Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་གཉིས་པ།


   
   
   
   
   
   
   
   
   
འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   
   
   
   
   


 
previousའཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next

འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG062_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སིང་ཧ་ནཱ་དི་ཀ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉི་ཟླའི་གནས་རྣམ་པར་རྒྱལ་བྱེད་ཀྱི་ཁང་བཟངས་ཀྱི་ནང་ན་དགེ་སློང་གི་དགེ་འདུན་ཆེན་པོ་དང་དགྲ་བཅོམ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ལ་བཀའ་སྩལ་པ། རྣམ་པར་རྒྱལ་བའི་ཕུང་པོ་ཁྱོད་སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་ན་གང་གཱའི་ཀླུང་དྲུག་ཅུའི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་འཕགས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བ་དང་། མཆོད་པ་བྱ་བའི་ཕྱིར་སོང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འཇིག་རྟེན་གྱི་ཁམས་དེར་སོང་ནས། བཅོམ་ལྡན་འདས་ཆོས་འཕགས་དེའི་ཞབས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་ག་ལས་འདིར་འོངས། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ལ་ཅང་མི་སྨྲ་བར་ཁ་རོག་འདུག་གོ །དེའི་ཚེ་དེར་འཁོར་འདུས་པ་གང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་འཇིག་རྟེན་གསུམ་གྱི་བླ་མས་བཀའ་སྩལ་པ་ལ་ལན་མི་གསོལ་བར་ཁ་རོག་འདུག་


DKG062_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་གུ་སྙམ་མོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེར་སེང་གེ་བསྒྱིངས་པ་ལྟ་བུས་ཕྱོགས་བཅུར་གཟིགས་ནས་འཁོར་ཐམས་ཅད་ཐེ་ཙོམ་དུ་གྱུར་པ་ཐུགས་སུ་ཆུད་ནས་འཛུམ་པ་མཛད་དོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་དེ་འཛུམ་པ་མཛད་པའི་འོད་ཀྱི་སྣང་བ་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བརྒྱ་སྟོང་ཕྲག་དུ་མས་ཕྱོགས་བཅུ་སྣང་བར་མཛད་དོ། །དེ་ནས་སྐད་ཅིག་དེ་ཉིད་ལ་ས་ཆེན་པོ་གཡོས་པར་གྱུར་ཏོ། །ཕྱོགས་བཅུ་ནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་། ཁ་དོག་དང་། ཚུལ་དུ་མ་འཆང་བ་དག་བཅོམ་ལྡན་འདས་ཀྱི་ཆོ་འཕྲུལ་ཆེན་པོ་དེ་མཐོང་ནས་འཇིག་རྟེན་གྱི་ཁམས་དེར་ཐམས་ཅད་འདུས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་རང་རང་གི་དགེ་བས་བསྒྲུབས་པས་འདུག་སྟེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ངོ་མཚར་དུ་གྱུར་པ་དང་། རྨད་དུ་གྱུར་པས་འཛུམ་དམུལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་ཆོ་འཕྲུལ་དུ་མ་དག་མཐོང་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་དག་སྔོན་ནམ་ཡང་མ་མཐོང་ལགས་སོ། །བཅོམ་ལྡན་འདས་འདིའི་དོན་དེ་ནི་ལེགས་པ་ལགས་ཏེ། གང་བཅོམ་ལྡན་འདས་ཀྱིས་འཛུམ་པ་དེ་ལྟ་བུ་མཛད་པའི་དོན་དེ་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་ལུང་བསྟན་དུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། རྣམ་འདྲེན་གང་ཟག་མཆོག་སྟེ་ཐུགས་རྗེ་ཅན། །རྒྱུ་མ་མཆིས་པར་འཛུམ་པ་མི་མཛད་ན། །བདག་དང་འཇིག་རྟེན་སྣང་མཛད་ཐུགས་རྗེ་ཅན། །འཛུམ་མཛད་རྒྱུ་དང་མཛད་རྒྱུ་ངེས་པར་གསུངས། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་འཛམ་བུ་ཆུ་བོའི་གསེར་ལྟར་སྣང་ཞིང་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རབ་ཏུ་འགྱེད་པ། སྐུའི་གཟུགས་དང་མདོག་གཟི་བརྗིད་ཀྱིས་འབར་བ་དེ་ལ་བྱང་ཆུབ་སེམས་དཔའ་འོད་ཕྲེང་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོ་འཕྲུལ་མང་པོ་མཐོང་ལགས་ཏེ། བདག་


DKG062_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྔོན་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ནམས་ཀྱང་མ་མཐོང་ལགས་སོ། །དེ་བཞིན་གཤེགས་པ་དེས་བཀའ་སྩལ་པ། འོད་ཕྲེང་ཕྱོགས་འདིར་དེ་བཞིན་གཤེགས་པའི་འོད་ཟེར་གྱི་སྣང་བ་འདི་ལྟ་བུ་ཆུང་ངུ་ཞིག་མཛད་དེ། མཚན་མ་སྣང་བ་དེ་དག་ནི་རྒྱུ་མེད་པ་མ་ཡིན། བྱེད་རྒྱུ་མེད་པ་མ་ཡིན་ནོ། །འོད་ཕྲེང་ཁྱོད་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །དོན་གང་གི་ཕྱིར་ངས་འཛུམ་པ་མཛད་པ་ཐོས་ནས་ཀྱང་རིགས་ཀྱི་བུ་ཁྱོད་ཀྱིས་སྐྲག་པར་མི་བྱ། དངང་བར་མི་བྱ། དངང་བར་འགྱུར་བར་མི་བྱ། སོམ་ཉིར་མི་བྱ། ཐེ་ཙོམ་དུ་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །སྨོན་ལམ་ནི་བསམ་གྱིས་མི་ཁྱབ་བོ། །རྣམ་པར་འཕྲུལ་པ་ནི་བསམ་གྱིས་མི་ཁྱབ་བོ། །དོན་དེ་དག་ཡང་དག་པར་མཐོང་ནས་ཐེ་ཙོམ་མ་བྱེད་ཅིག །འོད་ཕྲེང་གང་འདི་ལྟར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ངའི་དྲུང་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཏང་བ་འདི་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས་མཐོང་ལགས་སོ། །བདེ་བར་གཤེགས་པ་མཐོང་ལགས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་ལ་ངས་ཁྱོད་ག་ལས་འོངས་ཞེས་དེ་སྐད་དྲིས་ན། དེ་ཅང་མི་སྨྲ་བར་ཁ་རོག་འདུག་སྟེ། རིགས་ཀྱི་བུ་ངས་དོན་གྱི་དབང་འདི་མཐོང་ནས་འདིར་འཛུམ་པ་མཛད་དོ། །དེ་བཞིན་གཤེགས་པས་རྨས་པའི་ལན་དེ་ཅིའི་ཕྱིར་འདིས་མ་གསོལ་སྙམ་དུ་འཁོར་འདི་དག་ཐམས་ཅད་ཐེ་ཙོམ་དུ་གྱུར་ཏོ། །རིགས་ཀྱི་བུ་ངས་རྨས་པའི་ལན་སྐྱེས་བུ་དམ་པ་འདིས་ཅིའི་ཕྱིར་མ་གསོལ་ཅེ་ན། འོང་བ་དང་འགྲོ་བ་མེད་པའི་ཆོས་རྣམས་ལ། བཅོམ་ལྡན་འདས་བདག་ལ་ཁྱོད་ག་ལས་འོངས་ཞེས་འོང་བ་རྨེད་པར་མཛད་དོ་སྙམ་མོ། །ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པར་ཡང་གློ་བར་ཆུད་ན། བཅོམ་ལྡན་འདས་ག་ལས་འོངས་ཞེས་བྱུང་བའི་གནས་ལ་བདག་གིས་གསོལ་བར་སྤྲོ་བ་མ་མཆིས་སོ་སྙམ་དུ་སེམས་ཏེ། རིགས་ཀྱི་བུ་མདོར་ན་རིགས་ཀྱི་བུ་འདིས་ཆོས་ཐམས་ཅད་བསྟན་ཏེ། ཡང་དག་པའི་ཆོས་སྟོན་པ་ཡིན་ནོ། །རིགས་ཀྱི་


DKG062_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོས་ཡི་གེ་མེད་པའི་ཆོས་དང་། ཚིག་མེད་པ་དང་། བརྗོད་དུ་མེད་པ་དང་། ཡི་གེ་དང་བྲལ་བ་དང་། མཚན་མ་མེད་པ་དང་། མཚན་མ་དང་བྲལ་བ་དང་། བླང་བ་མེད་པ་དང་། བླང་བ་དང་བྲལ་བ་དང་། འོང་བ་མེད་པ་དང་། མཐོང་བ་མེད་པ་དང་། གནས་པ་མེད་པ་དང་། སེམས་དང་ཡིད་དང་། རྣམ་པར་ཤེས་པ་དང་བྲལ་བ་དང་། རྒྱུ་རྐྱེན་དང་བྲལ་བ་དང་། ཚིག་མེད་པ་དང་། རྣམ་པར་རིག་པ་མེད་པ་དང་། ལྟ་བ་མེད་པ་དང་། ཐེར་ཟུག་ཏུ་གནས་པ་མེད་པ་དང་། ཚིག་གིས་བརྗོད་དུ་མེད་པ་དང་། བརྡ་མེད་པ་དང་། ཡི་གེ་གཅིག་ལ་འདི་ལྟ་སྟེ། ཡང་དག་པ་མ་ཡིན་པ་དང་། བསགས་པ་མེད་པའི་གནས་པ་དང་། ཡི་གེ་མེད་པ་དང་། གདུལ་བ་མེད་པ་རྣམས་ལ་སུ་ཞིག་སྟོན་སྙམ་དུ་ཤེས་ནས་རིགས་ཀྱི་བུ་བསྟན་པ་མེད་པ་འདིར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ལུས་འོད་གསལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་བསྟན་དུ་མ་མཆིས་པ་ལགས་ན་ཆོས་དེ་དག་ཐམས་ཅད་ལྐུགས་པས་བསྟན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྐུགས་པ་འབའ་ཞིག་གིས་མ་ཡིན་གྱི། སེམས་ཅན་ཐམས་ཅད་ཀྱང་མི་ཤེས་བཞིན་དུ་ཆོས་སྟོན་པར་བྱེད་དོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་མ་འཚལ་བཞིན་དུ་ཆོས་སྟོན་པ་དེ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལུས་འོད་གསལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་དམུས་ལོང་དག་ཉི་མ་ཤར་ཀྱང་གཟུགས་མཐོང་བར་མི་འགྱུར་ཞིང་ཉི་མའི་འོད་ཅི་འདྲ་བ་ཡང་མི་ཤེས་ཏེ། ཇི་ལྟར་གཞན་དག་གིས་ཉི་མའི་མཚན་ཉིད་འདི་ལྟ་བུ་ཞིག་ཡིན་ནོ་ཞེས་བསྟན་པ་དང་། དེ་ལྟར་གཞན་གྱི་སྒྲ་ལས་ཉི་མ་ཡིན་པར་མངོན་པར་ཞེན་ཏོ། །རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནང་དུ་འདུས་ཤིང་དབྱིངས་ཀྱི་ནང་དུ་འདུས་ཏེ། དབྱིངས་མེད་ཅིང་ཡི་གེ་མེད་པ། ཡི་གེ་དང་བྲལ་བ། ཆོས་ཐམས་


DKG062_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་བརྗོད་དུ་མེད་པ་ཡིན་ན་རྐྱེན་གྱི་དབང་གིས་སྒྲ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རི་བྲག་དང་སྒྲ་ལ་བརྟེན་ནས་བྲག་ཅའི་སྒྲ་འབྱུང་ཡང་རིགས་ཀྱི་བུ་རི་བྲག་གི་སྒྲ་ནི་སྟོང་པ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་དུ་རྐྱེན་ལ་བརྟེན་ནས་ཡི་གེའི་སྒྲ་འབྱུང་བར་འགྱུར་ཏེ། ཡི་གེའི་སྒྲ་ནི་སྟོང་པ་ཡིན་ནོ། །རིགས་ཀྱི་བུ་སེམས་ཅན་གང་དག་བརྗོད་པ་དེ་ཐམས་ཅད་སོ་སོ་ཡང་དག་པར་རིག་པའི་ནང་དུ་འདུས་པར་བལྟ་སྟེ། ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བ་དང་། ཚིག་གིས་བརྗོད་པ་གང་ཡིན་པ་དེ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཡིན་པར་བལྟ་བར་བྱའོ། །དེ་ལྟ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་སེམས་ཅན་གྱི་གང་ཅུང་ཟད་གཡོ་བ་དེ་ཐམས་ཅད་ཆོས་ཀྱི་སྡོམ་བཞིར་འདུས་པར་བལྟ་བར་བྱ་སྟེ། འབྱུང་པོ་དག་མི་ཤེས་པས་གནས་མི་གཡོའོ། །དེ་ལྟར་མི་དམུས་ལོང་དེ་ཇི་ལྟར་ཤེས་པ་དེ་བཞིན་དུ་ཆོས་དེ་ཉིད་ལ་མངོན་པར་ཞེན་ཏོ། །རིགས་ཀྱི་བུ་དོན་ཡོངས་སུ་ཚོལ་བར་འདོད་པས་རང་གི་རྒྱུད་ལས་ཡོངས་སུ་བཙལ་བར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་ཡོངས་སུ་ཚོལ་བར་འདོད་པས་རང་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལས་བཙལ་བར་བྱའོ། །ཆོས་ཀྱི་རྣམ་གྲངས་འདིའི་དོན་ཇི་ལྟ་བ་བཞིན་བཤད་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་སོ། །སྣང་བ་ཆེན་པོས་འཇིག་རྟེན་ཁྱབ་པར་ཤིན་ཏུ་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་འཕགས་ཀྱི་ལྗགས་ཀྱི་དབང་པོ་ཕྱུང་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ལྗགས་ཀྱི་དབང་པོས་ཡང་དག་པར་བཀབ་པར་གྱུར་ཏོ། །ལྗགས་ཀྱི་དབང་པོ་དེ་ལས་འོད་ཟེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བྱུང་སྟེ། འོད་ཟེར་དེ་དག་གིས་སེམས་ཅན་དམྱལ་བ་ཆེན་པོ་ལ་སོགས་པ་ནས་སྲིད་པའི་རྩེ་མོའི་བར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ལྗགས་ཀྱི་དབང་པོ་དེ་ཉིད་སླར་བསྡུས་ནས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་བཀའ་སྩལ་པ། གྲོགས་པོ་དག་ལྕེ་འདི་ལྟ་བུ་ཡོད་པ་ནི་བརྫུན་མི་ཟེར་སྟེ། གྲོགས་པོ་དག་ངས་གཏམ་ཅུང་ཟད་ཇི་ལྟ་བ་བཞིན་བཤད་


DKG062_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལྟར་བརྟག་པ་དང་། དེ་ལྟར་དད་པ་དང་། ཡིད་ཆེས་པར་གྱིས་ཤིག །དེ་ནས་ས་བཅུ་ལ་གནས་པ་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དང་། མི་དང་མི་མ་ཡིན་པའི་འཁོར་ཐམས་ཅད་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་ཚིག་འཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པའི་དོན་བསྟན་པ་བཤད་དུ་གསོལ། །བདེ་བར་གཤེགས་པ་བཤད་དུ་གསོལ། སངས་རྒྱས་ཀྱི་མཐུས་སོམ་ཉི་མི་བགྱི་ཞིང་ཐེ་ཙོམ་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ལ་ལན་གཉིས་ལན་གསུམ་དུ་གཟིགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། རིགས་ཀྱི་བུ་དག་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་སེང་གེའི་སྒྲས་བཤད་པར་བྱའོ། །རིགས་ཀྱི་བུ་གང་འཇིག་རྟེན་གྱི་ཁམས་མི་མཇེད་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་ཆོས་འཕགས་ང་ཉིད་ཡིན་ཏེ། འཇིག་རྟེན་གྱི་ཁམས་མི་མཇེད་དེར་སྒྲུབ་པ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་རྣམས་ལ་ཆོས་སྟོན་པ་མཛད་དོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ངོ་མཚར་དུ་གྱུར་ཅིང་རྨད་དུ་གྱུར་པ་དེ་དག་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་དེ་ལྟར་སེམས་ཅན་ཐམས་ཅད་ལ་སེང་གེའི་སྒྲ་བསྒྲགས་པ་ལེགས་ལགས་སོ། །ལེགས་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་འཁོར་འདིར་སེང་གེའི་སྒྲ་བསྒྲགས་པའི་བཅོམ་ལྡན་འདས་ཀྱི་སེང་གེའི་སྒྲ་འདི་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་ཡིད་ཆེས་པར་འགྱུར་བའི་སེམས་ཅན་གང་ལགས་པ་དེ་དག་ཀྱང་། བཅོམ་ལྡན་འདས་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ལགས་ན་གང་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང་། མདོ་སྡེ་འདི་ལ་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་།


DKG062_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་དང་། བ་དན་དག་གིས་མཆོད་པ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེང་གེའི་སྒྲ་བསྒྲགས་པའི་མདོ་སྡེ་འདི་སེམས་ཅན་གང་གི་རྣ་བར་ཐོས་པར་འགྱུར་བ་དེ་ནི་བཅོམ་ལྡན་འདས་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་བྱ་བ་གནང་སྟེ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལེགས་སོ་ལེགས་སོ། །གང་དེ་བཞིན་གཤེགས་པའི་ཡང་དག་པའི་སེང་གེའི་སྒྲ་འདི་ཐོས་ནས་རབ་ཏུ་དང་བའི་སེམས་ཀྱིས་ལེགས་སོ་ཞེས་བྱ་བ་འགའ་ཞིག་རྗེས་སུ་འབུལ་ན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དགེ་བའི་རྩ་བ་ངན་ངོན་དང་ལྡན་པ་མ་ཡིན་ཏེ། དེ་དག་ངས་ཡོངས་སུ་བཟུང་བ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་འགྲོན་དུ་གཉེར་བར་བྱེད་དོ། །དེ་དག་གིས་ང་ཡི་བྱང་ཆུབ་ཕྲག་པ་ལ་ཁྱེར་བ་ཡིན་ནོ། །གང་སྙིགས་མ་ལྔ་དག་ལ་བབ་པའི་ཚེ་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་དག་ནི་ངས་ཡོངས་སུ་སྨིན་པར་བྱས་པ་ཡིན་ཏེ། ཚེ་རབས་གཞན་དུ་ཡང་མི་ཕམ་པས་ཡོངས་སུ་འཛིན་པར་འགྱུར་རོ། །དེའི་སྐྱེ་བའི་རྒྱ་མཚོ་བསྐམས་པ་ཡིན་ནོ། །བདུད་ཕམ་པར་བྱས་པ་ཡིན་ནོ། །ཉོན་མོངས་པ་རྣམས་བསལ་བ་ཡིན་ནོ། །ཆོས་ཀྱི་རྔ་ཤིན་ཏུ་བརྡུངས་པ་ཡིན་ནོ། །སྲིད་པ་གསུམ་རྣམ་པར་བཟློག་པ་ཡིན་ནོ། །ཕྱིར་རྒོལ་བ་རྣམས་ལས་ངེས་པར་རྒྱལ་བ་ཡིན་ནོ། །ཉོན་མོངས་པའི་ཚོགས་བཅོམ་པ་ཡིན་ནོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ཀྱང་། དེ་བཞིན་གཤེགས་པའི་སྔོན་གྱི་རྣམ་པར་འཕྲུལ་པ་འདི་ཐོས་ནས་དད་པར་མི་བྱེད་ན་དེ་ཉེས་པ་ཆེ་བ་ཡིན་ནོ། །དེ་བཞིན་གཤེགས་པའི་བཀས་རིགས་ཀྱི་བུ་དེ་དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བས་རིམ་གྲོར་བྱེད་པ་དང་། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་དེ་བཞིན་གཤེགས་པས་ཡང་དག་པར་བསྟན་པ་འདི་ཐོས་ནས་དད་ཅིང་སེམས་རབ་ཏུ་དང་བས་


DKG062_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ཞེས་བྱ་བ་འབུལ་ན། གང་དེ་བཞིན་གཤེགས་པ་ལ་མཆོད་ཅིང་བསྙེན་བཀུར་བྱས་པ་དེ་བས་འདི་བསོད་ནམས་ཆེས་ལྷག་པར་བརྒྱ་ཕྲག་སྟོང་སོགས་པར་འགྱུར་རོ། །དེ་ལྟ་བས་ན་རིགས་ཀྱི་བུ་གང་དག་ང་ལ་སྐྱབས་སུ་སོང་བ་དེ་དག་གིས་མདོ་སྡེ་འདི་བྲི་བར་བྱ་བཅང་བར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། འོད་ཕྲེང་དང་། གློག་གི་འོད་དང་། སྤྱན་རྣམ་པར་དག་པ་དང་། བྱམས་པ་དང་། མི་འཇིགས་མཛད་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། འཇམ་དཔལ་དང་། སྤོབས་པ་དཔའ་བོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སྤྱན་རས་གཟིགས་དང་། ཀུན་ཏུ་བཟངཔོ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་སྙིགས་མ་ལྔ་ལ་བབ་པ་ན་བདག་ཅག་གིས་མདོ་སྡེ་འདི་རྒྱས་པར་བགྱིའོ། །བཅོམ་ལྡན་འདས་གང་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་ནི་ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་བར་མདོ་སྡེ་འདི་ཐོས་པར་མི་འགྱུར་ཏེ། གང་དག་རྒྱ་ཆེར་འཇུག་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྟོགས་པར་དཀའ་ལགས་སོ། །དེ་ནས་བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །དེ་ལྟར་ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ལ་གདོས་པ་འཛིན་པ་ལྟ་བུར་གྱིས་ཤིག ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །། རྒྱ་གར་གི་མཁན་པོ་བིདྱཱ་ཀ་ར་སིང་ཧ་དང་། ལོཙྪ་བ་བན་དེ་སྦ་རྗེ་ཡེ་ཤེས་སྙིང་པོས་བསྒྱུར་ནས་གཏན་ལ་ཕབ་པ།། །།


previousའཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། next