Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དྲུག་ཅུ་པ།


   
འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   
   


 
no previousའཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next

འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG060_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མཉྫུ་ཤྲཱི་པ་རི་པྲཱིཙྪཱ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཅིག་གོ །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཀུན་ནས་མཛེས་པའི་ཁང་པ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། འདུལ་བ་བརྒྱ་སྟོང་མང་པོ་དང་། སྤྱན་རས་གཟིགས་དབང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་རིན་པོ་ཆེའི་སེང་གེའི་ཁྲི་ལ་སྐུ་མི་གཡོ་བར་བཞུགས་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་སངས་རྒྱས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་


DKG060_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མའི་བསམ་པ་ཡོངས་སུ་རྫོགས་པར་འགྱུར་བ་དེ་བཞིན་གཤེགས་པའི་དྲུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་དེ་ཇི་སྙེད་ཚད་ཇི་ཙམ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་བསོད་ནམས་ཆེན་པོ་གང་གིས་འདུལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པའི་དྲུང་དུ་འགྱུར་བའི་བསོད་ནམས་ཆེན་པོ་དེ་ནི། ཤེས་རབ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ་ཡིན་ཏེ། བསམ་གྱིས་མི་ཁྱབ་བོ། །འཇམ་དཔལ་འཛམ་བུའི་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱར་བསྒྱུར་བས་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། དེའི་རིན་པོ་ཆེ་སྣ་བདུན་འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་འདི་བདུན་འབྱུང་ངོ་། །དེ་ལ་བུ་སྟོང་དཔའ་བ། རྟུལ་ཕོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་རྣམས་ཡོད་དེ། འཇམ་དཔལ་དེ་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ནོ། །འཇམ་


DKG060_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱར་བསྒྱུར་བས་བརྒྱ་བྱིན་ལྷའི་དབང་པོར་འགྱུར་ཏེ། དེ་ལྟར་ལྷའི་དབང་པོ་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེའོ། །འཇམ་དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བརྒྱ་བྱིན་གྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས་གང་འདོད་པའི་ཁམས་སུ་བསྟན་པས་གོ་བར་བྱེད་པ་འདོད་པའི་ཁམས་ཀྱི་དབང་པོ་བདུད་དུ་འགྱུར་ཏེ། དེ་ལྟར་འདོད་པའི་ཁམས་ཀྱི་དབང་པོ་བདུད་ནི་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེའོ། །འཇམ་དཔལ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བདུད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་འཇིག་རྟེན་གྱི་ཁམས་སྟོང་བྱམས་པས་ཁྱབ་པ་སྟོང་གི་བདག་པོ་ཚངས་པར་འགྱུར་རོ། །འཇམ་དཔལ་སྟོང་གི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གི་བདག་པོ་ཚངས་པའི་བསོད་ནམས་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་སུ་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པ་སྟོང་གཉིས་ཀྱི་བདག་པོ་ཚངས་པར་འགྱུར་རོ། །འཇམ་དཔལ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གཉིས་ཀྱི་བདག་པོ་ཚངས་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བརྒྱ་སྟོང་དུ་བསྒྱུར་བས། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱམས་པས་ཁྱབ་པ་ཚངས་པ་སྟོང་གསུམ་གྱི་སྟོང་


DKG060_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་འཇིག་རྟེན་གྱི་བདག་པོ་དབང་ཕྱུག་ཆེན་པོའི་མཆོག་ཏུ་འགྱུར་རོ། །འཇམ་དཔལ་ཚངས་པ་དབང་ཕྱུག་ཆེན་པོ་མཆོག་ལ་ལྟོས། ནམ་བསྐལ་པ་འཇིག་པ་ན་བསྐལ་པའི་ཆུ་འབྱུང་བ་དེའི་ཚེ། ཕྱིས་བར་གྱི་བསྐལ་པ་གཅིག་ཏུ་ཆར་འབབ་ཅིང་ཆུའི་ཐིགས་པ་འབྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆུས་གང་བར་བྱེད་དེ། ཚངས་པའི་འཇིག་རྟེན་གྱི་བར་དུ་ཆུས་གང་བར་འགྱུར་བའི་ཆུའི་ཐིགས་པ་དེ་དག་ཐམས་ཅད་ཀྱང་ཚངས་པ་དབང་ཕྱུག་ཆེན་པོའི་མཆོག་དེས་ཤེས་སོ། །དེ་ལྟར་ཡེ་ཤེས་ཆེན་པོ་དང་ལྡན་ཞིང་། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཡིན་ཏེ། དགེ་བའི་རྩ་བ་ཆུང་ངུས་ནི་དབང་ཕྱུག་ཆེན་པོར་མི་འགྱུར་རོ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོའི་བདག་པོ་ཚངས་པ་ཆེན་པོའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ་གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་མཐུ་ཆེན་པོ་ཐོབ་པའི་རང་སངས་རྒྱས་སུ་འགྱུར་རོ། །འཇམ་དཔལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་རེ་ཤིག་ཞོག་སྟེ། འཇམ་དཔལ་སངས་རྒྱས་ཀྱི་ཡུལ་གྱི་མཐའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་རང་སངས་རྒྱས་མཐུ་ཆེན་པོ་ཐོབ་པའི་བསོད་ནམས་དང་ལྡན་པར་འགྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་བྱང་ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པ་གཅིག་ཏུ་འགྱུར་རོ། །འཇམ་དཔལ་ནམ་མཁའི་ཁམས་ཀྱི་མཐའ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཡོད་པ་དང་གཟུགས་མེད་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་བྱང་


DKG060_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སྲིད་པའི་ཐ་མར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་ལ། གང་སེམས་ཅན་དེ་དག་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་སྤུའི་ཁུང་བུ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་གང་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་ཏུ་འགྱུར་རོ། །དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུ་རེ་རེ་ནས་འགྲུབ་པར་འགྱུར་ཏེ། འཇམ་དཔལ་དཔེ་བྱད་བཟང་པོ་བརྒྱད་ཅུར་གཏོགས་པའི་གང་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་ཕྱག་གམ་ཞབས་གཅིག་རི་མོའི་རྗེས་ཀྱི་མཚན་དུ་འགྱུར་རོ། །དེ་ལྟར་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ལ་འདི་ལྟ་སྟེ། གདུགས་དང་། རྒྱལ་མཚན་དང་། དཔལ་བེའུ་དང་། ཕྲེང་བ་དང་། ཀྱོ་བ་ཐང་དང་། ཅོད་པན་དང་། དབྱིག་ཏོ་དང་། བུམ་པ་དང་། གླང་པོ་དང་། རྟ་དང་། སྟག་དང་། ཆུ་སྲིན་དང་། ཉ་དང་། རུས་སྦལ་དང་། རྨ་བྱ་དང་། ཀ་ལ་པིང་ཀ་དང་། ཤང་ཤང་ཏེའུ་དང་། ཙཱ་ཤ་དང་། ངུར་པ་དང་། ནེ་ཙོ་དང་། ངང་པ་དང་། ཐི་བ་དང་། ནས་དང་། སྨན་ཆེན་པོ་དང་། འོད་མ་དང་། བ་མེན་དང་། ཀླུ་དང་། ར་དང་། ཁྱུ་མཆོག་དང་། རི་དང་། བིལ་བ་དང་། ཤིང་དང་། རི་དགས་ནག་པོ་དང་། ནོར་བུ་རིན་པོ་ཆེ་དང་། རལ་གྲི་མཆོག་དང་། རྡོ་རྗེ་དང་། གཞུ་དང་། མདའ་དང་། ཤག་ཏི་དང་། མདུང་རྩེ་གསུམ་པ་དང་། གཤོལ་དང་། གཏུན་དང་། སྟ་རེ་དང་། ཞགས་པ་དང་། གྲུ་དང་། མུ་ཏིག་གི་རྒྱན་དང་། སྤྲིན་དང་། ཚངས་པ་དང་། དབང་པོ་དང་། འཁོར་སྲུང་པོ་དང་། ཆུའི་ལྷ་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ནོར་སྦྱིན་དང་། དྲང་སྲོང་ཆེན་པོ་དང་། དཔལ་དང་། ཉི་མ་དང་། ཟླ་


DKG060_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མེ་དང་། རླུང་དང་། པད་མོ་དང་། གཡུང་དྲུང་དང་། གྲུ་གསུམ་དང་། དགེ་བའི་སྟན་དང་། མེ་ལོང་དང་། རྔ་ཡབ་དང་། རྩྭ་དུར་བ་དང་། པུ་རོ་ད་ཤ་དང་། ཁྱེའུ་དང་། བུ་མོ་དང་། རྔ་དང་། དུང་དང་། སྨྲི་ག་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། སོར་གདུབ་དང་། རྣ་ཆ་ཕྱང་ཕྲུལ་ཅན་དང་། མེ་ཏོག་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འཁོར་ལོ་དང་། དཔུང་གི་སེང་གེ་དང་། འདི་རྣམས་ནི་རི་མོའི་རྗེས་ཀྱི་མཚན་བརྒྱད་ཅུ་ཡིན་ཏེ། འདི་དག་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལས་བྱུང་ངོ་། །འཇམ་དཔལ་གང་མཚན་བརྒྱད་ཅུའི་རི་མོར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་བསྒྱུར་བས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་ཏུ་འགྱུར་ཏེ། དེ་བཞིན་དུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་རེ་རེར་འགྱུར་རོ། །འདི་ལྟ་སྟེ། དབུའི་གཙུག་ཏོར་དང་། དབུའི་མཐོན་མཐིང་ལ་གཡས་ཕྱོགས་སུ་འཁྱིལ་བ་དང་། དཔྲལ་བ་མཉམ་པ་དང་། ཁ་དོག་གིས་བརྒྱན་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དང་། སྤྱན་མཐོན་མཐིང་ལ་བའི་རྫི་མ་འདྲ་བ་དང་། སོ་བཞི་བཅུ་ཐགས་བཟང་བ་དང་། མཆེ་བ་དཀར་བ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ལྕེ་ཆེ་ཞིང་སྲབ་པ་དང་། རོ་སྟོད་སེང་གེ་འདྲ་བ་དང། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། སྤུ་ཁུང་བུ་རེ་རེ་ནས་སྐྱེས་པ་དང་། ཕོ་མཚན་མི་སྣང་བར་ནུབ་པ་དང་། བརླ་གང་ཞིང་ཟླུམ་པ་དང་། བྱིན་པ་རི་དགས་ཀྱི་རྒྱལ་པོ་ཨེ་ནེ་ཡ་འདྲ་བ་དང་། ཞབས་ཀྱི་རྟིང་པ་ཆེ་བ་དང་། ཞབས་དང་ཕྱག་གི་མཐིལ་འཇམ་ཞིང་མཉེན་པ་དང་། ཞབས་དང་ཕྱག་གི་སོར་མོའི་བར་དྲ་བར་འབྲེལ་བ་དང་། ཞབས་དང་ཕྱག་གི་སོར་མོ་རིང་བ་དང་། ཞབས་ཀྱི་སྟེང་མཐོ་བ་དང་། རོ་བྲོ་བའི་མཆོག་དང་། དཔུང་མགོ་ཟླུམ་པ་དང་། བདུན་མཐོ་བ་དང་། པགས་པ་སྲབ་ལ་གསེར་གྱི་མདོག་འདྲ་བ་དང་། མ་བཏུད་པར་ཕྱག་པུས་མོའི་ལྷ་ང་ལ་རེག་པ་དང་། ཞབས་རབ་ཏུ་གནས་པ་དང་། ཞབས་དང་ཕྱག་གི་མཐིལ་


DKG060_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

ན་འཁོར་ལོའི་མཚན་ཡོད་པ་དང་། ཚངས་པའི་དབྱངས་དང་། འདི་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ལས་འབྱུང་ངོ་། །འཇམ་དཔལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོར་གང་གྱུར་པའི་བསོད་ནམས་ཀྱི་ཕུང་པོ་དེ་གྲངས་མེད་པར་བསྒྱུར་བ་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བ་དང་། དཔག་ཏུ་མེད་པར་བསྒྱུར་བ་དང་། བརྗོད་དུ་མེད་པར་བསྒྱུར་བས་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་དུ་འགྱུར་རོ། །ཆོས་ཀྱི་དུང་དེས་འདུལ་བའི་དབང་དུ་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་དབྱངས་ཀྱིས་རིག་པར་བྱེད་དོ། །དབྱངས་ཀྱིས་ཇི་ལྟ་བ་དེ་བཞིན་དུ་འོད་དང་སྐུས་ཀྱང་དེ་བཞིན་ནོ། །འཇམ་དཔལ་དེ་ལྟར་ཤེས་རབ་ཆེན་པོ་ལས་བྱུང་བ་སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པ། ཐབས་མཁས་པ་དང་སྨོན་ལམ་གྱིས་བསྐྱེད་པ། ཚུལ་ཁྲིམས་ཡོངས་སུ་དག་པ་བསྒོམས་པའི་ཁྱད་པར་ལས་ཡང་དག་པར་སྐྱེས་པ། བསོད་ནམས་ཆེན་པོ་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་བསམ་གྱིས་མི་ཁྱབ་བོ། །འཇམ་དཔལ་རྒྱུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །རྒྱུ་གཉིས་གང་ཞེ་ན། སྨོན་ལམ་གྱི་དབང་དང་། འདུལ་བའི་སེམས་ཅན་རྣམས་ཀྱི་དགེ་བ་ཡོངས་སུ་སྨིན་པའི་དབང་སྟེ། འཇམ་དཔལ་རྒྱུ་དེ་གཉིས་ཀྱིས་ན་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཁྱད་པར་དུ་འཕགས་པ་ཇི་ལྟ་བ་དེ་བཞིན་དུ་ཆོས་བསྟན་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པའི་ཆོས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་འོད་ཀྱང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་ཇི་ལྟར་དེ་བཞིན་གཤེགས་པའི་འོད་ཁྱད་པར་དུ་འཕགས་པ་དེ་བཞིན་དུ་སྤྱོད་པ་ཡང་ཁྱད་པར་དུ་འཕགས་པ་ཡིན་ནོ། །འཇམ་དཔལ་དེ་བཞིན་གཤེགས་པ་ནི་སྐུས་འཇིག་རྟེན་ཐམས་ཅད་དུ་ཁྱབ་པ་ཡིན་ཏེ། འཇམ་དཔལ་ཁ་དོག་དང་། དབྱིབས་དང་། སྤྱོད་པའི་བྱེ་བྲག་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་


DKG060_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དང་། དབྱིབས་དང་། སྤྱོད་པའི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་མཚན་གྱི་བྱེ་བྲག་གང་དང་གང་གིས་སེམས་ཅན་རྣམས་འདུལ་བར་འགྱུར་བའི་མཚན་གྱི་བྱེ་བྲག་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་ཆོས་བསྟན་པ་གང་དང་གང་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་འགྱུར་བའི་ཆོས་བསྟན་པ་དེ་དང་དེ་ལྟ་བུར་དེ་བཞིན་གཤེགས་པ་ཆོས་བསྟན་པར་སེམས་ཅན་རྣམས་ཀྱིས་ཤེས་སོ། །འཇམ་དཔལ་སྤྱོད་པ་གང་གིས་སེམས་ཅན་རྣམས་དེ་བཞིན་གཤེགས་པའི་བསྟན་པ་ལ་འཇུག་པ་དང་འདུལ་བར་འགྱུར་བའི་སྤྱོད་པ་དེ་དང་དེ་ལ་དེ་བཞིན་གཤེགས་པ་གནས་པར་སེམས་ཅན་རྣམས་ཀྱིས་མཐོང་ངོ་། །འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བ་ཡང་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་མི་རྣམས་དང་། སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་སྐྱེའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་སྟོན་པ་མི་མཉམ་པ་དང་མཉམ་པ་དང་གང་ཟག་ཟླ་མེད་པ། ཁམས་གསུམ་ན་མགོན་པོའི་མཆོག་སེམས་ཅན་ཐམས་ཅད་ལ་ཕན་པར་མཛད་པ། འཇིག་རྟེན་གྱི་ཆོས་ཀྱིས་མི་བསྐྱོད་པ། ནམ་མཁའ་ལྟར་མི་གོས་པ། བསམ་གྱིས་མི་ཁྱབ་པ། བསམ་པར་འོས་པ་བལྟ་འདོད་པ། བལྟ་ན་སྡུག་པ་འདི་འདྲ་བ་ནི་བདག་གིས་རྙེད་པ་རབ་ཏུ་རྙེད་དོ། །བདེ་བར་གཤེགས་པ་རྙེད་པ་རབ་ཏུ་རྙེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དགའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།


no previousའཕགས་པ་འཇམ་དཔལ་གྱིས་དྲིས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next