Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་དགུ་པ།


   
   
   
   
   
   
   
   
   
   
   
   
   
འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   


 
previousའཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next

འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG059_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཤྲཱི་མ་ཏཱི་བྲཱཤྤུ་ཎཱི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བཱ་རཱ་ཎ་སཱི་ན་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་ན། དགེ་སློང་བདུན་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཀྱི་ཚེ་ཆོས་གོས་དང་ཤམ་ཐབས་མནབས་ཏེ་ལྷུང་བཟེད་བསྣམས་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་། ཐབས་ཅིག་ཏུ་གྲོང་ཁྱེར་བཱ་རཱ་ཎ་སཱིར་བསོད་སྙོམས་ཀྱི་ཕྱིར་གཤེགས་སོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱིར་མཐར་འཆགས་སུ་བསོད་སྙོམས་མཛད་ཅིང་། བྲམ་ཟེ་མོ་དཔལ་ལྡན་མའི་ཁྱིམ་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། བསོད་སྙོམས་ཀྱི་ཕྱིར་ཕྱོགས་གཅིག་ཏུ་བཞུགས་པ་དང་། བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་མཛེས་པ་དད་པར་བྱ་བ། དབང་པོ་ཞི་བ། ཐུགས་ཞི་བ། དུལ་བ་དང་ཞི་གནས་ཀྱི་ཕ་རོལ་དུ་སོན་པ། ཞི་གནས་མཆོག་གི་ཕ་རོལ་དུ་བྱོན་པ། ཞི་བ་དུལ་བ། བསྲུངས་པ་དང་། སྡིག་པ་མེད་པ་དབང་པོ་དུལ་བ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། མཚོ་ལྟར་དང་ཞིང་གསལ་ལ་རྙོག་པ་མེད་པ། གསེར་གྱི་མཆོད་སྡོང་ལྟར་མངོན་པར་འཕགས་པ་མི་བསྐྱོད་པ། མི་གཡོ་བ། བརྙེས་པ་དཔལ་གྱིས་འབར་བ། ལྷམ་མེ། ལྷན་ནེ། ལྷང་ངེ་ཞིང་གཤེགས་པ་རྒྱང་རིང་པོ་དེ་ཉིད་ནས་མཐོང་ངོ་། །མཐོང་ནས་ཀྱང་སེམས་དང་བར་གྱུར་ཏེ། དེ་སེམས་དང་བས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པའི་རྐང་པ་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་པར་བྱོན་ཏོ། །


DKG059_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལེགས་པར་བྱོན་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་འདི་ལ་བཞུགས་སུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་སོ་སོ་ཅི་རིགས་པར་བཞུགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་བདེ་བར་བཞུགས་པར་རིག་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་འདིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཏོ་ཞེས་བདག་གིས་ཐོས་ན། བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་གང་བསྐོར་བའི་ཆོས་ཇི་ལྟ་བུ་ཞིག་ལགས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་མོ་དཔལ་ལྡན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དཔལ་ལྡན་མ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། །མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག །རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་


DKG059_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འགག །སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འགགས་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ་ཞེས་བྱ་བ་དཔལ་ལྡན་མ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སུས་ཀྱང་ཆོས་དང་འཐུན་པར་འཇིག་རྟེན་དུ་མ་བསྐོར་བའི་ཆོས་ཀྱི་འཁོར་ལོ་འདི་གྲོང་ཁྱེར་བཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དགས་ཀྱི་ནགས་སུ་དེ་བཞིན་གཤེགས་པས་བསྐོར་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བྲམ་ཟེ་མོ་དཔལ་ལྡན་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་མ་རིག་པ་ནང་ན་མཆིས་སམ། སླད་རོལ་ན་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་མ་རིག་པ་ནང་དང་སླད་རོལ་ན་མ་མཆིས་པ་ལགས་ན་མ་མཆིས་པ་དེ་ཇི་ལྟར་འདུ་བྱེད་རྣམས་ཀྱི་རྐྱེན་དུ་འགྱུར་ཏེ། བཅོམ་ལྡན་འདས་ཆོས་གང་ཡང་འཇིག་རྟེན་ཕ་རོལ་ན་མཆིས་ལགས་སམ། བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་མ་རིག་པའི་རྣམ་པ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ལྡན་མ་དེ་ནི་མེད་དེ། དཔལ་ལྡན་མ་མ་རིག་པ་ནི་ཡང་དག་པ་མ་ཡིན་པའི་རྣམ་པར་འབྱུང་གི་ཡང་དག་པའི་རྣམ་པར་ནི་མི་འབྱུང་ངོ་། །དཔལ་ལྡན་མ་མ་རིག་པ་ནི་ཕྱིན་ཅི་ལོག་གི་རྣམ་པར་འབྱུང་གི། ཕྱིན་ཅི་མ་ལོག་པའི་རྣམ་པར་མི་འབྱུང་ངོ་། །གསོལ་པ། བཅོམ་ལྡན་འདས་མ་རིག་པ་མ་མཆིས་ན། འདུ་བྱེད་རྣམས་ཅི་ལས་འབྱུང་། སྡུག་བསྔལ་ཡང་ཅི་ལས་འབྱུང་། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ཞུགས་ཤིང་ནྱ་གྲོ་དྷའི་རྩ་བ་མ་མཆིས་ན་དེའི་ཡལ་ག་དང་། ལོ་མ་དང་། ཡལ་ག་ཕྲེའུ་ཅི་ལྟར་མངོན་པར་འགྱུར། བཅོམ་ལྡན་འདས་དེ་བཞིན་དུ་མ་རིག་པ་མ་བྱུང་ཞིང་མཆིས་པ་མ་ལགས་ན་མ་རིག་པ་འདུ་བྱེད་རྣམས་ཀྱི་རྐྱེན་ཀྱང་ལགས་པར་ཇི་ལྟར་འཚལ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཏེ། དཔལ་ལྡན་མ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་


DKG059_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་སྟོང་ན་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་མི་ཤེས་པ་མ་རྟོགས་པ་དག་ལས་མངོན་པར་འདུ་བྱེད་དེ། ལས་རྣམས་ཡོད་པས་སྲིད་པ་མངོན་པར་འགྲུབ་པར་བྱེད་དོ། །སྲིད་པ་ཡོད་པས་སྡུག་བསྔལ་མྱོང་བར་ཟད་དེ། འདི་ལ་ལས་མངོན་པར་འདུ་བྱེད་པ་ཡང་སུ་ཡང་མེད་ཅིང་སྲིད་པ་མངོན་པར་འགྲུབ་པར་བྱེད་པ་ཡང་མེད་དེ། དེ་ནི་ཆོས་རྣམས་ཀྱི་དོན་དམ་པའོ། །དཔལ་ལྡན་མ་འོན་ཀྱང་སེམས་ཅན་རྣམས་ཇི་ལྟར་དོན་དམ་པ་རྟོགས་པར་འགྱུར་སྙམ་ནས་ཐ་སྙད་ཉེ་བར་བཟུང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །དཔལ་ལྡན་མ་ཐ་སྙད་ནི་ཡང་དག་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ལ་ཁོང་དུ་ཆུད་པར་བྱེད་པ་པོ་ཡང་མེད། དེ་ལ་ཤེས་པར་བྱེད་པ་ཡང་མེད་པའི་ཕྱིར་རོ། །དཔལ་ལྡན་མ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པ་སྤྲུལ་ཏེ། དེ་བཞིན་གཤེགས་པས་སྤྲུལ་པ་དེས་ཀྱང་སྤྲུལ་པ་གཞན་སྤྲུལ་ན་དེ་ལ་དེ་བཞིན་གཤེགས་པས་སྤྲུལ་པ་ཡང་གསོག་སྟེ་བརྫུན་པ་སླུ་བའི་ཆོས་ཅན་ནོ། །སྤྲུལ་པས་སྤྲུལ་པ་གང་ཡིན་པ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །དཔལ་ལྡན་མ་དེ་བཞིན་དུ་གང་གིས་ཆོས་མངོན་པར་འདུས་བྱས་པ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །ཆོས་གང་མངོན་པར་འདུ་བྱ་བ་དེ་ཡང་གསོག་སྟེ། བརྫུན་པ་སླུ་བའི་ཆོས་ཅན་ནོ། །གསོལ་པ་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་འཁོར་ལོ་དང་། ངེས་པར་འབྱིན་པའི་འཁོར་ལོ་དང་། ངེས་པར་འབྱེད་པའི་འཁོར་ལོ་དང་། བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་། བསྐོར་བ་མ་ལགས་པའི་འཁོར་ལོ་དང་། མཚུངས་པ་མ་མཆིས་པའི་འཁོར་ལོ་དང་། ཇི་ལྟ་བ་བཞིན་གྱི་འཁོར་ལོ་དང་། སྐྱེ་བ་མ་མཆིས་པའི་འཁོར་ལོ་དང་། དངོས་པོ་མ་མཆིས་པའི་འཁོར་ལོ་དང་། མཚན་ཉིད་མ་མཆིས་པའི་འཁོར་ལོ་འདི་བསྐོར་བ་ནི་ནམ་མཁའི་འཁོར་ལོ་འདི་བསྐོར་ལགས་སོ། །དེ་ནས་བྲམ་ཟེ་མོ་དཔལ་ལྡན་མས་ཙན་དན་གྱི་ཕྱེ་མ་སྤར་གང་བླངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏོར་ནས་ཚིག་འདི་སྐད་ཅེས་བཅོམ་ལྡན་


DKG059_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དགེ་བའི་རྩ་བ་འདིས་བདག་མ་འོངས་པའི་དུས་ན་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་འཁོར་ལོ་ནས་མཚན་ཉིད་མ་མཆིས་པའི་འཁོར་ལོའི་བར་དུ་ཆོས་ཀྱི་འཁོར་ལོ་འདི་ལྟ་བུ་བསྐོར་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ་མཛད་དོ། །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ་གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་ཁ་དོག་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ནས་དེ་དག་གིས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་སྣང་བས་ཁྱབ་པར་བྱས་ཏེ་ཚངས་པའི་འཇིག་རྟེན་གྱི་བར་དུ་མངོན་པར་བྱུང་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་ཁྱོད་ཀྱིས་བྲམ་ཟེ་མོ་དཔལ་ལྡན་མ་འདིས་ཙན་དན་གྱི་ཕྱེ་མ་སྤར་གང་བླངས་ཏེ། དེ་བཞིན་གཤེགས་པའི་ཞབས་ལ་གཏོར་བ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཕམ་པ་བྲམ་ཟེ་མོ་འདི་དགེ་བའི་རྩ་བ་འདིས་བསྐལ་པ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིར་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར་རོ། །སངས་རྒྱས་དྲུག་ཁྲི་བཞི་སྟོང་ལ་བསྟི་སྟང་བྱེད་པར་འགྱུར། བླ་མར་བྱེད་པར་འགྱུར། རི་མོར་བྱེད་པར་འགྱུར། མཆོད་པ་བྱེད་པར་འགྱུར། དེ་དག་ལས་ཆོས་ཀྱང་ཉན་པར་འགྱུར། ཐོས་ནས་འཛིན་པར་འགྱུར། དམ་པའི་ཆོས་ཀྱང་ཡོངས་སུ་འཛིན་པར་འགྱུར་རོ། །


DKG059_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བཞུགས་པའམ། ཡོངས་སུ་མྱ་ངན་ལས་འདས་པ་དེ་དག་ལ་ཡང་མཆོད་པ་ཆེན་པོ་བྱེད་པར་འགྱུར། སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་ཀྱང་བྱང་ཆུབ་ལ་འགོད་པར་འགྱུར་རོ། །དེའི་ཕྱི་མའི་ཚེ་ཕྱི་མའི་དུས་སུ་བདག་སྣང་བ་ཞེས་བྱ་བའི་བསྐལ་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཉིད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྣང་བ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། དེའི་ཚེའི་ཚད་ནི་བསྐལ་པ་སྟོང་ཚང་བར་འགྱུར་རོ། །དེས་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་གི་དོན་བྱས་ནས་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །བྲམ་ཟེ་མོ་དཔལ་ལྡན་མའི་སྔོན་གྱི་དགེ་བའི་རྩ་བ་གཞན་ཡང་མཆིས་ལགས་སམ། བཀའ་སྩལ་པ། མ་ཕམ་པ་ཡོད་དེ། བྲམ་ཟེ་མོ་དཔལ་ལྡན་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པས་སྔོན་བུད་མེད་ཀྱི་ལུས་ཉིད་ལ་གནས་ནས་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་སྐུ་ལ་མེ་ཏོག་གི་ཕྲེང་བ་གསོལ་ཏོ། །དེ་བཞིན་གཤེགས་པ་གཙུག་ཏོར་ཅན་གྱི་སྐུ་ལ་ཡང་ཆོས་གོས་གསོལ་ཏེ། དེའི་གསུང་རབ་ལ་རབ་ཏུ་བྱུང་ནས་ལོ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་དོ། །བཅོམ་ལྡན་འདས་དེ་ལ་ཟབ་མོའི་གནས་རྣམས་ཀྱང་ཞུས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་སྐྱོབ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཡང་ཞལ་ཟས་ཀྱིས་ཚིམ་པར་བྱས་སོ། །བསྟབས་པར་ཡང་བྱས་སོ། །དེ་བཞིན་གཤེགས་པ་འཁོར་བ་འཇིག་ལ་ཡང་ཨ་ཏི་མུག་ཏ་ཀའི་མེ་ཏོག་དག་གིས་གཏོར་ནས། བཅོམ་ལྡན་འདས་དེ་ལས་བསླབ་པའི་གཞི་ལྔ་པོ་དག་བླངས་སོ། །དེ་བཞིན་གཤེགས་པ་གསེར་ཐུབ་ལ་ཡང་ཇི་སྲིད་འཚོའི་བར་དུ། ན་བཟའ་དང་། བཤོས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མགྲོན་དུ་གཉེར་ཏེ། བཅོམ་ལྡན་འདས་དེས་ཟླ་བ་གཉིས་བཤོས་གསོལ་ཏོ། །ཆགས་ཟུང་གཅིག་ཀྱང་ཕུལ་ལོ། །


DKG059_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཉིད་འདོད་པས་དེ་བཞིན་གཤེགས་པ་འོད་སྲུང་ལ་གསེར་གྱི་ཕྲེང་བས་གཏོར་ཏེ། འདི་སྐད་ཅེས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མ་གྱུར་གྱི་བར་དུ་བུད་མེད་ཀྱི་དངོས་པོ་ལས་མ་གྱུར་ཅིག་ཅེས་སྨྲས་ཏེ། མ་ཕམ་པ་འདི་ཡང་བྲམ་ཟེ་མོ་དཔལ་ལྡན་མའི་སྔོན་གྱི་དགེ་བའི་རྩ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་དང་། བྲམ་ཟེ་མོ་དཔལ་ལྡན་མ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་བྲམ་ཟེ་མོ་དཔལ་ལྡན་མས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next