Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་དྲུག་པ།


   
དམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousདམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། next

དམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ།


DKG066_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སད་དྷརྨཱ་རཱ་ཛ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། དམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། དེའི་ཚེ་ན་སངས་རྒྱས་ཤིང་སཱ་ལ་གཉིས་ཀྱི་བར་ན་བཞུགས་ཏེ། མྱ་ངན་ལས་འདས་པར་གཤེགས་ཀར་སེམས་ཅན་ཐམས་ཅད་བརྒྱ་སྟོང་ཁྲི་འབུམ་ཕལ་མང་པོ་ཀུན་ཤིང་གི་དྲུང་ན་སངས་རྒྱས་འཁོར་བར་བསྐོར་ཏེ་འཁོད་ནས་མིག་ནི་ཡར་བཅོམ་ལྡན་འདས་ཀྱི་ཞལ་དུ་ལྟ་སྟེ། ཅུང་ཟད་ཀྱང་མི་གཡེངས། དེ་ནས་ཡང་དག་པར་གཤེགས་པས་འཕྲུལ་གྱི་སྟོབས་ཀྱིས་འོད་ཆེན་པོ་བཏང་ནས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་སྣང་སྟེ། འོད་དེའི་ནང་ནས་ཆོས་ཀུན་མངོན་པར་བསྟན་ནས་དེའི་ཚེ་མང་པོའི་ནང་ན་བྱང་ཆུབ་སེམས་དཔའི་མིང་ནམ་མཁའ་མཛོད་ཅེས་བྱ་བ་ཞིག་ཡོད་པ་སྟན་ལས་ལངས་ཏེ། སངས་རྒྱས་ལ་ལན་གསུམ་བསྐོར་ནས་སླར་ངོས་གཅིག་ཏུ་འདུག་སྟེ། ལུས་སྨད་ལྔ་ས་ལ་གཏུགས་ངུས་ཏེ་མཆི་མ་བླགས་ནས་སངས་རྒྱས་ལ་གསོལ་པ། ལྷའི་ནང་ན་བཙུན་པ་ཡང་དག་པར་གཤེགས་པས་


DKG066_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་ལས་འདས་པར་གཤེགས་པའི་དུས་ཀྱང་ཉེ། གཤེགས་སུ་ཡང་སླ་ན། གཤེགས་པའི་སླད་ན་རྙོག་པ་རྣམ་པ་ལྔའི་སེམས་ཅན་ལས་ངན་པ་མང་བ་བགྱིད་ཅིང་ངན་པ་བཅུ་ཤ་སྟག་སྤྱོད་པ་འདི་ལྟ་བུའི་སེམས་ཅན་ལེགས་པའི་དཔལ་གྱི་སྟོབས་སྣང་བ་ལ་སངས་རྒྱས་ཀྱིས་ཤིན་ཏུ་ཟབ་ཅིང་། དམ་པའི་ཆོས་ཀྱི་ཡི་གེ་སྡེ་བཅུ་གཉིས་བཤད་པ་ཡི་གེའི་འབྲུ་ནི་མངས། གཞུང་ནི་རྒྱ་ཆེས་པས་ཁོང་དུ་ཆུད་ཅིང་འཚལ་བར་བགྱི་བའང་དཀའ། ཆོས་འདི་ཀུན་བལྟ་ཞིང་རྗེས་ཀྱང་མི་ཆོད་ན། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ། ཐེག་པ་ཆེན་པོའི་ཆོས་ཡང་དག་པའི་བདེན་པ་བྱེ་བྲག་ཕྱེད་པར་བཤད་དེ། སེམས་ཅན་རྣམས་ཡང་དག་པའི་སྨན་བཟང་པོ་ཐོབ་པར་བགྱིས་ཏེ། ནད་གདུག་གོ་ཅོག་སོས་པར་བགྱིར་སྨོན་ཏོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། ཤིན་ཏུ་དགེའོ། །ཤིན་ཏུ་དགེའོ། །རིགས་ཀྱི་བུ་ཕོ་ཁྱོད་ཀྱིས་སེམས་ཅན་རྣམས་ཀྱི་ཕྱིར་འདི་ལྟ་བུའི་དོན་ཆེན་པོ་འདྲི་བར་ནུས་པ་བསོད་ནམས་ཆེན་པོ་ཐོབ་སྟེ། བསམ་གྱིས་མི་ཁྱབ་བོ། །ངས་ཁྱོད་ལ་ཡང་དག་པའི་བདེན་པ། ཐེག་པ་ཆེན་པོའི་ཆོས་བྱེ་བྲག་ཕྱེད་པ། མི་འགྱུར་བའི་གཞུང་རྫོགས་པར་བཤད་དོ། །ཅིའི་ཕྱིར་ཞེས་བྱས་ན། སེམས་ཅན་རྒྱ་ཆེར་ཐར་བར་བྱ་བའི་ཕྱིར་རོ། །སེམས་ཅན་རྣམས་མྱ་ངན་དང་བྲལ་བར་བྱ་བའི་ཕྱིར་རོ། །སེམས་ཅན་དམྱལ་བའི་ཉོན་མོངས་པ་ལས་ཕྱིན་ཅིང་ཡུལ་གཙང་མར་སྐྱེ་བར་བྱ་བའི་ཕྱིར་རོ། །ཡང་དག་པར་གྲོལ་ཐར་ཅིང་སྐྱེ་ཤི་ལས་འདས་པར་བྱ་བའི་ཕྱིར་ཁྱེད་རྣམས་ཀུན་སེམས་གཅིག་ཏུ་སོམས་ཤིག་དང་ཁྱེད་ལ་གོ་བར་བཤད་དོ། །དེ་ནས་ཕལ་མང་


DKG066_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་ཤིན་ཏུ་དགའ་གཞའ་སྟེ། ཁ་ཐ་དད་ཀྱིས་ཀྱང་ཚིག་འཐུན་པར་ཅིག་ཅར་སྨྲས་པ། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ། བདག་ཅག་རྣམས་ལ་བྱེ་བྲག་ཕྱེད་པར་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱི་ཞལ་ནས་རིགས་ཀྱི་བུ་ཕོ་རྣམས་གྲོལ་ཐར་བར་འདོད་ན། འདོད་པའི་ཡན་ལག་བཅད་ལ་སེམས་གཉིས་སུ་མི་བསམ་པར་གཅིག་ཏུ་བསམས་ཏེ་ཡོད་པ་བསམ་པའི་སེམས་བཏང་ངོ་། །སེམས་ཀྱི་ངོ་བོ་ཉིད་ཀྱི་ཚུལ་ནི་སྟོང་པ་སྟེ། སེམས་ཀྱི་ངོ་བོ་ཉིད་ཀྱི་ནང་ན་འགོ་བའང་མེད་དོ། །གཏང་བའང་མེད་དོ། །བླང་བ་དང་གཏང་བ་མེད་ན་ཅིའང་ཐོབ་པ་མེད་དོ། །དེའི་མིང་ནི་བྱང་ཆུབ་བོ། །ཇི་ལྟ་ཞེ་ན། མྱ་ངན་ཕལ་མང་པོ་ཀུན་ནི་སེམས་གཅིག་ལས་སྐྱེས་སོ། །སེམས་མི་སེམས་ན་མྱ་ངན་ཀྱང་མི་སྐྱེ་སྟེ། འདུ་མཆེད་དང་། ཤེས་རབ་རྣམས་ལ་བླང་བ་དང་། གཏང་བ་མེད་དོ། །བླང་བ་དང་གཏང་བ་མེད་པ་འདོད་ཆགས་སོ་ཅོག་དང་བྲལ་ལོ། །འདོད་ཆགས་སོ་ཅོག་དང་བྲལ་ན་འདོད་པའི་ཡན་ལག་མེད་དོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་འདུ་མཆེད་དང་། ཤེས་རབ་ཀྱི་ལེགས་ཉེས་སྐྱེ་ནུས་ཤིང་། ལན་བོན་ལྡང་བའི་གནས་ལགས་ཏེ། ཕྱི་ནང་མུ་གཉིས་ཀྱི་ཆོས་སོ་ཅོག་གཅིག་གི་ནང་དུ་གཅིག་ཞུགས་ནས། ཅིའི་སླད་ནས་དེའི་ནང་ན་བླང་བ་དང་། གཏང་བ་མ་མཆིས་ཞེས་བགྱིར་རུང་། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་བསམ་གཏན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ་ཀུན་གྱིས་ཕྱི་ནང་དུ་བརྟགས་ན་ཐ་མར་ཡོང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ནང་དུ་བལྟས་ནང་དུ་བརྟགས་ན་ཡང་དག་པའི་ངོ་བོ་ཉིད་ལ་སྐྱེ་བ་མེད། ཕྱིར་བལྟས་ཕྱིར་བརྟགས་ན་མ་རིག་པ་མི་ལྡང་། སྐྱེ་བའང་མེད། ལྡང་བའང་མེད་ན། མྱ་ངན་ལས་འདས་པའང་མེད་དེ། དེ་ནི་གཙང་གདང་བ་ཡིན་ནོ། །དེ་ནི་མཆོག་ཏུ་དགའ་བའི་སྨན་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཡང་དག་


DKG066_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཤེགས་པས་ཐེག་པ་ཆེན་པོའི་ཆོས་ཡང་དག་པའི་གཟུགས་ཤིན་ཏུ་ཟབ་ཅིང་གཅེས་པ། བླ་ན་མ་མཆིས་པའི་སྨན་བཟང་པོ་དང་། ཐེག་པ་གཅིག་གི་བདེན་པའི་ནང་དུ་འཇུག་པ་བཤད་ན། སླན་ཆད་ཀྱི་སེམས་ཅན་མི་གཙང་བའི་ལས་གསུམ་གྱིས་ངན་པ་བཅུའི་ལས་བགྱིས་ཏེ། ལོག་སྲེད་ཀྱི་ལས་སྤྱད་པས་རྩ་བ་དང་གཞི་ཕྲ་ཞིང་ཞན་ཏེ། སེམས་ལ་གཟུངས་སུ་གཟུང་བའང་དཀའ་ནས་སྨན་དང་ནད་ཀྱང་གལ་ཏེ་མི་འཐུན་ན་ཐབས་ཇི་ལྟར་བགྱིས་ན་ཐེག་པ་ཆེན་པོའི་ནང་དུ་འཇུག་པར་རུང་། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། ང་ལ་ཐབས་ཡོད་ཀྱིས་ཐེག་པ་ཆེན་པོ་ལ་འཇུག་པར་བྱའོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་གནའ་སྔོན་ཐོས་པ་ཡང་དག་པར་གཤེགས་པས་ཐེག་པ་ཆེན་པོའི་མི་ལ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་བཤད། ཐེག་པ་བར་མའི་མི་ལ་ནི་རྒྱུ་རྐྱེན་བཅུ་གཉིས་ཀྱི་ཆོས་བཤད། ཐེག་པ་ཆུང་ངུའི་མི་ལ་ནི་བདེན་པ་བཞིའི་ཆོས་བཤད། ལོག་སྲེད་ཀྱི་མི་ལ་ནི་དགེ་བ་བཅུའི་ཆོས་བཤད་དེ། ཀུན་ཀྱང་ནད་ཀྱི་གཟུགས་དང་སྦྱར་ནས་ཆོས་ཀྱི་སྨན་བཟང་པོ་བཤད་ན། དེ་ཅིའི་སླད་ནས་ཐེག་པ་གཅིག་གི་ཆོས་བཤད་དེ་མི་འདི་རྣམ་བཞིའི་ར་མདའ་བགྱི། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། ངས་ཐེག་པ་གཅིག་གི་ལམ་གྱི་ཆོས་བཤད་པ་འདི་ནི་དཔེར་ན་ས་གཅིག་གིས་ཡོད་དོ་ཅོག་བསྐྱེད་ཅིང་ཐམས་ཅད་གསོ་ནུས་པ་དང་མཚུངས་སོ། །ཡང་དཔེར་ན་ཆོས་ཀྱི་ཆར་པའི་རླན་གྱིས་ཐམས་ཅད་ལ་ཁྱབ་པར་ཡོག་སྟེ། ས་ལས་སྐྱེས་སོ་ཅོག་ཐམས་ཅད་ངོམས་སོ། །དཔེར་ན་འབྲས་སྣ་གཅིག་གི་ཆན་བྲོ་བ་ལ་འཇིག་རྟེན་གྱི་སེམས་ཅན་མི་དང་མི་མ་ཡིན་པ་ཀུན་ཟའོ། །ཟོས་སོ་ཅོག་ཀུན་ལུས་ནི་སྐྱེ། སྲོག་ནི་འཚོ་སྟེ། ཀུན་སྐྱེ་བར་བྱས་པ་ནི་དཔེར་ན་སྨན་གྱི་རྒྱལ་པོ་སྨན་སྦྱོར་མཁས་པས་སྨན་གཅེས་པ་བཟང་པོ་ཀུན་སྦྱར་ཏེ། སེམས་ཅན་ཚ་བའི་ནད་ཀྱིས་བཏབ་པ་ལ་བཏང་ན་ནི་གྲང་བསིལ། སེམས་ཅན་གྲང་བའི་ནད་ཀྱིས་བཏབ་པ་ལ་བཏང་ན་ནི་དྲོ་ཚའོ། །


DKG066_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་པ་ན་བ་ལ་བཏང་ན་ནི་ཆད་དོ། །འཁྱིལ་པ་ལ་བཏང་ན་ནི་ཕོལ་ཏེ་ནད་མི་སོས་པ་མེད་དོ། །ངས་ཐེག་པ་གཅིག་བཤད་དེ་མི་དེའི་གཞིའི་ནད་རྣམས་གསོ་བ་ཡང་དེ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཐབས་ཇི་ལྟ་བུ་སྤྱད་དེ། ངན་པ་བཅུ་དང་སེམས་ཅན་ལོག་སྲེད་དེ། ཐེག་པ་གཅིག་ཅིག་གི་ལམ་དུ་འཇུག་པར་བགྱི། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་ངའི་ཐེག་པ་གཅིག་གི་ཆོས་ལ་ཐེག་པ་གསུམ་ལྡན་ཏེ། ཡང་གུད་ན་ཐེག་པ་གསུམ་ཞེས་བྱ་བ་བཤད་པ་མེད་དོ། །ཁྱོད་བརྟག་པར་ཉོན་ཅིག་དང་ཁྱོད་ལ་ཞིབ་ཏུ་བཤད་དོ། །རིགས་ཀྱི་བུ་ཕོ་དམ་པའི་ཆོས་ཀྱི་ལམ་མོ་ཅོག་ཕྱི་མོའི་གཞི་ངོ་བོ་ཉིད་གཅིག་སྟེ། གཉིས་སུ་མེད་ན་ཐབས་སྤྱད་པའི་ཕྱིར་ཐེག་པ་གསུམ་དུ་བཤད་དོ། །ཐེག་པ་གསུམ་གྱི་ཆོས་ཀུན་གཅིག་ཏུ་འདུས་པར་བརྟག །སེམས་ཅན་ནོ་ཅོག་ལ་རྣམ་པ་བཞི་ཡོད་མོད་ཀྱི་སངས་རྒྱས་ཀྱི་ངོ་བོ་ཉིད་ལ་ནི་གཉིས་སུ་མེད་དོ། །ཇི་ལྟ་ཞེས་བྱས་ན། སངས་རྒྱས་སོ་ཅོག་དང་། སེམས་ཅན་ནོ་ཅོག་གི་ངོ་བོ་ཉིད་གཅིག་ཏུ་འཐུན་ཏེ། མདོ་གཅིག་སྟེ་སེམས་ཅན་ཐ་དད་པ་མེད་ན། སེམས་ཅན་རང་གི་སེམས་ཀྱིས་བྱེ་བྲག་དབྱེ་བ་གཡོས་སོ། །ཡོང་ནི་སངས་རྒྱས་ཀྱང་སེམས་ཅན་ཡིན། སེམས་ཅན་ཀྱང་སངས་རྒྱས་ཡིན་ཏེ། སེམས་ཅན་ནོ་ཅོག་ལ་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ། །སངས་རྒྱས་ཀྱི་ངོ་བོ་ཉིད་དང་སེམས་ཅན་གྱི་ངོ་བོ་ཉིད་དེ་གཉིས་ཀྱང་གཅིག་སྟེ། ངོ་བོ་ཉིད་གཅིག་ཏུ་མཚུངས་མཉམ་མོ། །ཆོས་སོ་ཅོག་དང་ཡང་མཉམ་པས་ན་ང་ལ་ཐབས་ཡོད་པས་ཐེག་པ་གཅིག་ལ་ཞུགས་པར་བྱའོ། །རིགས་ཀྱི་བུ་ཕོ་སེམས་ཅན་དེ་རྣམས་ཀྱི་སེམས་ཀྱི་མཁར་དམ་དུ་སྲུང་དུ་བཙུད་དེ་རྐུན་པོ་མ་ཞུགས་པར་བྱའོ། །རྣམ་པར་ཤེས་པ་དྲུག་གི་སྒོ་མོ་ཆེན་པོ་རྡོ་རྗེས་བསྲུངས་བྲན་ལ་སེམས་འདུག་པའི་གནས་ལ་བརྟགས་ཏེ། སེམས་འདུག་པའི་གནས་ཤེས་ན་སེམས་འདུག་པའི་གནས་ན་སེམས་མི་འདུག་གོ །སེམས་མི་འདུག་ན་གདོད་སེམས་འདུག་པ་མེད་དོ། །


DKG066_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ནོ་ཅོག་ལ་སེམས་མི་འདུག་ཅིང་། འདུ་མཆེད་ཁམས་ལ་སེམས་མི་འདུག་ན་འདོད་པའི་ཡན་ལག་གི་སེམས་མེད་དོ། །འདོད་པའི་ཡན་ལག་མེད་ན་སེམས་ཀྱི་འདོད་ཅིང་བཙལ་བ་མེད་དོ། །སེམས་ལ་བཙལ་བ་མེད་ན་སེམས་ག་ལ་ཡང་མི་འདུག་གོ །ག་ལ་ཡང་མི་འདུག་ན་གདོད་དེའི་མིང་ནི་སེམས་འདུག་ཅེས་བྱའོ། །རིགས་ཀྱི་བུ་ཕོ་སེམས་ཅན་གྱི་སེམས་ཀྱི་མྱ་ངན་ནོ་ཅོག་བྱས་པ་ནི་ཀུན་ཀྱང་རྣམ་པར་ཤེས་པ་ལས་གཡོས་ཏེ་མི་འདུག་པའི་ལན་ནོ། །སེམས་འདུག་ན་གདོད་མྱ་ངན་ཀྱང་མེད་དོ། །མྱ་ངན་མེད་ན་གདོད་བྱང་ཆུབ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱིས་མྱ་ངན་ནོ་ཅོག་བགྱིས་ཤིང་སེམས་མི་འདུག་པ་དེ་ཅི་ཞིག་གི་སྟོབས་ཀྱིས་བསླང་སྟེ། འདོད་པའི་ཡན་ལག་བགྱིས་པ་སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ། ཕལ་མང་པོ་ལ་སྒྲོལ་ཞིང་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་བཀའ་སྩལ་པ། སེམས་ཅན་ནོ་ཅོག་སེམས་ཀྱི་ཡན་ལག་གཡོས་པས་རང་བཞིན་གྱི་སྟོབས་གཉིས་ཡོད་དོ། །གཉིས་ཞེས་བྱ་བ་གང་ཡིན་ཞེས་བྱས་ན། གཅིག་ནི་འདུ་མཆེད་ཀྱི་ཕྱིར་གཡོས་ཏེ་སེམས་ཀྱི་ཡན་ལག་རང་བཞིན་གྱི་སྟོབས་སོ། །གཉིས་ནི་འདུ་མཆེད་ཀྱི་ཕྱིར་མ་ལངས་ཀྱི་བདག་གི་སེམས་ལ་རང་ལངས་ཏེ་དེ་ནི་བདག་གི་རང་བཞིན་གྱི་སྟོབས་སོ། །རིགས་ཀྱི་བུ་ཕོ་དེ་སེམས་ཅན་རྣམས་ཀྱི་རང་བཞིན་གཉིས་མི་གཡོ་བར་བྱས་ན་གདོད་མྱ་ངན་ཀྱང་མེད་བྱང་ཆུབ་ཀྱང་མེད་དོ། །མྱ་ངན་ཀྱང་མེད་བྱང་ཆུབ་ཀྱང་མེད་ན་གདོད་ཡང་དག་པར་བདེན་པའི་གནས་སུ་ཆུད་དེ། དེ་ནི་བྱང་ཆུབ་ཡང་དག་པ་ཡིན་ནོ། །ཁྱོད་ལ་སོགས་པ་བྱང་ཆུབ་སེམས་དཔས་སེམས་ཅན་ཞིག་བསྟན་ཅིང་དྲང་ན་ཡང་སེམས་འདུག་པར་སྟོན་ཅིག །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་བསླབ་ཅིང་དྲང་ན་དེའི་སེམས་འདུག་པར་བགྱི་ན། ཁམས་གང་ལ་འདུག་ན་བྱང་ཆུབ་ཐོབ་པར་རུང་། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་


DKG066_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལ་བཀའ་སྩལ་པ། ཤིན་ཏུ་དགེའོ་ཤིན་ཏུ་དགེའོ། །རིགས་ཀྱི་བུ་ཕོ་ཁྱོད་དེ་འདྲི་རེ་མཁས་སེམས་ཀྱི་ཕྱི་མོ་འདི་ལྟ་བུ་འདྲི་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ་བསམ་གྱིས་མི་ཁྱབ་བོ། །ཁྱེད་བརྟགས་པར་ཉོན་ཅིག་དང་། ཁྱེད་ལ་ཞིབ་ཏུ་བཤད་དོ། །རིགས་ཀྱི་བུ་ཕོ་སེམས་ཅན་བསླབས་ཤིང་དྲང་སྟེ་སེམས་འདུག་པར་བྱ་ན་འདུག་པ་ནི་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །བར་ན་ཡང་མི་འདུག་གོ །སངས་རྒྱས་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་ཆོས་ཀྱང་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །བར་ན་ཡང་མི་འདུག་གོ །སེམས་ཀྱི་ཤེས་པ་གཅིག་པུ་ལ་གནས་ཏེ། མེད་པའི་གནས་ལ་འདུག་པས་ན་བྱང་ཆུབ་ཐོབ་བོ། །བྱང་ཆུབ་ཐོབ་ཏུ་ཟིན་ཀྱང་བྱང་ཆུབ་ཐོབ་པ་ཡོང་མེད་དེ། དེའི་མིང་ནི་ཡང་དག་པའི་མི་གཡོ་བ་ཞེས་བྱའོ། །ཇི་ལྟ་ཞེས་བྱས་ན། མྱ་ངན་ནི་མི་བདེན་པ་ལས་སྐྱེས་ཏེ་མྱ་ངན་ཀྱང་སྟོང་པའོ། །ཆོས་སོ་ཅོག་ཀྱང་རང་སྐྱེས་པ་མེད་དེ་ཆོས་ཀྱང་སྟོང་པའོ། །སེམས་ཞེས་བྱ་བ་ཡང་གྱིན་ད་མིང་ཡོད་དུ་ཟད་ཀྱི་ཐོབ་པར་མི་རུང་སྟེ། སེམས་ཀྱང་སྟོང་པའོ། །རིགས་ཀྱི་བུ་ཕོ་སེམས་སྟོང་པ་ཡིན་པར་རིག་ན། སྟོང་པའི་སེམས་གཅིག་གིས་ནང་ནས་མི་བདེན་པ་ཐམས་ཅད་ལ་བལྟ་བའི་མི་རིགས་སོ། །ཐམས་ཅད་ལ་བལྟས་ན་དེའི་མིང་ནི་སེམས་ཀྱི་དྲི་མ་ཞེས་བྱའོ། །སེམས་ལ་དྲི་མ་མེད་ན་དེའི་མིང་ནི་ཟག་པ་ཟད་ཅེས་བྱ་བ་སྟེ། མིག་དང་ཁ་དོག་དང་སེམས་གསུམ་ཆར་ཡང་སྟོང་པ་སྟེ། རྟག་པར་གཙང་ངོ་། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས། ཆོས་སོ་ཅོག་ཀུན་ཀྱང་། དེ་བཞིན་ལགས་པ་ལྟ་ན། སེམས་ཅན་ཐམས་ཅད་ཀྱང་ལུས་གཅིག །སེམས་གཅིག །ཁམས་གཅིག །སངས་རྒྱས་གཅིག་གི་ཁམས་སུ་ཆུད་པར་ནུས་པའི་རིགས། སངས་རྒྱས་གཅིག་གི་ཁམས་ནས་སྟོང་པ་གང་ཞིག་ཁྱབ་པའི་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཁམས་སུ་འཇུག་ནུས་པའི་རིགས། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་


DKG066_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་ཁམས་ཐམས་ཅད་ཀྱང་ཁམས་གཅིག་ཏུ་གཞུག་ཏུ་རུང་ངོ་། །ཁམས་གཅིག་དང་། པད་མོའི་གདན་གཅིག་དང་། ཡང་དག་པར་གཤེགས་པའི་སྐུ་ལུས་གཅིག་གིས་ཁམས་ཐམས་ཅད་ཀྱང་ཀུན་རྒྱས་ཤིང་གང་བར་རུང་ངོ་། །ཁམས་ཐམས་ཅད་མངོན་པར་བསྟན་ན་ཀུན་ཀྱང་སྟོང་པའོ། །སངས་རྒྱས་ཐམས་ཅད་ཀྱི་ཁམས་བཟང་དུ་བརྒྱན་པར་ཡང་རུང་ངོ་། །བྱང་ཆུབ་སེམས་དཔའ་གཅིག་གི་ལུས་ཀྱིས་ཁམས་ཐམས་ཅད་གང་རྒྱས་པར་རུང་ངོ་། །བ་སྤུ་ཉག་མ་གཅིག་གི་བུ་གའི་ནང་དུ་ཁམས་ཐམས་ཅད་ཤོང་བར་ཡང་རུང་ངོ་། །ཁམས་ཐམས་ཅད་ཁམས་གཅིག་གི་ནང་དུ་གཞུག་པ་དང་། སེམས་ཅན་གཅིག་གི་ལུས་ཀྱི་ནང་དུ་ཤོང་བར་ཡང་རུང་ངོ་། །སངས་རྒྱས་ཀྱི་ཆོས་ཀྱིས་གཅིག་དང་། བྱང་ཆུབ་ཀྱི་ཤིང་སྡོང་པོ་གཅིག་གིས་ཁམས་ཐམས་ཅད་གང་བར་ཡང་རུང་ངོ་། །སྒྲ་སྐད་སྙན་པ་གཅིག་གིས་ཁམས་ཐམས་ཅད་གང་སྟེ། ཐམས་ཅད་དེ་བཞིན་ཐོས་ཤིང་ཤེས་ཏེ་ཀུན་དགའ་གཞའ་བར་ཡང་རུང་ངོ་། །ཆོས་སྤྱོད་པ་རྣམས་ཆོས་དེ་བཞིན་གང་བར་ཤེས་ན་གཞན་གྱི་ཡུལ་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་ལུས་བཙལ་བའི་མི་རིགས་ཀྱི། སེམས་གཅིག་དང་། ཁམས་གཅིག་གི་གནས་ལ་སངས་རྒྱས་ཀྱི་ལུས་བཙལ་བའི་རིགས་སོ། །ལུས་གཅིག་གི་ནང་ནས་ཐམས་ཅད་ཀྱི་ལུས་འབྱུང་བར་ནུས་སོ། །ཐམས་ཅད་ཀྱི་ལུས་ཀྱི་ནང་ནས་ལུས་གཅིག་འབྱུང་བར་ནུས་སོ། །ཇི་ལྟ་ཞེས་བྱས་ན། ལུས་གཅིག་ནི་སངས་རྒྱས་གཅིག་གི་ལུས་ཡིན་ནོ། །ལུས་མང་པོ་ཐམས་ཅད་ནི་སེམས་ཅན་གྱི་ལུས་ཡིན་པས་ན། ཀུན་སེམས་གཅིག་ལས་སྐྱེས་སོ། །སེམས་གཅིག་པུ་དགེ་ན་ཆོས་སོ་ཅོག་ཟད་པར་དགེའོ། །སེམས་གཅིག་ཕྱི་མོ་མི་དགེ་ན་ཆོས་སོ་ཅོག་ཟད་པར་ཡང་མི་དགེའོ། །ལས་ངན་པ་བྱས་ན་སེམས་ཅན་ངན་པའི་ལུས་སུ་སྐྱེའོ། །ལས་དགེ་བ་བྱས་ན་ལྷ་དང་མིའི་ལུས་སུ་སྐྱེའོ། །སེམས་གཅིག་པོ་ཡང་སེམས་གཅིག་གི་གཟུགས་དང་བྲལ་ན་སེམས་ཀྱི་གཟུགས་ཀྱི་ནང་ན་སྟོང་པ་སྟེ། ཅི་ལའང་


DKG066_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་མེད་དོ། །སྟོང་པའི་ཁམས་དང་ཡང་བྲལ་ན་བླང་བ་མེད་པའི་ས་ནི་སངས་རྒྱས་ཀྱི་ལུས་སྐྱེ་ནུས་སོ། །སངས་རྒྱས་ཀྱི་ལུས་ལ་ནི་ལུས་གཅིག་ཏུ་ཟད་ཀྱི་གཉིས་སུ་མེད་དོ། །ཡོང་སངས་རྒྱས་ཀྱི་ངོ་བོ་ཉིད་ནི་གཅིག་གོ །སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་གི་ནང་ན་སེམས་ཀྱི་ངོ་བོ་ཉིད་གཅིག་ཏུ་ཟད་དོ། །སེམས་གཅིག་པོ་མ་གཏོགས་པར་གུད་དུ་གཞན་ལ་བཙལ་བ་མེད་དོ། །གཞན་ལ་བཙལ་བ་བྱས་ན་དེ་ནི་ཡོན་པོ་མི་དྲང་བའོ། །ཇི་ལྟ་ཞེས་བྱས་ན། སེམས་ཀྱི་ཆོས་ཐམས་ཅད་ནི་ཕྱི་ལོགས་ནས་བཙལ་བ་མེད་དོ། །ཕྱི་ལོགས་ཀྱི་གནས་ནས་བཙལ་ན། དེའི་མིང་ནི་གཞན་ཞེས་བྱའོ། །གཞན་གྱི་གནས་ལས་བཙལ་ན་དེ་ནི་མི་བདེན་པའོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་གཅིག་གི་ནང་ནས་སངས་རྒྱས་ཐོབ་པར་རུང་ན། ཐམས་ཅད་ཀྱི་སེམས་ཀྱི་ནང་ན། ཀུན་ལ་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་མཆིས་པ་ལྟ། སེམས་ཅན་ཐམས་ཅད་ཀུན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་མཆིས་ན། ཡང་དག་པར་གཤེགས་པ་ཐམས་ཅད་ཀྱིས་སེམས་གཅིག་པོ་སྤྱད་དེ། སེམས་ཅན་ཐམས་ཅད་བསྐྱེད་ནུས་ཏེ་སེམས་གཅིག་ལུས་གཅིག་གིས་འཁྲུལ་པ་བསལ་ན། སངས་རྒྱས་ཀྱི་ཆོས་གཞན་མ་མཆིས་ཏེ། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ལུས་སུ་སྐྱེས་ལགས་པ་ལྟ། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེ་ཡིན་ནོ་དེ་ཡིན་ནོ། །ཁྱོད་ཀྱིས་བཤད་པ་བཞིན་ཏེ། སེམས་ཅན་ཀུན་ལ་ཡང་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དེ། སངས་རྒྱས་ཡང་དག་པར་གཤེགས་པ་ཐམས་ཅད་ཀུན་གྱིས་སེམས་གཅིག་པུའི་ཆོས་སྤྱད་དེ། སེམས་ཅན་ཐམས་ཅད་ཀྱི་སེམས་སོ་ཅོག་སེམས་གཅིག་པུའི་ནང་དུ་སངས་རྒྱས་ཀྱི་ཆོས་ཚོལ་དུ་བཙུད་པས་སངས་རྒྱས་ཀྱི་ལུས་ཐོབ་བོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་མཆིས་ཏེ། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་ནང་དུ་བཙལ་བས་སངས་རྒྱས་ཐོབ་ན་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་


DKG066_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱི་ནང་ན་ཡང་སངས་རྒྱས་ལགས་ཏེ། དེ་ཐོབ་པར་ཡང་རུང་། མཐོང་བར་ཡང་རུང་ལགས་པ་ལྟ། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡང་དག་པའི་གཟུགས་དམ་པར་འཇུག་པ་ནི་ཐོབ་ཅེས་བྱར་ཡང་མི་རུང་ངོ་། །མི་ཐོབ་ཅེས་བྱར་ཡང་མི་རུང་ངོ་། །མཐོང་ཞེས་བྱར་ཡང་མི་རུང་། མི་མཐོང་ཞེས་བྱར་ཡང་མི་རུང་ངོ་། །ཇི་ལྟ་ཞེས་བྱས་ན། བྱང་ཆུབ་སེམས་དཔས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་ཅེས་བཤད་ན། དེའི་མིང་ནི་སངས་རྒྱས་ལ་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་མེད་ཅེས་བཤད་ན་ཡང་སངས་རྒྱས་ལ་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན། ཞེས་བཤད་ན་ཡང་སངས་རྒྱས་ལ་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་མེད་ཅེས་བཤད་ན་ཡང་སངས་རྒྱས་ལ་སྐུར་ཏོ། །ཇི་ལྟ་ཞེས་བྱས་ན། བྱང་ཆུབ་སེམས་དཔས་སེམས་ཅན་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པ་མ་ཡིན་ན་ནི་ནམ་མཁའ་དང་མཚུངས། མེད་པ་མ་ཡིན་ན་ནི་རི་བོང་གི་རྭ་དང་མཚུངས་ཏེ། རི་བོང་གི་རྭ་ནི་ཡོང་མེད་དོ། །ནམ་མཁའ་ནི་རྟག་པར་ཡོད་དོ། །གཟུགས་ཀྱི་ཚུལ་ནི་ཡོད་པ་མ་ཡིན་ནོ། །ནམ་མཁའི་ཚུལ་ནི་མེད་པ་མ་ཡིན་ནོ། །གཟུགས་ཀྱི་ཚུལ་ཀུན་དང་བྲལ་ན་ཅི་ལའང་ཆགས་པ་མེད་དོ། །སྐྱེ་བའི་གནས་ལ་མི་འདུག་སྟེ། དེ་ལ་སྐྱེ་བར་མཐོང་ན་དྲི་མའོ། །མེད་པའི་གནས་ན་མི་འདུག་སྟེ། དེ་ལ་མ་མཐོང་ན་ཆད་པ་ཞེས་བྱའོ། །སེམས་ཅན་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་དམ་པའི་གཟུགས་ནི་དེ་ལྟ་བུ་ཡིན་ནོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་ཅེས་བཤད་ན་བསྐྱེད་དེ་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་མེད་ཅེས་བཤད་ན་སྨད་དེ་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་ཀྱང་ཡོད། མེད་ཀྱང་མེད་ཅེས་བཤད་ན་ལོག་པར་སྐུར་ཏོ། །སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་བཤད་ན་འགྲན་ཏོར་དུ་སྐུར་ཏོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དམ་པ་དེ་བཞིན་དུ་ཟབ་སྟེ། འདུ་མཆེད་


DKG066_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྣམས་དང་བྲལ་བས་ཅིས་ཀྱང་གོས་པ་མ་མཆིས་ཏེ། དཔེར་ན་ནམ་མཁའ་དང་མཚུངས་ཤིང་ཕྱི་མོའི་ངོ་བོ་ཉིད་རྟག་པར་གཙང་ན་ཅིའི་སླད་ནས་སེམས་ཅན་གྱིས་མྱ་ངན་རྣམས་བགྱིས། མྱ་ངན་བགྱིས་ན་སེམས་ཉིད་དྲི་མ་ལགས་པ་ལྟ་ན། སེམས་ཀྱི་དྲི་མ་དེ་ཐོག་མ་ག་ལས་སྐྱེས་པ་བཅོམ་ལྡན་འདས་ཀྱིས་ཕལ་མང་པོ་ལ་བཤད་དེ། སེམས་ཅན་གྱི་རྣམས་ཀུན་གྱིས་ཐོས་ཤིང་ཤེས་པར་བགྱིས་ཏེ། སེམས་ཅན་གྱི་རྣམས་ཀྱི་མྱ་ངན་ངན་ནོ་འཚལ་བ་ཞིག་སྟེ། སེམས་ཀྱི་དྲི་མ་བཀྲུས་པས་ལ་ལ་བཀབ་ཅིང་དཀྲིས་པ་ཡང་བྲལ་བར་སྨོན་ཏོ། །དེ་ནས་སངས་རྒྱས་འཛུམ་མུལ་ཞེས་བཞད་དེ་ཕྱག་གཡོན་པས་བྱང་ཆུབ་སེམས་དཔའི་སྤྱི་བོ་ལ་ཕྱིས་ཏེ། འོད་ཆེན་པོ་བཏང་ནས་ཐམས་ཅད་ཀུན་ཏུ་ཁྱབ་པར་བྱས་སོ། །དེ་ནས་སེམས་ཅན་ཕལ་མང་པོ་ཐམས་ཅད་ཀུན་ཤིན་ཏུ་དགའ་གཞའོ། །སངས་རྒྱས་ཀྱི་ཞལ་ནས་བྱང་ཆུབ་སེམས་དཔས་སེམས་ཅན་རྣམས་ཀྱི་ཕྱིར་དེ་ལྟ་བུའི་དྲི་བ་བྱས་པ་དེའི་མིང་ནི་དྲང་པོ་དྲིས་པ་སྟེ། སེམས་ཅན་ཐར་བར་བྱ་བ་ཡིན་ནོ། །ཚིག་གཞན་དྲིས་ན་དེའི་མིང་ནི་ཡོན་པོར་དྲིས་ཞེས་བྱ་སྟེ། སེམས་ཅན་བརླག་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ཁྱོད་དྲང་པོ་འདྲི་ནུས་པ་སེམས་ཅན་ཐར་པར་བྱས་པ་ཡིན་ནོ། །ཁྱེད་ལ་སོགས་པ་སེམས་ཅན་ཀུན་སེམས་གཅིག་ཏུ་སོམས་ལ་བརྟགས་པར་ཉོན་ཏེ། འགྱེས་ཤིང་འཁྲུག་པའི་སེམས་སོལ་ལ་ཕྱི་ལོགས་ཀྱི་དོན་མེད་པར་བྱོས་ཏེ། སེམས་ཀྱི་ཡིད་ཐུབ་པར་འདུག་ཤིག་དང་ཁྱེད་ལ་བཤད་དོ། །བཤད་པ་ཐོས་ན་ངན་པ་བཅུའི་སེམས་ཅན་ཀུན་གྲོལ་ཐར་པ་ཐོབ་བོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་ལ་སོགས་པ་སེམས་ཅན་ཕལ་མང་པོ་ཐམས་ཅད་ཀུན་སེམས་གཅིག་ཏུ་བགྱིས་ལགས་ཏེ། འཁྲུག་པའི་སེམས་གཞན་མ་མཆིས་ན། བཅོམ་ལྡན་འདས་ཀྱིས་ཕལ་མང་པོ་ལ་དགྲོལ་བཤད་པར་སྨོན་ཏོ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དང་ཕལ་མང་པོ་རྣམས་ལ་བཀའ་སྩལ་པ། མྱ་ངན་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་སྐྱེས་སོ། །ཕྱིན་ཅི་ལོག་ཐམས་ཅད་ནི་མི་བདེན་པའི་


DKG066_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལས་སྐྱེས་སོ། །མི་བདེན་པའི་སེམས་ཐམས་ཅད་ནི་ང་ཡོད་པ་ལས་སྐྱེས་སོ། །ང་ཡོད་པ་ཐམས་ཅད་ནི་ཕྱི་མོ་ཡོང་མེད་པ་ལས་སྐྱེས་སོ། །ཕྱི་མོ་མེད་པ་ཐམས་ཅད་ནི་མི་འདུག་པ་ཉིད་ཡིན་ནོ། །ཕྱི་མོ་མེད་ན་ཡོད་པ་མ་ཡིན་ནོ། །ཡོད་པ་ནི་དྲི་མའོ། །མེད་པ་ནི་གཙང་མའོ། །གཙང་མ་དེའི་གནས་ནི་རྟག་པར་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །སྐྱིད་པ་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །ང་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །གཙང་མ་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། །དེ་ལྟ་བུ་མཐོང་བ་ནི་མིང་དྲང་པོ་མཐོང་བ་ཞེས་བྱ་སྟེ། གཞན་མཐོང་བ་ནི་མིང་ཡོན་པོ་མཐོང་བ་ཞེས་བྱའོ། །དེ་ལྟ་བུ་མཐོང་བ་ནི་མི་དེ་ལ་ཤེས་རབ་ཡོད་དོ། །གཞན་མཐོང་བ་ནི་མི་དེ་ལ་ཤེས་རབ་མེད་དོ། །ཤེས་རབ་ཡོད་པས་ནི་ཐབས་ཀྱིས་བཀྲོལ་ལོ། །ཤེས་རབ་མེད་པས་ནི་ཐབས་ཀྱིས་བཅིངས་སོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་གཙང་མའི་གནས་དེ་ན་སེམས་ཅན་ལ་ལ་ཞིག་སེམས་རྟག་ཏུ་རྟག་པའི་སེམས་གཡོས་སོ། །རྟག་ཏུ་སྐྱིད་པའི་སེམས་གཡོའོ། །རྟག་ཏུ་ངའི་སེམས་གཡོའོ། །རྟག་ཏུ་གཙང་མའི་སེམས་གཡོའོ། །ཤེས་རབ་ཡོད་པ་ལགས་ཏེ་ཕྱིན་ཅི་ལོག་མ་ལགས་སོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། སེམས་ཅན་ལ་ལ་ཞིག་དེ་ལྟར་སེམས་པ་ནི་མིང་དྲང་པོ་སེམས་པ་སྟེ། མི་དེ་དྲང་པོ་མཐོང་བ་ཡིན་ནོ། །མི་དེ་ཤེས་རབ་ཡོད་པ་ཡིན་ནོ། །ཇི་ལྟ་ཞེས་བྱས་ན། ཡང་དག་པར་གཤེགས་པའི་ཆོས་ཀྱི་སྐུ་ལུས་རྟག་པ་ཕ་རོལ་ཏུ་ཕྱིན། སྐྱིད་པ་ཕ་རོལ་ཏུ་ཕྱིན། ང་ཕ་རོལ་ཏུ་ཕྱིན། གཙང་མ་ཕ་རོལ་ཏུ་ཕྱིན་ཏེ་གཙང་གདང་བར་གནས་སོ། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་ལུས་དེ་ལྟ་བུར་མཐོང་བའི་མི་དེ་ནི་སངས་རྒྱས་ཀྱི་ཡང་དག་པའི་སློབ་མ་གཅིག་པུ་ཡིན་ཏེ། དྲང་པོའི་ཆོས་ལས་སྐྱེས། ཆོས་ལས་འཕྲུལ་ཏེ་སྐྱེས། སངས་རྒྱས་ཀྱི་ཞལ་ནས་སྐྱེས། སངས་རྒྱས་ཀྱི་བརྟན་པ་བཞི་ཐོབ་པོ། །མི་ཐ་མལ་པ་ཡིན་མོད་ཀྱི་བརྟན་པ་བཞི་བྱང་ཆུབ་སེམས་དཔའ་ཡིན་ནོ། །


DKG066_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་ཕོ་ང་འདས་པའི་ཕྱི་ན་ལོ་ལྔ་བརྒྱ་ཡང་རུང་། ལོ་སྟོང་ཡང་རུང་། ལོ་སྟོང་ལྔ་བརྒྱ་ཡང་རུང་། དེའི་ཕྱི་ན་ཡང་མི་ལ་ལ་ཞིག་གིས་ཆོས་ཀྱི་ཡི་གེ་འདི་གཟུངས་སུ་བཟུང་སྟེ། ཁ་ཏོན་དང་ཀློག་ནུས་ལ་བཤད་པ་བཞིན་དུ་ལས་སུ་བྱས་ཏེ། རྟག་སྐྱིད། ང་གཙང་གི་གནས་ལ་ཡིད་ཆེས་ཤིང་དྲང་པོར་མཐོང་གི་སྟེང་དུ་ཆོས་འདི་སྤྱད་དེ། སེམས་ཅན་བསྟན་བསླབས་ན། སེམས་ཅན་གཅིག་བསྟན་ན་དེའི་མིང་བྱང་ཆུབ་སེམས་དཔའོ། །མི་ཐ་མལ་པ་ཡིན་མོད་ཀྱི་ཡོན་ཕུལ་བ་བླང་དུ་རུང་སྟེ། ཁྱིམ་ནས་བྱུང་བའི་མི་ཡིན་ནོ། །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ལ་ཡོང་ཁྱིམ་ནས་བྱུང་བའི་མི་དེ་སྐྲ་དང་ཁ་སྤུ་བྲེགས་ལ་ཆོས་ཀྱི་གོས་གྱོན་ཏེ། ཚུལ་ཁྲིམས་ཚང་བ་མནོས་ཏེ། ཐ་མལ་པའི་ཆོས་ཀྱིས་མ་གོས་པ་དེའི་མིང་ནི་ཁྱིམ་ནས་བྱུང་སྟེ། ཡོན་བླང་དུ་རུང་བ་ཞེས་བགྱི་ན། ཡང་དག་པར་གཤེགས་པས་ད་བཤད་པ་མི་ཐ་མལ་པ་ལ་ཁྱིམ་ནས་བྱུང་བའི་མི་ལགས་ཏེ། ཡོན་བླང་དུ་རུང་ཞེས་བགྱི་བ་དེའི་གཞུང་བྱེ་བྲག་མ་ཕྱེད་ན། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ་བདག་ལ་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་སྐྲ་དང་ཁ་སྤུ་བྲེགས་པ་ནི་ལུས་ལ་ང་མེད་པར་གདུལ་བའི་ཕྱིར་རོ། །ཆོས་ཀྱི་གོས་གྱོན་པ་ནི་ཐ་མལ་པའི་ཆོས་དང་དབྲལ་བའི་ཕྱིར་རོ། །ཚུལ་ཁྲིམས་ཚང་བར་འཛིན་པ་ནི་ཐོབ་ཅིང་མི་གཞིག་པའི་ཕྱིར་རོ། །ངས་བཤད་པ་དེ་མི་ཐ་མལ་པ་ཡིན་མོད་ཀྱི་ལུས་དང་སེམས་ཐུལ་བར་ནུས་ཏེ། ང་དང་ལེ་ལོ་མི་གཡོ་སེམས་ལ་རྡུལ་གྱིས་མ་གོས་ཏེ། ཐ་མལ་པའི་ཆོས་དང་བྲལ་ནས་ཡུན་རིངས་ཏེ། རྡོ་རྗེ་དང་མཚུངས་ཏེ། ཚུལ་ཁྲིམས་ཀྱི་ངོ་བོ་ཉིད་མ་ཞིག་པས། ཐ་མལ་པ་ཡིན་མོད་ཀྱི་ཡང་དག་པར་ན་ཁྱིམ་ནས་བྱུང་བ་ཡང་དག་པ་ཡིན་ནོ། །ཡང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གེ་འདིའི་ནང་ན་བཤད་པ་བཞིན་དུ་ལས་སུ་སྤྱད་ན། སངས་རྒྱས་ཀྱི་ཆོས་ལ་ཡིད་ཆེས་པས་རྟག་སྐྱིད་ང་གཙང་མཐོང་སྟེ། སེམས་ཅན་


DKG066_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཀྲོལ་བཤད་ན་མི་ཐ་མལ་པ་ཡིན་མོད་ཀྱི་བརྟན་པ་བཞིའི་མི་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལས་སྤྱོད་པ་ཡོན་བླང་དུ་རུང་སྟེ། མིང་ནི་དགེ་བསྙེན་ཞེས་བྱའོ། །ཤེས་རབ་ཀྱི་ཐབས་ཐོབ་སྟེ་ཐེག་པ་ཆེན་པོའི་ཆོས་བཤད་དོ། །དེ་ལྟ་བུའི་ཆོས་ཀྱི་ངོ་བོ་ཉིད་ཀུན་སེམས་དང་མ་བྲལ་ཏེ། སེམས་ལས་འཕྲུལ་སྐྱེས་ཏེ། ཏིང་ངེ་འཛིན་མི་གཡོ་རྟག་པར་གཅིག་པུའི་སེམས་ལ་གཉིས་སུ་མེད་དོ། །གཅིག་པུའི་སེམས་ཀྱི་ནང་ན་ཕྱི་ནང་ཡང་མེད། བར་མ་ཡང་ང་མེད་དེ་ཐམས་ཅད་དང་བྲལ་ལོ། །ཐམས་ཅད་དང་བྲལ་ན་སྐྱེ་བ་དང་ཤི་བའང་མེད་དོ། །སྐྱེ་བ་དང་ཤི་བ་མེད་ན་གདོད་ཡང་དག་པའི་མི་གཡོ་བ་ཡིན་ནོ། །ཡང་དག་པའི་མི་གཡོ་བ་རྟག་པར་འདུག་ལ་སངས་རྒྱས་དང་ཆོས་དང་དགེ་འདུན་ནི་མེད་པར་མི་འགྱུར་རོ། །ཁམས་གསུམ་གྱི་སེམས་ཅན་ནི་རང་སྐྱེས་རང་ཤིའོ། །རིགས་ཀྱི་བུ་ཕོ་ཆེད་ཀར་སེམས་ཅན་ལ་ང་མེད་པར་བཤད་དོ། །སངས་རྒྱས་དང་ཡང་དག་པར་གཤེགས་པ་ནི་ཡང་དག་པའི་བདེན་པའི་ང་ཡིན་ཏེ། སྐྱེ་ཤིར་འབབ་པ་ལས་འདས་སོ། །ཁྱོད་ལ་སོགས་པ་སེམས་ཅན་རྣམས་རྟག་པར་འདུག་པ་ཚོལ་ན་འདོད་པའི་རྣམས་དང་སྤོངས་ལ་སྐྱེ་བ་མེད་པའི་ལས་བྱོས་ཤིག །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ལས་ཇི་ལྟ་བུ་སྤྱད་ན་མིང་སྐྱེ་བ་མེད་པའི་ལས་ཞེས་བགྱི། སངས་རྒྱས་ཀྱི་ཞལ་ནས་རིགས་ཀྱི་བུ་ཕོ་རྣམས་ང་ལས་གཞན་མ་སྐྱེས་ན། གཞན་ལས་ང་མི་སྐྱེའོ། །ཇི་ལྟ་ཞེས་བྱས་ན། ཚུལ་གྱི་ངོ་བོ་ཉིད་ནི་གཙང་མ་སྟོང་པ་སྟེ། ཡོད་པའང་མ་ཡིན། རྟག་པ་མེད་པ་ཡང་མ་ཡིན་ནོ། །ཡོད་དོ་ཅོག་ཀྱང་ཡོད་ནི་སྟོང་པ་གཙང་མ་སྟེ། མེད་པ་ཡང་མ་ཡིན་ན་མཐར་ཡང་ཡོད་པ་ཡང་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཡང་དག་པར་གཤེགས་པ་རྣམས་ཀྱིས་ཁོར་མོར་ངོ་བོ་ཉིད་གཅིག་གི་སྤོས་ཀྱི་རོ་བྲོ་བས་སེམས་ཅན་རྣམས་ཀྱི་སེམས་གཅིག་གིས་ངོ་བོ་ཉིད་གཙང་མར་བསངས་ན། མཛངས་པའི་རྣམས་ནི་གོ་སྟེ་སྟོང་པར་ཁོང་དུ་ཆུད། བླུན་པོའི་རྣམས་ཀྱིས་ནི་བསླད་པའི་


DKG066_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཞུགས་ཏེ་ཆགས་བཅིངས་སོ། །ཇི་ལྟ་ཞེས་བྱས་ན། སེམས་ཅན་ཤེས་རབ་ཡོད་པ་ལ་གཏི་མུག་མེད་པས་ཚོར་བའི་ངོ་བོ་ཉིད་ཡོད་དེ། མ་རིག་པའོ་ཅོག་ཚོར་བས་ཚོར་བ་མེད་པ་མི་གཡོའོ། །སྟོང་པའང་མེད། མི་འགྱུར་བའང་མེད་དེ། གཙང་གདང་བ་གཅིག་པུའི་ནང་དུ་ཆུད་ནས་མྱ་ངན་ནོ་ཅོག་དང་ཡོང་བྲལ་ལོ། །སེམས་ཅན་བླུན་པོ་ནི་གཏི་མུག་ཡོད་པས་ཚོར་བའི་ངོ་བོ་ཉིད་ལ་མ་ཚོར་བས་མ་རིག་པ་གཡོས་ཏེ་ཚོར་བ་མེད་པས་ནི་རྡུལ་དང་མྱ་ངན་ཐམས་ཅད་བྱས་སོ། །ཚོར་བ་ཡོད་པར་ཤེས་ན་ཚོར་བ་མེད་པའང་མེད་དོ། །ཚོར་བ་མེད་པའང་མེད་ན་གདོད་ནད་ཀྱང་མི་སྐྱེའོ། །ནད་མི་སྐྱེ་ན་ཚོར་བ་ཡོད་པའང་མེད་དོ། །ཚོར་བ་ཡོད་པ་མེད་པ་ནི་ཡིད་མི་ཆེས་པའི་སེམས་མེད་དོ། །ཇི་ལྟ་ཞེས་བྱས་ན། ཡིད་མི་ཆེས་པའི་སེམས་གཅིག་གི་ནང་ན་ཡིད་རྣམ་གཉིས་ཡོད་དོ། །ཡིད་མི་ཆེས་པའི་སེམས་མེད་ན་ནད་ཀྱང་མི་སྐྱེའོ། །སྐྱེ་བའི་གནས་ཡོད་ན་ནི་ཁང་པ་སྟོང་པར་ཞུགས་སོ། །ངོ་བོ་ཉིད་གཅིག་གི་ཡང་དག་པའི་སྟོང་པ་ནི་བྱ་བ་ནི་ཡོད། གཟུགས་ནི་མེད། འདུ་མཆེད་དང་ཕྲད་དོ། །རྒྱུ་གཡོས་པ་ནི་སྟོང་པ་སྒྱུ་མ་དང་མཚུངས་སོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ནོ་ཅོག་ཡིད་མི་ཆེས་པའི་སེམས་ནི་ཆོད་པར་བྱ་བའི་རིགས་སོ། །བདག་གིས་སེམས་ཀྱི་མཁན་པོ་བྱ་བར་སྨོན་ཏོ། །སེམས་ཀྱིས་བདག་གི་མཁན་པོ་བྱ་བར་མི་སྨོན་ཏོ། །འདོད་པའི་རྣམས་དང་བྲལ་ལ་རང་ཉམས་མེད་པར་བྱས་ཏེ། བསམ་པའི་གནས་སྐྱེས་ཀྱང་བསལ་བའི་སེམས་མེད་དོ། །སྔ་མའི་སེམས་དང་ཕྱི་མའི་སེམས་གཅིག་ལ་གཅིག་འགལ་བས་ན་གཞུང་བཞིན་ཏེ་མ་རིག་པ་མི་གཡོ། ཚོར་བ་འགྱུར་བ་ཡོད་མོད་ཀྱི་ཕྱི་མོ་མི་གཡོ་བའོ། །སེམས་གཡོས་པའི་ཚེ་སྔ་མ་གཡོས་པའི་སེམས་ཀྱིས་དགག་གོ །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སེམས་ཀྱི་སྔོན་ལོགས་ན་སེམས་གཡོས་པ་མཆིས་ན་ཆོས་ཅི་བགྱིས་པས་ཚོར་ཞིང་དགག་ནུས། སངས་རྒྱས་ཀྱི་ཞལ་ནས་བྱང་ཆུབ་སེམས་དཔས་ལས་སྤྱོད་པའི་རྣམས་ལས་ཁོར་མོར་སེམས་


DKG066_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པའི་རྣམས་ལ་རྟོག་ཏུ་བཅུག་སྟེ། སེམས་འདུག་པའི་གནས་རིག་ན་གདོད་སེམས་མི་འདུག་གོ །དེ་ལྟར་ཚོར་བས་ན་ཚོར་བ་དགག་གོ །འདོད་པའི་སེམས་མི་གཡོ་ན་དགག་ཅིང་བརྟགས་ཡང་མེད་དོ། །གཡོ་བའི་གནས་ཡོད་ན་སྟོང་པ་ལ་བདེ་བར་གཞག་གོ །ངོ་བོ་ཉིད་ཀྱི་སྟོང་པ་གཅིག་གི་ནང་ན་གོས་པ་དང་གཙང་མ་གཉིས་ཀའང་མེད་དོ། །ངོ་བོ་ཉིད་གཙང་གདང་བས་ན་བླངས་པའང་མེད། བཏང་བའང་མེད་དོ། །སེམས་ཀྱང་མི་སྐྱེའོ། །སྐྱེ་བའང་མེད། སྤྱོད་པའང་མེད། ལུས་ཀྱིས་སྤྱད་པའི་གནས་ཀྱང་མེད། ཚིག་སྨྲ་བའི་ལམ་ཡང་ཆད། སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་དམ་པ་ཚོར་བའི་ངོ་བོ་ཉིད་ནི་རྟག་པར་ཡོད་ཅིང་། དཔེ་སྟོང་པ་དང་མཚུངས་ཏེ་ཐམས་ཅད་ལ་མ་ཆགས་སོ། །བྱང་ཆུབ་སེམས་དཔའ་ལས་འདི་སྤྱད་ན། དཔེར་དབྱི་གུ་ཐོགས་ལ་ནམ་མཁའ་ལ་བརྡེགས་པ་དང་མཚུངས་ཏེ། ཕོག་ནི་ཕོག་སྟེ་ཆགས་པ་མེད་དོ། །དེའི་མིང་ཆོས་སྤྱོད་པ་ཞེས་བྱའོ། །ཆགས་པའི་གནས་ཡོད་དུ་ཟིན་ན་ཕྱི་ནང་དུ་ཞུགས་པ་ཡིན་ནོ། །ས་གཙང་མར་བགྲོད་ཅིང་འགྲོ་ན་སེམས་གཅིག་སྟེ་གཉིས་སུ་མེད་དོ། །བསམ་གཏན་དུ་ཞུགས་ལ་ལྡང་དུབ་ཀྱི་སེམས་བཀག་སྟེ། ཡང་དག་པའི་བདེན་པ་གཅིག་ལ་བརྟགས་ལ་འགྱོད་ཚངས་བྱའོ། །དེའི་ཚེ་ཕལ་མང་པོའི་ནང་ན་ལོག་སྲེད་མིང་འདོད་མངས་ཞེས་བྱ་བ་ཞིག་ཡོད་པ་གནའ་ཐོག་མ་མེད་པ་ཚུན་ཆད་ལོག་པ་མང་དུ་བྱས་ཏེ། ཉེས་པ་བཅུ་རྟག་པར་བྱས་ནས་སྡང་བ་དང་། ཁྲོ་བ་དང་། ཕྲག་དོག་དང་། འགྲན་ང་བ་དང་། འདི་རྣམས་བཞིའི་སྦྲུལ་གྱིས་ནི་དྲངས། མི་བདེན་པ་དང་ཕྱི་ལོག་གི་སེམས་ཀྱི་བྱི་བ་གཉིས་ཀྱིས་ནི་སེམས་ཀྱི་རྩ་བ་བཅད་དེ། དཔེར་ན་མི་ཞིག་ཤིང་གི་ཁ་ན་མར་སྤྱངས་ལ་འོག་ན་སྦྲུལ་བཞི་འདུག་སྟེ། ཁ་གདུག་པའི་རླངས་པས་ནི་གྱེན་དུ་བདུགས། ཤིང་གི་ཁ་ནས་བྱི་བ་གཉིས་ཀྱིས་ནི་དཔྱངས་ཐག་གི་རྩ་བ་ལ་གཟས་ཏེ་ཆད་ལ་ཐུག །སེམས་གཙང་མ་གསུམ་ནི་མེད་པར་བྱས། མིག་དང་། ཁ་དོག་དང་། སེམས་དང་ཀུན་ནི་མི་བདེན་པ་ཕྱིན་ཅི་ལོག་བྱེད་པ་སྟེ་མཐོང་བས་བཅིངས་ནས་སེམས་ཅན་དམྱལ་བར་ལྷུང་ལ་ཐུག་པ་ལས་སྐད་ཅིག་


DKG066_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པའི་སེམས་ཀྱི་ནང་ན་གནོད་བཀུར་བའི་སེམས་གཡོས་ཏེ། ཡང་དག་པར་གཤེགས་པ་ལ་འགྱོད་ཚངས་ཀྱི་ཆོས་འདྲིའམ་སྙམ་ན་ཡིད་ལ་གནོང་ཞིང་ངོ་ཚ་བས་འདྲི་མ་ཕོད་ན། ཡང་དག་པར་གཤེགས་པའི་འཕྲུལ་གྱི་ཐུགས་ཀྱིས་དེའི་ཡིད་ལ་སེམས་པ་མཁྱེན་ཏེ། མི་དེ་སྡུག་བསྔལ་བ་ལས་བྲལ་ཏེ། སེམས་ཅན་དམྱལ་བའི་སྒོ་ནས་དབྱུང་བར་ཐུགས་ལ་དགོངས་ནས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། ང་འདས་ཏེ་སོང་བའི་ཕྱི་ན་ལོག་སྲེད་ལ་ལ་ཞིག་གིས་ལས་ངན་པ་མང་དུ་བྱས་ཏེ། སངས་རྒྱས་ཀྱི་དཀོན་མཆོག་གསུམ་མེད་པར་བྱེད་པ་དེ་ལྟ་བུའི་མི་ནི་ཕྱི་མའི་དུས་ལ་སེམས་ཅན་དམྱལ་བའི་ནང་དུ་ཡང་དག་པར་ལྷུང་ནས། བསྐལ་པ་ཆེན་པོ་བཅུ་གཉིས་ཀྱི་བར་དུའང་མི་ཐར་ཏོ། །ཁྱེད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱམས་ཤིང་སྙིང་རྗེ་སྤྱོད་ལ་སེམས་ཅན་འདི་ལྟ་བུའི་རྣམས་འགྱོད་ཚངས་བྱེད་དུ་ཆུག་ལ། དེའི་སེམས་ཀྱི་དྲི་མ་གཙང་གདང་བར་བྱོས་ལ་གྲོལ་ཐར་པར་བྱོས་ཤིག །བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་འགྱོད་ཚངས་ཀྱི་ཆོས་ཅི་ཞིག་བགྱིས་ན། སྡིག་བསལ་བར་རུང་བ་སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ། བྱེ་བྲག་ཕྱེད་པར་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ལ་བཀའ་སྩལ་པ། འགྱོད་ཚངས་བྱ་ན་ཡང་དག་པའི་བདེན་པའི་གཞུང་ལ་བརྟག་གོ །ཡང་དག་པའི་བདེན་པའི་གཞུང་མཐོང་ན་སྡིག་གོ་ཅོག་ཐམས་ཅད་བསལ་ཏོ། །སངས་རྒྱས་ཀྱིས་ཚིག་འདི་སྐད་བཤད་ཟིན་ནས་དེའི་ཚེ་ཕལ་མང་པོ་བརྒྱ་སྟོང་ཁྲི་འབུམ་གྱི་སེམས་ཅན་མི་དང་མི་མ་ཡིན་པ་ལ་སོགས་པ་ཐམས་ཅད་ཀུན་སེམས་གཅིག་ཏུ་ཡང་དག་པའི་བདེན་པའི་གཞུང་གཅིག་ལ་བརྟགས་ཏེ། མཐོང་ཟིན་ནས་ལོག་སྲེད་འདོད་མངས་མོད་བཞིན་སྟན་ལས་ལངས་ཏེ་ལུས་སྨད་ལྔ་ས་ལ་གཏུགས་ནས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་གི་སེམས་ལ་མ་རིག་པ་མཆིས་པས་བརྟག་པ་བསླབས་མོད་ཀྱི་ཡང་དག་པའི་བདེན་པའི་གཞུང་མ་མཐོང་ངོ་། །ཐོག་མ་ཞེས་


DKG066_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བ་མ་མཆིས་པ་ཚུན་ཆད་ངན་པ་བཅུ་འབའ་ཞིག་གི་ལས་བགྱིས་ན། ད་ཐབས་ཅི་སྤྱད་ན་བདག་གིས་ཡང་དག་པའི་བདེན་པའི་གཞུང་མཐོང་ཞིང་སྡིག་ཞུ་བྱང་བར་བགྱིར་རུང་། སངས་རྒྱས་ཀྱིས་འདོད་མངས་ལ་བཀའ་སྩལ་པ། ཁྱོད་ལ་སོགས་པ་ལོག་སྲེད་ཀྱི་རྣམས་ཀུན་སེམས་གཅིག་ཏུ་བྱོས་ཤིག་དང་ངས་ཁྱེད་ལ་བྱེ་བྲག་ཕྱེད་པར་དགྲོལ་བཤད་དོ། །འདོད་མངས་ཁྱོད་ལ་སོགས་པ་སེམས་ཅན་རྣམས་ཀྱིས་ལུས་དང་སེམས་ལ་སངས་རྒྱས་ཀྱི་ངོ་བོ་གཅིག་པུ་ལ་བརྟགས་ན་ཆོས་ཀྱི་ངོ་བོ་ཉིད་ཀྱང་རྟག་པ་གཅིག་པུའོ། །སངས་རྒྱས་སོ་ཅོག་ལའང་ངོ་བོ་ཉིད་གཅིག་པུ་སྟེ། གཉིས་སུ་མེད་པས་ན་ཡང་དག་པའི་བདེན་པའི་གཞུང་ཡིན་ནོ། །དེ་ལ་གཉིས་སུ་ཡོད་པར་མཐོང་ན་དེའི་མིང་ནི་ཡོན་པོ་ཞེས་བྱའོ། །ཡོན་པོར་ལྟ་ན་ནི་མྱ་ངན་འཁྲུག་པ་ལྡང་ངོ་། །ཡོན་པོ་མཐོང་བ་མེད་ན་མྱ་ངན་འཁྲུག་པའང་མི་སྐྱེའོ། །མྱ་ངན་འཁྲུག་པ་ཆོད་ན་དེའི་མིང་གཙང་གདང་ཞེས་བྱའོ། །ཁྱེད་ལ་སོགས་པ་སེམས་ཅན་ཀུན་གྱིས་སེམས་གཅིག་ཏུ་སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་པུ་ལ་རྟོགས་ཤིག །སངས་རྒྱས་ཀྱི་ངོ་བོ་ཉིད་ལས་གཞན་མཐོང་བ་ནི་ཡོང་མེད་དོ། །གཞན་མཐོང་བ་ཡོད་དུ་ཟིན་ན་ཀུན་ཀྱང་སྒྱུ་མ་མི་བདེན་པ་ཡིན་ནོ། །མི་བདེན་པ་དེ་ལྟ་བུ་བྱེད་པ་ནི་ཕྱིན་ཅི་ལོག་ཅེས་བྱའོ། །འདོད་མངས་སེམས་གཅིག་གཙང་ན་ནི་ཆོས་སོ་ཅོག་ཀུན་ཀྱང་གཙང་ངོ་། །སེམས་གཅིག་སྨེ་ན་ནི་ཆོས་སོ་ཅོག་ཀུན་ཀྱང་སྨེའོ། །སྨེ་བའི་དྲི་མ་ནི་སྡིག་པ་ཡིན་ནོ། །གཙང་མ་ནི་ཡང་དག་པ་ཡིན་ནོ། །སེམས་དྲི་མ་དང་བྲལ་ན་སྡིག་མི་སྐྱེའོ། །འདོད་མངས་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་གནའ་ནས་ལས་ངན་པའི་རྣམས་བགྱིས་པ་ནི་བསྐལ་པ་སྟོང་ཁྲི་གྲངས་མ་མཆིས་མུ་མ་མཆིས་པ་ལོན་ན་དེ་རིང་སེམས་བསྐྱེད་དོ། །ཡང་དག་པའི་བདེན་པའི་གཞུང་གཅིག་ལ་བརྟགས་ན་མུ་མ་མཆིས་པའི་སྡིག་ཀུན་བྱང་ངམ་མི་བྱང་བ་སངས་རྒྱས་ཀྱིས་དགྲོལ་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་འདོད་མངས་ལ་བཀའ་སྩལ་པ། ཡང་དག་པའི་བདེན་པའི་གཞུང་རྟོགས་ན་སྡིག་ཏོ་ཅོག་ཀུན་ནི་བྱང་ངོ་། །ཅིའི་


DKG066_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་ནས་ཤེས་བྱས་ན་འདོད་མངས་སྔོན་ཆད་ནི་དྲི་མའི་སེམས་སོ། །ད་ནི་གཙང་མའི་སེམས་སོ། །སེམས་གཅིག་སྟེ་གཉིས་སུ་མེད་དེ་གུད་ན་སེམས་གཞན་མེད་དོ། །དེ་རིང་གི་སེམས་གཙང་ན་སྔོན་གྱི་སེམས་ཀྱང་གཙང་ངོ་། །དེ་ལྟ་བས་ན་བསྐལ་པ་གྲངས་མེད་པ་ཚུན་ཆད་ཀྱི་སྡིག་རྣམས་ཀུན་བྱང་ཞིང་མེད་པར་མངོན་ནོ། །དཔེར་མེ་ལོང་ལོ་སྟོང་ལོན་པའི་སྟེང་ན། རྡུལ་ཆགས་པ་ལ་གོས་ཀྱིས་ཐང་ཅིག་ཕྱིས་ན་མེ་ལོང་དེའི་མོད་ལ་བཞིན་སྣང་སྟེ། རྡུལ་ཀུན་ཕྱིད་ནས་ལྷག་མའང་མ་ལུས་པ་དང་མཚུངས་སོ། །ཡང་གཅིག་ཏུ་ན་ཁང་པ་མུན་ནག་ལོ་སྟོང་ལོན་པའི་ནང་དུ་མར་མེ་གཅིག་བསྲེགས་པ་དང་མཚུངས་ཏེ། མུན་པ་ཀུན་མེད་པར་སོང་ངོ་། །ཁྱེད་ལ་སོགས་པ་སེམས་ཅན་གྱི་རྣམས་རྟག་པར་སེམས་གཅིག་གིས་ཡང་དག་པའི་བདེན་པའི་གཞུང་གཅིག་ལ་བརྟགས་པའི་རིགས་སོ། །ཆོས་སོ་ཅོག་གི་ནང་གི་ལས་རྣམས་སྤྱད་དེ་འཇིག་རྟེན་གྱི་ཆོས་སོ་ཅོག་ཐམས་ཅད་དང་བྲལ་བར་བྱ་བའི་རིགས་སོ། །ཅིའི་ཕྱིར་ཞེས་བྱས་ན། འདོད་མངས་འཇིག་རྟེན་གྱི་ཆོས་ནི་གཡོས་ཀྱང་རུང་མ་གཡོས་ཀྱང་རུང་སྟེ། ཀུན་ཀྱང་མཐར་འཇིག་ཅིང་འདྲལ་བ་ཡིན་ནོ། །ཆོས་ལ་ཞིག་ཅིང་རལ་ན་སྤྱོད་པ་ལའང་རྟག་པ་མེད་དེ། ཆོས་ལ་སྐྱེ་ཤི་ཡོད་པར་འགྱུར་རོ། །སྐྱེ་ཤི་ཡོད་པའི་ཆོས་དང་བྲལ་ན་གདོད་མིང་ཡང་དག་པའི་གཞུང་ཞེས་བྱའོ། །འདོད་མངས་དཔེར་ན་རྫ་མཁན་གྱིས་རྫ་སྤྱད་བྱས་པ་དང་མཚུངས་ཏེ། ཡིད་ལ་ཅི་འདོད་པ་བཞིན་དུ་བྱས་ན་སྤྱད་ལ་མི་འགྱུར་བ་མེད་དེ། སྤྱད་ཀྱི་དཔེ་གཟུགས་དང་མིང་ཀུན་སྐྱེས་ཤིང་དེངས་སོ། །གྱོ་མོའི་རང་བཞིན་འབའ་ཞིག་ཡོད་དེ། རང་བཞིན་གཅིག་པུ་ནི་རྟག་པར་ཡོད་དོ། །དཔེ་གཟུགས་གཞན་ཀུན་ནི་སྐྱེས་ཤིང་དེངས་སོ། །སྐྱེས་ཤིང་དེངས་པའི་གཟུགས་ནི་རང་སྐྱེས་པ་མ་ཡིན་ནོ། །རང་སྐྱེས་པ་མ་ཡིན་ན་ཡོད་པ་མ་ཡིན་ནོ། །འདོད་མངས་སངས་རྒྱས་ཀྱི་ངོ་བོ་ཉིད་ནི་དཔེར་གྱོ་མོ་དང་མཚུངས་སོ། །སེམས་ཅན་གྱི་རང་བཞིན་ནི་དཔེར་སྣོད་དང་མཚུངས་ཏེ་སྐྱེ་ཤིའི་ཆོས་ཡིན་ནོ། །ལས་སོ་ཅོག་དང་བྲལ་ན་སངས་རྒྱས་ཀྱི་སྐུ་ལུས་གཅིག་


DKG066_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། སངས་རྒྱས་ཀྱི་སྐུ་ལུས་གཅིག་ལ་བརྟགས་ན་ལུས་གཞན་མེད་དོ། །འདོད་མངས་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་བདག་གིས་ཡང་དག་པའི་བདེན་པའི་གཞུང་ལ་བརྟགས་པས་སྡིག་གི་རྣམས་ཀུན་བྱང་ལགས་ན་ཡང་ལས་ཅི་སྤྱད་ན་ཆོས་ཀྱི་ལུས་སྐྱེ་བར་རུང་། སངས་རྒྱས་ཀྱིས་འདོད་མངས་ལ་བཀའ་སྩལ་པ། ཡང་དག་པའི་བདེན་པའི་གཞུང་ལ་བརྟགས་ན་ནད་དོ་ཅོག་མི་ལྡང་ངོ་། །སྡིག་དང་དྲི་མ་ཀུན་མ་གཡོས་ན་སེམས་ནི་རྡོ་རྗེ་དང་མཚུངས་ཏེ། ནམ་དུའང་མི་འཇིག་གོ །ཚུལ་ཁྲིམས་གཟུང་ནུས་ན་སེམས་ནམ་མཁའ་དང་མཚུངས་ཏེ་ཕྱི་ནང་གཉིས་ཀ་གཙང་གདང་ངོ་། །བསམ་གཏན་འདུས་པའི་ནང་དུ་འཇུག་པ་ལ་མཁས་ན། སེམས་ནི་དཔེར་རླུང་དང་མེ་དང་མཚུངས་ཏེ། ལས་ངན་པའོ་ཅོག་ཀུན་གྱིས་ཤིང་བསལ་ཏོ། །ཤེས་རབ་ལ་རྟེན་པ་ལ་མཁས་ན་ཤེས་རབ་ཐོབ་པར་རུང་སྟེ། དེའི་མིང་ནི་གྲོལ་ཐར་པ་ཞེས་བྱའོ། །གྲོལ་ཐར་པས་ན་ཡང་དག་པ་ཤེས་ཤིང་མཐོང་བར་ནུས་སོ། །འདོད་མངས་ཁྱོད་ཀྱིས་འདི་ལྟ་བུའི་དོན་སྦྱང་ཞིང་སྤྱད་ནུས་ན་ཆོས་ཀྱི་སྐུ་ལུས་རྣམ་པ་ལྔ་ཐོབ་པར་རུང་ངོ་། །འདོད་མངས་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་སྐུ་ལུས་རྣམ་པ་ལྔ་ལ་རྒྱུ་དང་འབྲས་བུ་ཅི་མཆིས། སངས་རྒྱས་ཀྱིས་འདོད་མངས་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་ངོ་བོ་ཉིད་ནི་རྟག་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་སྐུ་ལུས་ནི་རྟག་པའི་འབྲས་བུ་ཡིན་ནོ། །ཇི་ལྟ་ཞེས་བྱས་ན། སེམས་ཀྱི་རྒྱུ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་དེ་ཆོས་ཀྱི་ཡོན་གྱིས་འབྲས་བུ་ཐོབ་བོ། །རྒྱུ་དང་འབྲས་བུ་དང་བྲལ་ན་རྒྱུའི་འབྲས་བུ་མེད་དོ། །རྒྱུ་དང་འབྲས་བུ་མེད་ན་སངས་རྒྱས་ཀྱི་ལུས་ཡང་དག་པ་ཡིན་ནོ། །འདོད་མངས་སེམས་གཙང་མའི་ཡུལ་ལ་སེམས་མི་གཡོ་བར་སངས་རྒྱས་ཚེ་དཔག་མེད་བསམས་ན་གདོད་ཡུལ་གཙང་མར་སྐྱེ་སྟེ། སེམས་ཅན་གྱི་ཕྱིར་མི་གཡོ་བའི་ཆོས་བཤད་དེ། སེམས་ཡང་དག་པའི་སྟོང་པའི་ནང་དུ་ཆུད་ལ་གཡོ་ཞིང་བཤད་པའི་རྣམས་དང་བྲལ་ཏེ། ཤེས་པ་གསུམ་གྱི་ངོ་བོ་ཉིད་གཅིག་སྟེ། རྡོ་རྗེ་དང་མཚུངས་པར་མི་འཇིག་གོ །


DKG066_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ཕལ་གྱི་ནང་ན་ཡང་བྱང་ཆུབ་སེམས་དཔའ་མིང་སྤྱོད་མེད་ཅེས་བྱ་བ་ཞིག་ཡོད་པ་སྟན་ལས་ལངས་ཏེ། ཕྲག་པ་གཡས་པ་ཆོས་བཞིན་བྱས། པུས་མོ་གཡས་པ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་འདས་ཏེ་གཤེགས་པའི་སླད་ན་ལོ་ལྔ་བརྒྱའམ། ལོ་སྟོང་ངམ། སྟོང་ལྔ་བརྒྱ་ན་སེམས་ཅན་ལ་ཆོས་བཤད་ན། ཆོས་གང་བཤད་པའི་རིགས་པ་སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེ་གཟིགས་ཏེ། བདག་ལ་དྲང་ཞིང་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱོད་མེད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་ཆོས་ཀྱིས་རྣམས་བཤད་པ་ནི་མདོ་ནི་བཤད། གཟུགས་ནི་མི་བཤད་དོ། །གཞུང་ནི་བཤད། ཡི་གེའི་རི་མོ་ནི་མི་བཤད་དོ། །དེ་ལྟ་བུར་བཤད་པ་ནི་ཆོས་ཡང་དག་པ་ཡིན་ནོ། །ཡི་གེའི་རི་མོ་དང་། གཟུགས་བཤད་ན་ནི་ཁ་གཡོས་སེམས་གཡོས་པ་ཀུན་ཀྱང་བསྐུར་ཅིང་དབང་བཟས་པའི་རིགས་ཀྱི་བུ་ཕོ་སེམས་ཅན་ཐམས་ཅད་ལ་ཆོས་བཤད་ན་མི་གཡོ་བ་བཞིན་དུ་བཤད། མཉམ་སྙོམས་པར་བཤད་པའི་རིགས་སོ། །ཇི་ལྟ་ཞེས་བྱས་ན། སེམས་ཅན་ནོ་ཅོག་གི་སེམས་གཅིག་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱང་གཅིག་སྟེ། ངོ་བོ་ཉིད་གཅིག་ཏུ་མཉམ་སྙོམས་ན་ཆོས་སོ་ཅོག་ཀུན་ཀྱང་མཉམ་སྙོམས་སོ། །དེ་ལ་མཐོ་དམན་དུ་བཤད་ན་དེའི་མིང་ཡོན་པོ་བཤད་པ་སྟེ། དེའི་ཁ་ནི་རལ། དེའི་ལྕེ་ནི་གས་ཏེ། ཅིའི་ཕྱིར་ཞེས་བྱས་ན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དྲི་མ་ཡང་དྲི་མ་གཅིག་ཏུ་འཐུན་ནོ། །སེམས་ཅན་ཐམས་ཅད་ཀྱི་སེམས་གཙང་མ་ཡང་གཙང་མ་གཅིག་ཏུ་འཐུན་ནོ། །ཅིའི་ཕྱིར་ཞེས་བྱས་ན། སེམས་ཅན་ཐམས་ཅད་ཀྱི་སེམས་གཅིག་ཏུ་གཙང་སྟེ། དགེ་བ་བཅུའི་ཆོས་འཐུན་པར་གཙང་ངོ་། །སེམས་ཅན་ཐམས་ཅད་ཀྱི་སེམས་གཅིག་ཏུ་དྲི་མ་ཡོད་ན་ངན་པ་བཅུའི་ཆོས་གཅིག་ཏུ་འཐུན་པར་དྲི་མ་ཡོད་དོ། །སེམས་ཅན་གྱི་ནད་ནི་གཅིག་ཏུ་འཐུན་ཏེ། སེམས་ཅན་གྱི་སྨན་དགོས་ན་སྨན་ཀྱང་གཅིག་ཏུ་དགོས་སོ། །ཆོས་མང་དུ་བཤད་ན་དེའི་མིང་ནི་ཕྱིན་ཅི་ལོག་ཅེས་བྱའོ། །ཅིའི་ཕྱིར་ཞེས་བྱས་ན། མི་བདེན་པས་བྱེ་བྲག་ཕྱེ་སྟེ།


DKG066_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་དང་ངན་པའི་ཆོས་བཤིག་སྟེ། ཆོས་གཅིག་བཤིག་ཅིང་ཡོད་བཞིན་དུ་ཆོས་བཤད་ན། སངས་རྒྱས་ཀྱི་ཆོས་ལམ་བཤད་པ་ཡིན་ནོ། །བྱང་ཆུབ་སེམས་དཔས་ཆོས་བཤད་པ་ན་མི་གཡོ་བ་བཞིན་དུ་ཤོད་ཅིག །བྱང་ཆུབ་སེམས་དཔའ་སྤྱོད་མེད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་མི་གཡོ་བ་བཞིན་དུ་བཤད་ཅེས་བགྱི། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱོད་མེད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་ཡང་དག་པའི་བདེན་པའི་ཆོས་གཅིག་བཤད་པ་ནི་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །སེམས་དྲང་པོ་རྫོགས་པར་བཤད་པ་ནི་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །མུ་གཅིག་ལ་ཆགས་པ་མེད་པར་བཤད་པ་ནི་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །བྱེ་བྲག་དབྱེ་བ་མེད་པར་བཤད་པ་ནི་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །སེམས་གཅིག་ཏུ་གཙང་མར་གནས་ཏེ་བཤད་ན་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །བཤད་དོ་ཅོག་ཀུན་བཤད་དུ་མེད་ན་མི་གཡོ་བ་བཞིན་དུ་བཤད་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱོད་མེད་ཀྱིས་སེམས་ཅན་ཕལ་མང་པོ་ཐམས་ཅད་ཀུན་གྱིས་བྱེ་བྲག་ཕྱེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཡང་སངས་རྒྱས་ལ་གསོལ་པ། ཇི་ལྟ་བུར་བཤད་ན་བཤད་པ་མེད་དེ། མི་གཡོ་བ་བཞིན་དུ་བཤད་ཅེས་བགྱི། སངས་རྒྱས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱོད་མེད་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཕོ་ཆོས་སོ་ཅོག་གི་རང་བཞིན་གྱི་གཟུགས་སྟོང་པ་བས་ན་དགྲོལ་ཞིང་བཤད་དུ་མེད་དོ། །ཆོས་སོ་ཅོག་ལ་གཟུགས་མེད་པས་ན་གཟུགས་ལ་དགྲོལ་ཞིང་བཤད་དུ་མེད་དེ་བཤད་དུ་མི་རུང་ངོ་། །ཆོས་སོ་ཅོག་ལ་བྱ་བའང་མེད། གཡོ་བའང་མེད་པས་ན་བྱ་བ་མེད་པའི་དགྲོལ་བཤད་པ་ལ་བཤད་དུ་མི་རུང་ངོ་། །རིགས་ཀྱི་བུ་ཕོ་དགྲོལ་བཤད་པ་ནི་དེ་ལྟར་བཤད་དེ། བཤད་པ་དེ་བཤད་དུ་མི་རུང་བས་མི་གཡོ་བ་བཞིན་བཤད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་སྤྱོད་མེད་ཀྱིས་སངས་རྒྱས་ལ་གསོལ་པ། བཅོམ་ལྡན་འདས་ཆོས་ནི་དེ་ལྟར་བཤད་ལགས་པ་ལྟ་ན། ཇི་ལྟ་བུར་ན་སེམས་དྲང་པོར་རྫོགས་པར་བཤད་ཅེས་བགྱི། སངས་རྒྱས་ཀྱིས་བྱང་ཆུབ་


DKG066_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་སྤྱོད་མེད་ལ་བཀའ་སྩལ་པ། སེམས་དྲང་པོ་ཞེས་བྱ་བ་ནི་སེམས་དྲང་པོ་སྤྱད་དེ་ཡང་དག་པར་གཤེགས་པའི་གཞུང་ཡིད་ཆེས་པར་བཤད་པ་ལ་བདག་གི་སེམས་བཞིན་མི་བཤད་པའོ། །རྫོགས་ཞེས་བྱ་བ་ནི་དགེ་བ་བཅུའི་གཞུང་རྫོགས་པ་དང་། བདེན་པ་བཞིའི་གཞུང་རྫོགས་པ་དང་། རྒྱུ་རྐྱེན་བཅུ་གཉིས་ཀྱི་གཞུང་རྫོགས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་གཞུང་རྫོགས་པ་དང་། གྲོལ་ཐར་པའི་གཞུང་རྫོགས་པ་ཡིན་ཏེ། དེ་ལྟ་བུའི་ཆོས་རྣམས་རྫོགས་ན་ང་ནི་སེམས་གཅིག་གི་ན་སངས་རྒྱས་ངོ་བོ་ཉིད་གཅིག་གི་སར་གཙང་མ་གཅིག་སྙོམས་པར་བཤད་ན། དེའི་མིང་རྫོགས་པར་བཤད་དེ་མི་གཡོ་བ་བཞིན་བཤད་ཅེས་བྱའོ། །ཅིའི་ཕྱི་ནས་ཤེས་བྱས་ན། ཆོས་སོ་ཅོག་ཐམས་ཅད་ཀུན་གཅིག་ཏུ་རྫོགས་པར་བཤད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔས་ཆོས་གཅིག་ཏུ་གཙང་མར་སྙོམས། དཔེར་མཚོ་ཆེན་པོ་གཅིག་གི་ཆུའི་ནང་ན་ནོར་བུ་རིན་པོ་ཆེ་རྣམ་པ་མང་དུ་ཡོད་པ་ལ་ཚོལ་བས་ཡིད་བཞིན་དུ་རྙེད་པ་དང་མཚུངས་སོ། །ཡང་དཔེར་ན་འཕྲུལ་གྱི་སྨན་ཏན་ཞེས་བྱ་བ་སྨན་གོ་འདུན་རྣམ་པ་མང་པོ་ལས་སྦྱར་ཏེ། ནད་དོ་ཅོག་གསོས་ན་སྨན་བཏང་བ་བཞིན་དུ་ཀུན་སོས་སོ། །སྙིང་གཙང་མ་གཅིག་ཏུ་སྙོམས་ན་སེམས་གཅིག་ཏུ་གཙང་། སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་ཏུ་གཙང་། ཆོས་ཀྱི་རྣམས་གཅིག་ཏུ་གཙང་སྟེ། མཉམ་སྙོམས་ན་ཆོས་ཀྱི་རྣམས་སྙོམས་ཏེ། དེ་ལྟ་བུར་བཤད་པ་ནི་གཙང་མར་བཤད་པ་ཡིན་ནོ། །གཞན་ལྟར་བཤད་པ་ནི་སྨེ་བར་བཤད་པ་ཡིན་ནོ། །ཅིའི་ཕྱི་ནས་ཤེས་བྱས་ན་སེམས་ཅན་ཐམས་ཅད་ཀུན་ལ་སངས་རྒྱས་ཀྱི་ངོ་བོ་ཉིད་ཡོད་དོ། །སངས་རྒྱས་ཀྱི་ངོ་བོ་ཉིད་མེད་པ་མེད་དེ། ཚོར་བ་ལ་ཉེ་རིང་ཡོད་དུ་ཟད་དོ། །རྩ་བའི་ཕྱི་མོ་བཞིན་དུ་ཐེག་པ་ཆུང་ངུའི་མི་ལ་ནི་ཐེག་པ་ཆུང་ངུའི་ཆོས་བཤད། ལོག་སྲེད་ཀྱི་མི་ལ་ནི་ལོག་སྲེད་ཀྱི་ཆོས་བཤད་ན་དེའི་མིང་ནི་སངས་རྒྱས་ཀྱི་ཆོས་ལམ་ཡོན་པོར་བཤད་པ་ཞེས་བྱ་སྟེ། སངས་རྒྱས་ཀྱི་ངོ་བོ་ཉིད་འཆད་པ་དང་། སངས་རྒྱས་ཀྱི་སྐུ་ལུས་མེད་པར་འཆད་པའོ། །དེ་ལྟ་བུར་ཆོས་འཆད་པའི་མི་ནི་བསྐལ་པ་བརྒྱ་སྟོང་ཁྲིའི་བར་དུ་


DKG066_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བ་རྣམས་སུ་ལྷུང་སྟེ། སངས་རྒྱས་འཇིག་རྟེན་དུ་བྱུང་དུ་ཟིན་ཀྱང་མི་ཐར་ཏོ། །ཐར་དུ་ཟིན་ཏེ་མིའི་ནང་དུ་སྐྱེས་ན་ཡང་ཡུལ་གྱི་མཐའ་འཁོབ་མིའི་ཐ་མའི་ནང་དུ་སྐྱེས་ཏེ། མཆུ་ཤོ་རེ་ལ་ལྕེ་མེད་པ་དེ་ལྟ་བུའི་ལུས་ཐོབ་བོ། །ཅིའི་ཕྱི་ནས་ཤེས་བྱས་ན། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་ངོ་བོ་ཉིད་ནི་ཆོས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཆོས་ཀྱི་ངོ་བོ་ཉིད་ནི་རྟག་པར་གཙང་ལ་ཡང་དག་པའི་མཚན་བཟང་པོ་རྣམ་པ་ཀུན་ལྡན་ཏེ། ཕྱི་མོ་ནས་ཐོབ་པའང་མེད། སྟོར་བའང་མེད་དེ་བྱུང་བའང་མེད། ནུབ་པའང་མེད་དེ་ངོ་བོ་ཉིད་རྟག་ཅིང་ཡང་དག་པའི་བདེན་པ་སྟེ། སྒྱུ་མ་མི་བདེན་པའང་མེད་དོ། །མྱ་ངན་འཁྲུག་པའང་མེད་དོ། །མྱ་ངན་ལས་འདས་པའང་མེད་དོ། །སྐྱེད་བྲིའང་མེད་ལ་མཐའ་ཡུན་དུ་གཙང་གདང་སྟེ། ངོ་བོ་ཉིད་གཅིག་ཏུ་གཙང་གདང་བ་ནི་བྱང་ཆུབ་ཉིད་ཡིན་ནོ། །གཙང་གདང་བའི་ངོ་བོ་ཉིད་དང་། བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་གཅིག་ཏུ་ཟད་དེ་གཉིས་སུ་མེད་དོ། །གཙང་གདང་བའི་བཏང་སྙོམས་པ་སྟེ། ཡི་གེའི་འབྲུ་དང་ཚིག་གི་ལམ་ཡང་ཆད་དོ། །དཔེར་ན་ནམ་མཁའ་དང་མཚུངས་ཏེ། ཕྱི་ནང་གཉིས་ཀ་གཙང་གདང་ངོ་། །གཙང་གདང་བ་གཅིག་པོ་དེ་ནི་ཕྱི་ནང་ནའང་མི་གནས། བར་ནའང་མི་གནས། སྨྲ་བའང་མེད། བཤད་པའང་མེད་དོ། །ཇི་ལྟ་བུར་ན་དེའི་ནང་ནས་ནད་ཀྱི་རྩི་བྱེ་བྲག་དབྱེ། བྱེ་བྲག་དབྱེ་བ་མེད་ན་བྱེ་བྲག་དབྱེ་བའི་ཤེས་རབ་ཡིན་ནོ། །རིགས་ཀྱི་བུ་ཕོ་སེམས་གཅིག་དང་། གཙང་གདང་བ་གཅིག་དང་། སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག་དང་། འདི་རྣམས་དང་བྲལ་ན་སངས་རྒྱས་བཙལ་དུ་ཡང་མེད། ཆོས་བཤད་དུ་ཡང་མེད། དགེ་འདུན་ཐོབ་པའང་མེད་དོ། །ཇི་ལྟ་ཞེས་བྱས་ན། སངས་རྒྱས་ནི་ཆོས་ཡིན་ནོ། །ཆོས་ནི་དགེ་འདུན་ཡིན་ནོ། །དེ་ལྟ་བས་ན་ངས་ཆོས་ཀྱི་ཡི་གེ་འདི་བཤད་པ་སེམས་ཅན་གྱི་ལུས་གཅིག །སེམས་གཅིག །གཙང་གདང་བ་གཅིག །སངས་རྒྱས་ཀྱི་ངོ་བོ་ཉིད་གཅིག །སངས་རྒྱས་ཀྱི་ཆོས་ཀྱིས་གཅིག །བྱང་ཆུབ་ཀྱི་སྡོང་པོ་གཅིག་གིས་ཁམས་སོ་ཅོག་ཐམས་ཅད་གང་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་


DKG066_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་ནང་དུ་ཆུད་དོ། །རིགས་ཀྱི་བུ་ཕོ་སངས་རྒྱས་ཐམས་ཅད་ནི་ཆོས་ཀྱི་ཡི་གེ་འདི་ལས་སྐྱེས་སོ། །ཆོས་སོ་ཅོག་ཀུན་ནི་ཆོས་ཀྱི་ཡི་གེ་འདི་ལས་བྱུང་ངོ་། །དགེ་འདུན་ཐམས་ཅད་ཀྱང་ཆོས་ཀྱི་ཡི་གེ་འདི་ལས་སྣང་ངོ་། །ཆོས་ཀྱི་ཡི་གེ་འདི་མནོས་ཤིང་གཟུངས་སུ་འཛིན་པ་ནི་མིང་དཀོན་མཆོག་གསུམ་གཟུངས་སུ་འཛིན་པ་ཞེས་བྱའོ། །ཆོས་ཀྱི་ཡི་གེ་འདི་ཀློག་ཅིང་འདིའི་གཞུང་རྒྱ་ཆེར་ཀློག་ཏུ་བཅུག་ན་ལ་ལ་ཞིག་ན་བ་ཡོད་ནའང་ཀུན་སོས་ཏེ་འདྲེ་གདོན་དང་ངན་པའི་རྣམས་ཉེ་ནུས་པ་མེད་དོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་སེམས་ཅན་ལ་ཕན་བསོད་དེ་ལྟ་བུ་ཡོད་ཀྱིས་ངས་ཆོས་ཀྱི་ཡི་གེ་འདི་ཁྱོད་ལ་གཏམས་ཏེ། གཏད་ལ་གཅིག་ཏུ་ན་སེམས་ཅན་ལ་ར་མདའ་བྱ་ཞིང་བསྒྲལ་བའི་ཆོས་ཉུང་ངུ་ཐོས་ལ་མང་དུ་ཤེས་པ་དང་། ཉུང་ངུ་མཐོང་བ་ལ་མང་དུ་རིག་པ་དང་། ཡི་གེའི་རི་མོ་མང་དུ་མ་བཙལ་བར་གཞུང་གི་མངོན་རྟགས་ཐོབ་པ་ཡང་བཤད་ཀྱིས། ཁྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་རྣམས་ཀུན་སེམས་གཅིག་ཏུ་བརྟགས་པར་ཉོན་ཅིག་དང་ཁྱོད་ལ་དགྲོལ་བཤད་དོ། །སེམས་ཅན་ཐམས་ཅད་ཀུན་སེམས་གཅིག །སངས་རྒྱས་གཅིག །ངོ་བོ་ཉིད་གཅིག་སྟེ། མྱ་ངན་འཁྲུག་པ་ཐམས་ཅད་ཀུན་ནི་སེམས་གཅིག་ལས་སྐྱེས་སོ། །ཀུན་ཀྱང་འདུ་མཆེད་དང་ཤེས་རབ་གཉིས་ཀྱི་གནས་ཀྱི་རྒྱུ་ལས་ལངས་སོ། །ཇི་ལྟ་ཞེས་བྱས་ན། རྒྱུའི་རང་བཞིན་དང་། བདག་གི་རང་བཞིན་དང་། རང་བཞིན་གཉིས་ཀྱི་སྟོབས་ལས་སྟོབས་རྣམས་གཉིས་ཀྱི་རང་བཞིན་གཡོས་ཏེ། སྐད་ཅིག་བསམས་པ་ལས་མི་བདེན་པའི་སེམས་སྐྱེས་ཏེ། མི་བདེན་པ་དེ་ལ་ནི་ཕྱི་མོའང་མེད་དོ། །སྐད་ཅིག་སེམས་གཡོས་པའི་ཚེ་མྱ་ངན་འཁྲུག་པའང་མོད་བཞིན་ལྡང་ངོ་། །སེམས་འདི་ལ་བརྟགས་ན་མི་བདེན་པའི་སེམས་ལ་ཕྱི་མོ་མེད་དོ། །ཕྱི་མོ་མེད་ན་གནས་ཀྱང་མེད་དོ། །དེ་ལ་གནས་མེད་པར་རྟོགས་ན་ཚོར་བའི་སེམས་སྐྱེས་ཏེ། ཕྱི་མོ་ཚོར་བའི་སེམས་གཙང་མ་ལ་བསམ་པ་ཡོང་མེད་དོ། །སེམས་ལ་བསམ་པ་མེད་ན་སེམས་མི་གཡོའོ། །སེམས་མི་གཡོ་ན་སེམས་ཀྱི་གནས་ཀྱང་མེད་དེ། དེའི་


DKG066_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ནི་གཙང་གདང་ངོ་། །གཙང་གདང་བའི་སྟོང་པའི་སེམས་ནི་ངོ་བོ་ཉིད་ཕྱི་མོ་ནས་གཙང་གདང་སྟེ། གཙང་མས་མངོན་བརྟགས་པར་ཡང་མེད་དོ། །གཙང་གདང་བའི་སེམས་དང་ཡང་བྲལ་བས་ན་གཙང་གདང་ཞེས་བཤད་དོ། །བྱང་ཆུབ་སེམས་དཔའ་ནི་གཙང་གདང་བའི་སེམས་ལ་བྱ་བ་ཡང་མེད། གཡོ་བ་ཡང་མེད། དྲི་མ་ཡང་མེད། གཙང་མ་ཡང་མེད། སྐྱེ་བ་ཡང་མེད། འབྲི་བ་ཡང་མེད་དེ་མཐར་ཅིས་ཀྱང་གོས་པ་མེད་དེ། གནས་གཅིག་ལའང་འདུག་པ་མེད་དེ། དེའི་མིང་དང་གྲངས་ལས་ཡང་བྲལ་ལོ། །རྟག་པ་དེ་བཞིན་ན་དེ་བཞིན་ཞེས་བྱ་བ་ཡང་མེད་དེ། དཔེར་རྡོ་རྗེ་དང་མཚུངས་ཏེ། ངོ་བོ་ཉིད་གཅིག་པུ་ལ་ཞིག་པའང་མེད་དོ། །དཔེར་ནམ་མཁའ་དང་མཚུངས་ཏེ་ཐམས་ཅད་ཤོང་། དཔེར་མེ་ཏོག་པད་མོ་དང་མཚུངས་ཏེ་སྲེད་པའི་ཆུས་མི་ཆགས་སོ། །ལས་འདི་སྤྱད་ན་ཡང་དག་པར་གྲོལ་ཐར་ཏེ། སྐྱེ་ཤི་འབབ་ལས་འདས་ཏེ། སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཕྱིན་ཏོ། །བྱང་ཆུབ་སེམས་དཔའ་སེམས་གཅིག་གི་ཆོས་འདི་མིང་གཅིག་ནི་འགྱོད་ཚངས་ཀྱིས་གྲོལ་ཐར་པ་ཞེས་ཀྱང་བྱ་སྟེ། ཡང་དག་པའི་བདེན་པའི་གཞུང་མཐོང་བའི་ཕྱིར་རོ། །གཉིས་སུ་ན་མིང་ཆོས་སྤྱད་པས་གྲོལ་ཐར་ཅེས་ཀྱང་བྱ་སྟེ། ནགས་གཅིག་ན་འདུག་པའི་ཕྱིར་རོ། །གསུམ་དུ་ན་མིང་སྤྱད་པ་མེད་པས་གྲོལ་ཐར་ཅེས་ཀྱང་བྱ་སྟེ། འདུག་ཅིང་ཆགས་པ་མེད་པའི་ཕྱིར་རོ། །གྲོལ་ཐར་པ་འདི་གསུམ་ནི་ཀུན་ཀྱང་སེམས་གཅིག་ལས་སྐྱེས་ཏེ། སེམས་ཅན་ཐམས་ཅད་ལ་སེམས་གཉིས་སུ་མེད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཀུན་ལ་ཐེག་པ་གཅིག་པུ་ཡོད་དོ། །བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱལ་པོ་ཆོས་གཅིག་ཤེས་པར་ནུས་ན་ཆོས་གཅིག་མི་ཤེས་པ་མེད་དོ། །ཆོས་གཅིག་མི་ཤེས་ན་ཆོས་གཅིག་ཀྱང་ཤེས་པ་མེད་དོ། །ཇི་ལྟ་ཞེས་བྱས་ན། ཆོས་ཀྱི་རྣམས་མི་གཅིག་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདི་གཅིག་པུ་ཐོས་ན་དེ་ནི་ཉུང་དུ་ཐོས་པ་ཡིན་ནོ། །ཆོས་མི་ཤེས་པ་མེད་པ་དེའི་མིང་ནི་མང་དུ་ཤེས་པའོ། །ཅིའི་ཕྱིར་ཞེས་བྱས་ན། ཆོས་སོ་ཅོག་གི་ངོ་


DKG066_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་གཙང་མ་གཅིག་ལ་འདུས་པའི་ཕྱིར་རོ། །གཅིག་པུ་འདི་མཐོང་བའི་ཕྱིར་རོ། །གཅིག་པུ་འདི་མཐོང་ན་སངས་རྒྱས་ཐམས་ཅད་ཀྱི་ལུས་མཐོང་ངོ་། །ཅིའི་ཕྱིར་ཞེས་བྱས་ན། སངས་རྒྱས་སོ་ཅོག་གི་ལུས་ནི་གཙང་མ་གཅིག་ལས་བྱུང་བའི་ཕྱིར་རོ། །གཙང་མ་གཅིག་གིས་ནི་སངས་རྒྱས་གཅིག་གི་ལུས་དང་། སངས་རྒྱས་ཀྱི་ས་གཅིག་དང་། བྱང་ཆུབ་ཀྱི་སྡོང་པོ་གཅིག་ཡིན་ནོ། །རིགས་ཀྱི་བུ་ཕོ་ཆོས་འདིའི་ནང་ནས་མྱ་ངན་འཁྲུག་པའི་རྣམས་བཅད་པ་ནི་དཔེར་སྡོང་པོ་བཅད་པ་དང་མཚུངས། རྩ་བ་འབའ་ཞིག་བཅད་ཀྱི་ཡལ་ག་དང་འདབ་མ་མི་གཅོད་དོ། །ཅིའི་ཕྱིར་ཞེས་བྱས་ན། དཔེར་མི་ལ་ལ་ཞིག་ལུས་ལ་དུག་མདས་ཕོག་སྟེ། ལུས་ན་ཚ་བ་ལ་མདའ་ཕྱུང་ན་ནི་ནད་ཀྱང་སོས་སོ། །མདའ་མ་ཕྱུང་ན་ནི་ནད་ཀྱང་མི་སོས་སོ། །དེ་ལ་བསྡད་དེ་མདའ་དེའི་སྒྲོ་ནི་ཅིའི་སྒྲོ། གཅིག་ཏུ་ན་དེའི་སྨྱུག་རི་གང་ལས་བྱུང་། མདའ་དེ་སུས་འཕངས་ཞེས་འདྲི་ན་དེའི་བར་དུ་མི་དེ་ན་ཚ་བས་ཚེ་སྲོག་ཟད་ཟིན་ཏོ། །དེའི་འོག་ཏུ་མདའ་ཕྱུང་བ་ནི་ཕན་པ་མེད་པར་མངོན་ནོ། །རིགས་ཀྱི་བུ་ཕོ་སེམས་མོད་བཞིན་དུ་ཁྲུས་ཤིག །སེམས་གཙང་མར་འདུག་ན་དེའི་མིང་ནི་གཙང་གདང་ཞེས་བྱའོ། །འདུ་མཆེད་ཀྱི་རྣམས་གཙང་གདང་ན་ཡོད་པ་ལ་ཆགས་པའི་རྣམས་དང་བྲལ་ཏེ། ཆགས་པ་མེད་པའི་ནང་དུ་ཆུད་པར་ནུས་སོ། །ཅིའི་ཕྱིར་ཞེས་བྱས་ན། ཕྱི་མོ་སེམས་ཅན་ལ་བསླབས་ཏེ། སྨན་བཟང་པོ་འདི་བཤད་དེ་ནད་ཀྱི་རྣམས་གསོས་ལ་ཀུན་སོས་པར་འཚལ་ལོ། །ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདིའི་རྡོ་རྗེའི་ཤེས་རབ་ཀྱི་རལ་གྲིས་སེམས་ཅན་རྣམས་ཀྱི་མ་རིག་པའི་ཡིད་བྲེག་གོ །ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་གཙང་གདང་བའི་ཆོས་སྤྱད་དེ། སེམས་ཅན་རྣམས་ཀྱི་གདུག་པ་གསུམ་གྱི་དྲི་མ་བརྡབ་ཅིང་བསལ་ལོ། །ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ཤེས་རབ་ཀྱི་སྟོབས་པོ་ཆེ་སྤྱད་དེ། སེམས་ཅན་དཀྲིས་པ་བཅུས་བཅིངས་པ་གྲོལ་ཐར་པར་འཚལ་ལོ། །ཡང་གཅིག་ཏུ་ན་ཆོས་ཀྱི་ཡི་གེ་འདི་ངོ་བོ་ཉིད་གཙང་གདང་བར་གཅིག་ཏུ་སྤྱད་དེ། སེམས་ཅན་གྱི་རྣམས་


DKG066_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་ལུས་གཅིག །སེམས་གཅིག །སངས་རྒྱས་གཅིག །ངོ་བོ་ཉིད་གཅིག །གཙང་གདང་བ་གཅིག་ཐོབ་སྟེ། ཐེག་པ་ཚིགས་ཀྱི་ནང་དུ་ཆུད་ཡང་དག་པར་འཚལ་ལོ། །སེམས་སེམས་ཅན་དམྱལ་བ་ནས་ཐར་ཡང་དག་པར་འཚལ་ལོ། །སེམས་ཅན་དམྱལ་བ་ནས་ཐར་ཡང་དག་པར་འཚལ་ལོ། །བདག་གི་སེམས་ཅན་གྱི་རྣམས་བསྒྲལ་བའི་ར་མདའ་ནུས་ཏེ། སེམས་ཅན་གྱི་རྣམས་སེམས་ཅན་དམྱལ་བ་རྣམས་སུ་ལྟུང་ན་བདག་གིས་སངས་རྒྱས་ཀྱི་སྐུ་ལུས་ནུབ་ཅིང་མེད་པར་བགྱིས་ལགས་ན། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་ཆོས་འདི་བདག་ལ་གཏད་ཅིང་གདམས་པར་སྨོན་ཏོ། །བདག་ལ་ཡང་སེམས་ཅན་རྒྱ་ཆེར་བསྒྲལ་བ་བཤད་དེ་སེམས་ཅན་གྱི་རྣམས་ཐོས་པ་ཉུང་ལ་ཤེས་པ་མང་། མཐོང་བ་ཉུང་ལ་རིག་པ་མང་། ཡི་གེའི་རི་མོ་མང་དུ་མ་འཚལ་བར་གཞུང་གི་མངོན་རྟགས་ཐོབ་སྟེ། ཆོས་ཉུང་ངུས་ཡང་དག་པར་གྲོལ་ཐར་ལ། གཞན་དོགས་པ་འདྲི་བ་མ་མཆིས་པར་བགྱི་ན། སངས་རྒྱས་ཀྱིས་བྱམས་ཤིང་ཐུགས་རྗེས་གཟིགས་ཏེ་བདག་ལ་དགྲོལ་བཤད་པར་སྨོན་ཏོ། །སངས་རྒྱས་ཀྱིས་ཕལ་མང་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོ་འདིས་བསྐལ་པ་བརྒྱ་སྟོང་ཁྲི་འབུམ་གྱི་སངས་རྒྱས་རྣམས་ལ་ཡོན་གསོལ་མྱོང་ཟིན་པས་ན། ཐབས་སྤྱོད་པ་མཁས་ཏེ་སེམས་ཅན་ལ་ར་མདའ་བྱ་ཞིང་བསྒྲལ་ནུས་སོ། །བྱང་ཆུབ་སེམས་དཔའ་འདིས་རོ་བྲོ་བའི་རླུང་སྤྱད་དེ་སེམས་ཅན་རྣམས་ཀྱི་སྲོག་མཐུད་ནུས་སོ། །ཁྱེད་ལ་སོགས་པ་ད་ལྟའི་དང་། མ་འོངས་པའི་དུས་ཀྱི་སེམས་ཅན་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་འདིའི་མིང་གཟུངས་སུ་བཟུང་གི་སྟེང་དུ། དགེ་བའི་བཤེས་གཉེན་ཆེན་པོ་གྱིས། མྱ་ངན་ལས་འདས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པར་གྲོལ་ཐར་པ་ཐོགས་པ་མེད་པ་ཐོབ་བོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་པོས་ས་ལ་གཏུགས་ཏེ་ཕྱག་འཚལ་ནས་ལངས་ཏེ། དེའི་གཞི་ནས་མྱ་ངན་ལས་འདས་པ་ཆེན་པོར་ཞུགས་ནས། སྟོང་པས་གྲོལ་ཐར་པར་གོ་སྟེ། ཆགས་པ་མེད་པའི་ས་ལས་རྐང་པ་བཏེག་པ་དང་རྐང་པ་བོར་བ་ཀུན་ཀྱང་གཙང་གདང་བ་


DKG066_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲོད་དེ། ཐལ་མོ་སྦྱར་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ་སོང་ངོ་། །དམ་པའི་ཆོས་ཀྱི་རྒྱལ་པོའི་ཡི་གེ་བམ་པོ་གཅིག་སྟེ་རྫོགས་སོ།། །།སྔོན་རྒྱ་ལས་འགྱུར་བའི་རྙིང་པ་སྐད་གསར་གྱིས་མ་བཅོས་པར་སྣང་།། །།


no previousདམ་པའི་ཆོས་ཀྱི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། next