Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་རེ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


 
previousའཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། no next

འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG067_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཀུ་སུ་མ་སཉྩ་ཡ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ནས་བླ་གོས་ཕྱོགས་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་ད་ལྟར་སངས་རྒྱས་བཅོམ་ལྡན་འདས་བཞུགས་ལ་འཚོ་ཞིང་གཞེས་ཏེ་ཆོས་ཀྱང་སྟོན་པ་ཇི་སྙེད་ཅིག་བཞུགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་དེའི་ཕྱིར་ལེགས་པར་ཤིན་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་སུ་བྱེ་བ་བརྒྱ་ཕྲག་སྟོང་གི་ཡང་ཐ་མ་ན་སངས་རྒྱས་ཀྱི་ཞིང་མར་མེ་ཅན་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱི་མཚན་གང་དག་ཉན་པར་འགྱུར་བ་དང་། དད་པ་ཡང་སྐྱེད་པར་བྱེད་པ་དེ་དག་ཐམས་ཅད་ཡང་དག་པའི་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་རྣམས་ཡོངས་སུ་འཛིན་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་མར་མེ་ཅན་གྱི་མིའི་ཉི་མ་སངས་རྒྱས་རིན་ཆེན་འབྱུང་གནས་དེའི་མཚན་ཐོས་པར་དགའ་བ་ནི་བསྐལ་པ་དྲུག་ཅུར་འཁོར་བར་མི་འགྱུར་རོ། །ཤཱ་རིའི་བུ་དེ་ལ་སོགས་པ་


DKG067_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་ཕྱོགས་ན་སངས་རྒྱས་བཅོམ་ལྡན་འདས། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་རིན་ཆེན་འབྱུང་གནས་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱའི་ཡང་ཐ་མ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དམ་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་དམ་པའི་མཚན་གང་དག་ཉན་པར་འགྱུར་བ་དང་དད་པ་ཡང་སྐྱེད་ཅིང་ཐལ་མོ་སྦྱོར་བར་བྱེད་པ་ནི་ཡང་ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཉིན་གཅིག་བཞིན་དུ་སྦྱིན་པ་ཕུལ་བ་དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་དེས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་སུའམ། ཆའམ། དཔེར་རམ། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན་སངས་རྒྱས་རིན་ཆེན་དམ་པ་གཙོ་བོ་བཞུགས་ཏེ། དེའི་མཚན་ཐོས་པས་འདིར་སངས་རྒྱས་འབྱུང་བ་ཡིན་ནོ། །འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་དྲུག་ཅུ་ན་འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བའི་མཚན་གང་དག་གིས་ཐོས་པ་དེ་དག་ནི་བསྐལ་པ་བཅྭ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གི་ཡང་ཐ་མ་ན་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་སྣང་བ་ཞེས་བྱ་བའི་མཚན་གང་དག་ཐོས་པ་དང་དད་པ་བསྐྱེད་པ་དེ་དག་ནི་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ལྔ་བརྒྱ་བས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་ཏོག་གི་རྒྱལ་མཚན་ཞེས་བྱ་བ་ན་


DKG067_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་ཏོག་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་མཚན་གང་དག་ཐོས་པ་དང་། དད་པ་བསྐྱེད་ཅིང་དེ་བཞིན་གཤེགས་པ་དེ་ལ་རྗེས་སུ་དྲན་པར་བྱེད་པ་དེ་དག་ཐམས་ཅད་དཀོན་མཆོག་དང་འདྲ་བར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གཉིས་ཀྱི་ཆེས་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཐམས་ཅད་རབ་ཏུ་སྣང་བ་དང་ལྡན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་རབ་སྣང་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་རབ་སྣང་གི་མཚན་གང་དག་ཐོས་པ་དང་། ཐོས་ནས་ཀྱང་ལྷག་པའི་བསམ་པས་མོས་པར་བྱེད་ཅིང་ཡན་ལག་ལྔས་ཕྱག་འཚལ་བར་འགྱུར་བ་དེ་དག་ནི་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་བས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་མཚན་གང་དག་ཐོས་པ་དང་དད་པ་བསྐྱེད་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་བདུད་སྡིག་ཅན་རྣམས་ཀྱིས་ཀྱང་མི་འཁྲུགས་པར་འགྱུར་རོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མི་འཁྲུགས་པ་དེའི་མཚན་དང་ཡོན་ཏན་བརྗོད་པ་བཤད་པ་ན། བདུད་སྡིག་ཅན་གྱིས་ཐོས་ནས་དཔུང་གི་ཚོགས་ཐམས་ཅད་དང་བཅས་ཏེ་ངའི་དྲུང་དུ་འོངས་ནས་ཚིག་འདི་སྐད་དུ་སྨྲས་སོ། །ཡང་བཅོམ་ལྡན་འདས་སངས་རྒྱས་སྟོང་གི་མཚན་ཡོངས་སུ་བརྗོད་པ་ནི་མི་དངོའི། དེ་བཞིན་གཤེགས་པ་མི་འཁྲུགས་པའི་མཚན་ནི་དེ་ལྟ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་བདག་གི་ཡུལ་དུ་འགྱུར་བ་མ་ལགས་སོ། །དེ་བཞིན་གཤེགས་པ་དེའི་མཚན། གང་དག་ཉན་པར་འགྱུར་བ་དེ་ལ་ཡང་བདག་གིས་བར་ཆད་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཁྱོད་ཀྱིས་གང་ཟག་གང་དག་ལ་བར་ཆད་བྱ་བ་དེ་དག་གང་


DKG067_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོ་ལ་ཞུགས་པ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པར་འགྱུར་བ་དེ་དག་ལགས་ཏེ། བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདིར་གང་བཅོམ་ལྡན་འདས་དེའི་མཚན་དང་ཡོན་ཏན་ཡོངས་སུ་བརྗོད་པ་བག་ཚ་ཞིང་ཡོངས་སུ་གདུངས་སོ། །འོན་ཀྱང་བདག་གིས་མཚན་ཉན་པ་དེ་རྣམས་ལ་བར་ཆད་བགྱི་བའི་སླད་དུ་གོ་བགོ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། དེ་བཞིན་གཤེགས་པའི་མཚན་གང་གང་ཟག་གང་དག་གིས་ཐོས་པ་བདག་གི་དབང་དུ་མཆི་བར་འགྱུར་བ་དེ་ན་མཆིས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་ཅན་ཁྱོད་གོ་བགོ་བར་མ་བྱེད་ཅིག །ཁྱོད་ཀྱིས་ནི་སྐྱེས་བུ་དམ་པ་དེ་དག་ལ་བར་ཆད་བྱ་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་ངས་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་གཏད་པ་དང་། དེ་བཞིན་གཤེགས་པ་གཞན་དག་ལ་ཡང་གཏད་པས། དེ་དག་དེ་བཞིན་གཤེགས་པ་མི་འཁྲུགས་པས་དགོངས་ཤིང་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདུད་སྡིག་ཅན་དེ་བཞིན་གཤེགས་པའི་སྤྱན་སྔ་ན་སྔར་མཆིས་ནས། འདི་སྐད་དུ་སེང་གེའི་སྒྲ་སྒྲོགས་ན། དེ་བཞིན་གཤེགས་པ་མི་འཁྲུགས་པའི་མཚན་ཐོས་ལ་བདུད་སྡིག་ཅན་འདིའི་དབང་དུ་མཆི་བར་འགྱུར་བ་གང་དག་ལ་བར་ཆད་བགྱི་བའི་སླད་དུ་བདུད་སྡིག་ཅན་གྱིས་གོ་བགོས་པའི་གང་ཟག་དེ་དག་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མི་འཁྲུགས་པ་དེ་དང་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་སེམས་ཅན་གང་དག་གིས་ཐོས་ནས་ད་ལྟར་སྤོང་བར་བྱེད་པ་རྣམས་སེམས་ཅན་དམྱལ་བར་འགྱུར་བའི་ཆོས་དམ་དུ་འཛིན་པར་འགྱུར་བ་ངས་མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་ཡོངས་སུ་སྤོང་བར་བགྱིད་པའི་སེམས་ཅན་དུ་ཞིག་མཆིས་པ་ལེགས་པར་བཤད་དུ་གསོལ། བཀའ་སྩལ་པ། ཤཱ་རིའི་བུ་ཕྱོགས་བཅུར་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པར་འགྱུར་བ་དང་། དེ་ལྟར་འཇིག་རྟེན་


DKG067_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁམས་གཞན་ན་དེ་བཞིན་གཤེགས་པ་དེ་དག་གིས་དེ་དག་ལས་བརྩམས་ཏེ་ཆོས་སྟོན་ན་སེམས་ཅན་དེ་དག་ནི་ཤེས་རབ་ཆེ་ཞིང་ཤེས་རབ་རྒྱ་ཆེ་བས་དེའི་ཡོན་ཏན་ཡོངས་སུ་རྫོགས་པ་བཤད་ཀྱང་ངོམས་པར་མི་འགྱུར་རོ། །ཤཱ་རིའི་བུ་གང་དག་གིས་དེ་བཞིན་གཤེགས་པ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་དག་གིས་དེའི་ཡོན་ཏན་ཡོངས་སུ་བརྗོད་པ་ལ་སྤོང་བར་འགྱུར་བ་འདི་ནི་གནས་མ་ཡིན་སྐབས་མེད་དོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ནི་ཉོན་མོངས་པའི་སྙིགས་མའི་དུས་སུ་འབྱུང་བ་ནི་གནས་མ་ཡིན་ནོ། །འདི་ལྟ་སྟེ་དཔེར་ན་ད་ལྟར་སྙིགས་མ་ལྔའི་དུས་སུ་ང་བྱུང་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཤེས་རབ་རབ་ཏུ་ཞན་པ་དེ་འདྲ་བདག་གིས་ཀྱང་ངས་བཤད་པའི་ཡོན་ཏན་ཁོང་དུ་ཆུད་ན། གང་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སྟོང་གི་འཇིག་རྟེན་གྱི་ཁམས་ན་གནས་པས་ཤེས་པར་འགྱུར་བ་ལྟ་ཅི་སྨོས། ཤཱ་རིའི་བུ་དེ་ལྟ་མོད་ཀྱིས་ཡོན་ཏན་འདི་ཡོངས་སུ་བརྗོད་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་མཐར་གྱིས་བྱང་ཕྱོགས་སུ་འགྲོ་བར་འགྱུར་ཏེ། དེ་ན་སྐྱེས་བུ་དམ་པ་གང་དག་ཐེག་པ་ཆེན་པོ་ལ་ཞུགས་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བྱེད་པར་འགྱུར་རོ། །དེ་ན་ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ཉན་ཏོ། །ཐོས་ནས་ཀྱང་སྤོང་བར་འགྱུར་ཏེ་སྐྱེས་བུ་དམ་པ་མ་ཡིན་པ་དེ་དག་ཅི་འདྲ་བ་ཉོན་ཅིག །བཅོམ་ལྡན་འདས་ལགས་སོ་ཞེས་གསོལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྱང་ཕྱོགས་ན་ཡུལ་ཁམས་གན་དྷར་ཞེས་བྱ་བ་དེ་ན་ལོ་འབུམ་དུ་མནར་མེད་པའི་ལས་ཡོངས་སུ་འཛིན་པར་འགྱུར་བ་ཡོད་དོ། །བྱང་ཕྱོགས་ཀྱི་རྒྱུད་དེ་ཉིད་ནས་ཁ་ཆེ་ཡུལ་གྱི་ལྗོངས་ཀྱི་ཕྱོགས་གང་ན་དམ་པའི་ཆོས་འདི་ཆེས་ཤིན་ཏུ་སྟོབས་དང་ལྡན་པར་འབར་བར་འགྱུར་བ་དེ་ན་སྤོང་བར་བྱེད་པ་ཁྲི་ཕྲག་ལྔ་འབྱུང་ངོ་། །སྤངས་ནས་ཀྱང་རིགས་ཀྱི་བུ་དེ་དག་གང་དུ་གནོད་པར་འགྱུར་བའི་མཚམས་མེད་པར་འགྲོ་བར་འགྱུར་རོ། །གང་དུ་ཕལ་ཆེར་ཚོགས་ནས་མདོ་འདི་ལ་མངོན་དུ་སྨོད་པར་བྱེད་པ་དེ་དག་ཐམས་ཅད་མཚམས་མེད་པར་འགྲོ་བར་འགྱུར་རོ། །བྱང་ཕྱོགས་སུ་མདོ་འདི་ལ་བྱེ་བ་ཕྲག་བརྒྱད་དང་ལྔ་འབུམ་སྤོང་བར་འགྱུར་ཏེ། སྤངས་ནས་མནར་མེད་པར་རབ་ཏུ་


DKG067_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བར་འགྱུར་རོ། །ཤར་ཕྱོགས་ན་ནི་དད་པར་འགྱུར་བ་ཉུང་ཟད་ཅིག་ཡོད་དེ། མནར་མེད་པའི་ལས་ཕལ་ཆེར་འཛིན་པར་འགྱུར་ཞིང་དེ་ན་བརྒྱ་སྟོང་ཕྲག་མང་པོ་མནར་མེད་པའི་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་རོ། །ལྷོ་ཕྱོགས་སུ་སེམས་ཅན་ཉིས་འབུམ་གྱིས་ཆོས་ཀྱི་རྣམ་གྲངས་འདི་སྤོང་བར་འགྱུར་ཏེ། སྤངས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་འགྲོ་བར་འགྱུར་རོ། །ནུབ་ཕྱོགས་ནས་སེམས་ཅན་འབུམ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་སྤངས་ནས་མནར་མེད་པར་འགྲོ་བར་འགྱུར་རོ། །ཤཱ་རིའི་བུ་སངས་རྒྱས་ཀྱི་ཆོས་ནི་རང་སངས་རྒྱས་རྣམས་ཀྱིས་ཀྱང་མ་ཡིན་ན་ཉན་ཐོས་རྣམས་ཀྱི་ལྟ་ཅི་སྨོས། སོ་སོའི་སྐྱེ་བོ་འཁོར་བ་འཕེལ་བར་བྱེད་པ་ལྟ་ཡང་ཅི་སྨོས། ཤཱ་རིའི་བུ་འདི་དང་འཚམ་པ་ནི་འདི་ཡིན་ཏེ། སངས་རྒྱས་ནི་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་ཉིད་ཀྱིས་རབ་ཏུ་མཁྱེན་གྱི་བདག་གིས་མི་ཤེས་སོ། །མི་ཤེས་པར་ནི་སྤང་བར་མི་བྱ་སྟེ། མདོ་སྡེའི་ཚུལ་འདི་ལྟ་བུའི་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ལ་ཡང་སྤང་བ་བྱས་ན་དེ་སྔ་མ་ཇི་ཙམ་དུ་གྱུར་པ་དེ་བཞིན་དུ་བསོད་ནམས་མ་ཡིན་པའི་ཕུང་པོ་ཡོངས་སུ་འཛིན་པར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྤང་བར་མི་བྱའོ། །དགའ་བར་བྱའོ། །མདོ་སྡེ་འདི་ལྟ་བུ་ལ་གང་བདག་གིས་མ་སྤངས་པས་བདག་བསྐལ་པར་གནས་པའི་ལས་ལས་གྲོལ་བར་གྱུར་ཏེ། དམ་པའི་ཆོས་སྤོང་བར་བྱེད་པ་སེམས་ཅན་དམྱལ་བ་པ་དེ་དག་གི་དྲུང་དུ་ནི་བདག་གནས་པར་མི་བྱའོ་སྙམ་དུ་སེམས་ཏེ། གང་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དེ་དག་གིས་སངས་རྒྱས་ཀྱི་གསུང་དབྱངས་རབ་ཏུ་འཛིན་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན་འཇིག་རྟེན་གྱི་ཁམས་དཔག་མེད་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་འོད་ཆེན་པོའི་མཚན་གང་དག་ཉན་པར་འགྱུར་བ་དང་། དད་པ་ཡང་སྐྱེད་པ་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་དང་མི་འབྲལ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །འདི་ནས་སངས་


DKG067_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ན་འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་དཔག་མེད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དབྱངས་དཔག་མེད་ཀྱི་མཚན་གང་དག་ཉན་པ་དང་། ཐོས་ནས་ཀྱང་དད་པ་སྐྱེད་ཅིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་བརྗོད་པ་དེ་དག་འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་དབྱངས་དཔག་ཏུ་མེད་པའི་དབྱངས་འཛིན་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཞིན་འཇིག་རྟེན་གྱི་ཁམས་རྡུལ་མེད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུད་རྩི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདུད་རྩི་དབྱངས་ཀྱི་མཚན་གང་དག་ཐོས་པར་གྱུར་ལ་ཐོས་ནས་ཀྱང་མོས་པར་བྱེད་པ་དེ་དག་ནི། བསྐལ་པ་བཅུ་གཉིས་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་གདུལ་དཀའ་ཞེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གྲགས་པ་ཆེན་པོའི་མཚན་གང་དག་ཉན་པར་འགྱུར་བ་དང་ཡོངས་སུ་སྒྲོགས་ཤིང་འཛིན་པ་ནི་བདུད་སྡིག་ཅན་གྱིས་རབ་ཏུ་གདུལ་དཀའ་བར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་གཉིས་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གྲགས་པ་མཐའ་ཡས་དེའི་མཚན་གང་དག་ཉན་པ་དང་། ཐལ་མོ་སྦྱོར་ཞིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གྲགས་པ་མཐའ་ཡས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲ་བ་དེ་དག་ནི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ། །རིན་པོ་ཆེའི་ཕུང་པོ་རི་རབ་དང་མཉམ་པ་ལོ་བརྒྱར་སྦྱིན་པ་བྱིན་པའི་བསོད་ནམས་


DKG067_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕུང་པོ་འདིས་སྔ་མ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་མི་བཟོད་དོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་གསུམ་ན་འཇིག་རྟེན་གྱི་ཁམས་མན་ཤེལ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་ཆེན་སྣང་འདིའི་མཚན་གང་དག་འཛིན་པ་དེ་དག་ནི་བསྐལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཡང་གང་དག་དད་པར་མི་བྱེད་པ་དེ་དག་ནི་བསྐལ་པར་མཚམས་མེད་པར་གནས་པའི་ལས་ཡོངས་སུ་འཛིན་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་ལྔ་ན་འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཆེན་པོ་ཐོབ་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདེ་བ་ཆེན་པོ་ཐོབ་པའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་སྒྲོལ་བར་བྱེད་དོ། །བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡང་ཡོངས་སུ་འཛིན་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བདུན་ན་འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མ་མར་མེ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྐར་མ་མར་མེ་སྣང་བ་དེའི་མཚན་གང་དག་ཉན་པ་དང་། དད་པར་གྱུར་པ་དེ་དག་གང་འདི་དེ་བཞིན་གཤེགས་པའི་སྟོབས་ཞེས་བྱ་བའི་སྟོབས་དེ་དག་རབ་ཏུ་འཛིན་པར་འགྱུར་རོ། །འདི་ནས་སངས་རྒྱས་ཞིང་སྟོང་ཕྲག་བརྒྱད་ན་འཇིག་རྟེན་གྱི་ཁམས་བདེ་ལྡན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེན་པའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བདེན་པའི་དབྱངས་དེའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན་འཇིག་རྟེན་གྱི་ཁམས་གསེར་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་


DKG067_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མེད་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པ་བས། དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཉན་ཅིང་དད་པ་ཡང་སྐྱེད་པར་འགྱུར་བ་དེ་དག་ནི་དེ་བས་ཆེས་བསོད་ནམས་འདི་མང་དུ་འཕེལ་ལོ། །བསོད་ནམས་ཆུང་ངུས་ནི་དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཐོས་པར་མི་ནུས་སོ། །གང་དག་དེ་བཞིན་གཤེགས་པ་དྲི་མེད་མཐའ་ཡས་ཀྱི་མཚན་ཐོས་པ་དེ་དག་ནི་སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན། གཉིས་དང་གསུམ་དང་བཞི་དང་ལྔ་ནས་བཅུའི་བར་དུ་མ་ཡིན་གྱི་སེམས་ཅན་དེ་དག་གིས་ནི་སངས་རྒྱས་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པ་ཡིན་ནོ། །དེ་དག་ནི་བསྐལ་པ་ལྔ་བཅུ་རྩ་བརྒྱད་ཀྱི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དགུ་ན་འཇིག་རྟེན་གྱི་ཁམས་དབྱངས་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་ལྟར་དཀར་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་བ་ལྟར་དཀར་བའི་མཚན་གང་དག་ཉན་པ་དེ་དག་ཐམས་ཅད་ཀྱི་ཆོས་དཀར་པོ་ཡང་ཟླ་བ་ལྟ་བུར་འགྱུར་ཞིང་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་ཉི་མ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་འོད་ཀྱི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། །དེ་བཞིན་གཤེགས་པ་ཟླ་འོད་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་པ་དང་། ཡང་གང་དག་གིས་ཆེད་དུ་བརྗོད་པར་བྱ་བ་རྗོད་པར་བྱེད་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DKG067_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དྲི་མ་མེད་པའི་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དྲི་མ་མེད་པའི་འོད་ཀྱི་མཚན་ལྷའམ་ཀླུའམ་མི་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་དག་ལོག་པར་ལྟུང་བའི་འཇིགས་པའང་དོགས་པར་མི་བྱའོ། །འདི་ནས་སངས་རྒྱས་ཀྱི་ཞིང་ཉིས་སྟོང་ལྔ་བརྒྱ་ན་འཇིག་རྟེན་གྱི་ཁམས་བཻ་དཱུཪྱའི་སྣང་བ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དག་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་དག་པའི་མཚན་ལྷའམ། ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། མི་འམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། མིའམ། མི་མ་ཡིན་པ་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་མིར་འགྱུར་བ་འཐོབ་པར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཀྱང་ཡོངས་སུ་སྤྱོད་པར་བྱེད་དོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་འོད་དག་པ་དེའི་མཚན་ཐོས་པ་དད་ལྡན་པའི་དགེ་བའི་རྩ་བ་ལ་དེ་དག་དད་པར་མི་བྱེད་ཅིང་ཡིད་མ་ཆེས་པ་ལས་བྱུང་བ་མི་དགེ་བའི་ལས་ཀྱིས་དེ་ལྟ་བུར་ག་ལ་འགྱུར་ཞེས་ཚིག་ཏུའང་སྨྲས་ན། ལོ་སྟོང་ཕྲག་དྲུག་ཅུར་དམྱལ་བ་ཆེན་པོ་འོ་དོད་འབོད་པ་ཞེས་བྱ་བར་བཙོ་བར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་སྲིད་ན་འཇིག་རྟེན་གྱི་ཁམས་ལེགས་པར་ཐོབ་པ་དང་ལྡན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་འོད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཉི་འོད་ལ་རྗེས་སུ་དྲན་པར་བྱེད་ན་དེ་དག་ཐམས་ཅད་ཀྱི་ཆོས་དཀར་པོ་ཉི་མའི་དཀྱིལ་འཁོར་ལྟ་བུར་འགྱུར་རོ། །བདུད་ཀྱི་སྡེ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་བྱེད་དོ། །མུ་སྟེགས་གཞན་ཡང་ཕམ་པར་བྱེད་དོ། །བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུ་བས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་བྱང་ཆུབ་ཀྱི་ཡན་ལག་རབ་ཏུ་བརྒྱན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མཐའ་ཡས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་རིན་


DKG067_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མཐའ་ཡས་ཀྱི་མཚན་གང་དག་ཉན་པ་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་འཐོབ་པར་འགྱུར་རོ། །སེམས་ཅན་ཡང་དཀོན་མཆོག་དམ་པ་ལ་འགོད་པར་བྱེད་དོ། །དེ་དག་ཉིན་མཚན་དུ་ཡང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་ལྔ་བརྒྱ་སྙེད་ན་འཇིག་རྟེན་གྱི་ཁམས་པད་མོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་པད་མོའི་བླ་མའི་མཚན་གང་དག་ཉན་པ་དང་། དད་པ་ཡང་སྐྱེད་ནི་འཇིག་རྟེན་ན་དེ་དག་ཐམས་ཅད་པད་མོ་དང་འདྲ་བར་འགྱུར་ཏེ། དགེ་བའི་ཆོས་ཀྱིས་མངོན་པར་འཕགས་པར་འགྱུར་རོ། །པད་མོ་ཆུའི་ནང་ནས་སྐྱེས་ཀྱང་ཆུ་མི་ཆགས་པ་བཞིན་དུ་བསྐལ་པ་ལྔ་བཅུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་བས་ཆེས་རིང་བ་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་འདས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡན་ལག་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་གང་དག་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་སྲེད་པའི་ཆུའི་རྒྱ་མཚོ་ཆེན་པོ་ལས་འཇིག་རྟེན་གྱི་ཁམས་མྱ་ངན་དང་གནོད་པ་ཐམས་ཅད་ལས་སྒྲོལ་བ་ཞེས་བྱ་བར་སྒྲོལ་བར་བྱེད་དོ། །འཇིག་རྟེན་ཐམས་ཅད་ཀྱི་སྦྱིན་གནས་སུ་ཡང་འགྱུར་རོ། །གང་དག་ཐོས་ནས་དད་པ་སྐྱེད་པ་དེ་དག་ཐམས་ཅད་མེ་ཏོག་དང་འདྲ་བར་གྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །མཐུ་བོ་ཆེའི་ལུས་ལྟར་མཁྲེགས་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་ལྡོག་པར་མི་འགྱུར་རོ། །ཡང་བུད་མེད་གང་དག་དེ་བཞིན་གཤེགས་པ་ཡན་ལག་བླ་མའི་མཚན་ཉན་ཅིང་ཐོས་ནས་ཀྱང་དད་པ་སྐྱེད་པ་ནི་དེས་བུད་མེད་ལས་བསྒྱུར་བར་འགྱུར་རོ། །ཤཱ་རིའི་བུ་དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཕན་ཡོན་འདི་དག་འདོད་པ་དང་སེམས་ཅན་སྡུག་བསྔལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་ན། དེ་བཞིན་གཤེགས་པ་ཡན་ལག་གི་བླ་མའི་མཚན་མཉན་པར་བྱའོ། །


DKG067_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན་འཇིག་རྟེན་གྱི་ཁམས་སྙིང་པོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་དམ་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསེར་འོད་དམ་པའི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་དད་པ་སྐྱེད་པ་དེ་དག་ཐམས་ཅད་ཀྱིས་འོད་འཐོབ་པར་འགྱུར་ཏེ། གང་འདི་སངས་རྒྱས་ཀྱི་འོད་དང་སྟོབས་རྣམས་ཀྱང་རབ་ཏུ་འཛིན་པར་འགྱུར་རོ། །མི་འཇིགས་པ་རྣམས་དང་། སངས་རྒྱས་ཀྱི་ཕན་ཡོན་རྣམས་ཀྱང་རབ་ཏུ་ཐོབ་པར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་དད་པར་བྱ་བ་དང་། བསོད་ནམས་རྒྱ་ཆེན་པོ་ཡང་བྱའོ། །བསོད་ནམས་ཆུང་དུས་ནི་འདི་ལ་རེ་བར་མི་བྱ་སྟེ། དེ་བཞིན་གཤེགས་པའི་བསྟན་པ་འདི་འདྲ་བས་རྡོ་རྗེ་ལྟ་བུའི་སེམས་བསྐྱེད་ནས་བྱང་ཆུབ་པར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་པ་ནི་མཚན་འདི་ཐོས་པར་མི་དཀའོ། །བསྐལ་པ་བཅུ་གཉིས་སུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བཅོ་བརྒྱད་ན་འཇིག་རྟེན་གྱི་ཁམས་མུ་ཏིག་གི་དྲ་བ་ཡོངས་སུ་དག་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚངས་པའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཚངས་པའི་དབང་ཕྱུག་རྒྱལ་པོའི་མཚན་གང་དག་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་དད་པ་རབ་ཏུ་འཐོབ་པ་དང་། ཐལ་མོ་སྦྱར་བར་བྱེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དང་འབྲལ་བར་མི་འགྱུར་ཞིང་དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱེད་པར་འགྱུར་ཏེ། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་ཉི་ཤུ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ལྟར་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསེར་ལྟར་སྣང་བའི་མཚན་གང་དག་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་ཐ་ན་རྨི་ལམ་ན་ཡང་ཆོས་ཀྱི་རང་བཞིན་མིག་ཡོར་དང་འདྲ་བར་རྒྱ་ཆེར་སྟོན་པར་འགྱུར་རོ། །ལོག་པར་ལྟུང་


DKG067_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་མི་འགྱུར་ཏེ། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་རོ། །སེམས་ཅན་ཚད་མེད་པ་རྣམས་ལ་ཡང་བདེ་བ་དང་ཡིད་བདེ་བར་བྱེད་པར་འགྱུར། འཇིག་རྟེན་འཛིན་པར་བྱེད། ཐེག་པ་ཆེན་པོས་ཀྱང་ངེས་པར་འབྱུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བཅུའི་ཐ་མ་ན་འཇིག་རྟེན་གྱི་ཁམས་མེ་སྒྲོན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་གྱི་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་གསེར་གྱི་འབྱུང་གནས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་གང་དག་སྐྱེ་བར་འགྱུར་བ་དང་། འཇིག་རྟེན་གྱི་ཁམས་གཞན་དག་གི་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་པར་གྱུར་པ་དེ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། དེ་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱའོ་ཞེས་དེ་སྙམ་དུ་བསམས་སོ། །འདི་ནས་སངས་རྒྱས་ཀྱི་ཞིང་བཅྭ་བརྒྱད་ན་འཇིག་རྟེན་གྱི་ཁམས་སྦྲང་རྩི་ཅན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོ་དེའི་མཚན་གང་དག་ཐོས་པར་འགྱུར་བ་ནི་ཀླུ་རྣམས་ཀྱིས་གང་གི་ཚེ་ན། གྲོང་ངམ་ཕྱོགས་སུ་ལྕེ་འབབ་པ་དེའི་ཚེ་ན། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་འདི་སྐད་དུ་སྨྲ་བར་བྱའོ། །བདེན་པ་གང་དང་བདེན་པའི་ཚིག་གིས་དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཀླུར་གྱུར་པས། གང་ཀླུ་རྣམས་ཀྱི་ཉམ་ང་བ་ལས་བྱུང་བ་དེ་དང་དེ་ལས་ཐར་པར་བྱས། ཀླུ་མང་པོ་དང་། ཀླུ་མང་པོ་བརྒྱ་དང་། ཀླུ་མང་པོ་སྟོང་དང་། ཀླུ་མང་པོ་བརྒྱ་སྟོང་རྣམས་ཉམ་ང་བ་ལས་ཐར་པར་བྱས་པས། དགེ་བའི་རྩ་བ་འདིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་གནས་པའམ། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། འཇིག་རྟེན་གྱི་ཁམས་གཞན་དག་ཏུ་ཡང་ཀླུ་གང་


DKG067_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དང་གང་དག་གིས་ལྕེ་འབེབས་པའམ། གནོད་པའི་སེར་བ་འབེབས་པར་འགྱུར་བའམ། འཇིགས་པའམ། ནད་དམ། གནོད་པའམ། ནད་འགོ་བ་གཏོང་བ་དེར་བདག་གི་མིང་བརྗོད་ན་གནོད་པ་དེ་དག་ཐམས་ཅད་མེད་པར་གྱུར་ཅིག །བདེན་པའི་ཚིག་དེས་བདེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་སྟེ། ཤཱ་རིའི་བུ་བདེན་པ་དང་བདེན་པའི་ཚིག་དེས་སེམས་ཅན་དེ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་བདེ་བ་ལ་གཞག་གོ །ཀླུ་རྣམས་ལྕེ་གཏོང་བ་ཡང་མཚན་བརྗོད་པ་ཙམ་གྱིས་མེད་པར་འགྱུར་ཏེ། ཀླུའི་སྐྱེ་གནས་དེ་ལས་ཤི་འཕོས་ནས་ཀྱང་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །གང་དག་ཡང་མོས་པ་དང་མངོན་པར་དད་པར་བྱེད་པ་དེ་དག་ཀྱང་ཉིན་མཚན་དུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། །དེ་དག་ལ་སངས་རྒྱས་ཀྱི་ཡེ་ཤེས་རྙེད་དཀའ་བ་མ་ཡིན་ནོ། །འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་གི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་ཟླ་བ་ལྟ་བུ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་མེ་ཏོག་ཐམས་ཅད་ཀྱི་དྲིའི་དབང་ཕྱུག་རྒྱལ་པོ་དེའི་མཚན་ཐོས་པར་འགྱུར་བ་དེ་དག་ནི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་འདི་ལྟ་སྟེ། ཚུལ་ཁྲིམས་ཀྱི་སྤོས་ཀྱི་ངད་ལྡང་བར་འགྱུར་རོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང་། དེའི་མཚན་གང་དག་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་དེ་དག་གི་ཆོས་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པ་དང་ལྡན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་འདི་ལྟ་སྟེ། དེ་བཞིན་གཤེགས་པ་དེ་ཉིད་ཀྱི་སྔོན་གྱི་སྨོན་ལམ་ཡིན་ནོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལྷག་པའི་བསམ་པས་དད་པར་བྱའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དད་པར་བྱེད་པ་ནི་དོན་ཆེན་པོ་དང་ལྡན་པར་འགྱུར་རོ། །སེམས་དད་པ་གཅིག་གིས་


DKG067_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

གང་འདོད་པ་དེ་ཐོབ་པར་འགྱུར་ཏེ། གང་འདི་འདྲ་བའི་དེ་བཞིན་གཤེགས་པ་དག་བཏམས་པ་འཛིན་པར་མཛད་པ་རྣམས་ལ་གང་དག་སེམས་དད་པ་གཅིག་གིས་ཐལ་མོ་སྦྱར་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲས་ནས་བྱམས་པ་ལ་གནས་པར་བྱེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ལྷག་པའི་བསམ་པས་སེམས་དད་ན་ཆོས་འདི་དག་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པའི་མཚན་རྒྱུན་མི་ཆད་པར་བརྗོད་པར་བྱའོ། །ཐེག་པ་དེས་འགྲོ་བར་འདོད་པས་དེ་བཞིན་གཤེགས་པ་དེའི་ཡོན་ཏན་རྗེས་སུ་དྲན་པར་བྱས་ན་བསྐལ་པ་བཅུ་བཞིར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་ཉིས་སྟོང་ན་འཇིག་རྟེན་གྱི་ཁམས་སྐར་མའི་རྒྱལ་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སཱ་ལའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སཱ་ལའི་རྒྱལ་པོའི་མཚན་གང་དག་ཐོས་ནས་དད་པར་མི་བྱེད་ཅིང་འཕྱ་བ་དང་། སྟིང་པ་དེ་དག་ནི་ལོ་སྟོང་ཕྲག་དྲུག་ཅུར་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་བཙོ་བར་འགྱུར། མ་དད་དོ་ཞེས་ཚིག་ཏུ་སྨྲས་པས་ལོ་སྟོང་ཕྲག་བདུན་དུ་ཡི་དགས་མེ་མདག་ཟ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །འདི་ནས་སངས་རྒྱས་ཀྱི་ཞིང་ལྔ་བཅུ་རྩ་ལྔ་ན་འཇིག་རྟེན་གྱི་ཁམས་སྟོབས་ལྡན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དཔའ་བརྟན་པའི་སྡེ་མཚོན་ཆས་ཉོན་མོངས་པ་སེལ་བའི་མཚན་གང་དག་ཐོས་པར་འགྱུར་བ་ནི་ཐ་ན་རྨི་ལམ་གྱི་ཚེ་ན་ཡང་རྡོ་རྗེ་ལྟ་བུར་འགྱུར། བདུད་དང་བདུད་ཀྱི་འཁོར་གྱིས་གདུལ་དཀའ་བར་འགྱུར། གཡུལ་ཆེན་པོ་ལས་ཀྱང་སྒྲོལ་བར་བྱེད་པ་དང་གང་འདི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་འཐོབ་བོ། །ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་དྲན་པ་ཙམ་གྱིས་དད་པ་སྐྱེད་པ་དང་། དགའ་བར་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན། བདག་ཅག་གིས་དེ་བཞིན་གཤེགས་པ་མཐོང་བ་དང་། མཐར་ཕྱིན་པར་ཤེས་པར་བྱའོ། །ཡང་དེ་དག་གིས་བྱང་ཆུབ་ཀྱི་སེམས་འདི་ལྟར་བསྐྱེད་


DKG067_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། བདག་ཅག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱ། རྒྱ་ཆེར་སེམས་ཡང་དག་པར་རབ་ཏུ་དགའ་བར་བྱའོ། །གང་དག་ལས་བདག་ཅག་གིས་མཚན་འདི་རྣ་ལམ་དུ་གྲག་ཅིང་ཐོས་པ་དང་། དགའ་བ་ཡང་དག་པར་བསྐྱེད་ནས་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་ཏེ། དེ་ལྟར་རྫུ་འཕྲུལ་ཆེའོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པའི་མཚན་གང་དག་ཉན་ཅིང་ཐོས་ནས་ཀྱང་མོས་པར་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོ་ཅི་ཡོད་པ་དེའི་ཕྱོགས་ཙམ་ཞིག་བཤད་པར་བྱའོ། །གང་ལ་ལ་ཞིག་གིས་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་བ་དེ་ལྟར་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་བསྐལ་པར་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་དེས། མཚན་ཐོས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་འདིའི་ཆ་འགའ་ཙམ་དུ་ཡང་བརྗོད་པར་མི་བྱའོ། །གལ་ཏེ་ལ་ལ་ཞིག་གིས་མཚན་འདི་མཉན་པར་བྱའོ་སྙམ་ནས། འཇིག་རྟེན་གྱི་ཁམས་དེ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ་སྦྱིན་པ་བྱིན་ན། དེ་ཡང་བསོད་ནམས་མ་བྱས་པས་དེ་ཐོས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་བསོད་ནམས་མ་བྱས་པར་ཐོས་པར་འགྱུར་ན་ནི་སེམས་ཅན་དམྱལ་བ་པ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་པ་རྣམས་དང་། ལྷ་ཚེ་རིངས་པོ་རྣམས་ཀྱིས་ཀྱང་ཐོས་པ་དང་། ཡོན་ཏན་བརྗོད་པ་འདི་ཤེས་པར་འགྱུར་ཏེ། དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དེ་སྙེད་དང་ལྡན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བཅུ་པའི་འཇིག་རྟེན་གྱི་ཁམས་དཔལ་ལྡན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པ་དང་། ལྷག་པའི་བསམ་པ་ལ་གནས་པའི་སེམས་ཀྱི་རྒྱུད་ཀྱིས་མོས་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འཛིན་པར་འགྱུར་རོ། །དེ་དག་ནི་ངན་སོང་གིས་འཇིགས་པར་མི་འགྱུར་ཏེ། སྨོན་ལམ་ཅི་འདྲ་བར་སྨོན་ལམ་འདེབས་པ་དེ་འདྲ་བས་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དེ་བཞིན་གཤེགས་པ་བཞུགས་ཀྱང་


DKG067_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

རུང་། མྱ་ངན་ལས་འདས་ཀྱང་རུང་། གང་གིས་མཚན་ཐོས་པ་དེ་དག་ཐམས་ཅད་ཐེག་པ་ཆེན་པོའི་བདེ་བ་དང་། ཡིད་བདེ་བ་དང་ལྡན་པར་འགྱུར་རོ། །ལྷ་དང་མིའི་ནང་ན་འཁོར་བ་ན་ཡང་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སངས་རྒྱས་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་བུ་སྟེ། གང་དག་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་ལོག་པར་ལྟུང་བར་འགྱུར་བ་དེ་དག་ཏུ་འགྲོ་བར་མི་འགྱུར་ཏེ། དེ་ལྟར་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་བསམ་གྱིས་མི་ཁྱབ་བོ། །མཚམས་མེད་པ་ལས་བྱུང་བ་དང་། འཕགས་པ་ལ་སྐུར་པ་མ་གཏོགས་ཏེ། དེ་དག་ཀྱང་ཡུན་རིང་པོ་འདས་ནས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཤཱ་རིའི་བུ་སྡིག་པའི་ལས་ཐམས་ཅད་ནི་མི་བྱ་སྟེ། ཡང་ངས་སྡོང་དུམ་ཚིག་པ་ལ་ཡང་གནོད་སེམས་བསྐྱེད་པར་མི་བྱ་ན་མིར་གྱུར་པ་ལྟ་ལ་ཅི་སྨོས་ཞེས་བསྟན་པ་ཡིན་ཏེ། དེ་དག་ལ་ཡང་ཞེ་སྡང་བསྐྱེད་ན་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་རྣམ་པ་དུ་མའི་ལུས་ལེན་པར་འགྱུར་ན། དེ་བཞིན་གཤེགས་པའི་བསྟན་པ་ལ་མོས་པ་དད་པའི་རྗེས་སུ་འབྲང་བ་དང་ལྡན་པ་ལྟ་ལ་ཅི་སྨོས། གང་དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པ་དང་ལྡན་པ་ལ་ཞེ་སྡང་སྐྱེད་པ་ལྟ་ཅི་སྨོས་ཏེ། སྐྱེས་བུ་གླེན་པ་དེ་དག་བསྐལ་པ་གཅིག་གམ། གཉིས་སམ། གསུམ་ནས། བསྐལ་པ་བརྒྱའི་བར་དུ་ཡང་དེ་དག་ལྡང་བར་མ་མཐོང་སྟེ། དེ་དག་ནི་བསྐལ་པ་བྱེ་བ་བརྒྱ་སྟོང་དུ་ཡང་དེ་ལས་ལྡང་བ་མེད་དོ། །གང་སངས་རྒྱས་ཀྱི་བྱང་ཆུབ་འདི་ལ་སྤོང་བ་དེ་དག་ནི་སྡུག་བསྔལ་བར་འགྱུར་རོ་ཞེས་ངས་བཤད་དོ། །གང་དག་ཡང་གཉིས་སུ་མི་གསུང་བའི་ཚིག་གི་ཆོས་ཀྱི་ཚུལ་རྣམ་པར་དག་པ་ལ་སྤོང་བར་མི་བྱེད་པ་དེ་དག་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པར་བྱས་ནས་གདོད་སངས་རྒྱས་ཀྱི་ཡེ་ཤེས་སུ་འགྱུར་རོ་ཞེས་དེ་ལྟར་སེམས་བསྐྱེད་པར་བྱའོ། །སངས་རྒྱས་ཀྱི་ཞིང་བརྒྱད་ཅུ་པ་ན་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་སྤོས་ཀྱིས་བདུགས་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་དཔག་མེད་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་དེ་བཞིན་


DKG067_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་སྤོས་དཔག་མེད་སྣང་བ་ཞེས་བྱ་བའི་མཚན་གང་དག་ཐོས་པར་འགྱུར་ཞིང་ཐོས་ནས་ཀྱང་ལྷག་པའི་བསམ་པས་མོས་པ་དང་ཡིད་ལ་བྱེད་ན། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་ཀྱང་བ་སྤུའི་གསེབ་ཐམས་ཅད་ནས་དྲི་ཡིད་དུ་འོང་ཞིང་ཕྱོགས་སུ་སྣང་བར་བྱེད་པ་འབྱུང་བར་འགྱུར་རོ། །ཡང་ཤེས་རབ་དམན་པས་ནི་ཡེ་ཤེས་ཆེན་པོ་འདི་ལ་སྨོན་པར་མི་ནུས་སོ། །གང་དག་ཤེས་རབ་རྒྱ་ཆེ་བ་དེ་དག་གིས་ནི་མཚན་འདི་ཡོངས་སུ་བརྗོད་པ་ཐོས་ནས་དད་པར་འགྱུར་བ་དེ་དག་ངས་མཐོང་ངོ་། །དེ་དག་ནི་སངས་རྒྱས་གཞན་དག་ལས་བསྐལ་པ་དུ་མར་ཤེས་རབ་ཡང་དག་པར་བསྒྲུབས་པར་འགྱུར་རོ། །ཤཱ་རིའི་བུ་གང་དག་གིས་སངས་རྒྱས་གཞན་དག་ལས་ཆོས་འདི་ཐོས་ན། དེ་དག་ལྔ་བརྒྱའི་ཐ་མ་ལ་འདི་ཐོས་ན་མ་དད་པ་དང་། ཡིད་མི་ཆེས་པར་འགྱུར་བ་དང་། ཁོང་དུ་མི་ཆུད་པར་འགྱུར་བའི་གནས་མ་ཡིན་གོ་སྐབས་མེད་དོ། །དེ་དག་ནི་བསྐལ་པ་བཞི་བཅུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་བས་འདི་ནི་གནས་མ་ཡིན་ཞིང་སྐབས་མེད་དོ། །གང་དག་འདི་ལ་མངོན་པར་དད་པར་འགྱུར་བ་དེ་དག་ནི་ཤེས་རབ་ཟླ་བ་ལྟ་བུ་དང་ལྡན་པ་དང་དེ་དག་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བཅྭ་ལྔ་པ་འཇིག་རྟེན་གྱི་ཁམས་ཀླུ་དང་ལྡན་པ་སྣང་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་སེང་གེའི་དབྱངས་དེའི་མཚན་གང་དག་ཐོས་པར་འགྱུར་ཞིང་ཚུལ་ཁྲིམས་རྗེས་སུ་དྲན་པར་བྱེད་པ་དང་། མོས་པ་དང་ཡིད་ཆེས་པར་བྱེད་ན། དེ་དག་ཐམས་ཅད་དགེ་བའི་ཆོས་རྣམས་ལས་མི་བསྐྱོད་པ་དང་། བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེའི་མཚན་བུད་མེད་གང་གིས་ཐོས་པར་འགྱུར་བ་དེ་མཚན་འགྱུར་ཞིང་འཇིག་རྟེན་ན་མཆོད་རྟེན་དང་འདྲ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སུམ་ཅུ་པ་ཡང་གར་བ་ཏིའི་འཇིག་རྟེན་གྱི་ཁམས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་


DKG067_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་མཐུ་ཆེན་པོའི་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བའི་མཚན་གང་དག་ཉན་ཅིང་དད་པའང་སྐྱེད། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་མཐུ་ཆེན་པོའི་བརྩོན་འགྲུས་ངེས་པར་འབྱུང་བ་དེ་ལ་ཕྱག་འཚལ་ལོ་ཞེས་ཐལ་མོ་སྦྱོར་ན། འཁོར་བ་ན་ཚེ་རབས་གཞན་དུ་དེ་དག་རྨོངས་པར་མི་འགྱུར་བ་དང་། བདུད་དང་མུ་སྟེགས་གཞན་དུ་བཅས་པ་དང་། ཕ་རོལ་རྒོལ་བ་ཐམས་ཅད་ལ་མཚོན་ཆ་སྲ་བར་འགྱུར་རོ། །བསྐལ་པ་ཉི་ཤུ་རྩ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བཞི་བཅུ་བརྒྱ་མཚོ་རབ་ཏུ་གནས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙིང་པོ་ཟིལ་གྱིས་གནོན་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་སྙིང་པོ་ཟིལ་གྱིས་གནོན་པ་དེའི་མཚན་ཉན་པ་དང་ཐོས་ནས་ཀྱང་དད་ཅིང་མོས་པ་དེ་དག་ཐམས་ཅད་སྙིང་པོ་ལ་རབ་ཏུ་གནས་པར་འགྱུར་རོ། །ཐེག་པ་མཆོག་ཐོབ་པར་འགྱུར་རོ། །འདི་ལྟར་ཆོས་ཀྱི་སྦྱིན་པ་ཐོབ་པ་དང་ལྡན་པ་ནི་ཉིན་མཚན་དུ་ཆོས་ཀྱི་སྦྱིན་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་དྲུག་གི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་སྣང་བ་དང་ལྡན་པ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རྔ་དབྱངས་རྒྱལ་པོའི་མཚན་ཉན་ཅིང་སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཟེར་ན་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། རང་སངས་རྒྱས་ལ་ཉིན་རེ་ཞིང་སྦྱིན་པ་བྱིན་པ་དེ་ལྟར་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བྱིན་པའི་བསོད་ནམས་ཀྱི་ཕུང་པོས་ནི་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། །སངས་


DKG067_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་བརྒྱ་ལྔ་བཅུའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་བའི་བླ་མ་ཞེས་བྱ་བའི་མཚན་གང་དག་ཉན་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། མི་དང་། མི་མ་ཡིན་པ་དེ་དག་ཐམས་ཅད་མི་དགེ་བའི་ཆོས་ཀྱིས་མི་གོས་ཤིང་འཇིག་རྟེན་ན་པད་མ་ལྟ་བུར་འགྱུར་རོ། །གལ་ཏེ་བུད་མེད་ཉན་པར་བྱེད་དམ། མངོན་པར་དད་དམ། ལྷག་པའི་བསམ་པས་མོས་པར་བྱེད་ན་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མར་འགྱུར་རོ། །གང་དག་ཡིད་མི་ཆེས་ཤིང་ཡོངས་སུ་སྤོང་ན་དེ་དག་སངས་རྒྱས་ཀྱི་སྟོབས་སྤངས་པར་འགྱུར་ཏེ། བསྐལ་པ་ཉི་ཤུ་ཚང་བར་མཚམས་མེད་པའི་དམྱལ་བ་ཆེན་པོར་བཙོ་བར་འགྱུར་རོ། །ཡང་ཤཱ་རིའི་བུ་གང་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསམ་གྱིས་མི་ཁྱབ་པ་ཉིད་ལ་ཡིད་ཆེས་པ་དང་། སེམས་པ་དང་མོས་པར་བྱེད་ན་དེ་ཉིད་ཀྱིས་བསྐལ་པ་བཅུ་དགུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གསུམ་གྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ཙན་དན་གྱི་ཀ་བ་རབ་ཏུ་གནས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཟིལ་གྱིས་གནོན་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་མེ་ཏོག་ཟིལ་གྱིས་གནོན་པ་ཞེས་བྱ་བ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་འདི་སྙམ་དུ་གྱུར་ཏེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དུ་མི་ཁོམ་པ་བརྒྱད་པོ་ཐམས་ཅད་འབྱུང་བར་མ་གྱུར་ཅིག་ཅེས་ཇི་ལྟར་སྨོན་ལམ་བཏབ་པ་བཞིན་དུ། དེ་བཞིན་གཤེགས་པ་དེའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་སྟེ། སངས་རྒྱས་དེའི་ཞིང་གི་སེམས་ཅན་རྣམས་ཤིན་ཏུ་བདེ་བ་དང་ལྡན་ནོ། །ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པའི་མཚན་ཉན་ཅིང་དད་པ་ཡང་སྐྱེད་པར་བྱེད་པ་ནི་འཇིག་རྟེན་ན་ངོ་མཚར་དུ་གྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས་ན་ཡང་། སངས་རྒྱས་ཀྱི་ཞིང་དུ་མི་ཁོམ་པ་བརྒྱད་མེད་པར་འགྱུར་རོ། །


DKG067_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གཉིས་ཀྱི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་འཛམ་བུའི་ཆུ་བོ་རབ་ཏུ་གནས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། འཇིག་རྟེན་གྱི་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་འཇིག་རྟེན་གྱི་སྒྲོན་མའི་མཚན་ཉན་ན། མཚམས་མེད་པའི་ལས་བྱས་པ་དང་། འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་པར་དེ་དག་ཐམས་ཅད་ངན་སོང་གི་གཞི་ལས་ཐར་བར་འགྱུར་རོ། །དཀོན་མཆོག་དམ་པ་འཐོབ་པའི་རྒྱུར་ཡང་འགྱུར་རོ། །གང་དག་མཚམས་མེད་པའི་ལས་བྱེད་པ་དང་། འཕགས་པ་ལ་སྐུར་པ་འདེབས་པས་ཐོས་ན་ཡང་དེ་དག་ཀྱང་དེའི་ལས་ཟད་ནས་མཐར་གྱིས་སངས་རྒྱས་སུ་འགྱུར་རོ། །བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། །།བམ་པོ་གཉིས་པ། སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་བརྒྱད་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་འོད་གསལ་ཞེས་བྱ་ཞེ་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཐམས་ཅད་ལག་མཐིལ་ལྟར་མཉམ་ལ་པད་མོ་ལྟར་སྣང་སྟེ། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་དེ་ན་ཡང་མུན་པའི་ནང་ན་མེའི་ཕུང་པོ་ལྟར་གཟི་བརྗིད་འབར་ཞིང་ལམ་མེ། ལྷན་ནེ། ལྷང་ངེ་ཞིང་ཆོས་སྟོན་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དབྱངས་ཀྱིས་གོ་བར་མཛད་དོ། །གང་ཡང་འདི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གསེར་གྱི་སྤང་ལེབ་ཀྱིས་གཡོགས་པ། ཤིང་ཐམས་ཅད་གོས་ཀྱིས་བརྒྱན་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་ལ་ཉིན་རེ་ཞིང་སྦྱིན་པ་འབུལ་ཞིང་དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མཉམ་པར་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན་དེའི་བསོད་ནམས་ཀྱི་ཕུང་པོ་དེ་ལ་བསོད་ནམས་ཀྱི་ཕུང་པོ་འདིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་རྒྱུའི་བར་དུ་ཡང་ཉེ་བར་མི་


DKG067_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །གང་དག་ཐོས་ནས་དགའ་བ་རྙེད་ཅིང་གང་འདོད་པ་དེ་ལ་ནན་ཏན་བྱེད་པ། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །བླ་ན་མེད་པའི་སངས་རྒྱས་ཀྱི་ཞིང་ཡང་འཛིན་པར་འགྱུར་རོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཀུན་ཏུ་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རྨང་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་སངས་རྒྱས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྟག་པར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་བ་བཞུགས་ཏེ། ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རི་རབ་ཀྱི་ངོས་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུག་རྔུ་མེད་པའི་བློ་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཕོངས་པ་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པ་ཚད་མེད་པར་སྣང་བ་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་གོས་ཀ་ཙ་ལིན་ད་ལྟར་རེག་ན་འཇམ་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་མཉམ་པ་དམ་པའི་དཔལ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་གླང་པོ་དམ་པ་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་འབྱུང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་འདུས་པའི་དཔལ་ཞེས་བྱ་བ་བཞུགས་སོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་མ་དག་པ་དང་བྲལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་


DKG067_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེ་རྟག་ཏུ་དོན་དཔལ་ཞེས་བྱ་བ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་གྱིས་བསྐོར་ནས་ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར་རོ། །ཤཱ་རིའི་བུ་ཤར་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་དག་པ་གནས་པ་ཞེས་བྱ་བ་ཡོད་དེ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་རྣམ་པར་སྣང་མཛད་རྣམ་པར་དག་པ་ཐོབ་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཤར་ཕྱོགས་ན་དེ་དག་ལ་སོགས་པ་ཚད་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། སོར་མོ་བཅུའི་ཐལ་མོ་སྦྱར་ཏེ། དེ་རྣམས་ཀྱི་མཚན་ནས་ཡོངས་སུ་བརྗོད་ཅིང་ཡོན་ཏན་ཚད་མེད་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་བརྗོད་པར་བྱའོ། །ཤར་ཕྱོགས་ན་གང་དག་སྣང་བར་མཛད་པ་དེ་དག་གི་མཚན་ནས་ཡོངས་སུ་བརྗོད་པར་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །ལྷོ་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་གྲོལ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་ཟླ་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་གང་དག་ཉི་ཟླ་སྒྲོན་མ་དེའི་མཚན་ཉན་ཅིང་ཐོས་ནས་ཀྱང་དགའ་བ་ཆེར་སྐྱེད་ཅིང་མོས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་བཀའ་ལ་རྣམ་པ་བརྒྱ་སྟོང་དུ་བསམས་ནས་བ་སྤུ་ཟིང་ཞེས་བྱེད་པ་དང་། མཆི་མ་ཡང་བླགས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་འདི་ལྟར་དེ་བཞིན་གཤེགས་པ་དེ་ནི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་ཅག་གིས་མཐོང་ངོ་སྙམ་དུ་རྟོགས་པར་བྱའོ། །བུད་མེད་ཀྱིས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་མཚན་བདག་གིས་ཐོས་ཀྱིས་བདག་གི་བུད་མེད་ཀྱི་ལུས་ཀྱི་མཐའ་མར་འགྱུར་རོ་སྙམ་དུ་སེམས་རབ་ཏུ་དགའ་བར་བྱ་སྟེ། དེ་དག་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཀྱིས་ཐོས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་


DKG067_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་ཏེ། སེམས་ཅན་འདི་དག་ལ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་ལ་སྒྲིབ་པར་མི་འགྱུར་རོ། །མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གང་ཡོད་པ་དེ་དག་ཀྱང་། རྩིས་པའམ་རྩིས་པ་ཆེན་པོ་སུས་ཀྱང་རྩི་བའམ་བསྡོམ་པར་བྱ་སླ་བ་མ་ཡིན་ནོ། །འཇིག་རྟེན་གྱི་ཁམས་ཇི་སྙེད་དུ་དེའི་མཚན་གྲགས་པའི་འཇིག་རྟེན་གྱི་ཁམས་དེ་དག་ཏུ་བདུད་སྡིག་ཅན་བར་ཆད་བྱེད་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་མཚན་ཇི་སྙེད་ཀྱིས་ཐོས་ཤིང་དད་པ་ཡང་རྙེད་པ་དེ་དག་གི་མཐར་རྟོགས་པར་སླ་བ་མ་ཡིན་ནོ། །ཡང་ཤཱ་རིའི་བུ་མདོ་སྡེ་འདི་ལྟ་བུ་ཉན་པའི་སེམས་ཅན་རྣམས་ལ་འཇིག་རྟེན་གྱི་ཁམས་འདིའི་བདུད་སྡིག་ཅན་རྣམས་ཀྱིས་བར་ཆད་བྱ་བའི་ཕྱིར་དཔུང་དང་བཞོན་པར་བཅས་པས་བརྩོན་པར་བྱེད་དེ་དེ་ནི་སྒྲིབ་པར་འགྱུར་བའི་ལས་བྱས་ཤིང་བསགས་པའི་ཕྱིར་རོ། །ཤཱ་རིའི་བུ་དུས་ཕྱི་མ་ལ་འདི་ལྟ་བུ་འབྱུང་སྟེ། དེའི་ཚེ་སེམས་ཅན་གང་མཚན་བརྗོད་པའི་བསོད་ནམས་འདི་ལ་མོས་ཤིང་དད་པའི་སེམས་ཅན་དེ་དག་ནི་ཨུ་དུམ་བཱ་རའི་མེ་ཏོག་དང་འདྲ་སྟེ། འཇིག་རྟེན་གྱི་སྦྱིན་པར་འོས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ན་འདི་རབ་ཏུ་དགའ་བ་ལགས་ན། དེ་ན་སེམས་ཅན་ཇི་སྙེད་ཅིག་གིས་དེ་བཞིན་གཤེགས་པ་ཉི་ཟླ་སྒྲོན་མ་དེའི་མཚན་ཐོས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་གྱི་མཚན་ཀྱང་ཐོས་ནས་དད་པ་ཡང་དག་པར་བསྐྱེད་པར་འགྱུར་བ་ཇི་སྙེད་ཅིག་མཆིས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་གང་གིས་ཐོས་པར་འགྱུར་བ་དེ་དག་ངས་མཐོང་སྟེ། འདི་ལྟ་སྟེ་དཔེར་ན་ད་ལྟར་གྱི་སེམས་ཅན་དག་མཐོང་བ་བཞིན་ཏེ། ཤཱ་རིའི་བུ་དཔེར་ན་ད་ལྟར་གྱི་དགེ་སློང་གི་དགེ་འདུན་གོས་ངུར་སྨྲིག་བགོས་པའི་དྲུང་ན། ཁྱིམ་པ་གོས་དཀར་པོ་གྱོན་པ་གཅིག་ཡོད་པ་དེ་བཞིན་དུ་གང་འདིའི་མཚན་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་རྙེད་པར་དཀའོ། །ཐོས་ནས་ཀྱང་དད་པར་འགྱུར་བ་དེ་དག་ནི་ཤཱ་རིའི་བུ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །གང་དག་ཐོས་ནས་དད་པར་འགྱུར་བ་དེ་དག་ནི། ཤཱ་རིའི་བུ་ཕྱི་


DKG067_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མའི་དུས་ན་དེ་དག་ལ་རྣམ་པར་ལྟུང་བའི་འཇིགས་པ་མི་འབྱུང་ངོ་། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་རོ། །འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་ལ་བརྩམས་ནས་ཆོས་སྟོན་པར་འགྱུར་ཏེ། དེ་དག་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་རོ། །ཆོས་བསྟན་པ་དེ་ལ་ཡང་གང་དག་ཉན་པ་དང་དད་པ་ཡང་དག་པ་སྐྱེད་པར་འགྱུར་བ་དེ་དག་ངའི་སངས་རྒྱས་ཀྱི་བྱང་ཆུབ་བསམ་པ་ཐག་པ་ནས་འཛིན་པར་འགྱུར་ཏེ། བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །ཡང་གང་དག་དད་པར་མི་བྱེད་པ་དེ་དག་ཀྱང་ངས་མཐོང་སྟེ། དཔེར་ན་ད་ལྟར་ཁྱོད་མཐོང་བ་བཞིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་མཚན་གང་དག་ཐོས་ནས་དེ་དག་དད་པར་མི་བགྱིད་ཅིང་སངས་རྒྱས་ཀྱི་བྱང་ཆུབ་འདི་ཡང་སྤོང་བར་བགྱིད་པ་དེ་དག་ལ་བསོད་ནམས་མ་ལགས་པའི་ཕུང་པོ་ཇི་ཙམ་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་དག་ནི་སེམས་ཅན་དམྱལ་བར་ལོ་བྱེ་བ་དྲུག་ཅུར་གནས་ཤིང་དེ་ན་སྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་བར་འགྱུར་རོ། །ཤཱ་རིའི་བུ་ཕྱོགས་གང་དུ་བསྟན་པ་རབ་ཏུ་འབར་བར་གྱུར་པ་དེ་ན། དམ་པའི་ཆོས་སྤོང་བའི་སྐྱེས་བུ་བླུན་པོ་ཤིན་ཏུ་མང་བར་འགྱུར་ཏེ། དེ་བས་ན་ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་འདི་ལ་སྤོང་བར་མི་བྱེད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དགའ་བ་རྒྱ་ཆེན་པོ་ཡང་དག་པར་བསྐྱེད་ཅིང་། བདག་ནི་ངན་སོང་ཐམས་ཅད་ལས་ཐར་ཏོ། །སྙམ་ནས་བ་དན་བསྒྲེང་བར་བྱའོ། །གལ་ཏེ་ལ་ལ་ཞིག་གིས་འདི་སྐད་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་གང་བར་བྱས་ནས། མཚན་འདི་མཉན་པར་བྱའོ། །ཞེས་དེ་སྐད་ཟེར་ན། དེས་ཆུང་ངུ་ཞིག་སྨྲས་པ་ཡིན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོང་དུ་ཆུད་པ་ལ་གནས་པར་འདོད་པས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་གྲངས་མེད་པ་རིན་པོ་ཆེས་ཡོངས་སུ་གང་བར་བྱས་ནས་མཉན་པར་བྱའོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་པ་ན་འཇིག་རྟེན་གྱི་ཁམས་ཚུལ་ཁྲིམས་ཀྱི་འོད་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་


DKG067_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རི་རབ་དེའི་མཚན་ཐོས་པར་འགྱུར་བ་དེ་དག་ནི་ཐ་ན་རྨི་ལམ་ན་ཡང་འཕགས་པ་ལ་སྐུར་པ་འདེབས་པར་མི་འགྱུར་རོ། །ལྷག་པའི་བསམ་པ་ཡང་དག་པར་འགྱུར་རོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་ཆོས་རྣམས་ལ་ཡང་རྨི་ལམ་ལྟ་བུར་མྱུར་དུ་རབ་ཏུ་ཤེས་པར་འགྱུར་ཏེ། བསྐལ་པ་བརྒྱད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ལྔ་སྟོང་པ་ན་འཇིག་རྟེན་གྱི་ཁམས་གཟུགས་གསེར་མདོག་བཟང་པོ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་མངོན་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་གིས་དེ་བཞིན་གཤེགས་པ་རི་རབ་མངོན་པའི་མཚན་ཐོས་པར་འགྱུར་བ་དང་། མཚན་རྒྱུན་མི་འཆད་པར་འཛིན་པ་དེ་དག་ནི་བསྐལ་པ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ན་འཇིག་རྟེན་གྱི་ཁམས་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་རབ་འདྲ་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་གང་དག་དེ་བཞིན་གཤེགས་པ་རི་རབ་འདྲ་བ་དེའི་མཚན་ཉན་ཅིང་ཐོས་ནས་ཀྱང་ཐ་ན་སེ་གོལ་གཏོགས་པ་ཙམ་ཡང་། རི་མོ་བསྐྱེད་ནས་ཡིད་ལ་བྱེད་པ་ནི། ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འཛམ་བུའི་ཆུ་བོའི་གསེར་གྱི་སྤང་ལེབ་བཏིང་ནས་སྦྱིན་པ་བྱིན་པ་བས། གང་གིས་དེ་བཞིན་གཤེགས་པ་འདི་ཡིད་ལ་བྱེད་ན། བསོད་ནམས་ཀྱི་ཕུང་པོ་འདིས་སྔ་མའི་བསོད་ནམས་ཀྱི་ཕུང་པོའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། རྒྱུའི་བར་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་སངས་རྒྱས་ཀྱི་སྒྲ་ནི་མཐུ་ཆེན་པོ་ཡིན་ཏེ། གང་དེ་བཞིན་གཤེགས་པ་བཞུགས་པ་ལ་བསྟི་སྟང་བྱེད་པ་དང་། མྱ་ངན་ལས་འདས་པའི་སྐུ་གདུང་ལ་མཆོད་པ་བྱེད་པ་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཞིང་སྟོང་ཕྲག་གྲངས་མེད་པ་འདས་ནས་འཇིག་རྟེན་གྱི་ཁམས་སྟོབས་ཀྱི་ཤུགས་ཐམས་ཅད་ཐོབ་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་སྤོས་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་དེ་བཞིན་


DKG067_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཀུན་ཏུ་སྤོས་དེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སྨོན་ལམ་འདི་ལྟར་བཏབ་སྟེ། གང་བདག་གིས་སངས་རྒྱས་ལ་བཀུར་སྟི་བྱས་པ་དང་། གང་ཡང་དེ་བཞིན་གཤེགས་པ་སྤྲིན་སྟུག་པོ་ལ་བདུག་སྤོས་ཀྱི་རིལ་བུ་ཡུངས་འབྲུ་ཙམ་བསྲེགས་པས་དགེ་བའི་རྩ་བ་བསྒྲུབས་པ། དགེ་བའི་རྩ་བ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ན། བ་སྤུའི་ཁུང་བུ་ཐམས་ཅད་ནས་དྲི་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག །བྱུང་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་སྤོས་ཀྱི་སྤྲིན་གྱིས་རྒྱས་པར་གྱུར་ཏེ། གང་འཇིག་རྟེན་གྱི་ཁམས་དེ་དག་གི་སེམས་ཅན་རྣམས་ཀྱིས། དྲི་བསྣམས་ཤིང་མཚན་ཀྱང་ཐོས་པར་གྱུར་པ་དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པའི་ཚེ་བ་སྤུའི་ཁུང་བུ་ནས་དྲི་ཡིད་དུ་འོང་བ་འབྱུང་བར་གྱུར་ཅིག་ཅེས་བྱས་སོ། །ཤཱ་རིའི་བུ་ཡང་དག་པར་བླངས་པ་གང་གིས་དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ངེས་པར་འབྱུང་བའི་ཡང་དག་པར་བླངས་པ། དེས་ངེས་པར་འབྱུང་བར་འདོད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་ཞག་བདུན་དུ་ཟན་ཆད་དེ་ཁ་ཟས་མ་ཟོས་ཀྱང་མཚན་ཉན་པ་དེ་ལྟ་བུ་ནི་ཡོན་ཏན་ཡོངས་སུ་བརྗོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཐོས་མ་ཐག་ཏུ་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ཀྱི་ཡོན་ཏན་བརྗོད་པ་ཉན་པའི་བསོད་ནམས་ཀྱི་ཚོགས་བཅོམ་ལྡན་འདས་ཀྱིས་བརྗོད་དུ་གསོལ། དེ་ལ་སླད་མའི་དུས་ཀྱི་ཚེ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་དག་ཐོས་ནས་དགའ་བ་དང་རངས་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་རོ། །གང་ཇི་ལྟ་ཇི་ལྟ་བུར་སངས་རྒྱས་ཀྱི་ཆོས་ཉན་པ་དེ་ལྟ་དེ་ལྟ་བུར་བདུད་སྡིག་ཅན་གྱིས་གླགས་མི་རྙེད་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་སངས་རྒྱས་ཀྱིས་དགོངས་པར་འགྱུར་ཏེ། དེའི་ཚེ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་སྤངས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཀུན་ཏུ་སྤོས་ཀྱི་བསོད་ནམས་ཀྱི་ཚོགས་གང་ཅི་ཡོད་པ་ཐམས་ཅད་ངས་ཁྱོད་ལ་བཤད་ན་སེམས་ཅན་རྣམས་མྱོས་པར་འགྱུར་ཏེ། དེ་དག་མཚན་ཐོས་


DKG067_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགེ་བའི་རྩ་བ་ལ་མོས་པའམ་དད་པར་འགྱུར་བའི་བསོད་ནམས་དང་ལྡན་པ་མེད་དོ། །ཤཱ་རིའི་བུ་ཡང་གང་དག་མོས་པ་དང་། དད་པ་དང་། དེ་བཞིན་དུ་སེམས་ཡང་དག་པར་དགའ་བར་བྱེད་ཅིང་བདག་ནི་སངས་རྒྱས་ཀྱི་ཆོས་ལས་ཕྱིར་མ་ལོག་པའོ་སྙམ་དུ་སེམས་ན། ཤཱ་རིའི་བུ་བསོད་ནམས་ཀྱི་ཕུང་པོ་དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །མཁས་པ་དག་ཡེ་ཤེས་ཆེན་པོ་དང་ལྡན་པར་གྱུར་པ་དགོངས་ཏེ་གསུངས་པ་ལ་འཇུག་པར་འགྱུར་རོ། །ཡང་ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་མི་མཇེད་ཙམ་གྱི་འཇིག་རྟེན་གྱི་ཁམས་བཅུ་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་གང་བར་བྱས་ཏེ། ཚད་མེད་པའི་སངས་རྒྱས་ལ་བསྐལ་པ་ཚད་མེད་པར་ཉིན་རེ་ཞིང་སྦྱིན་པ་བྱིན་པ་བས་སྔ་མའི་བསོད་ནམས་ཀྱི་ཕུང་པོའི་ཆ་གང་དུའང་བརྗོད་དུ་མི་རུང་ངོ་། །གང་གིས་ཚད་མེད་པ་དང་ལྡན་པའི་དེ་བཞིན་གཤེགས་པ་ལ་རྗེས་སུ་དྲན་ནས་ཡན་ལག་ལྔས་ཕྱག་བྱས་པའི་བསོད་ནམས་ཀྱི་ཕུང་པོ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་ཚད་མེད་གྲངས་མེད་པར་འགྱུར་ཏེ། དེ་དག་བསྐལ་པ་བརྒྱར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་བཅུ་འདས་ནས་འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་ཡོངས་སུ་དག་པ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་འོད་ཡོངས་སུ་དག་པ་དེའི་མཚན་ཉན་པ་དང་། སེ་གོལ་གཏོགས་པ་སྲིད་དུ་ཡང་བྱམས་པའི་སེམས་སྒོམ་ཞིང་མངོན་པར་དད་པར་བྱེད་པ་དང་། མོས་པར་བྱེད་ཅིང་བདག་གིས་དེ་བཞིན་གཤེགས་པའི་མཚན་ཐོས་པ་དང་། བྱམས་པའི་སེམས་བསྒོམས་པའི་བདག་གི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཡེ་ཤེས་དང་ལྡན་པར་གྱུར་ཅིག་ཅེས་ཚིག་འདི་སྐད་དུ་སྨྲ་ན། ཤཱ་རིའི་བུ་དེའི་བསོད་ནམས་ཀྱི་ཕུང་པོ་ནི། ཤཱ་རིའི་བུ་གང་གི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་བ་དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་ཕུལ་བ་འདི་བས་སྔ་མའི་བསོད་ནམས་ཀྱི་ཕུང་པོ་ལ་བསོད་ནམས་ཀྱི་ཕུང་པོ་འདིས་ཅིའི་ཆ་ཙམ་དུ་ཡང་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ན། བསོད་


DKG067_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་ཀྱི་ཕུང་པོ་སྔ་མས་ནི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།ཤཱ་རིའི་བུ་གང་དག་ཆོས་ཀྱི་སྦྱིན་པ་ལ་འཛུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྦྱིན་པ་ལ་དཔའ་བ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ནོ། །དེ་བས་ན་ཤཱ་རིའི་བུ་ཆོས་ཀྱི་སྦྱིན་པ་མཆོག་ལ་གཟུད་པར་བྱའི་ཟང་ཟིང་གི་སྦྱིན་པ་ལ་གཟུད་པར་མི་བྱའོ། །གང་དག་སྐྱེས་བུ་དམ་པ་དེ་དག་ལ་སྦྱིན་པ་སྦྱིན་པར་བྱེད་ན་དེ་དག་གིས་ཆོས་ཀྱི་སྦྱིན་པ་ཉིད་སྦྱིན་པར་བྱའི། ཟང་ཟིང་གི་སྦྱིན་པ་ནི་མ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྙེན་པར་འགྱུར་རོ། །བསྐལ་པ་བརྒྱད་ཅུའི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱ་ན་འཇིག་རྟེན་གྱི་ཁམས་ཆོས་ལྡན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཆོས་ཀྱི་བླ་མ་དེའི་མཚན་ཉན་པ་དང་། དད་པ་ཡང་སྐྱེད་པ་དང་། ཐལ་མོ་སྦྱོར་བར་བྱེད་ཅིང་དེ་དག་ཐམས་ཅད་འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་འདི་ལ་ཆོས་གྲུབ་པར་བྱ་བའི་ཕྱིར་སློབ་པར་འགྱུར་རོ། །ཕན་ཡོན་འདི་དག་འདོད་པས་རི་མོར་བྱས་ཏེ་མོས་པར་བྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པ་ལ་སོ་སོའི་སྐྱེ་བོའི་ཤེས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་ལ་ཚད་གཟུང་བར་མི་བྱ་སྟེ། གང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་དེ་ནི་རང་སངས་རྒྱས་རྣམས་ཀྱིས་ཡང་མ་ཡིན་པས་ན། དཔེ་འདི་དག་ཐོས་པ་ལས་སངས་རྒྱས་ཀྱི་ཡེ་ཤེས་ལ་བརྙས་པར་མི་བྱ་སྟེ། སེམས་བསྐྱེད་པ་གཅིག་གམ། ངག་གི་ལས་གཅིག་གིས་སེམས་ཅན་དམྱལ་བ་ཆེན་པོའི་ལུས་རྣམ་པ་དུ་མར་འགྱུར་བའི་ལས་ཡོངས་སུ་གཟུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་ཡང་དཀའ། མིར་འགྱུར་བ་དང་། དལ་བ་ཕུན་སུམ་ཚོགས་པ་བསྒྲུབ་པ་ཡང་ཤིན་ཏུ་དཀའོ། །དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ་དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་ཆེན་པོ་གཅིག་ཏུ་གྱུར་ཏེ། དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་ཀྱང་ཡོད་དེ། རྒྱ་མཚོ་ཆེན་པོ་དེ་ལ་རླུང་ཡར་ལྡང་བ་མར་ལྡང་བ་


DKG067_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ལྡང་བ་ལ། རུས་སྦལ་ཞར་བ་དེ་ཡང་ལོ་བརྒྱ་བརྒྱ་ཞིང་ལན་ཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བར་གཉའ་ཤིང་གི་བུ་ག་གཅིག་པ་དེར། རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ཞིང་ཕྱིར་བྱུང་བའི་མགུལ་པ་ཆུད་པར་སྨྲའི། ལོག་པར་ལྟུང་བ་ལས་ཕྱིར་ཡང་མིར་འགྱུར་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ལོག་པར་ལྟུང་བ་རྣམས་ཀྱི་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ། །གང་ཡང་མི་ཁོམ་པ་ལ་སོགས་པ་སྤངས་ཏེ། ད་ལྟར་མིར་འགྱུར་བ་ཐོབ་ནས་སངས་རྒྱས་བྱུང་བ་ལ་ཡང་མཉེས་པར་བྱས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་གི་ཡེ་ཤེས་དམ་པ་མངའ་བ་ལ་དད་པ་ཐོབ་ནས་བདག་གིས་མིར་འགྱུར་བ་ལེགས་པར་ཐོབ་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་དང་ལྡན་པ་ལ་བདག་གིས་སེམས་བསྐྱེད་པ་གཅིག་ཙམ་ཡང་མོས་པར་བྱའོ་སྙམ་ནས་བདག་ཉིད་ཡང་དག་པར་དགའ་བར་བྱའོ། །དེ་དག་གིས་བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ལྔ་བཅུ་རྩ་ལྔ་ན། འཇིག་རྟེན་གྱི་ཁམས་རྒྱུ་བའི་དབང་པོ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་རྒྱལ་པོའི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། མོས་པར་བྱེད་ཅིང་ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཟེར་ན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་ཏེ། དེའི་ཕྱོགས་ཙམ་ཞིག་བསྟན་པར་བྱའོ། །ཡང་ཤཱ་རིའི་བུ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་ཏེ། དེ་བཞིན་དུ་འབུལ་ཞིང་ལོ་སྟོང་དུ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པའི་མཚན་ཐོས་ནས་དད་པ་ཡང་དག་པར་སྐྱེད་པ་དང་། མོས་པར་བྱེད་ཅིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་ཀྱི་དབང་ཕྱུག་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་དུ་སྨྲ་བ་འདིའི་བསོད་ནམས་ཀྱི་ཕུང་པོ་ལ་སྔ་མའི་བསོད་ནམས་ཀྱི་ཕུང་པོས་བརྒྱའི་ཆར་ཡང་ཉེ་


DKG067_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྲོ་བ་ནས། དཔེར་ཡང་མི་བཟོད་དེ། བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན་འཇིག་རྟེན་གྱི་ཁམས་བདེན་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཆེན་པོ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་ཡོན་ཏན་ཆེན་པོ་དེའི་མཚན་ཉན་པར་འགྱུར་བ་ངེས་པ་ལ་ཞུགས་པ་མ་གཏོགས་པར་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་བྱེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན་འཇིག་རྟེན་གྱི་ཁམས་རྒྱན་ཆེན་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་འོད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་སྤོས་འོད་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་གང་གིས་ཉན་པ་དང་། གང་ཉན་པ་དང་། ཐོས་ནས་ཀྱང་མོས་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིང་། དེ་དག་ཕྱི་མ་ལ་ངན་སོང་དུ་འགྲོ་བར་མ་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟར་བཏབ་པར་གྱུར་ཏོ། །ཡང་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་མཚན་གང་ཉན་ཅིང་ཐོས་ནས་ཀྱང་། ལྷག་པའི་བསམ་པས་མོས་པར་བྱེད་པ་ནི་སྔོན་གྱི་སྨོན་ལམ་དེས་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་དྲི་མ་མེད་པ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་འཕྲོ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་འོད་འཕྲོ་དེའི་མཚན་ཐོས་པར་འགྱུར་བ་ཉུང་སྟེ། ཐོས་ནས་མོས་པ་དང་དད་པར་འགྱུར་བ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་འགྱུར་རོ། །གང་ཉན་པར་མི་བྱེད་པ་དེ་དག་ནི་བསོད་ནམས་མ་ཡིན་པའི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་ལྔ་ན་འཇིག་རྟེན་གྱི་ཁམས་ཀུན་ཏུ་དགའ་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་


DKG067_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཚད་མེད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་འོད་ཚད་མེད་དེའི་མཚན་ཉན་པར་འགྱུར་བ་དང་། ལྷག་པའི་བསམ་པས་དད་པར་བྱེད་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་དེའི་འོད་ཐོབ་པར་འགྱུར་རོ། །གང་དད་པར་མི་བྱེད་པ་དེ་དག་བསྐལ་པ་ཉི་ཤུར་ཚ་བའི་སེམས་ཅན་དམྱལ་བར་བཙོ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ན། འཇིག་རྟེན་གྱི་ཁམས་སྙིང་པོ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་བཏང་བ་ཞེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་འོད་བཏང་བ་དེའི་མཚན་ཉན་པར་འགྱུར་བ་དང་། ཐོས་མ་ཐག་ཏུའང་དད་པ་སྐྱེད་པར་བྱེད་པ་དེ་དག་ཐམས་ཅད་བདུད་སྡིག་ཅན་གྱིས་ཐུབ་པར་དཀའ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཉིས་སྟོང་ལྔ་བརྒྱ་ན་འཇིག་རྟེན་གྱི་ཁམས་སྤུག་གི་ཤིང་ཏོག་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་ཡང་གང་དེ་བཞིན་གཤེགས་པ་ཟླ་བའི་སྒྲོན་མ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ལྷ་དང་བཅས་པའི་འཇིག་རྟེན་གྱི་སྦྱིན་གནས་སུ་འགྱུར་རོ། །དེ་དག་ཡུལ་གང་ན་གནས་པའི་ཡུལ་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕྱི་མའི་དུས་ན་དེ་བཞིན་གཤེགས་པའི་མཚན་ཉན་པར་འགྱུར་བའི་སྐྱེས་བུ་དམ་པ་དེ་དག་ནི་དཀོན་ནོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན་འཇིག་རྟེན་གྱི་ཁམས་དྲི་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་ཟླ་འོད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་ཟླ་འོད་དེའི་མཚན་ཉན་པར་འགྱུར་བ་དང་། ཐ་ན་རྨི་ལམ་གྱི་ཚེ་ཐོས་ན་ཡང་དད་པ་ཡང་དག་པར་སྐྱེད་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེད་པར་འགྱུར་རོ། །རི་དང་འདྲ་བར་བདུད་ཐམས་ཅད་ཀྱིས་མི་བསྐྱོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཕྲག་བཅུ་གཉིས་ན་འཇིག་རྟེན་གྱི་ཁམས་ཉི་མ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་ཟླ་བ་སྣང་བའི་སངས་རྒྱས་


DKG067_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཞིང་ནང་ན་སོང་གི་གཞི་མེད་དོ། །ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེའི་སྨོན་ལམ་སྔོན་འདི་ལྟར་བཏབ་སྟེ། བྱང་ཆུབ་ཐོབ་པའི་མཚན་དང་མྱ་ངན་ལས་འདས་པ་ཐོས་པ་དེ་དག་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག །བདག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་དེ་དག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡང་། ད་ལྟར་གྱི་བདག་གི་ཅི་འདྲ་བ་དེ་འདྲ་བར་གྱུར་ཅིག་ཅེས་བྱས་སོ། །ཤཱ་རིའི་བུ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཟླ་བ་སྣང་བའི་མཚན་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཀྱང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་ཇི་ལྟར་སྨོན་ལམ་བཏབ་པ་དེ་བཞིན་དུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་བརྒྱད་ན་འཇིག་རྟེན་གྱི་ཁམས་གསེར་གྱི་ནོར་བུ་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་འོད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མེ་འོད་ཀྱི་མཚན་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཆོས་ཀྱི་སྒྲོན་མ་ཐོགས་པར་འགྱུར། འཇིག་རྟེན་ཐམས་ཅད་དང་། སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར་རོ། །དེ་དག་གི་ཉིན་མཚན་སེམས་ཅན་རྣམས་ལ་ཕན་འདོགས་པ་ལ་ཞུགས་པས་འདའ་བར་འགྱུར་རོ། །དེ་དག་ཆོས་ཀྱི་སྦྱིན་པ་མངོན་པར་གཏོང་ངོ་། །དེ་དག་ནི་བདུད་ཐམས་ཅད་དང་མུ་སྟེགས་ཅན་གཞན་གྱིས་མི་ཐུབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན་འཇིག་རྟེན་གྱི་ཁམས་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་གཟུགས་སྣང་བ་དང་ལྡན་པ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེར་སེམས་ཅན་གང་སུ་དག་སྐྱེས་པ་དང་། སྐྱེ་བ་དང་། སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་མིའི་ཁ་དོག་ལས་འདས་པར་གྱུར་པ་ཡིན། སེམས་ཅན་དེ་དག་ཐམས་ཅད་གཟུགས་བཟང་ཞིང་མཛེས་པར་གྱུར་པ་ཡིན་ནོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བའི་མཚན་ཉན་པ་དེ་དག་ཐམས་ཅད་བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་ཀྱིས་གཟུགས་བཟང་པོར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་གསུམ་ན་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་དང་ལྡན་པ་ན་དེ་བཞིན་གཤེགས་པ་


DKG067_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་མཛད་ཅེས་བྱ་བ་བཞུགས་ཏེ། ཡང་ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མཆོག་མཛད་དེའི་མཚན་ཉན་པར་འགྱུར་བ་དང་། དད་པ་ཡང་སྐྱེད་པར་འགྱུར་བ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མཆོག་ཏུ་འགྱུར་རོ། །བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་གཡུལ་ལས་རྣམ་པར་རྒྱལ་ཏེ་རྒལ་བ་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མང་པོའི་བླ་མ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་མང་པོའི་བླ་མའི་མཚན་ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ། མི་མ་ཡིན་པ་ཉན་པར་འགྱུར་བ་དེ་ཉིད་དེ་དག་ཐམས་ཅད་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །དེ་དག་གིས་བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །གང་དག་མཚན་འདི་ལ་དད་པར་མི་བྱེད་པ་དེ་དག་ནི་བསྐལ་པ་ཉི་ཤུ་དང་ལོ་སྟོང་དུ་དམྱལ་བར་བཙོ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ལྔ་སྟོང་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མའི་སྡེ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་རབ་ཏུ་གང་བར་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཉིན་རེ་ཞིང་སྦྱིན་པ་ཕུལ་ལ་དེ་བཞིན་དུ་བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པར་སྦྱིན་པ་ཕུལ་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་རིན་པོ་ཆེ་འདི་ཡོངས་སུ་བཏང་བ་འདིས་དེ་བཞིན་གཤེགས་པ་པད་མའི་སྡེ་དེའི་མཚན་ཐོས་པར་གྱུར་ཅིག་སྙམ་སྟེ། གང་སངས་རྒྱས་མཐོང་བ་དེ་དག་གིས་ཐོས་པར་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་ནི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ལས་ངེས་པར་བྱུང་བ་སྟེ། གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དང་། དད་པ་ཡང་སྐྱེད་པར་འགྱུར་བ་དེ་དག་ནི་པད་མ་ཆུ་ལས་བྱུང་བ་བཞིན་ཁམས་གསུམ་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་ཟླ་བ་ཅན་ན་དེ་བཞིན་གཤེགས་པ་དགྲ་


DKG067_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་ཡིད་ལ་ཇི་སྙམ་དུ་སེམས་ཅིའི་ཕྱིར་པད་མོའི་དབྱངས་ཞེས་བྱ་ཞེ་ན། དེ་བཞིན་གཤེགས་པ་དེ་པད་མ་ལ་བཞུགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ཀྱེ་མ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོའི་དབྱངས་བྱུང་ངོ་ཞེས་སྒྲ་བསྒྲགས་སོ། །ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་པད་མོའི་དབྱངས་ཀྱི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་དེ་བཞིན་གཤེགས་པ་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་དེ་སྐད་དུ་སྨྲ་ན། མཚམས་མེད་པ་ལས་བྱུང་བ་དང་། འཕགས་པ་ལ་སྐུར་པ་འདེབས་པ་མ་གཏོགས་པར་དེ་དག་ཐམས་ཅད་ལོག་པར་མི་ལྟུང་བའི་ཆོས་ཅན་དུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་སུམ་ཅུ་ན་འཇིག་རྟེན་གྱི་ཁམས་མཐུ་བོ་ཆེ་དང་ལྡན་པའི་ས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མང་ཞེས་བྱ་བ་བཞུགས་ཏེ། ཅིའི་ཕྱིར་རིན་ཆེན་མང་ཞེས་བྱ་ཞེ་ན། སངས་རྒྱས་ཀྱི་ཞིང་དེ་ན་བྱང་ཆུབ་སེམས་དཔའ་ཤིན་ཏུ་མང་སྟེ། ཉན་ཐོས་ཀྱི་ཐེག་པ་ཅན་མང་བ་མ་ཡིན་ལ་ཉིན་རེ་ཞིང་ཡང་དེའི་བསྟན་པ་ཚད་མེད་པར་ཕྱུང་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་རིན་ཆེན་མང་ཞེས་བྱའོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་རིན་ཆེན་མང་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་རྗོད་པར་བྱེད་ན། དེ་དག་ནི་དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་གྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་ནི་གཡོག་རིན་པོ་ཆེ་དང་ལྡན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ཉི་ཤུ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་སེང་གེའི་ང་རོའི་མཚན་ཉན་པ་དང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་


DKG067_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་ང་རོ་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ལན་གསུམ་དུ་རྗོད་པར་བྱེད་ན། དེ་དག་ཐམས་ཅད་སེམས་ཅན་ཐམས་ཅད་དགྲོལ་བའི་ཕྱིར་འཇིག་རྟེན་གསུམ་ཟིལ་གྱིས་མནན་ནས་སེང་གེའི་སྒྲར་སྒྲོགས་སོ། །བསྐལ་པ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་ན་འཇིག་རྟེན་གྱི་ཁམས་དགོན་པ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་དབྱངས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་སེང་གེའི་དབྱངས་ལ་རྗེས་སུ་དྲན་པར་བྱེད་ཅིང་ཐ་ན་ནམ་མཁའ་ལ་ཡང་མེ་ཏོག་གིས་འཐོར་བ་དང་། གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་བཙུགས་ནས་སྦྱིན་པ་ཡོངས་སུ་གཏོང་བས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་གྱུར་ཅིག་ཅེས་མོས་པ་ལྟ་ཅི་སྨོས་ཏེ། དེ་དག་ཐམས་ཅད་འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་རོ། །གསུང་དབྱངས་དེ་ཐོབ་པར་འགྱུར་ཏེ་དེ་ནི་སངས་རྒྱས་ཀྱི་གསུང་དབྱངས་སོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་ལྔ་ན་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བོའི་སྡེ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དཔའ་བོའི་སྡེའི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། ལྷག་པའི་བསམ་པས་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ལ་ཡང་མོས་པར་བྱེད་པ་དང་། དེ་བཞིན་གཤེགས་པ་དེ་ལ་ལྷག་པའི་བསམ་པས་སེམས་བསྐྱེད་པ་ཙམ་ཡང་དད་པ་སྐྱེད་ན་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཆོས་སྟོན་པ་མཐོང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱིས་ཏེ། འཇིག་རྟེན་གཞན་དུ་བྱང་ཆུབ་ཐོབ་པའི་མིང་ཐོས་ན་དེ་ནས་ཤི་འཕོས་ནས་དེ་དག་བདག་གི་སངས་རྒྱས་ཀྱི་ཞིང་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟར་བཏབ་པར་གྱུར་ཏོ། །གང་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས་དད་པར་མི་བྱེད་ཅིང་སྤོང་བ་དང་། རྣ་བ་བླགས་ཏེ་ཉན་པར་མི་བྱེད་པ་དེ་དག་ནི་ལོ་བྱེ་བ་སྙེད་དུ་སེམས་ཅན་དམྱལ་བའི་ལས་ཡོངས་སུ་བཟུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུའི་ཐ་མ་ན་འཇིག་རྟེན་གྱི་ཁམས་


DKG067_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་བླངས་པ་ཐམས་ཅད་ལས་རྒལ་བ་ཐེ་ཙོམ་གཅོད་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་ཡང་དག་པར་བླངས་པ་ཐམས་ཅད་ལས་རྒལ་བ་ཐེ་ཙོམ་གཅོད་པ་དེའི་མཚན་ཉན་པ་དང་། དད་པ་སྐྱེད་པར་འགྱུར་བ་དང་། མོས་པར་བྱེད་པ་དེ་དག་ནི་གང་ཡང་དག་པར་བླངས་ནས་ཚིག་ཏུ་སྨྲ་བ་དེ་ལ་ཇི་ལྟར་སྨྲས་པ་དེ་ལྟར་བྱེད་པར་འགྱུར་རོ། །བདུད་ཐམས་ཅད་དང་ཕ་རོལ་རྒོལ་བ་ཐམས་ཅད་བཏུལ་ནས་ཐེ་ཙོམ་ཐམས་ཅད་གཅོད་པ་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅྭ་བརྒྱད་ན་འཇིག་རྟེན་གྱི་ཁམས་མེ་ཏོག་གི་དྲིས་བསྒོས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་རིན་པོ་ཆེ་དང་མེ་ལྟ་བུ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་འཁོར་རིན་པོ་ཆེ་དང་མེ་ལྟ་བུ་དེའི་མཚན་ཉན་པ་དང་། མཚན་ཐོས་མ་ཐག་ཏུ་དད་པ་སྐྱེད་པར་འགྱུར་བ་དེ་དག་ཐམས་ཅད་འཁོར་རིན་པོ་ཆེ་དང་མེ་ལྟ་བུར་འགྱུར་ཞིང་། འཇིག་རྟེན་ལ་ཡང་ཆོས་ཀྱི་འཁོར་ལོ་མྱུར་དུ་སྐོར་བར་འགྱུར་རོ། །དེ་ལྟར་ན་སངས་རྒྱས་རྣམས་ལ་དད་པ་འདི་ནི་རྫུ་འཕྲུལ་ཆེ་སྟེ། དེ་དག་ཉན་ཐོས་ཀྱི་ཐེག་པས་སམ། རང་སངས་རྒྱས་ཀྱི་ཐེག་པས་སམ། བླ་ན་མེད་པའི་ཐེག་པ་ཆེན་པོས་ཀྱང་རུང་། བསོད་ནམས་ཀྱི་ཕུང་པོ་ཇི་ལྟར་བསྔོས་པ་དེ་ལྟར་འགྲུབ་སྟེ། དེ་ལ་གང་དག་ཤེས་རབ་རྒྱ་ཆེ་བ་དེ་དག་ནི་སངས་རྒྱས་སུ་འགྲུབ་པར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བླ་ན་མེད་པ་ཡོངས་སུ་འཛིན་ཏོ། །མོས་པ་དམན་པའི་ཤེས་རབ་ཅན་དག་ནི་སངས་རྒྱས་སུ་འགྲུབ་པ་ཚད་མེད་པ་དེ་ལྟ་བུ་བཏང་སྟེ། དེའི་འབྲས་བུ་འགྲུབ་པར་བྱ་བའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡོངས་སུ་འཛིན་ཏོ། །གཏེར་ཆེན་པོ་དེ་ལྟ་བུ་རྙེད་ནས་སེར་སྣ་མི་སྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ལ་མོས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བསོད་ནམས་དེ་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། ཡོངས་སུ་བསྔོ་བ་


DKG067_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་ངོ་མཚར་དུ་རིག་པར་གྱིས་ཤིག །ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དེའམ། སངས་རྒྱས་གཞན་རྣམས་ཀྱི་ཡོན་ཏན་ཡོངས་སུ་བརྗོད་པ་ལ་དད་པར་མི་བྱེད་པ་དེ་དག་ཐམས་ཅད་ལོ་སྟོང་ཕྲག་བཞི་བཅུར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་པོར་གནས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུའི་ཐ་མ་ན་འཇིག་རྟེན་གྱི་ཁམས་དགའ་བ་དང་བཅས་པར་སྐྱེད་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་ཙམ་གྱིས་གང་དག་དགའ་བ་རབ་ཏུ་རྙེད་པ་དེ་དག་ཐམས་ཅད་ཉེ་བའི་ཉོན་མོངས་པས་མི་གོས་ཤིང་མྱ་ངན་མེད་པར་འགྱུར་རོ། །བྱང་ཆུབ་རྗེས་སུ་ཐོབ་ནས་སེམས་ཅན་མང་པོ་ཡང་མྱ་ངན་མེད་པར་བྱེད་དོ། །དེ་བཞིན་གཤེགས་པ་བཞུགས་སམ། མྱ་ངན་ལས་འདས་ཀྱང་རུང་དེ་ལ་དད་པར་བྱེད་པའི་སེམས་ཅན་དེ་དག་ནི་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ངོ་མཚར་དུ་གྱུར་པ་སྟེ། དེ་དག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བཅུ་བཞི་ན་འཇིག་རྟེན་གྱི་ཁམས་འཚོ་བ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་དགའ་ལྡན་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དམ་པའི་དགའ་ལྡན་དེའི་མཚན་ཉན་ཅིང་ཐོས་ནས་ཀྱང་དགའ་བ་དང་རབ་ཏུ་དགའ་བ་ཆེར་ཐོབ་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས། དེ་བཞིན་གཤེགས་པ་དམ་པའི་དགའ་ལྡན་དེ་ལ་ཕྱག་འཚལ་ལོ་ཞེས་ཚིག་ཏུ་སྨྲ་བ་དེ་ཐམས་ཅད་ཐེག་པ་དམ་པ་འཐོབ་པར་འགྱུར་རོ། །སེམས་ཅན་མང་པོའི་དོན་ཀྱང་བྱེད་པར་འགྱུར་རོ། །དེ་དག་ལ་ལོག་པར་ལྟུང་བའི་འཇིགས་པ་མི་འབྱུང་ངོ་། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ན་འཇིག་རྟེན་གྱི་ཁམས་ཟླ་བ་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབང་པོའི་འབྱུང་གནས་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དབང་པོའི་འབྱུང་གནས་ཀྱི་མཚན་གཅིག་ནས་གཅིག་ཏུ་བརྒྱུད་


DKG067_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་ཉན་པ་དེ་དག་ཀྱང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །མཚན་ཇི་ཙམ་དུ་བསྒྲགས་པ་ལ། ལྷའམ། ཀླུའམ། གནོད་སྦྱིན་ནམ། མིའམ། མི་མ་ཡིན་པ་ཉན་པར་འགྱུར་བ་དེ་དག་ཐམས་ཅད་ཡེ་ཤེས་ཆེན་པོ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཕྲག་གཉིས་ན་འཇིག་རྟེན་གྱི་ཁམས་སིལ་སྙན་ཐམས་ཅད་ཀུན་ནས་མཐོ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དབྱངས་ཚད་མེད་པ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དབྱངས་ཚད་མེད་ཀྱི་མཚན་ཉན་ཅིང་བདག་གི་དགེ་བའི་རྩ་བ་འདིས་ཡེ་ཤེས་དམ་པ་དེ་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་སེམས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ། །འདི་ལ་དད་པར་མི་བྱེད་པ་དེ་དག་སངས་རྒྱས་ལ་མི་མཉེས་པར་བྱེད་པའི་རྣམ་པར་སྨིན་པ་སེམས་ཅན་དམྱལ་བ་ན་གནས་པའི་ལས་བྱེད་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ཅིའི་ཕྱིར་སིལ་སྙན་ཐམས་ཅད་ཀུན་ནས་མཐོ་བ་ཞེས་བྱ་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དབྱངས་ཚད་མེད་དེ་དགའ་ལྡན་གྱི་གནས་ནས་འཆི་འཕོ་བ་ནས་མྱ་ངན་ལས་འདའ་བ་ཆེན་པོའི་བར་དུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་མི་རྣམས་ཀྱི་སིལ་སྙན་དེ་དག་རབ་ཏུ་དཀྲོལ་ཅིང་བླངས་སོ། །དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་སིལ་སྙན་ཐམས་ཅད་ཀུན་ནས་མཐོ་བ་ཞེས་བྱའོ། །ཅིའི་ཕྱིར་དེ་བཞིན་གཤེགས་པ་དེ་དབྱངས་ཚད་མེད་ཅེས་བྱ་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དབྱངས་ཚད་མེད་དེ་ཆོས་སྟོན་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་ཉི་ཤུ་སྙེད་དུ་དབྱངས་ཀྱིས་གོ་བར་མཛད་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་དེ་དབྱངས་ཚད་མེད་པ་ཞེས་བྱའོ། །སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་སུམ་བརྒྱའི་ཐ་མ་ན་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བའི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་མར་མེ་མཛད་དེའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་ཀུན་ཏུ་འོད་ཀྱི་སྣང་བས་ཁྱབ་པས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་


DKG067_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དེ་མར་མེ་མཛད་ཅེས་བྱའོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས་དད་པ་སྐྱེད་པ་དང་། དགའ་བ་དང་། རབ་ཏུ་དགའ་བ་རྒྱ་ཆེན་པོ་རྙེད་ཅིང་འབྱུང་བ་ལ་གཡོ་དང་ལྡན་པར་མི་འགྱུར་རོ། །དེ་དག་ཐམས་ཅད་ཀྱིས་འོད་དེ་ཐོབ་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་སྤོས་ཐམས་ཅད་སྣང་བ་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་སྣང་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རིན་པོ་ཆེ་སྣང་བ་དེའི་མཚན་ཉན་པ་དང་། ཐོས་ནས་ཀྱང་དད་པ་སྐྱེད་པར་འགྱུར་བ་དང་། ལྷག་པའི་བསམ་པས་དད་པར་འགྱུར་བ་དེ་དག་ཐམས་ཅད་རིན་པོ་ཆེ་ལྟ་བུར་འགྱུར་བ་དང་། སངས་རྒྱས་ཀྱི་ཆོས་ལས་ཕྱིར་མི་ལྡོག་པ་དང་། སངས་རྒྱས་བཅོམ་ལྡན་འདས་དང་མི་འབྲལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྐལ་པ་ལྔར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་བས་ན་ཤཱ་རིའི་བུ་དེ་བཞིན་གཤེགས་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་སྐྱེས་བུ་ཆེན་པོ་རྣམས་ལ་ཐ་བའི་ཞེ་སྡང་གི་སེམས་བསྐྱེད་པར་མི་བྱའོ། །ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་དང་ཐེག་པ་ཆེན་པོ་ལ་ཞུགས་པའི་སྐྱེས་བུ་ཆེན་པོ་སྲས་ཐུ་བོ་པ་རྣམས་ལ་ཡིད་མི་ཆེས་པ་སྐྱེད་པ་དེ་དག་གི་ངེས་པ་ལ་ཞུགས་པ་དང་། མེ་ཏོག་གི་ཚོགས་ལ་མོས་པ་མ་གཏོགས་པར་སངས་རྒྱས་ཀྱི་བྱང་ཆུབ་ཉེ་བར་གྱུར་ཀྱང་རིང་དུ་བྱེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐད་དུ་འགྲོ་བར་མི་བྱ་སྟེ། སྐྱེས་བུ་དམ་པ་དེ་དག་ལ་གནོད་སེམས་བསྐྱེད་པ་དེ་དག་ནི་ལོ་བྱེ་བར་དམྱལ་བ་ཆེན་པོའི་སྡུག་བསྔལ་ཡོངས་སུ་འཛིན་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལ་ཡང་གནོད་སེམས་མི་བསྐྱེད་དོ་ཞེས་གསུངས་ན་སྐྱེས་བུ་དམ་པ་དེ་དག་ལྟ་ལ་ཅི་སྨོས། ཤཱ་རིའི་བུ་གང་དག་སྐྱེས་བུ་ཆེན་པོ་དེ་དག་མེ་ཏོག་གི་ཚོགས་ལ་མོས་པ་དེ་དག་ལ་གནོད་པར་བྱེད་པ་དང་། ཡིད་ཆེས་པ་མི་སྐྱེད་པ་དང་། འཁྲུག་པར་བྱེད་པ་དང་། བརྙས་པར་བྱེད་པ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བའི་ལས་ཤིན་ཏུ་མི་བཟད་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་


DKG067_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་བྱང་ཆུབ་ཏུ་སེམས་བསྐྱེད་ནས་དེ་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དེ་དག་ནི་འཇིག་རྟེན་དུ་འབྱུང་བ་རབ་ཏུ་རྙེད་པར་དཀའོ། །དེ་བས་ན་གང་དག་ཡང་དག་པར་བླངས་པ་ལ་བརྟན་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཞུམ་པར་མི་བྱེད་ལ། བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཇི་ལྟར་གཉེར་བ་རྣམས་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་བྱེད་པ་དེ་དག་ནི་ཨུ་དུམ་པཱ་རའི་མེ་ཏོག་དང་འདྲའོ་ཞེས་ངས་བཤད་དོ། །ཤཱ་རིའི་བུ་དེ་དག་ལ་སོགས་པ་ཚད་མེད་གྲངས་མེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལྷོ་ཕྱོགས་ན་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པའི་ཕྱོགས་དེ་ལོགས་སུ་ཡན་ལག་ལྔས་ཕྱག་བྱས་ཏེ་མཆོད་ལ་མིང་ཇི་སྐད་དུ་བསྟན་པ་ཉན་ཅིང་། ཡོན་ཏན་ཡོངས་སུ་བསྒྲགས་པ་ཡིད་ལ་བྱས་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །ནུབ་ཕྱོགས་ཀྱི་སངས་རྒྱས་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཅེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཐོས་པ་ཙམ་གྱིས་དགའ་བ་ཆེན་པོ་སྐྱེད་པ་དང་། རྣམ་པ་བརྒྱ་སྟོང་དུ་ཡང་དག་པར་མོས་པར་འགྱུར་བ་དེ་དག་ཐམས་ཅད་བསོད་ནམས་ཚད་མེད་པ་ཡོངས་སུ་འཛིན་པར་འགྱུར་རོ། །དེ་དག་ལ་ལོག་པར་ལྟུང་བའི་འཇིགས་པ་མི་འབྱུང་སྟེ་འདི་ནས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་རོ། །གང་དག་རྒྱུན་དུ་ཡིད་ལ་བྱེད་པ་དེ་དག་ནི་འཆི་བའི་ཚེ་དེ་བཞིན་གཤེགས་པ་འོད་དཔག་མེད་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་མདུན་ན་བཞུགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོ་དེ་ནི་སེམས་ཅན་རྣམས་ལ་ཕན་པར་དགོངས་པའི་ཕྱིར་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་ཀྱང་སེམས་ཅན་རྣམས་ལ་བདུད་སྡིག་ཅན་གྱིས་བར་ཆད་བྱེད་པར་འགྱུར་ཞེས་ནས་ཀུན་ནས་སྲུང་བར་མཛད་དེ། དེ་ནས་ཤི་འཕོས་པ་དང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་དག་ཐམས་ཅད་ཀྱིས་དེ་ཉིད་དུ་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་དེས་བདག་བྱང་ཆུབ་


DKG067_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་སངས་རྒྱས་ཀྱི་ཞིང་དུ་སེམས་ཅན་སྐྱེ་བ་ཐེག་པ་ཆེན་པོ་ལ་ཞུགས་པ་དེ་དག་གི་བསམ་པ་ཐམས་ཅད་བདག་གིས་བཀང་བར་བྱ་སྟེ། དེ་ནི་གང་ལ་ལ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བྱང་ཆུབ་བྱེད་པ་གང་ཅི་ཡོད་པའོ། །ཉན་ཐོས་ཀྱི་ཐེག་པ་ཅན་གང་དག་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འགྱུར་བ་དེ་ཉིད་དུ་དགྲ་བཅོམ་པར་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟར་བཏབ་བོ། །ཤཱ་རིའི་བུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱི་མའི་དུས་ན་འོད་དཔག་མེད་ཀྱི་ཡོན་ཏན་བརྗོད་པ་ལ་དད་པར་བྱེད་པ་དང་། ལྷག་པའི་བསམ་པས་དགའ་བ་སྐྱེད་པ་དང་། དེ་བཞིན་གཤེགས་པ་དེ་ལ་ལྷག་པའི་བསམ་པས་རངས་པར་བྱེད་པ་ནི་སངས་རྒྱས་ཀྱི་ཞིང་དེར་སྐྱེས་ཏེ། དེ་ན་གནས་པ་རྣམས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་དེ་དག་ཇི་ལྟར་བརྗོད་པ་བཞིན་བྱང་ཆུབ་ཏུ་ཉེ་བར་འགྱུར་རོ། །དེ་བཞིན་གཤེགས་པ་འདུས་པ་དེ་ཡང་མཐོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་དེར་སེམས་ཅན་སྐྱེས་པ་དེ་དག་མཐོང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཡོན་ཏན་བརྗོད་པ་དེ་ལ་ཡིད་ཆེས་པར་མི་བྱེད་པ་དང་། འཕྱ་བ་དང་སྤོང་བར་འགྱུར་བ་དེ་དག་ནི་བསྐལ་པ་ལྔར་སེམས་ཅན་དམྱལ་བའི་ལས་ཡོངས་སུ་བཟུང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་བཅོམ་པ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་མངའ་བ་ཞེས་བྱ་བ་བཞུགས་ཏེ། ཤཱ་རིའི་བུ་གང་དག་དེ་བཞིན་གཤེགས་པ་རྣམ་པར་རྒྱལ་བ་མངའ་བ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ནི་བདུད་ཀྱི་ཞགས་པ་ཐམས་ཅད་བཅད་པར་འགྱུར། བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་བརྒྱ་ཕྲག་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བའི་དབྱངས་ཞེས་བྱ་བ་བཞུགས་ཏེ། གང་དག་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དེ་དག་ནི་སྒྲ་དབྱངས་ཐམས་ཅད་ཀྱིས་སྨྲ་བ་དང་ལྡན་པར་འགྱུར། བདུད་སྡིག་ཅན་ཡང་རྒྱང་རིང་པོར་ཡོངས་སུ་སྤོང་བར་


DKG067_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་དག་བསྐལ་པ་བརྒྱད་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ།། །།བམ་པོ་གསུམ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟ་བུའི་ཆོས་འགའ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་ཡོད་དོ། །བྱང་ཕྱོགས་ཀྱི་ལོགས་ན་འཇིག་རྟེན་གྱི་ཁམས་དཔལ་བརྩེགས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། མ་ཕམ་པ་གང་དག་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་མཚན་ཉན་པར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་བྱེ་བ་ཚང་བར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །མ་ཕམ་པ་གང་དག་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོའི་མཚན་ཉན་པ་ནི་སངས་རྒྱས་ལྔ་བཅུའི་དྲུང་དུ་སྤྱད་པ་ཡིན་ཏེ། དེ་ནས་ཤི་འཕོས་ནས་ཀྱང་ནམ་དུ་ཡང་རྫུ་འཕྲུལ་དང་བྲལ་བར་མི་འགྱུར། མྱ་ངན་ལས་ཡོངས་སུ་མ་འདས་ཀྱི་བར་དུ་རྣ་བ་དང་ནམས་ཀྱང་བྲལ་བར་མི་འགྱུར། ནམ་དུའང་གཟུགས་ཕུན་སུམ་ཚོགས་པ་དང་བྲལ་བར་མི་འགྱུར། ནམ་དུའང་གསད་པ་དང་བཅིང་བར་མི་འགྱུར། རྣ་བའི་ནད་མི་འབྱུང་། སྣ་ནད་མི་འབྱུང་། ལྕེ་ནད་མི་འབྱུང་། ལུས་ཀྱི་ནད་མི་འབྱུང་སྟེ། མྱ་ངན་ལས་མ་འདས་ཀྱི་བར་དུ་དེ་དག་ནམ་དུ་ཡང་འཇིག་རྟེན་གྱི་ཁམས་སངས་


DKG067_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་མེད་པ་དང་། སངས་རྒྱས་འབྱུང་བ་དང་བྲལ་བར་མི་སྐྱེ་སྟེ། ནམ་དུའང་ཆོས་དང་བྲལ་བར་མི་འགྱུར། ནམ་དུའང་མི་ཁོམ་པར་སྐྱེ་བར་མི་འགྱུར། ནམ་དུའང་བསླབ་པ་དང་བྲལ་བར་མི་འགྱུར། ནམ་དུའང་དྲན་པ་དང་བྲལ་བར་མི་འགྱུར། མྱ་ངན་ལས་མ་འདས་ཀྱི་བར་དུ་ནམ་དུའང་ཡེ་ཤེས་དང་བྲལ་བར་མི་འགྱུར་རོ། །མ་ཕམ་པ་གང་དེ་བཞིན་གཤེགས་པའི་མཚན་ཉན་པར་འགྱུར་བ་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་ཡིད་ཆེས་ཤིང་མོས་པ་དང་། མངོན་པར་དད་པ་དེ་དག་ཐམས་ཅད་གནས་ཡོངས་སུ་གཟུང་བར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་མཆོག་དང་། དམ་པ་དང་། རབ་མཆོག་དང་། བླ་ན་མེད་པར་ཡང་འགྱུར་རོ། །དེ་བས་ན་གནས་ཐམས་ཅད་ཡོངས་སུ་འཛིན་པར་འདོད་པ་དང་། འཇིག་རྟེན་ཐམས་ཅད་ལས་མཆོག་ཏུ་གྱུར་པར་གནས་པར་འདོད་པ་དང་། དམ་པ་དང་། རབ་མཆོག་ཏུ་གྱུར་པར་གནས་པར་འདོད་པ་དེས། དེ་བཞིན་གཤེགས་པ་འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི་མཚན་མཉན་པར་བྱའོ། །ཐོས་ནས་ཀྱང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ་ཞེས་ཕྱག་བྱའོ། །དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་བཞུགས་པའི་འཇིག་རྟེན་གྱི་ཁམས་དེ་ཇི་ཙམ་དུ་རིང་། དེ་བཞིན་གཤེགས་པ་དེ་བྱུང་ནས་ཇི་སྲིད་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་འདི་ལྟ་སྟེ་དཔག་ཚད་བརྒྱ་ཁོར་ཡུག་ཏུ་བྱེ་མའི་ཕུང་པོར་གྱུར་པ་དེ་ལས་བྱེ་མའི་འབྲུ་རེ་རེ་བླངས་ཏེ། སངས་རྒྱས་ཀྱི་ཞིང་རེ་རེར་བཞག་པ་རྣམ་གྲངས་དེས་བྱེ་མ་དེ་དག་ཐམས་ཅད་རྣམ་པར་ཕྱེ་ལ་འཇིག་རྟེན་གྱི་ཁམས་གང་དུ་བྱེ་མ་བཞག་པ་ཇི་སྙེད་ཡོད་པ་ཐམས་ཅད་བྱེ་མས་ཡོངས་སུ་གང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་བྱེ་མས་གང་བ་དེ་དག་གི་བྱེ་མའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་བས་ཆེས་མང་ཞིང་ཆེས་གྲངས་


DKG067_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་སྙིང་པོ་བརྩེགས་པ་ཞེས་བྱ་བ་དེ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །མ་ཕམ་པ་དེ་བཞིན་གཤེགས་པ་དཔལ་གྱི་སྙིང་པོ་བརྩེགས་པ་རྣམ་པར་བསྒྲགས་པའི་རྒྱལ་པོ་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་བསྐལ་པར་ལོན་ཏེ། མ་ཕམ་པ་དེ་བཞིན་གཤེགས་པ་དེ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། འཇིག་རྟེན་གྱི་ཁམས་དེ་ཡང་གདན་འདི་ཉིད་ལ་འདུག་བཞིན་དུ་ངས་ལྷན་ཅིག་སྐྱེས་པའི་ཤའི་མིག་གིས་མཐོང་ངོ་། །དེ་བཞིན་གཤེགས་པ་དེས་ཀྱང་འཇིག་རྟེན་གྱི་ཁམས་དེ་ན་གདན་ལ་བཞུགས་བཞིན་དུ་ལྷན་ཅིག་སྐྱེས་པའི་ཤའི་སྤྱན་གྱིས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་དང་ང་དང་འཁོར་དུ་བཅས་པ་གཟིགས་སོ། །མ་ཕམ་པ་གང་དེ་བཞིན་གཤེགས་པའི་ལྷན་ཅིག་སྐྱེས་པའི་ཤའི་སྤྱན་འདི་ལ་ཡིད་ཆེས་པ་དང་མོས་པར་བྱེད་པ་དང་། མངོན་པར་དད་པར་བྱེད་པ་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་དད་པར་བྱེད་པ་དང་། མངོན་པར་དད་པར་བྱེད་པ་དང་། དེ་བཞིན་གཤེགས་པ་དེའི་སྨོན་ལམ་གྱི་བྱིན་གྱི་རླབས་ཡོངས་སུ་རྫོགས་པ་ལ་ཡིད་ཆེས་པར་བྱེད་པ་དང་། མོས་པར་བྱེད་པ་དང་། ནེམ་ནུར་མི་བྱེད་པ་དང་། ཐེ་ཙོམ་མི་ཟ་བ་དེ་དག་གིས་འཇིག་རྟེན་ཐམས་ཅད་ལས་བྱེ་བྲག་ཏུ་འཕགས་པའི་ཆོས་ཐམས་ཅད་ཡོངས་སུ་བཟུང་བར་འགྱུར་རོ། །དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་བས་ན་མ་ཕམ་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་དེ་བཞིན་གཤེགས་པ་དེའི་མཚན་དང་། དེ་བཞིན་གཤེགས་པ་དེའི་སྨོན་ལམ་གྱི་བྱིན་གྱི་རླབས་མཉན་པའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་མེས་ཡོངས་སུ་གང་བ་ལས་ཀྱང་རྒལ་ཏེ་འགྲོ་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པས་འདི་སྐད་ཅེས་གསོལ་ཏོ། །ཡང་བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་


DKG067_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མཆིས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་ཕམ་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་ཕམ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཅིག་དང་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་ཞིང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་གཅིག་པོ་ཡོད་དོ། །མ་ཕམ་པ་བྱང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་ནས་འཇིག་རྟེན་གྱི་ཁམས་རྡོ་རྗེའི་སྙིང་པོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེས་རབ་ཏུ་འཇོམས་པ་ཞེས་བྱ་བ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །མ་ཕམ་པ་གང་དག་དེ་བཞིན་གཤེགས་པ་རྡོ་རྗེས་རབ་ཏུ་འཇོམས་པ་དེའི་མཚན་ཉན་པར་འགྱུར་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་མཐུ་ཆེའོ། །མ་ཕམ་པ་ངས་མངོན་པར་ཤེས་པ་དེ་བཞིན་གཤེགས་པ་མར་མེ་མཛད་ལས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་གྱུར་ཏོ། །མ་ཕམ་པ་གལ་ཏེ་ངས་དེ་བཞིན་གཤེགས་པ་མར་མེ་མཛད་དེ་ལས་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པར་མ་གྱུར་ན། ང་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །རྡོ་རྗེས་རབ་ཏུ་འཇོམས་པ་ཞེས་བྱ་བའི་ཚིག་གི་དོན་ཇི་ལྟ་བུ་ཞེ་ན། མ་ཕམ་པ་འདི་ལྟ་སྟེ། དཔེར་ན་ནོར་བུའམ། །རྡོ་བའམ། བོང་བའམ། གསེག་མའམ། གྱོ་


DKG067_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

མོའམ། ས་ཡང་རུང་རྡོ་རྗེས་བཅོམ་སྟེ་ནང་དུ་འགྲོ་བ་དེ་བཞིན་དུ། མ་ཕམ་པ་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་དང་། འདིའི་བྱིན་གྱི་རླབས་དང་། ངའི་ཐམས་ཅད་མཁྱེན་པ་ཉིད་ལ་དད་པར་འགྱུར་བ་དེ་དག་སོ་སོའི་སྐྱེ་བོའི་ས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ཀྱང་རྣམ་པར་གཏོར་ཅིང་རྣམ་པར་བཤིག་མངོན་པར་བཅོམ་ཞིང་དྲལ་ཏེ། ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པར་འགྱུར་རོ། །དེའི་ཕྱིར་དེའི་མཚན་རྡོ་རྗེས་རབ་ཏུ་འཇོམས་པ་ཞེས་བྱ་སྟེ། དེ་ལྟར་སྨོན་ལམ་ཕུན་སུམ་ཚོགས་ཤིང་། དེ་བཞིན་གཤེགས་པ་དེ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་ནོ། །བྱང་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་སྟོང་གི་ཐ་མ་ན་འཇིག་རྟེན་གྱི་ཁམས་ནོར་བུ་སྣང་བ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཞེས་བྱ་བ་བཞུགས་ཏེ། གང་དེ་བཞིན་གཤེགས་པ་དེའི་མཚན་ཉན་པར་འགྱུར་བ་ངེས་པ་ལ་ཞུགས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །འཇིག་རྟེན་གྱི་ཁམས་དེ་ན་ཉན་ཐོས་ཀྱི་ཐེག་པ་ཅན་ནམ། རང་སངས་རྒྱས་ཀྱི་ཐེག་པ་ཅན་གང་ཡང་མེད་དེ། དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་མེ་ལ་བསྙེན་བཀུར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་སངས་རྒྱས་བཅོམ་ལྡན་འདས་ནི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བའོ། །འོད་སྲུང་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་ལྔ་བཅུ་རྩ་ལྔའི་ཐ་མ་ན་འཇིག་རྟེན་གྱི་ཁམས་ཨ་ག་རུའི་དྲི་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་འོད་ཅེས་བྱ་བ་བཞུགས་ཏེ། འོད་སྲུང་གང་དེ་བཞིན་གཤེགས་པ་དེའི་མཚན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཐོས་ན་སྐྱེ་བ་ལས་རྣམ་པར་ལོག་པའི་བྱིན་གྱི་རླབས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོབ་སྟེ། དེ་ལ་གནས་ན་གང་གཱའི་བྱེ་མ་སྙེད་ཀྱི་སངས་རྒྱས་གྲངས་མེད་པ་རྣམས་མཐོང་བ་དང་། དེ་དག་གིས་བཤད་པ་ཀུན་འཛིན་པ་དང་། ཆོས་ཅི་འདྲ་བ་ཉན་ཅིང་སྨྲ་བར་འདོད་པ་དེ་འདྲ་བར་ཐོས་ཤིང་སྨྲ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།


DKG067_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་བཅོམ་ལྡན་འདས་དེའི་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་ཡིན་ཏེ། གང་དག་གིས་བདག་གི་མིང་ཐོས་ན་དེས་ཏིང་ངེ་འཛིན་འདི་ཐོབ་པར་གྱུར་ཅིག་ཅེས་དེའི་སྨོན་ལམ་དེ་ལྟར་བཏབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདི་ནས་སྟོང་ཕྲག་ལྔ་བཅུ་ན། །འཇིག་རྟེན་ཁམས་ནི་ལེགས་སྤྲུལ་པ། །ཨ་ག་རུ་ཡི་དྲི་ཞེས་བྱ། །སྤོས་ངད་རྟག་ཏུ་ལྡང་བ་ན། །རིན་ཆེན་ཟླ་བ་དམ་པའི་འོད། །རྫོགས་པའི་སངས་རྒྱས་དེ་ན་བཞུགས། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །གང་གིས་དེ་ཡི་མཚན་ཐོས་པ། །སྐྱེ་བ་གཅིག་གིས་ཐོགས་གྱུར་ཅིང་། །བྱིན་གྱིས་རློབ་ཅེས་བྱ་བ་ཡི། །ཏིང་འཛིན་དམ་པ་ཐོབ་པར་འགྱུར། །རྟག་པར་ཀུན་ཏུ་སྣང་བར་བྱེད། །ཏིང་ངེ་འཛིན་འདི་ཐོབ་ནས་ནི། །སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །གཞལ་མེད་ཆོས་ཀྱང་སྟོན་པ་ཡི། །འཇིག་རྟེན་འདྲེན་པ་རྣམས་ཀྱང་མཐོང་། །ཆོས་ཀུན་སྙིང་པོ་མེད་པར་ནི། །འཇིག་རྟེན་མགོན་པོས་རབ་ཏུ་བསྟན། །ཚིག་འདི་ཡང་དག་འཛིན་པ་རྣམས། །སེམས་ཅན་དག་ནི་དགེ་བ་སྐྱེད། །ཁམས་ཀུན་དངོས་པོ་མེད་པར་ཡང་། །དེ་ཡི་ཁམས་ལ་རྣམ་པར་ལྟ། །ཆོས་གང་མཚན་ཉིད་མེད་པ་ལ། །དངོས་པོ་མེད་པར་ཡོངས་སུ་སྨྲ། །དངོས་པོ་དེ་ནི་མི་རྙེད་དེ། །དངོས་པོ་མེད་པའང་དེ་འདྲ་ཞིང་། །བདག་མེད་པས་ན་སྙིང་པོ་མེད། །དེ་ལྟར་དེ་ནི་ཆོས་རྣམས་སྟོན། །ཆོས་གང་རབ་ཏུ་སྟོན་པ་ཡང་། །དེ་ནི་བདེན་པ་བླ་མེད་དེ། །དེ་ཕྱིར་དེ་ཡི་ཡེ་ཤེས་འཇུག །མི་ཤེས་པ་ལའང་དེ་བཞིན་ནོ། །མི་ཤེས་པ་དང་ཡེ་ཤེས་དང་། །གཉིས་པོ་འདི་ནི་ཡོད་མ་ཡིན། །འདི་ལ་ཆོས་ནི་རྣམ་བྱང་མེད། །ཉོན་མོངས་པ་ཡང་ཡོད་མ་ཡིན། །ཆོས་ཀུན་གཏན་ལ་བབ་པར་ནི། །དེ་ལྟར་མགོན་པོ་རབ་ཏུ་སྟོན། །གནས་པ་མེད་པར་རབ་བཤད་ནས། །སངས་རྒྱས་གནས་པ་མེད་པར་འགྱུར། །གང་ཚེ་བྱང་ཆུབ་འགྱུར་བ་ལ། །ཆོས་རྣམས་དེ་ཡིས་མི་རྙེད་ཅིང་། །བྱང་ཆུབ་སེམས་དཔའ་མི་གནས་པ། །དེ་ལྟར་མང་དུ་གནས་པ་ཡིན། །སྒྲ་དང་དོན་ཀྱང་མེད་པ་སྟེ། །མཁས་པ་དེ་ལ་མི་རྟོག་གོ །མང་དུ་ཐོས་པས་དེ་རྒྱགས་ཤིང་། །འཇིག་རྟེན་དག་ན་མི་རྩོད་དོ། །འོད་སྲུང་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་དྲུག་ཅུ་


DKG067_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ནས། །འཇིག་རྟེན་གྱི་ཁམས་རབ་ཏུ་དགའ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོ་དམ་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། འོད་སྲུང་དེ་བཞིན་གཤེགས་པ་དེའི་མཚན་ཐོས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཕྱིར་མི་ལྡོག་ཅིང་སྐྱེ་བོ་ཐམས་ཅད་ལ་སྡུག་པར་འགྱུར་བ་དང་། འདུ་བར་འགྱུར་བ་དང་། ཚིག་འཛིན་པར་འགྱུར་བའི་ལས་དེ་དག་གིས་ཡོངས་སུ་བཟུང་བར་འགྱུར་རོ། །སྤོབས་པ་ཡང་ཟབ་མོར་འགྱུར་རོ། །སེམས་ཅན་གང་དག་ལ་ཆོས་སྟོན་པ་དེ་དག་ཆོས་བསྟན་པ་དེ་ལ་མོས་པར་འགྱུར་རོ། །བུད་མེད་ཀྱིས་ཀྱང་ཐོས་ན་དེ་བུད་མེད་ཀྱི་དངོས་པོའི་ཐ་མར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྟོང་ཕྲག་དག་ནི་དྲུག་ཅུར་ཡང་། ཚང་ཞིང་ཆད་པ་མེད་པའི་ཞིང་། །རབ་ཏུ་དགའ་ཞེས་བྱ་བ་ཡི། །འཇིག་རྟེན་ཁམས་ནི་ལེགས་པར་གནས། །དེ་ན་སངས་རྒྱས་བཞུགས་པ་ནི། །ཆོས་རྣམས་ཀུན་གྱི་ཕ་རོལ་ཕྱིན། །བཟང་མཆོག་དཔལ་ཞེས་བྱ་བ་ཡི། །འཇིག་རྟེན་མགོན་པོ་བླ་ན་མེད། །ལྷར་གྱུར་པ་ཡི་སྐྱོབ་པ་སྟེ། །དེ་ཡི་མཚན་ནི་ཐོས་ནས་སུ། །གང་དང་གང་དུ་སྐྱེས་པར་ཡང་། །སྡུག་ཅིང་ཡིད་དུ་འོང་བར་འགྱུར། །ཚིག་བཙུན་ཤེས་རབ་མཆོག་དང་ལྡན། །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏེ། །ཆོས་དེ་རབ་ཏུ་ཐོས་ནས་ཀྱང་། །དགའ་བ་དམ་པ་ཐོབ་པར་འགྱུར། །སངས་རྒྱས་དག་གི་མཚན་འདི་ནི། །བུད་མེད་དག་གིས་ཐོས་ན་ཡང་། །བུད་མེད་སྐྱེ་གནས་འཇིགས་ཆེན་གྱི། །སྐྱེ་གནས་ལས་ནི་ཡོངས་སུ་ཐར། །གང་ལ་འཇིག་རྟེན་མི་རྟོགས་པ། །ཟབ་ཅིང་ཤིན་ཏུ་མཁས་པ་དང་། །ཇི་ལྟར་དྲི་མེད་གོ་འཕང་བཞིན། །དེ་ལྟ་བུ་ཡི་སེམས་སུ་འགྱུར། །ཇི་བཞིན་པ་དང་ཇི་བཞིན་མིན། །དེ་དག་གཉི་ག་དངོས་པོ་མེད། །ཆོས་གང་སྐྱོ་བར་གྱུར་པ་ལ། །དེ་ལ་བརྗོད་པ་ག་ལ་ཡོད། །འོད་སྲུང་འདི་ནས་བྱང་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་སྟོང་ཕྲག་བརྒྱད་ཅུའི་ཕ་རོལ་ན་འཇིག་རྟེན་གྱི་ཁམས་ལེགས་པར་འཇུག་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མོ་ལ་བཞུད་པ་ཞེས་བྱ་བ་བཞུགས་ཏེ། རིགས་ཀྱི་བུའམ་


DKG067_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་མོས་དེའི་མཚན་ཐོས་ན། ཚེ་འཕོས་ནས་གཟུགས་བཟང་ཞིང་མཛེས་པ་དང་། སེམས་ཅན་རྣམས་མཐོང་ན་དགའ་བ་དང་། སྡུག་ཅིང་ཡིད་དུ་འོང་བར་འགྱུར་རོ། །བསྐལ་པ་གྲངས་མེད་པ་རྗེས་སུ་དྲན་ཞིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འགྲོ་བ་ཐམས་ཅད་དང་སྐྱེ་བ་ཐམས་ཅད་དུ་བླ་ན་མེད་པའི་སྤོབས་པ་དང་ལྡན་པར་འགྱུར་ཞིང་རྟག་ཏུ་རྒྱུན་མི་འཆད་པར་ཆོས་སྟོན་ཏོ། །དེའི་སྨོན་ལམ་དང་མིག་ཀྱང་རྣམ་པར་དག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སྟོང་ཕྲག་དག་ནི་བརྒྱད་ཅུ་ཡི། །སངས་རྒྱས་ཞིང་ནི་ཚང་བ་ན། །བདེ་བར་འཇུག་པའི་འཇིག་རྟེན་ཁམས། །དེ་ནི་ཤིན་ཏུ་བཟང་བ་སྟེ། །དེ་ན་སངས་རྒྱས་བཞུགས་པ་ནི། །འཇིག་རྟེན་མགོན་པོ་བླ་མེད་པ། །རིན་ཆེན་པད་མོ་བཞུད་ཅེས་བྱ། །འཇིག་རྟེན་མགོན་པོ་འོད་མཛད་པ། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །དེ་ཡི་མིག་ནི་རྣམ་དག་ཅིང་། །གཟུགས་ཀྱང་ཤིན་ཏུ་བཟང་པོར་འགྱུར། །བལྟ་ན་སྡུག་པའང་དེ་བཞིན་ནོ། །མཉམ་པར་བཞག་པའི་སངས་རྒྱས་ཀྱི། །ཉན་ཐོས་རྣམས་ཀྱང་གནས་པ་ནི། །རྣམ་པར་ཐར་པས་ཞི་བར་འགྱུར། །དེ་ལ་འཇིག་རྟེན་རྟོགས་མི་འགྱུར། །ལོ་སྟོང་དུ་ཡང་ཚང་བ་དང་། །ཏིང་ངེ་འཛིན་ལས་ལངས་ནས་ཀྱང་། །སངས་རྒྱས་དེ་ཡི་ཉན་ཐོས་རྣམས། །ཇི་ལྟར་གནས་པས་གནས་པར་བྱེད། །བཟང་མཆོག་སངས་རྒྱས་དེ་ཡི་མཚན། །ཐོས་ནས་དེ་འདྲ་དེ་ལྟར་འགྱུར། །དེ་ཡི་མཚན་འདི་འདིར་ཐོས་ནས། །དེ་དག་བསྐལ་པ་གྲངས་མེད་པར། །ཡོན་ཏན་རྗེས་སུ་མྱོང་བར་འགྱུར། །དེ་ཚེ་དཔའ་བོས་ཡོན་ཏན་ཤེས། །སྤོབས་པ་ཕུན་སུམ་ཚོགས་པ་ཡིས། །མདོ་སྡེ་ཤིན་ཏུ་བཟང་པོ་རྣམས། །མ་ཆགས་ཐོགས་པ་མེད་པའི་ཚིག །སྲོག་ཆགས་རྣམས་ལ་ཆོས་སྟོན་ཏོ། །ཡང་འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་མཚན་རྣམས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཉན་པ། འོད་སྲུང་བུད་མེད་ཀྱིས་དེ་བཞིན་གཤེགས་པའི་མཚན་ཐོས་ན། བུད་མེད་ཀྱི་དངོས་པོ་ལས་འགྱུར་བ་ངས་སྔར་བཤད་པ་དང་འདྲ་བས་རེ་ཤིག་གཞག་གོ །ཇི་ལྟར་ཡོན་ཏན་བྱེ་བྲག་མེད་པར་བཤད་པ་དེ་དག་ཐམས་ཅད་ཀྱི་གོ་སྐབས་སུ་འགྱུར་ཏེ། མཚན་


DKG067_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཐོས་ན་ཡོན་ཏན་གྱི་ཁྱད་པར་ཇི་སྐད་དུ་བཤད་པ་རྣམས་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འདོད་པའི་སྲེད་པ་ཆད་པ་དང་། །ཀུན་ཏུ་སྦྱོར་བ་ཟད་པ་ཡི། །སངས་རྒྱས་རྣམས་ཀྱི་མཚན་འདི་དག །མཉན་ཅིང་རྟོགས་པར་བྱེད་པ་ནི། །ཡོན་ཏན་ཁྱད་པར་ཤིན་ཏུ་མང་། །ཚེ་འཕོས་ཡོན་ཏན་འདི་དག་འབྱུང་། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །མཚན་རྣམས་ཐོས་པར་གྱུར་ནས་ནི། །བུད་མེད་སྨོན་ལམ་འདི་འདེབས་ན། །དེ་ཚེ་སྐྱེས་བུ་མཆོག་ཏུ་འགྱུར། །བུད་མེད་དངོས་པོ་འདོར་འདོད་པས། །འཇིག་རྟེན་མ་རུང་འགྱུར་བ་ཡི། །བུད་མེད་དངོས་པོ་རྣམ་པར་ལྡོག །མྱུར་དུ་སེམས་ཅན་རྣམས་ཀྱི་ནི། །བླ་མེད་དགེ་བའི་བཤེས་གཉེན་འགྱུར། །མི་གང་འདོད་པ་སྤོང་བ་ནི། །བསོད་ནམས་རྣམ་པ་མང་པོ་སྐྱེད། །བདག་ཉིད་དང་ནི་ཕ་རོལ་དག །དགེ་བ་ལ་ནི་འཇོག་བྱེད་པ། །སྡུག་བསྔལ་དག་ལས་ཡོངས་སུ་འཐར། །བུད་མེད་ཡང་དང་ཡང་དུ་ནི། །བུད་མེད་དངོས་པོ་སྤང་བ་དང་། །ཡོངས་སུ་ཐར་བར་འདོད་པ་ནི། །ཇི་ལྟར་གྲོང་ཁྱེར་དབུས་སུ་ཡང་། །དུག་གི་ཤིང་ཆེན་ཡོད་པ་ལས། །དེ་ཡང་ཤིན་ཏུ་གཅད་གྱུར་ན། །སྲོག་ཆགས་རྣམས་ནི་བདེ་བར་འགྱུར། །དེ་བཞིན་དུག་གི་དངོས་པོ་ཡི། །བུད་མེད་དངོས་པོ་སྡིག་པ་ལ། །སྡིག་པ་དེ་ནི་རབ་སྤངས་ན། །སངས་རྒྱས་ལམ་ལ་རབ་ཏུ་གནས། བདག་གི་དངོས་དང་སེམས་ཅན་དངོས། །འདི་དག་གཉིས་ཀ་མི་རྙེད་དེ། །གང་ལ་སྡོམ་པ་མི་རྙེད་པ། །དེ་ནི་བླ་ན་མེད་པའི་ལམ། །སྐྱེས་པའམ་ཡང་ན་བུད་མེད་ཀྱང་། །དམ་པའི་དོན་དུ་ཡོད་མ་ཡིན། །གང་ལ་དངོས་པོ་མི་རྙེད་པ། །དེར་ནི་སྨོན་ལམ་སྦྱངས་པ་ཡིན། །སྨོན་ལམ་དག་ནི་མེད་པ་ལ། །རྣམ་པར་ཤེས་པ་འབྱུང་བ་མེད། །དེ་ནི་དམ་པའི་མཐའ་ཡིན་ཏེ། །དམིགས་པ་མེད་པ་ཉིད་དུ་འགྱུར། །བུད་མེད་དངོས་པོ་སེམས་ཀྱིས་བརྟགས། །སེམས་དེ་ཉིད་ཀྱང་མི་རྙེད་དེ། །སེམས་ཉིད་དེ་ནི་མི་རྙེད་ན། །བླ་ན་མེད་པའི་སྨོན་ལམ་ཡིན། །བུད་མེད་དངོས་པོ་སྤངས་པའི་ཕྱིར། །གང་སུ་མངོན་པར་བརྩོན་བྱེད་པ། །ཀུན་ཏུ་རྟོག་ལ་སྤྱོད་པ་སྟེ། །ཀུན་ནས་ལྡང་ལ་དེ་གནས་སོ། །བུད་མེད་དངོས་པོར་གང་བརྗོད་པ། །དངོས་པོ་དེ་ནི་ཡོད་མ་ཡིན། །དེ་ལྟར་རབ་ཏུ་ཤེས་པ་ནི། །


DKG067_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་དག་ལ་དེ་སྦྱོར་རོ། །སྦྱོར་བ་དང་ནི་མི་སྦྱོར་དང་། །དེ་དག་གཉི་ག་ཅི་ཡང་མེད། །ཆོས་རྣམས་ཡོད་པ་མ་ཡིན་པ། །དེ་ནི་སྦྱོར་བ་ཞེས་ཀྱང་བྱ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡི། །མཚན་འདི་རབ་ཏུ་ཐོས་ནས་ནི། །སངས་རྒྱས་ཀུན་གྱི་དྲུང་དུ་ཡང་། །དགེ་བ་མང་པོ་སྐྱེད་པར་བྱེད། །ཐམས་ཅད་གཟིགས་ཀྱི་མཚན་ཀུན་དང་། །དེ་ལྟ་བུ་ཡི་མིང་ཐོས་ནས། །གང་དང་གང་དུ་སྐྱེས་པར་ཡང་། །ཡོན་ཏན་འདི་དག་ཡོངས་སུ་འཛིན། །གང་ཉན་དེ་དག་ངས་མཐོང་སྟེ། །ལུང་ནོད་པ་ཡང་ངས་མཐོང་ངོ་། །ངས་ནི་དེ་དག་མང་མཐོང་བ། །དེ་ལ་གང་དག་མ་མོས་ཤིང་། །འདི་ནི་སངས་རྒྱས་མ་བཤད་ཅེས། །དེ་སྐད་གང་སྨྲ་ངས་མཐོང་སྟེ། །སངས་རྒྱས་ཆོས་རྣམས་སྤངས་ནས་སུ། །སེམས་ཅན་དམྱལ་བ་མང་པོར་འགྲོ། །འཇིག་རྟེན་གཉེན་གྱི་ཆོས་རྣམས་ནི། །རབ་ཏུ་སྤང་བ་བྱས་ནས་ཀྱང་། །སྡིག་པའི་ལས་རྣམས་བྱས་པས་ན། །སྡིག་པའི་འགྲོ་བ་དག་ཏུ་འགྲོ། །གླེན་ཞིང་ལྐུགས་ལ་བླུན་པ་དང་། །དབང་པོ་ཉམས་པའང་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྣམ་སྤངས་ནས། །དེ་དག་སེམས་ཀྱང་གཡེངས་པར་འགྱུར། །དབང་ཐང་ཆུང་ཞིང་མདོག་ཀྱང་ངན། །གཟི་བརྗིད་ཉམས་ཤིང་བལྟ་མི་སྡུག །སྡིག་པ་དམན་པའི་སྐྱེ་གནས་སུ། །མི་དེ་སྐྱེ་བར་འགྱུར་བ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་ཀྱིས། །བཤད་པའི་ཆོས་ནི་དེ་མི་ཤེས། །ཟབ་མོ་ལ་ཡང་མི་འཇུག་སྟེ། །འབྲས་བུ་ཆོས་ཀྱིས་ཕོངས་པར་འགྱུར། །ཆོས་ཀྱིས་ཕོངས་པ་ཐོས་ནས་ནི། །མི་དེ་ཤེས་རབ་འཆལ་པར་འགྱུར། །འཇིག་རྟེན་མགོན་པོ་འོད་མཛད་པ། །ཡེ་ཤེས་ཆེན་པོ་མི་མཉེས་བྱེད། །དགེ་སློང་རྣམས་དང་དེ་བཞིན་དུ། །དགེ་བསྙེན་རྣམས་ལ་གོ་བར་བྱ། །ཆོས་ལ་འགལ་བར་གང་བྱེད་པ། །ཕོངས་པ་འདི་ནི་སྡུག་བསྔལ་ལོ། །ཕྱོགས་བཅུ་ཡི་ནི་འཇིག་རྟེན་ན། །སངས་རྒྱས་འདྲེན་པ་རྣམས་བཞུགས་ཤིང་། །གང་ན་སྐྱེ་བོ་ཡོད་པ་དེར། །ཟབ་མོ་ཡི་ནི་ཆོས་སྟོན་ཏོ། །དེ་ཕྱིར་འཇིག་རྟེན་མགོན་པོ་ལ། །མོས་པ་དག་ཀྱང་རབ་ཏུ་སྐྱེད། །རྫོགས་པའི་སངས་རྒྱས་ཆགས་མེད་ཆོས། །འདྲེན་པ་དག་ནི་ཆོས་གསུངས་ཏེ། །དེ་དག་གི་ནི་མཚན་འདི་ལ། །སུ་དག་མོས་པར་འགྱུར་བ་ནི། །མཁས་པ་དེ་དག་བསོད་ནམས་ཀྱང་། །དཔག་ཏུ་མེད་དང་ལྡན་པར་


DKG067_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །མི་གང་འདིར་ནི་འདི་ལྟ་ཡིས། །མཚན་རྣམས་འཛིན་པར་འགྱུར་བ་ནི། །སྤོབས་པ་ཕུན་སུམ་ཚོགས་པ་དང་། །མཁས་པར་ཡང་ནི་རབ་ཏུ་འགྱུར། །འདི་ལྟ་བུ་ཡི་མཚན་རྣམས་ཀྱང་། །ཆགས་མེད་གྱུར་ནས་རབ་སྟོན་ན། །འཇིག་རྟེན་ཀུན་གྱིས་བཀུར་བ་དང་། །ཚིག་བཙུན་པར་ཡང་རྟག་ཏུ་འགྱུར། །ཕྱོགས་བཞིར་དེ་ཡི་མཚན་འདི་རྣམས། །གང་དག་རབ་ཏུ་བརྗོད་པ་ནི། །གང་དང་གང་དུ་སྐྱེས་པར་ཡང་། །དེ་ནི་འཇིགས་པ་མེད་པར་འགྱུར། །སངས་རྒྱས་མཚན་རྣམས་ཐོས་ནས་ཀྱང་། །མི་གང་འདིར་ནི་འདི་ལྟ་ཡི། །མཚན་རྣམས་མཆོད་པར་བྱེད་པ་ནི། །དེ་ལ་བྱང་ཆུབ་རྒྱང་མི་རིང་། །སུ་དག་འདི་ལྟའི་མཚན་རྣམས་ལ། །སྐྱེ་བོ་མང་པོ་འཛུད་བྱེད་པ། །འཇིག་རྟེན་མགོན་པོའི་སྤྱོད་ཡུལ་ནི། །དེ་ལ་རྙེད་པར་དཀའ་མ་ཡིན། །འོད་སྲུང་ཆོས་བཞི་དང་ལྡན་པའི་དགེ་སློང་ནི་མཚན་འདི་དག་ལ་མོས་པར་འགྱུར་རོ། །བཞི་གང་ཞེ་ན། དེས་སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱས་པ་ཡིན། ཟབ་མོ་ལ་མོས་པ་ཡིན། དབེན་པར་མོས་པ་ཡིན། དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་དམ་པའི་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་མ་བྱས་མ་བསགས་པ་ཡིན་ནོ། །འོད་སྲུང་ཆོས་བཞི་པོ་དེ་དག་དང་ལྡན་པའི་དགེ་སློང་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དག་གི་མཚན་རྣམས་ལ་མོས་པར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །དེས་སྔོན་རྫོགས་པའི་སངས་རྒྱས་རྣམས། །མཐོང་ཞིང་མཆོད་པ་བྱས་པ་ཡིན། །དགེ་བའི་རྩ་བ་དེ་ཉིད་ཀྱིས། །དེ་དག་མཚན་རྣམས་ཐོས་པར་འགྱུར། །ཟབ་མོ་ལ་ཡང་རབ་མོས་ཤིང་། །ང་ཡི་སངས་རྒྱས་ཆོས་ལ་ཉན། །སྔོན་གྱི་ལས་རྣམས་ཡོངས་དག་པས། །དེ་ནས་འདིར་ནི་འོངས་པ་སྟེ། །སྔོན་ཡང་མདོ་སྡེ་བཤད་པ་ལ། །དེ་དག་ཡིད་གཉིས་ཡོང་མེད་དེ། །ཡང་དག་རྫོགས་པས་བཤད་པ་ཡི། །མདོ་སྡེ་དེ་ལ་འགལ་མི་བྱེད། །ཉི་ཚེ་བ་ཡི་བཟོད་པ་ལ། །འདྲེན་པ་དག་ནི་མོས་པར་བྱེད། །ཤིན་ཏུ་དང་བའི་སེམས་ཀྱིས་ཀྱང་། །ངས་བཤད་པ་ལ་མཉན་པར་གྱིས། །གདམས་པ་དག་ལ་མངོན་དགའ་ཞིང་། །ཆོས་


DKG067_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་ནི་འབྲང་བར་བྱ། །དེ་དག་ཆོས་སུ་འདུ་ཤེས་པས། །ཆོས་དེ་ཐམས་ཅད་སྡུད་པར་བྱེད། །འདུ་ཤེས་པ་དང་འདུ་ཤེས་མེད། །དེ་དག་ཡོད་པ་མ་ཡིན་ནོ། །སངས་རྒྱས་ཀུན་གྱི་ཡུལ་རྣམས་ནི། །བསམ་གྱིས་མི་ཁྱབ་རྟོགས་པར་བྱེད། །དེ་དག་གི་ནི་ཆོས་ཉིད་འདི། །ཟབ་མོ་ལ་ནི་གང་མོས་ཤིང་། །མོས་པ་དག་ནི་མང་གྱུར་པ། །དེ་དག་ལ་ནི་རྩོད་པ་མེད། །ཟབ་མོ་སྤྱོད་པ་དེ་དག་ལ། །ཡིད་གཉིས་དག་ནི་ཡོང་མེད་དོ། །ནོར་ལ་སྲེད་པ་གཏེར་དང་ཡང་། །འདྲ་བར་འགྱུར་བ་མ་ཡིན་ནོ། །འཇིག་རྟེན་གྱི་ནི་མགོན་པོ་ལ། །སུ་དག་ནེམ་ནུར་སྐྱེ་བ་ནི། །དབང་པོ་རྟུལ་ཞིང་མྱོས་པ་དང་། །མི་བརྩོན་པར་ནི་རིག་པར་བྱ། །གང་དག་མོས་པར་གྱུར་པ་ནི། །དེ་དག་ལ་ཡང་ཡིད་གཉིས་མེད། །འདི་དག་འགོག་པར་བྱེད་པ་ནི། །མངོན་པར་བརྩོན་པའི་འབྲས་བུ་མེད། །སངས་རྒྱས་མཚན་ནི་ལེགས་བཤད་པ། །དེ་ལྟ་བུ་ཡི་མཚན་ཐོས་ནས། །སངས་རྒྱས་དག་གི་བསྔགས་པ་སྨྲ། །ཕྱོགས་བཅུ་དག་ན་འཇིག་རྟེན་མགོན། །རྫོགས་པའི་སངས་རྒྱས་མཚན་བསྟོད་དེ། །ཡང་དང་ཡང་དུ་སངས་རྒྱས་ཀྱི། །མཚན་རྣམས་མི་གང་དྲན་བྱེད་པ། །དེ་ནི་མྱུར་དུ་དྲི་མེད་འགྱུར། །སྲོག་ཆགས་རྣམས་ཀྱིས་བཀུར་བ་ཡིན། །ཆགས་པ་མེད་པའི་སྤོབས་པ་ཡིས། །སངས་རྒྱས་བྱང་ཆུབ་རབ་ཏུ་སྟོན། །འོད་སྲུང་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཟླ་བའི་བླ་མ་ཞེས་བྱ་བ་ཡོད་དེ། །དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་སྣང་བས་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ། །འོད་སྲུང་སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྩོད་པ་ལ་དགའ་བ་མདོག་ངན་བརྩེགས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཕམ་པའི་དཔལ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་སློབ་དཔོན་དང་ལྡན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་བླ་མ་བདེ་བར་གཤེགས་པ་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རི་རབ་རྒྱལ་མཚན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་


DKG067_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་རླན་པའི་གླང་པོ་དམ་པ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་མཛེས་པ་རྟོག་པའི་བྱང་ཆུབ་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མེད་པ་ལ་ཞུགས་པའི་དཔལ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོངས་སུ་འཛིན་པ་མེད་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགོངས་པ་བརྗོད་ཀྱིས་མི་ལང་བ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཚངས་པར་སྤྱོད་པས་བརྒྱན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏི་མུག་མེད་པའི་སྤོས་དཔལ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཉི་མ་སྣང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་དཔལ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆོས་མཆོག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་མི་རྟོག་པའི་འོད་ཅེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཆོས་སྤྱོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་སྣང་བ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་དགེ་བ་སོགས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱོད་པ་ཡོངས་སུ་དག་པའི་ཏོག་ཅེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རྣམ་པར་རྒྱལ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏེར་ལེགས་པར་གནས་པ་ཞི་བ་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་བརྩོན་འགྲུས་སྐྱེས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་སྨོན་


DKG067_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྟོབས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་རབ་ཀྱིས་སྦེད་པའི་དཔལ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་མདངས་དགའ་བའི་ཕྱོགས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཏམ་ཤིན་ཏུ་ཡོངས་སུ་དག་པར་མཛད་པ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཙན་དན་གྱི་དྲིའི་ཕུག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཻ་དཱུཪྱའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་ཡོན་ཏན་རིན་པོ་ཆེས་རྣམ་པར་གནོན་པ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་ཚད་མེད་དཔལ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཤིན་ཏུ་ཡོངས་སུ་དག་པ་རབ་ཏུ་གནས་པ་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཉན་ཐོས་མ་འོངས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་སྣང་བས་རྣམ་པར་གནོན་པའི་མཆོད་རྟེན་ཞེས་བྱ་བ་བཞུགས་སོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་གཉིད་མེད་པའི་མིག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཁྲེལ་ཡོད་པ་གསེར་དམ་པའི་དཔལ་ཞེས་བྱ་བ་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །སངས་རྒྱས་དཔལ་གྱི་ཟླ་བ་ཅན། །རྒྱལ་ཆེན་མི་ཡི་ཁྱུ་མཆོག་སྟེ། །སངས་རྒྱས་ཁྱུ་མཆོག་དེ་དག་ནི། །ཆོས་ཀུན་རྣམ་པར་སྤྱོད་པ་མཛད། །སངས་རྒྱས་དེ་དག་མིང་རྣམས་ཀྱིས། །སངས་རྒྱས་ཞིང་ནི་རྣམ་པར་སྤྱོད། །མི་གང་དེ་ཡི་མཚན་རྣམས་ནི། །བསྐལ་པ་འདིར་ནི་ཉན་འགྱུར་ཞིང་། །གང་དག་དད་པར་འགྱུར་བ་དང་། །དེ་ལ་རི་མོར་བཅས་པ་དག །དེ་དག་དཔའ་བོ་ཤེས་རབ་ཆེ། །དེ་དག་


DKG067_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་དམ་པར་འགྱུར། །དེ་དག་ཡེ་ཤེས་མཐའ་ཡས་ཏེ། །དེ་ལ་ནེམ་ནུར་མ་བྱེད་ཅིག །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཤིན་ཏུ་མཛེས་པའི་པད་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པད་མ་དམ་པ་རྣམ་པར་འཕྲུལ་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་ངན་སོང་གསུམ་ཡང་བཅད་པར་འགྱུར། སངས་རྒྱས་ཀྱི་ཆོས་ཀྱི་མེ་ཏོག་ཀྱང་ལེགས་པར་རྒྱས་པར་འགྱུར་རོ། །དེ་དག་བསྐལ་པ་སུམ་ཅུ་རྩ་དྲུག་ཏུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ནི་ལེགས་བརྒྱན་པ། །པད་མོ་ཤིན་ཏུ་མཛེས་ཞེས་བྱ། །ལྷ་ཡི་དགའ་བའི་ཚལ་བཞིན་དུ། །རྟག་པར་ཤིན་ཏུ་བརྒྱན་པ་སྟེ། །དེ་ན་སངས་རྒྱས་བཞུགས་པ་ནི། །པད་མ་བླ་དཔལ་མཁས་པ་སྟེ། །སངས་རྒྱས་ཞིང་དེར་རྣམ་པར་འཕྲུལ། །སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན། །སྐྱེས་པ་དང་ནི་བུད་མེད་ཀྱིས། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །ངན་སོང་གསུམ་ནི་རྣམ་སྤོང་ཞིང་། །སངས་རྒྱས་དག་ཀྱང་མང་པོ་མཐོང་། །བསྐལ་པ་སུམ་ཅུ་རྩ་དྲུག་འདོར། །འདུས་བྱས་རྣམས་ཀྱང་རྣམ་པར་བཟློག །སངས་རྒྱས་ཀྱི་ནི་བྱང་ཆུབ་ལས། །ཕྱིར་ཡང་ལྡོག་པར་མི་འགྱུར་རོ། །ལོང་བ་ཞ་བོར་མི་འགྱུར་ཏེ། །བླུན་པོར་རྟག་ཏུ་དེ་མི་འགྱུར། །འཇིག་རྟེན་ཀུན་ན་རྣམ་དག་ཅིང་། །ཤེས་རབ་བསོད་ནམས་ཤིན་ཏུ་འཕེལ། །དེ་བཞིན་གཤེགས་ལ་ཕྱག་བྱས་ན། །སྡིག་པའི་གྲོགས་པོ་མི་འཕེལ་ཞིང་། །གསོད་དང་ཕྱིར་རྒོལ་དེ་བཞིན་ཏེ། །དགེ་བའི་བཤེས་གཉེན་རྙེད་པར་འགྱུར། །སངས་རྒྱས་དེ་དང་འཇིག་རྟེན་གྱི། །མཆོད་རྟེན་གཞན་ལ་ཕྱག་བྱས་ན། །ཆོས་ཀུན་རྟོགས་པར་རིག་པ་ཡིས། །བྱང་ཆུབ་ལ་ནི་ནེམ་ནུར་མེད། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྒྲོལ་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་དག་པ་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་བྱང་ཆུབ་ཀྱི་ཡན་ལག་རིན་ཆེན་བདུན་ཐོབ་པར་འགྱུར་རོ། །བསྐལ་པ་སུམ་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་


DKG067_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །རིན་ཆེན་སྒྲོལ་མ་འཇིག་རྟེན་ཁམས་མཆོག་ན། །རིན་ཆེན་འབྱུང་ཞེས་བྱ་བའི་སངས་རྒྱས་ཏེ། །དེ་ཡི་མཚན་མཆོག་དམ་པ་ཐོས་ནས་ནི། །སྲོག་ཆགས་རྣམས་ཀྱིས་བྱང་ཆུབ་ཡན་ལག་ཐོབ། །བསྐལ་པ་སུམ་ཅུ་དག་ནི་འདོར་བར་བྱེད། བྱང་ཆུབ་ལ་ཡང་ཤིན་ཏུ་ལེགས་པར་གནས། །སྨྲ་བ་དཔའ་བོ་རབ་ཏུ་མི་བསྐྱོད་པ། །སྐྱེས་བུ་དམ་པ་དག་ཀྱང་མང་དུ་མཐོང་། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་གློག་གི་འོད་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་གི་སྒྲོན་མ་ཏོག་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་མི་ཁོམ་པ་ཐམས་ཅད་ཡོངས་སུ་སྤོང་བར་འགྱུར་རོ། །དེ་དག་བསྐལ་པ་ཉི་ཤུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གློག་སྣང་ཞེས་བྱའི་ཞིང་དེ་ན། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་ནི། །གློག་འོད་ཏོག་གི་རྒྱལ་ཞེས་བྱ། །པད་མོ་དམ་པ་ལེགས་པར་བྱུང་། །དེ་ཡི་མཚན་ཡང་ཐོས་ནས་ནི། །མི་ཁོམ་ཐམས་ཅད་རྣམ་པར་སྤོང་། །བསྐལ་པ་ཉི་ཤུར་འདོར་བར་བྱེད། །མྱུར་དུ་བྱང་ཆུབ་འཚང་ཡང་རྒྱ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་གསེར་གྱི་ཤིང་ཏ་ལ་རབ་ཏུ་བརྒྱན་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏ་ལའི་རྒྱལ་པོ་མངོན་པར་འཕགས་པའི་དཔལ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་སེམས་ཅན་ཐམས་ཅད་ལས་མངོན་པར་འཕགས་པར་འགྱུར་རོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཏ་ལ་ནམ་མཁའ་ལ་ཉེ་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ནམ་མཁའི་སྒྲོན་མ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་བསྐལ་པ་དྲུག་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡང་དག་པར་འགྲོ་བ་ལས་ཀྱང་ཕྱིར་མི་ལྡོག་གོ །ཚེ་འདི་ལ་དེ་བཞིན་གཤེགས་པ་མཐོང་བ་ཡང་ཐོབ་པར་འགྱུར་རོ། །ཐ་ན་རྨི་ལམ་ན་ཡང་དེ་བཞིན་གཤེགས་པ་དེ་ལ་ཡན་ལག་ལྔས་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་


DKG067_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷག་པའི་བསམ་པས་རི་མོ་བྱེད་པར་འགྱུར་རོ། །བལྟ་བར་བྱ་བ་དང་། ཕྱག་བྱ་བ་དང་། བསྙེན་བཀུར་བྱ་བའི་ཕྱིར་བླ་ན་མེད་པ་མཁས་པ་དང་ལྡན་པའི་སེམས་ཅན་ཡང་རྙེད་པར་འགྱུར་རོ། །ཚེ་འདི་ལ་ཡོན་ཏན་འདི་དག་ཐོབ་པར་འགྱུར་ཏེ། ཤཱ་རིའི་བུ་དེ་བཞིན་གཤེགས་པ་དེ་ནི་ཡོན་ཏན་དང་ཕན་ཡོན་ཚད་མེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ནམ་མཁའ་ཡོངས་སུ་བརྒྱན་པའི་ཞིང་། །དེ་ན་གྲགས་ཆེན་སངས་རྒྱས་ནི། །ཆོས་ཀྱི་ནམ་མཁའ་སྒྲོན་མའི་མཚན། །སྐྱེས་བུ་དག་ནི་ཁྱུ་མཆོག་སྟེ། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །བསྐལ་པ་དྲུག་ཅུ་ཕྱིར་བཟློག་ཅིང་། །བླ་མེད་སངས་རྒྱས་ཆོས་རྣམས་དང་། །སངས་རྒྱས་འགྲོ་བའང་ཐོབ་པར་འགྱུར། །སངས་རྒྱས་དཔའ་བོ་ཆེན་པོ་དག །ཚེ་འདི་ཉིད་ལ་མཐོང་བར་འགྱུར། །ལྷག་པའི་བསམ་པས་བྱམས་པའི་སེམས། །དཀྱིལ་འཁོར་ལྔ་ཡིས་ཕྱག་བྱས་ཏེ། །རྨི་ལམ་ན་ཡང་རྫོགས་སངས་རྒྱས། །ཀུན་ཏུ་བཟང་པོ་མཐོང་བར་འགྱུར། །ཡིད་ཀྱི་རྟོག་པ་གཞན་གྱི་སེམས། །ཆོས་ཀྱི་རྒྱལ་པོ་དྲན་ནས་སུ། །ཤེས་ལ་མཁས་པའི་སེམས་ཅན་རྣམས། །བསྙེན་བཀུར་བྱ་བ་རྙེད་པར་འགྱུར། །དེ་ནི་ཚེ་འདིའི་ཡོན་ཏན་ཏེ། །སྟོན་པ་ཡོན་ཏན་ཚད་མེད་ཅིང་། །ཆོས་ཀུན་གྱི་ཡང་ཕ་རོལ་ཕྱིན། །ཕུན་སུམ་ཚོགས་པ་ཀུན་གཉེར་བས། །བྱམས་པའི་སེམས་ཀྱིས་ཕྱག་གྱིས་ཤིག །སྟེང་གི་ཕྱོགས་ན་ཤིན་ཏུ་རྣམ་པར་ཕྱེ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་ཐམས་ཅད་འབྱུང་བ་ཞེས་བྱ་བ་བཞུགས་སོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་ཞེ་ན། འཇིག་རྟེན་གྱི་ཁམས་དེ་གཞི་གསེར་ལ་བཻ་དཱུཪྱས་མིག་མངས་རིས་སུ་བྲིས་པ། མིག་མངས་རིས་ཐམས་ཅད་ནས་མེ་ཏོག་གི་ཤིང་དང་། རིན་པོ་ཆེའི་ཤིང་དང་། ཙན་དན་ལ་སོགས་པ་སྤོས་ཀྱི་ཤིང་དག་གིས་ཤིན་ཏུ་རྣམ་པར་ཕྱེ་ཞིང་དེ་དག་ལས་དྲི་བྱུང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གདུགས་གཅིག་ཏུ་ཁྱབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་འབྱུང་བ་དེ་ཆོས་ཀྱི་གདན་ལ་བཞུགས་པའི་མཚན་ཐོས་ནས་དབང་པོ་ཐམས་ཅད་རབ་ཏུ་རྣམ་པར་ཕྱེ་བ་ཡོངས་སུ་འཛིན་ཏོ། །སངས་རྒྱས་ཀྱི་


DKG067_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རབ་ཏུ་རྣམ་པར་ཕྱེ་བ་ཡང་ཡོངས་སུ་འཛིན་ཏོ། །བསྐལ་པ་བརྒྱད་ཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་ཡང་བྱས་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ནི་བླ་མེད་པ། །ཤིན་ཏུ་རྣམ་པར་ཕྱེ་ཞེས་བྱ། །ཤིང་གིས་མིག་མངས་རིས་སུ་བྱས། །སྤོས་ཀྱི་ཤིང་གིས་ཤིན་ཏུ་མཛེས། །དེ་དག་ལས་ནི་དྲི་བྱུང་བས། །ས་ཀུན་ཏུ་ཡང་རྒྱས་པར་འགྱུར། །གདུགས་གཅིག་ཏུ་ནི་བྱས་ནས་སུ། །བར་སྣང་ལ་ཡང་དེ་གནས་སོ། །དེ་ལ་སངས་རྒྱས་བཞུགས་པ་ནི། །ཡོན་ཏན་ཡན་ལག་ཐམས་ཅད་འབྱུང་། །མིང་མཚན་ཤིན་ཏུ་ཕུན་སུམ་ཚོགས། །ཆོས་ཀྱི་རྒྱལ་པོ་འཇིགས་མེད་དེ། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །ཡན་ལག་ཐམས་ཅད་མཛེས་པར་འགྱུར། །བྱད་བཞིན་བཟང་ཞིང་བལྟ་ན་སྡུག །གཟུགས་མཛེས་མཐོང་ན་དགའ་བ་དང་། །ཤིན་ཏུ་ཕྱེ་བའི་ལུས་སུ་འགྱུར། །ཆུ་ཞེང་གབ་པ་ནྱ་གྲོ་བཞིན། །དཔལ་གྱིས་ཤིན་ཏུ་འབར་གྱུར་ཅིང་། །སངས་རྒྱས་དག་གི་ཞིང་དུ་འགྲོ། །བསྐལ་པ་བརྒྱད་ཅུར་འདོར་བར་བྱེད། །འདུས་བྱས་རྣམས་ཀྱང་རྣམ་པར་ཟློག །སངས་རྒྱས་ཆོས་རྣམས་ཕྱེ་བ་ཡང་། །རྣམ་པ་ཐམས་ཅད་མྱུར་དུ་འཐོབ། །ཡོན་ཏན་ཡན་ལག་ཀུན་འབྱུང་བ། །སངས་རྒྱས་རྗེས་སུ་དྲན་བྱས་ན། །ཡོན་ཏན་ཕན་ཡོན་དག་པ་ནི། །སངས་རྒྱས་ཆོས་ཀྱི་གོ་འཕང་གནས། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་བཟང་པོའི་མཆོག་ཅེས་བྱ་བ་ན། དེ་བཞིན་གཤེགས་པ་བཟང་པོའི་ཏོག་གི་རྒྱལ་མཚན་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། དེའི་མཚན་ཐོས་ན་སངས་རྒྱས་ཀྱི་ཆོས་རྣམས་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་དག་གིས་བསྐལ་པ་ལྔ་བཅུར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ནི་བཟང་མཆོག་སྟེ། །བཟང་པོ་དགའ་བ་ཞེས་ཀྱང་བྱ། །དེ་ན་རྫོགས་པའི་སངས་རྒྱས་ནི། །བཟང་ཏོག་རྒྱལ་མཚན་དྲང་སྲོང་སྟེ། །རྒྱལ་མཆོག་ཆོས་ཀྱི་རྒྱལ་པོ་ཡིན། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །སངས་རྒྱས་ཆོས་རྣམས་མི་འབྲི་ཞིང་། །བསྐལ་པ་དག་ནི་ལྔ་བཅུར་ཡང་། །འཁོར་བ་དག་ནི་རྣམ་པར་སྤོང་། །འཇིག་རྟེན་དུ་ཡང་མྱུར་


DKG067_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

བར་ནི། །གྲགས་ཆེན་ལྷ་ཡི་ལྷར་འགྱུར་རོ། །སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རིགས་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པ་ཞེས་བྱ་བ་བཞུགས་སོ། །ཅིའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་རིན་པོ་ཆེའི་རིགས་ཞེས་བྱ་ཞེ་ན། འོད་སྲུང་སངས་རྒྱས་ཀྱི་ཞིང་དེའི་སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་རབ་ཏུ་ཞུགས་ཏེ། སངས་རྒྱས་ཀྱི་ཞིང་དེ་ནས་སེ་གོལ་གཏོགས་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་བྱེད་ཅིང་ཕྱིར་ཡང་འཇིག་རྟེན་གྱི་ཁམས་དེར་འོང་ངོ་། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འོད་སྲུང་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་ཇི་སྐད་བགྱི་བ་དག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། སེང་གེ་རྣམ་པར་རོལ་དང་། སེང་གེ་རྣམ་པར་བསྒྱིངས་དང་། སེང་གེའི་ཏོག་དང་། སེང་གེ་རྣམ་པར་སྤྲུལ་པ་དང་། ཤིན་ཏུ་བརྟན་པའི་མཐུ་རྟུལ་དང་། རྡོ་རྗེའི་བློ་གྲོས་མཚོན་ཆ་དང་། འོད་སྲུང་དེ་ལྟ་བུ་ལ་སོགས་པ་རྟག་ཏུ་བརྩོན་འགྲུས་བརྩམས་པའི་བྱང་ཆུབ་སེམས་དཔའ་དག་གི་མིང་གང་སུ་དག་གིས་ཐོས་པར་འགྱུར་བ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པའི་གཟུགས་འཛིན་པ་དེའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་རྣམས་ཐོབ་པར་འགྱུར་རོ། །རིན་པོ་ཆེའི་རིགས་ཀྱང་རྗེས་སུ་ཐོབ་པར་འགྱུར་རོ། །ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་ཡང་རྙེད་པར་འགྱུར་རོ། །བསྐལ་པ་བརྒྱ་ཚང་བར་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་བྱས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཇིག་རྟེན་ཁམས་ནི་རིན་ཆེན་རིགས། །རིགས་ཆེན་ཀུན་གྱིས་བརྒྱན་པ་སྟེ། །དེ་ན་སངས་རྒྱས་བཞུགས་པ་ནི། །དཔའ་བོ་དག་གིས་ཡོངས་སུ་བསྐོར། །འཇིག་རྟེན་སྒྲོན་མ་དེ་མཚན་ནི། །རིན་ཆེན་ཀུན་གྱིས་འཕགས་པ་སྟེ། །རབ་ཏུ་བརྒྱན་པའི་གཟུགས་འཛིན་


DKG067_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཆོས་ཏོག་རྒྱལ་མཚན་དྲང་སྲོང་སྟེ། །བྱང་ཆུབ་སེམས་དཔས་ཡོངས་བསྐོར་ཅིང་། །འདྲེན་པ་ཆོས་རྣམས་སྟོན་པ་མཛད། །འཇིག་རྟེན་དུ་ནི་མ་བསྐོར་བ། །ཕྱིར་མི་ལྡོག་པའི་འཁོར་ལོ་བསྐོར། །དེ་ཡི་མཚན་ཀྱང་ཐོས་ནས་ནི། །བསྐལ་པ་བརྒྱར་ཡང་མི་འཁོར་ཞིང་། །ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་། །བླ་ན་མེད་པ་ཐོབ་པར་འགྱུར། །གང་དག་གིས་ནི་མཚན་བརྗོད་པ། །ཆོས་ཀྱི་རྒྱལ་པོ་དེ་དག་དང་། །རང་བྱུང་དག་ན་བཞུགས་པ་དང་། །འཇིག་རྟེན་དག་གི་ཁམས་ཀྱང་རུང་། །མིང་དང་རིགས་ནི་རྣམ་པར་དག །སྤྱོད་པ་དག་ཀྱང་རྣམ་དག་པ། །ཆོས་ཀྱི་སྤྱན་ནི་རྣམ་པར་དག །ཆོས་རྣམས་ཀུན་ཀྱང་རྣམ་སྤྱངས་པ། །ཤེས་རབ་ལྡན་པའི་སྤྱོད་ཡུལ་གྱིས། །བླ་ན་མེད་པའི་ཡེ་ཤེས་ལ། །སྐྱེ་བོ་མང་པོ་གང་དག་ནི། །ཤིན་ཏུ་འདོད་པའི་ཤཱ་རིའི་བུ། །གང་དག་ཕྱི་མའི་དུས་བྱུང་བ། །ཤིན་ཏུ་འཇིགས་པར་གྱུར་པའི་ཚེ། །ཆོས་འདི་རབ་ཏུ་ཉན་འགྱུར་ཞིང་། །ཐོས་ནས་དད་པར་བྱེད་པ་ནི། །ཐེ་ཙོམ་མེད་པར་དེ་དག་གིས། །ཤཱ་རིས་ང་ལ་བསྙེན་བཀུར་བྱས། །ཇི་ལྟར་རིན་ཆེན་རིན་ཐང་མེད། །དབུལ་པོས་མཐོང་ན་ཞུམ་གྱུར་ཏེ། །གང་གིས་རིན་ཆེན་རྙེད་འགྱུར་བ། །དེ་ལྟའི་ནོར་ནི་ག་ལས་འོང་། །དེ་བཞིན་བླ་མེད་སངས་རྒྱས་ཀྱང་། །བསོད་ནམས་ཆུང་ངུས་ཐོས་ནས་ནི། །མིག་ལ་གནོད་བྱེད་བློ་ཅན་རྣམས། །དེ་དག་དད་པར་ག་ལ་འགྱུར། །ནོར་དང་མཛོད་རྣམས་མང་པོ་དག །ནོར་བུ་རིན་ཆེན་ཐོས་ནས་ནི། །ཤིན་ཏུ་བརྒྱན་པར་བྱའོ་ཞེས། །དེ་དག་ཡང་དག་ཡང་ཚོལ་ལོ། །དེ་བཞིན་ཤེས་རབ་ཆེན་པོ་ཡང་། །སངས་རྒྱས་ཀྱི་ནི་མཚན་ཐོས་ནས། །ཇི་ལྟར་བྱང་ཆུབ་རེག་འགྱུར་ཞེས། །དེ་དག་ཡོངས་སུ་ཚོལ་བར་བྱེད། །དམན་པའི་ལས་དང་ལྡན་པ་དང་། །སྡིག་པ་འདོད་དང་གཡོ་ཅན་དང་། །ཤེས་རབ་བསོད་ནམས་མེད་པ་ལ། །འདི་ལྟ་བུ་ཡི་ཐོས་པ་མེད། །འདོད་ཆགས་ཀྱིས་ནི་ཆགས་གྱུར་དང་། །གཏི་མུག་གིས་ནི་རྨོངས་པ་འམ། །ཆགས་པས་ཟིལ་གྱིས་ནོན་པ་ལ། །འདི་ལྟ་བུ་ཡི་ཐོས་པ་མེད། །ང་རྒྱལ་ཅན་དང་ཁེངས་པ་དང་། །ལེ་ལོ་ཅན་དང་བློ་ཆུང་དང་། །མུ་སྟེགས་གཞན་ལ་བརྩོན་པ་ལ། །འདི་ལྟ་བུ་ཡི་ཐོས་པ་མེད། །བྱེ་བ་སྟོང་གི་ལྷ་རྣམས་ནི། །ཀྱེ་མ་སངས་རྒྱས་ཀྱེ་མ་ཆོས། །ཀྱེ་མ་དགེ་འདུན་བླ་ན་མེད། །དེ་ཞེས་དེ་ཚེ་སྒྲ་ཡང་སྒྲོག །མེ་ཏོག་གི་ཡང་ཆར་འབེབས་ཤིང་། །སྟོང་གསུམ་འདིར་ནི་རབ་ཏུ་


DKG067_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར། །སིལ་སྙན་བྱེ་བ་དཀྲོལ་བར་བྱེད། །སྤོས་ཀྱིས་ས་ལ་ཆག་ཆག་བཏབ། །ཞིང་འདི་སྣང་བར་བྱེད་ནས་ནི། །རྣམ་པ་དྲུག་ཏུ་གཡོ་བར་བྱས། །མེ་ཏོག་བསགས་པ་དམ་པ་ཡི། །མདོ་སྡེ་འདི་ནི་རབ་བཤད་པ། །དེ་ན་འཁོར་སུ་གང་དག་ནི། །སངས་རྒྱས་མཚམས་གནས་མ་གཏོགས་པར། གང་གཞན་ཐོས་པ་ཐམས་ཅད་ནི། །སངས་རྒྱས་བླ་ན་མེད་པར་འགྱུར། །ཕྱོགས་བཅུ་དག་ནི་ཐམས་ཅད་དུ། །གང་གཱའི་བྱེ་སྙེད་ཞིང་ནས་ནི། །བྱང་ཆུབ་སེམས་དཔའ་ལྷགས་ནས་སུ། །མཉན་ནས་ཕྱིར་ཡང་སོ་སོར་དོང་། །མདོ་སྡེ་འདི་ནི་བཤད་པའི་ཚེ། །དགེ་སློང་བྱེ་བ་མང་ཆད་པ། དེ་དག་ཐམས་ཅད་དགྲ་བཅོམ་གྱུར། །དེ་དག་གིས་ནི་འདྲེན་པ་མཐོང་། །དགེ་སློང་དག་ནི་བརྒྱ་སྟོང་དང་། །དགེ་སློང་མ་ཡང་དེ་བཞིན་ཏེ། །སྟོང་ཕྲག་དྲུག་ཅུར་ཚང་བ་ཡིས། །དེ་ཚེ་ཆོས་ལ་བཟོད་པ་ཐོབ། །མི་སྐྱེ་བ་ཡི་ཆོས་རྣམས་ལ། །བཟོད་པ་བླ་ན་མེད་ཐོབ་ནས། །དེ་དག་སངས་རྒྱས་རྣམས་བལྟ་ཞིང་། །སྲོག་ཆགས་རྣམས་ལ་ཆོས་ཀྱང་འཆད། །དགེ་སློང་མ་ནི་ལྔ་བརྒྱ་དང་། །དགེ་བསྙེན་མ་ནི་བཞི་བཅུ་དག །རང་རང་གི་ནི་གོས་རྣམས་ཀྱིས། །དེ་བཞིན་གཤེགས་ཀྱི་སྐུ་ལ་གསོལ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་ཡི་རངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་བཤད་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་སིད་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལ་སོགས་པས་ཞུ་ཆེན་བགྱིས་ཏེ་གཏན་ལ་ཕབ་པ།། །


previousའཕགས་པ་མེ་ཏོག་གི་ཚོགས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། no next