི་ཚེ་ཚོང་པ་ལྔ་བརྒྱ་འོངས་ཏེ། ལི་ཡུལ་དུ་སྐྱེས་ནས་ཡུལ་དེ་ན་དགེ་བ་བྱེད་དོ། །གང་གི་ཚེ་སྡིག་བྱེད་བཙས་པ་ན་ཆོམ་རྐུན་ལྔ་བརྒྱ་སྤྱུགས་པ་དེ་དག་ལི་ཡུལ་དུ་སྐྱེས་ཏེ་སྡིག་པ་བྱེད་དོ། །གང་གི་ཚེ་གཞོན་ནུ་སྡིག་བྱེད་བཙས་པ་ན་ཆོམ་པོ་ལྔ་བརྒྱ་པོ་དེ་དག་རྒྱལ་པོའི་ཕའི་ཐད་དུ་བཏང་ངོ་། །དེ་ནས་དེའི་ཚེ་གཞན་དག་ཅིག་ལ་བྱ་བ་གང་ཡིན་པ་འདི་ཁྱོད་ཀྱིས་བྱོས་ཤིག་ཅེས་བསྒོ་ནས་བློན་པོ་ཆེན་པོ་དེའི་གཙོ་བོ་དེའི་ལག་པ་བཅད་དོ། །ཅིག་ཤོས་ནི་བསད་དོ། །དེ་ཡང་སྔོན་གང་གི་ཚེ་སྡིག་བྱེད་ཀྱིས་དགེ་བྱེད་ཀྱི་མིག་ཕྱུང་


DKG059_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བ་དེའི་ཚེ་བློན་པོ་ཆེན་པོ་དེ་དག་ཕན་ཚུན་ཁོན་བྱུང་ནས་དེ་ཕྱིན་ཅད་ཚེ་རབས་ཐམས་ཅད་དུ་གཅིག་གི་དགྲར་གཅིག་གྱུར་ཏོ། །དེ་ལ་བློན་པོ་ཆེན་པོ་གཙོ་བོ་ནི་སྐར་རྡོའི་རྒྱལ་པོར་འགྱུར་རོ། །ཅིག་ཤོས་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། །དེ་གཉིས་ཀྱང་ཕྱིས་ཕན་ཚུན་འཐབ་པར་འགྱུར་རོ། །སྡིག་བྱེད་ཀྱི་ཕྱོགས་སྔོན་དགེ་བྱེད་ཀྱི་མིག་འབྱིན་པ་གང་ཡིན་པ་དེ་དག་གིས་ལིའི་རྒྱལ་པོ་གསོད་པར་འགྱུར་ཏེ། གང་གི་ཚེ་གདོང་དམར་རྣམས་ལི་ཡུལ་འཛིན་པར་འགྱུར་བའི་དུས་ལ་བབ་པ་དེའི་ཚེ་དེ་གཉིས་ཕན་ཚུན་འཐབ་པར་འགྱུར་རོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་མིང་པོ་ད་ལྟར་རྡོ་རྗེ་སྡེ་ཞེས་བྱ་བ་འདི་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་འགྱུར་ཏེ། མིང་པོ་དེའི་ཕྱིར་མྱ་ངན་གྱིས་གཟིར་བར་འགྱུར་རོ། །གང་གི་ཚེ་སངས་རྒྱས་ཀྱི་འོད་ཟེར་དེའི་སྟེང་དུ་གནས་པར་འགྱུར་བའི་དུས་ལ་བབ་པ་ན་དེས་སྐར་རྡོའི་རྒྱལ་པོ་ཕམ་པར་འགྱུར་རོ། །ཅི་སྟེ་བསོད་ནམས་དང་མི་ལྡན་ན་ནི་དྲི་གཙང་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་གཞིག་པར་བྱའོ་ཞེས་J04,V055,P2A སངས་རྒྱས་བཅོམ་ལྡན་འདས་ལ་སྨོན་ལམ་འདེབས་འདེབས་པ་གང་ཡིན་པ་དེ་རྣམས་ཀྱང་དེ་དག་གིས་གྲོགས་བྱེད་པར་མི་འགྱུར་རོ། །གང་གི་ཚེ་གདོང་དམར་དག་གིས་གྲོགས་བྱེད་ཅིང་ལི་ཡུལ་འཛིན་པར་འགྱུར་ལ། དགེ་འདུན་གྱི་ཀུན་དགའ་ར་བ་དང་དྲི་གཙང་ཁང་རྣམས་འཇིག་པར་བྱེད་པ་དེའི་ཚེ་སྐར་རྡོའི་རྒྱལ་པོ་འཕམ་པར་འགྱུར་རོ། །གང་གི་ཚེ་རིང་པོར་མི་ཐོགས་པར་གདོང་དམར་རྣམས་འོང་བའི་དུས་ལ་བབ་པ་དེའི་ཚེ་དྲི་མ་མེད་པའི་འོད་ཤིན་ཏུ་མྱ་ངན་སྐྱེ་བར་འགྱུར་ཏེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ལི་ཡུལ་གྱི་སྲུང་མའི་ལྷ་གང་ཡིན་པ་དེ་དག་གིས་དགོངས་པར་འགྱུར་རོ། །དེ་ན་དྲི་མ་མེད་པའི་འོད་གཅིག་པུ་མྱ་ངན་གྱི་ཁང་བུའི་ནང་ན་འདུག་ཅིང་སངས་རྒྱས་རྣམས་ལ་གསོལ་བ་འདེབས་སོ། །བདུད་རྩི་རྔ་སྒྲ་ཞེས་བྱ་བའི་གཟུངས་སྔགས་ཀྱང་བརྗོད་ནས། དེ་བཞིན་གཤེགས་པ་འོད་དཔག་མེད་ལ་གསོལ་བ་འདེབས་ཏེ། འདི་སྐད་དུ་ཡང་ན་ནི་མིང་པོ་དང་མཇལ་བར་གྱུར་ཅིག །ཡང་ན་ནི་འགུམ་པར་གྱུར་ཅིག་


DKG059_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ནི་འཁོར་བ་ལས་མཐར་ཕྱིན་པར་གྱུར་ཅིག་ཅེས་ཟེར་རོ། །དེ་ནས་ནང་པར་གྱི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེའི་སྟེང་དུ་འོད་ཟེར་བཏང་སྟེ། གཟུངས་སྔགས་དང་། བཟོད་པ་ཡང་ཐོབ་པར་འགྱུར་རོ། །དེའི་ཚེ་སངས་རྒྱས་རྣམས་དང་། ལྷ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལྷའི་བུ་རྣམས་དྲིལ་བུའི་སྒྲ་སྒྲོགས་ཤིང་རྔ་བོ་ཆེ་དང་། རོལ་མོའི་སྒྲ་རྣམས་སྒྲོགས་ཏེ། འདི་སྐད་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལས་ཆེན་པོ་བྱས་སོ་ཞེས་ཟེར་རོ། །དེའི་ཚེ་འདི་སྙམ་དུ་ཕ་མ་ལ་དྲིན་དུ་གཟོ་བར་བྱས་པས་ན་བདག་ལ་མཆོད་པ་བྱེད་དོ་སྙམ་དུ་བདག་ཉིད་ཀྱིས་ཤེས་ནས་ལས་དང་པོར་བྱེད་པར་འགྱུར་ཏེ། སྔོན་གང་གི་ཚེ་དགེ་བྱེད་ཀྱིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་རིན་པོ་ཆེའི་ཆར་ཕབ་པ་ན། བློན་པོ་ཆེན་པོ་དང་། དགེ་བྱེད་ཀྱི་ཕྱིར་ཐོག་མ་སྨོན་ལམ་བཏབ་པ་དེའི་ཚེ་གཞན་དག་ཅིག་གིས་འདི་སྐད་དུ་གང་གི་ཚེ་བདག་ཅག་སྨོན་ལམ་བཏབ་པ་དེ་དག་ཐམས་ཅད་ལས་ལྡོག་པར་མ་གྱུར་ན། ཕྱིས་ཅི་ནས་བསྟན་པ་ཅུང་ཟད་ཀྱང་འཇིག་པར་མི་འགྱུར་བར་གྲོགས་བགྱིའོ། །གཞོན་ནུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བ་སྐར་རྡོའི་J04,V055,P2B རྒྱལ་པོར་འགྱུར་བ་དེས་ཀྱང་གྲོགས་བྱེད་པར་འགྱུར་རོ། །སྡིག་བྱེད་ཀྱི་ཕྱོགས་གང་དག་གི་བློན་པོ་ཆེན་པོ་དང་། དགེ་བྱེད་ཀྱི་ཕྱིར་སྨོན་ལམ་བཏབ་པ་ཡང་ཕྱིས་ལྡོག་པར་འགྱུར་རོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚིག་དེ་སྐད་ཅེས་བཀའ་སྩལ་པ་དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ཀྱང་དེའི་ཚེ་བསྐུལ་བར་བགྱིའོ། །དེ་དག་ཐམས་ཅད་ལ་བདག་གིས་ཆོས་ཀྱང་བཤད་པར་བྱ་སྟེ། ཅི་ནས་ཐམས་ཅད་འཛིན་པར་འགྱུར་ཞིང་། གཞན་དག་ལ་ཡང་འཆད་པར་འགྱུར་བ་དེ་ལྟར་བགྱིའོ། །བདག་གི་སྲིང་མོ་འདི་ཡང་བདག་དང་ལྷན་ཅིག་ཏུ་བྱང་ཆུབ་ཀྱི་སྤྱད་པ་ལྷན་ཅིག་ཏུ་སྤྱོད་སྤྱོད་པ་ལགས་སོ། །དེ་ནས་དེའི་ཚེ་ལྷ་ཐམས་ཅད་ལངས་ཏེ་འདི་སྐད་དུ་བདག་ཅག་ཀྱང་དེར་མཆི་བར་འཚལ་ལོ་ཞེས་གསོལ་ཏོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷའི་མེ་ཏོག་གི་ཆར་བབ་བོ། །ལྷའི་སིལ་སྙན་


DKG059_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་དཀྲོལ་ལོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེའི་སྟེང་དུ་འོད་ཟེར་རྣམས་བཏང་སྟེ། འོད་ཟེར་དེ་དག་ལས་དགོངས་པའི་དོན་ཇི་ལྟ་བ་བཞིན་དུ་ཚིག་བརྗོད་པ་རྣམས་བྱུང་སྟེ། ཅི་ནས་གཟུངས་སྔགས་ཀྱི་ཚིག་ཐོབ་པར་འགྱུར་བ་དང་། གང་གི་ཚེ་མིང་པོ་རྣམ་པར་རྒྱལ་བའི་གོ་ཆ་གཡུལ་ལས་ཕམ་པ་དེའི་དོན་གྱི་ཕྱིར་གཟུངས་སྔགས་ཐོབ་པར་འགྱུར་བ་དང་། གཟུངས་སྔགས་དེ་དག་ཐོབ་པས་གཞན་རྣམས་ཀྱང་ཐོབ་པར་འགྱུར་བ་དང་། གང་གིས་བཅོམ་ལྡན་འདས་ཀྱིས་ལི་ཡུལ་གྱི་དོན་དུ་བཀའ་སྩལ་པའི་ལས་དེ་དག་བྱེད་པར་འགྱུར་བའི་ཕྱིར་མྱ་ངན་གྱི་ཁང་བུ་གང་ན་ཞུམ་ཞིང་འདུག་པ་དེར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་གཟུངས་སྔགས་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་པའི་བློའི་རྒྱལ་པོ་གནོད་པ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་པའི་བློ་ཅན་རབ་རིབ་ཀྱི་མུན་པ་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གླང་པོ་ཆེའི་J04,V055,P3A བདག་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ལྟར་གཅོད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ལྷའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་ལས་ཤིན་ཏུ་འཕགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏིང་ངེ་འཛིན་གྱི་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མཚན་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྣང་བས་སྣང་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་མུ་སྟེགས་ཐམས་ཅད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྦྱིན་བྱེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རྡོ་རྗེ་ལྟར་འགྲོ་བ་ཡོན་ཏན་གྱི་དབང་ཕྱུག་རྒྱལ་མོ་ལ་


DKG059_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཡེ་ཤེས་ལ་འཇུག་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཏ་ལ་ལྟར་རབ་ཏུ་བརྟན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་རྣམས་འཛིན་པ་གང་ཡིན་པ་དེ་ནི་སྡུག་བསྔལ་ལས་ཡོངས་སུ་ཐར་བར་འགྱུར་རོ། །སྔོན་བྱས་པའི་སྡིག་པ་རྣམས་ཀྱང་བཤགས་པར་འགྱུར་རོ། །ཚེ་འདི་ལ་ཡང་ཕྱུག་པོར་འགྱུར་རོ། །མུ་གེའི་ནང་དུ་སྐྱེ་བར་མི་འགྱུར་རོ། །གནོད་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཏདྱ་ཐཱ། ཏཱ་རྐེ། ཏཱ་རྐེ་རྐེ། ཏེ་རྐཱ་ཙ་ཀྲེ། ཏ་རྐཱ་ཏི་ཏེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་སྟེ། སུ་འདི་བརྗོད་པ་ནི་ཕྱིར་མི་ལྡོག་པར་འགྱུར་རོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཁ་ཟས་མི་ཟ་བར་གཡེང་བ་མེད་པའི་སེམས་ཀྱིས་འཆག་བཞིན་དུ་ཉིན་མཚན་དུ་བཟླས་བརྗོད་བྱས་ན་རྣམ་པར་རྟོག་པ་འབྱང་བར་འགྱུར་ཞིང་དྲན་པ་དང་ལྡན་པར་འགྱུར་ཏེ། བསླབ་པའི་གཞི་འཛིན་པས་བཟླས་བརྗོད་བྱའོ། །ཏདྱ་ཐཱ། ཨོ་ཧ་ནི། ཨོ་ཧ་ནི། མོ་ཧ་ནི། ཧུ་ཧྲུ་རེ། ཧུ་ཧུ་རེ། ནུ་བ་ཏེ། ཛམ་བྷ་ནི། སྟམ་བྷ་ནི་སྭཱ་ཧཱ། གཟུངས་སྔགས་འདིས་ནི་སྐྱེ་བ་མེད་པའི་བཟོད་པ་ཐོབ་པར་འགྱུར་ཏེ། ཞག་གསུམ་གྱི་བར་དུ་བསླབ་པ་འཛིན་པས་གཡེང་བ་མེད་པའི་སེམས་ཀྱིས་འཆག་བཞིན་དུ་བཟླས་བརྗོད་བྱས་ན་ཚེ་འདི་ལ་མ་གྲུབ་ན་ཡང་ཚེ་ཕྱི་མ་ལ་ངེས་པར་འགྲུབ་པར་འགྱུར་རོ། །ཏདྱ་ཐཱ། ཙ་རེ་ཙ་རེ། ཡཀྵེ་ཡཀྵེ། ཡཀྵ་ཡཀྵ། ནུད་དྷི་ཏེ། ཀཱ་ལ་པ། ཨ་ཏི་ཏེ། བུད་དྷ་ཨ་དྷི་ཏེ་ས་ཏྭ། ཨ་དྷི་ཏེ་སྭཱ་ཧཱ། གཟུངས་J04,V055,P3B སྔགས་འདིས་ནི་སྡིག་པ་ཐམས་ཅད་བཤགས་པར་འགྱུར་ཏེ། ཟླ་བ་བདུན་གྱི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་བཟླས་བརྗོད་བྱའོ། །ཏདྱ་ཐཱ། མཻ་ཏྲེ། མཻ་ཏྲི། རག་ཏྲཻ། མུག་ཏྲེ། ཀྵ་ཡེ་ཀྵ་ཡེ། མུ་བ་ཏེ། མཻ་ཏྲེ། བུད་དྷ་ཨ་དྷི་ཏེ་སྭཱ་ཧཱ། གཟུངས་སྔགས་འདིས་ནི་འཐུན་པའི་བཟོད་པ་ཐོབ་པར་འགྱུར་རོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ནང་གསུམ་བཟླས་བརྗོད་བྱས་ན། ལན་ཅིག་ཀྱང་སྟོང་སྟོང་བྱའོ། །རྟག་


DKG059_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཉིད་མི་ལོག་པ་དང་། ཁྲུས་བྱ་བ་དང་། གཙང་བ་དང་། གོས་གཙང་མ་གྱོན་པས་ཟན་ཟོས་པའི་འོག་ཏུ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་དང་། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་གཡེང་བ་མེད་པའི་སེམས་ཀྱིས་བཟླས་བརྗོད་བྱས་ཏེ། དུ་རུ་ཀའི་བདུག་པས་བསྲེགས་ན་ནད་ཆེན་པོ་རྣམས་ཞི་བར་འགྱུར་རོ། །གསང་སྔགས་དེ་དག་གིས་མར་ལ་ལན་སྟོང་བཟླས་བརྗོད་བྱས་ཏེ། ནད་པ་ལ་བླུད་པ་དང་། ལུས་ལ་བསྐུ་བར་བྱའོ། །འདི་ལས་སྨན་གྲགས་པ་ཇི་ལྟ་བུ་ཡང་རུང་བ་དེ་དག་ལ་ནད་པས་ནང་གསུམ་དུ་ཉིན་གཅིག་བཞིན་དུ་ལན་སྟོང་སྟོང་བཟླས་བརྗོད་བྱ་སྟེ། སྲ་རྩི་པོག་སྲེག་ཅིང་། དྲི་ཆུ་དང་། དྲི་ཞིམ་པོས་བསྒོས་པའི་འབྲུ་མར་གྱི་མར་མེ་དང་། རོ་སྣ་གཅིག་དབུལ་བར་བྱའོ། །གང་གི་ཚེ་ཆོ་ག་འདི་བཞིན་དུ་བཟླས་བརྗོད་བྱས་ན། ནད་ཚབས་ཆེན་པོ་རྣམས་ཀྱང་མེད་པར་འགྱུར་ཏེ། ཏདྱ་ཐཱ། ཤུད་དྷེ་བུད་དྷེ། ཨཱ་ར་ཛེ། ཨ་ར་ཛ། ཨ་ནུ་བ་དེ། སང་ཀ་ལ་པེ་མཻ་ཏྲེ་བུད་དྷ་ཨ་དྷི་ཏེ་སྭཱ་ཧཱ། ནང་བདུན་གྱི་བར་དུ་ཉིན་གཅིག་བཞིན་དུ་ལན་སྟོང་སྟོང་བཟླས་བརྗོད་བྱས་ཏེ། སེམས་ཞི་བར་བྱས་ན་འཐུན་པའི་བཟོད་པ་འཐོབ་པར་འགྱུར་ཏེ། བསླབ་པ་འཛིན་པས་བཟླས་བརྗོད་བྱའོ། །ཏདྱ་ཐཱ། ས་ས་ས་ས། མི་མི་མི་མི། གི་ར་ཨ་དྷི་ཏེ། ཛམ་བྷ་ཀོ་ཏི། ཨ་པ་ར་ཛི་ཏེ། ཀལ་པ་བ་ཏི། ཛམ་བྷ་ཀོ་ཊི། ཀ་ཀཱ་མི་ལེ། བན་ཛི་ནི་བི་ཏི་ནི། ས་ན་ས་ར། ཀི་ཊི་བཛྲ་ལེ། པ་ལཱ་ཏཻ། མ་མུ་ཤེས་ཀ་ལཱ་བཻ། ནཽ་ཛ་རེ། ཨ་ཡིཥྠ་ཀ་ཀ་ལེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་མི་གནས་ཞེས་བྱ་སྟེ། འདིས་ས་ཐོབ་པར་འགྱུར་རོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གཙང་ཞིང་ཁྲུས་བྱས་པ་དང་། གོས་སར་པ་གྱོན་ཅིང་བསླབ་པ་འཛིན་པས། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་བཟླས་བརྗོད་བྱས་ན་རྒྱལ་པོའི་འཇིགས་པ་དང་། འཇིགས་པ་གཞན་ཐམས་ཅད་ལས་ཐར་བར་འགྱུར་ཏེ། ཁ་ཟས་མི་ཟ་བར་ལན་སྟོང་བཟླས་བརྗོད་བྱའོ། །དེ་ལ་དྲི་ནི་འདི་ཡིན་ཏེ། ཨ་ག་རུ་དང་། འབུག་སུག་ཧང་དང་། ག་བུར་དང་། ཤུག་པ་དང་། ཙན་དན་རྣམས་སོ། །བདུག་པ་ཡང་འདི་དག་


DKG059_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱར་བར་བྱ་སྟེ། དེར་བདུག་པར་བྱའོ། །མར་མེ་ཡང་དེ་དག་གི་ཕྱེ་མ་དང་སྦྱར་ཏེ་སྦར་རོ། །ཡང་ན་དེ་དག་གི་དྲིས་ཀྱང་བསྙེན་བཀུར་བྱ་ཞིང་ཆུ་དང་སྦྱར་ཏེ། དེས་གཏོར་བར་བྱའོ། །རོ་སྣ་གཅིག་ཀྱང་དེར་གཞག་པར་བྱ་སྟེ། དེས་བསྒོས་པའི་ཆུ་ལ་བཟླས་བརྗོད་བྱས་པས་སྟེང་དུ་གཏོར་བར་བྱའོ། །གང་གིས་ཆོ་ག་འདི་བཞིན་དུ་བྱས་ན་ཉེས་པ་སྣ་ཚོགས་ལས་གྲོལ་བར་འགྱུར་ཞིང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། འཇིགས་པ་དེ་ལས་ཐར་བར་མ་གྱུར་གྱི་བར་དུ་སྔ་དྲོ་ཞིང་ལན་སུམ་ཅུ་གསུམ་གསུམ་བཟླས་བརྗོད་བྱའོ། །ཆོ་ག་འདི་བཞིན་དུ་བཟླས་བརྗོད་བྱས་པ་གང་ཡིན་པ་དེ་ནི་འཇིགས་པའམ། གནོད་པ་གང་ལས་ཀྱང་གྲོལ་བར་མི་འགྱུར་བ་མེད་དོ། །ཅི་སྟེ་བསྒྲུབས་ན་ལས་གང་བརྩམས་ཀྱང་རུང་སྟེ་མི་འགྲུབ་པ་མེད་དོ། །གང་ཞིག་སྒྲུབ་པའམ། ཡང་ན་སྐུད་པ་འདོགས་སམ། ཡང་ན་བྲིས་ཏེ་འཆང་ན་གནོད་པ་ཐམས་ཅད་ལས་ཐར་བར་འགྱུར་ཏེ། མི་བསོད་ནམས་དང་ལྡན་པ་ཞིག་ནི་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ། །ཇི་སྟེ་དེས་ཐོབ་པར་མ་གྱུར་ན་ཡང་ཚེ་ཕྱི་མ་ལ་གདོན་མི་ཟ་བར་འཐོབ་པར་འགྱུར་རོ། །ཏདྱ་ཐཱ། ག་བི་ལི། ཀ་པི་ལ། བིན་ཊེ། བྷཱུ་ན་ཛ་ར་སྟུ། མི་ལ་ཏ་ལ་མི་ལ་ཏ་ལ། ཨད་དྭ་རེ་སྭཱ་ཧཱ། གཟུངས་སྔགས་འདི་བཟླས་བརྗོད་བྱེད་པ་གང་ཡིན་པ་དེས་ནི་སེམས་ཅན་ཐམས་ཅད་ལ་བྱམས་པར་བྱའོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཁྲུས་ལེགས་པར་བྱས་ཤིང་གོས་གཙང་མ་བགོས་པ་ཁ་ཟས་མི་བཟའ་བར། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་སུམ་སྟོང་བཟླས་བརྗོད་བྱའོ། །དེའི་བདུག་པ་ནི་འདི་ཡིན་ཏེ། འབུག་སུག་ཧང་དང་། ག་བུར་དང་། དུ་རུ་ཀ་དང་། ཀཱ་ལ་ནུ་ས་རི་དང་། ཤའི་ལེ་ཡ་ཀ་རྣམས་ཀྱིས་བདུགས་ཏེ། གང་གིས་ཆོ་ག་འདི་བཞིན་དུ་བཟླས་བརྗོད་བྱས་པ་ལ་ནི་ཁྲོ་ཞིང་སྡང་བ་ཐམས་ཅད་དང་བར་འགྱུར་རོ། །ཙན་དན་དང་། གུར་གུམ་དང་། ཤིང་མངར་དང་། ཀར་ཀོ་ཏི་དང་། ཤུག་པ་དང་། སྨན་འདི་རྣམས་བསོགས་པ་ལ་གཟུངས་སྔགས་འདི་ལན་སུམ་སྟོང་བཟླས་བརྗོད་བྱས་ཏེ།


DKG059_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ལ་བཏགས་ན་དེ་ལ་བྱད་སྟེམས་ཀྱིས་ཚུགས་པར་མི་ནུས་ལ། བྱས་ཟིན་པ་ཡང་འཇིག་པར་འགྱུར་ཏེ། བྱམས་པའི་སེམས་དང་ལྡན་པ་དང་། བསླབ་པ་འཛིན་པས་བཟླས་བརྗོད་བྱའོ། །ཏདྱ་ཐཱ། ར་རེ་ར་རཱ་ཕུ། ཕ་ན་ཎེ་ལེ་བི་ལི་ཕ་བ་ཀཱ་རཱ་མུག་ཏེ་མུན་དྷ་རེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱེད་པ་སྟེ། མཛོད་ཇི་ལྟ་བུ་དང་ཏིང་ངེ་འཛིན་གྱི་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་འཐོབ་པར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གཙང་བ་དང་། ཁྲུས་བྱས་པ་དང་། གོས་གཙང་མ་གྱོན་པ་དང་། བསླབ་པ་འཛིན་པས་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་བཟླས་བརྗོད་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་མཚན་ཕྱོགས་རེ་རེར་ལན་སུམ་ཅུ་རྩ་གསུམ་གསུམ་བརྗོད་པར་བྱའོ། །ཕྱོགས་རེ་རེར་གཟུངས་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །འདི་ལ་བདུག་པ་ནི་འབུག་སུག་ཧང་དང་། ག་བུར་དང་། ཀ་ལ་ནུ་ས་རི་དང་། ཤའི་ལེ་ཡ་ག་དང་། དུ་རུ་ཀ་རྣམས་བསྲེག་པར་བྱ་ཞིང་དེ་དག་གིས་བསྒོས་པའི་མར་མེ་སྦར་བར་བྱའོ། །སྨན་དེ་དག་དང་སྦྱར་བའི་ཆུ་བཞག་སྟེ། རོ་སྣ་གཅིག་ཀྱང་བཞག་ནས་ཡིད་ལ་གང་འདོད་པ་དེ་སངས་རྒྱས་རྣམས་ལ་གསོལ་ན་ཇི་ལྟར་འདོད་པ་དེ་བཞིན་དུ་འགྱུར་རོ། །ཏདྱ་ཐཱ། ཏི་ལི་ག་ཛེ་ཤྭ་ར་ཤཱ་ར། ཨཱ་ཏི་བ་ཏི་ཥྭ་བ་ཏཱ་རཱ་ཀེ་ལེ་ཥི་བ་ཏ་གུ་ལེ་སྭཱ་ཧཱ། གཟུངས་སྔགས་འདིས་ལྷའི་མིག་འཐོབ་པར་འགྱུར་རོ། །མིག་ནད་ཀྱང་མེད་པར་འགྱུར་རོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། གོས་གཙང་མ་བགོས་ལ་སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ནས། མིག་སྨན་འདི་ཡང་སྦྱོར་བར་བྱ་སྟེ། གུར་གུམ་དང་། ཀ་ར་དཀར་པོ་སྦྲང་རྩི་དང་སྦྱར་ཏེ་མིག་ཏུ་བསྐུས་ན་མིག་མ་རུང་བར་མི་འགྱུར་རོ། །མིག་ནད་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །བདུག་པ་ནི་སྦྱར་བ་བསྲེག་གོ །མིག་སྨན་དེ་ལ་ནི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །ཉིན་གཅིག་བཞིན་དུ་ཆུ་ལ་ལན་བདུན་


DKG059_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བརྗོད་བྱས་ཏེ་མིག་བཀྲུ་བར་བྱའོ། །ཏདྱ་ཐཱ། བ་རད་ཙེ། བི་རད་ཙེ། ཀུ་ཐ་ལེ། མིག་ཏྲེ་ལེ། ཨཻ་ལཻ་མཻ་ལཻ། ཊད་གཱ་ཊད་གུ་ལེ་སྭཱ་ཧཱ། གཟུངས་སྔགས་འདི་ནི་སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ཡིན་ནོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། བསླབ་པ་འཛིན་པ་དང་། གཙང་མས་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་ལན་དགུ་བརྒྱ་བཟླས་བརྗོད་བྱས་ཏེ། བདུག་པ་སྦྱར་བ་སྲེག་ཅིང་དྲི་ཞིམ་པོས་བསྒོས་པའི་འབྲུ་མར་གྱི་མར་མེ་དང་། པོག་ཕོར་དང་། དྲི་ཞིམ་པོས་བསྒོས་པའི་ཆུ་དང་། རོ་སྣ་གཅིག་གཞག་པར་བྱ་སྟེ། མར་ལ་བཟླས་བརྗོད་བྱས་ནས་མགོ་བོ་དང་ཁར་བསྐུས་ན་མགོ་བོའི་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཐུངས་ན་དྲན་པ་སྐྱེ་བར་འགྱུར་རོ། །ཆོས་སློབ་པར་འདོད་པས་མར་དེ་འཐུངས་ན་དབང་པོ་རྣོན་པོར་འགྱུར་རོ། །གཟུངས་སྔགས་གང་བསྒྲུབས་ཀྱང་རུང་སྟེ། འདི་ལས་སྨོས་པ་བཞིན་དུ་ཡོངས་སུ་རྫོགས་པར་བཟླས་བརྗོད་བྱས་ཏེ། གཟུངས་སྔགས་ཐམས་ཅད་དང་། སངས་རྒྱས་ཀྱི་མཚན་རྣམས་ཕྱོགས་བཅུའི་ཕྱོགས་རེ་རེར་ལན་སུམ་ཅུ་རྩ་གསུམ་གསུམ་བརྗོད་པར་བྱའོ། །གང་གི་ཚེ་གཟུངས་སྔགས་བརྗོད་པ་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱོགས་བཅུར་ཚེ་དཔག་མེད་ཀྱི་སྙིང་པོའི་གཟུངས་སྔགས་བརྗོད་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་ཕྱོགས་རེ་རེར་བརྗོད་པར་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བའི་གཟུངས་སྔགས་འདི་དག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཇི་ལྟར་ཆོས་དང་ལྡན་པའི་དམ་པ་ཇི་ལྟ་བུར་འདོད་པ་བཞིན་དུ་ཐམས་ཅད་ཐོབ་པར་བྱེད་པ་དེ་བཞིན་དུ་སུས་བརྗོད་པ་དེས། སངས་རྒྱས་ཉིད་ཀྱང་འཐོབ་པར་འགྱུར་ལ་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །དེས་འདི་སྐད་དུ་བདག་གིས་གང་གི་ཚེ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ནས་དགྲོལ་བར་བྱའོ་ཞེས་བྱས་སོ། །དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་དུ་ཇི་ལྟར་བདག་གིས་གཟུངས་སྔགས་འདི་དག་གིས་མིང་པོ་ཐར་བར་བྱས་པ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་གཟུངས་སྔགས་འདི་དག་གིས་ཡོངས་སུ་ཐར་བར་བྱེད་པར་


DKG059_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཤིག་ཅེས་བྱས་སོ། །ནམ་ཞིག་ན་སུམ་པ་རྣམས་དེར་འོང་བ་དང་། གདོང་དམར་གྱིས་ཡུལ་འཛིན་པར་འགྱུར་བའི་དུས་འོང་བར་འགྱུར་ཏེ། དེ་ཡང་ལས་འདི་ལྟ་བུ་ལས་འགྱུར་རོ། །གང་གི་ཚེ་གཞོན་ནུ་སྡིག་ཅན་བྱུང་བ་ན་མི་རྒོད་བྱུང་བ་དེ་དག་རྒྱལ་པོའི་ཐད་དུ་བཏང་སྟེ། བློན་པོ་ཆེན་པོ་གཙོ་བོའི་ཁྱིམ་དུ་སོང་ནས་ནོར་རྣམས་ཁྱེར་རོ། །དེ་ནས་དེའི་མཛོད་སྒོ་ན་དེའི་ཆུང་མ་བུད་མེད་ཅིག་ཉལ་བ་དེ་དག་སང་ཤོར་གྱིས་དོགས་པའི་ཕྱིར་ཁྲིད་དེ་བསད་དོ། །དེ་ནས་མི་རྒོད་དེ་དག་བཟུང་ནས་བློན་པོ་དེ་དག་གི་ལག་ཏུ་བྱིན་ཏོ། །མི་རྒོད་དེ་དག་གི་བུ་དང་ཆུང་མ་དང་ནོར་རྣམས་ཀྱང་བློན་པོ་ཆེན་པོ་དེ་དག་གི་མདུན་དུ་བཞག་གོ །དེ་ནས་བློན་པོ་ཆེན་པོ་གཙོ་བོ་དེ་ཁོང་དགེ་བ་ཞིག་སྟེ། བདག་གི་ནོར་ཉི་ཚེའི་ངོ་བླངས་སོ། །དེ་ནས་བློན་པོ་ཆེན་པོ་གཙོ་བོ་དེའི་སྲིང་མོ་མཚན་མོ་མི་ཉལ་བར་འཆག་ས་ན་འཆགས་པས་དེར་མི་རྒོད་འོངས་པ་ཚོར་ནས། རྒྱལ་པོའི་གན་དུ་ཁྲིད་པ་ཡང་དེས་མཐོང་ངོ་། །དེ་ནས་དེ་དག་བུ་དང་ཆུང་མ་རྣམས་ནི་བློན་པོ་ཆེན་པོ་ཅིག་ཤོས་ཀྱིས་ཁྱེར་རོ། །ནོར་རྣམས་ནི་རྒྱལ་པོའི་དཀོར་དུ་བསྡུས་ནས། བློན་པོ་ཆེན་པོ་ཅིག་ཤོས་ཀྱིས་བུ་དང་ཆུང་མ་ཁྱེར་བ་དེ་ཡང་རྒྱལ་པོས་མ་རྨས་སོ། །དེ་ནས་བློན་པོ་ཆེན་པོ་ཤོས་ཀྱིས་ནུ་བོ་དང་བུ་ལ་མི་རྒོད་གཙོ་བོའི་ཆུང་མ་བྱིན་ནས་ཆེན་པོ་ཅིག་གིས་དེའི་བུ་དང་ཆུང་མ་རྣམས་ཀྱང་མི་རྒོད་དེ་དག་གིས་མཚན་མོ་བརྐུས་ཏེ་རང་གི་བུ་དང་ཆུང་མ་ནི་ཕྱིར་མ་ཐོབ་བོ། །དེ་ནས་དེའི་ཚེ་དེ་དག་གིས་སྨོན་ལམ་བཏབ་པ་གང་གི་ཚེ་ཁྱོད་ཀྱིས་མིའི་ལུས་ཐོབ་པར་འགྱུར་བ་དེའི་ཚེ་ངེད་ཀྱིས་ཁྱེད་ཀྱི་ཆུང་མ་འཕྲོག་པར་གྱུར་ཅིག་ཅེས་བྱས་སོ། །མི་རྒོད་ཀྱི་གཙོ་བོ་གང་གིས་མཛོད་ཀྱི་སྒོ་ནས་བུད་མེད་ཁྲིད་དེ་སོང་བ་ངེས་པ་དེས་སྨོན་ལམ་བཏབ་པ་བདག་བློན་པོ་ཁྱེད་ཀྱི་འཁོར་དུ་སྐྱེས་ཏེ། གང་གི་ཚེ་ཁྱོད་ལས་བྱེད་པ་དེའི་ཚེ། ངས་ཁྱོད་ཀྱི་སེམས་དཀྲུག་ཅིང་གཏམ་ངན་ཆེན་པོ་སྒྲོགས་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་རིགས་དང་ལྡན་པའི་བུད་མེད་གང་གིས་མི་རྒོད་འོང་བ་ཚོར་བ་དེ་ལ་དྲིས་པ་ངས་ཚོར་རོ། །ཞེས་ཁྱོད་ཀྱིས་བྱ་སྟེ་ཅི་བྱ་ཞེས་དེས་སྨྲས་པ་རྫུན་དུ་སྨྲ་བར་གྱུར་གྱིས་དོགས་པ་དང་། དེའི་སྡིག་བདག་གི་ལུས་ཀྱིས་མྱོང་


DKG059_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་དུ་དོགས་པའི་ཕྱིར་རོ་ཞེས་བྱས་སོ། །དེས་ན་མི་རྒོད་ཀྱི་གཙོ་བོ་དེས་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། དུས་ཐམས་ཅད་དུ་བདག་བློན་པོ་ཆེན་པོ་འདིའི་མཛའ་བོའི་ཚུལ་དུ་འདུག་ཅིང་དགྲ་བྱེད་པར་གྱུར་ཅིག་ཅེས་བྱས་སོ། །དེ་ལ་བློན་པོ་ཆེན་པོ་གཙོ་བོ་དེ་ནི་སྐར་རྡོའི་རྒྱལ་པོར་འགྱུར་རོ། །ཅིག་ཤོས་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། །བློན་པོ་ཆེན་པོ་ཅིག་ཤོས་ཀྱི་ནུ་བོ་ནི་ཤད་ཀུ་ལ་ཞེས་བྱ་བར་འགྱུར་རོ། །བུར་གྱུར་པ་དེ་ནི་བསོད་ནམས་འཕེལ་ཞེས་བྱ་བར་འགྱུར་རོ། །མི་རྒོད་ཀྱི་གཙོ་བོར་གྱུར་པ་དེ་ནི་ས་པི་ཏེ་ཀུ་ལ་ཞེས་བྱ་བར་འགྱུར་རོ། །བློན་པོ་ཆེན་པོ་དེའི་ཆུང་མ་གསོད་གསོད་པའི་མི་དེ་གཉིས་ལས་གཅིག་ནི་ཨ་ཀུ་ན་ཞེས་བྱ་བར་འགྱུར་རོ། །གཅིག་ནི་ཏུ་པ་ལ་ཞེས་བྱ་བར་འགྱུར་རོ། །དེའི་ཆུང་མ་སྨོན་ལམ་འདེབས་པ་གཉིས་ལས་གཅིག་ནི་མྱ་ངན་དང་བྲལ་བ་ཞེས་བྱ་བར་འགྱུར་རོ། །གཅིག་ནི་རབ་སྡུག་ཅེས་བྱ་བར་འགྱུར་རོ། །བློན་པོ་ཆེན་པོ་དེའི་ཆུང་མ་མཛོད་ཀྱི་སྒོ་ན་ཉལ་ཉལ་བ་དེ་ནི་པིད་ཀུ་ལའི་ཆུང་མ་ལས་སྐར་རྡོའི་རྒྱལ་པོས་ཁྱེར་བ་ཡིན་ནོ། །མི་རྒོད་རྣམས་ཀྱི་མར་གྱུར་པ་དེ་ནི་མི་རྒོད་འཛིན་པ་རྣམས་ཀྱི་མར་གྱུར་ཏེ། དེ་ཡང་དེའི་གྲོགས་སུ་འགྱུར་རོ། །རྒྱལ་པོ་གསོད་པ་དེས་ནི་སྨོན་ལམ་འདི་སྐད་ཅེས་བཏབ་སྟེ། ཅི་ནས་བདག་བག་མར་བཏང་ནས་ཁྱོད་ལ་གསོད་པར་གྱུར་ཅིག་ཅེས་བྱས་སོ། །དེའི་ཕྱིར་ན་ལིའི་རྒྱལ་པོས་མྱ་ངན་མེད་པའི་ཨ་ཀུ་ན་ལ་བྱིན་ནོ། །སྐར་རྡོའི་རྒྱལ་པོས་ཀྱང་པིད་ཀུ་ལའི་ཆུང་མ་ཁྱེར་བར་གྱུར་ཏེ། དེ་ཕྱིན་ཅད་གཅིག་ལ་གཅིག་དགྲར་འགྱུར་རོ། །དགེ་བྱེད་ཀྱི་ཕྱོགས་གང་ཡིན་པ་དེ་དག་ནི་ལི་ཡུལ་ན་དགེ་བ་བྱེད་པར་འགྱུར་རོ། །མི་རྒོད་དུ་གྱུར་པ་དེ་དག་ནི་ལི་ཡུལ་དུ་སྡིག་བྱེད་པར་འགྱུར་རོ། །ཆུང་མ་འཕྲོག་པར་བྱེད་པའི་མི་རྒོད་དེ་དག་གིས་ཀྱང་བློན་པོ་ཆེན་པོ་དེ་ལ་འདི་སྐད་ཅེས་སྨྲས་ཏེ་སྨོན་ལམ་བཏབ་བོ། །ཁྱོད་ཀྱིས་ཆོས་བཞིན་དུ་བྱས་ཏེ་ཡུས་ཡོད་བཞིན་དུ་བཏང་ནས་རང་གི་ནོར་ཉི་ཚེའི་ངོ་བླངས་པས་ན་ཁྱོད་དགེ་བ་ཅི་རྩོམ་ཡང་རུང་སྟེ། དེར་བདག་ཅག་ཁྱོད་ཀྱི་གྲོགས་སུ་གྱུར་ཅིག་ཅེས་བྱས་སོ། །སྔོན་དུ་པ་ལ་ལིའི་རྒྱལ་པོའི་མིར་གྱུར་


DKG059_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་སྨོན་ལམ་བཏབ་པས་ན་སྐར་རྡོའི་རྒྱལ་པོའི་གྲོགས་སུ་གྱུར་ཏེ། ནམ་དེའི་དུས་ལ་བབ་པ་ན་སྐར་རྡོའི་རྒྱལ་པོ་པིད་ཀུ་ལའི་ཆུང་མ་ཁྱེར་བར་འགྱུར་ཏེ། དེའི་ཚེ་པིད་ཀུ་ལས་གཏམ་ངན་ཆེན་པོ་བསྒྲགས་ནས་མི་དེའི་བསམས་པ་ལས་ན་ལུས་འདི་ཅི་ཞིག་བྱ་སྙམ་ནས་དེའི་ཚེ་སྐྱོ་བ་ཆེན་པོ་སྐྱེ་བར་འགྱུར་རོ། །དེའི་ཚེ་སྔོན་གྱི་དགེ་བའི་རྩ་བ་དྲན་པར་འགྱུར་ཏེ། འདི་ནི་བུད་མེད་དུ་སྐྱེ་བའི་ཐ་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའ་འདི་དྲན་པར་བྱའོ་སྙམ་མོ། །དེ་ནས་ནམ་འཚོའི་བར་དུ་དགེ་བསྙེན་མའི་བསླབ་པའི་གཞི་འཛིན་པར་འགྱུར་ཏེ། དེའི་ཚེ་ཀུན་ཏུ་དགའ་བ་ཞེས་བྱ་བའི་གཟུངས་སྔགས་བརྗོད་ནས། དེར་གང་གིས་ཚེ་རབས་དྲན་པར་གྱུར་པའི་ཏིང་ངེ་འཛིན་དང་བཟོད་པ་འཐོབ་པར་འགྱུར་རོ། །དེ་ནས་རིང་པོ་མི་ཐོགས་པར་ཡུལ་དེར་གདོང་དམར་རྣམས་འཛིན་པར་འགྱུར་ཏེ། དེ་དག་ཐོག་མ་ལི་ཡུལ་དུ་འགྲོ་འདོད་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། ལི་ཡུལ་གྱི་སྲུང་མའི་ལྷ་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་དང་། འཕྲོག་མའི་བུ་དང་བཅས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་རྣམས་ཀ་པི་ལ་ནའི་མཆོད་རྟེན་དུ་ཐམས་ཅད་འོང་བར་འགྱུར་ཏེ། དེར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཟུངས་སྔགས་བཤད་དོ། །དེའི་ཚེ་དེར་མཆོད་རྟེན་དེ་ཉིད་ལས་འདི་ལྟར་བྱང་ཕྱོགས་པ་ལ་སོགས་པའི་དམག་འོང་བར་འགྱུར་ཏེ། ཤིན་ཏུ་མི་བཟད་པ་ཡིན་ནོ་ཞེས་སྒྲ་རང་འབྱུང་བར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་རྣམས་དང་། འཕྲོག་མ་བུ་དང་བཅས་པ་དེ་དག་ཐམས་ཅད་མྱ་ངན་གྱི་གོ་བགོས་ནས། དེར་འོངས་ཏེ་འདི་སྐད་དུ་གདོང་དམར་རྣམས་ཀྱི་དམག་འོངས་ཏེ། དྲི་གཙང་ཁང་དང་། མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་ཀྱང་འཇིག་པར་བྱེད་ཀྱིས་ཅི་ནས་ཡུལ་ཀུན་འཇིག་པར་མི་འགྱུར་བར་གྲོགས་གྱིས་ཤིག་ཅེས་ཟེར་རོ། །དེ་ནས་དེའི་ཚེ་ན་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་གིས་བགྱི་བ་གང་ལགས་པ་དེ་བཀའ་སྩོལ་ཅིག་དང་། ཡུལ་གྱི་ཕྱིར་ཅི་སྟེ་


DKG059_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་སྲོག་ཡལ་དུ་ཟིན་ཀྱང་དེ་ལ་ཆགས་པ་མེད་དོ། །དེ་ནས་ལྷ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ལ་ཐབས་ཅིག་ཁོ་ན་ཞིག་ཡོད་དེ། ཅི་ནས་ཡུལ་གྱི་མི་ཐམས་ཅད་ཀྱིས་ཐེག་པ་ཆེན་པོའི་མདོ་དམ་པའི་ཆོས་པད་མ་དཀར་པོའི་མདོ་ཉི་ཤུ་རྩ་གཅིག་བྲིས་ལ་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་ཀྱི་སྲུང་མའི་ལྷ་དེ་དག་དང་། མདོ་དེ་ལས་མིང་སྨོས་པའི་སྲིན་པོ་དང་སྲིན་མོ་གང་ཡིན་པ་དེ་དག་ལ་ཆོས་སྦྱིན་པར་བྱ་བའི་ཕྱིར་ཨ་ཤྭ་དམ་པའི་མཆོད་རྟེན་ཆེན་པོ་བཀླག་པར་བྱ་སྟེ། རོ་དང་ལྡན་པའི་ཟས་རྣམས་ཀྱང་གཞག་པར་བྱའོ། །མར་མེ་དེ་དག་ཀྱང་སྦྱར་བར་བྱའོ། །དེ་ནས་དྲི་མ་མེད་པའི་འོད་ཀྱིས་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཡུལ་གྱི་ཕྱིར་ཐམས་ཅད་ལ་འདྲིར་གཞུག་པ་དང་། ཀློག་ཏུ་གཞུག་པར་བསྒོ་བའི་མཐུ་དེ་ལྟ་བུ་བདག་ལ་མེད་ཀྱིས། ཡུལ་གྱི་ཕྱིར་བདག་ཉིད་ཀྱིས་ཀློག་ཅིང་རོ་དང་ལྡན་པའི་ཟས་རྣམས་ཀྱང་གཞག་གོ །མར་མེ་དེ་དག་ཀྱང་སྦྱར་རོ། །གང་གི་ཚེ་དྲི་མ་མེད་པའི་འོད་ཀྱིས་དམ་པའི་ཆོས་པད་མ་དཀར་པོ་ཀློག་པ་དང་། རོ་དང་ལྡན་པའི་ཟས་རྣམས་གཞག་པར་རྩོམ་པ་དེའི་ཚེ་གདོང་དམར་དེ་དག་ལོ་དང་པོ་ལ་ལི་ཡུལ་དུ་འགྲོ་བར་རྩོམ་པར་འགྱུར་རོ། །དེ་ནས་ལོ་གསུམ་པའི་ཚེ་འགྲོ་ནུས་པར་འགྱུར་རོ། །དེའི་ཚེ་སྡིག་བྱེད་ཀྱི་གྲོགས་པོར་གྱུར་པའི་མི་རྒོད་ལྔ་བརྒྱ་པོ་གང་ཡིན་པ་དེ་དག་ཀྱང་དེའི་ཚེ་མི་རྒོད་ཀྱིས་འཛིན་པར་འགྱུར་རོ། །དེའི་ཚེ་དྲི་མ་མེད་པའི་འོད་གཡེངས་པར་འགྱུར་ཏེ། དམ་པའི་ཆོས་པད་མ་དཀར་པོ་དག་ཀྱང་ཀློག་པར་མི་བྱེད། རོ་དང་ལྡན་པའི་ཟས་རྣམས་ཀྱང་འགྲེམས་པར་མི་བྱེད་དོ། །དེ་ནས་གདོང་དམར་རྣམས་རང་གི་ཡུལ་ནས་འཕགས་ཏེ་སྟོན་ཟླ་ར་བ་ལ་ལི་ཡུལ་དུ་འགྲོ་བར་ཆས་སོ། །དེའི་ཚེ་ལིའི་རྒྱལ་པོ་སྲིན་མོ་དྲི་མ་མེད་པའི་འོད་ལ་མི་དགའོ། །དུ་པ་ལ་དང་ཨ་ཀུ་ན་གཉིས་ཀྱང་དེའི་ཚེ་གཡེངས་པར་འགྱུར་ཏེ། ཀློག་པར་མི་བྱེད། རོ་དང་ལྡན་པའི་ཟས་རྣམས་ཀྱང་འགྲེམས་པར་མི་བྱེད། མར་མེ་ཡང་སྦྱར་བར་མི་བྱེད་དོ། །དེ་ནས་ལྷ་རྣམས་ཙར་མིན་དྷའི་ཡུལ་དུ་གཡུལ་འགྱེད་དེ་ཕམ་པར་འགྱུར་


DKG059_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེའི་ཚེ་དྲི་མ་མེད་པའི་འོད་ཀྱིས་དགག་དབྱེའི་ཚེས་བཅུ་བཞི་ལ་གཟུངས་སྔགས་བརྗོད་ནས་དེར་ལྷ་རྣམས་ཀྱིས་ཡིད་དུ་མི་འོང་བའི་ཚིག་སྨྲས་པ། ཁྱོད་ཀྱིས་དམ་པའི་ཆོས་པད་མ་དཀར་པོའི་ཆོས་ཀྱི་རྣམ་གྲངས་བདག་གིས་ཉིན་གཅིག་བཞིན་དུ་ཆོ་ག་བཞིན་བཀླག་པར་བྱའོ་ཞེས་གང་སྨྲས་པ་དེ་ཁྱོད་ཀྱིས་མ་བཀླགས་པའི་ཕྱིར་ཁོ་བོ་ཅག་ཕམ་པར་གྱུར་པས་སུམ་པ་རྣམས་འདིར་འོང་བར་འགྱུར་རོ་ཞེས་ཟེར་རོ།། །།དྲི་མ་མེད་པའི་འོད་ཀྱིས་ཞུས་པ། བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྔོན་བྱུང་བ་གང་ལགས་པ་དང་། སླད་ཀྱིས་ཇི་ལྟར་འགྱུར་བ་དང་། ཅི་ནས་བདག་གིས་ཇི་ལྟར་དྲན་པར་འགྱུར་བ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་འོངས་པའི་དུས་ན་ཡུལ་འདིར་འདི་ལྟ་བུ་འབྱུང་བར་འགྱུར་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ལི་ཡུལ་གྱི་རྒྱལ་སྲིད་སུམ་པས་འཛིན་པར་འགྱུར་ཏེ། དེ་ན་ཡང་གང་གི་ཚེ་རྒྱལ་པོ་འཕགས་སྐྱེས་པོས་ཤཱཀྱའི་ཡུལ་དུ་དམག་དྲངས་པ་དེའི་ཚེ་ཤཱཀྱའི་ཡུལ་གྱི་མི་རྒྱལ་པོའི་འཁོར་དུ་གྱུར་པ་ཞིག་ཤཱཀྱ་དག་གི་ཟླ་ལ་གཡུལ་བཀྱེ་ནས། དེའི་ཕྱི་བཞིན་དུ་མི་གཞན་ཞིག་བྱུང་བ་དེས་དེར་འདི་སྐད་དུ་ཁྱོད་ཀྱིས་ཤཱཀྱ་ཐམས་ཅད་ལ་བསླབ་པ་འཛིན་དུ་བཅུག་ནས། དེ་དག་གི་ཡུལ་དུ་དགྲ་བྱུང་ན་ཡང་འཐབ་མོ་མ་བྱས་པས་ན་མ་འོངས་པའི་དུས་སུ་གང་དུ་ཁྱོད་ཀྱི་སྐུ་གདུང་དང་བསྟན་པ་བྱུང་བ་དེར་ངས་དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་དང་། མཆོད་རྟེན་ཆེན་པོ་རྣམས་ཅི་ནས་ཀྱང་གཞིག་པར་བྱའོ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བོས་ཏེ་བཀའ་སྩལ་པ། ནུ་སྡུག་གང་གི་ཚེ་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེའི་ཚེ། དེར་འུ་བུ་ཅག་གཉིས་ཀྱིས་ལྷན་ཅིག་ཏུ་སངས་རྒྱས་སུ་ལུང་བསྟན་པ་ཐོབ་པ་དྲན་པར་གྱིས་ཤིག །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ནུ་སྡུག་ལི་ཡུལ་དེར་དེ་ལྟ་བུའི་དུས་ལ་བབ་པ་ན་ཇི་ལྟར་ཡང་ཡུལ་དེ་ཅུང་ཟད་ཀྱང་འཇིག་


DKG059_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ནོར་བུ་བཟང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་ངས་དགོངས་ཏེ། ཨུ་རྒྱན་གྱི་ཡུལ་དེར་ལུང་ཇི་ལྟར་བསྒོ་བ་དེ་བཞིན་དུ་འདི་ཡང་ཟུང་ཤིག །དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལི་ཡུལ་དུ་སུམ་པ་འོངས་པ་དེ་ལྟར་ཐུགས་སུ་ཆུད་པ་དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནུ་སྡུག་ཁྱོད་ཀྱིས་ལི་ཡུལ་འདི་ལྟ་བུར་འགྱུར་བའི་དུས་ལ་བབ་པ་དེའི་ཚེ་སྐབས་ཕྱེ་ཤིག །དེ་ནས་དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་གི་ཆ་ལུགས་ཀྱི་གཟུགས་བྱས་ནས་དགེ་སློང་ཞིག་ལ་བྱིན་ཏེ། དེས་ལི་ཡུལ་དེར་ཁྱེར་ཏེ་འོང་བར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལི་ཡུལ་དང་དམག་གི་དཔུང་འཛིན་པའི་ལྷ་གང་ཡིན་པ་དེ་དག་ལ་སྐུལ་བར་བྱེད་དོ། །དགེ་སློང་དེ་ཡང་ཕྱིས་གསེར་གྱི་ཡུལ་དུ་སྐྱེ་བར་འགྱུར་ཏེ། བསོད་ནམས་ལ་དགའ་བ་ཞེས་བྱ་བར་འགྱུར་རོ། །གང་གི་ཚེ་ཤི་འཕོ་བར་འགྱུར་བ་དེའི་ཚེ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྲོ་བར་འགྱུར་རོ། །གང་གི་ཚེ་སུམ་པ་འོང་བར་འགྱུར་བ་དེའི་ཚེ་དགུན་ཟླ་ཐ་ཆུངས་ཚེས་བཅྭ་ལྔ་ཉའི་ནམ་ཕྱེད་ན་དེ་དག་གིས་དྲི་མ་མེད་པའི་འོད་དེ་ལ་བོས་ཏེ་འདི་ལྟ་སྟེ། ཀྱེ་རབ་ངེས་ལི་ཡུལ་དུ་དམག་འོངས་སོ། །རྒྱལ་པོ་ཡང་ཕྱིར་བྱུང་སྟེ། ཡུལ་ཡང་ཤིན་ཏུ་མི་བཟད་པའི་དུས་ལ་བབ་བོ་ཞེས་ཟེར་རོ། །གནོད་སྦྱིན་སེར་སྐྱས་ཀྱང་འདི་སྐད་དུ་ཁྱོད་དང་ལྷན་ཅིག་ཏུ་ལི་ཡུལ་བསྲུང་བའི་ཕྱིར་ལག་ཏུ་མནོས་པའི་ལྷ་དང་། གནོད་སྦྱིན་གང་ཇི་སྙེད་ཡོད་པ་དེ་དག་ལ་ཅི་ནས་གསེར་གྱི་ཡུལ་སྲུང་བ་དང་། ཅི་ནས་སུམ་པ་དག་གིས་བཤིག་པར་མི་འགྱུར་བ་དེ་ལྟ་བུར་བསྒོ་ཤིག་ཅེས་ཟེར་རོ། །དེ་དག་ཀྱང་འདི་སྐད་དུ་བདག་ཅག་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གང་གིས་ཁྱོད་ལས་བྱེད་ནུས་པར་འགྱུར་བ་དང་། ཅི་ནས་སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་བ་དང་། རྒྱལ་པོ་ཡང་ཕྱིར་རང་གི་ཡུལ་དུ་འོང་བར་འགྱུར་བ་དེ་ལྟ་བུ་སྦྱིན་པར་བྱའོ་ཞེས་ཟེར་རོ། །དེའི་ཚེ་ཅི་ནས་སངས་རྒྱས་དེ་


DKG059_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་ཆོས་བཤད་པ་ཐམས་ཅད་དེར་ཡོངས་སུ་ཤེས་པར་འགྱུར་བའི་གཟུངས་སྔགས་དེ་ཡང་བྱིན་ནོ། །ཏདྱ་ཐཱ། ཨུ་ཀ་སེ་མུ་ཀ་སེ། ཨུ་ཀུ་རུ་མུ་ཀུ་ཕུ་རུ་སྭཱ་ཧཱ། ཏདྱ་ཐཱ། ནི་ཛི་ཏེ་བིརྫི་ཏེ། བྷ་ཤི་ཏེ། དྷརྨ་སྐན་དྷ། ཨ་པ་ར་ཛི་ཏེ། ཨིན་དྲ་བརྫི་ཏེ་ཕུཿསྭཱ་ཧཱ། འདི་སྐད་དུ་གཟུངས་སྔགས་འདི་དག་ཟླ་བ་གཅིག་གི་བར་དུ་ཕྱེམ་རེད་ཀྱི་དུས་སུ་ལན་བརྒྱ་རྩ་བརྒྱད་བརྒྱད་རྗོད་ཅིག་དང་ཇི་ལྟར་འགྱུར་བ་བདག་གིས་ཁྱོད་ལ་བསྟན་པར་བྱ་སྟེ། གཟུངས་སྔགས་དེ་དག་བསྟན་པར་བྱའོ་ཞེས་ཀྱང་ཟེར་རོ། །གང་གི་ཚེ་རབ་ངེས་ཀྱིས་ཟླ་བ་གཅིག་གི་བར་དུ་གཟུངས་སྔགས་བརྗོད་ནས་དེའི་དཔྱིད་ཟླ་ར་བ་ཚེས་བཅུ་བཞི་ལ་ལྷ་རྣམས་ཀྱིས་བརྗོད་དུ་བཅུག་པའི་གཟུངས་སྔགས་གང་ཡིན་པ་དེ་བརྗོད་ན་དེའི་ཚེ་བསམ་གཏན་གྱི་མདུན་ཁང་གི་སྟེང་ཁང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་མི་འཁྲུགས་པ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་དང་། དེ་བཞིན་གཤེགས་པ་འོད་དཔག་མེད་དང་། དེ་བཞིན་གཤེགས་པ་རྔ་སྒྲ་དང་། སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་དེར་འདུས་པར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཐབས་ཅིག་ཏུ་ཆོས་བགྲོ་བ་མཛད་མཛད་པ་དེར་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་གཤེགས་སོ། །ལྷའི་རྒྱལ་པོ་སུམ་ཅུ་རྩ་གཉིས་ཀྱང་དེར་འོངས་ཏེ། དྲི་མ་མེད་པའི་འོད་ལས་རབ་ངེས་ཞེས་བྱ་བར་འགྱུར་བ་དེའི་ཐད་དུ་ཚེས་བཅུ་བཞིའི་ཉིན་པར་འོང་བར་འགྱུར་ཏེ། བ་ལང་པ་སུམ་པ་རྣམས་དཔྱིད་ཟླ་ཐ་ཆུངས་ལ་ངེས་པར་ཕྱིར་ལྡོག་པར་འགྱུར་རོ། །དེའི་ཚེ་གཟུངས་སྔགས་གང་གིས་སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་བ་དང་། མུ་གེ་ཡང་འབྱུང་བར་མི་འགྱུར་བ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་དེ་དག་གཤེགས་པར་འགྱུར་བའི་གཟུངས་སྔགས་དེ་དག་ཀྱང་བྱིན་ནོ། །དེ་བཞིན་གཤེགས་པ་ཆོས་འཛིན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་དཔའ་བའི་རིགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་སྣང་ལ་ཕྱག་འཚལ་ལོ། །དེ་བཞིན་


DKG059_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཆོས་དགྱེས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་ཀྱི་གཟི་བརྗིད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་དབང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བརྟན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཆོས་བརྩེགས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། བུ་བུ་བུ་བུ། དྷརྨ་ཨ་དྷི་ཏེ་ཕུཿ། ཨ་ཨ་ཨ་ཨ། ད་ཀུ་ལ་ཨ་དྷི་ཏེ། བན་ཛ་རཻ་ཕུག་ཙ་རཻ་ཕུཿ། བི་བི་བི་བི་ཕུཿ། ས་ས་ས་ས་ཕུཿ། ཀཽ་ཀཽ་ཀཽ་ཀཽ་ཕུཿ། ཧཱ་ཧཱ་ཧཱ་ཧཱ་ཕུཿསྭཱ་ཧཱ། གཟུངས་སྔགས་འདི་ནི་ས་འཛིན་པ་ཞེས་བྱ་སྟེ་བབ་ཅོལ་ལ་ཞུགས་པའི་སེམས་ཅན་གང་ཡིན་པ་དེས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན་དེ་ལས་ཐར་བར་འགྱུར་རོ། །གང་གི་ཚེ་དམག་བྱུང་བ་དེའི་ཚེ་ཡང་བཟླས་བརྗོད་བྱའོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་རབ་ངེས་ཞེས་བྱ་བར་འགྱུར་བ་གང་ཡིན་པ་དེའི་དོན་གྱི་ཕྱིར་དེར་ཚེས་བཅུ་བཞིའི་ཉིན་པར་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆ་ལ་དམ་པ་སྩོལ་བར་མཛད་དོ། །གང་གི་ཚེ་དེར་རྒྱ་དང་སུམ་པ་འོང་བར་འགྱུར་བ་དེའི་ཚེ་དེ་ལི་ཡུལ་དུ་རྒྱལ་སྲིད་འཛིན་པར་འགྱུར་ཏེ། ཡུལ་གྱི་ཕྱིར་གླུད་འཇལ་བར་འགྱུར་རོ། །དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། མཆོད་རྟེན་རྣམས་གདོང་དམར་དག་གིས་བསྲེགས་པ་ཡང་ཕྱིར་འཆོས་པར་བྱེད་དོ། །ལོ་དུ་མར་ཡུལ་བདེ་བ་དང་། ལོ་ལེགས་པ་དང་། ཡིད་དུ་འོང་བར་གནས་པར་འགྱུར་ཏེ། དེའི་ཚེ་གཟུངས་འདི་ཡང་སྩོལ་བར་མཛད་དོ། །ན་མོ་དྷརྨ་ཙིན་ཏ་ཀུ་ལ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཙ་ཙ་ཙ་ཙ། ཨཱ་ཨཱང་ཨཱ། རུ་ཙ་ན་གན་དྷེ། པ་རུ་ར་གན་དྷེ། རོ་དྷ་ནཱ་དྷི་ཏེ་ཀུ་ལ་ཨ་དྷི་ཏེ་སྭཱ་ཧཱ། གཏེར་རྙེད་པར་འདོད་པའམ། ཡང་ན་ནོར་མང་པོ་རྙེད་པར་འདོད་ན་ཁ་ཟས་མི་ཟ་བར་གཟུངས་སྔགས་འདི་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །བསྒྲུབ་པའི་ཐབས་ནི་འདི་ཡིན་ཏེ། ཞག་བདུན་གྱི་བར་དུ་བསླབ་པ་བཟུང་ལ་ཤ་མི་བཟའ་བར་འོ་ཐུག་གམ་འབྲས་ཅན་བཟའ་བར་བྱའོ། །ཞག་བདུན་


DKG059_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཉིན་པར་ནི་ཁ་ཟས་མི་བཟའ་བར་ནང་པར་ཁྲུས་བྱས་ལ་གཟུངས་སྔགས་འདི་ཡང་བཟླས་བརྗོད་བྱས་ཏེ། རིའི་རྩེ་མོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ལན་སྟོང་བཟླས་བརྗོད་བྱའོ། །པད་མ་སྟོང་གི་སྟེང་དུ་གསེར་གྱི་པད་མ་བདུན་བཞག་སྟེ། བྱང་ཆུབ་སེམས་དཔའི་མདུན་དུ་གུར་གུམ་གྱིས་དཀྱིལ་འཁོར་བྱས་ལ་རོ་དང་ལྡན་པའི་ཟས་སྣ་བརྒྱད་གུར་གུམ་གྱིས་བསྒོས་པ་དང་། གུར་གུམ་གྱི་ཆུས་བཀང་བའི་སྣོད་བཞི་བཞག་སྟེ། དེར་སྦྱིན་སྲེག་འདི་ཡང་བྱ་སྟེ། ཨ་ག་རུ་ནག་པོ་དང་། ཙན་དན་དཀར་པོ་དང་། ཙན་དན་དམར་པོ་དང་། ཙན་དན་སེར་པོ་རྣམས་ཀྱི་ཡམ་སྲེག་ཤིང་དང་། འབྲས་མ་དྲུས་པ་དང་། ཤ་རི་བ་རྣམས་བསྲེག་པར་བྱའོ། །ཆོ་ག་ནི་འདི་ལྟར་བྱ་སྟེ། དཀྱིལ་འཁོར་དུས་སུ་རྔ་ཡབ་སྟོང་ལ་ལན་རེ་བཟླས་བརྗོད་བྱ་སྟེ་སྦྱིན་སྲེག་བྱའོ། །ཨ་ག་རུ་དང་། རྒྱ་སྤོས་དང་། ཀ་ལི་ཡ་ཀ་དང་། ག་བུར་དང་། ཤི་ལི་ཡ་ཀ་དང་། གུར་གུམ་དང་། དུ་རུ་ཀ་རྣམས་ཀྱི་བདུག་པས་ཀྱང་དེར་བདུག་པར་བྱའོ། །དེའི་ཚེ་གཟུངས་སྔགས་འདི་ཡང་ཇི་ལྟར་རྟ་གནས་ཀྱི་རིག་སྔགས་བཤད་པའི་ཆོ་ག་རྒྱས་པ་བཞིན་དུ་བཟླས་བརྗོད་བྱའོ། །གནས་དེར་རི་ཡང་འདྲི་བར་བྱའོ། །ཡང་ན་རིའི་སྟེང་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཚེ་ཁྱོད་ཀྱིས་རབ་ངེས་དེ་ལ་དྲན་པར་གྱིས་ལ་ཆོ་ག་རྒྱས་པར་འདི་ཡང་ཤོད་ཅིག་དང་། སངས་རྒྱས་ཀྱི་བཀའ་བཞིན་དུ་བྱེད་པ་གང་ཡིན་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། དབང་ཕྱུག་གི་ལྷ་དང་། ལྗོན་པའི་དབང་ཕྱུག་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་དང་། སྤོང་བའི་འོད་ཀྱི་དབང་ཕྱུག་དང་། དྲི་ཟའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། རིགས་ཀྱི་དབང་ཕྱུག་དང་། ཆོས་ཀྱི་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་དེ་དག་དེར་འོང་བར་འགྱུར་རོ། །གསང་སྔགས་འདི་ཡང་བཤད་དེ། རབ་ངེས་གསང་སྔགས་འདི་རྗོད་ཅིག་ཅེས་ཟེར་རོ། །སངས་རྒྱས་ལ་ཕྱག་


DKG059_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་གྱི་ཚེ་ན་བསམ་པ་ཡི། །གསང་སྔགས་རབ་ཏུ་བཤད་པ་འདི། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ཆོ་ག་འདི་ནི་བཤད་པར་བྱ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །བཅིངས་པ་ཐམས་ཅད་ཚར་གཅོད་པར་མཛད་པ་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་བྱམས་པར་སེམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་བདེ་བྱེད་པའི། །རིག་སྔགས་འདི་ནི་རབ་ཏུ་བཤད། །ཏདྱ་ཐཱ། ཙ་ར་ཙ་ར་ཎི། ས་ར་ས་ར་ཏེ། ས་ར་བི་ས་ར། བྷུད་དྷ་བུད་དྷ། བོ་དྷ་ཡ་བོ་དྷ་ཡ། སརྦ་སད་ཏྭ་ཧི་ཏ། ཨ་ནུ་ཀམ་བཱི། བོ་དྷ་ཡ་བོ་དྷ་ཡ། མི་ཏེ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སྨ་ར་སྨ་ར་ས་མ་ཡ་ན། སརྦ་ས་ཏྭཱ་ནཱ་ན། མཻ་ཏྲེ་ཙི་ཏཱ་ནཱ་ན། ཡས་སརྦ་ས་ཏྭ་ནན། མོར་ཤ་ར། ཀི་རི་ཀི་རི་ཀི་རི་ཀི། ཀི་རི་ཀི་རི་ཀི་རི་ཀི། ཀི་རི་ཀི་རི། ཏུ་རུ་ཏུ་རུ་ཏུ་རུ་ཏུ་རུ། བོ་དྷི་མ་བོ་དྷ་ཡཱ་མཻ་ཏྲེ། ཧུ་རུ་ཧུ་རུ། མུ་རུ་མུ་རུ། ཤཱི་གྷན་ཨཱ་གཙྪ། ཨཱ་གཙྪ། སརྦ་ས་ཏྭ་ཧི་ཏ། རུ་ཀ་མ་བཱི་སརྦ་སད་དྷེ་ཥུ་མ་ཧཱ་ཀ་རུ་ཎི་ཀ །དར་ཤ་ཡུ་རུ་པན། སཱ་དྷ་ཡ་སཱ་དྷ་ཡ། བི་དྷྱན་དེ་ཧི། དེ་ཧི་མེ་བ་ར་ན། དྷ་ནན། གྷ་ནན་གྷ་ནན། སུ་རུ་མི། སུ་རུ་མི། མ་ཧཱ་སུ་རུ་མེ་སྭཱ་ཧཱ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། སིད་དྷྱན་ཏུ་མན་ཏྲ་པ་ད་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། དྷུ་རུ་དྷུ་རུ། ཨི་སི་ལི་མི་ལི་ནི། ཧུ་ཧུ་མ་མ་ལི་ནི། དུ་དུ་བེ་ན་མ་ན་མཱ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། མུག་ཏེ་བི་མུག་ཏེ། ཙྪེ་ད་ནི། ཙྪེ་ད་ནི། བིད་ཙྪེ་ད་ནི། བིད་ཙྪེ་ད་ནི། ནིར་མ་ལེ། མང་ག་ལྱཱེ། སུ་མུ་ཁི་བེ་མུ་ཁཻ། འཇིགས་པ་ཐམས་ཅད་ལས་


DKG059_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་ཐར་བར་བྱེད་པ། གནོད་པ་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ་ནི་རྒྱལ་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། འཆི་བའི་འཇིགས་པ་དང་། མི་མཛའ་བའི་འཇིགས་པ་དང་། དུག་གི་འཇིགས་པ་དང་། མཚོན་གྱི་འཇིགས་པ་དང་། མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། དམག་གི་ནང་ན་འདུག་པ་དང་། ཆོམ་རྐུན་གྱི་ནང་ན་འདུག་པ་དང་། སེང་གེའི་ནང་ན་འདུག་པ་དང་། སྟག་གི་ནང་ན་འདུག་པ་དང་། དོམ་གྱི་ནང་ན་འདུག་པ་དང་། གཟིག་གི་ནང་ན་འདུག་པ་དང་། གཅན་གཟན་ཁྲོ་བོའི་ནང་ན་འདུག་པ་དང་། སྦྲུལ་ནག་པོའི་ནང་ན་འདུག་པ་དང་། ལྕགས་སྒྲོག་ཏུ་བཅུག་པ་དང་། ཤིང་སྒྲོག་ཏུ་བཅུག་པ་དང་། ཀོ་དྲར་བཅུག་པ་དང་། སྦྲུལ་པོ་ཆེའི་ནང་ན་འདུག་པ་དང་། གླང་པོ་ཆེའི་ནང་ན་འདུག་པ་དང་། རྒྱ་མཚོའི་ནང་ན་འདུག་པ་དང་། དུས་ཀྱི་ཞགས་པས་ཟིན་པ་དང་། སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་ཞིང་གནོད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ཧ་ཏེ་བི་ཧ་ཏེ། ཧ་རེ་བི་ཧ་རེ། སརྦ་བི་དྷ་ན་ས་ཡ་པྲ་ཏྱཱརཐ་ཀམ་མོ་ཀྵ་ཎི་བཱིཪྱ་ཎི་སྭཱ་ཧཱ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་བྱམས་པར་སེམས་པ་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་རབ་ཏུ་ཐར་བར་མཛད་པ་ལ་ཕྱག་འཚལ་ལོ། །བཅིངས་པ་ཐམས་ཅད་གཅོད་པར་མཛད་པ་ལ་ཕྱག་འཚལ་ལོ། །འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ལས་དང་དོན་ཐམས་ཅད་སྒྲུབ་པ། ནད་ཐམས་ཅད་ལས་རྣམ་པར་ཐར་བར་བྱེད་པ་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། སུ་རུ་སུ་རུ་སུ་རུ། ཏུ་རུ་ཏུ་རུ། ཧི་ལི་མི་ལི། སི་ལི་སི་ལི། དི་སི་ལི། ཛཱ་ལེ་ཛཱ་ལེ་ནཻ། ཨུ་ཁཻ་མུ་ཁེ། པུཀྐ་སི་གཽ་རི་


DKG059_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གན་དྷ་རི། ཌོམྦི་ནི་མ་ཏང་གི་པུག་ཀ་སེ། དྷུ་རེ་དྷུ་རེ་དྷུ་རེ་དྷུ་རེ། དྷརྨེ་དྷ་རྨེ། དྷརྨི་ནེ། ཤཱན་ཏེ་ཤཱན་ཏ་ནི་མཱ་སེ་མུག་ཏེ། བི་མུག་ཏཻ། ཛ་ཡེ་བི་ཛ་ཡེ། ཧི་ལི་ཧི་ལི་མི་ཧ་ལི་མ་ཧཱ་ལི་མེ། ཧི་ལི་མི་ལི། སུ་པ་ནེ་སུ་མ་ནཻ། སུ་ར་སེ། ཨ་བྲི་ཏ་སཱ་དྷ་ནི། ན་དྷེ་ན་དྷེ་མུ་ཁཻ། ཙན་དྲི་ཙན་དྲི་མུ་ཁེ། པད་མེ་པད་མ་མུ་ཁེ། ཤུད་དྷ་ཀན་ཋེ། སཱུཪྱ་པྲ་བྷེ་སཱུཪྱ་ར་ས་ཏྲི་ཤི་བྲམ་བྲཤྤུ་སྭཱ་རེ་ཨིན་དྲི། ཨན་དྲ་ཀྲ་མཻ། བྷ་ཡ་ཨ་ར་ཛེ། ཨ་མྲཱི་ཏ་མ་ཧཱ་པྲ་བྷེ་དུན་ཏུ་བྷི་སྭཱ་རེ་མ་དྷུ་ར་སྭཱ་རེ། སརྦ་ས་ཏྭ། ཨ་ནུ་ཀམ་པ་ཡ། སཱ་དྷ་ཡ་སཱ་དྷ་ཡ། བུད་དྷ་མ་ནུ་སྨ་རཱ་ཧཱི། དྷརྨ་མ་ནུ་སྨ་རཱ་ཧཱི། སང་ག་མ་ནུ་སྨ་རཱ་ཧཱི། བུད་དྷྱ་བུད་དྷྱ། ཧྲཱི་ད་ཡ་མ་ནུ་སྨ་ར། བོ་དྷ་ཡ་བོ་དྷ་ཡ། བོ་དྷི་ས་ཏྭ། མེ་ཀརྨ་སཱ་དྷ་ཡ། བ་ར་ས་ཏྭཱ་ཡ་སྭཱ་ཧཱ། ཀཱ་རུ་ཎི་ཀཱ་ཡ་སྭཱ་ཧཱ། ཀརྨ་མེ་སཱ་དྷཱ་ཡ་སྭཱ་ཧཱ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སིད་དྷྱན་ཏུ་མན་ཏྲ་པ་དཻཿསྭཱ་ཧཱ། གང་གི་ཚེ་འདི་དག་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན། པད་མའི་སྦྱིན་སྲེག་བྱས་པར་འགྱུར་ཏེ། དེའི་ཚེ་གསང་སྔགས་འདི་དག་བཟླས་བརྗོད་བྱའོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། ཏདྱ་ཐཱ། ཁི་རི་ཁི་རི། ཙི་རི་ཙི་རི། སུ་རུ་སུ་རུ། གཙྪ་གཙྪ། ཡ་ཐཱ་སུ་ཁ་ན། ཨཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྭཱ་ཧཱ། ལན་གསུམ་བརྗོད་པར་བྱའོ། །J04,V055,P1A མེ་ཏོག་དང་། བདུག་པ་ལ་ཡང་ལན་གསུམ་བཟླས་བརྗོད་བྱ་སྟེ། ཨ་ག་རུའི་བདུག་པ་བསྲེགས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སླར་གཏང་བར་བྱའོ། །འདིའི་ཆོ་གར་བྱ་བ་ཐམས་ཅད་ནི་སྔར་བཤད་པའི་ཆོ་ག་རྒྱས་པའི་ནང་དུ་འདུས་སོ། །རྟ་གནས་ཀྱི་རིག་སྔགས་ཀྱི་དཀྱིལ་འཁོར་ལས་བཟླས་བརྗོད་ཇི་ལྟར་བྱ་བ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་འདི་ཡང་དེ་བཞིན་དུ་བཟླས་བརྗོད་བྱ་སྟེ། ཆོ་ག་དེ་ཉིད་དང་འདྲའོ། །དེའི་ཚེ་གཟུངས་སྔགས་འདི་ཡང་གསེར་གྱི་པད་མའི་ཆོ་ག་མཆོད་པའི་སྐབས་སུ་བཤད་པ་དེ་བཞིན་དུ་བརྗོད་པར་བྱའོ། །དེའི་ཚེ་མདོ་འདི་ཡང་གསེར་གྱི་རིགས་ཀྱི་ཡུལ་དུ་བསྐུར་བར་བྱའོ། །དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདི་སྐད་


DKG059_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ལིའི་ཡུལ་འཁོར་དེར་མི་ཇི་སྙེད་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་པ་དང་། ཕྱིར་མི་ལྡོག་པ་ཤ་སྟག་སྟེ། དེར་རྒན་པོ་དང་། བྱིས་པ་རྣམས་ཀྱིས་བསོད་ནམས་ཇི་སྙེད་བྱེད་པ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་བར་བྱེད་དོ། །དེ་ལ་ལིའི་ཡུལ་འཁོར་དེ་ཅིའི་ཕྱིར་ཡང་དང་ཡང་དུ་གཞིག་པར་འདོད་ལ། གཞིག་ནུས་པར་ཡང་མི་འགྱུར། ཞེས་ཐེ་ཙོམ་འབྱུང་སྟེ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྟག་ཏུ་ཡུལ་དེར་སྐྱེ་བ་ལེན་པར་འགྱུར་ཏེ། སུམ་བརྒྱ་ནི་དགེ་སློང་དང་དགེ་སློང་མའི་ཚུལ་དུ་གནས་སོ། །ཉིས་བརྒྱ་ནི་དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོའི་འཁོར་དང་། སྐྱེས་པ་དང་། བུད་མེད་དང་། རྒན་པོ་དང་། བྱིས་པའི་ཚུལ་དུ་གནས་ཏེ་བྱང་ཆུབ་སེམས་དཔའ་དེ་དག་ལི་ཡུལ་འཁོར་དེར་སེམས་ཅན་ལ་ཕན་པ་དང་། བསྟན་པ་ཡོངས་སུ་བསྲུང་བའི་ཕྱིར་ལི་ཡུལ་དུ་གནས་སོ། །གང་གིས་བཅོམ་ལྡན་འདས་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཞུ་བར་བྱེད་པའི་J04,V055,P1B གནས་བརྟན་རབ་འབྱོར་འདི་ནི་དགེ་སློང་བརྩོན་འགྲུས་ལས་བྱུང་བ་དེ་ཡིན་པར་རིག་པར་བྱའོ། །དེའི་ཚེ་ཅིའི་ཕྱིར་ལི་ཡུལ་དེ་འཇིག་པར་མི་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དང་། དེ་བཞིན་གཤེགས་པ་ཆོས་ཀྱི་འབྱུང་གནས་དེ་དག་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཅི་ནས་དེར་བདག་ཅག་སུམ་པ་རྣམས་ཀྱིས་མཆོད་རྟེན་དང་། དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་འཇིག་པར་མི་འགྱུར་བར་ཡུལ་དེ་བྱིན་གྱིས་བརླབས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀ་པི་ལ་ནའི་མཆོད་རྟེན་ལ་བཞུགས་པའི་དེ་བཞིན་གཤེགས་པ་དྲི་མ་མེད་པའི་དཔལ་ཙན་དན་གྱི་སྙིང་པོ་དང་ཐབས་ཅིག་ཏུ་སངས་རྒྱས་ཀྱི་ཕྲིན་ལས་མཛད་དོ་ཞེས་དེ་ལྟར་


DKG059_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ཏོ། །དེའི་ཚེ་གྲོང་ཁྱེར་དེར་མིར་གྱུར་པ་དགེ་སློང་དང་། རྒྱལ་པོའི་འཁོར་དང་། གཞན་ཡང་སྐྱེ་བོ་མང་པོ་འབྱུང་བ་དེ་དག་སུམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་གཞིག་ཏུ་འོང་ངོ་སྙམ་སྟེ་ཤིན་ཏུ་ཡིད་མི་བདེ་བར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀ་པི་ལ་ནའི་མཆོད་རྟེན་དེའི་སྲུང་མའི་མིར་འགྱུར་བ་གང་ཡིན་པ་དེ་དག་འདི་སྙམ་དུ་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པར་བྱའོ་སྙམ་དུ་སེམས་ཀྱི་རྟོག་པ་སྐྱེས་པར་མཛད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་གྱི་ནང་དུ་བཞུགས་པ་དེའི་ཚེ་ཀ་པི་ལ་ནའི་མཆོད་རྟེན་དུ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འབྱུང་གནས་རྣམས་གཤེགས་པར་འགྱུར་ཏེ། ལྷ་རྣམས་ཀྱི་མྱ་ངན་བསལ་བའི་ཕྱིར་འདུ་བར་མཛད་དོ། །དེའི་ཚེ་དེའི་ནུབ་མོ་དྲི་མ་མེད་པའི་འོད་ལས་རབ་ངེས་ཞེས་བྱ་བར་གྱུར་པ་དེས་ལྷ་རྣམས་ངུ་བའི་སྒྲ་ཐོས་སོ། །ངུ་བའི་སྒྲ་ཐོས་ནས་གྲོང་ཁྱེར་འདིར་སྡིག་ཅན་གྱི་མི་འོང་གྲང་སྙམ་ནས་འཇིགས་ཤིང་སྐྲག་པར་གྱུར་ཏེ་གཟུངས་སྔགས་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་རྣམས་ཀྱིས་འདི་སྐད་ཅེས་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་བཞིན་དུ་གྲོང་ཁྱེར་དུ་གཤེགས་སུ་གསོལ་ཅིག །དེ་ནས་བཅོམ་ལྡན་འདས་མངོན་སུམ་དུ་བཞུགས་པ་ཇི་ལྟ་བ་བཞིན་དུ་གྲོང་ཁྱེར་གྱི་སྒོ་ནས་གཤེགས་སུ་གསོལ་བར་བྱེད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པར་J04,V055,P2A གྱུར་པ་དེ་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་གིས་འོད་ཟེར་བཏང་བ་དང་། དེ་དག་ལས་ཚིག་དེ་དག་འབྱུང་བ་དེ་དག་གིས་རབ་ངེས་དེ་ལ་ཁྱོད་མ་འོངས་པའི་དུས་ན་འཇིག་རྟེན་གྱི་ཁམས་བུད་མེད་དུ་གྲགས་པ་ཞེས་བྱ་བར་སངས་རྒྱས་བཅོམ་ལྡན་འདས་ཆོས་རྣམ་པར་སྒྲོགས་པ་ཕྱག་ན་རིན་ཆེན་མཛོད་བསྣམས་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེའི་ཚེ་རབ་ངེས་ཞེས་བྱ་བར་གྱུར་པ་དང་། ཀ་པི་ལ་ནའི་མཆོད་རྟེན་གྱི་དྲུང་དུ་སངས་རྒྱས་བཅོམ་ལྡན་


DKG059_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདས་འོད་ཟེར་གཏོང་བ་དེ་དག་གསེར་གྱི་ཡུལ་གྱི་དགེ་སློང་གི་དགེ་འདུན་རྣམས་དང་ཐབས་ཅིག་ཏུ་འོང་བར་འགྱུར་ཏེ། ཅི་ནས་སུམ་པ་རྣམས་ཀྱི་བྲན་བྱེད་པ་དེ་ལས་ཐར་བར་བྱ་བའི་ཕྱིར་དེ་སྔོན་གྱི་མ་བྱིན་པ་ལེན་པ་ལས་གྲོལ་བར་མཛད་དོ། །དེ་ནས་གཏམ་དེ་གྲགས་པར་གྱུར་ནས་སུམ་པ་རྣམས་ཕྱིར་ལྡོག་པར་འགྱུར་རོ། །དེ་ནས་དེའི་ཚེ་དེར་རབ་ངེས་དེས་ཕྱིར་འཁོར་དུ་འགྱུར་བ་གང་ཡིན་པའི་སེམས་ཅན་ཕལ་པོ་ཆེ་རྣམས་འདུལ་བར་འགྱུར་རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་རྣམས་མ་འོངས་པ་ན་ཅིའི་ཕྱིར་བ་བདག་སུམ་པས་ངའི་ཡུལ་དུ་དྲི་གཙང་ཁང་དང་། དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་བཤིག་པར་འགྱུར་སྙམ་དུ་ཐེ་ཙོམ་ཟ་བར་གྱུར་ཏམ། ཡང་ན་སུམ་པ་འདི་དག་ལ་ཅིའི་ཕྱིར་བ་བདག་ཅེས་བྱ་ཞེ་ན། འདས་པའི་དུས་ན་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཡུལ་དུ་ཀུན་ཏུ་རྒྱུ་བྱང་ཆུབ་ཅེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་ཚངས་བྱིན་དེས་ཡུལ་ནས་བསྐྲད་ནས་རྒྱལ་པོ་གཞན་ཞིག་གི་ཡུལ་དུ་ཕྱིན་ཏེ། བདག་འདིར་ཕན་ཚུན་དུ་རྩ་བ་དང་འབྲས་བུ་བཟའོ་སྙམ་སྟེ། དེར་ལོ་མའི་སྤྱིལ་པོ་ཞིག་བྱས་ནས་འདུག་གོ །དེ་ནས་བུད་མེད་གཞན་ཞིག་ཇོ་བོའི་བ་འཚོ་ཞིང་འདུག་པ་དེས་ཀུན་ཏུ་རྒྱུ་དེ་མཐོང་ནས་སེམས་དད་པ་ཐོབ་སྟེ། ཉིན་གཅིག་བཞིན་དུ་བདག་གི་ཁ་ཟས་ལ་ལོངས་སྤྱོད་ཅིག་ཅེས་ཁ་ཟས་ལ་མགྲོན་དུ་གཉེར་ཏོ། །བ་དེ་དག་བུད་མེད་དེ་ཉིད་དབང་བ་མ་ཡིན་ཏེ། ཇོ་བོའི་ཡིན་པས་ན་ཀུན་ཏུ་རྒྱུ་ལ་ཁ་ཟས་བྱིན་པ་གང་ཡིན་པ་དེ་ནི་དེར་སྦྱར་བར་གྱུར་ཏོ། །བདག་མི་དབང་བའི་འོ་མ་ཀུན་ཏུ་རྒྱུ་ལ་བྱིན་པ་གང་ཡིན་པ་དེ་ནི་མ་བྱིན་པར་བླངས་པར་གྱུར་ཏོ། །དེ་ནས་བ་ལང་J04,V055,P2B དེ་དག་གི་བདག་པོར་གྱུར་པའི་མི་གང་ཡིན་པ་དེས་ནི་ཤཱཀྱའི་ཡུལ་དུ་སྐྱེ་བ་བླངས་ཏེ། དེས་འདི་སྐད་དུ་མ་འོངས་པའི་དུས་ན་བཅོམ་ལྡན་འདས་ཁྱོད་ཀྱི་བསྟན་པ་བདག་གིས་གཞིག་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། དེ་ཡང་གཞན་ཡིན་པར་མི་བལྟའི་སུམ་པའི་རྒྱལ་པོ་གང་ལི་ཡུལ་འཇིག་པར་བྱེད་པ་དེ་ཡིན་ནོ། །ཀུན་ཏུ་རྒྱུར་གྱུར་པ་གང་ཡིན་པ་དེ་ནི་བཅོམ་


DKG059_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཤཱཀྱ་ཐུབ་པ་ང་ཡིན་ནོ། །བུད་མེད་གང་གིས་ཀུན་ཏུ་རྒྱུ་ལ་འོ་མ་བྱིན་པ་དེ་ནི་རིགས་དང་ལྡན་པའི་བུད་མེད་གང་གིས་སངས་རྒྱས་དཀའ་བ་སྤྱོད་པ་སྤྱད་ནས། བཞེངས་པ་ལ་ཐོག་མར་ཞལ་ཟས་འབུལ་བ་འདི་ཡིན་ནོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་ཡུལ་དེར་སུམ་པ་དང་གདོང་དམར་དག་འོང་བ་དེའི་རྒྱུ་ནི་འདི་ཡིན་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་རྒྱལ་པོ་དེའི་ཡུལ་ན་བུད་མེད་གཞན་ཞིག་ལ་བུ་ཞིག་ཡོད་པ་དེ་ཞིང་རྨོ་བའི་ཕྱིར་ཕྱི་རོལ་ཏུ་བྱུང་ངོ་། །དེར་མི་གཞན་ཞིག་གིས་ཀྱང་དེའི་འདབ་ཏུ་ཞིང་རྨོས་སོ། །དེ་ནས་བུད་མེད་དེའི་བུ་དེས། མི་དེའི་རྐྱལ་པ་དང་། ཤིང་གཞོང་དང་། ཕྱེ་དང་། ཟོང་དག་ཅིག་བརྐུས་ཏེ། ཕྱེ་དང་། ཟོང་དེ་ལ་སོགས་པ་བརྐུས་པའི་ཕྱིར། བ་བདག་སུམ་པ་དང་གདོང་དམར་རྣམས་ལི་ཡུལ་དུ་འོང་བར་འགྱུར་རོ། །བུད་མེད་དེའི་བུ་གང་གིས་ཕྱེ་དང་། རྐྱལ་པ་དང་། ཤིང་གཞོང་དང་། ཟོང་ཁྱེར་བ་དེ་ནི་ལིའི་རྒྱལ་པོར་འགྱུར་རོ། །མི་གང་གིས་རྐྱལ་པ་ལ་སོགས་པ་རྫས་ཕྲོགས་པ་དེ་ནི་དེའི་ཚེ་གདོང་དམར་གྱི་རྒྱལ་པོར་འགྱུར་རོ། །བདེ་དག་ནི་དེའི་ཚེ་དམག་མིར་འགྱུར་རོ། །མི་དེའི་མར་གྱུར་པའི་བུད་མེད་དེ་ནི་དེའི་ཚེ་ལི་ཡུལ་གྱི་རྒྱལ་པོའི་མར་འགྱུར་རོ། །མ་བྱིན་པར་ལེན་པ་བྱེད་བྱེད་པའི་མི་དེའི་མས་ནི་ཕྱེ་དེ་བླངས་ཏེ། སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་སློང་གྲོང་ཁྱེར་མཛེས་ཞེས་བྱ་བ་ལ་བསོད་སྙོམས་སུ་ཕུལ་ཏེ། དགེ་བའི་རྩ་བ་དེས་ན་ཡང་མིར་སྐྱེ་བ་ཐོབ་པར་འགྱུར་རོ། །མི་དེ་ནི་མ་ལ་ཕྱེ་བྱིན་པ་དང་། མས་ཀྱང་དགེ་སློང་གྲོང་ཁྱེར་མཛེས་ལ་ཕུལ་བ་དེའི་བསོད་ནམས་བསགས་པས་མ་འོངས་པའི་དུས་ན་ལི་ཡུལ་དུ་དཔའ་སྦེད་ཅེས་བྱ་བར་འགྱུར་ཏེ། རྒྱུ་དེས་ན་རྣམ་པར་རྒྱལ་བའི་གོ་ཆ་J04,V055,P3A ཞེས་བྱ་བར་ཡང་གྱུར་ནས་རྒྱལ་སྲིད་ཐོབ་པར་གྱུར་ཏེ། སྐར་རྡོའི་གཡུལ་འགྱེད་པར་འགྱུར་རོ། །ཕྱེ་སྦྱིན་པར་བྱེད་པ་དེ་ནི་རྒྱུ་དེས་ན་མིར་སྐྱེ་བ་ཐོབ་པར་འགྱུར་ཏེ། མི་དེས་ལམ་གྱི་འགྲམ་ན་འབྲས་རྨོས་སོ། །དེར་མི་གང་དག་གིས་འབྲས་ཅན་ཆུད་གཟན་


DKG059_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱས་པ་དེ་དག་ནི་དེའི་ཚེ་དགེ་སློང་དུ་འགྱུར་ཏེ། དེས་ན་དེ་དག་གིས་དགེ་འདུན་གྱི་ནོར་ཡུལ་གྱི་གླུད་དུ་འཇལ་བར་འགྱུར་རོ། །དེར་བྱ་སྣ་ཚོགས་ཀྱིས་འབྲས་ཟོས་པ་གང་ཡིན་པ་དེ་དག་ནི་དེའི་ཚེ་ལིའི་རྒྱལ་པོའི་བྲན་དུ་འགྱུར་རོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་ལྟར་ལི་ཡུལ་དུ་མི་རྒོད་མང་པོ་འབྱུང་བར་འགྱུར་ཏེ། དེ་དག་གིས་ནི་གང་གི་ཚེ་གཞོན་ནུ་དགེ་བྱེད་སྐྱེས་པ་དེ་ལ་ཕན་འདོགས་པར་འགྱུར་རོ། །གང་གི་ཚེ་སྡིག་བྱེད་སྐྱེས་པ་ན་དེ་ལ་གནོད་པ་བྱེད་པར་འགྱུར་ཏེ། དེའི་ཚེ་མི་རྒོད་ལྔ་བརྒྱ་པོ་དེ་དག་རྒྱལ་པོ་ཡབ་ཀྱི་ཐད་དུ་གཏོང་བར་འགྱུར་རོ། །མི་རྒོད་དེ་དག་ཀྱང་ལི་ཡུལ་དེར་སྐྱེ་བ་ལེན་པར་འགྱུར་ཏེ། དགེ་འདུན་གྱི་ནོར་དང་། མཆོད་རྟེན་གྱི་ནོར་ཆུད་གཟོན་པར་བྱེད་དོ། །མི་རྒོད་དེ་དག་ཀྱང་སྔོན་མ་བྱིན་པར་ལེན་པ་བྱེད་བྱེད་པའི་ཕྱིར་ཡན་ལག་བཅད་ནས་བསད་པ་དེས་ན་དེ་དག་གིས་ཀྱང་ལིའི་རྒྱལ་པོ་རྣམ་པར་རྒྱལ་བའི་གྲགས་པ་གསོད་པར་འགྱུར་རོ། །མ་འོངས་པའི་དུས་སུ་མི་རྒོད་དེ་དག་འཁོར་བ་ལས་གྲོལ་བར་བྱེད་པའི་དགེ་སློང་ཟླ་བ་དག་པ་ཞེས་བྱ་བ་ཞིག་ཀྱང་འབྱུང་བར་འགྱུར་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྔོན་གྱི་སངས་རྒྱས་རྣམས་ཀྱི་ཡབ་ཀྱི་བྱ་བ་བྱེད་བྱེད་པ་འདི་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་འདི་ནི་མ་འོངས་པའི་དུས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་འབྱུང་བར་འགྱུར་བའི་བསྐལ་པ་བཟང་པོའི་སངས་རྒྱས་དེ་དག་གི་སྐུ་གདུང་ཡང་འཛིན་པར་འགྱུར་རོ། །གང་གི་ཚེ་J04,V055,P3B སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་བྲམ་ཟེ་དྲོ་ན་ས་གོ་ཏྲ་ཞེས་བྱ་བ་ཆོས་དང་ལྡན་པ་ཞིག་ཏུ་འགྱུར་རོ། །གང་གི་ཚེ་རྒྱལ་པོ་རྣམས་ཕན་ཚུན་དུ་གཡུལ་འགྱེད་པར་ཆས་པ་དེའི་ཚེ་བྲམ་ཟེ་དྲོ་ན་ས་གོ་ཏྲས་བུམ་པ་བཟང་པོ་བླངས་ནས་སྐུ་གདུང་བགེད་པར་བྱེད་དོ། །གང་གི་ཚེ་ལི་ཡུལ་དུ་བྱང་ཆུབ་སེམས་དཔའ་ཕལ་པོ་ཆེ་མ་བྱུང་བ་དང་། མཆོད་རྟེན་ཕལ་པོ་ཆེ་དང་། སངས་རྒྱས་ཀྱི་སྐུ་གཟུགས་དང་། དགེ་འདུན་གྱི་ཀུན་དགའ་ར་བ་མཛེས་པ་དག་མ་བྱུང་བ་དེའི་ཚེ་


DKG059_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་འཇམ་དཔལ་གྲོང་ཁྱེར་དུ་འབྱུང་བར་འགྱུར་ཏེ། རིགས་དང་ལྡན་པའི་བུད་མེད་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྱོད་པ་ཇི་ལྟ་བུ་ཞེ་ན། ཐམས་ཅད་དུ་འདོད་དགུར་སྒྱུར་བའི་གཟུགས་ཅན་ཡིན་ཏེ། བྱང་ཆུབ་སེམས་དཔའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཡང་སྣང་། རྒྱལ་པོ་ཇི་ལྟ་བ་བཞིན་དུ་ཡང་སྣང་། རྒྱལ་མོ་ཇི་ལྟ་བ་དང་། དགེ་སྦྱོང་དང་། བྲམ་ཟེའི་གཟུགས་ཇི་ལྟ་བ་དང་། འདོད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་ཀྱི་བར་དུ་ཐམས་ཅད་དུ་འཇུག་པར་འགྱུར་ཏེ། རོལ་མོ་མཁན་རོལ་མོའི་གནས་ལ་མཁས་པ་གཟུགས་རྣམ་པ་སྣ་ཚོགས་ཐམས་ཅད་སྟོན་པ་བཞིན་ནོ། །ཆགས་པའི་སེམས་དང་ལྡན་པའི་སེམས་ཅན་གྱི་ཐད་དུ་ཡང་ཤིན་ཏུ་ལྷག་པར་སྟོན་ཏོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་འཇམ་དཔལ་བུད་མེད་ཀྱི་གཟུགས་སུ་སྟོན་ཅེ་ན། གང་གི་ཕྱིར་བུད་མེད་ལྷག་པར་འདོད་པའི་འདོད་ཆགས་ལ་ཆགས་པའི་སེམས་དང་ལྡན་པ་ནི་ཤིན་ཏུ་གླེན་ཞིང་ཤིན་ཏུ་སེར་སྣ་ཆེ་བས་ན་དེའི་ཕྱིར་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལྷག་པར་བུད་མེད་དུ་སྟོན་ཏོ། །བུད་མེད་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་དག་ཀྱང་ཡོད་པས་ན་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་དེ་ལྟ་བུར་བྱེད་དོ། །བུད་མེད་དུ་སྐྱེས་ནས་སྙིང་རྗེ་ཆེན་པོ་ཐོབ་པར་འགྱུར་བའི་དུས་ཀྱང་ཡོད་དོ། །བུད་མེད་རྣམས་ཀྱང་འཛེམ་པར་འགྱུར་བ་དང་། འཁོར་བའི་སྐྱོན་རྟོགས་པར་འགྱུར་བ་དང་། སྐྱེས་པ་གཞན་སྤོང་བར་འགྱུར་བ་དག་ཀྱང་ཡོད་དོ། །གང་གི་ཚེ་བ་བདག་སུམ་པ་དེར་འོངས་ཏེ། མཆོད་རྟེན་ཆེན་པོ་རྣམས་དང་། དྲི་གཙང་ཁང་མང་པོ་དང་། དགེ་འདུན་གྱི་ཀུན་དགའ་ར་བ་བཟང་པོ་རྣམས་བསྲེག་པར་འགྱུར་བར་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་རྟོགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་ཏེ། སྲིང་མོ་སྡུག་པ་གང་གི་ཚེ་བཅོམ་ལྡན་འདས་J04,V055,P3Ab རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པ་དེ་ན་ང་ཁྱོད་ཀྱི་དགེ་བའི་བཤེས་གཉེན་དུ་གྱུར་ཏེ། དེར་འུ་བུ་ཅག་གཉིས་ཀྱིས་བྱང་ཆུབ་ཀྱི་ཕྱིར་དང་། སེམས་


DKG059_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གིས་ཡོངས་སུ་བསྐྱབ་པར་བྱའོ་ཞེས་སྨོན་ལམ་བཏབ་པའི་དུས་དེ་དྲན་པར་གྱིས་ཤིག །སྲིང་མོ་སྡུག་པ་ཇི་ལྟར་དྲི་མ་མེད་པའི་འོད་ཅེས་བྱ་བར་གྱུར་པ་དེའི་ཚེ། རྡོ་རྗེ་སྡེ་དང་གཉིས་ཀྱིས་བཅོམ་ལྡན་འདས་ཀྱི་བཀའ་མནོས་པ་དྲན་པར་གྱིས་ཤིག །གཟུངས་སྔགས་དེ་དག་དང་། སངས་རྒྱས་ཀྱི་མཚན་དེ་དག་དང་། འོད་ཟེར་གང་དག་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་འདིར་མཐོང་བ་དེ་དག་ངས་རྒྱས་པར་བཤད་ཀྱིས། ཁྱོད་ཀྱིས་ཟུང་ལ་བྲིས་ཏེ། དེ་མིང་པོའི་ཐད་དུ་ཁྱེར་ཅིག །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་དེ་དག་གིས་འོད་ཟེར་བཏང་བ་ཡང་། ལི་ཡུལ་འདི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ཡིན་ལ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་དེ་དག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དེར་སྐྱེ་བ་ལེན་པར་འགྱུར་བའི་ཕྱིར་རོ། །ཆོས་ཀྱི་རྒྱལ་པོའི་མཆོད་རྟེན་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་ཕལ་པོ་ཆེ་དེ་དག་གི་སྐུ་གདུང་མང་པོ་གནས་པ་དེ་དག་ལྷ་མོ་དེའི་ལག་ཏུ་འོང་བར་འགྱུར་ཏེ། མཆོད་པའི་ཕྱིར་སེམས་ཅན་དེ་དག་ལ་བགེད་པར་བྱེད་དོ། །ཡུལ་དེར་ལྷ་མོ་དེ་སྙིང་རྗེ་སྐྱེ་བར་འགྱུར་ཏེ། ཅི་ནས་མཆོད་པའི་གནས་སུ་འགྱུར་བར་བྱེད་དོ། །དེ་ནས་གྲོང་ཁྱེར་གྱི་ནང་དུ་ཁང་པ་ཤིན་ཏུ་མཛེས་པར་བྱ་སྟེ། གྲོང་ཁྱེར་དེ་ན་མི་ཇི་སྙེད་གནས་པ་དེ་དག་དེར་ཅི་ནས་བསོད་ནམས་བྱེད་པར་འགྱུར་ཞིང་འཛིན་པ་དང་། མཆོད་པ་དང་། རྩེ་བར་བྱེད་པར་འགྱུར་བ་དང་། ཅི་ནས་སྤྱོད་པ་དེ་ལ་འཇུག་པར་འགྱུར་བར་བྱའོ། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལི་ཡུལ་གྱི་ཕྱིར་ཆོས་ཡང་དག་པར་བགྲོ་བ་མཛད་ཅེ་ན། ལི་ཡུལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་མཚན་ཡིན་པ་དང་། བསྐལ་པ་བཟང་པོའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱི་ཕྱག་མཚན་ཡིན་པ་དང་། རི་གླང་མགོ་དང་། གོ་མ་ས་ལ་གན་དྷའི་མཆོད་རྟེན་དུ་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་J04,V055,P3Bb ཅད་འདུ་བར་འགྱུར་བ་དང་། ལི་ཡུལ་བྱང་ཆུབ་སེམས་དཔའི་གནས་སུ་འགྱུར་བའི་ཕྱིར་


DKG059_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པའི་དུས་ལ་བབ་པ་དེའི་ཚེ་ནུ་བོ་ཁྱོད་ཀྱིས་བྱ་བའི་དུས་ལ་བབ་བོ། །རབ་ངེས་ཀྱང་སེམས་ཅན་ལ་ཕན་པའི་ཕྱིར་ཤེས་བཞིན་དུ་ཡང་སྐྱེ་བ་ལེན་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་འདིར་འོད་ཟེར་བཏང་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྐྱེས་བསྐུར་ཏེ། སྐྱེས་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདིར་ཁྱེར་ཏེ་འོངས་ནས། སེམས་ཅན་འཇིགས་ཤིང་སྐྲག་པ་རྣམས་ཀྱི་དོན་གྱི་ཕྱིར་སྙིང་རྗེས་སངས་རྒྱས་ཀྱི་ཞིང་རྣམས་ཀྱང་བྱུང་ངོ་། །གཟུངས་སྔགས་དེ་དག་དང་འོད་ཟེར་དེ་དག་ཀྱང་ལི་ཡུལ་གྱི་དོན་དུ་སངས་རྒྱས་ཀྱིས་བཞེས་ནས་དེ་དག་གི་གྲོགས་སུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་དག་ཀྱང་ཅི་ནས་ལི་ཡུལ་དེ་འཇིག་པར་མི་འགྱུར་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ནས་ཤི་འཕོས་ནས་དེར་སྐྱེ་བ་ལེན་པར་འགྱུར་རོ། །གང་གི་ཚེ་ལི་ཡུལ་དུ་གནོད་པ་བྱུང་ན་དེའི་ཚེ་སངས་རྒྱས་དེ་དག་གི་མཚན་དང་། གཟུངས་སྔགས་དེ་དག་དང་། འོད་ཟེར་གྱི་མིང་དེ་དག་བྲིས་ཏེ། གྲོང་ཁྱེར་གྱི་སྒོ་རྣམས་སུ་བཞག་ལ། དམག་གི་ནང་དུ་ཡང་བྲིས་ཏེ། རྒྱལ་མཚན་ལ་གདགས་སོ། །ཡང་ན་མིང་དེ་དག་འཛིན་དུ་གཞུག་ཅིང་བཀླག་པ་དང་བཅང་བར་བྱའོ། །ཕ་རོལ་གྱི་དམག་ཚོགས་དང་། མུ་གེ་རབ་ཏུ་ཞི་བར་བྱ་བ་དང་། དགེ་བའི་ཕྱོགས་འཕེལ་བར་བྱ་བ་དང་། སྡིག་པ་འབྱང་བར་བྱ་བ་དང་། ནད་ལས་ཐར་བར་བྱ་བ་རྣམས་ལ་ཡང་ཕན་པར་བྱེད་པ་ཡིན་ནོ། །གང་ལ་སྡིག་པ་ལྕི་བ་ཡོད་ན་དེས་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱོགས་བཅུའི་སངས་རྒྱས་རྣམས་ལ་རིམ་གྲོ་བྱས་ཏེ། སྐུ་གདུང་དང་ལྡན་པའི་མཆོད་རྟེན་ནམ། སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་དུས་གསུམ་དུ་བཟླས་བརྗོད་བྱས་ན་དགེ་བའི་ཕྱོགས་ལས་གང་འདོད་པ་མྱུར་དུ་ཐོབ་པར་འགྱུར་ཏེ། འོད་ཟེར་དེ་དག་ཀྱང་དེའི་སྟེང་དུ་གནས་པར་


DKG059_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཕ་རོལ་གྱི་དམག་ཚོགས་J04,V055,P4A འོང་བ་ལ་ཡང་བཟླས་བརྗོད་བྱའོ། །ཡང་ན་ཉིན་གཅིག་བཞིན་དུ་ལན་བདུན་བདུན་བཀླག་པར་བྱའོ། །གང་སྡུག་བསྔལ་བར་གྱུར་པའམ། ནད་པའམ། ཡང་ན་ཇི་ལྟ་བུར་འདོད་ཀྱང་རུང་སྟེ་བཟླས་བརྗོད་བྱའོ། །ཡང་ན་བཀླག་པར་བྱའོ། །ཅི་སྟེ་མི་ཀློག་ན་ཡང་སྐུད་པ་ལ་མདུད་པ་བདུན་བོར་ཏེ་ལན་བདུན་བདུན་བཟླས་བརྗོད་བྱས་ནས་བཏགས་ན་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །གྲོང་ཁྱེར་གང་གི་སྒོ་ལ་བཏགས་ན་གྲོང་ཁྱེར་དེར་དགྲ་འོང་མི་ནུས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པའི་དུས་ལ་བབ་པ་དེའི་ཚེ་གཞོན་ནུ་རྡོ་རྗེ་སྡེ་བཅོམ་ལྡན་འདས་ཀྱིས་ལས་སུ་བསྐོས་པ་དེ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་གྱུར་པ་ན་ཕྲིན་ཡིག་འདི་གསེར་གྱི་རིགས་ཀྱི་ཡུལ་དུ་ཁྱེར་ལ་ཕྲིན་ཡིག་འདི་གསེར་གྱི་རིགས་ཀྱི་རྒྱལ་པོ་ལ་བསྟན་པར་བྱ་སྟེ། མི་མང་པོའི་མིག་སྔར་ནི་བསྟན་པར་མི་བྱའོ། །ཡུལ་དེའི་གླུད་ཀྱང་ཁྱེར་ལ་ཁ་ཅིག་ནི་དེར་བསྐུར་བར་བྱའོ། །ཁ་ཅིག་ནི་སྐར་རྡོར་གཞག་པར་བྱའོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་སྔོན་བྱུང་བ་ནི་འདི་ལྟ་བུའོ། །མ་འོངས་པའི་དུས་ན་ནི་འདི་ལྟར་འགྱུར་རོ་ཞེས་བཀའ་སྩལ་པ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཟླ་བའི་ཏོག་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་འོད་ཅེས་བྱ་བའི་ཏིང་ངེ་འཛིན་དང་། མི་གཡོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པ་ཐམས་ཅད་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དགའ་བའི་དབང་བསྐུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཐམས་ཅད་ཀྱི་རྒྱན་ཅེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འོད་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཏིང་ངེ་འཛིན་བཅུ་པོ་འདི་དག་ལ་སངས་རྒྱས་བཅོམ་ལྡན་འདས་སྙོམས་པར་ཞུགས་ནས་སྨིན་མཚམས་ཀྱི་གསེབ་ནས་སྣང་བ་ཆེན་པོ་ཞེས་བྱ་བའི་འོད་ཟེར་


DKG059_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་། །འོད་ཟེར་དེ་ལས་ཀྱང་འོད་ཟེར་བཅུ་བྱུང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ངོ་། །J04,V055,P4B སོང་ནས་ཀྱང་སངས་རྒྱས་ཀྱི་ཞིང་གྲངས་མེད་པར་འཕྲོས་སོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཡོད་པའི་ཞིང་དེ་དག་ཐམས་ཅད་དུ་ཇི་ལྟར་ལི་ཡུལ་དུ་རྡོ་རྗེ་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱི་ཕྱིར་སྔར་བཤད་པ་བཞིན་དུ་ཚིག་ཏུ་བརྗོད་པ་དེ་དག་བྱུང་ངོ་། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དགོངས་པ་འཐུན་པར་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་འདི་གསུངས་སོ། །ཏདྱ་ཐཱ། བོ་དྷི་བོ་དྷི། སརྦ་ཨ་ལང་ཀཱ་ར། བ་ར་ག་ཏ། དྷརྨ་ཙ་ཀྲ། བ་ར་ག་ཏ། མ་ར་སཻ་ནྱ་པ་ར་ག་ཏ། ཨ་བི་ཥ་ཡ་པ་ར་གཱ་ཏཱ། ཨ་བི་དྱཱ་པྲཏྱཱ་ཡ། སང་སྐ་ར་པྲ་ཏྱཱ་ཡ། ནཱ་མ་རུ་པ་པྲ་ཏྱཱ་ཡ། བྷ་བ་པྲ་ཏྱཱ་ཡ། ནི་རུད་དྷ་པྲ་ཏྱཱ་ཡ། ཏ་ཐཱ་ག་ཏ། མ་ར་ཎ་ཧ་ར། བུད་དྷྱ་སད་ཏྱེ་ན། ནཱ་ག་སད་ཏྱེ་ན། ཨ་སུ་ར་སད་ཏྱེ་ན། སརྦ་བ་ར་སད་ཏྱེ་ན། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་ཏེ། གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཐོས་པ་དེའི་མོད་ལ་རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་སྔགས་རྟོགས་པར་འགྱུར་རོ། །གང་གི་ཚེ་ལི་ཡུལ་གྱི་དོན་གྱི་ཕྱིར་སངས་རྒྱས་རྣམས་ཀྱིས་ཆོས་འདི་གསུངས་པ་དེའི་ཚེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་པ་ལགས་ཏེ། བདག་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་བཅོམ་ལྡན་འདས་པད་མའི་འདབ་མ་དྲི་མ་མེད་པའི་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་མའི་དོན་བགྱི་བ་དང་། དམ་པའི་ཆོས་པད་མ་དཀར་པོ་དོན་དུ་གཉེར་བ་དང་། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་དྲུང་དུ་སྨོན་ལམ་གདབ་པའི་སླད་དུ་


DKG059_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མཆིས་ཏེ། དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་ནས་བྲམ་ཟེ་རྒྱ་མཚོའི་རྡུལ་དང་མཇལ་བ་སླན་ཆད་ལུང་བསྟན་པ་ཐོབ་སྟེ། དེའི་ཚེ་དེར་སྨོན་ལམ་བཏབ་པས། གང་དུ་ཁྱོད་སངས་རྒྱས་སུ་འགྱུར་བའི་འཇིག་རྟེན་གྱི་ཁམས་དེར་བདག་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་གྱུར་ཅིག་ཅེས་བགྱིས་ནས། འཇིག་རྟེན་གྱི་ཁམས་རྣམ་པར་སྣང་མཛད་ཀྱི་འོད་ཟེར་གྱིས་སོ་སོར་བརྒྱན་པ་ཞེས་བགྱི་བ་དེ་བཞིན་གཤེགས་པ་པད་མའི་འདབ་མ་དྲི་མ་མེད་པ་རྒྱུ་སྐར་གྱི་རྒྱལ་པོ་མངོན་པར་ཤེས་པའི་མེ་ཏོག་ཀུན་ཏུ་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཐད་དུ་མཆིས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་མི་རྣམས་ནི་ཆགས་ཤིང་ཞེན་ལ་སྡང་ཞིང་ང་རྒྱལ་གྱིས་ཁེངས་པ་དང་འགྱིང་བ་སྟེ། དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕན་ཚུན་ལས་ཆེན་པོ་ཉམས་སུ་ལེན་པར་བྱེད་དེ། དེ་དག་གི་སྡིག་པ་རྣམས་ཚེ་རབས་ཀུན་ཏུ་སེལ་བར་བྱེད་དོ། །ཞེས་གསུངས་སོ། །དེའི་ཚེ་བདག་གིས་སྨོན་ལམ་བཏབ་པ་ཇི་ལྟ་བུའི་ཚུལ་དང་ཐབས་ཀྱིས་དེར་གཞན་དག་མཆི་བ་དེ་བཞིན་དུ་བདག་ཀྱང་མཆི་བར་གྱུར་ཅིག་ཅེས་བགྱིས་ནས། དེའི་ཚེ་ཚེ་རབས་སྔ་མ་ལ་བདག་གི་མར་གྱུར་པ་དེའི་དོན་བགྱི་བ་དང་། ཅི་ནས་ངན་སོང་དུ་མི་མཆི་བར་བགྱི་བའི་སླད་དུ་སྐྱེ་བ་བླངས་སོ། །སྔོན་གྱི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་དགེ་བསྙེན་མ་ཧུ་ཤ་ཞེས་བྱ་བར་གྱུར་པ་དང་། གཞོན་ནུ་ནོར་བཟངས་ཀྱིས་རྣམ་པར་ཐར་པ་བདག་ལ་དྲིས་པ་སླན་ཆད་བདག་གིས་མིའི་ནང་དུ་མིའི་སྐྱེ་བ་བླངས་ཏེ། བདག་གིས་སེམས་ཅན་དག་དང་འདོད་ཆགས་སྤྱད་ནས་མི་གཞན་གྱིས་བདག་ལ་ཁོ་མོ་ཡང་གླེན་མར་མཐོང་ངོ་། །སེམས་ཅན་རྣམས་ཡོངས་སུ་གྲོལ་བའི་སླད་དུ་བུད་མེད་ཀྱི་ནང་དུ་མི་བཟད་པའི་སྐྱེ་བ་མང་པོ་དག་བླངས་ཏེ། རྒྱལ་མོ་དང་། རྒྱལ་པོའི་བུ་མོ་དང་། བུད་མེད་ཕལ་དང་། སྨད་འཚོང་མ་དང་། སྡུག་ཕོངས་པ་དང་། བུད་མེད་དབུལ་མོ་དག་ཏུ་གྱུར་ཏེ། བུད་མེད་དུ་སྐྱེས་པ་རྣམས་ཀྱི་དོན་བགྱིད་པ་དང་། བུད་མེད་རྣམས་ཡོངས་སུ་གྲོལ་བར་བགྱིད་དོ། །རང་གི་ལས་ཀྱི་དབང་གིས་ཇི་ལྟར་


DKG059_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པའི་འདོད་ཆགས་སྤྱད་ཀྱང་སེམས་ཅན་དེ་དག་མགུ་བར་མ་ནུས་ཏེ། ཚེ་རབས་དུ་མར་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་གྱི་དོན་གྱི་སླད་དུ་སྡུག་བསྔལ་མང་པོ་ཉམས་སུ་མྱོང་སྟེ། བུད་མེད་དུ་སྐྱེ་བས་ཤིན་ཏུ་སྐྱོ་བར་གྱུར་ན་འོན་ཀྱང་བཅོམ་ལྡན་འདས་ཀྱིས་སུག་ལས་ཆེན་པོར་བཀའ་སྩལ་ཏེ། ཚེ་རབས་གྲངས་མ་མཆིས་པར་བདག་གིས་སྡུག་བསྔལ་བཟོད་པར་བགྱི་འཚལ་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཉེས་པར་བགྱི་བ་དང་། སངས་རྒྱས་ཉིད་བསྒྲུབ་པའི་སླད་དུ་བདག་གིས་སྨོན་ལམ་ཆེན་པོ་བཏབ་པ། སེམས་ཅན་ཐམས་ཅད་ལ་ཕན་པའི་སླད་དུ་ཚེ་རབས་གཞན་དག་ཏུ་བདག་ལ་སྡུག་བསྔལ་འབྱུང་བར་འགྱུར་བ་ཐམས་ཅད་བདག་གིས་བཟོད་པར་བགྱིའོ། །ཡུལ་དེ་སྲུངས་ཤིག་ཅེས་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་པ་གང་ལགས་པ་དེ་ན་ད་དུང་མི་ཡང་མ་མཆིས། ཡུལ་ཡང་མ་བྱུང་མོད་ཀྱི་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་འཁོར་དེར་འདུས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ལས་དམ་པ་བླང་བར་བགྱིའོ། །ཇི་སྲིད་དུ་བདག་ཚེ་རབས་དེ་དག་ཏུ་སྐྱེ་བ་ན་བདག་ལ་འདོད་ཆགས་དང་། ཞེ་སྡང་གི་གཞིར་མཐོང་ན་ཡང་བདག་ལ་སྡིག་པར་མ་གྱུར་ཅིག །ཅི་རིགས་པར་སྐྱེ་བའི་དུས་འཚལ་བར་གྱུར་ལ་འདི་ལྟ་བུ་ཡོངས་སུ་འཛིན་པར་གྱུར་ཅིག །གང་གི་ཚེ་ལི་ཡུལ་ཐོག་མ་འབྱུང་བའི་དུས་ལ་བབ་པ་ན། དེའི་ཚེ་ཡུལ་བགྱིད་པའི་སླད་དུ་དེར་བདག་ཐོག་མར་རྒྱལ་པོར་གྱུར་ཅིག །ལི་ཡུལ་དུ་ནམ་རྒྱལ་པོ་དེ་དག་གི་མིང་ཆགས་ཤིང་རྒྱལ་རབས་ཐོག་མར་བྱུང་བ་ན་ཚེ་རབས་བདུན་དུ་རྒྱལ་པོ་བྱེད་པར་གྱུར་ཅིག །གྲོང་ཁྱེར་དངར་ལྡན་ཞེས་བགྱི་བ་ཡང་བགྱིའོ། །བལ་པོ་སེའུ་ཚལ་དུ་ནི་སངས་རྒྱས་ཀྱི་མཆོད་རྟེན་ཆེན་པོ་བགྱིའོ། །ཡུལ་རྟ་འཇུག་ཏུ་ནི་ཆོས་དང་ལྡན་པའི་རྒྱལ་པོའི་མཆོད་རྟེན་བགྱིའོ། །འགུམ་ཏི་རར་ནི་དགེ་འདུན་གྱི་ཀུན་དགའ་ར་བ་ཆེན་པོ་བགྱིའོ། །རྩ་རྨ་བ་ནར་ཡང་དགེ་འདུན་གྱི་ཀུན་དགའ་ར་


DKG059_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་བགྱིའོ། །པ་ཡ་དི་ཀར་ནི་དྲི་གཙང་ཁང་ཆེན་པོ་དང་། མཆོད་རྟེན་ཆེན་པོ་བགྱི་སྟེ། ཇི་སྲིད་དུ་བདག་རྒྱལ་སྲིད་ལ་གནས་པ་དེ་སྲིད་དུ་ལས་ཆེན་པོ་དག་བགྱིའོ། །གང་གི་ཚེ་རྒྱལ་པོ་ཤི་འཕོས་པར་གྱུར་པ་ན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་གང་ན་བཞུགས་པའི་ལྷའི་ནང་དུ་སྐྱེ་བར་འགྱུར་ཏེ། བདག་དེ་ན་མཆི་བའི་ཏིང་ངེ་འཛིན་རྣམས་དྲན་པར་གྱུར་ཅིག །དེ་ནས་སླར་ཡང་ལི་ཡུལ་འདིར་སྐྱེ་བ་ལེན་ཅིང་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་བུད་མེད་ཀྱི་གཟུགས་སུ་གྱུར་ཏེ། ཡང་སྐར་རྡོའི་རྒྱལ་པོའི་བུ་མོ་རབ་ངེས་ཞེས་བྱ་བར་གྱུར་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཟུངས་སྔགས་ཇི་སྙེད་གསུངས་པ་དང་བདག་གིས་རྟོགས་པ་གང་ལགས་པའི་གཟུངས་སྔགས་དེ་དག་ཐམས་ཅད་དེའི་ཚེ་བདག་གིས་དྲན་པར་གྱུར་ཅིག །མདོ་སྡེ་འདི་ཡང་ཤིན་ཏུ་དྲན་པར་གྱུར་ཏེ། ཅི་ནས་ཐམས་ཅད་རྒྱས་པར་གྱུར་ཅིག །གང་གི་ཚེ་དམག་སྡེ་གཉིས་འཐབ་པར་འགྱུར་བ་དང་། ལི་ཡུལ་གྱི་དོན་གྱི་ཕྱིར་ལས་སུ་བྱ་བ་ཡོད་པར་གྱུར་པ་དང་། གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བར་གྱུར་ནས་ལི་ཡུལ་གྱི་ཕྱིར་གླུད་འཇལ་བའི་དུས་ལ་བབ་པ་དེའི་ཚེ་བདག་རབ་ངེས་ཞེས་བྱ་བར་གྱུར་པས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་དང་། འཁོར་དེའི་ནང་དུ་ཇི་སྙེད་འདུས་པར་གྱུར་པའི་ལྷ་དེ་དག་ཐམས་ཅད་གྲོགས་སུ་གྱུར་ཏེ། མདོ་འདི་དང་། གཟུངས་སྔགས་རྣམས་བཤད་པའི་གཟུངས་སྔགས་དེ་དག་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་བདག་གིས་ཚེ་རབས་ཐམས་ཅད་དུ་དྲན་པར་གྱུར་ཅིག་ཅེས་བྱས་སོ། །གང་གི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཚིག་དེ་སྐད་ཅེས་སྨྲས་པ་དེའི་ཚེ། དེས་ཏིང་ངེ་འཛིན་རྣམས་ཐོབ་སྟེ། ཅི་ནས་མདོ་འདི་ལ་སུས་ཀྱང་གནོད་པ་བྱེད་མི་ནུས་པར་གྱུར་པའི་ཏིང་ངེ་འཛིན་ཐེག་པ་ཆེན་པོའི་མདོ་དམ་པའི་ཆོས་པད་མ་དཀར་པོའི་ཀློང་འཁྱིལ་བ་ཞེས་བྱ་བ་ཐོབ་སྟེ། དེའི་ཚེ་སངས་རྒྱས་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །གང་གི་ཚེ་ཁྱོད་ལས་རྩོམ་པ་དེའི་ཚེ་འོད་ཟེར་དེ་དག་སྟེང་དུ་གནས་པར་གྱུར་ཏེ།


DKG059_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གང་གིས་མདོ་འདི་དྲན་པར་འགྱུར་ཞིང་ཤིན་ཏུ་ཉམས་སུ་ལེན་པར་འགྱུར་བའི་ཏིང་ངེ་འཛིན་སངས་རྒྱས་ཡིད་ལ་བྱེད་པ་ཞེས་བྱ་བ་རྟོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བའི་གཟུངས་སྔགས་གསུངས་པ་དེའི་རང་བཞིན་གང་གིས་གཟུངས་སྔགས་རྟོགས་པར་འགྱུར་བ་དང་། ཏིང་ངེ་འཛིན་སྦྱོང་བ་དང་། སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཆོས་ཐོས་པ་དེ་དག་ཐམས་ཅད་ཀྱང་དྲན་པར་བྱེད་དོ། །ལྷ་མོ་དྲི་མ་མེད་པའི་འོད་དེས་ཀྱང་བྱང་ཆུབ་སེམས་དཔའ་དག་གིས་ཏིང་ངེ་འཛིན་དང་། གཟུངས་སྔགས་ཇི་ལྟར་རྟོགས་པ་དེ་དེ་བཞིན་དུ་རྟོགས་པར་བྱེད་དོ། །རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བས་ཀྱང་རྒྱལ་སྲིད་ཐོབ་པར་འགྱུར་ཏེ། གཞན་གྱིས་བར་ཆད་བྱེད་མི་ནུས་སོ། །དེ་དག་གི་ལས་ནི་ལན་བདུན་བཟླས་བརྗོད་བྱས་ལ་རྟ་གནས་ཀྱི་རིག་སྔགས་གང་གིས་སྡིག་པ་རྣམས་འབྱང་བར་འགྱུར་བར་ཡང་བརྗོད་པར་བྱ་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན་ལོ་བདུན་གྱིས་རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་སྔགས་རྟོགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་སྔགས་འདི་བཤད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་སྟེང་དུ་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་གི་ཆར་ཕབ་སྟེ། ལྷའི་རོལ་མོའི་སྒྲ་བསྒྲགས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་ཀྱང་སྔོན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་ཐོས་པའི་གཟུངས་སྔགས་རྣམས་སྩལ་བར་བགྱིའོ། །ན་མཿསརྦ་ཨ་ཏྱུད་གཏ། བཛྲ་མཎ་ཌ་ལོད་ཏ་མ་སྱ། ཏ་ཐཱ་ག་ཏ་སྱ། ཀ་ན་ཀཱ་བྷ། སད་ཏྱ་སྱ། བོ་དྷི་ས་ཏྭ་སྱ། ཏདྱ་ཐཱ། བུད་དྷ་སད་ཏྱེ་ན། ད་ས་བི་རི། དེ་ན་ཧ་ཡ་རི། ཀུ་རྩི་རུ་པྲ་ཏི་པ་ད་རི་པ་བྷ་བ་ཏུ། ཙི་ཏུ་མ་ཏུ་ག་ལ་ར་ཡ་ཀ་ད་མ་པ་ཏུ། ས་པ་ཛ་མ་ས་ར་ཏ་སྭཱ་ཧཱ། གཟུངས་སྔགས་འདི་ནི་ལྷ་རྣམས་ཆད་པས་གཅོད་པའི་གཟུངས་སྔགས་ཞེས་བྱ་སྟེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་རྩྭ་དཱུར་བ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གང་ཅི་བྱེད་ཀྱང་རུང་སྟེ་ལྷ་རྣམས་ཀྱིས་གཞིགས་པར་མི་ནུས་སོ། །དཀྱིལ་འཁོར་ཟླུམ་པོར་བྱས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་མདུད་པ་བརྒྱ་རྩ་བརྒྱད་བོར་ནས་གང་དུ་བརྗོད་པ་དེར་འབྱུང་པོས་གནོད་པ་བྱེད་མི་ནུས་སོ། །བྱད་སྟེམས་


DKG059_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པར་ཡང་མི་ནུས་སོ། །དེ་ནས་དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་གཟུངས་སྔགས་འདི་བཤད་དོ། །ཏདྱ་ཐཱ། སརྦ་དེ་བ་ནན། སརྦ་བརྵ་ནན། ནིརྫི་ཏ་བརྫི་ཏེ། སྐན་དྷ་ན་ཙ་བན། ནད་ཏ་མ་ན་པ་ན་ག་ས་ར། ད་ད་ཙ་ཙ་པ་པ། ཙ་ད་མི་མ། བྷསྠི་མེ། དན་ཌ་ཀ་ར་ན་ཧ་ར། ས་བ་ར། དེ་བ་མ་ར་སྭཱ་ཧཱ། ས་བ་པ་བརྵ་ཀ་ར་ན་སྭཱ་ཧཱ། འཁོར་ཐམས་ཅད་ཀྱིས་བཤད་པའི་གཟུངས་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། མདུད་པ་བརྒྱ་རྩ་བརྒྱད་བྱས་ནས་སྐུད་པ་དེ་བསྲེགས་ན་ཁྱིམ་དེར་བྱད་སྟེམས་ཀྱིས་མི་ཚུགས་ལ་འབྱུང་པོའི་ནད་རྣམས་ཀྱང་མེད་པར་འགྱུར་རོ། །ཏདྱ་ཐཱ། རཱ་ཏི་ཐཱ་ཀ་ར། དེ་བ་བ་ཕུ་ཛི་ཛི་རི་ཀུ་ཛིད་ཏི་ཕུ་སྭཱ་ཧཱ། གཟུངས་སྔགས་འདི་ལྐོག་མ་ན་བ་ལ་ལན་བདུན་བཟླས་བརྗོད་བྱས་ནས་གཡག་རྔ་ལ་མདུད་པ་བདུན་བོར་ཏེ། གདགས་པར་བྱའོ། །ཏདྱ་ཐཱ། སརྦ་བུད་དྷ་ད་མ་བ་ཥ་ཀ་ར་བ་བ་ར་ཙ་ཙ་ར་ས་ས་ར་སྭཱ་ཧཱ། གཟུངས་སྔགས་འདི་ལུས་ལ་ནད་བྱུང་བ་ཐམས་ཅད་ལ་ལན་བདུན་བཟླས་བརྗོད་བྱས་ནས་སྐུད་པ་ལ་མདུད་པ་བདུན་བོར་ཏེ་གདགས་སོ། །དེ་ནས་དེའི་ཚེ་འཁོར་དེ་དག་ཐམས་ཅད་ཀྱིས་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ། །གང་གི་ཚེ་གཞོན་ནུ་རྡོ་རྗེ་སྡེ་ཡུལ་སྐར་རྡོ་ནས་ལི་ཡུལ་དུ་མཆི་བ་དེའི་ཚེ་གཟུངས་སྔགས་གང་གིས་ཤུལ་དུ་དཔའ་བོའི་ལས་བགྱིད་པར་འགྱུར་བའི་གཟུངས་སྔགས་བདག་ཅག་གིས་སྩལ་བར་འཚལ་ལོ། །ཏདྱ་ཐཱ། དེ་བུ་བུ་དེ་དེ་བི་བི་ས་ས། བ་བ་ར་ཏི་ཀ་ར་སྭཱ་ཧཱ། ཏདྱ་ཐཱ། ཤ་ར་ཀ་ར་བཱ། ཛྲད་ཚེ་བ་ར། ཤད་ཏྲ་ཏྲ། ན་ཛི་སྭཱ་ཧཱ། གཟུངས་སྔགས་འདི་འགྲོན་དུ་འགྲོ་བ་རྣམས་ཀྱིས་ལན་བདུན་བཟླས་བརྗོད་བྱས་ཏེ། ཁྲུས་བྱས་ལ་ལག་པར་བླུགས་ནས་ལན་བདུན་བཟླས་བརྗོད་བྱས་ཏེ། ཕྱོགས་བཞིར་འཐོར་རམ། བདག་ཉིད་ཀྱིས་འཐུངས་ན་དེ་ལ་དགྲས་གནོད་པ་བྱེད་པར་མི་ནུས་ཏེ། དཔའ་བོའི་ལས་ཀྱང་བྱེད་པར་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་རྡོ་རྗེ་རྒྱལ་མཚན་གྱིས་འདི་སྐད་ཅེས་བཀའ་སྩལ་ཏེ། དེ་བཞིན་དུ་རྣམ་ཐོས་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་དང་། ཀུན་ཏུ་རྒྱལ་བ་དང་། འཕྲོག་མ་བུ་དང་བཅས་པ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་ཀྱང་གཞོན་ནུ་རྡོ་རྗེ་སྡེ་དེ་ལ་ཅི་ནས་དགྲ་རྣམས་ཀྱིས་གནོད་པ་བྱེད་མི་ནུས་པར་གཟུངས་སྔགས་འདི་དག་སྦྱིན་ནོ། །ན་མོ་བཛྲ་དྷྭ་ཛ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། བཛྲ་


DKG059_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

བི་བི་བི་བི་མ་མ་ས་ཀ །སུ་མ་ཏེ། ཨད་དྷ་རེ། ཨད་ཛྭ་ལེ། བཱ་ད་ནི་སྭཱ་ཧཱ། ན་མོ་མ་ཧེ་ཤྭ་ར་སྱ། ན་མོ་བཻ་ཤྲ་མ་ཎ་སྱ། ན་མཿསན་ཙ་ཡ་སྱ། ན་མོ་ཧ་རི་ཏ་ཡེ་བ་སུ་པུ་ཏྲ། བ་རི་བཱ་རཱ་ཡ། ཏདྱ་ཐཱ། ས་ས་ས་ས། ཧཱ་ཧཱ་ཧཱ་ཧཱ། པྲི་ཡ་པྲི་ཡ་པྲི་ཡ་པྲི་ཡ། པུད་ཏྲ་པུད་ཏྲ་པུད་ཏྲ་པུད་ཏྲ། བར་དད་ཏ་ཀ་ར། ཙྪན་དྷ་མུ་ལེ་བིད་ཏྭེ་ཤ་ན་ཀཱ་རཱ་སྭཱ་ཧཱ། དབང་ཕྱུག་ཆེན་པོ་དང་། རྣམ་ཐོས་ཀྱི་བུ་དང་། ཀུན་ཏུ་རྒྱལ་བ་དང་། འཕྲོག་མ་བུ་དང་བཅས་པ་རྣམས་ཀྱིས་གཟུངས་སྔགས་འདི་བཤད་པ་ནས་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་བཅོམ་ལྡན་འདས་ཀྱིས་བདག་ཅག་སུག་ལས་ཆེན་པོར་བསྐོས་པའི་གཟུངས་སྔགས་གཞན་གྱིས་མི་ཚུགས་པ་དེ་དག་བདག་ཅག་གིས་བཤད་པར་འཚལ་ལོ། །ལྷ་མོ་དྲི་མ་མེད་པའི་འོད་དེ་དང་། གཞོན་ནུ་རྡོ་རྗེ་སྡེ་སྐར་རྡོའི་རྒྱལ་པོ་རྣམ་པར་རྒྱལ་བའི་གོ་ཆར་འགྱུར་བ་གང་ལགས་པ་དེས་ཆད་པས་གཅད་པར་བགྱི་བ་དེ་ཡང་བདག་ཅག་གིས་བཤད་པར་བགྱིའོ། །གང་གི་ཚེ་དགྲའམ་སུ་ཡང་རུང་བ་དག་སྡིག་པའི་ལས་རྩོམ་པ་ན་གཟུངས་སྔགས་བཤད་པ་འདི་གཉིས་ལན་བདུན་བཟླས་བརྗོད་བྱ་སྟེ། སྐུད་པ་སྔོན་པོ་ལ་མདུད་པ་བདུན་བོར་ནས་བསྲེགས་ལ་མི་དེའི་མིང་ནས་བརྗོད་ན་གནོད་པ་བྱེད་མི་ནུས་སོ། །བདག་ཅག་གིས་ཡིད་དམ་དང་པོར་བཅས་པ་བཞིན་དུ་སྟེ་གཞོན་ནུ་རྡོ་རྗེ་སྡེ་དང་ལྷ་མོ་དྲི་མ་མེད་པའི་འོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མ་བགྱིས་ན་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྐུ་བསླུས་པར་གྱུར་ཅིག་ཅེས་བྱས་སོ། །དེ་ནས་འཁོར་དེར་ཇི་སྙེད་འདུས་པའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་དུ་བདག་ཅག་ཐམས་ཅད་ཀྱིས་ཀྱང་དམ་བཅས་ཏེ། དེ་ལྟར་མ་བགྱིས་ན་བདག་ཅག་གིས་དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྐུ་བསླུས་པར་གྱུར་ཅིག །བདག་ཅག་ཐམས་ཅད་ཀྱིས་རྣམ་པར་རྒྱལ་བའི་གོ་ཆ་ཅི་ནས་ཀྱང་ལི་ཡུལ་གྱི་རྒྱལ་པོར་འགྱུར་བར་ཐམས་ཅད་སེམས་འཐུན་པས་ལྷན་


DKG059_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཏུ་དབང་བསྐུར་བར་བགྱིའོ། །གང་གི་ཚེ་གདོང་དམར་དང་རྒྱ་འཐབ་པར་འགྱུར་བ་དེའི་ཚེ། ཅི་ནས་ལི་ཡུལ་འཇིག་པར་མི་འགྱུར་བ་དང་། གང་གི་ཚེ་ཡུལ་གཞན་ནས་ལི་ཡུལ་དུ་རབ་ཏུ་བྱུང་བ་རྣམས་འོངས་པ་ན་དེར་ཅི་ནས་རིམ་གྲོ་མེད་པར་མི་འགྱུར་བ་དང་། ཡུལ་གཞན་ནས་དེར་སེམས་ཅན་བྲོས་པ་དེ་དག་དེར་གནས་འཐོབ་པར་འགྱུར་ཞིང་གདོང་དམར་གྱིས་བསྲེགས་པ་གང་ཡིན་པའི་མཆོད་རྟེན་ཆེན་པོ་དེ་དག་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དེ་དག་འཆོས་པའི་གྲོགས་བྱེད་པར་འགྱུར་བར་བྱ་བའི་ཕྱིར་ལི་ཡུལ་གྱི་གླུད་འཇལ་བ་དང་། རྒྱ་དང་ཕན་ཚུན་དུ་བག་མ་གཏོང་བ་དང་ལེན་པར་བྱེད་དོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་གཉིས་ལ་ལི་ཡུལ་གཏད་ནས། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལི་ཡུལ་གྱི་རྒྱལ་པོ་བྱེད་པ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་གྲོགས་བྱེད་པར་འགྱུར་གྱིས། མདོ་འདི་ལས་ཇི་སྐད་བཤད་པ་བཞིན་དུ་ཁྱོད་ཀྱིས་ཐམས་ཅད་གྱིས་ཤིག །གང་གི་ཚེ་ཁྱོད་གསེར་གྱི་རིགས་ཀྱི་ཡུལ་དུ་ཕྱིར་ལོག་པ་དེའི་ཚེ་རྒྱའི་དམག་ལི་ཡུལ་དུ་འོངས་སོ་ཞེས་དེ་སྐད་ཐོས་པ་དང་། ཐེ་ཚོམ་མ་བྱེད་པར་ལི་ཡུལ་དུ་སོང་ལ་དེར་ཕོ་ཉ་བཏང་ན་དེར་འོང་བར་མི་འགྱུར་ཏེ། ལི་ཡུལ་དང་གུ་ཟན་གྱི་ཡུལ་དུ་འགྲོ་བར་འགྱུར་རོ། །དེ་ལ་ཕྲིན་ཡིག་ནི་ང་དང་གཉེན་དུ་བྱོས་ལ་ཡུལ་ང་ལ་བྱིན་ཅིག་ཅེས་སྤྲིངས་ཤིག །དེ་ནས་དེའི་ཚེ་ཁྱོད་ནི་ལི་ཡུལ་གྱི་རྒྱལ་པོར་འགྱུར་རོ། །དབང་པོའི་གོ་ཆ་ནི་སྐར་རྡོའི་རྒྱལ་པོ་བྱེད་པར་འགྱུར་ཏེ། དེ་ཡང་ཁྱོད་ཅི་ནས་ལི་ཡུལ་གྱི་རྒྱལ་པོར་འགྱུར་བའི་གྲོགས་བྱེད་པར་འགྱུར་རོ། །སྐར་རྡོའི་ཡུལ་དུ་གནོད་པ་འབྱུང་བ་དེའི་ཚེ་ཁྱོད་ཀྱིས་ཇི་ནས་ཀྱང་གནོད་པ་བྱེད་དུ་མ་གཞུག་ཅིག །དབང་པོའི་གོ་ཆ་དང་ཡང་ཐོག་མར་དུམ་པར་གྱིས་ཤིག །ལས་འདི་དག་བྱེད་པའི་གྲོགས་སུ་འགྱུར་རོ། །སྐར་རྡོ་བ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱང་གྲོགས་བྱེད་པར་འགྱུར་རོ། །ཨ་ཀུ་ན་ཞེས་བྱ་བ་དཔའ་བོ་ཞིག་ཡོད་དེ། དེ་སྔོན་ཡེ་ཤེས་གྲགས་པ་ཞེས་བྱ་བར་གྱུར་པ་ན་དེས་དར་མ་ཏི་ར་ཞེས་བྱ་བའི་གཙུག་ལག་ཁང་བྱས་སོ། །དེ་བས་ན་ཁྱོད་ཀྱིས་ཨ་ཀུན་ཚོལ་


DKG059_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་དང་ཡུལ་གཟུང་བའི་ཕྱིར་གྲོགས་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་དང་ཁྱོད་སྔོན་སྨོན་ལམ་ལྷན་ཅིག་ཏུ་བཏབ་པའི་ཕྱིར་ཏེ། ཨ་ཀུན་ཞེས་བྱ་བའི་མི་དེ་ནི་སྔོན་རྒྱལ་པོར་གྱུར་ཏེ། མི་རྒོད་རྣམས་ཀྱིས་ཆུང་མ་བརྐུས་ཏེ། ཕྱིར་མ་རྙེད་པ་ཡིན་ནོ། །ཁྱོད་ནི་རྒྱལ་པོའི་བློན་པོ་ཆེན་པོ་ཡིན་ཏེ། དགའ་བྱེད་ཀྱི་ཕར་གྱུར་པ་ཡིན་ནོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཞོན་ནུ་རྡོ་རྗེ་སྡེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞོན་ནུ་རྡོ་རྗེ་སྡེ་ཁྱོད་ནི་ལི་ཡུལ་འཁོར་དུ་རྣམ་པར་རྒྱལ་བའི་གོ་ཆ་ཞེས་བྱ་བའི་རྒྱལ་པོར་གྱུར་ཏེ། ལོ་སུམ་ཅུའི་བར་དུ་རྒྱལ་སྲིད་འཛིན་པར་འགྱུར་ལ། དགེ་བསྙེན་དུ་གྱུར་ནས་ལི་ཡུལ་གྱི་ཕྱིར་ལུས་ཡོངས་སུ་གཏོང་བའི་འབྲས་བུ་འཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་མོ་དྲི་མ་མེད་པའི་འོད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལི་ཡུལ་དུ་རབ་ངེས་ཞེས་བྱ་བར་གྱུར་པའི་ཚེ་མདོ་འདི་ཟུང་ཤིག །འདི་ལ་འཇུག་པར་གྱིས་ཤིག །རྒྱས་པར་གྱིས་ཤིག །སྐར་རྡོའི་ཡུལ་དུ་ཡང་མིང་པོ་ལ་སྐུར་ཅིག་དང་། ཁྱོད་ཀྱི་སྟེང་དུ་འོད་ཟེར་རྣམས་གནས་པར་འགྱུར་རོ། །གང་གི་ཚེ་ཁྱོད་ཀྱིས་གཟུངས་སྔགས་རྣམས་རྟོགས་པར་གྱུར་པ་དེའི་ཚེ་ཁྱེད་ལ་སངས་རྒྱས་བཅོམ་ལྡན་འདས་ཉིད་གསུང་བར་འགྱུར་ཞིང་ལྷ་རྣམས་ཀྱང་ཇི་ནས་ཁྱོད་ཀྱི་ལས་བྱེད་ནུས་པར་འགྱུར་བ་དེ་ལྟ་བུ་རྒྱས་པར་སྨྲ་བར་འགྱུར་རོ། །དེ་ནས་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ནུ་སྡུག་ཇི་ལྟར་བཅོམ་ལྡན་འདས་རིན་ཆེན་སྙིང་པོ་གྲོང་ཁྱེར་དུ་གཤེགས་པའི་ཚེ་འུ་བུ་ཅག་གཉིས་སངས་རྒྱས་ཉིད་དུ་ལུང་བསྟན་པ་ཐོབ་ནས། དེར་དེ་སྐད་དུ་ཕྱོགས་བཅུ་ན་སེམས་ཅན་འཇིགས་ཤིང་སྐྲག་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་བདག་གིས་སྐྱབས་བྱེད་པར་གྱུར་ཅིག །དེ་སྐད་ཅེས་སྨོན་ལམ་བཏབ་པའི་དུས་ལ་དེ་དྲན་པར་གྱིས་ལ། ད་ངའི་ལི་ཡུལ་འདི་དང་། ལྷ་མོ་དྲི་མ་མེད་པའི་འོད་དང་། གཞོན་ནུ་རྡོ་རྗེ་སྡེ་ལ་གཏད་པ་འདི་ཁྱོད་ཀྱིས་ལོང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། འཇམ་དཔལ་དང་། ནམ་མཁའི་སྙིང་པོ་དང་། མཐུ་ཆེན་ཐོབ་དང་། སྨན་གྱི་


DKG059_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་། རབ་སྦྱིན་དཔའ་བོ་དང་། སའི་སྙིང་པོ་དང་། བྱམས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདིའི་ཕུ་བོ་དང་། གྲོགས་སུ་གྱུར་པ་དང་། རྟག་ཏུ་འགྲོགས་འགྲོགས་པ་ནི་འདི་དག་ཡིན་ཏེ། སྣ་ཚོགས་ཀྱི་ལྷ་དང་། དབང་ཕྱུག་གི་ལྷ་དང་། ལྗོན་ཤིང་གི་དབང་ཕྱུག་གི་རྒྱལ་པོ་དང་། སྙིང་རྗེའི་དབང་ཕྱུག་དང་། གཟུངས་ཀྱི་དབང་ཕྱུག་དང་། སྤོང་བའི་དབང་ཕྱུག་དང་། འོད་ཀྱི་དབང་ཕྱུག་དང་། དྲིའི་དབང་ཕྱུག་དང་། ཚོགས་ཀྱི་དབང་ཕྱུག་དང་། འཇིག་རྟེན་གྱི་དབང་ཕྱུག་དང་། འོད་གསལ་དང་། རིགས་ཀྱི་དབང་ཕྱུག་རྣམས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་བོས་ཏེ་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ཁྱེད་ངའི་ཐེག་པ་ཆེན་པོའི་མདོ་འདི་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཡོངས་སུ་ཟུང་ཤིག །དེ་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་རྟག་ཏུ་ངའི་ཕྱི་བཞིན་དུ་འབྲང་བ་ཡིན་གྱིས་མདོ་འདི་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ཁྱོད་ལ་གཏད་དོ། །གནོད་སྦྱིན་དབང་པོ་རྣམ་ཐོས་ཀྱི་བུ་དང་། གནོད་སྦྱིན་ཀུན་ཏུ་རྒྱལ་དང་། ལྷའི་བུ་བློ་གྲོས་བརྟན་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། འཕྲོག་མ་བུ་དང་བཅས་པ་དང་། ལྷའི་ཕོ་བྲང་སུམ་ཅུ་རྩ་གཉིས་ཀྱི་ལྷའི་རྒྱལ་པོ་རྣམས་དང་། འཁོར་དེར་འདུས་པ་ཐམས་ཅད་དང་། སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་གཏོང་བ་དེ་དག་དང་ཕྱོགས་བཅུ་ནས་འདུས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་མདོ་འདི་དང་། ལི་ཡུལ་དང་། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་དེ། ཡོངས་སུ་གཏད་པའི་དམ་པས་ཡོངས་སུ་གཏད་དོ། །དེ་ནས་ཡང་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་ཇི་སྐད་བཤད་པ་དང་། ཁྱོད་ཀྱིས་ཇི་ལྟར་དམ་བཅས་པ་བཞིན་དུ་གྲོགས་ཀྱིས་ལ་ངས་དགོངས་པ་ཀུན་ཐམས་ཅད་ནས་ཐམས་ཅད་དུ་མཐར་ཕྱིན་པར་གྱིས་ལ། ཅི་ནས་ལོག་པར་མ་འགྱུར་བ་དེ་ལྟར་གྱིས་ཤིག །ངས་བསྐལ་པ་མང་པོར་འཁོར་བ་ན་དཀའ་ལས་ཤིན་ཏུ་མང་པོ་དང་ལྡན་པ་དག་བྱས་པ་ལྟ་བུ་ནི་བྱང་


DKG059_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་གཞན་དག་གིས་ཀྱང་མ་བྱས་སོ། །ངའི་ཡུལ་འཁོར་དེར་སེམས་ཅན་ངས་ཡོངས་སུ་སྨིན་པར་མ་བྱས་པ་དེ་གང་ཡིན་པ་དེ་དག་ཕྱིས་ལི་ཡུལ་འཁོར་དུ་གནས་པར་གྱུར་ཏེ། ངའི་ཆོས་ཀྱིས་ཡོངས་སུ་གྲོལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་ལ་བོས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཐམས་ཅད་ལ་མདོ་འདི་དང་། ལི་ཡུལ་དང་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་དོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ལྷ་ཐམས་ཅད་དང་། འཁོར་ཐམས་ཅད་ལ་མདོ་འདི་དང་། ལི་ཡུལ་དང་གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་གཏད་པ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་ལྷའི་མེ་ཏོག་གི་ཆར་ཕབ་བོ། །ལྷ་རྣམས་ཀྱིས་ལྷའི་རོལ་མོའི་སྒྲ་བསྒྲགས་སོ། །ལྷའི་རྒྱན་གྱི་ཆར་ཡང་ཕབ་བོ། །དེ་བཞིན་དུ་འཁོར་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཇི་ལྟར་འོས་པའི་མཆོད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱས་སོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོད་ཟེར་ཤིན་ཏུ་མང་པོ་བཏང་ངོ་། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ན་གནས་པའི་སེམས་ཅན་རྣམས་ཀྱིས་ཀྱང་སངས་རྒྱས་བཅོམ་ལྡན་འདས་དེ་དག་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་མཐོང་ངོ་། །དེ་ན་གནས་པ་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དང་། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་མཐོང་སྟེ། འཁོར་ཐམས་ཅད་དང་། ལྷ་དང་མི་རྣམས་གཅིག་གིས་གཅིག་མཐོང་བར་གྱུར་ཏོ། །དེ་ནས་དེའི་ཚེ་དགེ་སློང་ཀུན་དགའ་བོ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་མ་འོངས་པའི་དུས་ན་སུ་ལ་ལ་མདོ་འདི་ཀློག་པ་དང་། སེམས་པ་དང་། ཉན་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་ཙམ་དུ་འཕེལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་བརྒྱད་ཁྲི་བཞི་སྟོང་གི་ནང་ན་སྐྱེ་བོ་ཇི་སྙེད་གནས་པ་རྣམས་ལ་སྦྱིན་པ་བྱིན་པ་བས་ནི། སུ་མདོ་འདི་འཆང་བའམ།


DKG059_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཏོན་དུ་བྱེད་པའམ། ཀློག་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཆེས་མང་བར་འགྱུར་རོ། །མདོར་ན་ཇི་ལྟར་འབྲས་བུ་གསུམ་པ་རྟོགས་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་འཕེལ་བར་འགྱུར་རོ། །ཞེས་ང་སྨྲའོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འཁོར་འདིར་འདུས་པ་ཇི་སྙེད་མཆིས་པ་རྣམས་གང་དུ་མདོ་འདི་བརྗོད་པ་དེར་མ་མཆིས་སམ། གཞོན་ནུ་རྡོ་རྗེ་སྡེ་དང་། ལྷ་མོ་དྲི་མ་མེད་པའི་འོད་ལ་གཟུངས་སྔགས་མ་སྩལ་ཏམ། དམ་བཅས་པ་འདི་བསྐྱུད་པར་གྱུར་ན། བདག་ཅག་གིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བསླུས་པར་གྱུར་ཅིག །མཚམས་མ་མཆིས་པའི་ལས་བགྱིས་པའི་སྡིག་པ་ཇི་ཙམ་མཆིས་པ་བདག་ཅག་གིས་བགྱིས་པར་གྱུར་ཅིག །དེ་ནས་འོད་ཟེར་དེ་དག་ལས། ཚིག་ཏུ་བརྗོད་པ་འདི་སྐད་ཅེས་བྱུང་སྟེ། གང་ན་མདོ་འདི་བརྗོད་པ་དེར་བདག་ཅག་འོང་ངོ་ཞེས་སྒྲ་སྒྲོགས་པར་འགྱུར་རོ། །དེ་ནས་ཀུན་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་ཀྱིས་ཞུས་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཅི་ལྟར་གཟུང་བར་བགྱི། བཀའ་སྩལ་པ། མདོ་འདིའི་མིང་ནི་ཆོས་ཀྱི་སྤྱི་བོ་ཞེས་ཀྱང་བྱ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྙིང་པོ་ཞེས་ཀྱང་བྱ། དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ཞེས་ཀྱང་བྱའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་ཆོས་གང་བཤད་པ་དེ་དག་ཐམས་ཅད་ནི་མདོ་འདི་ཉིད་ཀྱི་ནང་དུ་འདུས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་དེ་དག་ཐམས་ཅད་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཐེག་པ་ཆེན་པོའི་མདོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པ་ཞེས་བྱ་བ་རྫོགས་སྷོ།། །།

འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་ཡཱ་ནོ་པ་དེ་ཤ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས། དེ་བཞིན་གཤེགས་པའི་གནས། བསོད་ནམས་ཆེན་པོའི་རྒྱན་གྱི་ཚོགས་བསགས་པ། སྤྱོད་པ་ཆེན་པོའི་རྒྱུ་འཐུན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པར་སྨིན་པས་མངོན་པར་གྲུབ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་གནས་བསྟན་པ་མཐའ་ཡས་པ། དེ་བཞིན་གཤེགས་པའི་རྣམ་པར་འཕྲུལ་པས་བྱིན་གྱིས་བརླབས་པ། ཆགས་པ་མེད་པའི་སྤྱོད་ཡུལ་གྱི་ཡེ་ཤེས་ལ་འཇུག་པ་དགའ་བ་རྒྱ་ཆེན་པོ་སྐྱེད་པ། དྲན་པ་དང་། བློ་གྲོས་དང་། རྟོགས་པས་འཇུག་པ། ཀུན་ནས་མ་སྨད་པ། ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པ་དེ་ལ་མ་ཆགས་པར་རྟོགས་པས་འཇུག་པ། བསྐལ་པ་མུ་མེད་པར་མངོན་པར་བསྟོད་པ། ཡོན་ཏན་གྱི་ཚོགས་ཐམས་ཅད་དཔག་ཏུ་མེད་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས། ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སློབ་མ་ཤིན་ཏུ་དུལ་བའི་ཚོགས་ནི་མཐའ་ཡས། ཆོས་ཐམས་ཅད་ལ་མངའ་དབང་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཚུལ་ནི་ཤིན་ཏུ་མཁྱེན། དབང་པོའི་དམ་པའི་ཕ་རོལ་ཏུ་ཕྱིན་པ་ནི་བརྙེས། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་བག་ཆགས་ཀྱི་མཚམས་སྦྱོར་བ་ཀུན་དུ་འཇོམས་པ་ལ་ནི་མཁས། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་ལྷུན་གྱིས་གྲུབ་པ་ནི་རྒྱུན་མ་བཅད་ཅིང་། དགེ་སློང་འབུམ་ཕྲག་དྲུག་ཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ།


DKG059_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཉོན་མོངས་པའི་བག་ཆགས་མཚམས་སྦྱོར་བ་ཐམས་ཅད་ཀུན་དུ་བཅོམ་པ། དེ་བཞིན་གཤེགས་པའི་ཆོས་ཀྱི་རྒྱལ་པོའི་སྲས་ཆོས་ཟབ་མོ་ལ་གནས་པར་མཁས་པ། མི་དམིགས་པའི་ཆོས་ལས་བྱུང་བ། སྤྱོད་ལམ་མཛེས་པ། ཕུན་སུམ་ཚོགས་པ། སྦྱིན་པའི་གནས་ཆེན་པོར་གྱུར་པ། དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད། དཔག་ཏུ་མེད། བརྗོད་དུ་མེད་པ་དང་ཡང་ཐབས་ཅིག་སྟེ། ཐམས་ཅད་ཀྱང་སེམས་ཀྱི་སྐད་ཅིག་གཅིག་ལ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ་མཁས་པ། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། རིམ་གྲོ་བྱེད་པས་ངེས་པར་འབྱུང་བ་དང་། ཆོས་མཉན་ཅིང་ཡང་དག་པར་ནོད་པའི་ངོམས་མི་ཤེས་པ། རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་ལ་མངོན་པར་བརྩོན་པ། ཐབས་དང་ཤེས་རབ་དམ་པའི་ཕ་རོལ་ཏུ་སོན་པའི་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ལ་རབ་ཏུ་གནས་པ། རྟོག་པ་དང་། རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ། ཐམས་ཅད་མཁྱེན་པའི་ས་ལས་ཉེ་བར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་ལྟ་ཞེས་བྱ་བ་དང་། གཡུལ་ལས་རྣམ་པར་རྒྱལ་བ་དང་། རྣམ་པར་སྣང་མཛད་སྙིང་པོ་དང་། རྣམ་པར་གནོན་པར་དཔའ་བ་དང་། ཡིད་གཉིས་ཀུན་དུ་འཇོམས་དང་། རྣམ་པར་བསྒྲགས་ལྡན་དང་། རྣམ་པར་ལྟ་བའི་མིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུན་པའི་ཕུང་པོ་དང་བྲལ་བ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ། མཚུངས་པ་མེད། གཞལ་དུ་མེད་དཔག་ཏུ་མེད། བརྗོད་དུ་


DKG059_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་དག་དང་ཐབས་ཅིག་སྟེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་ངེས་པར་བྱུང་བ། སྒྲིབ་པ་མེད་པའི་སྒོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་བྱང་ཆུབ་སེམས་དཔའི་ལམ་བཀོད་པ་ལ་དམིགས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ། སྟོབས་དང་མི་འཇིགས་པ་ཡོངས་སུ་འགྲུབ་པ། ཡེ་ཤེས་ཀྱི་འབྱུང་གནས། ཆོས་ཐམས་ཅད་ལ་དབང་བྱེད་པའི་གཟུངས་ཀྱི་ཕྱག་རྒྱའི་སྒོ་ལ་འཇུག་པ། སོ་སོ་ཡང་དག་པར་རིག་པ་ལ་རྣམ་པར་ངེས་པའི་སྒོ་ལ་འཇུག་པ། མངོན་པར་ཤེས་པ་ཆེན་པོའི་ཡེ་ཤེས་ལ་འཇུག་པ་ཁོང་དུ་ཆུད་པ། ཕྱིར་མི་ལྡོག་པའི་འཁོར་ལ་མི་སྐྱེ་བའི་ཆོས་སྟོན་པ། ཐེག་པ་གཅིག་ཏུ་ཡང་དག་པར་འདུ་བ། ཆོས་ཀྱི་དབྱིངས་ཚུལ་གཅིག་སྟེ། འདྲེས་པ་མེད་པ་ལ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། དབང་པོ་ལ་འཇུག་པ། སྟོན་པ། སྙིང་པོ་དང་ལྡན་པ། ཆོས་རྣམ་པར་གདོན་མི་ཟ་བ། བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ། ཚུལ་བཞིན་གྱི་ཆོས་ཀྱི་ཚུལ་ལ་འཇུག་པ་ཁོང་དུ་ཆུད་པ། ཉོན་མོངས་པ་དང་། ལྟ་བར་སོང་བ་ཐམས་ཅད་འདུལ་བ་ཤེས་རབ་དང་ཡེ་ཤེས་ཐོགས་པ་མེད་པའི་རྗེས་སུ་འཇུག་པ། མཉམ་པ་མེད་ཅིང་མཐའ་ཡས་པའི་ཡོངས་སུ་བསྔོ་བ་ལ་མཁས་པའི་ཐབས་ཀྱི་ཡེ་ཤེས་སྟོན་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པའི་རྗེས་སུ་འཇུག་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པ། བྱིན་གྱི་རླབས་ཐོགས་པ་མེད་པའི་སྒོ་ལ་འཇུག་པ་ཆོས་ཐམས་ཅད་ཅི་ལྟ་བ་བཞིན་དུ་རྣམ་པར་གདོན་མི་ཟ་བར་སྟོན་པ། མི་རྟོག་རྣམ་པར་མི་རྟོག་ལ་མཉམ་པ་ཉིད་དུ་འཇུག་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ཁོང་དུ་ཆུད་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཐམས་ཅད་སོགས་པ། སངས་རྒྱས་ཀྱི་སྐུ་དང་། གསུང་དང་། ཐུགས་མཉམ་པ་ཉིད་ཀྱི་རྒྱན་དང་ལྡན་པ། དྲན་པ་དང་། བློ་གྲོས་དང་། མོས་པ་དང་། རྟོགས་པ་དང་། ཤེས་རབ་མི་ཟད་པ་མངོན་པར་སྒྲུབ་པ། ཉན་ཐོས་ཀྱི་ཐེག་པས་འདུལ་བའི་ཕྱིར་འཕགས་པའི་བདེན་པའི་ཚུལ་ལ་འཇུག་པ། རང་སངས་རྒྱས་ཀྱི་ཐེག་པས་འདུལ་བའི་ཕྱིར་ལུས་དང་སེམས་རབ་ཏུ་དབེན་པར་ཤེས་པ་ཐེག་པ་ཆེན་པོས་འདུལ་བའི་ཕྱིར་ཐམས་ཅད་


DKG059_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པའི་ཡེ་ཤེས་ཀྱི་སར་དབང་བསྐུར་བ་འཐོབ་པ། དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པའི་ཕྱིར། ཆོས་ཐམས་ཅད་ལ་དབང་བྱེད་པའི་ཚུལ་ལ་འཇུག་པ་བརྗོད་དོ། །སྟོན་ཏོ་རབ་ཏུ་སྟོན་ཏོ། །འཛིན་དུ་འཇུག་གོ །མོས་པར་མཛད་དོ། །ལེན་དུ་འཇུག་གོ །ཤེས་པར་མཛད་དོ། །རྣམ་པར་ཤེས་པར་མཛད་དོ། །རབ་ཏུ་ཤེས་པར་མཛད་དོ། །རབ་ཏུ་འཇུག་གོ །རྣམ་པར་འགྲེལ་ཏོ། །རྣམ་པར་འབྱེད་དོ། །གསལ་བར་མཛད་དོ། །ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་གདོན་མི་ཟ་བའི་དོན་གྱི་ཆོས་ཀྱི་རྣམ་གྲངས་འདི་ལྟ་བུ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ན། འཁོར་དེ་ཉིད་དུ་བུ་མོ་རིན་ཆེན་ཞེས་བྱ་བ་ཞིག་འདུས་པར་གྱུར་ཏེ་འདུག་པ་དེ་སྟན་ལས་ལངས་ཏེ། ལག་པ་གཡས་པར་མུ་ཏིག་གི་སེ་མོ་དོ་ཐོགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་བདེན་པ་དང་། བདེན་པའི་ཚིག་གང་གིས་སེམས་ཅན་ཆེན་པོ་འདི་དག་གིས་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདུས་པའི་ལེའུ་འདི་བས་པར་ཆུབ་པར་འཛིན་པར་འགྱུར་བ་དང་། ཕྱོགས་བཅུ་རྣམས་སུ་ཡང་རྒྱས་པར་བགྱིད་པར་འགྱུར་བ་དང་། སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་བླ་ན་མེད་པའི་ཆོས་དཀོན་མཆོག་གིས་མཐར་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་འབྱུང་བའི་བདེན་པ་དང་། བདེན་པའི་ཚིག་དེས་བདག་གིས་མུ་ཏིག་གི་སེ་མོ་དོ་འདི་དེ་བཞིན་གཤེགས་པ་ལ་འབུལ་ལགས་ཏེ། དེ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དབུའི་གཙུག་གི་མཚམས་སུ་མུ་ཏིག་གི་སེ་མོ་དོའི་ཁང་པ་བརྩེགས་པ་ཀུན་དུ་གནས་ཤིང་བཀོད་པ་ཅི་འདྲ་བས་སྐྱེས་བུ་དམ་པ་དེ་དག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དེ་དག་གིས་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཅི་འདྲ་བར་འགྱུར་བ་དེ་འདྲ་བ་དག་ཁང་པ་བརྩེགས་པ་དེ་དག་ལས་ཀུན་ཏུ་དགའ་ཞིང་འཁོར་ཐམས་ཅད་ཀྱིས་བཀོད་པ་འདི་མཐོང་ནས་ཡི་རངས་པར་གྱུར་ཅིག །དེ་ནས་བུ་མོ་རིན་ཆེན་གྱིས་མུ་ཏིག་གི་སེ་མོ་དོ་དེ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་བོར་རོ། །མུ་ཏིག་གི་སེ་མོ་དོ་དེ་བོར་མ་ཐག་ཏུ་དེ་ནས་སངས་རྒྱས་ཀྱི་


DKG059_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་དང་བུ་མོ་རིན་ཆེན་གྱི་བདེན་པའི་བྱིན་གྱི་རླབས་ཀྱིས། བཅོམ་ལྡན་འདས་ཀྱི་དབུའི་གཙུག་གི་མཚམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱི་གཙུག་གི་མཚམས་སུ་ཁང་པ་བརྩེགས་པ་ཆེན་པོ་ཤིན་ཏུ་ཡངས་པ་རྒྱ་ཆེ་བ་རྣམ་པར་བཀྲ་བ་བལྟ་ན་སྡུག་པ། ངོས་མཉམ་པ་ཤིན་ཏུ་རྣམ་པར་ཕྱེ་བ་ལེགས་པར་གྲུབ་པ་གནས་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་སྔོན་བདག་ཅག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་འདི་འདྲ་བར་གྱུར་ཅིག །བྱང་ཆུབ་ཀྱི་སྙིང་པོ་འདི་འདྲ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པའི་ཁྱད་པར་ཅི་འདྲ་བ་དེ་ལྟ་བུའི་བཀོད་པ་དག་ཀྱང་བྱང་ཆུབ་སེམས་དཔའ་དེ་དག་གིས་ཁང་པ་བརྩེགས་པ་དེ་དག་ལས་མཐོང་ངོ་། །མཐོང་ནས་ཀྱང་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟར་ཇི་ཙམ་དུ་བདག་ཅག་གིས་བསྐལ་པ་གྲངས་མ་མཆིས་པར་སྨོན་ལམ་མངོན་པར་འདུས་བགྱིས་པར་ཐམས་ཅད་བུ་མོ་རིན་ཆེན་གྱི་སྐད་ཅིག་གཅིག་ལ་བསྟན་པ་ནི་བུ་མོ་རིན་ཆེན་འདི་བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ཅན་ལགས་ཏེ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །སྐྱེས་བུ་དམ་པ་དག་ཇི་སྐད་སྨྲས་པ་དེ་བཞིན་ཏེ། བུ་མོ་རིན་ཆེན་འདི་བདེན་པའི་བྱིན་གྱི་རླབས་ལས་ངེས་པར་བྱུང་བའོ། །སྐྱེས་བུ་དམ་པ་དག་བུ་མོ་རིན་ཆེན་གྱིས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དྲུག་ལས་དགེ་བའི་རྩ་བ་བསྐྲུན་ནས་བདེན་པའི་བྱིན་གྱི་རླབས་འདི་ཡོངས་སུ་བླངས་ཏེ། དེ་ནས་བུ་མོ་རིན་ཆེན་འདིས་ཇི་སྐད་སྨྲས་པ་དེ་ལྟར་ཀུན་དུ་གནས་སོ། །གལ་ཏེ་བུ་མོ་རིན་ཆེན་གྱིས་ཐམས་ཅད་དང་ལྡན་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་མེ་ཏོག་གིས་རབ་ཏུ་གང་བར་ཀུན་དུ་གནས་པར་གྱུར་ཅིག་ཅེས་སྨྲས་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་ཀྱིས་རབ་ཏུ་གང་བར་ཀུན་དུ་གནས་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །གལ་ཏེ་བར་སྣང་འདི་ཐམས་ཅད་གདུགས་དང་། རྒྱལ་མཚན་དང་། བ་དན་གྱིས་བརྒྱན་པར་ཀུན་དུ་གནས་པར་གྱུར་ཅིག་ཅེ་ན་ཡང་དེ་


DKG059_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་འགྱུར་རོ། །ཆུས་འཇིག་པ་བྱུང་བ་ལ་མེ་ཡིས་འཇིག་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །གལ་ཏེ་མེ་ཡིས་འཇིག་པ་བྱུང་བ་ལ་ཆུ་ཡིས་འཇིག་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །ཐམས་ཅད་དང་ལྡན་པའི་འཁོར་འདི་འཁོར་ལོས་སྒྱུར་བའི་ཁ་དོག་དང་། གཟུགས་སུ་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བའི་ཁ་དོག་དང་། གཟུགས་དང་། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོའི་ཁ་དོག་དང་། གཟུགས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཁ་དོག་དང་། གཟུགས་སུ་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །གལ་ཏེ་བདུད་རེ་རེ་ལ་ཡང་ལག་ན་མཚོན་ཐོགས་པའི་བདུད་ཀྱི་སྡེ་བྱེ་བ་ཕྲག་བརྒྱ་ལྷག་པ་ལ་བདུད་དང་། བདུད་ཀྱི་རིས་ཐམས་ཅད་ཀྱི་རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་རྩེ་གཉིས་པ་དང་། མཚོན་ཆ་སྣ་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་མུ་ཏིག་གི་སེ་མོ་དོར་ཀུན་དུ་གནས་པ་དང་། སྣ་མའི་མེ་ཏོག་དང་། ཨུཏྤ་ལ་དང་། པ་རི་ཤ་ཀ་དང་། ཙམ་པ་ཀའི་ལྡ་ལྡིར་ཀུན་དུ་གནས་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །གལ་ཏེ་འབྲོག་དགོན་པར་བཟའ་བ་དང་། བཏུང་བ་དང་། ཁ་ཟས་མེད་པ་དག་ཏུ་ཁྱིམ་བྱེ་བ་ཕྲག་བཅྭ་བརྒྱད་པའི་གྲོང་ཁྱེར་ཆེན་པོ་ཀུན་དུ་གནས་ཤིང་། བཟའ་བ་དང་། བཏུང་བ་དང་། ཁ་ཟས་མང་པོ་བྱུང་བར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གཟུགས་སུ་སྣང་བ་དེ་དག་དེ་བཞིན་གཤེགས་པའི་གཟུགས་སུ་ཀུན་དུ་གནས་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །འཁོར་འདི་ཐམས་ཅད་ནམ་མཁའ་ལ་གནས་པར་གྱུར་ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་རོ། །རིགས་ཀྱི་བུ་དག་གལ་ཏེ་བུ་མོ་རིན་ཆེན་གྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་ཆོས་སྟོན་པར་འཇུག་པ་ཇི་སྙེད་པ་དེ་བར་སྣང་འདི་ལས་ལྷག་ཆད་མེད་ཅིང་མཐའ་དག་རྫོགས་པར་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་བྱུང་བར་གྱུར་


DKG059_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེ་ན་ཡང་དེ་དེ་བཞིན་དུ་འགྱུར་ཏེ། གང་བུ་མོ་རིན་ཆེན་གྱི་ལས་དེ་ཆུང་ཟད་ཀྱང་དོན་མེད་པ་མ་ཡིན་ནོ། །དེ་ནས་བུ་མོ་རིན་ཆེན་གྱིས་བདེན་པའི་བྱིན་གྱི་རླབས་དང་། རྫུ་འཕྲུལ་གྱི་སྟོབས་དང་། རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་གྱི་རྣམ་པ་འདི་ལྟ་བུ་འདི་ཀུན་དུ་བསྟན་ནས། བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རིན་ཆེན་འབྱུང་གནས་ཡེ་ཤེས་རིན་ཆེན་མངའ། །རིན་ཆེན་མཆོག་སྟོན་ཡོན་ཏན་མཐའ་ཡས་པ། །རྒྱལ་པོའི་རྒྱལ་པོ་དགྲ་དང་ཤར་གཉེར་གཅོད། །བྱང་ཆུབ་ཡན་ལག་རིན་ཆེན་ནོར་བདུན་སྦྱིན། །རིན་ཆེན་འོད་ཀྱི་འོད་ནི་མཐའ་ཡས་པ། །ནོར་བུ་རིན་ཆེན་རྣམ་པ་སྣ་ཚོགས་འོད། །རིན་ཆེན་དམ་པ་རྒྱལ་བ་རིན་ཆེན་ཏོག །བདེ་གཤེགས་ཁྱོད་ལ་རིན་ཆེན་རྣམས་ཀྱིས་མཆོད། །རྡོ་ཡི་སྙིང་པོ་ས་སྙིང་ནོར་བུ་གང་། །སྣང་འོད་དྲི་མེད་སྙིང་པོ་ནོར་བུ་དང་། །རིན་པོ་ཆེ་དང་ཉི་མ་ཟླ་བའི་འོད། །ཁྱོད་ཀྱི་སྐུ་ཡི་འོད་ཀྱིས་ཟིལ་དུ་རླག །ཐུབ་པ་ཁྱོད་ཀྱི་སྐུ་ཚད་བརྟག་པར་ནི། །ས་བཅུའི་བར་ལ་གནས་པས་མི་དམིགས་སོ། །འཇིག་རྟེན་གཙོ་ཁྱོད་ས་ལ་བཞུགས་ཀྱང་གོ །རྫུ་འཕྲུལ་ཡོན་ཏན་སྲིད་པའི་རྩེར་གནས་མཐོང་། །རྒྱལ་བའི་འཁོར་རྣམས་ཐམས་ཅད་རེ་རེས་ཀྱང་། །རྒྱལ་བ་རང་རང་མདུན་ན་བཞུགས་པར་ཤེས། །ཐམས་ཅད་ཕྱོགས་ནས་མངོན་སུམ་མངོན་པར་ཡང་། །ཀུན་ནས་སྒོ་ནས་མཚུངས་པ་མེད་པ་མཐོང་། །ལ་ལས་བཞུགས་དང་མནལ་དང་འཆགས་པ་དང་། །འཁོར་རྣམས་ལ་ལས་བདེ་གཤེགས་གསུང་བ་དང་། །མི་གསུང་བཞུགས་ཤིང་བསམ་གཏན་དགྱེས་པ་དང་། །མཚུངས་མེད་ཁྱོད་ཀྱི་སྤྱོད་ལམ་མཐའ་ཡས་མཐོང་། །ཁྱོད་ཀྱི་བ་སྤུ་རེ་ནས་འོད་ཟེར་མཆོག །གཏང་མ་ཐག་ཏུ་ཕྱོགས་བཅུ་ཐམས་ཅད་རྒྱས། །རྒྱལ་བའི་སྐུ་ནི་པད་མའི་འབྱུང་གནས་འདྲ། །བསམ་པ་ཇི་བཞིན་ཡིད་ཀྱང་དགའ་བར་མཛད། །བདེན་ལ་གནས་ཤིང་རྟག་ཏུ་བདེན་ལ་དགྱེས། །བདེན་པ་ལྷུར་མཛད་ཅི་གསུང་དེ་བཞིན་མཛོད། །ཆོས་ཀྱི་འབྱུང་གནས་དོན་དང་འདུལ་ལ་མཁས། །ཡོན་ཏན་ཀུན་མཐར་ཕྱིན་ལ་ཕྱག་འཚལ་ལོ། །དེ་ནས་བུ་མོ་རིན་ཆེན་གྱིས་


DKG059_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་ཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་དེ་དག་གིས་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཞུས་ནས་ཞུས་པ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་དབྱེ་བར་གནང་ན། བདག་འདུས་པའི་ལེའུའི་ཆོས་ཀྱི་རྣམ་གྲངས་ལ་བཀའ་མཆིད་ཀྱི་རྒྱུད་འགའ་ཞིག་བརྩམས་ཏེ་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་ཁྱོད་དེ་བཞིན་གཤེགས་པ་ལ་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ངས་དྲིས་པ་དེ་དང་དེའི་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པས་སྐབས་ཕྱེ་བ་དང་། བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་བདེན་པ་སྨྲ་རྣམས་གང་ལགས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་བདེན་པར་གསུངས་པ་ནི་གང་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་རྣམས་གང་ལགས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སུ་གསུངས་པ་ནི་གང་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་སྨྲ་བ་རྣམས་གང་ལགས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དུ་གསུངས་པ་ནི་གང་ལགས། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདུལ་བ་སྨྲ་བ་རྣམས་གང་ལགས། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་ལ་འདུལ་བར་གསུངས་པ་ནི་གང་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བུ་མོ་ལེགས་སོ། །ལེགས་སོ། །ཁྱོད་ཀྱི་རྟོགས་པ་བཟང་ངོ་། །དྲི་བ་ཚུལ་བཞིན་ཡིན་ནོ། །སྤོབས་པ་དགེའོ། །བུ་མོ་དེ་བས་ན་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བུ་མོ་རིན་ཆེན་གྱིས་བཅོམ་ལྡན་འདས་ལེགས་སོ། །ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་གསུམ་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་བདེན་པ་སྟེ། གསུམ་གང་ཞེ་


DKG059_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ན། གང་སངས་རྒྱས་ལ་མི་སླུ་བ་དང་། བདག་ལ་མི་སླུ་བ་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བའོ། །བུ་མོ་བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་སླུ་བ་ཇི་ལྟ་བུ་ཞེ་ན། བུ་མོ་གལ་ཏེ་བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་འདོད་པར་བྱེད་ཅིང་སྨོན་ཏེ། མངོན་པར་དགའ་བ་དེ་ལྟ་བུ་ནི་བུ་མོ་བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་སླུ་བའོ། །བུ་མོ་བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བ་ཅི་ལྟ་བུ་ཞེ་ན། བུ་མོ་གང་གི་ཚེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བདུད་དང་དམིགས་པ་ཅན་ཐམས་ཅད་ཀྱིས་ཇི་ཙམ་དུ་ཚེགས་ཕྱུང་ཞིང་ཇི་ཙམ་དུ་གནོད་པར་བྱས་པ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཐོ་བཙམས་ཤིང་ཅོ་དྲིས་ཏེ་འབྲེལ་བར་བྱེད་ཅིང་རལ་གྲི་དང་། མདུང་ཐུང་དང་། མཚོན་རྩེ་གཉིས་པས་ཕུག་པ་དང་། མ་ཐོབ་པ་དང་། མ་གྲགས་པ་དང་། སྨད་པ་དང་། སྡུག་བསྔལ་བས་ཀྱང་མི་གཡོ། མི་འཁྲུལ། རྣམ་པར་མི་འཁྲུལ། མི་ཞུམ། སྒྱིད་ལུག་པར་མི་འགྱུར། ཀུན་དུ་མི་སྐྲག །ཀུན་དུ་སྐྲག་པར་མི་འགྱུར། ཡི་མུག་པར་མི་འགྱུར། འགྱོད་པར་མི་འགྱུར་བར་ཐོག་མའི་ལྷག་པའི་བསམ་པ་དེ་ཡང་མི་གཏོང་ཞིང་བརྟན་པར་ཡང་དག་པར་འཛིན་ལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་། མགོན་དང་། དཔུང་གཉེན་གྱི་སེམས་བསྐྱེད་པ་དང་། མཚུངས་པ་མེད་ཅིང་འདྲ་བ་མེད་པའི་སེམས་བསྐྱེད་པ་དེ་ལས་ཀྱང་མི་ཉམས་མི་ནུར་ཏེ། ཐེག་པ་གཞན་ལ་འདོད་པའི་སེམས་ལན་འགའ་ཡང་མི་སྐྱེད་པར་སངས་རྒྱས་དྲན། ཆོས་ཀྱི་འཁོར་ལོ་ལ་རྟོན། སེམས་ཅན་ཐམས་ཅད་མངོན་དུ་བྱེད། སྟོབས་ཉེ་བར་སྟོན། མཐུ་སྐྱེད་པར་བྱེད། རྩལ་གྱིས་རྣམ་པར་གནོན། བརྩོན་འགྲུས་རྩོམ་སྟེ། ཕ་རོལ་གྱི་ཚིག་གིས་གནོད་པར་མི་ནུས་པ་


DKG059_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟ་བུ་ནི་བུ་མོ་བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བའོ། །བྱང་ཆུབ་སེམས་དཔའ་སངས་རྒྱས་དང་། བདག་དང་། སེམས་ཅན་ཐམས་ཅད་ལ་མི་སླུ་བ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པའི་མཆོག་གོ །དེ་རྣམ་པ་བཞིས་སངས་རྒྱས་ལ་མི་སླུ་སྟེ། བརྟན་པ་དང་། སྟོབས་དང་། བརྩོན་འགྲུས་རྟུལ་བའོ། །དེ་རྣམ་པ་བཞིས་བདག་ལ་མི་སླུ་སྟེ། བསམ་པ་དང་། ལྷག་པའི་བསམ་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པའོ། །དེ་རྣམ་པ་བཞིས་སེམས་ཅན་ཐམས་ཅད་མི་སླུ་སྟེ། སྦྱོར་བ་དང་། བྱམས་པ་དང་། སྙིང་རྗེ་དང་། སྡུད་པ་སྟེ། བུ་མོ་གང་འདི་བྱང་ཆུབ་སེམས་ཡོངས་སུ་མི་གཏོང་ཞིང་སྔོན་དམ་བཅས་པ་ལས་མི་ཉམས་པ་འདི་ནི་བྱང་ཆུབ་སེམས་དཔའི་བདེན་པ་ལ་འཇུག་པ་དང་པོའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་ནི་གང་འདི་ངག་བསྡམས་པ་དང་། ངག་བསྲུངས་པ་དང་། ངག་འཁྲུལ་པ་མེད་པ་དང་། ཚིག་བདེན་པ་སྟེ། དེ་གཅིག་པུ་ཡང་རུང་། སྐྱེ་བོ་མང་པོའི་ནང་དུ་གནས་ཀྱང་རུང་། ཚིག་བདེན་པར་སྨྲ་སྟེ། དེ་རྒྱལ་སྲིད་ཀྱི་ཕྱིར་ཡང་བརྫུན་གྱི་ཚིག་མི་སྨྲ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་རབ་ཏུ་བཀང་བས་བྲིད་ཀྱང་བརྫུན་གྱི་ཚིག་མི་སྨྲ་བའོ། །བུ་མོ་དེ་ལ་བྱང་ཆུབ་སེམས་དཔའི་བདེན་པ་ནི་རྣམ་པ་སུམ་ཅུ་རྩ་གཉིས་ཡོངས་སུ་དག་པ་སྟེ། རྣམ་པ་སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ། ངོ་ཚ་ཤེས་པའི་རྣམ་པ་དང་། ཡོན་ཏན་གྱི་རྣམ་པ་དང་། ཁྲེལ་ཡོད་པའི་རྣམ་པ་དང་། དེས་པའི་རྣམ་པ་དང་། བཅོས་མ་མ་ཡིན་པའི་རྣམ་པ་དང་། མ་སྨད་པའི་རྣམ་པ་དང་། མི་དམིགས་པའི་རྣམ་པ་དང་། ལྷས་རྣམ་པར་རིག་པའི་རྣམ་པ་དང་། འཇིགས་པ་མེད་པའི་རྣམ་པ་དང་། ངན་འགྲོ་གཅོད་པའི་རྣམ་པ་དང་། བདེ་འགྲོ་འབྱེད་པའི་རྣམ་པ་དང་། འཕགས་པའི་སྐྱེ་བོ་མངོན་པར་དགའ་བའི་རྣམ་པ་དང་། མཁས་པས་མཆོད་པར་འོས་པའི་རྣམ་པ་དང་། ནང་དག་པའི་རྣམ་པ་དང་། ཕྱི་རོལ་ལེགས་པར་བྱས་པའི་རྣམ་པ་དང་། གཟུང་བར་འོས་པའི་ཚིག་གི་རྣམ་པ་དང་། ཚིག་མི་བརླང་བའི་རྣམ་པ་དང་།


DKG059_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་པའི་ཚིག་གི་རྣམ་པ་དང་། ཁྱད་པར་ཅན་གྱི་ཚིག་གི་རྣམ་པ་དང་། ཁ་དྲི་རབ་ཏུ་ཞིམ་པའི་ཚིག་གི་རྣམ་པ་དང་། བཀའ་བློ་བདེ་བའི་རྣམ་པ་དང་། སླུ་བ་མེད་པའི་རྣམ་པ་དང་། གདུང་བ་མེད་པའི་རྣམ་པ་དང་། དགའ་ཞིང་མཆོག་ཏུ་དགའ་བའི་རྣམ་པ་དང་། བདག་ལ་ངེས་པར་སེམས་པའི་རྣམ་པ་དང་། གཞན་ལ་ངེས་པར་སེམས་པའི་རྣམ་པ་དང་། འཁྲུལ་པ་མེད་པའི་རྣམ་པ་དང་། ཁ་ན་མ་ཐོ་བ་མེད་པའི་རྣམ་པ་དང་། སྦྱིན་པའི་གནས་ཀྱི་སའི་རྣམ་པ་དང་། སངས་རྒྱས་མཉེས་པར་བྱེད་པའི་རྣམ་པ་དང་། བདེན་པའི་རྗེས་སུ་འཐུན་པའི་ངག་རབ་ཏུ་འཐོབ་པའི་རྣམ་པ་སྟེ། བུ་མོ་འདི་དག་ནི་བདེན་པའི་རྣམ་པ་ཡོངས་སུ་དག་པ་སུམ་ཅུ་རྩ་གཉིས་སོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའི་བདེན་པ་ནི་གང་དམ་བཅས་པ་ཡོངས་སུ་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་མོས་པ་དག་གི་ཡིན་གྱི། སེར་སྣ་ཅན་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བར་ཀུན་ཏུ་སྣང་བ་འདི་ནི་དེའི་བདེན་པའོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཡོངས་སུ་དག་པ་དག་གི་ཡིན་གྱི། ངང་ཚུལ་ངན་པ་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་ཚུལ་ཁྲིམས་ཡོངས་སུ་དག་པར་ཀུན་དུ་སྣང་བ་འདི་ནི་དེའི་བདེན་པའོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བཟོད་པའི་སྟོབས་རབ་ཏུ་འཐོབ་པ་དག་གི་ཡིན་གྱི། གནོད་སེམས་ཅན་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་བཟོད་པ་དང་དེས་པར་ཀུན་དུ་སྣང་བ་འདི་ནི་དེའི་བདེན་པའོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྩམས་པ་དག་གི་ཡིན་གྱི། ལེ་ལོ་ཅན་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་དགེ་བའི་རྩ་བ་ཐམས་ཅད་བརྩོན་པར་ཀུན་དུ་སྣང་བ་འདི་ནི་དེའི་བདེན་པའོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་ལ་རབ་ཏུ་གནས་པ་དག་གི་ཡིན་གྱི་སེམས་གཡེང་བ་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་བསམ་གཏན་གྱི་ཡན་ལག་ཡང་དག་པར་སྒྲུབ་པར་ཀུན་དུ་


DKG059_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་འདི་ནི་དེའི་བདེན་པའོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་ཤེས་རབ་དང་ལྡན་པ་དག་གི་ཡིན་གྱི་ཤེས་རབ་འཆལ་པ་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་ཤེས་རབ་དང་ཡེ་ཤེས་ལ་ཀུན་དུ་སྣང་བ་འདི་ནི་དེའི་བདེན་པའོ། །གོང་མ་བཞིན་དུ་སྦྱར་ཏེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་དང་། བསྡུ་བའི་དངོས་པོ་དང་། ཚངས་པའི་གནས་པ་དང་། མངོན་པར་ཤེས་པ་དང་། རིག་པ་དང་། ཞི་གནས་དང་། ལྷག་མཐོང་ལ་ཡང་དེ་བཞིན་ནོ། །བྱང་ཆུབ་ནི་བྱང་ཆུབ་སེམས་དཔའ་དགེ་བའི་ཆོས་ཐམས་ཅད་དང་ལྡན་པ་དག་གི་ཡིན་གྱི། དགེ་བའི་ཆོས་རྣམ་པར་སྤངས་པ་དག་གི་མ་ཡིན་ཏེ། འདི་ནི་དེའི་དམ་བཅས་པའོ། །གང་དགེ་བའི་ཆོས་ཐམས་ཅད་ལ་ཀུན་དུ་སྣང་བ་འདི་ནི་དེའི་བདེན་པའོ། །བུ་མོ་གཞན་ཡང་འཕགས་པའི་རྣམ་པའི་བདེན་པ་དེ་ལ་བྱང་ཆུབ་སེམས་དཔའ་བརྩོན་པར་བྱ་སྟེ། གང་འདི་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་སྤོང་བ་དང་། འགོག་པ་ཤེས་པ་དང་། ལམ་སྒོམ་པའོ། །དེ་ལ་སྡུག་བསྔལ་ཤེས་པ་ནི་གང་ཕུང་པོ་རྣམས་ལ་རང་བཞིན་གྱིས་མི་སྐྱེ་བར་ཤེས་པའོ། །ཀུན་འབྱུང་བ་སྤོང་བ་ནི་སྲིད་པ་གང་གིས་ཕུང་པོ་རྣམས་ཡང་དག་པར་འགྲུབ་པར་འགྱུར་བའི་སྲེད་པ་དེ་ཤིན་ཏུ་མི་འབྱུང་ཞིང་ཆགས་པ་དང་བྲལ་བ་མངོན་པར་དགའ་བ་མེད་པ་སྟེ་གང་མངོན་པར་དགའ་བ་མེད་པ་དེ་ནི་གདོད་མ་ནས་འོང་བ་མེད་པའོ། །གང་གདོད་མ་ནས་འོང་བ་མེད་པ་དེ་ནི་ཆོས་ཉིད་མ་སྤངས་པའོ། །གང་ཆོས་ཉིད་མ་སྤངས་པ་དེ་ནས་ཀུན་འབྱུང་བ་སྤངས་པའོ། །དེ་ལ་འགོག་པ་ཤེས་པ་ནི་གང་མཚན་མ་དང་དམིགས་པ་ཤིན་ཏུ་ཟད་ཅིང་འགོག་པ་སྟེ། གང་འགོག་པའི་ཚེ་དངོས་པོ་འཇིག་པར་འགྱུར་བ་ཡང་མེད་ལ། དངོས་པོ་ཡོད་པ་དང་། དངོས་པོ་མེད་པ་མཚུངས་ཤིང་མཉམ་པར་གྱུར་པའི་ཆོས་ཐམས་ཅད་ལ་གང་མཉམ་པར་མཐོང་བ་ནི་འགོག་པའི་བདེན་པ་ཞེས་བྱ་བའོ། །དེ་ལ་ལམ་ནི་གང་མཉམ་པར་ལྟ་ཞིང་མཉམ་པར་སྦྱོར་བ་མི་རྟོག་པ་མི་མཉམ་པའི་མཚན་ཉིད་མ་ཡིན་པ་ཉོན་མོངས་པ་ཐམས་ཅད་མི་ཚོལ་བ་བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ། ལེན་པ་མེད་པ། མ་བྱས་པ། རྣམ་པར་མ་བྱས་པ་འདི་ནི་ལམ་ཞེས་བྱའོ། །འདི་ལ་གང་བདེན་


DKG059_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་པའི་ཡེ་ཤེས་དང་། སེམས་ཅན་རྣམས་ཡང་དག་པར་ཐོབ་པར་བྱེད་ཀྱང་བདག་མངོན་སུམ་དུ་མི་བྱེད་པ་འདི་ཡང་བྱང་ཆུབ་སེམས་དཔའི་བདེན་པ་ཞེས་བྱའོ། །བདེན་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ཁྲིས་བདེན་པ་ཤེས་པ་ཡོངས་སུ་བསྒོམ་པའི་བཟོད་པ་རབ་ཏུ་ཐོབ་བོ། །བུ་མོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཡིན་ཞེ་ན་གང་གི་ཚེ་ཆོས་ལ་རྟོན་པར་འགྱུར་བ་དང་། ཆོས་སྨྲ་བ་དང་། ཆོས་སེམས་པ་དང་། ཆོས་བསམ་པ་དང་། ཆོས་སྤྱོད་ཡུལ་བ་དང་། ཆོས་སྤྱོད་པ་དང་། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པ་དང་། ཆོས་ལ་དགའ་བས་དགའ་མོས་པ་དང་། ཆོས་ཀྱི་དཔུང་དང་། ཆོས་ཀྱི་ཏོག་དང་། ཆོས་ཀྱི་མཚོན་ཆ་དང་། ཆོས་ཀྱི་གོ་ཆ་བགོས་པ་དང་། ཆོས་ཀྱི་ཡ་ལད་བགོས་པ་དང། ཆོས་ཀྱི་སྣང་བ་དང་། ཆོས་ཀྱི་མར་མེ་དང་། ཆོས་ཀྱི་དྲན་པ་དང་། ཆོས་ཀྱི་བློ་གྲོས་དང་། ཆོས་རྟོག་པ་དང་། ཆོས་དཔྱོད་པ་དང་། ཆོས་ལ་སྦྱོར་བ་དང་། ཆོས་སྤྱོད་པར་གྱུར་པ་དང་། ཆོས་ཀྱིས་ཉལ་བ་དང་། ཆོས་ཀྱི་སྤྱོད་ལམ་དང་། ཆོས་བསྲུང་བ་དང་། ཆོས་ཀྱི་ནོར་དང་། ཆོས་མི་ཟད་པ་དང་། ཆོས་རྒྱ་ཆེ་བ་དང་། ཆོས་ཀྱི་བྱ་བ་བྱེད་པ་དང་། ཆོས་ཀྱི་ལུས་དང་། ཆོས་ཀྱི་ངག་དང་། ཆོས་ཀྱི་ཡིད་ལ་བྱེད་པ་མི་གཏོང་བ་སྟེ། ཆོས་སྤྱོད་པ་རྣམ་པ་འདི་ལྟ་བུ་དང་ལྡན་པ་དེ་ནི་ཆོས་སྨྲ་བ་ཡིན་ཏེ། ཆོས་མ་ཡིན་པ་སྨྲ་བ་མ་ཡིན་ནོ། །དེ་ལ་ཆོས་སྨྲ་བ་གང་ཞེ་ན། བདེན་པ་གང་ཡིན་པ་དེ་བདེན་པར་སྨྲ་བ་དང་། སངས་རྒྱས་ལ་བསྔགས་པ་སྨྲ་བ་དང་། ཆོས་ལ་སྲུང་བར་སྨྲ་བ་དང་། དགེ་འདུན་ལ་བླ་མ་དང་སྲི་ཞུ་བྱ་བར་སྨྲ་བ་དང་། བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱ་བ་བསྙད་པ་སྨྲ་བ་དང་། བསམ་པ་མི་འདོར་བ་སྨྲ་བ་དང་། ལྷག་པའི་བསམ་པ་ལ་དམིགས་པ་སྨྲ་བ་དང་། སྦྱོར་བ་མི་ཉམས་པར་སྨྲ་བ་དང་། འཕགས་པ་རྣམས་ཀྱི་ལྟ་བ་སྨྲ་བ་དང་། དགེ་བའི་བཤེས་གཉེན་རྣམས་ལ་བསྟེན་པ་སྨྲ་བ་དང་། ང་རྒྱལ་མེད་པས་གུས་པ་དང་། རི་མོ་བྱ་བ་སྨྲ་བ་དང་། རྟག་ཏུ་བསྔགས་པ་སྨྲ་བ་དང་། ཆོས་སྟོན་པ་ན་བསྟི་སྟང་དུ་བྱས་ཏེ་མཉམ་པ་སྨྲ་བ་དང་། ཆོས་ཀུན་དུ་ཚོལ་བས་མི་ངོམས་པ་སྨྲ་བ་དང་། ཆོས་སྟོན་པ་ལ་སྙོམ་ལས་མེད་པ་སྨྲ་བ་དང་། སློབ་དཔོན་


DKG059_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཆབ་པ་མེད་པ་སྨྲ་བ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། བྱས་པ་ཆུད་མི་གསོན་པ་སྨྲ་བ་དང་། ལན་ལ་མི་རེ་བ་སྨྲ་བ་དང་། དགོན་པ་ལ་སྐྲག་པ་མེད་པ་སྨྲ་བ་དང་། འཕགས་པའི་རིགས་མ་ཉམས་པ་སྨྲ་བ་དང་། སྦྱངས་པའི་ཡོན་ཏན་མི་གཏོང་བ་སྨྲ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་འཇུག་པ་སྨྲ་བ་དང་། སྦྱིན་པའི་བསྔགས་པ་སྨྲ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་སྨྲ་བ་དང་། ཚུལ་ཁྲིམས་ཀྱི་དབྱེ་བ་སྨྲ་བ་དང་། བཟོད་པའི་སྟོབས་སྨྲ་བ་དང་། བརྩོན་འགྲུས་ཀྱི་ཞུམ་པ་མེད་པ་སྨྲ་བ་དང་། བསམ་གཏན་རྣམས་ཀྱི་རབ་ཏུ་ཞི་བ་སྨྲ་བ་དང་། ཤེས་རབ་ཀྱི་ཁོང་དུ་ཆུད་པ་སྨྲ་བ་དང་། ཐབས་ཀྱི་ཡོངས་སུ་གསལ་བར་བྱེད་པ་སྨྲ་བ་དང་། བྱམས་པའི་སྐྱབས་སྨྲ་བ་དང་། སྙིང་རྗེ་ལ་འཇུག་པ་སྨྲ་བ་དང་། དགའ་བའི་མཆོག་ཏུ་དགའ་བ་སྨྲ་བ་དང་། བཏང་སྙོམས་ཀྱི་གཉིས་དང་བྲལ་བ་སྨྲ་བ་དང་། བདེན་པ་རྣམས་ཀྱི་རྗེས་སུ་འཐུན་པ་སྨྲ་བ་དང་། སོ་སོ་ཡང་དག་པར་རིག་པ་བསྙད་པ་སྨྲ་བ་དང་། མངོན་པར་ཤེས་པ་རྣམས་ཀྱི་བསྐྱེད་པ་སྨྲ་བ་དང་། རྟོན་པ་རྣམས་ཀྱི་ཆོས་སྨྲ་བ་དང་། ཆོས་ཀྱི་མདོ་རྣམས་ཀྱི་ཁོང་དུ་ཆུད་པ་སྨྲ་བ་དང་། དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་དྲན་པ་བརྗེད་པ་མེད་པ་སྨྲ་བ་དང་། ཡང་དག་པའི་སྤོང་བ་རྣམས་ཀྱི་ཡང་དག་པའི་ནན་ཏན་སྨྲ་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་མངོན་པར་བསྐྱེད་པ་སྨྲ་བ་དང་། དབང་པོ་རྣམས་ཀྱི་རྣོ་བ་སྨྲ་བ་དང་། སྟོབས་རྣམས་ཀྱི་མི་རྫི་བ་སྨྲ་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རྗེས་སུ་རྟོགས་པ་སྨྲ་བ་དང་། ལམ་གྱི་སྒྲོལ་བ་སྨྲ་བ་དང་། ཞི་གནས་ཀྱི་འཇུག་པ་སྨྲ་བ་དང་། ལྷག་མཐོང་གི་དེ་ཁོ་ན་ཤེས་པ་སྨྲ་བ་དང་། རིག་པ་དང་རྣམ་པར་གྲོལ་བ་ཡོངས་སུ་གསལ་བར་བྱེད་པ་སྨྲ་བ་དང་། ཉན་ཐོས་ཀྱི་ཐེག་པའི་ས་ཇི་ལྟ་བ་སྨྲ་བ་དང་། རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་སྨྲ་བ་དང་། ཐེག་པ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་བསྒྲགས་པ་སྨྲ་བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ལུགས་དང་འཐུན་པ་སྨྲ་བ་དང་། སྟོང་པ་ཉིད་ལ་སྐྲག་པ་མེད་པ་སྨྲ་བ་དང་། མཚན་མ་མེད་པ་ལ་བསྙད་པ་སྨྲ་བ་དང་། སྨོན་པ་མེད་པ་ལ་སོ་སོར་རྟོག་པ་སྨྲ་བ་དང་། ཕུང་པོ་རྣམས་ལ་སྒྱུ་མར་བསྟན་པ་སྨྲ་བ་དང་། ཁམས་རྣམས་ལ་ནམ་མཁའི་ཁམས་དང་མཚུངས་པ་ཉིད་སྨྲ་


DKG059_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། སྐྱེ་མཆེད་རྣམས་ཀྱི་རང་བཞིན་གྱིས་སྟོང་པ་ཉིད་སྨྲ་བ་དང་། ནོར་བདུན་སྨྲ་བ་དང་། རྗེས་སུ་དྲན་པ་དྲུག་སྨྲ་བ་དང་། གུས་པ་དང་བཅས་པ་སྨྲ་བ་དང་། ཡང་དག་པར་དགའ་བར་བྱ་བ་དྲུག་སྨྲ་བ་དང་། མངོན་པར་ཤེས་པ་དྲུག་སྨྲ་བ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་སྨྲ་བ་དང་། མིག་ལྔ་སྨྲ་བ་དང་། དོན་དམ་པ་སྨྲ་བ་དང་། ཀུན་རྫོབ་ལ་འཇུག་པ་སྨྲ་བ་དང་། ལེགས་པར་བྱས་པའི་ལས་སྨྲ་བ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པར་སྨྲ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ཡོན་ཏན་དང་བསྔགས་པ་ཚད་མེད་པ་སྨྲ་བའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ནི་བདག་ཏུ་སྨྲ་བ་མ་ཡིན། སེམས་ཅན་དུ་སྨྲ་བ་མ་ཡིན། སྲོག་ཏུ་སྨྲ་བ་མ་ཡིན། གང་ཟག་ཏུ་སྨྲ་བ་མ་ཡིན། ཆད་པར་སྨྲ་བ་མ་ཡིན། རྟག་པར་སྨྲ་བ་མ་ཡིན། འབྱུང་བར་ལྟ་བ་སྨྲ་བ་མ་ཡིན། འཇིག་པར་ལྟ་བ་སྨྲ་བ་མ་ཡིན། མཐའ་ཁས་ལེན་པ་སྨྲ་བ་མ་ཡིན། དབུས་ལ་མངོན་པར་ཞེན་པ་སྨྲ་བ་མ་ཡིན། མི་འཐུན་པ་སྨྲ་བ་མ་ཡིན། འགལ་བ་སྨྲ་བ་མ་ཡིན། རྩོད་པ་སྨྲ་བ་མ་ཡིན། ཕྱོགས་ཡོངས་སུ་འཛིན་པ་སྨྲ་བ་མ་ཡིན། དམིགས་པ་སྨྲ་བ་མ་ཡིན། ལྟ་བ་ཀུན་ནས་དཀྲིས་པ་དང་། ཐེ་ཙོམ་དང་། སྒྲིབ་པ་དང་། ཆོད་པ་དང་། བག་ལ་ཉལ་དང་། ཁོང་ཁྲོ་བ་སྨྲ་བ་མ་ཡིན། ཆོས་དང་འགལ་བ་སྨྲ་བ་མ་ཡིན། ཆོས་འཇིག་པ་སྨྲ་བ་མ་ཡིན། ཆོས་སྤོང་བ་སྨྲ་བ་མ་ཡིན། ཆོས་ལ་མངོན་པར་རློམ་སེམས་སུ་བྱེད་པ་སྨྲ་བ་མ་ཡིན། ཆོས་ལ་ལོག་པར་འཇུག་པར་སྨྲ་བ་མ་ཡིན་ཏེ། ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སྒྲུབ་པ་སྨྲ་བ་དང་། ཡང་དག་པར་སྨྲ་བ་དང་། ཆོས་སྨྲ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པ་སྨྲ་བའོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ནི་ཆོས་ཐམས་ཅད་སྣང་བ་དང་འབྲེལ་བས་ཕྱིར་བསྐྱར་བར་དཀའ་བ་ཡིན། བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ནི་དམིགས་པ་མེད་པའི་སྤྱོད་ཡུལ་བས་སྟོང་པ་ཉིད་སྨྲ་བ་ཡིན། མི་འཁྲུགས་པའི་ཆོས་ཅན་པས་མཚན་མ་མེད་པའི་སྨྲ་བ་ཡིན། ཁམས་གསུམ་དང་མ་འདྲེས་པས་སྨོན་པ་མེད་པ་སྨྲ་བ་ཡིན། འདུས་བྱས་ཀྱི་སྐྱོན་མཐོང་བས་མངོན་པར་འདུ་མི་བྱེད་པ་སྨྲ་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཆོས་སྨྲ་


DKG059_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་ཆོས་ཀྱི་དོན་རང་བཞིན་གྱིས་དབེན་པའི་ཕྱིར་སྐྱེ་བ་མེད་པ་དང་། འབྱུང་བ་མེད་པ་སྨྲ་བ་ཡིན་ནོ། །བུ་མོ་ཆོས་ཞེས་བྱ་བ་ནི་བརྗོད་དུ་མེད་པ། ཡི་གེ་མེད་པ། བསྙད་དུ་མེད་པ། སྨྲར་མེད་པ། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་རྣམ་པར་རིག་པ་མ་ཡིན་པ། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ། རྡུལ་མེད་པ། རྡུལ་དང་བྲལ་བ། འདོད་ཆགས་དང་བྲལ་བ། མུན་པ་མེད་པ། སྣང་བ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ། འཛིན་པ་མ་ཡིན་པ། འཛིན་པ་དང་བྲལ་བ་ཡུལ་མེད་པ། ཡུལ་མ་ཡིན་པ། ཡུལ་ཐམས་ཅད་དང་མ་འདྲེས་པ། ཞི་བ་གྲོལ་བ་བལྟ་དཀའ་བ། ཁོང་དུ་ཆུད་པར་དཀའ་བ། རྟོག་གེ་མ་ཡིན་པ། རྟོག་གེས་མི་ཆུད་པ། འཕགས་པ་མཁས་པས་ཤེས་ཤིང་རྟོགས་པ། ཚོར་བ་མེད་པ། ཚོར་བ་ཐམས་ཅད་ཀྱི་རྒྱུན་བཅད་པ། ཇི་ལྟ་བ་བཞིན་དུ་དུས་གསུམ་དུ་སྟོང་པ། འཆི་འཕོ་མེད་པ། འཕོ་བར་འགྱུར་བ་མ་ཡིན་པ། འཕོ་བ་མེད་པ། སྐྱེ་བ་མེད་པ། ཕུན་སུམ་ཚོགས་པ་མ་ཡིན་པ། རྒུད་པ་མ་ཡིན་པ། འབྱུང་བ་མེད་པ། འཇིག་པ་མེད་པ། མི་སྲིད་པ། འབྱུང་བར་མི་འགྱུར་བ། འཇིག་པར་མི་འགྱུར་བ། བསྐྱེད་པ་མ་ཡིན་པ། གཞིག་པ་མ་ཡིན་པ། མི་རྟོགས་པ། ཀུན་དུ་མི་རྟོགས་པ། རྣམ་པར་མི་རྟོགས་པ། མཚན་ཉིད་དང་སྣང་བ་མ་ཡིན་པ། མཚན་ཉིད་མེད་པར་སྣང་བ་མ་ཡིན་པ། མཚན་ཉིད་གཅིག་པ། མཚན་ཉིད་མེད་པ། ཀུན་གཞི་མེད་པ། ཀུན་གཞི་དང་བྲལ་བ། འདྲེ་བ་མེད་པ། ཆགས་པ་མེད་པ། བཅིངས་པ་མེད་པ། གྲོལ་བ་མེད་པ། བདག་གི་མེད་པ། ཡོངས་སུ་འཛིན་པ་མེད་པ། སྦྱོར་བ་མེད་པ། ཟག་པ་མེད་པ། འདྲ་བ་མེད་པ། མཚུངས་པ་མེད་པ། མི་མཉམ་པ་དང་མཉམ་པ་མི་བདེན་པ་དང་མི་རྫུན་པ། བདེ་བ་མེད་པ། སྡུག་བསྔལ་མེད་པ། འདུ་བ་མེད་པ། འབྲལ་བ་མེད་པ། ལྡན་པ་མེད་པ། མི་ལྡན་པ་མེད་པ། མིང་མེད་པ། གཟུགས་མེད་པ། སྦྱར་བ་མེད་པ། བསལ་བ་མེད་པ། སྙིང་པོ་མེད་པ། སྙིང་པོ་མེད་པ་མ་ཡིན་པ། དབྱེར་མེད་པ། དབྱེར་མེད་པ་མ་ཡིན་པ། རྡོ་རྗེ་མ་ཡིན་པ། འབིགས་པའི་


DKG059_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་མ་ཡིན་པ། དེ་ཁོ་ན་དེ་བཞིན་ཉིད་གཞན་མ་ཡིན་པ་ཉིད། རིང་བ་མ་ཡིན་པ། ཉེ་བ་མ་ཡིན་པ། ཁ་དོག་མེད་པ། རྟགས་མེད་པ། དབྱིབས་མེད་པ། མཚན་མ་མེད་པ། འདི་ན་མ་ཡིན་པ། ཕ་བི་ན་མ་ཡིན་པ། དེ་ལས་མ་ཡིན་པ། གཞན་ལས་མ་ཡིན་པ། ནང་མ་ཡིན་པ། ཕྱི་མ་ཡིན་པ། གཉི་ག་མ་ཡིན་པ། གཞན་མ་ཡིན་པ། གཞན་མ་ཡིན་པ་ཡང་མ་ཡིན་པ། གཞན་དང་གཞན་མ་ཡིན་པ་ཡང་མ་ཡིན་པ། མཐོང་བ་མེད་པ་ཐོས་པ་མེད་པ། དྲན་པ་མེད་པ། བརྗེད་པ་མེད་པ། ཤེས་པ་མེད་པ། རྣམ་པར་ཤེས་པ་མེད་པ། རྣམ་པར་ཤེས་པར་བྱ་བ་དང་། རྣམ་པར་ཤེས་པ་དང་བྲལ་བ། གྲངས་མེད་པ། གྲངས་མེད་པ་མ་ཡིན་པ། གྲངས་ཐམས་ཅད་དང་བྲལ་བ་སྟེ། བུ་མོ་འདི་ནི་ཆོས་ཞེས་བྱའོ། །གང་འདི་འདྲ་བའི་ཆོས་སྐད་དང་། བརྡ་སྣ་ཚོགས་ཀྱིས་འཆད་ཅིང་ཡང་དག་པར་རབ་ཏུ་སྟོན་པ་འདི་ནི་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ཞེས་བྱའོ། །གཞན་ཡང་ཆོས་སྨྲ་བ་ནི་སྨྲ་བ་ཐམས་ཅད་ལས་རྣམ་པར་ལོག་པ་ཡིན་ནོ། །ཆོས་སྨྲ་བ་ནི་སུ་དང་ཡང་མི་རྩོད་དོ། །ཆོས་སྨྲ་བ་ནི་གཞན་ལ་ཤིན་ཏུ་རློམ་སེམས་མེད་དོ། །ཆོས་སྨྲ་བ་ནི་མ་བསླབས་པ་ལ་མི་བརྙས་སོ། །ཆོས་སྨྲ་བ་ནི་བསླབས་པ་རྣམས་ལ་མི་འདུད་པ་མ་ཡིན་ནོ། །བདག་བསྟོད་པ་མ་ཡིན་ནོ། །ཆོས་ཉིད་དང་འགལ་བར་མི་བྱེད་དོ། །ཟང་ཟིང་གིས་མ་སྦགས་པའི་རྒྱུད་ཀྱིས་ཆོས་སྟོན་ཏོ། །གཞན་དག་ལ་འགྱོད་པ་མི་སྐྱེད་དོ། །གཞན་གྱི་ལྟུང་བ་གླེང་བར་མི་བྱེད་དོ། །ཆོས་ལ་ཁྱད་དུ་གསོད་པར་མི་བྱེད་དོ། །ཆོས་ཀྱི་བར་ཆད་མི་བྱེད་དོ། །ཆོས་སྨྲ་བ་ནི་བྱང་ཆུབ་ཀྱི་ཕྱིར་མི་འདྲ་བར་ཆོས་གང་ཡང་མི་མཐོང་ངོ་། །སྟོང་པ་ཉིད་ལས་གྲོལ་བའི་ཆོས་མི་སྟོན་ཏོ། །མཚན་མ་མེད་པ་དང་། སྟོན་པ་མེད་པ་ལས་རྣམ་པར་གྲོལ་བའི་ཆོས་མི་སྟོན་ཏོ། །ཆོས་ཀྱི་དབྱིངས་ཐ་དད་དུ་མི་བྱེད་དོ། །དེ་བཞིན་ཉིད་ལས་མི་གཡོའོ། །ཡང་དག་པའི་མཐའ་ལས་ཤིན་ཏུ་མི་འདའོ། །ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ལ་རྟོན་པ་མ་ཡིན་ནོ། །དྲང་བ་ལ་རྟོན་པ་མ་ཡིན་ནོ། །གང་ཟག་ལ་རྟོན་པ་མ་ཡིན་ནོ། །དོན་དང་འགལ་བ་མ་ཡིན་ནོ། །ཚིག་འབྲུ་དང་འགལ་བ་མ་ཡིན་


DKG059_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །ཡེ་ཤེས་དང་འགལ་བ་མ་ཡིན་ནོ། །རྣམ་པར་ཤེས་པ་དང་འགལ་བ་མ་ཡིན་ནོ། །ངེས་པའི་དོན་དང་འགལ་བ་མ་ཡིན་ནོ། །དྲང་བའི་དོན་དང་འགལ་བ་མ་ཡིན་ནོ། །ཆོས་ཉིད་དང་འགལ་བ་མ་ཡིན་ནོ། །གང་ཟག་དང་འགལ་བ་མ་ཡིན་ནོ། །ཕྱོགས་ཡོངས་སུ་འཛིན་པར་མི་བྱེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བར་མི་བྱེད་དོ། །ཆོས་སྨྲ་བ་ནི་འཇིག་རྟེན་གྱི་ཆོས་གང་གིས་ཀྱང་རྣམ་པར་དག་པར་མི་ཤེས་སོ། །སེར་སྣའི་ཉོན་མོངས་པས་བསྒྲིབས་པ་མ་ཡིན་ནོ། །ཚུལ་ཁྲིམས་ལས་ཉམས་པ་མ་ཡིན་ནོ། །ངང་ཚུལ་ངན་པའི་སེམས་ཅན་འདོར་བ་མ་ཡིན་ནོ། །ཁྲོ་བ་དང་། གནོད་སེམས་དང་། ཐ་བ་ཅན་མ་ཡིན་ནོ། །ལེ་ལོའི་དྲི་མ་དང་ལྷན་ཅིག་གནས་པ་མ་ཡིན་ནོ། །ཆོས་སྨྲ་བ་ནི་བྱང་ཆུབ་ཀྱི་སེམས་བརྗེད་པ་མ་ཡིན་ནོ། །ཤེས་རབ་ཀྱི་རྩ་བ་ཉན་པ་ཆུད་གསོན་པ་མ་ཡིན་ནོ། །གཞན་ལ་སྨོད་པ་མ་ཡིན་ནོ། །གང་ཟག་ལ་སྡང་བ་དང་། ཆོས་ལ་སྡང་བར་མི་བྱེད་དོ། །མདོ་སྡེ་དང་མདོ་སྡེ་འགལ་བར་མི་བྱེད་དོ། །འདུལ་བ་ལ་འདུལ་བ་མ་ཡིན་པར་མི་བྱེད་དོ། །ཆོས་ཉིད་དང་འགལ་བར་མི་བྱེད་དོ། །ཚུལ་བཞིན་སྦྱོར་བའི་ཆོས་གང་ལ་ཡང་ཆོས་མ་ཡིན་པར་མི་མཐོང་ངོ་། །ང་རྒྱལ་གྱིས་ང་རྒྱལ་འཕེལ་བར་མི་བྱེད་དོ། །ཆོས་ལས་ཉམས་པ་མ་ཡིན་ནོ། །བྱས་པ་ཆུད་གསོན་པ་མ་ཡིན་ནོ། །བག་ལ་ཉལ་མི་འཛིན་ཏོ། །བསྟི་སྟང་ལ་རྗེས་སུ་ཆགས་པ་མ་ཡིན་ནོ། །བསྟི་སྟང་མེད་པ་ལ་ཁོང་ཁྲོ་བ་མ་ཡིན་ནོ། །མཛའ་བ་དང་། མི་མཛའ་བ་ལ་གཉིས་སུ་འདུ་ཤེས་མི་བྱེད་དོ། །རྒྱུ་དང་འབྲས་བུ་ཆུད་མི་གསོན་ཏོ། །ཆོས་སྨྲ་བ་ནི་ལས་ཀྱི་རྣམ་པར་སྨིན་པ་ལ་མི་མོས་པ་མ་ཡིན་ནོ། །སྨྲས་པའི་ལན་མི་སྟེར་བ་མ་ཡིན་ནོ། །ཆོས་སྨྲ་བ་ནི་དགྲ་མེད་པའོ། །འཁྲུལ་པ་མི་ཚོལ་ལོ། །ལྕེ་གཉིས་མེད་དོ། །ལུས་དང་། ངག་དང་། སེམས་ལ་ཚུལ་འཆོས་པ་མེད་དོ། །ཆོས་ལ་ཚུལ་འཆོས་པ་མེད་དོ། །ཆོས་སྨྲ་བ་ནི་གཞན་ལ་ཉེ་བར་བསྟན་པའི་ཕྱིར་དགོན་པར་གནས་པ་མ་ཡིན་ནོ། །འཐོབ་པར་འདོད་པའི་ཕྱིར་འདོད་པ་ཆུང་བ་ལྟར་སྟོན་པ་མ་ཡིན་ནོ། །འདོད་ཆེན་ཆེ་བས་སྡིག་པ་མ་ཡིན་ནོ། །ཆོས་སྨྲ་བ་ནི། སངས་རྒྱས་ཀྱི་བྱང་ཆུབ་གཞན་གྱིས་བྱས་པ་མི་སྟོན་ཏོ། །


DKG059_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཉམ་པར་ལེན་པ་མི་རྩོམ་མོ། །ནོར་བདུན་མ་རུང་བར་མི་བྱེད་དོ། །ཤ་ཟ་བ་མ་ཡིན་ནོ། །ཕའི་རིགས་གཅོད་པ་མ་ཡིན་ནོ། །གཞན་གྱི་ཡོན་ཏན་མ་རུང་བར་མི་བྱེད་དོ། །བདག་གི་ཡོན་ཏན་བརྗོད་པ་མ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཚད་ཡོད་པར་སྟོན་པ་མ་ཡིན་ནོ། །ང་ཆོས་སྨྲ་བ་ནི་ཐེག་པ་ཆེན་པོའི་བསྔགས་པ་བརྗོད་པས་མི་ངོམས་ཏེ། དེའི་ཕྱིར་ན་ཆོས་སྨྲ་བ་ཞེས་བྱའོ། །བུ་མོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དོན་སྨྲ་བ་ཡིན་ཞེ་ན། དོན་ཞེས་བྱ་བ་ནི་བསམ་པས་བཅོས་མ་མ་ཡིན་པ་ནི་དོན་ཏོ། །སྦྱོར་བས་དགེ་བའི་རྩ་བ་ཐམས་ཅད་ཡང་དག་པར་སྒྲུབ་པ་ནི་དོན་ཏོ། །ལྷག་པའི་བསམ་པའི་ཁྱད་པར་ནི་དོན་ཏོ། །གཞན་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ་ནི་དོན་ཏོ། །སྦྱིན་པས་རྣམ་པར་སྨིན་པ་ལ་མི་རེ་བ་ནི་དོན་ཏོ། །སེམས་ཅན་རྣམས་བདེ་བ་མྱོང་བར་བྱེད་པ་ནི་དོན་ཏོ། །ཚུལ་ཁྲིམས་ལས་ཉམས་པ་མེད་པ་ནི་དོན་ཏོ། །བཟོད་པས་མ་རྨས་པ་ནི་དོན་ཏོ། །བརྩོན་འགྲུས་ཀྱིས་དགོས་པ་ཐམས་ཅད་མཐར་འབྱིན་པ་ནི་དོན་ཏོ། །བསམ་གཏན་གྱིས་ཉེ་བར་ཞི་བ་ནི་དོན་ཏོ། །ཤེས་རབ་ཀྱིས་ཐེ་ཙོམ་མེད་པ་ནི་དོན་ཏོ། །བྱམས་པས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ནི་དོན་ཏོ། །སྙིང་རྗེས་སེམས་ཅན་ཐམས་ཅད་ཀྱི་ཅི་བྱ་བ་བྱེད་པ་ནི་དོན་ཏོ། །དགའ་བས་ཆོས་ལ་དགའ་ཞིང་མོས་པ་ནི་དོན་ཏོ། །བཏང་སྙོམས་ཀྱིས་བདེ་བ་དང་སྡུག་བསྔལ་ཐམས་ཅད་མི་འབྱེད་པ་ནི་དོན་ཏོ། །སྦྱིན་པས་འགྱོད་པ་མེད་པ་ནི་དོན་ཏོ། །སྙན་པར་སྨྲ་བས་ཁོང་ཁྲོ་བ་མེད་པ་ནི་དོན་ཏོ། །དོན་བྱེད་པས་ཆོས་དང་ལྡན་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ནི་དོན་ཏོ། །དོན་འཐུན་པས་སེམས་ཅན་རྣམས་ཐེག་པ་ཆེན་པོ་ཡང་དག་པར་འཛིན་དུ་འཇུག་པ་ནི་དོན་ཏོ། །བསྡུ་བའི་དངོས་པོ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནི་དོན་ཏོ། །འདུ་བྱེད་ཐམས་ཅད་མི་རྟག་པ་དང་སྡུག་བསྔལ་བ་ནི་དོན་ཏོ། །ཆོས་ཐམས་ཅད་བདག་མེད་པ་ནི་དོན་ཏོ། །ཉོན་མོངས་པ་ཐམས་ཅད་ཞི་བ་ནི་དོན་ཏོ། །ཚིག་འབྲུ་ལས་དོན་ལ་རྟོན་པ་ནི་དོན་ཏོ། །རྣམ་པར་ཤེས་པ་ལས་ཡེ་ཤེས་ལ་རྟོན་པ་ནི་དོན་ཏོ། །མདོ་སྡེ་ཐམས་ཅད་ལས་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་པ་ནི་དོན་ཏོ། །


DKG059_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དང་གང་ཟག་གི་སྒྲ་ལས་ཆོས་ཉིད་ལ་རྟོན་པ་ནི་དོན་ཏོ། །དོན་སོ་སོ་ཡང་དག་པར་རིག་པས་བསྟན་པ་མི་ཟད་པ་ནི་དོན་ཏོ། །ཆོས་སོ་སོ་ཡང་དག་པར་རིག་པས་ཆོས་ཀྱི་དབྱིངས་འདྲེས་པ་མེད་པ་ནི་དོན་ཏོ། །ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པས་ཕུང་པོ་མ་ལུས་པའི་ཡེ་ཤེས་ཀྱི་རྗེས་སུ་འཇུག་པ་ནི་དོན་ཏོ། །སྤོབས་པ་སོ་སོ་ཡང་དག་པར་རིག་པས་ཅི་རིགས་པར་ཆོས་སྟོན་པ་ནི་དོན་ཏོ། །སྦྱིན་པའི་ཚོགས་ཀྱིས་མི་ངོམས་པ་ནི་དོན་ཏོ། །ཚུལ་ཁྲིམས་ཀྱི་ཚོགས་ལས་སྨོན་ལམ་ཡོངས་སུ་རྫོགས་པར་བྱེད་པ་ནི་དོན་ཏོ། །ཐོས་པའི་ཚོགས་ལས་ནན་ཏན་སྙིང་པོར་བྱེད་པ་ནི་དོན་ཏོ། །བསོད་ནམས་ཀྱི་ཚོགས་ལས་མཚན་ཡོངས་སུ་རྫོགས་པར་བྱེད་པ་ནི་དོན་ཏོ། །ཡེ་ཤེས་ཀྱི་ཚོགས་ལས་སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པ་ནི་དོན་ཏོ། །ཞི་གནས་ཀྱི་ཚོགས་ལས་སེམས་ལས་སུ་རུང་བ་ནི་དོན་ཏོ། །ལྷག་མཐོང་གི་ཚོགས་ལས་རིག་པ་དང་རྣམ་པར་གྲོལ་བ་ནི་དོན་ཏོ། །དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་དྲན་པ་ཉེ་བར་གནས་པ་ནི་དོན་ཏོ། །ཡང་དག་པར་སྤོང་བ་རྣམས་ཀྱིས་དགེ་བའི་ཆོས་ཐམས་ཅད་སྐྱེད་པ་ནི་དོན་ཏོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་ཕྱོགས་བཅུར་བགྲོད་པ་ནི་དོན་ཏོ། །དབང་པོ་རྣམས་ཀྱིས་ཚིག་རབ་ཏུ་འབྱེད་པ་ནི་དོན་ཏོ། །སྟོབས་རྣམས་ཀྱིས་ཉོན་མོངས་པ་ཐམས་ཅད་འདུལ་བ་ནི་དོན་ཏོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པ་ནི་དོན་ཏོ། །ལམ་གྱིས་ཆོས་ཐམས་ཅད་མི་འཁྲུགས་པ་ནི་དོན་ཏོ། །མངོན་པར་ཤེས་པ་རྣམས་ལས་ཤིན་ཏུ་ཉམས་པ་མེད་པ་ནི་དོན་ཏོ། །དེ་ལྟར་ན་གང་ཆོས་རྣམ་པ་འདི་ལྟ་བུ་ལས་དོན་རབ་ཏུ་མྱོང་བ་དེ་ནི་འདི་ལྟར་དོན་སྨྲ་བ་ཡིན་ཏེ། དོན་མ་ཡིན་པ་སྨྲ་བ་མ་ཡིན་ནོ། །དེ་ལྟར་ན་བྱང་ཆུབ་སེམས་དཔའ་དོན་སྨྲ་བ་ཡིན་ནོ། །བུ་མོ་གཞན་ཡང་དམིགས་པར་ལྟ་བ་ཐམས་ཅད་རབ་ཏུ་ཞི་བར་བྱ་བའི་ཕྱིར་སྟོང་པ་ཉིད་ཀྱི་དོན་ནི་དོན་ཏེ། བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་དུ་སྨྲ་བ་ནི་དོན་སྨྲ་བ་ཡིན་ནོ། །རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་སྤང་བའི་ཕྱིར་མཚན་མ་མེད་པའི་


DKG059_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི་དོན་ཏོ། །བྱང་ཆུབ་སེམས་དཔའ་མཚན་མ་མེད་པ་སྨྲ་བ་ནི་དོན་སྨྲ་བ་ཡིན་ནོ། །ཁམས་གསུམ་པ་ཐམས་ཅད་ཀྱི་སྨོན་ལམ་དང་བྲལ་བའི་ཕྱིར་སྨོན་པ་མེད་པའི་དོན་ནི་དོན་ཏེ། བྱང་ཆུབ་སེམས་དཔའ་སྨོན་པ་མེད་པ་སྨྲ་བ་ནི་དོན་སྨྲ་བ་ཡིན་ནོ། །དེ་བཞིན་དུ་བསྡུས་ཏེ་འདུ་བྱེད་ཐམས་ཅད་ཀྱི་རྒྱུན་གཅད་པའི་ཕྱིར་མངོན་པར་འདུ་མི་བྱེད་པའི་དོན་ནི་དོན་ཏོ། །སྐྱེ་བ་ཐམས་ཅད་ཉེ་བར་ཞི་བར་བྱ་བའི་ཕྱིར་སྐྱེ་བ་མེད་པའི་དོན་ནི་དོན་ཏོ། །སྐྱེ་བ་ཉེ་བར་ལེན་པའི་སྐྱེ་བ་ཐམས་ཅད་མི་སྐྱེ་མི་འབྱུང་བའི་དོན་ནི་དོན་ཏོ། །བྱང་ཆུབ་སེམས་དཔའ་མི་སྐྱེ་བ་སྨྲ་བ་ནི་དོན་སྨྲ་བ་ཡིན་ནོ། །སྡུག་བསྔལ་དང་། ཀུན་འབྱུང་བ་དང་། ལམ་དང་། འགོག་པའི་དོན་ནི་དོན་ཏོ། །འགོག་པ་སྨྲ་བ་དང་། ཆོས་ཐམས་ཅད་ལ་གང་ཟག་མེད་པའི་དོན་ནི་དོན་ཏེ། གང་ཟག་མེད་པ་སྨྲ་བ་དང་སྐད་དང་། ཚིག་ཐམས་ཅད་བརྗོད་དུ་མེད་པའི་དོན་ནི་དོན་ཏོ། །བརྗོད་དུ་མེད་པ་སྨྲ་བ་དང་། བརྟུལ་ཞུགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་བདེན་པའི་དོན་ནི་དོན་ཏོ། །བདེན་པ་སྨྲ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་བག་ཡོད་པའི་དོན་ནི་དོན་ཏོ། །བག་ཡོད་པ་སྨྲ་བ་དང་། ཐོས་པའི་དོན་ཐམས་ཅད་ལ་ནན་ཏན་བྱེད་པའི་དོན་ནི་དོན་ཏོ། །ནན་ཏན་བྱེད་པ་སྨྲ་བ་དང་། ཐེག་པ་ཐམས་ཅད་ཐེག་པ་ཆེན་པོའི་དོན་ནི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་སྨྲ་བ་ནི་དོན་སྨྲ་བ་ཡིན་ནོ། །བུ་མོ་གཞན་ཡང་དབྱེར་མེད་པའི་དོན་ནི་དོན་ཏོ། །སེམས་ཅན་མེད་པའི་དོན་ནི་དོན་ཏོ། །རོ་གཅིག་པའི་དོན་ནི་དོན་ཏོ། །ཐ་དད་པ་མེད་པའི་དོན་ནི་དོན་ཏོ། །ཚུལ་གཅིག་པའི་དོན་ནི་དོན་ཏོ། །ཚིག་མེད་པའི་དོན་ནི་དོན་ཏོ། །མི་ཟད་པའི་དོན་ནི་དོན་ཏོ། །མི་སྲིད་པའི་དོན་ནི་དོན་ཏོ། །མི་སྐྱེ་མི་འབྱུང་བའི་དོན་ནི་དོན་ཏོ། །འོང་བ་མེད་པ་དང་འགྲོ་བ་མེད་པའི་དོན་ནི་དོན་ཏོ། །མི་སྐྱེ་མི་འགག་པའི་དོན་ནི་དོན་ཏོ། །རྗེས་སུ་འགྲོ་བའི་དོན་ནི་དོན་ཏོ། །གདེག་པ་མེད་ཅིང་གཞག་པ་མེད་པའི་དོན་ནི་དོན་ཏོ། །མངོན་པར་འདུ་མི་བྱེད་པའི་དོན་ནི་དོན་ཏོ། །འདུས་མ་བྱས་པའི་དོན་ནི་དོན་ཏོ། །སྒྲོ་བཏགས་པ་མེད་པའི་དོན་ནི་དོན་ཏོ། །རྣམ་པར་རིག་པ་མེད་པའི་དོན་ནི་དོན་ཏོ། །འཁོར་གསུམ་ཡོངས་སུ་སྦྱོང་བའི་དོན་ནི་


DKG059_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཏོ། །དུས་གསུམ་མཉམ་པ་ཉིད་ཀྱི་དོན་ནི་དོན་ཏོ། །འཁོར་གསུམ་ཡོངས་སུ་དག་པའི་དོན་ནི་དོན་ཏོ། །འགྲོ་བ་མེད་པའི་དོན་ནི་དོན་ཏོ། །འཇིག་པ་མེད་པའི་དོན་ནི་དོན་ཏོ། །ཐུན་མོང་མ་ཡིན་པའི་དོན་ནི་དོན་ཏོ། །ཡོངས་སུ་གདུང་བ་མེད་པའི་དོན་ནི་དོན་ཏོ། །ཉེ་བར་ཞི་བའི་དོན་ནི་དོན་ཏོ། །འདྲི་བ་མེད་པའི་དོན་ནི་དོན་ཏོ། །རྒྱུ་བ་མེད་པའི་དོན་ནི་དོན་ཏོ། །གཟུང་བ་མེད་པའི་དོན་ནི་དོན་ཏོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་མ་ཆད་པའི་དོན་ནི་དོན་ཏོ། །མི་འཁྲུགས་པའི་དོན་ནི་དོན་ཏོ། །ཆོས་དང་ཆོས་མ་ཡིན་པ་ལ་རྣམ་པར་མི་རྟོག་པའི་དོན་ནི་དོན་ཏོ། །མཐའ་དང་མཐའ་མེད་པ་དང་། ཆད་པ་དང་རྟག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་འཇུག་པའི་དོན་ནི་དོན་ཏོ། །ཡི་གེ་དང་ངེས་པའི་ཚིག་དང་། སྒྲ་དང་། ཚིག་གི་ལམ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ནན་ཏན་བྱ་བ་དང་། ཁོང་དུ་ཆུད་པར་བྱ་བའི་དོན་ནི་དོན་ཏོ། །སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་། སྤྲོས་པ་ལ་མི་རྒྱུ་བའི་དོན་ནི་དོན་ཏོ། །འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཉོན་མོངས་པ་ལ་རྣམ་པར་མི་རྟོག་པའི་དོན་ནི་དོན་ཏོ། །ཆོས་ཐམས་ཅད་མཉམ་པ་ཉིད་དེ་ཐ་མི་དད་ཅིང་སྣ་ཚོགས་མེད་པའི་དོན་ནི་དོན་ཏོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པའི་དོན་ནི་དོན་ཏོ། །དོན་དམ་པའི་བདེན་པའི་དོན་ནི་དོན་ཏོ། །གཞན་གྱི་དྲིང་ལ་མི་འཇོག་པའི་དོན་ནི་དོན་ཏོ། །རྣམ་པར་རིག་པ་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཤིན་ཏུ་བརྟགས་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །སྡུག་བསྔལ་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །དབེན་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །གནས་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །དོན་བྱ་བ་མ་རུང་བར་མི་བྱེད་པའི་དོན་ནི་དོན་ཏོ། །དབྱེར་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །དེ་ཁོ་ན་དང་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་ཁོ་ནའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཤིན་ཏུ་དུལ་བ་ངེས་པའི་དོན་གྱི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཕུང་པོ་སྒྱུ་མའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཁམས་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །སྐྱེ་མཆེད་དབེན་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །


DKG059_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཉེ་བར་ཞི་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཕྱི་རོལ་དུ་རྒྱུ་བ་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །སྦྱིན་པ་དང་། དུལ་བ་དང་། ཉེ་བར་ཞི་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །བདེན་པ་ཡང་དག་པ་སླུ་བ་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཉོན་མོངས་པ་ཐམས་ཅད་ཅི་ཡང་མ་ཡིན་པའི་དོན་ནི་དོན་ཏོ། །རྡོ་རྗེ་ལྟར་སྲ་བ་མི་ཕྱེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །འཇིག་རྟེན་ཐམས་ཅད་དང་མི་འགལ་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ལེགས་པར་བྱས་པ་ཤིན་ཏུ་མཐར་གཏུགས་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ཁོང་དུ་ཆུད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །རྣམ་པར་ཐར་པའི་སྒྲིབ་པ་མེད་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །འགྲོ་བ་ཐམས་ཅད་དུ་ཡང་དག་པར་ཞུགས་ཤིང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །མཉམ་པ་དང་མི་མཉམ་པ་ཉིད་དུ་ཡང་དག་པར་སྟོན་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཏིང་ངེ་འཛིན་དང་ཤེས་རབ་ལས་ངེས་པར་བྱུང་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ངེས་པའི་ཚིག་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཡེ་ཤེས་ཀྱི་རྒྱུ་འཐུན་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །བརྟགས་པ་རྣམ་པར་རིག་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །ཡང་དག་པའི་ཤེས་པས་ལན་འདེབས་པའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །དོན་ཐམས་ཅད་ཡང་དག་པར་འདུ་བའི་མཚན་ཉིད་ཀྱི་དོན་ནི་དོན་ཏོ། །བྱང་ཆུབ་སེམས་དཔའ་གང་དོན་འདི་ལྟ་བུ་དང་ལྡན་པས་དོན་གང་བསྟན་པ་དེ་དག་ཐམས་ཅད་ནི་དོན་བསྟན་པ་སྟེ་དེའི་ཕྱིར་དོན་སྨྲ་བ་ཞེས་བྱའོ། །བུ་མོ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་འདུལ་བ་སྨྲ་བ་ཡིན་ཞེ་ན། འདུལ་བ་ནི་དེ་བཞིན་གཤེགས་པས་གཉིས་སུ་གསུངས་ཏེ་གཉིས་གང་ཞེ་ན། ལྟུང་བ་འདུལ་བ་དང་། ཉོན་མོངས་པ་འདུལ་བའོ། །དེ་ལ་ལྟུང་བ་ནི་གང་། ལྟུང་བ་འདུལ་བ་ནི་གང་ཞེ་ན། ལྟུང་བ་ཞེས་བྱ་བ་ནི་ཡོངས་སུ་རྟོག་པའི་རྩ་བ་ལས་བྱུང་བ། ཚུལ་བཞིན་མ་ཡིན་པའི་རྩ་བ་ལས་བྱུང་བ། མ་རིག་པའི་རྩ་བ་ལས་བྱུང་བ། ཕྱིན་ཅི་ལོག་གི་རྩ་བ་ལས་བྱུང་བ། ཡང་དག་པ་མ་ཡིན་པའི་རྩ་བ་ལས་བྱུང་བ།


DKG059_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པའི་རྩ་བ་ལས་བྱུང་བ། འཇིག་ཚོགས་ཀྱི་རྩ་བ་ལས་བྱུང་བ། སེམས་ཅན་དུ་མངོན་པར་ཞེན་པའི་རྩ་བ་ལས་བྱུང་བ། འགྱོད་པའི་རྩ་བ་ལས་བྱུང་བ། འབྱུང་བ་མ་ཡིན་པའི་རྩ་བ་ལས་བྱུང་བ། ཐེ་ཚོམ་གྱི་རྩ་བ་ལས་བྱུང་བ། ཞེན་ཅིང་རྨོངས་པའི་རྩ་བ་ལས་བྱུང་བ། ཤེས་རབ་ཉམ་ཆུང་བའི་རྩ་བ་ལས་བྱུང་བ་སྟེ། འདི་ནི་ལྟུང་བ་ཞེས་བྱའོ། །དེ་ལ་ལྟུང་བ་འདུལ་བ་གང་ཞེ་ན། ཐེ་ཚོམ་མེད་པ་ལ་རབ་ཏུ་གནས་པའི་འབྱུང་བ་སྟེ། ལྟུང་བ་ནི་ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། ཕུང་པོར་མ་གྱུར་པ། གཟུང་བ་མེད་པ་སྣང་བ་མེད་པའོ། །སེམས་གང་གིས་ལྟུང་བར་གྱུར་པ་དེ་ཡང་ཟད་པ་དང་བྲལ་བ། རྣམ་པར་གྱུར་པ། ཡུལ་ན་མི་གནས་པ། ཕྱོགས་ན་མི་གནས་པ། ཕུང་པོར་མ་གྱུར་པ། གཟུང་བ་མེད་པ། སྣང་བ་མེད་པའོ། །སེམས་ཇི་ལྟ་བར་ལྟུང་བ་ཡང་དེ་བཞིན་ནོ། །ལྟུང་བ་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ཏེ། རྩ་བ་མེད་དོ། །མི་གནས་པའོ། །གང་སེམས་སོམ་ཉི་མེད་པ་དང་། རྙོག་པ་མེད་པ་དང་། ཡང་བ་དང་། ཞི་བ་དང་། ཡོངས་སུ་གདུང་བ་མེད་པ་དང་། གསལ་བ་དང་། ཤིན་ཏུ་བྱང་བ་དང་། བླ་མའི་ཚིག་ལ་མོས་པ་དང་། གཅིག་ཏུ་ངེས་པར་ཐེ་ཚོམ་མེད་ཅིང་གཅིག་ཏུ་ཡིད་ཆེས་པ་འདི་ནི་ལྟུང་བ་འདུལ་བ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་ནི་གང་ཉོན་མོངས་པ་འདུལ་བ་ནི་གང་ཞེ་ན། ཉོན་མོངས་པ་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། མ་རིག་པ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པའི་ཡན་ལག་བཅུ་གཉིས་དང་། གང་དག་ལ་འདུས་བྱས་འཇུག་པ་འདི་ནི་ཉོན་མོངས་པ་ཞེས་བྱའོ། །དེ་ལ་ཉོན་མོངས་པ་འདུལ་བ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་ནི་ཤིན་ཏུ་དུལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱིས་དུལ་བ་སྟེ། དེ་ལ་འདོད་ཆགས་ཀུན་དུ་རྒྱུ་བ་མེད་དོ། །ཞེ་སྡང་མེད་དོ། །གཏི་མུག་མེད་དོ། །ཆོས་ཐམས་ཅད་ནི་མཚན་མ་མེད་པས་དུལ་བ་སྟེ། དེ་ལ་ཉོན་མོངས་པ་ཐམས་ཅད་ཀུན་དུ་རྒྱུ་བ་མེད་དོ། །ཆོས་ཐམས་ཅད་ནི་སྨོན་པ་མེད་པས་དུལ་བ་སྟེ། དེ་ལ་ཀུན་དུ་རྒྱུ་བ་ཐམས་ཅད་ཀུན་དུ་རྒྱུ་བ་མེད་དོ། །


DKG059_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ནི་མངོན་པར་འདུ་བྱ་བ་མེད་པས་དུལ་བ་སྟེ། དེ་ལ་མངོན་པར་འདུ་བྱེད་པ་ཐམས་ཅད་ཀུན་དུ་རྒྱུ་བ་མེད་དོ། །ཆོས་ཐམས་ཅད་ནི་རྐྱེན་གྱི་ཁ་ན་ལས་པ་སྟེ། དེ་ལ་ལྟ་བར་སོང་བ་ཐམས་ཅད་ཀུན་དུ་རྒྱུ་བ་མེད་དོ། །གང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཐམས་ཅད་ལ་ངེས་པ་དང་། ཡང་དག་པ་ཁོ་ན་དང་། ཉོན་མོངས་པ་ཐམས་ཅད་ཉོན་མོངས་པ་མ་ཡིན་པ་དང་། ཤིན་ཏུ་ཞི་བ་དང་། སྟོང་པ་ཉིད་གང་གིས་བྱང་ཆུབ་སྟོང་པའི་སྟོང་པ་ཉིད་དེས་ཉོན་མོངས་པ་ཐམས་ཅད་སྟོང་པར་གང་དེ་ལྟར་སྟོང་པ་ཉིད་ཁོང་དུ་ཆུད་པ་འདི་ནི་ཉོན་མོངས་པ་འདུལ་བ་ཞེས་བྱ་སྟེ། གང་འདི་སྐད་སྨྲ་བ་འདི་ནི་འདུལ་བ་སྨྲ་བ་ཡིན་ནོ། །བདག་འདུལ་བའི་ཕྱིར་འདུལ་ཞིང་གང་བདག་འདུལ་བ་ཤེས་པ་དེ་ནི་ཉོན་མོངས་པ་འདུལ་བ་ཤེས་པའོ། །དེ་ལ་བདག་འདུལ་བ་གང་ཞེ་ན། གང་བདག་ལ་བདག་མེད་པར་ཤེས་པ་དང་། བདག་གི་ངོ་བོ་ཉིད་ཤེས་པ་དང་། བདག་དབེན་པར་ཤེས་པ་དང་། བདག་ཇི་ལྟ་བ་བཞིན་དང་། བདག་མི་འཁྲུགས་པ་དང་། བདག་སྟོང་པ་ཉིད་དང་། བདག་དངོས་པོ་མེད་པ་ཉིད་དང་། བདག་དེ་བཞིན་ཉིད་དང་། བདག་མི་དམིགས་པ་དང་། བདག་རྒོད་པ་མེད་པ་དང་། བདག་སྒྲོ་བཏགས་པ་མེད་པ་དང་། བདག་རྟག་ཏུ་སྐྱེ་བ་མེད་པར་ཤེས་པ་སྟེ། གང་དེ་ལྟར་བདག་ཤེས་པ་ནི་ཉོན་མོངས་པ་རྣམ་པ་ཐམས་ཅད་ཤེས་པའོ། །ཇི་ལྟར་བདག་མེད་པ་ལ་བདག་ཏུ་འདུ་ཤེས་ཕྱིན་ཅི་ལོག་པ་དེ་བཞིན་དུ་ཉོན་མོངས་པ་མེད་པ་ལ་ཉོན་མོངས་པར་འདུ་ཤེས་ཕྱིན་ཅི་ལོག་གོ །ཇི་ལྟར་བདག་རང་བཞིན་གྱིས་བདག་མེད་པ་དེ་བཞིན་དུ་ཉོན་མོངས་པ་ཡང་རང་བཞིན་གྱིས་ཉོན་མོངས་པ་མེད་པ་སྟེ། གང་དེ་ལྟར་ལྷག་མཐོང་གིས་ཤེས་པ་དེ་ནི་ཉོན་མོངས་པ་འདུལ་བ་ཞེས་བྱའོ། །དེ་ལ་འདས་པའི་ཉོན་མོངས་པ་དུལ་བ་མ་ཡིན། མ་འོངས་པའང་མ་ཡིན། ད་ལྟར་བྱུང་བའང་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དུ་རྒྱུ་བ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དེ་ནི་ཉོན་མོངས་པ་འདུལ་བའོ། །གང་ཀུན་དུ་རྒྱུ་བ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དེ་ནི་འདས་པ་མ་ཡིན། མ་འོངས་པ་མ་ཡིན། ད་ལྟར་བྱུང་བ་མ་


DKG059_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཇི་ལྟར་སེམས་གཟུགས་ཅན་མ་ཡིན་ཏེ། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉིས་ཀ་མེད་པ་ལ་ཡང་མི་དམིགས་པ། དེ་བཞིན་དུ་ཉོན་མོངས་པ་ཡང་གཟུགས་ཅན་མ་ཡིན་ཏེ། ནང་ན་མ་ཡིན། ཕྱི་རོལ་ན་མ་ཡིན། གཉིས་ཀ་མེད་པར་ཡང་མི་དམིགས་སོ། །མི་དམིགས་པའི་ཕྱིར་ཉོན་མོངས་པ་ཐམས་ཅད་ནི་གནོད་པ་མེད་པའོ། །ཞི་བ་མེད་པའོ། །བྱ་བ་མེད་པའོ། །རྣམ་པར་བྱ་བ་མེད་པའོ། །བྱེད་པ་མེད་པའོ། །རྣམ་པར་བྱེད་པ་མེད་པའོ། །གང་དེ་ལྟར་ཉོན་མོངས་པ་རྣམས་འབྱུང་བ་དང་། འཇིག་པ་མེད་པར་ཤེས་པ་འདི་ཡང་ཉོན་མོངས་པ་འདུལ་བའོ། །བདེན་པ་དང་། ཆོས་དང་དོན་དང་། འདུལ་བ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །བུ་མོ་རིན་ཆེན་ནི་ཚིམ་ཞིང་མགུ་སྟེ། ཡི་རངས་ཤིང་རབ་ཏུ་དགའ་ནས། དགའ་བ་དང་ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བདེན་པ་དང་། ཆོས་དང་དོན་དང་། འདུལ་བ་བསྟན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདི་ལྟར་སྨྲ་བར་འགྱུར་བ་དེ་དག་ནི་རྩོད་པ་མ་མཆིས་པ་ལྷུར་ལེན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྩོད་པ་སྤོང་བའི་སླད་དུ་ཆོས་སྟོན་པར་འགྱུར་རོ། །བུ་མོ་བྱང་ཆུབ་སེམས་དཔའ་གང་འདི་ལྟར་ཉོན་མོངས་པ་ཤིན་ཏུ་བཏུལ་བ། དེ་གཞན་དག་གི་ཉོན་མོངས་པ་ཡང་འདུལ་བའི་ཕྱིར་ཆོས་སྟོན་པས་དེའི་ཕྱིར་འདུལ་བ་སྨྲ་བ་ཞེས་བྱའོ། །བདེན་པ་བསྟན་པའི་ལེའུའོ།། །།བམ་པོ་གཉིས་པ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཅི་བདེན་པ་དང་། ཆོས་དང་དོན་དང་། འདུལ་བ་སྨྲ་བ་ཡིན་ནམ། བུ་མོ་རིན་ཆེན་གྱིས་སྨྲས་པ། བཙུན་པ་ཤཱ་རིའི་བུ་བདེན་པ་ནི་བསྙད་དུ་མེད་པའོ། །ཆོས་ནི་འདོད་ཆགས་དང་བྲལ་བའོ། །དོན་ནི་བརྗོད་དུ་མེད་པའོ། །འདུལ་བ་ནི་ལུས་དང་སེམས་དབེན་པ་སྟེ། དེ་ནི་ལན་གདབ་པར་མི་ནུས་སོ། །


DKG059_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་ཤཱ་རིའི་བུ་གཞན་ཡང་བདེན་པ་ནི་འགོག་པའི་བདེན་པའོ། །ཆོས་ནི་བདེན་པའི་མཚན་ཉིད་དོ། །དོན་ནི་ཚིག་འབྲུ་དང་བྲལ་བའོ། །འདུལ་བ་ནི་རྣམ་པར་གྲོལ་བའི་མཚན་ཉིད་དོ། །དེ་ནི་བརྗོད་པས་ལན་གདབ་པར་མི་ནུས་སོ། །བཙུན་པ་ཤཱ་རིའི་བུ་གཞན་ཡང་བདེན་པ་ནི་དེ་བཞིན་ཉིད་དོ། །ཆོས་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །དོན་ནི་གཉིས་སུ་མེད་པའི་དོན་ཏོ། །འདུལ་བ་ནི་བྱ་བ་མེད་པའི་དོན་ཏོ། །དེ་ནི་བརྗོད་པ་མེད་པ་བསྟན་དུ་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་རིན་པོ་ཆེ་ཅི་འདྲ་བ་ཞིག་བླངས་ནས་དེས་ཁྱོད་རིན་ཆེན་ཞེས་བྱ། དེ་སྐད་ཅེས་སྨྲས་པ་དང་། བུ་མོ་རིན་ཆེན་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་དུ་སེམས་བསྐྱེད་པ་རིན་པོ་ཆེ་སྟེ། གང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་མེད་པའོ། །སུམ་ཅུ་རྩ་གཉིས་གང་ཞེ་ན། འདི་ལྟ་སྟེ་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཐམས་ཅད་མཁྱེན་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། སངས་རྒྱས་ཀྱི་གདུང་སོབ་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཆོས་ཀྱི་རིགས་ཀུན་དུ་འཛིན་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། དགེ་འདུན་གྱི་རིགས་ཡོངས་སུ་སྒྲུབ་པ་རྒྱུན་མི་གཅོད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་འཕགས་པའི་བདེན་པ་ལ་དགོད་པའི་ཕྱིར་བྱམས་པ་ཆེན་པོའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་སྡུག་བསྔལ་ཐམས་ཅད་སེལ་བ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་སེམས་ཅན་སེར་སྣ་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ནང་དང་ཕྱིའི་དངོས་པོ་ལ་མི་ལྟ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། བདག་ཀྱང་ཚུལ་ཁྲིམས་ལ་གནས་པ་དང་། ཚུལ་ངན་པའི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། བཟོད་པའི་སྟོབས་དང་།


DKG059_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

དེས་པ་དང་། བདེ་བ་དང་། དུལ་བ་དང་། ཞི་བ་དང་། སྡོམ་པ་དང་ལྡན་ཞིང་སེམས་ཅན་གནོད་སེམས་དང་། ཐ་བ་དང་། ཁྲོ་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། འཆབ་པ་དང་ལྡན་པ་རྣམས་ཀྱི་གཙོ་བོ་དང་། མཐུ་དང་ལྡན་པར་གྱུར་ཀྱང་ལན་མི་བྱེད་ཅིང་བཟོད་པ་ཉིད་བསྐྱེད་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ལྟ་བའི་བཟོད་པའི་སྟོབས་ཀྱི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཞུམ་པ་མེད་ཅིང་ཞན་པ་མེད་ལ་ལེ་ལོ་མེད་དེ། བརྩོན་འགྲུས་བརྩམ་ཞིང་ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་ལ་ཚོགས་ལ་ཡོངས་སུ་མི་སྐྱོ་ཞིང་སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་བརྩོན་འགྲུས་ཆེན་པོའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། དྲན་པ་དང་། བློ་གྲོས་དང་། རྟོགས་པ་དང་། བྱམས་པ་དང་། བསམ་གཏན་གྱི་མཆོག་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཁྱད་པར་ཁོང་དུ་ཆུད་ལ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། འདོད་པའི་ཁམས་ལ་ཡང་དམིགས་ཤིང་ཐབས་ཀྱིས་བསམ་གཏན་ལས་ཕྱིར་མི་ལྡོག་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཤེས་རབ་རབ་ཏུ་དབྱེ་བ་ཆོས་ཐམས་ཅད་ལ་རབ་རིབ་མེད་ཅིང་ཇི་ལྟ་བ་བཞིན་དུ་གཉིས་སུ་མེད་པ་ཚུལ་གཅིག་པ་ལ་འཇུག་པའི་ཕྱིར་ཤེས་རབ་ཀྱིས་རྣམ་པར་འཕྲུལ་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེ་འགྲས་པ་མེད་པའི་བློ་དང་ལྡན་པ་ཐ་དད་པ་མེད་ཅིང་རོ་གཅིག་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་སྨིན་པར་བྱེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་ཞིང་བསྟི་སྟང་བྱས་པ་དང་། བསྟི་སྟང་མ་བྱས་པ་མཚུངས་པར་གྱུར་ཅིང་མ་ཁེངས་ལ་མདུད་པར་ལེགས་པར་གནས་པ། ཡིད་གཡོ་བ་མེད་པ། བདེ་བ་དང་། སྡུག་བསྔལ་གྱིས་མི་གཡོས་པ། སེམས་ཅན་རྗེས་སུ་སྲུང་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། འཇིགས་ཤིང་དངང་པ་དང་། སྐྲག་པ་དང་བྲལ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ལ་འཇུག་པ་ལ་མཁས་པ་མཐའ་དང་། མཐའ་མེད་པར་ལྟ་བ་དང་བྲལ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་།


DKG059_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཚོགས་སོགས་པས་ངོམས་མི་ཤེས་ཤིང་མཚན་དང་དཔེ་བྱད་བཟང་པོ་ཡོངས་སུ་རྫོགས་པར་བྱེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། སངས་རྒྱས་མཐོང་བར་འདོད་ཅིང་སངས་རྒྱས་མཐོང་བ་དང་མི་འབྲལ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཆོས་མཉན་པ་ཡོངས་སུ་ཚོལ་ལ་ཐོས་པ་ལ་དཔྱོད་ཅིང་དོན་ལ་ཡོངས་སུ་འཇལ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཇི་ལྟར་ཐོས་པའི་ཆོས་སྟོན་ཅིང་ཟང་ཟིང་མེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཟིན་པའི་ཆོས་ལ་སློབ་དཔོན་འཆབ་པ་མེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ལོག་པར་ཞུགས་ཤིང་གནས་ཏེ། ཆོས་དང་ཚུལ་ཁྲིམས་ལས་ཉམས་པ། རྟག་ཏུ་རྗེས་སུ་འཛིན་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། མ་བསླབས་པ་ལས་དང་པོ་པ་ལ་བརྙས་པ་མེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་དང་བྲལ་ཞིང་ང་རྒྱལ་མེད་པ། བཀའ་བློ་བདེ་བ། འཐུན་པར་འཛིན་པ། སེམས་ཅན་ཐམས་ཅད་ལ་འདུད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། རླབས་པོ་ཆེའི་སེམས་དབང་པོ་རྣོ་བ། ཐེག་པ་ངན་པ་དམན་པ་དང་བྲལ་ཞིང་ཐེག་པ་ཆེན་པོ་ལ་མོས་པ། སངས་རྒྱས་ཀྱི་དགོངས་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། བདུད་ཀྱི་ལས་དང་བྲལ་ཞིང་ཉེ་བའི་ཉོན་མོངས་པ་དག་སྟེ། གཙང་ཞིང་དྲི་མ་མེད་ལ་རྙོག་པ་མེད་ཀྱང་འདོད་ཆགས་ཀྱི་རྡུལ་དང་། ཉོན་མོངས་པ་དང་ལྡན་པའི་འདུས་བྱས་ལ་དགའ་ཞིང་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། རྟག་ཏུ་རྒྱུན་མི་ཆད་པར་དབེན་པར་སྤྱོད་ཅིང་དགོན་པའི་ཡོན་ཏན་མཐོང་སྟེ། ལུས་དང་སེམས་དབེན་པ་ལ་དབེན་པར་སྤྱོད་ཀྱང་འཁོར་བའི་འདུ་འཛི་དང་འདྲེ་བ་ལ་མི་སྨོད་པ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ལྷ་དང་མིའི་བདེ་བ་དང་། བསམ་གཏན་གྱི་བདེ་བ་དང་། རང་གི་བདེ་བ་ཐམས་ཅད་འདོར་ཞིང་སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྡུག་བསྔལ་མྱོང་བས་ཡོངས་སུ་མི་སྐྱོ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཟག་པ་མེད་པའི་ཆོས་ཐོབ་པའི་ནུས་པ་དང་། སྐལ་བ་དང་། དབང་པོ་དང་།


DKG059_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བཟོད་པ་དང་ལྡན་ཡང་ལག་མཐིལ་དུ་འོངས་པའི་རྣམ་པར་གྲོལ་བ་མི་འདོད་ཅིང་འདུས་བྱས་མི་སྤོང་སྟེ། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པར་ཡང་སོ་སོར་རྟོག་ལ་སྐྱོ་བ་ཡང་མེད། ཆགས་པར་འགྱུར་བ་ཡང་མེད་པར་དགའ་ཞིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཡང་དག་པར་སྒྲུབ་པའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པར་སོ་སོར་རྟོག་ཅིང་སེམས་ཅན་ལ་ལྟ་ཡང་ཆོས་དེ་མངོན་སུམ་དུ་ཡང་མི་བྱེད་ལ་སེམས་ཅན་ལ་ལྟ་བའི་སེམས་བསྐྱེད་པ་རིན་པོ་ཆེ་དང་། འགྲོ་བ་ཐམས་ཅད་ཀྱིས་སྐྲག་ཅིང་མགོའི་ཐོད་ལ་མེ་འབར་བ་ལྟ་བུའི་བརྩོན་འགྲུས་དང་ལྡན་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱིར་བསྐལ་པ་གྲངས་མེད་པར་འཁོར་བ་ལ་ཡོངས་སུ་མི་སྐྱོ་བ་འདི་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རིན་པོ་ཆེའོ། །ཇི་ལྟ་ཇི་ལྟ་བུར་བྱང་ཆུབ་ལ་ཉེ་བར་འགྱུར་བ་དེ་ལྟ་དེ་ལྟ་བུར་དེ་ལུས་དང་ལོངས་སྤྱོད་དང་། ཡེ་ཤེས་ཤིན་ཏུ་རྒྱ་ཆེར་འགྱུར་ཡང་དེ་ཆེ་བ་ཉིད་ཀྱི་ཆོས་དེ་ཡང་འདོར་ཞིང་སྙིང་རྗེས་དབུལ་པོའི་རྗེས་སུ་འཇུག་སྟེ། སྨོན་པ་མེད་ཅིང་སྐྱོ་བ་མེད་པ་འདི་ཡང་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་པ་རིན་པོ་ཆེའོ། །གང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་དག་ཐོག་མ་ཁོ་ནར་བདག་བྱང་ཆུབ་པར་མི་འདོད་ལ། ལྷག་པའི་བསམ་པ་བརྟན་པའི་སེམས་བསྐྱེད་པ་རིན་པོ་ཆེ་སྟེ། བཙུན་པ་ཤ་ར་དྭ་ཏིའི་བུ་སུམ་ཅུ་རྩ་གཉིས་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་རིན་པོ་ཆེ་སྟེ། དེས་ན་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་འབྱུང་གནས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བུ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་དག་གི་སེམས་བསྐྱེད་པ་རིན་པོ་ཆེ་ལ་འཇུག་པ་འདི་ལེགས་པར་སྨྲས་པ་ནི་ལེགས་སོ་ལེགས་སོ། །བུ་མོ་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་


DKG059_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་སྐྱེས་བུ་དམ་པ་ཡིན་ཏེ། ཡོན་ཏན་བསྟན་པ་མཐའ་ཡས་སོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་རིན་པོ་ཆེ་དང་། རང་སངས་རྒྱས་རིན་པོ་ཆེ་ལས་སངས་རྒྱས་དཀོན་མཆོག་མི་འབྱུང་གི། སངས་རྒྱས་དཀོན་མཆོག་ལས་ཉན་ཐོས་དང་རང་སངས་རྒྱས་རིན་པོ་ཆེ་འབྱུང་ངོ་། །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དཀོན་མཆོག་འབྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་རིན་ཆེན་གྱི་ཤེས་རབ་དང་། སྤོབས་པ་བསྟན་པ་དང་། ཇི་ལྟར་འདི་སོ་སོ་ཡང་དག་པར་རིག་པ་ཐོབ་པ་བསྟན་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལ་ཇི་སྙམ་དུ་སེམས། བུ་མོ་རིན་ཆེན་གྱིས་སོ་སོ་ཡང་དག་པར་རིག་པ་མ་ཐོབ་བོ་སྙམ་ན། དེ་ལྟར་མི་བལྟ་སྟེ། བུ་མོ་རིན་ཆེན་གྱིས་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་རྒྱུན་མི་ཆད་པ་འཐོབ་བོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་སོ་སོ་ཡང་དག་པར་རིག་པ་བསྟན་པ་ལས་བརྩམས་ཏེ། སྤོབས་པར་གྱིས་ཤིག །བུ་མོ་རིན་ཆེན་གྱིས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་སོ་སོ་ཡང་དག་པར་རིག་པ་ནི་ཐམས་ཅད་དུ་ཆོས་ལ་དཔྱོད་པ་དང་སྟོན་པའི་ལས་བྱེད་དེ། བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེ་ནི་སོ་སོ་ཡང་དག་པར་རིག་པ་བསྟན་པའི་ཚིག་གོ །དེ་ཅིའི་ཕྱིར་ཞེ་ན། དོན་ཐམས་ཅད་ཀྱིས་ཡང་དག་པར་བསྡུས་པའི་སེམས་བསྐྱེད་པ་འདི་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བའི་སེམས་དེ་བསྐྱེད་པ་འདི་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །དེ་ལས་བྱུང་བའི་དཔྱོད་པ་ཐམས་ཅད་དང་ངེས་པའི་ཚིག་ཐམས་ཅད་པོ་འདི་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །སེམས་བསྐྱེད་པ་དེ་ཐོགས་པ་མེད་པར་སྟོན་ཅིང་སྤོབས་པ་རྒྱུན་མི་འཆད་པ་འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །རྒྱུ་བ་མེད་ཅིང་


DKG059_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་མེད་པའི་དོན་ནི་དོན་ཏེ། འདི་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །སྒྱུ་མའི་སེམས་ཀྱིས་ཆོས་ཉིད་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ། །རྣམ་པར་རིག་པའི་སྒོ་ནས་ངེས་པའི་ཚིག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ། །ཡུལ་དྲུག་ལ་སེམས་མི་ཆགས་ཤིང་སྤོབས་པ་ཐོགས་པ་མེད་པ་འདི་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དོན་ནི་ངེས་པའི་དོན་ཏོ། །ཆོས་ནི་དབེན་པ་ལ་ལྟ་བའོ། །ངེས་པའི་ཚིག་ནི་སྒྲ་ཙམ་མོ། །སྤོབས་པ་ནི་སྒྲ་རྣམ་པར་རིག་པའོ། །སངས་རྒྱས་ཞེས་བྱ་བ་དེ་ནི་ཁོང་དུ་ཆུད་པའི་དོན་གྱི་ཚིག་གོ །དེ་ལས་ངེས་པར་བྱུང་བ་ནི་ཆོས་སོ། །ཆོས་དེ་ནི་ངེས་པའི་ཚིག་གིས་རབ་ཏུ་ཕྱེ་བའོ། །སྤོབས་པ་བསྟན་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །ཆོས་ཀྱི་དོན་ནི་དོན་ཏོ། །འདོད་ཆགས་དང་བྲལ་བའི་ཆོས་ཉིད་ནི་ཆོས་སོ། །ཆོས་ལ་དཔྱོད་པ་ནི་ངེས་པའི་ཚིག་གོ །ཆོས་ལ་སྤོབས་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དགེ་འདུན་གྱི་དོན་དང་འདུས་མ་བྱས་པའི་དོན་ནི་དོན་སོ་སོ་ཡང་དག་པར་རིག་པའོ། །དགེ་འདུན་དང་དོན་རོ་གཅིག་པ་ནི་ཆོས་སོ། །དགེ་འདུན་ལ་དཔྱོད་པ་ནི་ངེས་པའི་ཚིག་གོ །གང་རབ་ཏུ་སྟོན་པ་དེ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་ཆོས་ཐམས་ཅད་ཀྱི་ཚིག་བསྟན་པ་ནི་སོ་སོ་ཡང་དག་པར་རིག་པར་བལྟའོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་རིན་ཆེན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་ནི་ཅི་སྲིད་ཅིག་ལགས། དེ་བཞིན་གཤེགས་པ་ནི་གང་གི་གསུང་རབ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་སྔོན་བྱུང་བ་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཡང་ཆེར་གྲངས་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ། མཁྱེན་པ་དང་


DKG059_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེའི་སངས་རྒྱས་ཀྱི་ཞིང་ནི་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་གྱུར་ཏོ། །ཤ་ར་དྭ་ཏིའི་བུ་འཇིག་རྟེན་གྱི་ཁམས་ཤིན་ཏུ་རྣམ་པར་དག་པའི་ལོངས་སྤྱོད་ནི་དགའ་ལྡན་གྱི་ལྷའི་ལོངས་སྤྱོད་དང་འདྲ་བར་གྱུར་ཏོ། །བཅོམ་ལྡན་འདས་དེའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི་བྱང་ཆུབ་སེམས་དཔའ་དག་པ་ཤ་སྟག་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་གཟུངས་དང་སྤོབས་པ་ལས་ངེས་པར་བྱུང་བ་ཤ་སྟག་གོ །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་གསུང་རབ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་རིན་པོ་ཆེའི་མཛོད་མཐའ་ཡས་པ་དང་ལྡན་པ། བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་ཞེས་བྱ་བ་ཞིག་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་ལ་བཙུན་མོའི་འཁོར་གྱི་བུད་མེད་སྟོང་ཕྲག་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་ཡུལ་གྱི་བཟང་མོ་ཤ་སྟག་གོ །དེ་ལ་བུ་ཕོ་ཁྲི་ཡོད་དེ་ཐམས་ཅད་ཀྱང་མཐུ་བོ་ཆེའི་སྟོབས་དང་ལྡན་པ་ཤ་སྟག་གོ །ཤ་ར་དྭ་ཏིའི་བུ་དེ་ལྟར་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པ་དེ་ལ་ཡིད་དུ་འོང་བའི་ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གསོས་ཀྱི་རྐྱེན་སྨན་དང་། ཡོ་བྱད་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་ལོ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་ཏུ་བསྙེན་བཀུར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་


DKG059_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་སྐུ་ཚེའི་ཚད་ཅི་ཙམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་སྐུ་ཚེའི་ཚད་ནི་བར་གྱི་བསྐལ་པ་བཅུ་ཐུབ་པོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པའི་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལ་མཆོད་པ་དཔག་ཏུ་མེད་པ་བྱས་ན། བཙུན་མོའི་འཁོར་དང་བཅས། བུ་དང་བཅས། གཡོག་དང་བཅས་ཏེ་སྲོག་ཆགས་ཁྲག་ཁྲིག་དགུ་བཅུ་རྩ་གཉིས་ཀྱིས་མདུན་དུ་བདར་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བྱེ་བ་བརྒྱ་སྟོང་གིས་ཤིན་ཏུ་སྤྲས་པའི་མུ་ཏིག་གི་སེ་མོ་དོས་མངོན་པར་བཀབ་ནས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ལ་མཆོད་པ་ཐམས་ཅད་ཀྱིས་མཆོད་པ་བགྱིས་ན། བདག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་མ་བགྱིས་པའི་མཆོད་པ་ཁྱད་པར་དུ་འཕགས་པ་གཞན་ལ་ལ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱིས་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་མ་བྱས་པའི་མཆོད་པ་དམ་པ་ཁྱད་པར་ཅན་གྱ་ནོམ་པ་ཁྱོད་ཀྱི་མཆོད་པ་འདིས་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་པ་གཞན་ཡོད་དོ། །དེ་ཡང་གང་ཞེ་ན། དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེས་རྒྱལ་པོ་འཁོར་དང་བཅས་པ་དེའི་བསམ་པ་མཁྱེན་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཞིང་རྣམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་གང་གཱའི་བྱེ་མ་སྙེད། །གང་གིས་རིན་ཆེན་བཀང་སྟེ་བསྐལ་པ་བྱེ་བརྒྱར་རྟག་


DKG059_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བྱིན་པ་ཡི། །བསོད་ནམས་དེས་ནི་གང་ཞིག་སེམས་ཅན་དོན་ཕྱིར་སྙིང་བརྩེ་སྙིང་རྗེ་བསྐྱེད། །བྱང་ཆུབ་ཞུགས་པའི་བསོད་ནམས་དེ་ཡི་གྲངས་ཆ་གང་དུའང་འགྱུར་མ་ཡིན། །སངས་རྒྱས་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་བྱེ་སྙེད་ལ། །བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་མེ་ཏོག་སྤོས་ཀྱིས་མཆོད་པ་བས། །བྱང་ཆུབ་བརྟན་པ་ཕན་བྱེད་གང་ཞིག་གོམ་པ་བདུན་ནི་རབ་བོར་བས། །རྒྱལ་བ་མཆོད་པ་འདི་ནི་དམ་པ་གཙོ་བོ་གྱ་ནོམ་མཆོག་གི་ཕུལ། །གང་ཞིག་བྱང་ཆུབ་སེམས་བསྐྱེད་འཇིག་རྟེན་འདྲེན་པར་འགྱུར་བར་སྨོན་བཏབ་པ། །དེ་ནི་སྦྱིན་པ་དེ་བཞིན་ཚུལ་ཁྲིམས་གཞལ་ཡས་བཟོད་པའི་སྟོབས་ཀྱི་མཆོག །དེ་ནི་བརྩོན་འགྲུས་བརྟན་པ་ཏིང་འཛིན་གཞལ་ཡས་ཤེས་རབ་མི་གཡོས་པ། །དེ་ནི་མཐའ་ཡས་བསགས་པའི་བསོད་ནམས་ལམ་སྟེ་ཟད་པར་འགྱུར་མ་ཡིན། །གང་ཞིག་བསམ་པས་ཡིད་རབ་དགའ་ཞིང་ཐམས་ཅད་མཁྱེན་ལ་རབ་འཇུག་པ། །བསྔགས་དང་བརྗོད་དང་གྲགས་དང་གཟུགས་དང་གཡོག་ནི་ཤིན་ཏུ་མཛེས་པ་འཐོབ། །དེས་ནི་ལོངས་སྤྱོད་དབང་ཕྱུག་སྟོབས་རྣམས་རྟག་འཐོབ་སེམས་དང་དྲན་པ་འཕགས། །དེ་ནི་འཁོར་ལོས་སྒྱུར་རྒྱལ་སྟོབས་ལྡན་དེ་ལྟར་བརྒྱ་བྱིན་ཚངས་པར་འགྱུར། །མི་གང་ལ་ལ་བྱང་ཆུབ་རྡུལ་དང་བྲལ་བ་བླ་མེད་ཞི་འཇུག་པ། །དེ་ནི་ངན་སོང་ངན་འགྲོ་ལམ་དང་མི་ཁོམ་བརྒྱད་པོ་ཐམས་ཅད་གཅོད། །དེ་ནི་ལྷ་དང་མི་ཡི་ལམ་རྣམས་རབ་ཏུ་འབྱེད་ཅིང་རྣམ་པར་སྦྱངས། །ལོང་བར་མི་འགྱུར་འོན་པར་མ་ཡིན་དབང་པོ་ཐམས་ཅད་ཚང་བར་འགྱུར། །གང་ཞིག་བྱང་ཆུབ་འཇུག་ཅིང་བློ་གྲོས་ལྡན་པ་སེམས་ཅན་སྐྱབས་གཉེར་བ། །སངས་རྒྱས་མཐོང་ཞིང་དེ་དག་ལ་ཡང་མཆོད་བྱེད་མཁས་པ་ཆོས་ཀྱང་ཉན། །ཤེས་རབ་ཡེ་ཤེས་ལྡན་ཞིང་བློ་ནི་ཤིན་ཏུ་རླབས་ཆེ་ཆེན་པོར་འགྱུར། །ཐེ་ཚོམ་ནེམ་ནུར་མེད་ཅིང་ང་རྒྱལ་བྲལ་བ་རྟག་ཏུ་དྲང་པོར་འགྱུར། །གང་ཞིག་བྱང་ཆུབ་སེམས་བསྐྱེད་འདི་འདྲའི་དཔལ་གྱི་བྱང་ཆུབ་འཇུག་པ་དེ། །འདོད་པའི་དགའ་ལ་དགའ་བ་རྙེད་པར་མི་འགྱུར་ཆོས་ལ་དགའ་བ་རྙེད། །དེ་ནི་


DKG059_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དྲི་མས་གོས་པར་མི་འགྱུར་ཆུ་ལས་པད་མ་བཞིན། །ཤེས་རབ་ཡེ་ཤེས་ཡོན་ཏན་རྣམས་ཀྱིས་མི་ངོམས་ཕྱིར་ཞིང་ཚོལ་བར་བྱེད། །བྱང་ཆུབ་ཞུགས་ནས་སྙིང་རྗེས་མཐའ་ཡས་གང་ཞིག་ཟད་པར་མི་ནུས་པ། །སྐྱབས་དང་གླིང་དང་དཔུང་གཉེན་དག་དང་སེམས་ཅན་རྣམས་ཀྱི་ཕ་མར་འགྱུར། །དེ་ནི་འགྲོ་བའི་སྨན་པ་སློབ་དཔོན་བླ་མ་དེད་དཔོན་ཆེན་པོར་འགྱུར། །འཇིག་རྟེན་དང་ནི་འཇིག་རྟེན་འདས་པའི་སྨན་སྦྱིན་ནད་རྣམས་ཞི་བར་བྱེད། །ཤ་ར་དྭ་ཏིའི་བུ་དེ་ནས་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་དེས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལས་བྱང་ཆུབ་ཀྱི་སེམས་ཀྱི་ཡོན་ཏན་དང་ཕན་ཡོན་དང་། བསོད་ནམས་ཚད་མེད་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བསམ་པ་ཐག་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བུད་མེད་ཀྱི་འཁོར་དེ་དག་དང་། བུ་ཐུ་བོ་དང་། བློན་པོ་དང་། མཁར་གྱི་རྒྱལ་པོ་དང་། སྐྱེ་བོའི་ཚོགས་ཆེན་པོ་དེ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སེམས་ཅན་དག་ལ་སྙིང་རྗེ་བྱམས་བསྐྱེད་ནས། །ང་ནི་བྱང་ཆུབ་དམ་པ་མཆོག་ལ་ཞུགས། །གང་ཞིག་གང་ལ་དགའ་བ་ཡིད་འོང་འདོད། །དེས་ནི་བྱང་ཆུབ་སེམས་བརྟན་ཡང་དག་སྐྱེད། །མི་རིགས་སྦྱོར་བ་སྡུག་བསྔལ་གྱུར་པ་ཡིས། །སྔོན་ཆད་འཁོར་བ་བྱེ་བ་མ་ཤེས་ཀྱིས། །བྱང་ཆུབ་མཆོག་གི་ལམ་དུ་ཞུགས་ཤིག་དང་། །སེམས་ཅན་དོན་བརྩོན་སྡུག་བསྔལ་བདེ་བར་འགྱུར། །གང་དག་རྫུ་འཕྲུལ་སྤོབས་པ་ཡེ་ཤེས་དང་། །ཤེས་རབ་འཁོར་དང་དེ་བཞིན་མཆོད་པ་དང་། །སངས་རྒྱས་རྣམ་གཟིགས་ཡོན་ཏན་དཔག་མེད་པ། །འདི་དག་ཐམས་ཅད་མཁྱེན་པའི་སེམས་ལས་བྱུང་། །ལྷ་མིའི་འཇིག་རྟེན་བདེ་བ་གང་དག་དང་། །བརྒྱ་བྱིན་ཚངས་པ་འཁོར་ལོས་སྒྱུར་བ་དང་། །གང་དག་ཟག་བཅས་ཟག་པ་མེད་པའི་བདེ། །འདི་དག་ཐམས་ཅད་མཁྱེན་པའི་སེམས་ལས་བྱུང་། །བསྡུ་དང་བསམ་གཏན་དེ་ལྟར་ཚད་མེད་གང་། །དེ་བཞིན་གང་དག་ཕ་རོལ་ཕྱིན་ལམ་དང་། །


DKG059_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་ཤེས་རིག་དང་སོ་སོ་ཡང་དག་རིག །འདི་དག་ཐམས་ཅད་མཁྱེན་པའི་སེམས་ལས་བྱུང་། །སྟོབས་བཅུ་སངས་རྒྱས་ཁ་དོག་བསམ་ཡས་དང་། །གང་དག་དེ་བཞིན་གཤེགས་པའི་མི་འཇིགས་དང་། །གང་དག་སངས་རྒྱས་ཆོས་ཡངས་དཔག་མེད་པ། །དེ་ཀུན་རྣམ་དག་སེམས་ལས་ངེས་པར་བྱུང་། །གང་ཞིག་ཞིང་རྣམས་བྱེ་བ་བསྐྱོད་པ་དང་། །ཐམས་ཅད་དབྱངས་ཀྱིས་གོ་བར་བྱེད་པ་དང་། །འོད་དང་བཀོད་པས་དྲི་མེད་རྒྱས་འདོད་པ། །མཁས་པ་དེས་ནི་བྱང་ཆུབ་སེམས་བསྐྱེད་ཅིག །མཁས་པ་གང་ཞིག་བྱང་ཆུབ་སེམས་བསྐྱེད་པ། །ཕྱོགས་རྣམས་ཀུན་དུ་མཆོད་པའི་འོས་སུ་འགྱུར། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་པར་འགྱུར། །གསོལ་བ་མ་བཏབ་འགྲོ་བའི་བཤེས་སུ་འགྱུར། །གལ་ཏེ་སངས་རྒྱས་ཐམས་ཅད་གཟིགས་པ་ཡིས། །བསྐལ་པ་མང་པོར་བསྔགས་པ་བརྗོད་ཀྱང་ངོ་། །བྱང་ཆུབ་སེམས་ལས་བསོད་ནམས་གང་བྱུང་བ། །བརྗོད་པས་ཟད་པར་འགྱུར་བ་མ་ཡིན་ནོ། །རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པས་ཚིགས་སུ་བཅད་པ་དེ་དག་སྨྲས་མ་ཐག་ཏུ་དེ་ནས་སྲོག་ཆགས་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་པོ་དེ་དག་དང་། རྒྱལ་པོའི་བཙུན་མོའི་འཁོར་དེ་དང་། བུ་ཁྲི་པོ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་སོ། །ལྷ་བྱེ་བ་ཕྲག་བཞི་བཅུས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་སྒྲ་ཕྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ཕྱིས་ཀྱང་ལོ་བྱེ་བ་ཕྲག་བཅུར་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་སོ། །བླ་མར་བྱས་སོ། །རི་མོར་བྱས་སོ། །མཆོད་དོ། །ཚངས་པར་སྤྱད་པའི་བསླབ་པའི་གནས་ལྔ་ཡོངས་སུ་བླངས་སོ། །རྟག་ཏུ་རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་དེ་ལ་ཆོས་ཉན་པའི་ཕྱིར་གཡོག་དང་བཅས་ཏེ་དོང་ནས་ཆོས་ཉན་ཏོ། །


DKG059_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཕྱི་ཞིག་ན་བུ་ཐུ་བོ་རྒྱལ་པོར་བཅུག་ནས་སྐྲ་དང་། བ་སྤུ་བྲེགས་ཏེ་གོས་ངུར་སྨྲིག་བགོས་ནས་ཡང་དག་པར་དད་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་། །དེ་དེ་ལྟར་རབ་ཏུ་བྱུང་ནས་འདི་ལྟ་སྟེ་བདེན་པའི་ཚིག་དང་། ཆོས་ཀྱི་ཚིག་དང་། དོན་གྱི་ཚིག་དང་། འདུལ་བའི་ཚིག་དང་། ཚིག་མི་ཟད་པ་བཞི་པོ་འདི་དག་གི་ཡི་གེའི་མཚམས་སྦྱར་བ་ལས་ཡོངས་སུ་འཇལ་ལོ། །དེ་ལོ་བྱེ་བ་ཚངས་པར་སྤྱོད་པ་ལ་མཁས་པའི་རྗེས་སུ་སོང་ངོ་། །རྒྱལ་པོ་རབ་ཏུ་བྱུང་བ་དེས་རྗེས་སུ་བསླབས་ནས། དེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་བགྲང་བ་ལས་ཤིན་ཏུ་འདས་པ་དག་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེའི་གསུང་རབ་ལ་རབ་ཏུ་བྱུང་ངོ་། །ཤ་ར་དྭ་ཏིའི་བུ་དེའི་ཚེ་དེའི་དུས་ན་རྒྱལ་པོ་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་དག་པ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་སེམས་ན་དེ་ལྟར་མི་བལྟ་སྟེ། བུ་མོ་རིན་ཆེན་འདི་ཉིད་དོ། །དེ་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་དེ་ལས་བུ་མོ་རིན་ཆེན་འདིས་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཤ་ར་དྭ་ཏིའི་བུས་གསོལ་པ། བཅོམ་ལྡན་འདས་ལས་ཀྱི་སྒྲིབ་པ་ཇི་ལྟ་བུ་ཞིག་གིས་བུ་མོ་འདིས་བུད་མེད་ཀྱི་དངོས་པོ་ཡོངས་སུ་བཟུང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་ལས་ཀྱི་སྒྲིབ་པས་བུད་མེད་ཀྱི་དངོས་པོ་ཡོངས་སུ་མི་འཛིན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་དག་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་པར་ཤེས་པ་དང་། རིག་པ་དང་། ཡེ་ཤེས་དང་ཐབས་དང་ཤེས་རབ་ཀྱི་སྟོབས་ཀྱིས་བུད་མེད་ཀྱི་དངོས་པོ་ཡོངས་སུ་འཛིན་ཏོ། །ཤ་ར་དྭ་ཏིའི་བུ་འདི་ལ་ཇི་སྙམ་དུ་སེམས། བུ་མོ་རིན་ཆེན་འདི་བུད་མེད་དོ་སྙམ་ན་ཡང་དེ་ལྟར་མི་བལྟའི། ཤ་ར་དྭ་ཏིའི་བུ་འདི་ནི་མངོན་པར་ཤེས་པའི་སྟོབས་ཅན་གྱི་བྱང་ཆུབ་སེམས་དཔར་བལྟ་སྟེ་དེ་ལ་ནི་བུད་མེད་ཀྱི་ཆོས་དང་། སྐྱེས་པའི་ཆོས་མེད་དོ། །བུ་མོ་འདི་ནི་དགེ་བའི་ཆོས་ཐམས་ཅད་དང་ལྡན་ནོ། །འོང་བ་མེད་དོ། །འགྲོ་བ་མེད་དོ། །ཤ་ར་དྭ་ཏིའི་བུ་བུ་མོ་རིན་ཆེན་འདིས་ནི་འཛམ་བུའི་


DKG059_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་འདིར་བུ་མོ་གཞོན་ནུ་དགུ་ཁྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་སོ། །དེ་ནས་བུ་མོ་རིན་ཆེན་གྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་བུད་མེད་ཀྱི་ལུས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་སྤྱད་པ་མི་སྤྱོད་དམ། ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་བདག་ནི་སྐྱེས་པའི་ལུས་འདི་ཉིད་ཀྱང་མི་འདོད་ན་བུད་མེད་ཀྱི་ལུས་ཡོངས་སུ་གཟུང་བ་ལྟ་ཅི་སྨོས། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ལུས་ལ་སྨོད་དམ། སྨྲས་པ་བུ་མོ་སྨོད་དོ། །སྨྲས་པ། དེ་བས་ན་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ཉན་ཐོས་ཀྱིས་སྨད་པ་དེ་ལ་ནི་བྱང་ཆུབ་སེམས་དཔའ་མི་སྨོད་དོ། །ཉན་ཐོས་ཀྱིས་སྨད་ཀྱི་བྱང་ཆུབ་སེམས་དཔས་མ་ཡིན་པ་གང་ཞེ་ན། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་ཉན་ཐོས་སྨོད་ཀྱི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །ལུས་ཡོངས་སུ་གཟུང་བ་ལ་ཉན་ཐོས་སྨོད་ཀྱི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །འཁོར་བ་ཡོངས་སུ་གཟུང་བ་ལ་ཉན་ཐོས་སྨོད་ཀྱི། བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །སྐྱེ་བའི་གནས་པ་ལ་ཉན་ཐོས་སྨོད་ཀྱི། བསམས་བཞིན་དུ་སྐྱེ་བ་ཡོངས་སུ་གཟུང་བ་ལ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །བསོད་ནམས་མངོན་པར་འདུ་བྱ་བ་ལ་ཉན་ཐོས་སྨོད་ཀྱི། བསོད་ནམས་ཀྱི་ཚོགས་སོགས་པས་མི་ངོམས་པ་ལ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །སེམས་ཅན་དང་འདྲེ་བ་ལ་ཉན་ཐོས་སྨོད་ཀྱི། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདུ་འཛི་ལ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །གྲོང་དང་གྲོང་ཁྱེར་དུ་འཇུག་པ་ལ་ཉན་ཐོས་སྨོད་ཀྱི། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་དུ་འཇུག་པ་ལ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ། །རང་གི་ཉོན་མོངས་པ་ལ་ཉན་ཐོས་སྨོད་ཀྱི། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ལ་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་ན་གང་དང་གང་ལ་ཉན་ཐོས་སྨོད་པ་དེ་དང་དེ་ལ་བྱང་ཆུབ་སེམས་


DKG059_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནི་མ་ཡིན་ནོ། །ཤ་ར་དྭ་ཏིའི་བུས་སྨྲས་པ། བུ་མོ་སྟོབས་གང་གིས་དེ་སྨོད་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའི་སྟོབས་གང་ཡིན། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་བརྒྱད་པོ་འདི་དག་ནི་བྱང་ཆུབ་སེམས་དཔའི་སྟོབས་ཏེ། དེས་དེ་སྨོད་པར་མི་འགྱུར་རོ། །བརྒྱད་གང་ཞེ་ན། ཁོང་ཁྲོ་བ་མེད་པའི་སེམས་ཀྱིས་བྱམས་པའི་སྟོབས་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་སྙིང་རྗེའི་སྟོབས་དང་། བཅོས་མ་མ་ཡིན་པས་ལྷག་པའི་བསམ་པའི་སྟོབས་དང་། ཉོན་མོངས་པ་དང་བྲལ་བས་ཤེས་རབ་ཀྱི་སྟོབས་དང་། ཡོངས་སུ་མི་སྐྱོ་བས་ཐབས་ཀྱི་སྟོབས་དང་། ཞུམ་པ་མེད་པས་བསོད་ནམས་ཀྱི་སྟོབས་དང་། གཏི་མུག་དང་བྲལ་བས་ཡེ་ཤེས་ཀྱི་སྟོབས་དང་། སྔོན་དམ་བཅས་པ་ཉམས་འོག་ཏུ་ཆུད་པར་བྱེད་པས་བརྩོན་འགྲུས་ཀྱི་སྟོབས་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའི་སྟོབས་ཏེ། སྟོབས་དེ་དག་གིས་དེ་མི་སྨོད་དོ། །གནས་བརྟན་གྱིས་སྨྲས་པ། ཅི་བུ་མོ་ཁྱོད་སྟོབས་འདི་ལྟ་བུ་དང་ལྡན་ནམ། བུ་མོས་སྨྲས་པ། བཙུན་པ་ཤ་ར་དྭ་ཏིའི་བུ་ལྡན་ཏེ་གང་མཉམ་པ་ཉིད་ཀྱིས་ལྡན་ནོ། །གང་མཉམ་པ་ཉིད་ཀྱིས་མཉམ་པར་གནས་སོ། །བཙུན་པ་ཤ་ར་དྭ་ཏིའི་བུ་གང་མཉམ་པ་དེ་ནི་སྟོབས་མ་ཡིན། ཉམ་ཆུང་བ་མ་ཡིན་ཏེ། དེ་ནི་མཉམ་པ་ཉིད་དོ། །གང་མཉམ་པ་ཉིད་དེ་ལ་ནི་ཐ་དད་དུ་བྱ་བ་ཆུང་ཟད་ཀྱང་མེད་དོ། །མཉམ་པ་ཞེས་བྱ་བ་ནི་ནམ་མཁའ་སྟེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཉམ་མོ། །ཇི་ལྟར་ན་ནམ་མཁའ་སྣང་བ་མེད་ཅིང་བླ་གབ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ནམ་མཁའ་ལྟར་སྣང་བ་མེད་ཅིང་བླ་གབ་མེད་པའོ། །གང་དེ་ལྟར་མཉམ་པ་དེ་ནི་ཉམ་ཆུང་བ་ཡང་མ་ཡིན། སྟོབས་དང་ལྡན་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་བཙུན་པ་ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་གང་ཉམ་ཆུང་བ་དེ་ནི་སྟོབས་དང་ལྡན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་ཉོན་མོངས་པ་ཉམ་ཆུང་བ་དེ་ནི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པའོ། །གང་སེར་སྣ་ཉམ་ཆུང་བ་དེ་ནི་སྦྱིན་པའི་སྟོབས་དང་ལྡན་པའོ། །གང་ངང་ཚུལ་ངན་པ་ཉམ་ཆུང་བ་དེ་ནི་ཚུལ་ཁྲིམས་ཀྱི་སྟོབས་དང་ལྡན་པའོ། །གང་གནོད་


DKG059_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཉམ་ཆུང་བ་དེ་ནི་བཟོད་པའི་སྟོབས་དང་ལྡན་པའོ། །གང་ལེ་ལོ་ཉམ་ཆུང་བ་དེ་ནི་བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའོ། །གང་གཡེང་བ་ཉམ་ཆུང་བ་དེ་ནི་བསམ་གཏན་གྱི་སྟོབས་དང་ལྡན་པའོ། །གང་འཆལ་པའི་ཤེས་རབ་ཉམ་ཆུང་བ་དེ་ནི་ཤེས་རབ་ཀྱི་སྟོབས་དང་ལྡན་པའོ། །དེ་བཞིན་དུ་ཆོས་ཐམས་ཅད་དེ་གང་དང་གང་ལས་བྱང་ཆུབ་སེམས་དཔའ་མི་དགེ་བ་ཉམ་ཆུང་བ་དེ་དང་དེ་ལས་དེ་དགེ་བའི་སྟོབས་དང་ལྡན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བུ་མོ་ལེགས་སོ། །ལེགས་སོ། །ཇི་སྟེ་བསྟན་པ་ལྟ་ན་དེ་ལྟར་བསྟན་པར་བྱའོ། །བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་བཟོད་པ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་དགེ་བའི་རྩ་བ་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་ལྡན་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་བྱང་ཆུབ་སེམས་དཔའ་གང་གི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཐེག་པ་དམན་པ་འདོད་ཅིང་བྱ་བ་མ་ཡིན་པ་བྱེད་པར་འགྱུར་བ་འདི་ནི་གནས་མ་ཡིན་ཏེ་སྐབས་མེད་དོ། །དེ་ཡི་དམ་ལ་བརྟན་པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་ནས་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཐོབ་སྟེ། གནས་ལ་ཡང་གནས་དང་གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དང་པོ་སྟེ། སྟོབས་དེ་ཐོབ་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་སྟེ། ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང་། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཏོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རང་གི་ལས་ལས་གྱུར་པ། ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན་ཏེ། དེ་ལས་ཀྱི་རྣམ་པར་སྨིན་


DKG059_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ནས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་དང་། ལས་ཡང་དག་པར་བླངས་པ་རྣམས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་གནས་དང་རྒྱུས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་གཉིས་པ་སྟེ། སྟོབས་དེ་ཐོབ་པས་དེ་བཞིན་གཤེགས་པ་འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་སྟེ། ཁྱུ་མཆོག་གི་གནས་སུ་དམ་འཆའ་ཞིང་། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་ཏོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་རྣམས་ཀྱི་དབང་པོ་ལ་བརྟགས་ནས་ཆོས་སྟོན་ཏེ། དེ་དག་ཤེས་ནས་དབང་པོ་རྣམས་ཇི་ལྟ་བ་བཞིན་དུ་འཇུག་ཅིང་དབང་པོ་རྣམས་ཇི་ལྟ་བ་དང་ལྡན་ཏེ། དེ་དབང་པོའི་རིམ་པ་མཁྱེན་པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་གི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། བུ་མོ་དེ་བཞིན་གཤེགས་པས་གང་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་དབང་པོ་དང་བརྩོན་འགྲུས་ཀྱི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་གསུམ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་རྣམས་ཀྱི་ཁམས་ལ་འཇུག་སྟེ། ཞུགས་ནས་སེམས་ཅན་རྣམས་ཀྱི་མོས་པ་ཇི་ལྟ་བ་དང་། ཁམས་ཇི་ལྟ་བ་དེ་བཞིན་དུ་གནས་སོ། །དེ་ཁམས་ལ་འཇུག་པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཞི་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་མོས་པ་ཐ་དད་པ་རྣམས་ཀྱི་མོས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀུན་ཏུ་ཚོལ་ཏེ། དེ་ལྟར་མོས་པ་ལ་མི་སྨོད་དོ། །དེ་མོས་པའི་སྟོབས་


DKG059_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་མོས་པ་དུ་མ་དང་། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་ལྔ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདུས་བྱས་དང་། འདུས་མ་བྱས་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། ཐེག་པ་ཆེན་པོ་ཐམས་ཅད་དུ་ཡེ་ཤེས་གཏོང་ངོ་། །དེ་ཀུན་དུ་འགྲོ་བ་མཁྱེན་པས་སྟོབས་འདི་དང་ལྡན་པས། བྱང་ཆུབ་ཐོབ་པ་ན་ཀུན་དུ་འགྲོ་བའི་ལམ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དྲུག་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསམ་གཏན་དང་། ཏིང་ངེ་འཛིན་ལྷུར་ལེན་པ་ཡིན་ཏེ། སེམས་ངེས་པར་རྟོག་ཅིང་ཉོན་མོངས་པ་དང་བྲལ་ཏེ་དུལ་ཞིང་ཅང་ཤེས་སོ། །དེ་ཅང་ཤེས་ཀྱི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་སེམས་ཅན་གཞན་རྣམས་དང་། གང་ཟག་གཞན་དག་གི་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཐམས་ཅད་མཁྱེན་པའི་སྟོབས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བདུན་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་ཆུད་མི་གསོན་ཏེ། བག་ཡོད་པ་ཡིན། སྔོན་དམ་བཅས་པ་ལས་མི་ཉམས་པ་ཡིན་ནོ། །དེ་སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་ཆུད་མི་གསོན་པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན། བདག་དང་སེམས་ཅན་གཞན་རྣམས་དང་གང་ཟག་གཞན་དག་གི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བརྒྱད་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སེམས་ཅན་གང་ཡང་སྤ་འགོང་བར་མི་བྱེད་ལ་མ་བསླབས་པ་ལ་དབང་མི་


DKG059_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་ཞིང་སེམས་ཅན་ཐམས་ཅད་ལ་སྣང་བར་གྱུར་པ་ཡིན་ནོ། །དེ་སྣང་བའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་ལྷའི་མིག་གི་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་དགུ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སེམས་ཅན་གང་གི་ཟག་པ་འཕེལ་བའི་ཕྱིར་ཡང་གནས་པ་མ་ཡིན་གྱིས་ཟག་པ་ཟད་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ། ཟག་པ་འཕེལ་བར་བྱ་བའི་ཕྱིར་མ་ཡིན་གྱི་ཟག་པ་མེད་པའི་ལམ་གྱིས་སེམས་ཅན་རྣམས་ལ་ལམ་ཉེ་བར་སྟོན་ཏོ། །དེ་མོས་པ་ཟག་པ་མེད་པའི་སྟོབས་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ནི་ཟག་པ་ཐམས་ཅད་ཟད་པ་མཁྱེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་པའོ། །བུ་མོ་དེ་དག་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་སྟེ། བྱང་ཆུབ་སེམས་དཔའ་དེ་དག་རྫོགས་པར་བྱས་ནས་སྟོབས་བཅུ་དང་ལྡན་པའི་དེ་བཞིན་གཤེགས་པར་འགྱུར་རོ། །བུ་མོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་དེ་བཞིན་གཤེགས་པའི་སྟོབས་བཅུ་རབ་ཏུ་དབྱེ་བ་འདི་དག་ཐོས་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་འདི་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཅི་ནས་ཀྱང་དགེ་བའི་རྩ་བ་རྣམས་ལ་འཇུག་པར་བྱའོ། །བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པོ་འདི་དག་དང་ཇི་ལྟར་ལྡན་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རབ་ཏུ་ཐོབ་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་མོ་འདི་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གཞན་གྱིས་ཤེས་པར་མི་བྱའོ་སྙམ་ནས་སློབ་དཔོན་ནམ་ཡང་ཆོས་འཆབ་པར་མི་བྱེད་དེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་ཆོས་མཉམ་པ་ཉིད་དུ་མཐོང་བ་ཡིན། ཐ་དད་པའི་འདུ་ཤེས་དང་བྲལ་བ་ཡིན་ཏེ། དེ་བྱང་ཆུབ་ཐོབ་པ་ན་སེང་གེའི་སྒྲ་ཡང་དག་པར་སྒྲོག་སྟེ། ང་ཡང་དག་པར་


DKG059_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་སོ་ཞེས་དམ་བཅས་པ་ལ་ཆོས་འདི་ལྟ་བུ་ཞིག་མངོན་པར་རྫོགས་པར་སངས་མ་རྒྱས་སོ་ཞེས་འདིར་ང་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་འཐུན་པས་རྒོལ་བར་འགྱུར་བའི་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་མ་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་དེ་བཞིན་གཤེགས་པ་བདེ་བ་བརྙེས་པ་དང་། འཇིགས་པ་མེད་པ་བརྙེས་པ་དང་། མི་འཇིགས་པ་བརྙེས་པ་ཡིན་ཏེ། འཁོར་གྱི་ནང་དུ་སེང་གེའི་སྒྲ་ཡང་དག་པར་སྒྲོག་ཅིང་། ཁྱུ་མཆོག་གི་གནས་སུ་དམ་འཆའ་སྟེ། དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གང་གིས་ཀྱང་འཇིག་རྟེན་དུ་ཆོས་དང་འཐུན་པར་མ་བསྐོར་བའི་ཚངས་པའི་འཁོར་ལོ་རབ་ཏུ་བསྐོར་བ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་མི་འཇིགས་པ་དང་པོའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བར་དུ་གཅོད་པ་ལ་བར་དུ་གཅོད་པའི་ཆོས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་བར་དུ་གཅོད་པའི་ཆོས་ལ་མི་སྟོན་ཏོ། །མི་འཇུག་གོ །མི་སྤྱོད་དོ། །གཞན་དག་ལ་ཡང་མི་འཆད་དོ། །མི་སྟོན་ཏོ། །བར་དུ་གཅོད་པའི་ཆོས་སུ་ཤེས་ནས་སྤོང་ངོ་། །དེ་བྱང་ཆུབ་ཐོབ་པ་ན་སེང་གེའི་སྒྲ་སྒྲོག་སྟེ། གང་ངས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་ལ་སྟེན་པ་ལ་ནི་བར་དུ་གཅོད་པ་མ་ཡིན་ནོ། །ཞེས་བྱ་བའི་གནས་མེད་དེ། འདིར་ང་ལ་གང་ཡང་རྒོལ་བར་འགྱུར་བ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གཉིས་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་དཀར་པོའི་ཆོས་ལ་མོས་པ་ཡིན་ཏེ། རྣམ་པར་བྱང་བའི་ལམ་དུ་ཞུགས་ཤིང་སེམས་ཅན་ཐམས་ཅད་ལ་རྣམ་པར་དག་པའི་ཆོས་སྟོན་ཏེ། ཡོན་ཏན་གྱི་ཆོས་ཉིད་མངོན་སུམ་དུ་གྱུར་པ་ཡིན་ནོ། །ཡན་ལག་གི་ཚོགས་གང་དག་གིས་རྣམ་པར་བྱང་བར་རྣམ་པར་དག་པའི་ལམ་གནོན་པར་འགྱུར་བའི་ཡན་ལག་གི་ཚོགས་དེ་དག་ལ་བདག་ཀྱང་སྤྱོད། སེམས་ཅན་གཞན་ལ་ཡང་སྟོན་ཏོ། །དེ་བྱང་ཆུབ་


DKG059_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ན་སེང་གེའི་སྒྲ་སྒྲོག་སྟེ། གང་ངས་རྣམ་པར་བྱང་བ་རྣམ་པར་དག་པའི་ཆོས་སུ་གསུངས་པ་དེ་དག་ལ་སྟེན་པ་ལ་ནི་རྣམ་པར་དག་པ་མ་ཡིན་ནོ་ཞེས་བྱ་བའི་གནས་མེད་དོ། །འདིར་ང་ལ་སུའང་རུང་རྒོལ་བར་འགྱུར་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། འདི་ནི་མི་འཇིགས་པ་གསུམ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་གིས་ཤེས་ཤིང་མཐོང་གི་གཞན་གྱིས་མི་ཤེས་མི་མཐོང་ངོ་ཞེས་མངོན་པའི་ང་རྒྱལ་དུ་ནམ་དུ་ཡང་མི་ལྟུང་སྟེ། རྟག་ཏུ་རྒྱུན་མི་ཆད་པར་མངོན་པའི་ང་རྒྱལ་མེད་ཅིང་སྡིག་པ་འབྱེད་པ་བློ་སྦྱང་བ་ཡིན་ནོ། །དེ་ཆོས་ཀྱི་སྦྱིན་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་སེང་གེའི་སྒྲ་སྒྲོག་སྟེ། ང་ཟག་པ་ཟད་དོ་ཞེས་དམ་བཅས་པ་ལ་ཟག་པ་འདི་ལྟ་བུ་ཞིག་ཡོངས་སུ་མ་ཟད་དོ་ཞེས་བྱ་བར་དེ་ལྟ་བུའི་གནས་མེད་དེ། འདིར་ང་ལ་སུ་ཡང་རྒོལ་བར་འགྱུར་བ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་འདི་ནི་མི་འཇིགས་པ་བཞི་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་ཆད་པར་ལམ་སྟོར་བའི་སེམས་ཅན་རྣམས་ལ་ལམ་ཚོལ་བར་བྱེད་དེ། ལམ་གྱི་གམ་ཡོ་ནས་མཐོ་དམན་མི་མཉམ་པ་མཉམ་པར་བྱེད་དོ། །ཟམ་པ་དང་རྡོ་སྟེགས་ཀྱང་འདོགས་སོ། །མཚན་མོ་མུན་པ་མུན་ནག་གི་ནང་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཡང་འབུལ་ལོ། །སེམས་ཅན་ལྟུང་བའི་འགྱོད་པ་ལ་གནས་པ་རྣམས་ཀྱི་ལྟུང་བའི་འགྱོད་པ་སེལ་ཏོ། །ཀུན་ནས་ལྡང་བ་མེད་པར་བྱེད་དོ། །གཞན་གྱི་འགྱོད་པ་མི་སྐྱེད་དོ། །གཞན་གྱི་ལྟུང་བ་བྱུང་བ་གླེང་བར་མི་བྱེད་དོ། །ཆོས་ལ་དོགས་པ་སྐྱེས་པའི་སེམས་ཅན་རྣམས་ལ་དོགས་པ་ཐམས་ཅད་གཅད་པའི་ཕྱིར་ཆོས་སྟོན་ཏོ། །ཐེ་ཚོམ་དང་། ཡིད་གཉིས་དང་། ནེམ་ནུར་མེད་པར་བྱེད་དོ། །ཆོས་ཀྱི་སྣང་བ་སྒྲུབ་པོ། །ཤེས་རབ་ཀྱི་སྣང་བ་ཆེན་པོ་ཡང་དག་པར་སྐྱེད་དོ། །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཆོས་སྨྲ་བ་ཐམས་ཅད་ལ་ཆོས་བསྟན་པར་གསོལ་བ་འདེབས་ཏེ། ཆོས་ཡང་དག་པར་འཛིན་ཅིང་སྒྱུ་མེད་པར་ལེགས་སོ་ཞེས་བྱ་བ་བརྗོད་དོ། །སེམས་ཅན་གང་ལ་ཡང་མི་འཕྱའོ། །འཐིང་སླད་མི་བྱེད་དོ། །ཆོས་ལ་ཤེད་མི་འབྱེ་བ་དང་།


DKG059_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་བ་དང་། མགོ་མྱོས་པ་དང་། རྨོངས་པར་མི་བྱེད་དོ། །སྐྱེ་བོའི་ངེས་པའི་ཚིག་ལ་དབང་ཟ་བར་མི་བྱེད་དོ། །ཚིག་ཐམས་ཅད་སངས་རྒྱས་ཀྱི་གསུང་དུ་མོས་སོ། །ཡི་གེ་གསོག་དང་ཡི་གེ་སྟོང་པ་ཉིད་ཀྱིས་ཚིག་ཏུ་བརྗོད་པ་ཐམས་ཅད་ལ་སྐྱོན་དུ་ལྟ་བ་མ་ཡིན་ནོ། །འཁྲུག་པའི་སྐབས་མི་ཚོལ་ལོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་འཁྲུག་པ་མེད་པ་ཞེས་བྱ་སྟེ། དྲིས་པ་ཐམས་ཅད་ལུང་བསྟན་པ་སྟོན་པ་དག་ལ་དེ་ལ་དེ་མེད་ཅིང་ཀུན་དུ་སྣང་བའི་ཏིང་ངེ་འཛིན་དེ་ཀུན་དུ་བསྒོམ་པའི་ཕྱིར་སྒྲ་སྐད་ཐམས་ཅད་དུ་འཇུག་པའི་གཟུངས་ལ་མཁས་པས་རྟག་ཏུ་རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་འཁྲུལ་པ་མེད་པའི་ཚིག་གིས་ཆོས་སྟོན་ཏེ། ཐམས་ཅད་དུ་ཕྱད་པར་ལུང་སྟོན་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་པོའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཚིག་གི་སྐྱོན་ཐམས་ཅད་སྤངས་པ་ཡིན་ཏེ། བདེན་པ་སྨྲ། ཆོས་སྨྲ། དོན་སྨྲ། འདུལ་བ་སྨྲ་ཞིང་། མུ་ཅོར་མི་སྨྲ། བྱུང་རྒྱལ་དུ་མི་སྨྲ་སྟེ། འཕགས་པ་མ་ཡིན་པའི་གཏམ་ཐམས་ཅད་སྤངས་ནས་འཕགས་པའི་མི་སྨྲ་བ་ཐོབ་ཅིང་དགེ་སྦྱོང་གི་ཆོས་ཀྱི་བྱ་བ་རྩོད་པ་མེད་པ་ལ་ཞུགས་ཏེ། ཆོས་གང་ཉན་ཅིང་ཡོངས་སུ་ཚོལ་བ་དང་། གཞན་ལ་ཡང་སྟོན་པ་དེ་དག་ཐམས་ཅད་བདག་དང་གཞན་དག་ཞི་བ་དང་། ཉེ་བར་ཞི་བར་བྱ་བའི་བསམ་པས་ཡོངས་སུ་ཚོལ་ལོ། །རྩོད་པ་མེད་པ་ལྷུར་ལེན་པ་མེད་པའི་ཕྱིར་དེ་སུ་དང་ཡང་མི་འཐབ་མི་རྩོད་དོ། །དགྲར་མི་ཚོལ་ལོ། །དགྲ་མེད་པའི་ཆོས་ལ་མོས་པ་ཡིན་ནོ། །བརྗོད་དུ་མེད་པའི་ཆོས་རྣམས་ལ་འཇུག་གོ །དེ་བཞིན་གཤེགས་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་ལ་མངོན་པར་དད་དོ། །སེམས་ཅན་གཞན་ཡང་ཆོས་ཉིད་འདི་ཡང་དག་པར་འཛིན་ཏུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་ཅ་ཅོ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །དེ་ཡི་གེ་འབྲུ་གཅིག་ཀྱང་མི་རྗོད་ཅིང་མི་སྨྲ་ལ་སྒྲ་སྐད་ཐམས་ཅད་དང་། ངེས་པའི་ཚིག་གིས་བསྟན་པ་དག་ལ་ཡང་ལྷུན་གྱིས་གྲུབ་པ་ཉིད་དུ་ལེགས་པར་བཤད་པས་འཁོར་ཚིམ་པར་


DKG059_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དོ། །རྣམ་པར་འཕྲུལ་པའི་རྒྱལ་པོའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པའི་གནས་ཐམས་ཅད་དང་། མཚན་ཐམས་ཅད་དང་། དཔེ་བྱད་བཟང་པོ་ཐམས་ཅད་དང་། སྤུ་ཡི་ཁུང་བུ་ཐམས་ཅད་ནས་སངས་རྒྱས་ཀྱི་ཆོས་ཀྱི་སྒྲ་དབྱངས་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། ཐ་ན་སྒྲ་གཅིག་གིས་ཀྱང་འཁོར་ཐམས་ཅད་ཀྱི་སེམས་ཚིམ་པར་བྱེད་པའི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་བསྟན་པ་འབྱུང་ཞིང་སྔོན་གྱི་སྨོན་ལམ་གྱི་བྱིན་གྱི་རླབས་དང་། ཡེ་ཤེས་ཀྱི་སྟོབས་ཀྱིས་དེ་ན་དེ་བཞིན་གཤེགས་པ་རྣམ་པར་མི་རྟོག་ཅིང་བཏང་སྙོམས་དེ་ལྷུན་གྱིས་གྲུབ་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གཉིས་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའི་རྗེས་སུ་དྲན་པ་དྲུག་པོ་དང་མི་འབྲལ་བ་ཡིན་ནོ། །སེམས་ཅན་གཞན་ཡང་རྗེས་སུ་དྲན་པ་འདི་དག་ཡང་དག་པར་འཛིན་དུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །ཆོས་ཐམས་ཅད་ལ་དབང་སྒྱུར་བའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམ་པ་དང་། ཆོས་ཀྱི་སྒྲོན་མའི་གཟུངས་ལ་མཁས་པས་རྟག་ཏུ་རྒྱུན་མི་ཆད་པར་དེ་བཞིན་གཤེགས་པ་ལ་བསྙེལ་བ་མེད་པའི་ཆོས་ཅན་ཡིན་ནོ། །གལ་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པར་བསམས་ཏེ། སྔ་ཕྱི་མེད་པར་ཐེ་ཚོམ་དྲི་བ་ཐ་དད་པ་དེ་བཞིན་གཤེགས་པ་ལ་ཡོངས་སུ་དྲིས་ཀྱང་དེ་འདི་བཤད་དོ། །འདི་བསྟན་ཏོ་སྙམ་དུ་མི་སེམས་མི་རྟོག་ལ་རྟག་ཏུ་མ་རྨོངས་ཤིང་དྲན་པའི་དབང་པོས་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་གསུམ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་


DKG059_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་ཕ་རོལ་གྱི་སེམས་སྲུང་བ་ཡིན་ཏེ། གཞན་གྱི་སེམས་འཁྲུགས་པར་མི་བྱེད། སེམས་གདུང་བར་མི་བྱེད། སེམས་ལ་དམིགས་པར་མི་བྱེད། དགེ་བའི་རྩ་བའི་བར་དུ་གཅོད་པར་མི་བྱེད། ཆོས་ལ་དམིགས་པར་མི་བྱེད་ཅིང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་ཏེ། གཡོ་བ་མེད་རློམ་སེམས་མེད་ཅིང་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཡིན། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་སྟེ། ཆོས་ཀྱི་དབྱིངས་འདྲེས་པ་མེད་ཅིང་རོ་གཅིག་པ་ལ་ཞུགས་པ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་སེམས་བསྐྱེད་པ་གཅིག་ཙམ་ཡང་མཉམ་པར་མ་བཞག་པ་མེད་པ་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མཉམ་པ་ཉིད་རྣམ་པར་སྤྲོས་པ་མེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། ཀུན་ནས་འཁྱིལ་པའི་སྒོའི་གཟུངས་ལ་མཁས་པས་མཉམ་པར་བཞག་ཅིང་ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་མཛད་པ་ལ་འཇུག་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཞི་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱིན་ཅི་ལོག་གི་འདུ་ཤེས་མེད་པ་ཡིན་ཏེ། སེམས་ཕྱིན་ཅི་ལོག་མེད། ལྟ་བ་ཕྱིན་ཅི་ལོག་མེད། མེད་པ་ལ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་མེད་པ་ཡིན། བདག་ཏུ་འདུ་ཤེས་པ་མ་ཡིན། སེམས་ཅན་དུ་འདུ་ཤེས་པ་མ་ཡིན། སྲོག་ཏུ་འདུ་ཤེས་པ་མ་ཡིན། གསོ་བར་འདུ་ཤེས་པ་མ་ཡིན། གང་ཟག་ཏུ་འདུ་ཤེས་པ་མ་ཡིན། ཤེད་ལས་སྐྱེས་པར་འདུ་ཤེས་པ་མ་ཡིན། ཤེད་བུར་འདུ་ཤེས་པ་མ་ཡིན། ཆད་པར་འདུ་ཤེས་པ་མ་ཡིན། རྟག་པར་འདུ་ཤེས་པ་མ་ཡིན། འབྱུང་བར་འདུ་ཤེས་པ་མ་ཡིན། འཇིག་པར་འདུ་ཤེས་པ་མ་ཡིན། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་ལ་གཉིས་སུ་འདུ་ཤེས་པ་མ་ཡིན་ལ། འདུ་ཤེས་ལ་ཆགས་ཤིང་ཞེན་


DKG059_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་རྣམས་ལ་འདུ་ཤེས་ཕྱིན་ཅི་ལོག་སྤོང་བར་སྟོན་ཀྱང་ཆེ་བ་དང་ཐ་དད་པའི་འདུ་ཤེས་དང་བྲལ་བ་ཡིན། མཐར་ལྟ་བ་ཐམས་ཅད་རྣམ་པར་སྤངས་ཏེ་དབུ་མའི་ལམ་ལ་ཞུགས་པ་ཡིན། ཆོས་མཉམ་པ་ཉིད་མཐོང་བ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་ཐ་དད་པའི་འདུ་ཤེས་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། མི་ཟད་པའི་ཟ་མ་ཏོག་གི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་མཚན་མ་མེད་པའི་གནས་ལ་གནས་ཀྱང་མཚན་མ་ཐམས་ཅད་ལ་འདུ་ཤེས་ཀྱིས་འཛིན་པ་དང་། རྣམ་པར་རྟོག་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་མི་ལྡོག་སྟེ། སེམས་ཅན་འདུལ་བའི་དུས་ལ་ཡང་རུབ་ཅིང་ཆོས་སྟོན་པའི་རྒྱུན་ཡང་མི་གཅོད་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལྔ་པའོ།། །།བམ་པོ་གསུམ་པ། བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་རྟག་ཏུ་རྒྱུན་མི་འཆད་པར་བཏང་སྙོམས་པ་ཡིན་ཏེ། འཁོར་བ་ན་སྤྱོད་པའི་ཉོན་མོངས་ཤིང་སྡུག་བསྔལ་བའི་ཆོས་ཐམས་ཅད་ལ་དེ་བཏང་སྙོམས་པས་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཀྱི་གནས་ཀྱི་ཆོས་ལ་རྗེས་སུ་ཆགས་པ་ཡང་མེད། སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་གནས་ཀྱི་ཆོས་ཐམས་ཅད་ལ་ཁོང་ཁྲོ་བ་ཡང་མེད་དོ། །དེ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བས་དོན་ཐམས་ཅད་རྙེད་ཅིང་འབྱོར་ཀྱང་ཁེངས་པར་མི་འགྱུར་དོན་ཐམས་ཅད་ཡོངས་སུ་ཉམས་ཀྱང་དུད་པར་མི་འགྱུར་གྱི་འདུ་བྱེད་ཐམས་ཅད་ལ་མི་རྟག་པ་དང་། སྡུག་བསྔལ་བར་སོ་སོར་རྟོག་ཅིང་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་མོས་ཏེ་བཏང་སྙོམས་པ་ཡིན་ནོ། །སེམས་ཅན་གཞན་ཡང་བཏང་སྙོམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡང་དག་པར་འཛིན་དུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ནི་དེ་བཞིན་གཤེགས་པ་ལ་སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་ཞེས་བྱ་སྟེ། དེ་ལ་བཏང་སྙོམས་དེ་མེད་པ་ཡིན་ནོ། །གཉིས་ལ་ཆགས་པ་ལས་རྣམ་པར་གྲོལ་བའི་


DKG059_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། རྒྱ་མཚོའི་ཕྱག་རྒྱའི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་བསྟོད་ཅིང་བསྟི་སྟང་དུ་བྱས་ཏེ། མཆོད་ཅིང་རི་མོར་བྱས་ཀྱང་རྗེས་སུ་ཆགས་པ་མེད། བདུད་དང་། གཞན་མུ་སྟེགས་ཅན་དང་། ཕས་ཀྱིས་རྒོལ་བ་དང་། འཚེ་བ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱིས་དཀྲུགས་ཤིང་གནོད་པར་བྱས་ཀྱང་ཁོང་ཁྲོ་བ་མེད་ལ། སེམས་མཚུངས་ཤིང་མཉམ་པ་ཡིན་ཏེ་ཕན་འདོགས་པ་དང་། གནོད་པར་བྱས་པ་ལ་ས་དང་མཚུངས་པའི་སེམས་དང་། ཆུ་དང་མཚུངས་པའི་སེམས་དང་། མེ་དང་མཚུངས་པའི་སེམས་དང་། རླུང་དང་མཚུངས་པའི་སེམས་ཀྱིས་ཁེངས་པར་མི་འགྱུར། གདུང་བར་མི་འགྱུར་ཞིང་མི་འཁྲུགས་ཏེ། ནམ་མཁའ་དང་མཚུངས་པའི་སེམས་ཀྱིས་མཉམ་པ་ཉིད་དུ་སྦྱོར་ཞིང་སེམས་ཅན་ཐམས་ཅད་ལ་བཏང་སྙོམས་པར་གནས་པ་ཡིན་ནོ། །དེ་ཆོས་ངེས་པར་སེམས་པའི་བཏང་སྙོམས་འདི་དང་ལྡན་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཕྱིར་མི་ལྡོག་སྟེ། སེམས་ཅན་འདུལ་བའི་དུས་ལ་ཡང་རུབ་ཅིང་། ཅི་རིགས་པར་ཆོས་སྟོན་པའི་རྒྱུན་ཡང་མི་གཅོད་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱིས་ཆོས་མ་འདྲེས་པ་དྲུག་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་མོས་པ་དྲག་པ་ཡིན་ཏེ། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་ཚོལ་བ་ལ་མོས་པ་རླབས་པོ་ཆེ་དང་། མོས་པ་ཆེན་པོ་དང་། མོས་པ་ཟབ་མོས་དགེ་བའི་རྩ་བ་སྣ་ཚོགས་བསྐྲུན་པར་མོས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱིས་ཡོངས་སུ་སྤོང་བར་མོས་སོ། །ཐེག་པ་ཆེན་པོ་ལས་ཕྱིར་མི་ལྡོག་པར་མོས་སོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བཏང་བ་ཡིད་ལ་བྱེད་པ་མི་འདོར་བར་མོས་སོ། །རང་གིས་རྟོག་ཅིང་གྲུབ་ཀྱི། གཞན་གྱི་དྲིང་ལ་མི་འཇོག་པར་སངས་རྒྱས་ཀྱི་ཆོས་ཡང་དག་པར་བསྒྲུབ་པར་མོས་ཏེ། བདུད་དང་གཞན་མུ་སྟེགས་ཅན་དམིགས་པ་ཅན་ལྟ་བ་ལ་


DKG059_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཞེན་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་དེ་མོས་པ་དེ་ལས་མོས་པ་དང་དབྲལ་བར་མི་ནུས་སོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་མོས་པ་ཉམས་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །མོས་པའི་ཏིང་ངེ་འཛིན་འདུ་བྱེད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། རྡོ་རྗེ་རྒྱལ་མཚན་གྱི་གཟུངས་ལ་མཁས་པས་དབང་བསྐུར་བའི་ཕྱིར་ཆོས་ཐམས་ཅད་ཀྱི་ནང་ནས་གང་བསྟན་པར་བྱ་བ་དེ་སྟོན་ཏོ། །གང་དུ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་དུས་གང་དང་། ཉི་ཚོད་གང་དང་། ཡུལ་གཞན་གང་དང་། སེམས་ཅན་གྱི་སེམས་ཀྱི་རྒྱུད་གང་དང་གང་ལ་སྣོད་ཇི་ལྟ་བ་བཞིན་དུ་ཅི་རིགས་པར་ཆོས་སྟོན་ཀྱང་མཉམ་པར་བཞག་པའི་གནས་ཀྱང་མི་འདོར་བ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བདུན་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་བརྩོན་འགྲུས་བརྩམས་པ་ཡིན་ཏེ། དེ་རྟག་ཏུ་བརྩོན་པ་མི་འདོར། དགེ་བའི་རྩ་བ་ཡང་དག་པར་སྒྲུབ་ཅིང་སྦྱོར་བས་ངོམས་མི་མྱོང་། བྱིན་གྱིས་བརླབས་པའི་རྩོམ་པ་ལ་རྟུན་ཅིང་བླ་མ་དང་དགེ་བའི་བཤེས་གཉེན་དང་། ཆོས་སྨྲ་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གན་དུ་འགྲོ་ལ། ཡོངས་སུ་འདྲི་བ་དང་། བསྙེན་བཀུར་བ་དང་། མཆོད་པའི་ལས་དང་། བསྐལ་པ་ཚད་མེད་པར་འཁོར་བ་ཡོངས་སུ་གཟུང་བར་བྱ་བ་དང་། སེམས་ཅན་ཚད་མེད་པ་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཚད་མེད་པ་ཡོངས་སུ་སྦྱང་བ་དང་། སངས་རྒྱས་ཚད་མེད་པ་ལ་མཆོད་ཅིང་རིམ་གྲོ་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་ཡང་དག་པར་གཟུང་བ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་དང་། སེམས་ཅན་གྱི་སྤྱོད་པ་ཚད་མེད་པ་ལ་འཇུག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཚད་མེད་པ་བསྟན་པ་ལ་མཁས་པར་བྱ་བའི་ཕྱིར་ཏེ། བརྩོན་འགྲུས་དེ་ཚད་མེད་པར་བྱས་པ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་བརྩོན་འགྲུས་ཉམས་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་


DKG059_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་ནོ། །བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་འདུ་བྱེད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པས་སེམས་ཅན་ཚད་མེད་པ་གཟུད་ཅིང་གདུལ་བའི་ཕྱིར་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་རྫུ་འཕྲུལ་གྱི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་ཁྱུ་མཆོག་ཏུ་གྱུར་པ་ཚད་མེད་པ་སྟོན་ཀྱང་རྫུ་འཕྲུལ་དེ་ཆགས་པ་མེད། སྒྲིབ་པ་མེད། ཐོགས་པ་མེད་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་སྟེ། མངོན་པར་ཕྱོགས་ཀྱང་མངོན་པར་འདུ་བྱེད་པ་མེད་ཅིང་ཐམས་ཅད་དུ་རྒྱུ་བ་ནམ་མཁས་ཀླས་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྒྱད་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་དྲན་པ་ཕུན་སུམ་ཚོགས་ཤིང་། དྲན་པ་དང་ཤེས་བཞིན་མཆོག་དང་ལྡན་པ་ཡིན་ཏེ། དེའི་དྲན་པ་དེ་བརྗེད་པ་མེད་པ་ཡིན། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ལ་དྲན་པ་ཉེ་བར་གཞག་པ་བསྒོམས་པའི་རྣལ་འབྱོར་ལ་བརྩོན་པ་མ་ཡིན་ནོ། །དེ་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ཕྱིའི་ལུས་དང་། ཕྱི་ནང་གི་ལུས་ལ་ལུས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ནང་གི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་ཏེ། སྟོང་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །དེ་བཞིན་དུ་ཕྱིའི་ཚོར་བ་དང་། ཕྱི་ནང་གི་ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་ཞིང་གནས་ཏེ། སྟོང་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ཕྱིའི་སེམས་དང་། ཕྱི་ནང་གི་སེམས་ལ་སེམས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་


DKG059_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཏེ། སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ཕྱིའི་ཆོས་དང་། ཕྱི་ནང་གི་ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཏེ། སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ལུས་ལ་ཞུགས་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། མི་སྡུག་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་རོ། །ཡང་དེ་བཞིན་གཤེགས་པའི་སྐུ་ཡོངས་སུ་བསྒྲུབས་པའི་ཕྱིར་ལུས་ཀྱི་ལས་ལེགས་པར་སྦྱོར་བའི་རྒྱུན་ཀྱང་མི་གཅོད་དོ། །ཚོར་བ་ལ་ཞུགས་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། སྟོང་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་ཡང་ངན་སོང་ཐམས་ཅད་དུ་སྐྱེས་པའི་སེམས་ཅན་རྣམས་ལ་ལྟ་བས་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རྒྱུན་གཅད་པའི་ཕྱིར་སེམས་ཅན་དེ་དག་ལ་སྙིང་རྗེ་ཆེན་པོའི་རྒྱུན་ཀྱང་མི་གཅོད་དོ། །སེམས་ལ་ཞུགས་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། མཚན་མ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་ཡང་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་ལ་ཐེག་པ་ཆེན་པོའི་ཚོགས་ཡང་དག་པར་སྒྲུབ་པའི་རྒྱུན་ཀྱང་མི་གཅོད་དོ། །ཆོས་ལ་ཞུགས་པའི་དྲན་པ་ཉེ་བར་གཞག་པ་སྒོམ་སྟེ། སྨོན་པ་མེད་པའི་རྣམ་པར་ཡིད་ལ་བྱེད་ཅིང་སྦྱོར་ཡང་འདོད་ཆགས་དང་བྲལ་བའི་ཆོས་ཉིད་ཀྱང་མངོན་སུམ་དུ་མི་བྱེད་ལ། སངས་རྒྱས་ཀྱི་ཆོས་དང་ཡང་འཚམ་པ་ཡིན་ཏེ། ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པ་ལ་ཡང་དག་པར་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་དྲན་པ་ཉམས་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །སྤོང་བའི་འདུ་བྱེད་དང་ལྡན་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པས་དེ་བཞིན་གཤེགས་པ་ཀུན་བསྟན་པའི་ཆོ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་སེམས་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། དབང་པོ་དང་། ཁམས་དང་། མོས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ཉོན་མོངས་པ་སྤྱོད་པའི་བག་ཆགས་དང་། བསམ་པ་དང་། བག་ལ་ཉལ་བ་དང་། ཀུན་ནས་དཀྲིས་པ་དང་། དགེ་བ་དང་། མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ཚེ་དང་། འཆི་འཕོ་དང་། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། བསྐལ་པ་དང་། ཞིང་དུ་སངས་རྒྱས་གཅིག་ནས་གཅིག་ཏུ་


DKG059_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པ་དང་། ཉན་ཐོས་འདུས་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལུང་བསྟན་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་དང་། ཕ་མ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་གཅིག་ནས་གཅིག་ཏུ་བརྒྱུད་པ་བསྟན་པ་ལ་དྲན་པའི་དབང་པོ་ཐོགས་པ་མེད་ཅིང་རྨོངས་པ་མེད་པ་ཡིན་ཏེ། ཐམས་ཅད་དུ་ཕྱད་པར་ལུང་སྟོན་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དགུ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་ཤེས་རབ་སྤྱོད་པ་ཡིན་ཏེ། ཤེས་རབ་ཀྱི་འོད་དང་། ཤེས་རབ་ཀྱི་སྣང་བ་དང་། ཤེས་རབ་ཀྱི་དཔྱོད་པ་དང་། ཤེས་རབ་ཀྱི་དབང་པོ་དང་། རྣོ་བའི་ཤེས་རབ་དང་། ཟབ་པའི་ཤེས་རབ་དང་། ངེས་པར་རྟོག་པའི་ཤེས་རབ་དང་། མི་ཐུལ་བའི་ཤེས་རབ་དང་། ཟིལ་གྱིས་མི་ནོན་པའི་ཤེས་རབ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བའི་ཤེས་རབ་དང། ཡངས་ཤིང་རྒྱ་ཆེ་ལ་སེམས་སྙོམས་པའི་ཤེས་རབ་དང་། ལྷག་པའི་ཤེས་རབ་དང་། བདག་ཚུལ་བཞིན་ཡིད་ལ་བྱེད་ཀྱི་ལུང་མནོས་པ་མེད་པའི་ཤེས་རབ་དང་། ཐོས་པ་ཚོལ་བས་ངོམས་མི་མྱོང་བའི་ཤེས་རབ་ཅན་ཏེ། ཐོས་ནས་ཀྱང་ཤེས་རབ་ཀྱིས་ཁོང་དུ་ཆུད་ཅིང་རྟོགས་ཏེ། མགོའི་ཐོད་ལ་མེ་འབར་བ་བཞིན་དུ་བསྟི་སྟང་བྱེད་ཅིང་ཐོས་པ་ཚོལ་ལ་ཐོས་པ་སྙིང་པོར་བྱེད་པ་ཡིན། ཐོས་པ་བསགས་པ་ཡིན། ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་བས་དགའ་བ་མོས་པ་ཡིན། དམ་པའི་ཆོས་ཡོངས་སུ་ཚོལ་བ་ལ་བརྩོན་པ་ཡིན་ཏེ། དེ་ཆོས་འདོད་པ་དེས་ཕྱི་ནང་གི་དངོས་པོ་གང་ཡང་ཡོངས་སུ་མི་གཏོང་བ་མེད་དོ། །དེ་བླ་མ་ལ་རིམ་གྲོ་བྱ་བ་མི་བྱེད་པ་གང་ཡང་མེད་དོ། །དེ་སྡུག་བསྔལ་གྱི་ཕུང་པོ་མི་བཟོད་པ་གང་ཡང་མེད་དོ། །དེ་བདེ་བའི་ཡོ་བྱད་མི་འདོད་པ་གང་ཡང་མེད་དོ། །དེ་ཆོས་འདོད་པ་དེས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཉན་པ་ལ་ཤིན་ཏུ་དགའ་བ་ཡིན་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་ཡོངས་སུ་བཀང་བ་ལ་ནི་མ་ཡིན་ནོ། །ཆོས་ཀྱི་ཚིག་གཅིག་ལ་ཤིན་ཏུ་དགའ་བ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་


DKG059_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ལམ་ཉན་པ་ལ་ཤིན་ཏུ་དགའ་བ་ཡིན་ནོ། །བརྒྱ་བྱིན་དང་། ཚངས་པ་ཐོབ་པ་ལ་ནི་མ་ཡིན་ནོ། །ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གཞན་དག་ལ་སྟོན་པར་བྱེད་པ་ལ་ཤིན་ཏུ་དགའ་བ་ཡིན་ཏེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་ལ་ནི་མ་ཡིན་ནོ། །གཞན་ལ་བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་དུ་འཇུག་པ་ལ་ཤིན་ཏུ་དགའ་བ་ཡིན་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐོབ་པ་ལ་ནི་མ་ཡིན་ནོ། །གཞན་དག་ལ་ཕ་རོལ་ཏུ་ཕྱིན་པ་དང་། རབ་ཏུ་ལྡན་པའི་ཆོས་ཀྱི་གཏམ་རབ་ཏུ་སྟོན་པ་ལ་དགའ་བ་ཡིན་ཏེ། བརྒྱ་བྱིན་དང་། ཚངས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐོབ་པ་ལ་ནི་མ་ཡིན་ནོ། །དེ་ལྷག་པའི་བསམ་པ་དེ་ལྟ་བུ་ལ་ཞུགས་པས་བསྟི་སྟང་དུ་བྱེད་ཅིང་ཆོས་ཉན་ཏོ། །བསྟི་སྟང་དུ་བྱེད་ཅིང་གཞན་ལ་སྟོན་ཏོ། །དེ་ལྟར་མངོན་པར་བརྩོན་པས་ཚེགས་ཆུང་ངུར་དེ་ལྷ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་ཡིན། སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཡིན་ནོ། །དེ་ལས་ཡོངས་སུ་བཟུང་ཞིང་སངས་རྒྱས་ཀྱིས་དགོངས་པས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཙུག་ལག་ཐམས་ཅད་བདག་ཉིད་ལ་མངོན་སུམ་དུ་འགྱུར་བ་ཡིན་ནོ། །དེ་ཤེས་རབ་ཀྱི་སྣང་བའི་སྒོ་ཟད་མི་ཤེས་པས་སྣང་བ་མ་ཡིན་ནོ། །དེ་ཆོས་ཀྱི་སྣང་བའི་སྒོ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་ཤེས་རབ་ཉམས་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཤེས་པ་དང་། དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པ་དང་། ཆོས་ཀྱི་སྒོ་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པ་བསྟན་པ་ཤེས་པ་དང་། ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཐམས་ཅད་དང་མཉམ་


DKG059_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསྐལ་པ་བསྟན་པ་ཤེས་པ་དག་ལ་དེའི་ཤེས་རབ་དེ་ཐོགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན་ནོ། །དེའི་ཤེས་རབ་དེ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། ད་ལྟར་བྱུང་བའི་དུས་ལ་ཆགས་པ་མེད་ཅིང་སྒྲིབ་པ་མེད་དེ་ཐམས་ཅད་དུ་ཐོགས་པ་མེད་དོ། །ཕྱི་མའི་མཐར་དེ་བཞིན་གཤེགས་པ་རྣམས་ལ་བསྟན་ཀྱང་ཐུག་པ་མེད་དོ། །དཔྱོད་པའི་འདུ་བྱེད་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པས་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྒོ་གཅིག་ལས་ཆོས་ཀྱི་སྒོ་ཐམས་ཅད་སྣང་ཞིང་། ཆོས་ཀྱི་སྒོ་ཐམས་ཅད་ཆོས་ཀྱི་སྒོ་གཅིག་གིས་ཡང་དག་པར་སྒྲུབ་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་ཁྱིམ་གྱི་གནས་དོན་དུ་མི་གཉེར་བ་ཡིན། འདོད་པ་དོན་དུ་མི་གཉེར་བ་ཡིན་ཏེ། དེ་ཁྱིམ་ནས་འབྱུང་བར་དགའ་ཞིང་རབ་ཏུ་འབྱུང་བ་མང་བ་ཡིན། དབེན་པ་ལ་གཞོལ། དབེན་པ་ལ་འབབ། དབེན་པ་ལ་བབ་ཅིང་ཆོས་ཟབ་མོ་སྒོམ་པའི་རྣལ་འབྱོར་ལ་བརྩོན་ཏེ། དེ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། རྣམ་པར་ཐར་པའི་སྒོ་གསུམ་པོ་འདི་དག་སྒོམ་མོ། །གང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱི་ཡུལ་མ་ཡིན་ཞིང་མི་རྟོགས་པ་དང་། དམིགས་པར་ལྟ་བ་མཚན་མ་ལ་མངོན་པར་དགའ་བ་ཐམས་ཅད་ཀྱིས་རྟོགས་པར་མི་འགྱུར་བའི་རྣམ་པར་ཐར་པའི་སྒོ་གསུམ་པོ་དེ་དག་བསྒོམས་པས་སྒྲིབ་པ་མེད་པ་ཞེས་བྱ་བའི་རྣམ་པར་ཐར་པ་ཀུན་ཏུ་སྐྱེའོ། །ཆགས་པ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཡང་རབ་ཏུ་འཐོབ་བོ། །བདུད་ཀྱི་ཡུལ་ལས་ཀྱང་ཤིན་ཏུ་འདའོ། །ཡེ་ཤེས་ཀྱི་ཡུལ་ཡང་ཡོངས་སུ་རྫོགས་པར་བྱེད་དོ། །སྒྲིབ་པ་དང་ཆོད་པ་དང་ཀུན་ནས་དཀྲིས་པ་དང་། ལྟ་བ་དང་ཉོན་མོངས་པ་དང་མཚན་མ་ཐམས་ཅད་ལ་མི་སྤྱོད་དོ། །དེ་སྒྲིབ་པ་མེད་པའི་རྣམ་པར་ཐར་པ་རབ་ཏུ་ཐོབ་ཅིང་རྣམ་པར་ཐར་པའི་སྒོ་གསུམ་ལ་རྣམ་པར་རྩེན་པས་ཆོས་ཟབ་མོ་སྟོན་པ་ཡིན་ནོ། །དོན་ལ་རྟོན་པ་ཡིན་གྱི་ཚིག་འབྲུ་ལ་རྟོན་པ་མ་ཡིན་ནོ། །ཡེ་ཤེས་


DKG059_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྟོན་པ་ཡིན་གྱི་རྣམ་པར་ཤེས་པ་ལ་རྟོན་པ་མ་ཡིན་ནོ། །ངེས་པའི་དོན་ལ་རྟོན་པ་ཡིན་གྱི་དྲང་བའི་དོན་ལ་རྟོན་པ་མ་ཡིན་ནོ། །ཆོས་ཉིད་ལ་རྟོན་པ་ཡིན་གྱི་གང་ཟག་ལ་རྟོན་པ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཡིན་ཏེ། ཡི་གེ་དང་རྣམ་པར་རྟོག་པ་ལ་ཆགས་ཞེན་པ་ལ་དོན་ལ་རྟོན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །རྣམ་པར་ཤེས་པའི་མཚན་མ་ལ་ཆགས་ཞེན་པ་ལ་ཡེ་ཤེས་ལ་རྟོན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །དྲང་བར་སྒྲོ་བཏགས་པ་ལ་ཆགས་ཞེན་པ་ལ། ངེས་པའི་དོན་ལ་རྟོན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །གང་ཟག་ལ་མངོན་པར་ཞེན་ཅིང་ཆགས་ཞེན་པ་ལ། ཆོས་ཉིད་ལ་རྟོན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ལྟ་བར་སོང་བ་དྲུག་ཅུ་རྩ་གཉིས་ལ་ཆགས་ཞེན་པ་ལ་སྟོང་པ་ཉིད་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །རྣམ་པར་རྟོག་པའི་སྒྲིབ་པ་ཐམས་ཅད་ལ་ཆགས་ཞེན་པ་ལ་མཚན་མ་མེད་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ཁམས་གསུམ་ལ་ཆགས་ཞེན་པ་ལ་སྨོན་པ་མེད་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །འདོད་ཆགས་ཀྱི་ཆགས་ཞེན་པ་ལ་མི་སྡུག་པའི་རྣམ་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ཞེ་སྡང་སྤྱོད་པ་ལ་ཆགས་ཞེན་པ་ལ་བྱམས་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །གཏི་མུག་སྤྱོད་པ་ལ་ཆགས་ཞེན་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །སེར་སྣ་ལ་ཆགས་ཞེན་པ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ངན་པའི་ངང་ཚུལ་ལ་ཆགས་ཞེན་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །གནོད་སེམས་ལ་ཆགས་ཞེན་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ལེ་ལོ་ལ་ཆགས་ཞེན་པ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །གཡེང་བ་ལ་ཆགས་ཞེན་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །འཆལ་པའི་ཤེས་རབ་ལ་ཆགས་ཞེན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །


DKG059_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་སྐྱེ་བོ་རྣམས་ལ་ཆགས་ཞེན་པ་ལ་འཕགས་པའི་བདེན་པ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ཕྱིན་ཅི་ལོག་ལ་ཆགས་ཞེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །སྒྲིབ་པ་དང་ཆོད་པ་དང་ཀུན་ནས་དཀྲིས་པ་དང་། ལྟ་བ་ཐམས་ཅད་ལ་ཆགས་ཞེན་པ་ལ་སྒྲིབ་པ་མེད་པའི་རྣམ་པར་ཐར་བ་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །ཉོན་མོངས་པ་ཅན་ཐམས་ཅད་ལ་ཆགས་ཞེན་པ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྟན་ནས་ཡོངས་སུ་ཐར་བར་བྱེད་དོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ལ་རྣམ་པར་གྲོལ་བར་ཉམས་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །དེའི་རྣམ་པར་གྲོལ་བ་དེ་མི་འཁྲུགས་ཤིང་ཤིན་ཏུ་མཐར་ཐུག་སྟེ། དབའ་རླབས་མེད་ལ་ཤིན་ཏུ་བསིལ་བའི་དངོས་པོར་གྱུར་ཅིང་ཟབ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་གཏིང་དཔག་དཀའ་བ་ཡིན་སངས་རྒྱས་ཐམས་ཅད་དང་མཉམ་པ་ཉིད་ཀྱི་རྗེས་སུ་སོང་བ་ཡིན། དྲི་མ་མེད་ཅིང་དྲི་མ་དང་བྲལ་ཏེ་རྙོག་པ་མེད་པའི་ཤིན་ཏུ་ཡོངས་སུ་དག་པ་ཡིན། ཞི་གནས་དང་ལྷག་མཐོང་གི་ས་རྣམས་ལ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱེད་པས་ཟད་མི་ཤེས་པ་ཡིན། བསྟན་པ་མཐའ་ཡས་མུ་མེད་པ་ཡིན། ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ཡིན། ནམ་མཁའི་དབྱིངས་སུ་ཡང་དག་པར་འདུ་བ་ཡིན་ཏེ། དྲི་མ་མེད་པའི་སྙིང་པོའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། ཆོས་ཐམས་ཅད་སྣང་བ་དང་ལྡན་པས་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྣམ་པར་གྲོལ་བའི་མཚན་ཉིད་ཀྱི་ཆོས་བསྟན་པ་དང་རྒྱུ་འཐུན་པ་ཡིན་ཏེ། ཐམས་ཅད་ལས་བྱུང་ཞིང་ཆོས་ཐམས་ཅད་ཀྱི་སྣང་བ་དང་ལྡན་པ་ཡིན། མྱ་ངན་ལས་འདས་པ་ལ་གཞོལ་བ་ཡིན། མྱ་ངན་ལས་འདས་པ་ལ་འབབ་པ་ཡིན། མྱ་ངན་ལས་འདས་པ་ལ་བབ་པ་ཡིན་ཏེ། ཤིན་ཏུ་མཐར་ཐུག་ཅིང་ཤིན་ཏུ་མཐར་ཕྱིན་པ་འདི་ནི་བུ་མོ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཅིག་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཡེ་ཤེས་ལྷུར་ལེན་པ་ཡིན་ཏེ། ཡེ་ཤེས་ཀྱི་སྟོབས་


DKG059_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡེ་ཤེས་ལ་འབབ་པ་དང་། ཡེ་ཤེས་ཀྱི་བྱིན་དང་ལྡན་པ་ཡིན་ཏེ། དེའི་ཡེ་ཤེས་དེ་ནི་ཉམས་པ་མེད་པ་འགྲོ་བའི་མངོན་པར་ཤེས་པ་ཡོངས་སུ་སྦྱང་བ་བྱས་པ་ལས་ངེས་པར་བྱུང་བའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་རྣམ་པར་དཔྱོད་པའི་བློ་དང་ལྡན་པས་འདོད་ཆགས་དང་བཅས་པའི་སེམས་ལ་ཡང་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ་ཡང་འདོད་ཆགས་དང་བྲལ་བའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པ་དང་། ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་དང་། འཁོར་བྱེད་དང་བཅས་པ་དང་། འཁོར་བྱེད་མེད་པ་དང་། ཟང་ཟིང་དང་བཅས་པ་དང་། ཟང་ཟིང་མེད་པ་དང་། མཆོག་ཏུ་འཛིན་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། བླ་མ་དང་བཅས་པ་དང་། བླ་མ་མེད་པ་དང་། སྒྲིབ་པ་དང་བཅས་པ་དང་། སྒྲིབ་པ་མེད་པ་དང་། ལུང་དུ་བསྟན་པ་དང་། ལུང་དུ་མ་བསྟན་པ་དང་། དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། ཀུན་ནས་ཉོན་མོངས་པ་ཅན་དང་། ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། རྣམ་པར་དག་པ་དང་། རྣམ་པར་མ་དག་པ་དང་། ཆུང་ངུ་དང་ཆེར་གྱུར་པ་དང་། མཐའ་དང་བཅས་པ་དང་། མཐའ་ཡས་པ་དང་། སེར་སྣ་དང་ལྡན་པ་དང་། གཏོང་བ་དང་ལྡན་པ་དང་། ངང་ཚུལ་ངན་པའི་སེམས་དང་། ཚུལ་ཁྲིམས་ལ་སྦྱོར་བའི་སེམས་དང་། གནོད་སེམས་ཀྱི་བག་ལ་ཉལ་དང་། གནོད་སེམས་མེད་པ་དང་། ལེ་ལོ་དང་། བརྩོན་འགྲུས་དང་ལྡན་པ་དང་། གཡེང་བ་དང་ལྡན་པ་དང་། མཉམ་པར་བཞག་པ་དང་། འཆལ་པའི་ཤེས་རབ་དང་། ཤེས་རབ་དང་ལྡན་པ་དང་། སོ་སོའི་སྐྱེ་བོའི་སེམས་དང་། ལོག་པ་ཉིད་དུ་ངེས་པ་དང་། ཡང་དག་པ་ཉིད་དུ་ངེས་པ་དང་། ཉན་ཐོས་


DKG059_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པར་ངེས་པ་དང་། རང་སངས་རྒྱས་ཀྱི་ཐེག་པར་ངེས་པ་དང་། ཐེག་པ་ཆེན་པོར་ངེས་པ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བ། འདི་ནི་སྡུག་བསྔལ་འགོག་པ། འདི་ནི་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་མི་སྐྱེ་བ་ཤེས་པས་སྡུག་བསྔལ་འཕགས་པའི་བདེན་པ་རབ་ཏུ་ཤེས་སོ། །ཤིན་ཏུ་ཀུན་དུ་མི་རྒྱུ་བའི་ཤེས་པའི་ཀུན་འབྱུང་བ་རབ་ཏུ་ཤེས་སོ། །ཆད་པ་མེད་ཅིང་རྟག་པ་མེད་པ་ཤིན་ཏུ་སྐད་ཅིག་པ། འགོག་པ་ཤེས་པས་འགོག་པར་རབ་ཏུ་ཤེས་སོ། །ཐམས་ཅད་ཀྱི་རྗེས་སུ་སོང་བ་ནམ་མཁའ་ཡང་དག་པར་འདུ་བ་བདག་གི་བ་མེད་ཅིང་ཡོངས་སུ་འཛིན་པ་མེད་པ། ཤིན་ཏུ་རྣམ་པར་དག་པའི་ཤེས་པས་ལམ་རབ་ཏུ་ཤེས་སོ། །དེ་འཕགས་པའི་བདེན་པ་བཞི་པོ་འདི་དག་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་མངོན་སུམ་དུ་ཡང་མི་བྱེད་ལ་བདེན་པ་ཡོངས་སུ་ཤེས་པ་དང་། སྤངས་པ་དང་། བསྒོམས་པ་དང་། མངོན་སུམ་དུ་བྱ་བའི་ཕྱིར་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དེའི་ཆོས་བསྟན་པ་དེ་བདེན་པའི་རྗེས་སུ་འཐུན་པ་ཡིན། རྟེན་ཅིང་འབྲེལ་པར་འབྱུང་བ་དང་འགལ་བ་མེད་པ་ཡིན། མཐར་ལྟ་བ་ཐམས་ཅད་ཡོངས་སུ་སྤངས་པ་ཡིན། དབུ་མའི་ལམ་ལ་ཞུགས་པ་ཡིན། རྟེན་པའི་ཆོས་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་ཆོས་ཐམས་ཅད་རྒྱུ་དང་བཅས་ཤིང་རྐྱེན་དང་བཅས་པའི་ཁ་ན་ལས་ཀྱི། བདག་གི་ཁ་ན་ལས་པ་མ་ཡིན། སེམས་ཅན་གྱི་ཁ་ན་ལས་པ་མ་ཡིན། སྲོག་གི་ཁ་ན་ལས་པ་མ་ཡིན། གསོ་བའི་ཁ་ན་ལས་པ་མ་ཡིན། སྐྱེས་བུའི་ཁ་ན་ལས་པ་མ་ཡིན། གང་ཟག་གི་ཁ་ན་ལས་པ་མ་ཡིན་པར་རབ་ཏུ་ཤེས་སོ། །དེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སུ་རབ་ཏུ་ཤེས་སོ། །འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་དང་། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་དང་། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་


DKG059_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རེག་པ་དང་། རེག་པའི་རྐྱེན་གྱིས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་དང་། སྲེད་པའི་རྐྱེན་གྱིས་ལེན་པ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་དང་། སྲིད་པའི་རྐྱེན་གྱིས་སྐྱེ་བ་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མ་འདྲེས་པ་འདི་འབྱུང་བར་འགྱུར་བར་རབ་ཏུ་ཤེས་སོ། །དེ་མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་དང་། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་མ་འདྲེས་པ་འདི་འགག་པར་འགྱུར་བར་རབ་ཏུ་ཤེས་སོ། །དེ་འདི་ཡང་དག་པར་སློབ་པ་ན་གང་མ་རིག་པའི་རྐྱེན་ལས་བྱུང་བ་དེ་ནི་བདག་གི་རྐྱེན་ལས་བྱུང་བ་མ་ཡིན། སེམས་ཅན་གྱི་རྐྱེན་ལས་བྱུང་བ་མ་ཡིན། སྲོག་དང་གསོ་བ་དང་། གང་ཟག་གི་རྐྱེན་ལས་བྱུང་བ་མ་ཡིན་ནོ། །གང་བདག་གི་རྐྱེན་ལས་བྱུང་བ་མ་ཡིན་པ་ནས། གང་ཟག་གི་རྐྱེན་ལས་བྱུང་བ་མ་ཡིན་པའི་བར་དེ་ནི་སྟོང་པའོ། །སྟོང་པ་གང་ཡིན་པ་དེ་ནི་ཆད་པ་མ་ཡིན། རྟག་པ་མ་ཡིན་ནོ། །ཆད་པ་མ་ཡིན། རྟག་པ་མ་ཡིན་པ་གང་ཡིན་པ་དེ་ནི་གདོད་མ་ཉིད་ནས་མ་སྐྱེས་མ་བྱུང་བའོ། །གདོད་མ་ཉིད་ནས་མ་སྐྱེས་མ་བྱུང་བ་གང་ཡིན་པ་དེ་ནི་དུས་གསུམ་དུ་བརྗོད་དུ་མེད་དོ། །དུས་གསུམ་དུ་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་བགྲང་བ་མེད་ཅིང་བགྲང་བ་ལས་ཤིན་ཏུ་འདས་པའོ། །བགྲང་བ་མེད་ཅིང་བགྲང་བ་ལས་ཤིན་ཏུ་འདས་པ་གང་ཡིན་པ་དེ་ནི་དོན་དམ་པའོ། །དོན་དམ་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་བཀའ་ཡང་དག་པའོ། །སངས་རྒྱས་ཀྱི་བཀའ་ཡང་དག་པ་གང་ཡིན་པ་དེ་ནི་འཐབ་པ་མེད་ཅིང་རྩོད་པ་མེད་པའོ། །འཐབ་པ་མེད་ཅིང་རྩོད་པ་མེད་པ་གང་ཡིན་པ་དེ་ནི་དགེ་སྦྱོང་གི་ཆོས་སོ། །དགེ་སྦྱོང་གི་ཆོས་གང་ཡིན་པ་དེ་ནི་ནམ་མཁའ་དང་མཚུངས་པའི་རང་བཞིན་དུ་དེས་དེ་ལྟར་ཤེས་ཤིང་གནས་ཏེ། ཚུལ་བཞིན་མ་ཡིན་པ་ཀུན་འབྱུང་བས་མ་རིག་པ་ཀུན་འབྱུང་བར་རབ་ཏུ་ཤེས་སོ། །མ་རིག་པ་འགག་པ་ནས་རྒ་ཤི་འགག་པའི་བར་དུ་རབ་ཏུ་ཤེས་ཏེ། རྒྱུ་དང་རྐྱེན་ཚོགས་པའི་ཤེས་པས་ཆད་པར་ལྟ་


DKG059_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྦྱོར་བ་མ་ཡིན་གྱི། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པའི་ཆོས་ཀྱི་རྗེས་སུ་སོང་བ་ཡིན་ཏེ། མཐའ་ཁས་མི་ལེན། ཉེ་བར་མི་འཛིན་མི་དམིགས་སོ། །མཐའ་མི་དམིགས་པས་དབུས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་གང་ལ་མཐའ་མི་དམིགས་པ་དེ་ལ་དབུས་ཡོད་པར་ག་ལ་འགྱུར་ཏེ། དེའི་མཐའ་ཅི་འདྲ་བ་ཞིག་སྙམ་ནས། དེ་མཐའ་དང་དབུས་མེད་པའི་ཆོས་རྣམས་ལ་འཇུག་གོ །ཆོས་ཀྱི་དབྱིངས་མཐའ་དང་དབུས་དང་བྲལ་བས་མཐའ་དང་དབུས་མེད་པའི་ཆོས་སྟོན་པ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ནི་དེ་བཞིན་གཤེགས་པ་ལ་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་མཉམ་པ་མེད་པ་ཞེས་བྱ་སྟེ། དེ་ལ་དེ་མེད་པ་ཡིན་ནོ། །སྟོབས་བཀོད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། མཐའ་ཡས་འཁྱིལ་པའི་གཟུངས་ལ་མཁས་པས་དེའི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་དེ་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པར་ཡང་དག་པར་འདུ་བ་ཡིན། གནས་དང་གནས་མ་ཡིན་པ་བསྟན་པ་རྣམས་ལ་ནམ་མཁའི་དབྱིངས་ལྟར་རྒྱ་ཆེ་ཞིང་རྣམ་པར་མི་རྟོག་ལ་ལྷུན་གྱིས་གྲུབ་པ་ཡིན། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་ལས་ཡང་དག་པར་བླངས་པ་ཤེས་པ་བསྟན་པ་རྣམས་ལ་རྣམ་པར་སྨིན་པ་ཆུད་མི་ཟ་བར་སྟོན་པ་ཡིན། སེམས་ཅན་ཐམས་ཅད་ཀྱི་དབང་པོ་དང་། བརྩོན་འགྲུས་ཀྱི་རིམ་པ་ཤེས་པ་བསྟན་པ་རྣམས་ལ་མངོན་སུམ་དུ་གྱུར་པ་ཡིན། ཁམས་དུ་མ་དང་། ཁམས་སྣ་ཚོགས་པའི་འཇིག་རྟེན་བསྟན་པ་རྣམས་ལ་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་སྟོན་པ་ཡིན། མོས་པ་དུ་མ་པ་དང་། མོས་པ་སྣ་ཚོགས་ཤེས་པ་བསྟན་པ་རྣམས་ལ་མི་ཟད་པར་སྟོན་ཅིང་འཇུག་པ་ཡིན། ཀུན་དུ་འགྲོ་བའི་ལམ་ཤེས་པ་བསྟན་པ་རྣམས་ལ་ཕྱོགས་ཀྱི་དྲ་བ་ཐམས་ཅད་རྣམ་པར་དབྱེ་བ་རྒྱས་པར་བྱེད་ཅིང་ཕྱད་པར་ལུང་སྟོན་པ་ཡིན། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་ལྡན་པ་ཤེས་པ་བསྟན་པ་རྣམས་ལ་ཆོས་ཀྱི་


DKG059_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བསམ་གྱིས་མི་ཁྱབ་པ་རྣམ་པར་གཞག་པ་སྟོན་པ་ཡིན། སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་པ་ཤེས་པ་བསྟན་པ་རྣམས་ལ་སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་། ཚེ་དང་། སྐྱེ་བ་རབ་འབྲིང་ཐ་མ་དང་། ཐོག་མའི་མཐར་ཆགས་པ་མེད་ཅིང་སྒྲིབ་པ་མེད་པའི་ཡེ་ཤེས་སྟོན་པ་ཡིན། ཐོགས་པ་མེད་ཅིང་སྒྲིབ་པ་མེད་པའི་ལྷའི་མིག་ཤེས་པ་བསྟན་པ་རྣམས་ལ་ཀུན་ཏུ་རྣམ་པར་ལྟ་བ་ཐམས་ཅད་དུ་ཤིན་ཏུ་ཡོངས་སུ་སྦྱང་བའི་ལུང་བསྟན་པ་སྟོན་པ་ཡིན། ཟག་པ་ཐམས་ཅད་ཟད་པ་ཤེས་པ་བསྟན་པ་རྣམས་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་མ་ལུས་པར་སྤང་བར་ཤེས་པ་སྟོན་པ་ཡིན། མི་འཇིགས་པ་ཤེས་པ་བསྟན་པ་རྣམས་ལ་ཟིལ་གྱིས་མི་ནོན་པ་སྟོན་པ་ཡིན། སྙིང་རྗེ་ཆེན་པོའི་སྟོབས་ཤེས་པ་བསྟན་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་དུ་ཐ་དད་དུ་བྱ་བ་མེད་ཅིང་སྦྱོར་བ་མཚུངས་པ་མཉམ་པ་རྒྱུན་མི་གཅོད་པ་སྟོན་པ་ཡིན། སོ་སོ་ཅི་རིགས་པར་ཆོས་བསྟན་པ་རྣམས་ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་རྣམ་པར་འཕྲུལ་པ་སྟོན་པ་ཡིན། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་ཅིང་འདུལ་བའི་ཕྱིར། མི་ཟད་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་ཡེ་ཤེས་ཀྱི་ཡུལ་བསྟན་པ་རྣམས་ལ་ཟབ་མོ་དང་། སྣ་ཚོགས་དང་། འཕྲུགས་པ་དང་། སྣྲེལ་ཞིར་རྒྱུ་བ་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། རྣམ་པར་འཕྲུལ་པའི་ཡེ་ཤེས་སྟོན་པ་ཡིན། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡིན་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གཉིས་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་བྱེད་ཀྱི་ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་དེ། དེ་ཡེ་ཤེས་ཀྱི་ལུས་ཀྱིས་ལས་བྱེད་པ་ནི་འདི་ལྟ་སྟེ། འཁུ་བ་དང་། གཡོ་དང་། གྱ་གྱུ་དང་། ཚུལ་འཆོས་པ་ཐམས་ཅད་མི་བྱེད་དོ། །སྡང་བ་མེད་ཅིང་ཆགས་པ་མེད་པ་ཡིན། རྟག་ཏུ་ཚངས་པར་སྤྱོད་ཅིང་དེ་ལུས་ཀྱི་ལས་ཀྱི་བརྩོན་འགྲུས་བརྩམས་པས་བྱང་ཆུབ་དང་འཐུན་ཏེ། བདག་དང་གཞན་ལ་གནོད་པ་མི་བྱེད་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་རྒྱུན་འཐུན་པ་སྙིང་རྗེ་ཆེན་པོ་ལ་སྦྱོར་ཞིང་རྟག་ཏུ་


DKG059_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་ལ་བརྩོན་ཏེ། ལུས་ཀྱིས་ལས་དེ་ལྟ་བུ་དང་ལྡན་པ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པའི་ལུས་ཀྱི་ལས་ཐམས་ཅད་སྔོན་དུ་ཡེ་ཤེས་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །གཟུགས་ཐམས་ཅད་ཀུན་ཏུ་སྟོན་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། ཀུན་ནས་སྣང་བའི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་ཁ་དོག་དུ་མ་དང་། ཁ་དོག་སྣ་ཚོགས་དང་། གཟུགས་དང་། དབྱིབས་དང་། ཆུ་ཞེང་སྟོན་པའི་ལུས་ཀྱིས་ལྷ་དང་། ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། སྲོག་ཆགས་བརྒྱ་སྟོང་དུ་མ་ལྷགས་པའི་འཁོར་འདུས་པ་ཐམས་ཅད་དུ་སྤྱོད་ལམ་ཚད་མེད་པ་དང་། ཁ་དོག་དང་། རྟགས་དང་། དབྱིབས་གནས་པ། མཆོག་དམ་པ། གཙོ་བོ། གྱ་ནོམ་པའི་ལུས་བསྟན་ནས་ཐམས་ཅད་དང་ལྡན་པས། འཁོར་ལ་ཆོས་ཀྱི་གཏམ་ཀུན་དུ་སྟོན་ཏོ། །ཡང་དག་པར་འཛིན་དུ་འཇུག་གོ །ཡང་དག་པར་གཟེངས་སྟོད་དོ། །ཡང་དག་པར་རབ་ཏུ་དགའ་བར་བྱེད་དོ། །ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱས་ནས་མི་སྣང་བར་བྱེད་དོ། །མི་སྣང་བར་གྱུར་ཀྱང་སོང་བར་ཤེས་པ་ཡང་མེད་དོ། །འཁོར་འདུས་པ་དེ་དག་ཏུ་འདུས་ཤིང་འདུག་སྟེ། སྨྲ་འམ་ཅང་མི་སྨྲ་ཡང་རུང་འོངས་པར་ཤེས་པ་ཡང་མེད་དོ། །དེ་ལ་ལྟ་བས་ཀྱང་ངོམས་མི་མྱོང་ངོ་། །དེས་བསྟན་པ་ལ་དགའ་བ་དང་། མཆོག་ཏུ་དགའ་བ་རབ་ཏུ་རྒྱ་ཆེན་པོ་ཡང་རྙེད་དོ། །འདོད་པ་ལ་དགའ་ཞིང་རྩེ་བ་དང་། ཡུལ་དང་ལོངས་སྤྱོད་ཐམས་ཅད་ལ་མི་ལྟ་བ་ཡིད་ལ་བྱེད་ཅིང་སྦྱར་རོ། །མི་སྣང་བར་གྱུར་ན་བལྟ་བ་དང་མཉན་པའི་ཕྱིར་སྐོམ་པར་འགྱུར་རོ། །དེ་ལ་ལྟ་བས་སྐོམ་པ་དང་། ལྟ་འདོད་པ་དང་། ཆོས་ཉན་པས་སྐོམ་པ་དང་། ཆོས་ཉན་འདོད་པ་དེ་ཡང་ཟག་པ་མེད་པའི་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་


DKG059_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འཐོབ་པའི་རྒྱུར་འགྱུར་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་གསུམ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་བྱེད་ཀྱི། ང་རྒྱལ་གྱིས་བྱས་པ་རྣམས་མི་བྱེད་དེ། དེ་ཡེ་ཤེས་ཀྱི་ངག་གི་ལས་བྱེད་པ་ནི་འཁུ་བ་དང་། གཡོ་དང་། གྱ་གྱུ་དང་། ཚུལ་འཆོས་པ་ཐམས་ཅད་མི་བྱེད་དེ། བདེན་པར་སྨྲ་ཞིང་ཕྲ་མ་དང་། ངག་རྩུབ་པོ་དང་། ཚིག་ཀྱལ་པ་མི་སྨྲ་བ་ཡིན། ཕན་པའི་ཚིག་དང་། རན་པའི་ཚིག་དང་། ཆོས་ཀྱི་ཚིག་དང་། དེ་ཚིག་དེ་དག་སྨྲ་སྟེ། ཚིག་དེས་བདག་དང་གཞན་ལ་གདུང་བར་མི་འགྱུར་རོ། །ཚིག་གང་སངས་རྒྱས་ཀྱིས་རྗེས་སུ་གནང་བ་དོན་དང་ལྡན་པའི་ཚིག་སྨྲ་སྟེ། ཚིག་དེས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་དོ། །དེ་མི་གཤེ་མི་འཚིག་སྟེ། ཡེ་ཤེས་དང་རབ་ཏུ་ལྡན་པའི་ཚིག་དང་ལྡན་པ་ཡིན་གྱི། ང་རྒྱལ་དང་རབ་ཏུ་ལྡན་པ་མ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པ་ངག་གི་ལས་ཐམས་ཅད་སྔོན་དུ་ཡེ་ཤེས་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །རིན་པོ་ཆེའི་འབྱུང་གནས་ཀྱི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། འཁོར་གསུམ་གྱི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་ངག་གི་ལས་ཅི་ཡང་མི་བརྗོད་ཀྱང་། དེ་སྐད་ཐམས་ཅད་ལ་སྒྲ་སྙན་དང་། འཁོར་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཚིམ་པར་བྱེད་པའི་སྒྲ་འབྱུང་ངོ་། །དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་གསུང་སྒྲ་དང་དབྱངས་ནི་དོན་དང་ལྡན་པ། ཆོས་དང་ལྡན་པ། བདེན་པ་དང་འཐུན་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མི་འགལ་བ། ཡིད་འབྱུང་བ་དང་འདོད་ཆགས་དང་བྲལ་བ་དང་འཐུན་པ། ཉེ་བར་ཞི་བར་འགྱུར་བ། འབྲས་བུ་ཡོད་པ་ནས་མྱ་ངན་ལས་འདས་པའི་བར་གྱི་རྒྱུར་གྱུར་པ་ཡིན་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བཞི་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། རྟག་ཏུ་རྒྱུན་མི་འཆད་པར་ཡེ་ཤེས་ཀྱིས་བྱས་པའི་ལས་རྣམས་བྱེད་ཀྱི། ང་རྒྱལ་གྱིས་བྱས་པའི་ལས་རྣམས་མི་བྱེད་དེ།


DKG059_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡེ་ཤེས་ཀྱིས་ཡིད་ཀྱི་ལས་བྱེད་པ་ནི་འཁུ་བ་དང་། གཡོ་དང་། གྱ་གྱུ་དང་། ཚུལ་འཆོས་པ་ཐམས་ཅད་མི་བྱེད་དོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་དང་བྲལ་ཞིང་ཡང་དག་པར་ལྟ་བ་ཡིན། བྱམས་པ་དང་། སྙིང་རྗེ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་ཤིང་བྱང་ཆུབ་ཀྱི་སེམས་བརྗེད་པ་མེད་པ་ཡིན་ནོ། །དེ་ཡེ་ཤེས་དང་རབ་ཏུ་ལྡན་པའི་ཡིད་དང་ལྡན་པ་ཡིན་གྱི། ང་རྒྱལ་དང་རབ་ཏུ་ལྡན་པ་མ་ཡིན་ནོ། །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་དེ་བཞིན་གཤེགས་པའི་ཡིད་ཀྱི་ལས་ཐམས་ཅད་སྔོན་དུ་ཡེ་ཤེས་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །ད་ལྟར་བྱུང་བའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། བརྣག་པ་རྙོག་པ་མེད་པའི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པའི་སེམས་གཅིག་གིས་སེམས་ཅན་ཐམས་ཅད་ཀྱི་སེམས་རབ་ཏུ་ཤེས་སོ། །སེམས་ཅན་ཐམས་ཅད་སྒྱུ་མ་ལྟ་བུ་དང་། སེམས་ཅན་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རང་གི་སེམས་མཉམ་པ་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་མཉམ་པ་ཉིད་ཀྱིས་རང་གི་སེམས་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་ཡིན་ནོ། །ལུས་ཐམས་ཅད་གཟུགས་བརྙན་ལྟ་བུའི་ཕྱིར་རང་གི་ལུས་ཀྱི་ཆོས་ཉིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ཆོས་ཉིད་ཀྱི་རང་གི་ལུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་ཡིན་ནོ། །རང་གི་ལུས་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་རྗེས་སུ་འཇུག་ཅིང་ཡང་དག་པར་འདུལ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ལུས་རང་གི་ལུས་ཀྱི་རྗེས་སུ་འཇུག་ཅིང་ཡང་དག་པར་འདུལ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ཀྱི་ལུས་སངས་རྒྱས་ཀྱི་སྐུར་བྱིན་གྱིས་རློབ་བོ། །དེའི་བྱིན་གྱི་རླབས་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་དང་། བདུད་དུ་བཅས་པ་དང་། ཚངས་པར་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་། མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གང་


DKG059_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཀྱང་གཡོས་པ་དང་། བསྐྱོད་པར་མི་ནུས་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་ལྔ་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡི་གེས་ཆགས་པ་མེད་པ་ཐོས་ན་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་ལ་ཀུན་དུ་མི་དངང་ཞིང་མི་སྐྲག་ལ་ཀུན་དུ་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་མོས་པ་ཡིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་ལམ་ཡོངས་སུ་དག་པ། ཆགས་པ་མེད་ཅིང་སྒྲིབ་པ་མེད་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །འདས་པའི་དེ་བཞིན་གཤེགས་པ་དེ་དག་གི་ངག་གི་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་དབྱངས་སྒྲ་བརྗོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྒྲ་སྐད་དང་། དབྱངས་དང་། ཆོས་ཀྱི་སྒོ་ཚད་མེད་པ་བསྟན་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །འདས་པའི་དེ་བཞིན་གཤེགས་པ་དེ་དག་གི་སེམས་ཀྱི་ལས་དུས་ཐམས་ཅད་དང་། ཞིང་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ལ་མོས་སོ། །འདས་པའི་དེ་བཞིན་གཤེགས་པ་དེ་དག་གི་འོད་ཟེར་གྱི་དྲ་བ་བཀོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་ཡང་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་ལ་ཀུན་ཏུ་མི་དངང་མི་སྐྲག་ལ་ཀུན་ཏུ་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་མོས་སོ། །སེམས་ཅན་གཞན་དག་ཀྱང་མོས་པའི་ཆོས་ཉིད་རྣམ་པ་འདི་ལྟ་བུ་ཡང་དག་པར་འཛིན་དུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་འདས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་


DKG059_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་འཇུག་པ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། གཟི་བརྗིད་དང་ལྡན་པའི་གཟུངས་ལ་མཁས་པས་དེ་བཞིན་གཤེགས་པ་འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཐ་དད་པ་དང་། ཚེའི་ཚད་ཐ་དད་པ་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་འདས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། སེམས་ཅན་རྣམས་དང་། སེམས་ཅན་གྱི་སྤྱོད་པ་རྣམས་དང་། སེམས་ཅན་གྱི་སྤྱོད་པ་བྱེད་པའི་ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་རྣམས་དང་། དེ་བཞིན་དུ་འདས་པའི་བསྐལ་པ་ཐམས་ཅད་དེ། བསྐལ་པ་གང་དག་སངས་རྒྱས་དང་བཅས་པ་དག་དང་། བསྐལ་པ་གང་དག་སངས་རྒྱས་མེད་པ་དག་དང་། བསྐལ་པ་གང་དག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་བྱུང་བའི་བསྐལ་པ་དེ་དག་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་འདས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མིང་ཐ་དད་པ་དང་། གང་དག་ཀུན་ནས་ཉོན་མོངས་པ་ཅན་དག་དང་། གང་དག་རྣམ་པར་དག་པ་དག་དང་། གང་དག་ཆུང་བ་དག་དང་། གང་དག་ཆེར་གྱུར་པ་དག་དང་། གང་དག་ཕྲ་བ་དག་དང་། གང་དག་རགས་པ་དག་དང་། གང་དག་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་ཞུགས་པ་དག་དང་། གང་དག་སྤྱིའུ་ཚུགས་པ་དག་དང་། གང་དག་འཐུན་པ་དག་དང་། གང་དག་ཕྱོགས་དང་ཕྱོགས་མཚམས་རྣམ་པར་གཞག་པ་དང་། མིག་འཕྲུལ་རྣམ་པར་དབྱེ་བ་ལ་འཇུག་པའི་རྗེས་སུ་ཞུགས་པ་ལ་འདས་པའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་ལ་དེ་བཞིན་གཤེགས་པ་ལུང་བསྟན་པ་ཐམས་ཅད་ལ་རྨོངས་པ་མེད་དེ་ལག་མཐིལ་དང་། སོར་མོ་ལྔ་མཐོང་བའི་ཚུལ་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་ཤེས་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་དྲུག་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། མ་འོངས་པའི་དེ་བཞིན་གཤེགས་


DKG059_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱི་ཡེ་ཤེས་ཆགས་པ་མེད་པ་ཐོས་ན་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་མོས་པ་ཡིན་ནོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ལུས་དང་། ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་ལམ་ཡོངས་སུ་དག་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ། འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དེ་དག་གི་ངག་གི་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་དབྱངས་སྒྲ་བརྗོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྒྲ་སྐད་དང་། དབྱངས་དང་། ཆོས་ཀྱི་སྒོ་ཚད་མེད་པ་བསྟན་པ། ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དེ་དག་གི་སེམས་ཀྱིས་ལས་སུ་དུས་ཐམས་ཅད་དང་། ཞིང་ཐམས་ཅད་དང་། སངས་རྒྱས་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཤིན་ཏུ་རྣམ་པར་ཕྱེ་བ་རྣམ་པར་འབྱེད་པ་ལ་མོས་སོ། །མ་འོངས་པའི་དེ་བཞིན་གཤེགས་པ་དེ་དག་གི་འོད་ཟེར་གྱི་དྲ་བ་བཀོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་ཡང་དག་པར་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་མོས་པ་ཡིན་ནོ། །སེམས་ཅན་གཞན་དག་ཀྱང་མོས་པའི་ཆོས་ཉིད་རྣམ་པ་འདི་ལྟ་བུ་ཡང་དག་པར་འཛིན་དུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན་མ་འོངས་པའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་འཇུག་པ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །སྙིང་རྗེ་ཆེན་པོའི་སྟོབས་དང་། སྨོན་ལམ་ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། སེང་གེ་རྣམ་པར་བསྒྱིངས་པའི་གཟུངས་ལ་མཁས་པས་


DKG059_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མ་འོངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་ཐ་དད་པ་དང་། ཚེའི་ཚད་ཐ་དད་པ་གོ་རིམས་བཞིན་དུ་བརྡ་སྤྲད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་མ་འོངས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། སེམས་ཅན་རྣམས་དང་། སེམས་ཅན་གྱི་སྤྱོད་པ་རྣམས་དང་། སེམས་ཅན་གྱི་ལས་རྣམས་དང་། སེམས་ཅན་གྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་རྣམས་དང་། དེ་བཞིན་དུ་མ་འོངས་པའི་བསྐལ་པ་ཐམས་ཅད་དེ། བསྐལ་པ་གང་དག་སངས་རྒྱས་དང་བཅས་པ་དག་དང་། གང་དག་སངས་རྒྱས་མེད་པ་དག་དང་། བསྐལ་པ་གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་འབྱུང་བར་འགྱུར་བའི་བསྐལ་པ་དེ་དག་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་མ་འོངས་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མིང་ཐ་དད་པ་དང་། གང་དག་ཀུན་ནས་ཉོན་མོངས་པ་ཅན་དག་དང་། གང་དག་རྣམ་པར་དག་པ་དང་། གང་དག་ཆུང་བ་དག་དང་། གང་དག་ཆེར་གྱུར་པ་དག་དང་། གང་དག་ཕྲ་བ་དག་དང་། གང་དག་རགས་པ་དག་དང་། གང་དག་རྡུལ་ཕྲ་རབ་ལ་འཇུག་པའི་རྗེས་སུ་ཞུགས་པ་དག་དང་། གང་དག་སྤྱིའུ་ཚུགས་པ་དག་དང་། གང་དག་འཐུན་པ་དག་དང་། གང་དག་ཕྱོགས་དང་། ཕྱོགས་མཚམས་རྣམ་པར་གཞག་པ་དང་། མིག་འཕྲུལ་རྣམ་པར་དབྱེ་བ་ལ་འཇུག་པའི་རྗེས་སུ་ཞུགས་པ་མ་འོངས་པའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་ལ་དེ་བཞིན་གཤེགས་པ་ལུང་བསྟན་པ་ཐམས་ཅད་ལ་རྨོངས་པ་མེད་དེ། ལག་མཐིལ་དང་སོར་མོ་ལྔ་མཐོང་བའི་ཚུལ་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་ཤེས་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅུ་བདུན་པའོ། །བུ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཆགས་པ་མེད་པ་ཐོས་ན་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་མོས་པ་ཡིན་ནོ། །ད་ལྟར་བྱུང་བའི་


DKG059_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་ལུས་ཀྱི་ལས་དང་། ལུས་ཀྱི་སྤྱོད་ལམ་ཡོངས་སུ་དག་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་གི་ངག་གི་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པའི་དབྱངས་སྒྲ་བརྗོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་ལ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་དང་། སངས་རྒྱས་ཀྱི་སྒྲ་སྐད་དང་། དབྱངས་དང་། ཆོས་ཀྱི་སྒོ་ཚད་མེད་པ་བསྟན་པ་ཐམས་ཅད་ཀྱི་རྗེས་སུ་སོང་བ་ལ་མོས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་གི་སེམས་ཀྱི་ལས་དུས་ཐམས་ཅད་དང་། ཞིང་ཐམས་ཅད་དང་། ཆོས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཤིན་ཏུ་རྣམ་པར་ཕྱེ་བ། རྣམ་པར་འབྱེད་པ་ལ་མོས་སོ། །ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དེ་དག་གི་འོད་ཟེར་གྱི་དྲ་བ་བཀོད་པ་ཆགས་པ་མེད་ཅིང་སྒྲིབ་པ་མེད་པ་ལ་ཡང་མོས་ཤིང་ཡིད་ཆེས་ཏེ། ཐེ་ཚོམ་མི་ཟ་ནེམ་ནུར་མེད་ཅིང་མི་དངང་མི་སྐྲག་སྐྲག་པར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་ལ་ཡང་མོས་པ་ཡིན་ནོ། །སེམས་ཅན་གཞན་དག་ཀྱང་མོས་པའི་ཆོས་ཉིད་རྣམ་པ་འདི་ལྟ་བུ་ཡང་དག་པར་འཛིན་དུ་འཇུག་གོ །དེ་ཆོས་ཡང་དག་པར་བླངས་པ་འདི་དང་ལྡན་པས་བྱང་ཆུབ་ཐོབ་པ་ན། ད་ལྟར་བྱུང་བའི་དུས་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པ་འཇུག་པ་ཞེས་བྱ་སྟེ། དེ་ལ་དེ་ཡོད་དོ། །ཤིན་ཏུ་དཀར་བ་དྲི་མ་མེད་པའི་ཕྱག་རྒྱའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས་པ་དང་། རྡོ་རྗེའི་དཀྱིལ་འཁོར་གྱི་གཟུངས་ལ་མཁས་པའི་དེ་བཞིན་གཤེགས་པ་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་ཐ་དད་པ་དང་། ཚེའི་ཚད་ཐ་དད་པ་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་དང་། སེམས་ཅན་རྣམས་དང་། སེམས་ཅན་གྱི་སྤྱོད་པ་རྣམས་དང་།


DKG059_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམས་དང་། ལས་ཀྱི་རྣམ་པར་སྨིན་པ་སོ་སོར་མྱོང་བ་རྣམས་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་ད་ལྟར་བྱུང་བའི་བསྐལ་པ་ཐམས་ཅད་དེ། བསྐལ་པ་གང་དག་སངས་རྒྱས་དང་བཅས་པ་དག་དང་། གང་དག་སངས་རྒྱས་མེད་པ་དག་དང་། བསྐལ་པ་གང་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཇི་སྙེད་འབྱུང་བའི་བསྐལ་པ་དེ་དག་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་བཞིན་དུ་ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མིང་ཐ་དད་པ་དང་། གང་དག་ཀུན་ནས་ཉོན་མོངས་པ་ཅན་དག་དང་། གང་དག་རྣམ་པར་དག་པ་དག་དང་། གང་དག་ཆུང་བ་དག་དང་། གང་དག་ཆེར་གྱུར་པ་དག་དང་། གང་དག་ཕྲ་བ་དག་དང་། གང་དག་རགས་པ་དག་དང་། གང་དག་རྡུལ་ཕྲ་རབ་ལ་རབ་ཏུ་འཇུག་པའི་རྗེས་སུ་ཞུགས་པ་དག་དང་། གང་དག་སྤྱིའུ་ཚུགས་པ་དག་དང་། གང་དག་འཐུན་པ་དག་དང་། གང་དག་ཕྱོགས་དང་ཕྱོགས་མཚམས་རྣམ་པར་གཞག་པ་དག་དང་། མིག་འཕྲུལ་རྣམ་པར་དབྱེ་བ་ལ་འཇུག་པའི་རྗེས་སུ་ཞུགས་པ་ད་ལྟར་བྱུང་བའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་གོ་རིམས་བཞིན་དུ་བརྡ་སྤྲོད་པའི་མཐའ་ནི་མི་རྟོགས་སོ། །དེ་ལ་དེ་བཞིན་གཤེགས་པ་ལུང་བསྟན་པ་ཐམས་ཅད་ལ་རྨོངས་པ་མེད་དེ། ལག་མཐིལ་དང་སོར་མོ་ལྔ་མཐོང་བའི་ཚུལ་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱིས་ཐམས་ཅད་ཤེས་ཏེ། བུ་མོ་འདི་ནི་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་པའོ། །བཅྭ་བརྒྱད་པོ་འདི་དག་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཐམས་ཅད་ཐོབ་སྟེ་ཐམས་ཅད་གང་ཞེ་ན་འདི་ལྟ་སྟེ། ལུས་ཚད་མེད་པ་དང་། ཐམས་ཅད་ཟིལ་གྱིས་གནོན་ཅིང་ཐམས་ཅད་དུ་ཁྱད་པར་དུ་འཕགས་པའི་ཕྱིར་སྤྱི་གཙུག་བལྟར་མི་མཐོང་བ་དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ལུས་རྩི་སྨན་དང་འདྲ་བའི་ཕྱིར་མཐོང་མ་ཐག་ཏུ་སེམས་ཅན་རྣམས་ཀྱི་སྐྱོན་ཞི་བར་བྱེད་པ་དང་། ཐམས་ཅད་དུ་ཁ་ན་མ་ཐོ་བ་མེད་པས་འཁོར་ཐམས་ཅད་ལས་མངོན་པར་འཕགས་པ་དང་། མི་འཇིགས་པ་རབ་ཏུ་ཐོབ་པས་


DKG059_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཚ་བ་མེད་པ་དང་། ཡང་དག་པར་སྦྱོར་བས་སློབ་མ་བསམ་པ་ཅན་དང་། གདམས་ངག་ཅན་དང་རྗེས་སུ་བསྟན་པ་དང་། འཐུན་པས་སློབ་མ་མི་ཕྱེད་པ་དང་། སེམས་ཅན་ཐམས་ཅད་ལ་མཚུངས་པར་གནས་པས་སློབ་མ་ཤིན་ཏུ་དུལ་བ་དང་། ཆོས་བསྟན་པ་ལ་ཐེ་ཚོམ་མེད་པས་སྤོབས་པ་མྱུར་བ་དང་། གླེང་བ་མེད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པ་དང་། དོན་ཡོད་པའི་ཆོས་སྟོན་པ་དང་། གདུལ་བྱ་རྣམས་ཀྱི་དབང་པོ་ཡོངས་སུ་སྨིན་པས་འཁོར་ཐམས་ཅད་རྩེ་གཅིག་ཏུ་སེམས་པ་ལ་སངས་རྒྱས་ཀྱི་སྒྲ་སྐད་འབྱིན་པ་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་མངོན་དུ་ལྟ་བ་དང་། དེ་བཞིན་གཤེགས་པའི་སྐུ་བསོད་ནམས་ཚད་མེད་པ་བརྟན་པའི་ཕྱིར་བལྟ་བས་མི་ངོམས་པ་དང་། ཡང་དག་པར་ཁོང་དུ་ཆུད་པས་འབྲས་བུ་ཡོད་པའི་ཆོས་སྟོན་པ་དང་། སྤྱོད་ལམ་མི་འཁྲུགས་པས་གླང་པོའི་ལྟ་སྟངས་ཀྱིས་ལྟ་བ་དང་། སྤྲོ་བ་ཆེ་བས་སེང་གེ་ལྟར་རྣམ་པར་བསྒྱིངས་པ་དང་། ལུས་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བས་དོན་ཡོད་པར་རྣམ་པར་འགྲོ་བ་དང་། ངག་གི་ལས་ཡེ་ཤེས་སྔོན་དུ་འགྲོ་བས་ངག་ལ་དབང་བ་དང་། ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བས་ཀུན་ནས་མིག་དང་ལྡན་པ་དང་། སྤོབས་པ་མྱུར་བས་གཟུང་བར་འོས་པའི་ཚུལ་དང་ལྡན་པ་དང་། བླ་ན་མེད་པའི་སྦྱིན་གནས་སུ་གྱུར་པའི་རྙེད་པའི་མཆོག་དང་། གྲགས་པའི་མཆོག་དང་ལྡན་པ་དང་། ཆོས་ཀྱི་དབྱིངས་ཀྱིས་ཀླས་ཤིང་མཐས་གཏུགས་པས་བསོད་ནམས་ཟད་མི་ཤེས་པ་དང་། མཐུ་བོ་ཆེ་ཆེན་པོའི་ལུས་དང་། སྟོབས་བཅུ་དང་། མི་འཇིགས་པའི་མཆོག་ཐོབ་པས་རྫི་བ་མེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་སེམས་ཅན་ལ་བདེ་བ་བསྐྱེད་པ་ལས་མི་ལྡོག་ཅིང་འཁྲུགས་པ་མེད་ལ་བྲེལ་ཕོངས་པ་མེད་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་སྟོན་པར་གྱུར་པས། ཆོས་དང་གཙུག་ལག་མང་པོ་ཤེས་པ་དང་། ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་ཚེ་དཔག་ཏུ་མེད་པ་དང་། ཤིན་ཏུ་མུར་ཐུག་ཅིང་མཐས་ཀླས་པས་མཐོང་བ་དང་། རིག་པ་དང་། བསྙེན་བཀུར་བྱས་པ་དང་། དྲན་པ་དང་། ཐོས་པ་དོན་ཡོད་པ་དང་། དུས་གསུམ་མཉམ་


DKG059_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དུ་ཁོང་དུ་ཆུད་པས་ཤེས་རབ་མི་འཁྲུགས་པ་དང་། ཆོས་སྨྲ་ཞིང་ཉེས་པར་སྨྲ་བ་མེད་པས་གཏམ་རྒྱུན་ཆགས་པ་དང་། མི་དགེ་བའི་ཆོས་ཐམས་ཅད་མ་ལུས་པ་སྤངས་པས་བག་ཆགས་ཐམས་ཅད་ཡང་དག་པར་བཅོམ་པ་དང་། སངས་རྒྱས་ཀྱི་ཆོས་རང་བྱུང་བས་སློབ་དཔོན་མེད་པ་དང་། སངས་རྒྱས་ཀྱི་ཆོས་མ་ལུས་པར་ཁོང་དུ་ཆུད་པས་རྣམ་པ་ཐམས་ཅད་ཤེས་པ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་འདི་དག་ཐམས་ཅད་རབ་ཏུ་འཐོབ་བོ།། །།བམ་པོ་བཞི་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་འདི་དག་སྔོན་དགེ་བའི་རྩ་བའི་ཚོགས་གང་དག་ལ་ཞུགས་ནས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་གྲུབ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་སྔོན་དགེ་བའི་རྩ་བའི་ཚོགས་ཚད་མེད་གྲངས་མེད་པ་དག་ལ་ཞུགས་པས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་གྲུབ་སྟེ། དེ་དག་ལས་ཆུང་ཟད་ཙམ་ཞིག་བསྟན་པར་བྱའོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཤིན་ཏུ་གནས་པ་འདི་ནི་སྔོན་དམ་བཅས་པ་ལ་བརྟན་པས་མངོན་པར་གྲུབ་བོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་འདི་ནི་སྔོན་སྦྱིན་པ་སྣ་ཚོགས་བསགས་པས་མངོན་པར་གྲུབ་བོ། །ཞབས་ཀྱི་རྟིང་པ་ཡངས་ཤིང་ཞབས་བྱིན་གྱིས་མཐོ་བ་ནི་སྔོན་སེམས་ཅན་གཞན་དག་ཁྱད་དུ་མ་བསད་པས་གྲུབ་བོ། །སོར་མོ་རིང་བ་ནི་སྔོན་སེམས་ཅན་རྣམས་ཆོས་ཀྱིས་བསྲུངས་ཤིང་བསྐྱབས་ཏེ་སྦས་པ་བྱས་པས་གྲུབ་བོ། །ཕྱག་དང་ཞབས་དྲ་བར་འབྲེལ་བ་ནི་སྔོན་གཞན་གྱི་གཡོག་འཁོར་མ་ཕྱེ་བས་གྲུབ་བོ། །ཕྱག་དང་ཞབས་གཞོན་ཞིང་འཇམ་པ་ནི་སྔོན་བགོ་བ་སྣ་ཚོགས་བྱིན་པས་གྲུབ་བོ། །བདུན་མཐོ་བ་ནི་སྔོན་བཟའ་བ་དང་བཏུང་བ་རྒྱ་ཆེན་པོ་བྱིན་པས་གྲུབ་བོ། །བྱིན་པ་རི་དགས་ཨེ་ནེ་ཡའི་བྱིན་པ་ལྟ་བུ་ནི་སྔོན་སངས་


DKG059_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཆོས་ཡོངས་སུ་བཟུང་བས་གྲུབ་བོ། །གསང་བའི་གནས་སྦུབས་སུ་ནུབ་པ་ནི་སྔོན་གསང་བའི་ཚིག་བསྲུངས་ཤིང་འཁྲིག་པའི་ཆོས་སྤངས་པས་གྲུབ་བོ། །རོ་སྟོད་སེང་གེའི་རོ་སྟོད་ལྟ་བུ་ནི་སྔོན་དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པས་གྲུབ་བོ། །ཐལ་གོང་རྒྱས་པ་ནི་སྔོན་དགེ་བའི་ཆོས་ཡང་དག་པར་སྤྱད་པས་གྲུབ་བོ། །དཔུང་མགོ་ཤིན་ཏུ་ཟླུམ་པ་ནི་སྔོན་མི་འཇིགས་པས་གཞན་དབུགས་ཕྱུང་བས་གྲུབ་བོ། །ཕྱག་མ་བཏུད་ཅིང་རིང་བ་ནི་སྔོན་གཞན་གྱིས་ཅི་བྱའོ་ཅོག་བྱེད་པ་ལ་སྤྲོ་བས་གྲུབ་བོ། །སྐུ་རྣམ་པར་དག་པ་ནི་སྔོན་དགེ་བ་བཅུའི་ལས་ཀྱི་ལམ་ལ་ངོམས་མི་མྱོང་བར་ཡང་དག་པར་སྤྱད་པས་གྲུབ་བོ། །མགུར་དུང་ལྟ་བུ་ནི་སྔོན་ནད་པ་རྣམས་ལ་སྨན་སྣ་ཚོགས་བྱིན་པས་གྲུབ་བོ། །འགྲམ་པ་སེང་གེའི་འགྲམ་པ་ལྟ་བུ་ནི་སྔོན་དགེ་བའི་རྩ་བ་ལ་སྤྱོད་པ་ཡོངས་སུ་རྫོགས་པར་བྱས་པས་གྲུབ་བོ། །ཚེམས་བཞི་བཅུར་ཚང་བ་ནི་སྔོན་སེམས་ཅན་ལ་བསམ་པ་མཉམ་པར་སྤྱོད་པས་གྲུབ་བོ། །ཚེམས་ཐགས་བཟང་བ་ནི་སྔོན་སེམས་ཅན་མི་འདུམ་པ་རྣམས་ཀྱི་བསྡུམས་བྱས་པས་གྲུབ་བོ། །ཚེམས་མཉམ་པ་ནི་སྔོན་ཡིད་དུ་འོང་བའི་ནོར་བུ་བྱིན་པས་གྲུབ་བོ། །ཚེམས་མཆེ་བ་དཀར་བ་ནི། སྔོན་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྲུངས་པས་གྲུབ་བོ། །ལྗགས་ཤིན་ཏུ་རིང་བ་ནི་སྔོན་བདེན་པའི་ཚིག་ཀུན་དུ་བསྲུངས་པས་གྲུབ་བོ། །རོ་བྲོ་བའི་མཆོག་དང་ལྡན་པ་ནི་སྔོན་བསོད་ནམས་ཚད་མེད་པས་བརྟན་ཅིང་ཡིད་དུ་འོང་བའི་རོ་བྲོ་བ་བྱིན་པས་གྲུབ་བོ། །ཚངས་པའི་དབྱངས་དང་ཀ་ལ་པིང་ཀའི་སྒྲ་དབྱངས་དང་ལྡན་པ་ནི་སྔོན་སེམས་ཅན་ལ་འཇམ་པའི་ཚིག་སྨྲས་པ་དང་། ཚིག་བསྡམས་པ་དང་། ཀུན་དགའ་བའི་ཚིག་བསྒྲགས་པས་གྲུབ་བོ། །སྤྱན་མཐོན་མཐིང་དང་ལྡན་པ་ནི་སྔོན་བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུངས་པས་གྲུབ་བོ། །སྤྱན་གྱི་རྫི་མ་བའི་རྫི་མ་ལྟ་བུ་ནི་སྔོན་བསམ་པ་སྒྱུ་མེད་པས་གྲུབ་བོ། །དཔྲལ་བའི་སྨིན་མཚམས་ཀྱི་སྤུ་ཤིན་ཏུ་དཀར་བ་ནི་སྔོན་བསྔགས་པར་འོས་པ་རྣམས་ཀྱི་བསྔགས་པ་བརྗོད་པས་གྲུབ་བོ། །དབུ་གཙུག་ཏོར་དང་ལྡན་པ་ནི་སྔོན་བླ་མ་ལ་གུས་ཤིང་འདུད་པས་གྲུབ་བོ། །པགས་པ་སྲབ་པ་ནི་སྔོན་ཆོས་ཡང་དག་པར་སྡུད་


DKG059_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ལས་སུ་རུང་བས་གྲུབ་བོ། །པགས་པའི་མདོག་གསེར་འདྲ་བ་ནི་སྔོན་ཡིད་དུ་འོང་བའི་གོས་དང་མལ་སྟན་བྱིན་པས་གྲུབ་བོ། །སྤུའི་ཁུང་བུ་ནས་བ་སྤུ་རེ་རེ་སྐྱེས་པ་ནི་སྔོན་འདུ་འཛི་ཡོངས་སུ་སྤངས་པས་གྲུབ་བོ། །སྤུའི་རྩེ་མོ་གཡས་སུ་འཁྱིལ་བ་ནི་སྔོན་མཁན་པོ་དང་། སློབ་དཔོན་དང་། དགེ་བའི་བཤེས་གཉེན་གྱི་གདམས་ངག་འཐུན་པར་འཛིན་པས་གྲུབ་བོ། །དབུ་སྐྲ་ཨིན་དྲ་ནཱི་ལ་ལྟ་བུ་ནི་སྔོན་སྲོག་ཆགས་ཐམས་ཅད་ལ་སྙིང་བརྩེ་ཞིང་རྡོ་དབྱུག་དང་མཚོན་ཆ་བོར་བས་གྲུབ་བོ། །ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ནི་སྔོན་བདག་དང་སེམས་ཅན་གཞན་དག་ཀྱང་ཏིང་ངེ་འཛིན་ལ་སྦྱོར་བས་གྲུབ་བོ། །དེ་བཞིན་གཤེགས་པའི་སྐྱེས་བུ་ཆེན་པོའི་མཚན་མཐུ་བོ་ཆེ་ཆེན་པོའི་ལུས་ཀུན་ནས་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང་། མཆོད་རྟེན་ཞིག་པ་བཅོས་པ་དང་། གཞན་འཇིགས་པ་དག་དབུགས་ཕྱུང་བ་དང་། སེམས་ཅན་མི་འདུམ་པའི་བསྡུམས་བྱས་པས་གྲུབ་སྟེ། བུ་མོ་སྔོན་དགེ་བའི་རྩ་བའི་ཆོས་ཚད་མེད་གྲངས་མེད་པ་འདི་དག་སྤྱད་པས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངོན་པར་གྲུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ཙམ་དུ་དེ་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་ལས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བཀའ་སྩལ་པ་འདི་ནི་ངོ་མཚར་ཏོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་དེ་དེ་བཞིན་ཏེ། བུ་མོ་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པ་འདི་ལས་བསྟན་ཏོ། །བུ་མོ་གང་དག་དེ་བཞིན་གཤེགས་པའི་སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བ་ལས་བརྩམས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྟན་པ་འདི་ཐོས་ལ་ཐོས་ནས་ཀྱང་དེ་བཞིན་ཉིད་དུ་གྲུབ་པ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པར་འགྱུར་བའི་བྱང་ཆུབ་སེམས་


DKG059_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་རྙེད་པ་ལེགས་པར་རྙེད་པ་དེ་དག་ལ་ལྟོས། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་རབ་ཏུ་དབྱེ་བ་བསྟན་པའི་ཆོས་ཀྱི་སྒོའི་ལེའུ་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རབ་ཏུ་གཡོས་ཏེ། སྣང་བ་ཆེན་པོས་ཁྱབ་པར་གྱུར་ནས་སེམས་ཅན་ཚད་མེད་གྲངས་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཉི་ཁྲི་ལྔ་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ། །སྟེང་གི་བར་སྣང་ལས་ཀྱང་ལྷ་བརྒྱ་སྟོང་གིས་མེ་ཏོག་གི་ཆར་རབ་ཏུ་ཕབ་སྟེ། སིལ་སྙན་ཡང་དཀྲོལ་ནས་གང་དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་རབ་ཏུ་དབྱེ་བ་བསྟན་པའི་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ལ་ཐོས་ནས་ཀྱང་མོས་ཤིང་ཡིད་ཆེས་ཏེ། འཛིན་ཅིང་དེ་བཞིན་ཉིད་དུ་སྒྲུབ་པའི་སེམས་ཅན་དེ་དག་ནི་དགེ་བའི་རྩ་བ་ངན་ངོན་དང་ལྡན་པར་མི་འགྱུར་ཏེ། དེ་དག་ནི་ཇི་ལྟར་ད་ལྟར་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཞིན་དུ་ལྷར་བཅས་པའི་འཇིག་རྟེན་གྱི་མདུན་དུ་སེང་གེའི་སྒྲ་སྒྲོགས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཆོས་འདི་ནི་སེམས་ཅན་དམན་པ་ལ་མོས་ཤིང་ནན་ཏན་ལ་མི་གནས་པ་རྣམས་ཀྱི་སུག་པར་མཆི་བར་མི་འགྱུར་གྱི་བཅོམ་ལྡན་འདས་སྤྱོད་པ་ཡོངས་སུ་དག་པ་རྣམས་ཀྱི་སུག་པར་མཆི་བར་འགྱུར་ཏེ། བཅོམ་ལྡན་འདས་ཡོངས་སུ་དག་པར་སྤྱོད་པ་དང་། ཆོས་སྤྱོད་པའི་སེམས་ཅན་རྣམས་ནི་ཆོས་འདི་ལ་དགའ་བར་འགྱུར་ཏེ། ཡིད་ལ་འབབ་ཅིང་མངོན་པར་དགའ་བར་ཡང་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་གྱི་རྒྱུ་ལས་བྱུང་བའི་དགེ་བའི་རྩ་བའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བཀའ་སྩལ་པ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་སྤྱོད་


DKG059_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བའི་ཆོས་སྤྱོད་པ་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་སྤྱོད་པ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་བསམ་པ་རྣམ་པར་དག་པ་ནི་ཆོས་སྤྱོད་པའོ། །མཛའ་བ་བརྟན་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཤེས་པ་དང་། སྙིང་བརྩེ་བ་དང་བཅས་པ་དང་། སྐྱབས་སུ་སོང་བ་ཡོངས་སུ་མི་གཏོང་བ་དང་། ཉམ་ཆུང་བ་ལ་བཟོད་ཅིང་དང་དུ་ལེན་པ་དང་། གཏང་བར་དཀའ་བ་ཡོངས་སུ་གཏོང་བ་དང་། ཕན་པའི་དངོས་པོ་དང་། ཕན་འདོགས་པའི་བློ་དང་། ངང་ཚུལ་ངན་པ་རྗེས་སུ་སྲུང་བ་དང་། ཆོས་ངེས་པར་སེམས་པ་དང་། ཆོས་ཀུན་དུ་སྲུང་བ་དང་། ཆོས་འདོད་པ་དང་། དམ་པའི་ཆོས་སྲུང་བ་དང་། དབེན་པ་དང་། གཅིག་པུར་དགའ་བ་དང་། དགོན་པའི་གནས་ལ་ཡོངས་སུ་མི་སྐྱོ་བ་དང་། དགོན་པའི་ཡོན་ཏན་ལ་ཡོངས་སུ་འཇལ་བ་དང་། འདུ་འཛི་ཡོངས་སུ་སྤོང་བ་དང་། སེམས་ཅན་རྗེས་སུ་སྲུང་བ་དང་། འཁྲུལ་པ་ལ་ལྟ་བ་དང་། བྱམས་པ་ལ་སྦྱོར་བ་དང་། སྙིང་རྗེ་ཆེན་པོ་ལ་འཇུག་པ་དང་། དགའ་བས་ཆོས་ལ་དགའ་ཞིང་མཆོག་ཏུ་དགའ་བ་དང་། བཏང་སྙོམས་ལ་བསམ་གཏན་འཆའ་བ་དང་། སེམས་ཅན་གཞན་དག་བྱང་ཆུབ་ཀྱི་སེམས་ལ་སྦྱོར་བ་དང་། ཐེག་པ་ཆེན་པོའི་བསྔགས་པ་སྨྲ་བ་དང་། ཁུར་བླངས་པ་ཁྱེར་བ་དང་། སེམས་མི་ཞུམ་པ་དང་། རུང་བའི་ཚོད་ཤེས་པ་དང་། ཚོར་བ་མེད་པ་དང་། སྡིག་པ་མི་འདོད་པ་དང་། ཕྲག་དོག་མེད་པ་དང་། འདོད་པའི་འཐོབ་པ་སྤོང་བ་དང་། འཕགས་པའི་རིགས་ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་དང་། འཐབ་པ་མེད་པ་དང་། རྩོད་པ་མེད་པ་དང་། གནོད་སེམས་མེད་པ་དང་། ཁྲོ་བ་མེད་པ་དང་། བཟོད་པ་དང་། དེས་པ་དང་། རྒྱུའི་བྱེད་པ་ཁོང་དུ་ཆུད་པ་དང་། ལས་ཀྱི་རྣམ་པར་སྨིན་པ་ལ་ཡིད་ཆེས་པ་དང་། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། ཤེས་རབ་ཀྱི་ནོར་གྱི་རྗེས་སུ་འཇུག་པ་དང་། བླ་མ་ལ་གུས་


DKG059_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དགེ་བའི་བཤེས་གཉེན་ལ་བསྟེན་པ་དང་། བཀའ་བློ་བདེ་བ་དང་། འཐུན་པར་འཛིན་པ་དང་། ང་རྒྱལ་མེད་པ་དང་། འདུད་པ་དང་། སེམས་དམའ་བ་དང་། བདག་ལ་མི་སྟོད་པ་དང་། གཞན་ལ་མི་སྨོད་པ་དང་། རང་གི་ཡོན་ཏན་མི་བརྗོད་པ་དང་། གཞན་གྱི་ཡོན་ཏན་ལ་མི་སྨོད་པ་དང་། འདོད་ཆགས་ཀྱི་རྡུལ་འཕྱག་པ་དང་། ཞེ་སྡང་གི་ཐ་བ་རྣམ་པར་སྤང་བ་དང་། གཏི་མུག་གི་མུན་པ་མུན་ནག་མེད་པ་དང་། ང་རྒྱལ་བཅོམ་པ་དང་། སྤྱོད་ལམ་དང་སྤྱོད་པ་ལ་ནན་ཏན་བྱེད་པ་དང་། ཆོས་ལ་རིམ་གྲོ་བྱེད་དེ་དགའ་ཞིང་དང་ལ་མཆོག་ཏུ་དགའ་བ་དང་། སངས་རྒྱས་ལ་མི་ཕྱེད་པ་དང་། ཆོས་ལ་མོས་པ་དང་། དགེ་འདུན་ལ་སྟོན་པ་ལྟར་འཛིན་པ་དང་། སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། ཁྱིམ་ནས་བྱུང་བ་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་གྱིས་མི་གཡོས་པ་དང་། འཇིག་རྟེན་གྱི་ཆོས་ལས་ཤིན་ཏུ་འདའ་བ་དང་། བྱམས་སྡང་ལ་མཚུངས་པར་ལྟ་བ་དང་། འདོར་ཏེ་གསོང་པོར་སྨྲས་པ་དང་། བཞིན་འཛུམ་པ་དང་། ཁྲོ་གཉེར་མེད་པ་དང་། ཚུལ་འཆོས་པ་མེད་པ་དང་། ཁ་གསག་པ་མེད་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པ་དང་། བཅོས་མ་མ་ཡིན་པ་དང་། བསམ་པ་ཤིན་ཏུ་དག་པ་དང་། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་བྱེད་པ་དང་། དོན་འཐུན་པ་དང་། དགའ་བར་འགྱུར་བའི་ཆོས་ཉིད་དང་། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དང་། ཐབས་མཁས་པ་མངོན་པར་སྒྲུབ་པ་དང་། དགེ་བའི་རྩ་བ་ཐམས་ཅད་རྣམ་པར་དག་པ་དང་། སེམས་ཅན་རྣམས་ཀྱི་ལུས་དང་། ངག་དང་། སེམས་རྣམ་པར་དག་པར་བྱེད་པ་དང་། དགེ་བ་བཅུའི་ལས་ཀྱི་ལམ་སྲུང་


DKG059_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། གང་ཟག་མེད་པར་མོས་པ་དང་། སྟོང་པ་ཉིད་ངེས་པར་སེམས་པ་དང་། མཚན་མ་མེད་པ་ལ་གནས་པ་དང་། སྨོན་པ་མེད་པ་ཤེས་པ་དང་། ཁམས་གསུམ་ལ་མི་གནས་པ་དང་། དྲན་པ་ཉེ་བར་གཞག་པ་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་ལ་འཇུག་པ་དང་། ཞི་གནས་དང་། ལྷག་མཐོང་གིས་སོ་སོར་རྟོག་པ་ནི་ཆོས་སྤྱོད་པའོ། །བུ་མོ་གཞན་ཡང་ཆོས་སྤྱོད་པ་ནི་གང་ན་མིག་ལ་མི་སྤྱོད་པ་དང་། གཟུགས་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མཚན་མ་ལ་མི་སྤྱོད་པ་དང་། རྣ་བ་ལ་མི་སྤྱོད་པ་དང་། སྒྲ་ལ་མི་སྤྱོད་པ་དང་། སྒྲའི་མཚན་མ་ལ་མི་སྤྱོད་པ་དང་། སྣ་ལ་མི་སྤྱོད་པ་དང་། དྲི་ལ་མི་སྤྱོད་པ་དང་། དྲིའི་མཚན་མ་ལ་མི་སྤྱོད་པ་དང་། ལྕེ་ལ་མི་སྤྱོད་པ་དང་། རོ་ལ་མི་སྤྱོད་པ་དང་། རོའི་མཚན་མ་ལ་མི་སྤྱོད་པ་དང་། ལུས་ལ་མི་སྤྱོད་པ་དང་། རེག་པ་ལ་མི་སྤྱོད་པ་དང་། རེག་པའི་མཚན་མ་ལ་མི་སྤྱོད་པ་དང་། ཡིད་ལ་མི་སྤྱོད་པ་དང་། ཆོས་ལ་མི་སྤྱོད་པ་དང་། ཆོས་ཀྱི་མཚན་མ་ལ་མི་སྤྱོད་པ་ནི་ཆོས་སྤྱོད་པའོ། །གཟུགས་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མཚན་མ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མི་རྟག་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་སྡུག་བསྔལ་བ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་བདག་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་ཞི་བ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་སྟོང་པ་ཉིད་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མཚན་མ་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་སྨོན་པ་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མངོན་པར་འདུ་བྱ་བ་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་དབེན་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་རང་བཞིན་ལ་མི་སྤྱོད་པ་དང་། གཟུགས་ཀྱི་ཇི་ལྟ་བ་བཞིན་ལ་མི་སྤྱོད་པ་དང་། གཟུགས་ཀྱི་མ་སྐྱེས་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་འབྱུང་བ་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་གཞི་མེད་པ་ལ་མི་སྤྱོད་པ་དང་། གཟུགས་ཀྱི་གནས་མེད་པ་ལ་


DKG059_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྤྱོད་པ་དང་། གཟུགས་ཀྱི་དེ་བཞིན་ཉིད་ལ་མི་སྤྱོད་པ་ནི་ཆོས་སྤྱོད་པའོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་པ་ནི་ཆོས་སྤྱོད་པའོ། །རྣམ་པར་ཤེས་པ་མི་རྟག་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་སྡུག་བསྔལ་བ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་བདག་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་ཞི་བ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་སྟོང་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་མཚན་མ་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་སྨོན་པ་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་མངོན་པར་འདུ་བྱ་བ་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་དབེན་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་རང་བཞིན་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་ཇི་ལྟ་བ་བཞིན་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་མ་སྐྱེས་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་འབྱུང་བ་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་གཞི་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་གནས་མེད་པ་ལ་མི་སྤྱོད་པ་དང་། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་མི་སྤྱོད་པ་ནི་ཆོས་སྤྱོད་པའོ། །ཁམས་ལ་མི་སྤྱོད་པ་དང་། སྐྱེ་མཆེད་ལ་མི་སྤྱོད་པ་དང་། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་ལ་མི་སྤྱོད་པ་དང་། གང་སྤྱོད་པ་མེད་ཅིང་རབ་ཏུ་སྤྱོད་པ་མེད་པ་འདི་ནི་ཆོས་སྤྱོད་པ་ཞེས་བྱའོ། །གང་ན་སྤྱོད་པ་མེད་ཅིང་རྣམ་པར་སྤྱོད་པ་མེད་པ་དང་། འགྲོ་བ་མེད་པ་དང་། གནས་པ་མེད་པ་དང་། འཇུག་པ་མེད་པ་དང་། གང་ན་སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་པ་དང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་མི་སྤྱོད་པ་དང་། གང་ན་འདོད་པ་དང་། འདུ་བྱེད་ལ་མི་སྤྱོད་པ་དང་། གང་ན་ཆོས་ལ་ཡང་མི་སྤྱོད་ལ་ཆོས་མ་ཡིན་པ་ལ་ཡང་མི་སྤྱོད་པ་དང་། གང་ན་གཉིས་ལ་མི་སྤྱོད་པ་དང་། སྣ་ཚོགས་ལ་མི་སྤྱོད་པ་དང་། གང་ན་འདས་པ་དང་། མ་འོངས་པ་ལ་མི་སྤྱོད་པ་དང་། ད་ལྟར་བྱུང་བ་ལ་མི་སྤྱོད་པ་དང་། གང་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མི་སྤྱོད་པ་འདི་ནི་ཆོས་སྤྱོད་


DKG059_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གང་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་རློམ་སེམས་ལ་མི་སྤྱོད་པ་དང་། གང་ན་རིལ་པོ་དང་། རྫས་ལ་མི་སྤྱོད་པ་དང་། གང་ན་བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུར་འཛིན་པ་དང་། སྒྲོ་འདོགས་པ་ལ་མི་སྤྱོད་པ་དང་། གང་ན་སྐྱེ་བ་དང་། འཇིག་པ་དང་། གནས་པ་ལ་མི་སྤྱོད་པ་དང་། གང་ན་ངར་འཛིན་པ་དང་། ང་ཡིར་འཛིན་པ་ལ་མི་སྤྱོད་པ་དང་། གང་ན་རྟག་པ་དང་ཆད་པ་ལ་མི་སྤྱོད་པ་དང་། མཐར་འཛིན་པར་ལྟ་བ་ལ་མི་སྤྱོད་པ་དང་། དབུས་ལ་མངོན་པར་ཞེན་པ་ལ་མི་སྤྱོད་པ་དང་། བདག་དང་ཆོས་ཀྱི་ངོ་བོ་ཉིད་ཀྱི་གནས་དང་གནས་མེད་པའི་གནས་དང་། ཆོས་ཀྱི་རང་བཞིན་གྱི་གནས་དང་། ཆོས་ཐམས་ཅད་ཀྱི་གནས་དང་། སྟོང་པ་དང་མི་སྟོང་པའི་གནས་དང་། ཤིན་ཏུ་གནས་པའི་གནས་དང་། ཆོས་ཐམས་ཅད་མི་གཡོ་བ་དང་། མི་གནས་པ་དང་། གནས་པ་མེད་པ་དང་། ངོ་བོ་ཉིད་མེད་པ་དང་། རྒྱུ་བ་མེད་པ་དང་། སྤྲོས་པ་མེད་པ་དང་། བླང་བ་མེད་པ་དང་། དོར་བ་མེད་པ་དང་། ཁས་ལེན་པ་མེད་པ་དང་། ལེན་པ་མེད་པ་དང་། གང་ཆོས་འདི་ལ་ཤེས་ལ་ཤེས་པས་རློམ་སེམས་ཀྱང་མེད་པ་འདི་ནི་ཡང་དག་པ་དང་། དེ་ཁོ་ན་དང་། དེ་བཞིན་ཉིད་དང་། ཆོས་ཤེས་པ་ཞེས་བྱའོ། །བུ་མོ་བྱང་ཆུབ་སེམས་དཔའ་གང་འདི་ལྟ་བུར་ཆོས་ཐམས་ཅད་ཁོང་དུ་ཆུད་ནས་སེམས་ཅན་གཞན་དག་འདུལ་བའི་ཕྱིར་འཁོར་བ་ལ་ཡང་སྤྱོད་ལ། མྱ་ངན་ལས་འདས་པའི་ཆོས་ཉིད་ལས་ཀྱང་མི་གཡོ་བ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་དག་ཕུལ་ཡིན་ནོ། །ཆོས་སྤྱོད་པ་བསྟན་པ་འདི་བཤད་པ་ན་བྱང་ཆུབ་སེམས་དཔའ་བརྒྱད་སྟོང་ནི་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །བུ་མོ་རིན་ཆེན་གྱིས་ནི་མུ་ཏིག་གི་སེ་མོ་དོ་བྱེ་བ་བརྒྱ་སྟོང་རི་བ་བཅོམ་ལྡན་འདས་ལ་ཕུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་ཆོས་སྤྱོད་པ་འདི་ལ་བརྩོན་པ་འདི་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་བརྩོན་པ་ལགས་སོ། །དེའི་ལུང་བསྟན་པ་ནི་འདི་ལགས་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ནས་


DKG059_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་ཕྱིར་རྒོལ་བ་བཅོམ་སྟེ། ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པར་བལྟའོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་སྨྲས་སོ། །བུ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཤེས་སམ། དེ་ནས་བུ་མོ་རིན་ཆེན་གྱིས་དེའི་ཚེ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །འདི་ལ་ཆོས་དབྱིངས་སེམས་ཅན་ཁམས། །ཡང་དག་ཉིད་ཀྱིས་མཉམ་རྟོགས་ནས། །གཉིས་མེད་རྟོགས་པ་གང་ཡིན་པ། །དེ་ནི་མི་ལྡོག་ཕྱག་རྒྱ་ཡིན། །གང་དག་འདས་པའི་སངས་རྒྱས་དང་། །ད་ལྟར་བྱུང་དང་མ་བྱོན་པ། །ཐམས་ཅད་ཆོས་ཀྱི་དབྱིངས་མཉམ་པར། །རྟོགས་པ་དེ་དག་ཕྱིར་མི་ལྡོག །གང་ཡང་འདུས་བྱས་ཁམས་རྣམས་དང་། །གང་ཡང་འདུས་མ་བྱས་པའི་ཁམས། །དབེན་པའི་དོན་གྱིས་སྟོང་པར་ནི། །ཁོང་དུ་ཆུད་པ་ཕྱིར་མི་ལྡོག །སྔོན་གྱི་མཐའ་ནི་མཐའ་ཡས་པ། །དེ་ཡི་ཚད་ནི་མི་དམིགས་པ། །སེམས་ཀྱི་སྐད་ཅིག་གཅིག་ལྡན་པ། །ཁོང་དུ་དེ་ཆུད་ཕྱིར་མི་ལྡོག །འཇིག་རྟེན་པ་ཡི་ཆོས་གང་དག །སྤྱོད་པར་བཏགས་པའི་སྤྱོད་ཡུལ་རྣམས། །ཤེས་རབ་ཀྱིས་ནི་དེ་རྟོགས་པ། །གང་ཡིན་དེ་དག་ཕྱིར་མི་ལྡོག །བདུད་ཀྱི་ཡུལ་ནི་ཇི་སྙེད་པ། །གང་གིས་སངས་རྒྱས་ཡུལ་རྣམས་དང་། །དེ་དག་མི་གཉིས་ཤེས་པ་ནི། །ཕྱག་རྒྱ་འདི་ཡིས་བཏབ་པ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་གང་། །ཉོན་མོངས་གང་དག་མཐའ་ཡས་པ། །གང་གིས་རྟོག་པའི་རྩ་བ་ལས། །བྱུང་བར་ཤེས་པ་ཕྱིར་མི་ལྡོག །འཁོར་བ་དང་ནི་མྱ་ངན་འདས། །བྱང་ཆུབ་ཞི་བར་བསྟན་པ་ཡང་། །ཐ་དད་མ་ཡིན་ཀུན་མཉམ་པར། །ཁོང་དུ་ཆུད་པ་ཕྱིར་མི་ལྡོག །ཕུང་པོ་ཇི་བཞིན་བྱང་ཆུབ་སྟེ། །ཕུང་པོ་བྱང་ཆུབ་མི་གཉིས་ཤིང་། །སྒྱུ་མ་འདྲ་བར་མཉམ་ཤེས་ཏེ། །རྣམ་རྟོག་མེད་པ་དེ་དག་མཁས། །གང་ཡང་ཁམས་རྣམས་བཞི་པོ་དག །ནམ་མཁའ་མཚུངས་པའི་ཁམས་ཡིན་ཏེ། །གཟུང་མེད་ཁོང་དུ་ཆུད་པ་ནི། །ཡང་དག་ཕྱག་རྒྱས་བཏབ་པ་ཡིན། །མིག་ནི་བྱང་ཆུབ་བྱང་ཆུབ་མིན། །སངས་རྒྱས་ཀྱིས་ནི་སྟོང་བར་གསུངས། །ཇི་ལྟར་མིག་བཞིན་བྱང་ཆུབ་སྟེ། །རྟག་ཏུ་མཉམ་


DKG059_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་ཀྱིས་མཉམ། །དེ་ལྟར་སྐྱེ་མཆེད་ཐམས་ཅད་ཀྱང་། །རྟག་ཏུ་སྟོང་སྟེ་བྱང་ཆུབ་མཉམ། །ཚུལ་འདི་རབ་ཏུ་ཤེས་པ་དག །ཕྱག་རྒྱ་དེ་ཡིས་བཏབ་པ་ཡིན། །སེམས་ཅན་རྣམས་ནི་ཀུན་གྱི་སེམས། །སེམས་གཅིག་གིས་ནི་རབ་ཤེས་པ། །དེ་ནི་རྫོགས་པའི་བྱང་ཆུབ་ལས། །ཕྱིར་མི་ལྡོག་པར་ཐེ་ཚོམ་མེད། །སེམས་ཅན་ཀུན་གྱི་དབང་པོ་ནི། །རབ་དང་འབྲིང་དང་ཐ་མ་ཡི། །ཕ་རོལ་ཕྱིན་པ་གང་ཡིན་པ། །དེ་དག་ཕྱིར་མི་ལྡོག་པ་ཡིན། །ཐོགས་པ་མེད་པའི་སྤོབས་པ་ཡིན། །རྒྱུན་མི་ཆད་པར་རྒྱུན་དུ་ཡང་། །བསྐལ་པ་བྱེ་བར་བརྗོད་ཀྱང་གོ །དེ་ཡི་བསྔགས་པ་དེ་མི་ཟད། །ནམ་མཁའི་ཁམས་ནི་ཟད་འགྱུར་ལ། །རླུང་ནི་ཞགས་པས་གཟུང་འགྱུར་སྲིད། །དེ་ཡི་སྤོབས་པ་འཇིག་རྟེན་གྱི། །ཟད་པར་བྱ་བར་ཡོད་མི་ནུས། །གང་གིས་སེམས་ནི་མི་རྨོངས་ཤིང་། །ཐོས་པའང་ཆུད་ཟར་མི་འགྱུར་ལ། །ཆོས་རྣམས་ཐམས་ཅད་འཛིན་པ་ཡི། །གཟུངས་ནི་དེ་དག་སྤྱོད་ཡུལ་ཡིན། །ཕྱོགས་བཅུ་ཀུན་གྱི་འདྲེན་པ་ཡི། །དམ་པའི་ཆོས་ནི་གང་བཤད་པ། །གཟུངས་ཐོབ་པས་ནི་དེ་ཐམས་ཅད། །དྲན་པ་དང་ནི་ཤེས་པས་འཛིན། །གཟུངས་ནི་ཤིན་ཏུ་བསླབས་པས་ན། །སྔོན་གྱི་བསྐལ་པ་བྱེ་བར་ནི། །སྐྱོབ་པ་རྣམས་ཀྱི་ཆོས་ཐོས་པ། །དེ་དག་དྲིས་ནས་སྟོན་པར་འགྱུར། །ཕྱིར་མི་ལྡོག་པ་གང་ཡིན་པ། །དེ་དག་གཟུངས་ནི་འདི་འདྲ་སྟེ། །སྤོབས་པ་དག་ཀྱང་འདི་འདྲ་ཞིང་། །དེ་དག་ཡེ་ཤེས་འདི་འདྲའོ། །ཆོས་རྣམས་ཕྱག་རྒྱ་སྟོང་པ་ཉིད། །རྣམ་སྨིན་མེད་ཅིང་བསལ་མེད་པ། །སྟོང་པའི་ཕྱག་རྒྱས་གང་བཏབ་པ། །དེ་དག་ཕྱིར་མི་ལྡོག་པར་བསྟན། །ནམ་མཁའི་ཕྱག་རྒྱས་བཏབ་པའི་ཆོས། །རང་བཞིན་གྱིས་ནི་འབྱུང་མེད་པར། །མཐའ་ནི་ཁོང་དུ་རབ་ཆུད་ལ། །ཕྱག་རྒྱས་བཏབ་པ་ཕྱིར་མི་ལྡོག །ཆོས་ནི་རྟེན་ནས་འབྱུང་བ་སྟེ། །རྒྱུ་མེད་པ་ཡི་ཆོས་མེད་དོ། །ཆོས་གང་རྒྱུ་ལས་བྱུང་བ་དག །དེ་ཡི་མཚན་ཉིད་འགོག་པའོ། །ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །ནམ་མཁའ་མཉམ་པའི་མཚན་ཉིད་དེ། །མཚན་ཉིད་ཕྱག་རྒྱ་དེ་འདྲ་བའི། །ཕྱག་རྒྱས་གང་བཏབ་ཕྱིར་མི་ལྡོག །ཕྱིར་མི་ལྡོག་པ་གང་ཡིན་པ། །སེམས་ཅན་


DKG059_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་སྤྱོད་པ་དང་། །གཟུགས་དང་སྤྱོད་ལམ་དུས་རྣམས་ཀྱང་། །སྐད་ཅིག་གཅིག་ལ་རབ་ཏུ་སྟོན། །སྦྱིན་པའི་ཚོགས་ནི་མཐའ་ཡས་ཏེ། །བསོད་ནམས་རྟག་ཏུ་མི་ཟད་པ། །གལ་ཏེ་རོ་གཅིག་འགྱུར་ན་ནི། །ནམ་མཁའི་ཁམས་ཀྱང་གང་བར་འགྱུར། །དེ་དག་ཚུལ་ཁྲིམས་ཆེ་བ་ཉིད། །སངས་རྒྱས་ཚུལ་ཁྲིམས་འབྱུང་གནས་ཏེ། །དཔག་ཏུ་མེད་ཅིང་མཐའ་ཡང་མེད། །ནམ་མཁའ་ཡི་ནི་དབྱིངས་དང་འདྲ། །སེམས་ཅན་ཀུན་དང་ཉན་ཐོས་དང་། །རྒྱལ་བ་རེ་རེའི་ཚུལ་ཁྲིམས་ནི། །ཕྱིར་མི་ལྡོག་པའི་ཚུལ་ཁྲིམས་ཀྱི། །བཅུ་དྲུག་ཆ་ཡི་རིན་མི་ཆོག །དེ་དག་བཟོད་པ་མི་ཟད་དེ། །དེ་དག་སྐྱེ་བ་མེད་པས་བསྐྱེད། །བཟོད་པ་མི་ཟད་ཕུན་སུམ་ཚོགས། །ཕྱིར་མི་ལྡོག་པར་འགྱུར་བ་ཡིན། །དེ་དག་བརྩོན་འགྲུས་ཆེ་བ་ཉིད། །ཡང་དག་བརྩོན་པ་དཔག་ཏུ་མེད། །རྟུལ་བ་དཔག་ཏུ་མེད་པ་སྟེ། །སེམས་ཅན་ཐམས་ཅད་ཚིམ་པར་བྱེད། །བརྟེན་པ་རྟག་ཏུ་མཉམ་པར་བཞག །གཡེང་བ་མེད་ཅིང་ཤིན་ཏུ་བསྡམ། །བྱ་བ་རྣམས་ནི་ཀུན་སྟོན་ཀྱང་། །མཉམ་པར་བཞག་ལས་གཡོ་བ་མེད། །ཤེས་རབ་ཀྱིས་ནི་ཆགས་མེད་ཐོབ། །ལྟ་བའི་བག་ཆགས་རྣམ་པར་སྦྱང་། །སངས་རྒྱས་སྤྱོད་ཡུལ་རྫོགས་པར་ཐོབ། །ཕུན་སུམ་ཚོགས་པའི་ཞིང་ཡང་སྦྱངས། །སངས་རྒྱས་ཕྱག་རྒྱས་བཏབ་པ་དེ། །ཡེ་ཤེས་ཕ་རོལ་ཕྱིན་པ་ཐོབ། །ཐབས་ཆེན་དག་ཀྱང་ཤིན་ཏུ་བསླབ། །བྱང་ཆུབ་ཀྱི་ནི་སྤྱད་པ་སྤྱོད། །སེམས་ཅན་ཡོངས་སུ་སྨིན་བྱེད་པ། །དེ་དག་སྤྱོད་ཡུལ་མཐའ་ཡས་ཏེ། །སྤྱོད་པ་ཅི་འདྲ་བསམ་ཅི་འདྲ། །དེ་དག་སྤྱོད་པ་ཤེས་པ་མེད། །དགྲ་བཅོམ་དག་དང་རང་རྒྱལ་དང་། །བདུད་དང་མུ་སྟེགས་གཞན་ཀུན་གྱིས། །དེ་དག་སྤྱོད་ཡུལ་ཚད་མེད་པ། །ཤེས་པར་ནུས་པ་མ་ཡིན་ནོ། །དེ་དག་བསམ་གཏན་རྫུ་འཕྲུལ་དང་། །རྣམ་འཕྲུལ་འདུ་བྱེད་བཅས་པ་མིན། །དཔའ་བོ་ལྷུན་གྱིས་གྲུབ་པར་ནི། །བྱ་བ་དེ་དག་ཀུན་ལ་འཇུག །ཚེ་དང་འཇུག་དང་འཆི་འཕོ་དང་། །བྱང་ཆུབ་ཀྱི་ནི་སྙིང་པོ་དང་། །ཆོས་ཀྱི་འཁོར་ལོ་རབ་བསྐོར་དང་། །སངས་རྒྱས་ཀྱི་ནི་གཟུགས་ཀྱང་སྟོན། །སངས་རྒྱས་ཀུན་གྱི་སྤྱན་སྔ་ན། །ཞིང་རྣམས་ཀུན་ན་སྣང་བ་ནི། །ཉི་ཟླ་ལྟ་བུར་གསལ་བ་སྟེ། །དེ་དག་ནམ་མཁའ་མཚུངས་པར་ལྡན། །ཐེག་པ་མོས་པ་ཅི་བཞིན་པར། །མྱ་ངན་འདས་


DKG059_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སྟོན་མོད་ཀྱི། །མི་ལྡོག་ཕྱག་རྒྱ་གང་ཡིན་པ། །ཕྱག་རྒྱ་དེ་ནི་འདོར་མ་ཡིན། །ནམ་མཁས་ཅི་ཙམ་ཁྱབ་པ་དག །དེ་སྲིད་ཡེ་ཤེས་ཁྱབ་པར་བྱེད། །ཕྱག་རྒྱ་ལས་ནི་མི་ལྡོག་པ། །སངས་རྒྱས་ཀྱིས་ནི་དེ་དག་མཁྱེན། །ཕྱིར་མི་ལྡོག་པའི་ཕྱག་རྒྱ་འདི་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་ནི་ཕྱིར་མི་ལྡོག་པའི་ཕྱག་རྒྱས་ལུང་བསྟན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བུ་མོ་རིན་ཆེན་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བུ་མོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པར་བསྟན་པ་འདི་ལེགས་པར་སྨྲས་པ་ནི་ལེགས་སོ། །ལེགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་རབ་འབྱོར་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བུ་མོ་རིན་ཆེན་གྱི་སྤོབས་པ་འདི་འདྲ་བ་ལས་ན་དེ་ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ་ལགས་ཏེ། ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་ཆོས་འདི་མངོན་སུམ་དུ་མ་གྱུར་པ་འདི་འདྲ་བའི་བསྟན་པ་སྟོན་པར་ནུས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །ཇི་སྐད་སྨྲས་པ་དེ་བཞིན་ཏེ། བུ་མོ་རིན་ཆེན་གྱིས་ནི་ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་པ། བཟོད་པ་རབ་ཏུ་ཐོབ་པ། ཐེག་པ་ཆེན་པོའི་གཏིང་ཐོབ་པའོ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཞེས་བགྱི་བ་ཅིའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཐེག་པ་ཆེན་པོ་དེ་ནི་སེམས་ཅན་ཐམས་ཅད་ལ་སྐབས་འབྱེད་པས་རྒྱ་ཆེ་བའོ། །དགེ་བའི་རྩ་བ་ཐམས་ཅད་ཀུན་དུ་སྟོན་པས་ཐེག་པ་དེ་ནི་སྒྲིབ་པ་མེད་པའོ། །ཉོན་མོངས་པའི་མུན་པ་མུན་ནག་དང་བྲལ་བས་ཐེག་པ་དེ་ནི་དྲི་མ་མེད་པའོ། །ཐམས་ཅད་དུ་རྣམ་པར་གྲོལ་བའི་སྒོའི་མཚན་ཉིད་ཡིན་པས་ཐེག་པ་དེ་ནི་ཀུན་དུ་སྣང་བའོ། །གདོད་མ་ནས་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པས་ཐེག་པ་དེ་ནི་འོད་གསལ་བའོ། །བག་ཆགས་དང་བྲལ་བའི་ཕྱིར་ཐེག་པ་དེ་ནི་ཡོངས་སུ་དཀར་བའོ། །ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུངས་པའི་ཕྱིར་ཐེག་པ་དེ་ནི་ཡོངས་


DKG059_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དག་པའོ། །ཏིང་ངེ་འཛིན་གྱི་ཕུང་པོ་ཤིན་ཏུ་བརྟགས་པའི་ཕྱིར་ཐེག་པ་དེ་ནི་མཉམ་པར་ལེགས་པར་གནས་པའོ། །ཤེས་རབ་ཀྱི་ཕུང་པོས་ལེགས་པར་བརྟགས་པའི་ཕྱིར་ཐེག་པ་དེ་ནི་ཟག་པ་མེད་པའོ། །རྣམ་པར་གྲོལ་བའི་ཕུང་པོ་ཤིན་ཏུ་དཀར་བར་བྱས་པའི་ཕྱིར་ཐེག་པ་དེ་ནི་ངེས་པར་གྲོལ་བའོ། །རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཤིན་ཏུ་རྟོགས་པའི་ཕྱིར་ཐེག་པ་དེ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པའོ། །སྟོབས་བཅུས་ཤིན་ཏུ་ཡོངས་སུ་ཟིན་པས་ཐེག་པ་དེ་ནི་མི་ཐུལ་བའོ། །མི་འཇིགས་པ་བཞིས་སེང་གེའི་སྒྲ་སྒྲོགས་པའི་ཕྱིར་ཐེག་པ་དེ་ནི་འཇིགས་པ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཀྱིས་ཤིན་ཏུ་ཡོངས་སུ་ཟིན་པས་ཐེག་པ་དེ་ནི་བྱིན་གྱི་རླབས་ཐོགས་པ་མེད་པར་འགྲོ་བའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱི་ཕྱིར་ཐེག་པ་དེ་ནི་མཉམ་པའོ། །ཆོས་དང་འཐུན་པས་བདུད་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་ཕྱིར་ཐེག་པ་དེ་ནི་ཆོས་ཆོས་དང་འཐུན་པས་ངེས་པར་འཇོམས་པའོ། །བདུད་ཀྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ཐེག་པ་དེ་ནི་རྣམ་པར་འཇིག་པར་བྱེད་པའོ། །ཐེག་པ་དེ་ནི་ཉོན་མོངས་པའི་བདུད་རབ་ཏུ་ཞི་བར་བྱེད་པའོ། །ཐེག་པ་དེ་ནི་ཕུང་པོའི་བདུད་ཡོངས་སུ་ཤེས་པའོ། །ཐེག་པ་དེ་ནི་འཆི་བདག་གི་བདུད་དང་བྲལ་བའོ། །ཐེག་པ་དེ་ནི་ལྷའི་བུའི་བདུད་རྣམ་པར་སྤངས་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐེག་པ་དེ་ནི་འབྱོར་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐེག་པ་དེ་ནི་ཡོངས་སུ་གདུང་བ་མེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐེག་པ་དེ་ནི་བདུད་དང་ཕྱིར་རྒོལ་བ་བཅོམ་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐེག་པ་དེ་ནི་བརྟན་པ་མི་ཕྱེད་པའོ། །དྲང་པོ་མ་ཡིན་པ་དང་སྙོམ་ལས་ཐམས་ཅད་དང་བྲལ་བས་ཐེག་པ་དེ་ནི་སྐྱོན་མེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པས་ཐེག་པ་དེ་ནི་སེམས་ཀྱི་གདུང་བའི་སྐྱོན་དང་བྲལ་བའོ། །ཐེག་པ་དེ་ནི་ལམ་བཟང་པོ་ཐམས་ཅད་ཀྱི་གནས་སུ་འགྲོ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཕྱིར་ཐེག་པ་དེ་ནི་ཐམས་ཅད་ལ་མཁས་པ་དང་། ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་དང་། འཇིག་


DKG059_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་པ་ཐམས་ཅད་དང་། འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་སོ་སོ་ཡང་དག་པར་རིག་པའོ། །ཐབས་ལ་མཁས་པ་ཡོངས་སུ་རྫོགས་པའི་ཕྱིར་ཐེག་པ་དེ་ནི་ཐེག་པ་ཐམས་ཅད་ཀྱིས་ཅི་རིགས་པར་འབྱུང་བའོ། །མྱ་ངན་ལས་འདས་པའི་འགྲོས་ཀྱིས་ཐེག་པ་དེ་ནི་འོང་བ་དང་། འགྲོ་བ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་གྱ་ནོམ་པས་ཐེག་པ་དེ་ནི་བདེ་བར་འགྲོ་བའོ། །ཞི་གནས་དང་ལྷག་མཐོང་གི་རླུང་གི་ཤུགས་དང་ལྡན་པས་ཐེག་པ་དེ་ནི་བྱིན་གྱི་རླབས་ཀྱིས་འགྲོ་བའོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བལྟར་མི་མཐོང་བས་ཐེག་པ་དེ་ནི་དབང་པོ་དང་། སྟོབས་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བའོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་བདེ་བར་ལྟ་བའི་ཕྱིར་ཐེག་པ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་བཞིས་འགྲོ་བའོ། །དགེ་བའི་ཆོས་ཐམས་ཅད་དང་ལྡན་པའི་ཕྱིར་ཐེག་པ་དེ་ནི་ཡང་དག་པར་སྤོང་བ་ལ་མཉམ་པར་ལེགས་པར་གནས་པའོ། །བར་མི་ཕྱེད་པས་ཐེག་པ་དེ་ནི་དྲན་པ་ཉེ་བར་གཞག་པ་ཤིན་ཏུ་ཡོངས་སུ་སྦྱང་བ་བྱས་པའོ། །ཟག་པ་མེད་པའི་ཆོས་འོང་བའི་ཕྱིར་ཐེག་པ་དེ་ནི་ཁམས་གསུམ་ལས་བྱུང་བའོ། །འདུས་བྱས་ཀྱི་ཁམས་ཀྱི་སྣང་བ་ཐོབ་པས་ཐེག་པ་དེ་ནི་འདུས་བྱས་ཀྱི་ཁམས་འདུས་མ་བྱས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་མི་འདོད་པས་ཐེག་པ་དེ་ནི་བྱང་ཆུབ་ཀྱི་སེམས་མི་བརྗེད་ཅིང་ཁ་ལོ་སྒྱུར་ཏེ་ལེགས་པར་ཁྲིད་པའོ། །སྤྱི་གཙུག་བལྟར་མི་མཐོང་བས་ཐེག་པ་དེ་ནི་མངོན་པར་འཕགས་པའོ། །ཐེག་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཀྱིས་བརྒྱན་པའོ། །ཐེག་པ་དེ་ནི་ཡེ་ཤེས་ཀྱི་ཚོགས་ཀྱིས་སེམས་ཅན་གྱི་བསམ་པ་རབ་ཏུ་ཤེས་པའོ། །གཏན་པ་མེད་པའི་མཆོད་སྦྱིན་བྱེད་པས་ཐེག་པ་དེ་ནི་སྒོ་ཕྱེ་བའོ། །སངས་རྒྱས་ཀྱི་ཡེ་ཤེས་མཉམ་པའི་ཕྱིར་ཐེག་པ་དེ་ནི་རོ་གཅིག་པའོ། །གྲགས་པ་ཕྱོགས་བཅུར་གྲགས་པའི་ཕྱིར་ཐེག་པ་དེ་ནི་བསྒྲགས་པའོ། །ལེགས་པར་བྱས་པའི་ལས་ཀྱི་ཕྱིར་ཐེག་པ་དེ་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པའོ། །བསྔགས་པ་མཐའ་ཡས་པས་ཐེག་པ་དེ་ནི་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་


DKG059_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་ཐམས་ཅད་ཀྱིས་མངོན་པར་བསྟོད་པའོ། །སྦྱིན་པ་སྔོན་དུ་འགྲོ་བས་ཐེག་པ་དེ་ནི་སེར་སྣ་ཅན་རྣམས་ལ་གཏོང་བ་སྦྱིན་པའོ། །སྙིང་རྗེ་ཆེན་པོས་ཤིན་ཏུ་ཟིན་པས་ཐེག་པ་དེ་ནི་ངང་ཚུལ་ངན་པ་རྣམས་ལ་ཚུལ་ཁྲིམས་སྦྱིན་པའོ། །སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པས་ཐེག་པ་དེ་ནི་གནོད་པའི་སེམས་དང་ལྡན་པ་རྣམས་བཟོད་པ་སྦྱིན་པའོ། །གོ་ཆ་བརྟན་པ་མི་འདོར་བས་ཐེག་པ་དེ་ནི་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་སྦྱིན་པའོ། །སེམས་དུལ་ཞིང་ཞི་ལ་ལས་སུ་རུང་བས་ཐེག་པ་དེ་ནི་སེམས་གཡེང་བ་རྣམས་ལ་བསམ་གཏན་སྦྱིན་པའོ། །སེམས་ཅན་ཐམས་ཅད་ཐོས་པ་ལ་སྦྱོར་བས་ཐེག་པ་དེ་ནི་ཤེས་རབ་འཆལ་པ་རྣམས་ལ་ཤེས་རབ་སྦྱིན་པའོ། །སྡིག་པ་ཐམས་ཅད་མི་བྱེད་པས་ཐེག་པ་དེ་ནི་བདེ་བ་ཐམས་ཅད་སྒྲུབ་ཅིང་སྡུག་བསྔལ་ཐམས་ཅད་སེལ་བའོ། །ཐེག་པ་དེ་ནི་ཆགས་པ་མེད་པའི་ཡེ་ཤེས་ཀྱིས་སངས་རྒྱས་ཀྱི་ཡེ་ཤེས་དང་། ཆགས་པ་མེད་པའི་ཡེ་ཤེས་ཀུན་དུ་སྟོན་པ། ཐེག་པ་ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ་སྟེ། དེའི་ཕྱིར་ཐེག་པ་ཆེན་པོ་ཞེས་བྱའོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། འདི་སྐད་ཅེས་བདག་ཀྱང་ཐེག་པ་ཆེན་པོ་ལ་ཞུགས་ཏེ། སེམས་ཅན་ཚད་མ་མཆིས་པ་ཐེག་པ་ཆེན་པོ་འདི་ལ་དགོད་པར་བགྱིའོ་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་བུ་མོ་རིན་ཆེན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཐམས་ཅད་མཁྱེན་པར་མྱུར་དུ་ངེས་པར་མི་འབྱུང་བ་ཐེག་པ་ཆེན་པོའི་བར་དུ་གཅོད་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་རིན་ཆེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་ཐེག་པ་ཆེན་པོའི་བར་དུ་གཅོད་པ་སུམ་ཅུ་རྩ་གཉིས་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པ་མྱུར་དུ་ངེས་པར་མི་འབྱུང་ངོ་། །སུམ་ཅུ་རྩ་གཉིས་གང་ཞེ་ན་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་འདོད་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་འདོད་པ་དང་། བརྒྱ་བྱིན་དང་། ཚངས་པ་ཉིད་མངོན་པར་འདོད་པ་དང་། སྐྱེ་བ་ལ་གནས་ཏེ་ཚངས་པར་སྤྱོད་པ་དང་། དགེ་བའི་རྩ་བ་གཅིག་ལ་ཆགས་


DKG059_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ལོངས་སྤྱོད་བདོག་པ་རྣམས་ལ་སེར་སྣ་བྱེད་པ་དང་། སེམས་ཅན་རྣམས་ལ་མཉམ་པར་མི་སྦྱིན་པ་དང་། ཚུལ་ཁྲིམས་ལྷོད་པ་དང་། བྱང་ཆུབ་ཀྱི་སེམས་མི་སྲུང་བ་དང་། གནོད་སེམས་དང་ཁོང་ཁྲོ་བ་བག་ལ་ཉལ་བར་བྱེད་པ་དང་། སེམས་ཞུམ་པ་དང་བརྗེད་ངས་པ་དང་། ཐོས་པ་དོན་དུ་མི་གཉེར་བ་དང་། དཔྱོད་པ་མེད་པ་དང་། འཕགས་པ་མ་ཡིན་པ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་འཕེལ་བ་དང་། ལུས་དང་ངག་དང་། སེམས་ཀྱི་ལས་ཡོངས་སུ་མ་དག་པ་དང་དམ་པའི་ཆོས་མི་སྲུང་བ་དང་། སློབ་དཔོན་ཆོས་འཆབ་པ་དང་། བསྡུ་བའི་དངོས་པོ་རྣམས་འདོར་བ་དང་། ཡང་དག་པར་དགའ་བར་འགྱུར་བའི་ཆོས་གཏོང་བ་དང་། སྡིག་པའི་གྲོགས་པོ་སྟེན་པ་དང་། བྱང་ཆུབ་ཏུ་ཡོངས་སུ་མི་སྔོ་སྟེ། ཕུང་པོ་གསུམ་པ་དང་མི་འཐུན་པ་དང་། དགེ་བའི་རྩ་བ་ཆུང་ངུས་རློམ་སེམས་སུ་བྱེད་པ་དང་། ཐབས་མེད་པར་ལྷུང་བའི་བློ་དང་། ཕྱིར་ཞིང་དཀོན་མཆོག་གསུམ་གྱི་བསྔགས་པ་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་གནོད་པར་སེམས་པ་དང་། མ་ཐོས་པའི་ཆོས་སྤོང་བ་དང་། བདུད་ཀྱི་ལས་ཁོང་དུ་མི་ཆུད་པ་དང་། འཇིག་རྟེན་རྒྱང་འཕེན་པའི་གསང་ཚིག་འཛིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་མི་བྱེད་པ་དང་། འཁོར་བས་ཡོངས་སུ་སྐྱོ་བ་སྟེ། བུ་མོ་སུམ་ཅུ་རྩ་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོའི་བར་དུ་གཅོད་པ་ཡང་དག་ཕུལ་ཡིན་ཏེ། བར་དུ་གཅོད་པ་དེ་དག་གིས་ཐམས་ཅད་མཁྱེན་པར་མྱུར་དུ་ངེས་པར་མི་འབྱུང་ངོ་། །དེ་ལྟ་མོད་ཀྱི་འོན་ཀྱང་བུ་མོ་ཐེག་པ་ཆེན་པོའི་ཡོན་ཏན་ཇི་ཙམ་པ་བར་དུ་གཅོད་པ་ཡང་དེ་ཙམ་མོ། །དེ་ཅིའི་ཕྱིར་ཞེ་ན། འདུས་བྱས་ཀྱི་སྐྱོན་ཇི་ཙམ་པ་ཐེག་པ་ཆེན་པོའི་བར་དུ་གཅོད་པ་ཡང་དེ་ཙམ་མོ། །མྱ་ངན་ལས་འདས་པའི་ཡོན་ཏན་ཇི་ཙམ་པ་ཐེག་པ་ཆེན་པོའི་ཡོན་ཏན་དང་བསྔགས་པ་ཡང་དེ་ཙམ་མོ། །ཐེག་པ་ཆེན་པོའི་ཡོན་ཏན་དང་བསྔགས་པ་ཇི་ཙམ་པ་དེ་བཞིན་གཤེགས་པས་སེམས་ཀྱི་ཉེ་བའི་ཉོན་མོངས་པ་རབ་ཏུ་མཁྱེན་པ་ཡང་དེ་ཙམ་སྟེ། དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོའི་བར་དུ་གཅོད་པའོ། །དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཡོན་ཏན་རབ་ཏུ་མཁྱེན་པ་ཇི་ཙམ་པ་ཐེག་པ་ཆེན་པོའི་བསྔགས་པ་དང་ཡོན་


DKG059_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཡང་དེ་ཙམ་མོ། །བུ་མོ་དེ་ལྟ་བས་ན་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐེག་པ་ཆེན་པོའི་ཉོན་མོངས་པར་གྱུར་པའི་ཆོས་ཡོངས་སུ་སྤང་བར་བྱའོ། །ཆོས་གང་དག་གིས་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བའི་ཆོས་དེ་དག་ལ་བསྟེན་པར་བྱ། བསྒོམ་པར་བྱ། མང་དུ་བྱའོ། །དེ་ལ་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བའི་ཆོས་དེ་གང་ཞེ་ན། བུ་མོ་ཆོས་སུམ་ཅུ་རྩ་གཉིས་པོ་འདི་དག་ནི་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བ་སྟེ། སུམ་ཅུ་རྩ་གཉིས་གང་ཞེ་ན་འདི་ལྟ་སྟེ། གསོལ་བ་མ་བཏབ་པར་སེམས་ཅན་ཐམས་ཅད་ལ་དགེ་བའི་བཤེས་གཉེན་དུ་གྱུར་པ་དང་། གཞན་གྱིས་བྱས་པ་རྣམས་ལ་མངོན་པར་དགའ་བ་མེད་པ་དང་། དགེ་བའི་རྩ་བའི་ཚོགས་ཐམས་ཅད་ལ་བསམ་པ་བརྟན་པ་དང་། བྱ་བ་ཐམས་ཅད་ཡོངས་སུ་གྲུབ་པ་ལ་ཞུམ་པ་མེད་པ་དང་། བསམ་པ་དག་པས་སེམས་རྙོག་པ་མེད་པ་དང་སྤྱོད་ལམ་ཐམས་ཅད་དུ་རྣམ་པར་མི་རྟོག་པས་ལུས་ཡོངས་སུ་དག་པ་དང་། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པས་ངག་ཡོངས་སུ་དག་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བས་སེམས་ཡོངས་སུ་དག་པ་དང་། ལན་ལ་མི་རེ་བས་སྦྱིན་པ་ཡོངས་སུ་དག་པ་དང་། ངང་ཚུལ་ངན་པ་ཡོངས་སུ་སྐྱོབ་པས་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ལུས་དང་སྲོག་ལ་མི་ལྟ་བས་བཟོད་པ་ཡོངས་སུ་དག་པ་དང་། སྟོབས་བཅུ་དང་མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་པས། བརྩོན་འགྲུས་ཡོངས་སུ་དག་པ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་བསམ་གཏན་ཡོངས་སུ་དག་པ་དང་། བག་ཆགས་ཐམས་ཅད་ཡང་དག་པར་འཇོམས་པས་ཤེས་རབ་ཡོངས་སུ་དག་པ་དང་། བདུད་ཀྱི་ལས་ཐམས་ཅད་ཡོངས་སུ་སྤོང་བས་སེམས་པ་དང་། ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པས་ཡི་དམ་ལ་བརྟན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་བསྡུ་བའི་དངོས་པོ་རྣམས་མི་འདོར་བ་དང་། དམ་པའི་ཆོས་ཡོངས་སུ་སྲུང་བས་སངས་རྒྱས་ལ་བྱས་པ་གཟོ་བ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རབ་ཏུ་རྫོགས་པར་བྱེད་པས་ཡོངས་སུ་མི་སྐྱོ་བ་དང་། ཤེས་རབ་དང་། ཡེ་ཤེས་རབ་ཏུ་རྫོགས་པར་བྱ་བའི་ཕྱིར་ཐོས་པས་མི་


DKG059_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ངོམས་པ་དང་། གོང་མའི་ཁྱད་པར་ཁོང་དུ་ཆུད་པས་དེ་ལ་མི་ཆགས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བར་བྱ་བའི་ཕྱིར་ང་རྒྱལ་མེད་པར་ཉན་པ་དང་། རྒྱུ་དང་རྐྱེན་ཚོགས་པ་ཤིན་ཏུ་མཐོང་བའི་ཕྱིར་ཆོས་ཐམས་ཅད་དང་འགལ་བ་མེད་པ་དང་། འཕགས་པའི་ནོར་བདུན་རབ་ཏུ་ཐོབ་པའི་ཕྱིར་དབུལ་བ་མེད་པ་དང་། བདག་ལ་དབང་བས་རང་དབང་ཡོད་དེ་བྲན་མ་ཡིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་བསྒྲུབས་པའི་མངོན་པར་ཤེས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་ཞི་བར་བྱེད་པ་དང་། དེ་བཞིན་གཤེགས་པའི་རིག་པ་དང་། རྣམ་པར་གྲོལ་བ་བསྒྲུབས་པས་ཞི་གནས་ཀྱི་ཚོགས་དང་། ལྷག་མཐོང་གི་ཚོགས་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པའི་ཕྱིར་རྣམ་པར་ཐར་པའི་སྒོ་གསུམ་གྱི་སྒོ་མོ་ཀུན་དུ་སྟོན་པ་དང་། སེམས་ཅན་ཐམས་ཅད་སྙེད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པས་ནང་ཉེ་བར་ཞི་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པའི་ཕྱིར་ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། ཆོས་ཐམས་ཅད་ལ་ནན་ཏན་སྙིང་པོར་བྱེད་ཅིང་གནས་པ་ལུང་བསྟན་པ་སྟེ། བུ་མོ་ཆོས་སུམ་ཅུ་རྩ་གཉིས་པོ་དེ་དག་ནི་ཐེག་པ་ཆེན་པོ་རྣམ་པར་དག་པར་འགྱུར་བའོ། །ཐེག་པ་ཆེན་པོ་རྣམ་པར་དག་པའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་མིའི་སྐྱེ་དགུ་སྲོག་ཆགས་བདུན་ཁྲི་ཉིས་སྟོང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བྱང་ཆུབ་སེམས་དཔའ་ཁྲི་ཉིས་སྟོང་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ། །སྟེང་གི་བར་སྣང་ལས་ཀྱང་ལྷ་བརྒྱ་སྟོང་གིས་ཅ་ཅོ་དང་། ག་ཞའི་སྒྲ་ཕྱུང་སྟེ་མེ་ཏོག་ཀྱང་གཏོར། སིལ་སྙན་ཡང་དཀྲོལ་ནས་གང་ཐེག་པ་ཆེན་པོའི་ཡོན་ཏན་དང་བསྔགས་པ་བསྟན་པའི་ཆོས་ཀྱི་སྒོའི་ལེའུ་འདི་ཐོས་ལ་ཐོས་ནས་ཀྱང་མོས་པ་དང་མོས་ནས་ཀྱང་ལེན་ཅིང་འཛིན་ཏེ། །ཡང་དག་པར་ནན་ཏན་བྱེད་པའི་སེམས་ཅན་དེ་དག་ནི་སངས་རྒྱས་ཀྱི་ཡོན་ཏན་ལ་ངེས་པར་གནས་པར་འགྱུར་རོ་ཞེས་ཆེད་དུ་བརྗོད་པ་དེ་སྐད་ཆེད་དུ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་།


DKG059_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་བཞིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱེ་མའོ་ཇི་ཙམ་དུ་ཆོས་ཀྱི་རྣམ་གྲངས་དོན་མང་པོ་དང་ལྡན་པ། སྒྲིབ་པའི་ཉོན་མོངས་པ་ཞི་བར་བགྱིད་པ། ངེས་པའི་དོན་དང་ལྡན་པ། བདུད་དང་ཕྱིར་རྒོལ་བ་བཅོམ་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རབ་ཏུ་འདུལ་བ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀུན་དུ་འཛིན་པ། ཤིན་ཏུ་གདོན་མི་འཚལ་བ། ཟབ་མོ་ངེས་པའི་ཚིག་བསྟན་པ་འདི་བསྟན་པ་ངོ་མཚར་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་བླང་བར་བགྱི། གཟུང་བར་བགྱིའོ། །ཆོས་ཀྱི་རྣམ་གྲངས་འདི་ཆོས་སྨྲ་བ་གང་གི་སུག་པར་མཆིས་པ་དང་། མཛོད་དུ་ཚུད་པ་དང་། གླེགས་བམ་དུ་མཆིས་པར་འགྱུར་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མོས་པ་དང་། འཛིན་པར་འགྱུར་བ་དེ་དག་ཡོངས་སུ་གཟུང་བའི་སུག་ལས་བགྱིའོ། །གང་སེམས་སྡང་བས་སྐབས་ཚོལ་བ་དེ་དག་ཅི་ནས་ཀྱང་ཆོས་སྨྲ་བ་དེ་དག་ཅི་ལྟ་བུར་མི་འགྱུར་བར་ཤིན་ཏུ་ཚར་དགུམ་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞི་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ་གྲོགས་པོ་དག་ཆོས་སྨྲ་བ་ཡོངས་སུ་གཟུང་བའི་ཕྱིར་དམ་བཅས་པར་གྱུར་པ་ནི་ལེགས་སོ་ལེགས་སོ། །གྲོགས་པོ་དག་ཆོས་སྨྲ་བ་ཡོངས་སུ་གཟུང་བས། དམ་པའི་ཆོས་ཡོངས་སུ་གཟུང་བ་ཡིན་ནོ། །དམ་པའི་ཆོས་ཡོངས་སུ་གཟུང་བས་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བ་བྱས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བུ་མོ་རིན་ཆེན་གྱིས་དམ་པའི་ཆོས་ཡོངས་སུ་དྲིས་པའི་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག །ཆོངས་ཤིག །ལྷོགས་ཤིག །གཞན་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ཅིག །ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སྦྱིན་པ་ལ་མོས་པ། དམིགས་པ་ལ་གནས་པའི་བཟོད་པས་བསྐལ་པ་བརྒྱ་སྟོང་དུ་སྦྱིན་པ་བྱིན་པ་བས་གང་ཡང་བྱང་ཆུབ་སེམས་དཔའ་གཞན་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་ཞུགས་ཏེ། གཞན་དག་ལ་ཡང་རབ་ཏུ་སྟོན་ཅིང་།


DKG059_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རབ་ཏུ་ཐར་བར་བྱ་བ་ལ་དམིགས་ནས་སྙིང་རྗེ་ཆེན་པོ་ལ་གནས་པ་དང་། གང་བྱམས་པ་ཆེན་པོ་དང་ལྡན་ཞིང་ཆོས་ངེས་པར་སེམས་པའི་བཟོད་པ་ལ་རབ་ཏུ་ཞུགས་ན། དེ་དེ་བས་བསོད་ནམས་ཆེས་མང་དུ་འཕེལ་ཏེ། འདི་ལྟར་ཐེག་པ་ཆེན་པོ་ལ་ཆེས་མྱུར་དུ་ངེས་པར་འབྱུང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་གཟུང་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཅི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་བས་ན་ཆོས་ཀྱི་རྣམ་གྲངས་འདི་བདེན་པ་དང་། ཆོས་དང་། དོན་དང་། འདུལ་བ་ལ་མཁས་པའི་སྒོའི་ལེའུ་ཞེས་བྱ་བར་ཟུང་ཤིག །ཡོན་ཏན་རིན་པོ་ཆེ་མཐའ་ཡས་པར་སེམས་བསྐྱེད་པ་བསྟན་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་སྟོབས་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། མཚན་རབ་ཏུ་དབྱེ་བ་བསྟན་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་སྤྱོད་པ་མཐའ་དག་ཅེས་བྱ་བ་དང་། ཕྱིར་མི་ལྡོག་པའི་ཕྱག་རྒྱ་བསྟན་པ་ཞེས་བྱ་བ་དང་། ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་དང་། འདུལ་བའི་ལེའུ་ཞེས་བྱ་བ་དང་། བུ་མོ་རིན་ཆེན་གྱིས་ཞུས་པ་ཞེས་བྱ་བར་ཡང་ཟུང་ཤིག །ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་སྒོའི་ལེའུ་འདི་བཟུང་ཞིང་། གཞན་དག་ལ་ཡང་བཤད་ན་ཡོན་ཏན་གྱི་ཆོས་དཔག་ཏུ་མེད་པ་ལ་ཆོས་ཀྱི་སྣང་བ་ཐོབ་པར་འགྱུར་རོ། །སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པས་ཉེ་བར་གནས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་འདིར་འདུས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བུ་མོ་རིན་ཆེན་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ།། །།འཕགས་པ་ཐེག་པ་ཆེན་པོའི་མན་ངག་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཤྲཱི་མ་ཏཱི་བྲཱཤྤུ་ཎཱི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན། དགེ་སློང་བདུན་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་མནབས་ཏེ་ལྷུང་བཟེད་བསྣམས་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་། ཐབས་ཅིག་ཏུ་གྲོང་ཁྱེར་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱིར་མཐར་འཆགས་སུ་བསོད་སྙོམས་མཛད་ཅིང་། བྲམ་ཟེ་མོ་དཔལ་ལྡན་མའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། བསོད་སྙོམས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བཞུགས་པ་དང་། བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་མཛེས་པ་དད་པར་བྱ་བ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་ཀྱི་ཕ་རོལ་དུ་སོན་པ། ཞི་གནས་མཆོག་གི་ཕ་རོལ་དུ་བྱོན་པ། ཞི་བ་དུལ་བ། བསྲུངས་པ་དང་། སྡིག་པ་མེད་པ་དབང་པོ་དུལ་བ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ་མི་བསྐྱོད་པ། མི་གཡོ་བ། བརྙེས་པ་དཔལ་གྱིས་འབར་བ། ལྷམ་མེ། ལྷན་ནེ། ལྷང་ངེ་ཞིང་གཤེགས་པ་རྒྱང་རིང་པོ་དེ་ཉིད་ནས་མཐོང་ངོ་། །མཐོང་ནས་ཀྱང་སེམས་དང་བར་གྱུར་ཏེ། དེ་སེམས་དང་བས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པའི་རྐང་པ་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་པར་བྱོན་ཏོ། །


DKG059_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལེགས་པར་བྱོན་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སོ་སོ་ཅི་རིགས་པར་བཞུགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བར་བཞུགས་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་འདིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བདག་གིས་ཐོས་ན། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་བསྐོར་བའི་ཆོས་ཇི་ལྟ་བུ་ཞིག་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་མོ་དཔལ་ལྡན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ལྡན་མ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་


DKG059_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགགས་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ་ཞེས་བྱ་བ་དཔལ་ལྡན་མ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་དེ་བཞིན་གཤེགས་པས་བསྐོར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་མ་རིག་པ་ནང་ན་མཆིས་སམ། སླད་རོལ་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་མ་རིག་པ་ནང་དང་སླད་རོལ་ན་མ་མཆིས་པ་ལགས་ན་མ་མཆིས་པ་དེ་ཇི་ལྟར་འདུ་བྱེད་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། བཅོམ་ལྡན་འདས་ཆོས་གང་ཡང་འཇིག་རྟེན་ཕ་རོལ་ན་མཆིས་ལགས་སམ། བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་མ་རིག་པའི་རྣམ་པ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མེད་དེ། དཔལ་ལྡན་མ་མ་རིག་པ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་འབྱུང་གི་ཡང་དག་པའི་རྣམ་པར་ནི་མི་འབྱུང་ངོ་། །དཔལ་ལྡན་མ་མ་རིག་པ་ནི་ཕྱིན་ཅི་ལོག་གི་རྣམ་པར་འབྱུང་གི། ཕྱིན་ཅི་མ་ལོག་པའི་རྣམ་པར་མི་འབྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་མ་རིག་པ་མ་མཆིས་ན། འདུ་བྱེད་རྣམས་ཅི་ལས་འབྱུང་། སྡུག་བསྔལ་ཡང་ཅི་ལས་འབྱུང་། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞུགས་ཤིང་ནྱ་གྲོ་དྷའི་རྩ་བ་མ་མཆིས་ན་དེའི་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཅི་ལྟར་མངོན་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་དུ་མ་རིག་པ་མ་བྱུང་ཞིང་མཆིས་པ་མ་ལགས་ན་མ་རིག་པ་འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ལགས་པར་ཇི་ལྟར་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཏེ། དཔལ་ལྡན་མ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་


DKG059_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སྟོང་ན་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མི་ཤེས་པ་མ་རྟོགས་པ་དག་ལས་མངོན་པར་འདུ་བྱེད་དེ། ལས་རྣམས་ཡོད་པས་སྲིད་པ་མངོན་པར་འགྲུབ་པར་བྱེད་དོ། །སྲིད་པ་ཡོད་པས་སྡུག་བསྔལ་མྱོང་བར་ཟད་དེ། འདི་ལ་ལས་མངོན་པར་འདུ་བྱེད་པ་ཡང་སུ་ཡང་མེད་ཅིང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཡང་མེད་དེ། དེ་ནི་ཆོས་རྣམས་ཀྱི་དོན་དམ་པའོ། །དཔལ་ལྡན་མ་འོན་ཀྱང་སེམས་ཅན་རྣམས་ཇི་ལྟར་དོན་དམ་པ་རྟོགས་པར་འགྱུར་སྙམ་ནས་ཐ་སྙད་ཉེ་བར་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དཔལ་ལྡན་མ་ཐ་སྙད་ནི་ཡང་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པར་བྱེད་པ་པོ་ཡང་མེད། དེ་ལ་ཤེས་པར་བྱེད་པ་ཡང་མེད་པའི་ཕྱིར་རོ། །དཔལ་ལྡན་མ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་ཏེ། དེ་བཞིན་གཤེགས་པས་སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་སྤྲུལ་ན་དེ་ལ་དེ་བཞིན་གཤེགས་པས་སྤྲུལ་པ་ཡང་གསོག་སྟེ་བརྫུན་པ་སླུ་བའི་ཆོས་ཅན་ནོ། །སྤྲུལ་པས་སྤྲུལ་པ་གང་ཡིན་པ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །དཔལ་ལྡན་མ་དེ་བཞིན་དུ་གང་གིས་ཆོས་མངོན་པར་འདུས་བྱས་པ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཆོས་གང་མངོན་པར་འདུ་བྱ་བ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །གསོལ་པ་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་འཁོར་ལོ་དང་། ངེས་པར་འབྱིན་པའི་འཁོར་ལོ་དང་། ངེས་པར་འབྱེད་པའི་འཁོར་ལོ་དང་། བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་། བསྐོར་བ་མ་ལགས་པའི་འཁོར་ལོ་དང་། མཚུངས་པ་མ་མཆིས་པའི་འཁོར་ལོ་དང་། ཇི་ལྟ་བ་བཞིན་གྱི་འཁོར་ལོ་དང་། སྐྱེ་བ་མ་མཆིས་པའི་འཁོར་ལོ་དང་། དངོས་པོ་མ་མཆིས་པའི་འཁོར་ལོ་དང་། མཚན་ཉིད་མ་མཆིས་པའི་འཁོར་ལོ་འདི་བསྐོར་བ་ནི་ནམ་མཁའི་འཁོར་ལོ་འདི་བསྐོར་ལགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་ཙན་དན་གྱི་ཕྱེ་མ་སྤར་གང་བླངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏོར་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་


DKG059_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དགེ་བའི་རྩ་བ་འདིས་བདག་མ་འོངས་པའི་དུས་ན་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་འཁོར་ལོ་ནས་མཚན་ཉིད་མ་མཆིས་པའི་འཁོར་ལོའི་བར་དུ་ཆོས་ཀྱི་འཁོར་ལོ་འདི་ལྟ་བུ་བསྐོར་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་ཁྱོད་ཀྱིས་བྲམ་ཟེ་མོ་དཔལ་ལྡན་མ་འདིས་ཙན་དན་གྱི་ཕྱེ་མ་སྤར་གང་བླངས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་གཏོར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་བྲམ་ཟེ་མོ་འདི་དགེ་བའི་རྩ་བ་འདིས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིར་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །སངས་རྒྱས་དྲུག་ཁྲི་བཞི་སྟོང་ལ་བསྟི་སྟང་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། དེ་དག་ལས་ཆོས་ཀྱང་ཉན་པར་འགྱུར། ཐོས་ནས་འཛིན་པར་འགྱུར། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །


DKG059_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་ཡང་མཆོད་པ་ཆེན་པོ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་བྱང་ཆུབ་ལ་འགོད་པར་འགྱུར་རོ། །དེའི་ཕྱི་མའི་ཚེ་ཕྱི་མའི་དུས་སུ་བདག་སྣང་བ་ཞེས་བྱ་བའི་བསྐལ་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་ཚེའི་ཚད་ནི་བསྐལ་པ་སྟོང་ཚང་བར་འགྱུར་རོ། །དེས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གི་དོན་བྱས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །བྲམ་ཟེ་མོ་དཔལ་ལྡན་མའི་སྔོན་གྱི་དགེ་བའི་རྩ་བ་གཞན་ཡང་མཆིས་ལགས་སམ། བཀའ་སྩལ་པ། མ་ཕམ་པ་ཡོད་དེ། བྲམ་ཟེ་མོ་དཔལ་ལྡན་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པས་སྔོན་བུད་མེད་ཀྱི་ལུས་ཉིད་ལ་གནས་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སྐུ་ལ་མེ་ཏོག་གི་ཕྲེང་བ་གསོལ་ཏོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་སྐུ་ལ་ཡང་ཆོས་གོས་གསོལ་ཏེ། དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ལོ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་དོ། །བཅོམ་ལྡན་འདས་དེ་ལ་ཟབ་མོའི་གནས་རྣམས་ཀྱང་ཞུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་ཞལ་ཟས་ཀྱིས་ཚིམ་པར་བྱས་སོ། །བསྟབས་པར་ཡང་བྱས་སོ། །དེ་བཞིན་གཤེགས་པ་འཁོར་བ་འཇིག་ལ་ཡང་ཨ་ཏི་མུག་ཏ་ཀའི་མེ་ཏོག་དག་གིས་གཏོར་ནས། བཅོམ་ལྡན་འདས་དེ་ལས་བསླབ་པའི་གཞི་ལྔ་པོ་དག་བླངས་སོ། །དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཡང་ཇི་སྲིད་འཚོའི་བར་དུ། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མགྲོན་དུ་གཉེར་ཏེ། བཅོམ་ལྡན་འདས་དེས་ཟླ་བ་གཉིས་བཤོས་གསོལ་ཏོ། །ཆགས་ཟུང་གཅིག་ཀྱང་ཕུལ་ལོ། །


DKG059_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པས་དེ་བཞིན་གཤེགས་པ་འོད་སྲུང་ལ་གསེར་གྱི་ཕྲེང་བས་གཏོར་ཏེ། འདི་སྐད་ཅེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་གྱི་བར་དུ་བུད་མེད་ཀྱི་དངོས་པོ་ལས་མ་གྱུར་ཅིག་ཅེས་སྨྲས་ཏེ། མ་ཕམ་པ་འདི་ཡང་བྲམ་ཟེ་མོ་དཔལ་ལྡན་མའི་སྔོན་གྱི་དགེ་བའི་རྩ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་། བྲམ་ཟེ་མོ་དཔལ་ལྡན་མ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་ཐེག་པ་ཆེན་པོའི་མདོ།


DKG059_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མ་ཧ་ལ་ལི་ཀཱ་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་བི་ཛི་ན་ཡུལ་རྒྱུ་བ་རྒྱུ་ཞིང་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ག་ལ་བ་དེར་གཤེགས་པ་དང་། དེའི་ཚེ་གྲོང་གི་བུད་མེད་རྒན་མོ་གཏུགས་པ། འཁོགས་པ། ན་ཚོད་ལས་འདས་པར་གྱུར་པ། སྐྱེས་ནས་ལོ་བརྒྱ་ཉི་ཤུ་ལོན་པ་ཞིག་དགོན་པ་ན་རྩྭ་སྡུད་ཅིང་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་མཛེས་པ། དང་བར་བྱེད་པ་དབང་པོ་དུལ་བ། ཐུགས་དུལ་བ། དུལ་བ་དང་ཞི་གནས་མཆོག་བརྙེས་པ། སྦས་པ། སྐྱོན་མེད་པ། དབང་པོ་དུལ་བ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ། དཔལ་གྱིས་ལྷམ་མེ། ལྷན་ནེ། ལྷང་ངེ་བ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་ལེགས་པར་བརྒྱན་པ་ཐག་རིང་པོ་ནས་བྱོན་པ་མཐོང་ངོ་། །མཐོང་ནས་ཀྱང་སེམས་དད་པར་གྱུར་ནས་བཅོམ་ལྡན་འདས་ལ་དད་པའི་


DKG059_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། བུད་མེད་དེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྐྱེ་བ་གང་ནས་མཆིས། རྒ་བ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་ན་བ་གང་ནས་མཆིས། འཆི་བ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་གཟུགས་གང་ནས་མཆིས། ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་སའི་ཁམས་གང་ནས་མཆིས། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་མིག་གང་ནས་མཆིས། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་མཆིས། གང་དུ་མཆི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ་སྐྱེ་བ་གང་ནས་ཀྱང་མི་འོང་། རྒ་བ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ། །སྲིང་མོ་ན་བ་གང་ནས་ཀྱང་མི་འོང་། འཆི་བ་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ། །སྲིང་མོ་གཟུགས་གང་ནས་ཀྱང་མི་འོང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ནས་ཀྱང་མི་འོང་། གང་དུའང་མི་འགྲོའོ། །སྲིང་མོ་སའི་ཁམས་གང་ནས་ཀྱང་མི་འོང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ། །སྲིང་མོ་མིག་གང་ནས་ཀྱང་མི་འོང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོའོ། །སྲིང་མོ་འདི་ལྟ་སྟེ། དཔེར་ན་གཙུབ་ཤིང་དང་། གཙུབ་སྟན་ལ་ཡང་བརྟེན་ལ། དེ་བསྐྱེད་པའི་མིའི་རྩོལ་བ་ལ་ཡང་བརྟེན་ན་མེ་འབྱུང་སྟེ། མེ་དེ་ཡང་རྩྭ་དང་ཤིང་དེ་བསྲེགས་ནས་རྒྱུ་མེད་པ་དང་ཤི་བར་འགྱུར་རོ། །སྲིང་མོ་འདི་ཅི་སྙམ་དུ་སེམས། མེ་དེ་གང་ནས་འོང་། གང་དུ་སོང་། གསོལ་པ། བཅོམ་ལྡན་འདས་ཞུགས་དེ་ནི་ཚོགས་པའི་དབང་གིས་བྱུང་། ཚོགས་པ་དང་བྲལ་བས་འགགས་ཏེ་འགུམ་མོ། །བཀའ་སྩལ་པ། སྲིང་མོ་དེ་བཞིན་དུ་ཆོས་ཐམས་


DKG059_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་ཚོགས་པའི་དབང་གིས་འབྱུང་། ཚོགས་པ་དང་བྲལ་བས་འགགས་ཏེ། འདི་ལ་ཆོས་གང་ཡང་གང་ནས་ཀྱང་འོང་བའམ། གང་དུ་ཡང་འགྲོ་བ་མེད་དོ། །སྲིང་མོ་འདི་ལྟ་སྟེ། མིག་དང་གཟུགས་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་བྱུང་ཡང་མིག་གི་རྣམ་པར་ཤེས་པ་དེ་ལ་སྐྱེད་པར་བྱེད་པ་ཡང་མེད། འགགས་པར་བྱེད་པ་ཡང་མེད། གང་དུ་ཡང་སོགས་པ་མེད། ཕུང་པོ་གང་ལས་ཀྱང་འོང་བའམ། འགྲོ་བ་ཡང་མེད་ལ། གང་གི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མངོན་པར་འདུས་བྱས་ནས་ཁམས་གསུམ་དུ་འབྲས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །དེ་བཞིན་དུ་རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་དང་། ཡིད་དང་། ཆོས་རྣམས་ལ་རྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་བྱུང་ཡང་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་སྐྱེད་པར་བྱེད་པ་ཡང་མེད། འགགས་པར་བྱེད་པ་ཡང་མེད། གང་ཡང་སོགས་པ་ཡང་། ཕུང་པོ་གང་ལས་ཀྱང་འོང་བའམ། འགྲོ་བ་ཡང་མེད་ལ། ཡིད་ཀྱི་རྣམ་པར་ཤེས་པའི་རྐྱེན་གྱིས་ལས་མངོན་པར་འདུ་བྱས་ནས་ཁམས་གསུམ་དུ་འབྲས་བུ་རྣམ་པ་གསུམ་གྱིས་འབྲས་བུ་ཉེ་བར་སྟོན་ཏེ། འབྲས་བུ་དེ་ཡང་སྟོང་པ་འོང་བ་མེད་པ་འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ་འདི་ལྟ་སྟེ་དཔེར་ན། ཤིང་དང་། པགས་པ་དང་། དབྱུག་གུ་ལ་ཡང་བརྟེན། དེ་སྐྱེད་པའི་མིའི་རྩོལ་བ་ལ་ཡང་བརྟེན་ནས་རྔའི་སྒྲ་འབྱུང་སྟེ། རྔའི་སྒྲ་དེ་འདས་པ་ཡང་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་བྱུང་བ་ཡང་སྟོང་སྟེ། སྒྲ་ནི་ཤིང་ལ་ཡང་མི་གནས། པགས་པ་ལ་ཡང་མི་གནས། དབྱུག་གུ་ལ་ཡང་མི་གནས། མིའི་ལག་པ་ལ་ཡང་མི་གནས་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་སྒྲ་འདོགས་ཏེ། གང་སྒྲ་དེ་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ་དེ་བཞིན་དུ་ཆོས་ཐམས་ཅད་ནི་རྐྱེན་གྱི་ཁོ་ན་ལ་རག་ལས་པ་སྟེ། འདི་ལྟར་མ་རིག་པ་དང་། སྲེད་པ་དང་། ལས་དང་། རྣམ་པར་ཤེས་པའོ། །ཆོས་དེ་དག་ཡོད་ན་འཆི་འཕོ་དང་། སྐྱེ་བ་འདོགས་ཏེ།


DKG059_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གང་འཆི་འཕོ་དང་སྐྱེ་བ་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ་དེ་ལྟར་སུས་རྔ་སྒྲའི་ཚུལ་རབ་ཏུ་ཤེས་པ་དེས་སྟོང་པ་ཉིད་རབ་ཏུ་ཤེས་སོ། །སུས་སྟོང་པ་ཉིད་རབ་ཏུ་ཤེས་པ་དེས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་སོ། །སུས་མྱ་ངན་ལས་འདས་པ་རབ་ཏུ་ཤེས་པ་དེ། ཐ་སྙད་རྣམ་པ་སྣ་ཚོགས་ཀྱིས་ཐ་སྙད་འདོགས་ཀྱང་དངོས་པོ་གང་ལ་ཡང་མངོན་པར་ཞེན་པ་མེད་དེ། བདག་གི་འདི་དང་། དེ་ནི་བདག་གོ་ཞེའམ། སེམས་ཅན་ནོ་ཞེའམ། སྲོག་གོ་ཞེའམ། གསོ་བའོ་ཞེའམ། སྐྱེས་བུའོ་ཞེའམ། གང་ཟག་གོ་ཞེའམ། ཤེད་ལས་སྐྱེས་སོ་ཞེའམ། ཤེད་བུའོ་ཞེའམ། བྱེད་པ་པོ་ཞེའམ། བྱེད་དུ་འཇུག་པ་པོ་ཞེའམ། ལེན་པ་པོ་ཞེའམ། འདོར་བ་པོ་ཞེས་དེ་མངོན་པར་ཞེན་པ་མེད་པར་ཆོས་སྟོན། ཆོས་རབ་ཏུ་སྟོན། ཡང་དག་པའི་མཐའ་སྟོན། ཡང་དག་པའི་མཐའ་རབ་ཏུ་སྟོན་ཏོ། །སྲིང་མོ་འདི་ལྟ་སྟེ་དཔེར་ན་རི་མོ་མཁན་ནམ། རི་མོ་མཁན་གྱི་སློབ་མ་ཞིག་གིས་རས་བཅོས་མ་ཤིན་ཏུ་ཕྱི་བདར་བྱས་པའམ། ཤིང་ལེབ་བམ། རྩིག་ངོས་ཤིན་ཏུ་ཕྱི་བདར་བྱས་པ་ཞིག་ལ་ཚོན་སྣ་ཚོགས་འགྱེད་ཅིང་གཟུགས་ཀྱི་རྣམ་པ་གང་དང་གང་འདོད་པ་འདི་ལྟ་སྟེ། སྐྱེས་པའི་གཟུགས་ཀྱི་རྣམ་པའམ། བུད་མེད་ཀྱི་གཟུགས་ཀྱི་རྣམ་པའམ། གླང་པོ་ཆེའི་གཟུགས་ཀྱི་རྣམ་པའམ། རྟའི་གཟུགས་ཀྱི་རྣམ་པའམ། བོང་བུའི་གཟུགས་ཀྱི་རྣམ་པའམ། དེ་དག་ཡན་ལག་དང་། ཉིང་ལག་དང་། དབང་པོ་ཐམས་ཅད་མ་ཚང་བ་མེད་པར་ཚེགས་ཆུང་ངུས་མངོན་པར་སྒྲུབ་ཅིང་འདྲི་སྟེ། མངོན་པར་སྒྲུབ་པར་བྱེད་ཀྱང་། དེ་ལ་ཆོས་གང་ཡང་རི་མོ་མཁན་གྱི་ལག་པའམ། སེམས་ལས་གཟུགས་སུ་འཕོས་པ་མེད་མོད་ཀྱི། འོན་ཀྱང་དེའི་རྐྱེན་གྱིས་གཟུགས་འདོགས་ཏེ། གང་གཟུགས་འདོགས་པ་དེ་ཡང་སྟོང་པ། འོང་བ་མེད་པ། འགྲོ་བ་མེད་པ། སུས་ཀྱང་མ་བསྐྱེད་པ། སུས་ཀྱང་མ་བཀག་པ་སྟེ། སྲིང་མོ་ཆོས་ཐམས་ཅད་ནི་རང་བཞིན་གྱིས་འགགས་པའོ། །སྲིང་མོ་དེ་བཞིན་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན་འདི་ལྟ་སྟེ་ལྷའམ་མིའི་ནང་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་ལུས་མངོན་པར་གྲུབ་ཀྱང་དེ་ལ་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི་འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་


DKG059_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པའི་ལུས་སུ་རྣམ་པར་རིག་གོ །དེ་བཞིན་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་འདུ་བྱེད་རྣམས་ཡོད་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པའི་ལུས་མངོན་པར་འགྲུབ་ཀྱང་དེ་ལ་གང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ནི་རྡུལ་ཙམ་ཡང་མེད་མོད་ཀྱི། འོན་ཀྱང་མངོན་པར་འདུ་བྱེད་པའི་རྐྱེན་གྱིས་སྐྱེ་བ་སྣ་ཚོགས་ཡོད་དེ། སྐྱེ་མཆེད་ཡོད་པས་ལུས་སུ་རྣམ་པར་རིག་གོ །སྲིང་མོ་འདི་ལྟ་སྟེ་དཔེར་ན་ཀླུ་རྣམས་ཀྱི་ཀླུའི་མཐུས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་སྟེ། སྤྲིན་གྱི་དྲ་བ་དེ་དག་གིས་ས་ཁེབས་པར་བྱས་ནས་ཆར་ཆེན་པོ་རྒྱ་ཆེར་འབེབས་ཏེ། ཆར་ཆེན་པོ་རྒྱ་ཆེར་ཕབ་ནས་ཀྱང་སྒང་དང་གཤོངས་ངོམས་པར་བྱེད་དེ། སྒང་དང་གཤོངས་ངོམས་པར་བྱས་ནས། སླར་འགྲོ་ཡང་དེ་དག་ཀླུའི་ལུས་སམ་སེམས་ལས་བྱུང་བ་ཡང་མེད་མོད་ཀྱི། ཀླུ་རྣམས་ཀྱིས་ཀླུའི་མཐུ་ཉིད་ཀྱིས་སྤྲིན་གྱི་ཚོགས་རྒྱ་ཆེན་པོ་འབྱུང་ངོ་། །སྲིང་མོ་དེ་བཞིན་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་ཡོད་ན་འདི་ལྟ་སྟེ། ལྷའམ་མིའི་ནང་དུ་བསོད་ནམས་སུ་ཉེ་བར་འགྲོ་བའི་ལུས་རྣམས་མངོན་པར་འགྲུབ་བོ། །དེ་བཞིན་དུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན་འདི་ལྟ་སྟེ་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ལྷ་མ་ཡིན་རྣམས་སུ་བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བའི་ལུས་མངོན་པར་འགྲུབ་ཀྱང་དེ་ལ་མངོན་པར་འདུ་བྱ་བ་ཡང་སྟོང་པ། མངོན་པར་འདུ་བྱེད་པ་པོ་ཡང་སྟོང་པ། མངོན་པར་འདུ་བྱེད་པའི་འབྲས་བུ་ཡང་སྟོང་པའོ། །སྲིང་མོ་མི་གཡོ་བར་ཉེ་བར་འགྲོ་བའི་མངོན་པར་འདུ་བྱེད་པ་རྣམས་ཡོད་ན་གཟུགས་མེད་པ་རྣམས་སུ་རྣམ་པར་ཤེས་པ་མཚམས་སྦྱོར་ཏེ། གང་གིས་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱོར་བ་དེ་ཡང་སྟོང་པ། གང་རྣམ་པར་ཤེས་པ་དེ་གཟུགས་མེད་པ་རྣམས་སུ་མཚམས་སྦྱོར་བ་དེ་ཡང་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། སྲིང་མོ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཏེ། འོན་ཀྱང་ཆོས་རྣམས་འདོགས་སོ། །མཁས་པ་རྣམས་ནི་དེ་ལ་མངོན་པར་མི་ཞེན་ཏེ། མངོན་པར་ཞེན་པ་མེད་པས་མི་རྩོད་དོ། །རྩོད་པ་མེད་པ་ནི་དགེ་སྦྱོང་གི་ཆོས་ཀྱི་མཆོག་གོ །གསོལ་པ། འདི་ལྟར་བཅོམ་


DKG059_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་ཆོས་ཟབ་མོ་བཀའ་སྩལ་པས་བཅོམ་ལྡན་འདས་བདག་ཀྱང་ཆོས་འདི་དག་ལ་ཤེས་རབ་ཀྱི་མིག་འཇུག་སྟེ་སླར་ཞིང་ཡིད་གཉིས་མ་མཆིས། ཐེ་ཚོམ་མ་མཆིས་སོ། །བཅོམ་ལྡན་འདས་བདག་སྔོན་ནི་ཆོས་འདི་དག་མ་ཐོས་པས་ཐེ་ཚོམ་མཆིས་སོ། །ད་ནི་བདག་རྒས། བདག་འཁོགས། བདག་སྡུག་བསྔལ། བདག་དབུལ། བདག་མགོན་མ་མཆིས་ཏེ། བདག་མི་འཚོ་ཞིང་འགུམ་མི་མངའོ། །བཅོམ་ལྡན་འདས་བདག་གིས་ཆོས་འདི་ཐོས་པས་འདི་ན་རྒས་པའམ། དབུལ་བའམ། བདེ་བའམ། ནད་མ་མཆིས་པའམ། ན་བའམ། ཕྱུག་པའམ། དབུལ་བ་གང་ཡང་མ་མཆིས་སོ། །ཞེས་བདག་ཏུ་འདུ་ཤེས་པ་དང་བྲལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་ཟབ་མོ་འདི་ལྟ་བུ་བཀའ་སྩལ་པ། དེས་ཀྱང་འདི་ལྟར་རབ་ཏུ་བཙལ་བས་བུད་མེད་འདི་ནི་བསོད་ནམས་དང་ལྡན་པ་མཁས་པ། ཤེས་རབ་ཅན་གྱི་རང་བཞིན་ཅན་ལགས་པ་སྙམ་བདག་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེ་དེ་བཞིན་ནོ། །ཀུན་དགའ་བོ་ཇི་སྐད་སྨྲས་པ་དེ་དེ་བཞིན་ཏེ། བུད་མེད་འདི་ནི་བསོད་ནམས་དང་ལྡན་པ་མཁས་པ། ཤེས་རབ་ཀྱི་རང་བཞིན་ཅན་ནོ། །ཀུན་དགའ་བོ་བུད་མེད་འདི་ཚེ་རབས་ལྔ་བརྒྱའི་བར་དུ་ངའི་མར་གྱུར་ཏེ། ཀུན་དགའ་བོ་ངས་ཚེ་རབས་དེ་དང་དེ་དག་ཏུ་ཡང་བུད་མེད་འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དགེ་བའི་རྩ་བ་བསྐྱེད་དོ། །ཀུན་དགའ་བོ་ང་བུད་མེད་འདི་ལ་ཤིན་ཏུ་ཕངས་པར་བྱ་བ་དང་། དང་བ་དང་གུས་པར་གྱུར་ཏོ། །འདི་ཡང་བདག་གི་བུ་སྤྱད་པ་གང་ལ་སྤྱོད་པའི་སྤྱད་པ་དེ་ལ་བདག་གིས་ཀྱང་སྤྱད་དེ། ཐེག་པ་བདེ་བའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་མོ། །གསོལ་པ། བཅོམ་ལྡན་འདས་འདི་ཅིའི་སླད་དུ་འདི་ལྟར་དབུལ་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གི་བསྟན་པ་ལ་ང་རབ་ཏུ་བྱུང་བར་གྱུར་པ་དེའི་ཚེ་ཀུན་དགའ་བོ་བུད་མེད་འདི་ངའི་མར་གྱུར་ཏེ། དེས་འདོད་པས་ང་མ་བཏང་ནས་དེའི་ཕྱིར་ང་ཟ་མ་གཅིག་ཟན་བཅད་པ་དང་། དེའི་འོག་ཏུ་འདིས་འདོད་པས་ང་བཏང་བར་གྱུར་ཏེ། ཀུན་


DKG059_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་འདི་ལས་དེའི་རྣམ་པར་སྨིན་པས་དེ་ལྟར་དབུལ་བར་གྱུར་ཏོ། །ཀུན་དགའ་བོ་འདི་ནི་འདིའི་དབུལ་བའི་ཐ་མ་ཡིན་ཏེ། ཀུན་དགའ་བོ་བུད་མེད་འདི་ནི་འདི་ནས་ཤི་འཕོས་ནས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བུད་མེད་ཀྱི་དབང་པོ་ལ་འདོད་ཆགས་དང་བྲལ་ནས་སྐྱེས་པའི་དབང་པོ་ཐོབ་པར་གྱུར་ཏེ། དེར་སྐྱེས་ནས་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ལ་མཆོད་པ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་འཛུད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་ཡོངས་སུ་སྨིན་པར་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་འགོད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པ་དག་བྱང་ཆུབ་ལ་བཀོད་ནས་ད་སྟེ་བསྐལ་པ་བརྒྱ་སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བྱེད་ཅེས་བྱ་བར་འགྱུར་ཏེ། ཀུན་དགའ་བོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་ཀྱི་ལོངས་སྤྱོད་པ་དང་ཀུན་སྤྱོད་པ། དེ་ཡང་དེ་དང་འདྲ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་བཀའ་སྩལ་ཏོ། །ང་ཡི་མདུན་ན་ཐལ་སྦྱར་གང་འདུག་པ། །རྒན་མོ་འདི་ལ་ཀུན་དགའ་ཁྱོད་ལྟོས་ཤིག །འདི་ནི་མི་ཡི་དམ་པ་སངས་རྒྱས་འགྱུར། །བྱང་ཆུབ་ཡན་ལག་མེ་ཏོག་བྱེད་ཅེས་བྱ། །འདི་ནི་བུད་མེད་དངོས་པོ་འདི་སྤངས་ནས། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་སུ་འགྲོ། །རྒྱལ་བ་ཚེ་དཔག་མེད་དེ་བསྙེན་བཀུར་ནས། །ཁམས་གསུམ་རྒྱལ་བ་མཚུངས་མེད་སངས་རྒྱས་འགྱུར། །འཇིག་རྟེན་ཁམས་གཞན་དག་ན་གང་བཞུགས་པ། །དྲང་སྲོང་ཆེན་པོ་འཇིག་རྟེན་དོན་མཛད་པ། །རྣམ་འདྲེན་དེ་དག་ལ་ཡང་བསྙེན་བཀུར་ནས། །འདི་ནི་མཚུངས་མེད་མི་མཆོག་སངས་རྒྱས་འགྱུར། །དེ་དག་ཀུན་ལས་ཆོས་ཀྱང་ཐོས་གྱུར་ནས། །བསམ་པ་དག་པས་དེ་བཞིན་


DKG059_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར། །བྱང་ཆུབ་སེམས་མཆོག་མི་བསྐྱོད་གནས་ནས་ནི། །སེམས་ཅན་དཔག་མེད་ཆོས་ལ་སྤྱོད་པར་བྱེད། །དེ་ཡི་ཚེ་ན་གང་དག་དམན་པ་དང་། །སྣ་ཚོགས་ལུས་དང་ཁ་དོག་ངན་པ་དང་། །རྨོངས་དང་འཐེང་པོ་དེ་བཞིན་ཞར་བ་དང་། །ལག་རྡུམ་མཛེ་ཅན་དེ་དག་འབྱུང་མི་འགྱུར། །ཉི་ཟླ་མེ་དང་གློག་དང་ནོར་བུ་རྣམས། །དེ་དག་འོད་ནི་དེ་ཚེ་འབྱུང་མི་འགྱུར། །རྣམ་འདྲེན་བྱང་ཆུབ་ཡན་ལག་མེ་ཏོག་གི །ཐུབ་པའི་འོད་ཀྱིས་ཀུན་དུ་གསལ་བར་ཁྱབ། །སུམ་ཅུ་རྩ་གསུམ་ལྷ་མཆོག་རྣམས་ཀྱི་ནི། །ཆུ་ཞེང་རྟགས་དང་ཁ་དོག་ཅི་འདྲ་བ། །དེ་འདྲའི་རང་བཞིན་ཅན་གྱི་སྐྱེ་བོ་ཡིས། །དེ་ཚེ་མ་སྨད་ཞིང་ནི་གང་བར་འགྱུར། །དེ་ན་བུད་མེད་བདུད་ཀྱི་རིས་ཀྱང་མེད། །བདུད་ཀྱི་བུད་མེད་བདུད་ཀྱི་ཕྱག་བརྙན་མེད། །བདེ་བར་གཤེགས་པ་དེ་ན་ཆོས་སྟོན་ཚེ། །དེ་ན་མུ་སྟེགས་ཅན་གྱི་མིང་མི་གྲགས། །བདེ་བར་གཤེགས་པ་དེ་ན་ཆོས་སྟོན་ཚེ། །དེ་དུས་ཡི་དགས་དུད་འགྲོའི་སྐྱེས་གནས་དང་། །སེམས་དམྱལ་ངན་སོང་རྣམས་ཀྱི་མིང་མི་གྲགས། །དེ་ན་བུད་མེད་མིང་ཡང་གྲགས་མི་འགྱུར། །འདི་ན་ཉན་ཐོས་རྐྱེན་གྱི་ཐེག་པ་ལྟར། །དེ་ཚེ་ཐེག་པ་རྣམ་པར་གཞག་པ་མེད། །ཀུན་ཀྱང་རྫོགས་པའི་བྱང་ཆུབ་སེམས་དང་ལྡན། །དེ་དག་བྱམས་ལ་གནས་ཤིང་སྙིང་རྗེ་ཅན། །ཞིང་དེར་མི་རྣམས་ཐམས་ཅད་རྟག་པར་ཡང་། །བརྫུས་ཤིང་སྐྱེས་ཏེ་མངལ་ལས་རྣམ་པར་ཐར། །སྐྱེ་དྲན་བློ་མཆོག་ལྡན་ཤིང་མཁས་པ་སྟེ། །ལེགས་པར་གསུངས་པ་ཐོས་ནས་ཐོས་པ་འཛིན། །ཞིང་གི་བཀོད་ཚུལ་ཅི་འདྲ་འབྱུང་འགྱུར་བ། །ཡོན་ཏན་བསྐལ་པར་འདིར་ནི་བརྗོད་བྱས་ཀྱང་། །རྒྱ་མཚོ་ལས་ནི་ཆུ་ཐིགས་གཅིག་ལྟ་བུར། །དཔེ་ཙམ་དུ་ཡང་བརྗོད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། རྒན་མོ་དེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བགྲེས་མོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །