Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་བཞི་པ།


   
   
   
   
འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ།
   
   


 
previousའཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ། next

འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ།


DKG064_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མ་ཧཱ་མེ་གྷ་བཱ་ཡུ་མཎྜ་ལ་པ་རི་བརྟ་སརྦ་ནཱ་ག་ཧྲཱི་ད་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲཾ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ནོར་བུ་རིན་པོ་ཆེའི་རྩེ་མོ་ཅན་གྱི་ཁང་པ་བརྩེགས་པ་ན། ཀླུ་སྟོང་དུ་ཚང་བའི་ཀླུའི་ཚོགས་ཆེན་པོ་ཀླུ་ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་ཞིང་ཀླུའི་འཁོར་ཆེན་པོ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་དང་། ཀླུའི་རྒྱལ་པོ་ཡང་དག་སྒུལ་དང་། ཀླུའི་རྒྱལ་པོ་གློག་ཕྲེང་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་དང་། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་དུང་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་མཚམས་བཟངས་དང་། ཀླུའི་རྒྱལ་པོ་སྟོབས་ཀྱིས་རྒྱུ་དང་། ཀླུའི་རྒྱལ་པོ་གློག་འབྱུང་དང་། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྒྱས་བྱེད་དང་། ཀླུའི་རྒྱལ་པོ་འབྲུག་སྒྲོགས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་སྐར་མདའ་སྟོང་དང་། ཀླུའི་རྒྱལ་པོ་དུས་མིན་སྒྲོགས་དང་། ཀླུའི་རྒྱལ་པོ་འབྲུག་སྐད་དང་། ཀླུའི་རྒྱལ་པོ་གློག་རབ་ཏུ་གཏོང་དང་། ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་། ཀླུའི་རྒྱལ་པོ་ལེགས་མཐོང་དང་། ཀླུའི་རྒྱལ་པོ་རྣམ་པར་སྣང་དང་། ཀླུའི་རྒྱལ་པོ་འབྲུག་ཆེན་སྒྲོགས་དང་། ཀླུའི་རྒྱལ་པོ་འོད་ཆེན་ལམ་ལམ་དང་། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་དང་། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་མདོངས་བུ་དང་། ཀླུའི་རྒྱལ་པོ་དཔལ་འཛིན་དང་། ཀླུའི་རྒྱལ་པོ་རྔ་སྒྲ་དང་། ཀླུའི་རྒྱལ་པོ་རྔ་སྒྲ་རྣམ་པར་སྒྲོགས་པའི་སྐད་དང་། ཀླུའི་རྒྱལ་པོ་ལ་བ་དང་། ཀླུའི་རྒྱལ་པོ་འདྲེན་བྱེད་དང་། ཀླུའི་རྒྱལ་པོ་དཔལ་མགྲིན་དང་། ཀླུའི་རྒྱལ་པོ་དཔལ་བཟངས་དང་། ཀླུའི་རྒྱལ་པོ་ཤ་ཤོ་སྒྲ་ཆེན་དང་། ཀླུའི་རྒྱལ་པོ་དིང་དིང་སྒྲ་དང་། ཀླུའི་རྒྱལ་


DKG064_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རབ་འཇོམས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་རླུང་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་རླུང་རབ་ཏུ་གཏོང་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་དཔལ་ལྡན་དང་། ཀླུའི་རྒྱལ་པོ་སྨད་དཀྲིས་བཟང་དང་། ཀླུའི་རྒྱལ་པོ་བཀྲ་ཤིས་དང་། ཀླུའི་རྒྱལ་པོ་སྤྲིན་རྒྱས་དང་། ཀླུའི་རྒྱལ་པོ་སྤྲིན་གྱིས་དགའ་བྱེད་དང་། ཀླུའི་རྒྱལ་པོ་སྤྲིན་གྱིས་འགེབས་པའི་རིགས་དང་། ཀླུའི་རྒྱལ་པོ་ལེགས་པར་འགེབས་དང་། ཀླུའི་རྒྱལ་པོ་རྣམ་པར་རྩེ་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་འོད་བཟངས་དང་། ཀླུའི་རྒྱལ་པོ་མཐོང་དགའ་དང་། ཀླུའི་རྒྱལ་པོ་དོན་ཡོད་དགའ་དང་། ཀླུའི་རྒྱལ་པོ་སྤྲིན་གྱི་དཀྱིལ་འཁོར་གྱིས་ལེགས་པར་འགེབས་དང་། ཀླུའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དང་། ཀླུའི་རྒྱལ་པོ་སྤྲིན་ལས་ཆུ་འབྱིན་དང་། ཀླུའི་རྒྱལ་པོ་བདེ་མཐོང་དང་། ཀླུའི་རྒྱལ་པོ་རླུང་འབྱུང་དང་། ཀླུའི་རྒྱལ་པོ་རླུང་འཁྲུག་པར་བྱེད་དང་། ཀླུའི་རྒྱལ་པོ་གཙུག་ན་ནོར་བུ་དང་། ཀླུའི་རྒྱལ་པོ་ཆེན་པོ་དེ་དག་དང་། གཞན་ཡང་ཀླུའི་རྒྱལ་པོ་ཆེན་པོ་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་དག་ཐམས་ཅད་ཀྱང་ཀླུའི་རྫུ་འཕྲུལ་ཆེན་པོ་དང་། ཀླུའི་རྣམ་པར་འཕྲུལ་པ་ཆེན་པོས་ནམ་མཁའ་ལ་དི་རི་རིར་སྒྲོགས་ཤིང་། རྫི་ཆར་ཆེན་པོ་རབ་ཏུ་འབེབས་ཏེ། བཅོམ་ལྡན་འདས་ལ་སྲི་ཞུ་བྱ་བ་དང་། ཆོས་མཉན་པའི་ཕྱིར་ལྷགས་སོ། །ཀྱེ་ཀླུ་ཆེན་པོ་དང་ཀླུ་དག་ཚུར་ཤེག །མུ་ལུ་མུ་ལུ་ཙ་ཏ་ཙ་ཏ། པ་ཊ་པ་ཊ། མ་ཊ་མ་ཊ། ཧཱ་ཧཱ། གློག་འབར་བ་རབ་ཏུ་ཕྱུང་ཞིང་རྫི་ཆར་ཆེན་པོའི་རྒྱུན་ཐོང་ལ་ཆར་ཕོབ་ཤིག་སྭཱ་ཧཱ། །ཀྱེ་ཀྱེ་ཀླུ་ཆེན་པོ་དག་སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དྲན་པར་གྱིས་ཤིག །ཀྱེ་ཀླུ་ཆེན་པོ་དག་ཚུར་ཚུར། ཚུར་ཤེག་ཚུར་ཤེག །འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །གུ་ཌུ་གུ་ཌུ། མུ་ཌུ་མུ་ཌུ། ཧི་ཧི་ཧི་ཧི། ཙུ་ཌ་ཙུ་ཌ། མ་ཧཱ་ནཱ་གཱ་ཧྲཱི་ད་ཡ། སརྦ་ནཱ་གཱ་ན། ཨཱ་ཀཌྜྷྱ། སན་ཙོ་ད་ཡ། ཤི་གྲཱ་ན་ད་ར་སྭཱ་ཧཱ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་རྒྱན་བཀོད་པ་དག་གསེར་སྣམ་གྱི་མཐའ་རིན་པོ་ཆེ་ཐམས་ཅད་ཚོན་གྱི་ལྡ་ལྡིས་མཛེས་པ། མུ་ཏིག་གི་རྒྱན་ཕྲེང་རབ་ཏུ་འཕྱང་བ།


DKG064_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། ལྷའི་རིན་པོ་ཆེས་མཛེས་པར་བྱས་པའི་གཞལ་མེད་ཁང་མེ་ཏོག་རབ་ཏུ་འཕྱང་བ། རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་འཁོར་ཀུན་ཏུ་ཁེབས་པར་བྱིན་གྱིས་རློབས་ལ་རིན་པོ་ཆེའི་སྤྲིན་རབ་ཏུ་འཕྱང་ཞིང་ལྷའི་རས་བཅོས་བུ་མང་པོ་དང་མུ་ཏིག་གི་རྒྱན་ཕྲེང་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཟབ་མོ་སྣ་ཚོགས་ཀྱི་བྱིན་གྱིས་བརླབས་ཀྱིས་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རྒྱན་བཀོད་པ་བསམ་གྱིས་མི་ཁྱབ་པ་རྣམ་པ་སྣ་ཚོགས་ཡང་དག་པར་སྟོན་པའི་རིན་པོ་ཆེ་བཀོད་པ་ཆེན་པོ་རྒྱ་མཚོའི་སྤྲིན་དག་གིས་ནམ་མཁའི་དཀྱིལ་ཀུན་ཏུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སྤྲིན་ཆེན་པོ་རྣམ་པར་འཕྲུལ་པའི་སྒྲ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ལྷའི་བླ་རེ་དྲིལ་བུའི་སྒྲ་སྙན་པ་སྒྲོགས་པ་རྒྱ་མཚོའི་སྤྲིན་དག་དང་། བྱའི་ཚོགས་ཐམས་ཅད་སྐད་འབྱིན་ཅིང་མེ་ཏོག་གི་ཆར་ཆེན་པོ་རབ་ཏུ་འབེབས་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རྒྱ་མཚོ་སྤྲིན་ཆེན་པོས་སྒྲ་ཆེར་སྒྲོགས་ཤིང་ལྷའི་རིན་པོ་ཆེ་རབ་ཏུ་འཕྱང་ལ། མུ་ཏིག་གི་ལྡ་ལྡི་རྣམ་པ་སྣ་ཚོགས་རབ་ཏུ་འཕྱང་བ། རྒྱ་མཚོའི་སྤྲིན་དག་དང་། གསེར་སྐུད་ཀྱིས་བརྒྱན་པའི་སྣང་བ་ཆེན་པོ་ཅན་གྱི་རྩེ་མོས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་རྒྱ་མཚོ་ཆེན་པོའི་སྤྲིན་དག་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བའི་འོད་ཀྱི་དཀྱིལ་འཁོར་གྱིས་ནམ་མཁའ་ཀུན་ཏུ་ཁེབས་པར་བྱེད་པ་ལ་མཁས་པ་རྒྱ་མཚོའི་སྤྲིན་དག་དང་། སྣང་བ་དང་ལྡན་པའི་རྒྱ་མཚོ་ཆེན་པོའི་སྒྲས་ཀུན་ཏུ་ཁེབས་པའི་རྒྱ་མཚོ་ཆེན་པོའི་སྤྲིན་དག་གིས་ནམ་མཁའ་མངོན་པར་ཁེབས་པར་གྱིས་ཤིག །ཀླུ་དང་ཀླུའི་རྒྱལ་པོ་ཐམས་ཅད་ཚུར་ཤོག །སའི་སྟེང་འདིར་འབྲུག་སྒྲ་སྒྲོགས་ཤིག །ཆར་ཕོབ་ཤིག་སྭཱ་ཧཱ། །ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཆར་ཀུན་ཏུ་རབ་ཏུ་ཕོབ་ཤིག་དི་རི་རིར་སྒྲོག་ཤིག །གློག་ཆེན་པོ་སྣང་བ་རབ་ཏུ་ཕྱུང་ཤིག །འདུ་ཞིང་ཀུན་ཏུ་འདུ་ལ་ཏོག་ཡར་དིར་དིར་ཞིང་འདུག་སྟེ། ཀླུའི་སྐད་ཆེན་པོ་ཡིད་དུ་འོང་བའི་སྒྲ་ཆེན་པོ་འབྱིན་ཅིང་དབྱངས་ཆེན་པོ་རབ་ཏུ་སྒྲོགས་པ་དག་འཛམ་བུའི་གླིང་དུ་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། གྷཱུ་ཌ་གྷཱུ་ཌ། གྷི་ཌི་གྷི་ཌི།  ཧཱུ་ཌུ་ཧཱུ་ཌུ།  གུ་ཌུ་གུ་། ཌ྄ུ། ག་ཌ་


DKG064_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཌ། གི་ཌི་གི་ཌི། མ་ཊ་མ་ཊ། ཙ་ཊ་ཙ་ཊ། པ་ཊ་པ་ཊ། ཀྱེ་ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཚུར་ཚུར། ཚུར་ཤེག་ཚུར་ཤེག །དྷུ་དྷུ་དྷུ་དྷུ།  ཧཱ་ཧཱ་ཧཱ། ཧཱ། ཧཱི་ཧཱི།  ཧཱུ་ཧཱུ།  ཧཱུཾ་ཧཱུཾ།འབྲུག་སྒྲ་ཆེན་པོ་སྒྲོགས་ཤིང་རླུང་ཆེན་པོ་རབ་ཏུ་གཏོང་བདག་སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ།་། ཀྱེ་ཀྱེ་ཀླུ་དང་། ཀླུའི་རྒྱལ་པོ་དག་ཀླུ་ཐམས་ཅད་ལ་ཡང་དག་པར་བསྐུལ་གྱིས་འཛམ་བུའི་གླིང་དུ་ཆར་ཕོབ་ཤིག་སྭཱ་ཧཱ། གྷུ་ཌུ་གྷུ་ཌུ། ཕ་ཌ་ཕ་ཌ། ཧཱ་ཧཱ། ཧེ་ཧེ། ཀླུ་ཆེན་པོ་དག་འདུས་ཤིག །སའི་སྟེང་དུ་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །གུ་རུ་གྷཱུ་རུ། ཀི་རི་ཀི་རི། ཙི་རི་ཙི་རི། མི་ཙི་མི་རི། དི་རི་དི་རི། ཀི་ལི་ཀི་ལི། ཞིང་ཐམས་ཅད་ཡོངས་སུ་གང་བར་གྱིས་ཤིག །འབྲུ་དང་། ཤིང་ལྗོན་པ་དང་། རྩྭ་དང་ཤིང་གེལ་པ་དང་། སྨན་ཐམས་ཅད་རབ་ཏུ་སྐྱེ་བར་གྱིས་ཤིག །བྱམས་པའི་སེམས་ཀྱིས་ཚུར་ཤེག །སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། ལག་ན་རྡོ་རྗེའི་བདེན་པ་དང་། ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཆེན་པོ་དག་ཚུར་ཤེག །ཚུར་ཤེག ། །ཀླུའི་རྒྱལ་པོ་མདོངས་བུ་ལ་ཡང་དག་པར་བསྐུལ་ལོ། །སངས་རྒྱས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་ལ་ཡང་དག་པར་བསྐུལ་ལོ། །ཆོས་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཡང་དག་པར་བསྐུལ་ལོ། །དགེ་འདུན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཡང་དག་པར་བསྐུལ་ལོ། །ལག་ན་རྡོ་རྗེའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་འཇོག་པོ་ལ་ཡང་དག་པར་བསྐུལ་ལོ། །ཚངས་པའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་དཔལ་མགྲིན་ལ་ཡང་དག་པར་བསྐུལ་ལོ། །དབང་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཀླུའི་རྒྱལ་པོ་ས་སྲུང་གི་བུ་ལ་ཡང་དག་པར་བསྐུལ་ལོ། །ཁྱབ་འཇུག་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་


DKG064_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཕྲེང་བ་ཅན་ལ་ཡང་དག་པར་བསྐུལ་ལོ། །དྲག་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ལ་ཡང་དག་པར་བསྐུལ་ལོ། །དྲང་སྲོང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་སྐྲག་འབྲོས་བྱེད་ལ་ཡང་དག་པར་བསྐུལ་ལོ། །ལྷའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་ལ་ཡང་དག་པར་བསྐུལ་ལོ། །ཀླུ་ཐམས་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་རབ་འཇོམས་ལ་ཡང་དག་པར་བསྐུལ་ལོ། །གནོད་སྦྱིན་གྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུའི་རྒྱལ་པོ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། །སྲིན་པོའི་བདེན་པས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ཀླུ་གོང་མ་གོང་མ་ཐམས་ཅད་ཀྱི་བདེན་པས་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། །ཆར་ཕོབ་ཤིག་སྭཱ་ཧཱ། །མ་འཕྱི་བར་ཚུར་ཤེག །ཚུར་ཤེག །ཀྱེ་ཀྱེ་ཀླུ་ཆེན་པོ་དག་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་བསྐུལ་ལོ། །ཀུན་ནས་དྲང་ངོ་། །ས་ར་ས་ར། ཧཱ་ཧཱ། དྷུ་མ་དྷུ་མ། ཧཱ་ཧཱ་ཧཱ་ཧཱ། ཧི་ཧི་ཧི་ཧི། ཨེ་ཧྱཱེ་ཧི། ཐ་ཐ་ཐ། ཙ་ཙ་ཙ་རཏ། ཞིང་ཐམས་ཅད་ཀུན་ཏུ་གང་བར་གྱིས་ཤིག །འབྲུ་ཐམས་ཅད་ཀྱི་ཆར་ཕོབ་ཤིག་སྭཱ་ཧཱ། །རླུང་ཆེན་པོ་རབ་ཏུ་ཐོང་ཤིག །དྷུ་མ་དྷུ་མ། ། གྷུང་གྷུང་། བཱུ་མ་བཱུ་མ། ཊ་ཊ་ཊ་ཊ། ནི་པཱ་ར་ཎི། སྟམ་བྷ་ནི། མོ་ཧ་ནི། ཛཱཾ་གཱུ་ལི། བུག་ཀ་སི། བྲ་ཧཱ་ནཱེ། མ་ཏང་གི །ཛ་ཡེ་བི་ཛ་ཡེ། ཧ་ཧ་སྭཱ་ཧཱ ། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དཔལ་གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རབ་འཇོམས་དང་། དེ་བཞིན་་གཤེགས་པ་སྤྲིན་འབྱུང་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྙིང་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཀུན་ཏུ་འགེབས་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲོག་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྒྱས་མཛད་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་རྣམ་པར་སྒྲོགས་པའི་སྒྲའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིག་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྲུང་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་


DKG064_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་སྒྲ་དང་། དེ་བཞིན་གཤེགས་པ་འབྲུག་ཆེན་སྒྲ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དཔལ་གྱི་གཟི་བརྗིད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་དབྱངས་སྙན་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་སྐར་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཚུབ་མའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཤིན་ཏུ་བརྟན་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་བརྟན་པའི་དགའ་བར་མཛད་པ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འུར་འུར་སྒྲ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་འཇིགས་པའི་འཇིགས་མཛད་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་ཐོག་ཏོག་རབ་འབེབས་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་རྣམ་པར་འཕྲུལ་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་སྤྲིན་ཆེན་བཀྲ་ཤིས་ཀྱི་ཆེད་དང་། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱི་ཕྱིར། དེ་བཞིན་གཤེགས་པ་སྤྲིན་ཆེན་པོ་སྤྲིན་ཆེན་སྙིང་པོ་ཐམས་ཅད་ལ་ཡང་དག་པར་བསྐུལ་ལོ། །ཀླུ་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་ཀྱི་སྙིང་པོ་ལ་ཡང་དག་པར་བསྐུལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་ལུང་གིས་མྱུར་དུ་ཤེག་ཤིག །ཀྱེ་ཀྱེ་ཀླུ་དང་ཀླུ་ཆེན་པོ་དག་ཚུར་ཤེག་ཚུར་ཤེག །ཧུ་ལུ་ཧུ་ལུ། སུ་རུ་སུ་རུ། དྷ་པ་དྷ་པ། གྷ་ར་གྷ་ར། བྷུ་རུ་བྷུ་རུ། མ་འཕྱི་བར་སངས་རྒྱས་ཀྱི་བདེན་པས་ཚུར་ཤེག །ཆོས་ཀྱི་བདེན་པས་ཚུར་ཤེག །དགེ་འདུན་གྱི་བདེན་པས་་ཚུར་ཤེག །ཀླུ་ཐམས་ཅད་དང་། ཀླུ་ཆེན་པོ་གོང་མ་གོང་མ་དག་གི་བདེན་པས་འཛམ་བུའི་གླིང་དུ་ཆར་ཕོབ་ཤིག་སྭཱ་ཧཱ། །ཨ་ལ་ལ་ཞེས་གར་བྱེད་ཅིང་། ཨ་ལ་ལ་ཞེས་གླུ་ལེན་པ་དང་། ཨ་ལ་ལ་ཞེས་ཀླུའི་རྣམ་པར་འཕྲུལ་པ་ཆེན་པོ་བྱེད་ཅིང་འདུ་ལ། ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་ཀླུ་ཆེན་པོ་རྣམས་ཀྱི་ཆོས་ཀྱི་སྒྲ་ཡིད་དུ་འོང་བ་སྟོན་པ་གང་། གུ་ལུ་གུ་ལུ། ནཱ་གེ་ནཱ་གེ། སྟེ་ཙན་ཏ་ནཱ་ག་ནི། ཧ་ཧ་ཊི་ཤི། ནཱ་ག་ནཱ་གི་ནི་ནཱ་གེག །སརྦ་ནཱ་ག་བིཤྚ་མ་བྷ་ནེ། མ་ར་ཎ་ཊ་ར་ཎ་ཊཱ་རེ། ཊཱ་ར་ཊ་ར། ཊཱ་རེ་ཀ་བི་ལ། ཀེ་ཥི། བི་ཀ་ཏེ་དཥྚི། བྷ་ཡ་ནཱ་ཡེ། ཨ་ཀད་ཌྷ། ཨ་ཀད་ཌྷ། མཱ་བི། མ་བྷི་ལམ་བ་ཐ། བི་ཊུ་ད་རེ། གོ་ར་རེ་


DKG064_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བི་ནི། ཀ་ལི་ཨ་ཀ་ལེ། གརྫི་ཏེ། སརྦ་མེ་གྷ་བི་ཀུརྦ་ཎི། སཾ་ཙོ་ད་ན། སརྦ་ཀྵེ་ཏྲ་ཨ་པཱུ་ར་ཎི། ཙཀྲི། ཙཀྲ་བརྟེ། ཧེ་རུ་ཧེ་རུ། བི་གི་བ་བི། སྨ་ར་སྨ་ར། ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི། ཧྲཱི་ད་ཡ། པྲ་བ་ཐ། ཨད་ཏེ། མད་ཏེ། སརྦ་ནཱ་ག །ཨ་ཀརྵ་ཎི། པཱུ། བཱུ་ར་ཡ་བཱུ་ར་ཡ། ཧཱུ་མ་ཧཱུ་མ། རཏྣ་ཏྲ་ཡ་བི་ཀུ་ཏེ། བཛྲི། བཛྲེ་ཎི། བཛྲི་ཎི། བཛྲ་བཛྲ་པཱ་ཎི། ཀཱ་ལ་ཤོ་དཱ་རེ། ནཱ་ག་རཱུ་པི་ཎི། སུ་རཱུ་པེ། བྷོ་གི་བྷོ་གི །མ་ཧཱ་བྷོ་གི །བྷོ་ག་རཱུ་པ་ཏ་ཡ། བ་ལེ། བརྵ་ཎི། སརྦ་ནཱ་ག་སཉྩོ་ད་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། བན་དྷ་བན་དྷ། སུ་རཱུ་པེ། ཀ་ལི་རཱུ་པ་ནི། སྭཱ་ཧཱ། ཆོས་སྨྲ་བས་ཐོག་མ་ཁོ་ནར་སྲུང་བའི་ཆོ་ག་བྱས་ལ། ཆོས་གོས་གྱི་གྲྭར་ལན་བདུན་བཟླས་བརྗོད་བྱས་ཏེ། མདུད་པ་བོར་ནས་རླུང་གི་དཀྱིལ་འཁོར་གྱི། ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་འདི། ཞག་ཉི་ཤུ་རྩ་གཅིག་གི་བར་དུ་རྒྱུན་མ་ཆད་པར་བཀླག་པར་བྱའོ། །ཤར་ཕྱོགས་སུ་ནི་བ་ལང་གི་ལྕི་བས་ཀླུའི་རྒྱལ་པོ་མགོ་གསུམ་པ། ཞེས་བྱ་བ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་རབ་ཏུ་རྒྱས་བྱེད་ཅེས་བྱ་བ་མགོ་ལྔ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་སྣང་ལྡན་གཙུག་ཕུད་ཅན་ཞེས་བྱ་བ་མགོ་བདུན་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །བྱང་ཕྱོགས་སུ་ནི་ཀླུའི་རྒྱལ་པོ་སྤྲིན་བསྐུལ་ཞེས་བྱ་བ་མགོ་དགུ་པ་འཁོར་དང་བཅས་ཏེ་བྲི་བར་བྱའོ། །བླ་རེ་དང་། གོས་སྔོན་པོ་དང་། རྒྱལ་མཚན་སྔོན་པོ་དང་། ལྷ་བཤོས་ཐམས་ཅད་ཀྱང་སྔོན་པོར་བྱའོ། །ཀླུ་རྣམས་ལ་དབབ་པ་ནི་མངར་གསུམ་གྱིས་བྱའོ། །མངར་གསུམ་གྱི་དགང་བླུགས་བདུན་ཡང་ཀླུའི་སྙིང་པོས་སྦྱིན་བསྲེག་བྱའོ། །སྤྲིན་གྱི་རྒྱལ་པོ་རྣམས་ཀྱང་བྲིས་ཏེ་ཆར་གྱི་རྒྱུན་འབེབས་ལ་ཕན་ཚུན་ཐུག་ཅིང་མཐར་གློག་འགྱུ་བར་བྱའོ། །འདིར་དབབ་པ་ནི་ཁུར་བ་བཀྲ་ཤིས་ལྡན་དང་། པེན་ཙེ་དང་། ཤ་དང་། ཉ་ཤ་དང་། སྦྲང་རྩི་ལས་བྱས་པའི་ཟས་མཆོག་རྒྱས་པར་བྱའོ། །དེ་ནས་ཆོས་སྨྲ་བ་གཙང་ཞིང་གོས་གཙང་མ་བགོས་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་བཀླག་པར་བྱའོ། །དེ་ནས་ཀླུ་རྣམས་དང་པོའི་ཉིན་མོ་ནས་བརྩམས་ཏེ། དི་རི་རིར་སྒྲ་སྒྲོགས་པར་བྱེད་


DKG064_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྲ་ཡིད་དུ་འོང་བ་དག་འབྱིན་པར་འགྱུར་ཏེ། ལེའུ་འདི་ལ་ཐེ་ཙོམ་དང་བརྙས་པར་མི་བྱའོ། །གལ་ཏེ་རྒྱ་མཚོ་དུས་ཚོད་ལས་ཡོལ་ན་འདི་ཡང་ཆར་ལས་ཡོལ་བར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་བདལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་སྒྲོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཀུན་ཏུ་སྟོན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་རྣམ་པར་རྒྱས་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཡན་ལག་མཛེས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ལྟ་བུའི་ན་བཟའ་མནབས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་འབྲུ་སྐྲུན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཐོར་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་


DKG064_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་འཛིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱིས་བྱིན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་སྒྲ་རྣམ་པར་སྒྲོགས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་གྱི་ཆུ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་སྡུད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྲུག་ངེས་པར་བསྒྲགས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སེམས་ཅན་ཐམས་ཅད་ལ་བདེ་ལེགས་སུ་གྱུར་ཅིག །འབྱུང་པོ་ཐམས་ཅད་ལ་བྱམས་པར་གྱུར་ཅིག །དུད་འགྲོར་གྱུར་པ་ཐམས་ཅད་འཇིགས་པ་མེད་པར་གྱུར་ཅིག །ངན་འགྲོ་ཐམས་ཅད་ཞི་བར་གྱུར་ཅིག །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོ་ག །སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཆོ་ག་འདི་གྲུབ་པར་གྱུར་ཅིག །ཏདྱ་ཐཱ། སྤུ་ཏ་སྤུ་ཏ། སྤུ་ཊ་སྤུ་ཊ་སྤུ་ཊ་སྭཱ་ཧཱ། ཆར་མི་འབབ་པའི་ཚེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ལ་བྱམས་པའི་སེམས་དང་ལྡན་པས་དེ་བཞིན་གཤེགས་པའི་མཚན་འདི་དག་ཡི་གེར་བྲིས་ནས་གདན་གཙང་མ་ལ་བཞག་སྟེ། པོག་ཕོར་བདུན་གྱིས་ནམ་མཁའ་ལ་གྱེན་དུ་བདུག་ཅིང་། དེ་བཞིན་གཤེགས་པའི་མཚན་རྣམས་ལན་ལྔ་བཅུའི་བར་དུ་བརྗོད་ལ་མཆོད་པ་ཆེན་པོ་བྱས་ཏེ། ཞག་བདུན་གྱི་བར་དུ་


DKG064_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་མ་ཆད་པར་བྱས་ན་ཆར་འབབ་པར་འགྱུར་རོ། །འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། །


previousའཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པོ་ཆེན་པོའི་མདོ། next