Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་དྲུག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྔ་པ། ཀུན་ཏུ་བསྲུང་བའི་ལེའུ།
   
   
   
   
   
   
   
   
   
   
   


 
previousལྔ་པ། ཀུན་ཏུ་བསྲུང་བའི་ལེའུ།next

ལྔ་པ། ཀུན་ཏུ་བསྲུང་བའི་ལེའུ།


DKG066_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་སྙེད་ཀྱི་ལྷའི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་དང་། ཀླུའི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་དང་། གནོད་སྦྱིན་གྱི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་དང་། ལྷ་མ་ཡིན་གྱི་དབང་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་དང་། མིའམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོའི་དབང་པོ་དང་། ཡི་དགས་ཀྱི་དབང་པོ་དང་། ཤ་ཟའི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་དང་། ལུས་སྲུལ་པོའི་དབང་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་རབ་ཏུ་བཏུད་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་དང་གང་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དད་པ་དང་ལྡན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་མི་སྡུག་པ་སྔོན་དུ་གཏོང་བ་ཚུལ་དེ་ལྟ་བུས་ཞེས་བགྱི་བ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་ཚུལ་གྱིས་གནས་པར་བགྱིད་ལ། ཇི་ལྟར་སྔར་བཤད་པའི་དགེ་བའི་ཕྱོགས་ཡིད་ལ་བགྱིས་པས་གནས་པར་བགྱིད་ན་དད་པ་དང་ལྡན་པའི་རིགས་ཀྱི་བུ་མོའི་བར་འཁོར་དང་བཅས་པ་ཐམས་ཅད་ལ་ཡང་རང་གི་རིས་ཀྱི་སྟོན་པའི་འདུ་ཤེས་གཟུང་བར་བགྱིའོ། །ལུས་དང་སེམས་དང་ཡིད་ཀྱིས་


DKG066_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་རིམ་གྲོའི་སྤྱོད་པ་བགྱིའོ། །ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་མི་བྲེལ་བར་བགྱིའོ། །ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་ལས་ཡོངས་སུ་ཐར་བར་བགྱིའོ། །བཅྭ་ལྔ་གང་ཞེ་ན། ལུས་ཀྱི་ཀུན་ཏུ་འཁྲུག་པའི་འཇིགས་པ་ལས་ཡོངས་སུ་ཐར་བར་བགྱིའོ། །བོང་བ་དང་། དབྱུག་གུ་དང་། མཚོན་ཆ་དང་། དུག་དང་། རྡོ་དང་། སེམས་ཅན་སྡང་བ་དང་། རྩུབ་པ་དང་། དད་པ་མ་མཆིས་པ་རྣམས་ལས་ཡོངས་སུ་ཐར་བར་བགྱིའོ། །ཁམས་ཀུན་ཏུ་འཁྲུག་པའི་འཇིགས་པ་ལས་བསྲུང་བར་བགྱིའོ། །ཇི་ལྟར་འཐུན་པའི་བཟའ་བ་དང་། བཏུང་བ་དང་། སྨན་དང་། ཡོ་བྱད་ཀྱི་གཞི་ལས་རིམ་གྲོ་བ་དང་། ཉེ་དུ་དང་། སྦྱིན་པ་པོ་དང་། སྦྱིན་བདག་ཡོངས་སུ་མི་ཉམས་པའི་ཆོས་ཅན་རྣམས་ནད་དང་དགྲའི་ཀུན་ཏུ་འཁྲུག་པའི་འཇིགས་པ་དང་། འབྱུང་པོ་ཐམས་ཅད་དང་། དགྲ་ཐམས་ཅད་ཀྱི་ཀུན་དུ་འཁྲུག་པའི་འཇིགས་པ་ལས་བསྲུང་བར་བགྱིའོ། །དུག་གི་ཀུན་ཏུ་འཁྲུག་པའི་འཇིགས་པ་དང་། རྒྱལ་པོའི་ཀུན་ཏུ་འཁྲུག་པའི་འཇིགས་པ་དང་། ནང་གི་དམག་ཚོགས་དང་། ཕ་རོལ་གྱི་དམག་ཚོགས་དང་། མུ་གེའི་ཀུན་ཏུ་འཁྲུག་པའི་འཇིགས་པ་ལས་ཡོངས་སུ་བསྲུང་བར་བགྱི་སྟེ། ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་པོ་དེ་དག་གོ །གང་དག་ད་ལྟར་དང་མ་འོངས་པའི་དུས་ན་དམ་པའི་ཆོས་ལྟར་བཅོས་པ་ལ་གནས་པའི་བར་གྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། དད་པ་དང་ལྡན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་དང་། གང་དག་མི་སྡུག་པ་སྔོན་དུ་གཏོང་བའི་ཚུལ་དེ་ལྟ་བུས་ཞེས་བགྱི་བ་ནས་འགོག་པའི་སྙོམས་པར་འཇུག་པའི་བར་གྱི་ཚུལ་གྱིས་གནས་པར་བགྱིད་ལ། ཇི་སྐད་སྔར་བཤད་པ་བཞིན་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་མི་ཉལ་བར་སྦྱོར་བ་ལ་རྗེས་སུ་བརྩོན་པར་གནས་པར་བགྱིད་པ་འཁོར་དང་བཅས་པ་དེ་དག་ཐམས་ཅད་དང་། གང་དུ་གནས་པའི་ཡུལ་


DKG066_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་། གྲོང་རྡལ་དང་། ལྗོངས་དང་། རི་འོར་དང་། གྲོང་དང་། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་། དགོན་པའི་གནས་དེ་དག་རང་གི་རིས་ཀྱི་ཁྱིམ་ཁོལ་གྱི་ཁྱིམ་གྱི་བར་བཞིན་དུ་གཟུང་བར་བགྱིའོ། །ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་པོ་དེ་དག་ལས་ཡོངས་སུ་བསྲུང་བར་བགྱིའོ། །སླར་བཟློག་པར་བགྱིའོ། །གང་དུ་དེ་ལྟ་བུའི་དགེ་བ་ལ་བརྩོན་པ་ཐ་ན་གང་ཟག་གཅིག་ཅིག་གནས་པར་བགྱིད་ཀྱང་རུང་། དེར་ཐ་ན་ཉིན་ཞག་གཅིག་ཅིག་གནས་པར་བགྱིད་ཀྱང་རུང་སྟེ། ཡུལ་འཁོར་དེ་དག་རང་གི་རིས་ཀྱི་ཁྱིམ་ཁོལ་གྱི་ཁྱིམ་གྱི་བར་བཞིན་དུ་གཟུང་བར་བགྱིའོ། །ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་ལས་ཡོངས་སུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །སྦྱིན་པ་པོ་དང་། སྦྱིན་བདག་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དེ་དག་ཀྱང་རང་གི་རིས་ལགས་པར་གཟུང་བར་བགྱིའོ། །ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་པོ་དེ་དག་ལས་རྗེས་སུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །གང་དག་དེ་ལྟ་བུའི་དགེ་བའི་ཕྱོགས་ལ་བརྩོན་པའི་གང་ཟག་རྣམས་ལ་གནས་ཁང་དང་། གཙུག་ལག་ཁང་དང་། ཀུན་དགའ་ར་བ་དང་། གནས་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བཀུར་སྟི་དང་། མཆོད་པ་དང་། རིམ་གྲོ་བགྱིད་པ་དག་ཀྱང་ཀུན་ཏུ་འཁྲུག་པའི་འཇིགས་པ་དེ་ལྟ་བུ་དེ་དག་ལས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །གང་ཡང་བུད་མེད་སྦྲུམ་པ་གང་ཟག་དེ་ལྟ་བུ་དག་ལ་བཀུར་སྟི་བགྱིད་པ་དེ་ལ་དུས་རྟག་ཏུ་རྣམ་པར་མི་འཚེ་བའི་ཆོས་ཅན་དང་། ནད་མ་མཆིས་པ་དང་། མཆོག་ཏུ་དགའ་བ་མང་བར་བདག་ཅག་གིས་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །ཡང་གང་དང་གང་དུ་དེ་ལྟ་བུར་ཚུལ་བཞིན་ཡིད་ལ་བགྱིད་པ་ལ་བརྩོན་པའི་གང་ཟག་ལ་སྙིང་བརྩེ་བར་གསོལ་


DKG066_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདེབས་པར་བགྱིད་པ་དག་དང་། དེའི་མིང་བརྗོད་པར་བགྱིད་པ་དག་དང་། སྐུད་པ་བཏགས་པའམ། ཀུན་ཏུ་བསྲུང་བ་བགྱིད་པའམ། མི་དགེ་བ་ལས་སླར་བཟློག་པའམ། དགེ་བ་ལ་སྦྱོར་དུ་སྩལ་བ་འང་རུང་སྟེ། སེམས་ཅན་དེ་དག་ཀྱང་ཀུན་ཏུ་འཁྲུག་པའི་འཇིགས་པ་བཅྭ་ལྔ་པོ་དེ་དག་ལས་བདག་ཅག་གིས་རྗེས་སུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །མི་དང་མི་མ་ལགས་པའི་སེམས་ཅན་གང་དག་དེ་ལྟ་བུའི་དགེ་བའི་ཕྱོགས་ལ་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་བརྩོན་པའི་གང་ཟག་རྣམས་ཀྱི་ཚིག་མི་ཉན་ཞིང་། མི་བགྱི་བར་སེམས་པ་དག་དང་། གང་དག་དེ་དག་ལ་གཤེ་བར་བགྱིད་པའམ། ཕན་པ་མ་ལགས་པ་དང་། དོན་མ་ལགས་པ་དང་། བར་དུ་ཉམས་པ་དང་། གནོད་སེམས་སུ་བགྱི་བའི་སླད་དུ་རྟུལ་བར་བགྱིད་པའི་སེམས་ཅན་དེ་དག་གི་ཐད་དུ་བདག་ཅག་གིས་མི་དང་མི་མ་ཡིན་པ་དག་གཏང་བར་བགྱིའོ། །དེ་ལ་བཟོད་པར་མི་བགྱིའོ། །གང་དག་དེ་ལྟ་བུའི་དགེ་བའི་ཕྱོགས་ལ་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་བརྩོན་པའི་གང་ཟག་རྣམས་ཀྱི་ཚིག་མི་མཉན་ཞིང་མི་བགྱི་བར་སེམས་པ་དག་དང་། གང་དག་དེ་དག་ལ་གཤེ་བར་བགྱིད་པའམ། དོན་མ་ལགས་པ་དང་། ཕན་པ་མ་ལགས་པ་དང་། གནོད་སེམས་དང་། བར་དུ་ཉམས་པར་བགྱི་བའི་སླད་དུ་རྟུལ་བར་བགྱི་བའི་སེམས་ཅན་དེ་དག་ནི་གནོད་པ་བཅྭ་ལྔ་པོ་འདི་དག་དང་ལྡན་པར་འགྱུར་ལགས་སོ། །བཅྭ་ལྔ་གང་ཞེ་ན། མྱུར་དུ་ནད་ཀྱི་སྡུག་བསྔལ་དང་། ལོངས་སྤྱོད་ཀྱི་སྡུག་བསྔལ་དང་། ཉེ་བར་སྤྱོད་པ་ལས་ཡོངས་སུ་ཉམས་པའི་སྡུག་བསྔལ་དང་། ཡན་ལག་དང་ཉིང་ལག་གཅོད་པའི་སྡུག་བསྔལ་དང་། འཁོར་སྡུག་པ་དང་བྲལ་བའི་སྡུག་བསྔལ་དང་། དབང་ཕྱུག་ལས་རྒུད་པའི་སྡུག་བསྔལ་དང་། གནས་ཀྱི་སྡུག་བསྔལ་དང་། དགྲས་རྫི་བའི་སྡུག་བསྔལ་དང་། རྟག་ཏུ་སེམས་ཀུན་ཏུ་འཁྲུག་པའི་སྡུག་བསྔལ་དང་། ཡུལ་འཁོར་གྱི་སྡུག་བསྔལ་དང་། རྒྱལ་རིགས་ཀྱི་ཀུན་ཏུ་འཁྲུག་པའི་སྡུག་བསྔལ་དང་།


DKG066_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཆོམ་རྐུན་གྱི་ཀུན་ཏུ་འཁྲུག་པའི་སྡུག་བསྔལ་དང་། བུད་མེད་ཀྱི་ཀུན་ཏུ་འཁྲུག་པའི་སྡུག་བསྔལ་དང་། མྱུར་དུ་ཚེ་ཟད་པ་དང་། འཆི་བའི་སྡུག་བསྔལ་ལགས་སོ། །སེམས་ཅན་དེ་དག་ནི་གནོད་པ་དེ་དག་དང་མྱུར་དུ་ལྡན་པར་འགྱུར་ལགས་སོ། །སེམས་ཅན་གང་དག་དེ་ལྟ་བུའི་ཚུལ་བཞིན་དུ་ཡིད་ལ་བགྱིད་པ་ལ་བརྩོན་པ་རྣམས་ཀྱི་ཚིག་མི་མཉན་ཞིང་། མི་བགྱིད་པར་སེམས་པ་དང་། དེ་དག་ལ་ཡང་གཤེ་བར་བགྱིད་པའམ། དོན་མ་ལགས་པ་དང་། ཕན་པ་མ་ལགས་པ་དང་། གནོད་སེམས་དང་། བར་དུ་ཉམས་པར་བགྱི་བའི་སླད་དུ་བརྟུལ་བར་བགྱིད་པའི་སེམས་ཅན་དེ་དག་སྐྲག་ནས་བདག་ཅག་ལ་སྐྱབས་སུ་མཆིས་ཀྱང་རུང་། གསང་སྔགས་སྣ་ཚོགས་སྒྲུབ་པའི་ཡོ་བྱད་ཀྱིས་རིམ་གྲོ་བགྱི་བར་བརྩོན་པར་བགྱིས་སུ་ལགས་ཀྱང་དེ་དག་གི་དོན་དུ་བདག་ཅག་གིས་རིམ་གྲོའི་བསྙེན་བཀུར་བླང་བར་མི་བགྱིའོ། །དེ་དག་གི་སྐྱབས་མི་བགྱིའོ། །དེ་དག་གི་བགྱི་བ་མི་སྒྲུབ་པོ། །དོན་བསྒྲུབ་པར་མི་བགྱིའོ། །ཕུང་ཀྲོལ་གྱི་ལྷའམ། ཀླུ་ནས་ལུས་སྲུལ་པོའི་བར་སྡང་བ་སྙིང་བརྩེ་བ་མ་མཆིས་པ། བགྱིས་པ་མི་གཟོ་བ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་གང་དག་འབྱུང་བར་འགྱུར་བ་དེ་དག་དེ་ལྟ་བུའི་དགེ་བའི་ཕྱོགས་ལ་ཚུལ་བཞིན་དུ་ཡིད་ལ་བགྱིད་པར་བརྩོན་པ་དགོན་པ་དང་། ནགས་དང་། བས་མཐའ་དང་། རི་ཁྲོད་དང་། དུར་ཁྲོད་དང་། ཤིང་དྲུང་དང་། ཀུན་དགའི་ར་བ་དང་། གཙུག་ལག་ཁང་དང་། གནས་ཁང་དང་། འཆག་སའི་གནས་ན་གནས་པའི་གང་ཟག་རྣམས་ཀྱི་ཐ་དད་དུ་སྡང་བའི་སེམས་དང་ལྡན་པ་དང་། རྣམ་པར་ཐོ་འཚམ་པའི་སེམས་དང་ལྡན་པ་དང་ཉེ་བར་མཆི་བར་བགྱིད་ཅིང་། དེ་ལྟ་བུའི་གང་ཟག་རྣམས་ཀྱི་ལུས་ཀུན་ཏུ་འཁྲུག་པའམ་སེམས་ཀུན་ཏུ་འཁྲུག་པར་བགྱིད་ལ། མདངས་འཕྲོག་པར་བགྱིད་ཅིང་ཐ་ན་དེ་ལྟ་བུའི་གང་ཟག་རྣམས་ཀྱི་རིམ་གྲོ་པ་དང་། སྦྱིན་བདག་གང་དག་ལགས་པ་དེ་དག་ལ་ཡང་ལྷའམ། ཀླུ་ནས་ལུས་སྲུལ་པོའི་བར་སྡང་བ། བགྱིས་པ་མི་གཟོ་


DKG066_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ། འཇིག་རྟེན་ཕ་རོལ་ལ་འཇིགས་པར་མི་ལྟ་བ་དག་གིས་ལུས་ཀུན་དུ་འཁྲུག་པ་དང་། སེམས་ཀུན་ཏུ་འཁྲུག་པར་བགྱིད་ཅིང་མདངས་འཕྲོག་པར་བགྱིད་ལ། སྔོན་གྱི་ལས་ཀྱི་རྐྱེན་མ་གཏོགས་ལགས་ཏེ། གལ་ཏེ་ལྷ་དང་། ཀླུ་ནས་ལུས་སྲུལ་པོའི་བར་དེ་དག་བདག་ཅག་གིས་སོ་སོར་མ་བཟློག་གམ། སླར་མ་བཟློག་གམ། ནོངས་པ་ཅི་མཆིས་པའི་ཆད་པ་ལ་མ་བཀོད་པར་གྱུར་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་བདག་ཅག་གིས་བསླུས་པར་གྱུར་ཅིག །བདག་ཅག་འཁོར་བ་ན་འཁོར་བའི་ཚེ་དེ་ལྟ་བུའི་ཉན་ཐོས་ཀྱི་སྤྱོད་ཡུལ་ལམ། རང་རྒྱལ་བའི་སྤྱོད་ཡུལ་ལམ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་ཡང་རུང་སྟེ་སྣོད་དུ་མ་གྱུར་ཅིག །བྱང་གྲོལ་གྱི་བདེ་བ་ཐོབ་པར་མ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་འདི་ལྟར་ཡང་ཁྱེད་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འབར་བར་བྱེད་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅད་པར་བྱ་བའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་དེ་ལྟར་བྱོས་ཤིག །དེ་ལྟར་བྱས་ན་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཁྱེད་ཀྱིས་མཆོད་པ་དང་། རིམ་གྲོ་བྱས་པར་འགྱུར་རོ། །རིགས་ཀྱི་བུ་དག་གང་ལ་ལ་བརྩོན་པ་དང་བརྟུལ་བ་དེ་ལྟ་བུས་ལེགས་པར་གསུངས་པའི་ཆོས་འདུལ་བ་རྗེས་སུ་སྲུང་བར་བྱེད་པ་དང་། དེ་ལྟར་ཞུགས་ཤིང་ཆོས་ཀྱིས་གནས་པའི་གང་ཟག་རྣམས་ལ་རྗེས་སུ་སྲུང་བར་བྱེད་པའི་རིགས་ཀྱི་བུ་དེ་འཁོར་བར་འཁོར་བ་ན་དཔལ་དམ་པ་ལ་ཉེ་བར་སྤྱོད་པར་འགྱུར་རོ། །དེ་ལ་འཁོར་བའི་སྡུག་བསྔལ་འབྱུང་བར་མི་འགྱུར་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ལྟ་བས་ན་སྡུག་བསྔལ་དང་མི་འཐུན་པ་བདེ་བ་འདོད་པ་ཁྱེད་ཀྱིས་དེ་ལྟར་བྱོས་ཤིག །འདི་ལྟར་ཁྱེད་ལེགས་པར་བྱས་པའི་ལས་ཀྱི་མཐའ་ལ་ཞུགས་པ་ནི་ཁྱེད་ཡང་ལེགས་སོ་ལེགས་སོ། །ཡང་དེའི་ཚེ་མི་མ་ཡིན་པའི་འབྱུང་པོ་མདངས་


DKG066_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲག་ཟ་བ་གང་དག་ཡིན་པ་གྲངས་མེད་དཔག་ཏུ་མེད་པ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་མི་མ་ལགས་པ། མདངས་འཚལ་བ། ཤ་ཁྲག་འཚལ་བ་དག་ལགས་ཏེ། བདག་ཅག་གིས་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ལ་རྣམ་པར་ཐོ་བཙམ་པར་མི་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་བཅོམ་ལྡན་འདས་ཀྱིས་ཇི་སྐད་བསྟན་པ་བཞིན་ཉན་ཐོས་གང་དག་དེ་ལྟ་བུའི་མི་སྡུག་པའི་སྦྱོར་བ་རྣལ་འབྱོར་ཡིད་ལ་བགྱིད་པས་གནས་པའི་གང་ཟག་དེ་ལྟ་བུ་དག་གལ་ཏེ་བདག་ཅག་གིས་རྣམ་པར་ཐོ་བཙམས་པར་གྱུར་ན་བདག་ཅག་དད་པ་ཅན་མ་ལགས་པར་གྱུར་ཅིག །དབང་པོ་ཐམས་ཅད་ཀྱི་སྤྱོད་ཡུལ་རྣམས་སུ་མཆི་བར་མི་ནུས་པར་གྱུར་ཅིག །གང་ཟག་དེ་ལྟ་བུ་དག་ནི་བདག་ཅག་གིས་ཀྱང་བསྲུང་བར་བགྱིའོ། །དེ་དག་གི་རིམ་གྲོ་པ་དང་སྦྱིན་བདག་གང་དག་ལགས་པ་དེ་དག་ཀྱང་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཆོས་ཀྱིས་གནས་པ་མི་སྡུག་པའི་སྦྱོར་བ་ཡིད་ལ་བགྱིད་པས་གནས་པ་དག་ཡང་དག་པར་འཛིན་པར་བགྱིད་པ་གཙུག་ལག་ཁང་དང་། གནས་དང་། ཀུན་དགའི་ར་བ་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། བྲོ་འཚལ་བའི་གསོས་སྨན་གྱི་ཡོ་བྱད་རྣམས་ཀྱིས་ཡང་དག་པར་འཛིན་པར་བགྱིད་པ་གང་དག་ལགས་པ་དེ་དག་བདག་ཅག་གིས་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞིན་བཟངས་དག་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་དེ་ལྟར་བྱོས་ཤིག །ཡང་དེའི་ཚེ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཀྱིས་གནས་པ་དེ་ལྟ་བུའི་མི་སྡུག་པའི་སྦྱོར་བས་རྣལ་འབྱོར་ལ་བརྩོན་པར་གནས་པར་བགྱིད་པ་གང་དག་ལགས་པ་དེ་དག་གི་ལུས་ལ་བདག་གིས་རྒྱ་ཆེན་པོའི་སའི་བཅུད་ཀྱི་མདངས་


DKG066_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

གཏང་བར་བགྱི་སྟེ། དེས་ཆོས་ཀྱིས་གནས་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་མངོན་པར་བརྩོན་པ་དེ་དག་ཤིན་ཏུ་གཟི་བརྗིད་དང་ལྡན་པ་དང་། ཁ་དོག་དང་ལྡན་པ་དང་། དྲན་པ་དང་ལྡན་པ་དང་། བརྩོན་འགྲུས་དང་ལྡན་པ་དང་། ཤེས་རབ་དང་ལྡན་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པ་ཆེན་པོ་དང་ལྡན་མ་གང་ཁྱོད་ངའི་སྲས། ཐུགས་ཀྱི་སྲས། ཞལ་ནས་སྐྱེས་པ། ཆོས་དང་ལྡན་པ། ཆོས་ཀྱི་སྤྲུལ་པ་དག་དེ་ལྟ་བུའི་བསོད་སྙོམས་ཀྱིས་ཡང་དག་པར་ཚིམ་པར་བྱེད་པ་ལེགས་སོ་ལེགས་སོ། །སྦྱིན་པ་ཆེན་པོ་དང་ཡང་དག་པར་ལྡན་པ་དེས་ཁྱོད་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ། །ཡང་དེའི་ཚེ་དཔལ་ལྷ་མོ་ཆེན་མོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཀྱང་དེ་ལྟ་བུའི་ཆོས་ཀྱིས་གནས་པ་རྣམས་ཀྱིས་སྦྱིན་པ་པོ་དང་། སྦྱིན་བདག་གང་དག་ལགས་པའི་སྦྱིན་པ་པོ་དང་། སྦྱིན་བདག་དེ་དག་གི་དགའ་སྟོན་དང་། ནོར་དང་། འབྲུ་དང་། ཤིང་ཏོག་དང་། ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་རྣམས་མ་ཚང་བ་མ་མཆིས་པར་བགྱིའོ། །མི་སྡུག་པའི་སྦྱོར་བས་ཞེས་བགྱི་བ་ནས་འགོག་པའི་སྙོམས་པར་འཇུག་པ་ཡིད་ལ་བགྱིད་པའི་བར་གྱིས་ཉིན་མཚན་འདའ་བར་བགྱིད་པ་གང་དག་ལགས་པ་དེ་དག་གཙུག་ལག་ཁང་དང་། གཞི་དང་། གནས་དང་། ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། བྲོ་འཚལ་བའི་གསོས་སྨན་གྱི་ཡོ་བྱད་རྣམས་ཀྱིས་འཛིན་པར་བགྱིད་པ་དང་། ཡང་དག་པར་འཛིན་པར་བགྱིད་པ་དང་། ཡོངས་སུ་སྐྱོང་བར་བགྱིད་པ་དེ་དག་གི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཉེ་བར་སྤྱོད་པ་དང་། ལོངས་སྤྱོད་པ་དང་། ལུས་དང་སེམས་ཀྱི་བདེ་བ་དང་། ཡིད་བདེ་བ་དང་། མཆོག་ཏུ་དགའ་བ་མང་བར་བདག་གིས་ཡང་དག་པར་གཟུང་བར་བགྱིའོ། །སྣོད་དུ་གྱུར་པའི་སྦྱིན་གནས་རྣམས་དང་མ་བྲལ་ཞིང་ལྷན་ཅིག་འགྲོགས་སུ་སྩལ་བར་བགྱིའོ། །ཆོས་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ་


DKG066_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། ལོག་པར་མི་ལྟུང་བའི་སེམས་དང་ལྡན་པ་དང་། བྱམས་པའི་སེམས་དང་ལྡན་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་དང་། མི་ཉམས་པའི་ཆོས་ཅན་དུ་ཡང་དག་པར་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པ་ཆེན་པོ་ལ་ཡང་དག་པར་རྟེན་པ་ལེགས་སོ་ལེགས་སོ། །ཁྱོད་བརྩོན་པའི་བརྟུལ་བ་དེས་ཐེག་པ་ཆེན་པོ་རྣམ་པར་འཕེལ་བར་བྱེད་པར་འགྱུར་རོ། །ཡང་དེའི་ཚེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འདུས་པ་ཆེན་པོའི་ལེའུ་འདི་བཤད་པ་ན། བཅོམ་ལྡན་འདས་ཀྱིས་བསྟན་པ་ཡང་དག་པར་འཛིན་པ་ཡོངས་སུ་སྐྱོང་བ་དང་། ཡོ་བྱད་དང་ཡང་དག་པར་ལྡན་པའི་སྦྱིན་པ་པོ་དང་། སྦྱིན་བདག་མང་པོ་གང་དག་མཆིས་པའི་རྐྱེན་དེས་སངས་རྒྱས་ཀྱི་ཞིང་འདིར་ཆོས་ཀྱི་ཚུལ་ལ་ཡུན་རིང་དུ་འབར་ཞིང་མི་ཉམས་པའི་ཆོས་ཅན་དུ་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་སྨྲས་པ། ཀྱེ་གསང་བ་པའི་བདག་པོ་ཅི་ནམ་མཁའ་ཡོངས་སུ་ཉམས་པ་མངོན་ནམ། སྨྲས་པ། གནས་ལ་སྒྲོ་བཏགས་པ་མེད་པའི་ཕྱིར་རོ། །སྨྲས་པ། ཅི་ཆོས་རྣམས་ཀྱི་ཡང་དག་པར་འདུ་བ་མངོན་ནམ། སྨྲས་པ། ཅི་ཡང་དག་པའི་མཐར་ཐུག་པའི་ཕྱིར་མི་མངོན་ནོ། །སྨྲས་པ་ཅི་ཡང་དག་པའི་མཐའ་དང་ནམ་མཁའ་མི་འདྲ་བར་མངོན་ནམ། སྨྲས་པ། འདི་ནི་ཐ་མི་དད་པ་ཉིད་དེ། ཐ་མི་དད་པ་ཉིད་ཀྱི་ཕྱིར་མི་འདྲ་བའོ། །སྨྲས་པ་ཅི་ནམ་མཁའ་དང་ཆོས་རྣམས་མི་འདྲའམ། སྨྲས་པ་ཅི་མི་གཡོ་བ་དང་མི་སྐྱེ་བའི་ཆོས་ཀྱི་དབྱིངས་སུ་འཇུག་པས་མི་འདྲ་བ་མེད་པ་ཉིད་དོ། །སྨྲས་པ་རིགས་ཀྱི་བུ་ཅི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་རྣམས་ཀྱི་ཐ་དད་པ་ཉིད་མི་མངོན་ནམ། སྨྲས་པ། ཇི་ལྟར་ཡང་དག་པའི་མཐའ་དང་དེ་བཞིན་ཉིད་ཐ་མི་དད་པ་ཉིད་ཡིན་པ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་རྣམས་ནམ་མཁར་སྒྲོ་བཏགས་པ་ཉིད་ཀྱི་ཕྱིར་ཐ་མི་དད་པ་ཉིད་དོ། །སྨྲས་པ་ཅི་ཡང་དག་པའི་མཐའ་དེ་བཞིན་དུ་འདུས་བྱས་ཀྱི་ཆོས་རྣམས་


DKG066_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནམ། འོན་ཏེ་འདུས་མ་བྱས་ཀྱི་ཆོས་རྣམས་ཡིན། སྨྲས་པ། སྟོང་པ་ཉིད་སྒྲོ་བཏགས་པ་ཉིད་ཀྱི་ཕྱིར་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དུ་འདུས་བྱས་དང་འདུས་མ་བྱས་དང་ཡང་དག་པར་ལྡན་པ་མ་ཡིན་ནོ། །ཡང་སྨྲས་པ། ཅི་སྟོང་པ་ཉིད་དུ་ཡང་དག་པར་འདུ་བ་ཡིན་ནམ། སྨྲས་པ། ཐེར་ཟུག་ཏུ་གནས་པ་མ་ཡིན་པ་དང་། རང་བཞིན་སྟོང་པ་ཉིད་དང་། འཇིག་པ་མེད་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་ཡང་དག་པར་འདུ་བ་སྟོང་པ་ཉིད་དོ། །འདི་ལ་གང་སྟོང་པ་ཉིད་ཅེས་བྱ་བའི་དངོས་པོ་ཡང་མི་དམིགས་སོ། །རིགས་ཀྱི་བུ་ཇི་ལྟར་ངོ་བོ་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་དང་། མཚན་གྱི་གཞི་མཚན་གྱི་གཞིས་སྟོང་པ་དང་། མཚན་གྱི་གཞི་མེད་པ་མཚན་གྱི་གཞིས་སྟོང་པ་ཡིན་པ་དེ་བཞིན་དུ་ཚུལ་དེས་ཆོས་ཐམས་ཅད་ཤེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་བརྗོད་དུ་མེད་པའི་ཕྱིར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་ཆོས་ཐམས་ཅད་ཀྱི་དེའི་ངོ་བོ་ཉིད་ཉན་ཐོས་རྣམས་ཀྱིས་བྱས་པ་མ་ཡིན་ནོ། །རང་རྒྱལ་བ་རྣམས་ཀྱིས་མ་ཡིན་ནོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མཛད་པ་མ་ཡིན་ཏེ། དེ་ལྟར་ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཉིད་ཐམས་ཅད་ནམ་མཁའ་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་མི་འདྲ་བ་མེད་པ་ཉིད་ནི་ཐ་མི་དད་པ་ཡིན་པར་ཤེས་པར་བྱའོ། །བསྟན་པ་འདི་བཤད་པ་ན་སྔོན་སྟོང་པ་ཉིད་ཀྱི་ཚུལ་ལ་ཡོངས་སུ་སྦྱང་བ་བྱས་པའི་སེམས་ཅན་དཔག་ཏུ་མེད་པ་ནི་སྔོན་གྱི་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཟད་ཅིང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཐོབ་པར་གྱུར་ཏོ། །སེམས་ཅན་ཁྲག་ཁྲིག་ཕྲག་དགུ་བཅུ་རྩ་གཉིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་ཤིང་ཕྱིར་མི་ལྡོག་པའི་ཆོས་རྣམས་ལ་གནས་པར་གྱུར་ཏོ། །འཕགས་པ་འདུས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། ཉི་མའི་སྙིང་པོའི་ལེའུ་བཅུ་གཅིག་པ་ལས་ཀུན་ཏུ་བསྲུང་བའི་ལེའུ་སྟེ་ལྔ་པ་རྫོགས་སོ།། །།


previousལྔ་པ། ཀུན་ཏུ་བསྲུང་བའི་ལེའུ།next