Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།


  expand section
  collapse section
མཛངས་བླུན་ཞེས་བྱ་བའི་མདོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཛངས་བླུན་ཞེས་བྱ་བའི་མདོ།no next

མཛངས་བླུན་ཞེས་བྱ་བའི་མདོ།

དང་པོ། དཔེ་སྣ་ཚོགས་བསྟན་པའི་ལེའུ།


DKG074_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མཛངས་བླུན་ཞེས་བྱ་བའི་མདོ། བམ་པོ་དང་པོ། དཔེ་སྣ་ཚོགས་བསྟན་པའི་ལེའུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷའི་དཀྱིལ་འཁོར་རྣམ་པར་རྒྱལ་བ་ན་བཞུགས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོར་མ་ལོན་པ་ཞིག་ན་འདི་སྙམ་དུ་དགོངས་པར་གྱུར་ཏོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་གིས་ཡོངས་སུ་བསླད་དེ། བསྟན་ཅིང་བཅོས་སུ་ཡང་ཤིན་ཏུ་དཀའ་བས། ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་ཕན་པའི་དོན་མེད་ཀྱིས། དེས་ན་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགོངས་མ་ཐག་ཏུ། དེའི་ཚེ་ན་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་དགོངས་པ་ཤེས་ཤིང་རྟོགས་ནས། ནམ་མཁའ་ལས་བབས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། དེར་ཕྱིན་པ་དང་། ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཞིང་བསྐུལ་བ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཚངས་རིས་ཀྱི་ལྷ་དག་སེམས་ཅན་འདི་དག་ཉེས་པའི་དྲི་མས་ཡོངས་སུ་གླགས་ཏེ། འཇིག་རྟེན་གྱི་བདེ་བ་ལ་ཆགས་ནས། ཤེས་རབ་དང་ལྡན་པའི་སེམས་མེད་པས། ཅི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང་བྱ་བ་དོན་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་ན་བདེའོ་སྙམ་དུ་དགོངས་སོ། །དེ་ནས་ཚངས་རིས་ཀྱི་ལྷ་རྣམས་ཀྱིས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྒྱ་མཚོ་ཡོངས་སུ་གང་བ། ཆོས་ཀྱི་རྒྱལ་མཚན་བཙུགས་པ་བསྟན་ཅིང་འདུལ་བའི་དུས་ལ་ཡང་བབ། སེམས་ཅན་འདི་དག་ལས་གྲོལ་བར་འགྱུར་བ་ཡང་ཤིན་ཏུ་མང་ན། ཅིའི་སླད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་དགོངས་ཏེ། ཤིན་ཏུ་མདོངས་པར་གྱུར་པ་འདི་དག་གི་མགོན་དང་སྐྱབས་མི་མཛད། བཅོམ་ལྡན་འདས་ནི་སྔོན་བསྐལ་པ་གྲངས་མ་མཆིས་པ་འདས་པའི་ཕ་རོལ་ན། སེམས་ཅན་གྱི་དོན་དུ་ཐོས་པ་ཚོལ་ཞིང་ཚོལ་བ་ན། ཆུང་ངུ་ན་ཚིགས་སུ་བཅད་པ་གཅིག་ཙམ་གྱི་སླད་དུ་ཡང་བདག་གི་ལུས་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། ཅིའི་སླད་དུ་མགོན་མ་མཆིས་


DKG074_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

this is missing page


DKG074_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་དག་ཡོངས་སུ་གཏང་བར་དགོངས། སྔོན་འདས་པའི་དུས་ཡུན་རིང་པོ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཁ་དོག་དམ་པ་ཞེས་བགྱི་བ། འཇིག་རྟེན་འདི་ལ་དབང་སྒྱུར་བ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་རྒྱལ་ཕྲན་ནི་བརྒྱད་ཁྲི་བཞི་སྟོང་མངའ། ལྗོངས་ཆེན་པོ་སྟོང་ཕྲག་དྲུག་ཅུའི་ནང་ན། གྲོང་ཁྱེར་ཡང་ཁྲི་ཕྲག་བརྒྱད་ཅུ་མངའ་སྟེ། རྒྱལ་པོ་དེ་ལ་བཙུན་མོ་ནི་སྟོང་ཕྲག་ཉི་ཤུ། བློན་པོ་ཆེན་པོ་ནི་སྟོང་ཕྲག་བཅུ་སྙེད་མངའོ། །རྒྱལ་པོ་ཁ་དོག་དམ་པ་དེའི་གཟི་བརྗིད་དང་། མཐུ་དཔེ་མ་མཆིས་པར་ཆེ་སྟེ། འབྱོར་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། མི་ལ་སོགས་པ་སྐྱེ་བོ་མང་ཞིང་རབ་ཏུ་མང་བ་དང་ལྡན་པ་དེས་འདི་སྙམ་དུ་བསམས་ཏེ། བདག་གིས་ནི་རིན་པོ་ཆེ་དང་། ལོངས་སྤྱོད་ཀྱིས་འགྲོ་བ་ཐམས་ཅད་ལ་ཕན་བཏགས་ཀྱི། དམ་པའི་ཆོས་ཀྱི་ཕན་འདོགས་པར་མ་གྱུར་ཏེ། འདི་དག་ནི་བདག་གི་སྐྱོན་དུ་འགྱུར་གྱིས། དམ་པའི་ཆོས་གང་ན་མཆིས་པ་བཙལ་ཏེ། ཐམས་ཅད་དགྲོལ་བར་བྱའོ་སྙམ་དུ་བསམས་ནས། འདི་སྐད་ཅེས་བཀར་བཏགས་སོ། །འཛམ་བུའི་གླིང་འདི་ན་སུ་ལ་དམ་པའི་ཆོས་ཡོད་པ་དེ། བདག་ལ་སྟོན་པར་གྱུར་ན། དེ་ཡིད་དང་མི་འགལ་བར་ཅི་དང་ཅི་འདོད་པ་སྦྱིན་ནོ་ཞེས་བསྒྲགས་ཀྱང་སྟོན་ནུས་པ་མ་བྱུང་ངོ་། །དེའི་ཚེ་ན་རྒྱལ་པོ་དེ་མྱ་ངན་གྱིས་ཡིད་གདུངས་ཏེ། མི་དགའ་བར་གྱུར་པ་ངལ་བསོ་པོས་ཐོས་ནས་སད་པའི་སླད་དུ། བདག་གིས་ལུས་གནོད་སྦྱིན་ཞིག་ཏུ་སྤྲུལ་ནས། དེའི་མདོག་ཤིན་ཏུ་སྔོ་བ། གནག་པ། མིག་ཁྲག་ལྟར་དམར་བ། མཆེ་བ་གྱེན་དུ་བྱུང་བ། སྐྲ་གྱེན་དུ་བསྒྲེང་བ། ཁ་ནས་མེ་འབར་བ། ཕོ་བྲང་གི་སྒོར་མཆིས་ནས། སུ་ཞིག་ཆོས་ཐོས་པར་འདོད་པ་ང་ལས་ཉོན་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཤིན་ཏུ་དགའ་མགུ་སྟེ། གནོད་སྦྱིན་དེ་བསུ་ནས་མགོ་བོས་ཕྱག་བྱས་ཏེ། སྟན་མཐོན་པོ་ལ་བཞག་ནས། བློན་པོ་དང་། འཁོར་མང་པོ་དག་བསྡུས་ཏེ། ཆོས་ཉན་དུ་གཞུག་པའི་སླད་དུ་འཁོར་བར་བསྐོར་ཏོ། །དེའི་ཚེ་ན་གནོད་སྦྱིན་གྱིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆོས་ཐོས་པར་བྱ་བ་ནི་ཤིན་ཏུ་དཀའ་བས། ཆོས་ཉན་པར་འདོད་ན། འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །ཞེས་སྨྲས་པ་དང་།


DKG074_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དེ་ལ་ཐལ་མོ་སྦྱར་ཏེ། ཁྱོད་ཅི་དང་ཅི་འདོད་པ་དེ་མི་འགལ་བར་ཐམས་ཅད་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་གནོད་སྦྱིན་དེས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་བཙུན་མོ་དང་སྲས་གང་ཕངས་པ། ཁོ་བོ་ཟར་བཅུག་ན། དམ་པའི་ཆོས་སྦྱིན་ནོ་ཞེས་སྨྲས་པ་དང་། དེའི་ཚེ་ན་རྒྱལ་པོ་ཆེན་པོ་དེས་བཙུན་མོའི་ནང་ན་གང་ཕངས་པ་དང་། སྲས་ཀྱི་མཆོག་གནོད་སྦྱིན་ལ་ཕུལ་ཏེ། གནོད་སྦྱིན་གྱིས་འཁོར་མང་པོའི་ནང་དུ་ཀུན་གྱིས་མཐོང་བཞིན་དུ་ཟོས་སོ། །དེའི་ཚེ་ན་རྒྱལ་པོ་དེའི་བློན་པོ་རྣམས་དེ་ལྟར་གྱུར་པ་མཐོང་ནས། ཆོ་ངེས་བཏབ་སྟེ། ས་ལ་འགྲེ་བཞིན་དུ་རྒྱལ་པོ་ཆེན་པོ་མི་རིགས་པའི་ལས་འདི་ལྟ་བུ་དག་ཐོང་ཤིག་ཅེས་གསོལ་བ་བཏབ་ཀྱང་། རྒྱལ་པོ་དེ་དམ་པའི་ཆོས་ཚོལ་བའི་ཕྱིར་ཤིན་ཏུ་བརྟན་པས་བཟློག་མ་ནུས་སོ། །དེའི་ཚེ་ན་གནོད་སྦྱིན་དེས་རྒྱལ་པོའི་བཙུན་མོ་དང་སྲས་ཟོས་ནས། ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །འདུ་བྱེད་ཐམས་ཅད་མི་རྟག་སྟེ། །ཇི་ཙམ་སྐྱེ་བ་སྡུག་བསྔལ་བཅས། །ལྔ་ཕུང་མཚན་མ་མེད་པས་སྟོང་། །བདག་དང་བདག་གི་བ་ཡང་མེད། །ཚིགས་སུ་བཅད་པ་འདི་སྨྲས་པ་དང་། རྒྱལ་པོ་དགའ་མགུ་རངས་ཏེ། བ་སྤུའི་ཉག་མ་ཙམ་གྱི་འགྱོད་པའི་སེམས་མ་སྐྱེས་སོ། །དེ་ནས་ཡི་གེར་བྲིས་ནས། འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ། ཐམས་ཅད་སློབ་ཏུ་བཅུག་གོ །དེ་ནས་ངལ་བསོ་པོས་བདག་ཉིད་ཀྱི་ལུས་སུ་སླར་བསྒྱུར་ནས་ཤིན་ཏུ་ལེགས་སོ་ངོ་མཚར་རྨད་དོ་ཞེས་བསྟོད་ཅིང་བསྔགས་ཏེ། རྒྱལ་པོའི་བཙུན་མོ་དང་། སྲས་ཀྱང་སྔོན་བཞིན་དུ་ཅང་མནོངས་སོ། །དེའི་དུས་ན་རྒྱལ་པོ་དེ་ནི་སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་ཡང་ཆོས་ཀྱི་སླད་དུ་དེ་ལྟ་བུའི་དཀའ་བ་མཛད་ན། ད་ཇི་སྲིད་དུ་སེམས་ཅན་མང་པོ་ཡོངས་སུ་བཏང་སྟེ། མྱ་ངན་ལས་འདའོ་ཞེས་གསུང་། བཅོམ་ལྡན་འདས་གཞན་ཡང་སྔོན་བསྐལ་པ་གྲངས་མ་མཆིས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཀ་ན་ཤི་ནི་པ་ལི་ཞེས་བྱ་བ་ཞིག་རྒྱལ་ཕྲན་མང་པོ་ལ་དབང་བགྱིད་དེ། གྲོང་ཁྱེར་ནི་བརྒྱད་ཁྲི་བཞི་སྟོང་སྙེད་ལ་མངའ་མཛད། བཙུན་མོ་དང་ཕོ་བྲང་གི་སླས་ནི་སྟོང་ཕྲག་ཉི་ཤུ་མངའ་སྟེ། བློན་པོ་ཆེན་པོ་ཡང་སྟོང་ཕྲག་བཅུ་སྙེད་ཡོད་དོ། །རྒྱལ་པོ་དེ་ཤིན་ཏུ་སྙིང་རྗེ་དང་ལྡན་པས། མི་ལ་སོགས་པ་སྐྱེ་བོ་མང་པོའི་ཕ་མ་


DKG074_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེས་འདི་སྙམ་དུ་སེམས་སོ། །བདག་ཀྱང་འགྲོ་བ་མང་པོ་ཀུན་གྱི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས། བདག་གིས་དམ་པའི་ཆོས་ཀྱི་ནོར་བུ་རིན་པོ་ཆེ་ཐམས་ཅད་ལ་ཕན་གདགས་སོ་སྙམ་དུ་བསམས་ནས། བློན་པོ་ཅིག་གིས་ཐམས་ཅད་དུ་བཀར་བཏགས་ཏེ། སུ་ལ་དམ་པའི་ཆོས་མཆིས་པ་བདག་ལ་སྟོན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒོ་བ་དང་། དེའི་ཚེ་ན་བྲམ་ཟེ་ལེའུ་དུ་ཅི་ཞེས་བགྱི་བ་ཞིག་ཕོ་བྲང་གི་སྒོར་མཆིས་ཏེ། བདག་ལ་དམ་པའི་ཆོས་ཡོད་དོ་ཞེས་སྨྲས་སོ། །རྒྱལ་པོ་དེས་དེ་སྐད་ཅེས་ཐོས་ནས། ཕྱི་རོལ་ཏུ་བསུས་ཏེ། ཕྱག་བྱས་ནས་སྟན་བཏིང་བ་ལ་བཞག་གོ །བྲམ་ཟེ་དེ་སྟན་བཏིང་བ་ལ་འདུག་ནས། རྒྱལ་པོ་འཁོར་དང་བཅས་པས་ཐལ་མོ་སྦྱར་ནས། སྟོན་པ་ཆེན་པོ་གཏི་མུག་གིས་མདོངས་པར་གྱུར་པ་ལ་དམ་པའི་ཆོས་དབྱེ་ཞིང་བསྟན་པའི་དུས་ལ་བབ་བོ་ཞེས་བསྐུལ་བ་དང་། བྲམ་ཟེ་དེས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གིས་ཤེས་པ་འདི་ཉིད་གྱིན་ད་ཙམ་གྱིས་ལོབས་པ་མ་ཡིན་པས། ཐོས་པར་འདོད་ན་འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །རྒྱལ་པོས་སྨྲས་པ། ཅི་དང་ཅི་འདོད་པ་སྨྲོས་ཤིག་དང་། ཐམས་ཅད་ཡིད་བཞིན་དུ་སྦྱིན་ནོ་ཞེས་སྨྲས་པ་དང་། བྲམ་ཟེ་དེས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ། མཆོད་པ་བྱེད་ནུས་ན་ཆོས་བསྟན་པར་བྱའོ་ཞེས་སྨྲས་པ་དང་། རྒྱལ་པོ་དེ་ལྷག་པར་དགའ་མགུ་རངས་ནས། དེའི་ཚེ་ཕོ་ཉ་ཅིག་བན་གླང་རྒྱང་གྲགས་བརྒྱ་སྟོང་དུ་ཕྱིན་པ་གཅིག་བསྐྱོན་ཏེ། འཛམ་བུའི་གླིང་ཐམས་ཅད་དུ་འདི་སྐད་ཅེས་བསྒོའོ། །རྒྱལ་པོ་ཀ་ན་ཤི་ནི་པ་ལི་དེ་སྟེ་ཞག་བདུན་ན་ཆོས་ཀྱི་ཕྱིར་ལུས་ཀྱི་ཤ་ཕུག་སྟེ། མར་མེ་སྟོང་འཛུགས་སོ་ཞེས་རྒྱལ་ཕྲན་དང་མི་ཐམས་ཅད་ལ་བསྒོའོ། །དེ་དག་གིས་དེ་སྐད་བསྒོ་བ་ཐོས་པ་དང་། སོ་སོ་ནས་མྱ་ངན་གྱིས་གདུངས་ཏེ། རྒྱལ་པོ་གང་ན་བ་དེར་ལྷགས་ནས། །ཕྱག་བྱས་ཏེ་ཐམས་ཅད་ཀྱིས་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་འདི་ནི་ཅི་ཙམ་འཚོ་བའི་སྲོག་དང་བཅས་པ་ཐམས་ཅད་རྒྱལ་པོ་


DKG074_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་རྟེན་པ་ནི། ལོང་བ་དམིགས་བུ་ལ་རྟེན་པའམ། བུ་ཆུང་མ་ལ་རྟེན་པ་དང་འདྲ་ན། རྒྱལ་པོ་མི་བཞུགས་པའི་སླད་དུ་ན། གང་ལ་སྐྱབས་སུ་མཆི་བར་བགྱི། གལ་ཏེ་སྐུ་ལ་མར་མེ་སྟོང་བཙུགས་ན། གདོན་མི་ཟ་བར་སྲོག་དང་བྲལ་ན། ཅིའི་སླད་དུ་བྲམ་ཟེ་གཅིག་ཙམ་གྱི་སླད་དུ་འཇིག་རྟེན་འདིའི་སེམས་ཅན་ཡོངས་སུ་བཏང་བར་དགོངས། དེའི་ཚེ་ན་བཙུན་མོ་དང་། སྲས་དང་རྒྱལ་ཚབ་དང་། སླས་ལྔ་བརྒྱ་དང་། བློན་པོ་སྟོང་ཕྲག་བཅུ་སྙེད་ཀྱིས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་ཀྱང་། རྒྱལ་པོ་ཡི་དམ་ལ་བརྟན་པས་མ་བཟློག་སྟེ། ནམ་ང་མངོན་པར་སངས་རྒྱས་པ་ན། ཁྱོད་རྣམས་གདོན་མི་ཟ་བར་བསྒྲལ་ལོ་ཞེས་སྨྲས་པ་དང་། དེའི་ཚེ་ན་སྐྱེ་བོ་མང་པོས་རྒྱལ་པོ་དེ་ཡི་དམ་ལ་བརྟན་པར་དེ་དག་གིས་རྟོགས་ནས། རབ་ཏུ་མི་དགའ་སྟེ། ཆོ་ངེས་བཏབ་ནས་ས་ལ་འགྱེལ་ཏོ། །རྒྱལ་པོ་དེའི་བསམ་པ་མ་གྱུར་ཏེ་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ངའི་ལུས་ལ་མར་མེ་སྟོང་གཟུག་པའི་དུས་ལ་བབ་ཀྱིས། ཕུག་ཅིག་ཅེས་བསྒོ་བ་དང་། དེས་རྒྱལ་པོའི་ལུས་ཕུག་ནས་མར་མེའི་སྙིང་པོ་སྣུམ་གྱིས་བསྐུས་པ་དང་། འཁོར་མང་པོས་དེ་ལྟར་གྱུར་པ་དེ་དག་མཐོང་ནས། རི་འགྱེལ་བ་བཞིན་དུ་ལུས་ས་ལ་བརྡབས་སོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྟོན་པ་ཆེན་པོ་ཐུགས་བརྩེ་བར་དགོངས་ཏེ། སྔར་བདག་ལ་ཆོས་བསྟན་ནས། དེའི་འོག་ཏུ་མར་མེ་ཚུགས་ཤིག །གལ་ཏེ་ཚེའི་དུས་བྱས་ན། ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བྲམ་ཟེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །རྟག་པ་ཐམས་ཅད་ཟད་པར་འགྱུར། །མཐོ་བ་དེ་ཡང་མཐར་ལྷུང་ངོ་། །འདུ་བ་ཡོད་ན་བྲལ་བར་འོང་། །སྐྱེ་བ་ཡོད་ན་འཆི་བར་འགྱུར། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ། རྒྱལ་པོ་དེ་དགའ་མགུ་རངས་ཏེ། འགྱོད་པའི་སེམས་མེད་བཞིན་དུ་འདི་སྐད་ཅེས་དམ་བཅས་སོ། །བདག་ཆོས་ཚོལ་བ་འདི་ཡང་སངས་རྒྱས་སུ་བསྒྲུབ་པའི་ཕྱིར་ཏེ། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ན། ཡེ་ཤེས་ཀྱི་འོད་ཀྱིས་སེམས་ཅན་གཏི་མུག་གིས་མདོངས་པ་རྣམས་ཤིན་ཏུ་སྣང་བར་གྱུར་ཅིག་ཅེས་ཡི་དམ་བཅས་མ་ཐག་ཏུ་གནམ་ས་ཡང་རབ་ཏུ་གཡོས་སོ། །གནས་གཙང་མའི་རིས་


DKG074_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྷའི་ཕོ་བྲང་གི་བར་དུ་གཡོས་པས། ལྷ་དེ་དག་ནམ་མཁའ་ལས་བབས་ཏེ། ལུས་ཀྱིས་མཆོད་པའི་གནས་སུ་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེའི་ལུས་དེ་ལྟར་ཞིག་པ་ལྷ་དེ་དག་གིས་མཐོང་ནས། སྟེང་གི་ནམ་མཁའ་ཡོངས་སུ་གང་བ་དེ་དག་ངུས་ཏེ། ངུས་པའི་མཆི་མ་ཆར་བཞིན་དུ་བབ་ནས། ལྷ་རྫས་ཀྱི་མེ་ཏོག་ཀྱང་ཆར་བཞིན་དུ་ཕབ་སྟེ། མཆོད་པ་བྱས་སོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་ཡང་རྒྱལ་པོ་གང་ན་བ་དེར་འོངས་ནས། རྣམ་པ་སྣ་ཚོགས་ཀྱིས་བསྟོད་ཅིང་བསྔགས་ཏེ། འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་ཤིན་ཏུ་སྡུག་བསྔལ་གྱིས་གདུངས་པ་འདི་ལ་སེམས་འགྱོད་པར་མ་གྱུར་ཏམ། རྒྱལ་པོས་སྨྲས་པ། འགྱོད་པ་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་འདི་ལྟར་ལུས་འདར་ཞིང་ཉམས་མི་བདེ་བཞིན་དུ་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་ཐོག་མ་ནས་ཐ་མའི་བར་དུ་འགྱོད་པའི་སེམས་མེད་པ་ཡིན་ན། ལུས་ཀྱི་རྨ་འདི་སྔ་མ་བཞིན་དུ་སོས་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ལུས་སྔ་མ་ཁོ་ན་བཞིན་དུ་རྨ་མེད་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་ནི་སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་ཡང་སེམས་ཅན་གྱི་སླད་དུ་མི་བཟད་པའི་སྡུག་བསྔལ་དང་བསྔོས་ཏེ་ཆོས་བརྙེས་ན། ད་ཅིའི་སླད་དུ་འགྲོ་བ་ཐམས་ཅད་ཆོས་ཀྱི་སྣང་བ་དང་། བྲལ་བར་ཡོངས་སུ་བཏང་སྟེ། མྱ་ངན་ལས་འདའ་བར་དགོངས། གཞན་ཡང་བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལི་ཞེས་བགྱི་བར་གྱུར་པ་ན། རྒྱལ་ཕྲན་རྣམས་ལ་དབང་བགྱིད་དེ། གྲོང་ཁྱེར་ནི་བརྒྱད་ཁྲི་བཞི་སྟོང་དང་ལྡན། བཙུན་མོ་དང་ཕོ་བྲང་གི་སླས་ནི་སྟོང་ཕྲག་ཉི་ཤུ་མངའ་སྟེ། རྒྱལ་ཚབ་དང་རྒྱལ་བུ་ནི་ལྔ་བརྒྱ་སྟེ། བློན་པོ་ཆེན་པོ་སྟོང་ཕྲག་བཅུ་མངའོ། །རྒྱལ་པོ་དེ་སྙིང་རྗེ་དང་ལྡན་པས་འབངས་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་སོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དེ་དམ་པའི་ཆོས་ལ་མོས་ཤིང་དགའ་བས་བློན་པོ་ཅིག་ལ་བསྒོས་ནས་འདི་སྐད་ཅེས་བཀར་བཏགས་སོ། །གང་སུ་ཡང་རུང་བ་ལ། མདོ་སྡེའམ་དམ་པའི་ཆོས་ཡོད་པ་བདག་ལ་


DKG074_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒོའོ། །དེ་ནས་བྲམ་ཟེའི་ལེའུ་ངུ་ཆུ་ཞེས་བྱ་བ་ཕོ་བྲང་གི་སྒོར་འོངས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ལ་དམ་པའི་ཆོས་ཡོད་དེ། གང་ཐོས་པར་འདོད་པ་ལ་བསྟན་པར་བྱའོ། །ཞེས་སྨྲས་པ་རྒྱལ་པོས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། ཕྱི་རོལ་ཏུ་བསུས་ནས་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཚིག་སྙན་པར་སྨྲས་ནས། ཕོ་བྲང་གི་ནང་དུ་ཁྲིད་དེ། དེ་སྟན་བཏིང་བ་ལ་བཞག་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་སྨྲས་སོ། །སྟོན་པ་ཆེན་པོ་བདག་ལ་དམ་པའི་ཆོས་བསྟན་དུ་གསོལ། བྲམ་ཟེས་སྨྲས་པ། བདག་གིས་ལུས་ཀུན་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་ནས་ཡུན་ཡང་རིང་པོ་ཞིག་ལོན་ཏེ། གདོད་ལོབས་པས། རྒྱལ་པོ་ཆེན་པོ་ཐོས་པར་འདོད་ན། འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ། །རྒྱལ་པོས་ཐལ་མོ་སྦྱར་ཏེ། ཅི་དང་ཅི་འདོད་པ་སྨྲོས་ཤིག་དང་། སྟོན་པ་ཁྱོད་ལ་མི་ཕངས་པ་ཐམས་ཅད་འབུལ་ལོ། །བྲམ་ཟེས་སྨྲས་པ། གལ་ཏེ་ཁྱོད་ཀྱི་ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་ན། ཁྱོད་ལ་ཆོས་སྦྱིན་ནོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། དེ་བཞིན་དུ་བགྱིའོ། །དེ་སྟེ་ཞག་བདུན་ན་དངོས་པོ་འདི་དག་བསྒྲུབ་བོ་ཞེས་སྨྲས་སོ། །དེའི་ཚེ་ན་རྒྱལ་པོ་དེས་ཕོ་ཉ་ཞིག་གླང་པོ་ཆེ་རྒྱང་གྲགས་བརྒྱད་ཁྲི་བཞི་སྟོང་སྙེད་དུ་འགྲོ་བ་ཞིག་ལ་བསྐྱོན་ཏེ། འཛམ་བུའི་གླིང་ཀུན་ཏུ་འདི་སྐད་ཅེས་བསྒོའོ། །རྒྱལ་པོ་ཆེན་པོ་བྱིང་ལིང་གར་ལིས། དེ་སྟེ་ཞག་བདུན་ན་ལུས་ལ་ལྕགས་གཟེར་སྟོང་གིས་འདེབས་སོ་ཞེས་བསྒོ་བ་དང་། བློན་པོ་དང་འགྲོ་བ་མང་པོས་ཐོས་ནས་ཐམས་ཅད་རྒྱལ་པོའི་དྲུང་དུ་ལྷགས་ཏེ། འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ཕྱོགས་བཞི་ན་འཁོད་པའི་འགྲོ་བ་ཐམས་ཅད་རྒྱལ་པོའི་ཡོན་ཏན་དང་། བཀའ་དྲིན་གྱིས་སོ་སོ་ནས་བདེ་བ་དང་སྐྱིད་པ་ལ་ལོངས་སྤྱོད་དེ། རྒྱལ་པོ་ཆེན་པོ་ད་བདག་གི་སླད་དུ་གསོལ་བ་བཏབ་སྟེ། སྐུ་ལ་ལྕགས་གཟེར་སྟོང་གིས་མི་གདབ་ཏུ་གསོལ་ཞེས་གསོལ་པ། དེའི་ཚེ་ན་བཙུན་མོ་དང་། ཕོ་བྲང་གི་སླས་དང་། རྒྱལ་ཚབ་དང་། རྒྱལ་བུ་དང་། བློན་པོ་ཐམས་


DKG074_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་ཀྱང་གསོལ་བ་བཏབ་སྟེ། རྒྱལ་པོ་ཆེན་པོ་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ། མི་གཅིག་གི་སླད་དུ་སྐུ་ཚེའི་དུས་མཛད་ཅིང་འབངས་ཐམས་ཅད་སྤང་བ་མི་རིགས་སོ། །དེ་ལ་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཡུན་རིང་པོ་ནས་འཁོར་བ་ན་ལུས་གྲངས་མེད་པ་ཆུད་གསན་ཏེ། བར་འགའ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ལུས་འདི་བསད་པའི་རུས་པ་དཀར་པོ་སྤུངས་པ་ནི་རི་རབ་བས་ཀྱང་མཐོ། མགོ་བཅད་པའི་ཁྲག་གཟགས་པ་ནི་ཆུ་ཀླུང་ལྔ་བས་ཀྱང་ཆེ། ངུས་པའི་མཆི་མ་ནི་རྒྱ་མཚོ་བཞི་བས་ཀྱང་ལྷག་སྟེ། དེ་ལྟར་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་ལུས་སྲོག་ཆུད་གསན་ཀྱང་། ལན་འགའ་ཡང་ཆོས་ཀྱི་ཕྱིར་མ་ཡིན་ཏེ། ད་བདག་གིས་གཟེར་བུ་བཏབ་ལ་སངས་རྒྱས་སུ་བསྒྲུབ་པོ། །ཕྱིས་མངོན་པར་སངས་རྒྱས་ནས་ཤེས་རབ་ཀྱི་རལ་གྲིས་ཁྱེད་ཀྱི་ཀུན་ནས་ཉོན་མོངས་པའི་ནད་བཅད་པར་བྱེད་ན། ཅིའི་ཕྱིར་ངའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པར་བྱེད་ཅེས་སྨྲས་པ་དང་། དེ་ནས་འཁོར་མང་པོ་རྣམས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་སྨྲས་པ། སྟོན་པ་ཆེན་པོ་ཐུགས་བརྩེ་བར་དགོངས་ཏེ། སྔར་ཆོས་བསྟན་ནས་དེའི་འོག་ཏུ་ལྕགས་གཟེར་གྱིས་ཐོབ་ཅིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་ཐོས་པར་མི་འགྱུར་རོ་ཞེས་སྨྲས་པ་དང་། བྲམ་ཟེ་དེས་ཚིགས་སུ་བཅད་དེ་སྨྲས་པ། འདུ་བྱེད་ཐམས་ཅད་མི་རྟག་སྟེ། །སྐྱེ་བ་ཐམས་ཅད་སྡུག་བསྔལ་བཅས། །ཆོས་ཀུན་སྟོང་པས་བདག་པོ་མེད། །བདག་གི་བ་ཡང་ཡོད་མ་ཡིན། །ཚིགས་སུ་བཅད་པ་འདི་སྨྲས་ནས། །ལུས་ལ་ལྕགས་གཟེར་སྟོང་གིས་བཏབ་བོ། །དེའི་ཚེ་ན་རྒྱལ་ཕྲན་དང་། བློན་པོ་དང་། འཁོར་མང་པོ་རྣམས་ཀྱིས་དེ་ལྟ་བུར་གྱུར་པ་མཐོང་ནས། རི་ཆེན་པོ་འགྱེལ་བ་བཞིན་དུ་ལུས་ས་ལ་བརྡབས་ཏེ། ངུས་ནས་ཅི་ཡང་མི་དྲན་པར་ས་ལ་འགྲེའོ། །དེའི་ཚེ་ན་གནམ་ས་རྣམ་པ་དྲུག་ཏུ་གཡོས་ནས། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ངོ་མཚར་དུ་གྱུར་ཏེ། ཐམས་ཅད་ནམ་མཁའ་ལས་བབས་ནས། བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་ལྷགས་ཏེ། དེ་ལྟར་ཆོས་


DKG074_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་སྡུག་བསྔལ་ཆེན་པོ་ལུས་ཀྱིས་མྱོང་བར་མཐོང་ནས། ཐམས་ཅད་ངུས་ཏེ་མཆི་མ་ཆར་བཞིན་དུ་བབ་ནས་ལྷ་རྫས་ཀྱི་མེ་ཏོག་གིས་མཆོད་པར་བྱས་སོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོ་རྒྱལ་པོ་གང་ན་བ་དེར་འོངས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ཤིན་ཏུ་བརྩོན་འགྲུས་བརྩམས་ཏེ། སྡུག་བསྔལ་ལ་ཅི་མི་སྙམ་པ་འདི་ཆོས་ཀྱི་ཕྱིར་རམ། འོན་ཏེ་བརྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འདོད་དམ། འོན་ཏེ་བདུད་ཀྱི་རྒྱལ་པོའམ། ཚངས་པའི་རྒྱལ་པོའམ། དབང་ཕྱུག་ཆེན་པོ་འདོད་ཅེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། བདག་གིས་བྱས་པ་འདི་ནི་ཁམས་གསུམ་གྱི་བདེ་བ་མྱོང་བར་འདོད་པ་མ་ཡིན་གྱི། བསོད་ནམས་ཅི་སྙེད་ཡོད་པ་འདི་སངས་རྒྱས་འདོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་བལྟས་ན་རྒྱལ་པོའི་ལུས་འདར་ཞིང་མི་བཟོད་པ་ལ་བལྟས་ན། འདི་སྐད་ཅེས་ཟེར་ཞིང་འགྱོད་པ་མེད་ཅེས་སྨྲས་པ་འདི་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། གལ་ཏེ་བདག་གིས་སྨྲས་པ་བདེན་ཏེ། འགྱོད་པའི་སེམས་མེད་ན། བདག་གི་ལུས་སྔ་མ་ཁོ་ན་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་སྔ་མ་ཁོ་ན་བཞིན་དུ་གྱུར་ནས། ལྷ་དང་མི་རྣམས་དགའ་མགུ་རངས་པར་གྱུར་ཏོ། །དེའི་ཚེ་ཡང་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་ཆོས་བཙལ་ན། བཅོམ་ལྡན་འདས་ནི་ཆོས་ཀྱི་རྒྱ་མཚོ་ཡོངས་སུ་རྫོགས་ཤིང་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་ན། ཅིའི་སླད་དུ་འགྲོ་བ་མང་པོ་ཡོངས་སུ་བཏང་སྟེ། ཆོས་ཀྱང་མི་བཤད་པར་མྱ་ངན་ལས་འདའ་བར་དགོངས། བཅོམ་ལྡན་འདས་གཞན་ཡང་སྔོན་འདས་པའི་དུས་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་ཚངས་པ་ལྷ་ཞེས་བགྱི་བ་ལ། རྒྱལ་ཚབ་ད་མ་གམ་ཞེས་བགྱི་བ་ཞིག་མཆིས་ཏེ། རྒྱལ་བུ་དེ་དམ་པའི་ཆོས་ལ་མོས་ཤིང་དགའ་བས་དམ་པའི་ཆོས་ཕྱོགས་ཀུན་ཏུ་བཙལ་ན་ཡང་མ་རྙེད་ནས། མྱ་ངན་གྱིས་གདུངས་ཏེ། ཡི་མུག་པར་གྱུར་པ་ལས། དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་དེའི་བསམ་པ་ཤིན་ཏུ་ཤེས་ཤིང་རྟོགས་ནས། བྲམ་ཟེ་ཞིག་ཏུ་སྤྲུལ་ཏེ་རྒྱལ་པོའི་ཕོ་བྲང་གི་སྒོར་


DKG074_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

འོངས་ནས། དམ་པའི་ཆོས་བདག་ལ་ཡོད་དེ་བསྟན་པར་བྱའོ་ཞེས་སྨྲས་པ་དང་། རྒྱལ་བུས་ཐོས་ནས་ཕྱི་རོལ་ནས་བསུས་ཏེ། རྐང་པ་ལ་ཕྱག་བྱས་ནས། ཕོ་བྲང་གི་ནང་དུ་ཁྲིད་དེ། སྟན་བཏིང་བ་ལ་བཞག་གོ །རྒྱལ་བུས་ཐལ་མོ་སྦྱར་ཏེ། སྟོན་པ་ཆེན་པོ་ཐུགས་བརྩེ་བའི་སླད་དུ། དམ་པའི་ཆོས་བསྟན་དུ་གསོལ། ཞེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། བསླབ་ཅིང་ལོབས་པ་ཡང་ཤིན་ཏུ་དཀའ་ལ། སློབ་དཔོན་གཉེར་ཞིང་ཤེས་པར་འགྱུར་བ་ཡང་སླ་བ་མ་ཡིན་པས། འདི་ཙམ་དུ་ཆོག་པར་འགྱུར་བ་མ་ཡིན་ཏེ། ཆོས་ཐོས་པར་འདོད་པ་ནི་རིགས་པ་མ་ཡིན་ནོ། །རྒྱལ་བུས་སྨྲས་པ། སྟོན་པ་ཆེན་པོ་ཅི་དང་ཅི་འདོད་པ་གསུངས་ཤིག་དང་། བདག་གིས་ལུས་དང་། ཆུང་མ་དང་། བུ་ཕོའི་བར་དུ་བཞེད་ན་ཡང་ཐམས་ཅད་མི་ཕངས་ཏེ། བཀའ་བཞིན་དུ་བགྱིའོ། །བྲམ་ཟེས་སྨྲས་པ། གལ་ཏེ་མེའི་དོང་ཟབས་སུ་ཁྲུ་བཅུ་པའི་ནང་མེ་མུར་གྱིས་བཀང་ལ་དེའི་ནང་དུ་མཆོངས་ཏེ་མཆོད་པ་བྱས་ན་དམ་པའི་ཆོས་བསྟན་ཏོ་ཞེས་སྨྲས་པ་དང་། དེའི་ཚེ་ན་རྒྱལ་བུ་དེས་སློབ་དཔོན་གྱི་ལུང་བཞིན་དུ་མེ་དོང་ཆེན་པོ་བྱས་སོ། །དེ་ནས་རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་དང་། ཕོ་བྲང་གི་སླས་ཀྱིས་དེ་ལྟ་བུར་གྱུར་པ་དག་ཐོས་ནས། ལུས་དང་སེམས་མི་བདེ་བར་གྱུར་ནས། ཐམས་ཅད་རྒྱལ་བུའི་ཕོ་བྲང་དུ་ལྷགས་ནས། རྒྱལ་བུ་ལ་ཡང་གསོལ་བ་བཏབ། བྲམ་ཟེ་ལ་ཡང་ཀུན་གྱིས་ནན་གྱིས་བསྐོར་ནས། བཙུན་པ་ཐུགས་རྗེ་བར་དགོངས་ཏེ། བདག་ཅག་གི་སླད་དུ་རྒྱལ་བུ་འདི་མེའི་དོང་དུ་མཆོང་བར་མི་མཛད་དུ་གསོལ། འཁོར་རམ། ཆུང་མའམ། བུ་མོའམ། བདག་གི་ལུས་བཞེད་ན་ཡང་འབུལ་ལོ་ཞེས་གསོལ་པ་དང་། བྲམ་ཟེས་སྨྲས་པ། བདག་གིས་ནན་གྱིས་མི་བྱར་མི་རུང་བ་ནི་མེད་ཀྱིས་རྒྱལ་བུས་ཅིར་བརྩམས་པར་ཟད་དེ། གལ་ཏེ་དེ་ལྟར་ནུས་ན་ནི། ཆོས་བསྟན་པར་ཡང་བྱ། ཅི་མི་ནུས་ན་ནི་ཆོས་ཀྱང་མི་བསྟན་ཏོ་ཞེས་སྨྲས་སོ། །འཁོར་རྣམས་ཀྱིས་ཀྱང་དེའི་དམ་བཅས་པ་བརྟན་པར་ཤེས་ཤིང་རྟོགས་ནས་ཅང་མི་སྨྲའོ། །དེའི་ཚེ་རྒྱལ་པོས་ཀྱང་ཕོ་ཉ་ཞིག །གླང་པོ་ཆེ་རྒྱང་


DKG074_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་བརྒྱ་སྟོང་དུ་འགྲོ་བ་ཞིག་བསྐྱོན་ཏེ། འཛམ་བུའི་གླིང་ཀུན་ཏུ་བཏང་ནས། རྒྱལ་ཚབ་ད་མ་གམ། དེ་སྟེ་ཞག་བདུན་ན་ཆོས་འདོད་པའི་ཕྱིར་མེའི་དོང་དུ་མཆོང་གིས། ཁྱེད་མཐོང་བར་འདོད་ན་མྱུར་དུ་ཤོག་ཤིག་ཅེས་བསྒོའོ། །དེའི་ཚེ་རྒྱལ་ཕྲན་དང་། འབངས་མང་པོ་དག་ངུ་ཞིང་ཉམ་ཆུང་བ་དག་ཀྱང་གཅིག་གིས་གཅིག་ཁྲིད་དེ། རྒྱལ་བུའི་ཐད་དུ་ལྷགས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཐམས་ཅད་ཀྱིས་ཚིག་འཐུན་པར་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་རྒྱལ་བུ་ཁྱོད་ལ་བརྟན་ཏེ། བདག་ཅག་གི་ཕ་མ་དང་འདྲ་བ་ཁྱོད་མེ་དོང་དུ་མཆོང་ན། འབངས་འདི་དག་ཐམས་ཅད་ལ་མགོན་སྐྱབས་དང་། གནས་མེད་པར་འགྱུར་གྱི་མི་འགའ་ཙམ་གྱི་ཕྱིར། འབངས་ཐམས་ཅད་ཀྱི་དཔུང་གཉེན་མེད་པར་མ་མཛད་ཅེས་གསོལ་པ་དང་། དེ་ནས་རྒྱལ་བུས་མི་མང་པོ་དེ་དག་ལ་འདི་སྐད་ཅེས་བསྒོའོ། །ང་ནི་ཡུན་རིང་པོ་ནས་འཁོར་བར་འཁོར་བ་ན། ལུས་གྲངས་མེད་པ་ཞིག་འཕོས་པར་གྱུར་ཏེ། མིའི་ནང་དུ་སྐྱེས་པ་ན། འདོད་པས་ཆོག་མི་ཤེས་པས་གཅིག་ལ་གཅིག་འཚེ་ཞིང་གནོད་པར་གྱུར་ཏོ། །མཐོ་རིས་ཀྱི་ལྷར་སྐྱེས་པ་ན་ཡང་ལྷའི་ཚེ་ཟད་པ་ན། འདོད་པ་དང་བྲལ་བའི་སྡུག་བསྔལ་མྱོང་ངོ་། །སེམས་ཅན་དམྱལ་བར་སྐྱེས་པ་ན་ཡང་མེར་ཚིག་པ་དང་། ཟངས་སུ་བསྐོལ་བ་དང་། རལ་གྲི་དང་མཚོན་ཆས་དམྱལ་ཞིང་གཏུབས་པ་དང་། གདུག་པའི་ཆུ་ལ་འབོག་པ་དང་། རལ་གྲིའི་སོ་ལ་འཛེག་ཅིང་ཉིན་གཅིག་ལ་ཡང་ཚེ་འཕོས་པ་གྲངས་མེད་པ་ཞིག་མྱོང་སྟེ། ན་བ་དང་འཆི་བའི་སྡུག་བསྔལ་རུས་པ་ལ་ཐུག་པ་བརྗོད་ཀྱིས་མི་ལང་བ་ཞིག་མྱོང་ངོ་། །ཡི་དགས་སུ་སྐྱེས་པ་ན་ཡང་། ལུས་ཀྱིས་མི་བཟོད་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་ངོ་། །དུད་འགྲོའི་སྐྱེ་གནས་སུ་ནི་ལུས་ཉིད་ཆུད་གཟན་དུ་གྱུར་ཏེ། ཁལ་ལྔི་བ་བཀལ་ནས་རྩྭ་ལས་མི་ཟ་བའི་སྡུག་བསྔལ་བཟོད་པར་དཀའ་བ་མྱོང་བས། ལུས་དང་སྲོག་ཆུད་གསན་ཀྱང་། དམ་པའི་ཆོས་ཀྱི་ཕྱིར་དགེ་བའི་སེམས་ཅུང་ཟད་ཙམ་ཡང་བསྐྱེད་མ་མྱོང་བས། ད་ནི་ལུས་བཙོག་པ་དམན་པ་འདི་ཆོས་ཀྱི་ཕྱིར་མཆོད་པ་བྱེད་ཀྱིས། བདག་གི་བླ་ན་མེད་པའི་


DKG074_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག །བདག་ནི་སངས་རྒྱས་སུ་བསྒྲུབ་པའི་ཕྱིར། ལུས་འདི་ཡོངས་སུ་གཏོང་སྟེ། ནམ་མངོན་པར་སངས་རྒྱས་ནས། ཁྱོད་ལ་ཆོས་ཀྱི་སྐུ་སྦྱིན་པར་བྱའོ་ཞེས་སྨྲས་པ་དང་། འཁོར་མང་པོ་ཡང་མི་སྨྲ་བར་གྱུར་ཏོ། །དེའི་ཚེ་ན་རྒྱལ་བུ་དེ་མེ་དོང་གི་ཁར་འགྲེང་ནས། བྲམ་ཟེ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཆེན་པོ་བདག་ལ་སྔར་དམ་པའི་ཆོས་སྟོན་ཅིག །གལ་ཏེ་ཚེའི་དུས་བྱས་ན་ཆོས་མི་ཐོས་སོ་ཞེས་གསོལ་པ་དང་། བྲམ་ཟེ་དེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བྱམས་པའི་སེམས་ནི་གོམས་པར་བྱ། །ཞེ་སྡང་ཁྲོ་བའི་འདུ་ཤེས་སྤངས། །སྙིང་རྗེ་ཆེན་པོས་སེམས་ཅན་སྐྱོབས། །ཀུན་ལ་སྙིང་བརྩེ་མཆི་མ་གཟགས། །དགའ་བ་ཆེན་པོ་གོམས་པར་བྱ། །གཞན་ལའང་བདག་དང་འཐུན་པའི་ཆོས། །བྱང་ཆུབ་སེམས་ཀྱིས་བསྐྱབ་པ་ནི། །བྱང་ཆུབ་སེམས་དཔའི་སྤྱོད་པར་ལྡན། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་མ་ཐག་ཏུ་མེ་དོང་དུ་མཆོངས་པ་ལས། བརྒྱ་བྱིན་དང་ཚངས་པའི་རྒྱལ་པོས་ལག་པ་ཡ་རེ་ནས་ཟིན་ཏེ། འདི་སྐད་ཅེས་སྨྲས་སོ། །འཛམ་བུའི་གླིང་གི་འགྲོ་བ་ཐམས་ཅད་ནི་རྒྱལ་པོ་ཁྱོད་ཀྱི་བཀའ་དྲིན་གྱིས་མི་བདེ་བའི་བག་མེད་ན་ད་མེ་དོང་དུ་མཆོང་ན། འབངས་ཐམས་ཅད་ཀྱི་ཕ་མ་ཚེ་འཕོས་པ་དང་འདྲ་བས། ཅིའི་ཕྱིར་འགྲོ་བ་ཐམས་ཅད་ཡོངས་སུ་བཏང་སྟེ། མེ་དོང་དུ་མཆོང་ཞེས་སྨྲས་པ་དང་། རྒྱལ་བུ་དེས་ལྷའི་རྒྱལ་པོ་དང་འཁོར་མང་པོ་ལ་བལྟས་ཏེ། ཁྱོད་ཀྱིས་བདག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་གཅོད་པའི་ལས་མ་བྱེད་ཅིག་ཅེས་སྨྲས་པ་དང་། ཐམས་ཅད་ཅང་མི་སྨྲ་བ་དང་། དེ་མ་ཐག་ཏུ་མེ་དོང་དུ་མཆོངས་སོ། །དེའི་ཚེ་གནམ་ས་རབ་ཏུ་གཡོས་སོ། །བར་སྣང་གི་ལྷ་རྣམས་ཀྱང་ངུས་ནས་མཆི་མ་ཆར་བཞིན་བབ་བོ། །མེ་དོང་དེ་ཡང་མེ་ཏོག་གི་རྫིང་བུར་གྱུར་ཏོ། །རྒྱལ་བུ་དེ་ཡང་པད་མའི་སྟེང་དུ་འདུག་པར་གྱུར་ནས། ལྷ་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་པ་ཙམ་དུ་ཕབ་བོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཚངས་པ་ལྷ་ནི། རྒྱལ་པོ་ཡབ་ཟས་གཙང་མ་ལགས་སོ། །དེའི་ཚེ་དེའི་དུས་ན་


DKG074_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་མ་ནི་ཡུམ་ལྷ་མཛེས་ལགས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་རྒྱལ་ཚབ་དེ་ནི་བཅོམ་ལྡན་འདས་ལགས་སོ། །བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་ཡང་། འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་ཆོས་བཙལ་ན། ད་ཡོངས་སུ་རྫོགས་པར་གྱུར་པ་ན། ཅིའི་སླད་དུ་ཤིན་ཏུ་གདུང་བར་གྱུར་པའི་སེམས་ཅན་མང་པོ་ལ་ཆོས་ཀྱི་ཆར་མི་འབེབས་པར་མྱ་ངན་ལས་འདས་པར་དགོངས། བཅོམ་ལྡན་འདས་གཞན་ཡང་བསྐལ་པ་གྲངས་མེད་ཚད་མེད་པ་འདས་པའི་ཕ་རོལ་ན། དེའི་ཚེ་དེའི་དུས་ན་ཡུལ་བཱ་རཱ་ཎ་སཱི་འདིར་དྲང་སྲོང་ལྔ་བརྒྱ་ཞིག་གནས་ཏེ། དྲང་སྲོང་དེ་དག་གིས་སྟོན་པ་ཨུད་པ་ལ་ཞེས་བྱ་བ་དེ་དམ་པའི་ཆོས་སློབ་ཅིང་བསྒོམ་པ་ལ་དགའ་བས་ཀུན་ཏུ་རྒྱུ་ཞིང་། སུ་ལ་དམ་པའི་ཆོས་ཡོད་པ་དེ་བདག་ལ་སྨྲ་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ཞིང་དེའི་གཡོག་བྱའོ་ཞེས་བྱ་བར་བསྒྲགས་པ་དང་། བྲམ་ཟེ་ཞིག་དེར་འོངས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ལ་དམ་པའི་ཆོས་ཡོད་དེ། ཐོས་པར་འདོད་ན་བསྟན་པར་བྱའོ་ཞེས་སྨྲས་པ་དང་། དྲང་སྲོང་དེས་ཐོས་ནས་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ། །བདག་ལ་ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་བསྟན་དུ་གསོལ། ཞེས་སྨྲས་པ་དང་། བྲམ་ཟེ་དེས་སྨྲས་པ། ཆོས་ལོབས་པ་ཡང་ཤིན་ཏུ་དཀའ་སྟེ། སྡུག་བསྔལ་མང་པོ་མྱོང་བས་ཆོས་ལོབས་པ་ཡིན་གྱིས། འདི་ཙམ་གྱིས་ཆོས་ཐོས་པར་འདོད་པར་རིགས་པ་མ་ཡིན་ནོ། །ཁྱོད་སྙིང་ནས་ཐོས་པར་འདོད་ན། ཁོ་བོས་བསྒོ་བ་བཞིན་དུ་བྱོས་ཤིག །དྲང་སྲོང་གིས་སྨྲས་པ། སྟོན་པ་ཆེན་པོའི་བཀའ་བཞིན་དུ་མི་འགལ་བར་བགྱིའོ། །ཞེས་སྨྲས་པ་དང་། དེ་ལ་འདི་སྐད་ཅེས་བསྒོའོ། །གལ་ཏེ་ཁྱོད་ཀྱི་པགས་པ་བཤུས་ཏེ་ཤོག་ཤོག་ཏུ་བྱས་ལ། རུས་པ་ནི་སྨྱུ་གུར་བྱས། ཁྲག་ནི་སྣག་ཙར་བྱས་ཏེ། ངས་བསྟན་པའི་ཆོས་ཡི་གེར་བྲིས་ན། ཁྱོད་ལ་ཆོས་བསྟན་ཏོ། །ཞེས་སྨྲས་སོ། །དེ་ནས་དྲང་སྲོང་དེས་དེ་སྐད་ཅེས་སྨྲས་པ་ཐོས་ནས། རབ་ཏུ་དགའ་མགུ་རངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་བཀུར་སྟིར་བྱ་བའི་ཕྱིར། པགས་པ་བཤུས་ནས་ཤོག་ཤོག་ཏུ་བྱས། རུས་པ་ནི་སྨྱུ་གུར་བྱས། ཁྲག་ལ་སྣག་ཙར་བྱས་ནས།


DKG074_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ལ་བབ་ཀྱི་མྱུར་དུ་གསུངས་ཤིག་ཅེས་སྨྲས་པ་དང་། བྲམ་ཟེས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །ལུས་ཀྱི་སྤྱོད་པ་རབ་བསྡམས་ཤིང་། །སྲོག་གཅོད་རྐུ་དང་གཡེམ་མི་བྱ། །ཕྲ་མ་བརྫུན་དང་ཚིག་རྩུབ་དང་། །འཁྱལ་བ་སྨྲ་བར་མི་བྱའོ། །འདོད་པ་རྣམས་ལ་མི་ཆགས་ཤིང་། །ཞེ་སྡང་སེམས་ཀྱང་མེད་པར་བྱ། །ངན་པར་བལྟ་བ་ཀུན་སྤངས་ན། །བྱང་ཆུབ་སེམས་དཔའི་སྤྱོད་པའོ། །ཞེས་ཚིགས་སུ་བཅད་པ་འདི་དག་སྨྲས་མ་ཐག་ཏུ། ཡི་གེར་བྲིས་ནས་འཛམ་བུའི་གླིང་ཀུན་ཏུ་བསྒྲགས་ཏེ། མི་མང་པོ་ཐམས་ཅད་ཀྱིས་དེ་ལ་སློབ་ཅིང་ཅི་ལྟར་བསྟན་པ་བཞིན་དུ་ནན་ཏན་བྱེད་དུ་བཅུག་གོ །བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན་ཡང་། སེམས་ཅན་མང་པོའི་སླད་དུ་ཆོས་ཚོལ་བ་ལ་འགྱོད་པའི་ཐུགས་མི་མངའ་ན། ད་ཅིའི་སླད་དུ་ཆོས་ཀྱང་མ་བསྟན་པར་ཐམས་ཅད་ཡོངས་སུ་བཏང་སྟེ། མྱ་ངན་ལས་འདའ་བར་དགོངས། བཅོམ་ལྡན་འདས་གཞན་ཡང་སྔོན་འདས་པའི་བསྐལ་པ་གྲངས་མ་མཆིས་ཚད་མ་མཆིས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཤི་བི་ཞེས་བགྱི་བ་ཞིག་བྱུང་བ་དང་། རྒྱལ་པོ་དེ་བཞུགས་པའི་ཕོ་བྲང་ནི་དེ་བ་བརྟ་ཞེས་བགྱི་སྟེ། འབྱོར་པ། བདེ་བ། ལོ་ལེགས་པ། ལོངས་སྤྱོད་དཔག་ཏུ་མེད་པ་དང་ལྡན་ནོ། །དེའི་ཚེ་ན་རྒྱལ་པོ་དེ་འཛམ་བུའི་གླིང་འདི་ལ་དབང་མཛད་དེ། རྒྱལ་ཕྲན་ནི་བརྒྱད་ཁྲི་བཞི་སྟོང་། ལྗོངས་ནི་སྟོང་ཕྲག་དྲུག་ཅུའི་ནང་ན། གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་དང་། བཙུན་མོ་དང་ཕོ་བྲང་གི་སླས་སྟོང་ཕྲག་ཉི་ཤུ་དང་། རྒྱལ་བུ་ལྔ་བརྒྱ་ཙམ་དང་། བློན་པོ་ཆེན་པོ་སྟོང་ཕྲག་བཅུ་མངའ་བ་ལ་དབང་མཛད་དེ། ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེས་མ་ཁྱབ་པ་མེད་དོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོ་ལུས་ཀྱི་ཡོན་ཏན་ལྔ་དང་བྲལ་ཏེ། ཚེའི་དུས་བྱེད་དུ་ཉེ་བས་ཤིན་ཏུ་མི་དགའ་སྟེ། མྱ་ངན་བྱེད་པ་བི་ཤྭ་ཀརྨས་མཐོང་ནས། བརྒྱ་བྱིན་ལ་ཅིའི་སླད་དུ་མྱ་ངན་མཛད་ཅིང་མི་དགྱེས་ཅེས་གསོལ་བ་དང་། བརྒྱ་བྱིན་གྱིས་སྨྲས་པ། ང་ནི་ཚེའི་དུས་བྱེད་དུ་ཉེ་བས་ཚེ་འཕོས་པའི་ལྟས་མངོན་དུ་བྱུང་ན། འཇིག་རྟེན་འདིར་སངས་རྒྱས་ཀྱི་ཆོས་ནི་ནུབ་པར་གྱུར་ཏེ། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་ན་མི་


DKG074_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་ན། ཁོ་བོ་གང་ལ་སྐྱབས་སུ་འགྲོ་བ་མི་ཤེས་པས་མྱ་ངན་བྱེད་དོ། །བི་ཤྭ་ཀརྨས་སྨྲས་པ། ལྷའི་དབང་པོ་འཛམ་བུའི་གླིང་ན་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ཤི་བི་ཞེས་བྱ་བ་ཞིག་བཞུགས་ཏེ། ཤིན་ཏུ་ཡི་དམ་ལ་བརྟན་ཞིང་བརྩོན་འགྲུས་བརྩམས་པས་གདོན་མི་ཟ་བར་མངོན་པར་འཚང་རྒྱ་སྟེ། དེ་ལ་སྐྱབས་སུ་སོང་ན་གདོན་མི་ཟ་བར་དཔུང་གཉེན་དུ་འགྱུར་ཏེ། བགེགས་ལས་རྣམ་པར་ཐར་བར་འགྱུར་རོ། །བརྒྱ་བྱིན་གྱིས་སྨྲས་པ། གལ་ཏེ་བྱང་ཆུབ་སེམས་དཔའ་ཡིན་ན། སྔར་བགམ་དགོས་ཀྱིས་སད་དུ་འདོང་ངོ་། །ཁྱོད་ཀྱིས་ནི་ཕུག་རོན་ཞིག་ཏུ་སྤྲུལ་ཅིག །ང་ནི་ཁྲ་བཞིན་དུ་སྤྲུལ་ཏེ། མགྱོགས་པར་ཁྱོད་ཀྱི་ཕྱི་བཞིན་དུ་འོང་གི་རྒྱལ་པོ་དེ་གང་ན་བཞུགས་པར་སོང་ལ། སྐྱབས་བཙལ་ནས་བགམ་སྟེ། དེ་སྒྱུ་ཡོད་དམ། བདེན་པ་རྟོགས་པར་འགྱུར་རོ། །བི་ཤྭ་ཀརྨས་སྨྲས་པ། ལྷའི་དབང་པོ་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའ་ལ་འཚེ་བ་མི་ཤའི་མཆོད་པའི་རིགས་ཀྱིས། ཤིན་ཏུ་དཀའ་བའི་དངོས་པོ་འདི་ལྟ་བུས་གཙེ་བའི་མི་རིགས་སོ་ཞེས་སྨྲས་པ་དང་། བརྒྱ་བྱིན་ལྷའི་དབང་པོས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །བདག་ནི་དེ་ལ་ངན་སེམས་མིན། །གསེར་ལྟར་སད་ནས་མངོན་པར་འགྱུར། །བདེན་པ་རྟོགས་པར་འདོད་པ་ན། །བྱང་ཆུབ་སེམས་དཔའ་སད་པར་བྱ། །ཞེས་ཚིགས་སུ་བཅད་པ་དེ་སྐད་སྨྲས་ནས། བི་ཤྭ་ཀརྨ་ནི་ཕུག་རོན་དུ་སྤྲུལ། བརྒྱ་བྱིན་ནི་ཁྲ་རུ་སྤྲུལ། ཕུག་རོན་གྱི་ཕྱི་བཞིན་དུ་འབྲངས་ཏེ། བཟུང་ལ་ཐུག་པ་ལྟར་བྱས་པ་དང་། ཕུག་རོན་སྐྲག་དངངས་ནས། རྒྱལ་པོའི་མཆན་ཁུང་དུ་ཞུགས་ཏེ། རྒྱལ་པོ་ལ་སྲོག་གི་སྐྱབས་གསོལ་ཏོ། །ཁྲ་ཡང་མོད་ལ་ཕྱིན་ཏེ། ཕོ་བྲང་གི་དྲུང་གང་ན་བ་དེར་འདུག་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཕུག་རོན་འདི་ནི་བདག་གི་ཟས་ལགས་ཏེ། འདིར་རྒྱལ་པོ་ལ་བབས་ཀྱིས་མྱུར་དུ་བདག་ལ་སྩོལ་ཅིག །བདག་ནི་བཀྲེས་པས་རབ་ཏུ་ཉེན་ཏོ་ཞེས་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཁོ་བོས་ནི་གང་བདག་ལ་སྐྱབས་སུ་འོངས་སོ་ཅོག་ལ་ཕྱིར་མི་གཏོང་བར་དམ་བཅས་པས། འདི་ཡང་མི་སྦྱིན་ནོ་ཞེས་སྨྲས་པ་དང་། ཡང་


DKG074_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲས་སྨྲས་པ། རྒྱལ་པོས་གསུངས་པ་ལྟར་ཐམས་ཅད་ཀྱི་སྐྱབས་མཛད་དོ་ཞེ་ན། གལ་ཏེ་བདག་གི་ཟས་མི་སྩལ་ན་བདག་ཀྱང་འཚོ་བ་དང་བྲལ་ན། ཅི་བདག་ཀྱང་ཐམས་ཅད་ཀྱི་ནང་དུ་མ་གཏོགས་སམ། རྒྱལ་པོས་སྨྲས་པ། ཁྱོད་ལ་ཤ་གཞན་ཞིག་སྦྱིན་ན་ཟའམ། ཁྲས་སྨྲས་པ། བདག་ནི་གསར་དུ་བཀུམ་པའི་ཤ་རློན་པ་མཆིས་ན་འཚལ་ལོ་ཞེས་སྨྲས་པ་དང་། རྒྱལ་པོ་དེས་འདི་སྙམ་དུ་བསམས་སོ། །བདག་གིས་གསར་དུ་བསད་པའི་ཤ་རློན་པ་ཞིག་སྦྱར་ན་ནི། གཅིག་བསད་དེ་གཅིག་གསོ་བར་རིགས་པ་མ་ཡིན་ཏེ། དོན་མེད་དོ་སྙམ་དུ་བསམས་ནས་ཡང་འདི་སྙམ་དུ་སེམས་སོ། །བདག་འབའ་ཞིག་གིས་ལུས་མ་གཏོགས་པར་གཞན་ཅི་ཙམ་སྲོག་དང་བཅས་པས་ཐམས་ཅད་ནི་སྲོག་ཕངས་སོ་སྙམ་བསམས་ནས། གྲི་རྣོན་པོ་ཐོགས་ནས་བརླའི་ཤ་བཅད་ནས་ཁྲ་ལ་བྱིན་ཏེ། ཕུག་རོན་གྱི་སྲོག་བླུས་སོ། །ཁྲས་སྨྲས་པ། རྒྱལ་པོ་ཁྱོད་སྦྱིན་བདག་དུ་གྱུར་ཏེ། ཐམས་ཅད་ལ་སྙོམས་ན། བདག་བྱ་ཆུང་ངུ་ཞིག་ལགས་ཀྱང་སྙོམས་པར་མཛད་འཚལ་བས། གལ་ཏེ་ཕུག་རོན་གྱི་སྲོག་བླུ་ན་སྲང་གིས་བཙལ་ཏེ། མཉམ་པར་མཛད་དུ་གསོལ་ཞེས་སྨྲས་པ་དང་། རྒྱལ་པོས་སྲང་ལོང་ཤིག་ཅེས་བཀའ་སྩལ་ཏེ། སྲང་གི་ཁུ་ལེར་ནི་ཕུག་རོན་བཞག།སྲང་གི་གཞིར་ནི་ཤ་བཅད་དེ་སྤུངས་ན། བརླའི་ཤ་ཟད་ཀྱང་ཕུག་རོན་བས་ཡང་ངོ་། །ཕྲག་པ་གཉིས་དང་། རྩིབ་ལོགས་གཡས་གཡོན་དང་། ལུས་ཀྱི་ཤ་ཟད་པར་བཅད་ཀྱང་། ཕུག་རོན་དང་མཉམ་པར་མ་གྱུར་ནས། རྒྱལ་པོ་ཉིད་བཞེངས་ཏེ། སྲང་གི་ནང་དུ་འགྲོ་བར་གཟས་པ་ལས་ཉམས་ཀྱིས་མ་ནུས་ཏེ། ས་ལ་འགྱེལ་ནས་བརྒྱལ་ལོ། །དེ་ནས་རིང་ཞིག་ལོན་པ་དང་། དྲན་པར་གྱུར་ནས། བདག་གི་སེམས་ལ་འདི་སྐད་ཅེས་སྨད་དོ། །ཐོག་མ་མེད་པའི་དུས་ནས་ཁྱོད་ཀྱིས་མ་ནུས་ནས། ཁམས་གསུམ་དུ་འཁོར་ཞིང་སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར་ཀྱང་། བསོད་ནམས་ཀྱི་ཚོགས་སུ་མ་གྱུར་ཏོ། །བརྩོན་འགྲུས་བརྩམས་པའི་དུས་ལ་བབ་སྟེ། ལེ་ལོ་བྱ་བའི་དུས་མ་ཡིན་ནོ་ཞེས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བརྒྱད་བཀག་སྟེ། དེ་ནས་འབད་འབུངས་ནས་


DKG074_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གི་གཞིའི་ནང་དུ་ཕྱིན་པ་དང་། ད་ནི་ལེགས་སོ་ཞེས་རབ་ཏུ་དགའ་བའི་སེམས་སྐྱེས་སོ། །དེའི་ཚེ་གནམ་ས་རྣམ་པ་དྲུག་ཏུ་གཡོས་ནས། ལྷ་རྣམས་ཀྱི་ཕོ་བྲང་ཡང་འགུལ་ཞིང་ལྟེག་པར་གྱུར་ཏེ། གཟུགས་ཀྱི་ཁམས་ཀྱི་ལྷ་མན་ཅད་ལྷགས་ནས་སྟེང་གི་བར་སྣང་ལ་འཁོད་དོ། །བྱང་ཆུབ་སེམས་དཔས་ཤིན་ཏུ་དཀའ་བ་སྤྱད་ཅིང་ལུས་དང་གཏན་མ་རུང་བར་བྱས་ཏེ། ཆོས་ཀྱི་ཕྱིར་ལུས་དང་སྲོག་ལ་མི་ལྟ་བར་གྱུར་པའི་དངོས་པོ་དེ་དག་མཐོང་ནས། མཆི་མ་ཆར་བཞིན་དུ་ཟག་ཅིང་ངུས་ཏེ། ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་བབ་ནས་མཆོད་པ་བྱས་སོ། །དེའི་ཚེ་བརྒྱ་བྱིན་གྱིས་སྔོན་གྱི་ལུས་སུ་བསྒྱུར་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོས་འདི་ལྟ་བུའི་ཤིན་ཏུ་དཀའ་བ་མཛད་པ་འདིས་ཅི་ཞིག་བཞེད། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞེད་དམ། བརྒྱ་བྱིན་ནམ། བདུད་ཀྱི་རྒྱལ་པོའམ། ཁམས་གསུམ་གྱི་དབང་པོ་བཞེད་དམ། ཅི་ཞིག་བཞེད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། བདག་འདོད་པ་ནི་ཁམས་གསུམ་གྱི་ཆེ་བ་ཅན་གྱི་ལོངས་སྤྱོད་འདོད་པ་མ་ཡིན་ཏེ། བསོད་ནམས་ཅི་བྱེད་ཀྱང་བླ་ན་མེད་པའི་བྱང་ཆུབ་འདོད་དོ་ཞེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་ལུས་ཞིག་ཅིང་མ་རུང་བར་བྱས་ཏེ། རུས་པ་ལ་ཐུག་པའི་སྡུག་བསྔལ་མྱོང་བར་གྱུར་པ་འདི་ལ་མི་འགྱོད་དམ་ཞེས་སྨྲས་པ་དང་། རྒྱལ་པོས་འགྱོད་པ་མེད་དོ་ཞེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། འགྱོད་པ་མེད་ཅེས་སྨྲས་མོད་ཀྱིས། དེ་ལྟར་ལུས་འདར་ཞིང་རྡག་ལ་དབུགས་ཆད་པ་ཙམ་དུ་སྨྲ་ཡང་མི་ནུས་པ་ལ་བལྟས་ན། འགྱོད་པ་མེད་པར་ཅིས་ཡིད་ཆེས་པར་འགྱུར། རྒྱལ་པོས་སྨྲས་པ། བདག་ཐོག་མ་ནས་ཐ་མའི་བར་དུ་བ་སྤུའི་ཉག་མ་ཙམ་གྱི་འགྱོད་པའི་སེམས་མེད་ན། བདག་ཅི་དང་ཅི་འདོད་པ་གདོན་མི་ཟ་བར་འགྱུར་ཏེ། སྨྲས་པའི་ཚིག་འདི་བདེན་ན་བདེན་པའི་ཚིག་སྨྲས་པས། བདག་གི་ལུས་འདི་སྔ་མཁོ་བཞིན་དུ་རྨ་མེད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་རྒྱལ་པོའི་ལུས་སྔོན་བས་ཀྱང་ལྷག་པར་བཟང་པོར་གྱུར་ཏེ། ལྷ་དང་མིའི་འཇིག་རྟེན་དུ་བཅས་པ་ཐམས་ཅད་དགའ་མགུ་རངས་ནས། ངོ་མཚར་རྨད་དུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན། རྒྱལ་


DKG074_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཤི་བྱི་ནི་ད་ལྟར་སངས་རྒྱས་ལགས་ཏེ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཡང་། སེམས་ཅན་མང་པོའི་སླད་དུ། སྐུ་ཚེ་ལ་མ་གཟིགས་ན། ད་བཅོམ་ལྡན་འདས་ཆོས་ཀྱི་རྒྱ་མཚོ་ནི་ཡོངས་སུ་རྫོགས། ཆོས་ཀྱི་རྒྱལ་མཚན་དག་བསྒྲེངས། ཆོས་ཀྱི་རྔ་ཡང་རབ་ཏུ་བརྡུངས། ཆོས་ཀྱི་སྒྲོན་མ་ཡང་རབ་ཏུ་གསལ་བར་མཛད་དེ། ཕན་པ་དང་བདེ་བའི་དོན་མཛད་པའི་དུས་ལ་བབ་ན། ཅིའི་སླད་དུ་ཆོས་ཀྱང་མ་བསྟན་པར་སེམས་ཅན་ཐམས་ཅད་ཡོངས་སུ་བཏང་སྟེ། མྱ་ངན་ལས་འདའ་བར་དགོངས། དེའི་ཚེ་ན་ཚངས་པའི་རྒྱལ་པོས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པས་སྔོན་གྱི་སྐུ་ཚེ་ལ་ཆོས་ཅི་ལྟར་བཙལ་བ་དང་། སེམས་ཅན་གྱི་སླད་དུ་དབུ་སྟོང་ཙམ་ཡང་བཏང་བར་གྱུར་ཏོ། །ཞེས་བསྟོད་ཅིང་བསྔགས་པ་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོས་གསོལ་པ་བཞིན་དུ་གནང་བར་མཛད་ནས། ཡུལ་བཱ་ར་ཎ་སཱི་ན་རི་དགས་ལ་མི་འཇིགས་པ་བྱིན་པའི་གནས་སུ་གཤེགས་ནས། ཆོས་ཀྱི་འཁོར་ལོ་བསྐོར་ཏོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བས་དཀོན་མཆོག་གསུམ་ཡང་འཇིག་རྟེན་ན་མངོན་སུམ་དུ་གྱུར་ཏོ། །དེའི་ཚེ་དེ་སྐད་ཅེས་གསུངས་ནས་ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་སྡེ་བརྒྱད་ལ་སྩོགས་པ་ཐམས་ཅད་མངོན་པར་དགའ་ནས་རྗེས་སུ་སྤྱོད་དོ། །དཔེ་སྣ་ཚོགས་བསྟན་པའི་ལེའུ་སྟེ་དང་པོའོ།། །།

གཉིས་པ། སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་བྱིན་པའི་ལེའུ།


DKG074_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་བསོད་སྙོམས་ཀྱི་དུས་ལ་བབ་ནས། ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་བསྣམས་ཏེ། ཀུན་དགའ་བོ་དང་བསོད་སྙོམས་ལ་གཤེགས་སོ། །དེའི་ཚེ་ན་གྲོང་ཁྱེར་དེ་ན་རྒན་མོ་ཞིག་ལ་བུ་རྟག་ཏུ་རྐུ་བ་གཉིས་ཤིག་ཡོད་དེ། ནོར་བདག་གིས་ཟིན་ནས་ཞལ་ཆེ་བའི་མདུན་དུ་ཁྲིད་དེ། ཁྲིམས་དང་སྦྱར་ནས་བསད་པ་ལ་ཐུག་ནས། རིགས་ངན་སྐྲག་སྟེ་གསོད་པའི་གནས་སུ་ཁྲིད་པ་ལས། བཅོམ་ལྡན་འདས་རྒྱང་མ་ནས་གཤེགས་པ་རྒན་མོ་མ་


DKG074_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་གསུམ་གྱིས་མཐོང་ནས། སངས་རྒྱས་གཤེགས་པའི་ཕྱོགས་སུ་ཕྱག་འཚལ་ནས། ལྷའི་ནང་ན་གཙོ་བོ་ཐུགས་བརྩེ་བར་དགོངས་ཏེ། བདག་གི་བུ་འགུམ་པ་ལ་ཐུག་པ་འདིའི་སྐྱབས་མཛད་དུ་གསོལ་ཞེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་གསན་ནས། དེ་བཞིན་གཤེགས་པ་ཐུགས་རྗེ་ཆེན་པོས་དེ་དག་ལ་ཐུགས་བརྩེ་བར་དགོངས་ཏེ། དེ་དག་གི་སྲོག་བསྐྱབ་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། རྒྱལ་པོ་ལ་གསོལ་བ་འདེབས་སུ་བཏང་བ་དང་། རྒྱལ་པོས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་དེ་དག་བཏང་ངོ་། །དེ་དག་བཅོམ་ལྡན་འདས་ཀྱི་བཀའ་དྲིན་དྲན་ཞིང་རབ་ཏུ་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་བཀའ་དྲིན་ཆེན་པོས་བདག་ཅག་གི་ཚེ་སྲོག་ལྷག་མ་ཙམ་ཞིག་ལུས་པར་གྱུར་ན། ལྷའི་གཙོ་བོ་ཐུགས་བརྩེ་བར་དགོངས་ཏེ། བདག་ཅག་ལ་ཆོས་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་ན། སྐྲ་དང་ཁ་སྤུ་རང་བྱི་སྟེ། གོས་ཀྱང་ངུར་སྨྲིག་ཏུ་གྱུར་ཏོ། །དེ་དག་ཤིན་ཏུ་དང་བའི་སེམས་བརྟན་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཅི་རིགས་པའི་ཆོས་བསྟན་ནས་རྡུལ་དང་དྲི་མ་ཟད་དེ། དགྲ་བཅོམ་པར་གྱུར་ཏོ། །དེའི་མ་རྒན་མོ་དེ་ཡང་ཆོས་ཐོས་པས་ལན་ཅིག་ཕྱིར་མི་ལྡོག་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོས་དེ་ལྟ་བུའི་དངོས་པོ་ངོ་མཚར་ཆེ་བ་དག་མཐོང་ནས། དེ་བཞིན་གཤེགས་པའི་ཡོན་ཏན་དེ་སྙེད་ཅིག་མངའོ་ཞེས་བསྔགས་ཏེ། ཡང་འདི་སྙམ་དུ་རྒན་མོ་མ་སྨད་གསུམ་པོ་འདིས་སྔོན་ལེགས་པ་ཅི་ཞིག་བགྱིས་ན། ད་ལྟར་བཅོམ་ལྡན་འདས་དང་ཕྲད་དེ། ཉེས་པ་ཆེན་པོ་ལས་ཀྱང་ཐར་ལ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་ནས་ལུས་གཅིག་གིས་ཕན་པ་དང་། བདེ་བའི་དོན་ཐོབ་པ་ལེགས་སོ་སྙམ་དུ་བསམ་པ་དང་། བཅོམ་ལྡན་འདས་ཀྱིས་མཁྱེན་ནས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མ་སྨད་གསུམ་པོ་འདི་ནི་ངས་ད་ལྟར་འདི་འབའ་ཞིག་གི་དུས་སུ་གསོས་


DKG074_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་ངའི་བཀའ་དྲིན་གྱིས་གསོས་སོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཡང་མ་སྨད་གསུམ་པོ་འདི་དག་ཅི་ལྟར་གསོས་པ་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདི་ན་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་ཞིག་ཡོད་དེ་རྒྱལ་པོ་དེས་རྒྱལ་ཕྲན་ལྔ་སྟོང་སྙེད་ལ་དབང་བྱེད་དོ། །རྒྱལ་པོ་དེ་ལ་སྲས་གསུམ་མངའ་སྟེ། རབ་ནི་སྒྲ་ཆེན་པོ་ཞེས་བྱའོ། །འབྲིང་པོ་ནི་ལྷ་ཆེན་པོ་ཞེས་བྱའོ། །ཐ་ཆུངས་ནི་སེམས་ཅན་ཆེན་པོ་ཞེས་བྱ་སྟེ། སྲས་ཐ་ཆུངས་དེ་ཆུང་ངུ་ནས་བྱམས་པ་དང་སྙིང་རྗེར་ལྡན་ཏེ། ཐམས་ཅད་ལ་བུ་གཅིག་པ་དང་འདྲའོ། །དེའི་ཚེ་རྒྱལ་པོ་དེ་བློན་པོ་དང་བཅས། བཙུན་མོ་དང་སྲས་སུ་བཅས་ཏེ། ཕྱི་རོལ་ཏུ་འཆག་ཅིང་དོང་བ་ལས། ཅུང་ཟད་ཅིག་ངལ་བསོ་བའི་བར་དུ་སྲས་གསུམ་པོ་ཚལ་གྱི་ནང་དུ་སོང་བ་ལས། སྟག་མོ་ཞིག་བུ་བྱུང་ནས་ཞག་དུ་མ་ལོན་པ་བཀྲེས་ཤིང་སྐོམ་པས་ཉེན་ཏེ། ཕྱིར་ཡང་བུ་ཟོས་ལ་ཐུག་པ་ཞིག་མཐོང་ནས། རྒྱལ་བུ་ཐ་ཆུངས་ཀྱིས་ཕུ་བོ་གཉིས་ལ་སྨྲས་པ། སྟག་མོ་འདི་ནི་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་ཏེ། ཉམ་ཆུང་ལ་རིད་པས་ཤི་ལ་ཐུག་པ་འདི་ལྟ་བུ། བུ་བྱུང་མ་ཐག་པ་ཡང་ཟོས་སུ་འདོད་དོ་ཞེས་སྨྲས་པ་དང་། ཕུ་བོ་གཉིས་ཀྱིས་ཁྱོད་ཟེར་བ་བདེན་ནོ་ཞེས་ཟེར་རོ། །ནུ་བོས་ཡང་ཕུ་བོ་ལ་སྨྲས་པ། སྟག་མོ་འདིས་ཟས་སུ་ཅི་ཟ་ཞེས་དྲིས་ན། ཕུ་བོ་གཉིས་ཀྱིས་སྨྲས་པ། འདི་བསད་མ་ཐག་པའི་ཤ་རློན་པ་དང་། ཁྲག་དྲོན་མོས་དེའི་ཡིད་ཚིམ་པར་འགྱུར་རོ་ཞེས་སྨྲས་སོ། །ཡང་སྨྲས་པ། གང་སུ་ཡང་རུང་སྟེ་དེ་ལྟ་བུའི་དངོས་པོས་འདིའི་སྲོག་སྐྱབས་ཏེ། མི་ཉམས་པར་བྱེད་ནུས་པ་ཡོད་དམ། ཕུ་བོ་གཉིས་ཀྱིས་སྨྲས་པ། དེ་ནི་ཤིན་ཏུ་ཡང་དཀའ་བས་མེད་དོ། །དེ་ནས་རྒྱལ་བུ་ཐ་ཆུངས་དེས་ཡིད་ལ་འདི་སྙམ་དུ་བསམས་སོ། །བདག་ཡུན་རིང་པོ་ནས་འཁོར་བ་ན་འཁོར་ཞིང་། ལུས་སྲོག་གྲངས་མེད་པ་ཞིག་ཆུད་གསན་ཏེ།


DKG074_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགའ་ནི་འདོད་ཆགས་ཀྱི་ཕྱིར། བར་འགའ་ནི་ཞེ་སྡང་གི་ཕྱིར། བར་འགའ་ནི་གཏི་མུག་གི་ཕྱིར། ལུས་བཏང་ཡང་ཆོས་ཀྱི་ཕྱིར་བསོད་ནམས་ཀྱི་ཞིང་དང་། ལན་འགའ་ཡང་མ་ཕྲད་པའི་ལུས་འདི་ཅི་རུང་སྙམ་བསམས་ནས། གསུམ་ཀར་འགྲོགས་ཏེ་སོང་བ་ལས། རིང་པོར་མ་ཕྱིན་པར་ཕུ་བོ་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །མཆེད་གཉིས་སྔར་གཤེགས་ཤིག་དང་། བདག་དོན་ཞིག་གཉེར་ཏེ། སླད་བཞིན་པར་མཆིའོ། །ཞེས་སྨྲས་སོ། །ལམ་དེ་ཉིད་དུ་ཞུགས་ཏེ་སྟག་མོའི་ཚང་གང་ན་ཡོད་པར་མྱུར་དུ་སོང་ནས། སྟག་མོའི་དྲུང་དུ་ཉལ་བ་དང་། སྟག་མོ་ཁ་ཐམས་པས་ཟ་མ་ནུས་སོ། །དེའི་ཚེ་རྒྱལ་བུས་ཤིང་གི་ཚལ་པ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས། སྟག་མོ་ལ་བལྡག་ཏུ་བཅུག་པ་དང་། ཁ་ཡང་ཕྱེས་ནས་ལུས་ཀྱི་ཤ་མ་ལུས་པར་ཟོས་སོ། །ཕུ་བོ་གཉིས་ཀྱིས་བལྟས་ན། རིང་ཞིག་ཏུ་མ་འོངས་པས། ཕྱིར་རྗེས་བཞིན་དུ་ཚོལ་དུ་དོང་བ་ལས་སྔར་སྨྲས་པའི་ཚུལ་བརྟགས་ན་གདོན་མི་ཟ་བར་སྟག་མོ་ལྟོགས་པས་བསད་དོ་བསམས་ནས་དེར་ཕྱིན་ཏེ་བལྟས་ན། ནུ་བོ་ཐ་ཆུངས་སྟག་གིས་ཟོས་ཏེ། ཤ་དང་ཁྲག་གིས་ཀུན་ཏུ་བསྒོས་ནས། རྩོག་རྩོག་པ་ལྟར་འདུག་པར་མཐོང་ངོ་། །ལུས་ས་ལ་བརྡབས་ཏེ་བརྒྱལ་ལོ། །རིང་ཞིག་ལོན་པ་དང་། དབུགས་ཕྱིར་བྱུང་ནས། ཆོ་ངེས་འདེབས་ཏེ་ས་ལ་འགྲེ་ཞིང་ཁམས་པར་གྱུར་ཏོ། །དེའི་ཚེ་ན་བཙུན་མོ་ཡུམ་མནལ་བའི་རྨི་ལམ་ན། ཕུག་རོན་གསུམ་ཞིག་ཀུན་ཏུ་འཕུར་ཞིང་རྩེ་བ་ལས། ནང་གི་ཆུང་ངུ་གཅིག་ཁྲས་ཁྱེར་བ་སྙམ་རྨིས་མ་ཐག་ཏུ་སད་ནས། སྐྲག་དངངས་ཏེ་རྒྱལ་པོ་ལ་བསྙད་དོ། །བདག་གིས་གཏམ་དུ་ཐོས་ན། ཕུག་རོན་ནི་བུ་ཕོའི་བླ་སྟེ། ཕུག་རོན་ནང་གི་ཆུང་ངུ་ཁྲས་ཁྱེར་བ་ན། བདག་གི་བུ་ནང་གི་སྡུག་པ་ལ་བཀྲ་མི་ཤིས་ངེས་ཀྱིས་ཞེས་དེ་མ་ཐག་ཏུ་ཀུན་ཏུ་ཚོལ་བ་བཏང་བ་ལས། རིང་པོར་མ་ལོན་པར་རྒྱལ་བུ་གཉིས་ནི་འོངས་ཀྱིས། བུ་ནང་གི་སྡུག་པ་ཅང་མ་ཉེས་སམ་ག་རེ་ཞེས་དྲིས་ན། ཕུ་བོ་གཉིས་སྐད་ཀྱིས་བརྣངས་ཏེ། རིང་ཤིག་ཏུ་དབུགས་ཀྱང་མ་ཕྱིན་སྨྲ་ཡང་མ་ནུས་ནས། དེའི་འོག་ཏུ་དབུགས་ཕྱིན་པ་དང་། སྟག་གིས་ཟོས་སོ་ཞེས་སྨྲས་སོ། །ལྷ་མོ་དེས་དེ་སྐད་


DKG074_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་པ་ཐོས་ནས་ཁམས་ཏེ། ས་ལ་འགྱེལ་ནས་རིང་ཞིག་ལོན་པ་དང་། དབུགས་ཕྱིན་ཏེ། བུ་གཉིས་དང་བཙུན་མོ་དང་། ཕོ་བྲང་གི་སླས་སུ་བཅས་ཏེ་མྱུར་བར་རྒྱལ་བུ་གང་དུ་ཚེ་འཕོས་པའི་གནས་སུ་སོང་ངོ་། །དེའི་ཚེ་སྟག་མོས་རྒྱལ་བུའི་ཤ་ནི་ཟད་པར་ཟོས་ཟིན་གྱིས། རུས་པ་དང་ཁྲག་འབའ་ཞིག་གིས་ས་ལ་རྩོག་རྩོག་པ་ལྟར་འདུག་པ་མཐོང་ངོ་། །བཙུན་མོས་ནི་མགོ་ནས་བཟུང་ངོ་། །རྒྱལ་པོས་ནི་ལག་པ་ནས་བཟུང་སྟེ། ཆོ་ངེས་བཏབ་ནས་ངུས་པ་དང་། དེར་ཡང་ཁམས་ནས་རིང་ཞིག་ལོན་ཏེ། ཕྱིར་སངས་སོ། །རྒྱལ་བུ་སེམས་ཅན་ཆེན་པོ་དེ་དེར་ཚེ་འཕོས་ནས། དགའ་ལྡན་ལྷའི་གནས་སུ་སྐྱེས་སོ། །དེ་ཅིའི་ཕྱིར་བདག་ཅི་སྤྱད་པས་འདིར་སྐྱེས་སྙམ་བསམས་ཏེ། ལྷའི་མིག་གིས་རྒྱུད་ལྔ་ཀུན་ཏུ་བལྟས་ན། བདག་ཚེ་འཕོས་པའི་རུས་བུ་ཚལ་ན་འདུག་པ་ལ་ཕ་མས་བསྐོར་ཏེ། ཤིན་ཏུ་ཡིད་ལ་གཅགས་པས། མྱ་ངན་གྱི་ཟུག་རྔུས་སྡུག་བསྔལ་ཞིང་ཆོ་ངེས་འདེབས་པ་མཐོང་ནས། ལྷས་བསམས་པ། བདག་གི་ཕ་མ་འདི་ལྟར་མི་དགའ་བའི་རྐྱེན་གྱིས་གལ་ཏེ་ན་ལུས་དང་སྲོག་གི་བར་ཆད་དུ་འགྱུར་གྱིས། དེ་ལ་སྤྲོ་བ་བསྐྱེད་ཅིང་གཏམ་བྱར་འགྲོའོ་སྙམ་བསམས་ནས། ནམ་མཁའ་ལས་བབས་ཏེ་སྟེང་གི་ནམ་མཁའ་ལས་ཚིག་སྙན་པ་རྣམ་པ་སྣ་ཚོགས་ཀྱིས་ཕ་མ་གཉིས་ལ་སྤྲོ་བ་བསྐྱེད་དོ། །ཕ་མ་གཉིས་ཀྱིས་ནམ་མཁའ་ལ་བལྟས་ནས། ལྷ་ཁྱོད་སུ་ཞིག་ལགས་པ་བདག་ལ་སྨྲོས་ཤིག་ཅེས་སྨྲས་པ་དང་། ལྷས་སྨྲས་པ། བདག་ནི་རྒྱལ་བུ་སེམས་ཅན་ཆེན་པོ་ཞེས་བྱ་བ་ཡིན་ཏེ། བདག་གིས་ལུས་སྟག་མོ་ལྟོགས་པ་བསྙོད་པས་དགའ་ལྡན་གྱི་ལྷའི་གནས་སུ་སྐྱེས་སོ། །རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིག །ཅི་ཙམ་ཕྲེད་པ་དང་བཅས་པའི་ཆོས་ནི་མཐར་འཇིག་པར་འོང་ངོ་། །སྐྱེ་བ་ཡོད་ན་ངེས་པར་འཇིག་གོ །སྡིག་པ་བྱས་ན་སེམས་ཅན་དམྱལ་བར་ལྟུང་ངོ་། །དགེ་བ་བྱས་ན་མཐོ་རིས་སུ་སྐྱེ་སྟེ། སྐྱེ་བ་དང་འཇིག་པ་ཀུན་ལ་སྲིད་ན། ཅིའི་སླད་དུ་དགའ་བ་འབའ་ཞིག་གི་ཕྱིར་མྱ་ངན་གྱི་རྒྱ་མཚོར་ལྟུང་བ་མི་ཚོར་རམ། དགེ་བའི་ཆོས་ལ་བརྩོན་འགྲུས་མཛོད་


DKG074_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་དང་། དེའི་ཕ་མས་སྨྲས་པ། ཁྱོད་ནི་སྙིང་རྗེ་ཆེན་པོས་སྟག་མོ་བསྙོད་དེ་ཐམས་ཅད་ལ་སྙིང་བརྩེ་བ་ཡིན་ན། བདག་ཅག་བཏང་སྟེ། ཚེའི་དུས་བྱས་པས། དེང་ནི་ཁྱོད་དྲན་པའི་ཕྱིར་ཤ་ཡང་དུམ་བུ་དུམ་བུར་ཆད་པ་ཙམ་དུ་སྡུག་བསྔལ་གྱིས་གདུངས་ཏེ། སྙིང་རྗེ་ཆེན་པོ་སྤྱོད་པ་ཁྱོད་འདི་ལྟར་བྱ་བའི་རིགས་སམ། དེ་ནས་ཡང་ལྷ་དེས་ཚིག་སྙན་པ་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བཞམས་ཏེ། སྤྲོ་བ་བསྐྱེད་པས་དེའི་ཕ་མ་ཡང་སྤྲོ་བ་ཅུང་ཟད་སྐྱེས་ནས། རིན་པོ་ཆེ་སྣ་བདུན་གྱི་སྒྲོམ་བྱས་ཏེ། རུས་བུ་དེའི་ནང་དུ་བཅུག་སྟེ་སྦས་པའི་སྟེང་དུ་མཆོད་རྟེན་བྱས་སོ། །ལྷ་ཡང་ཕྱིར་གནས་སུ་སོང་ངོ་། །རྒྱལ་པོ་དང་འཁོར་མང་པོ་རྣམས་ཀྱང་ཕྱིར་ཕོ་བྲང་དུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱི་ཡིད་ལ་ཅི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་རྒྱལ་པོ་ཤིང་རྟ་ཆེན་པོ་དེ་སུ་ཡིན་སྙམ་དུ་སེམས། དེ་ནི་ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེའི་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་སྒྱུ་མ་ལྷ་མཛེས་ཡིན་ནོ། །དེའི་དུས་ན་སྲས་རབ་སྒྲ་ཆེན་པོ་དེ་ནི་བྱམས་པ་ཡིན་ནོ། །སྲས་འབྲིང་པོ་ལྷ་ཆེན་པོ་ནི་བ་མི་སུ་ཏྲ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་ཐ་ཆུངས་སེམས་ཅན་ཆེན་པོ་ནི་དེ་གཞན་དུ་མ་སེམས་ཤིག །ད་ལྟར་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་སྟག་ཕྲུག་ནི་མི་འདི་གཉིས་ཡིན་ཏེ། ངས་སྔོན་ཡང་ཡུན་རིང་པོ་ནས་བགེགས་ལས་ཐར་བར་བྱས་ཏེ་སྲོག་བསྐྱབས་ནས་བདེ་བར་བྱས་སོ། །ད་མངོན་པར་སངས་རྒྱས་ནས་ཀྱང་བགེགས་ལས་ཐར་བར་མཛད་ནས། འཁོར་བའི་སྡུག་བསྔལ་ཆེན་པོ་ལས་ཡོངས་སུ་གྲོལ་ལོ། །དེའི་ཚེ་ན་ཀུན་དགའ་བོ་དང་། འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ཏེ་མངོན་པར་བསྟོད་དོ། །སེམས་ཅན་ཆེན་པོས་སྟག་མོ་ལ་ལུས་བྱིན་པའི་ལེའུ་སྟེ་གཉིས་པའོ།། །།

གསུམ་པ། ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུ།


DKG074_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ནམ་གྱི་ཆ་སྟོད་ལ་ལྷ་གཉིས་ཤིག་སངས་རྒྱས་གང་ན་བ་དེར་འོངས་སོ། །


DKG074_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དེའི་ལུས་ཀྱི་འོད་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གསེར་གྱི་མདོག་ལྟར་གཅིག་ཏུ་སྣང་བར་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་དམ་པའི་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ། གཉི་གས་བྱང་ཆུབ་ཀྱི་འབྲས་བུ་ཐོབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱིར་ཡང་ལྷའི་གནས་སུ་དོང་ངོ་། །ཕྱི་དེ་ཉིན་ནམ་ནངས་མ་ཐག་ཏུ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མདང་ལྷ་གཉིས་ཤིག་མཆིས་ཏེ། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་ན། དེའི་ལུས་ཀྱི་འོད་ཀྱིས་ཀུན་ཏུ་སྣང་ཞིང་མཛེས་པར་བགྱིས་པ་འདི་སྔོན་ལས་ཅི་ཞིག་བགྱིས་པས་དེ་འདྲའི་འབྲས་བུ་ཐོབ་པར་གྱུར་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་སངས་རྒྱས་འོད་སྲུང་མྱ་ངན་ལས་འདས་ནས་དམ་པའི་ཆོས་འཇིག་པར་ཉེ་བ་ན། བྲམ་ཟེ་གཉིས་ཤིག་གིས་ཉིན་ཞག་གཅིག་པའི་ཚུལ་ཁྲིམས་བརྒྱད་མནོས་ཏེ། དེ་དག་ལ་གཅིག་གིས་ནི་ལྷར་སྐྱེ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ་བོ། །གཅིག་གིས་ནི་རྒྱལ་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། ཕྱིར་ཁྱིམ་དུ་འོང་ངོ་། །དེ་ལ་གཅིག་ཁྱིམ་དུ་འོངས་ནས། ཆུང་མས་ཟན་ལ་བོས་ནས་ཁྱོས་འདི་སྐད་ཅེས་སྨྲས་སོ། །བདག་སངས་རྒྱས་ཀྱི་ཆོས་ལས་ཕྱི་དྲོ་ཁ་ཟས་མི་ཟའི་ཁྲིམས་མནོས་པས་མི་འདོད་དོ་ཞེས་པ་དང་། ཆུང་མས་སྨྲས་པ། ཁྱོད་ནི་ཀུན་ཏུ་རྒྱུ་ཡིན་ཏེ། བདག་ཅག་གི་ཆོས་ཀྱི་ཚུལ་ཁྲིམས་ཡོད་ན། ཅིའི་ཕྱིར་སྟོན་པ་གཞན་གྱི་ཚུལ་ཁྲིམས་མནོས། གལ་ཏེ་བདག་དང་ལྷན་ཅིག་ཟན་མི་ཟ་ན་ཁྱོད་ཅི་སྐད་སྨྲས་པ་བཞིན་དུ་ཀུན་ཏུ་རྒྱུ་གཞན་དག་ལ་བསྙད་དེ། ཁྱོད་དང་ལྷན་ཅིག་ཏུ་འདུ་ཤིང་གཏམ་ཟེར་དུ་མི་གནང་བར་སྐྲོད་དུ་གཞུག་གོ །དེ་སྐད་ཅེས་སྨྲས་པ་དང་། ཁྱོས་མ་བཟོད་དེ་དངངས་སྐྲག་ནས་ཆུང་མ་དང་ལྷན་ཅིག་ཏུ་དུས་མ་ཡིན་པར་ཟན་ཟོས་སོ། །མི་དེ་གཉིས་ཚེའི་དབང་ཐང་ཅི་ཙམ་དུ་ཐུབ་པ་བཞིན་དུ་སོ་སོ་ནས་ཚེའི་དུས་བྱས་སོ། །རྒྱལ་པོར་སྨོན་པ་དེ་ནི་ཚུལ་ཁྲིམས་བསྲུངས་པས་རྒྱལ་པོའི་རིགས་སུ་སྐྱེས་སོ། །ལྷར་སྐྱེ་བར་སྨོན་པ་དེ་ནི་ཚུལ་ཁྲིམས་ཞིག་


DKG074_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཀླུ་ཞིག་ཏུ་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོར་སྐྱེས་པ་དེའི་བཟའ་ཤིང་གི་ར་བ་བསྲུང་བ་ཞིག །ཉིན་གཅིག་བཞིན་དུ་ཤིང་ཐོག་རྣམ་པ་སྣ་ཚོགས་སྐྱེལ་སྐྱེལ་བ་ལས། ཕྱིས་དུས་གཞན་ཞིག་ན། ཆུ་མིག་ཅིག་གི་ནང་ནས་ཀུ་ཤུ་ཁ་དོག་དང་དྲི་བསུང་དང་ལྡན་པ་ཞིག་རྙེད་ནས། འདི་སྙམ་དུ་སེམས་སོ། །བདག་ཤིང་ཐོག་སྐྱེལ་ཞིང་ཕན་ཚུན་འགྲོ་བའི་ཚེ། རྟག་ཏུ་སྒོ་བས་བཀག་སྟེ། ལེགས་པར་འགྲོ་མི་སྟེར་གྱིས། ཀུ་ཤུ་འདི་སྒོ་བ་འདི་ལ་སྦྱིན་ནོ་སྙམ་ནས། རྒྱལ་པོའི་ཆབ་སྒོ་བ་ལ་སྦྱིན་ནོ། །ཆབ་སྒོ་བས་ཀྱང་ཤིང་ཐོག་དེ་བླངས་ནས། འདི་སྙམ་དུ་བསམས་སོ། །ཞུ་ཞིང་གསོལ་བ་ལ་འགྲོ་བའི་ཚེ། རྟག་ཏུ་ཉུག་རུམ་གྱིས་བཀག་ནས། ཉམས་འཕགས་སུ་འགྲོར་མེད་ཀྱིས། ཀུ་ཤུ་འདི་ནི་ཉུག་རུམ་དེ་ལ་སྦྱིན་སྙམ་དུ་བསམས་ནས། ཉུག་རུམ་ལ་བྱིན་ནོ། །ཉུག་རུམ་གྱིས་ཀྱང་བླངས་ནས། བཙུན་མོ་ལ་ཕུལ་ལོ། །བཙུན་མོས་ཐོགས་ནས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀུ་ཤུ་དེ་ཟོས་ནས། རབ་ཏུ་མངར་ཞིང་ལྷག་པར་དྲི་བསུང་དང་ལྡན་པ་ཞིག་ནས། བཙུན་མོ་ལ་ཀུ་ཤུ་འདི་གང་ནས་རྙེད་ཅེས་དྲིས་པ་དང་། བཙུན་མོས་ཀྱང་ཇི་ལྟར་རྙེད་པའི་གཏམ་ཞིབ་ཏུ་བྱས་ནས། གཅིག་ནས་གཅིག་ཏུ་ཐུག་སྟེ། ཐ་མར་ར་བ་བསྲུང་བ་ལ་ཐུག་ནས། རྒྱལ་པོས་ར་བ་བསྲུང་བ་བཀུག་ནས། དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་བཟའ་ཤིང་གི་ར་བ་ན་ཤིང་ཐོག་འདི་ལྟ་བུ་ཡོད་ན། ཅིའི་ཕྱིར་ང་ལ་མི་འབུལ་བར་གཞན་དག་ལ་སྦྱིན་ཞེས་བཀའ་སྩལ་པ་དང་། ར་བ་བསྲུང་བ་དེས་ཐོག་མ་ཇི་ལྟར་རྙེད་པ་ཞིབ་ཏུ་གསོལ་ཏོ། །དེ་ནས་རྒྱལ་པོས་ར་བ་བསྲུང་བ་དེ་ལ་དེང་ཕྱིན་ཅད་ཀུ་ཤུ་འདི་ལྟ་བུ་རྟག་ཏུ་ཕུལ་ཅིག་ཅེས་བཀའ་སྩལ་པ་དང་། ར་བ་བསྲུང་བ་དེས་འདི་སྐད་ཅེས་གསོལ་ཏོ། །ཀུ་ཤུ་འདི་ནི་འབྲས་བུ་ལས་སྐྱེས་པ་མ་ལགས་ཏེ། ཆབ་མིག་ཅིག་གི་ནང་ནས་རྙེད་པས་སླན་ཅད་ནི་བདག་གིས་མི་རྙེད་དེ། མི་འབྱོར་ཏོ་ཞེས་གསོལ་པ་དང་། དེ་ལ་ཡང་རྒྱལ་པོས་ཁྱོད་ཀྱིས་ཕྱིན་ཅད་མ་རྙེད་ན། ཁྱོད་ཀྱི་ལུས་དུམ་བུར་བཅད་དོ་ཞེས་བཀའ་སྩལ་པ་དང་། ར་བ་བསྲུང་བ་དེ་ཕྱིར་གནས་སུ་སོང་ནས་མྱ་ངན་བྱེད་ཅིང་ངུས་པ་དང་། ངུ་བའི་སྒྲ་ཆེན་པོ་དེ་ཀླུ་ཞིག་གིས་


DKG074_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་ནས། ཀླུ་དེ་མི་ཞིག་ཏུ་སྤྲུལ་ནས་དེ་ལ་འདི་སྐད་དུ་ཁྱོད་ཅིའི་ཕྱིར་མི་དགའ་ཞིང་ངུ་ཞེས་དྲིས་སོ། །ར་བ་བསྲུང་བ་དེས་ཅི་ལྟར་གྱུར་པའི་གཏམ་ཀླུ་ལ་ཞིབ་ཏུ་སྨྲས་པ་དང་། ཀླུ་དེ་མི་སྣང་བར་གྱུར་ནས་རིང་པོ་མ་ལོན་པར་གསེར་གྱི་གཞོང་བ་ཅིག་གི་ནང་ཤིང་ཏོག་བཟང་པོས་བཀང་སྟེ། མི་དེ་ལ་བྱིན་ནས་ཁྱོད་ཀྱིས་ཤིང་ཏོག་འདི་ཁྱེར་ལ་རྒྱལ་པོ་ལ་ཕུལ་ལ་ཕྲིན་དུ་ཡང་འདི་སྐད་གྱིས་ཤིག །རྒྱལ་པོ་དང་བདག་ཏུ་བཤེས་ཏེ། སྔོན་ཚེ་སྔ་མ་ལ་གཉི་ག་ཀུན་ཏུ་རྒྱུ་བ་ཡིན་པ་ལས་ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་མནོས་ཏེ། སོ་སོར་སྨོན་ལམ་བཏབ་པ་ལས། རྒྱལ་པོ་ནི་ཚུལ་ཁྲིམས་བསྲུང་བས་རྒྱལ་པོར་གྱུར་ཏེ། བདག་ནི་ཚུལ་ཁྲིམས་ཉམས་པས་ཀླུར་སྐྱེས་ཀྱི། ད་ཡང་ཁྲིམས་བསྲུང་ཞིང་ལུས་འདི་ལས་ཐར་བར་དགའོ། །ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་ཆོ་ག་བདག་ལ་སྩལ་དུ་གསོལ། ཅི་སྟེ་མ་གནང་ན་རྒྱལ་པོའི་ཡུལ་ཡང་རྒྱ་མཚོར་བསྒྱུར་རོ་ཞེས་འཕྲིན་སྤྲིང་ངོ་། །དེ་ནས་ར་བ་བསྲུང་བ་དེས་ཤིང་ཏོག་ཁྱེར་ཏེ། རྒྱལ་པོ་ལ་ཕུལ་ནས། ཀླུས་སྤྲིང་པའི་འཕྲིན་ཡང་རྒྱལ་པོ་ལ་རྫོགས་པར་བསྙད་པ་དང་། རྒྱལ་པོ་དེ་མི་དགའ་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཚེ་ན་འཇིག་རྟེན་ན་སངས་རྒྱས་ཀྱང་མི་བཞུགས། དམ་པའི་ཆོས་ཀྱང་ནུབ་ནས་ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་ཡང་མི་རྙེད་དོ། །དོན་དེ་མ་བསྒྲུབས་ན་ནི་གནོད་པ་མངོན་དུ་བྱེད་ཀྱིས་དོགས་པས། རྟོག་པ་ལ་ཞུགས་ཏེ། མི་དགའ་བར་སེམས་ཤིང་འདུག་པ་ལས། རྒྱལ་པོ་དེས་བློན་པོ་མཆོག་གཅིག་ཡོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀླུ་ཞིག་ང་ལ་ཁྲིམས་བརྒྱད་ཀྱི་དཔེ་སློང་གིས། མི་སྙེད་དུ་མི་གནང་ངོ་ཞེས་བཀའ་སྩལ་ནས། བློན་པོས་གསོལ་པ། འཇིག་རྟེན་ན་ཆོས་ཀྱང་མ་མཆིས་ན་བདག་གིས་གང་ནས་རྙེད་ཅེས་གསོལ་པ་དང་། རྒྱལ་པོ་དེས་བློན་པོ་དེ་ལ་ཁྱོད་ཀྱིས་མ་རྙེད་ན་བསད་དོ་ཞེས་བཀའ་སྩལ་ཏོ། །བློན་པོ་དེ་ཤིན་ཏུ་མི་དགའ་བཞིན་དུ་སོང་ནས་ཁྱིམ་དུ་ཕྱིན་པ་དང་། བློན་པོ་དེ་ལ་ཕ་རྒས་འཁོགས་པ་ཞིག་ཡོད་དོ། །ཕས་བལྟས་ན་སྔོན་ཅད་ནི་བདག་གི་བུ་འཛུམ་མུལ་ཏེ་མདངས་དང་བཅས་པས་གཏམ་ཟེར་ན།


DKG074_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དེང་ཅིའི་ཕྱིར་སྔོན་ཅད་དང་མི་འདྲ་བར་ངོ་འཛུམ་ནག་སྟེ་གཏམ་ཟེར་ཅེས་བྱས་པ་དང་། དེས་ཇི་ལྟར་གྱུར་པ་ཕ་ལ་ཞིབ་ཏུ་གཏམ་བྱས་སོ། །དེའི་ཕས་སྨྲས་པ། བདག་གི་ཁྱིམ་ན་ཀ་བ་ཞིག་ལས་རྟག་པར་འོད་འབྱུང་སྟེ། དེའི་ནང་ན་ཅི་ཡོད་ལྟོས་ཤིག་ཅེས་བསྒོ་བ་དང་། ཀ་བ་ཕྱུང་སྟེ་གཤགས་ན་དེའི་ནང་ནས་རྟེན་ཅིང་འདྲེལ་པར་འབྱུང་བ་བཅུ་གཉིས་ཀྱི་མདོ་དང་། ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་ཀྱི་དཔེ་བྱུང་ནས། བློན་པོ་དེས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཐོབ་ནས་རབ་ཏུ་དགའ་མགུ་རངས་ཏེ། ཁྲིམས་བརྒྱད་ཀྱི་དཔེ་གསེར་གྱི་སྒྲོམ་བུར་བཅུག་ནས་ཀླུ་ལ་བསྐུར་ཏོ། །ཀླུ་དེས་ཐོབ་ནས་ཤིན་ཏུ་དགའ་བས་རྒྱལ་པོ་དེ་ལ་རིན་པོ་ཆེ་ཡང་མང་དུ་ཕུལ་ལོ། །ཉིན་ཞག་གཅིག་པའི་ཁྲིམས་བརྒྱད་བསྲུངས་ནས་གཞན་དག་ཀྱང་བསྲུང་བར་བསྐུལ་ཏོ། །དེ་ནས་དེའི་ཚེ་འཕོས་ནས་ལྷར་སྐྱེས་སོ། །རྒྱལ་པོ་དེ་ཡང་དེ་བཞིན་དུ། ཁྲིམས་བསྲུངས་པས་འཆི་བའི་དུས་བྱས་ནས་གནས་ལྷན་ཅིག་ཏུ་ལྷར་སྐྱེས་ཏེ། དེ་གཉིས་མདང་ནམ་གྱི་ཆ་སྟོད་ལ་ངའི་སྤྱན་སྔར་འོངས་ཏེ། ཅི་རིགས་པར་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། ངན་སོང་གསུམ་དང་ཡོངས་སུ་བྲལ་ཏེ། ལྷ་དང་མིའི་ལོངས་སྤྱོད་མྱོང་ཞིང་མཐར་མྱ་ངན་ལས་འདས་པའི་བར་དུ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཀུན་ཏུ་རྒྱུས་ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་གསུམ་པའོ།། །།

བཞི་པ། ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ།


DKG074_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་ཅིག་ལ་བུ་ཁྱེའུ་ཞིག་བཙས་ན། ཁྱེའུ་དེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་སྟེ། བཙས་ནས་རིང་པོ་མ་ལོན་པར་སྨྲ་ཡང་ཤེས་སོ། །ཁྱེའུ་དེས་ཕ་མ་ལ་བཅོམ་ལྡན་འདས་ད་ལྟར་བཞུགས་སམ་ཞེས་དྲིས་པ་དང་། ད་ལྟར་བཞུགས་སོ་ཞེས་སྨྲས་པ་དང་། འོ་ན་བཙུན་པ་ཤཱ་རིའི་བུ་དང་། ཀུན་དགའ་བོ་ལ་སོགས་པ་བཞུགས་སམ་ཞེས་དྲིས་


DKG074_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དེ་ཡང་བཞུགས་སོ་ཞེས་སྨྲས་སོ། །ཁྱེའུ་དེའི་ཕ་མས་བུ་བཙས་མ་ཐག་ཏུ་སྨྲ་ཤེས་པ་འདི་ནི་མི་མ་ཡིན་ནོ་སྙམ་ནས། ངོ་མཚར་བ་དང་ཡ་མཚན་དུ་གྱུར་པས་བཅོམ་ལྡན་འདས་ལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཁྱོད་ཀྱི་བུ་འདི་མཚན་དང་ལྡན་ཏེ། ཐེ་ཙོམ་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང་། ཁྱེའུ་དེའི་ཕ་མ་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་ཁྱིམ་དུ་འོངས་སོ། །དེ་ནས་ཁྱེའུ་དེས་ཕ་མ་ལ་སངས་རྒྱས་དང་དགེ་སློང་གི་དགེ་འདུན་རྣམས་སྤྱན་དྲོངས་ཤིག་ཅེས་གསོལ་པ་དང་། དེའི་ཕ་མས་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ནས། ཡོ་བྱད་སྦྱར་དགོས་ཏེ། འཕྲལ་དུ་འབྱོར་པ་ཡང་མ་ཡིན་ནོ་ཞེས་བསྒོ་བ་དང་བུས་སྨྲས་པ། ཁང་པའི་ནང་ཕྱག་དར་དང་ཆག་ཆག་བྱོས་ཏེ། གདན་ཐིང་ལ། གདན་མཐོན་པོ་གསུམ་ཞིག་སྒྲིགས་ཏེ་ཐིང་ཤིག་དང་། ཞལ་ཟས་རོ་བརྒྱ་དང་ལྡན་པར་ཡང་རང་འོང་ངོ་། །བདག་གི་ཚེ་སྔ་མའི་ཕ་མ་ཡང་ད་ལྟར་ཡུལབཱ་ར་ཎ་སཱིར་མཆིས་ཀྱི། དེ་ཡང་བོས་ཤིག་ཅེས་སྨྲས་སོ། །དེའི་ཕ་མས་ཀྱང་བུས་སྨྲས་པ་བཞིན་དུ་མི་ཞིག་གླང་པོ་ཆེ་ལ་བསྐྱོན་ཏེ། དེའི་ཕ་མ་ཡང་བོས་ནས་འོངས་སོ། །གདན་མཐོན་པོ་གསུམ་བཤམས་པ་དེ་གཅིག་ལ་ནི་སངས་རྒྱས་བཞུགས་སུ་གསོལ་ཅིག །གཅིག་ལ་ནི་ཚེ་སྔ་མའི་ཕ་མ་བཞུགས་ཅིག །གཅིག་ལ་ནི་ད་ལྟར་ལུས་བསྐྱེད་པའི་ཕ་མ་བཞུགས་ཤིག་སྐད་པ་དང་། དེ་ནས་སངས་རྒྱས་ཀྱང་དགེ་སློང་གི་འཁོར་དང་བཅས་ཏེ་གཤེགས་ནས། གདན་བཏིང་བ་ལ་རིམ་བཞིན་དུ་བཞུགས་ཏེ། ཞལ་ཟས་བཟང་པོས་ཀྱང་ཐམས་ཅད་ཁྱེད་ཅིང་ཆོག་པར་གྱུར་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས། ཁྱེའུ་དེའི་ཕ་མ་གཉིས་དང་ཁྱིམ་གང་གི་མི་ཆེན་པོ་དང་། ཆུང་ངུ་ཐམས་ཅད་ཀྱིས་ཀྱང་ཆོས་ཐོས་ནས་རབ་ཏུ་དགའ་སྟེ། ཀུན་གྱིས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏོ། །ཁྱེའུ་དེ་ཡང་ཕྱིས་ཆེར་སྐྱེས་ནས་རབ་ཏུ་བྱུང་སྟེ། བརྩོན་འགྲུས་བརྩམས་པས་དགྲ་བཅོམ་པ་ཡང་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་གསོལ་པ། དགེ་སློང་འདིས་སྔོན་ལེགས་པ་ཅི་ཞིག་བགྱིས་ན། ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས་ཏེ་


DKG074_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་ངུ་ནས་སྨྲ་ཡང་འཚལ་ལ། རབ་ཏུ་བྱུང་ནས་ཀྱང་མངོན་པར་ཤེས་པ་མྱུར་དུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། མི་འདི་ཚེ་སྔ་མ་ལ་ཡུལ་བཱ་ར་ན་སེའི་ཁྱིམ་བདག་གི་བུ་ལས་ཁྱིམ་བདག་ཚེ་འཕོས་ནས། སོ་ཆིས་ཞིག་སྟེ་དབུལ་ཕོངས་པར་གྱུར་ཏོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་པ་དང་འཕྲད་ཀྱང་། མཆོད་པ་བྱ་བའི་ལོངས་སྤྱོད་མེད་པས། དེ་མི་དགའ་ནས་རིགས་ཆེ་ཞིང་མཐོ་བ་ཙམ་ལ་གླ་ཟ་བར་ཁས་བླངས་ནས། ལོ་གཅིག་ལོན་པ་དང་གསེར་སྲང་སྟོང་ཙམ་རྙེད་དོ། །དེ་ལ་རིགས་ཆེ་ཞིང་མཐོ་བ་ཞིག་གིས་ཁྱོད་ཆུང་མ་མི་ལེན་ནམ་ཞེས་དྲིས་པ་དང་། ང་མི་འདོད་དོ་ཞེས་སྨྲས་སོ། །དེས་ཡང་དྲིས་པ། འོ་ན་གསེར་འདི་ཅི་ཞིག་བྱ་ཞེས་དྲིས་པ་དང་། དེས་སངས་རྒྱས་དང་འཕགས་པའི་དགེ་འདུན་ལ་བསོད་སྙོམས་ཞིག་གསོལ་བར་དགོས་སོ་ཞེས་སྨྲས་སོ། །རིགས་ཆེ་ཞིང་མཐོ་བ་དེས་སྨྲས་པ། ཁྱོད་སངས་རྒྱས་དང་འཕགས་པའི་དགེ་འདུན་སྤྱན་དྲང་འདོད་ན། ཁོ་བོས་གསེར་སྦྱར་ཏེ། ཞལ་ཟས་ལ་སོགས་པའི་གཡོས་ཀྱང་བཤམས་ཀྱིས། ཁོ་བོའི་ཁྱིམ་དུ་སྤྱན་དྲོངས་ཤིག་ཅེས་སྨྲས་པ་དང་། དབུལ་པོ་དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་པ་དང་། ཞལ་ཟས་བཤམས་ཏེ། སངས་རྒྱས་དང་འཕགས་པའི་དགེ་འདུན་སྤྱན་དྲངས་སོ། །དེའི་རྒྱུ་དེའི་རྐྱེན་གྱིས་ཚེའི་དུས་བྱས་ནས་ཀྱང་ཁྱིམ་བདག་དེའི་ཁྱིམ་དུ་སྐྱེས་ཏེ། ད་ཡང་སངས་རྒྱས་སྤྱན་དྲངས་ནས་ཆོས་ཐོས་ནས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་གྱི་མི་དབུལ་པོ་དེ་ནི་ཁྱིམ་བདག་གི་ཁྱེའུ་དགེ་སློང་འདི་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ལུས་བཙོངས་ནས་མཆོད་པ་བྱས་པའི་ལེའུ་སྟེ་བཞི་པའོ།། །།

ལྔ་པ། རྒྱ་མཚོའི་ལྷས་དྲིས་པའི་ལེའུ།


DKG074_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ཉིད་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་རིན་པོ་


DKG074_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ལེན་དུ་འགྲོ་བ་དེ་དག་གིས་འདི་ལྟར་བགྲོས་སོ། །བདག་ཅག་གིས་མིའི་ནང་ན་མཁས་ཤིང་ཤེས་པ་ཞིག་དེད་དཔོན་དུ་བསྲེའོ་ཞེས་བགྲོས་ནས། དགེ་བསྙེན་ཁྲིམས་ལྔ་པ་ཞིག་ཁྲིད་དེ། རྒྱ་མཚོར་ཞུགས་སོ། །རྒྱ་མཚོའི་དབུས་སུ་ཕྱིན་པ་དང་། རྒྱ་མཚོའི་ལྷ་དེ་སྲིན་པོ་ཞིག་ཏུ་སྤྲུལ་ནས། ལུས་གཟུགས་ཤིན་ཏུ་མི་སྡུག་ཅིང་། སྔོ་ལ་གནག་པ། མཆེ་བ་གྱེན་དུ་བྱུང་བ། མགོ་ལ་མེ་འབར་བ་ཞིག་དྲུང་དུ་འོངས་ནས་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ། ཚོང་པ་ལ་འདི་སྐད་ཅེས་དྲིའོ། །འཇིག་རྟེན་ན་གང་དག་འཇིགས་སུ་རུང་བ་ང་ལས་འདའ་བ་ཡོད་དམ་ཞེས་དྲིས་པ་དང་། དགེ་བསྙེན་གྱིས་སྨྲས་པ། ཁྱོད་བས་ཤིན་ཏུ་ལྷག་པར་འཇིགས་པ་ཡོད་དོ། །རྒྱ་མཚོའི་ལྷས་སྨྲས་པ། དེ་ལྟ་བུ་སུ་ཞིག །དགེ་བསྙེན་གྱིས་སྨྲས་པ། འཇིག་རྟེན་ན་གླེན་པ་གཏི་མུག་ཅན། མི་དགེ་བའི་ལས་རྣམས་བག་མེད་པར་བྱེད་པ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཚིག་འཁྱལ་པ་སྨྲ་བ་དང་། ཕྲ་མ་དང་། ཞེ་གཅོད་པའི་ཚིག་སྨྲ་བ་དང་། འདོད་ཆགས་དང་། ཞེ་སྡང་ཆེ་བ་དང་། ངན་པར་ལྟ་བ་དག་ཚེ་འཕོས་ནས་སེམས་ཅན་དམྱལ་བར་སྐྱེ་སྟེ། སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བ་རྣམས་སེམས་ཅན་དམྱལ་བའི་སྲུང་མས་ཁྲིད་དེ། ལ་ལ་ནི་མཚོན་གྱིས་དམྱལ་ཞིང་གཏུབས། ལ་ལ་ནི་ཤིང་རྟས་ཕན་ཚུན་དུ་དྲངས་ནས་ཁམས་ཚད་དུ་བཅད། ལ་ལ་ནི་གཏུན་གྱིས་བརྡུངས། ལ་ལ་ནི་རང་ཐག་གིས་བཏགས། ལ་ལ་ནི་རལ་གྲིའི་རི་ལ་འཛེགས། ལ་ལ་ནི་མིའི་ཤིང་རྟ་དང་ཟངས་ཁོལ་བ་དང་ཆབ་རོམ་དང་ངན་སྐྱུགས་ཀྱི་ནང་དུ་བསྐོལ་བ་ལ་སོགས་པ། སྡུག་བསྔལ་ཤིན་ཏུ་མི་བཟད་པ་རྣམ་པ་སྣ་ཚོགས་དེ་ལྟ་བུ་དག་ལོ་བརྒྱ་སྟོང་གི་བར་དུ་མྱོང་བ་དེ་ནི། ཁྱོད་བས་ཤིན་ཏུ་ཡང་ལྷག་པར་འཇིགས་སུ་རུང་ངོ་ཞེས་སྨྲས་པ་དང་། རྒྱ་མཚོའི་ལྷས་ཐོས་ནས་དེ་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །ཡང་རྒྱ་མཚོའི་ནང་དུ་སོང་བ་ལས། རྒྱ་མཚོའི་ལྷ་དེ་མིའི་ནང་ནས་ཤིན་ཏུ་རིད་ཅིང་ཉམ་ཐག་པ་རྩ་དང་རུས་པ་ཙམ་འདྲེལ་པ་ཞིག་ཏུ་སྤྲུལ་ནས་གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲ་ཞིང་དེ་ལ་འདི་སྐད་ཅེས་དྲིའོ། །


DKG074_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ན་རིད་ཅིང་ཉམ་ཐག་པ་ང་ལས་ལྷག་པ་ཡོད་དམ་ཞེས་དྲིས་པ་དང་། དགེ་བསྙེན་གྱིས་སྨྲས་པ། ཁྱོད་པས་ཤིན་ཏུ་ལྷག་པར་ཉམ་ཐག་ཅིང་རིད་པ་ཡོད་དོ། །རྒྱ་མཚོའི་ལྷས་སྨྲས་པ། དེ་ལྟ་བུ་དེ་སུ་ཡིན། དགེ་བསྙེན་གྱིས་སྨྲས་པ། གང་གླེན་ཞིང་གཏི་མུག་ཅན་རང་བཞིན་གྱིས་འཇུངས་ཞིང་སེར་སྣ་བྱེད་ལ། འདོད་པས་ཕྲག་དོག་བྱེད་ལ་སྦྱིན་པ་མི་ཤེས་པ་དག་ཚེ་འཕོས་ནས། ཡི་དགས་སུ་སྐྱེས་ཏེ། ལུས་ནི་རི་བོ་ཙམ། མགྲིན་པ་ནི་མོ་ཁབ་ཙམ་དུ་གྱུར་ཏེ། སྐྲ་འཛིངས་པ་གནག་ཅིང་རིད་པ། ལོ་བརྒྱ་སྟོང་གི་བར་དུ་ཆུའི་མིང་ཡང་མི་ཐོས་པ་དེ་ནི་ཁྱོད་བས་ཀྱང་ཤིན་ཏུ་ལྷག་པར་རིད་དོ་ཞེས་སྨྲས་མ་ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་སོང་སོང་བ་ལས་རྒྱ་མཚོའི་ལྷ་དེ་མིའི་ནང་ནས་གཟུགས་བྱད་ཤིན་ཏུ་བཟང་པོ་ཞིག་ཏུ་སྤྲུལ་ནས། གྲུ་འདི་ང་ལ་བྱིན་ཅིག་ཅེས་སྨྲས་ཏེ། ཚོང་པ་དག་ལ་འཇིག་རྟེན་མིའི་ནང་ན་ང་ཙམ་དུ་གཟུགས་བྱད་བཟང་ལ་མཛེས་པ་ཡོད་དམ། དགེ་བསྙེན་གྱིས་སྨྲས་པ། ཁྱོད་བས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་པར་བཟང་བ་ཡོད་དོ། །རྒྱ་མཚོའི་ལྷས་སྨྲས་པ། བདག་བས་ལྷག་པར་བཟང་བ་དེ་སུ་ཞིག །དགེ་བསྙེན་གྱིས་སྨྲས་པ། འཇིག་རྟེན་ན་མཁས་པ་བློ་དང་ལྡན་པ། དགེ་བ་བཅུ་ཕུན་སུམ་ཚོགས་པར་སྤྱོད་པ། ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པས། དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ། ཅི་འབྱོར་པ་དེས་མཆོད་པ་བྱེད་པའི་བློ་ཅན་དེ་ནི། ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཏེ། གཟུགས་བྱད་ལེགས་པར་ཤིན་ཏུ་སྡུག་པ་ཤིན་ཏུ་མཛེས་པ། དེ་ནི་ཁྱོད་བས་བརྒྱ་འགྱུར་སྟོང་འགྱུར་གྱིས་ལྷག་སྟེ། ཁྱོད་དང་དེ་གཉིས་བསྐྲུན་ན། སྤྲེའུ་ཞར་མ་དང་བཀྲ་ཤིས་མ་བསྐྲུན་པ་དང་འདྲའོ། །དེ་ནས་རྒྱ་མཚོའི་ལྷས་ཆུ་སྙིམ་པ་གང་བཅུས་ནས་དགེ་བསྙེན་དེ་ལ་སྙིམ་པ་གང་གི་ཆུ་མང་ངམ། རྒྱ་མཚོའི་ཆུ་མང་། ཞེས་དྲིས་པ་དང་། དགེ་བསྙེན་གྱིས་སྙིམ་པ་གང་གི་ཆུ་མང་གི་རྒྱ་མཚོའི་ཆུ་ནི་མང་བ་མ་ཡིན་ནོ་ཞེས་སྨྲས་སོ། །རྒྱ་མཚོའི་ལྷས་སྨྲས་པ། ཁྱེད་འདི་སྐད་དུ་སྨྲས་པའི་ཚིག་དེ་བདེན་པ་ཡིན་ནམ། དགེ་བསྙེན་གྱིས་སྨྲས་པ། ཚིག་


DKG074_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བདེན་པ་ཡིན་གྱིས་བརྫུན་པ་མ་ཡིན་ནོ། །བདེན་པར་ཅིར་མངོན། སྨྲས་པ་རྒྱ་མཚོའི་ཆུ་མང་མོད་ཀྱི། གདོན་མི་ཟ་བར་སྐམ་པའི་དུས་ཡོད་དོ། །བསྐལ་པ་མེས་འཇིག་ཏུ་ཉེ་བ་ན་ཉི་མ་གཉིས་ཤར་ཏེ་ཆུ་མིག་དང་ལྗེང་ཀ་ཀུན་བསྐམས་སོ། །ཉི་མ་གསུམ་ཤར་བ་ན། ཆུ་བྲན་ཐམས་ཅད་བསྐམས་སོ། །ཉི་མ་བཞི་ཤར་བ་ན་ཆུ་བོ་ཐམས་ཅད་བསྐམས་སོ། །ཉི་མ་ལྔ་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་སྔ་མ་ལས་འགྲིབ་བོ། །ཉི་མ་དྲུག་ཤར་བ་ན་སུམ་ཉིས་འགྲིབ་བོ། །ཉི་མ་བདུན་ཤར་བ་ན་རྒྱ་མཚོ་ཆེན་པོ་ཡང་བསྐམས་ཏེ། རི་རབ་ལྷུན་པོ་ཡང་རྙིལ་རྡོ་རྗེའི་མཐའ་ལ་ཐུག་པའི་བར་དུ་ཚིག་ཅིང་འབར་བར་འགྱུར་རོ། །གང་ཞིག་ཤིན་ཏུ་དད་པའི་སེམས་ཀྱིས་ཆུ་སྙིམ་པ་གང་ཙམ་སངས་རྒྱས་ལ་མཆོད་དམ། དགེ་འདུན་ལ་ཕུལ་ལམ། ཕ་མ་ལ་ཕུལ་ལམ། དབུལ་ཕོངས་ལ་བྱིན་ནམ། གཅན་གཟན་ལ་བྱིན་ན། བསོད་ནམས་འདི་ནི་བསྐལ་པ་དུ་མར་ཡང་མི་ཟད་དེ། དེ་བས་ན་རྒྱ་མཚོའི་ཆུ་ནི་ཉུང་གིས། སྙིམ་པ་གང་གི་ཆུ་ནི་མང་བར་རིག་པར་བྱའོ། །དེ་ནས་རྒྱ་མཚོའི་ལྷ་རབ་ཏུ་དགའ་སྟེ། དེས་དགེ་བསྙེན་དེ་ལ་རིན་པོ་ཆེ་མང་དུ་ཕུལ་ནས། རིན་པོ་ཆེ་དམ་པ་དག་སངས་རྒྱས་དང་དགེ་འདུན་ལ་ཡང་བསྐུར་རོ། །དགེ་བསྙེན་དང་ཚོང་པ་རྣམས་རིན་པོ་ཆེས་ཆོག་པར་གྱུར་ནས། ཕྱིར་ཡང་བདེ་བར་ཡུལ་དུ་ཕྱིན་ཏོ། །དེའི་ཚེ་དགེ་བསྙེན་དེ་དང་། ཚོང་པ་ལྔ་བརྒྱ་ཙམ་སངས་རྒྱས་གང་ན་བ་དེར་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། སོ་སོ་ནས་རིན་པོ་ཆེ་ཐོགས་པ་དང་། རྒྱ་མཚོའི་ལྷས་བསྐུར་བ་ཡང་སངས་རྒྱས་དང་དགེ་འདུན་ལ་ཕུལ་ཏེ། དེ་དག་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཀྱང་སྟོན་པའི་བསྟན་པ་ལ་རབ་ཏུ་འབྱུང་ངོ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དག་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་བྱི་སྟེ། ཆོས་གོས་གྱོན་པའི་དགེ་སློང་དུ་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པའི་ཆོས་བསྟན་ཅིང་ཕྱིས་འདོད་པ་ཀུན་ཟད་དེ།


DKG074_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་པར་གྱུར་ཏོ། །འཁོར་མང་པོ་དེ་དག་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །རྒྱ་མཚོའི་ལྷས་དྲིས་པའི་ལེའུ་སྟེ་ལྔ་པའོ།། །།

དྲུག་པ། ལྷའི་བུ་གང་གཱ་ད་ར་ཞེས་བྱ་བའི་ལེའུ།


DKG074_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གཉིས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་དེ་ན་བློན་པོ་ཆེན་པོ་ཤིན་ཏུ་ཕྱུག་པ་ཞིག་ལ་བུ་ཙ་མེད་དོ། །དེའི་ཚེ་ན་ཆུ་ཀླུང་གང་གཱའི་འགྲམ་ན། མ་ནི་བྷ་དྲ་ཞེས་བྱ་བའི་ལྷ་རྟེན་ཞིག་ཡོད་དེ། ཐམས་ཅད་དེ་ལ་ཕྱག་འཚལ་ཞིང་མཆོད་པ་བྱེད་དེ། བློན་པོ་ཆེན་པོ་དེ་ཡང་ལྷ་རྟེན་དེའི་གན་དུ་སོང་ནས། འདི་སྐད་ཅེས་གསོལ་ཏོ། །བདག་ལ་བུ་ཙ་མེད་དེ། ལྷ་ཁྱོད་ཡོན་ཏན་ཚད་མེད་པ་དང་ལྡན་པ་ཞེས་ཐོས་ཀྱིས། འགྲོ་བ་ཀུན་ལ་སྐྱོབས་པ་ཁྱོད་གཞན་གྱི་སྨོན་ལམ་བསྐང་བར་ནུས་ན། བདག་ཀྱང་བསྐྱབ་ཏུ་གསོལ་ལོ། །གལ་ཏེ་བདག་ལ་ཁྱོད་ཀྱིས་བུ་ཅིག་སྩལ་ན། གསེར་དང་དངུལ་གྱིས་ལྷ་ཁྱོད་ཀྱི་སྐུ་ཡང་གཡོགས་ཤིང་། བཞུགས་པའི་རྟེན་ཡང་སྤོས་དང་བྱུག་པས་བྱུག་གོ །ཅི་སྟེ་མངོན་པར་རྟགས་མེད་ན། ལྷ་ཁྱོད་ཀྱི་རྟེན་ཡང་བཤིག་ལ། ཁྱོད་ཀྱི་ལུས་ལ་མི་གཙང་བ་དང་བཤང་གཅིས་ཀྱང་བསྐུའོ་ཞེས་སྨྲས་པ་དང་། ལྷ་དེས་ཐོས་ནས་འདི་སྙམ་དུ་བསམས་སོ། །བློན་པོ་དེ་ནི་ཕྱུག་ཅིང་བཙན་ལ་མཐུ་ཆེ་བས། སྨད་རིགས་ཙམ་གྱིས་འདིའི་བུར་མི་འགྱུར་ཏེ། བདག་མཐུ་ཆུང་བས་འདིའི་སྨོན་ལམ་བསྐང་མི་ནུས་སོ། །གལ་ཏེ་སྨོན་པ་བཞིན་དུ་མ་བྱས་ན་གདོན་མི་ཟ་བར་མི་སྡུག་པར་ཐོ་འཚམས་སོ་བསམས་ནས། རྟེན་བསྲུང་བའི་ལྷ་དེས་མ་་བྷ་དྲ་ལ་གསོལ་པ་དང་། དེ་ཡང་དེ་ལྟ་བུའི་མཐུ་མེད་པས། རྣམ་ཐོས་ཀྱི་བུ་གང་ན་བ་དེར་སོང་ནས། རྣམ་ཐོས་ཀྱི་བུ་ལ་གསོལ་ཏོ། །རྣམ་ཐོས་ཀྱི་བུས་ཀྱང་བདག་གི་མཐུ་ཙམ་གྱིས་བུ་ཡོད་པར་མི་ནུས་སོ་སྙམ་བསམས་ནས། རྣམ་ཐོས་ཀྱི་བུ་དེ་བརྒྱ་བྱིན་གང་ན་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། །བདག་གི་བློན་པོ་མ་ནི་བྷ་དྲ་ཞེས་བགྱི་བས་བདག་ལ་འདི་སྐད་ཅེས་མཆིའོ། །རྒྱལ་པོའི་ཁབ་ན་བློན་པོ་ཞིག་བདག་ལ་བུ་སློང་སྟེ། སྨོན་པ་བཞིན་དུ་བྱས་ན་ནི་མཆོད་པ་དང་རིམ་གྲོ་


DKG074_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བྱེད་དོ། །སྨོན་པ་བཞིན་དུ་མ་བྱས་ན་རྟེན་ཡང་བཤིག་སྟེ་མི་སྡུག་པར་བྱའོ་ཞེས་དམ་བཅས་པས། དེ་ནི་དམ་བཅས་པ་བཞིན་དུ་གདོན་མི་འཚལ་བར་བགྱིད་ན། བརྒྱ་བྱིན་ལྷའི་དབང་པོ་ཁྱོད་ཀྱིས་དེ་ལ་བུ་ཞིག་མཆིས་པར་མཛད་དུ་གསོལ་ཞེས་གསོལ་པ་དང་། བརྒྱ་བྱིན་གྱིས་སྨྲས་པ། འདི་ནི་ཤིན་ཏུ་ཡང་དཀའ་མོད་ཀྱིས། ད་ལྟར་རྒྱུ་ཞིག་སྣང་ངོ་། །དེའི་ཚེ་ན་ལྷའི་སྲས་པོ་ཞིག་ཡོན་ཏན་ལྔ་དང་བྲལ་ནས་ཚེའི་དུས་བྱེད་དུ་ཉེ་བ་ཞིག་ཡོད་དེ། དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་ཚེའི་དུས་བྱེད་པར་ངེས་པས། དུས་བྱས་ན་བློན་པོ་དེའི་བུར་སྐྱེས་ཤིག་ཅེས་སྨྲས་སོ། །ལྷའི་སྲས་པོས་སྨྲས་པ། བདག་ནི་རབ་ཏུ་འབྱུང་ཞིང་དམ་པའི་ཆོས་སྤྱོད་པར་དད་དེ། གལ་ཏེ་རིགས་ཆེ་ཞིང་མཐོ་བར་སྐྱེས་ན། རབ་ཏུ་འབྱུང་བར་དཀའོ། །རིགས་ཐ་མལ་པར་གྱུར་ན་སླའོ་ཞེས་གསོལ་པ་དང་། བརྒྱ་བྱིན་གྱིས་ཡང་སྨྲས་པ། ལྷ་ཁྱོད་དེར་སྐྱེས་ཤིག་དང་། རབ་ཏུ་འབྱུང་བར་དད་ན། ངས་ཀྱང་གྲོགས་བྱའོ་ཞེས་སྨྲས་སོ། །ལྷའི་སྲས་པོ་དེ་དེར་ཚེ་འཕོས་ནས། བློན་པོ་དེའི་རིགས་སུ་དེའི་བཙུན་མོའི་རུམ་དུ་སྐྱེས་ཏེ། ཕྱིས་བཙས་ན་དབྱིབས་ལེགས་ཤིང་བལྟ་ན་སྡུག་པ་བཟང་བ་ཞིག་བཙས་ཏེ། མཚན་མཁན་ལ་བསྟན་ནས། མཚན་མཁན་གྱིས་ཀྱང་བལྟས་ཏེ། བུ་འདི་ཐོག་མ་གང་ནས་རྙེད་ཅེས་དྲིས་ནས། ཆུ་ཀླུང་གང་འི་ལྷ་ལས་བསླངས་སོ། །ཞེས་བྱས་པ་དང་། བུ་དེའི་མིང་ཡང་གང་་དར་ཞེས་བྱ་བར་བཏགས་སོ། །ཕྱིས་ཚད་དུ་ཕྱིན་པར་སྐྱེས་པ་དང་། དེས་ཕ་མ་ལ་བདག་ནི་རབ་ཏུ་བྱུང་བར་གསོལ་ལོ་ཞེས་སྨྲས་སོ། །དེ་ལ་ཕ་མས་སྨྲས་པ། ཁོ་བོ་ནི་འདི་ལྟ་བུར་ཕྱུག་ཅིང་བཙན་ཏེ། ལོངས་སྤྱོད་ཆེན་པོ་དང་ལྡན་ལ། བུ་ནི་ཁྱོད་གཅིག་པུར་ཟད་དེ། ངའི་རིགས་བསབ་ཅིང་ཕ་མ་གསོ་དགོས་ཀྱི་མི་གནང་ངོ་ཞེས་བསྒོ་བ་དང་། ཁྱེའུ་དེས་བསམས་པ་བཞིན་དུ་མ་འགྲུབ་པས་ཤིན་ཏུ་མི་དགའ་སྟེ། འདི་སྙམ་དུ་ལུས་འདི་མེད་པར་བྱས་ལ། རིགས་ཐ་མལ་པ་ཅིག་ཏུ་སྐྱེས་ཏེ། རབ་ཏུ་འབྱུང་བར་གསོལ་ན། འདི་ལས་སླ་ཡང་སྲིད་སྙམ་དུ་བསམས་ནས། སོང་སྟེ་ཕྱི་རོལ་ཏུ་བྱུང་ནས། བྲག་མཐོན་པོ་ཞིག་ལ་


DKG074_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཆོངས་སོ། །བྲག་ལ་མཆོངས་ཏེ་ས་ལ་ལྷུང་ན་ཡང་སྣད་པའམ་ཉམས་པ་མེད་དོ། །དེ་ནས་ཆུ་ཆེན་པོའི་འགྲམ་དུ་སོང་སྟེ། ཆུར་མཆོངས་ན་ཡང་ཆུས་གཡེངས་ཏེ་མཉེས་པར་ཕྱིར་བྱུང་ངོ་། །བཙན་དུག་ཟོས་ན་ཡང་དུག་གིས་མ་ཐུབ་ཅིང་། གནོད་པར་མ་གྱུར་ནས། ཡང་འདི་སྙམ་དུ་བསམས་སོ། །བདག་གིས་རྒྱལ་པོའི་ཁྲིམས་དང་འགལ་བ་ཞིག་བྱས་ན། རྒྱལ་པོས་བསད་ཀྱང་སྲིད་སྙམ་བསམས་ནས། རྒྱལ་པོའི་བཙུན་མོ་དང་སླས་རྣམས་ཕོ་བྲང་གི་ཕྱི་རོལ་དུ་བྱུང་སྟེ། སྐྱེད་མོས་ཚལ་གྱི་རྫིང་བུར་ཁྲུས་བྱེད་དུ་དོང་ནས། དེ་དག་གིས་གོས་དང་རྒྱན་བཀྲོལ་ཏེ་ཤིང་ལ་བཞག་གོ །དེ་ལྟར་གོས་དང་རྒྱན་ཤིང་ལ་བཞག་པ་གང་་དར་སོང་བས་མཐོང་བ་དང་། སྐྱེད་མོས་ཚལ་དུ་ཞུགས་ཏེ། བཙུན་མོ་དེ་དག་གི་གོས་དང་རྒྱན་པང་པས་བཏབ་ནས། སྒོར་བྱུང་བ་དང་། སྒོ་སྲུང་གིས་བཟུང་སྟེ། རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་རབ་ཏུ་ཁྲོས་ཏེ། མདའ་གཞུ་བླངས་ནས་རྒྱལ་པོ་ཉིད་ལག་དར་ཏེ་ཁྱེའུ་ལ་འཕངས་ནས་མདའ་འཕངས་པ་ཁྱེའུ་ལ་མ་སོང་གི་ཕྱིར་ཡང་རྒྱལ་པོའི་དྲུང་དུ་ལྷུང་ངོ་། །ལན་གསུམ་གྱི་བར་དུ་དེ་ལྟར་གྱུར་ནས། རྒྱལ་པོ་དངངས་ཏེ། གཞུ་ཡང་བོར་ནས་ཁྱེའུ་ལ་ཁྱོད་ལྷའམ་ཀླུའམ། ཡི་དགས་སམ། གནོད་སྦྱིན་ནམ། ཅི་ཞིག་ཞེས་སྨྲས་སོ། །ཁྱེའུས་གསོལ་པ། བདག་ལ་གསོལ་བ་སྣ་ཅིག་མཆིས། དེ་གནང་ན་ལེགས་པར་སྨྲ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །ཁྱེའུས་གསོལ་པ། བདག་ནི་ལྷ་ཡང་མ་ལགས་ཀླུ་ཡང་མ་ལགས་ཏེ། རྒྱལ་པོའི་ཁབ་ཀྱི་བློན་པོའི་བུ་ལགས་སོ། །བདག་རབ་ཏུ་བྱུང་བར་དད་ན། བདག་གི་ཕ་མས་མ་གནང་ན། བདག་གི་ལུས་འདི་གཞན་དུ་སྐྱེ་བར་བགྱི་བའི་སླད་དུ་རང་འཆིའོ་སྙམ་ནས། བྲག་མཐོན་པོ་ལ་མཆོངས། ཆུར་ཡང་མཆོངས། བཙན་དུག་ཀྱང་འཚལ་ན་འགུམ་དུ་མ་བཏུབ་ནས། རྒྱལ་པོའི་ཁྲིམས་ལས་འགལ་བ་ཞིག་བགྱིས་ན་འགུམ་པར་འགྱུར་སྙམ་བསམས་ཏེ། རྒྱལ་པོས་འགུམ་པར་བགྱི་བ་པས་ཀྱང་འདི་ལྟར་མ་འགུམ་སྟེ། ད་འདི་འདྲ་བར་གྱུར་ན་རྒྱལ་


DKG074_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐུགས་རྗེ་བར་དགོངས་ཏེ། བདག་རབ་ཏུ་འབྱུང་བར་གནོང་ཤིག་ཅེས་གསོལ་པ་དང་། རྒྱལ་པོས་ཀྱང་ཁྱོད་རབ་ཏུ་བྱུང་བར་གནང་ངོ་ཞེས་བཀའ་སྩལ་ནས། ཁྱེའུ་དེ་ཁྲིད་དེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས། ཅི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་འབྱུང་བར་གནང་ནས་ལུས་ལ་ཆོས་གོས་གྱོན་ཅིག་ཅེས་པ་དང་དགེ་སློང་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་ནས། སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པར་གྱུར་ནས། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཁྱེའུ་གཞོན་ནུ་འདིས་སྔོན་དགེ་བའི་རྩ་བ་ཅི་ཞིག་བསྒྲུབ་ན། བྲག་ལ་མཆོངས་ཀྱང་མ་གུམ་ལ་ཆབ་ཏུ་མཆོངས་ཀྱང་གནོད་པར་མ་གྱུར། བཙན་དུག་འཚལ་ཀྱང་མ་གུམ། མདའ་འཕངས་ཀྱང་སྨས་པར་མ་གྱུར་ཏོ། །བཅོམ་ལྡན་འདས་དང་མཇལ་ནས་འཁོར་བའི་མཐའ་ལས་གྲོལ་བར་གྱུར་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་འདས་པ་ན། ཡུལ་བཱ་རཱ་ཎ་སཱི་ཞེས་བྱ་བ་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེའི་བཙུན་མོ་དང་ཕོ་བྲང་གི་སླས་སུ་བཅས་ནས། སྐྱེད་མོས་ཚལ་དུ་རོལ་དུ་གཤེགས་སོ། །སྐྱེད་མོས་ཚལ་དེ་ན་ཕོ་བྲང་གི་སླས་དག་གིས་གླུ་བླངས་པ་དང་། ར་བའི་ཕྱི་རོལ་དུ་མི་ཞིག་གིས་སྐད་ཆེན་པོས་རམ་བུ་བཏེག་པ་རྒྱལ་པོས་ཐོས་སོ། །རྒྱལ་པོས་དེ་ཐོས་ནས་ཁྲོས་ཏེ་མི་དེ་ཟུང་ལ་སོད་ཅིག་ཅེས་བཀའ་སྩལ་ཏོ། །དེའི་ཚེ་བློན་པོ་ཞིག་ཕྱི་རོལ་ནས་ནང་དུ་འོངས་པ་ལས། མི་བཙོན་དུ་བཟུང་བ་མཐོང་བ་དང་། གཡོག་འཁོར་རྣམས་ལ་འདིས་ཅི་ཉེས་ཏེ་བཟུང་ཞེས་དྲིས་ན། དེ་དག་གིས་ཅིའི་ཕྱིར་བཟུང་བའི་གཏམ་ཞིབ་ཏུ་སྨྲས་པ་དང་། བློན་པོ་དེས་དེ་དག་ལ་རེ་ཞིག་མ་བསད་པར་སྡོད་ཅིག་ཁོ་བོས་རྒྱལ་པོ་ལ་གསོལ་ཞེས་སྨྲས་ནས་ཕོ་བྲང་གི་ནང་དུ་སོང་སྟེ། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །


DKG074_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

འགུམ་དུ་ཁྲིད་པའི་མི་དེས་འགུམ་ལ་ཐུག་པའི་ལས་མ་བགྱིས་སོ། །གླུ་བླངས་པའམ་རམ་བུ་བཏེག་པ་ནི་གཟུགས་སུ་མི་སྣང་བས། མི་རིགས་པའི་གློ་བ་རིངས་པ་དང་། བཙུན་མོ་ལ་ངན་དུ་བགྱི་བ་མ་ལགས་ཀྱིས། དེའི་སྲོག་ལ་ཐུགས་བརྩེ་བར་དགོངས་ཏེ་བཏང་བར་རིགས་སོ་ཞེས་གསོལ་པ་དང་། རྒྱལ་པོས་ཀྱང་མ་བསད་པར་ཐོང་ཤིག་ཅེས་བཀའ་སྩལ་པ་དང་། མི་དེ་ཡང་བློན་པོའི་གཡོག་བྱེད་པ་ལ་ཞུགས་ཏེ། ཕྱིས་ལོ་མང་ཞིག་ལོན་པ་དང་། འདི་སྙམ་དུ་སེམས་སོ། །འདོད་ཆགས་ཀྱིས་སྨས་པ་ནི་རལ་གྲི་བས་རྣོ་སྟེ། བདག་འདི་ལྟར་ཉམ་ཐག་པ་ཡང་འདོད་ཆགས་ཀྱི་ཕྱིར་རོ་སྙམ་བསམས་ནས། བློན་པོ་དེ་ལ་བདག་རབ་ཏུ་འབྱུང་ཞིང་ཐར་པའི་ལམ་བསྒོམ་དུ་ཅི་གནང་ཞེས་གསོལ་ནས། བློན་པོ་དེས་ཀྱང་ཁྱོད་ཐར་པའི་ལམ་བསྒོམ་ན་བདག་ཀྱང་བགེགས་མི་བྱེད་ཀྱིས། ཁྱོད་ཐར་བར་གྱུར་ནས་ཡང་ཕྱིར་བདག་དང་ཕྲད་པར་ཤོག་ཤིག་ཅེས་བསྒོའོ། །དེ་ནས་མི་དེ་ཡང་དབེན་པར་སོང་ནས་དོན་དམ་པ་ཡིད་ལ་བྱས་ཏེ། བརྩོན་འགྲུས་བརྩམས་པས་རང་སངས་རྒྱས་སུ་གྱུར་ནས། ཕྱིར་ཡང་གྲོང་ཁྱེར་དུ་སོང་སྟེ། བློན་པོ་ཆེན་པོ་གང་ན་བ་དེར་འོངས་སོ། །བློན་པོ་ཆེན་པོ་དེ་རབ་ཏུ་དགའ་ནས་བསོད་སྙོམས་དང་། འཚོ་བའི་ཡོ་བྱད་རྣམ་པ་བཞི་མི་དྲེལ་བར་ཕུལ་ལོ། །དེ་ནས་རང་སངས་རྒྱས་དེ་སྟེང་གི་ནམ་མཁའ་ལ་འཕགས་ནས། སྐུ་ལ་ཆུ་འབབ་པ་དང་། མེ་བྱུང་བ་དང་། འོད་ཟེར་ཆེར་གཏོང་བ་ལ་སོགས་ཏེ། ཆོ་འཕྲུལ་རྣམ་པ་བཅྭ་བརྒྱད་བསྟན་ཏོ། །བློན་པོ་ཆེན་པོ་དེས་དེ་ལྟ་བུ་དག་མཐོང་ནས་ཚད་མེད་པའི་སྤྲོ་བ་སྐྱེས་པས་འདི་སྐད་དུ་དམ་བཅས་སོ། །མི་འདི་བདག་གི་དྲིན་གྱིས་འཚོ་བར་གྱུར་གྱིས། བདག་གར་སྐྱེས་ཀྱང་བཙན་ཅིང་ཕྱུག་པ་དང་། ཚེ་རིང་བ་དང་། གཞན་པས་བརྒྱ་འགྱུར་སྟོང་འགྱུར་དུ་ཤིན་ཏུ་འཕགས་ཤིང་། ཡེ་ཤེས་དང་བསོད་ནམས་ཀྱང་འདི་དང་མཉམ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བློན་པོ་དེས་མི་ཅིག་སྲོག་བསྐྱབས་ཏེ། འབྲས་བུ་ཐོབ་པར་བྱས་པ་དེ་ནི་འདི་ཡིན་ནོ། །དེའི་རྒྱུ་དེའི་རྐྱེན་གྱིས་གང་ནས་གང་དུ་སྐྱེས་ཀྱང་སྲོག་གི་བར་


DKG074_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་དུ་མ་གྱུར་ཏེ། ད་ང་དང་འཕྲད་ནས་འབྲས་བུ་མཆོག་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་ཐམས་ཅད་ཡི་རངས་ནས་མངོན་པར་དགའོ་ལྷའི་བུ་གང་་དར་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།

བདུན་པ། རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ།


DKG074_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཆེན་པོ་འབར་ལི་ཞེས་བྱ་བ་ལ་བུ་མོ་ཞིག་བཙས་ནས། བུ་མོ་དེའི་མིང་ནི་རྡོ་རྗེ་ཞེས་བྱ་བ་བཏགས་སོ། །བཞིན་རབ་ཏུ་མི་སྡུག་པ། ལུས་ཀྱི་ཤ་ཤིན་ཏུ་རྩུབ་པ་སྟག་ལྤགས་ལྟར་སྲ་བ། སྐྲ་ཡང་རྟ་རྔོག་ལྟར་བཤོར་བ་ཞིག་སྟེ། རྒྱལ་པོས་ཀྱང་བུ་མོ་དེ་མི་སྡུག་པས་མི་དགའ་ནས་ཕོ་བྲང་གི་ནང་དུ་སུས་ཀྱང་མ་མཐོང་བའི་གནས་ཞིག་ཏུ་བསྐྱེད་དོ། །བུ་མོ་དེ་དེ་ལྟར་བཞིན་དུ་མི་སྡུག་ཀྱང་། བཙུན་མོ་ཆེན་པོ་ལ་བཙས་པས་མི་སྡུག་བཞིན་དུ་སུས་ཀྱང་མི་མཐོང་བར་བསྐྱེད་དེ། ཕྱིས་ཆེར་སྐྱེས་ནས་བག་མར་བཏང་རན་པ་དང་། རྒྱལ་པོ་རབ་ཏུ་མི་དགའ་ནས། བློན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་ཆོ་རིགས་མཐོ་བས་རྗེའུ་རིགས་སུ་གཏོགས་པ་ལས་ད་འཁྱམས་ཏེ། ནོར་དང་ལོངས་སྤྱོད་མི་བདོག་པ་ཅིག་ཚོལ་ལ་ཁྲིད་དེ་ཤོག་ཅེས་བསྒོའོ། །དེ་ནས་བློན་པོ་དེས་ཀྱང་ཆོ་རིགས་ཀྱིས་མཐོ་ཞིང་རྗེའུ་རིགས་ཀྱི་བུ་ལས་འཁྱམས་ནས་དབུལ་ཕོངས་པ་ཞིག་རྙེད་དེ། རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་དེ་དང་མི་མེད་པར་དབེན་པའི་གནས་ཞིག་ཏུ་གསང་སྟེ། ང་ལ་བུ་མོ་བྱད་བཞིན་མི་སྡུག་པ་ཞིག་ཡོད་དེ། བག་མར་བཏང་རན་ན། གཉེན་ཟླ་མ་རྙེད་ཀྱིས་ཆོ་རིགས་ཆེ་ཞིང་མཐོ་བ་ཁྱོད་དབུལ་ཞིང་ཅི་ཡང་མེད་མོད་ཀྱི། ཁྱོད་ཀྱི་ཆུང་མར་སྦྱིན་གྱི་ལོང་ཤིག་ཅེས་བཀའ་སྩལ་པ་དང་། དེ་ནས་ཁྱེའུ་དེས་པུས་མོ་ས་ལ་བཙུགས་ནས་རྒྱལ་པོའི་བཀའ་བཞིན་དུ་བགྱིའོ། །རྒྱལ་པོ་ཆེན་པོས་བདག་ལ་ཁྱི་མོ་ཞིག་སྩལ་ན་ཡང་བླང་བར་འཚལ་ན། རྒྱལ་པོའི་སྐུ་གདུང་ལ་གཏོགས་པ་སྲས་མོ་སྩལ་ན་ལྟ་ཅི་སྨོས་ཏེ། བཀའ་བཞིན་དུ་བླང་བར་


DKG074_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་སྲས་མོ་དེ་དབུལ་པོའི་ཆུང་མར་བྱིན་ཏེ། དེའི་གནས་ཁང་ལ་སོགས་པ་བྱས་ནས། སྒོ་རིམ་པ་བདུན་དུ་བྱས་ཏེ། དམག་པ་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་གང་དུ་འགྲོ་བའི་ཚེ། ཁྱོད་ཉིད་ཀྱིས་སྒོ་ཆོད་ལ་ལྟེ་མིག་ཀྱང་ཁྱེར་ཅིག །ངའི་བུ་མོ་རབ་ཏུ་མི་སྡུག་པ་འདི་ནི་ཅི་ནས་ཀྱང་ཕྱི་མི་གཞན་གྱིས་མི་མཐོང་བར་སྒོ་རབ་ཏུ་སྡོམས་ཤིག་ཅེས་བསྒོ་ནས། ནོར་དང་ལོངས་སྤྱོད་ལ་སོགས་པ་ཡོ་བྱད་ཐམས་ཅད་ཅི་དགོས་པ་ཆོག་པར་བྱིན་ཏེ། བློན་པོར་བཅུག་གོ །དེ་ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་མང་པོ་དང་ལྡན་པར་གྱུར་པས། དུས་ཕྱི་མ་ཞིག་ན་རིགས་ཆེ་ཞིང་མཐོ་བ་གཞན་དང་སྟོན་མོ་བྱ་བར་ཐམས་ཏེ། སྟོན་མོ་ལ་ཁྱོ་ཤུག་དང་། བུ་ཚ་ཡང་འདུས་ཏེ་རྩེ་བར་བྱས་པ་ལས། གཞན་ཀུན་ནི་ཆུང་མ་དང་འགྲོགས་ཏེ་འོངས་ན་བློན་པོ་དེ་འབའ་ཞིག་གི་ཆུང་མ་མ་འོངས་པས་གྲོགས་པོ་དག་ཐེ་ཙོམ་དུ་གྱུར་ཏེ། ཡང་ན་ནི་མི་འདིའི་ཆུང་མ་མངའ་བྱད་ཤིན་ཏུ་མཛེས་ཤིང་བཟང་མོ་ཞིག་གོ །ཡང་ན་ནི་ཤིན་ཏུ་མི་སྡུག་ཅིང་གཞན་གྱིས་མཐོང་དུ་མི་རུང་བ་ཞིག་ཡིན་པས། ཁྲིད་དེ་མ་འོངས་སོ་སྙམ་ནས་ཐེ་ཙོམ་ཟ་བས། དེ་དག་དེའི་ཆུང་མ་བལྟ་བར་བགྲོས་ནས། ཡིད་འཐུན་པར་གསང་སྟེ། མི་འདི་ཆང་གིས་ར་རོ་བར་བྱས་ཏེ་མི་དྲན་པའི་འོག་ཏུ་ལྟེ་མིག་བརྐུས་ཏེ། མི་ལྔ་ཙམ་ཞིག་དེའི་ཆུང་མར་བལྟ་བར་བཏང་ངོ་ཞེས་བགྲོས་སོ། །དེའི་ཚེ་ན་མི་དེའི་ཆུང་མས་སྔོན་བདག་གིས་སྡིག་པ་ཅི་བགྱིས་ན་ཁྱིམ་ཐབ་སྡང་སྟེ། འདི་འདྲའི་མུན་ཁུང་དུ་བཅུག་ནས་ཉི་མ་དང་ཟླ་བ་ཙམ་ཡང་བལྟར་མེད་དེ། མི་གཞན་ཡང་མི་མཐོང་སྙམ་སྟེ། ཤིན་ཏུ་མི་དགའ་ནས་ཡང་འདི་སྙམ་དུ་བསམས་སོ། །སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་བཞུགས་ཏེ། སེམས་ཅན་གང་སྡུག་བསྔལ་གྱིས་གདུངས་པ་དག་གི་མགོན་དང་སྐྱབས་མཛད་དེ་ཐར་བར་མཛད་དོ་ཞེ་ན། བཅོམ་ལྡན་འདས་ལ་བདག་རྒྱང་མ་ནས་ཕྱག་འཚལ་ལོ། །ཐུགས་བརྩེ་བར་དགོངས་ཏེ། བདག་གི་མདུན་དུ་མངོན་སུམ་དུ་གཤེགས་ཤིང་། བདག་ལ་ཅུང་ཟད་ཅིག་ཞལ་སྟོན་པར་གྱུར་ཀྱང་ཅི་མ་རུང་སྙམ་བསམས་སོ། །བུ་མོ་དེའི་བསམ་པ་ཤིན་ཏུ་དག་ཅིང་མོས་པར་མཁྱེན་ནས་


DKG074_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དེའི་ཁྱིམ་དུ་གཤེགས་ཏེ། བུ་མོ་དེའི་མདུན་དུ་སྔོན་གྱི་ལས་ཀྱིས་དབུ་མཐོན་མཐིང་གིས་མཚན་པ་མངོན་པར་བསྟན་པ་བུ་མོ་དེས་མཐོང་བར་མཛད་དོ། ། བུ་མོ་དེས་བཅོམ་ལྡན་འདས་ཀྱི་དབུ་མཐོན་མཐིང་མཐོང་ནས། ལྷག་པར་ཡང་དགའ་ཞིང་མགུ་རངས་ཏེ། བསམ་པ་ཤིན་ཏུ་དག་པར་གྱུར་ཏོ། །བསམ་པ་ཤིན་ཏུ་དག་པས་བུ་མོ་དེའི་སྐྲ་ཡང་ཤིན་ཏུ་འཇམ་ཞིང་མཐོན་མཐིང་གི་ཁ་དོག་ཏུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཡང་ཞལ་མངོན་སུམ་དུ་བསྟན་པ་བུ་མོ་དེས་མཐོང་ནས། མཐོང་མ་ཐག་ཏུ་དགའ་མགུ་རངས་པས་བུ་མོ་དེ་བཞིན་ཡང་བཟང་ཞིང་མཛེས་པར་གྱུར་ཏེ། མི་སྡུག་པ་དང་རྩུབ་པ་ཡང་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་སྐུ་སྟ་ཟུར་ཡན་ཅད་མངོན་པར་བསྟན་ཏེ། གསེར་གྱི་མདོག་ལྟ་བུའི་འོད་ལྷམ་མེར་སྣང་བར་མཛད་པ་བུ་མོ་དེས་མཐོང་ནས། སངས་རྒྱས་ལ་ལྷག་པར་དགའ་ཞིང་དགའ་མགུ་རངས་པར་གྱུར་ཏོ། །དེ་ལྟར་དགའ་མགུ་རངས་པས་མི་སྡུག་པ་ཐམས་ཅད་མེད་པར་གྱུར་ཏེ། ཤིན་ཏུ་མཛེས་ཤིང་སྡུག་པ་ནི་ལྷའི་བུ་མོ་ལྟར་འཇིག་རྟེན་ན་དཔེ་ཟླ་མེད་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཐུགས་བརྩེ་བའི་ཕྱིར། སྐུ་རྫོགས་པར་བསྟན་པས། བུ་མོ་དེ་མིག་མི་འཛུམས་པར་བལྟ་ཞིང་སྔར་བས་ཀྱང་ལྷག་པར་དགའ་མགུ་རངས་ནས། ལུས་ཀྱི་མཚན་ཐམས་ཅད་འཇིག་རྟེན་ན་དཔེ་ཟླ་མེད་པར་ཤིན་ཏུ་བཟང་ཞིང་། མི་སྡུག་པའི་བག་ཆགས་ཀྱི་ལྷག་མ་ཅུང་ཟད་ཙམ་ཡང་མ་ལུས་སོ། །བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་བསྟན་ནས། སྡིག་པ་ཀུན་ཟད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱང་སླར་གཤེགས་སོ། །དེ་ནས་དེ་མ་ཐག་ཏུ་མི་ལྔ་པོས་ཀྱང་སྒོ་ཕྱེས་ཏེ། ནང་དུ་ལྷགས་ན་དེའི་ཆུང་མ་རབ་ཏུ་མཛེས་ཤིང་བཟང་བ་ཟླ་མེད་པར་མཐོང་ནས། གཅིག་ལ་གཅིག་འདི་སྐད་དུ་མི་འདིའི་ཆུང་མ་ནི་ཤིན་ཏུ་བཟང་ཞིང་མཛེས་པས་མི་ཁྲིད་དོ་ཞེས་སྨྲས་ཏེ། དེ་དག་གིས་དེའི་ཆུང་མ་མཐོང་ནས་ཕྱིར་ཡང་སྒོ་བཅད་དེ། དེ་དག་གང་ན་འདུག་པར་འོངས་ནས། མི་དེས་མ་ཚོར་བར་ལྟེ་མིག་ཀྱང་ཕྱིར་ལུས་ལ་བཏགས་སོ། །མི་དེ་ར་རོ་བ་ལས་སངས་ནས་ཀུན་


DKG074_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཏེ་ཕྱིར་ཁྱིམ་དུ་འོངས་པ་དང་། བདག་གི་ཆུང་མ་མངའ་བྱད་ཤིན་ཏུ་བཟང་ཞིང་མཛེས་ཏེ། མིའི་ནང་ནས་ཤིན་ཏུ་དཀོན་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་སྟེ། ཆུང་མ་ལ་ཁྱོད་སུ་ཡིན་ཞེས་སྨྲས་པ་དང་། ཆུང་མས་ཀྱང་བདག་ན་ཁྱེད་ཀྱི་ཆུང་མའོ་ཞེས་སྨྲས་སོ། །ཁྱོས་སྨྲས་པ། ཁྱོད་ནི་རབ་ཏུ་ཡང་མི་སྡུག་པ་ཞིག་ན། ཅིའི་ཕྱིར་འདི་ལྟར་བཟང་ཞིང་མཛེས་པར་གྱུར་ཅེས་དྲིས་པ་དང་། ཆུང་མས་སྨྲས་པ། བདག་གིས་སངས་རྒྱས་མཐོང་བས་ལུས་འདི་ལྟར་གྱུར་ཏོ་ཞེས་གཏམ་ཞིབ་ཏུ་སྨྲས་སོ། །ཆུང་མས་ཡང་སྨྲས་པ། བདག་གི་ཡིད་ལ་ད་ནི་བདག་ཡབ་རྒྱལ་པོ་དང་འཕྲད་འདོད་ཀྱིས། རྒྱལ་པོ་ལ་བདག་འདི་སྐད་མཆིའོ་ཞེས་གསོལ་ཅིག།ཁྱོས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་པ་དང་། རྒྱལ་པོས་དམག་པ་ལ་དེ་སྐད་མ་ཟེར་བར་མྱུར་དུ་སོང་ལ་ཕྱིར་འབྱུང་དུ་མི་གནང་བར་སྡོམས་ཤིག་ཅེས་བཀའ་སྩལ་ཏོ། །དམག་པས་ཡང་གསོལ་པ། རྒྱལ་པོའི་སྲས་མོ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས་ལྷ་མོ་དང་འདྲ་བར་བཟང་ཞིང་མཛེས་མར་གྱུར་ཏོ། །རྒྱལ་པོས་དམག་པ་ལ་བཀའ་སྩལ་པ། ཁྱོད་བདེན་པ་དེ་ལྟར་གྱུར་ན། མྱུར་དུ་ཁྲིད་དེ་ཤོག་ཅིག་ཅེས་བསྒོ་ནས། ཤིང་རྟ་བརྒྱན་ཏེ་སྲས་མོ་ཕོ་བྲང་གི་ནང་དུ་བསུའོ། །རྒྱལ་པོས་བུ་མོ་དེ་དེ་ལྟར་བཟང་ཞིང་མཛེས་པར་གྱུར་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ཏེ། རྒྱལ་པོ་དང་། བཙུན་མོ་དང་། དམག་པ་དང་། བུ་མོར་བཅས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ཕྱིན་པ་དང་། སངས་རྒྱས་ལ་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བུ་མོ་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། རིགས་ཆེ་ཞིང་མཐོ་ལ་ལོངས་སྤྱོད་མང་པོ་ནོར་དབྱིག་དང་ལྡན་པའི་རིགས་སུ་སྐྱེས་ལ། སྡིག་པའི་ལས་ཅི་བགྱིས་ན། བྱད་གཟུགས་ཤིན་ཏུ་མི་སྡུག་ཅིང་པགས་པ་དང་སྐྲ་ཡང་དུད་འགྲོའི་ལྟ་བུར་གྱུར་ཅེས་གསོལ་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོའི་སྲས་མོ་མངའ་བྱད་བཟང་ཞིང་མཛེས་པ་


DKG074_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མི་སྡུག་པ་ལ་ཚེ་རབས་སྔ་མ་ལ་བསོད་ནམས་དང་། སྡིག་པའི་ལས་བྱས་པ་ལས་གྱུར་ཏོ། །སྔོན་འདས་པའི་དུས་ཡུན་རིང་པོ་ན། ཡུལ་བཱ་རཱ་ན་སེ་ཞེས་བྱ་བ་དེའི་ཡུལ་མི་ཁྱིམ་བདག་རབ་ཏུ་ཕྱུག་པ་ནོར་དབྱིག་ཚད་མེད་པ་དང་ལྡན་པ་ཞིག་བྱུང་སྟེ། ཁྱིམ་བདག་དེས། ཁྱིམ་ན་ཅི་བདོག་པ་ཐམས་ཅད་རང་སངས་རྒྱས་ཅིག་ལ་མཆོད་ཅིང་འབུལ་ལོ། །རང་སངས་རྒྱས་དེའི་སྐུ་ཤིན་ཏུ་རྩུབ་ལ་ངན་པ་མི་སྡུག་པ་སྐེམས་པ་ཞིག་སྟེ། ཁྱིམ་བདག་དེ་ལ་བུ་མོ་ཆུང་ངུ་ཞིག་ཡོད་པ་དེས། ཉིན་གཅིག་བཞིན་དུ་རང་སངས་རྒྱས་དེ་གཤེགས་པ་མཐོང་བ་དང་། བུ་མོ་དེས་ཁ་ན་མ་ཐོ་བའི་སེམས་སྐྱེས་ཏེ། བརྙས་སྨད་དེ། འདི་སྐད་དུ་བྱད་བཞིན་མི་སྡུག་ལ་ལུས་ཀྱི་པགས་པ་རྩུབ་པ་འདི་རེ་མི་སྡུག་ཅེས་ཁ་ན་མ་ཐོ་བ་བྱས་སོ། །རང་སངས་རྒྱས་དེ་རྟག་ཏུ་དེའི་ཁྱིམ་དུ་གཤེགས་ཤིང་མཆོད་པ་བཞེས་ནས་ཡུན་རིང་པོ་ཞིག་ལོན་པ་དང་། མྱ་ངན་ལས་འདའ་བར་བསམས་ཏེ། ཡོན་བདག་དེའི་ཕྱིར་སྟེང་གི་ནམ་མཁའ་ལ་འཕགས་ནས་སྐུ་ལ་མེ་འབར་བ་དང་། ཆུ་འབབ་པ་དང་། ཤར་ཕྱོགས་ནས་མི་སྣང་བར་གྱུར་ནས་ནུབ་ཕྱོགས་སུ་འབྱུང་བ་དང་། ནུབ་ཕྱོགས་ནས་མི་སྣང་ནས་ཤར་ཕྱོགས་སུ་འབྱུང་བ་དང་། ལྷོ་ཕྱོགས་ནས་མི་སྣང་ནས་བྱང་ཕྱོགས་སུ་འབྱུང་བ་དང་། བྱང་ཕྱོགས་ནས་མི་སྣང་ནས་ལྷོ་ཕྱོགས་སུ་འབྱུང་བ་དང་། ནམ་མཁའ་སྟོང་པ་ལ་ཉལ་བ་དང་འདུག་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏེ། ཁྱིམ་དེའི་མི་ཐམས་ཅད་ཀྱིས་ཆོ་འཕྲུལ་དེ་དག་མཐོང་བར་བྱས་ནས། ནམ་མཁའ་ལས་བབས་ཏེ། དེའི་ཁྱིམ་དུ་གཤེགས་སོ། །ཁྱིམ་བདག་དེ་ཡང་ལྷག་པར་དགའ་མགུ་རངས་པར་གྱུར་ཏོ། །བུ་མོ་དེ་ཡང་ཤིན་ཏུ་འགྱོད་པ་སྐྱེས་ནས། རང་སངས་རྒྱས་དེ་ལ་འདི་སྐད་དུ། བདག་གིས་སྔར་ཁ་ན་མ་ཐོ་བའི་ཉེས་པ་ཡང་དང་ཡང་བགྱིས་པ་དེ་དག་བདག་གིས་དངོས་སྡིག་ཏུ་མི་འགྱུར་བར་འགྱོད་ཚངས་གསོལ་ནས། རང་སངས་རྒྱས་དེས་ཀྱང་འགྱོད་ཚངས་བྱེད་པར་གནང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། བུ་མོ་དེ་ནི་ད་ལྟར་རྒྱལ་པོའི་བུ་མོ་


DKG074_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ཏེ། དེའི་ཚེ་མི་དགེ་བའི་སེམས་ཀྱིས། འཕགས་པ་རང་སངས་རྒྱས་ལ་སྨད་པའི་ངག་གི་ཉེས་པས། དེ་ཕྱིན་ཅད་རྟག་ཏུ་མི་སྡུག་པའི་ལུས་མྱོང་བར་གྱུར་ཏོ། །ཕྱིས་ཆོ་འཕྲུལ་མཐོང་ནས། འགྱོད་པས་ནི་ཕྱིས་མངའ་བྱད་ཤིན་ཏུ་བཟང་བ་དང་། བློ་དང་ལྡན་པར་གྱུར་ཏོ། །རང་སངས་རྒྱས་ལ་མཆོད་པ་བྱས་པས། གང་ནས་གང་དུ་སྐྱེས་ཀྱང་རིགས་ཆེ་ཞིང་ལོངས་སྤྱོད་འབྱོར་པ་དང་། མཐར་ཡང་རྣམ་པར་གྲོལ་བར་གྱུར་ཏོ། །དེ་བས་ན་རྒྱལ་པོ་ཆེན་པོ་ཇི་ཙམ་དུ་སེམས་ཅན་གྱི་རིགས་སུ་གཏོགས་པ་ཐམས་ཅད་ནི་ལུས་དང་ངག་གི་ཉེས་པ་ཤིན་ཏུ་བསྲུང་ཞིང་། གཞན་ལ་བརྙས་པ་དང་སྨད་པར་མི་བྱའོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་འཁོར་དང་བཅས་པ་དང་། འཁོར་མང་པོ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་བསྟན་པ་ཐོས་ནས། བསམ་པ་ཤིན་ཏུ་རྣམ་པར་དག་པའི་དད་པ་དང་ལྡན་པར་གྱུར་ཏོ། །དེ་ལྟར་བསམ་པ་ཤིན་ཏུ་རྣམ་པར་དག་པས། ལ་ལ་ནི་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། འཁོར་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེའི་ལེའུ་སྟེ་བདུན་པའོ།། །།

བརྒྱད་པ། གསེར་དབྱིག་གི་ལེའུ།


DKG074_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དེ་ན་ཁྱིམ་བདག་ཅིག་གི་ཆུང་མ་ལ་བུ་ཞིག་བཙས་ཏེ། མིང་ཡང་གསེར་དབྱིག་ཅེས་བཏགས་ནས། བྱད་གཟུགས་ལེགས་པ། བཟང་ཞིང་ཤིན་ཏུ་མཛེས་པ་འཇིག་རྟེན་ན་ཟླ་མེད་པ། ཁྱེའུ་དེ་སྔོན་གྱི་ལས་ཀྱིས་ལག་པ་གཉིས་ཁུ་ཚུར་བཅང་ནས་བྱུང་ངོ་། །ཁྱེའུ་དེའི་ཕ་མ་ཡང་ཤིན་ཏུ་ཡ་མཚན་དུ་གྱུར་ཏེ། བཀྲ་ཤིས་སོ་སྙམ་ནས་ཁྱེའུ་དེའི་ཁུ་ཚུར་གཉིས་ཕྱེས་ཏེ་བལྟས་ན། ཁྱེའུའི་ལག་མཐིལ་ནས་གསེར་གྱི་དོང་ཙེ་རེ་རེ་ཡོད་དེ།


DKG074_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་མ་གཉིས་རབ་ཏུ་དགའ་སྟེ། གསེར་གྱི་དོང་ཙེ་གཉི་ག་བླངས་ཏེ། བླངས་པའི་ཤུལ་དུ་ད་རུང་ཡང་ཡོད་པར་གྱུར་ནས་ཡང་ནས་ཡང་བླངས་སོ། །དེ་བཞིན་དུ་ཕ་མ་གཉིས་ཀྱིས་གསེར་གྱི་དོང་ཙེ་ལག་མཐིལ་ནས་བླངས་པས་བང་མཛོད་གང་ཡང་བུའི་ལག་ནས་དོང་ཙེ་ཟད་པར་མ་གྱུར་ཏོ། །ཁྱེའུ་དེ་ཕྱིས་ཆེར་སྐྱེས་ནས་ཕ་མ་ལ་བདག་རབ་ཏུ་འབྱུང་ངོ་ཞེས་གསོལ་པ་དང་། ཕ་མས་ཀྱང་ཡིད་བཞིན་དུ་གནང་ངོ་ཞེས་སྨྲས་སོ། །དེ་ནས་ཁྱེའུ་གསེར་དབྱིག།བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ། སྟོན་པས་བདག་ལ་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱེའུ་གསེར་དབྱིག་ཁྱོད་རབ་ཏུ་འབྱུང་བར་གནང་ངོ་ཞེས་བཀའ་སྩལ་ཏོ། །དེ་ལྟར་སངས་རྒྱས་ཀྱིས་གནང་ནས་ཁྱེའུ་གསེར་དབྱིག་སྐྲ་དང་ཁ་སྤུ་དྲེགས་ཏེ། ཆོས་གོས་གྱོན་ནས་དགེ་སྦྱོང་དུ་གྱུར་ཏོ། །ཕྱིས་ལོ་གྲངས་ཚང་སྟེ། བསྙེན་པར་རྫོགས་རན་ནས་དགེ་འདུན་ལ་དད་པ་གསོལ་ཏེ། བསྙེན་པར་རྫོགས་པར་གསོལ་ཏོ། །བསྙེན་པར་རྫོགས་པའི་དགེ་འདུན་ལ་རིམ་གྱིས་ཕྱག་འཚལ་ཏེ། མཐར་གྱིས་ཕྱག་འཚལ་བ་ན། ལག་པ་གཉིས་ས་ལ་གར་རེག་པར་གསེར་གྱི་དོང་ཙེ་རེ་རེ་ཡོད་དེ། དེ་བཞིན་དུ་མཐར་གྱིས་ཕྱག་འཚལ་བ་ཐམས་ཅད་དུ་གསེར་གྱི་དོང་ཙེ་ཡོད་པར་གྱུར་ཏོ། །བསྙེན་པར་རྫོགས་ནས་བརྩོན་འགྲུས་བསྒོམས་པས་དགྲ་བཅོམ་པར་གྱུར་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དགེ་སློང་གསེར་དབྱིག་འདི་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། ཐོག་མ་བཙས་ནས་ད་ཙམ་གྱི་བར་དུ་གསེར་གྱི་དོང་ཙེ་ཐོགས་པ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་བསྟན་པར་བྱའོ་ཞེས་བཀའ་སྩལ་པ་དང་། ཀུན་དགའ་བོས་དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་


DKG074_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་དུས་ན་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ཏུ་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། དམ་པའི་ཆོས་ཀྱིས་སེམས་ཅན་གྱི་དོན་བྱེད་པ་ནི་བརྗོད་ཅིང་དཔག་ཏུ་མེད་དོ། །སངས་རྒྱས་དེ་དགེ་འདུན་དང་བཅས་ནས་ཡུལ་རྒྱུ་ཞིང་གཤེགས་པ་ལས། ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་འབྱོར་པ་དང་། ལོངས་སྤྱོད་དང་ལྡན་པ་རྣམས་ཀྱིས་ཞལ་ཟས་རྣམ་པ་སྣ་ཚོགས་བཤམས་ཏེ། སངས་རྒྱས་དང་ཉེ་གནས་འཕགས་པའི་དགེ་འདུན་ལ་མཆོད་པ་བྱས་སོ། །དེའི་ཚེ་ན་མི་དབུལ་པོ་ལོངས་སྤྱོད་ཅི་ཡང་མི་བདོག་པ་ཅིག་རྟག་ཏུ་རི་ལ་ཤིང་འཐུ་ཞིང་འཚོང་ངོ་། །ཕྱིས་ཤིང་བཙོངས་པའི་རིན་དུ་དོང་ཙེ་གཉིས་ཤིག་རྙེད་ནས་མི་དབུལ་པོ་དེས་སངས་རྒྱས་དང་། དགེ་འདུན་དུ་བཅས་པ་རྒྱལ་པོའི་ཕོ་བྲང་དུ་སྤྱན་དྲངས་ནས་གཤེགས་པ་མཐོང་ནས། རབ་ཏུ་དགའ་མགུ་རངས་ཏེ། དོང་ཙེ་གཉིས་བདོག་པ་དེ་སངས་རྒྱས་དང་དགེ་འདུན་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། དོང་ཙེ་གཉིས་བཞེས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་ན་མི་དབུལ་པོ་དེས་དོང་ཙེ་གཉིས་ཤིག།སངས་རྒྱས་དང་དགེ་འདུན་ལ་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ། ལག་ན་གསེར་གྱི་དོང་ཙེ་རྟག་ཏུ་ཐོགས་པར་གྱུར་ཏེ། ནོར་དང་རིན་པོ་ཆེ་དང་། འཚོ་བའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་མི་དབུལ་པོ་དེ་ནི་དགེ་སློང་གསེར་དབྱིག་འདི་ཡིན་ཏེ། མི་འདི་ཅི་སྟེ་དགྲ་བཅོམ་པའི་འབྲས་བུ་མ་ཐོབ་པ་ན་ཡང་མ་འོངས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཚད་དཔག་ཏུ་མེད་དོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱིས་སྦྱིན་པ་སྦྱིན་པའི་ལས་ལ་བརྩོན་པར་བྱའོ། །དེའི་ཚེ་ན་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་འདི་ཐོས་ནས་དད་ཅིང་མོས་པར་གྱུར་ནས། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལ་ལ་ནི་ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པ་ཐོབ་བོ། །ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་


DKG074_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལྡོག་པའི་ས་ལ་གནས་ཏེ། འཁོར་ཐམས་ཅད་སངས་རྒྱས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གསེར་དབྱིག་གི་ལེའུ་སྟེ་བརྒྱད་པའོ།། །།

དགུ་པ། ལྷའི་མེ་ཏོག་གི་ལེའུ།


DKG074_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བའི་ཆུང་མ་ལ་བུ་ཞིག་བཙས་ནས། བྱད་གཟུགས་ལེགས་པ། བལྟ་ན་སྡུག་པ། བཟང་བ། མཛེས་པ་ཞིག་བཙས་སོ། །བཙས་མ་ཐག་ཏུ་ནམ་མཁའ་ལས་ལྷ་རྫས་ཀྱི་མེ་ཏོག་ཆར་བཞིན་དུ་བབ་སྟེ། ཁང་པ་ཀུན་གང་བ་ལས་བུའི་མིང་ཡང་ལྷའི་མེ་ཏོག་ཅེས་བཏགས་སོ། །ཁྱེའུ་དེ་ཕྱིས་ཆེར་སྐྱེས་ནས་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སངས་རྒྱས་ཀྱི་སྐུ་མདོག་དང་། མཚན་དང་དཔེ་བྱད་བཟང་པོ་དཔེ་མེད་པ་མཐོང་ནས། རབ་ཏུ་དགའ་བ་སྐྱེས་ཏེ་འདི་སྙམ་དུ་སེམས་སོ། །བདག་འཇིག་རྟེན་འདིར་སྐྱེས་ཀྱང་འཕགས་པའི་གཙོ་བོ་དང་ཕྲད་ཀྱིས་སངས་རྒྱས་དང་འཕགས་པའི་དགེ་སློང་གི་དགེ་འདུན་སྤྱན་དྲང་ངོ་སྙམ་བསམས་ནས། སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཕགས་པའི་དགེ་འདུན་དང་བཅས་ཏེ། སང་གི་གདུགས་ལ་བདག་གི་མཆིས་བྲང་དུ་བསོད་སྙོམས་ངན་པ་ཞིག་སྦྱར་གྱིས། བསོད་སྙོམས་བཞེས་པའི་སླད་དུ་གཤེགས་པར་ཅི་གནང་ཞེས་གསོལ་པ་དང་། དེའི་བསམ་པ་དག་པར་མཁྱེན་པས་གཤེགས་པར་གནང་ངོ་། །དེ་ནས་ལྷའི་མེ་ཏོག་ཕྱིར་ཁྱིམ་དུ་འོངས་པ་དང་། ཕྱི་ཉིན་སངས་རྒྱས་དང་དགེ་འདུན་རྣམས་ཀྱང་དེའི་ཁྱིམ་དུ་གཤེགས་སོ། །ལྷའི་མེ་ཏོག་གིས་ལྷའི་ཁང་བཟངས་ཀྱི་ནང་དུ་རིན་པོ་ཆེའི་གདན་མང་པོ་སྤྲུལ་ཏེ། རྒྱན་གྱིས་བརྒྱན་པ་ལས། སངས་རྒྱས་དང་། དགེ་འདུན་རྣམས་གདན་དེ་ལས་རིམ་གྱིས་བཞུགས་སུ་གསོལ་ནས། ལྷའི་མེ་ཏོག་གིས་ཞལ་ཟས་རྣམ་པ་སྣ་ཚོགས་དགོས་པར་བསམས་པ་དང་། དེའི་བསོད་ནམས་ཀྱིས་བསམས་པ་བཞིན་དུ་འབྱོར་ཏེ། སངས་རྒྱས་དང་དགེ་འདུན་རྣམས་ལ་བསོད་


DKG074_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ཀྱི་བྱ་བ་བྱས་སོ། །ལྷུང་བཟེད་བླངས་ཏེ། ལྷའི་མེ་ཏོག་ལ་ཆོས་མང་པོ་རྒྱས་པར་བསྟན་ནས། ལྷའི་མེ་ཏོག་གི་ཁྱིམ་གང་གི་མི་ཀུན་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་ལྷའི་མེ་ཏོག་གིས་ཕ་མ་ལ་རབ་ཏུ་འབྱུང་ཞིང་སངས་རྒྱས་ཀྱི་ཉེ་གནས་སུ་མཆི་བར་གསོལ་པ་དང་། ཕ་མས་ཀྱང་དེ་བཞིན་དུ་གནང་ནས། ཁྱེའུ་དེས་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་ལེགས་པར་འོངས་སོ་ཞེས་བཀའ་སྩལ་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། ངུར་སྨྲིག་གྱོན་པར་གྱུར་ནས། སངས་རྒྱས་ཀྱི་བཀའ་བཞིན་དུ་ནན་ཏན་དུ་བྱས་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་དེ་ལྟར་གྱུར་པ་མཐོང་ནས། སངས་རྒྱས་གང་ན་བ་དེར་སོང་སྟེ། ཕྱིན་ནས་པུས་མོ་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་ལྷའི་མེ་ཏོག་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། ལྷའི་མེ་ཏོག་རང་འབབ་ཅིང་། རིན་པོ་ཆེའི་གདན་དང་ཞལ་ཟས་སྣ་ཚོགས་ཡིད་བཞིན་དུ་སྤྲུལ་པ། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཐོས་པར་འདོད་ན་ལེགས་པར་ཉོན་ཅིག།སྔོན་འདས་པའི་དུས་ན་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་གྱི་དོན་རྒྱས་པར་མཛད་དོ། །དེའི་ཚེ་ན་དགེ་འདུན་མང་པོ་གྲོང་རྒྱུ་ཞིང་གཤེགས་པ་ལས། ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་དག་གིས་མཆོད་པ་བྱས་སོ། །དེའི་ཚེ་ན་མི་དབུལ་པོ་ཞིག་ལ་ལོངས་སྤྱོད་ཅི་ཡང་མི་བདོག་པས། དགེ་འདུན་དེ་ལ་རབ་ཏུ་དགའ་བའི་སེམས་སྐྱེས་སོ། །བདག་གིས་ནི་ཅི་ནས་ཀྱང་མཆོད་དུ་མེད་དོ་སྙམ་ནས། སྤང་དང་ནེའུ་གསིང་ལས་མེ་ཏོག་རྣམ་པ་སྣ་ཚོགས་བཏུས་ཏེ། དགེ་འདུན་ལ་གཏོར་ནས་བསམ་པ་དག་པས་ཕྱག་དར་བྱས་ཏེ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་མི་དབུལ་པོ་མེ་ཏོག་གིས་འཐོར་བ་དེ་ནི་དགེ་


DKG074_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ལྷའི་མེ་ཏོག་འདི་ཡིན་ནོ། །དེ་ལྟར་སྔོན་འདས་པའི་དུས་ན་བསམ་པ་དག་པའི་དད་པས་མེ་ཏོག་བསྡུས་ཏེ། དགེ་འདུན་ལ་གཏོར་ནས་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གང་དང་གང་དུ་སྐྱེས་ཀྱང་བྱད་གཟུགས་ལེགས་ཤིང་བཟང་བ་དང་། བལྟ་ན་སྡུག་པ་དང་། ཅི་ལྟར་བསམ་པ་བཞིན་དུ་བཟའ་བ་དང་། བཏུང་བ་དང་། ཁྲི་སྟན་ལ་སོགས་པ་ཡིད་བཞིན་དུ་འབྱོར་ཅིང་ལྡན་ཏེ། བསོད་ནམས་དེས་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །དེ་བས་ན་ཀུན་དགའ་བོ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་སྦྱིན་པ་ཆུང་ངུ་ལ་བསོད་ནམས་མེད་སྙམ་ནས་མ་བརྙས་ཤིག།ལྷའི་མེ་ཏོག་ལྟར་ཅི་ཡང་འབྱོར་ཅིང་འགྲུབ་པར་འགྱུར་རོ། །དེ་ནས་ཀུན་དགའ་བོ་དང་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །ལྷའི་མེ་ཏོག་གི་ལེའུ་སྟེ་དགུ་པའོ།། །།

བཅུ་པ། ལྷའི་རིན་ཆེན་གྱི་ལེའུ།


DKG074_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་དུས་ན་ཁྱིམ་བདག་ཅིག་གི་ཆུང་མ་ཞིག་ལ་བུ་བཙས་ནས། ཁྱེའུ་དེ་བཙས་པའི་ཚེ་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་བབ་སྟེ། དེའི་ཁྱིམ་ཡོངས་སུ་གང་ངོ་། །དེ་ནས་མཚན་མཁན་བོས་ཏེ། བུའི་མཚན་བལྟས་ན། བུའི་མཚན་རབ་ཏུ་བཟང་ངོ་ཞེས་ཁྱིམ་བདག་ལ་སྨྲས་ནས། ཁྱིམ་བདག་དེ་རབ་ཏུ་དགའ་སྟེ། མཚན་མཁན་དེ་ལ་བུའི་མིང་བཏགས་པར་གསོལ་བ་དང་ཁྱེའུ་འདི་བཙས་པའི་ཚེ་ལྟས་ཇི་ལྟ་བུ་བྱུང་ཞེས་དྲིས་པ་དང་། ཁྱིམ་བདག་གིས་ཀྱང་ཁྱེའུ་འདི་བཙས་པའི་ཚེ་ན་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་བབ་ནས། ཁྱིམ་ཡོངས་སུ་གང་བར་བྱས་སོ་ཞེས་སྨྲས་པ་དང་། མཚན་མཁན་གྱིས་བསོད་ནམས་ལས་མིང་བཏགས་ཏེ། ཁྱེའུ་དེའི་མིང་ལྷའི་རིན་ཆེན་ཞེས་བྱ་བར་གདགས་སོ། །ཕྱིས་ཆེན་པོར་སྐྱེས་ནས་མང་དུ་ཐོས་ཤིང་ཤེས་པ་མང་བ་དང་། སྒྱུ་རྩལ་ཡང་ཟླ་མེད་པར་གྱུར་ཏེ་རབ་ཏུ་འབྱུང་བར་དད་པས་ཕ་མ་ལ་ཕྱི་ཕྱག་འཚལ་ནས། སངས་རྒྱས་གང་ན་བ་དེར་སོང་སྟེ། ཕྱིན་པ་དང་


DKG074_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རབ་ཏུ་འབྱུང་ངོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པར་འོངས་སོ་ཞེས་བྱ་བ་གནང་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། ལུས་ལ་ཆོས་གོས་གྱོན་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་དགེ་སློང་ལྷའི་རིན་ཆེན་འདིས། སྔོན་བསོད་ནམས་ཅི་ཞིག་བགྱིས་ན་ཐོག་མ་བཙས་པའི་ཚེ་ན་ནམ་མཁའ་ལས་རིན་པོ་ཆེ་ཆར་བཞིན་བབ་ཅིང་། བགོ་བ་དང་བཟའ་བ་ལྷུན་གྱིས་གྲུབ་ནས། ཅིས་ཀྱང་མི་དྲེལ་བར་གྱུར། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་གསེར་ཐུབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། འཇིག་རྟེན་ན་སེམས་ཅན་གྱི་དོན་མཛད་པ་ནི་བརྗོད་ཀྱིས་མི་ལང་ངོ་། །དེའི་ཚེ་ན་དགེ་འདུན་མང་པོ་གྲོང་རྒྱུ་ཞིང་གཤེགས་པ་ལས། དེའི་ཚེ་གྲོང་ཁྱེར་ན་གནས་པའི་ཁྱིམ་བདག་མང་པོས་དགེ་འདུན་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་སྣ་ཚོགས་བྱས་སོ། །དེའི་ཚེ་ན་མི་དབུལ་པོ་ཞིག་དད་པས་རྗེས་སུ་ཡི་རངས་པའི་སེམས་སྐྱེས་ཀྱང་། ལོངས་སྤྱོད་དང་མཆོད་པའི་ཡོ་བྱད་ཅི་ཡང་མེད་པས་རྡེའུ་དཀར་རུ་ལས་བྱས་པའི་ནོར་བུ་སྤར་གང་གིས་དགེ་འདུན་ལ་གཏོར་ནས། སྨོན་ལམ་ཆེན་པོ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་མི་དབུལ་པོ་ནོར་བུ་སྤར་གང་གིས་དགེ་འདུན་ལ་གཏོར་བ་དེ་ནི། དགེ་སློང་ལྷའི་རིན་ཆེན་འདི་ཡིན་ནོ། །འདས་པའི་དུས་ན་བསམ་པ་དག་པའི་དད་པས་རྡེའུ་དཀར་རུའི་ནོར་བུ་སྤར་གང་གིས། དགེ་འདུན་ལ་གཏོར་བ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་བསོད་ནམས་ཚད་མེད་པས། ནོར་བུ་རིན་པོ་ཆེ་མང་བ་དང་། བགོ་བ་དང་བཟའ་བ་ལྷུན་གྱིས་གྲུབ་ཅིང་། ལོངས་སྤྱོད་ཅིས་ཀྱང་མི་དྲེལ་བར་གྱུར་ཏོ། །དེའི་ཚེ་ན་བསམ་པ་དག་པའི་དད་པ་ཙམ་གྱིས། ང་འཇིག་རྟེན་ན་གཤེགས་པ་དང་། འཕྲད་ནས་འབྲས་བུའི་བར་དུ་ཐོབ་པར་གྱུར་ཏོ། །དེའི་ཚེ་འཁོར་མང་པོ་རྣམས་ཀྱང་


DKG074_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་བསམ་པ་དག་པའི་དད་པ་སྐྱེས་ཏེ། ལ་ལ་ནི་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར། ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་སེམས་བསྐྱེད་པར་གྱུར་ཏོ། །འཁོར་མང་པོ་དེ་དག་ཐམས་ཅད། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །ལྷའི་རིན་ཆེན་གྱི་ལེའུ་ཞེས་བྱ་སྟེ་བཅུ་པའོ།། །།

བཅུ་གཅིག་པ། བཟོད་པའི་ལེའུ།


DKG074_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན། ཐོག་མར་་་ལ་སོགས་ཏེ་དགེ་སློང་ལྔ་རབ་ཏུ་བྱུང་ངོ་། །དེའི་འོག་ཏུ་ཆུ་བོ་འོད་སྲུང་སྤུན་ལ་སོགས་པ་དགེ་སློང་སྟོང་རབ་ཏུ་བྱུང་ངོ་། །དེ་ནས་དེ་མ་ཡིན་པ་རབ་ཏུ་ཕྱུང་ཞིང་ཆོས་ལ་གནས་པ་ཡང་མང་བར་གྱུར་ནས། རྒྱལ་པོའི་ཁབ་ཀྱི་མི་རྣམས་དགའ་བ་ཚད་མེད་པ་སྐྱེས་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་གཤེགས་པ་ནི་ངོ་མཚར་རྨད་དེ་སོ་སོའི་སྐྱེ་བོ་མང་པོའི་དོན་མཛད་དོ་ཞེས་བསྟོད་ཅིང་བསྔགས་སོ། །གཞན་ཡང་འདི་སྐད་དུ་་་དང་། ཆུ་བོ་འོད་སྲུང་གི་འཁོར་ལ་སོགས་པ་ཐོག་མ་རབ་ཏུ་བྱུང་བ་དེ་དག།སྔོན་དེ་བཞིན་གཤེགས་པ་དང་འཕྲིན་ལས་གང་འཐུན་ན། ནང་གི་ཐོག་མར་ཆོས་ཀྱི་བདུད་རྩི་མྱོང་བར་གྱུར་ཅེས་སྨྲས་སོ། །དགེ་སློང་དེ་དག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། དེ་བཞིན་དུ་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་དུས་ན་འདི་དག་གི་ཕྱིར། ངས་ཡི་དམ་ཆེན་པོ་བཅས་ཏེ། ནམ་མངོན་པར་རྫོགས་པར་སངས་རྒྱས་ནས། སྔར་འདི་དག་གི་དོན་བྱ་བར་ཤོག་ཤིག་ཅེས་དམ་བཅས་སོ། །དགེ་སློང་རྣམས་ཀྱིས་དེ་སྐད་ཐོས་ནས། བཅོམ་ལྡན་འདས་ཀྱིས་སྔོན་ཐུགས་དམ་ཅི་ལྟར་བཅས་པ་ཐུགས་བརྩེ་བར་དགོངས་ཏེ། རྒྱས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་རྟག་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱེད་ལ་བསྟན་པར་བྱའོ། །སྔོན་འདས་


DKG074_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་བསྐལ་པ་ཚད་མེད་པ། གྲངས་མེད་པ། དཔག་ཏུ་མེད་པ། བསམ་གྱིས་མི་ཁྱབ། བརྗོད་ཀྱིས་མི་ལང་བ་འདས་པའི་ཕ་རོལ་ན། ཡུལ་་་ཌ་་ཞེས་བྱ་བར་རྒྱལ་པོ་རྩོད་བྱུང་ཞེས་བྱ་བ་ཞིག་བྱུང་སྟེ། དེའི་ཚེ་ཡུལ་དེ་ན་དྲང་སྲོང་བཟོད་པ་ཅན་ཞེས་བྱ་བ་འཁོར་སློབ་མ་ལྔ་བརྒྱ་དང་རིའི་གནས་ན་གནས་ཤིང་། བཟོད་པ་བསྒོམ་མོ། །དེའི་ཚེ་རྒྱལ་པོ་དེས་བཙུན་མོ་དང་། ཕོ་བྲང་གི་སླས་དང་། བློན་པོར་བཅས་ཏེ། རི་ལ་རོལ་ཏུ་གཤེགས་པ་ལས། གནས་ཤིན་ཏུ་མཉེལ་ཏེ། གཟིམས་པ་དང་། ཕོ་བྲང་གི་སླས་རྣམས་སྔོན་དུ་དོང་ནས། གནས་དང་མེ་ཏོག་རྣམས་ལྟ་ཞིང་སོང་སོང་བ་ལས། དྲང་སྲོང་བཟོད་པ་ཅན་ལུས་དྲང་པོར་བཞག་སྟེ། ཤིན་ཏུ་སེམས་བཞིན་དུ་འདུག་པ་མཐོང་ནས། དེ་ལ་དད་པའི་སེམས་སྐྱེས་ཏེ། མེ་ཏོག་སྣ་ཚོགས་ཀྱིས་གཏོར་ཏོ། །བཙུན་མོ་དེ་དག་དེའི་མདུན་དུ་འཁོད་དེ་ཆོས་ཉན་ཏོ། །རྒྱལ་པོ་གཟིམས་པ་ལས་སད་ནས། བཙུན་མོ་རྣམས་མི་སྣང་བ་དང་། བློན་པོ་བཞི་དང་། བཙུན་མོ་བཙལ་བ་ལས་བཙུན་མོ་རྣམས། དྲང་སྲོང་གི་མདུན་དུ་འཁོད་པ་མཐོང་ནས། དྲང་སྲོང་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྐྱེ་མཆེད་མཐའ་ཡས་ཀྱི་ཏིང་ངེ་འཛིན་བཞི་ཐོབ་པའམ། སྨྲས་པ་མ་ཐོབ་བོ། །སྨྲས་པ། འོ་ན་ཚད་མེད་པ་བཞི་ཐོབ་པའམ། མ་ཐོབ་བོ། །སྨྲས་པ་འོ་ན་ཁྱོད་བསམ་གཏན་བཞི་ཐོབ་པའམ། དེ་ཡང་མ་ཐོབ་བོ་ཞེས་སྨྲས་པ་དང་། རྒྱལ་པོ་དེ་ཁྲོས་ཏེ། ཡོན་ཏན་དེ་དག་ཁྱོད་ཀྱིས་མ་ཐོབ་ན། ཁྱོད་ནི་མ་རབས་ཐ་མལ་པ་ཡིན་ཏེ། བུད་མེད་རྣམས་དང་དབེན་པ་སྐྱབས་ཡོད་པའི་གནས་ན་འདུག་པ་དེ་ཇི་ལྟར་ཡིད་ཆེས་སུ་རུང་། རྟག་ཏུ་འདི་ན་གནས་པ་ཁྱོད་སུ་ཞིག་ལགས། ལས་ཅི་ཞིག་བྱེད་ཅེས་སྨྲས་པ་དང་། དྲང་སྲོང་གིས་རྒྱལ་པོ་དེ་ལ་བདག་ནི་འདི་ན་བཟོད་པ་བསྒོམ་མོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་རལ་གྲི་ཕྱུང་ནས་ཁྱོད་བཟོད་པ་བསྒོམ་ཞེ་ན། བཟོད་དམ་མི་བཟོད་སད་དོ་ཞེས་དྲང་སྲོང་གི་ལག་པ་གཉིས་བཅད་དེ་ཁྱོད་སུ་ཡིན་ཞེས་དྲིས་ན། བདག་ནི་བཟོད་པ་ཅན་ནོ་ཞེས་སྨྲས་སོ། །དེ་ནས་རྐང་པ་གཉིས་བཅད་ན་འོན་ཀྱང་བཟོད་པ་ཅན་ནོ་ཞེས་སྨྲས་སོ། །དེའི་ཚེ་ན་


DKG074_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

གནས་རྣམ་པ་དྲུག་ཏུ་གཡོས་ནས་ཉེ་གནས་ལྔ་བརྒྱ་ཙམ་ཡང་ནམ་མཁའ་ལ་འཕུར་ཏེ་དེར་ལྷགས་ནས། སློབ་དཔོན་དེ་ལ་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་ན་བཟོད་པའི་སེམས་ཉམས་པར་མ་གྱུར་ཏམ་ཞེས་སྨྲས་སོ། །དྲང་སྲོང་གིས་སྨྲས་པ། བདག་གི་སེམས་མ་གྱུར། མ་ཉམས་སོ་ཞེས་སྨྲས་སོ། །རྒྱལ་པོ་ཡང་དངངས་སྐྲག་ནས་དྲང་སྲོང་ལ་སྨྲས་པ། ཁྱོད་བཟོད་པ་ཅན་ཡིན་པར་ཅིས་ཡིད་ཆེས་པར་འགྱུར། དྲང་སྲོང་གིས་སྨྲས་པ། བདག་གིས་སྨྲས་པའི་ཚིག་བརྫུན་པ་མ་ཡིན་ཏེ། བདེན་ན་བདེན་པ་དེས་ཁྲག་འོ་མར་འགྱུར་ཞིང་ཡན་ལག་བཅད་པ་ཡང་སོས་ཏེ། སྔ་མ་ཁོ་ན་བཞིན་དུ་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ། ཁྲག་འོ་མར་གྱུར་ནས་ཡན་ལག་སོས་ཏེ། སྔ་མ་ཁོ་ན་བཞིན་དུ་གྱུར་ཏོ། །རྒྱལ་པོས་དེ་ལྟར་བཟོད་པ་དང་ལྡན་པ་མཐོང་ནས། ལྷག་པར་འཇིགས་སྐྲག་སྟེ། བདག་ཅིའི་སླད་དུ་དྲང་སྲོང་ཆེན་པོ་ལ་གནོད་པ་བགྱིས། བདག་ལ་ཐུགས་བརྩེ་བར་དགོངས་ཏེ། འགྱོད་ཚངས་བྱ་བར་གནང་ཤིག་ཅེས་གསོལ་ཏོ། །དྲང་སྲོང་གིས་སྨྲས་པ། ཁྱོད་ནི་བུད་མེད་ཀྱི་ཕྱིར་མཚོན་ཐོགས་ནས། བདག་གི་ཡན་ལག་གཅོད་མོད་ཀྱི། བདག་བཟོད་པ་ནི་ས་དང་འདྲ་བས། ཕྱིས་མངོན་པར་སངས་རྒྱས་པ་ན། ཤེས་རབ་ཀྱི་རལ་གྲིས་ཁྱོད་ཀྱི་དུག་གསུམ་ཆོད་པར་ཤོག་ཤིག་ཅེས་སྨྲས་སོ། །དེའི་ཚེ་ན་རི་དེའི་ཀླུ་དང་། ལྷ་རྣམས་ཀྱིས་དྲང་སྲོང་དེ་ལ་རྒྱལ་པོ་དེས་འཚེ་ཞིང་གནོད་པ་བྱས་པ་མཐོང་ནས་སོ་སོ་ནས་ཁྲོས་ཏེ་སྤྲིན་བསྡུས་ནས་འབྲུག་དང་སེར་བ་དང་། གནམ་ལྕགས་ཕབ་སྟེ། རྒྱལ་པོ་འཁོར་དང་བཅས་པ་བསད་པར་བྱས་པ་ལས། དྲང་སྲོང་གིས་ཁྱོད་ངའི་ཕྱིར། འདི་ལྟ་བུས་འདི་ལ་འཚེ་བ་དང་། གནོད་པ་མ་བྱེད་ཅིག་ཅེས་བསྒོའོ། །རྒྱལ་པོ་དེས་དེར་འགྱོད་ཚངས་བྱས་ཏེ། དྲང་སྲོང་དེ་རྟག་ཏུ་ཕོ་བྲང་དུ་སྤྱན་དྲངས་ཏེ། མཆོད་པ་བྱས་སོ། །དེའི་ཚེ་ན་སློབ་དཔོན་གཞན་ལ་ཞུགས་པ་ཀུན་ཏུ་རྒྱུ་སྟོང་ཙམ་ཞིག།དྲང་སྲོང་བཟོད་པ་ཅན་ལ་རྒྱལ་པོ་དེ་དད་ཅིང་མོས་པ་མཐོང་ནས། ཕྲག་དོག་སྐྱེས་ཏེ། བདེན་པ་མི་སྣང་བའི་གནས་ནས་ས་རྡུལ་དང་བཙོག་ཅིང་སྨེ་བའི་བག་གིས་དྲང་སྲོང་


DKG074_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཏོར་ཏོ། །དེའི་ཚེ་ཀུན་ཏུ་རྒྱུ་ང་ལ་སས་གཏོར་བ་བརྒྱ་ཕྲག་བཅུ་པོ་དེ་ནི། ད་ལྟར་ཆུ་བོ་འོད་སྲུང་ལ་སོགས་པའི་དགེ་སློང་བརྒྱ་ཕྲག་བཅུ་ཡིན་ཏེ། དེའི་ཚེ་ན་ཡི་དམ་བཅས་པ་ལས། བདག་བཟོད་པ་བསྒོམ་པ་རྒྱུན་མི་ཆད་པ་འདིས། ནམ་མངོན་པར་སངས་རྒྱས་པ་ན། བདུད་རྩིའི་ཆུས་ཁྱོད་ཀྱི་རྡུལ་དང་དྲི་མ་བཀྲུས་ཏེ། འདོད་པའི་བཙོག་པ་ཡོངས་སུ་དག་པར་ཤོག་ཤིག་ཅེས་དམ་བཅས་སོ། །དགེ་སློང་དག་དེའི་ཚེ་ན་དྲང་སྲོང་བཟོད་པ་ཅན་དེ་ཤེས་པར་འདོད་ན། གཞན་དུ་མ་སེམས་ཤིག།དེ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་རྩོད་བྱུང་དང་བློན་པོ་བཞི་ནི་་་ལ་སོགས་པ་དགེ་སློང་ལྔ་སྡེ་ཡིན་ནོ། །དེའི་ཚེ་བཟོད་པ་བསྒོམས་པ་ནི། འདི་དག་གི་དོན་སྔར་བྱའོ་ཞེས་དམ་བཅས་པས། མངོན་པར་སངས་རྒྱས་ནས། སྔར་འདི་དག་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་མཛད་དོ། །དགེ་སློང་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །བཟོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།

བཅུ་གཉིས་པ། རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྦྱིན་པའི་ལེའུ།


DKG074_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཀུན་དགའ་བོས་བསོད་སྙོམས་ཀྱི་བྱ་བ་བྱས་ནས། ཚལ་ཞིག་གི་ནང་ན་བསམ་གཏན་དུ་འདུག་སྟེ། འདི་སྙམ་དུ་རྟོག་པ་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ངོ་མཚར་ཆེ་སྟེ། སེམས་ཅན་མང་པོ་ཡང་རབ་ཏུ་བདེ་བ་ལ་བཀོད། ཀཽ་ཎྜི་ནྱ་ལ་སོགས་པའི་དགེ་སློང་ལྔ་སྡེ་དགེ་བའི་རྩ་བ་ཅི་བསགས་ན། ཆོས་ཀྱི་སྒོ་རྣམ་པར་ཕྱེ་མ་ཐག་ཏུ་འཇུག་པར་གྱུར། ཆོས་ཀྱི་རྔ་བརྡུངས་མ་ཐག་ཏུ་ཐོག་མར་ཐོས་པར་གྱུར། ཆོས་ཀྱི་བདུད་རྩིས་ཐོག་མར་ངོམས་པར་གྱུར། སྙམ་དུ་རྟོག་པ་སྐྱེས་ནས། འདུག་པ་ལས་ལངས་ཏེ་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ཅི་ལྟར་བསམ་པ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་་་ལ་སོགས་པ་ནི་སྔོན་འདས་པའི་དུས་ན་ཡང་ངས་ཤ་དང་ཁྲག་གིས་བཀྲེས་སྐོམ་པ་ལས་ཆོག་པར་བྱིན་ཏེ། བདེ་བར་བྱས་པས་དེ་བས་ན་ང་


DKG074_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སྔར་རྣམ་པར་གྲོལ་བ་ལ་བཀོད་དེ་རྒྱུ་དང་རྐྱེན་མེད་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། སྔོན་འདས་པའི་དུས་ན་ཅི་ལྟ་བུར་བཀྲེས་པ་དང་སྐོམ་པ་ལས་བདེ་བར་མཛད་པ་བསྟན་དུ་གསོལ། འཁོར་མང་པོ་འདི་དག་གིས་ཐོས་ནས་རྟོགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་བྱམས་པའི་སྟོབས་ཞེས་བྱ་བ་འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་པ་ཞིག་བྱུང་ངོ་། །རྒྱལ་པོ་དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ་ཡོད་དོ། །བློན་པོ་ནི་སྟོང་ཕྲག་བཅུ་ཡོད་དོ། །རྒྱལ་པོ་དེ་བྱམས་པ་དང་སྙིང་རྗེར་ལྡན་ཏེ། ཚད་མེད་པ་བཞི་སྤྱོད་ཅིང་འགྲོ་བ་ཐམས་ཅད་ལ་སྙིང་བརྩེ་བས། དགེ་བ་བཅུའི་སྲིད་འཛིན་ཏེ། ཐམས་ཅད་ཀྱིས་བཀུར་བ། ཡུལ་ན་དགྲ་མེད་ཅིང་ལོ་ལེགས་པར་འབྱོར་པ་བདེ་བ་སྐྱིད་པ་དང་ལྡན་པ་སྟེ། རིམས་གཏོང་བའི་ཡི་དགས་དག།མིའི་ཁྲག་དང་མདངས་འཕྲོག་ཅིང་ཟ་བ་ལས། དེའི་ཚེ་ན་ཡུལ་མི་ཐམས་ཅད་ལུས་དང་ངག་དང་ཡིད་བསྲུང་སྟེ། དགེ་བ་བཅུ་ལ་གནས་པས། ཡི་དགས་མ་རུངས་པ་དག་བཟའ་བ་མ་རྙེད་ནས། ཀུན་ལྟོགས་ཏེ་མཐུ་མེད་པར་གྱུར་ཏོ། །དེའི་ཚེ་ན་གནོད་སྦྱིན་ལྔ་ཞིག་རྒྱལ་པོའི་གན་དུ་འོང་ཞིང་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གི་ཟས་ནི་མིའི་མདངས་དང་ཁྲག་ལ་ལྟོས་ཏེ། ལུས་དང་སྲོག་འཚོ་བ་ལས་རྒྱལ་པོས་བཀར་བཏགས་ཏེ། ཐམས་ཅད་དགེ་བ་བཅུ་ལ་གནས་པས། བདག་ཅག་ཟས་དང་སྐོམ་མ་རྙེད་དེ། ཉམ་ཐག་ནས་སྲོག་ལ་བབ་བོ། །རྒྱལ་པོ་བདག་ཅག་ལ་ཡང་ཐུགས་མི་བརྩེའམ་ཞེས་གསོལ་ནས། རྒྱལ་པོས་ཀྱང་དེ་དག་ལ་སྙིང་བརྩེ་བའི་ཕྱིར། ལུས་ཀྱི་ཡན་ལག་ལྔ་ལས་རྩ་ལྔ་བཅད་ནས། གནོད་སྦྱིན་རྣམས་སོ་སོ་ནས་སྣོད་བཟེད་དེ་ཁྲག་ལས་ངོམས་པར་འཐུང་དུ་བཅུག་གོ །དེ་དག་ཁྲག་གིས་ངོམས་ནས་ཤིན་ཏུ་དགའ་མགུ་རངས་པར་གྱུར་ཏོ། །དེ་དག་ཁྲག་གིས་ངོམས་ནས། དགེ་བ་བཅུ་ལ་ཅི་ནུས་སུ་སྤྱོད་ཅིག་ཅེས་བསྐུལ་ཏོ། །ད་ལྟར་ངའི་ལུས་ལས་ཁྲག་ཕྱུང་སྟེ། ཁྱོད་


DKG074_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ངོམས་ཤིང་བདེ་བར་བྱས་པ་ལྟར། ཕྱིས་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་སྐུའི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་ཀྱིས་ཁྱོད་ཀྱི་དུག་གསུམ་བསལ་ཏེ། འདོད་པས་གདུངས་པ་ལས་ཤིན་ཏུ་བདེ་བའི་མྱ་ངན་ལས་འདས་པ་ལ་འགོད་པར་ཤོག་ཤིག་ཅེས་སྨྲས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་བྱམས་པའི་སྟོབས་དེ་ནི་ད་ལྟར་ང་ཡིན་ནོ། །གནོད་སྦྱིན་ལྔ་པོ་དེ་ནི་་་ལ་སོགས་པ་དགེ་སློང་ལྔ་ཡིན་ནོ། །ངས་གང་ནས་གང་དུ་སྐྱེས་པར་དེ་དག་ཐོག་མར་བསྒྲལ་བར་སྨོན་ལམ་བཏབ་བོ། །དེ་བས་ན་ངས་ཐོག་མར་ཆོས་བསྟན་མ་ཐག་ཏུ་རྣམ་པར་གྲོལ་བར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་བསྟོད་དོ། །རྒྱལ་པོ་བྱམས་པའི་སྟོབས་ཀྱི་སྦྱིན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།

བཅུ་གསུམ་པ། སྟོན་པ་དྲུག་བཏུལ་བའི་ལེའུ།


DKG074_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་གསུམ་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་འབྲས་བུ་དང་པོ་ཐོབ་ནས། དད་པ་དང་བསྙེན་བཀུར་བྱ་བར་སེམས་སྔོན་བས་ཀྱང་ལྷག་པར་གྱུར་པས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་མཆོད་པའི་ཡོ་བྱད་རྣམ་པ་བཞི་རྟག་ཏུ་འབུལ་ཏེ། སྐྱེ་བོ་མང་པོ་དག་ཀྱང་འཐུན་པར་དགེ་བ་ལ་སྤྲོའོ། །ཡུལ་དེ་ན་རྫོགས་བྱེད་ལ་སོགས་པའི་སྟོན་པ་དྲུག་སྔར་བྱུང་བས། ངན་པར་ལྟ་བ་ལོག་པར་སྟོན་ཏེ། འགྲོ་བ་མང་པོ་བསླུས་པས། དེ་ལ་གང་བསླད་པར་མཐོང་བ་དག་ནི་ངན་པར་ལྟ་བ་དག་ལ་ཡིད་ཆེས་པས། སྡིག་ཅན་གྱི་ཕྱོགས་མང་ཞིང་རྒྱས་པར་གྱུར་ཏོ། །རྒྱལ་པོ་དེའི་གཅུང་ཞིག་ཀྱང་སྟོན་པ་དྲུག་ལ་ཡིད་ཆེས་པས་ངན་པར་ལྟ་བ་ལ་ཡིད་ཞེན་ཏེ། ཐར་པའི་ལམ་ལམ་མ་ཡིན་པར་བཟུང་ནས། ལོངས་སྤྱོད་ཅི་བདོག་པ་གཏོར་ནས་དེ་ལ་འབུལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཉི་མ་ཤར་བ་ལྟ་བུ་ཤེས་རབ་ཀྱིས་ཀུན་ཏུ་ལྷམ་མེར་མཛད་ཀྱང་། ངན་པར་ལྟ་བས་གླགས་པས་དེ་ལ་མོས་པའི་སེམས་མེད་དོ། །རྒྱལ་པོ་གཟུགས་ཅན་སྙིང་པོ་དེ་དེ་ལ་ལྷག་པར་


DKG074_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་པར་འཛིན་པས་ཐབས་ཀྱིས་སངས་རྒྱས་ལ་བསྙེན་བཀུར་བྱ་བར་བསྐུལ་ན་ཡང་། ངན་པར་ལྟ་བ་ལ་ཞེན་པས་བསྒོ་བ་བཞིན་དུ་མ་བྱས་སོ། །སངས་རྒྱས་ལ་མཆོད་པ་གྱིས་ཤིག་ཅེས་ཡང་དང་ཡང་བསྐུལ་ན། བདག་ལ་ཡང་སྟོན་པ་ཡོད་དེ། ་ཏ་མ་ལ་བསྙེན་བཀུར་མི་བྱེད་དོ། །འོན་ཀྱང་རྒྱལ་པོའི་བཀའ་ཚུལ་གྱིས་བཅག་པར་རིགས་པ་མ་ཡིན་པས། མཆོད་སྟོན་ཆེན་པོ་བཤམས་ནས། མ་བོས་པར་གང་རང་འོང་བ་ལ་བསོད་སྙོམས་སྦྱིན་ནོ་ཞེས་བྱས་ནས་མཆོད་པའི་ཡོ་བྱད་བཤམས་ཏེ། སྟན་བཏིང་ནས་སྟོན་པ་དྲུག་གི་འབོད་པ་བཏང་ནས། དེ་མ་ཐག་ཏུ་ལྷགས་ཏེ་གྲལ་གྱི་ཐོག་མ་ལ་འདུག་གོ །སངས་རྒྱས་དང་དགེ་འདུན་རྣམས་རང་མ་བྱོན་པས། རྒྱལ་པོ་གང་ན་བ་དེར་ཕྱིན་ནས་འདི་སྐད་ཅེས་གསོལ་ཏོ། །དགེ་སྦྱོང་་ཏ་མ་སྤྱན་དྲོངས་ཤིག་ཅེས་ཡང་དང་ཡང་དུ་བཀའ་སྩལ་ཏེ། བདག་གིས་མཆོད་པ་བཤམས་ནས། གདུགས་ཚོད་ལ་བབ་ན། ཅིའི་སླད་དུ་མི་གཤེགས། རྒྱལ་པོས་བཀའ་སྩལ་པ། ཁྱོད་ཉིད་སྤྱན་འདྲེན་དུ་འགྲོ་མི་ནུས་ན་ཡང་མི་ཞིག་གདུགས་ཚོད་ལ་བབ་བོ་ཞེས་སྤྱན་འདྲེན་པ་ཐོང་ཤིག།རྒྱལ་པོའི་གཅུང་གིས་ཀྱང་སྤྱན་འདྲེན་དུ་བཏང་བ་ལས། བཅོམ་ལྡན་འདས་འཕགས་པའི་དགེ་འདུན་དང་བཅས་ཏེ་གཤེགས་ནས། གྲལ་རིམ་བཞིན་དུ་བཞུགས་སོ། །བཅོམ་ལྡན་འདས་ཀྱི་བྱིན་གྱིས་སྟོན་པ་དྲུག་གྲལ་གྱི་ལྟག་ན་འདུག་པ་ཡང་གྲལ་གྱི་ཐ་མར་སོང་ངོ་། །སྟོན་པ་དྲུག་ངོ་ཚ་ཞིང་སྐྱེངས་ནས། ལངས་ཏེ་གྲལ་གྱི་ལྟག་ཏུ་འདུག་ན་ཡང་། མ་ཚོར་བར་གྲལ་གྱི་མཇུག་ཏུ་སོང་སྟེ། དེ་བཞིན་དུ་ལན་གསུམ་གྱི་བར་དུ་གྲལ་གྱི་གོང་དུ་སོང་ཡང་ད་དུང་གྲལ་གྱི་འོག་ཏུ་འདུག་པར་གྱུར་ན། མཐུ་མེད་པར་གྱུར་ནས། སྐྱེངས་བཞིན་དུ་གྲལ་གྱི་ཐ་མར་འདུག་གོ །ཡོན་བདག་གིས་གནས་བརྟན་ལ་ཆུ་བྲིམས་ནས། བཅོམ་ལྡན་འདས་ཀྱིས་སྔར་ཁྱོད་ཀྱི་སྟོན་པ་ལ་བྲིམས་ཤིག།ཅེས་བཀའ་སྩལ་པ་དང་། ཡོན་བདག་གིས་ཆུ་སྣོད་ཐོགས་ཏེ་སྟོན་པ་དྲུག་ལ་ཆུ་བྲིམས་ནས། ཆུ་སྣོད་ཀྱི་ཁ་འགགས་ཏེ་ཆུ་འབྱུང་དུ་མ་བཏུབ་པས། ཕྱིར་ཡང་སངས་རྒྱས་ལ་མཐར་གྱིས་གསོལ་ན། ཆུ་ཡང་བྱུང་སྟེ་ལག་པ་བཀྲུས་སོ། །ལག་པ་བཀྲུས་ནས་སྦྱིན་བདག་གིས་བསོད་


DKG074_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་ཐོགས་ཏེ་སྨོན་ལམ་བཏབ་པར་གསོལ་ན། བཅོམ་ལྡན་འདས་ཀྱིས་ཡོན་བདག་ལ་འདི་སྐད་ཅེས་བཀའ་སྩལ་པ། ཐོག་མ་ཡང་ངེད་ཀྱི་ཕྱིར་མ་ཡིན་པས། ཡང་ཁྱོད་ཉིད་ཀྱི་སྟོན་པ་ལ་སྨོན་ལམ་བཏབ་པར་གསོལ་ཅིག་ཅེས་བཀའ་སྩལ་པས། སྦྱིན་བདག་ཆེན་པོ་སྟོན་པ་དྲུག་གི་མདུན་དུ་སོང་སྟེ་སྨོན་ལམ་བཏབ་པར་གསོལ་ན། སྟོན་པ་དྲུག་ཁ་ཐམས་ནས་སྨྲ་མ་ནུས་ཏེ། སངས་རྒྱས་ལ་གསོལ་ཅིག་ཅེས་ལག་བརྡ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པའི་དབྱངས་ལྟ་བུའི་གསུང་གིས་སྨོན་ལམ་བཏབ་བོ། །སྨོན་ལམ་བཏབ་ནས་སྦྱིན་བདག་གིས་བསོད་སྙོམས་གནས་བརྟན་ལ་བྲིམས་པ་ལས། བཅོམ་ལྡན་འདས་ཀྱིས་སྔར་ཁྱོད་ཉིད་ཀྱི་སྟོན་པ་ནས་བྲིམས་ཤིག་ཅེས་བཀའ་སྩལ་པ་དང་། འབྲིམ་པ་རྣམས་ཀྱིས་སྟོན་པ་དྲུག་ལ་བྲིམས་ན། ཞལ་ཟས་ཀྱི་རྣམ་པ་སྟེང་གི་ནམ་མཁའ་ལ་འཕགས་ཏེ། བྲིམ་དུ་མེད་པར་གྱུར་ཏོ། །དེ་ནས་སངས་རྒྱས་ལོགས་སུ་བྲིམ་དུ་ཆས་པ་དང་། ཞལ་ཟས་ཀྱང་སོ་སོའི་ལག་ཏུ་འོངས་སོ། །མཐར་གྱིས་བྲིམས་ཏེ་སངས་རྒྱས་དང་དགེ་འདུན་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ཏེ། ཕྱིར་ཡང་གདན་ལ་བཞུགས་ནས་ཆོས་བསྟན་པར་གསོལ་ཏོ། །དེ་ལ་ཡང་བཅོམ་ལྡན་འདས་ཀྱིས་ཁྱོད་ཉིད་ཀྱི་སྟོན་པ་དྲུག་ལ་སྟོན་པར་གསོལ་ཅིག་ཅེས་བཀའ་སྩལ་ཏོ། །སྟོན་པ་དྲུག་ཀྱང་ཁ་ཐམས་ནས། སངས་རྒྱས་ལ་གསོལ་ཅིག་ཅེས་ལག་བརྡ་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་མཉེན་ཞིང་འཇམ་པའི་གསུང་ཕྱུང་སྟེ། འཁོར་མང་པོ་ལ་ཆོས་ཀྱི་མཚན་ཉིད་རྣམ་པར་ཕྱེ་ཞིང་བསྟན་པས། འཁོར་མང་པོ་ཡིད་ཚིམ་པར་གྱུར་ཏེ། སངས་རྒྱས་ཀྱིས་གསུངས་པ་ཐོས་ནས། ཐམས་ཅད་ཀྱིས་རྟོགས་ཤིང་ཁོང་དུ་ཆུད་དོ། །གཟུགས་ཅན་སྙིང་པོའི་གཅུང་ནི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །འཁོར་གཞན་དག་ནི་འབྲས་བུ་དང་པོ་ནས་འབྲས་བུ་གསུམ་པའི་བར་དུ་ཐོབ་ནས་རབ་ཏུ་བྱུང་སྟེ། ཟག་པ་ཟད་དོ། །ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས་ཅི་ལྟར་སྨོན་པ་བཞིན་དུ་ཡོངས་སུ་རྫོགས་པས་སོ་སོ་ནས་ཡང་དག་


DKG074_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་ཤེས་ཤིང་རྟོགས་ཏེ། དཀོན་མཆོག་གསུམ་ལ་དད་ཅིང་མོས་ཀྱི་སྟོན་པ་དྲུག་ལ་མི་དད་དེ། དེ་ལ་བསྙེན་བཀུར་མི་བྱེད་པར་གྱུར་ཏོ། །དེ་ནས་སྟོན་པ་དྲུག་པོ་ཤིན་ཏུ་སེམས་འཁྲུགས་ནས་ཁྲོས་ཏེ། དབེན་པའི་ས་ཕྱོགས་སུ་སོང་ནས་རྟོག་པ་ལ་ཞུགས་སོ། །དེ་ནས་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་པར་གྱུར་ཏེ། བདག་གིས་ཡུན་རིང་མོ་ཞིག་ནས་དགེ་སྦྱོང་་ཏ་མ་ལ་བགེགས་བྱས་ནས། སྐབས་མ་རྙེད་ཀྱིས་ད་ནི་བདག་གིས་ཅི་ནས་ཀྱང་བགེགས་བྱའོ་སྙམ་བསམས་ནས། བདུད་སྡིག་ཅན་གྱིས་རྫོགས་བྱེད་ལྟ་བུར་བདག་མངོན་པར་སྤྲུལ་ནས། ཕྱུགས་ལྷས་ཀྱི་བུ་མ་སྐ་རི་དང་། རྣམ་པར་སྨྲ་བའི་བུ་ཀུན་ནས་རྒྱལ་བ་དང་། སྐྲའི་ལྭ་བ་ཅན་མི་ཕམ་པ་དང་། ཀ་ཏྱ་ཡ་ན་ནོག་ཅན་དང་། གཉེན་གྱི་བུ་གཅེར་བུ་པ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། དེ་དག་གི་མདུན་དུ་མེ་འབར་བ་དང་། ཆུ་འབབ་པ་དང་། གློག་འགྱུ་བར་ཆོ་འཕྲུལ་སྟོན་པ་ལ་ཞུགས་པ་དང་། དེ་དག་གིས་རྫོགས་བྱེད་ཁྱོད་ཀྱི་ཡོན་ཏན་རྣམ་པ་མང་པོ་འདི་ལྟ་བུ་འཐོབ་བམ། སྨྲས་པ་ཐོབ་པོ། ། དེ་རྣམས་ཀྱིས་སོ་སོ་ནས་འདི་སྙམ་དུ་བསམས་སོ། །བདག་གཅིག་པུ་མ་གཏོགས་པར་འདི་དག་ཐམས་ཅད་ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བར་སོ་སོར་སྟོན་ཏོ་སྙམ་བསམས་སོ། །དེ་ནས་དུས་ཕྱི་ཞིག་ན་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་འདུན་ཁང་དུ་འདུས་ཏེ་ལྷགས་ནས། གཏམ་འདི་ལྟ་བུ་དག་སྐབས་སུ་སྨྲ་སྟེ། བདག་ཅག་རྣམས་ལ་སྔོན་གྱི་རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་ཕྱུག་པོ་དང་། ཚོང་དཔོན་དང་། དེད་དཔོན་དག་གིས་རིམ་གྲོར་བྱས། བཀུར་སྟིར་བྱས། མཆོད་པ་བྱས་ཤིང་། བདག་ཅག་གི་གོས་དང་། ཟས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་སྨན་དང་། ཡོ་བྱད་རྣམས་རྙེད་པར་གྱུར་ན། ད་ནི་དགེ་སྦྱོང་ཤཱཀྱའི་བུ་འདི་ལ་རིམ་གྲོ་དང་། བཀུར་སྟིར་བྱེད་དོ། །གོས་དང་། ཟས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་རྣམས་མ་རྙེད་པར་གྱུར་གྱིས། ད་ནི་བདག་ཅག་རྣམས་ཀྱིས་དགེ་སྦྱོང་་ཏ་མ་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་ལ་འཇུག་གོ །དེ་སྟེ་དགེ་སྦྱོང་་ཏ་མས་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་གཅིག་སྟོན་པ་ལ་ཞུགས་ན།


DKG074_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་གིས་གཉིས་བསྟན་ཏོ། །དགེ་སྦྱོང་་ཏ་མས་གཉིས་ན་བདག་ཅག་གིས་བཞིའོ། །དགེ་སྦྱོང་་ཏ་མས་བཞི་ན་བདག་ཅག་གིས་བརྒྱད་དོ། །དགེ་སྦྱོང་་ཏ་མས་བརྒྱད་ན་བདག་ཅག་གིས་བཅུ་དྲུག་གོ །དགེ་སྦྱོང་་ཏ་མས་བཅུ་དྲུག་ན་བདག་ཅག་གིས་སུམ་ཅུ་རྩ་གཉིས་སོ། །དགེ་སྦྱོང་་ཏ་མས་ཅི་སྙེད་དུ་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་བསྟན་པ་ལ་བདག་ཅག་གིས་ཉིས་འགྱུར་སུམ་འགྱུར་ལྟ་བུར་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་བསྟན་པར་བྱའོ། །དེ་ནས་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག།རྒྱལ་པོ་གཟུགས་ཅན་སྙིང་པོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་རྒྱལ་བ་དང་། ཚེ་རིང་བར་ཤོག་ཤིག་ཅེས་བརྗོད་ནས་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་ཅག་རྣམས་ནི་ཆོ་འཕྲུལ་དང་ལྡན་ཞིང་ཤེས་པར་སྨྲ་བ་ལགས་ན། དགེ་སྦྱོང་་ཏ་མ་ཡང་བདག་ཉིད་ཆོ་འཕྲུལ་དང་ལྡན་ཞིང་ཤེས་པར་སྨྲའོ་ཞེས་མཆིས་ན། ཤེས་པར་སྨྲ་བ་ནི་ཤེས་པར་སྨྲ་བ་དང་། ལྷན་ཅིག་མིའི་བླ་མའི་ཆོས་ཀྱི་ཆོ་འཕྲུལ་འགྲན་དུ་གཞུག་པའི་རིགས་ཀྱིས། བདག་ཅག་སྤྲོད་ཅིག་ཅེས་སྨྲས་པ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོས་བགད་དེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྣམས་རེ་གླེན། སངས་རྒྱས་ནི་ཡོན་ཏན་ཆེ་བ། རྫུ་འཕྲུལ་ཆེ་བ། ཆོ་འཕྲུལ་ཐོགས་པ་མེད་པ་ཡིན་ན། ཁྱེད་འདྲ་བ་ནི་སྲིན་བུ་མེ་ཁྱེར་ཉི་མ་ལ་འགྲན་པའམ། བ་རྨིག་གི་ཆུ་རྒྱ་མཚོ་ལ་བསྒྲུན་པའམ། ཝ་སྡར་མ་སེང་གེ་ལ་འགྲན་པའམ། བྱི་བྲུན་གྱིས་རི་རབ་ལྷུན་པོ་ལ་འཕང་མཐོན་དམན་འགྲན་པ་དང་འདྲ་སྟེ། ཆེ་ཆུང་ཁྱད་ཞུགས་པར་མངོན་པས། ངན་པར་ལྟ་བ་ཁྱེད་ཧ་ཅང་གླེན་ཆེས་སོ། །སྟོན་པ་དྲུག་གིས་ཡང་སྨྲས་སོ། །མངོན་པར་རྟགས་ཕྱིར་འབྱུང་བ་རྒྱལ་པོས་མ་གཟིགས་ཏེ། བདག་ཅག་གིས་ཆོ་འཕྲུལ་ཆེན་པོ་འགྲན་ན་མངོན་ཏེ། བསྒྲུན་པའི་འོག་ཏུ་གང་རྒྱལ་བ་མངོན་ནོ། །རྒྱལ་པོས་སྨྲས་པ། འགྲན་འདོད་ན་ལྟ་འགྲན་ལ་རག་སྟེ། ཁྱེད་སྐྱེངས་ཀྱི་དོགས་སོ། །ཁྱེད་ཆོ་འཕྲུལ་འགྲན་པར་གྱུར་ན། དེད་ཀྱིས་ཀྱང་ཁྱོད་ཀྱི་ཆོ་འཕྲུལ་མཐོང་བར་གྱིས་ཤིག།སྟོན་པ་དྲུག་གིས་སྨྲས་པ། ད་སྟེ་ཞག་བདུན་ན་ཆོ་འཕྲུལ་འགྲན་གྱིས། གར་འགྲན་པའི་ས་ཕྱོགས་ཕྱི་བདར་


DKG074_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག་ཅེས་སྨྲས་སོ། །སྟོན་པ་དྲུག་གིས་དེ་སྐད་སྨྲས་ནས། ཕྱིར་འོང་བའི་འོག་ཏུ་རྒྱལ་པོ་གཟུགས་ཅན་སྙིང་པོ་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་གིས་ནི་བཅོམ་ལྡན་འདས་ལ་ཆོ་འཕྲུལ་འགྲན་ཞེས་མཆི་སྟེ། བདག་གིས་བཀག་ན་ཡང་མ་ཐུབ་ཀྱིས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གྱི་མཐུ་བསྟན་ཏེ། ངན་པར་ལྟ་བ་ལས་བཟློག་ནས། དགེ་བ་ལ་བཀོད་དུ་གསོལ། ཆོ་འཕྲུལ་བསྟན་པ་ཡང་བདག་ཅག་གིས་མཐོང་བར་མཛད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་བདག་དུས་མཁྱེན་གྱིས་གང་དུ་འགྲན་པའི་གནས་ཡངས་པ་ཞིག་ཏུ་བྱི་དོར་གྱིས་ཤིག་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོས་བློན་པོ་མང་པོ་ལ་བཀའ་སྩལ་ཏེ། གནས་ཡངས་པ་བདེ་བ་ཞིག་ཏུ་ཕྱག་དར་བྱས་ནས། སེང་གེའི་ཁྲི་བཤམས་རྒྱལ་མཚན་དང་། བ་དན་བཙུགས་ཏེ་ཤིན་ཏུ་མཛེས་པར་བརྒྱན་ཏོ། །དེ་ལྟར་ཆོ་འཕྲུལ་འགྲན་པར་བྱས་པའི་དུས་སུ་དེའི་ཉིན་པར་ཐམས་ཅད་མཐོང་ངུ་རེའོ། །དེའི་ཚེ་ན་དེ་བཞིན་གཤེགས་པ་དགེ་འདུན་དང་བཅས་པ་རྒྱལ་པོའི་ཁབ་ནས་གཤེགས་ཏེ། ཡངས་པ་ཅན་དུ་བཞུད་དོ། །ཡངས་པ་ཅན་ན་ལི་་་དང་། མི་མང་པོས་དེ་བཞིན་གཤེགས་པ་བསུའོ། །རྒྱལ་པོའི་ཁབ་ཀྱི་མི་རྣམས་ཀྱིས་བཅོམ་ལྡན་འདས་ཡངས་པ་ཅན་དུ་གཤེགས་པ་ཡང་གདོད་ཤེས་ཤིང་། རྟོགས་པས་སྟོན་པ་དྲུག་ཀྱང་འདི་སྐད་དུ། དགེ་སྦྱོང་་ཏ་མའི་ཆོ་འཕྲུལ་གྱིས་བདག་ཅག་ལ་ནི་མི་ཐུབ་བོ་ཞེས་བྱས་ན་ཁྱོད་ཡིད་མི་ཆེས་ཏེ། ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་བྱོལ་ནས། ཡངས་པ་ཅན་དུ་བྱོལ་ལོ་ཞེས་བསྒྲགས་ཏེ། སྟོན་པ་དྲུག་ཀྱང་ང་རྒྱལ་ལྷག་པར་སྐྱེས་ནས། སོ་སོ་ནས་སྤྲོ་བ་སྐྱེས་ཏེ། དེ་བསྙག་ཏུ་དོང་ངོ་། །དེའི་ཚེ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་ཐེག་པ་ལྔ་བརྒྱ་བཤམས་ཏེ། རྒྱལ་པོ་དང་བློན་པོའི་འཁོར་ཁྲི་ཕྲག་བཅུ་བཞི་སྙེད་ཀྱང་འཚོ་བའི་རྒྱགས་ཁྱེར་ནས། བཅོམ་ལྡན་འདས་ཀྱི་རྗེས་སུ་ཡུལ་ཡངས་པ་ཅན་དུ་དོང་ངོ་། །སྟོན་པ་དྲུག་ཀྱང་ཡུལ་ཡངས་པ་ཅན་དུ་ཕྱིན་ནས་ལི་་་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་དགེ་སྦྱོང་་ཏ་མ་དང་ཆོ་འཕྲུལ་


DKG074_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འགྲན་པར་གནང་ན། ད་སྟེ་ཞག་བདུན་ན་ཆོ་འཕྲུལ་འགྲན་པར་བགྱིའོ། །དེ་ནས་ལི་་་རྣམས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་འདི་སྐད་ཅེས་གསོལ་ཏོ། །གླེན་པ་ཆེན་པོ་སྟོན་པ་དྲུག་ནི་ཡོན་ཏན་དང་ལྡན་སྙམ་སྟེ། དེ་བཞིན་གཤེགས་པ་དང་ཆོ་འཕྲུལ་འགྲན་ནོ་ཞེས་མཆིས་ན། བཅོམ་ལྡན་འདས་ཀྱིས་ཚར་བཅད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དུས་མཁྱེན་ཏོ། །དེ་ནས་ལི་་་རྣམས་ཡུལ་མི་རྣམས་དང་། ཡོ་བྱད་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་དུ་སྦྱར་ཏེ། སང་ལྟ་བུར་འགྲན་པ་ལས། དེ་རིང་ལྟ་བུ་བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ཡུལ་་་ར་གཤེགས་སོ། །་་འི་རྒྱལ་པོ་ཨུ་དྲ་ཡ་ན་ཞེས་བྱ་བས་ཀྱང་བློན་པོར་བཅས་ཏེ། དེ་བཞིན་གཤེགས་པ་བསུའོ། །ཡངས་པ་ཅན་གྱི་མི་རྣམས་སང་ལྟ་བུར་དེ་བཞིན་གཤེགས་པ་ལ་ཕྱག་འཚལ་དུ་འོངས་པ་ལས། ་་ར་གཤེགས་སོ་ཞེས་ཐོས་པ་དང་། སྟོན་པ་དྲུག་པོས་ཀྱང་བཅོམ་ལྡན་འདས་གཤེགས་སོ་ཞེས་ཐོས་ནས། སྔར་བས་ཀྱང་ལྷག་པར་ང་རྒྱལ་སྐྱེས་ཏེ། ཡང་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་། །ཡང་དེའི་ཚེ་ལི་་་རྣམས་ཀྱང་ཐེག་པ་ལྔ་བརྒྱ་བཤམས་ནས། འཁོར་ཁྲི་ཕྲག་བདུན་དང་གཟུགས་ཅན་སྙིང་པོའི་འཁོར་དང་བཅས་ཏེ། ་་ར་སངས་རྒྱས་དང་སྟོན་པ་དྲུག་ཆོ་འཕྲུལ་འགྲན་པ་ལ་བལྟར་དོང་ངོ་། །སྟོན་པ་དྲུག་པོ་་་ར་ཕྱིན་ནས། རྒྱལ་པོ་ཨུ་དྲ་ཡ་ན་ལ་གཏམ་སྔ་མ་བྱས་ཏེ། དགེ་སྦྱོང་་ཏ་མ་འདི་སྡོད་དུ་མ་བཏུབ་ནས་བདག་ཅག་ལ་བྱོལ་གྱིས། རྒྱལ་པོས་བདག་ཅག་དང་ཆོ་འཕྲུལ་འགྲན་པར་དུས་ཐོབ་ཅིག་ཅེས་གསོལ་པ་དང་། ཨུ་དྲ་ཡ་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་ནི་བཅོམ་ལྡན་འདས་དང་ཆོ་འཕྲུལ་འགྲན་ནོ་ཞེས་མཆིས་ན་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དུས་མཁྱེན་ཏོ། །དེ་ནས་ཨུ་དྲ་ཡ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞིན་དུ་སྦྱར་ཏེ། བཤམས་པ་དང་། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། ཡུལ་ཝར་གྱིར་གཤེགས་སོ། །ཝར་གྱིའི་རྒྱལ་པོ་ཤུན་ཙི་ད་ལས་ཀྱང་མི་མང་པོ་དང་དེ་


DKG074_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་བསུའོ། །་་འི་མི་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཡུལ་ཝར་གྱིར་གཤེགས་པ་གཟོད་ཐོས་ཀྱིས། སྟོན་པ་དྲུག་ཀྱང་ཕྱི་བཞིན་སོང་ངོ་། །དེའི་ཚེ་རྒྱལ་པོ་ཨུ་དྲ་ཡ་ན་འཁོར་སྟོང་ཕྲག་བརྒྱད་ཁྲི་དང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་དང་འགྲོགས་ཏེ་ཡུལ་ཝར་གྱིར་གཤེགས་སོ། །དེ་ནས་སྟོན་པ་དྲུག་པོས་རྒྱལ་པོ་ཤུན་ཙི་ད་ལ་ལ་བདག་ཅག་དགེ་སྦྱོང་་ཏ་མ་ལ་ཆོ་འཕྲུལ་འགྲན་པར་གྱིས་ཤིག་ཅེས་གསོལ་པ་དང་། རྒྱལ་པོ་དེས་ཀྱང་དེ་བཞིན་དུ་གསོལ་ནས། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ་ཞེས་བཀའ་སྩལ་ཏོ། །རྒྱལ་པོ་དེས་ཀྱང་ཡོ་བྱད་སྦྱར་ཏེ་བཤམས་པ་དང་། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། ཡུལ་ཏི་ཀི་ཙ་ཤི་རིར་གཤེགས་སོ། །ཡུལ་ཏི་ཀི་ཙ་ཤི་རིའི་རྒྱལ་པོ་ཨིན་དྲ་བ་མི་ཞེས་བྱ་བས། འཁོར་མང་པོ་དང་དེ་བཞིན་གཤེགས་པ་བསུའོ། །དེའི་ཚེ་རྒྱལ་པོ་ཤུན་ཙི་ད་ལ་འཁོར་ཁྲི་ཕྲག་ལྔ་དང་། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་ཐམས་ཅད་དང་འགྲོགས་ཏེ། ཡུལ་ཏི་ཀི་ཙ་ཤི་རིར་དོང་ངོ་། །སྟོན་པ་དྲུག་པོ་ཡང་ཡུལ་དེར་ཕྱིན་ནས། རྒྱལ་པོ་ཨིན་དྲ་བ་མི་ལ་སྐད་ཆེན་པོར་དགེ་སྦྱོང་་ཏ་མ་དང་། བདག་ཅག་ཆོ་འཕྲུལ་འགྲན་པར་གྱིས་ཤིག་ཅེས་ཟློག་མ་ཐུབ་བོ། །དེའི་ཚེ་ཨིན་དྲ་བ་མིས། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དེ་བཞིན་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ་ཞེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་དེས་ཀྱང་ཡོ་བྱད་བཤམས་ཏེ། དུས་ལ་བབ་པ་དང་། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ། ཡུལ་་་ཌ་ར་གཤེགས་སོ། །ཡུལ་དེའི་རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བས་ཀྱང་། འཁོར་མང་པོ་དེ་དག་དང་དེ་བཞིན་གཤེགས་པ་བསུའོ། །ཏི་ཀི་ཙ་ཤི་རིའི་མི་དག་དེ་བཞིན་གཤེགས་པ་བཞུད་པར་གདོད་ཤེས་ནས། སྟོན་པ་དྲུག་ཀྱང་དེའི་རྗེས་སུ་སོང་ངོ་། །རྒྱལ་པོ་ཨིན་དྲ་བ་མིས་ཀྱང་འཁོར་ཁྲི་ཕྲག་དྲུག་དང་བཅས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པ་རྒྱལ་པོ་ཐམས་ཅད་དང་འགྲོགས་ཏེ་གནས་དེར་སོང་ངོ་། །སྟོན་པ་དྲུག་ཀྱང་དེའི་ཕྱིར་ཕྱིན་ཏེ། དེ་བཞིན་དུ་རྒྱལ་པོ་དེ་ལ་གསོལ་ནས་


DKG074_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དེས་དེ་བཞིན་དུ་གསོལ་པ་དང་། ང་ཉིད་དུས་མཁྱེན་ཏོ་ཞེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་དེས་ཀྱང་ཡོ་བྱད་སྦྱར་ཏེ་བཤམས་པ་ལས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་ཏེ་ཡུལ་སེར་སྐྱར་གཤེགས་སོ། །ཡུལ་སེར་སྐྱའི་ཤཱཀྱའི་རིགས་རྣམས་གཅིག་གིས་གཅིག་སྦྲན་ནས། ཐམས་ཅད་འདུས་ཏེ་དེ་བཞིན་གཤེགས་པ་བསུའོ། །ཡུལ་་་ཌ་འི་མི་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པ་བཞུད་པར་གཟོད་རྟོགས་ནས་སྟོན་པ་དྲུག་པོ་ཡང་རྗེས་སུ་སོང་ངོ་། །རྒྱལ་པོ་ཚངས་སྦྱིན་འཁོར་ཁྲི་ཕྲག་བརྒྱད་ཅུ་དང་། གཟུགས་ཅན་སྙིང་པོ་ལ་སོགས་ཏེ་རྒྱལ་པོ་དྲུག་ཆར་ཡང་འཁོར་དང་བཅས་ཏེ། བཅོམ་ལྡན་འདས་གང་དུ་གཤེགས་པའི་རྗེས་སུ་དོང་ངོ་། །སྟོན་པ་དྲུག་ཀྱང་དེར་ཕྱིན་པ་དང་། ཤཱཀྱའི་རིགས་རྣམས་ལ་དགེ་སྦྱོང་་ཏ་མ་དང་། ཆོ་འཕྲུལ་འགྲན་པར་བྱས་པ་ལས་ངེད་ཀྱི་མཐུ་ཆེ་བ་ལས་བྱོལ་ལོ་ཞེས་ཡེངས་མ་གཏམ་དུ་བྱས་སོ། །དེ་ནས་ཤཱཀྱའི་རིགས་རྣམས་ཀྱིས་དེ་བཞིན་དུ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཤཱཀྱའི་རིགས་རྣམས་ཀྱིས་ཀྱང ་ཡོ་བྱད་སྦྱར་ཅིང་བཤམས་པ་དང་། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ། །ཡུལ་མཉན་དུ་ཡོད་པར་གཤེགས་སོ། །དེའི་ཚེ་མཉན་དུ་ཡོད་པའི་རྒྱལ་པོ་གསལ་རྒྱལ་ཡང་འཁོར་དང་བཅས་པས་དེ་བཞིན་གཤེགས་པ་བསུའོ། །ཤཱཀྱའི་རིགས་རྣམས་ཀྱང་དེ་བཞིན་གཤེགས་པ་བཞུད་པར་གཟོད་རྟོགས་ཏེ། སྟོན་པ་དྲུག་པོས་ཀྱང་རྗེས་བཞིན་དུ་བསྙགས་སོ། །ཤཱཀྱའི་རིགས་རྣམས་ཀྱང་འཁོར་ཁྲི་ཕྲག་དགུ་དང་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་ཏེ། རྒྱལ་པོ་རྣམས་དང་། འཁོར་རྣམས་ཀྱིས་མཉན་དུ་ཡོད་པའི་ལྗོངས་ཡོངས་སུ་གང་ངོ་། །སྟོན་པ་དྲུག་པོ་ཡང་དེར་ཕྱིན་ནས། རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་དུ་དགེ་སྦྱོང་་ཏ་མ་དང་། བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས་དུས་ལ་བབ་པ་དང་བྱོལ་ཞིང་འབྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱིས། རྒྱལ་པོ་ཆེན་པོ་བདག་ཅག་འགྲན་དུ་ཆུག་ཅིག་ཅེས་གསོལ་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་བགད་དེ། འདི་སྐད་དུ་བཅོམ་


DKG074_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱི་ཡོན་ཏན་ངོ་མཚར་ཆེ་བ་ནི་བསམ་གྱིས་མི་ཁྱབ་ན། ཅིའི་ཕྱིར་ཁྱོད་ལྟ་བུའི་མ་རབས་ཅི་ཡང་མི་ཤེས་པ། ཆོས་ཀྱི་རྒྱལ་པོ་ཆེན་པོ་དང་ཆོ་འཕྲུལ་འགྲན་པར་བྱེད་ཅེས་བསྒོའོ། །འོན་ཀྱང་སྟོན་པ་དྲུག་པོ་དག་དྲོད་མི་ཐུབ་སྟེ། ང་རྒྱལ་བསྙེམས་པས། རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་པོ་དག་ཆོ་འཕྲུལ་འགྲན་པར་ཡང་དང་ཡང་དུ་བསྐུལ་གྱིས། བཅོམ་ལྡན་འདས་ཀྱིས་ཚར་བཅད་དེ། ཆོ་འཕྲུལ་གྱི་བྱེ་བྲག་དབྱེ་བར་གསོལ། བཅོམ་ལྡན་འདས་ཀྱིས་ང་ཉིད་དུས་མཁྱེན་ཏོ་ཞེས་བཀའ་སྩལ་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་རྣམས་ལ་བཀའ་སྩལ་ནས། ཆོ་འཕྲུལ་འགྲན་པའི་གནས་མཉམ་ཞིང་ཕྱག་དར་བྱས་ཏེ། མེ་ཏོག་དང་སྤོས་མང་དུ་བཤམས་ཤིང་སེང་གེའི་ཁྲི་བཙུགས་ནས་བ་དན་དང་། རྒྱལ་མཚན་ལ་སོགས་པས་བརྒྱན་ཏེ། འཁོར་མང་པོ་འདུས་སོ། །དེའི་ཚེ་དཔྱིད་ཟླ་ར་བ་ཚེས་གཅིག་གི་ཉིན་པར་བཅོམ་ལྡན་འདས་ཆོ་འཕྲུལ་འགྲན་པའི་གནས་སུ་གཤེགས་པ་དང་། རྒྱལ་པོ་གསལ་རྒྱལ་གྱིས་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ། བཅོམ་ལྡན་འདས་ལ་ཕྱག་དར་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་གསོལ་ནས། ཚེམས་ཤིང་ས་ལ་བཙུགས་སོ། །ས་ལ་བཙུགས་མ་ཐག་ཏུ་སྐྱེས་ནས་ཡལ་ག་དང་། ལོ་མ་རྒྱས་པ་མཐོ་ཁྱད་དཔག་ཚད་ལྔ་བརྒྱ་བར་གྱུར་ཏོ། །ཡལ་ག་དང་། ལོ་མ་ཁོ་ར་ཁོར་ཡུག་ཀྱང་དཔག་ཚད་ལྔ་བརྒྱ་ཁེབས་སོ། །དེ་མ་ཐག་ཏུ་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་སྐྱེས་ནས་འབྲས་བུ་ཡང་དྲེ་ལྔ་ཤོང་བའི་བུམ་པ་ཙམ་དུ་གྱུར་ཏོ། །རྩ་བ་དང་། ཡལ་ག་དང་། འདབ་མ་ལ་སོགས་པ་ཐམས་ཅད་རིན་པོ་ཆེ་སྣ་བདུན་དུ་གྱུར་ནས། ཁ་དོག་རྣམ་པ་སྣ་ཚོགས་སུ་འཚེར་ཞིང་འབར་ཏེ། ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན་ཏོ། །གང་གིས་འབྲས་བུ་དེ་ཟོས་ན། བདུད་རྩིའི་རོ་བས་ཀྱང་ལྷག་པར་གྱུར་ཏེ། དྲི་བསུང་གིས་ཀུན་ཏུ་མངད་པའི་དྲིས་ཕོག་པ་ཐམས་ཅད་ཀྱང་བདེ་ཞིང་ཚིམ་པར་གྱུར་ཏོ། །རླུང་བསུང་ཅན་གྱིས་ཡལ་ག་དང་། ལོ་མ་ལ་རེག་ན་ཤིན་ཏུ་ཡིད་དུ་འོང་བའི་ཆོས་ཀྱི་སྒྲ་བྱུང་ངོ་། །མི་ཐམས་ཅད་ཀྱིས་ཤིང་དེ་ལ་ཤིན་ཏུ་དད་པའི་སེམས་


DKG074_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས། ཐམས་ཅད་ཀྱི་ཡིད་དང་འཐུན་སྟེ། འབྲས་བུ་ཐོབ་པ་དང་། ལྷར་སྐྱེ་བ་ཡང་རབ་ཏུ་མང་ངོ་། །དེའི་ཕྱི་ཉིན་རྒྱལ་པོ་ཨུ་དྲ་ཡ་ནས་སྤྱན་དྲངས་ནས་མཆོད་པ་སྦྱར་རོ། །དེའི་ཚེ་དེ་བཞིན་གཤེགས་པས་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་སྤྲུལ་ཏེ། ཤིན་ཏུ་མཐོ་བ། མཛེས་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཁ་དོག་ལྟར་འཚེར་བ། ཤིང་རྣམ་པ་སྣ་ཚོགས་རི་དེ་ལ་སྐྱེས་པ། མེ་ཏོག་དང་། འབྲས་བུ་རབ་ཏུ་རྒྱས་པ། སྒྲ་སྐད་ཤིན་ཏུ་སྙན་པ་འབྱུང་བ། རི་གཅིག་གི་རྩེ་མོ་ལ་འབྲས་བུ་རོ་བརྒྱ་དང་ལྡན་པ། འཇམ་ཞིང་མངར་བ་རབ་ཏུ་འབྱུང་བ་སྟེ། མི་མང་པོ་དེ་ལ་ཡིད་བཞིན་དུ་ཚིམ་པར་ཟའོ། །རི་གཅིག་གི་རྩེ་མོ་ལ་རྩྭ་ཤིན་ཏུ་མངར་བ་དང་། འཇམ་པ་སྐྱེས་ཏེ། དུད་འགྲོའི་སྐྱེ་གནས་རྣམས་དེ་ལ་ཡིད་བཞིན་དུ་ཟ་ཞིང་ཚིམ་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅི་རིགས་སུ་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པས། མཐོ་རིས་ཀྱི་ལྷར་སྐྱེས་པའི་གྲངས་ཀྱང་རབ་ཏུ་མང་ངོ་། །དེའི་ཕྱི་ཉིན་རྒྱལ་པོ་ཤུན་ཙི་ད་ལས་སྤྱན་དྲངས་ཏེ་མཆོད་པ་སྦྱར་རོ། །བཅོམ་ལྡན་འདས་ཀྱིས་ཞལ་བསིལ་ནས། ཞལ་བསིལ་བའི་ཆུ་སླར་ས་ལ་བོར་བ་རིན་པོ་ཆེའི་རྫིང་དུ་གྱུར་ནས། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཉིས་བརྒྱ་ཡོད་པ། རིན་པོ་ཆེ་སྣ་བདུན་གྱིས་རྣམ་པར་སྤྲས་པ། ཁ་དོག་རྣམ་པ་སྣ་ཚོགས་སུ་འཚེར་བ་རྫིང་བུ་དེའི་ཆུ་ཡོན་ཏན་བརྒྱད་དང་ལྡན་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་བྱེ་མས་བདལ་བ། པད་མ་ཆེ་ཁྱད་ཤིང་རྟའི་འཕང་ལོ་ཙམ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ལ་འདི་ལྟ་སྟེ། པད་མ་སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། དམར་པོ་དང་། ལེ་བརྒན་དང་། མར་གད་ལ་སོགས་པའོ། །པད་མ་དེའི་དྲི་ཡང་ཀུན་ཏུ་མངད་ཅིང་བྲོ་ལ། པད་མ་དམ་པའི་ཁ་དོག་ཅི་ལྟ་བ་བཞིན་དུ་འོད་ཟེར་འཚེར་ཏེ། དེའི་འོད་ཟེར་གྱིས་གནམ་ས་ཀུན་སྣང་བར་བྱས་ཏེ། འཁོར་མང་པོ་ཐམས་ཅད་ཀྱང་རིན་པོ་ཆེའི་རྫིང་དེ་ལ་བལྟ་ཞིང་། ཀུན་ཏུ་དགའ་ནས་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ཡོ་བྱད་སྦྱར་ནས། ཆོས་རྣམ་པ་མང་པོ་བསྟན་ཏེ། གོ་ཞིང་རྟོགས་པར་མཛད་


DKG074_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་འབྲས་བུ་ཐོབ་ནས་མཐོ་རིས་ཀྱི་ལྷར་སྐྱེས་པ་དང་། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་དཔག་ཏུ་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་ཨིན་དྲ་བ་མིས་མཆོད་པའི་ཡོ་བྱད་བཤམས་ཏེ། སངས་རྒྱས་སྤྱན་དྲངས་སོ། །བཅོམ་ལྡན་འདས་ཀྱིས་དེའི་ཉིན་པར་རིན་པོ་ཆེའི་རྫིང་བུ་དེའི་ངོས་བཞིན། ཡུར་བ་ཆེན་པོ་བརྒྱད་བརྒྱད་ཡོད་པ་ལ། ཕྱིར་ཡང་འཁོར་ཞིང་རྫིང་དེ་ཉིད་དུ་འབབ་པ་དང་། ཆུ་འབབ་པའི་སྒྲ་ལས་དབང་པོ་ལྔ་དང་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྣམ་པར་ཐར་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། ཚད་མེད་པ་བཞི་ལ་སོགས་ཏེ། ཆོས་རྣམ་པ་སྣ་ཚོགས་ཀྱི་སྒྲ་འབྱུང་ཞིང་ཆོས་ཀྱི་སྒྲ་དེ་ལས་ཆུད་ཅིང་རྟོགས་ནས་སངས་རྒྱས་སུ་འགྱུར་བའི་འབྲས་བུ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བ་དང་། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་རབ་ཏུ་མང་ངོ་། །དེའི་ཕྱི་ཉིན་རྒྱལ་པོ་ཚངས་སྦྱིན་གྱིས་སྤྱན་དྲངས་ཏེ། མཆོད་པའི་ཡོ་བྱད་བཤམས་སོ། །དེའི་ཉིན་པར་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེ་ནས། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཐམས་ཅད་གདུག་པ་གསུམ་དང་། སྒྲིབ་པ་ལྔ་དང་བྲལ་ཏེ་ལུས་དང་སེམས་རབ་ཏུ་བདེ་བ་ནི་ཇི་ལྟར་དགེ་སློང་དག་བསམ་གཏན་གསུམ་པ་དང་འདྲའོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱི་ཡོན་ཏན་ལ་མོས་པས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་མཐོ་རིས་ཀྱི་ལྷར་སྐྱེས་པ་དང་། བསོད་ནམས་ཀྱི་ལས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ལི་་་རྣམས་ཀྱིས་སྤྱན་དྲངས་ནས་མཆོད་པའི་ཡོ་བྱད་སྦྱར་རོ། །དེའི་ཉིན་པར་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ཐམས་ཅད་གཅིག་གི་བསམ་པ་གཅིག་གིས་ཤེས་པར་བྱས་ཏེ། སོ་སོའི་དགེ་བ་དང་། མི་དགེ་བའི་ལས་ཀྱང་རྟོགས་པར་བྱས་ནས་སོ་སོ་ནས་དགའ་སྟེ། སངས་རྒྱས་ཀྱི་ཡོན་ཏན་བསྔགས་སོ། །དེ་དག་


DKG074_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཅོམ་ལྡན་འདས་ལ་དམ་པའི་ཆོས་ཉན་པས། ཁོང་དུ་ཆུད་ཅིང་རྟོགས་ནས་སངས་རྒྱས་སུ་སྨོན་ལམ་འདེབས་པ་དང་། འབྲས་བུ་ཐོབ་པ་དང་། མཐོ་རིས་ཀྱི་ལྷར་སྐྱེ་བར་སྨོན་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཤཱཀྱའི་རིགས་རྣམས་ཀྱིས་སངས་རྒྱས་སྤྱན་དྲངས་ནས། བཅོམ་ལྡན་འདས་ཀྱིས་དེའི་ཉིན་པར་འཁོར་དེ་དག་ཐམས་ཅད་སོ་སོ་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོར་བསྒྱུར་ཏེ། རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་པར་སྤྲུལ་ནས། རྒྱལ་ཕྲན་དང་། བློན་པོ་རྣམས་ཀྱིས་བསྟི་སྟང་དུ་བྱས་པར་མཐོང་སྟེ། སོ་སོ་ནས་ངོ་མཚར་རྨད་དུ་བྱུང་བའི་སྤྲོ་བ་སྐྱེས་ནས། སྤྲོ་བ་དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྣམ་པར་ཕྱེ་ཞིང་བསྟན་པས། སོ་སོའི་ཡིད་ཚིམ་པར་གྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལ་ལས་འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེས་པ་གྲངས་མེད་པར་གྱུར་ཏོ། །དེའི་ཕྱི་ཉིན་བརྒྱ་བྱིན་གྱིས་སངས་རྒྱས་སྤྱན་དྲངས་ཏེ། སེང་གེའི་ཁྲི་བཤམས་ནས། བཅོམ་ལྡན་འདས་དེ་ལ་བཞུགས་པ་དང་། བརྒྱ་བྱིན་གྱིས་གཡོན་ནས་མཆོད་པ་བྱེད། ཚངས་པའི་རྒྱལ་པོས་ནི་གཡས་ནས་མཆོད་པ་བྱེད་དོ། །འཁོར་མང་པོ་རྣམས་ཀྱང་ཅང་མི་སྨྲ་བར་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་ཕྱག་གིས་སེང་གེའི་ཁྲི་ལ་མནན་པ་དང་། སེང་གེའི་ཁྲི་ལས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་བྱུང་བ་དང་། དེ་མ་ཐག་ཏུ་སྲིན་པོ་ཆེན་པོ་ལྔ་ཞིག་བྱུང་ནས། སྟོན་པ་དྲུག་གི་ཁྲི་དྲངས་ནས་བཤིག་གོ །ཕྱག་ན་རྡོ་རྗེ་ནི་རྡོ་རྗེའི་རྩེ་མོ་ལ་མེ་འབར་བ་ཐོགས་ཏེ། སྟོན་པ་དྲུག་གི་མགོར་གཟས་སོ། །སྟོན་པ་དྲུག་པོ་འཇིགས་སྐྲག་ནས་བྱེར་ཞིང་བྲོས་ཏེ་སྐྱེངས་ནས། ཁ་ཅིག་ནི་ཆུར་མཆོངས་ནས་ཚེ་འཕོས་སོ། །སྟོན་པ་དྲུག་གི་འཁོར་ལས་སྟོང་ཕྲག་དགུ་བཅུ་ནི། སངས་རྒྱས་ལ་སྐྱབས་སུ་གསོལ་ནས། རབ་ཏུ་འབྱུང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་དག་ལ་ཅི་རིགས་པར་ཆོས་བསྟན་པས་ཟག་པ་ཀུན་ཟད་དེ། ཉོན་མོངས་པ་ལས་རྣམ་པར་གྲོལ་ནས་དགྲ་བཅོམ་པར་


DKG074_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུའི་བ་སྤུའི་བུ་ག་བརྒྱད་ཁྲི་ནས་འོད་ཟེར་བཀྱེ་ནས། ནམ་མཁའ་ཡོངས་སུ་གང་བར་མཛད་དེ། འོད་ཟེར་དེ་དག་རེ་རེའི་ཐོག་མ་ལ་པད་མ་ཆེན་པོ་རེ་རེ་སྤྲུལ་ནས། པད་མ་དེ་དག་རེ་རེའི་སྟེང་ན་སྤྲུལ་པའི་སངས་རྒྱས་འཁོར་དང་བཅས་པ་དམ་པའི་ཆོས་སྟོན་པ་རེ་རེ་སྤྲུལ་ཏེ། འཁོར་མང་པོ་ཀུན་གྱིས་སྤྲུལ་པ་དེ་ལྟ་བུར་མཐོང་བར་བྱས་པས། ལྷག་པར་དད་པའི་སེམས་སྐྱེས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་ནས། དེ་ལ་ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། ཁ་ཅིག་ནི་འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེ་བའི་བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཚངས་པའི་རྒྱལ་པོས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་སྐུ་ཚངས་ལྷ་ལ་ཐུག་གི་བར་དུ་ཤིན་ཏུ་མཐོ་བ། ལྷམ་མེ་ལྷང་ངེར་བཞུགས་པ་སྤྲུལ་ནས། འོད་ཟེར་ཆེན་པོས་གནམ་ས་ཀུན་ཏུ་སྣང་ཞིང་གསལ་བར་མཛད་དོ། །དེ་ཐམས་ཅད་ཀྱིས་མཐོང་བ་དང་གསུང་ཡང་ཐོས་པར་གྱུར་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་རྣམ་པ་སྣ་ཚོགས་ཕྱེ་ཞིང་བསྟན་པས། འཁོར་མང་པོ་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་ཆེན་བཞིའི་རྒྱལ་པོས་སྤྱན་དྲངས་ཏེ། དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་རྒྱལ་ཆེན་བཞིའི་རིས་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་སྐུས་ཡོངས་སུ་གང་བར་མཐོང་བར་མཛད་ནས། སྐུ་དེ་དག་ལས་འོད་ཟེར་ཆེན་པོ་བཞི་འབྱུང་ཞིང་། འཁོར་རྣམས་ལ་ཅི་རིགས་སུ་དམ་པའི་ཆོས་སྟོན་པའང་གསལ་བར་ཐོས་ཤིང་མཐོང་བར་མཛད་ནས། འཁོར་དེ་དག་ལྷག་པར་དགའ་བ་སྐྱེས་ཏེ། ཅི་རིགས་སུ་ཆོས་བསྟན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས། འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དེའི་ཉིན་པར་བྱམས་


DKG074_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏིང་ངེ་འཛིན་ལ་ཞུགས་ནས། གསེར་གྱི་མདོག་ལྟར་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས། འོད་ཟེར་ཆེན་པོ་བཀྱེ་སྟེ། ཤིན་ཏུ་འཇམ་པའི་གསུང་གིས་དམ་པའི་ཆོས་རྣམ་པར་ཕྱེ་ཞིང་བསྟན་ཏེ། འཁོར་མང་པོ་དེ་དག་གིས་ཐོས་པར་བྱས་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས། ལ་ལ་ནི་འབྲས་བུ་ཐོབ། ལ་ལ་ནི་ལྷ་དང་མིར་སྐྱེ་བའི་བསོད་ནམས་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་ཁྱིམ་བདག་ཙིན་དས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དེའི་ཉིན་པར་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ནས། གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེ་སྟེ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ཀུན་འོད་ཟེར་གྱིས་གང་བར་བྱས་ནས། འོད་ཀྱིས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་གདུག་པ་གསུམ་གྱི་སེམས་ཀུན་ཞི་ནས། སྙིང་རྗེའི་སེམས་སྐྱེས་ཏེ། སེམས་ཅན་ཐམས་ཅད་གཅིག་ལ་གཅིག་ཕ་མ་ལྟ་བུའམ། ཕུ་བོ་ལྟ་བུའམ། ནུ་བོ་ལྟ་བུ་མཛའ་ཞིང་སྡུག་པར་གྱུར་ཏེ། དེའི་འོག་ཏུ་ཆོས་རྣམ་པ་སྣ་ཚོགས་བསྟན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་ཤུན་ཙི་ད་ལས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་དེའི་ཉིན་པར་སེང་གེའི་ཁྲི་ལ་བཞུགས་ནས། སྐུའི་ལྗེ་བ་ནས་འོད་ཟེར་གཉིས་ཤིག་ཕྱུང་སྟེ། སྐུ་ལས་འདོམ་བདུན་ཙམ་འཕགས་ནས། དེའི་སྟེང་ན་པད་མ་རེ་རེ་ཡོད་དེ། པད་མ་ལ་སྤྲུལ་པའི་སངས་རྒྱས་སྤྲུལ་ཏེ། སྤྲུལ་པའི་སངས་རྒྱས་དེ་དག་གི་ལྗེ་བ་ནས་འོད་ཟེར་བྱུང་སྟེ། རྣམ་པ་གཉིས་སུ་གྱེས་ནས་འདོམ་བདུན་ཙམ་དུ་འཕགས་ཏེ། པད་མ་ཡང་ཡོད་ལ་པད་མའི་སྟེང་ན་སྤྲུལ་པའི་སངས་རྒྱས་བཞུགས་ཏེ། དེ་བཞིན་དུ་མཐར་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་བར་དུ་དེ་དང་འདྲ་བ་དག་སྤྲུལ་ཏེ། འཁོར་མང་པོ་ཐམས་ཅད་དེ་ལྟ་བུ་དག་མཐོང་ནས་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་དེ་ལ་ཅི་རིགས་སུ་ཆོས་བསྟན་པས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕྱིར་མི་ལྡོག་པའི་ས་


DKG074_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་དང་། འབྲས་བུ་ཐོབ་པ་དང་། ལྷ་དང་མིར་སྐྱེ་བ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་ཨུ་དྲ་ཡ་ནས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ལ་རྒྱལ་པོ་ཨུ་དྲ་ཡ་ནས་མེ་ཏོག་གིས་གཏོར་བ་དང་། གཏོར་བའི་མེ་ཏོག་རྣམས་དེ་མ་ཐག་ཏུ་རིན་པོ་ཆེའི་ཤིང་རྟ་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་ཞིང་། ཐམས་ཅད་ཀྱིས་མཐོང་བར་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ནད་པ་ལ་སྨན་བཏང་བ་བཞིན་དུ་དམ་པའི་ཆོས་བསྟན་པས། ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། །ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། ལྷ་དང་མིར་སྐྱེ་བ་ཡང་གྲངས་མེད་དོ། །དེའི་ཕྱི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་སངས་རྒྱས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་དེ་ལ་སྔར་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཞལ་ཟས་ཀྱི་སྣོད་སྦྱོར་ཅིག།གདུགས་ཚོད་ཀྱི་དུས་ལ་བབ་ན། སྣོད་ཀུན་ཞལ་ཟས་རོ་བརྒྱ་དང་ལྡན་པར་རྣམ་པ་སྣ་ཚོགས་རང་གང་སྟེ། འཁོར་མང་པོ་ཐམས་ཅད་ལ་ཆོག་པར་གྱུར་ཏེ། དེ་དག་ཟོས་ནས་ལུས་སེམས་རབ་ཏུ་བདེ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་བརྡབས་པ་དང་། སེམས་ཅན་དམྱལ་བ་བཅྭ་བརྒྱད་དག་ན། སེམས་ཅན་ཚད་མེད་པ་སྡུག་བསྔལ་མྱོང་བར་མཐོང་བ་དང་། དེ་དག་སོ་སོ་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་གིས་སྔོན་སྡིག་པ་ཅི་ལྟ་བུ་ཞིག་བྱས་པས། སྡུག་བསྔལ་འདི་ལྟ་བུ་མྱོང་བར་གྱུར་ཏོ་ཞེས་སྨྲས་ཏེ། འཁོར་མང་པོ་ཐམས་ཅད་ཀྱིས་ཐོས་ཤིང་མཐོང་བར་བྱས་ནས། ཐམས་ཅད་སྙིང་བརྩེ་བའི་སེམས་སྐྱེས་ཏེ། དངངས་ནས་བ་སྤུ་ལངས་པ་ཙམ་དུ་སྐྲག་པར་གྱུར་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་སུ་ཆོས་བསྟན་ཏེ། དེ་དག་གི་སེམས་ཚིམ་པར་གྱུར་ནས། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་ཏེ། ལྷ་དང་མིར་སྐྱེ་བའི་དགེ་བའི་རྩ་བ་བསྐྱེད་པ་ཡང་གྲངས་མེད་དོ། །སེམས་ཅན་དམྱལ་བ་དེ་དག་གིས་སངས་རྒྱས་མཐོང་ཞིང་ཆོས་ཐོས་པའི་རྐྱེན་གྱིས་ཤིན་ཏུ་དད་པའི་སེམས་སྐྱེས་ཏེ། དེ་དག་ཚེའི་དུས་བྱས་ནས་


DKG074_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལྷ་དང་མིར་སྐྱེས་སོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་པུས་མོ་གཉིས་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ཆེ་བའི་མཚན་སུམ་ཅུ་རྩ་གཉིས་མངའ་བ། སྐུའི་མཚན་གཞན་བལྟར་སྣང་ན་དེ་བཞིན་གཤེགས་པའི་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་བ་འཁོར་རྣམས་ལ་བསྟན་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་བརྐྱང་སྟེ། འཁོར་མང་པོ་ཐམས་ཅད་ལ་ཞབས་ཀྱི་མཐིལ་ན་འཁོར་ལོའི་མཚན་མངའ་བ་ཐམས་ཅད་ལ་བསྟན་ཏོ། །འཁོར་ཐམས་ཅད་ཀྱིས་ཞབས་ཀྱི་འོག་གི་འཁོར་ལོའི་མཚན་རི་མོ་བྲིས་པ་ལྟ་བུར་ཤིན་ཏུ་གསལ་བ་མཐོང་ནས་སྐྱོ་མི་ཤེས་པར་བལྟ་འདོད་དོ། །ལྷག་པར་དགའ་བའི་སེམས་སྐྱེས་ཏེ། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་བཅོམ་ལྡན་འདས་ཀྱིས་བསོད་ནམས་ཅི་ཞིག་མཛད་ན། འདི་ལྟ་བུའི་འཁོར་ལོའི་མཚན་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་སྔོན་འདས་པའི་དུས་ན་དགེ་བ་བཅུའི་ལས་དག་ཀྱང་བྱས། གཞན་དག་བྱེད་པར་ཡང་བསྐུལ་བས་འདི་ལྟ་བུའི་མཚན་ཤིན་ཏུ་གསལ་བར་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཡང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་དགེ་བ་བཅུའི་ལས་ཇི་ལྟར་མཛད་པ་དང་། གཞན་དག་དགེ་བ་བཅུ་བྱེད་པར་ཇི་ལྟར་བསྐུལ་བ་ཐུགས་བརྩེ་བར་དགོངས་ཏེ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། ཤིན་ཏུ་རྟག་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཤིང་རྟ་ནི་མོ་ཞེས་བྱ་བ། རྒྱལ་ཕྲན་ནི་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་དེ། གྲོང་ཁྱེར་ཁྲི་ཕྲག་བཅུ་ཡོད། བློན་པོ་ཆེན་པོ་ནི་སྟོང་ཕྲག་བཅུ་ཡོད་དེ། རྒྱལ་པོ་དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ་ཡོད་ཀྱང་། སྲས་གཅིག་ཀྱང་མེད་པས་རྒྱལ་པོ་རབ་ཏུ་མི་དགའ་སྟེ། གདུང་ཚབ་པ་ཡང་མེད་སྙམ་ནས། ཤིན་ཏུ་མྱ་ངན་གྱིས་ནོན་ཏེ། ལྷ་མཚུན་ཀུན་ལ་མཆོད་ནས་ཕྱིས་དུས་གཞན་ཞིག་ན། བཙུན་མོ་ཆེན་མོ་སུ་ལི་པ་ལ་ཞེས་བྱ་བ་སེམས་ཅན་དང་ལྡན་པར་


DKG074_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏེ། དེ་ཚུན་ཅད་བཙུན་མོ་ཡང་ཡིད་གཞུངས་ཤིང་མཁས་པ་དང་། མཉེན་ཞིང་དེས་པས་འགྲོ་བ་མང་པོ་ཡང་དགེ་བ་ལ་འགོད་པར་མོས་པ་དང་། ཕྱིས་ཟླ་བ་ཚང་བ་དང་། བུ་ཁྱེའུ་ཞིག་བཙས་ཏེ། བྱད་གཟུགས་ལེགས་པ་བལྟ་ན་སྡུག་པ། ཕལ་ལས་འཕགས་པར་བཟང་བ། བ་སྤུའི་བུ་ག་ཀུན་ནས་འོད་འབྱུང་བ་ཞིག་བཙས་ཏེ། རྒྱལ་པོ་ཡང་བུ་དེ་ལ་ཤིན་ཏུ་སྡུག་པར་སེམས་པས་སྐྱོ་མི་ཤེས་པ་ཙམ་དུ་རྟོག་སྟེ། མཚན་མཁན་ལ་བསྟན་ནས། མཚན་མཁན་གྱིས་ཀྱང་མཚན་བཟང་ངན་བརྟགས་ན། ཁྱེའུ་འདི་ནི་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་དགའ་བ་སྐྱེས་ནས་ཁྱེའུ་འདིའི་མཚན་དང་སྦྱར་ན་གླིང་བཞི་ལ་དབང་བར་འགྱུར་རོ། །ཞེས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོ་ཡང་རབ་ཏུ་དགའ་ནས་མཚན་མཁན་ལ་ཁྱེའུའི་མིང་ཐོགས་ཤིག་ཅེས་སྨྲས་པ་དང་། མཚན་མཁན་གྱིས་རྒྱལ་པོ་ལ་ཁྱེའུ་འདི་མའི་རུམ་དུ་ཞུགས་ནས། ངོ་མཚར་ཆེ་བའི་ལྟས་ཅི་བྱུང་ཞེས་དྲིས་པ་དང་། ཁྱེའུའི་མས་ལྷག་པར་ཡིད་གཞུངས་ཤིང་དེས་པ་དང་། དགེ་བར་འགོད་པ་ལ་དགའ་བར་གྱུར་ཏོ་ཞེས་སྨྲས་ནས། མཚན་མཁན་གྱིས་ཁྱེའུའི་མིང་ཤེས་རབ་འོད་ཅེས་བཏགས་ཏེ། རྒྱལ་ཚབ་དུ་དབང་བསྐུར་ནས་མཁས་པའི་བློ་དང་ལྡན་ཏེ་གཞན་པས་འཕགས་པར་གྱུར་ཏོ། །དེ་ནས་དུས་ཕྱིས་ཞིག་ན་རྒྱལ་པོ་ཆེན་པོ་ཚེ་འཕོས་ནས། བློན་པོ་རྣམས་ཀྱིས་རྒྱལ་བུ་དེ་རྒྱལ་པོར་དབང་བསྐུར་བར་གསོལ་པ་དང་། རྒྱལ་བུས་བློན་པོ་རྣམས་ལ་ངས་ནི་རྒྱལ་པོ་མི་ནུས་སོ་ཞེས་བསྒོའོ། །བློན་པོ་རྣམས་ཀྱིས་གསོལ་པ། ད་རྒྱལ་པོ་ཆེན་པོ་ནོངས་ཏེ་རྒྱལ་བུ་མ་ལགས་པ་རྒྱལ་པོ་གཞན་འགའ་ཡང་མེད་དོ། །ད་རྒྱལ་བུས་རྒྱལ་པོ་མི་མཛད་ན་སུ་ཞིག་རྒྱལ་པོར་གཞུག་ཅེས་གསོལ་པ་དང་། རྒྱལ་བུས་སྨྲས་པ། འཇིག་རྟེན་འདི་དག་ནི་མི་རིགས་པའི་སྡིག་པའི་ཆོས་བྱེད་དོ། །བསད་པ་དང་། ཆད་པས་བཅད་པའི་ལས་བྱས་ན། ཁོ་བོ་ལ་ཁ་ན་མ་ཐོ་བའི་ལས་མི་ཆུང་སྟེ། གལ་ཏེ་ཁྱེད་ཡུལ་མི་ཐམས་ཅད་ཀྱིས་དགེ་བ་བཅུའི་ལས་བྱེད་ནུས་ན། ཁོ་བོ་ཡང་རྒྱལ་པོ་བྱེད་ནུས་སོ་ཞེས་བསྒོའོ། །བློན་པོ་རྣམས་ཀྱིས་གསོལ་པ། འདི་ནི་ལེགས་ཏེ་རྒྱལ་སར་གཤེགས་ཏེ་དབང་མཛོད་ཅིག་དང་།


DKG074_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བཅུའི་ལས་ཀྱི་ལམ་ཐམས་ཅད་བགྱིད་པར་བཀར་བཏགས་སོ་ཞེས་གསོལ་པ་དང་། མོད་ལ་རྒྱལ་བུ་ཡང་རྒྱལ་སར་གཤེགས་ནས་མི་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་པར་ཡིད་འཐུན་ཏེ་བཀའ་བཞིན་དུ་བྱས་སོ། །དེའི་ཚེ་བདུད་ཀྱི་རྒྱལ་པོས་ཕྲག་དོག་བྱས་ཏེ། རྒྱལ་པོའི་སྲིད་མི་རུང་བར་བྱ་བའི་ཕྱིར་སྐུར་ཡིག་བྲིས་ནས་རྒྱལ་ཕྲན་ཀུན་ལ་སྤྲིངས་ཏེ། སྔར་དགེ་བ་བྱོས་ཤིག་པར་བཀར་བཏགས་པ་ནི་དགེ་བ་བྱས་ཀྱང་མངོན་རྟགས་མེད་དེ། བདག་ཉོན་མོངས་པ་ལས་ཕན་པའི་དོན་མེད་ཀྱིས། ད་ཕྱིན་ཅད་ཡིད་བཞིན་དུ་མི་དགེ་བ་བཅུ་ལ་བག་མེད་པར་སྤྱོད་ཅིག།ཅེས་སྤྲིངས་པའི་སྐུར་ཡིག་རྒྱལ་ཕྲན་རྣམས་ཀྱི་ལག་ཏུ་འོངས་ནས། རྒྱལ་ཕྲན་རྣམས་ངོ་མཚར་དུ་གྱུར་ཏེ། རྒྱལ་པོ་ཆེན་པོ་ཅིའི་ཕྱིར་སྡིག་པའི་ལས་བྱེད་པར་བསྐུལ་སྙམ་ནས་འདི་ནི་རིགས་པ་མ་ཡིན་ཏེ། ཡིད་མ་ཆེས་པར་རྒྱལ་པོ་ལ་ཞུས་པ་དང་། རྒྱལ་པོས་དེ་སྐད་ཅེས་གསོལ་པ་ཐོས་ནས། དངངས་ཤིང་ངོ་མཚར་དུ་གྱུར་ཏེ། ངས་ནི་འདི་སྐད་དུ་བསྒོ་བ་མེད་ན། ཅིའི་ཕྱིར་འདི་འདྲ་བར་གྱུར་ཅེས་དངངས་ནས། རྒྱལ་པོ་ཉིད་ཡུལ་ཀུན་ཏུ་གཤེགས་ཏེ། མི་མང་པོ་སྔོན་ལས་གྱུར་ཏམ། མ་གྱུར་རྟོག་པར་གཤེགས་པ་ལས། བདུད་ཀྱི་རྒྱལ་པོས། ལམ་ཁར་མི་ཞིག་མེ་དོང་ཆེན་པོ་རབ་ཏུ་འབར་བའི་ནང་དུ་སྡུག་བསྔལ་གྱིས་སྙིང་རྗེ་རྗེ་སྐད་དུ་འདོན་པའི་སྒྲ་རྒྱལ་པོས་ཐོས་པར་སྤྲུལ་ནས། རྒྱལ་པོ་ཡང་དེའི་ཐད་དུ་གཤེགས་ནས། ཁྱོད་སུ་ཞིག་ཅི་ཉེས་ཞེས་དྲིས་ནས། མི་དེས་སྨྲས་པ། བདག་གིས་སྔོན་མི་འདི་དག་དགེ་བ་བཅུའི་ལས་ལ་བཀོད་པས། ད་ཤིན་ཏུ་མི་བཟད་པའི་སྡུག་བསྔལ་འདི་ལྟ་བུ་དག་མྱོང་བར་གྱུར་ཏོ། །རྒྱལ་པོས་སྨྲས་པ། དགེ་བ་བྱེད་པར་བསྐུལ་བས། འདི་ལྟར་སྡུག་བསྔལ་མྱོང་བར་གྱུར་པ་ནི་ཆོས་མེད་དེ། ཁྱོད་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ན། དགེ་བ་བྱེད་པར་བསྐུལ་ནས། དགེ་བ་བྱེད་པ་དེ་དག་དགེ་བའི་འབྲས་བུ་ཐོབ་པའམ། སྨྲས་པ་དེ་ནི་དགེ་བའི་འབྲས་བུ་ཐོབ་སྟེ། དགེ་བ་བྱེད་པར་བསྐུལ་བ་འབའ་ཞིག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་། །རྒྱལ་པོས་དེ་སྐད་ཅེས་ཐོས་ནས་ཤིན་ཏུ་དགའ་སྟེ། འདི་


DKG074_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་སྨྲས་སོ། །མི་ཕ་རོལ་པོས་དགེ་བའི་འབྲས་བུ་ཐོབ་པར་གྱུར་ན་ལྟ། སྡུག་བསྔལ་མྱོང་ཡང་བླའི། འགྱོད་པ་མེད་དོ་ཞེས་སྨྲས་པ་དང་། བདུད་ཀྱི་རྒྱལ་པོས་ཐོས་ནས། དེ་དག་དེ་མ་ཐག་ཏུ་མི་སྣང་བར་བྱས་སོ། །དེ་ནས་རྒྱལ་པོ་ཡུལ་ཀུན་ཏུ་གཤེགས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ཏུ་བསྒྲགས་ཏེ། འབངས་ཐམས་ཅད་ལུས་དང་། ངག་དང་ཡིད་ཀྱི་སྒོ་ནས་དགེ་བ་ལ་འདུན་ཏེ། ཐམས་ཅད་ཀྱིས་རྒྱལ་པོའི་ཡོན་ཏན་བསྔགས་པས། དེའི་ཚེ་གསེར་གྱི་འཁོར་ལོ་དང་། རིན་པོ་ཆེ་སྣ་བདུན་དང་ལྡན་ནས། གླིང་བཞི་ཀུན་ཏུ་གཤེགས་ཏེ། དགེ་བ་ལ་བཀོད་པ་ལྷུར་བྱས་སོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་ཆེན་པོ་དེ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་བུ་དེའི་མ་ཡུམ་དེ་ནི། ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །རྒྱལ་པོ་ཤེས་རབ་འོད། མི་མང་པོ་དགེ་བ་བཅུ་ལ་བཀོད་པ་དེ་ནི་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་ཡང་ང་ཉིད་དགེ་བ་བཅུ་ཉམས་སུ་བླངས་ཏེ། གཞན་དག་ཀྱང་དགེ་བ་བཅུ་ལ་བཀོད་པས། དེའི་ཕྱིར་ཞབས་ཀྱི་འོག་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པར་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས། ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་དྲུག་པོ་མྱོས་ཤིང་བསླད་པའི་འཁོར་དུ་བཅས་པ་རང་གིས་ཚོད་མི་འཛིན་ཏེ། རྙེད་པ་དང་གྲགས་པ་ལ་ཆགས་ནས། ཕྲག་དོག་གི་སེམས་སྐྱེས་ཏེ། བཅོམ་ལྡན་འདས་དང་ཆོ་འཕྲུལ་འགྲན་པར་གསོལ་པ། བཅོམ་ལྡན་འདས་ཀྱིས་གཅིག་མཛད་ན། བདག་ཅག་གིས་གཉིས་བགྱིའོ་ཞེས་མཆི་བ་ལགས། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བསྟན་ཀྱང་། སྟོན་པ་དྲུག་གིས་ཆོ་འཕྲུལ་གཅིག་ཙམ་ཡང་བསྟན་མ་ནུས་ཏེ། ངོ་ཚ་ཞིང་སྐྱེངས་ནས་ཆུར་མཆོངས་ཏེ། གུམ་པ་འདི་དག་ནི་ཧ་ཅང་ཡང་མྱོས་ཏེ། འཁྲུལ་ཏོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྟོན་པ་དྲུག་པོ་འདི་དག་རྙེད་པ་དང་གྲགས་པའི་ཕྱིར། ང་དང་འགྲན་པར་འདོད་ནས་སྲོག་འདོར་བ་འདི་འབའ་ཞིག་ཏུ་མ་ཟད་དེ། སྔོན་འདས་པའི་དུས་ན་ཡང་ང་དང་འགྲན་པར་


DKG074_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལས། ལུས་དང་སྲོག་གི་བར་དུ་ཡང་བྲལ་ལོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས། པུས་མོ་གཉིས་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་འདས་པའི་དུས་ན། བཅོམ་ལྡན་འདས་ཀྱིས་སྟོན་པ་དྲུག་དང་འགྲན་པ་བདག་ཅག་ལ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་རྟག་པར་ཡིད་ལ་ཟུང་ཤིག་དང་། སྔོན་འདས་པའི་དུས་ན། བསྐལ་པ་ཚད་མེད་གྲངས་མེད་པ་འདས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་མ་ཧ་ཤ་ཀུ་ལི་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་བཙུན་མོ་ལྔ་བརྒྱ་ཡོད་ཀྱང་། ཁྱེའུ་རིགས་འཚོབ་པ་གཅིག་ཀྱང་མེད་པས་རྒྱལ་པོ་དེས་འདི་སྙམ་དུ་སེམས་སོ། །ང་ནི་རྒས་འཁོགས་ཏེ་བུ་གཅིག་ཙམ་ཡང་རིགས་འཚོབ་པ་མེད་ན། གལ་ཏེ་ང་འདས་པའི་འོག་ཏུ་རྒྱལ་ཕྲན་རྣམས་གཅིག་ལ་གཅིག་མི་ཉན་ཅིང་དམག་འདྲེན་ཏེ། སེམས་ཅན་རྣམས་ཀྱང་མ་ཉེས་པར་འཆི་ལ། སྲིད་ཀྱང་འཁྲུགས་པར་འགྱུར་རོ། །སྙམ་བསམས་ནས། མྱ་ངན་གྱིས་ཡིད་གདུངས་ཏེ་སེམས་ཁོངས་སུ་ཆུད་དོ། །དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་རྒྱང་མ་ནས་རྒྱལ་པོ་དེ་མི་དགའ་ཞིང་། སེམས་ཁོངས་སུ་ཆུད་པ་མཐོང་ནས། ནམ་མཁའ་ལས་བབས་ཏེ། སྨན་པ་ཞིག་ཏུ་སྤྲུལ་ནས། རྒྱལ་པོ་དེའི་གན་དུ་སོང་སྟེ། རྒྱལ་པོ་ཁྱོད་ནི་ཅིའི་ཕྱིར་འདི་ལྟར་ཡི་མུག་ཅིང་མི་དགའ་ཞེས་དྲིས་པ་དང་། རྒྱལ་པོས་ཀྱང་སྔ་མ་བཞིན་གཏམ་བྱས་སོ། །སྤྲུལ་པའི་སྨན་པས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཁྱོད་མྱ་ངན་མ་བྱེད་ཅིག།བདག་ནི་ཁྱོད་ཀྱི་ཕྱིར་གངས་ཀྱི་རིར་སོང་ནས། གངས་ཀྱི་རིའི་སྨན་རྣམ་པ་མང་པོ་བཏུས་ཏེ། བཙུན་མོ་དག་ཟར་བཅུག་ན་ཟོས་མ་ཐག་ཏུ་བཙུན་མོ་དག་ཀུན་སེམས་ཅན་དང་ལྡན་པར་འགྱུར་བར་བགྱིའོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཚིག་འདི་ནི་བདག་གི་མྱ་ངན་


DKG074_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སངས་པར་བྱེད་དོ། །སྙམ་བསམས་ནས། སྨན་པ་ལ་ཁྱོད་ཀྱིས་འདི་ལྟར་ནུས་ན་ཤིན་ཏུ་ལེགས་སོ་ཞེས་སྨྲས་སོ། །དེའི་ཚེ་ན་སྤྲུལ་པའི་སྨན་པ་དེ་གངས་ཀྱི་རི་ལ་སོང་ནས། སྨན་རྣམ་པ་མང་པོ་བཏུས་ཏེ། ཁུར་དུ་ཁྱེར་ཏེ། ཕྱིར་རྒྱལ་པོའི་ཕོ་བྲང་དུ་འོངས་སོ། །དེ་ནས་སྨན་རྣམས་འོ་མ་ལ་བསྐོལ་ཏེ། བཙུན་མོ་ཆེན་མོ་ལ་བྱིན་པ་དང་། བཙུན་མོ་ཆེན་མོས་སྨན་དེ་མནམ་ཞིང་ཡིད་ཀྱང་མ་ཆེས་པས་འཐུང་དུ་མ་བཏུབ་པ་དང་། སྤྲུལ་པའི་སྨན་པ་ཡང་ཕྱིར་ལྷའི་གནས་སུ་སོང་ངོ་། །སྨན་དེ་ལ་བཙུན་མོ་ཆུང་ངུ་གཞན་དག་གིས་འཐུངས་ཏེ། བཙུན་མོས་དེ་དག་འཐུངས་ནས་རིང་པོར་མ་ལོན་པར་སོ་སོ་ནས་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་དག་གིས་དེ་བཞིན་དུ་བཙུན་མོ་ཆེན་མོ་ལ་སྨྲས་པ་དང་། བཙུན་མོ་ཆེན་མོ་འགྱོད་དེ་མི་དགའ་ནས་སྨན་དེའི་ལྷག་མ་ཅི་ཡོད་ཅེས་དྲིས་ན་ཟད་དོ་ཞེས་སྨྲས་སོ། །འོ་ན་སྨན་གྱི་ཚིགས་མ་ཙམ་ཡོད་དམ་ཞེས་དྲིས་ན། སྨན་གྱི་ཚིགས་མ་ནི་ཡོད་དོ་ཞེས་སྨྲས་སོ། །དེ་ནས་བཙུན་མོ་ཆེན་མོས་སྨན་གྱི་ཚིགས་མ་འོ་མའི་ནང་དུ་བསྐོལ་ཏེ་འཐུངས་པ་དང་། རིང་པོར་མ་ལོན་པར་སེམས་ཅན་དང་ལྡན་པར་གྱུར་ཏེ། བཙུན་མོ་གཞན་དག་སྔར་སྨན་འཐུངས་པ་ནི་ཟླ་བ་ཚང་ནས་སོ་སོ་ནས་བུ་ཁྱེའུ་ཤ་སྟག་བཙས་ཏེ། བཟང་བ་བལྟ་ན་སྡུག་པའོ། །རྒྱལ་པོ་རབ་ཏུ་དགའ་ནས་བཙུན་མོ་ཆེན་མོ་སྲས་ནམ་བཙའ་བ་འབའ་ཞིག་སེམས་སོ། །བཙུན་མོ་ཆེན་མོ་ཡང་ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་ཏེ། བྱད་བཞིན་མི་སྡུག་པ་ཤིང་དུམ་ལྟ་བུ་ཞིག་བཙས་ནས། རྒྱལ་པོ་དང་བཙུན་མོ་མི་དགའ་སྟེ། བུའི་མིང་སྡོང་དུམ་ཞེས་བྱ་བར་བཏགས་སོ། །དེ་ནས་གསོས་བསྐྱེད་དེ་ཆེར་སྐྱེས་ནས་ཕུ་བོ་རྣམས་ནི་ཐམས་ཅད་ཆུང་མ་ལེན་ཏེ། རྒྱལ་བུ་སྡོང་དུམ་འབའ་ཞིག་ཆུང་མ་མ་བླངས་སོ། །དུས་གཞན་ཞིག་ན་ཕ་རོལ་པོའི་རྒྱལ་པོས་དམག་དྲངས་ནས། ཉེ་བར་འོངས་པ་དང་། རྒྱལ་བུ་ལྔ་བརྒྱས་ཀྱང་དམག་གི་ཚོགས་བཤམས་ཏེ། ཕ་རོལ་པོའི་དམག་ལ་རྒོལ་དུ་སོང་སོང་བ་ལས་གཡུལ་ལས་ཕམ་ནས་ཕྱིར་ཕོ་བྲང་དུ་བྲོས་ནས་འོངས་སོ། །རྒྱལ་བུ་སྡོང་


DKG074_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་གྱིས་ཕུ་བོ་རྣམས་ལ་སྨྲས་པ། ཁྱོད་ཅིའི་ཕྱིར་འདི་ལྟ་བུར་འཇིགས་སྐྲག་སྟེ་བྲོས་ཞེས་དྲིས་ན། ཕུ་བོ་རྣམས་ཀྱིས་སྨྲས་པ། ངེད་དམག་དང་བཅས་ཏེ་ཕ་རོལ་པོའི་དམག་ལ་རྒོལ་དུ་སོང་བ་ལས་གཡུལ་ཕམ་ནས་ཕ་རོལ་པོའི་དམག་གིས་བཏབ་ནས། བྲོས་པ་ཡིན་ནོ། །རྒྱལ་བུ་སྡོང་དུམ་གྱིས་སྨྲས་པ། དགྲ་དེ་ཙམ་གྱིས་བདག་ཅག་ལ་བསྔོ་བར་མི་ནུས་ཀྱིས། བདག་ཅག་གི་མེས་པོའི་གཞུ་དང་། དུང་ད་ལྟར་ལྷ་རྟེན་གྱི་གནས་ན་ཡོད་པ་འོན་ཅིག་དང་། བདག་དེ་དག་ལ་རྒོལ་དུ་འགྲོའོ་ཞེས་སྨྲས་སོ། །རྒྱལ་བུ་དེའི་མེས་པོ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་ཏེ། མི་མང་པོ་བཟློག་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཞུ་གཡེར་པོར་བཏེགས་ཏེ། རྒྱལ་བུ་ལ་ཕུལ་ལོ། །རྒྱལ་བུས་གཞུ་བླངས་ཏེ་བརྡུངས་ནས་གཞུ་རྒྱུད་སྤྲིངས་པའི་སྒྲ་འབྲུག་སྐད་ཟེར་ཏེ། དཔག་ཚད་བཞི་བཅུའི་བར་དུ་ཐོས་པར་གྱུར་ཏོ། །དེ་ནས་རྒྱལ་བུས་དུང་དང་གཞུ་ཐོགས་ཏེ། གཅིག་པུ་དགྲ་ལ་རྒོལ་དུ་སོང་ནས་སྔར་དུང་བུས་ཏེ། དུང་གི་སྒྲ་གནམ་ལྕགས་འབབ་པ་སྐད་གྲགས་པས། ཕ་རོལ་པོའི་དམག་གིས་ཐོས་པ་ཙམ་གྱིས་འཇིགས་སྐྲག་སྟེ་ཐམས་ཅད་བྱེར་རོ། །དེ་ནས་རྒྱལ་བུ་ཡང་ཕྱིར་ལོག་ནས་རྒྱལ་པོ་དང་། བཙུན་མོས་གདོད་སྡུག་པར་སེམས་ཏེ། རྒྱལ་བུའི་ཆུང་མ་བླང་བར་སེམས་སོ། །དེའི་ཚེ་རྒྱལ་པོ་ལི་ཤི་པ་ཙ་ཞེས་བྱ་བ་ལ་བུ་མོ་ཞིག་ཡོད་དེ། འཇིག་རྟེན་ན་དཀོན་པར་བཟང་ངོ་ཞེས་ཐོས་ནས། རྒྱལ་པོས་ཕོ་ཉ་བཏང་ནས་བུ་མོ་མནའ་མར་བླངས་ཏེ། རྒྱལ་བུའི་ནང་ནས་བྱད་གཟུགས་བཟང་བ་ཞིག་དམག་པ་ཡིན་ནོ་ཞེས་བསྟན་ཏེ། རྒྱལ་པོ་དེས་བུ་མོ་སྦྱིན་པར་བྱས་སོ། །དེ་ནས་རྒྱལ་པོ་རབ་ཏུ་དགའ་ནས་མནའ་མ་བསུ་བའི་ཡོ་བྱད་བཤམས་ཏེ། རྒྱལ་བུ་སྡོང་དུམ་ཉིད་ཀྱང་ཆུང་མ་བསུར་བཏང་ནས་ཉིན་པར་ཆུང་མ་དང་མ་ཕྲད་པར་གྱིས་ལ། མཚན་མོ་ཕྲད་པར་གྱིས་ཤིག་ཅེས་བསྒོ་ནས་བཏང་ངོ་། །དེ་ནས་དུས་གཞན་ཞིག་ན་བུ་མོ་དེ་ཕུ་ནུ་མོ་གཞན་དག་དང་ཕྲད་ནས། སོ་སོ་ནས་ཁྱོའི་ཡོན་ཏན་ཅི་


DKG074_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་སྨྲས་པ་དང་། རྒྱལ་བུ་སྡོང་དུམ་གྱི་ཆུང་མས་ཀྱང་ཁྱོ་ལ་བསྟོད་དོ། །ཁོ་མོའི་ཁྱོ་ནི་དཔའ་ལ་སྟོབས་ཀྱང་གྱད་དང་མཉམ་སྟེ། ལུས་ཀྱི་ཤ་ཡང་ཤིན་ཏུ་འཇམ་མོ་ཞེས་སྨྲས་པ་དང་། ཕུ་ནུ་མོས་སྨྲས་པ། ཁྱོད་མ་སྨྲ་ཤིག།ཁྱོད་ཀྱི་ཁྱོ་ནི་ཤིན་ཏུ་ཡང་མི་སྡུག་སྟེ། སྡོང་དུམ་དང་འདྲ་བས་ཅི་སྟེ་ཁྱོད་ཉིན་པར་མཐོང་ན་དངངས་པར་འགྱུར་རོ་ཞེས་སྨྲས་སོ། །སྡོང་དུམ་གྱི་ཆུང་མས་ཕུ་ནུ་མོ་དེ་དག་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཡིད་ལ་བཟུང་སྟེ་མཚན་མོ་མར་མེ་སྦར་ནས། ཁྱོ་གཉིད་ཀྱིས་ལོག་པའི་འོག་ཏུ་མར་མེ་ཕྱུང་སྟེ། བལྟས་ན་ཤིན་ཏུ་མི་སྡུག་པར་མཐོང་ནས་དངངས་སྐྲག་སྟེ། མོད་ལ་ཕྱིར་ཕ་མའི་གནས་སུ་བྲོས་སོ། །རྒྱལ་བུ་སྡོང་དུམ་གྱིས་ནམ་ནངས་ནས་གཟོད་ཚོར་ཏེ་མི་དགའ་ནས་གཞུ་དང་དུང་ཐོགས་ཏེ། ཆུང་མའི་ཡུལ་དུ་ཆུང་མ་སྙགས་སུ་སོང་ངོ་། །ཡུལ་དེར་ཕྱིན་ནས་བློན་པོ་ཞིག་ལ་གནས་ཏེ། འདུག་འདུག་པ་ལས་དུས་གཞན་ཞིག་ན། རྒྱལ་ཕྲན་དྲུག་གི་རྒྱལ་པོས་ཀྱང་རྒྱལ་པོ་ལི་ཤི་པ་ཙ་ལ་བུ་མོ་བཟང་མོ་ཞིག་ཡོད་ཅེས་ཐོས་ནས། སོ་སོ་ནས་དམག་དང་ཆས་ཏེ་བུ་མོ་སློང་དུ་འོངས་སོ། །དེའི་ཚེ་རྒྱལ་པོ་ལི་ཤི་པ་ཙ་མི་དགའ་ནས། བློན་པོ་རྣམས་བསྡུས་ཏེ་བགྲོས་ནས། གལ་ཏེ་བུ་མོ་འདི་རྒྱལ་པོ་གཅིག་ལ་བྱིན་ན་ནི་གཅིག་མི་དགའ་ཞིང་འཁོན་དུ་འཛིན་པས། ཅི་ལྟར་བྱས་ན་དགྲ་འདི་དག་མེད་པར་འགྱུར་ཞེས་བགྲོས་པ་དང་། བློན་པོ་གཅིག་གིས་བུ་མོ་འདི་དུམ་བུ་དུམ་བུར་བྱས་ལ། དུམ་བུ་རེ་རེ་བྱིན་ལ་དེ་དག་ཡིད་ཚིམ་པར་འགྱུར་རོ་ཞེས་སྨྲས་སོ། །བློན་པོ་ཁ་ཅིག་གིས་འདི་སྐད་དུ་ལ་ལ་ཞིག་གིས་དམག་འདི་བཟློག་ནུས་ན། བུ་མོ་ཡང་ཆུང་མར་བྱིན་ལ་ཡུལ་ཕྱེད་ཀྱང་བྱ་དགར་བྱིན་ནོ། །ཞེས་བཀར་བཏགས་ན་རུང་ངོ་ཞེས་སྨྲས་སོ། །རྒྱལ་པོས་ཀྱང་གྲོས་དེ་མཉན་ཏེ་བཀར་བཏགས་པ་དང་། དེའི་ཚེ་རྒྱལ་པོ་སྡོང་དུམ་གཞུ་དང་དུང་ཐོགས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་དགྲ་གང་ན་འདུག་པར་སོང་ནས་དུང་བུས་ཏེ་གཞུ་རྒྱུད་


DKG074_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིངས་པ་ཙམ་གྱིས་ཕ་རོལ་པོའི་དམག་ཐམས་ཅད་སྐྲག་ནས་གཡུལ་འགུལ་ཡང་མ་ནུས་སོ། །དེ་ནས་དེ་དག་གི་དམག་གི་ནང་དུ་སོང་ནས་རྒྱལ་པོ་དྲུག་ཆར་གྱི་མགོ་བཅད་དེ་ཅོད་པན་བླངས་ནས་དམག་དེ་རྣམས་ཀྱང་འཁོར་དུ་བསྡུས་སོ། །རྒྱལ་པོ་ལི་ཤི་པ་ཙ་རབ་ཏུ་དགའ་སྟེ། བུ་མོ་ཡང་ཆུང་མར་བྱིན་ནས། རྒྱལ་པོ་ཆེན་པོར་བཅུག་སྟེ་རྒྱལ་པོ་དྲུག་གི་སྲིད་གཅིག་ཏུ་བསྡུས་ནས། དམག་གི་ཚོགས་དང་བཅས་ཏེ་ཆུང་མ་དང་འགྲོགས་ནས་ཕྱིར་བདག་གི་ཡུལ་དུ་འོངས་སོ། །རྒྱལ་པོས་ཀྱང་སྲས་ཕྱིར་འོངས་སོ་ཞེས་ཐོས་ནས་ཕྱི་རོལ་ཏུ་བསུས་ཏེ་རྒྱལ་སྲིད་ཀྱང་རྒྱལ་བུ་ལ་བྱིན་པ་ལས་བྱེད་དུ་མ་བཏུབ་ནས། ཕྱིར་ཡབ་ལ་གཏད་དེ་སྔོན་བཞིན་དུ་ཆུང་མ་དང་ལྷན་ཅིག་ཏུ་འདུག་ནས། ཆུང་མ་ལ་ཁྱོད་ཅིའི་ཕྱིར་མཚན་མོ་ཁོ་བོ་བོར་ཏེ་བྲོས་ཞེས་དྲིས་ན། ཁྱོད་ནི་མི་སྡུག་ཆེས་ནས་མི་མ་ཡིན་སྙམ་སྟེ་སྐྲག་ནས་བྲོས་སོ། །དེ་ནས་རྒྱལ་བུས་མེ་ལོང་བླངས་ཏེ་མེ་ལོང་གི་ནང་དུ་བལྟས་ན་བདག་གི་མདོག་ཤིན་ཏུ་མི་སྡུག་པ་མཐོང་ནས་ལུས་དེ་ལ་བལྟ་མི་འདོད་པ་ཙམ་དུ་སྐྱོ་ནས། ཚལ་ཞིག་གི་ནང་དུ་སོང་ནས་མཆི་མ་བྱས་པ་ལས་བརྒྱ་བྱིན་ལྷའི་དབང་པོས་རྒྱང་མ་ནས་མཐོང་སྟེ་དེའི་དྲུང་དུ་འོངས་ནས་ཅིའི་ཕྱིར་ཁྱོད་མཆི་མ་བྱེད་ཞེས་དྲིས་ནས། རྒྱལ་པོས་དེ་བཞིན་དུ་སྨྲས་པ་དང་བརྒྱ་བྱིན་གྱིས་སྤྲོ་བ་བསྐྱེད་དེ། རིན་པོ་ཆེའི་ནོར་བུ་ཅིག་ཀྱང་བྱིན་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་རྟག་ཏུ་ནོར་བུ་འདི་སྤྱི་བོ་ལ་ཐོགས་ཤིག་དང་ང་དང་འདྲ་བར་བཟང་ཞིང་མཛེས་པར་འགྱུར་རོ་ཞེས་བསྒོ་ནས་རྒྱལ་བུས་ནོར་བུ་སྤྱི་བོ་ལ་ཐོགས་མ་ཐག་ཏུ་བདག་གི་ལུས་སྔོན་བས་ལྷག་པར་གྱུར་པ་ཚོར་ནས་ཕྱིར་ཕོ་བྲང་གི་ནང་དུ་འོངས་ནས་གཞུ་དང་དུང་བླངས་ཏེ་རྩེར་འགྲོ་བ་ལས་ཆུང་མས་ངོ་མ་ཤེས་ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སུ་ཞིག་འདི་ལ་མ་རེག་ཤིག་ཁོ་མོའི་ཁྱོ་འོངས་ནས་གནོད་པར་གྱུར་ཏ་རེ་ཆུང་མ་ལ་སྨྲས་པ། ང་ཁྱོད་ཀྱི་ཁྱོ་ཡིན་ནོ་ཞེས་སྨྲས་ན་ཆུང་མ་ཡིད་མ་ཆེས་ཏེ། འདི་སྐད་ཅེས་སྨྲས་སོ། །ཁོ་མོའི་ཁྱོ་ནི་ཤིན་ཏུ་མི་སྡུག་སྟེ། ཁྱོད་ནི་ཤིན་ཏུ་ཡང་བཟང་བ་ཞིག་བྱུང་ན་ཅི་ལྟར་ཁོ་མོའི་ཁྱོ་ཡིན་ཞེས་སྨྲས་པ་དང་། རྒྱལ་བུས་སྤྱི་བོའི་ནོར་བུ་བཀྲོལ་མ་ཐག་ཏུ་ཕྱིར་མི་སྡུག་པར་མཐོང་ནས་རབ་ཏུ་དགའ་སྟེ། ཅིའི་ཕྱིར་འདི་ལྟར་གྱུར་ཅེས་དྲིས་ན་རྒྱལ་བུས་ཅིའི་ཕྱིར་དེ་ལྟར་གྱུར་པ་རྒྱས་པར་གཏམ་བྱས་ནས། དེ་ཕྱིན་ཅད་ཁྱོ་ཤུག་གཉིས་


DKG074_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་སྟེ། རྒྱལ་བུའི་མིང་སྡོང་དུམ་ཞེས་བྱ་བ་ཡང་མིང་རྗེས་ནས་རྒྱལ་བུ་སུ་ལན་ཤན་ཞེས་མིང་བཏགས་སོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་བུ་དེས་འདི་སྙམ་དུ་བསམས་སོ། །ད་ནི་དམག་དང་ཆས་ཏེ་ཕོ་བྲང་ཞིག་བྱའོ་སྙམ་དུ་བསམས་ནས། གང་ན་ས་གཞི་ཡངས་ཤིང་མཉམ་པ་ཞིག་ཏུ་སོང་སྟེ། འདིར་ཕོ་བྲང་གིས་ཅེས་བསྒོ་བ་དང་། ཀླུའི་རྒྱལ་པོ་བཞི་ཞིག་མིར་སྤྲུལ་ནས་འདིར་ཕོ་བྲང་མཛད་ན་ཅི་ལས་མཛད་ཅེས་དྲིས་ན། རྒྱལ་བུ་སུ་ལན་ཤན་གྱིས་སྨྲས་པ། ས་ལས་བྱའོ་ཞེས་བསྒོ་བ་དང་། ཀླུའི་རྒྱལ་པོ་བཞིས་ཅིའི་ཕྱིར་རིན་པོ་ཆེ་ལས་མི་མཛད་ཅེས་སྨྲས་སོ། །རྒྱལ་པོས་སྨྲས་པ། ཕོ་བྲང་ཆེན་པོ་ཞིག་བྱ་དགོས་ན་རིན་པོ་ཆེ་དེ་སྙེད་ཅིག་ག་ལས་རྙེད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོས་བདག་ཅག་གིས་འབུལ་ལོ་ཞེས་སྨྲས་ནས་དེའི་ངོས་བཞིར་ཆུ་མིག་རེ་རེ་སྤྲུལ་ཏེ་འདི་སྐད་ཅེས་སྨྲས་སོ། །ཤར་ཕྱོགས་ལོགས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན་ཐམས་ཅད་་རྱར་འགྱུར་རོ། །ལྷོ་ཕྱོགས་ལོགས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན་ཐམས་ཅད་གསེར་དུ་འགྱུར་རོ། །ནུབ་ཕྱོགས་ལོགས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན། ཐམས་ཅད་དངུལ་དུ་འགྱུར་རོ། །བྱང་ཕྱོགས་ངོས་ཀྱི་ཆུ་མིག་ལས་བཅུས་ཏེ་བྱས་ན་ཐམས་ཅད་ཤེལ་དུ་འགྱུར་རོ། །ཞེས་སྨྲས་སོ། །རྒྱལ་བུས་ཀྱང་དེ་དག་གིས་སྨྲས་པ་བཞིན་དུ་ཆུ་མིག་ལས་བཅུས་ནས་དེ་བཞིན་དུ་གྱུར་ཏོ། །དེ་ནས་ཕོ་བྲང་གི་ར་བ་ཁོ་ར་ཁོར་ཡུག་དཔག་ཚད་བཞི་བརྒྱ་པ་ཅིག་བྱས་ནས་དེའི་ནང་དུ་ཕོ་བྲང་དཔག་ཚད་བཞི་བཅུ་པ་ཞིག་བྱས་ཏེ། ལམ་གྱི་སྲང་ན་ཁང་བུ་བརྩེགས་པ་དང་སྐྱེད་ཤིང་དང་ཁྲུས་ཀྱི་རྫིང་བུ་ཡང་རིན་པོ་ཆེ་སྣ་བཞི་ལས་བྱས་སོ། །བཟང་ཁྱད་ལྷའི་ཕོ་བྲང་དང་འདྲ་བར་བྱས་སོ། །ཟིན་མ་ཐག་ཏུ་རིན་པོ་ཆེ་སྣ་བདུན་ཡང་ཡོད་པར་གྱུར་ཏེ། གླིང་བཞི་ལ་དབང་བྱེད་ཅིང་དགེ་བ་རྒྱས་པར་བྱས་སོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་མ་ཧ་ཤ་ཀུ་ལ་ནི་ད་ལྟར་ངའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །རྒྱལ་བུ་མི་སྡུག་པ་སྡོང་དུམ་ནི་ད་ལྟར་ང་ཡིན་ནོ། །དེའི་ཆུང་མ་དེ་ནི་སྐྱེ་དགུའི་བདག་མོ་ཡིན་ནོ། །དེའི་ཆུང་མ་དེའི་ཕ་དེ་ནི་འོད་སྲུང་ཡིན་ནོ། །


DKG074_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དྲུག་གིས་དམག་དྲངས་ཏེ་བུ་མོ་འདོད་པ་དེ་དག་ནི་སྟོན་པ་དྲུག་པོ་འདི་དག་ཡིན་ཏེ། དེའི་ཚེ་དེའི་དུས་ན་ཡང་ང་དང་གཟུགས་ལས་རྩོད་པས་ངས་དེ་དག་ཀུན་བསད་ནས་དམག་ཚོགས་ཀྱང་འཁོར་དུ་བསྡུས་པས་ད་ལྟར་གྱི་བར་དུ་རྙེད་པ་དང་གྲགས་པ་ལ་ཕྲག་དོག་བྱེད་པའི་ཕྱིར། ང་དང་འགྲན་པར་འདོད་ཀྱང་ཆོ་འཕྲུལ་མེད་དེ། བསམས་པ་ལྟར་མ་གྱུར་པས་ཆུར་ཤི་བ་ཡིན་ནོ། ། དེ་ལྟར་དེ་དག་གི་འཁོར་ཁྲི་ཕྲག་དགུ་བཅུ་ཡང་ངའི་འཁོར་དུ་བསྡུས་ནས་ངའི་ཉེ་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་སྡོང་དུམ་དེ་སྔོན་བསོད་ནམས་ཅི་ཞིག་བགྱིས་པས་འདི་ལྟར་མཐུ་སྟོབས་ཆེ་ལ་ཤིན་ཏུ་མི་སྡུག་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་བཀའ་སྩལ་པ། རྒྱུ་དང་རྐྱེན་ཡོད་དེ་བསྟན་པར་བྱའོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན་འཛམ་བུའི་གླིང་འདིར་ཡུལ་་་ཌ་་ཞེས་བྱ་བ་ན་དྲང་སྲོང་རི་ཞེས་བྱ་བ་རང་སངས་རྒྱས་ཞིག་གནས་སོ། །རང་སངས་རྒྱས་དེ་ལ་རླུང་ནད་ཡོད་པས་རླུང་ནད་ཀྱི་སྨན་འབྲུ་མར་འཐུང་དགོས་པ་ལས། འབྲུ་མར་འཚག་པའི་ཁྱིམ་དུ་སོང་ནས་འབྲུ་མར་བསླང་བ་དང་། འབྲུ་མར་འཚག་པ་དེས་དེ་ལ་ཁྲོས་ཏེ་མགོ་དང་ཤིང་དུམ་བུ་འདྲ་བ་རྐང་ལག་དང་། ཤིང་ཚལ་འདྲ་བ་འདི་ལས་བྱེད་དུ་མི་བཏུབ་ཀྱི་ཞོ་གཅིག་ནམས་ཀྱང་འབྱིན་དུ་མི་བཏུབ། སློང་མོ་འབའ་ཞིག་ལ་འཚོ་བ་ལྟོས་པ་འདི་ཞེས་སྤྱོས་ཤིང་བརྒྱད་ནས། འོན་ཀྱང་མར་གྱི་ཚིགས་མ་ཕུལ་ལོ། །རང་སངས་རྒྱས་དེས་མར་གྱི་ཚིགས་མ་ཐོབ་ནས་སྒོར་བྱུང་སྟེ། ཕྱིར་འགྲོ་བ་ལས་སྒོར་ཁར་མར་འཚག་པའི་ཆུང་མ་དང་ཕྲད་ནས། རང་སངས་རྒྱས་དེ་ལ་དད་པའི་སེམས་སྐྱེས་ཏེ། སྐྱེས་བུ་ཁྱེད་གང་ནས་གཤེགས་མར་གྱི་ཚིགས་མ་འདིས་ཅི་ཞིག་མཛད་ཅེས་དྲིས་པ་དང་། རང་སངས་རྒྱས་དེས་ཀྱང་དེ་བཞིན་དུ་དྲང་པོར་གཏམ་བྱས་ནས། ཆུང་མ་དེས་རང་སངས་རྒྱས་དེ་ཕྱིར་བོས་ནས། ཁྱིམ་དུ་ཁྲིད་ནས་ལྷུང་བཟེད་བླངས་ཏེ། འབྲུ་མར་ལྷུང་བཟེད་བཀང་ནས་ཕུལ་ཏེ། ཁྱོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་སྐྱེས་བུ་འདི་ལ་མར་གྱི་ཚིགས་མ་ཕུལ་བ་ཤིན་ཏུ་ཉེས་ཀྱིས་ཁའི་ཉེས་པ་འགྱོད་ཚངས་གྱིས་


DKG074_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བསྒོ་ནས་མི་དེས་ཀྱང་འགྱོད་པའི་སེམས་སྐྱེས་ཏེ། འགྱོད་ཚངས་བྱས་ནས་ཁྱོ་ཤུག་ཡིད་འཐུན་པར་རང་སངས་རྒྱས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་སླན་ཅད་ཀྱང་མར་དགོས་ན་རྟག་ཏུ་འོན་ཞིག་ཅེས་སྨྲས་ནས། རང་སངས་རྒྱས་དེས་ཀྱང་རྟག་ཏུ་དེའི་ཁྱིམ་ནས་མར་བླངས་ཏེ། དེ་དག་གི་བྱས་པ་གཟོ་བའི་ཕྱིར། དེ་དག་གི་དྲུང་དུ་ཆོ་འཕྲུལ་བསྟན་ཏེ། སྟེང་གི་ནམ་མཁའ་ལ་འཕགས་ནས། ཆུ་འབབ་པ་དང་། མེ་འབར་བ་དང་། ཆོ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ཏོ། །མར་འབུལ་བའི་ཁྱོ་ཤུག་གཉིས་ཀྱིས་དེ་ལྟ་བུའི་ཆོ་འཕྲུལ་མཐོང་ནས། ལྷག་པར་དགའ་ཞིང་དད་པའི་སེམས་སྐྱེས་ཏེ། མི་དེས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱིས་མར་ཕུལ་བའི་བསོད་ནམས་ཅི་ཡོད་པ་ཁོ་བོ་དང་ཐུན་མོང་དུ་གྱུར་ཏེ། བདག་ཅག་ཁྱོ་ཤུག་ཏུ་ཤོག་ཤིག་ཅེས་སྨྲས་པ་དང་། ཆུང་མས་སྨྲས་པ། ཁྱོད་ཀྱིས་སྐྱེས་བུ་ཆེན་པོ་འདི་ལ་ཚིག་ངན་པ་སྨྲས་ཏེ། མར་གྱི་ཚིགས་མ་ཕུལ་ནས། དད་པའི་སེམས་མེད་པས་གང་དུ་སྐྱེས་ཀྱང་ཤིན་ཏུ་མི་སྡུག་པར་འོངས་ན། ཁྱོད་དང་ཅི་ལྟར་ཁྱོ་ཤུག་བྱེད་ཅེས་སྨྲས་སོ། །ཁྱོས་སྨྲས་པ། ཁོ་བོ་རྟག་ཏུ་ཉོན་མོངས་ཏེ་ཡོངས་སུ་མར་འཚག་པའི་ལས་བྱས་ན་ཅིའི་ཕྱིར་ཁྱོད་ཀྱིས་སྦྱིན་པའི་འབྲས་བུ་ང་དང་ལྷན་ཅིག་ཏུ་མི་བསྔོ། ང་མི་ཉན་གྱིས་ཁྱོད་དང་ཁྱོ་ཤུག་ཏུ་བྱ་དགོས་སོ། །ཆུང་མས་སྨྲས་པ། ཅི་སྟེ་ཁྱོད་དང་ཁྱོ་ཤུག་ཏུ་གྱུར་ན། ཁྱོད་མི་སྡུག་ཆེས་བས་ཁོ་མོས་ཁྱོད་བོར་ཏེ་མཚན་མོ་བྲོས་སུ་འོང་ངོ་། །ཁྱོས་སྨྲས་པ། ཅི་སྟེ་ཁྱོད་བྲོས་ན་ཡང་ངས་ཕྱིར་སྙགས་ལ། ཁྱོད་ཐོབ་པར་བྱས་ནས་ཕྱིར་འོང་ངོ་ཞེས་ཁྱོ་ཤུག་གཉིས་གཅིག་ལ་གཅིག་སྨྲས་པ་དང་། རང་སངས་རྒྱས་དེ་ལ་ལུས་དང་སྲོག་ཕྱོགས་ནས་འགྱོད་ཚངས་བྱས་སོ། །དེའི་ཚེ་ན་རང་སངས་རྒྱས་དེས་ཁྱོ་ཤུག་དེ་གཉིས་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་ཁྱོ་ཤུག་གཉིས་ཀྱིས་ང་ལ་མར་བྱིན་པས་ན་ངའི་ནད་སོས་ཀྱིས་ཁྱོ་ཤུག་གཉིས་ཅིར་སྨོན་པ་སྨྲོས་ཤིག །དེ་བཞིན་དུ་འགྲུབ་པར་འགྱུར་རོ་ཞེས་བསྒོ་བ་དང་། མི་ཁྱོ་ཤུག་གཉིས་རབ་ཏུ་དགའ་ནས་པུས་མོ་ས་ལ་བཙུགས་ནས། འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་ཅག་ཁྱོ་ཤུག་གཉིས་ལྷའམ་མི་གང་དུ་སྐྱེས་ཀྱང་ཡིད་བཞིན་དུ་འགྲུབ་པར་གྱུར་


DKG074_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་སྨོན་ལམ་བཏབ་བོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་མར་འཚག་པའི་མི་དེ་རྒྱལ་བུ་སྡོང་དུམ་ཡིན་ནོ། །དེའི་ཆུང་མ་ནི་སྡོང་དུམ་གྱི་ཆུང་མ་ཉིད་ཡིན་ནོ། །དེའི་ཚེ་རང་སངས་རྒྱས་ལ་སྡོང་དུམ་དང་འདྲ་ཞེས་ཚིག་ངན་པ་སྨྲས་ཏེ། ཁྲོས་བཞིན་དུ་མར་གྱི་ཚིགས་མ་བྱིན་པས་སྐྱེ་བ་ཐམས་ཅད་དུ་ཤིན་ཏུ་མི་སྡུག་པར་གྱུར་ཏོ། །ཕྱིས་འགྱོད་ཚངས་བྱས་ཏེ་མར་བཟང་པོ་ཕུལ་བས་སྐྱེ་བ་ཐམས་ཅད་དུ་ཕྱིས་བཟང་ཞིང་སྡུག་པར་གྱུར་ཏོ། །མར་ཕུལ་བས་ན་སྐྱེ་བ་ཐམས་ཅད་དུ་མཐུ་སྟོབས་དང་ལྡན་ཏེ་ཐམས་ཅད་དུ་ཐུབ་པར་གྱུར་ཏོ། །དེའི་བསོད་ནམས་ཀྱིས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། གླིང་བཞི་ལ་དབང་ཞིང་འདོད་པ་ལྔ་ཡིད་བཞིན་དུ་སྤྱོད་པར་གྱུར་ཏོ། །དགེ་བ་དང་མི་དགེ་བའི་ལས་རྣམ་པར་སྨིན་པ་ནི་ནམ་ཡང་མེད་པར་མི་འགྱུར་ཏེ། དེ་བས་ན་ལུས་དང་ངག་དང་ཡིད་ཀྱི་ལས་བསྲུང་བ་ལ་ནན་ཏན་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་ཏེ་རྒྱལ་པོ་དང་། བློན་པོ་དང་། འཁོར་རྣམ་པ་བཞི་དང་། ལྷ་དང་ཀླུ་ལ་སོགས་པས་ཐོས་ནས། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །ལ་ལ་ནི་ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལ་ལ་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ནས། འཁོར་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །སྟོན་པ་དྲུག་བཏུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།

བཅུ་བཞི་པ། གཅན་གཟན་ཀུན་ཏས་ལུས་ཀྱི་སྦྱིན་པ་བྱས་པའི་ལེའུ།


DKG074_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཞི་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལ་བསེར་མའི་སྙུན་གྱིས་བཟུང་ནས། སྨན་པ་འཚོ་བྱེད་ཀྱིས་སྨན་རྣམ་པ་སུམ་ཅུ་རྩ་གཉིས་དང་མར་དུ་སྦྱར་ཏེ། ཉིན་རེ་བཞིན་སྨན་སྲང་སུམ་ཅུ་རྩ་གཉིས་གཉིས་གསོལ་ལོ། །ལྷ་སྦྱིན་མ་རུངས་པ་དེ་ཕྲག་དོག་གི་སེམས་བསྐྱེད་ནས། སངས་རྒྱས་དང་མཉམ་པའོ་ཞེས་བསྒྲགས་ཏེ། བཅོམ་ལྡན་འདས་སྨན་གསོལ་ཞེས་ཐོས་ནས་སྨན་འདོད་ཅིང་། སངས་རྒྱས་དང་འདྲ་བར་བྱ་བའི་ཕྱིར། སྨན་པ་


DKG074_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འཚོ་བྱེད་ལ་བཅོམ་ལྡན་འདས་ལ་གསོལ་བའི་སྨན་ང་ལ་ཡང་སྦྱོར་ཏེ་བྱིན་ཅིག་ཅེས་བསྒོའོ། །དེ་ནས་འཚོ་བྱེད་ཀྱིས་སྨན་སྦྱར་ཏེ་ལྷ་སྦྱིན་ལ་བྱིན་པས། ཉིན་རེ་རེ་ལ་སྨན་སྲང་བཞི་བཞི་ཐོང་ཤིག་ཅེས་བསྒོ་བ་དང་། ལྷ་སྦྱིན་གྱིས་ད་ལྟར་བཅོམ་ལྡན་འདས་ཉིན་རེ་རེ་སྲང་དུ་གསོལ་ཞེས་དྲིས་པ་དང་། འཚོ་བྱེད་ཀྱིས་བཅོམ་ལྡན་འདས་ད་ལྟར་ཉིན་རེ་རེ་སྲང་སུམ་ཅུ་རྩ་གཉིས་གཉིས་གསོལ་ཞེས་སྨྲས་པ་དང་། ལྷ་སྦྱིན་གྱིས་ཁོ་བོ་ལ་ཡང་ཉིན་རེ་སྲང་སུམ་ཅུ་རྩ་གཉིས་གཉིས་བྱིན་ཅིག་ཅེས་བསྒོ་བ་དང་། འཚོ་བྱེད་ཀྱིས་སྨྲས་པ། དེ་བཞིན་གཤེགས་པའི་སྐུ་དང་ཁྱོད་མི་འདྲ་སྟེ། ཁྱོད་ཀྱིས་མང་དུ་ཟོས་ན་མི་ཞུ་བས་གདོན་མི་ཟ་བར་ཕྱིས་ནད་དུ་འགྱུར་ཞེས་སྨྲས་པ་དང་། ལྷ་སྦྱིན་གྱིས་སྨྲས་པ། ཅི་ཙམ་ཟོས་ན་ཞུ་བའི་དྲོད་ཁོ་བོ་ལ་ཡོད་དེ། ཁོ་བོ་དང་སངས་རྒྱས་བྱེ་བྲག་ཅི་ཡོད་ཞེས་སྨྲས་ནས། སངས་རྒྱས་དང་འདྲ་བར་ཉིན་གཅིག་ལ་སྨན་སྲང་སུམ་ཅུ་རྩ་གཉིས་གཉིས་བཏང་ནས་སྨན་མ་ཞུ་སྟེ། རྩ་ཀུན་ཏུ་ཟུག་ནས་ཉམ་ཐག་སྟེ། ཤིན་ཏུ་སྡུག་བསྔལ་བའི་སྐད་ཕྱུང་ནས་འབོད་འགྲོགས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བར་དགོངས་ཏེ། རྒྱང་མ་ནས་ཕྱག་བརྐྱང་ནས་ལྷ་སྦྱིན་གྱི་མགོ་ལ་བྱུགས་པས་མོད་ལ་སྨན་ཀུན་ཞུ་ནས། ན་ཚའི་སྡུག་བསྔལ་དང་བྲལ་བར་གྱུར་ཏེ། ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ཀྱི་ཕྱག་ཡིན་པར་ཤེས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་དོན་གྲུབ་ཀྱིས་ཤེས་པའི་རྩལ་དུ་སྨན་ཡང་བསླབས་ཏེ། སྨན་པ་ཡང་མཁས་པ་ལྟ་སྟེ་མི་འདོད་དོ་ཞེས་སྨྲས་སོ། །དེའི་ཚེ་ཀུན་དགའ་བོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཤིན་ཏུ་མི་དགའ་སྟེ། པུས་མོ་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་འདི་ནི་བཀའ་དྲིན་མི་འཚལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བར་དགོངས་ནས། དེའི་ནད་ཡོངས་སུ་བསལ་ཀྱང་སླར་མི་དགེ་བའི་སེམས་ཀྱིས་ཚིག་མི་དགོས་པར་སྨྲས་ཏེ། རྟག་ཏུ་བཅོམ་ལྡན་འདས་ལ་བསྔོའོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་སྦྱིན་གྱིས་ད་ལྟར་འདི་འབའ་ཞིག་ཏུ་ང་ལ་མི་དགེ་བའི་སེམས་བསྐྱེད་ནས་ང་ལ་གནོད་པར་སེམས་པར་


DKG074_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཟད་ཀྱིས། སྔོན་འདས་པའི་དུས་ན་ཡང་ང་ལ་སྡིག་པའི་སེམས་བསྐྱེད་ནས་ང་བསད་པར་གྱུར་ཏོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། འདས་པའི་དུས་ན་ལྷ་སྦྱིན་གྱིས་ཅི་ལྟར་བགྱིས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་དཔག་ཏུ་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ཡུལ་་་ཌ་་ཞེས་བྱ་བ་ན། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ཁྲོ་ཞིང་གཏུམ་ལ་སྙིང་རྗེ་མེད་དེ། འདོད་ཆགས་དང་ཞེ་སྡང་ཆེ་བ། སྡིག་པའི་ལས་ཀྱིས་གཙེས་ཤིང་གསོད་པའི་ལས་ལ་དགའ་བ་ཞིག་བྱུང་ངོ་། །དེའི་ཚེ་རྒྱལ་པོའི་རྨི་ལམ་དུ་གཅན་གཟན་གྱི་ལུས་སྤུ་གསེར་ལྟར་འདུག་པ། སྤུའི་ཐོག་མ་ལ་གསེར་ལྟ་བུའི་འོད་འབྱུང་ཞིང་གཡས་གཡོན་ཐམས་ཅད་གསེར་གྱི་མདོག་ཏུ་སྣང་བར་བྱེད་པའི་གཅན་གཟན་གཅིག་ཅིག་རྨིས་ནས། དེ་མ་ཐག་ཏུ་སད་དེ་འདི་སྙམ་དུ་འདི་ལྟར་བདག་གིས་རྨི་ལམ་དུ་མཐོང་བ་འདི་ནི་གདོན་མི་ཟ་བར་ཡོད་ཀྱིས། རྔོན་པ་དག་དེའི་པགས་པ་ཚོལ་དུ་གཞུག་གོ་སྙམ་དུ་བསམས་ནས། རྔོན་པ་རྣམས་བསྡུས་ཏེ་འདི་སྐད་ཅེས་བསྒོའོ། །ཁོ་བོའི་རྨི་ལམ་དུ་གཅན་གཟན་གསེར་གྱི་མདོག་ཅན་སྤུའི་ཐོག་མ་ལ་གསེར་གྱི་མདོག་ལྟ་བུ་འབྱུང་བ་ཅིག་རྨིས་ཏེ། འདི་ལྟ་བུ་ཞིག་ཡུལ་འདི་ན་ཡོད་པར་ངེས་ཀྱིས་ཁྱོད་རྣམས་ཀྱིས་ཀུན་དུ་ཚོལ་ལ། དེའི་པགས་པ་བཤུས་ཏེ་ང་ལ་ཕུལ་ཅིག་དང་། ཁྱོད་ཀྱི་བུ་ཚ་རབས་བདུན་ཚུན་ཅད་དུ་སྐྱིད་ཅིང་བདེ་བར་བྱའོ། །གལ་ཏེ་སྙིང་ནས་མ་བཙལ་ལམ་ལེ་ལོ་ཞིག་བྱས་ཏེ། མ་རྙེད་ན་ཁྱེད་རྣམས་རྩ་རྒྱུད་ཚུན་ཅད་མེད་པར་བྱའོ་ཞེས་བསྒོའོ། །དེ་ནས་རྔོན་པ་དེ་དག་ཤིན་ཏུ་མི་དགའ་སྟེ། དབེན་པའི་ཕྱོགས་ཞིག་ཏུ་ཐམས་ཅད་འདུས་ནས་འདི་སྐད་ཅེས་བགྲོས་སོ། །རྒྱལ་པོས་རྨིས་པའི་གཅན་གཟན་དེ་ནི་གནའ་ནས་མ་མཐོང་སྟེ། གལ་ཏེ་བདག་ཅག་གིས་མ་རྙེད་ན། རྒྱལ་པོའི་བཀའ་ཁྲིམས་གཉན་པས་བདག་ཅག་གསོད་པར་འགྱུར་རོ་ཞེས་བགྲོས་ནས། ལྷག་པར་མི་དགའ་བའི་སེམས་སྐྱེས་ཏེ་ཡང་འདི་སྐད་ཅེས་སྨྲས་སོ། །ཤིང་ཁུང་འདི་དག་ན་སྦྲུལ་གདུག་པ་དང་གཅན་གཟན་མ་རུངས་པ་མང་བས། ལམ་རིང་པོར་འགྲོ་ཞིང་སྲོག་མི་ཕངས་པར་དོན་བསྒྲུབ་དུ་ནི་སྲོག་


DKG074_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྡོས་སུ་ཡང་མི་ནུས་པས། བདག་ཅག་གི་ནང་ན་མི་གང་ནུས་པ་གཅིག་ཅིག་ཚོལ་དུ་བཏང་ངོ་། །གལ་ཏེ་མི་དེས་མཐོང་བར་གྱུར་ན། གདོད་བདག་ཅག་སྦྲན་པར་བྱས་ན་ལེགས་སོ་ཞེས་སྨྲས་པ་དང་། མི་ཞིག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་སྲོག་དང་བསྡོས་ཏེ་ཀུན་དུ་ཚོལ་དུ་སོང་ཅིག །གལ་ཏེ་རྙེད་ན་ངེད་སྤྱི་ལས་ནོར་བཀལ་ཏེ་མང་དུ་སྦྱིན་ནོ། །གལ་ཏེ་ཁྱོད་མ་འཁོར་ན་ཡང་ཁྱོད་ཀྱི་བུ་དང་། ཆུང་མ་ལ་སྦྱིན་ནོ་ཞེས་སྨྲས་ཏེ། མི་དེས་ཀྱང་འདི་སྙམ་དུ་བདག་ནི་མི་མང་པོ་འདི་ལྟ་བུའི་ཕྱིར་ལུས་དང་སྲོག་ཡལ་ཡང་བླའོ་སྙམ་བསམས་ནས། འགྲོ་བའི་ཡོ་བྱད་བཤམས་ཏེ། རི་ནགས་ཚལ་ཉམ་ང་བ་ཀུན་དུ་ཚོལ་དུ་སོང་སོང་བ་ལས་ཡུན་རིང་ཞིག་ལོན་པས་ཤིན་ཏུ་ཉམ་ཐག་ནས། དབྱར་ཚ་བའི་དུས་སུ་བྱེ་མ་ཚ་བ་པུས་མོ་ནུབ་ཙམ་ཞིག་ཏུ་ཕྱིན་པ་དང་ངལ་ཆད་དེ། སྐོམ་གྱིས་གདུངས་པས་སྲོག་ཆད་ལ་ཐུག་པས་འདི་སྐད་ཅེས་སྨྲས་སོ། །སྙིང་རྗེ་དང་ལྡན་པ་སུ་ཞིག་བདག་འདི་ལྟར་སྡུག་སྡུག་པའི་ལུས་དང་སྲོག་གི་སྐྱབས་སུ་འགྱུར་བ་ཡོད་དམ་ཞེས་སྨྲས་པ་དང་། དེའི་ཚེ་ན་རི་དེ་ལ་གཅན་གཟན་ཀུན་ཏ་ཞེས་བྱ་བ་ལུས་ཀྱི་སྤུའི་མདོག་གསེར་གྱི་ཁ་དོག་ལྟ་བུ་ལ་སྤུའི་ཐོག་མ་ལ་གསེར་གྱི་འོད་འབྱུང་བ་ཞིག་ཡོད་པ་དེས་རྒྱང་མ་ནས་མི་དེས་སྨྲས་པའི་ཚིག་ཐོས་ནས། ཤིན་ཏུ་སྙིང་བརྩེ་བའི་སེམས་སྐྱེས་ཏེ། གང་ན་ཆུ་མིག་གྲང་མོ་ཡོད་པའི་ནང་དུ་ལུས་བཅུག་ནས་མི་དེའི་དྲུང་དུ་འོངས་ཏེ། མི་དེ་ལ་པང་པས་འཁྱུད་ནས་ཅུང་ཟད་ཉམས་བརྟས་པ་དང་། ཆུ་འགྲམ་དུ་ཁྲིད་དེ་བཀྲུས་ཏེ་ཤིང་ཏོག་བསྡུས་ཏེ་ཟར་བཅུག་གོ །དེ་ནས་མི་དེ་སོར་ཆུད་ནས་འདི་སྙམ་དུ་སེམས་སོ། །གཅན་གཟན་འདི་ནི་རྒྱལ་པོས་འདོད་པ་ཁོ་ན་ཡིན་ནོ། །བདག་སྲོག་དང་བྲལ་བ་ལས་སྲོག་གི་སྐྱབས་བྱས་ཏེ། དྲིན་གཟོ་བ་ཆུང་ཟད་ཀྱང་མ་བྱས་པར་འདི་ལ་གསོད་པའི་སེམས་ཅི་ལྟར་ཡང་བསྐྱེད། །གལ་ཏེ་མ་རྙེད་ན་ནི་རྔོན་པ་དེ་དག་གཉེན་དང་བཅས་སུ་དེ་དག་ཐམས་ཅད་གྱོད་ལས་ཐོགས་པར་འགྱུར་རོ་སྙམ་བསམས་ནས། མི་དགའ་ཞིང་འདུག་པ་ལས་གཅན་གཟན་གྱིས་ཁྱོད་ཅིའི་ཕྱིར་འདི་ལྟར་མི་དགའ་ཞེས་དྲིས་ན། མཆི་མ་བླགས་ནས་རྒྱས་པར་སྨྲས་པ་དང་། ཀུན་ཏས་འདི་ལ་ཁྱོད་མི་དགའ་མ་བྱེད་ཅིག།ངའི་པགས་པ་འདི་ཤིན་


DKG074_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ཐོབ་སླ་བ་ཡིན་ཏེ། ཁོ་བོས་བསམས་ན་ཚེ་སྔ་མ་ལ་ལུས་གྲངས་མེད་པ་ཞིག་བཏང་ཡང་། ལུས་ཀྱི་བསོད་ནམས་སུ་འགྱུར་བའི་ལས་མ་བྱས་ཏེ། ལུས་ཀྱི་པགས་པ་འདིས་དེ་དག་གི་སྲོག་སྐྱོབ་བོ་ཞེས་སྨྲས་ནས། རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། ཁྱོད་ཀྱིས་ཁོ་བོ་སྲོག་མ་བཅད་པར་པགས་པ་བཤུས་ཏེ་ཁྱེར་ཅིག།འགྱོད་པའི་སེམས་མེད་པར་ཁྱོད་ལ་སྦྱིན་ནོ། །དེའི་ཚེ་རྔོན་པ་དེས་པགས་པ་དལ་གྱིས་བཤུས་ནས་ཀུན་ཏས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གིས་པགས་པ་བཤུས་ལ་བྱིན་ཏེ། མི་མང་པོ་ཕངས་པའི་སྲོག་བསྐྱབས་པའི་བསོད་ནམས་འདི་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ཞིང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་བསྒྲལ་ནས། མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམ་པ་དྲུག་ཏུ་གཡོས་ཏེ། ལྷའི་ཕོ་བྲང་ཀུན་ལྟེག་ཅིང་གཡོས་ནས་ལྷ་རྣམས་དངངས་ཏེ་བལྟས་ན། བྱང་ཆུབ་སེམས་དཔས་ལུས་ཀྱི་པགས་པ་སྦྱིན་པར་བྱས་པ་མཐོང་ནས། ནམ་མཁའ་ལས་བབས་ཏེ་ཀུན་ཏ་ག་ལ་བ་དེར་ལྷགས་ནས་ལྷ་རྫས་ཀྱི་མེ་ཏོག་གིས་གཏོར་ཏེ་མཆོད་པ་བྱས་ནས་མཆི་མ་ཆར་བཞིན་དུ་བབ་བོ། །པགས་པ་བཤུས་ནས་སོང་བའི་འོག་ཏུ་ཤ་རློན་པ་དེ་ལ་ཁྲག་ཀུན་ནས་ཟག་ཅིང་། སྦྲང་མ་དང་གྲོག་མ་ལ་སོགས་པ་སྟོང་ཕྲག་བརྒྱད་ཅུ་རྙེད་དེའི་ལུས་ལ་འདུས་ནས་ཐམས་ཅད་དེ་ལ་ཟ་ཞིང་དེ་དག་བྲོས་སུ་དོགས་པས། ལུས་ཀྱང་མི་འགུལ་ཏེ་ལུས་ཀྱི་སྦྱིན་པ་བྱས་ནས་དེ་ཉིད་དུ་ཚེའི་དུས་བྱས་སོ། །སྦྲང་མ་དང་སྲིན་བུ་བྱང་ཆུབ་སེམས་དཔའི་ཤ་ལ་ཟོས་པ་རྣམས་ཀྱང་ཚེ་འཕོས་ནས་ཐམས་ཅད་མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་ཚེ་རྔོན་པ་དེས་པགས་པ་དེ་ཁྱེར་ཏེ། རྒྱལ་པོ་ལ་ཕུལ་ནས། རྒྱལ་པོ་རབ་ཏུ་དགའ་སྟེ། འདི་ལྟ་བུ་ཤིན་ཏུ་འཇམ་པའི་ཟླ་མེད་དོ་ཞེས་རྟག་ཏུ་ཉལ་བའི་སྟན་དུ་བཏིང་ནས་དེ་ལ་ཉལ་ལོ། །ཀུན་དགའ་བོ་དེ་ལྟར་རིག་པར་གྱིས་ཤིག།དེའི་ཚེ་དེའི་དུས་ན། གཅན་གཟན་ཀུན་ཏ་དེ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་


DKG074_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་སྦྱིན་དེ་ནི་ལྷ་སྦྱིན་ཡིན་ནོ། །སྲིན་བུ་སྟོང་ཕྲག་བརྒྱད་ཅུ་དེ་ནི་ང་ཐོག་མར་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བ་ན་འབྲས་བུ་ཐོབ་པའི་ལྷའི་སྲས་པོ་སྟོང་ཕྲག་བརྒྱད་ཅུ་པོ་ཡིན་ཏེ། ལྷ་སྦྱིན་གྱིས་དེའི་ཚེ་ན་ཡང་ང་བསད་དེ་ད་ལྟར་གྱི་བར་དུ་ང་ལ་སྡིག་པའི་སེམས་ཀྱིས་གསོད་པར་སེམས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་དགེ་བའི་ཆོས་ལ་འདུན་ཏེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལ་ལ་ནི་ཕྱིར་ལྡོག་པ་དང་། ལ་ལ་ནི་ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ལ་ལ་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་དགའོ། །གཅན་གཟན་ཀུན་ཏས་ལུས་ཀྱི་སྦྱིན་པ་བྱས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

བཅོ་ལྔ་པ། རབ་ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ།


DKG074_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་རབ་ཏུ་བྱུང་ན་དེའི་བསོད་ནམས་ནི་རབ་ཏུ་མང་སྟེ། བདག་གི་བུའམ། བུ་མོའམ། བྲན་ཁོལ་ལས་གང་ཡང་རུང་། རབ་ཏུ་བྱུང་བ་གནང་ངམ། བདག་ཉིད་རབ་ཏུ་བྱུང་ན་དེའི་བསོད་ནམས་ནི་དཔག་ཏུ་མེད་དོ། ། གང་ཞིག་སྦྱིན་པ་བྱས་པའི་བསོད་ནམས་དེ་ནི་སྐྱེ་བ་བཅུའི་བར་དུ་ལོངས་སྤྱོད་མྱོང་བར་འགྱུར་ཏེ། གནམ་རིམ་པ་དྲུག་གི་ལྷར་ཡང་དང་ཡང་དུ་ལན་སྟོང་སྐྱེས་པ་བས། མི་གཅིག་རབ་ཏུ་བྱུང་ངམ། བདག་ཉིད་རབ་ཏུ་བྱུང་ན་བསོད་ནམས་འདི་ནི་སྔ་མ་བས་མཆོག་ཏུ་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། སྦྱིན་པ་བྱས་པའི་བསོད་ནམས་ནི་ཟད་པའི་མཐའ་ཡོད་ཀྱི། རབ་ཏུ་བྱུང་བའི་བསོད་ནམས་ནི་དཔག་ཏུ་མེད། མཐའ་མེད། གཞན་ཡང་ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་ཀྱིས་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་དང་། མཐོ་རིས་ཀྱི་ལོངས་སྤྱོད་ཚངས་པའི་འཇིག་རྟེན་གྱི་བར་དུ་མྱོང་བར་འགྱུར་གྱི། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བའི་བསོད་ནམས་ནི་བསམ་གྱིས་མི་ཁྱབ་སྟེ། མྱ་ངན་ལས་འདས་པའི་བར་དུ་བསོད་ནམས་ཟད་མི་ཤེས་སོ། །གལ་ཏེ་ཁ་ཅིག་གིས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་མཐོ་ཁྱད་སུམ་ཅུ་


DKG074_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལ་ཐུག་པར་བྱས་པའི་བསོད་ནམས་ཀྱིས་རབ་ཏུ་བྱུང་བའི་བསོད་ནམས་ཙམ་ལ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་ནི་གླེན་པ་མ་རུང་བ་དག་གིས་བཤིག་པར་འགྱུར་གྱིས། རབ་ཏུ་བྱུང་བའི་བསོད་ནམས་གཞིག་ནུས་པ་མེད་དོ། །དགེ་བའི་ཆོས་འདོད་པ་ན། སངས་རྒྱས་ཀྱི་ཆོས་མ་གཏོགས་པར་འདི་ལས་ལྷག་པའི་ཆོས་གཞན་མེད་དོ། །དཔེར་ན་ལོང་བ་བརྒྱའི་མིག་སྨན་པ་མཁས་པ་གཅིག་གིས་ཕྱེ་སྟེ། ཅིག་ཅར་མཐོང་བར་བྱས་པ་དང་། གཞན་ཡང་མི་བརྒྱ་ཞིག་གི་མིག་དབྱུང་བ་ལ་ཐུག་པ་ལས། མཐུ་དང་ལྡན་པ་ཞིག་གིས་མིག་འབྱུང་བ་དེ་དག་དེ་ལས་ཐར་བར་བྱས་པ་དང་། མི་འདི་གཉིས་ཀྱི་བསོད་ནམས་ནི་དཔག་ཏུ་མེད་མོད་ཀྱི། འོན་ཀྱང་གཞན་རབ་ཏུ་བྱུང་ངམ། བདག་རབ་ཏུ་བྱུང་བའི་བསོད་ནམས་ཙམ་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། མི་འདི་གཉིས་ཀྱིས་དེ་དག་གི་མིག་བྱིན་པ་ནི་འཇིག་རྟེན་གྱི་ཕན་པ་དང་། བདེ་བ་ཙམ་མཐོང་བར་ཟད་ལ། ཤའི་མིག་གི་རང་བཞིན་ནི་འཇིག་པའི་རང་བཞིན་ནོ། །གཞན་རབ་ཏུ་ཕྱུང་ངམ། བདག་རབ་ཏུ་བྱུང་ན། གཅིག་གིས་གཅིག་བསྟན་ཅིང་དྲངས་པས་སེམས་ཅན་གྱི་ཁམས་བསྐལ་པའི་མཐར་བླ་ན་མེད་པའི་ཤེས་རབ་ཀྱི་མིག་ཏུ་འགྱུར་ཏེ། ཤེས་རབ་ཀྱི་མིག་གི་རང་བཞིན་ནི་བསྐལ་པའི་བར་དུ་འཇིག་པར་མི་འགྱུར་རོ། །དེའི་བསོད་ནམས་ཀྱིས་ལྷ་དང་། མིའི་ནང་ན་བདེ་བའི་ལོངས་སྤྱོད་ཟད་མི་ཤེས་པ། མཐར་ཐུག་པ་མེད་པ་ཡིད་བཞིན་དུ་མྱོང་ཞིང་མཐར་ཡང་མངོན་པར་འཚང་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་ཏུ་བྱུང་བའི་ཆོས་ནི་བདུད་ཀྱི་འཁོར་མེད་པར་བྱེད་ཅིང་། སངས་རྒྱས་ཀྱི་གདུང་འཚོབ་པར་བྱེད་དོ། །སྡིག་པ་མི་དགེ་བའི་ཆོས་མེད་པར་བྱེད་ཅིང་དགེ་བའི་ཆོས་སྐྱེད་པར་བྱེད་དོ། །ཁ་ན་མ་ཐོ་བའི་དྲི་མ་མེད་པར་བྱེད་ཅིང་། བླ་ན་མེད་པའི་བསོད་ནམས་ཀྱི་ལས་སྐྱེད་པར་བྱེད་དོ། །དེ་བས་ན་བཅོམ་ལྡན་འདས་ཀྱིས་རབ་ཏུ་འབྱུང་བའི་བསོད་ནམས་ནི་རི་རབ་ལྷུན་པོ་བས་འཕང་མཐོའོ། །རྒྱ་མཚོ་བས་གཏིང་ཟབ་བོ། །ནམ་མཁའ་བས་རྒྱ་ཆེའོ་ཞེས་གསུངས་སོ། །གལ་ཏེ་སུ་ཞིག་རབ་ཏུ་བྱུང་བའི་བགེགས་དང་བར་ཆད་བྱས་ཏེ། བསམ་པ་ལྟར་མ་གྱུར་ན་དེ་ཁ་ན་མ་ཐོ་བའི་


DKG074_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤིན་ཏུ་ལྔི་བ་ནི། དཔེར་ན་མི་ཞིག་མུན་ཁྲོད་དུ་སོང་བ་ཅི་ཡང་མི་མཐོང་བ་དང་འདྲ་བར་དེའི་སྡིག་པའི་རྣམ་པར་སྨིན་པ་ཡང་དེ་དང་འདྲ་སྟེ། ཤིན་ཏུ་མི་སྣང་བའི་མུན་པ་མུན་ནག་ཆེན་པོའི་སེམས་ཅན་དམྱལ་བར་ལྟུང་ངོ་། །དཔེར་ན་རྒྱ་མཚོའི་ནང་ན་ཆུ་བོ་དང་ཆུ་བྲན་ཐམས་ཅད་འབབ་པ་ལྟར་མི་དེའི་སྡིག་པའི་རྣམ་པར་སྨིན་པ་ནི་དེ་དང་འདྲ་སྟེ་ཉེས་པ་ཐམས་ཅད་དེའི་ལུས་ལ་འདུའོ། །དཔེར་ན་རི་རབ་ལྷུན་པོ་ནི་བསྐལ་པའི་མེ་བྱུང་ན། ལྷག་མ་མ་ལུས་པར་ཚིག་པ་དང་འདྲ་བར་དེའང་སེམས་ཅན་དམྱལ་བའི་མེས་ཚིག་ནས་ལྷག་མ་མ་ལུས་པ་ཡང་དེ་དང་འདྲའོ། །གཞན་རབ་ཏུ་བྱུང་བར་གནང་ངམ་གལ་ཏེ་བདག་རབ་ཏུ་བྱུང་ན། དེའི་བསོད་ནམས་ནི་རབ་ཏུ་ཆེའོ། །རབ་ཏུ་བྱུང་བ་ནི་མདོ་སྡེའི་ཆུ་ཡོངས་སུ་དག་པས་ཀུན་ནས་ཉོན་མོངས་པའི་དྲི་མ་ཐམས་ཅད་བཀྲུས་ཏེ། འཁོར་བའི་སྡུག་བསྔལ་ཡོངས་སུ་བསལ་ནས། མྱ་ངན་ལས་འདས་པའི་རྒྱུར་འགྱུར་རོ། །འདུལ་བའི་རྐང་པས་ཚུལ་ཁྲིམས་ཡོངས་སུ་དག་པའི་ས་ལ་འཆག་ཅིང་། ཆོས་མངོན་པའི་མིག་གིས་འཇིག་རྟེན་གྱི་དགེ་བ་དང་། སྡིག་པ་བལྟ་ཞིང་ཡིད་བཞིན་དུ་འཕགས་པའི་ལམ་ཡན་ལག་བརྒྱད་ལ་འགྲོ་སྟེ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་དོ། །དེ་བས་ན་རྒན་པོའམ། གཞོན་ནུ་རབ་ཏུ་བྱུང་ངམ། རབ་ཏུ་བྱུང་བར་གནང་ངམ། བདག་རབ་ཏུ་བྱུང་ན། དེའི་བསོད་ནམས་མཆོག་ཏུ་ཆེའོ། །དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོའི་ཁབ་ན་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བ་ལོ་བརྒྱ་ལོན་པ་ཞིག་གིས་རབ་ཏུ་བྱུང་བའི་ཡོན་ཏན་འདི་ལྟར་ཚད་མེད་དོ་ཞེས་ཐོས་ནས། འདི་སྙམ་དུ་བདག་ཅིའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྙམ་བསམས་ནས། ཆུང་མ་དང་། བུ་དང་། བྲན་ཁོལ་ལ་ང་ནི་རབ་ཏུ་བྱུང་ངོ་ཞེས་བྱས་སོ། །མི་དེ་རྒས་འཁོགས་པས་ཁྱིམ་གང་གི་མི་ཐམས་ཅད་སྐྱོ་སྟེ། དགོས་པ་མེད་དོ་སྙམ་ནས་རབ་ཏུ་བྱུང་ངོ་ཞེས་ཟེར་བ་ཐོས་པ་དང་། དེ་དག་དགའ་སྟེ་མྱུར་དུ་འགྲོ་བའི་རིགས་ཀྱི་དུས་ལ་བབ་བོ་ཞེས་སྨྲས་སོ། །དེ་ནས་ཁྱིམ་བདག་དེ་ཁྱིམ་ནས་བྱུང་སྟེ་འོད་མའི་ཚལ་དུ་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་གསོལ་དུ་སོང་ནས། འོད་མའི་ཚལ་དུ་ཕྱིན་པ་དང་།


DKG074_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལྷ་དང་མི་ལ་ཕན་པའི་དོན་རྒྱས་པར་མཛད་པ་གང་ན་བཞུགས་ཞེས་དྲིས་སོ། །དགེ་སློང་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ནི་འགྲོ་བ་མང་པོ་ལ་ཕན་པའི་དོན་དུ་རྒྱུ་ཞིང་གཞན་དུ་གཤེགས་ཞེས་སྨྲས་སོ། །ཁྱིམ་བདག་དེས་ཀྱང་དགེ་སློང་རྣམས་ལ་སངས་རྒྱས་སྟོན་པ་ཆེན་པོའི་འཁོར་མཁས་པ་དང་ཤེས་རབ་ཏུ་ལྡན་པའི་མཆོག་སུ་ཡིན་ཞེས་དྲིས་པ་དང་། དགེ་སློང་རྣམས་ཀྱིས་བཙུན་པ་ཤཱ་རིའི་བུ་ཡིན་ནོ་ཞེས་བསྟན་ཏོ། །རྒན་པོ་དེ་འཁར་བ་ལ་བརྟེན་ཏེ། ཤཱ་རིའི་བུ་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། འཁར་བ་བོར་ནས་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བདག་རབ་ཏུ་བྱུང་བར་གནོང་ཤིག།བཙུན་པ་ཤཱ་རིའི་བུས་བརྟགས་ན་ཁྱིམ་བདག་འདི་རྒས་པས་སློབ་པ་དང་། བསམ་གཏན་དང་། དགེ་འདུན་གྱི་ལས་བྱ་བ་རྣམ་གསུམ་ལས་ཉམས་ཏེ་མི་ནུས་སོ་སྙམ་བསམས་ནས། འདི་སྐད་ཅེས་སྨྲས་སོ། །ཁྱོད་ཕྱིར་སོང་ཤིག།ཁྱོད་ནི་རྒས་འཁོགས་ཏེ་དུས་ལས་ཡོལ་གྱིས། རབ་ཏུ་བྱུང་དུ་མི་རུང་ངོ་ཞེས་བསྒོའོ། །དེ་ནས་མཐར་གྱིས་འོད་སྲུང་ཆེན་པོ་དང་། ཨུ་་ལི་དང་། མ་འགགས་པ་ལ་སོགས་ཏེ་དགྲ་བཅོམ་པ་དེ་དག་ཀུན་གྱི་དྲུང་དུ་སོང་ནས་གསོལ་བ་བཏབ་པ་ལས། དེ་དག་ཀུན་གྱིས་ཁྱོད་སྔར་སུ་ལ་ཡང་གསོལ་བ་མ་བཏབ་བམ་ཞེས་དྲིས་ན་བདག་གིས་སྔར་བཙུན་པ་ཤཱ་རིའི་བུ་ལ་གསོལ་བ་བཏབ་བོ། །འོ་ན་ཅི་སྐད་ཟེར། དེས་ནི་ཁྱོད་རྒས་འཁོགས་ཏེ་དུས་ལས་ཡོལ་བས་རབ་ཏུ་བྱུང་དུ་མི་རུང་ངོ་ཞེས་མཆིའོ། །དེ་ནས་དགེ་སློང་དེ་དག་གིས་སྨྲས་པ། ཤཱ་རིའི་བུ་ལྟ་བུ་མཁས་པ་ཤེས་རབ་དང་ལྡན་པའི་མཆོག་དེས་ཀྱང་། མ་གནང་ན། བདག་ཅག་ཀྱང་དེ་དང་འདྲ་སྟེ་གནང་བ་མེད་དོ། །དཔེར་ན་སྨན་པ་མཁས་པ་སྨན་དཔྱད་ལ་མཁས་པས་ནད་པ་བརྟགས་ཏེ། སྨན་དཔྱད་མི་བྱེད་པར་སྤོང་ན། སྨན་པ་ཆུང་ངུ་གཞན་དེ་དག་གསོ་བར་མི་བྱེད་དེ། དེ་ལ་ངེས་པར་འཆི་བའི་མཚན་མ་ཡོད་པར་རྟོགས་པའི་ཕྱིར་རོ། །ཤཱ་རིའི་བུ་བློ་དང་ལྡན་པས་ཀྱང་མ་གནང་ན། དགེ་སློང་གཞན་ཡང་དེ་དང་འདྲ་སྟེ་གནང་བ་མེད་དོ་ཞེས་བསྒོའོ། །ཁྱིམ་བདག་དེ་དགེ་སློང་རྣམས་ཀྱིས་རབ་ཏུ་བྱུང་བར་མ་གནང་བས། འོད་མའི་ཚལ་ནས་ཕྱིར་བྱུང་སྟེ།


DKG074_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

སྒོའི་ཐེམ་པ་ལ་འདུག་ནས་སྐད་ཆེན་པོ་ཕྱུང་སྟེ་སྨྲེ་སྔགས་འདོན་ཅིང་འདུག་གོ །བདག་ཐོག་མ་སྐྱེས་ནས་ཉེས་པ་ཆེན་པོ་ནི་མ་བྱས་ན། ཅིའི་ཕྱིར་བདག་རབ་ཏུ་བྱུང་བར་མི་གནང་། ཨུ་་ལི་ལྟ་བུ་འདྲེག་མཁན་ལས་བྱུང་བ་ལྟ་བུ་ཕྱག་དར་བ་ངན་སྐྱུགས་འདོར་བ་དང་། སོར་འཕྲེང་ཅན་ལྟ་བུ་མི་གྲངས་མེད་པར་བསད་པ་དང་། ཨ་སི་ཀ་ལྟ་བུ་མི་རྒོད་མ་རུངས་པ་དེ་དག་ལ་སོགས་པ་ཡང་རབ་ཏུ་བྱུང་ན། བདག་ལ་ཉེས་པ་ཅི་ཞིག་ཡོད་དེ་རབ་ཏུ་བྱུང་དུ་མ་གནང་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་དེའི་དྲུང་དུ་གཤེགས་ཏེ། སྐུ་མངོན་པར་བསྟན་ན་འོད་ཟེར་གྱིས་ལྷང་ངེ་ལྷམ་མེར་གསལ་ཏེ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ནས་བརྒྱ་བྱིན་ལྷའི་དབང་པོའི་རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་ལྟར་མངོན་དུ་གཤེགས་ཏེ། ཁྱིམ་བདག་དཔལ་སྐྱེས་ལ་ཁྱོད་ཅིའི་ཕྱིར་ངུ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་ན་ཁྱིམ་བདག་དེས་སངས་རྒྱས་ཀྱི་གསུང་ཚངས་པའི་དབྱངས་ལྟ་བུ་ཐོས་ནས། རབ་ཏུ་དགའ་མགུ་རངས་པ་ནི། བུས་མ་མཐོང་བ་ཙམ་དུ་དགའ་སྟེ། ལུས་སྨད་ལྔ་ས་ལ་གཏུགས་ནས། སངས་རྒྱས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །སེམས་ཅན་གྱི་ནང་ན་མི་གསོད་པ་དང་། མི་རྒོད་བགྱིད་པ་དང་། བརྫུན་དུ་སྨྲ་བ་དང་། སྐུར་ཀླང་འདེབས་པའི་མ་རབས་ཀྱང་རབ་ཏུ་བྱུང་ན། བདག་འབའ་ཞིག་དངོས་སྡིག་ཅི་མཆིས་ན། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བར་མ་གནང་། བདག་གི་ཁྱིམ་གང་གི་མི་ཡང་རྒས་འཁོགས་པས་སྐྱོ་བར་གྱུར་ཏེ་དགོས་པ་མེད་དོ་ཞེས་མཆི་བས་གལ་ཏེ། སངས་རྒྱས་ཀྱི་བསྟན་ལ་རབ་ཏུ་བྱུང་བ་མ་གནང་ན། སླར་ཁྱིམ་དུ་མཆིས་ཀྱང་གདོན་མི་འཚལ་བར་བདག་ཁྱིམ་དུ་འཇུག་ཏུ་མི་སྟེར་བས་གང་དུ་ཡང་མཆི་བའི་གནས་མ་མཆིས་ཏེ། དེང་འདི་ཉིད་དུ་ངེས་པར་སྲོག་དང་བྲལ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྐྱེས་ལ་བཀའ་སྩལ་པ། ནམ་མཁའ་ལ་ལག་པ་བཏེག་པ་ལ་འདི་ནི་རབ་ཏུ་འབྱུང་ངོ་། །འདི་ནི་རབ་ཏུ་མི་འབྱུང་ངོ་ཞེས་ངེས་པར་སུ་ཞིག་སྨྲ། ཁྱིམ་བདག་གིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་མཁས་པའི་མཆོག།སངས་རྒྱས་ཀྱི་འོག་ཏུ་


DKG074_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་འཇིག་རྟེན་གྱི་དེད་དཔོན་ཤཱ་རིའི་བུས། བདག་བསྟན་པ་ལ་རབ་ཏུ་བྱུང་བར་མ་གནང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྗེ་ཆེན་པོས་ཇི་ལྟར་བུ་སྲི་ཞུ་ཆེ་བ་ལ་ཕ་མས་ཚིག་སྙན་པ་སྨྲ་བ་བཞིན་དུ་ཁྱིམ་བདག་དཔལ་སྐྱེས་དེ་ལ་སྤྲོ་བ་བསྐྱེད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་མྱ་ངན་མ་བྱེད་ཅིག་ངས་ཁྱོད་རབ་ཏུ་དབྱུང་ངོ་། །ཤཱ་རིའི་བུས་ནི་བསྐལ་པ་གྲངས་མེད་པ་གསུམ་གྱི་བར་དུ་བརྩོན་འགྲུས་དཀའ་བ་སྤྱོད་ཅིང་། བསྐལ་པ་བརྒྱར་བསོད་ནམས་བྱས་པ་ནི་མ་ཡིན། ཤཱ་རིའི་བུས་ཀྱང་སྐྱེ་བ་ཐམས་ཅད་དུ་ཤིན་ཏུ་སྤྱོད་དཀའ་བ། མགོ་བཅད་པ་དང་། མིག་ཕྱུང་བ་དང་། རུས་པ་དང་། རྐང་དང་། ཤ་དང་། ཁྲག་དང་། པགས་པ་དང་། རྐང་པ་དང་། ལག་པ་དང་། རྣ་བ་དང་། སྣ་བཅད་དེ་སྦྱིན་པ་བྱིན་པ་མ་ཡིན། ཤཱ་རིའི་བུས་ནི་སྟག་མོ་ལ་ལུས་བྱིན་པ་དང་། མེ་དོང་དུ་མཆོངས་པ་དང་། ལྕགས་གཟེར་སྟོང་ལུས་ལ་བཏབ་པ་དང་། ལུས་ལ་མར་མེ་སྟོང་བཙུགས་པ་མ་ཡིན་ནོ། །ཤཱ་རིའི་བུས་ནི་ཡུལ་དང་། གྲོང་ཁྱེར་དང་། ཆུང་མ་དང་། བུ་དང་། བྲན་ཕོ་དང་། བྲན་མོ་དང་། གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་སྣ་བདུན་གྱི་སྦྱིན་པའི་ལས་བྱས་པ་མ་ཡིན། ཤཱ་རིའི་བུས་ནི་བསྐལ་པ་གྲངས་མེད་པ་ཐོག་མ་ལ། སངས་རྒྱས་བརྒྱད་ཁྲི་བརྒྱད་སྟོང་ལ་བསྙེན་བཀུར་བྱས་པ་དང་། བསྐལ་པ་བར་མ་གྲངས་མེད་པ་ལ་སངས་རྒྱས་དགུ་ཁྲི་དགུ་སྟོང་ལ་བསྙེན་བཀུར་བྱས་པ་དང་། བསྐལ་པ་ཐ་མ་གྲངས་མེད་པ་ལ་སངས་རྒྱས་ཁྲི་ཕྲག་བཅུ་ལ་བསྙེན་བཀུར་བྱས་ཤིང་རབ་ཏུ་བྱུང་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་མ་ཡིན། ཤཱ་རིའི་བུས་ནི་ཆོས་ལ་དབང་དུ་གྱུར་པ་མ་ཡིན་ན། ཅིའི་ཕྱིར་འདི་ནི་རབ་ཏུ་འབྱུང་བའི་མི་རིགས་སོ་ཞེས་སྨྲ། ང་འབའ་ཞིག་ནི་ཆོས་ལ་དབང་མཛད་དེ། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བཏེག་ཅིང་བཟོད་པའི་གོ་ཆ་བགོས་ཏེ། བྱང་ཆུབ་ཀྱི་ཤིང་དྲུང་དུ་རྡོ་རྗེའི་གདན་ལ་བཞུགས་ནས། བདུད་ཀྱི་སྡེ་རྣམས་བཏུལ་ཏེ། མངོན་པར་སངས་རྒྱས་པས་ང་དང་མཉམ་པ་མེད་དོ། །དེ་བས་ན་ཁྱོད་ངའི་ཕྱི་བཞིན་ཤོག་ཤིག་རབ་ཏུ་དབྱུང་ངོ་ཞེས་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཐབས་རྣམ་པ་སྣ་ཚོགས་ཀྱིས་སྤྲོ་བ་བསྐྱེད་པས། མྱ་ངན་ཀུན་ཞི་ནས་


DKG074_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་དགའ་བའི་སེམས་སྐྱེས་ཏེ། སངས་རྒྱས་ཀྱི་ཕྱི་བཞིན་དུ་གཙུག་ལག་ཁང་དུ་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ད་གལ་ཡ་ན་ཆེན་པོ་ལ་ཁྱིམ་བདག་འདི་རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་ཏོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ནི་ལས་གང་དང་འཐུན་པ་དེས་འདུལ་བར་འགྱུར་ཏེ། སངས་རྒྱས་དང་འཐུན་པ་ལས་ནི་གཞན་གྱིས་འདུལ་བར་མི་འགྱུར་རོ། །གང་གཞན་དང་ལས་འཐུན་པ་དེ་ལ་ཡང་སངས་རྒྱས་ཀྱིས་འདུལ་བར་མི་འགྱུར་ཏེ། གང་ཞིག་ཤཱ་རིའི་བུ་དང་ལས་འཐུན་པ་ནི། ད་གལ་དང་། འོད་སྲུང་དང་། མ་འགགས་པ་དང་། ན་བུན་ལ་སོགས་པ་ཉེ་གནས་གཞན་ཐམས་ཅད་ཀྱིས་འདུལ་བར་མི་འགྱུར། དེ་བཞིན་དུ་གང་དང་གང་ལས་འཐུན་པས། དེ་ལ་གཞན་གྱིས་འདུལ་བར་མི་འགྱུར་རོ། །དེའི་ཚེ་ད་གལ་ཡ་ནས་ཀྱང་ཁྱིམ་བདག་འདི་རྒས་འཁོགས་ཏེ། ཁ་ཏོན་སློབ་པ་དང་། བསམ་གཏན་དང་། དགེ་འདུན་གྱི་ལས་བྱེད་མི་ནུས་ཏེ། ལས་བྱ་བ་གསུམ་ལས་ཉམས་སོ་སྙམ་བསམས་ཀྱང་། ཆོས་ཀྱི་རྒྱལ་པོ་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་པས། ཚུལ་གྱིས་བཟློག་ཏུ་མི་རུང་ངོ་སྙམ་བསམས་ནས། རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་སོ། །མི་འདིས་ཚེ་རབས་སྔ་མ་ལ་ཐར་བར་འགྱུར་བའི་རྒྱུ་ཡང་བསྐྱེད། ཆོས་ཀྱི་ལྕགས་ཀྱུས་ཟིན་པ་ནི་ཅི་ལྟར་ཉ་མཆིལ་པ་ཐོགས་ནས་གདོན་མི་ཟ་བར་ཕྱིར་འབྱུང་བ་ལྟར། ཐར་པའི་རྒྱུ་ཡང་བསྐྱེད། དགེ་བའི་ཚོགས་ཀྱང་བསགས་པས་ཉིན་མཚན་དུ་བརྩོན་འགྲུས་བསྐྱེད་དེ། ཀློག་པ་དང་། འདོན་པ་ལ་གོམས་ཤིང་། མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་རྒྱས་པར་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ན། རྒས་འཁོགས་པས་ཚུལ་བཞིན་དུ་རིམ་གྲོ་དང་། བསྟི་སྟང་དང་། བསུ་སྐྱེལ་དང་། བླ་མ་ལ་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་ནི་མི་ནུས་སོ། །དེ་ལ་དགེ་སློང་གཞོན་ནུ་སྔར་རབ་ཏུ་བྱུང་བ་གྲལ་མཐོ་བ་དག་འདི་སྐད་དུ་དགེ་སློང་རྒན་པོ་འདོན་པ་དང་། ཀློག་པ་དང་། སློབ་པ་ལ་བསྙེམས་ཏེ། བདག་ཅག་ལ་བཀུར་སྟི་ཡང་མི་བྱེད་སྙམ་ནས་རྟག་ཏུ་འཚེ་བར་གྱུར་ཏོ། །དེ་ནས་དགེ་སློང་རྒན་པོ་དེས་འདི་སྙམ་དུ་བསམས་སོ། །


DKG074_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྱིམ་ན་འདུག་པའི་ཚེ་ཆུང་མ་དང་བུས་གཙེས། ད་རབ་ཏུ་བྱུང་ནས་འདི་ལྟ་བུའི་བག་མེད་པར་འགྱུར་སྙམ་ནས། ད་ཡང་དགེ་སློང་གཞོན་ནུ་འདི་དག་གིས་གཙེས་ན། སྔོན་ཉེས་པ་ཅི་ཞིག་བྱས་ན་འདི་འདྲ་བའི་སྡུག་བསྔལ་གྱིས་གདུངས་པས། བདག་ད་ཤི་ཡང་རུང་སྙམ་བསམས་ནས། ཚལ་དེའི་འགྲམ་ན་ཆུ་ཆེན་པོ་ཞིག་འབབ་པའི་འགྲམ་དུ་སོང་ནས། ཆོས་གོས་ཕུད་དེ་ཤིང་གི་ཡལ་ག་ལ་བཀལ་ནས། པུས་མོ་ས་ལ་བཙུགས་ཏེ། མཆི་མ་བླགས་ནས་འདི་སྙམ་དུ་ཡི་དམ་བཅས་སོ། །བདག་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡོངས་སུ་སྤོང་བ་མ་ཡིན་གྱི། ལུས་འདི་འབའ་ཞིག་བཏང་ངོ་། །བདག་གིས་སྦྱིན་པ་བགྱིས་པ་དང་། ཚུལ་ཁྲིམས་བསྲུངས་པ་དང་། བརྩོན་འགྲུས་བརྩམས་པ་དང་། མདོ་སྡེ་ཁ་ཏོན་བྱས་པའི་བསོད་ནམས་ཀྱིས་བདག་ལུས་འདི་དང་བྲལ་ནས། བཙན་ཞིང་ཕྱུག་ལ་ལོངས་སྤྱོད་དང་ལྡན་པ། འཁོར་འདུམ་པའི་རིགས་སུ་སྐྱེས་ཏེ། བདག་དགེ་བའི་ཆོས་ལ་འཇུག་པའི་བགེགས་མི་བྱེད་པ་དང་། རྟག་ཏུ་དཀོན་མཆོག་གསུམ་དང་ཕྲད་པ་དང་། རབ་ཏུ་བྱུང་ཞིང་ཆོས་ལ་ནན་ཏན་བྱེད་པ་དང་། སློབ་དཔོན་མཁས་པ་དང་ཕྲད་དེ་མྱ་ངན་ལས་འདའ་བ་ཡང་སྟོན་པར་ཤོག་ཤིག་ཅེས་དམ་བཅས་སོ། །གང་ན་ཆུ་དྲག་པོ་འབབ་ཅིང་། ཟབ་པ། ཀློང་འཁྱིལ་པ་དང་། དཔའ་རྒོད་པར་མཆོངས་པར་གཟས་སོ། །དེའི་ཚེ་ད་གལ་གྱི་བུས། ལྷའི་མིག་གིས་བདག་གི་ཉེ་གནས་རྒན་པོ་དེ། ད་ལྟར་ཅི་ཞིག་བྱེད་སྙམ་བལྟས་ན། བདག་གི་ཉེ་གནས་དེ་ཆུར་མཆོངས་པ་མཐོང་ནས། ཆུར་མ་ཕྱིན་པར་རྫུ་འཕྲུལ་གྱི་མཐུས་བླངས་ནས། ཆུའི་འགྲམ་དུ་བཞག་སྟེ། ཆོས་ཀྱི་སྲས་ཁྱོད་ཅི་ཞིག་བྱེད་ཅེས་དྲིས་པ་དང་། རྒད་པོ་དེ་ངོ་ཚ་ཞིང་སྐྱེངས་ནས། ཇི་སྐད་དུ་ལན་གདབ་སྙམ་བསམས་ནས། གལ་ཏེ་བདག་གིས་བརྫུན་བྱས་ཏེ་སློབ་དཔོན་བསླུས་ན། སློབ་དཔོན་བསླུས་པས་སྐྱེ་བ་ཐམས་ཅད་དུ་ལྕེའི་དབང་པོ་མེད་པའི་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །ཅི་སྟེ་བདག་གིས་བརྫུན་དུ་སྨྲས་ན་ཡང་། སློབ་དཔོན་མངོན་པར་ཤེས་པ་མངའ་བས་རྟོགས་པར་འགྱུར་རོ། །གང་འཇིག་རྟེན་ན་མཁས་པའི་ཤེས་རབ་དང་ཡང་ལྡན་ལ་རང་བཞིན་གྱིས་དྲང་ཞིང་


DKG074_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་སྒྱུ་མེད་ན་ལྷ་རྣམས་ཀྱིས་བཀུར་བར་འགྱུར་རོ། །མཁས་པའི་ཤེས་རབ་དང་ལྡན་ལ་གཡོ་སྒྱུ་ཞིག་ཡོད་ན་གཞན་གྱི་སློབ་དཔོན་དུ་མི་རུང་སྟེ། མིས་བཀུར་བར་འགྱུར་རོ། །གལ་ཏེ་ཤེས་པ་མེད་ཀྱང་གཡོ་སྒྱུ་ཡང་མེད་དེ་དྲང་ན། གཞན་གྱི་དོན་བྱེད་མི་ནུས་ཀྱང་བདག་གི་དོན་བྱེད་པར་འགྱུར་རོ། །གལ་ཏེ་གླེན་པ་གཏི་མུག་ཅན་ཡང་ཡིན་ལ་གཡོ་སྒྱུ་ཡོད་ན། ཐམས་ཅད་ཀྱི་དགྲ་མ་རུངས་པ་ཡིན་ཏེ། ཅི་སྐད་སྨྲས་ཀྱང་འདི་ནི་བརྫུན་དུ་སྨྲ་བ་ཡིན་ཏེ། བསླུས་པ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་ཚིག་བདེན་པ་ཞིག་སྨྲས་ན་ཡང་། ཀུན་གྱིས་ཡིད་མི་ཆེས་ཏེ། དེ་བས་ན་བདག་གིས་སློབ་དཔོན་ལ་བརྫུན་དུ་སྨྲས་ཏེ། བསླུས་ན་མི་རིགས་མི་བཤའ་བས་གང་བདེན་པ་སྨྲའོ་སྙམ་བསམས་ནས། སློབ་དཔོན་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱིམ་གྱིས་སྐྱོ་སྟེ་ཁྱིམ་མ་ཡིན་པར་རབ་ཏུ་བྱུང་ནས་བདེན་པ་ཞུ་བ་འཚལ་ན། ད་ཡང་མི་བདེ་བར་གྱུར་ནས་བདག་འགུམ་སྙམ་མོ། །ད་གལ་གྱི་བུས་དེ་སྨྲས་པ་ཐོས་ནས། འདི་ལ་ནི་སྐྱེ་བ་དང་ཤི་བའི་འཇིགས་པ་ཞིག་གིས་བདག་གིས་མ་བསྡིགས་ན། རབ་ཏུ་བྱུང་བའི་དོན་མེད་པར་འགྱུར་རོ་སྙམ་བསམས་ནས། དེ་ལ་ངའི་ཆོས་གོས་ཀྱི་མཐའ་མ་འདི་ལ་དམ་དུ་བཟུང་ལ་མ་བཏང་ཤིག་ཅེས་སྨྲས་ནས། སྟེང་གི་ནམ་མཁའ་ལ་འཕགས་པ་ནི། རླུང་གིས་སྤུར་མ་བུས་པ་ལྟར་རྫུ་འཕྲུལ་གྱིས་ལག་ན་སྤུ་ཉག་མ་གཅིག་ཙམ་ཁྱེར་བ་དང་འདྲ་བར་འདི་བཞིན་དུ་ཕྱིན་ཏོ། །གཞན་ཡང་བྱ་ཁྲས་བྱེའུ་ཕྲུག་ཁྱེར་བ་ལྟར་ད་མཽ་གལ་གྱི་བུའི་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕགས་ནས། སྐྱེས་བུས་ལག་པ་བརྐྱང་བ་ལས་བསྐུམ་པ་དང་། བསྐུམ་པ་ལས་བརྐྱང་བ་ཙམ་གྱིས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །རྒྱ་མཚོའི་འགྲམ་དེ་ན་བུད་མེད་ཚེ་འཕོས་མ་ཐག་པའི་རོ་ཤིན་ཏུ་མཛེས་པ་བཟང་བ། མངའ་བྱད་ལེགས་པ། མཚན་དང་ལྡན་པ་ལ་སྦྲུལ་ཞིག་ཁའི་ནང་དུ་ཞུགས་ནས་སྣའི་ནང་དུ་བྱུང་། མིག་གི་ནང་ནས་ཞུགས་ནས་རྣ་བའི་ནང་དུ་བྱུང་བ་ད་གལ་གྱི་བུས་རབ་ཏུ་བརྟགས་སོ། །དེ་ནས་དགེ་སློང་དཔལ་སྐྱེས་ཀྱིས་བུད་མེད་འདི་ལྟ་བུ་མཚན་དང་ལྡན་པ་སུ་ཞིག་ཞེས་ཞུས་ན། ནམ་དུས་ལ་བབ་


DKG074_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསྟན་ཏོ་ཞེས་སྨྲས་ཏེ། ཡང་སོང་བ་དང་། བུད་མེད་གཅིག་ཟངས་ཆེན་པོ་ཞིག་བཙུགས་ཏེ། ཟངས་ཀྱི་ནང་དུ་ཆུ་བླུགས་ནས་འོག་ཏུ་མེ་བོ་ཆེ་བུས་ཏེ་ཆུ་ཁོལ་བ་དང་། གོས་ཕུད་དེ་ནང་དུ་ཞུགས་ཏེ་དེ་མ་ཐག་ཏུ་སྐྲ་དང་སྤུ་ཀུན་བྱི་ནས་ཤ་ཡང་ཚོས་ཏེ། རུས་པ་ཡང་བྱི་ནས། ཆུ་ལུད་པས་རུས་པ་རྣམས་ཕྱིར་བྱུང་ངོ་། །རུས་པ་དེ་དག་སླར་རླུང་གིས་བུས་པས་དེ་མ་ཐག་ཏུ་མི་ཞིག་ཏུ་གྱུར་ནས། ཟངས་ཀྱི་ནང་ནས་ཤ་ཕྱུང་སྟེ་ཟ་བ་ཞིག་མཐོང་ངོ་། །དགེ་སློང་དཔལ་སྐྱེས་སྐྲག་སྟེ་བ་སྤུ་ཡང་ལངས་ནས། སློབ་དཔོན་རང་གི་ཤ་ཟ་བ་འདི་སུ་ཡིན་ཞེས་ཞུས་ན། ད་གལ་གྱིས་དུས་ལ་བབ་ན་བསྟན་ཏོ་ཞེས་སྨྲས་པ་དང་། ཡང་སོང་སོང་བ་ལས་ཤིང་ཆེན་པོ་ཞིག་ལོ་མ་དང་ཡལ་གའི་བར་དུ་ཁབ་ཀྱི་རྩེ་མོ་ཙམ་གཟུག་པའི་ས་སྟོང་བ་ཡང་མེད་པར་སྲིན་བུ་མང་པོས་ཟ་བ་ལ་སྐད་ཆེན་པོར་ངུ་ཞིང་འབོད་པའི་སྒྲ་ཀུན་ཏུ་གྲགས་པ་སེམས་ཅན་དམྱལ་བའི་སྒྲ་འདྲ་བ་ཞིག་ཐོས་ནས། འདི་ལྟ་བུའི་སྒྲ་མི་སྙན་པ་སུ་ལགས་ཞེས་ཞུས་ན། ད་གལ་གྱིས་དུས་ལ་བབ་ན་བསྟན་ཏོ་ཞེས་སྨྲས་སོ། །དེ་ནས་ཡང་མིའི་ལུས་ལ་གཅན་གཟན་གྱི་མགོ་ཅན་དུ་འདུག་པའི་ཡི་དགས་མང་པོས་མི་ཞིག་ལ་འཁོར་བར་བསྐོར་ཏེ། ལག་ན་མདའ་གཞུ་ཐོགས་ཤིང་མདའ་ལ་མེ་འབར་བ་བཞིན་དུ་ཀུན་གྱིས་མི་དེ་ལ་མདའ་འཕངས་ནས་གཅིག་ཏུ་འབར་བར་མཐོང་སྟེ། འདི་ལྟ་བུའི་སྡུག་བསྔལ་མི་བཟད་པ་མྱོང་ཡང་འབྲོས་པའི་གནས་མེད་པ་འདི་སུ་ལགས་ཞེས་ཞུས་ན། སློབ་དཔོན་གྱིས་རེ་ཞིག་སྡོད་ཅིག་དུས་ལ་བབ་ན་བསྟན་ཏོ་ཞེས་བསྒོའོ། །དེ་ནས་ཡང་སོང་སོང་བ་ལས་རིང་ཞིག་ལོན་པ་དང་། རི་ཆེན་པོ་ཞིག་གི་དྲུང་ནས་རལ་གྲི་དང་མཚོན་རྣོན་པོ་སོ་གྱེན་དུ་བསྟན་ཏེ། བཙུགས་པ་ལས་མི་ཞིག་རིའི་རྩེ་མོ་ནས་ཐུར་དུ་རྒྱུགས་ཏེ་རལ་གྲི་དང་། མཚོན་གྱིས་ཟུག་ཅིང་རལ་ནས་ཕྱིན་ཡང་། རལ་གྲི་དང་མཚོན་ས་ལ་བཙུགས་ཏེ། དེ་བཞིན་དུ་མི་དལ་བར་རྒྱུགས་པ་མཐོང་ནས། འདི་ལྟ་བུ་སུ་ལགས་ཞེས་ཞུས་ན། སློབ་དཔོན་གྱིས་དུས་ལ་བབ་ན་བསྟན་ཏོ་ཞེས་བསྒོའོ། །དེ་ནས་ཡང་སོང་བ་ལས། རུས་པའི་རི་བོ་ཆེ་མཐོ་ཁྱད་དཔག་ཚད་བདུན་བརྒྱ་པ་ཉི་མ་ཡང་


DKG074_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིབ་ཅིང་། རྒྱ་མཚོ་ཡང་གྲིབ་མས་མུན་པར་གྱུར་པ་དེ་ལ་ད་གལ་འཛེགས་ཏེ། རྩིབ་རུས་གཅིག་གི་སྟེང་ནས་ཕན་ཚུན་དུ་འགྲོ་བའི་ཕྱི་བཞིན་དུ། བདག་ཀྱང་སོང་བ་མཐོང་ནས་འདི་སྙམ་དུ་བསམས་སོ། །བདག་ནི་སློབ་དཔོན་དང་དེའུ་རེ་བྲལ་གྱིས། སྔར་མཐོང་བའི་དངོས་པོ་དེ་དག་ཞུའོ་སྙམ་བསམས་ནས། སློབ་དཔོན་བདག་གིས་སྔར་མཐོང་བའི་དངོས་པོ་དེ་དག་བསྟན་དུ་གསོལ་ཞེས་ཞུས་པ་དང་། ད་གལ་གྱིས་ཀྱང་ད་དུས་ལ་བབ་ཀྱིས་ཁྱོད་ལ་བསྟན་པར་བྱའོ། །སྔར་མཐོང་བའི་བུད་མེད་དེ་ཤེས་པར་འདོད་ན་དེ་ནི་རྒྱལ་པོའི་ཁབ་ན་སར་ཕག་ཆེན་པོ་ཞེས་བྱ་བའི་ཆུང་མ་ཡིན་ཏེ། བྱད་བཞིན་བཟང་བས་ཁྱིམ་ཐབ་ཀྱང་ལྷག་པར་བྱམས་སོ། །དེའི་ཚེ་སར་ཕག་དེ་རྒྱ་མཚོ་ཆེན་པོར་འཇུག་པ་ལས་ཆུང་མ་གཏོང་མ་ཕོད་པས། ཆུང་མ་ཡང་ཁྲིད་དེ་ཚོང་པ་ལྔ་བརྒྱ་ཙམ་དང་། རྒྱ་མཚོར་ཞུགས་ནས་དེའི་ཚེ་དེའི་ཆུང་མ་ཡང་རྟག་ཏུ་ཤིང་གསུམ་མགོ་བསྡུས་ཏེ་མདུང་ཁྱིམ་ལྟར་བྱས་ཏེ་དེ་ལ་མེ་ལོང་བཞག་སྟེ། མེ་ལོང་ལ་བལྟས་ན་བདག་བྱད་བཞིན་བཟང་བར་མཐོང་ནས། ཤིན་ཏུ་ཆགས་པ་སྐྱེས་སོ། །དེའི་ཚེ་རྒྱ་མཚོའི་ནང་ནས་རུས་སྦལ་ཆེན་པོ་ཞིག་གིས་གྲུ་བརྫིས་ཏེ། གྲུ་ཞིག་ནས་ཚོང་པ་ལྔ་བརྒྱ་ཙམ་ཐམས་ཅད་ཚེའི་དུས་བྱས་སོ། །རྒྱ་མཚོའི་ཆོས་ཉིད་ཀྱིས་རོ་ཞག་ལོན་པར་མི་གནས་པར་ཆུས་ཕུལ་ནས་རྒྱ་མཚོའི་འགྲམ་དུ་ཕྱིན་ཏོ། །སེམས་ཅན་དེ་དག་ཚེའི་དུས་བྱས་པ་ན་ཅི་ལ་ཆགས་པ་དེར་སྐྱེ་བར་འགྱུར་རོ། །འོ་ན་སུ་ཞིག་སེམས་ཅན་དམྱལ་བར་སྐྱེ་བར་དགའ་ན་སེམས་ཅན་དམྱལ་བར་མང་དུ་སྐྱེ་བར་འགྱུར། སྨྲས་པ། སེམས་ཅན་གང་དཀོན་མཆོག་གསུམ་གྱི་ནོར་བརྐུས་སམ། ཕ་མའི་ལོངས་སྤྱོད་བརྐུས་སམ། མིའི་སྲོག་གཅོད་པའི་ཁ་ན་མ་ཐོ་བ་ཆེན་པོ་བྱས་ན། ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །མི་དེ་རླུང་ངམ་གྲང་ནད་ཀྱིས་ཟིན་པས་ཡིད་ལ་མེ་འདོད་པར་བསམས་སོ། །མེའི་ནང་དུ་འགྲོ་བར་བསམས་མ་ཐག་ཏུ་ཚེའི་དུས་བྱས་ནས་ཤིན་ཏུ་འབར་བའི་སེམས་ཅན་དམྱལ་བར་འགྲོའོ། །དེ་ལ་གང་སངས་རྒྱས་ལ་ཕུལ་བའི་མར་མེའམ་རིན་པོ་ཆེ་བརྐུས་སམ།


DKG074_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་སྒྲོན་མའམ་ཤིང་བརྐུས་སམ། དགེ་འདུན་གྱི་གནས་ཁང་བཤིག་གམ། ཆོས་འཆད་པའི་འདུན་ཁང་བཤིག་གམ། དགུན་གྲང་བའི་དུས་ན་ཕ་རོལ་པོའི་གོས་ཕྲོགས་སམ། མཐུ་ཡོད་པས་ལྷགས་པའི་ནང་དུ་བྲན་ཕོའམ། བྲན་མོའམ་མི་གཞན་གྱི་གོས་ཕྲོགས་ཏེ་ཆུ་བླུགས་སམ། གཞན་གྱི་གོས་བཤུས་ཤིང་ཕྲོགས་ན་ཁ་ན་མ་ཐོ་བའི་སྡིག་པ་འདིས་ཆབ་བྲོམ་གྱི་སེམས་ཅན་དམྱལ་བར་ལྷུང་སྟེ། མི་དེ་ཚ་བའི་ནད་ཀྱིས་གཟིར་བས་རྟག་ཏུ་བསིལ་ཞིང་གྲང་བའི་གནས་སེམས་ཏེ། གྲང་བར་འདོད་པས་ཚེའི་དུས་བྱས་མ་ཐག་ཏུ་སེམས་ཅན་དམྱལ་བ་དེར་སྐྱེས་ཏེ། ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པུན་ད་་ཀའི་སེམས་ཅན་དམྱལ་བ་ཡང་དེ་དང་འདྲའོ། །གྲང་བའི་སེམས་ཅན་དམྱལ་བ་ན་སྡུག་བསྔལ་མྱོང་བ་ན་ལུས་ཀྱི་ཤ་ཁམ་ཚད་དུ་ཡོས་རྔོ་བ་ལྟར། ཆད་ཅིང་གས་ནས་མགོ་དང་རུས་པ་ཡང་དུམ་བུ་བརྒྱ་སྟོང་དུ་ཆད་ཅིང་གས་པར་འགྱུར་རོ། །སེམས་ཅན་གང་སེར་སྣ་བྱེད་ཅིང་གཞན་གྱི་འཚོ་བ་བཅད་དེ་ལྟོགས་སུ་བོར་བ་དང་། ཁ་ཟས་དུས་བཞིན་དུ་མི་སྟེར་ན་ཡི་དགས་ཀྱི་ཁམས་སུ་ལྷུང་སྟེ། མི་དེ་ཁ་ཟས་མི་ཆུད་ཅིང་སྐྱུག་བྲོ་བའི་ནད་ཀྱིས་བཏབ་ནས། ནད་གཡོག་གམ་བཤེས་གཉེན་དག་གིས་ཁ་ཟས་རྣམ་པ་མང་པོ་སྦྱར་ཏེ། འདི་ནི་མངར་རོ། །འདི་ནི་སྐྱུར་རོ། །འདི་ནི་བསོད་པའོ། །འདི་ནི་འཇུ་སླའོ། །ཞེས་ནན་ཏན་གྱིས་བསྟན་ན། ནད་པ་དེ་སྐྱུག་བྲོ་སྟེ་བདག་ཁ་ཟས་འདི་མིག་གིས་མི་མཐོང་བའི་དུས་ཡོད་དམ་སྙམ་བསམས་པ་དེའི་ཚེའི་དུས་བྱས་མ་ཐག་ཏུ་ཡི་དགས་སུ་ལྷུང་ངོ་། །སེམས་ཅན་གང་གླེན་པ་གཏི་མུག་ཅན། དཀོན་མཆོག་གསུམ་ལ་མ་དད་པ། འཕགས་པ་ལ་སྐུར་པ་འདེབས་པ་ནི། དུད་འགྲོའི་སྐྱེ་གནས་སུ་སྐྱེ་སྟེ། དེ་ཡང་ནད་ཀྱིས་གཟིར་བ་ན་འགུས་ཏེ། ཉལ་མི་ཤེས་ཏེ་འཕྲལ་དུ་ཉལ་མི་ཤེས་ལ་དགེ་བའི་ཕྱོགས་གཏམ་སྙན་མི་འདོད་ན། ནད་གཡོག་གིས་ཀྱང་གདོན་མི་ཟ་བར་ཚེ་འཕོས་པར་ཤེས་པས་ན། ནད་གཡོག་གིས་ཁྱོད་ཆོས་ཉོན་ཅིག།ཚུལ་ཁྲིམས་ཀྱང་ནོས་ཤིག།སྐུ་གཟུགས་དང་དགེ་འདུན་དག་ཀྱང་མཐོང་བར་བྱས་ལ་དེ་ལ་སྦྱིན་པ་ཡང་བྱོས་ཤིག་ཅེས་བསྐུལ་ན། དེ་ལ་མ་དད་མི་དགའ་སྟེ་ནན་གྱིས་


DKG074_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་མ་བཏབ་པ་དང་། དེ་ཁྲོས་ནས་བདག་དཀོན་མཆོག་གསུམ་དང་། དགེ་བའི་མིང་ཡང་མི་ཐོས་པ་ཞིག་ཏུ་སོང་ན་ཅི་མ་རུང་ཞེས་སྨྲས་ན། ཚེ་འཕོས་མ་ཐག་ཏུ་དུད་འགྲོའི་སྐྱེ་གནས་སུ་སྐྱེའོ། །དེ་ལ་གང་ལྷ་དང་མིའི་རྒྱུར་གྱུར་པའི་དགེ་བའི་ཕྱོགས་ལ་བརྩོན་པ་དེ་ནི་ནད་ཀྱིས་ཀྱང་ཤིན་ཏུ་གདུང་བར་མི་འགྱུར་ཏེ། ཚེའི་དུས་བྱས་པ་ན་སེམས་ཀྱང་མི་འཁྲུགས་ཀྱི་ནད་གཡོག་དང་བཤེས་གཉེན་དག་གིས་འཆི་བར་རྟོགས་ནས། ཁྱོད་དམ་པའི་ཆོས་ཐོས་པར་འདོད་དམ། སྐུ་གཟུགས་མཐོང་བར་འདོད་དམ། དགེ་སློང་དག་ལས་མདོ་སྡེའམ། ཚིགས་སུ་བཅད་པ་དག་མཉན་པར་འདོད་དམ། ཁྱོད་ཚུལ་ཁྲིམས་ནོད་པར་དགའ་འམ། སངས་རྒྱས་དང་དགེ་འདུན་ལ་ལོངས་སྤྱོད་འབུལ་བར་དད་དམ་ཞེས་བསྐུལ་ན། དེ་དག་ཀུན་ལ་དད་ཅེས་ཟེར་ན། གཞན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་ལ་ཡོན་ཕུལ་ན་འཚང་རྒྱ་བར་འགྱུར་རོ། །ཆོས་ལ་མཆོད་ཅིང་ལོངས་སྤྱོད་ཕུལ་ན་གང་ནས་གང་དུ་སྐྱེས་པའི་གནས་ཐམས་ཅད་དུ་ཤེས་པ་དང་ལྡན་ཏེ། ཆོས་ཀྱི་མཚན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པར་འགྱུར་རོ། །དགེ་འདུན་ལ་ལོངས་སྤྱོད་ཀྱི་སྦྱིན་པ་བྱས་ན། གང་ནས་གང་དུ་སྐྱེས་ཀྱང་རིན་པོ་ཆེ་དང་ལོངས་སྤྱོད་ཆེན་པོ་ཡིད་བཞིན་དུ་ལྡན་པར་འགྱུར་རོ་ཞེས་ནད་པ་ལ་གཏམ་བྱས་ནས། ནད་པ་རབ་ཏུ་དགའ་མགུ་རངས་ཏེ། བདག་སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་དང་ཕྲད་ཅིང་ཆོས་ཐོས་པ་དང་། ཐོས་ནས་ཀྱང་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ན། ཚེའི་དུས་བྱེད་དེ་མིའི་ནང་དུ་སྐྱེའོ། །གང་ཞིག་ལྷར་སྐྱེ་བའི་རྒྱུར་འགྱུར་བའི་དགེ་བའི་ཕྱོགས་རྒྱ་ཆེ་བར་བསྐྱེད་པ་སྦྱིན་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ། ཆོས་ཉན་པར་དགའ་བ། དགེ་བ་བཅུ་ལ་སྤྱོད་པའི་གང་ཟག་དེ་ནི་ཚེའི་དུས་བྱས་པ་ན་བདེ་བར་ཉལ་བཞིན་དུ་སངས་རྒྱས་ཀྱི་སྐུ་གཟུགས་དང་། ལྷའི་ཕོ་བྲང་དང་། ལྷའི་བུ་མོ་དག་མཐོང་ཞིང་ལྷའི་རོལ་མོ་དག་ཐོས་ཏེ། མདངས་ཀྱང་ཤིན་ཏུ་བཟང་བ་དང་། ལག་པ་གྱེན་དུ་འདེགས་པ་དང་། དེའི་ཚེའི་དུས་བྱས་ནས་ལྷའི་གནས་སུ་སྐྱེའོ། །ཁྱིམ་བདག་སར་ཕག་གི་ཆུང་མ་དེ་རང་གི་ལུས་ལ་ཆགས་པས། དེའི་ཚེའི་དུས་


DKG074_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་མ་ཐག་ཏུ་ཕྱིར་ཡང་བུད་མེད་ཀྱི་ལུས་དེ་ལ་སྦྲུལ་དུ་སྐྱེས་ཏེ། སྦྲུལ་དེ་ལས་ཚེའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཆེན་པོའི་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །དགེ་སློང་དེས་སློབ་དཔོན་ལ་ཡང་གསོལ་པ། བདག་གི་ཤ་ལ་ཟ་བའི་བུད་མེད་དེ་སུ་ལགས། ད་གལ་གྱི་བུས་སྨྲས་པ། མཉན་དུ་ཡོད་པ་ན་དགེ་བསྙེན་མ་ཞིག་ལ་བྲན་མོ་ཞིག་ཡོད་དོ། །དགེ་བསྙེན་མ་དེས་ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་ཞིག།དབྱར་ཟླ་བ་གསུམ་མཆོད་པ་འབུལ་བར་སྤྱན་དྲངས་ཏེ། ཕྱོགས་གཅིག་ཏུ་གནས་ཁང་བྱས་ཏེ་བཞག་ནས། ཉིན་གཅིག་བཞིན་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་དྲི་བསུང་དུ་ལྡན་པ་སྣ་ཚོགས་སྦྱར་ཏེ། དྲོ་ཁར་དུས་སུ་བྲན་མོ་དེ་སྐྱེལ་དུ་བཏང་ངོ་། །བྲན་མོ་དེས་དབེན་པར་ཕྱིན་པ་དང་། ཟས་ཞིམ་པོ་རྣམས་ཟོས་ནས་ལྷག་མ་དགེ་སློང་དེ་ལ་ཕུལ་ལོ། །ཕྱིས་དགེ་བསྙེན་མས་བྲན་མོ་དེ་མདོག་བཟང་ཤིང་ཤ་སྐྱེས་པ་མཐོང་ནས། བྲན་མོ་ལ་ཁྱོད་ཀྱིས་དགེ་སློང་ལ་ཕུལ་བའི་ཁ་ཟས་ལྷག་མར་མ་བྱས་སམ་ཞེས་དྲིས་ན། ཇོ་མོ་བདག་ལ་ཡང་དད་པའི་སེམས་ཅུང་ཟད་ཀྱང་མཆིས་ཏེ། ངན་པར་ལྟ་བ་ནི་མ་ལགས་ན་ཅིའི་སླད་དུ་དགེ་སློང་ལ་འབུལ་བའི་ཁ་ཟས་ལྷག་མར་བགྱིད། དགེ་སློང་གིས་མ་ཡོགས་པའི་ལྷག་མ་འཚལ་ཏོ། །ཅི་སྟེ་བདག་གིས་འཚལ་བར་གྱུར་ན་བདག་གར་སྐྱེས་ཀྱང་བདག་གི་ཤ་ལ་བདག་ཟ་བར་ཤོག་ཤིག་ཅེས་སྨྲས་པས། དེའི་རྒྱུ་དེའི་རྐྱེན་གྱིས་སྔར་རྣམ་པར་སྨིན་པ་མི་བཟད་པ་འདི་མྱོང་ནས། སེམས་ཅན་དམྱལ་བ་ཆེན་པོར་དཔག་ཏུ་མེད་པའི་སྡུག་བསྔལ་གདོད་མྱོང་བར་འགྱུར་རོ། །དགེ་སློང་དེས་གསོལ་པ། ཤིང་ཆེན་པོ་ལ་སྲིན་བུ་མང་པོས་ཟ་ཞིང་མི་སྙན་པའི་སྒྲ་ཆེན་པོ་གྲགས་པ་དེ་སུ་ཞིག་ལགས། སྨྲས་པ། ལི་ཏ་ཞེས་བྱ་བའི་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་དེ་ཡིན་ཏེ། དགེ་འདུན་གྱི་དཀོར་ལ་སྤྱོད་ཅིང་མེ་ཏོག་དང་། འབྲས་བུ་ཟ་བ་དང་། བཏུང་བ་དག་ཁྱིམ་པའི་ཕྱོགས་སུ་བྱིན་པས། རྣམ་པར་སྨིན་པ་མི་བཟད་པ་འདི་མྱོང་ནས་ཚེའི་དུས་བྱས་མ་ཐག་ཏུ་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། ཤིང་ལ་ཟ་བའི་སྲིན་བུ་དེ་དག་ནི་དགེ་སློང་གིས་བྱིན་པ་ཐོབ་པའི་མི་རྣམས་ཡིན་ནོ། །དགེ་སློང་དེས་ཡང་གསོལ་པ། མི་ཞིག་ལ་མི་མང་པོས་བསྐོར་ཏེ།


DKG074_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

མདས་བཙུགས་ནས་ལུས་གཅིག་ཏུ་འབར་བ་དེ་སུ་ལགས། ད་གལ་གྱིས་སྨྲས་པ། མི་ཞིག་གིས་རྔོན་པ་བྱེད་ཅིང་རི་དགས་མང་དུ་བསད་པས་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་བར་གྱུར་ཏེ། དེ་ནས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ཏེ། དེ་ལས་ཐར་བའི་དུས་ནི་ཤིན་ཏུ་དཀའོ། །དགེ་སློང་གིས་ཡང་གསོལ་པ། རི་ཆེན་པོ་ལ་རལ་གྲི་དང་མཚོན་ཁར་རྒྱུགས་ཏེ་མཆི་བ་དེ་སུ་ལགས། ད་གལ་གྱིས་སྨྲས་པ། རྒྱལ་པོའི་བློན་པོ་ཤིན་ཏུ་དཔའ་བ་ཡིན་ཏེ་རེ་ཞིག་མཚོན་རྣོན་པོ་དང་རལ་གྲི་དང་མདུང་དང་། ཤག་ཏིའི་ཁར་རྒྱུགས་ཏེ། དེ་ནས་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ཡུན་རིང་པོར་མྱོང་བར་འགྱུར་རོ། །དགེ་སློང་དེས་ཡང་གསོལ་པ། རུས་པའི་རི་ཆེན་པོ་དེ་སུའི་ལགས། ད་གལ་གྱིས་སྨྲས་པ། ཁྱོད་ཤེས་པར་འདོད་ན་དེ་ནི་ཁྱོད་ཀྱི་ལུས་སྔ་མའི་རུས་པ་ཡིན་ནོ། །དགེ་སློང་གིས་དེ་སྐད་ཅེས་ཐོས་ནས་ཤིན་ཏུ་སྐྲག་སྟེ། བ་སྤུ་ཀུན་ལངས་ནས་རྔུལ་ཡང་བྱུང་སྟེ། སློབ་དཔོན་ལ་སྨྲས་པ། བདག་གི་སྙིང་མ་གས་པར་སྔོན་གྱི་ལས་ཀྱི་རྒྱུ་དང་རྐྱེན་བསྟན་དུ་གསོལ། ད་གལ་གྱིས་སྨྲས་པ། སྐྱེ་ཤི་འཁོར་བའི་མཐའ་དང་མུ་མེད་དེ། དགེ་སྡིག་ལས་ཀྱང་ཞིག་ཅིང་མེད་པར་མི་འགྱུར་བས། ལས་ཅི་དང་ཅི་བྱས་པའི་རྣམ་པར་སྨིན་པ་ཡང་དེ་དང་དེ་དག་གདོན་མི་ཟ་བར་མྱོང་བར་འགྱུར་རོ། །སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཆོས་ཀྱི་འཕགས་པ་ཞེས་བྱ་བ་ཞིག་ཡོད་དེ། སྦྱིན་པ་དང་། ཚུལ་ཁྲིམས་ལ་དགའ་བ། ཆོས་ཉན་པར་མོས་པ། ཤིན་ཏུ་སྙིང་རྗེ་བའི་སེམས་དང་ལྡན་པ། རང་བཞིན་གྱིས་མི་གཏུམ་པ། སེམས་ཅན་གྱི་སྲོག་མི་གཅོད་པ་དང་། རྒྱལ་པོའི་མཚན་དང་ལྡན་པ་དམ་པའི་ཆོས་ཀྱི་སྲིད་འཚོ་བ། ལོ་ཉི་ཤུ་ཙམ་ལོན་པ་དང་། དེ་ལ་རེ་ཞིག་གི་སྐབས་སུ་མི་དང་མིག་མངས་ཀྱིས་རྩེ་བ་ལས། མི་ཞིག་ལ་ཉེས་པ་ཆེན་པོ་བྱུང་ནས་བློན་པོ་རྣམས་ཀྱིས་མི་ཞིག་ཁྲིམས་ལས་འགལ་བའི་ཉེས་པ་ཆེན་པོ་བགྱིས་ན། ཅི་ལྟར་བགྱི་ཞེས་གསོལ་པ་དང་། རྒྱལ་པོ་མིག་མངས་ལ་ཡེངས་པས། རྒྱལ་པོས་ཁྲིམས་བཞིན་དུ་གྱིས་ཤིག་ཅེས་བསྒོ་ནས། བློན་པོ་རྣམས་ཀྱིས་ཁྲིམས་དང་


DKG074_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ནས་བསད་པ་ལ་ཐུག་པས་མི་དེ་བསད་དོ། །རྒྱལ་པོ་མིག་མངས་ཀྱིས་རྩེ་བ་ཟིན་པས་བློན་པོ་ལ་ཉེས་པ་བྱེད་པའི་མི་དེ་ག་རེ་ཞལ་ཅེ་གཅོད་དོ་ཞེས་བྱས་ན། བློན་པོ་རྣམས་ཀྱིས་བདག་ཅག་གིས་ཁྲིམས་དང་སྦྱར་ཏེ་བཀུམ་ལགས་སོ་ཞེས་སྨྲས་སོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། འཁམས་ཏེ་ས་ལ་འགྱེལ་བ་དང་། བློན་པོ་རྣམས་ཀྱིས་ཆུས་བཏབ་ནས་ཕྱིར་ལངས་ཏེ། མཆི་མ་བླགས་ནས་འདི་སྐད་ཅེས་སྨྲས་སོ། །ཕོ་བྲང་གི་སླས་དང་། གླང་པོ་ཆེ་དང་། རྟ་དང་རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཐམས་ཅད་ནི་འདིར་ལུས་ཀྱི། ང་འབའ་ཞིག་སེམས་ཅན་དམྱལ་བར་སྡུག་བསྔལ་རྣམས་མྱོང་བར་འོང་བ་ལྟ། བདག་རྒྱལ་པོ་མ་བྱས་པའི་ཚེ་ན་ཡང་ཕོ་བྲང་འདི་ན་རྒྱལ་པོའི་སྲིད་འཚོ་ཞིང་བཞུགས། བདག་རིང་པོར་མི་ཐོགས་པར་ཤི་ན་ཡང་དེ་བཞིན་དུ་རྒྱལ་པོའི་སྲིད་འཚོ་བར་འགྱུར་ཏེ། བདག་ནི་མི་བསད་པས་ན་རིགས་ངན་གྱི་རྒྱལ་པོ་ཡིན་ཏེ། སྐྱེ་བ་ཐམས་ཅད་དུ་བདག་གར་འགྲོ་བར་འགྱུར། ད་ནི་རྒྱལ་པོ་ཡང་མི་འདོད་དོ་ཞེས་སྨྲས་ནས། རྒྱལ་པོའི་ཐབས་བཏང་སྟེ་རི་ལ་བདག་སྲུང་ཞིང་རྒྱལ་པོ་དེ་འདུག་པ་ལས། རྒྱལ་པོ་དེ་ཚེའི་དུས་བྱས་ནས། རྒྱ་མཚོ་ཆེན་པོར་ཆུ་སྲིན་ཞིག་ཏུ་སྐྱེས་ཏེ། ལུས་ཆེ་ཁྱད་དཔག་ཚད་བདུན་བརྒྱ་ཡོད་དོ། །རྒྱལ་པོའམ་བློན་པོའང་རུང་མཐུ་རྩལ་སྐྱེས་ཏེ། སེམས་ཅན་གྱི་སྲོག་གཅོད་དམ། འདོད་པ་དང་བྲལ་བའི་ལས་བྱས་སམ། སེམས་ཅན་ལ་འཚེ་བའི་ལས་བྱས་ན། ཤི་མ་ཐག་ཏུ་ཕལ་ཆེར་ཆུ་སྲིན་དུ་སྐྱེས་ཏེ་དེའི་ལུས་ལ་སྲིན་བུ་མང་པོ་གནས་སོ། །དེའི་ལུས་གཡའ་བས་ཤེལ་གྱི་རི་ལ་སྙོགས་ཤིང་དྲུད་པ་དང་། སྲིན་བུ་མང་པོ་ཤི་བའི་ཁྲག་གིས་རྒྱ་མཚོ་ཡང་རྒྱང་གྲགས་བརྒྱ་ཙམ་དམར་པོར་བྱས་སོ། །སྡིག་པའི་ལས་དེས་དེ་དག་ཚེ་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཆུ་སྲིན་དེ་ལན་ཅིག་གཉིད་ཀྱིས་ལོག་ན་ལོ་བརྒྱ་ན་ལན་ཅིག་སངས་ཏེ། བཀྲེས་པ་དང་སྐོམ་པས་ཉེན་ནས་ཁ་གདངས་པ་དང་། རྒྱ་མཚོའི་ཆུ་ཁར་འགྲོ་བ་ནི་ཆུ་ཆེན་པོ་རྒྱ་མཚོར་འབབ་པ་དང་འདྲའོ། །དེའི་ཚེ་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་ཞུགས་ཏེ། རིན་པོ་ཆེ་ལེན་དུ་སོང་བ་ལས་ཆུ་སྲིན་ཁ་གདངས་པ་དང་ཕྲད་ནས།


DKG074_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་ཡང་ཤིན་ཏུ་མགྱོགས་པར་ཆུ་སྲིན་གྱིས་ཟ་འདོད་པའི་ཁར་སོང་ངོ་། །ཚོང་པ་རྣམས་སྐད་ཆེན་པོ་ཕྱུང་སྟེ་ངུས་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་གདོན་མི་ཟ་བར་འཆི་བར་འགྱུར་གྱི་སོ་སོ་ནས་ཇི་ལྟར་བརྟེན་པ་དྲན་པར་གྱིས་ཤིག་ཅེས་སྨྲས་པ་དང་། དེ་དག་ལ་ལས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་མཚན་ནས་བརྗོད། ཁ་ཅིག་གིས་ནི་འཇིག་རྟེན་གྱི་ལྷ་དང་། རི་གཙང་པོ་དང་། ལྷ་མ་ཡིན་དང་། ཕ་མ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། ཕུ་ནུ་དང་། གཉེན་པོའི་མིང་བོས་ནས་བདག་ཅག་གིས་ནི་དེང་མཐོང་བ་ཐ་མ་འདི་ལས་འཛམ་བུའི་གླིང་གཏན་དུ་མི་མཐོང་ངོ་ཞེས་སྨྲས་སོ། །དེའི་ཚེ་དེ་དག་ཆུ་སྲིན་གྱི་ཁར་སོང་ལ་ཁད་པ་དང་། ཐམས་ཅད་ཀྱིས་དུས་གཅིག་ཏུ་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པ་དང་། ཆུ་སྲིན་གྱིས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པའི་སྒྲ་ཐོས་མ་ཐག་ཏུ་ཁ་བཙུམས་ཏེ། ཆུ་འབབ་པ་ཡང་ཆད་པར་གྱུར་ནས། ཚོང་པ་དེ་དག་ཤི་བ་ལས་སོས་པར་གྱུར་ཏོ། །ཆུ་སྲིན་དེ་ལྟོགས་ནས་དེ་ཉིད་དུ་ཚེ་འཕོས་ཏེ། རྒྱལ་པོའི་ཁབ་ཏུ་སྲིན་བུ་ཞིག་ཏུ་སྐྱེས་ཏེ། ཆུ་སྲིན་གྱི་རོ་རྒྱ་མཚོའི་ངོགས་སུ་ཕྱིར་བྱུང་ནས། ཉི་མས་གདུངས། ཆར་པས་བརླན་ནས། ཤ་ཟད་པར་གྱུར་པའི་རུས་པ་དེ་ནི་རི་འདི་ཡིན་ནོ། །དཔལ་སྐྱེས་འདི་ལྟར་རིག་པར་གྱིས་ཤིག།དེའི་ཚེ་དེའི་དུས་ན། རྒྱལ་པོ་ཆོས་ཀྱི་འཕགས་པ་ནི་ཁྱོད་ཡིན་ནོ། །མི་བསད་པའི་རྐྱེན་གྱིས་རྒྱ་མཚོ་ཆེན་པོར་ཆུ་སྲིན་དུ་སྐྱེས་སོ། །ཁྱོད་ཀྱི་ད་ཡང་ཕྱིར་མིའི་ལུས་ཐོབ་པ་འདིས། འཁོར་བ་ལ་རྒྱབ་ཀྱིས་མ་ཕྱོགས་ན། འདི་ནས་ཚེ་འཕོས་མ་ཐག་ཏུ། སེམས་ཅན་དམྱལ་བར་འགྲོ་སྟེ་ཐར་བར་ཤིན་ཏུ་དཀའོ། །དགེ་སློང་དཔལ་སྐྱེས་དེས་བདག་གི་ལུས་རྙིང་པ་ཡང་མཐོང་། དེ་སྐད་ཅེས་བསྟན་པ་ཡང་ཐོས་ནས། འཁོར་བས་ཤིན་ཏུ་སྐྲག་སྟེ། གང་ལ་ནན་ཏན་བྱེད་བྱེད་པའི་ཆོས་དེ་ལ་མཐར་གྱིས་ཡིད་ལ་བྱས་ནས། སེམས་རྩེ་གཅིག་པ་ལ་གནས་ཏེ། ལུས་རྙིང་པ་མཐོང་བས་མི་རྟག་པའི་ཆོས་ཁོང་དུ་ཆུད་དེ། འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་རྟོགས་ནས། ཀུན་ནས་ཉོན་


DKG074_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པའི་ཟག་པ་ཐམས་ཅད་ཟད་དེ། དགྲ་བཅོམ་པར་གྱུར་ཏོ། །ད་གལ་ཡང་ཤིན་ཏུ་དགའ་ནས་སྨྲས་པ། ཆོས་ཀྱི་སྲས་ཁྱོད་ཀྱིས་ནི། བྱ་བ་ཐམས་ཅད་ཡིད་ལ་བྱས་ཀྱིས། སྔར་འདིས་འོངས་པ་ནི་ངའི་མཐུས་འོངས་སོ། །ད་ནི་ཕྱིར་ཁྱོད་བདག་གི་མཐུས་འདོང་ངོ་ཞེས་སྨྲས་ནས། དེའི་ཚེ་མཽད་གལ་སྟེང་གི་ནམ་མཁའ་ལ་འཕགས་པ་དང་། དགེ་སློང་དཔལ་སྐྱེས་ཀྱང་། སློབ་དཔོན་གྱི་ཕྱི་བཞིན་དུ་འོངས་པ། བྱ་ཕའི་ཕྱི་བཞིན་དུ་ཕྲུག་གུ་འབྲང་བ་དང་འདྲ་བར་འོད་མའི་ཚལ་གང་ན་བ་དེར་འོངས་སོ། །དེའི་ཚེ་དགེ་སློང་གཞོན་ནུ་དག་གིས་དགྲ་བཅོམ་པར་མི་ཤེས་པས། སྔོན་བཞིན་དུ་དཔལ་སྐྱེས་ལ་ཐོ་བཙམ་ཡང་སྤྱོད་ལམ་མ་ཉམས་ཏེ་ཅང་མི་སྨྲའོ། །བཅོམ་ལྡན་འདས་ཀྱིས་དེ་ལྟ་བུར་གྱུར་པ་མཁྱེན་ནས། དགེ་སློང་གཞོན་ནུ་རྣམས་ཀྱིས་འདི་ལས་མི་འབྱུང་བ་དང་། དགེ་སློང་རྒན་པོའི་ཡོན་ཏན་གྲགས་པར་བྱ་བའི་ཕྱིར། འཁོར་མང་པོའི་ནང་དུ། དགེ་སློང་དཔལ་སྐྱེས་ལ་ཚུར་ཤོག་ཅེས་བཀའ་སྩལ་ནས། ཁྱོད་རྒྱ་མཚོའི་ངོགས་སུ་ཕྱིན་ཏམ་ཞེས་བཀའ་སྩལ་ཏོ། །དཔལ་སྐྱེས་ཀྱིས་གསོལ་པ། རྒྱ་མཚོའི་ངོགས་སུ་མཆིས་སོ། །རྒྱ་མཚོའི་ངོགས་ན་ཅི་མཐོང་སྨྲོས་ཤིག་ཅེས་བཀའ་སྩལ་པ་དང་། དགེ་སློང་གིས་ཅི་དང་ཅི་མཐོང་བ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཞེས་བྱ་བ་གནང་ནས། དཔལ་སྐྱེས་ཁྱོད་ཀྱིས་དེ་དག་མཐོང་བ་བདེན་ནོ། །ཁྱོད་ཀྱིས་ད་ནི་འཁོར་བའི་སྡུག་བསྔལ་ཡོངས་སུ་སྤངས་ཏེ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པས། ལྷ་དང་མིར་བཅས་པའི་འཇིག་རྟེན་གྱི་མཆོད་པའི་གནས་སུ་གྱུར་ཏོ། །དགེ་སློང་ཁྱོད་ཀྱིས་བྱ་བ་ཐམས་ཅད་ཡོངས་སུ་རྫོགས་སོ་ཞེས་བཀའ་སྩལ་ནས། དགེ་སློང་གཞོན་ནུ་དེ་དག་གིས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། ཤིན་ཏུ་འགྱོད་ཅིང་མི་དགའ་བ་སྐྱེས་ཏེ། འདི་ལྟ་བུ་མཁས་པ་ཤེས་རབ་ཅན། འཕགས་པ་ལ་བདག་ཅག་ཤེས་རབ་མེད་པས། འཚེ་བ་དང་། ཐོ་བཙམ་པར་བགྱིས་སོ། །བདག་ཅག་ཁ་ན་མ་ཐོ་བའི་རྣམ་པར་སྨིན་པ་འབྱུང་བར་འགྱུར་རོ་ཞེས་སྨྲས་ནས། དགེ་སློང་


DKG074_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

གཞོན་ནུ་དག།དགེ་སློང་དཔལ་སྐྱེས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། ལུས་སྨད་ལྔ་ས་ལ་གཏུགས་ཏེ་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ་དག་ནི་སྙིང་རྗེ་དང་ལྷན་ཅིག་སྐྱེས་ཏེ། བཙུན་པ་ཁྱོད་སྐྱེས་པ་ཡང་སྙིང་རྗེ་ཆེན་པོ་དང་ལྷན་ཅིག་ཏུ་སྐྱེས་པ་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བདག་ཅག་ཁྱོད་ལ་མཐོལ་ཚངས་བགྱིའོ་ཞེས་སྨྲས་པ་དང་། དགེ་སློང་དེས་ཀྱང་བདག་གི་ལུས་ལ་ཡང་མི་དགའ་བའི་བསམ་པ་མེད་ཀྱི། ཚངས་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་དགེ་སློང་དཔལ་སྐྱེས་ཀྱིས་དགེ་སློང་གཞོན་ནུ་དེ་རྣམས་ཤིན་ཏུ་འགྱོད་ཅིང་གནང་བཀུར་བའི་སེམས་དང་ལྡན་པར་རྟོགས་ནས། དགེ་སློང་དེ་དག་ལ་དམ་པའི་ཆོས་བསྟན་ཏོ། །དེ་དག་གིས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་ཆོས་ཐོས་ནས། བརྩོན་པ་དང་འབད་པས་ནན་ཏན་བྱས་ཏེ། ཀུན་ནས་ཉོན་མོངས་པའི་ཟག་པ་ཀུན་ཟད་ནས། དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དཔལ་སྐྱེས་ཀྱང་། རྒྱལ་པོའི་ཁབ་ཏུ་ཤིན་ཏུ་གྲགས་པར་གྱུར་ཏེ། ཀུན་གྱིས་ངོ་མཚར་ཡ་མཚན་དུ་གྱུར་ནས། ཁྱིམ་བདག་རྒད་པོ་ཅི་ཡང་མི་ཤེས་པ་ཡང་། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས། དགྲ་བཅོམ་པར་གྱུར་ཏེ། དེ་ལྟ་བུའི་དམ་པའི་ཆོས་ཀྱང་སྟོན་ཏོ་ཞེས་བརྗོད་དོ། །དེའི་ཚེ་ན་རྒྱལ་པོའི་ཁབ་དེ་ན་གནས་པའི་མི་དག་ཕལ་ཆེར་བསམ་པ་དག་པའི་སེམས་སྐྱེས་ནས། ཁ་ཅིག་ནི་བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་ལ་སོགས་པ་རབ་ཏུ་བྱུང་བར་གནང་ངོ་། །ཁ་ཅིག་ནི་བདག་ཉིད་རབ་ཏུ་བྱུང་བར་གསོལ་ནས། ཐམས་ཅད་རབ་ཏུ་དགའ་སྟེ། རྗེས་སུ་ཡི་རང་བར་གྱུར་ཏོ། །དེ་བས་ན་རབ་ཏུ་བྱུང་བའི་ཡོན་ཏན་ནི་ཚད་མེད། གྲངས་མེད་དེ། དཔལ་སྐྱེས་ལྟ་བུ་ལོ་བརྒྱ་ལོན་ནས་རབ་ཏུ་བྱུང་ནས། དེ་ལྟ་བུའི་ཡོན་ཏན་ཆེན་པོ་དང་ལྡན་པར་གྱུར་ན། གཞོན་ནུ་དར་ལ་བབ་པ་རབ་ཏུ་བྱུང་ན། འབྲས་བུ་ཆེན་པོ་མཆོག་དམ་པ་རྙེད་པ་ལྟ་ཅི་སྨོས། ཆོས་ལ་བརྩོན་པ་དག་ནི་རབ་ཏུ་བྱུང་བར་བྱའོ། །རབ་


DKG074_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བྱུང་བའི་ཡོན་ཏན་བསྔགས་པའི་ལེའུ་སྟེ་བཅྭ་ལྔ་པའོ།། །།

བཅུ་དྲུག་པ། དགེ་ཚུལ་གྱིས་ཚུལ་ཁྲིམས་བསྲུངས་པའི་ལེའུ།


DKG074_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་ལྔ་པ། ཚུལ་ཁྲིམས་བསྲུང་བ་དག་ནི་ལུས་དང་། སྲོག་སྟོར་ཡང་བླའི། ནམ་དུ་ཡང་ཚུལ་ཁྲིམས་ཉམས་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ནི་བྱང་ཆུབ་ཏུ་འཇུག་པའི་རྩ་བ་ཟག་པ་མེད་པའི་མཆོག།མྱ་ངན་ལས་འདས་པར་བདེ་བར་འགྲོ་བའི་ལམ་མོ། །ཚུལ་ཁྲིམས་དག་པར་བསྲུངས་པའི་བསོད་ནམས་ནི་ཚད་མེད་དཔག་ཏུ་མེད་དོ། །དཔེར་ན་རྒྱ་མཚོ་ཆེན་པོ་ནི་ཚད་མེད་མཐའ་མེད་དོ། །ཚུལ་ཁྲིམས་བསྲུངས་པའི་བསོད་ནམས་ཀྱང་། ཚད་མེད་མཐའ་མེད་དོ། །དཔེར་ན་རྒྱ་མཚོ་ནི་ལྷ་མ་ཡིན་དང་། རུས་སྦལ་དང་། ཆུ་སྲིན་དང་། ཆུའི་རིས་སུ་གཏོགས་པའི་སེམས་ཅན་ཆེན་པོའི་གནས་སུ་གྱུར་པ་ལྟར། ཚུལ་ཁྲིམས་ཀྱང་དེ་དང་འདྲ་སྟེ། ཐེག་པ་གསུམ་ལ་གནས་པའི་སྐྱེ་བོ་ཆེན་པོ་མང་དུ་གནས་སོ། །དཔེར་ན་རྒྱ་མཚོ་ཆེན་པོའི་ནང་ན། གསེར་དང་། དངུལ་དང་། ་རྱ་ལ་སོགས་པ་རིན་པོ་ཆེ་མང་པོ་ཡོད་པ་བཞིན་དུ། ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། མི་རྟག་པའི་གཞི་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། བསམ་གཏན་དང་། ཏིང་ངེ་འཛིན་ལ་སོགས་པའི་རིན་པོ་ཆེ་མང་པོ་ཡོད་དོ། །དཔེར་ན་རྒྱ་མཚོ་ཆེན་པོའི་གཏིང་ཡང་རྡོ་རྗེ་ཡིན་ལ། ཐ་མ་ཡང་རྡོ་རྗེའི་རིས་བསྐོར་ཏེ། ཆུ་བོ་བཞི་འབབ་ཀྱང་། མི་འགྲིབ་མི་ལྡུད་པ་ལྟར། ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་དེ་དང་འདྲ་སྟེ། འདུལ་བ་རྡོ་རྗེ་ལྟ་བུས་ནི་གཏིང་བྱས། ཆོས་མངོན་པའི་རིས་ནི་མཐའ་བསྐོར། མདོ་སྡེ་བཞི་ཆུ་བོ་ལྟ་བུར་འབབ་ཀྱང་། འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད་དོ། །རྒྱ་མཚོ་ཅིའི་ཕྱིར་མི་ལྡུད་ཅེ་ན། མཚམས་མེད་པའི་སེམས་ཅན་དམྱལ་བ་པའི་མེས་རྒྱ་མཚོ་བསྐམས་པས་ན། དེའི་ཕྱིར་རྒྱ་མཚོའི་ཆུ་མི་ལྡུད་དོ། །ཆུ་བོ་རྟག་ཏུ་འབབ་པས་མི་འགྲིབ་བོ། །ཚུལ་ཁྲིམས་ཀྱི་རྒྱ་མཚོ་ཡང་། བག་ཡོད་པས་མི་སྐྱེ་སྟེ། ཡོན་ཏན་དང་ལྡན་པས་མི་འགྲིབ་བོ། །དེ་བས་ན་གང་ཚུལ་ཁྲིམས་སྲུང་བ་དེའི་ཡོན་ཏན་ནི་རབ་ཏུ་མང་བར་རིག་པར་བྱའོ། །བཅོམ་


DKG074_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མྱ་ངན་ལས་འདས་ནས། ཡུལ་ཨན་ཏ་ཞེས་བྱ་བ་ན། དགེ་སློང་བསོད་སྙོམས་པ་དགོན་པ་ལ་གནས་པར་དགའ་བ། སྤྱོད་ལམ་དང་ལྡན་པ་ཞིག་ཡོད་དོ། །དགེ་སློང་བསོད་སྙོམས་པ་ནི་སངས་རྒྱས་ཀུན་གྱིས་བསྔགས་ཀྱིས། ཕལ་གྱི་ནང་ན་གནས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་བསོད་སྙོམས་པ་ནི་འདོད་པ་ཉུང་ཞིང་ཆོག་ཤེས་པ་སྟེ། ཅི་ཡང་མི་སོགས་ཤིང་། ཟ་ཅིག་པ། བླ་གབ་མེད་པ། ཆོས་གོས་གསུམ་པ་ལ་སོགས་སྤྱོད་དོ། །བཙུན་པའོ། །གཙོ་བོའོ། །དགེ་འདུན་གྱི་ནང་ན་གནས་པའི་དགེ་སློང་ནི། འདོད་པ་མང་བ། ཆོག་མི་ཤེས་པ། སེར་སྣ་བྱེད་པ། ཅི་ལ་ཡང་ཆགས་པས་གྲགས་པ་ཆེན་པོ་ཐོབ་པར་མི་འགྱུར་རོ། །དགེ་སློང་བསོད་སྙོམས་པ་དེ་ཡོན་ཏན་སྤྱོད་པར་ལྡན་ཏེ། དགེ་སློང་གི་འབྲས་བུ་ཐོབ་ནས། མངོན་པར་ཤེས་པ་དྲུག་དང་། རིག་པ་གསུམ་དང་། རྣམ་པར་ཐར་པ་བརྒྱད་ལ་གནས་ཏེ། སྤྱོད་ལམ་ཀུན་མཛེས་པས་ཀུན་ཏུ་གྲགས་པར་གྱུར་ཏོ། །དེའི་ཚེ་ཡུལ་ཨན་ཏ་ཞེས་བྱ་བ་ན། དགེ་བསྙེན་དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ། སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། འདོད་པས་ལོག་པར་མི་གཡེམ་པ། བརྫུན་དུ་མི་སྨྲ་བ། སྨྱོ་བའི་ཁུ་བ་ཆང་མི་འཐུང་བའི་ཁྲིམས་ལྔ་བསྲུང་བ། ཡོན་ཏན་དང་ལྡན་པ་ཞིག་ཡུལ་དེ་ན་འདུག་པ་ལས། དགེ་བསྙེན་དེས་དགེ་སློང་བསོད་སྙོམས་པ་དེ། ཚེ་གཅིག་གི་བར་དུ་འཚོ་བ་སྦྱར་བའི་བསོད་ནམས་ནི་མྱོང་བར་འགྱུར་རོ་སྙམ་ནས། གལ་ཏེ་བདག་གིས་ཁྱིམ་དུ་སྤྱན་དྲངས་ཏེ། ལམ་དུ་གྲང་བ་དང་ཚ་བས་ཉོན་མོངས་ཏེ། བསྒོམ་པའི་བར་ཆད་དུ་ཡང་འགྱུར་ལ། ཕྱིས་རྣམ་པར་སྨིན་པ་མྱོང་བ་ན་ཡང་། བདག་གིས་བསམས་ཤིང་དོན་དུ་གཉེར་དགོས་པ་ཐོབ་པར་འགྱུར་རོ། །གལ་ཏེ་འཚོ་བ་གནས་སུ་བསྐྱལ་ན། ཕྱིས་རྣམ་པར་སྨིན་པ་ཡང་དོན་དུ་གཉེར་མི་དགོས་པར་ཐོབ་པར་འགྱུར་རོ་སྙམ་བསམས་ནས། དགེ་བསྙེན་དེ་དད་པའི་སེམས་ཀྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པའི་དྲི་བསུང་དང་། ཁ་དོག་ཏུ་ལྡན་


DKG074_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྣ་ཚོགས་བཤམས་ཏེ། ཉིན་གཅིག་བཞིན་དུ་སྐྱེལ་ཏོ། །དགེ་སློང་ལ་བཟང་ངན་རྣམ་པ་བཞིས་བརྟག་དཀའ་བ་ནི། ཇི་ལྟར་ཨ་མྲའི་འབྲས་བུ་སྨིན་ནམ་མ་སྨིན་བརྟག་དཀའ་བ་བཞིན་ནོ། །དགེ་སློང་ཁ་ཅིག་སྤྱོད་ལམ་ཤིན་ཏུ་མཛེས་ཤིང་གོམ་པ་དལ་གྱིས་འགྲོ་བ་གཉའ་ཤིང་གང་ལས་མི་ལྟ་ཡང་། ནང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཏུ་བཅས་ལ་ཆོས་མ་ཡིན་པ་སྤྱོད་ཅིང་ཚུལ་ཁྲིམས་ཉམས་པ་ཡང་ཡོད་དེ། དེ་ནི་ཨ་མྲའི་འབྲས་བུ་ཕྱི་རོལ་སྨིན་ལ། ནང་མ་སྨིན་པ་དང་འདྲའོ། །དགེ་སློང་ཁ་ཅིག་ནི་ཕྱི་རོལ་གྱི་སྤྱོད་ལམ་རྩིང་ལ་སྤྱོད་ལམ་དང་མི་ལྡན་ན་ཡང་། ནང་དགེ་སྦྱོང་གི་སྤྱོད་པ་དང་ཡོན་ཏན་དུ་ལྡན་ཏེ། བསམ་གཏན་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པ་ཡོད་དེ། དེ་ནི་ཨ་མྲའི་འབྲས་བུ་ནང་སྨིན་ལ། ཕྱི་རོལ་མ་སྨིན་པ་དང་འདྲའོ། །དགེ་སློང་ཁ་ཅིག་ནི་སྤྱོད་ལམ་རྩིང་ལ་ཉེས་པ་བྱེད་ཅིང་། ཚུལ་ཁྲིམས་ཀྱང་ཉམས་ལ། ནང་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སེར་སྣ་དང་། ཕྲག་དོག་དང་བཅས་པ་ཡོད་དེ། དེ་ནི་ཨ་མྲའི་འབྲས་བུ་ཕྱི་རོལ་ཡང་མ་སྨིན་ལ། ནང་ཡང་མ་སྨིན་པ་དང་འདྲའོ། །དགེ་སློང་ཁ་ཅིག་ནི་སྤྱོད་ལམ་མཛེས་ཤིང་ཚུལ་ཁྲིམས་དང་ཡང་ལྡན་ལ། ནང་ཡང་དགེ་སྦྱོང་གི་ཡོན་ཏན་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཏུ་ལྡན་པ་ཡང་ཡོད་དེ། དེ་ནི་ཨ་མྲའི་འབྲས་བུ་ཕྱི་ནང་གཉི་ག་སྨིན་པ་དང་འདྲའོ། །བསོད་སྙོམས་པའི་དགེ་སློང་དེ་ཕྱི་ནང་གཉི་ག་དང་ལྡན་པ་ཡང་དེ་དང་འདྲ་སྟེ། ཡོན་ཏན་དང་སྤྱོད་པ་ཡོངས་སུ་རྫོགས་པས་ཐམས་ཅད་ཀྱིས་རིམ་གྲོ་དང་། བཀུར་སྟི་བྱེད་དོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་ཅིག།དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ་ཞིག་ལ་བུ་ཁྱེའུ་ཞིག་ཡོད་དེ། དེས་འདི་སྙམ་དུ་བསམས་སོ། །བདག་གི་བུ་འདི་རབ་ཏུ་བྱུང་གི །སྟོན་པ་མཁས་པ་ཞིག་བཙལ་ལོ། །དེ་ཅིའི་ཕྱིར་ཞེ་ན། དགེ་བའི་བཤེས་གཉེན་ལ་བསྟེན་པ་ནི། དགེ་བ་ཡང་འཕེལ་བར་འགྱུར་རོ། །སྡིག་པའི་གྲོགས་པོ་ལ་བསྟེན་པ་ནི། སྡིག་པའི་ཆོས་


DKG074_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བར་འགྱུར་ཏེ། དཔེར་ན་རླུང་གི་རང་བཞིན་ནི་མི་ལྡོག་མོད་ཀྱི། ཙན་དན་གྱི་ཚལ་ལམ། ཙམ་པ་ཀའི་ཚལ་ནས་འོངས་ན། རླུང་དེ་ལས་དྲི་བསུང་ཞིམ་པ་བྲོའོ། །གལ་ཏེ་མནམ་ཞིང་བཙོག་པའི་རླུང་རོ་སུམ་པའི་ཕྱོགས་ནས་འོངས་ན། རླུང་དེ་ཡང་མནམ་མོ། །དཔེར་ན་གོས་གསར་པ་ཡང་། སྤོས་ཀྱི་སྣོད་དུ་བཅུག་ན་གོས་དེ་ལ་ཡང་སྤོས་བྲོའོ། །གལ་ཏེ་མནམ་པ་སུམ་པའི་ནང་དུ་བཅུག་ན་གོས་དེ་ཡང་མནམ་མོ། །དགེ་བའི་བཤེས་གཉེན་ལ་བསྟེན་ན། དགེ་བ་ཡང་ཕྱིར་ཞིང་འཕེལ་གྱིས། སྡིག་པའི་གྲོགས་པོ་ལ་བསྟེན་ན། སྡིག་པ་སྐྱེ་ཞིང་འཕེལ་བར་འགྱུར་གྱིས། དེ་བས་ན་བདག་གི་བུ་འདི་ཡང་། དགེ་སློང་བཙུན་པ་འདི་ལ་འབུལ་ཏེ། རབ་ཏུ་བྱུང་ངོ་སྙམ་བསམས་ནས། དགེ་སློང་དེ་གང་ན་བ་དེར་སོང་སྟེ་འདི་སྐད་ཅེས་སྨྲས་སོ། །བདག་གི་བུ་འདི་རབ་ཏུ་བྱུང་བ་དད་ཀྱིས། བཙུན་པས་ཐུགས་བརྩེ་བར་དགོངས་ཏེ་རབ་ཏུ་བྱུང་བར་གསོལ། གལ་ཏེ་མི་གནང་ན་སླར་ཡང་ཁྱིམ་དུ་ཁྲིད་དེ་མཆིའོ། །དེ་ནས་དགེ་སློང་གིས་རྫུ་འཕྲུལ་གྱི་སྤྱན་གྱིས་བརྟགས་ན། ཁྱེའུ་འདི་རབ་ཏུ་བྱུང་ན་ཚུལ་ཁྲིམས་དག་པར་སྲུང་ཞིང་། སངས་རྒྱས་ཀྱི་ཆོས་འཕེལ་བར་རྟོགས་ནས་རབ་ཏུ་བྱུང་སྟེ། དགེ་ཚུལ་དུ་བྱས་སོ། །དེའི་ཚེ་ན་འཚོ་བ་སྦྱོར་བའི་དགེ་བསྙེན་དེ་ལ་ཁྱིམ་བདག་མཛའ་བོ་ཞིག་ཡོད་དེ། ཁྱིམ་བདག་དེས་དུས་ཀྱི་སྟོན་མོ་ཞིག་སྦྱར་ནས། དགེ་བསྙེན་དང་། དེའི་ཆུང་མ་དང་། བུ་དང་། བུ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ཁྱིམ་གང་གི་མི་ཀུན་བོས་སོ། །ཕྱི་ཉིན་མགྲོན་དུ་འགྲོ་བ་ལས། དགེ་བསྙེན་དེ་འདི་སྙམ་དུ་བསམས་སོ། །བདག་ཅག་ཀུན་མགྲོན་དུ་འགྲོ་ན་ཁྱིམ་འདི་སུས་བསྲུང་། གལ་ཏེ་ནན་གྱིས་འགའ་ཞིག་བཞག་ན། དེའི་སྒོར་ཕབ་སྟེ་སྐལ་བ་ཆད་པར་འགྱུར་གྱིས། དེ་ལ་སུ་ཞིག་འདུག་པར་དགའ་ན། མགྲོན་ལས་སླར་ལོག་མ་ཐག་ཏུ་དྲིན་གཟོ་ཞིང་ལན་བྱའོ་ཞེས་སྨྲས་པ་དང་། དགེ་བསྙེན་དེའི་བུ་མོ་ཞིག་ཡོད་པ་དེས། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་


DKG074_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདི་དག་ཐམས་ཅད་མགྲོན་དུ་མཆི་བར་བགྱིས་ཏེ། བདག་གིས་ཁྱིམ་བསྲུང་ངོ་ཞེས་སྨྲས་ནས། ཕས་ཀྱང་ཤིན་ཏུ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཁྱིམ་བསྲུང་ན། ཁྱོད་ཀྱི་མ་དང ་མི་འདྲ་བ་མེད་དེ་སྟོར་བའམ། ཉེས་པ་བྱུང་གིས་མི་དོགས་སོ་ཞེས་སྨྲས་ནས། ཁྱིམ་གང་གི་མི་ཀུན་མགྲོན་དུ་འདོང་ངོ་། །བུ་མོས་ཀྱང་སྒོ་རྣམས་དམ་དུ་བཅད་དེ། གཅིག་པུ་ཁྱིམ་དུ་འདུག་གོ །དེའི་ཉིན་པར་དགེ་བསྙེན་དེ་དྲེལ་བས་བསོད་སྙོམས་བསྐྱལ་བ་བརྗེད་ནས། དེའི་ཚེ་དགེ་སློང་དེ་འདི་སྙམ་དུ། ཉི་མ་ཡང་ཡོལ་ལ་ཁད་པ་དང་། ཁྱིམ་པ་ལ་དོན་མང་བས་བརྗེད་པ་ལྟ་སྲིད་དམ། ཟན་མི་ཟ་བའི་མི་རིགས་ཀྱི་ལེན་དུ་བཏང་ངོ་སྙམ་བསམས་ནས། དགེ་ཚུལ་དེ་བསོད་སྙོམས་ལེན་དུ་བཏང་ངོ་། །དགེ་ཚུལ་དེ་ལ་སློབ་དཔོན་གྱིས་བསྒོ་བ། ཁྱོད་སྤྱོད་ལམ་ཤིན་ཏུ་བསྡམས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལྟར་གྲོང་ནས་བསོད་སྙོམས་ལོངས་ཤིག།ཅི་ལྟར་བུང་བ་རྣམས་མེ་ཏོག་གི་ཁ་དོག་དང་དྲི་བསུང་ལ་མི་གནོད་པ་བཞིན། ཆགས་པར་མ་བྱེད་པར་ཁྱིམ་ནས་བསོད་སྙོམས་ལོངས་ཤིག།གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་མ་ཆགས་པར་དབང་པོ་རྣམས་སྲུངས་ཤིག།གལ་ཏེ་ཚུལ་ཁྲིམས་བསྲུངས་ན། གདོན་མི་ཟ་བར་འབྲས་བུ་ཐོབ་པར་འགྱུར་གྱིས། ལྷ་སྦྱིན་ལྟ་བུ་མདོ་སྡེ་མང་པོ་ཁ་ཏོན་ཤེས་ཀྱང་། ཉེས་པར་བྱས་ཏེ་ཚུལ་ཁྲིམས་ཉམས་ཏེ། མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །ཀོ་ཀ་ལི་ཀ་ལྟ་བུར་སྐུར་པ་འདེབས་ཤིང་ཚུལ་ཁྲིམས་ཉམས་པས། དེ་ཡང་སེམས་ཅན་དམྱལ་བར་སྐྱེས་སོ། །ཙུའུ་པན་ཏ་ལྟ་བུ་ཚིགས་སུ་བཅད་པ་གཅིག་ལས་མི་ཤེས་མོད་ཀྱིས། ཚུལ་ཁྲིམས་བསྲུངས་པས་དགྲ་བཅོམ་པར་གྱུར་ཏོ། །ཚུལ་ཁྲིམས་ནི་མྱ་ངན་ལས་འདའ་བའི་སྒོར་འཇུག་ཅིང་། ཤིན་ཏུ་བདེ་བའི་རྒྱུར་འགྱུར་ཏེ། དཔེར་ན་བྲམ་ཟེའི་ཆོས་ཀྱི་ཟླ་བ་གསུམ་མམ། ཟླ་བ་བཞིའི་བར་དུ་ཆོས་སྟོན་བྱེད་དེ། དེ་ཡང་བྲམ་ཟེ་མཁས་པ། རིག་པ་དང་ལྡན་པ། ཚུལ་


DKG074_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིམས་བསྲུངས་པ། ཚངས་པར་སྤྱོད་པ་དག་འབོད་ཀྱིས་ཐམས་ཅད་ནི་མ་ཡིན་ནོ། །གང་སྟོན་མོ་ལ་འོངས་པ་ལག་པའི་མཁྲིག་མ་ལ་ཀེའུ་ལེའི་རྒྱས་འདེབས་སོ། །བྲམ་ཟེ་གཅིག་ཅིག་ཡོན་ཏན་དང་ལྡན་ཡང་རང་བཞིན་གྱིས་ཕྲེད་པ་ཅན་ཞིག་ཡིན་པས། སྦྲང་རྩི་དང་མངར་བ་ལ་ཆགས་པས་མཁྲིག་མ་ལ་རྒྱས་བཏབ་པ་བལྡགས་ཏེ་མི་སྣང་བར་བྱས་སོ། །ཕྱི་ཉིན་སྟོན་མོ་ལ་འདུས་ནས་སྒོ་བས་རྒྱ་བལྟས་ན། ཀུན་ཏུ་རྒྱུ་དེ་ལ་རྒྱ་མེད་པར་གྱུར་ནས། སྒོ་བས་ཀྱང་ནང་དུ་མ་བཏང་བས། ཁྱོད་ཀྱི་རྒྱ་ག་རེ་ཞེས་དྲིས་ན། མངར་བས་བལྡགས་ཏེ་མེད་པར་བྱས་སོ་ཞེས་སྨྲས་སོ། །དེ་ལྟར་ཀུན་དུ་རྒྱུ་དེ་མངར་བ་ཅུང་ཟད་ཙམ་ལ་ཆགས་པས། ཟླ་བ་བཞིའི་སྟོན་མོ་ཁ་ཟས་ཁ་དོག་དང་དྲི་བསུང་དང་ལྡན་ཞིང་། དྲི་ཞིམ་པོ་རྣམ་པ་སྣ་ཚོགས་དང་། ཡོན་ཏན་རིན་པོ་ཆེ་མང་པོ་ཡང་ཤོར་གྱིས། ཁྱོད་ཀྱང་དེ་ལྟ་བུའི་ཅུང་ཟད་ཙམ་ལ་ཆགས་པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕྱག་རྒྱ་ཉམས་པར་མ་བྱེད་ཅིག།ལྷ་དང་མིའི་འདོད་པ་ལྔའི་རོ་ཞིམ་པོ་དང་། ཟག་པ་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། མྱ་ངན་ལས་འདས་པའི་བདེ་བ་དང་། ཆོས་རིན་པོ་ཆེ་ཚད་མེད་པ་དག་སྟོར་བར་གྱུར་ཏ་རེ། དུས་གསུམ་གྱི་སངས་རྒྱས་ཀྱི་ཚུལ་ཁྲིམས་ཉམས་ཤིང་། དཀོན་མཆོག་གསུམ་དང་། སློབ་དཔོན་དང་། དགེ་འདུན་གྱི་རིགས་སུན་པར་མ་བྱེད་ཅིག་ཅེས་བསྒོ་བ་དང་། སློབ་དཔོན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དེའི་ཁྱིམ་དུ་སོང་ངོ་། །དེར་ཕྱིན་པ་དང་། སྒོ་བརྡུངས་ནས་བུ་མོས་སུ་ཡིན་ཞེས་བོས་སོ། །དགེ་ཚུལ་གྱིས་བདག་སློབ་དཔོན་གྱི་བསོད་སྙོམས་ལེན་དུ་འོངས་སོ་ཞེས་སྨྲས་པ་དང་། བུ་མོ་དེ་རབ་ཏུ་དགའ་ནས་ད་ནི་རེ་བ་རྙེད་དོ་སྙམ་ནས་སྒོ་ཕྱེས་ཏེ། དགེ་ཚུལ་ནང་དུ་འོངས་པ་དང་། བུ་མོ་ཡང་ལོ་བཅུ་དྲུག་ལས་མ་ལོན་ཏེ། མངའ་བྱད་ལེགས་པ་དང་། བལྟ་ན་སྡུག་པ། མཛེས་པ་བཟང་བ་ཞིག་སྟེ། འདོད་ཆགས་ཀྱིས་བསླུའོ་སྙམ་སྟེ། དགེ་ཚུལ་དེའི་མདུན་དུ་བསླུ་བ་རྣམ་པ་མང་པོ་བྱས་ཏེ། ཤིན་ཏུ་འདོད་པས་དགེ་ཚུལ་དེ་ལ་བཏེགས་སོ། །དགེ་ཚུལ་


DKG074_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དེས་འདི་སྙམ་དུ་བུ་མོ་འདི་རླུང་ནད་ལངས་སམ། སྨྱོས་སམ། འོན་ཏེ་བུ་མོ་འདི་འདོད་ཆགས་ཀྱིས་གདུངས་ཏེ། འདོད་ཆགས་ཀྱི་མེས་ངའི་ཚུལ་ཁྲིམས་ཚིག་པར་བྱེད་དམ་སྙམ་བསམས་ནས། སྤྱོད་ལམ་ཤིན་ཏུ་བསྡམས་ཏེ། མདངས་ཀྱང་མ་གྱུར་པར་འདུག་གོ །བུ་མོ་དེས་ལུས་སྨད་ལྔ་ས་ལ་གཏུགས་ནས་ཕྱག་བྱས་ཏེ། དགེ་ཚུལ་ལ་འདི་སྐད་ཅེས་སྨྲས་སོ། །བདག་རྟག་ཏུ་རེ་བ་ཡང་དེང་གི་དུས་གྲུབ་བོ། །བདག་ཁྱོད་ལ་སྨྲ་བ་ཞིག་ཡོད་དེ། རྟག་ཏུ་དྲན་པ་ལ་སྐབས་མ་རྙེད་དོ། །ཁྱོད་ཀྱང་རྟག་ཏུ་བདག་ལ་དགོངས་པ་འདྲ་ན། བདག་གི་རེ་བ་བསྐང་དུ་གསོལ། ཁྱིམ་འདིའི་ནང་ན་རིན་པོ་ཆེ་དང་། གསེར་དང་། དངུལ་དང་། བང་མཛོད་མང་པོ་ནི་རྣམ་ཐོས་ཀྱི་བུའི་གཏེར་དང་འདྲ་བར་ཡོད་ཀྱང་བདག་པོ་མེད་ཀྱིས། ཁྱོད་ཁྱིམ་དང་བཅས་པའི་བདག་པོ་མཛད་དུ་གསོལ། བདག་ཁྱོད་ཀྱི་ཁོལ་མོ་བགྱིས་ཏེ། བཀུར་སྟི་དང་རིམ་གྲོ་བགྱིས། འདི་ལས་མི་འགལ་ཞིང་བདག་གི་རེ་བ་བསྐང་དུ་གསོལ། དགེ་ཚུལ་གྱིས་བསམས་པ། བདག་གི་སྡིག་པའི་ལས་ཅི་ཞིག་བྱས་ན། འདི་ལྟ་བུའི་རྐྱེན་དང་ཕྲད་པར་གྱུར། བདག་ལུས་དང་སྲོག་ཡལ་བ་ཡང་བླའི། དུས་གསུམ་གྱི་སངས་རྒྱས་ཀྱིས་བཅས་པའི་ཚུལ་ཁྲིམས་ཉམས་པར་མི་བྱའོ། །སྔོན་དགེ་སློང་དག་སྨད་འཚོང་མའི་ནང་དུ་ཕྱིན་ཀྱང་མེའི་དོང་དུ་མཆོངས་ཀྱང་བླའི། ཚུལ་ཁྲིམས་ཉམས་པར་མི་བྱེད་དོ། །གཞན་ཡང་དགེ་སློང་དག་ནི་མི་རྒོད་ཀྱིས་བཅོམ་ནས། རྩྭ་ལ་བཏགས་ཏེ་རླུང་གིས་བཤུད་ཅིང་། ཉི་མས་བཕྲེགས་པ་དང་། སྲིན་བུ་མང་པོས་ཟ་ཡང་ཚུལ་ཁྲིམས་བསྲུང་བའི་ཕྱིར་རྩྭ་གཅོད་ཅིང་མི་འགྲོའོ། །བྱ་གག་གིས་ནོར་བུ་མེད་པར་དགེ་སློང་གིས་མཐོང་ཡང་། ཚུལ་ཁྲིམས་བསྲུང་བའི་ཕྱིར། སྡུག་བསྔལ་མྱོང་བར་བྱེད་ཀྱང་གཏམ་མི་ཟེར་རོ། །གྲུ་ཞིག་པ་ལས་དགེ་སློང་གིས་ཤིང་ལེབ་ལ་འཇུས་ཀྱང་། ཚུལ་ཁྲིམས་བསྲུང་བའི་ཕྱིར་ཤིང་ལེབ་དེ་དག་དགེ་སློང་གྲོགས་པོ་གྲལ་མཐོ་བ་ལ་ཕུལ་ནས། རྒྱ་མཚོར་ཤི་བ་ལ་སོགས་པ་དེ་དག་འབའ་ཞིག་སངས་རྒྱས་ཀྱི་ཉེ་གནས་སུ་ཚུལ་ཁྲིམས་བསྲུངས་པ་ཡིན་གྱིས། བདག་ཅག་


DKG074_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བསྲུངས་པ་མ་ཡིན་ནམ། དེ་བཞིན་གཤེགས་པ་ཡང་དེ་འབའ་ཞིག་གི་སྟོན་པ་ཡིན་གྱི། བདག་ཅག་གི་སྟོན་པ་མ་ཡིན་ནམ། དཔེར་ན་ཙམ་པ་ཀའི་མེ་ཏོག་ཟར་མ་དང་ལྷན་ཅིག་ཏུ་བཙིར་ན། ཙམ་པ་ཀའི་དྲི་ཞིམ་པོ་ཟར་མའི་མར་ལ་བྲོ་བར་འགྱུར་ཏེ། བདག་ཀྱང་དེ་ལྟ་མ་ཡིན་ནམ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ན། ཅིའི་ཕྱིར་དེང་འདིར་སྡིག་པ་མི་དགེ་བའི་ཆོས་བྱེད་པར་འགྱུར། ལུས་དང་སྲོག་ཡལ་ཡང་བླའི། ནམ་དུ་ཡང་ཚུལ་ཁྲིམས་ཉམས་ཤིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཕ་མ་དང་། སློབ་དཔོན་དང་། བླ་མའི་རིགས་སུན་པར་མི་བྱའོ། །ཡང་བསམས་པ། གལ་ཏེ་བདག་བྲོས་ན་ནི་བུ་མོ་དེ་འདོད་ཆགས་ཀྱིས་གདུངས་པས་ཁྲེལ་དང་ངོ་ཚ་ཡང་མེད་དེ། ཕ་རོལ་ཏུ་བདག་ཟིན་ནས། བདག་ལ་སྐུར་པ་འདེབས་པར་འགྱུར་ཏེ། གྲོང་མི་དག་གིས་མཐོང་ན་སུན་འབྱིན་པར་འགྱུར་གྱིས། བདག་ནི་ངེས་པར་ཁང་པ་འདི་ཉིད་དུ་ཚེ་འཕོས་པར་བྱའོ་སྙམ་བསམས་ནས། བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །སྒོ་དག་དམ་དུ་ཆོད་ཅིག།བདག་ནི་ཁང་པ་ཅིག་གི་ནང་དུ་བྱ་བ་ཅུང་ཟད་ཡོད་པ་དེ་བྱས་ནས་ཁྱོད་དང་ཕྲད་པར་བྱའོ། །ཞེས་བསྒོ་ནས། བུ་མོ་ཕྱིར་སྒོ་གཅོད་དུ་སོང་བའི་འོག་ཏུ་དགེ་ཚུལ་ཁང་པ་ཅིག་གི་ནང་དུ་ཞུགས་ནས་སྒོ་གཏན་དམ་དུ་བཅུག་སྟེ། ནང་ནས་སྤུ་གྲི་རྙེད་པས་རབ་ཏུ་དགའ་སྟེ། ལུས་ལ་གྱོན་པའི་གོས་རྣམས་ཕུད་ནས་གདང་བུ་ལ་གཟར་ཏེ། ཐལ་མོ་སྦྱར་ནས་གྲོང་ཁྱེར་ཀུ་ཤ་གང་ན་བར་སངས་རྒྱས་མྱ་ངན་ལས་འདས་པའི་གནས་ལོགས་སུ་པུས་མོ་ས་ལ་བཙུགས་ནས། འདི་སྐད་ཅེས་ཡི་དམ་བཅས་སོ། །བདག་གིས་ནི་སངས་རྒྱས་དང་། ཆོས་དང་། དགེ་འདུན་སྤོང་བ་མ་ལགས། མཁན་པོ་དང་། སློབ་དཔོན་སྤོང་བ་མ་ལགས། ཚུལ་ཁྲིམས་སྤོང་བ་མ་ལགས་ཀྱིས། ཚུལ་ཁྲིམས་བསྲུང་བའི་སླད་དུ་ལུས་འདི་སྤོང་ངོ་། །བདག་གར་སྐྱེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་བ་དང་། ཚངས་པར་སྤྱོད་པ་རྣམ་པར་དག་པ་དང་། ཟག་པ་ཟད་


DKG074_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། འབྲས་བུ་གྲུབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། རང་གི་མགུལ་བ་བཅད་ནས་ཚེ་འཕོས་སོ། །ཁྲག་གིས་གཡོགས་ནས་ལུས་ཀྱང་ཁྲག་གིས་དམར་པོར་གྱུར་ཏེ། དེའི་ཚེ་ན་བུ་མོས་བསམས་པ། རིང་བར་ཐོགས་སྙམ་ནས་སྒོའི་དྲུང་དུ་སོང་སྟེ་བོས་ན་ཅང་མི་ཟེར་རོ། །བུ་མོས་སྒོ་ཕྱེས་ཏེ་བལྟས་ན་ཚེ་འཕོས་ཟིན་པ་མཐོང་ནས། བསམ་པ་བཞིན་དུ་མ་གྱུར་པས། འདོད་པའི་སེམས་ཀྱང་ཞི་སྟེ། བུ་མོ་ཤིན་ཏུ་མི་དགའ་བས་གདུངས་པས་སྐྲ་ཡང་བཤིག །གདོང་ཡང་སེན་མོས་བྲད་དེ། ས་ལ་འགྲེ་ཞིང་ངུའོ། །བུ་མོའི་ཕ་མ་སྟོན་མོ་ལས་ཕྱིར་ལོག་ནས་སྒོ་བརྡུངས་ཏེ་བོས་ན་བུ་མོས་ཅང་མི་སྨྲ་བས། མི་ཞིག་ནང་དུ་བཏང་སྟེ་སྒོ་འབྱེད་དུ་བཅུག་ན། བུ་མོ་དེ་ལྟ་བུར་གྱུར་པ་མཐོང་བ་དང་། བུ་མོ་ལ་སྨྲས་པ། ཁྱོད་ཅི་ཉེས། གཅིག་གིས་ཀྱལ་ཀ་བྱས་ཏེ། ཁྱོད་ཀྱི་རིགས་སུན་པར་བྱས་སམ་ཞེས་དྲིས་ན། བུ་མོ་ཅང་མི་སྨྲ་བར་འདི་སྙམ་དུ་བསམས་སོ། །བདག་གི་དྲང་པོར་སྨྲས་ན་ནི་རབ་ཏུ་ངོ་ཚ་བ་ཞིག་ན། གལ་ཏེ་དགེ་ཚུལ་གྱིས་བདག་ལ་ཀྱལ་ཀ་བྱས་ཞེས་སྨྲས་ན་ནི། འཕགས་པ་ལ་སྐུར་པ་འདེབས་པས་སེམས་ཅན་དམྱལ་བར་ལྟུང་སྟེ། སྡུག་བསྔལ་མང་པོ་མྱོང་བར་འགྱུར་གྱིས། མི་སླུ་བར་དྲང་པོར་སྨྲའོ་སྙམ་དུ་བསམས་ནས། བདག་གཅིག་པུ་ཁང་པ་བསྲུང་ཞིང་མཆིས་པ་ལས། དགེ་ཚུལ་དེ་སློབ་དཔོན་གྱི་བསོད་སྙོམས་ལེན་དུ་འོངས་ནས། བདག་གི་འདོད་ཆགས་ཀྱི་མེས་ཚིག་པས་དགེ་ཚུལ་བཏེགས་ཏེ། ཚུལ་ཁྲིམས་བསྲུངས་པ་ཞིག་པས། སེམས་འགྱུར་དུ་མ་བཏུབ་སྟེ། དགེ་ཚུལ་དེས་ཐབས་བྱས་ནས། ཁང་བའི་ནང་དུ་ཞུགས་ཏེ་ཚེ་འཕོས་པར་གྱུར་ཏོ། །བདག་གི་ལུས་བཙོག་པ་འདིས་སྣོད་ཡོངས་སུ་དག་པ་མ་རུངས་པར་བྱས་པའི་སྟེང་དུ་ཁ་ན་མ་ཐོ་བའི་ཉེས་པ་བགྱིས་པས་བདག་མི་དགའོ། །དེ་སྐད་ཅེས་སྨྲས་པ། བུ་མོའི་ཕ་མས་ཐོས་ནས་ངོ་མཚར་དུ་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་ནས་ཉོན་མོངས་པའི་ཆོས་ཉིད་ཀྱིས་དེ་དང་འདྲ་བར་རྟོགས་པའི་ཕྱིར་རོ། །བུ་མོ་ལ་སྨྲས་པ། ཆོས་ཐམས་ཅད་ནི་མི་རྟག་པ་ཡིན་གྱིས། མྱ་ངན་མ་བྱེད་ཅིག་


DKG074_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བསྒོ་ནས་ཁང་པར་ཞུགས་ཏེ་བལྟས་ན། དགེ་ཚུལ་གྱི་རུས་བུ་ཙན་དན་དམར་པོ་ལྟར་ཁྲག་གིས་བསྒོས་པ་མཐོང་ནས། ཕྱག་བྱས་ཏེ། སངས་རྒྱས་ཀྱི་ཚུལ་ཁྲིམས་བསྲུང་བའི་ཕྱིར། ལུས་དང་སྲོག་ལ་ཡང་མི་བལྟ་བ་ལེགས་སོ། །ཞེས་བསྔགས་སོ། །དེའི་ཚེ་རྒྱལ་པོའི་ཡུལ་ཁྲིམས་ཀྱིས་དགེ་སློང་དག་ཁྱིམ་པའི་ཁྱིམ་དུ་ཚེ་འཕོས་ན། གསེར་གྱི་དོང་ཙེ་སྟོང་བླར་འབུལ་ལོ། །དེའི་ཚེ་དགེ་བསྙེན་དེ་ཡང་གསེར་གྱི་དོང་ཙེ་སྟོང་ཁྱེར་ནས་ཕོ་བྲང་དུ་སོང་སྟེ། རྒྱལ་པོ་ཆེན་པོ་བདག་ལ་ཉེས་པ་བྱུང་གི་དོང་ཙེ་འདི་དག་བཞེས་ཤིག་ཅེས་གསོལ་པ་དང་། རྒྱལ་པོས་དེ་ལ་བཀའ་སྩལ་པ། ཁྱོད་ནི་ངའི་ཡུལ་ཕྱོགས་ན་དཀོན་མཆོག་གསུམ་ལ་དད་ཅིང་། དམ་པའི་ཆོས་ལ་མོས་པས་རང་བཞིན་གྱིས་དྲང་ལ། སྤྱོད་པ་ཉམས་འོག་ཏུ་ཆུད་པ་ནི་ཁྱོད་གཅིག་པུར་ཟད་ན། ཁྱོད་ལ་ཉེས་པ་ཅི་ཞིག་བྱུང་། དགེ་བསྙེན་གྱིས་བདག་གི་བུ་མོ་འདི་ནི་སྨད་དེ། དགེ་ཚུལ་གྱིས་ཇི་ལྟར་ཚུལ་ཁྲིམས་བསྲུངས་པའི་ཡོན་ཏན་ནི་བསྔགས་ནས། ཇི་ལྟར་གྱུར་པ་རྒྱས་པར་གསོལ་ཏོ། །རྒྱལ་པོས་བཀའ་སྩལ་པ། དགེ་ཚུལ་ཚུལ་ཁྲིམས་བསྲུང་བའི་ཕྱིར། ལུས་དང་སྲོག་ལ་མ་བལྟས་པར་ཟད་ཀྱིས། ཁྱོད་ལ་ཉེས་པ་མེད་ཀྱིས། དོང་ཙེ་ཁྱེར་ལ་ཕྱིར་ཁྱིམ་དུ་སོང་ཤིག།ང་ཡང་ཁྱོད་ཀྱི་ཁྱིམ་དུ་དགེ་ཚུལ་དེ་ལ་མཆོད་པ་ཞིག་བྱེད་དུ་འོང་ངོ་ཞེས་བཀའ་སྩལ་ནས། གསེར་གྱི་རྔ་བརྡུངས་ཏེ་འཁོར་ཐམས་ཅད་འདུས་ལ་ཞབས་འབྲིང་དུ་ཆོས་ཤིག།དགེ་བསྙེན་དེའི་ཁྱིམ་དུ་དོང་ངོ་ཞེས་བཀར་བཏགས་སོ། །དེ་ནས་རྒྱལ་པོ་དེའི་ཁྱིམ་དུ་གཤེགས་ཏེ། དགེ་ཚུལ་གྱི་རུས་བུ་ཙན་དན་དམར་པོ་ལྟར་ཁྲག་གིས་བསྒོས་པ་གཟིགས་ནས་ཕྱག་འཚལ་ཏེ། ཡོན་ཏན་བསྔགས་ནས། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་ཤིང་རྟ་ལ་རུས་བུ་བཞག་ནས། གང་ན་ཐང་བདེ་བ་ཀུན་གྱིས་མཐོང་བའི་གནས་སུ་སོང་སྟེ། སྤོས་ཀྱི་ཤིང་གིས་བཕྲེགས་ནས་མཆོད་པ་བྱས་སོ། །བུ་མོ་དེ་ཡང་འཇིག་རྟེན་ན་དཀོན་པར་ཤིན་ཏུ་བཟང་མོ་ཞིག་སྟེ། བུ་མོ་དེ་ཡང་གནས་མཐོ་བ་ཀུན་གྱིས་མཐོང་བར་བཞག་སྟེ། འཁོར་མང་པོ་ཐམས་


DKG074_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་ལེགས་པར་མཐོང་བར་བྱས་ཏེ། མི་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བུ་མོ་འདི་ལྟར་གཟུགས་བྱད་ལེགས་ཤིང་ཤིན་ཏུ་བཟང་བ་མཛེས་པ་འདི་ལ་འདོད་ཆགས་དང་མ་བྲལ་བ་སུ་ཞིག་ཆགས་པར་མི་འགྱུར་ན། དགེ་ཚུལ་འདི་འབྲས་བུ་ཡང་མ་ཐོབ་སྟེ། སྐྱེ་བ་དང་། འཇིག་པར་བཅས་པའི་ལུས་ཅན་འདིས་ཀྱང་། ཚུལ་ཁྲིམས་ཀྱི་ཕྱིར། ལུས་དང་སྲོག་བཏང་ཕོད་པ་ནི་ངོ་མཚར་ཆེའོ། །ཞེས་བསྒྲགས་ནས། དེའི་སློབ་དཔོན་ཡང་སྤྱན་དྲངས་ཏེ། འཁོར་མང་པོ་ལ་དམ་པའི་ཆོས་སྟོན་དུ་བཅུག་ནས། འཁོར་དེའི་ནང་དུ་འདུས་པ་ཐམས་ཅད་ཀྱིས་ཆོས་བསྟན་པ་ཐོས་ནས། ཁ་ཅིག་ནི་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུང་བར་གསོལ་ཏོ། །ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཐམས་ཅད་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །དགེ་ཚུལ་གྱིས་ཚུལ་ཁྲིམས་བསྲུངས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

བཅུ་བདུན་པ། ཁྱིམ་བདག་དབང་པོ་མེད་པའི་ལེའུ།


DKG074_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ཆེན་པོའི་དགེ་འདུན་དང་། ཐབས་ཅིག་ཏུ་བཞུགས་ཏེ། ཆོས་སྟོན་ཏོ། །དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཆེན་པོ། ཕྱུག་པ། ནོར་མང་བ། གསེར་དང་། དངུལ་དང་། རིན་པོ་ཆེ་སྣ་བདུན་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་དང་། ལུག་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་རབ་ཏུ་མང་བ། བང་མཛོད་རབ་ཏུ་མང་བ་ཞིག་ལ། བུ་ཁྱེའུ་ནི་མེད་ཀྱིས། བུ་མོ་ནི་ལྔ་ཡོད་དེ། དེ་ཡང་མངའ་བྱད་མཛེས་པ་ཤེས་པའི་བློ་དང་ལྡན་པ་ཤ་སྟག་གོ །དེའི་ཚེ་ཁྱིམ་བདག་དེའི་ཆུང་མ་སྦྲུམ་མ་ལས། ཁྱིམ་བདག་དེ་ཚེ་འཕོས་པར་གྱུར་ཏོ། ། དེའི་ཚེ་རྒྱལ་པོའི་ཡུལ་ཆོས་ཀྱིས། བུ་ཕོ་མེད་ན་ལོངས་སྤྱོད་ཅི་བདོག་པ་ཐམས་ཅད་རྒྱལ་པོས་བཞེས་ཏེ། རྒྱལ་པོས་ཀྱང་བློན་པོ་ཅིག།དེའི་ནོར་ཕྱུགས་དང་། ལོངས་སྤྱོད་ཅི་ཡོད་པ་ཐམས་ཅད་བརྩིས་ནས། བླར་བཞེས་པར་བཀའ་སྩལ་པ་དང་། བུ་མོ་དེ་དག་གིས་བསམས་པ། བདག་


DKG074_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་གི་མའི་རུམ་མི་བདེ་བ་ཕོའམ། མོའམ། གཏོལ་མེད་དེ། བུ་མོ་ཞིག་བཙས་ན་ནི་ནོར་ཕྱུགས་ཀྱང་རྒྱལ་པོས་བཞེས་པར་ཟད་ན། གལ་ཏེ་ཁྱེའུ་ཞིག་བྱུང་ན། ནོར་བདག་དངོས་ཡིན་ནོ་སྙམ་བསམས་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གི་ཕ་གུམ་པས་བུ་མ་མཆིས་པའི་སླད་དུ་ནོར་ཕྱུགས་རྒྱལ་པོས་བཞེས་པ་འདི། ད་ལྟར་བདག་ཅག་གི་མའི་རུམ་མི་བདེ་བ། བྱེ་བྲག་མ་བྱེ་བའི་བར་དུ་བཞག་ཅིང་། གལ་ཏེ་བུ་མོ་ཞིག་ལགས་ན་བཞེས་པ་ཡང་སླ་སྟེ། གལ་ཏེ་ཁྱེའུ་ཞིག་ལགས་ན་ནོར་བདག་དངོས་ཡིན་ནོ། །རྒྱལ་པོ་རབ་གསལ་རྒྱལ་དེ་ཡང་དྲང་ཞིང་ཆོས་ཀྱིས་སྲིད་འཚོ་བས། བུ་མོ་དེ་དག་གིས་གསོལ་པ་བཞིན་བྱས་སོ། །དེ་ནས་རིང་པོ་མ་ལོན་པར་ཟླ་བ་དགུ་ཚང་ནས་བུ་ཕོ་ཞིག་བྱུང་སྟེ། དེ་རྣ་བ་ཡང་མེད། མིག་ཀྱང་མེད། སྣ་ཡང་མེད། ལྕེ་ཡང་མེད། རྐང་ལག་ཀྱང་མེད་དེ། ཕོ་མཚན་འབའ་ཞིག་ཡོད་པའི་ཤ་གོང་གོང་པོ་ཞིག་བྱུང་བས། དེའི་མིང་ཡང་མ་འཇི་བྱི་ལ་ཞེས་བྱ་བར་བཏགས་སོ། །དེ་ནས་བུ་མོ་དེ་དག་གིས་ཁྱེའུ་ཞིག་བྱུང་ངོ་ཞེས་གསོལ་པ་དང་། རྒྱལ་པོས་བསམས་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། རྐང་ལག་ལ་སོགས་པ་ཡོད་པས་ནི་ནོར་བདག་ཏུ་མི་འགྱུར་གྱིས། གང་ཕོ་མཚན་དང་ལྡན་པ་དེ་ནོར་བདག་ཏུ་འགྱུར་ཏེ། བུ་འདི་ཡང་ཕོ་མཚན་ཡོད་པས་ཕའི་ནོར་བདག་ཏུ་འགྱུར་རོ་སྙམ་བསམས་ནས། བུ་མོ་དེ་དག་ལ་ནོར་ཕྱུགས་དང་། ལོངས་སྤྱོད་ཅི་བདོག་པ་ཐམས་ཅད་ཁྱོད་ཀྱི་མིང་པོ་དབང་སྟེ་མི་བཞེས་སོ་ཞེས་བཀའ་སྩལ་ཏོ། །དེའི་ཚེ་བུ་མོ་ཆེན་མོ་ཆོ་རིགས་འཐུན་པ་ལ་བག་མར་བཏང་སྟེ། བུ་མོ་དེས་ཁྱིམ་ཐབ་ལ་བཀུར་སྟི་བསྐྱེད་ནས། སྟན་བཏིང་བ་དང་། མལ་བྱེད་པ་དང་། ཕྱག་དར་དོར་བ་དང་། ཁ་ཟས་སྦྱར་བ་དང་། བསུ་བ་དང་། བསྐྱེལ་བ་དང་། ཕྱག་འཚལ་བ་དང་། གསོང་པོར་སྨྲ་བ་ལ་སོགས་ཏེ། ལས་སུ་བྱ་བ་ཐམས་ཅད་ལ་ཇི་ལྟར་བྲན་མོ་དག་རྗེ་མོའི་ལས་བྱེད་པ་བཞིན་དུ། བུ་མོ་དེ་ཡང་ཁྱིམ་


DKG074_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་དེའི་བཀུར་སྟི་བྱེད་པས། ཁྱིམ་ཐབ་ཀྱིས་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོ་ཤུག་ཅེས་བྱ་བ་བདག་ཅག་ཏུ་མ་ཟད་དེ། ཀུན་ལ་ཡང་སྲིད་ན། ཁྱོད་འབའ་ཞིག་ཅིའི་ཕྱིར་འདི་ལྟར་བྱེད་ཅེས་སྨྲས་སོ། །ཆུང་མས་སྨྲས་པ། བདག་གི་ཕ་ལ་ནོར་ཕྱུགས་གྲངས་མེད་པ་ཞིག་ཡོད་དེ། གུམ་པའི་འོག་ཏུ་བུ་མོ་ལྔ་ཡོད་ཀྱང་ནོར་ཐམས་ཅད་རྒྱལ་པོས་བཞེས་པར་ཆད་པ་ལས་མའི་རུམ་མི་བདེ་བར་ཟླ་བ་ཚང་ནས་མིང་པོ་བཙས་ན། མིག་ཀྱང་མེད། རྣ་བ་དང་། སྣ་དང་། ལྕེ་དང་། རྐང་པ་དང་། ལག་པ་ཡང་མེད་དེ། སྐྱེས་པའི་མཚན་འབའ་ཞིག་ཡོད་པས་ནོར་བདག་ཏུ་གྱུར་ཏོ། །དེ་བས་ན་དབང་པོ་ཅི་ཡོད་ཀྱང་སྐྱེས་པའི་མཚན་མ་གཅིག་ཙམ་མི་ཕོད་དེ། བདག་ཁྱོད་ལ་བཀུར་སྟི་བྱེད་པ་ཡིན་ནོ། །ཁྱིམ་བདག་དེས་ཆུང་མས་སྨྲས་པ་ཐོས་ནས། ངོ་མཚར་དུ་གྱུར་ཏེ། ཆུང་མ་དང་འགྲོགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཁྱིམ་བདག་གི་བུ་དེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལག་པ་དང་། རྐང་པ་ཡང་མ་མཆིས་ཏེ། བཙས་མ་ཐག་ཏུ་ཤིན་ཏུ་ཕྱུག་པོའི་ཁྱིམ་དུ་ནོར་གྱི་བདག་པོར་གྱུར། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་དག་ཞུས་པ་ལེགས་ཀྱིས། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་བསྟན་ཏོ་ཞེས་བཀའ་སྩལ་ནས། ཁྱིམ་བདག་གིས་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན། ཁྱིམ་བདག་ཅིག་ལ་ཁྱེའུ་སྤུན་གཉིས་ཤིག་ཡོད་དེ། གཅིག་ནི་སྦྱིན་པ་ཞེས་བྱ། གཅིག་ནི་ཚུལ་ཁྲིམས་ཞེས་བྱ་སྟེ། ཁྱེའུ་སྤུན་གཉིས་ཆུང་ངུ་ནས་ཆུ་གང་དང་ཁྲེལ་ལྟས་ཆེ་ལ་ཚིག་བདེན་པར་སྨྲ་བ། རྟག་ཏུ་སྦྱིན་པ་ལ་དགའ་བ། དབུལ་ཕོངས་པ་ལ་མགོན་བྱེད་དོ། །དེ་ལྟར་དད་པ་ཆེ་ཞིང་དགེ་བས་ཡུལ་མིས་ཀྱང་བསྔགས་ཏེ། རྒྱལ་པོས་ཀྱང་ཞལ་ཅེ་བར་བཅུག་ནས། ཉེས་པ་དང་མཉེས་པ་དཔྱོད་དོ། །དེའི་


DKG074_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་རྒྱལ་པོའི་ཡུལ་ཁྲིམས་ཀྱིས། ཡུལ་མི་དག་ལ་གཅིག་ཅིག་བསྐྱིས་ཀྱང་ཞལ་ཅེ་བའི་དྲུང་དུ་ལྷགས་ནས། དཔང་འཛུགས་ཀྱིས་གཏན་ཚིགས་གཞན་མི་བྱེད་དོ། །དེའི་ཚེ་ཚོང་པ་ཞིག་རྒྱ་མཚོར་འགྲོ་བ་ལས། དེའི་ནུ་བོ་ཚུལ་ཁྲིམས་ཞེས་བྱ་བ་ལ་ནོར་དབྱིག་མང་པོ་ཞིག་བསྐྱིས་ཏེ་ཅི་དགོས་པར་སྤྱོད་དོ། །དེའི་ཚེ་ན་ཚུལ་ཁྲིམས་དེ་ལ་བུ་གཅིག་པུ་ཞིག་ཡོད་པ་ཡང་གཞོན་ལ་ཆུང་བས། ཚུལ་ཁྲིམས་ཀྱིས་བུ་དེ་ཡང་ཁྲིད་ཅིང་སྦྱིན་པར་བྱས་པའི་ནོར་རྫས་ཀྱང་ཁྱེར་ནས་ཕོ་བོའི་གན་དུ་སོང་ནས། འདི་སྐད་དུ་ཚོང་པ་འདིས་བདག་ལ་ནོར་འདི་སྙེད་ཅིག་སྔ་སྐྱིན་དུ་འཚལ་ཏེ། རྒྱ་མཚོ་ལས་ནམ་སླར་འཁོར་ན་སྩལ་བར་བགྱིས་པས། གལ་ཏེ་བདག་གུམ་ན་ཡང་བུ་ལ་སྩལ་བར་བགྱིས་ཀྱིས་གཅེན་མཁྱེན་པར་མཛོད་ཅིག།ཕུ་བོས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་རིང་པོར་མ་ལོན་པར་ཁྱིམ་བདག་ཚུལ་ཁྲིམས་ནི་ཚེའི་དུས་བྱས་སོ། །ཚོང་པ་དེ་ཡང་རྒྱ་མཚོའི་ནང་དུ་གྲུ་ཞིག་སྟེ། ཚོང་པ་དེ་འབའ་ཞིག་ཤིང་ལེབ་ཅིག་ལ་འཇུས་ནས། ཕྱིར་ཡུལ་དུ་ཕྱིན་པ་དང་། དེའི་ཚེ་ཁྱིམ་བདག་གིས་ཚོང་པ་དེ་གྲུ་ཞིག་ནས་ནོར་ནི་འཁྱམས་ཏེ་གཅིག་པུར་འཁོར་ཏེ། བདག་གི་ནོར་རྫས་འདི་སྙེད་ཅིག་ཆགས་མོད་ཀྱིས། བདར་མེད་དོ་སྙམ་བསམས་སོ། །དེ་ནས་ཡང་ཚོང་པ་དེས་གཞན་ལ་བསྐྱི་གཉའ་བྱས་ནས། ཕྱིར་རྒྱ་མཚོར་ཞུགས་པ་དང་། ནོར་བུ་རིན་པོ་ཆེ་མང་དུ་རྙེད་དེ། བདེ་བར་ཕྱིར་ཁྱིམ་དུ་འཁོར་ནས་འདི་སྙམ་དུ་སེམས་སོ། །ཁྱིམ་བདག་གི་བུ་འདིས་སྔར་ཡང་བདག་ལ་བུ་ལོན་མི་དེད་པས་ན། མི་འདི་ཆུང་ཆེས་བས་གལ་ཏེ་བརྗེད་དེ་མི་དྲན་ནམ། འོན་ཏེ་བདག་ལ་ཅི་ཡང་མི་བདོག་པས་བུ་ལོན་མི་དེད་པ། བདག་བགམ་མོ་སྙམ་བསམས་ནས། རྟ་བཟང་པོ་ཞིག་ཞོན་ནས། གོས་རིན་པོ་ཆེ་ཆེན་པོ་གྱོན་ནས་ཚོང་དུས་སུ་སོང་ངོ་། །ཁྱིམ་བདག་གི་བུ་དེས་ཀྱང་ཚོང་པ་དེས་གོས་བཟང་པོ་གྱོན་ཞིང་རྟ་བཟང་པོ་ཞོན་པ་མཐོང་ནས་བསམས་པ། འདི་ནི་ལོངས་སྤྱོད་དང་ལྡན་པར་གྱུར་པ་ལ། བུ་ལོན་བདའོ་སྙམ་བསམས་ནས། མི་ཞིག་ལ་བུ་ལོན་ཆགས་པ་རྣམས་ད་ཕྱིར་མི་


DKG074_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ནམ་ཞེས་སྤྲིང་ན། དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་ཚོང་པ་དེས་བསམས་པ། ཁྱིམ་བདག་འདི་ལ་ནོར་དབྱིག་མང་དུ་བསྐྱིས་པས་བདག་ལ་ལོངས་སྤྱོད་ཅི་བདོག་པ་ཐམས་ཅད་གཏུགས་ཀྱང་མི་འཁོར་ཏེ། བདག་གིས་ཐབས་ཤིག་བྱའོ་སྙམ་བསམས་ནས། ཚོང་པ་དེས་ནོར་བུ་རིན་པོ་ཆེ་ཅིག་ཐོགས་ཏེ། ཞལ་ཅེ་བ་དེའི་ཆུང་མའི་གན་དུ་སོང་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་མོ་མཁྱེན་པར་མཛོད་ཅིག་བདག་གིས་སྔོན་ཁྱིམ་བདག་ཚུལ་ཁྲིམས་ལས་ནོར་ཅུང་ཟད་ཅིག་བསྐྱིས་ཏེ། ད་ཁྱིམ་བདག་གི་བུ་བདག་ལ་བུ་ལོན་དེད་ན། ནོར་བུ་རིན་པོ་ཆེ་སྲང་ཁྲི་རི་བ་འདི་བཞེས་ཏེ། ཞལ་ཅེ་བ་ལ་བདག་ཅག་གཉིས་འདྲིར་འོངས་ན་མ་མཐོང་ངོ་ཞེས་གསོལ་པར་གྱིས་ཤིག་ཅེས་གསོལ་ཏོ། །ཆུང་མས་སྨྲས་པ། བདག་གི་ཁྱིམ་ཐབ་འདི་ནི་ཤིན་ཏུ་དྲང་སྟེ་བརྫུན་མི་ཟེར་བས་ན་མི་བཏུབ་ཏུ་ངེས་ན། འོན་ཀྱང་གསོལ་བར་བྱའོ་ཞེས་ནོར་བུ་བླངས་ཏེ། ཁྱིམ་ཐབ་ནུབ་མོ་སླར་འཁོར་བ་དང་། ཚོང་པས་གསོལ་པ་བཞིན་དུ་རྒྱས་པར་སྨྲས་སོ། །ཁྱིམ་ཐབ་ཀྱིས་སྨྲས་པ། བདག་གི་ཆུ་གང་དང་ཁྲེལ་ལྟས་ཀྱིས་འཚོ་སྟེ། བརྫུན་མི་སྨྲ་བས་རྒྱལ་པོས་ཀྱང་ཞལ་ཅེ་བར་བཅུག་གོ །གལ་ཏེ་བདག་གིས་བརྫུན་སྨྲས་ན། ད་ནི་རིགས་གཤའ་མ་མ་ཡིན་ནོ་ཞེས་སྨྲས་སོ། །ཕྱི་ཉིན་ཡང་ཚོང་པ་འོངས་ནས། ཆུང་མས་ཀྱང་དེ་བཞིན་དུ་གཏམ་རྒྱས་པར་སྨྲས་ཏེ། ནོར་བུ་ཕྱིར་བྱིན་པ་ལས། ཚོང་པ་དེས་ནོར་བུ་རིན་པོ་ཆེ་སྲང་སྟོང་ཕྲག་ཉི་ཤུ་རི་བ་ཅིག་ཡང་ཕུལ་ཏེ། འདི་སྐད་དུ་དོན་ཅུང་ཟད་ཀྱི་ཕྱིར་ཚིག་གཅིག་སྨྲས་པས་སྲང་སྟོང་ཕྲག་སུམ་ཅུ་རྙེད་པར་འགྱུར་རོ། །ཕ་རོལ་པོ་ནི་མི་ཙམ་པོ་ཡིན་ཏེ་རྒྱལ་པོར་གྱུར་ན་ཡང་དོང་ཙེ་གཅིག་ཙམ་ཡང་ཐོབ་པར་མི་འགྱུར་རོ་ཞེས་སྨྲས་ནས། འདི་ནི་རིགས་པ་ཡིན་ནོ་སྙམ་སྟེ། ནོར་བུ་རིན་པོ་ཆེ་ལ་ཆགས་པས་ཚོང་པས་བཅོལ་བ་ལ་བསྒྲུབ་པར་ཁས་བླངས་ཏེ། དགོངས་སུ་ཁྱིམ་ཐབ་ཕྱིར་འཁོར་བ་དང་། ཁར་རྩང་བདག་གིས་གསོལ་པ་དེ་རུང་བ་འདྲ་ན་དེ་བཞིན་དུ་མཛད་དུ་གསོལ། ཁྱིམ་ཐབ་ཀྱིས་སྨྲས་པ། དེ་ནི་རིགས་པ་མ་ཡིན་ཏེ། བདག་ནི་བརྫུན་མི་ཟེར་བས་ཞལ་ཅེ་བར་བཅུག་གོ །གལ་ཏེ་བརྫུན་ཞིག་སྨྲས་ན་ཡང་། ཚེ་འདི་


DKG074_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཇིག་རྟེན་པ་ཀུན་གྱིས་ཡིད་ཆེས་པར་མི་འགྱུར། ཚེ་ཕྱི་མ་ལ་ཡང་བསྐལ་པ་གྲངས་མེད་པའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ་ཞེས་བསྒོའོ། །དེའི་ཚེ་དེ་ན་ཁྱིམ་བདག་དེ་ལ་ཁྱེའུ་འགྲོ་མི་ནུས་པ་གོག་པ་ཙམ་ཞིག་ཡོད་དེ། ཁྱིམ་བདག་གི་ཆུང་མས་ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྱོད་དང་ཁྱོ་ཤུག་ཏུ་གྱུར་པས་སྲོག་ལ་བབ་པ་ཞིག་སྨྲས་ན་ཡང་ཕྱིར་བཟློག་ཏུ་མི་རེ་ན། འདི་ལྟ་བུའི་དོན་ཆུང་ངུ་ཞིག་ལ་ཡང་ཚིག་བརྟུལ་ཏེ་ངོ་བཟློག་ན་བདག་གསོན་ཏེ་ཡང་མི་རུང་། བདག་གིས་གསོལ་པ་བཞིན་དུ་མ་གྱུར་ན། བུ་ཡང་བསད་ལ་དེའི་འོག་ཏུ་བདག་ཀྱང་འཆིའོ། །ཁྱིམ་ཐབ་ཀྱིས་དེ་སྐད་སྨྲས་པ་ཐོས་ནས། དཔེར་ན་མི་བརྣངས་པ་སྐྱུག་ཏུ་མེད་ལ་མིད་དུ་མེད་པ་ལྟར། བདག་ལ་བུ་གཅིག་པུར་ཟད་དེ། གལ་ཏེ་ཤི་བར་གྱུར་ན་ནོར་གྱི་བདག་པོ་ཡང་མེད་པར་འགྱུར། གལ་ཏེ་བུད་མེད་ཀྱི་སྨྲས་པ་བཞིན་དུ་བྱས་ན་ཡང་། འཇིག་རྟེན་པ་ཀུན་གྱིས་སྨྲ་བས་ཡིད་མི་ཆེས་ཏེ། མ་འོངས་པའི་དུས་སུ་ཡང་སྡུག་བསྔལ་མང་པོ་མྱོང་བར་འགྱུར་རོ་སྙམ་བསམས་ནས། མ་རངས་བཞིན་དུ་ཆུང་མས་སྨྲས་པ་བཞིན་དུ་བྱས་པས། ཆུང་མ་ཡང་རབ་ཏུ་དགའ་ནས། ཚོང་པ་ལ་སྨྲས་པ། ཁོ་མོའི་ཁྱིམ་ཐབ་ཀྱིས་ཀྱང་གནང་གི །།དེ་བཞིན་དུ་གྱིས་ཤིག་ཅེས་བསྒོའོ། །ཚོང་པ་ཡང་རབ་ཏུ་དགའ་ནས། ཕྱིར་ཁྱིམ་དུ་སོང་སྟེ། གླང་པོ་ཆེ་ཆེན་པོ་གཅིག་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ནས་གོས་རིན་པོ་ཆེ་གྱོན་ཏེ། གླང་པོ་ཆེ་ལ་ཞོན་ཏེ་ཚོང་དུས་སུ་འོངས་སོ། །ཁྱིམ་བདག་གི་བུ་དེས་དེ་ལྟ་བུ་མཐོང་ནས་དགའ་སྟེ། ཡིད་ལ་ད་ནི་མི་འདི་ལོངས་སྤྱོད་མང་པོ་དང་ལྡན་གྱིས་བདག་གིས་བདའོ་སྙམ་བསམས་ནས། དྲུང་དུ་སོང་སྟེ་སར་འཕགས་པ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ལ་མཁྱེན་ཏམ་བདག་གི་བུ་ལོན་ཆགས་པ་རྣམས་སྩོལ་ཅིག་ཅེས་སྨྲས་ན། ཁྱིམ་བདག་དེ་དངངས་པ་སྐད་བྱེད་དེ། ཁྱོད་ཀྱི་བུ་ལོན་ཆགས་པ་མི་དྲན་ནོ། །བུ་ལོན་ཅི་ཞིག་ཆགས་སུ་མཐོང་ཞེས་སྨྲས་སོ། །ཁྱིམ་བདག་གི་བུས་སྨྲས་པ། ལོ་དང་། ཟླ་བའི་ངོ་ཆེ་གེ་མོ་ཞིག་ལ་བདག་གི་ཕ་ལས་ནོར་བསྐྱིས་ཏེ་བདག་གི་ལག་ནས་ནོར་ཁྱེར་བ་ཞལ་ཅེ་བ་ཡང་ཤེས་ན།


DKG074_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་བསྙོན་ཞེས་སྨྲས་སོ། །ཚོང་པས་སྨྲས་པ། བདག་གིས་ནི་ཁྱོད་ཀྱི་ནོར་བསྐྱིས་པར་མི་དྲན་ནོ། །མཐོང་བ་ཞིག་ཡོད་ན་མཐོང་བའི་ཐད་དུ་གཏུག་ཏུ་འདོང་ངོ་ཞེས་སྨྲས་ནས། ཞལ་ཅེ་བའི་ཐད་དུ་ཕྱིན་ཏེ། མི་འདིས་སྔོན་བདག་གི་ཕ་ལས་ནོར་འདི་སྙེད་ཅིག་བསྐྱིས་ཏེ། ཁུ་བོས་ཀྱང་མཐོང་ན་མི་འདི་བདག་གི་ཕ་ལས་ནོར་མ་འཚལ་ཏམ་ཞེས་དྲིས་ན། ཁུ་བོས་བདག་ལ་གཏོལ་མེད་ཅེས་སྨྲས་སོ། །ཚ་བོ་དངངས་ནས་དེའི་ཚེ་བདག་གི་ནོར་ཅི་བསྐྱིས་པ། ཁུ་བོས་ལག་པས་བསྔོས་ཏེ་མི་འདི་ལ་བྱིན་པར་མི་དྲན་ནམ། ཁུ་བོས་སྨྲས་པ་དེ་ལྟ་བུ་མེད་དོ་ཞེས་སྨྲས་སོ། །དེ་ནས་ཁྱེའུ་དེ་ཁུ་བོ་ལ་ཁྲོས་ནས་ཁྱོད་དྲང་བའི་ཕྱིར། ཀུན་གྱི་ཞལ་ཅེ་བར་རྒྱལ་པོས་བཅུག་སྟེ། ཡུལ་མི་ཐམས་ཅད་ཀྱིས་དྲང་པོ་ཞེས་བྱས་ནས། བདག་ཚ་བོ་ལ་ཡང་འདི་ལྟར་བྱེད་ན། གཞན་དག་ཐོག་ཏུ་མི་བབ་ཅིང་གཏམས་ལས་བཅད་པ་ལྟ་ཅི་སྨོས་ཏེ། འདི་བདེན་ནམ་བརྫུན་ཏེ། དེའུ་རེ་མངོན་ནོ་ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ལ་བཀའ་སྩལ་པ། དེའི་ཚེ་ཞལ་ཅེ་བ་དེ་ཤེས་པར་འདོད་ན། གཞན་ཡིན་ནོ་སྙམ་དུ་མ་སེམས་ཤིག།དེ་ནི་མ་འཇི་བྱི་ལ་དབང་པོ་རྣམས་མ་ཚང་བ་འདི་ཡིན་ནོ། ། དེའི་ཚེ་བརྫུན་ཅིག་བྱས་པས་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་ནས། སྡུག་བསྔལ་སྣ་ཚོགས་མྱོང་བར་གྱུར་ཏེ། དམྱལ་བ་ལས་ཐར་ནས་སྐྱེ་བ་ལྔ་བརྒྱའི་བར་དུ་དབང་པོ་ཅི་ཡང་མེད་པའི་ཤ་གོང་གོང་པོར་སྐྱེས་སོ། །དེའི་ཚེ་སྦྱིན་པ་ལ་དགའ་བའི་དབང་གིས་རྟག་ཏུ་ཕྱུག་པོའི་ཁྱིམ་དུ་སྐྱེས་ནས། ནོར་གྱི་དབང་དུ་སྐྱེས་སོ། །དགེ་བའི་ལས་དང་། སྡིག་པའི་ལས་ནི་ཡུན་རིང་དུ་ལོན་ཀྱང་མེད་ཅིང་ཞིག་པར་མི་འགྱུར་རོ། །དེ་བས་ན་ཁྱོད་རྣམས་བརྩོན་འགྲུས་ལུས་དང་། ངག་དང་། ཡིད་བསྡམས་ཏེ་སྡིག་པ་མི་བྱའོ། །དེའི་ཚེ་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས། ལ་ལ་ནི་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་ཐོབ་པར་གྱུར། ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཁྱིམ་བདག་དབང་པོ་མེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།

བཅོ་བརྒྱད་པ། དབུལ་མོས་རས་ཕུལ་བའི་ལེའུ།


DKG074_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ན་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་ཅིང་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་གི་ཆུང་མ་ཞིག་ལ་བུ་མོ་ཞིག་བཙས་ནས། བུ་མོ་གཞན་པས་འཕགས་པ་བཞིན་བཟང་བ་བལྟ་ན་སྡུག་པ་མཛེས་པ་ཞིག་སྟེ། ཐོག་མ་བཙས་ནས་རས་དཀར་པོ་འཇམ་པོས་དསྲེས་ཏེ་བྱུང་ངོ་། །དེ་ལ་ཕ་མ་ཡ་མཚན་དུ་གྱུར་ཏེ། མཚན་མཁན་ལ་བསྟན་ནས། མཚན་མཁན་གྱིས་བལྟས་ནས་བསོད་ནམས་ཆེན་པོ་དང་ལྡན་པར་རྟོགས་ནས་མིང་ཡང་དཀར་མོར་བཏགས་སོ། །བུ་མོ་དཀར་མོ་ཅི་ཙམ་དུ་སྐྱེས་པ་བཞིན་དུ་རས་ཀྱང་ལུས་ཀྱི་ཚད་དུ་སྐྱེས་སོ། །བུ་མོ་དེ་ཕྱིས་ཆེར་སྐྱེས་ནས། ཡུལ་མི་ལས་མང་དུ་ཆུང་མར་སློང་བ་དང་། ཕ་མས་ཀྱང་བུ་མོ་བག་མར་བཏང་བའི་རྒྱན་རྣམས་བརྡུང་སྙམ་ནས་མགར་བ་གཉེར་ཏེ་གསེར་དངུལ་བཅལ་ལོ། །བུ་མོས་གསེར་དངུལ་བཅལ་བ་མཐོང་ནས་འདི་ཅི་ཞིག་བྱ་ཞེས་ཕ་མ་ལ་དྲིས་པ་དང་། །འདི་ནི་ཁྱོད་བག་མར་བཏང་བའི་རྒྱན་རྣམས་བརྡུང་ངོ་། །ཞེས་སྨྲས་སོ། །བུ་མོས་སྨྲས་པ། བདག་ནི་རབ་ཏུ་བྱུང་བར་དད་ཀྱི། བག་མར་མཆིས་པར་མི་དགའོ། །ཕ་མས་ཀྱང་བུ་མོའི་ཡིད་དང་སྦྱར་ནས་དེ་མ་ཐག་ཏུ་རས་ཕྱུང་སྟེ། ཆོས་གོས་དྲུབ་པར་བཤམས་པ་ལས། བུ་མོས་རས་འདིས་ཅི་ཞིག་བྱ་ཞེས་དྲིས་པ་དང་། ཁྱོད་ཀྱི་ཆོས་གོས་དྲུབ་བོ་ཞེས་སྨྲས་སོ། །བུ་མོས་སྨྲས་པ། བདག་ལ་ཆོས་གོས་གྱོན་པ་ཡོད་ཀྱི་དྲུབ་མི་དགོས་སོ། །བཅོམ་ལྡན་འདས་གང་ན་བཞུགས་པར་ཁྲིད་དེ་འདོང་ངོ་ཞེས་སྨྲས་པ་དང་། ཕ་མས་ཀྱང་བཅོམ་ལྡན་འདས་གང་ན་བཞུགས་པར་ཁྲིད་དེ་དོང་ངོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་དེ་སངས་རྒྱས་གང་ན་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། རབ་ཏུ་བྱུང་བར་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་། ཁ་སྤུ་རང་བྱི་སྟེ་ལུས་ལ་གྱོན་པའི་རས་དཀར་པོ་ཡང་ཆོས་གོས་སྨད་ལྔར་གྱུར་ནས། དགེ་སློང་མ་སྐྱེ་དགུའི་བདག་མོ་ལ་གཏད་དོ། །


DKG074_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་མ་དེས་བརྩོན་འགྲུས་བརྩམས་པས་རིང་པོར་མ་ལོན་པར་དགྲ་བཅོམ་པར་གྱུར་ཏེ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་སློང་མ་དཀར་མོས་སྔོན་བསོད་ནམས་ཅི་ཞིག་བསགས་པས་ཁྱིམ་བདག་གི་ཁྱིམ་དུ་སྐྱེས་ཏེ། ལུས་ལ་རས་ཀྱང་མཆིས་ལ་རབ་ཏུ་ཕྱུང་ནས་རིང་པོར་མ་ལོན་པར་དགྲ་བཅོམ་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་བསོད་སྐྱབས་འཇིག་རྟེན་དུ་གཤེགས་ཏེ། ཉེ་གནས་དང་བཅས་སུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལས་ཡུལ་མི་ཐམས་ཅད་ཀྱིས་མཆོད་པ་རྒྱས་པར་བྱས་སོ། །དེའི་ཚེ་དགེ་སློང་གཅིག་ཅིག་འགྲོ་བ་མང་པོའི་དོན་དུ་ཡུལ་མི་ཐམས་ཅད་སངས་རྒྱས་ལ་ཆོས་ཉན་པ་དང་། སྦྱིན་པ་བྱེད་པར་བསྐུལ་ལོ། །དེའི་ཚེ་བུད་མེད་འདི་ནི་ཀེ་ཞེས་བྱ་བ་རབ་ཏུ་དབུལ་ཕོངས་པ་ཞིག་སྟེ། ཁྱོ་ཤུག་གཉིས་ལ་གོས་སུ་རས་ཡུག་གཅིག་ལས་མི་བདོག་སྟེ། ཁྱོ་དོན་གཉེར་དུ་འགྲོ་ན་རས་ཁྱོས་གྱོན་ཏེ། ཆུང་མ་སྒྲེན་མོར་རྩྭའི་ནང་དུ་འདུག་གོ །ཆུང་མ་དོན་གཉེར་ན་རས་ཆུང་མས་གྱོན་ཏེ། ཁྱོ་རྩྭ་ཕུང་གི་ནང་ན་སྒྲེན་མོར་འདུག་གོ །ཕྱིས་ཀུན་གྱི་དོན་བྱེད་པའི་དགེ་སློང་དེ་དེའི་སྒོར་འོངས་ནས་བུད་མེད་དེ་དང་ཕྲད་དེ། ཁྱོད་སངས་རྒྱས་ལ་ཕྱག་འཚལ་དུ་སོང་ཤིག།ཡོན་ཕུལ་ཅིག་ཅེས་སྦྱིན་པའི་ཡོན་ཏན་བསྔགས་སོ། །སེར་སྣ་བྱེད་པའི་རྣམ་པར་སྨིན་པ་བསྟན་ནས། སངས་རྒྱས་འཇིག་རྟེན་དུ་འབྱུང་བར་དཀའ་བ་དང་། ཆོས་ཐོས་པར་དཀའ་བ་དང་། མིའི་ལུས་ཐོབ་པར་དཀའ་བའི་གཏམ་རྒྱས་པར་བྱས་ནས། ཆོས་ཉན་དུ་སོང་ཤིག།ཅེས་བསྐུལ་བ་དང་། བུད་མེད་དེས་སྨྲས་པ། བཙུན་པ་ཅུང་ཙམ་གཞེས་ཤིག།བདག་སླར་མཆིའོ་ཞེས་སྨྲས་ནས། ཁང་པའི་ནང་དུ་སོང་སྟེ་ཁྱོ་ལ་འདི་སྐད་ཅེས་སྨྲས་སོ། །སྒོ་ན་དགེ་སློང་ཅིག་ཁྱོད་སངས་རྒྱས་ལ་ཕྱག་འཚལ་དུ་སོང་ཤིག།ཆོས་ཉོན་ཅིག་སྦྱིན་པ་གྱིས་ཤིག་ཅེས་བསྒོའོ། །བདག་ཅག་ཚེ་སྔ་མ་ལ་སྦྱིན་པ་མ་བྱས་པས་འདི་ལྟར་དབུལ་ཕོངས་པར་གྱུར་ཏེ། ད་ཡང་ཅི་ཞིག་གི་ཚེ་ཕྱི་མའི་ཚོགས་སུ་འགྱུར་བར་བྱ། ཁྱོས་སྨྲས་པ་འདི་ལ་སྦྱིན་


DKG074_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

པར་འོས་ན། བདག་ཅག་དབུལ་ཕོངས་ཏེ་ཅི་ཡང་མེད་ན་ཅི་ཞིག་སྦྱིན་པར་བྱ། ཆུང་མས་སྨྲས་པ། ཚེ་སྔ་མ་ཡང་སྦྱིན་པ་མ་བྱས་པས་འདི་ལྟར་དབུལ་བར་གྱུར་ན། ད་ཡང་སྦྱིན་པ་མ་བྱས་ན་ཚེ་ཕྱི་མ་ལ་གར་འགྲོ་སྟེ། བདག་ནི་སྦྱིན་པ་ཞིག་བྱེད་ཀྱིས། ཁྱོད་ཀྱིས་གནོང་ཤིག།ཁྱོས་བསམས་པ། འདི་ལ་ནི་ནོར་ཁུད་པ་ཞིག་ཡོད་པ་གདའ་སྟེ། སྦྱིན་པ་གྱིས་ཤིག་ཅེས་སྨྲས་པ་དང་། ཆུང་མས་བདག་གིས་རས་འདི་སྦྱིན་པར་དགའ་ཞེས་སྨྲས་སོ། །ཁྱོས་སྨྲས་པ་བདག་ཅག་ཁྱོ་ཤུག་གཉིས་ལ་རས་འདི་ལས་མེད་དེ། འདིས་དོན་གཉེར་ཞིང་འཚོ་བར་ཟད་ན་ད་སྦྱིན་པར་བྱས་ན་གཉིས་ཀ་སྡོད་དམ་ཅི། ཆུང་མས་སྨྲས་པ། མི་ཞིག་སྐྱེས་པ་ལ་ཚེ་འཕོས་པ་ཡོད་པས་འདིས་མ་སྦྱིན་ཡང་ཚེ་འཕོས་ལ། བྱིན་པ་ཡང་ཚེ་འཕོས་པས་མཉེས་ན་སྦྱིན་པ་བྱས་ཏེ་ཚེ་འཕོས་ན་ཚེ་ཕྱི་མ་ལ་རེ་བ་ཡོད་པས། སྦྱིན་པ་བྱས་ནས་ཚེ་འཕོས་ཀྱང་བླའོ། །ཁྱོད་ཀྱང་དགའ་བ་བཞིན་དུ་སྦྱིན་པ་གྱིས་ཤིག་ཅེས་བསྒོས་ནས། ཆུང་མ་ཕྱི་རོལ་ཏུ་སོང་སྟེ། དགེ་སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཅུང་ཟད་མ་གཟིགས་ཤིག།བདག་སྦྱིན་པ་བགྱིའོ། །ཞེས་སྨྲས་པ་དང་། དགེ་སློང་གིས་ཁྱོད་སྦྱིན་པ་བྱེད་ན། མངོན་སུམ་དུ་ལག་གིས་བྱིན་ཅིག།སྦྱིན་པའི་ཚིགས་བཅད་བྱའོ་ཞེས་བསྒོའོ། །བུད་མེད་དེས་སྨྲས་པ། ལུས་ལ་རས་འདི་ལས་མེད་དེ། འགྲོ་ན་གོས་གཞན་མེད་དེ་བུད་མེད་ཀྱི་ལུས་ལ་བཙོག་པ་དྲི་མ་མནམ་པོ་འདི་གཟིགས་པར་མི་འོས་ཀྱིས། ནང་ནས་འབུལ་ལོ་ཞེས་སྨྲས་པ་དང་། ནང་རོལ་ནས་རས་ཕུད་དེ་དགེ་སློང་དེ་ལ་ཕུལ་ལོ། །དགེ་སློང་དེས་སྦྱིན་པའི་ཚིགས་བཅད་བྱས་ནས། རས་དེ་ཐོགས་ཏེ་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བུད་མེད་ཀྱིས་ཕུལ་བའི་རས་དེ་འོན་ཅིག་ཅེས་བཀའ་སྩལ་ཏོ། །དགེ་སློང་དེས་ཀྱང་རས་དེ་སངས་རྒྱས་ལ་ཕུལ་ནས། བཅོམ་ལྡན་འདས་ཀྱིས་ཕྱག་གིས་བཞེས་སོ། །རས་རྙིང་ཞིང་དྲི་མས་གོས་པས་རྒྱལ་པོའི་འཁོར་རྣམས་རས་དྲི་མ་ཅན་ཕྱག་ཏུ་བཞེས་པ་ལ་འཕྱའོ། །བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་བསམས་པ་


DKG074_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་བལྟས་ན་འཁོར་འདིའི་ནང་ན་སྦྱིན་པ་རྣམ་པར་དག་པ་ནི་འདི་ལས་འདའ་བ་མེད་དོ། །ཞེས་བཀའ་སྩལ་ཏོ། །འཁོར་མང་པོ་རྣམས་ངོ་མཚར་དུ་གྱུར་ཏོ། །དེ་ནས་རྒྱལ་པོའི་བཙུན་མོ་རབ་ཏུ་དགའ་སྟེ། ལུས་ལ་གྱོན་པའི་གོས་དང་། རྒྱན་རྣམས་ཕུད་པས་བུད་མེད་ལ་བསྐྱལ་ལོ། །རྒྱལ་པོས་ཀྱང་གོས་དང་རྒྱན་ཕུད་ནས་དེའི་ཁྱིམ་ཐབ་ལ་བསྐྱལ་ཏེ། ཁྱོ་ཤུག་གཉིས་འཁོར་གྱི་ནང་དུ་ཤོག་ཤིག་ཅེས་བསྒོའོ། །སངས་རྒྱས་བསོད་སྐྱབས་ཀྱིས་འཁོར་མང་པོ་ལ་ཆོས་བཤད་པས་ཕལ་ཆེར་རྣམ་པར་གྲོལ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་བུད་མེད་དབུལ་མོ་དེ་ནི་དགེ་སློང་མ་དཀར་མོ་འདི་ཡིན་ནོ། །དེའི་ཚེ་བསམ་པ་ཐག་པས་རས་བྱིན་པའི་དབང་གིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་གང་ནས་གང་དུ་སྐྱེས་ཀྱང་རྟག་ཏུ་རས་དང་བཅས་སུ་སྐྱེས་ཏེ། དྲེལ་ཕོངས་མེད་ཅིང་ཡིད་བཞིན་དུ་འབྱོར་པར་གྱུར་ཏོ། །སངས་རྒྱས་དེ་ལ་དམ་པའི་ཆོས་ཐོས་ནས་རྣམ་པར་གྲོལ་བར་སྨོན་ལམ་བཏབ་པས། འདིར་ང་དང་ཕྲད་དེ་དགྲ་བཅོམ་པར་གྱུར་ཏོ། །དེ་བས་ན་ཁྱོད་ཀྱང་ཆོས་ཉན་པ་དང་། སྦྱིན་པ་བྱེད་པ་ལ་བརྩོན་འགྲུས་གྱིས་ཤིག།ཅེས་བཀའ་སྩལ་ནས། འཁོར་མང་པོ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །དབུལ་མོས་རས་ཕུལ་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།

བཅུ་དགུ་པ། བྲན་མོ་དབུལ་མོས་ཀཱ་ཏྱཱ་ཡ་ན་ལ་དབུལ་བཙོངས་པའི་ལེའུ།


DKG074_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་བཙུན་པ་ཀ་ཏྱ་ཡ་ན་ཆེན་པོ་ཡུལ་ཨ་པ་དེ་ན་འདུག་པ་ལས། ཡུལ་དེ་ན་ཁྱིམ་བདག་ལོངས་སྤྱོད་དང་ལྡན་པ་སེར་སྣ་ཅན་སྙིང་རྗེ་མེད་པ་ཞིག་ལ་བྲན་མོ་རྒན་མོ་ཞིག་ཡོད་དེ། བྲན་མོ་དེ་ངན་ལས་ཐམས་ཅད་བྱེད་ཀྱང་གོས་ནི་ལུས་ལ་མི་གཡོགས། ཟས་ནི་ཁར་མི་མྱོང་སྟེ། རྟག་ཏུ་བརྡུང་བཙོགས་པས་རྒན་མོས་མ་བཟོད་ནས། སྲོག་འདོར་དུ་འགྲོའོ་སྙམ་ནས་བུམ་པ་ཐོགས་ཏེ་ཆུ་འཆུར་སོང་བ་དང་། ཆུ་འགྲམ་དུ་སྐད་ཆེན་པོ་ཕྱུང་སྟེ་ངུས་སོ། །་་ཡ་ན་དེར་འོངས་ཏེ། རྒན་མོ་ཅིའི་ཕྱིར་འདི་ལྟར་མི་དགའ་ཞེས་དྲིས་པ་དང་། འཕགས་པ་བདག་རྒས་པའི་སྟེང་དུ་ལས་ནི་


DKG074_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། བགོ་བ་དང་བཟའ་བ་ནི་མེད། དབུལ་ཕོངས་པས་ཅིའི་ཕྱིར་མི་འགུམ་སྙམ་བསམས་མི་དགའ་སྟེ་ངུའོ། །་་ཡ་ནས་སྨྲས་པ། རྒན་མོ་ཁྱོད་དབུལ་པོ་བཙོང་ན་ཅི་ཉེས། རྒན་མོས་སྨྲས་པ། དབུལ་ཇི་ལྟར་བཙོང་སུ་ཞིག་དབུལ་ཉོ་ཞེས་སྨྲས་པ་དང་། ་་ཡ་ནས་དབུལ་བཙོང་དུ་རུང་ངོ་། །ཞེས་ལན་གསུམ་གྱི་བར་དུ་བསྒོ་བ་དང་། དབུལ་འདི་ཇི་ལྟར་བཙོང་དྲིའོ་སྙམ་ནས། དབུལ་ཇི་ལྟར་བཙོང་དུ་རུང་ཞེས་དྲིས་པ་དང་། ་་ཡ་ནས་སྨྲས་པ། ཇི་སྟེ་དབུལ་བཙོང་ཡང་དག་ན་ངས་བསྟན་པ་བཞིན་དུ་གྱིས་ཤིག།ཅེས་བསྒོ་བ་དང་། འཕགས་པ་དེ་བཞིན་དུ་བགྱིའོ་ཞེས་གསོལ་ཏོ། །ཀ་་ཏྱཡ་ནས་སྨྲས་པ། ཁྱོད་སྔར་ཁྲུས་གྱིས་ཤིག་བཀྲུས་པའི་འོག་ཏུ་སྦྱིན་པ་གྱིས་ཤིག།རྒན་མོས་སྨྲས་པ། བདག་ལ་ལྷན་པ་ཙམ་གྱི་རྒྱུ་ཡང་མེད་ན་ཅི་ཞིག་སྦྱིན་པར་བྱ་བུམ་པ་འདི་ནི་ཇོ་མོའི་ཡིན་ཏེ། དབང་མ་མཆིས་སོ། །ཀ་ཏྱ་ཡ་ནས་སྨྲས་པ། ཁྱོད་ལྷུང་བཟེད་ཀྱི་ནང་ན་ཆུ་གཙང་མས་ཁོང་ལ་ང་ལ་ཕུལ་ཤིག།ངས་སྦྱིན་པའི་ཚིགས་སུ་བཅད་པ་བྱའོ། །ཀ་ཏྱ་ཡ་ནས་ཆུ་བླངས་ཏེ་སྦྱིན་པའི་ཚིགས་བཅད་ཀྱང་བྱས་བསླབ་ཚིགས་ཀྱང་བྱིན། སངས་རྒྱས་ཀྱི་མཚན་བརྗོད་དུ་བཅུག་སྟེ། ཡོན་ཏན་རྣམ་པ་སྣ་ཚོགས་བསྔགས་ནས་རྒན་མོ་ཁྱོད་ལ་འདུག་པའི་གནས་ཡོད་དམ། རྒན་མོས་སྨྲས་པ། བདག་ལ་འདུག་པའི་གནས་མ་མཆིས་ཏེ། འཐག་པ་དང་གཏུན་བརྡུངས་པ་དང་། ལས་བྱེད་པའི་གནས་ཉིད་ལ་ཉལ་ལོ། །བར་འགའ་ནི་ལུད་ཕུང་གི་སྟེང་དུ་ཡང་ཉལ་ལོ། །་་ཡ་ནས་སྨྲས་པ། ཁྱོད་ངན་ལས་བྱེད་པ་ལ་འགྱོད་པ་དང་། མི་དགའ་བར་མ་བྱེད་པར་བརྩོན་འགྲུས་སུ་ལས་བྱོས་ལ། ཇོ་མོ་བསྙལ་བའི་འོག་ཏུ་དལ་གྱིས་ཇོ་མོའི་སྒོ་ཕྱེ་སྟེ། སྒོའི་ཕག་གམ་གྲབ་གཙང་ཞིག་ཏུ་རྩྭ་གཙང་མ་བཏིང་བ་ལ་འདུག་ནས་གཞན་མ་སེམས་པར་སངས་རྒྱས་ཡིད་ལ་བྱོས་ལ་དྲན་པར་གྱིས་ཤིག།དེ་ནས་རྒན་མོས་ཀྱང་བསྟན་པ་བཞིན་དུ་བྱས་ནས་རིང་པོ་མ་ལོན་པར་མཚན་མོ་འདུག་བཞིན་དུ། ཚེ་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས། དེའི་ཇོ་མོ་ནང་པར་སྔར་ལངས་ནས།


DKG074_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་གྱི་ནང་ན་བྲན་མོ་ཚེ་འཕོས་པ་མཐོང་ནས། ཁྲོས་ཏེ་རྒན་མོ་འདི་ཁྱིམ་གྱི་ནང་དུ་མ་བཏང་ན་ཅིའི་ཕྱིར་འདིར་ཚེ་འཕོས། ཞེས་གཤེ་ནས་རྐང་པ་ལ་རྩྭ་ཐག་གིས་བཏགས་ཏེ་བཤལ་ནས་དུར་ཁྲོད་དུ་བསྐྱལ་ལོ། །དེའི་ཚེ་ན་ལྷའི་སྲས་པོ་ཞིག་ལ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཏེ་རྩེ་བར་དགའ་བ་ལས་ཚེ་འདས་ནས་རྒན་མོ་དེ་ལྷའི་སྲས་མོ་དེའི་གནས་སུ་སྐྱེས་སོ། །ལྷར་སྐྱེས་པ་དག་དབང་པོ་རྣོན་པོས་ནི་བདག་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་སོ། །དབང་པོ་རྟུལ་པོ་དེ་དག་གིས་མི་ཤེས་ཏེ། རྒན་མོ་དེས་ཅིའི་ཕྱིར་ལྷར་སྐྱེས་པ་མི་ཤེས་ཀྱི་བདེ་བ་འབའ་ཞིག་ལ་ཆགས་སོ། །དེའི་ཚེ་ཤཱ་རིའི་བུ་སུམ་ཅུ་རྩ་གསུམ་ན་འདུག་པ་དེས་ཁྱོད་ཅིའི་རྐྱེན་གྱིས་ལྷར་སྐྱེས་པ་ཤེས་སམ་ཞེས་དྲིས་པ་དང་། བདག་གིས་མི་ཤེས་སོ་ཞེས་སྨྲས་ནས། ཤཱ་རིའི་བུས་ལྷའི་མིག་གིས་བལྟས་ཏེ། ཇི་ལྟར་ལྷར་གྱུར་པ་མཐོང་བར་བྱས་སོ། །དེ་ནས་ལྷའི་སྲས་མོ་ལྔ་བརྒྱ་ཙམ་དང་། དུར་ཁྲོད་དུ་ལྷགས་ཏེ། རུས་བུ་ལ་ལྷའི་མེ་ཏོག་གིས་གཏོར། སྤོས་ཀྱི་མཆོད་པ་བྱས་སོ། །ལྷའི་འོད་ཀྱིས་གྲོང་ཁྱེར་དེ་དག་སྣང་བ་ཆེན་པོས་སྣང་བར་གྱུར་ནས། དེའི་ཇོ་མོ་ལ་སོགས་པ་ཡ་མཚན་དུ་གྱུར་ཏེ། མི་མང་པོ་ཡང་བལྟར་དོང་བ་ལས། ལྷ་མང་པོ་རྒན་མོའི་རུས་བུ་ལ་མཆོད་པ་བྱེད་པར་མཐོང་ནས་ལྷ་རྣམས་ལ་ཁྱོད་ཅིའི་ཕྱིར་ཁྱོད་རུས་བུ་འདི་ལ་མཆོད་པ་བྱེད། འདི་ནི་གསོན་པོའི་ཚེ་ན་ཡང་བཙོག་པས་ཀུན་གྱིས་མི་འདོད་ན། ད་ཚེ་འཕོས་པའི་རུས་བུ་ལྟ་ཅི་སྨོས་ཞེས་སྨྲས་སོ། །དེའི་ཚེ་ན་ལྷའི་སྲས་མོ་རྣམས་ཀྱིས་ཇི་ལྟར་ལྷར་སྐྱེས་པའི་གཏམ་རྒྱས་པར་བྱས་ནས། ་་ཡ་ན་གང་ན་བ་དེར་སོང་ངོ་། །་་ཡ་ནས་ལྷའི་སྲས་མོ་དེ་དག་ལ་སྦྱིན་པ་དང་། ཚུལ་ཁྲིམས་དང་། མཐོ་རིས་སུ་སྐྱེས་པ་ལ་སོགས་ཏེ། དམ་པའི་ཆོས་ཀྱི་གཏམ་རྒྱས་པར་བྱས་ནས། མི་གཙང་བའི་ཆོས་དང་འབྱུང་བའི་ཆོས་བསྟན་པས། ལྷའི་སྲས་མོ་དེ་དག་རྡུལ་དང་བྲལ། དྲི་མ་དང་བྲལ་ཏེ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས་ཕྱིར་ལྷའི་གནས་སུ་དོང་ངོ་། །འཁོར་མང་པོ་རྣམས་ཀྱང་ཆོས་བསྟན་པ་ཐོས་ནས་སོ་སོ་ནས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་


DKG074_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་གྱུར་ནས། རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །བྲན་མོ་དབུལ་མོས་་་ཡ་ན་ལ་དབུལ་བཙོངས་པའི་ལེའུ་སྟེ་བཅུ་དགུ་པའོ།། །།

ཉི་ཤུ་པ། གསེར་ལྷའི་ལེའུ།


DKG074_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དེའི་ཚེ་ཡུལ་དེ་ན་ཁྱིམ་བདག་རབ་ཏུ་ཕྱུག་པ། ལོངས་སྤྱོད་ཆེ་བ། ནོར་བུ་རིན་པོ་ཆེས་བང་མཛོད་གང་བ་ཞིག་ཡོད་དེ། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེའི་ཆུང་མ་ལ་བུ་ཁྱེའུ་གསེར་གྱི་མདོག་ལྟ་བུ་ཞིག་བཙས་ཏེ། མཚན་མཁན་གྱིས་བལྟས་ཏེ། དེའི་མིང་གསེར་ལྷ་ཞེས་བཏགས་སོ། །ཁྱེའུ་དེ་བཙས་པ་ན་ཁྱེའུ་དེའི་ཁྱིམ་དུ་ཁྲོན་པ་ཆུ་ཞེང་གབ་པ། ཆུ་ཞེང་ཁྲུ་བརྒྱད་པ་གཏིང་ཟབ་ཁྱད་ཀྱང་ཁྲུ་བརྒྱད་པ་ཅིག་རང་བྱུང་སྟེ། ཁྲོན་པ་དེ་ནས་ཆུ་བཅུས་ན་མིའི་ཡིད་བཞིན་དུ་འབྱུང་སྟེ། གང་གོས་འདོད་པ་ལ་གོས་འབྱུང་། བཟའ་བ་དང་བཏུང་བ་འདོད་པ་ལ་བཟའ་བ་དང་བཏུང་བ་འབྱུང་། གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་འདོད་པ་ལ། གསེར་དང་། དངུལ་དང་། ནོར་བུ་རིན་པོ་ཆེ་འབྱུང་སྟེ། ཅི་དང་ཅི་འདོད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འབྱུང་ངོ་། །ཁྱེའུ་དེ་གསོས་བསྐྱེད་དེ་ཆེར་སྐྱེས་པ་དང་། རིག་པའི་གནས་ཀྱང་ལོབས་ནས་ཁྱིམ་བདག་དེ་རབ་ཏུ་དགའ་སྟེ། ཁྱེའུ་དེའི་ཆུང་མ་བཙལ་ལོ་སྙམ་བསམས་ནས། ཁྱེའུ་དེའི་ཆུང་མ་ཡང་ཁྱེའུ་དེ་དང་འདྲ་བར་གསེར་གྱི་མདོག་ཅན་བཟང་བ་མཛེས་པ། ཕལ་བས་ལྷག་པ་ཅིག་བཙལ་བར་སེམས་ཏེ། ཡུལ་ཀུན་ཏུ་མནའ་མ་བཙལ་ལོ། །དེའི་ཚེ་ན་ཡུལ་ཙམ་པ་ན་ཁྱིམ་བདག་རབ་ཏུ་ཕྱུག་པ་ཞིག་ལ་བུ་མོ་གསེར་གྱི་འོད་ཅེས་བྱ་བ་ཞིག་ཡོད་དེ། བུ་མོ་དེ་ཡང་གསེར་གྱི་མདོག་ཅན་ཤིན་ཏུ་འཚེར་བ། པགས་པ་ཤིན་ཏུ་སྲབ་པ། རུས་པ་ཤིན་ཏུ་ཕྲ་བ་ཞིག་སྟེ། ཐོག་མ་བཙས་པའི་ཚེ་ཡང་ཁྱིམ་ནས་ཁྲོན་པ་ཆུ་ཞེང་དང་། གཏིང་འདྲ་བར་ཁྲུ་བརྒྱད་པ་ཅིག་རང་བྱུང་སྟེ། ཁྲོན་པ་དེ་ལས་ཀྱང་རིན་པོ་ཆེ་སྣ་ཚོགས་དང་། གོས་དང་། བཟའ་བ་དང་། བཏུང་བ་ལ་སོགས་པ་ཅི་དང་ཅི་འདོད་པ་དེ་དག་རང་


DKG074_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ངོ་། །ཁྱིམ་བདག་དེ་ཡང་འདི་སྙམ་དུ་བདག་གི་བུ་མོ་བཟང་མོ་འདི་ནི། བུ་ཕོ་འདི་དང་འདྲ་བར་ལུས་གསེར་གྱི་མདོག་ཅན་ཤིན་ཏུ་འཚེར་བ། བཟང་བ། མཛེས་པ་ཞིག་ལ་བཏང་ངོ་སྙམ་མོ་བསམ་པ་ཞིག་དང་ཕྲད་དེ། བུ་མོའི་གཏམ་ཡང་ཁྱེའུས་ཐོས་ཁྱེའུའི་གཏམ་ཡང་བུ་མོས་ཐོས་ནས་ཁྱིམ་བདག་གཉིས་གཉེན་བྱ་བར་ཐམས་སོ། །སྟོན་མོ་བྱ་བར་ཐམས་ནས་བུ་མོ་མཉན་ཡོད་དུ་ཁྲིད་དེ། མཉན་ཡོད་དུ་གསེར་ལྷའི་ཁྱིམ་དུ་ཕྱིན་ནས། གསེར་ལྷས་སངས་རྒྱས་དང་དགེ་འདུན་རྣམས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཀྱང་དགེ་འདུན་དང་བཅས་ཏེ། བཤོས་ལ་གཤེགས་ནས། གསེར་ལྷ་ཁྱོ་ཤུག་གཉིས་ལ་དམ་པའི་ཆོས་རྒྱས་པར་བསྟན་ནས། གསེར་ལྷ་ཁྱོ་ཤུག་དང་། ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་བསྐལ་པ་ཁྲི་ཕྲག་ཉི་ཤུའི་སྡིག་པ་མི་དགེ་བ་ཤིན་ཏུ་འབར་བ་ཀུན་ཞི་ནས། སེམས་རྣམ་པར་དག་པས་ཆོས་རྟོགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སླར་གཙུག་ལག་ཁང་དུ་གཤེགས་པ་དང་། གསེར་ལྷ་དང་། གསེར་འོད་ཁྱོ་ཤུག་གཉིས་ཀྱང་ཕ་མ་ལ་རབ་ཏུ་བྱུང་བར་གསོལ་ནས། ཕ་མས་ཀྱང་གནང་སྟེ། གཉི་ག་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བདག་ཅག་གཉིས་རབ་ཏུ་བྱུང་ངོ་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། གོས་ངུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ཏོ། །གསེར་ལྷ་ནི་དགེ་སློང་གི་དགེ་འདུན་གྱི་ནང་དུ་སོང་ངོ་། །གསེར་འོད་ནི་སྐྱེ་དགུའི་བདག་མོ་ལ་གཏད་དེ། གཉི་ག་རིང་པོར་མ་ལོན་པར་དགྲ་བཅོམ་པར་གྱུར་ནས། རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། རྣམ་པར་ཐར་པ་བརྒྱད་ལ་སོགས་ཏེ། ཡོན་ཏན་ཐམས་ཅད་དང་ལྡན་པར་གྱུར་ཏོ། །དེ་ནས་དགེ་སློང་དེ་དག་ཐེ་ཙོམ་དུ་གྱུར་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་


DKG074_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གསེར་ལྷ་དང་། གསེར་འོད་གཉིས་སྔོན་ལས་ཅི་བགྱིས་ན། ཐོག་མ་བཙས་པ་ན། འདི་ལྟར་ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་ཏེ། ཁྲོན་པ་ལས་ཀྱང་ཐམས་ཅད་ཀྱི་རེ་བ་ཡོངས་སུ་གང་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན། སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ནས། དེ་མྱ་ངན་ལས་འདས་པའི་འོག་ཏུ་དེའི་བསྟན་པ་ལ་ཞུགས་པའི་དགེ་སློང་དག་གྲོང་ཁྱེར་དང་། ལྗོངས་རྒྱུ་ཞིང་སེམས་ཅན་གྱི་དོན་བྱེད་དེ། དེ་དག་ལ་ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་ཀུན་གྱིས་ཆོས་གོས་དང་། བསོད་སྙོམས་མི་དྲེལ་བར་བྱེད་དོ། །དེའི་ཚེ་ཁྱིམ་བདག་དབུལ་པོ་ཁྱོ་ཤུག་གཉིས་འདི་སྙམ་དུ་བསམས་སོ། །བདག་ཅག་གཉིས་ཕ་མ་ཡོད་པའི་ཚེ། ནོར་བུ་རིན་པོ་ཆེ་དང་། ལོངས་སྤྱོད་དང་ལྡན་ཏེ། བང་མཛོད་ཡོངས་སུ་གང་ཡང་འཕགས་པའི་དགེ་འདུན་དང་མ་ཕྲད། ད་འདི་ལྟར་ཕོངས་དྲེལ་ཏེ་ཅི་ཡང་མི་བདོག་ནས། རྩྭ་ཕུང་གི་སྟེང་ན་ཉལ་ཞིང་དྲེ་གང་། ཕུལ་གང་ཡང་མི་བདོག་པའི་ཚེ། འཕགས་པའི་དགེ་འདུན་གཤེགས་ནས། ཁྱིམ་བདག་ཕྱུག་པོ་དེ་ཀུན་ཆོས་གོས་དང་། བསོད་སྙོམས་འབུལ་ན། བདག་ཅག་ནི་ཅི་ཡང་དབུལ་དུ་མེད་དོ། །སྙམ་བསམས་ཏེ། རབ་ཏུ་མི་དགའ་ནས་ངུས་ངུས་སོ། །ཁྱིམ་ཐབ་ངུས་པའི་མཆི་མ་ཆུང་མའི་ལག་པར་ལྷུང་ནས། ཆུང་མས་ཁྱོ་ལ་ཅིའི་ཕྱིར་ངུ་ཞེས་སྨྲས་པ་དང་། ཁྱོད་མི་ཤེས་སམ། གྲོང་ཁྱེར་འདི་ན་འཕགས་པའི་དགེ་འདུན་གཤེགས་ཏེ། ཁྱིམ་བདག་ཕྱུག་པོ་ཀུན། དེ་དག་ལ་མཆོད་པ་བྱེད་ན། བདག་ཅག་འབའ་ཞིག་ཅི་ཡང་དབུལ་དུ་མེད་དོ། །ད་འདིར་མ་ཕུལ་ན་སྐྱེ་བ་ཕྱི་མ་ལ་གར་འགྲོ་སྙམ་སྟེ་མི་དགའོ། །ཆུང་མས་སྨྲས་པ། ཁྱོད་སོང་ལ་བདག་ཅག་གི་མཛོད་ཁང་རྙིང་དུ་ཚོལ་ཅིག་དང་། ཅི་ཡང་ལུས་པ་ཅུང་ཟད་ཡོད་ཀྱང་སྲིད་ཀྱིས། གལ་ཏེ་སྣ་འགའ་ཞིག་རྙེད་ན་འབུལ་ལོ། །ཞེས་སྨྲས་ནས། མཛོད་ཁང་རྙིང་དུ་བཙལ་ན་གསེར་གྱི་དོང་ཙེ་ལུས་པ་གཅིག་རྙེད་དོ། །ཆུང་མ་ལ་ཡང་མེ་


DKG074_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལོང་གཅིག་ཅིག་ཡོད་དེ་ཁྱོ་ཤུག་གཉིས་ཀྱིས་བུམ་པ་གསར་པ་གཅིག་ཅིག་ཀྱང་ཉོས་ནས་བུམ་པའི་ནང་དུ་ཆུ་གཙང་མས་བཀང་སྟེ། གསེར་གྱི་དོང་ཙེ་གཅིག་ནང་དུ་བཅུག་སྟེ། མེ་ལོང་གིས་ཁ་བཅད་ནས་ཆུའི་བུམ་པ་ཐོགས་ཏེ་དགེ་འདུན་ལ་ཕུལ་ལོ། །དགེ་འདུན་གྱིས་ཀྱང་བཞེས་ནས། ཆུ་དེ་ལ་ཁ་ཅིག་གིས་ནི་འཐུང་། ཁ་ཅིག་གིས་ནི་ཁ་ལག་བཀྲུས། ཁ་ཅིག་གིས་ནི་ལྷུང་བཟེད་བཀྲུས་ཏེ། ཁྱིམ་བདག་ཁྱོ་ཤུག་གཉིས་ཀྱིས་དེ་ལྟར་དགེ་འདུན་གྱིས་སྤྱད་པ་མཐོང་ནས་རབ་ཏུ་དགའ་མགུ་རངས་ནས་ཕྱིར་ཁྱིམ་དུ་སོང་ངོ་། །དེ་ནས་རིང་པོར་མ་ལོན་པར་ནད་ཀྱིས་བཏབ་ནས་ཁྱོ་ཤུག་གཉི་ག་ཚེ་འཕོས་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་དབུལ་པོ་ཁྱོ་ཤུག་གཉིས་ཆུའི་བུམ་པ་འབུལ་བ་དེ་ནི་གསེར་ལྷ་ཁྱོ་ཤུག་གཉིས་ཡིན་ནོ། །སྔོན་ཆུ་བུམ་པ་གང་དང་། གསེར་གྱི་དོང་ཙེ་གཅིག་དང་། མེ་ལོང་གཅིག་ཕུལ་བས་སྐྱེ་བ་ཐམས་ཅད་དུ་བཟང་ཞིང་མཛེས་པ་དང་། མདོག་གསེར་གྱི་ཁ་དོག་ཏུ་རྟག་ཏུ་འཚེར་བར་གྱུར་ཏོ། །འདི་ལྟར་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་དེ་དང་འདྲ་བར་གྱུར་ཏེ། དེའི་ཚེ་ན་ཤིན་ཏུ་དང་བའི་སེམས་ཀྱིས་ཕུལ་བས། ད་འདིར་འཁོར་བའི་མཐར་ཕྱིན་ཏེ་དགྲ་བཅོམ་པར་གྱུར་ཏོ། །ཀུན་དགའ་བོ་དེ་བས་ན་བསོད་ནམས་ཀྱི་ཕྱོགས་སུ་གྱུར་པའི་ལས་ནི་གང་ཡང་མི་བྱར་མི་རུང་ངོ་། །དབུལ་པོ་དེས་སྦྱིན་པ་ཅུང་ཟད་བྱས་པའི། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་འདི་ལྟ་བུ་ཐོབ་པར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་སྦྱིན་པའི་བསོད་ནམས་ཀྱི་ཚོགས་བསགས་པའི་སེམས་སྐྱེས་ཏེ། རྗེས་སུ་ཡི་རངས་ནས། མངོན་པར་དགའོ། །གསེར་ལྷའི་ལེའུ་སྟེ་ཉི་ཤུ་པའོ།། །།

ཉི་ཤུ་གཅིག་པ། རིགས་གཉིས་པའི་ལེའུ།


DKG074_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་ཞིག་རིགས་མཉམ་པ་ལས་ཆུང་མ་བླངས་ནས། བུ་མེད་པས་ཤིན་ཏུ་མི་དགའ་སྟེ། ལྷ་ཀུན་


DKG074_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་བཏབ་པ་ལས། ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་ནས། ཁྱེའུ་དེ་ཡང་ཤིན་ཏུ་མཛེས་ཤིང་སྡུག་པ་ཞིག་སྟེ། ཕ་མ་དང་གཉེན་བཤེས་ཀུན་དགའ་ནས་བཙས་སྟོན་བྱས་པས། ཆུ་བོ་ཞིག་གི་འགྲམ་ན་འདུས་ཏེ་བཙས་སྟོན་ཟོས་སོ། །ཆུ་འགྲམ་ན་བཙས་སྟོན་ཟ་བའི་ཚེ་ཀུན་གྱིས་ཁྱེའུ་བལྟ་བའི་ཕྱིར། གཅིག་གིས་པང་པར་བླངས་ནས། ཡང་གཅིག་གིས་པང་པར་བྱིན་ནོ། །དེ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཚེ་གཅིག་གིས་ལེ་ལོ་བྱས་ནས་ཁྱེའུ་ཤོར་ཏེ་ཆུར་ལྷུང་ནས་ཆུས་ཁྱེར་རོ། །ཁྱེའུའི་བསོད་ནམས་ཀྱི་མཐུས། ལས་མ་ཟད་པས་ཚེ་མ་འཕོས་པར་ཉ་ཞིག་གིས་མིད་ནས། ཉའི་ལྟོ་བ་ན་གསོན་པོར་འདུག་གོ །ཆུ་བོ་དེའི་མཇུག་ན་ཡང་གྲོང་ཞིག་ཡོད་དེ། གྲོང་དེར་ཡང་ཁྱིམ་བདག་ཕྱུག་པོ་བུ་མེད་པ་ཞིག་ཡོད་དོ། །ཁྱིམ་བདག་དེའི་བྲན་ཞིག་ཆུ་དེའི་འགྲམ་ན་ཉ་བཤོར་བ་ལས། ཉ་བུ་ཡོད་པ་དེ་ཟིན་ནས་ལྟོ་བཀས་པ་དང་། ལྟོ་བ་ནས་ཁྱེའུ་ཞིག་བྱུང་ནས་བྲན་དེས་ཁྱེར་ཏེ་ཇོ་མོ་ལ་ཕུལ་ལོ། །ཁྱིམ་བདག་གི་ཆུང་མས་ཁྱེའུ་བླངས་ཏེ་བལྟས་ན་ཁྱེའུ་མཚན་དང་ལྡན་པ་བཟང་པོ་ཞིག་ནས། རབ་ཏུ་དགའ་སྟེ་བདག་ཅག་གིས་ལྷ་ཀུན་ལ་གསོལ་བ་བཏབ་པའི་རྟགས་ནི་འདི་ཡིན་ནོ། །སྙམ་ནས་མ་མ་ལ་གཏད་དེ་གསོས་སོ། །དེའི་ཚེ་གྲོང་ལྟག་མའི་ཁྱིམ་བདག་གིས་གྲོང་འོག་མའི་ཁྱིམ་བདག་གིས་ཉའི་ཁོང་ནས་བུ་ཞིག་རྙེད་དོ། །ཞེས་ཐོས་ནས་དེ་གདོན་མི་ཟ་བར་བདག་གི་བུ་ཆུར་ལྷུང་བ་ཡིན་ནོ་སྙམ་སྟེ། དེའི་ཐད་དུ་སོང་ནས་འདི་ནི་ངའི་བུ་ཡིན་གྱིས་ཕྱིར་བྱིན་ཅིག་ཅེས་སྨྲས་སོ། །དེས་སྨྲས་པ་འདི་ནི་ཁྱོད་ཀྱི་བུ་མ་ཡིན་ཏེ། བདག་ལ་བུ་མེད་པས་ལྷ་ཀུན་ལ་གསོལ་བ་བཏབ་ནས། ལྷས་བྱིན་པའི་བུ་ཡིན་ཏེ། ཉའི་ལྟོ་བ་ནས་རྙེད་དོ་ཞེས་སྨྲས་སོ། །ཁྱིམ་བདག་དེ་གཉིས་རྩོད་ནས་རྒྱལ་པོ་ཞལ་ཆེ་བར་གསོལ་ཏེ། དེ་ལ་ཁྱེའུའི་ཕས་ནི་བདག་གི་བུ་ཡིན་ཏེ། ཆུ་འགྲམ་ན་ཆུར་ལྷུང་བ་འདི་ཡིན་ནོ་ཞེས་སྨྲས་སོ། །ཁྱིམ་བདག་གཅིག་གིས་ནི་ཁྱེའུ་བདག་གིས་ཉ་ཟིན་པའི་ལྟོ་བ་ནས་རྙེད་དེ། ཁྱོད་ཀྱི་བུ་མ་ཡིན་ནོ་ཞེས་སྨྲས་ནས།


DKG074_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དེ་གཉིས་ཀྱི་ཚུལ་དང་སྦྱར་ནས། ཁྱེའུ་འདི་གཉི་གས་ཐུན་མོང་དུ་གསོས་ལ། ཆེར་སྐྱེས་ནས་ཁྱོད་གཉིས་ཀྱི་བུའི་ཆུང་མ་རེ་རེ་ལོང་ཤིག།ཆུང་མ་གཉིས་ལས་བུ་གང་ལས་བྱུང་བ་སོ་སོར་ཁྱེར་ཅིག་ཅེས་བཅད་དོ། །དེ་ནས་ཁྱིམ་བདག་གཉིས་ཀྱིས་ཀྱང་རྒྱལ་པོས་ཞལ་ཆེ་བར་བཅད་པ་བཞིན་དུ་ཁྱེའུ་ཐུན་མོང་དུ་གསོས་ནས་ཅིས་ཀྱང་མི་དྲེལ་བར་བྱས་སོ། །དེ་ནས་ཁྱེའུ་ཆེར་སྐྱེས་ནས་ཕ་མ་གཉིས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་བཙས་མ་ཐག་ཏུ་ཆུར་ལྷུང་བ་དང་། ཉས་མིད་པ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་མྱོང་ཡང་། བདག་ཅག་མ་གུམ་པས་བདག་ནི་རབ་ཏུ་བྱུང་བར་དད་ཀྱི་གནོང་ཤིག་ཅེས་སྨྲས་སོ། །ཁྱེའུ་དེའི་ཕ་མ་གཉིས་ཀྱང་བུ་སྡུག་ཆེས་པས་ངོ་མ་ཆོད་ནས། རབ་ཏུ་བྱུང་བར་གནང་བ་དང་། ཁྱེའུ་དེས་སངས་རྒྱས་གང་ན་བ་དེར་སོང་ནས་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བདག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་ཞེས་གསོལ་ཏེ། དེ་ལ་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་ནས་སྐྲ་དང་ཁ་སྤུ་རང་བྱི་སྟེ། དགེ་སློང་དུ་གྱུར་ཏོ། །མིང་ཡང་རིགས་གཉིས་པ་ཞེས་བྱ་བར་བཏགས་ཏེ། དགེ་སློང་རིགས་གཉིས་པ་ལ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་གསུངས་པས། སྡུག་བསྔལ་གྱི་མཐར་ཕྱིན་ཏེ། དེ་ཉིད་དུ་དགྲ་བཅོམ་པར་གྱུར་ཏོ། །དེ་ལ་དགེ་སློང་དག་ཐེ་ཙོམ་སྐྱེས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་རིགས་གཉིས་པ་འདི་སྔོན་དགེ་བའི་རྩ་བ་ཅི་བསགས་པ་ན་ཆུར་ལྷུང་སྟེ་ཉའི་ལྟོ་བར་མཆིས་ཀྱང་གུམ་པར་མ་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་རྟག་པར་ཉོན་ཅིག།སྔོན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སྐྱེ་བོ་མང་པོ་ལ་ཆོས་སྟོན་ཏོ། །དེའི་ཚེ་ཁྱིམ་བདག་ཅིག་ཀྱང་འཁོར་དེར་འོངས་ཏེ། བཅོམ་ལྡན་འདས་ཀྱིས་སྦྱིན་པ་བྱིན་པའི་བསོད་ནམས་དང་། ཚུལ་ཁྲིམས་བསྲུངས་པའི་ཡོན་ཏན་ལ་སོགས་པ་རྒྱ་ཆེར་བསྟན་པ་ཐོས་


DKG074_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཤིན་ཏུ་དགའ་མགུ་རངས་ཏེ། བསམ་པ་དག་པའི་དད་པ་སྐྱེས་ནས། སངས་རྒྱས་དེ་ལ་སྲོག་གཅོད་པ་ལ་སོགས་པའི་བསླབ་པའི་ཚིགས་གསུམ་མནོས་ནས་དོང་ཙེ་གཅིག་ཕུལ་ལོ། །དེའི་དབང་གིས་གང་ནས་གང་དུ་སྐྱེས་ཀྱང་ལོངས་སྤྱོད་དང་རིན་པོ་ཆེར་ལྡན་ཏེ། ཕོངས་པ་མེད་པར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་དེ་ནི་དགེ་སློང་རིགས་གཉིས་པ་འདི་ཡིན་ཏེ། སངས་རྒྱས་ལ་དོང་ཙེ་གཅིག་ཕུལ་བས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར། །ད་ལྟར་གྱི་ཚེ་འདི་ལ་ཡང་ཕ་མ་གཉིས་ཀྱི་ཁྱིམ་ན་ལོངས་སྤྱོད་བདོག་པ་དང་ལྡན་པར་གྱུར་ཏོ། །སྲོག་མི་གཅོད་པའི་བསླབ་ཚིགས་མནོས་ནས་ཆུར་ལྷུང་སྟེ་ཉའི་ལྟོར་སོང་སྟེ་ཡང་མ་ཤིའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ང་དང་ཕྲད་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་ཡི་རངས་ཏེ་མངོན་པར་དགའོ། །རིགས་གཉིས་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།

ཉི་ཤུ་གཉིས་པ། རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ།


DKG074_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་དྲུག་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན། ཨ་མྲའི་ཚལ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་ནས་བསྐལ་པ་གཅིག་གི་བར་དུ་འཇིག་རྟེན་ན་གནས་པར་འགྱུར་རོ། །ངས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་པས། ད་དེ་བཞིན་གཤེགས་པ་འཇིག་རྟེན་ན་སྐུ་ཚེ་ཇི་སྲིད་ཀྱི་བར་དུ་བཞུགས་པའི་རིགས་ཞེས་ལན་གསུམ་གྱི་བར་དུ་སྨྲས་ན། དེའི་ཚེ་ཀུན་དགའ་བོ་བདུད་ཀྱིས་བསླུས་པས། བཅོམ་ལྡན་འདས་ཀྱི་བཀའ་ཐོས་བཞིན་དུ་ཅང་མི་སྨྲ་བར་འདུག་གོ །ཡང་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་དབེན་པར་སོང་སྟེ། ཤིན་ཏུ་སོམས་ཤིག་ཅེས་བཀའ་སྩལ་ནས། ཀུན་དགའ་བོས་འདུག་པ་ལས་ལངས་ཏེ་ཚལ་ཞིག་ཏུ་སོང་ངོ་། །ཀུན་དགའ་བོ་སོང་བའི་འོག་ཏུ་བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་འོངས་ནས།


DKG074_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུན་རིང་པོར་འཇིག་རྟེན་ན་བཞུགས་ཏེ། གདུལ་བའི་རིགས་པ་ཡང་གང་འི་ཀླུང་གི་བྱེ་མ་སྙེད་བཏུལ་ནས། འཁོར་བ་ལས་ཡོངས་སུ་བཟློག་པའི་དོན་ཀྱང་མཛད་པ་ལགས། ད་སྐུ་ནས་ཀྱང་བགྲེས་ཀྱིས་མྱ་ངན་ལས་འདའ་བར་གཤེགས་པའི་རིགས་སོ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཉུང་ཟད་ཅིག་བླངས་ཏེ། ཕྱག་གི་སེན་མོའི་སྟེང་དུ་བཞག་ནས། བདུད་སྡིག་ཅན་ལ་ས་ཆེན་པོའི་ས་མང་ངམ། སེན་མོའི་སྟེང་གི་ས་མང་ཞེས་བཀའ་སྩལ་ནས། བདུད་སྡིག་ཏོ་ཅན་གྱིས་གསོལ་པ། ས་ཆེན་པོའི་ས་ནི་རབ་ཏུ་མང་གི་སེན་མོའི་སྟེང་གི་ས་ནི་མང་བ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་བཏུལ་བའི་སེམས་ཅན་ནི་སེན་མོའི་སྟེང་གི་ས་དང་འདྲའོ། །གང་མ་བཏུལ་བ་ནི་ས་ཆེན་པོ་དང་འདྲའོ། །བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཏོ་ཅན་ལ་བཀའ་སྩལ་པ། ད་སྟེ་ཟླ་བ་གསུམ་ན་ང་ཡོངས་སུ་མྱ་ངན་ལས་འདའོ་ཞེས་བཀའ་སྩལ་པ། བདུད་སྡིག་ཏོ་ཅན་གྱིས་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཕྱིར་དོང་ངོ་། །དེའི་ཚེ་ཀུན་དགའ་བོ་ཚལ་གྱི་ནང་ན་གཉིད་ལོག་ནས་རྨི་ལམ་དུ་ཤིང་ཆེན་པོ་ནམ་མཁའི་ཁམས་ཀུན་གཡོགས་པ་ལ་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་ཤིན་ཏུ་རྒྱས་པ། འགྲོ་བ་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་བ། ཤིང་དེ་ལ་ཡོན་ཏན་བརྗོད་ཀྱིས་མི་ལང་བ་རྣམ་པ་སྣ་ཚོགས་དང་ལྡན་པ་ཞིག་རྨིས་ཏེ། རིང་པོ་མ་ལོན་པར་རླུང་ཆེན་པོ་ལངས་ཏེ། ཡལ་ག་དང་ལོ་མ་ཀུན་གྲུགས་ནས། རྡུལ་བཞིན་དུ་འཐོར་ནས་ཀྱང་སྟོབས་ཆེན་པོའི་གནས་སུ་མེད་པར་གྱུར་ཏེ། འགྲོ་བ་ཐམས་ཅད་ཤིན་ཏུ་མྱ་ངན་བྱེད་པ་སྙམ་རྨིས་ནས། སད་པ་དང་མི་བདེ་ཞིང་སྐྲག་པར་གྱུར་ནས་འདི་སྙམ་དུ་སེམས་སོ། །བདག་གིས་ལྷ་དང་མི་ཐམས་ཅད་ལ་ཕན་པའི་དོན་དུ་འགྱུར་བའི་ཤིང་ཆེན་པོ་ཡོན་ཏན་ཐམས་ཅད་དང་ལྡན་པ་ཞིག་རྨིས་ནས། རིང་པོར་མ་ལོན་པར་རླུང་ཆེན་པོས་གཏོར་ཏེ་མེད་པར་བྱས་པ་འདི། བཅོམ་ལྡན་འདས་ནི་ཤིང་ཆེན་པོ་དང་འདྲ་བར་ཐམས་ཅད་ཀྱི་སྐྱབས་


DKG074_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་ན། བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་དགོངས་སམ་སྙམ་བསམས་ནས་ཤིན་ཏུ་སྐྲག་སྟེ། བཅོམ་ལྡན་འདས་གང་ན་བ་དེར་འོངས་ནས། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཚལ་ན་མཆིས་པ་ལས་རྨི་ལམ་འདི་ལྟ་བུ་ཞིག་རྨི་ན། ཇི་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་མི་དགོངས་ལགས་སམ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་སྨྲས་པ་བཞིན་ཏེ། ང་ད་སྟེ་ཟླ་བ་གསུམ་ན་མྱ་ངན་ལས་འདའོ། །གང་རྫུ་འཕྲུལ་གྱི་རྐང་པ་བཞི་ཐོབ་པ་ནི་བསྐལ་པ་གཅིག་གི་བར་དུ་གནས་ཏེ། ང་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་ཤིན་ཏུ་བསྒོམས་ནས་ད་དེ་བཞིན་གཤེགས་པའི་སྐུ་ཚེ་ཇི་སྲིད་ཀྱི་བར་དུ་བཞུགས་པའི་རིགས་ཞེས་ཁྱོད་ལ་དྲིས་ན། ལན་གསུམ་གྱི་བར་དུ་དྲིས་ཀྱང་ཁྱོད་སྨྲར་མ་བཏུབ་སྟེ། ཁྱོད་སོང་བའི་འོག་ཏུ་བདུད་ཀྱི་རྒྱལ་པོ་སྡིག་ཏོ་ཅན་འོངས་ནས། མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ལས་ཀྱང་དེ་བཞིན་དུ་གནང་ངོ་། །ཀུན་དགའ་བོས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། རབ་ཏུ་མི་དགའ་ཞིང་མྱ་ངན་གྱིས་གདུངས་ཏེ། ལུས་མི་བཟོད་པར་གྱུར་ཏོ། །ཉེ་གནས་རྣམས་གཅིག་ལ་གཅིག་སྒྲན་ཏེ། ཐམས་ཅད་མྱ་ངན་གྱིས་གདུངས་ནས། བཅོམ་ལྡན་འདས་གང་ན་བདེར་སོང་ངོ་། །དེ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་། ཉེ་གནས་རྣམས་ལ་བཀའ་སྩལ་པ། རྟག་ཅེས་བྱ་བ་སུ་ཡིན། ཐམས་ཅད་ལ་རྟག་པ་མེད་དེ། ཁྱོད་ཀྱི་ཕྱིར་བྱ་བ་ཀུན་མཛད་དེ། བསྟན་པ་ཡང་བསྟན་ཟིན་པས། ཁྱེད་རྣམས་མྱ་ངན་མ་བྱེད་པར་བརྩོན་འགྲུས་སུ་ནན་ཏན་གྱིས་ཤིག་ཅེས་བཀའ་སྩལ་ནས། དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུས་དེ་སྐད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའོ། །ཞེས་ཐོས་པ་དང་། མྱ་ངན་དུ་གྱུར་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་ནི་ཧ་ཅང་ཡང་མྱུར་ཆེས་སོ། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་མདོངས་ཤིང་མགོན་མེད་པར་གྱུར་ཏོ་ཞེས་སྨྲས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅོམ་ལྡན་


DKG074_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མྱ་ངན་ལས་འདས་པ་མཐོང་བར་མི་བཟོད་དེ་ཅི་ནས་ཀྱང་བདག་སྔར་མྱ་ངན་ལས་འདའོ་ཞེས་ལན་གསུམ་གྱི་བར་དུ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཁྱོད་དུས་ལ་བབ་པར་ཤེས་ན། འཕགས་པ་ཐམས་ཅད་ནི་ཞི་བས་མྱ་ངན་ལས་འདའོ། །ཞེས་བཀའ་སྩལ་ཏོ། །ཤཱ་རིའི་བུས་ཀྱང་བཅོམ་ལྡན་འདས་ཀྱིས་གནང་བའི་ལུང་ཐོབ་ནས་གོས་ཚགས་བགོས་ཏེ། བཅོམ་ལྡན་འདས་ལ་ལན་བརྒྱ་ཙམ་བསྐོར་ཏེ། ཚིགས་སུ་བཅད་པ་རྣམ་པ་མང་པོས་བསྟོད་ནས། སངས་རྒྱས་ཀྱི་ཞབས་དང་ཕྱག་ནས་བཟུང་སྟེ་ལན་གསུམ་གྱི་བར་དུ་སྤྱི་བོ་ས་ལ་གཏུགས་ནས། ཐལ་མོ་སྦྱར་ཏེ་འདི་སྐད་དུ་བདག་གིས་ནང་གི་ཐ་མར་ཡང་། བཅོམ་ལྡན་འདས་མཐོང་ངོ་ཞེས་སྨྲས་ནས་བསྟི་སྟང་དང་བཅས་པས་མཆི་ཕྱག་འཚལ་ཏེ། ཉེ་གནས་དགེ་ཚུལ་ཀྱུན་ཏེ་དང་། རྒྱལ་པོའི་ཁབ་སྔོན་སྐྱེ་བའི་གནས་གང་ན་བ་དེར་སོང་ངོ་། །དེར་ཕྱིན་པ་དང་། དགེ་ཚུལ་ཀྱུན་ཏེ་དེ་ལ་བསྒོ་བ་ཁྱོད་སོང་ལ་གྲོང་ཁྱེར་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་དང་། བློན་པོའི་གནས་དང་། ཡོན་བདག་བཤེས་པའི་གནས་ཀུན་ཏུ་སོང་ལ་དེ་དག་ལ་ང་མཆི་ཕྱག་འཚལ་ལོ་བསྒོ་ཤིག།དེ་ནས་དགེ་ཚུལ་ཀྱུན་ཏེ་སློབ་དཔོན་གྱིས་བསྒོ་བ་བཞིན་དུ་ཀུན་ཏུ་སོང་ནས། འདི་སྐད་དུ་བདག་གི་མཁན་པོ་ཤཱ་རིའི་བུ་འདིར་གཤེགས་ཏེ། མྱ་ངན་ལས་འདའ་བར་གཤེགས་ཀྱིས་ཁྱོད་ཀྱིས་མཐོང་བར་འདོད་ན་ཀུན་གཤེགས་ཤིག་ཅེས་བསྒོའོ། །དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་དང་། ཁྱིམ་བདག་རིགས་ཆེ་ཞིང་མཐོ་བ་དང་། ཡོན་བདག་རྣམས་དགེ་ཚུལ་གྱིས་བསྒོ་བ་ཐོས་ནས་ཐམས་ཅད་མི་དགའ་ཞིང་མྱ་ངན་གྱིས་གདུངས་པར་གྱུར་ཏེ། ཐམས་ཅད་ཚིག་འཐུན་པར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་གཙོ་བོ་ཆེན་པོ་འགྲོ་བ་མང་པོའི་བཤེས་གཉེན་དུ་གྱུར་པ། ད་མྱ་ངན་ལས་འདའ་བ་ནི་ཧ་ཅང་ཡང་སྔ་ཆེས་སོ་ཞེས་སྨྲས་ནས་དེ་དག་མྱུར་བར་ཤཱ་རིའི་བུ་གང་ན་བ་དེར་ལྷགས་ཏེ། ཕྱག་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཤཱ་རིའི་བུ་ཆོས་ཀྱི་གཙོ་བོ་ཆེན་པོ། འགྲོ་བ་མང་པོའི་བཤེས་གཉེན་སྐུ་ཚེ་ཡོངས་སུ་གཏོང་སྟེ། མྱ་ངན་


DKG074_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདའོ་ཞེས་བདག་ཅག་ལ་སོགས་པ་འགྲོ་བ་མང་པོའི་མགོན་དང་དཔུང་གཉེན་མེད་པར་འགྱུར་རོ། །དེ་ནས་ཤཱ་རིའི་བུས་འཁོར་མང་པོ་ལ་སྨྲས་པ། ཐམས་ཅད་ནི་མི་རྟག་པ་སྟེ། སྐྱེ་བ་ཡང་མཐར་འཆི་ལ། འདུས་པ་ཡང་མཐར་འབྲལ་བས། ཁམས་གསུམ་ནི་སྡུག་བསྔལ་བ་དང་བཅས་པས་ན། གང་ཞིག་བདེ་བར་འགྱུར། ཁྱོད་ནི་སྔོན་དགེ་བའི་རྩ་བས་སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དང་ཡང་ཕྲད་མོད་ཀྱིས། མདོ་སྡེ་དང་ཆོས་ཐོས་པ་ཤིན་ཏུ་དཀའ། མིའི་ལུས་ཐོབ་པ་ཡང་ཤིན་ཏུ་དཀའ་བ་ཡིན་གྱིས། བསོད་ནམས་ཀྱི་ཚོགས་སུ་འགྱུར་ཞིང་འཁོར་བ་ལས་གྲོལ་བའི་ལས་ལ་བརྩོན་པར་གྱིས་ཤིག་ཅེས། ཐབས་མཁས་པ་རྣམ་པ་སྣ་ཚོགས་ཀྱིས་འཁོར་མང་པོ་ལ་ཇི་ལྟར་ནད་པ་ལ་སྨན་གཏོང་བ་བཞིན་དུ་རྒྱ་ཆེར་བསྟན་ཏེ། འཁོར་མང་པོ་ལ་ཆོས་བསྟན་ནས་ཁ་ཅིག་ནི་འབྲས་བུ་དང་པོ་ནས་འབྲས་བུ་གསུམ་པའི་བར་དུ་ཐོབ་པར་གྱུར། ཁ་ཅིག་ནི་རབ་ཏུ་བྱུང་ནས་དགྲ་བཅོམ་པར་གྱུར། ཁ་ཅིག་ནི་རང་སངས་རྒྱས་སུ་གྲུབ་པར་ཡི་དམ་བཅས་ཏེ་ཆོས་བསྟན་པ་ཐོས་ནས། ཕྱག་འཚལ་ནས་སོ་སོར་དོང་ངོ་། །དེ་ནས་ཤཱ་རིའི་བུ་དེའི་ནུབ་མོ་ནམ་གྱི་ཆ་སྨད་ལ། ལུས་དང་སེམས་དྲང་པོར་བཞག་སྟེ། སེམས་རྩེ་གཅིག་ཏུ་བསམ་གཏན་དང་པོ་ལ་ཞུགས་སོ། །བསམ་གཏན་དང་པོ་ལས་བྱུང་ནས། བསམ་གཏན་གཉིས་པ་ལ་ཞུགས། བསམ་གཏན་གཉིས་པ་ལས་བྱུང་ནས། བསམ་གཏན་གསུམ་པ་ལ་ཞུགས། བསམ་གཏན་གསུམ་པ་ལས་བྱུང་ནས། བསམ་གཏན་བཞི་པ་ལ་ཞུགས། བསམ་གཏན་བཞི་པ་ལས་བྱུང་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་ཏིང་ངེ་འཛིན་ལ་ཞུགས། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་


DKG074_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མཆེད་ཀྱི་ཏིང་ངེ་འཛིན་ལས་བྱུང་ནས། འགོག་པའི་ཏིང་ངེ་འཛིན་ལ་ཞུགས། འགོག་པའི་ཏིང་ངེ་འཛིན་ལས་བྱུང་ནས། མྱ་ངན་ལས་འདའ་བར་ཞུགས་སོ། །དེའི་ཚེ་ན་བརྒྱ་བྱིན་ལྷའི་དབང་པོས་ཤཱ་རིའི་བུ་མྱ་ངན་ལས་འདའ་བར་ཤེས་ནས། ལྷའི་འཁོར་བརྒྱ་སྟོང་མང་པོ་དང་སོ་སོ་ནས་མེ་ཏོག་དང་། སྤོས་ལ་སོགས་པ་མཆོད་པའི་ཡོ་བྱད་ཐོགས་ཏེ། ཕྱོགས་དེར་ལྷགས་ནས། སྟེང་གི་ནམ་མཁའ་ལ་བར་མཚམས་མེད་པར་འཁོད་དེ། མཆི་མ་ཆར་བཞིན་དུ་བླགས་ནས། མེ་ཏོག་གིས་པུས་མོ་ནུབ་པ་ཙམ་དུ་གཏོར་ནས། འདི་སྐད་དུ་བཙུན་པ་ཤཱ་རིའི་བུའི་ཤེས་རབ་ནི་ཟབ་ཁྱད་རྒྱ་མཚོ་ཙམ་སྟེ། ཇི་ལྟར་རིགས་པའི་བློ་དང་ལྡན་པ་གསུང་གི་སྤོབས་པ་ནི་ཆུ་མིག་དང་འདྲ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་། ཤེས་རབ་དང་ལྡན། ཆོས་ཀྱི་གཙོ་བོ་ཆེན་པོ་དེ་བཞིན་གཤེགས་པའི་རྗེས་སུ་ཆོས་ཀྱི་འཁོར་ལོ་རྒྱས་པར་བསྐོར་བ། དེང་མྱ་ངན་ལས་འདའ་བ་ནི་ཤིན་ཏུ་སྔ་ཆེས་སོ། །གྲོང་ཁྱེར་དེའི་ནང་དང་ཕྱི་རོལ་ན་འདུག་པའི་མི་ཐམས་ཅད་ཀྱིས། ཤཱ་རིའི་བུ་མྱ་ངན་ལས་འདས་སོ་ཞེས་ཐོས་ནས། ཐམས་ཅད་ཀྱི་མར་དང་འབྲུ་མར་བསུང་ཅན་སྤོས་དང་། མེ་ཏོག་དང་། མཆོད་པའི་ཡོ་བྱད་ཐོགས་ཏེ། ཐམས་ཅད་ལྷགས་ནས་ལུས་ཀྱིས་མི་བཟོད་པར་མྱ་ངན་གྱིས་གདུངས་ཏེ། སོ་སོ་ནས་ཐོགས་པའི་ཡོ་བྱད་ཀྱིས་མཆོད་པ་བྱས་སོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས། བི་ཤྭ་ཀརྨ་ལ་བསྒོ་བ་ཁྱོད་ཀྱིས་རིན་པོ་ཆེ་མང་པོས་བརྒྱན་པའི་ཤིང་རྟ་སྦྱོར་ཅིག།ཤཱ་རིའི་བུའི་པུར་བཞག་པར་བྱའོ་ཞེས་བསྒོའོ། །དེ་ནས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། རྒྱལ་པོ་དང་། བློན་པོ་དང་། ཡུལ་མི་ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ་གང་ན་ཐང་བདེ་བར་བསྐྱལ་ལོ། །བརྒྱ་བྱིན་ལྷའི་དབང་པོས་གནོད་སྦྱིན་རྣམས་ལ་ཁྱོད་ཀྱིས་རྒྱ་མཚོའི་ངོགས་ནས་གླང་མགོ་ཙན་དན་ལོང་ཤིག་ཅེས་བསྒོ་ནས། གནོད་སྦྱིན་རྣམས་ཀྱིས་རྒྱ་མཚོའི་ངོགས་ནས་ཙན་དན་བླངས་ཏེ། སྤུངས་ནས། དེའི་སྟེང་དུ་པུར་བཞག་སྟེ་མར་དང་འབྲུ་མར་གྱིས་གཏོར་ནས་མེ་གཏོང་ངོ་། །འཁོར་དེ་དག་ཀུན་གྱིས་ཕྱག་འཚལ་ཏེ་ཕྱིར་དོང་ངོ་། །མེ་ཤི་བའི་འོག་ཏུ་དགེ་ཚུལ་ཀྱུན་


DKG074_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཏེས་སློབ་དཔོན་གྱི་རིང་བཕྲེལ་དང་། ལྷུང་བཟེད་དང་ཆོས་གོས་གསུམ་ཐོགས་ཏེ། སངས་རྒྱས་གང་ན་བ་དེར་སོང་སྟེ་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། པུས་མོའི་ལྷ་ང་ས་ལ་བཙུགས་ནས། བདག་གི་སློབ་དཔོན་ནི་མྱ་ངན་ལས་འདས་ཏེ། རིང་བཕྲེལ་དང་། ཆོས་གོས་དང་། ལྷུང་བཟེད་ནི་འདི་དག་ལགས་སོ་ཞེས་གསོལ་ཏོ། །དེའི་ཚེ་ཀུན་དགའ་བོས་དགེ་ཚུལ་གྱིས་སྨྲས་པ་ཐོས་ནས། མྱ་ངན་གྱིས་ཤིན་ཏུ་གདུངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཤཱ་རིའི་བུ་ཆོས་ཀྱི་བདག་པོ་གཙོ་བོ་ཆེན་པོ་ཡང་མྱ་ངན་ལས་འདས་ན་བདག་ཅག་གིས་སུ་ལ་གནས་བཅའ་ཞིང་སྐྱབས་སུ་མཆི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་མྱ་ངན་ལས་འདས་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དང་། ཆོས་ཀྱི་སྐུ་ནི་མྱ་ངན་ལས་མ་འདས་སོ། །ཤཱ་རིའི་བུ་ནི་ང་ད་ལྟར་འབའ་ཞིག་མྱ་ངན་ལས་འདའ་བར་མཐོང་བར་མི་བཟོད་དེ། སྔར་མྱ་ངན་ལས་འདས་པ་འདིར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ང་ཚེ་འཕོ་བ་ལ་མི་བཟོད་ནས་སྔར་ཚེ་འཕོས་སོ། །ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། སྔོན་བཅོམ་ལྡན་འདས་སྐུ་ཚེའི་སྔ་མ་ལ་ཡང་སྔར་གུམ་ནས། ཕྱིས་གཤེགས་པའི་དངོས་པོ་རྒྱས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་སྔོན་རོལ་དུ། འཛམ་བུའི་གླིང་འདིར་ཡུལ་ཆེ་གེ་མོ་ཞིག་ན་རྒྱལ་པོ་ཟླ་འོད་ཅེས་བྱ་བ་འཛམ་བུའི་གླིང་ལ་དབང་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་དང་། ལྗོངས་སྟོང་ཕྲག་དྲུག་ཅུའི་ནང་ན་གྲོང་ཁྱེར་ཁྲི་ཕྲག་བརྒྱད་ཅུ་ལ་དབང་བྱེད་པ་ཞིག་བྱུང་ངོ་། །རྒྱལ་པོ་དེ་ལ་བཙུན་མོ་སྟོང་ཕྲག་ཉི་ཤུ་ཡོད་དེ། བཙུན་མོ་ཆེ་བ་ནི་མེ་ཏོག་སྦྱིན་པ་ཞེས་བྱ། བཙུན་མོ་འབྲིང་པོ་ནི་སྤྱན་ཆེན་པོ་ཞེས་བྱ་སྟེ། རྒྱལ་པོ་དེ་ལ་རྒྱལ་བུ་ལྔ་བརྒྱ་ཙམ་རྙེད་དོ། །རྒྱལ་པོའི་བུ་ཐུ་བོ་རྒྱལ་ཚབ་ནི་ཚུལ་ཁྲིམས་བཟང་པོ་ཞེས་བྱ། རྒྱལ་པོ་བཞུགས་


DKG074_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕོ་བྲང་ནི་འཚོ་བ་བཟང་པོ་ཞེས་བྱ་སྟེ། ཕོ་བྲང་དེའི་ཆུ་ཞེང་གབ་པར་དཔག་ཚད་བཞི་བརྒྱ་ཡོད་དེ། གསེར་དང་། དངུལ་དང་། ་རྱ་དང་། ཤེལ་ལས་བྱས་སོ། །སྐྱེད་མོས་ཚལ་གྱི་ནང་ན་གསེར་དང་། དངུལ་དང་། ་རྱ་དང་། ཤེལ་གྱི་ཤིང་ཚར་བཞི་ཡོད་དོ། །ཁ་ཅིག་གི་ཡལ་ག་ནི་གསེར། ལོ་མ་ནི་དངུལ། ཁ་ཅིག་གི་ཡལ་ག་ནི་དངུལ། ལོ་མ་ནི་གསེར། ཁ་ཅིག་གི་ཡལ་ག་ནི་་རྱ། ལོ་མ་ནི་ཤེལ། ཁ་ཅིག་གི་ཡལ་ག་ནི་ཤེལ། ལོ་མ་ནི་་རྱ་སྟེ། རིན་པོ་ཆེའི་རྫིང་རྣམས་ཀྱང་གསེར་དང་། དངུལ་དང་། ་རྱ་དང་། ཤེལ་ལས་བྱས་པ། རྫིང་གི་ཞབས་ཀྱང་རིན་པོ་ཆེ་སྣ་བཞིའི་བྱེ་མས་བདལ་བ། རྒྱལ་པོའི་ཕོ་བྲང་ཉི་ཚེ་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བཞི་བཅུའི་བར་དུ་གསེར་དང་། དངུལ་དང་། བཻ་དུ་རྱ་དང་། ཤེལ་གྱིས་ཆལ་པར་བཀང་ངོ་། །ཡུལ་དེ་ན་གནས་པའི་མི་རྣམས་བདེ་ཞིང་སྐྱིད་པ་ལོ་ལེགས་པ་ལོངས་སྤྱོད་འབྱོར་པ། རིན་པོ་ཆེ་དམ་པ་གྲངས་མེད་པ་བདོག་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་ཕོ་བྲང་ན་འདུག་པ་ལས་རྟག་ཏུ་འདི་སྙམ་དུ་བསམ་པ་སྐྱེས་སོ། །འཇིག་རྟེན་ན་གནས་པ་དག་བཙན་ཞིང་ཆེ་བ་ལ་ཐམས་ཅད་ཀྱིས་བཀུར་སྟི་བྱེད་པར་འགྱུར་རོ་སྙམ་དུ་བསམས་མ་ཐག་ཏུ་འདོད་པ་ལྔའི་ལོངས་སྤྱོད་དམ་པ་ཡིད་བཞིན་དུ་གྲུབ་སྟེ། འདི་ལྟར་འབྲས་བུ་མཆོག་ཐོབ་པ་ཡང་སྔོན་བསོད་ནམས་ཀྱི་ཚོགས་བསྐྱེད་པ་ལས་གྱུར་ཏེ། དཔེར་ན་ཞིང་པ་དག་ཀྱང་དཔྱིད་ས་བོན་མང་དུ་བཏབ་ན། སྟོན་མང་དུ་བསྡུར་ཡོད་དོ་སྙམ་རེ་བ་ཡོད་དོ། །བདག་ཀྱང་དེ་དང་འདྲ་སྟེ། སྔོན་བསོད་ནམས་ཀྱི་ཚོགས་བསྐྱེད་པས་ད་ལྟར་འདི་ལྟ་བུ་གྲུབ་པར་གྱུར་ཏོ། །ད་ལྟར་གྱི་དུས་སུ་ས་བོན་མ་བསྐྱེད་ན་ཕྱིས་རེ་བ་མེད་དོ་སྙམ་བསམས་ནས། བློན་པོ་རྣམས་ལ་ད་ནི་བདག་གི་རིན་པོ་ཆེ་དང་། ལོངས་སྤྱོད་ཀུན་སྦྱིན་པའི་ཕྱིར་གྲོང་ཁྱེར་གྱི་སྒོ་དང་ཚོང་དུས་ཀྱི་མདོར་སྤུངས་ཏེ། སེམས་ཅན་ལ་ཡིད་བཞིན་དུ་ཅི་བདོག་པ་སྦྱིན་པར་བྱའོ། །གཞན་ཡང་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཡོད་པ་ལས། བང་མཛོད་ཅི་ཡོད་པ་ཐམས་ཅད་འགྲོ་བ་མང་པོ་ལ་སྦྱིན་པར་བཀར་བཏགས་སོ་ཞེས་བསྒོ་ནས་གསེར་གྱི་རྒྱལ་མཚན་བསྒྲེངས་ཏེ། གསེར་གྱི་རྔ་བརྡུངས་ནས་ཕྱོགས་སུ་རྒྱས་པར་


DKG074_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱིས་ཐོས་ཤིང་ཤེས་པར་ཤིན་ཏུ་བསྒྲགས་སོ། །དེའི་ཚེ་ཡུལ་དེ་ན་འཁོད་པའི་དགེ་སྦྱོང་དང་བྲམ་ཟེ་དང་། དབུལ་ཕོངས་པ་དང་། མགོན་མེད་པ་དང་། རྒན་པ་དང་། ལོངས་སྤྱོད་ཀྱིས་དྲེལ་བ་ཐམས་ཅད་སྤྲིན་བཞིན་དུ་འདུས་ཏེ། གང་གོས་འདོད་པ་ལ་གོས་དང་། ཟས་འདོད་པ་ལ་ཟས། གསེར་དངུལ་དང་ནོར་བུ་རིན་པོ་ཆེ་འདོད་པ་ལ་ནི་གསེར་དངུལ་དང་ནོར་བུ་རིན་པོ་ཆེ། ནད་པ་རྣམས་ལ་ནི་ནད་ཀྱི་རྐྱེན་སྨན་ལ་སོགས་པ་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ། །དེའི་ཚེ་ན་འཛམ་བུའི་གླིང་ན་འཁོད་པའི་འགྲོ་བ་ཐམས་ཅད་རྒྱལ་པོའི་བཀའ་དྲིན་གྱིས་ཐམས་ཅད་བདེ་ཞིང་སྐྱིད་པའི་གླུ་ལེན་བྲོ་བརྡུང་། ཚིགས་སུ་བཅད་པས་བསྟོད་དོ། །རྒྱལ་པོའི་མིང་སྙན་པ་མཐའ་འོག་ཀུན་ཏུ་བསྒྲགས་ནས་བཀའ་མི་ཉན་པ་མེད་དོ། །དེའི་ཚེ་ཡུལ་གྱི་མཐའ་འཁོབ་ན་རྒྱལ་པོ་ཆུང་ངུ་བྱི་མ་སེ་ན་ཞེས་བྱ་བ་ཞིག་རྒྱལ་པོ་ཟླ་འོད་ལ་ཕྲག་དོག་སྐྱེས་ཏེ། བདེ་བར་ཉལ་དུ་མེད་དོ། །གཉིད་ཀྱང་མི་བྲོ་བས་འདི་སྙམ་དུ་བསམས་སོ། །རྒྱལ་པོ་ཟླ་འོད་མེད་པར་མ་བྱས་ཀྱི་བར་དུ་བདག་གི་མིང་གྲགས་པར་མི་འགྱུར་གྱིས་བདག་གིས་ཡུལ་ཕྱོགས་ན་འཁོད་པའི་ཀུན་ཏུ་རྒྱུ་དག་བོས་ལ། ཀུན་ཏུ་བསྒྲུབ་ཏུ་གཞུག་པའི་ཐབས་བྱའོ་སྙམ་བསམས་ནས། བདག་གི་ཡུལ་ན་འཁོད་པའི་ཀུན་ཏུ་རྒྱུ་བོས་ནས། ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ། བསྟི་སྟང་དང་བཅས་པས་ཟླ་བ་གསུམ་གྱི་བར་དུ་མཆོད་པ་བྱས་ནས། ཀུན་ཏུ་རྒྱུ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ང་ནི་མྱ་ངན་གྱིས་ནོན་ཏེ། ཉིན་མཚན་དུ་མི་བདེ་ན་ཁྱོད་ནི་ཆོས་སྤྱོད་པ་ཡིན་ཏེ། མཆོད་པའི་གནས་ཡིན་ན། ངའི་མྱ་ངན་མེད་པར་བྱ་བའི་ཐབས་སོམས་ཤིག།བྲམ་ཟེ་རྣམས་ཀྱིས་སྨྲས་པ། རྒྱལ་པོ་ཅིའི་སླད་དུ་ཐུགས་ངན་མཛད་པ་བདག་ཅག་ལ་གསུངས་ཤིག།ཅི་ནུས་ཀྱིས་རྒྱལ་པོའི་ཐུགས་ངན་མ་མཆིས་པར་བགྱིའོ། །རྒྱལ་པོས་སྨྲས་པ། རྒྱལ་པོ་ཟླ་འོད་དེ་ཡོན་ཏན་ཀུན་ཏུ་གྲགས་པས་དེ་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ན། ང་འབའ་ཞིག་ཡོན་ཏན་མ་གྲགས་ཏེ། རྒྱལ་པོ་དེ་མེད་པར་བྱས་པ་དགའ་ན། ཁྱོད་ལ་ཐབས་ཅི་ཡོད་པ་


DKG074_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲོས་ཤིག།བྲམ་ཟེ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ཐོས་ནས། སོ་སོ་ནས་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཟླ་འོད་འདི་ནི་སྙིང་རྗེ་དང་ལྡན་ཏེ། འགྲོ་བ་ཐམས་ཅད་ལ་དྲིན་གྱིས་ཁྱབ་ཅིང་དབུལ་ཕོངས་པ་ལ་ཡང་ཕ་མ་ལྟ་བུར་གྱུར་པས། བདག་ཅག་ནི་ཚེ་འཕོས་ལ་ཐུག་ཀྱང་དེ་ལ་སུ་ཞིག་གནོད་པ་བྱེད་མི་ནུས་སོ། །ཞེས་སྨྲས་སོ། །འཚོ་བ་ལ་ཡང་མ་བལྟས་ཏེ་སོ་སོར་གྱེས་སོ། །རྒྱལ་པོ་བྱི་མ་སེ་ན་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་མི་དགའ་སྟེ་འདི་སྐད་ཅེས་བཀར་བཏགས་སོ། །གང་སུ་ལ་ཡང་རུང་ངའི་ཕྱིར་རྒྱལ་པོ་ཟླ་འོད་ཀྱི་མགོ་བཅད་དེ་འོངས་ན་རྒྱལ་སྲིད་ཕྱེད་ཕྱེད་ཀྱང་སྦྱིན་ཞིང་བུ་མོ་ཡང་ཆུང་མར་སྦྱིན་ཞེས་བཀར་བཏགས་པ་དང་། དེའི་ཚེ་རི་བྲགས་ཀྱི་གོང་ན་བྲམ་ཟེ་ལེའུ་ཏེ་ཙ་ཞེས་བྱ་བས་ཐོས་ཏེ། རྒྱལ་པོ་དེ་གང་ན་བ་དེར་འོངས་ནས་རབ་ཏུ་དགའ་སྟེ། དེ་སྐད་དུ་བདག་གིས་ནི་རྒྱལ་པོའི་དགོངས་པ་བཞིན་དུ་བསྒྲུབ་ནུས་སོ་ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། དེ་ལྟར་བསྒྲུབ་ན་ཉི་མ་གང་ལ་འགྲོ་བར་བྱ། བྲམ་ཟེས་སྨྲས་པ། བདག་གི་ལམ་རྒྱགས་སྩོལ་ཅིག་དང་། ད་སླན་ཅད་ཞག་བདུན་ན་མཆིའི་ཞེས་གསོལ་པ་དང་། བྲམ་ཟེ་དེ་ཞག་བདུན་གྱི་བར་དུ་བདག་གི་ལུས་བསྲུང་བའི་སྔགས་བྱས་ནས་རྒྱལ་པོ་ལ་མཆི་ཕྱག་བྱས་ཏེ། ལམ་དུ་ཞུགས་ནས་སོང་ངོ་། དེའི་ཚེ་རྒྱལ་པོ་ཟླ་འོད་ཀྱི་ཡུལ་ན་ལྟས་ངན་རྣམ་པ་སྣ་ཚོགས་བྱུང་སྟེ། ས་ཀུན་གས་པ་དང་། གློག་འགྱུ་བ་དང་། སྐར་མ་ལྷུང་བ་དང་། ཉིན་མཚན་དུ། ཡུལ་རྨུགས་དང་། འབྲུག་གྲག་པ་དང་། སེར་བ་དང་། གནམ་ལྕགས་དང་། བྱ་མང་པོས་ནམ་མཁའ་ལ་སྙིང་རྗེ་རྗེའི་སྐད་ཟེར་ཞིང་ནམ་མཁའ་ལ་རང་ལྷུང་བ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། གཅན་གཟན་དང་། རི་དགས་ལ་སོགས་པ་རྒྱུགས་མཆོངས་ཤིང་སྐད་མི་སྙན་པ་ཟེར་བ་དང་། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གི་རྨི་ལམ་དུ་རྒྱལ་པོ་ཆེན་པོའི་གསེར་གྱི་རྒྱལ་མཚན་ཆག་པ་དང་། གསེར་གྱི་རྔ་རལ་བར་རྨིས་སོ། །བློན་པོ་ཟླ་བ་ཆེན་པོ་ཞེས་བྱ་བའི་རྨི་ལམ་དུ། ཡི་དགས་ཞིག་གིས་རྒྱལ་པོའི་གསེར་གྱི་ཅོད་པན་ཕྲོགས་པ་


DKG074_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

རྨིས་ཏེ། ཐམས་ཅད་ཀྱང་ལུས་ཀྱིས་མི་བཟོད་པ་ཙམ་དུ་མྱ་ངན་གྱིས་ནོན་པར་གྱུར་ཏོ། །དེའི་ཚེ་ན་གྲོང་ཁྱེར་གྱི་སྒོ་སྲུང་བའི་ལྷས། བྲམ་ཟེ་དེས་རྒྱལ་པོའི་མགོ་སློང་དུ་འོང་བར་རྟོགས་ནས། དེ་མྱོས་ཤིང་སླད་པར་བྱས་ཏེ། གྲོང་ཁྱེར་གྱི་སྒོ་ནས་མ་བཏང་བས་བྲམ་ཟེ་དེས་གྲོང་ཁྱེར་ལ་ལན་མང་དུ་བསྐོར་ཀྱང་ནང་དུ་མ་ཆུད་དོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷས་ཀྱང་རྒྱལ་པོ་ཟླ་འོད་མགོ་སྦྱིན་པ་བྱས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བར་ཤེས་ནས་རྨི་ལམ་དུ་རྒྱལ་པོ་ལ་སྦྲན་ནས། རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱི་ཡིད་དང་མི་འགལ་བར་སྦྱིན་པ་སྦྱིན་ནོ་ཞེས་ཡི་དམ་བཅས་ན། ད་ལྟར་སློང་བ་གྲོང་ཁྱེར་གྱི་སྒོར་འོངས་ཏེ་ནང་དུ་འོང་བའི་དབང་མེད་དོ། །ཞེས་སྦྲན་ནོ། །སད་ནས་ངོ་མཚར་དུ་གྱུར་ཏེ། བློན་པོ་ཟླ་བ་ཆེན་པོ་ལ་ཁྱོད་སོང་ལ། གྲོང་ཁྱེར་གྱི་སྒོ་ནས་སུ་འོང་ཡང་རུང་། མ་དགག་པར་ནང་དུ་ཐོང་ཤིག་ཅེས་བསྒོའོ། །ཟླ་བ་ཆེན་པོ་གྲོང་ཁྱེར་གྱི་སྒོར་འོངས་པ་དང་། གྲོང་ཁྱེར་གྱི་སྒོ་སྲུང་བའི་ལྷས་ལུས་མངོན་པར་བསྟན་ཏེ། ཟླ་བ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བྲམ་ཟེ་ཞིག་ཡུལ་གཞན་ནས་འོང་སྟེ། སྡིག་པའི་སེམས་ཀྱིས་རྒྱལ་པོ་ལ་མགོ་སློང་དུ་འོངས་པས་ནང་དུ་མ་བཏང་བ་ཡིན་ནོ། །བློན་པོས་སྨྲས་པ། གལ་ཏེ་དེ་ལྟར་བདེན་ན་གནོད་པའི་ལྟས་ཆེན་པོ་ཡིན་ཏེ། འོན་ཀྱང་རྒྱལ་པོའི་བཀའ་བཅག་ཏུ་མི་རུང་ཞེས་བསྒོའོ། །དེ་ནས་གྲོང་ཁྱེར་སྲུང་བའི་ལྷས་ཀྱང་བྲམ་ཟེ་ནང་དུ་བཏང་བ་དང་། བློན་པོ་ཟླ་བ་ཆེན་པོས་འདི་སྙམ་དུ་བསམས་སོ། །བྲམ་ཟེ་འདི་ནི་གདོན་མི་ཟ་པར་རྒྱལ་པོའི་མགོ་སློང་བར་འགྱུར་གྱིས། རིན་པོ་ཆེ་སྣ་བདུན་ལས་སྣ་གཅིག་ཀྱང་། མགོ་ལྔ་བརྒྱ་ལྔ་བརྒྱ་ཞིག་བྱས་ཏེ། མགོ་འདི་དག་གིས་རྒྱལ་པོའི་མགོ་བླུའོ་སྙམ་བསམས་ནས་སྦྱོར་དུ་བཅུག་གོ །དེ་ནས་བྲམ་ཟེ་དེ་རྒྱལ་པོའི་ཕོ་བྲང་དུ་འོངས་ཏེ་སྐད་ཆེན་པོར་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཡུལ་གྱི་མཐའ་འཁོབ་ནས་མཆིས་ཏེ། རྒྱང་མ་ནས་རྒྱལ་པོ་ཆེན་པོ་ནི་ཐམས་ཅད་ཡོངས་སུ་གཏོང་ལ། ཕ་རོལ་པོའི་ཡིད་དང་མི་འགལ་བར་མཛད་དོ་ཞེས་ཡོན་ཏན་ཆེན་པོ་ཐོས་ནས། ལམ་རིང་པོ་ནས་དགོས་པ་འདོད་པའི་སླད་དུ་འདིར་མཆིས་


DKG074_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། ཕྱག་འཚལ་ནས། ངལ་བར་མ་གྱུར་ཏམ་ཞེས་དྲིས་ཏེ། ནོར་ཅི་འདོད་པ་དང་། ཡུལ་ལམ། རྒྱལ་སྲིད་དམ། གྲོང་ཁྱེར་རམ། ཆུང་མའམ། བུ་ཕོའམ། བུ་མོའམ། རིན་པོ་ཆེའམ། ཐེག་པའམ། གླང་པོ་ཆེའམ། རྟའམ། རིན་པོ་ཆེ་སྣ་བདུན་ནམ། ཕོ་བྲང་ངམ། བྲན་ཕོའམ། བྲན་མོའམ། ལས་བྱེད་པའི་མིའམ། ཅི་འདོད་པ་ཐམས་ཅད་སྦྱིན་ནོ་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། ཕྱི་རོལ་གྱི་ལོངས་སྤྱོད་ཀྱི་སྦྱིན་པ་ནི་སྦྱིན་པའི་བསོད་ནམས་མང་དུ་འགྱུར་མོད་ཀྱི་སྦྱིན་པ་ཆེན་པོར་མི་འགྱུར་ཏེ། གལ་ཏེ་ལུས་ཀྱི་ཤ་ཁྲག་སྦྱིན་པ་བསོད་ནམས་ཀྱི་མཆོག་ཡིན་པས། བདག་ནི་རྒྱལ་པོའི་དབུ་འཚལ་བའི་སླད་དུ་ལམ་རིང་པོ་འདིར་མཆིས་ཀྱིས། ཡིད་དང་མི་འགལ་བར་མཛད་ན་སྦྱིན་པར་མཛོད་ཅིག།ཅེས་གསོལ་པ་དང་། རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་དཔེ་མེད་པར་དགའ་བར་གྱུར་ཏོ། །བྲམ་ཟེས་སྨྲས་པ་བདག་ལ་དབུ་སྩལ་ན། ནམ་སྩལ་བར་བཀའ་སྩལ་དུ་གསོལ། རྒྱལ་པོས་སྨྲས་པ། ད་སྟེ་ཞག་བདུན་ན་ཁྱོད་ལ་མགོ་སྦྱིན་ནོ་ཞེས་བསྒོའོ། །དེ་ནས་བློན་པོ་ཟླ་བ་ཆེན་པོས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མགོ་རྣམས་ཁྱེར་ཏེ་འོངས་ནས། བྲམ་ཟེའི་མདུན་དུ་ལྟོ་བ་ས་ལ་ཕབ་སྟེ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་དབུ་ནི་ཤ་དང་། ཁྲག་དང་། རུས་པ་སྟེ། མི་གཙང་བ་ཡིན་ཏེ་ཅི་ཞིག་བྱ། རིན་པོ་ཆེ་སྣ་བདུན་གྱི་མགོ་འདི་དག་གིས་མགོ་འདི་བརྗེའོ། །རིན་པོ་ཆེ་སྣ་བདུན་གྱི་མགོ་འདི་དག་གིས་ཁྱོད་ཚེ་གཅིག་ཏུ་ཕྱུག་པར་འགྱུར་རོ། །བྲམ་ཟེས་སྨྲས་པ། བདག་ལ་འདི་དག་མི་དགོས་ཀྱིས། རྒྱལ་པོའི་དབུ་དགོས་ཀྱིས་བདག་གི་རེ་བ་སྐོངས་ཤིག།ཟླ་བ་ཆེན་པོས་ཐབས་རྣམ་པ་སྣ་ཚོགས་ཀྱིས་གསོལ་བ་བཏབ་ཀྱང་མ་བཏུབ་པས། མྱ་ངན་གྱིས་ནོན་ཏེ་འཁམས་ནས་སྙིང་བདུན་དུ་གས་ཏེ་ཚེ་འཕོས་སོ། །དེའི་ཚེ་ན་རྒྱལ་པོ་དེས་བློན་པོ་ཞིག་གླང་པོ་ཆེ་དཔག་ཚད་བརྒྱ་སྟོང་དུ་འགྲོ་བ་ལ་བསྐྱོན་ནས་རྒྱལ་ཕྲན་ཐམས་ཅད་ལ་སྦྲན་ཏེ། ད་སྟེ་ཞག་བདུན་ན་རྒྱལ་པོ་ཟླ་འོད་བྲམ་ཟེ་ལ་དབུ་སྦྱིན་པ་མཛད་ཀྱིས་མཐོང་བར་འདོད་པ་ཐམས་ཅད་མྱུར་དུ་ཤོག་


DKG074_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག།དེའི་ཚེ་རྒྱལ་ཕྲན་བརྒྱད་ཁྲི་སྙེད་པོ་དེ་ཐམས་ཅད་དེ་མ་ཐག་ཏུ་ལྷགས་ཏེ། རྒྱལ་པོའི་སྤྱན་སྔར་འོངས་ནས། ལྟོ་བ་ས་ལ་ཕབ་སྟེ་འདི་སྐད་ཅེས་གསོལ་ཏོ། །འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱལ་པོའི་བཀའ་དྲིན་གྱིས་ཐམས་ཅད་བདེ་སྐྱིད་དེ། གནོད་པ་མ་མཆིས་ན་མི་གཅིག་གི་སླད་དུ་འགྲོ་བ་ཐམས་ཅད་ཡོངས་སུ་སྤོང་བ་མི་རིགས་ཀྱི། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དབུའི་སྦྱིན་པ་མི་མཛད་པར་གསོལ། བློན་པོ་སྟོང་ཕྲག་བཅུས་ཀྱང་ལུས་ས་ལ་ཕབ་སྟེ། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དབུའི་སྦྱིན་པ་མི་མཛད་པར་གསོལ་ཏོ། །བཙུན་མོ་སྟོང་ཕྲག་ཉི་ཤུས་ཀྱང་ལུས་ས་ལ་ཕབ་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ལ་ཐུགས་བརྩེ་བར་དགོངས་ཏེ། དབུ་སྦྱིན་པར་མི་མཛད་པར་གསོལ་ཞེས་སྨྲས་སོ། །རྒྱལ་བུ་ལྔ་བརྒྱ་པོ་རྣམས་ཀྱང་ངུས་ནས་བདག་ཅག་ལ་མགོན་དང་སྐྱབས་མ་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ། དབུའི་སྦྱིན་པ་མ་མཛད་ཅིག།བདག་ཅག་ཀྱང་མིའི་རྗེས་སུ་བསླབས་པར་དགོངས་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་ཆེན་པོ་དེས་བློན་པོ་ཆེན་པོ་དང་། བཙུན་མོ་དང་། སྲས་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཐོག་མ་མེད་པ་ནས་ལུས་འདི་འཁོར་བ་ན་འཁོར་ཞིང་། ཡུན་རིང་པོར་སེམས་ཅན་དམྱལ་བ་ན་འདུག་པའི་ཚེ་ཉི་མ་གཅིག་ལ་ཡང་ལན་དུ་མ་ཞིག་ཚེ་འཕོས་ནས་ལུས་འདི་ཆུད་ཟོས་ཏེ། ཐལ་ཆུ་དང་། ལྕགས་ཀྱི་ཁྲི་དང་། ཆུ་ཚན་ཁོལ་མ་དང་། ངན་སྐྱུགས་དང་། མེའི་ཤིང་རྟ་དང་། མེ་དོང་ལ་སོགས་པའི་སེམས་ཅན་དམྱལ་བར་ཡུན་རིང་པོར་སྡུག་བསྔལ་མྱོང་སྟེ། བཙོ་བ་དང་བཕྲེགས་པ་ལ་སོགས་པ་ལུས་འདི་གྲངས་མེད་པར་ཆུད་ཟོས་ཀྱང་། བསོད་ནམས་འགའ་ཙམ་ཡང་མེད་དོ། །གལ་ཏེ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ན། གཅིག་ལ་གཅིག་ཟ་ཞིང་འཆའ་བ་དང་། གཞན་གྱིས་བསད་དེ་ཀུན་གྱིས་ཟོས་པ་དང་། ཚེ་འཕོས་ནས་རུལ་ཅིང་མྱགས་པ་ཡང་གྲངས་མེད་དེ། ད་ལྟར་ལུས་འདི་ཆུད་ཟོས་ཀྱང་བསོད་ནམས་སུ་གྱུར་པ་མེད་དོ། །ཡི་དགས་ཀྱི་ཁམས་སུ་སྐྱེས་པ་ན། ལུས་ལ་མེ་འབར་ཏེ། འཁོར་ལོས་མགོ་བཅད་མ་ཐག་ཏུ་ཕྱིར་ཡང་སོས་པ་གྲངས་མེད་པ་ཞིག་མྱོང་སྟེ།


DKG074_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ལུས་ཆུད་ཟོས་ཀྱང་བསོད་ནམས་སུ་གྱུར་པ་མེད་དོ། །གལ་ཏེ་མིར་སྐྱེས་ན་ཡང་ནོར་དང་བུད་མེད་ཀྱི་ཕྱིར་ཁྲོས་རྔམས་པས་མིག་བགྲད་དེ། གཅིག་ལ་གཅིག་འཚེ་ཞིང་གསོད་པ་དང་། གཡུལ་ངོར་ལྷགས་ནས་གཅིག་ལ་གཅིག་གསོད་དེ། དེ་ལྟར་ལུས་ཆུད་ཟོས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ལུས་གྲངས་མེད་པ་ཞིག་བོར་ཡང་བསོད་ནམས་སུ་མ་གྱུར་ཏེ། བདག་གིས་ལུས་འདི་ཡོངས་སུ་གཏང་བར་བྱའོ། །བདག་གི་ལུས་འདི་མི་གཙང་བ་རྣམ་པ་སྣ་ཚོགས་ཀྱི་ཕུང་པོ་སྟེ། རིང་པོར་མི་ཐོགས་པར་འཇིག་ཅིང་བྲལ་བར་འགྱུར་བས་མི་རྟག་ཞིང་བཙོག་པའི་མགོ་འདིས་ཕན་པའི་དོན་འཐུན་པར་གྱུར་ན་ཅིའི་ཕྱིར་སྦྱིན་པར་མི་བྱ། ངའི་མགོ་འདི་བྲམ་ཟེ་དེ་ལ་བྱིན་ཏེ། བསོད་ནམས་དེས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་བོ། །ནམ་མངོན་པར་སངས་རྒྱས་ན། ཡོན་ཏན་ཕུན་སུམ་ཚོགས་པར་འགྱུར་ཏེ། ཐབས་ལ་མཁས་པས་ཁྱེད་ཀྱང་སྡུག་བསྔལ་ལས་བཟླའོ། །ངས་སྦྱིན་པ་བྱས་པ་འདིས་མངོན་པར་འཚང་རྒྱའི། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ལ་ཁྱེད་བར་ཆད་དང་བགེགས་མ་བྱེད་ཅིག།རྒྱལ་ཕྲན་དང་། བློན་པོ་དང་། བཙུན་མོ་དང་། སྲས་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཅང་མི་སྨྲ་བར་འཁོད་དོ། །དེ་ནས་རྒྱལ་པོ་ཆེན་པོ་དེས་བྲམ་ཟེ་ལ་སྨྲས་པ། ད་མགོ་བླངས་པའི་དུས་ལ་བབ་ཀྱིས་ལོངས་ཤིག་ཅེས་སྨྲས་སོ། །བྲམ་ཟེས་གསོལ་པ་ད་ལྟར་རྒྱལ་པོ་དང་། བློན་པོ་ལ་སོགས་པ་འཁོར་མང་པོས་བསྐོར་ཏེ། བདག་གཅིག་པུས་རྒྱལ་པོའི་དབུ་བཅད་པའི་མཐུ་མ་མཆིས་ཀྱི། ཐུགས་མི་ཐུབ་བོ། །བདག་ལ་སྩལ་བར་འཚལ་ན། རྒྱབ་ཀྱི་སྐྱེད་མོས་ཚལ་དུ་གཤེགས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་རྒྱལ་ཕྲན་དང་། རྒྱལ་བུ་རྣམས་ལ་བསྒོ་བ། ཁྱོད་ང་ལ་བསྙེན་བཀུར་བྱེད་ན། བྲམ་ཟེ་འདི་ལ་གནོད་པའི་ཀྱལ་ཀ་མ་བྱེད་ཅིག་ཅེས་བསྒོ་ནས། བྲམ་ཟེ་དང་འགྲོགས་ཏེ། རྒྱལ་པོ་སྐྱེད་མོས་ཚལ་དུ་སོང་ངོ་། །དེ་ནས་རྒྱལ་པོ་དེ་ལ་བྲམ་ཟེས་གསོལ་པ། རྒྱལ་པོ་ནི་སྐུ་གཞོན་ཏེ། རིང་ཡང་གྱད་དང་མཉམ་


DKG074_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། ཚ་བ་མི་བཟོད་དེ། ཕྱིར་ཡང་འགྱོད་ཀྱང་སྲིད་ཀྱི་རྒྱལ་པོའི་དབུ་ཤིང་ལ་བཏགས་ཏེ། གདོད་དགུམ་པར་འཚལ་ལོ། །དེ་ནས་རྒྱལ་པོས་ཤིང་གི་ཡལ་ག་བརྟན་ཞིང་། ལོ་མས་ཀུན་ཏུ་ཁེབས་པ་ཞིག་ལ་མགོ་བཏགས་ནས། པུས་མོ་ས་ལ་བཙུགས་ཏེ། བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ངའི་མགོ་ཆོད་ལ་ཕྱིར་ཡང་ངའི་ལག་ཏུ་བཞག་ནས་ངའི་ལག་ནས་ལོངས་ཤིག།ངས་ཁྱོད་ལ་མགོ་སྦྱིན་པའི་བསོད་ནམས་འདིས་ནི་བདུད་དམ། ཚངས་པ་འདོད་པ་མ་ཡིན་ཏེ། བརྒྱ་བྱིན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ཁམས་གསུམ་གྱི་བདེ་བའི་ལོངས་སྤྱོད་འདོད་པའི་ཕྱིར་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་དོ། །འགྲོ་བ་མང་པོ་སྐྱོབ་ཅིང་མྱ་ངན་ལས་འདས་པའི་བདེ་བ་ལ་བཀོད་པའི་ཕྱིར་རོ། །དེའི་ཚེ་བྲམ་ཟེས་རལ་གྲི་ཕྱར་ཏེ་གདབ་ཅེས་བྱས་པ་དང་། ཤིང་གི་ལྷ་དེ་རབ་ཏུ་མི་དགའ་བར་གྱུར་ནས། ཅིའི་ཕྱིར་མི་འདི་གསོད་པའི་ལས་བྱས་སྙམ་ནས། བྲམ་ཟེ་དེའི་རྣ་དྲུང་དུ་ཐལ་མོ་གཅིག་བསྣུན་པས། རྐང་ལག་མ་ཚུགས་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རྒྱལ་པོ་དེས་ཡར་ཤིང་གི་ལྷ་ལ་བལྟས་ཏེ་སྨྲས་པ། སྔོན་འདས་པའི་དུས་ན་ངས་ཤིང་འདི་ལ་མགོ་དགུ་བརྒྱ་དགུ་བཅུ་རྩ་དགུ་སྙེད་ཀྱིས་སྦྱིན་པ་བྱས་ཏེ། ད་མགོ་འདིས་སྦྱིན་པ་སྟོང་དུ་ཚང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་ཀྱིས། ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་ཆོད་མ་བྱེད་ཅིག།དེའི་ཚེ་ན་ཤིང་གི་ལྷ་དེས་རྒྱལ་པོས་སྨྲས་པ་ཐོས་ནས། བྲམ་ཟེ་དེ་ཕྱིར་སོར་ཆུད་པར་བྱས་ཏེ། བྲམ་ཟེས་ལངས་ནས། རལ་གྲི་ཐོགས་ཏེ། རྒྱལ་པོའི་མགོ་བཅད་དོ། །མགོ་ལག་ཏུ་ལྷུང་ནས། ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་གཡོས། ལྷའི་ཕོ་བྲང་ཡང་འགུལ་ཞིག་ལྟེག་སྟེ། མི་བདེ་བར་གྱུར་ནས། ངོ་མཚར་ཡ་མཚན་དུ་གྱུར་ཏེ། ཀུན་གྱིས་བྱང་ཆུབ་སེམས་དཔས་འགྲོ་བ་ཐམས་ཅད་ཀྱི་ཕྱིར། མགོའི་སྦྱིན་པ་བྱས་པར་མཐོང་ནས་ཐམས་ཅད་འདུས་ཤིང་འཚོགས་ཏེ་ངོ་མཚར་ཏོ། །ཞེས་མཆི་མ་ཆར་བཞིན་དུ་འབབ་སྟེ་ངུས་ནས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཟླ་འོད་ཀྱིས་མགོའི་སྦྱིན་པ་བྱས་པས། སྦྱིན་


DKG074_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་ཀུན་ཏུ་གྲགས་པར་གྱུར་ནས། རྒྱལ་པོ་བྱི་མ་སེ་ནས་ཐོས་ནས་མི་དགའ་སྟེ་འཁམས་ནས་སྙིང་གས་ཏེ་ཚེ་འཕོས་སོ། ། དེའི་ཚེ་ན་བྲམ་ཟེས་རྒྱལ་པོའི་མགོ་ཁྱེར་ཏེ་སོང་བའི་ཚེ་རྒྱལ་ཕྲན་དང་བློན་པོ་དང་བཙུན་མོ་དང་། རྒྱལ་བུ་རྣམས་ཀྱིས་ལུས་ས་ལ་བརྡབས་ཏེ་ཆོ་ངེས་བཏབ་ནས། ལ་ལ་ཁྲག་ཏུ་སྐྱུགས་ནས་ཚེ་འཕོས་སོ། །ཁ་ཅིག་ནི་ཅི་ཡང་མི་དྲན་པར་མྱོས་སོ། །ཁ་ཅིག་ནི་རང་གི་སྐྲ་ཀུན་བལ་ལོ། །ལ་ལ་ནི་རང་གི་གོས་ཀུན་དྲལ་ལོ། །ཁ་ཅིག་ནི་རང་གི་ལག་པ་གཉིས་ཀྱིས་གདོང་ཀུན་བྲད་བྲད་ནས་ཆོ་ངེས་བཏབ་ཅིང་ས་ལ་འགྲེའོ། །དེའི་ཚེ་ན་བྲམ་ཟེ་དེས་རྒྱལ་པོའི་དབུ་མི་སྡུག་ཅིང་མནམ་མོ་ཞེས་མི་འདོད་ནས་ས་ལ་བོར་ཏེ་སོང་བ་དང་། དེ་ལ་བྲམ་ཟེ་ཁ་ཅིག་གིས་ཁྱོད་ཤིན་ཏུ་གདུག་པ་ཅན་ཡིན་པ་ལྟ་ཐོག་མ་ནས་དགོས་པ་མེད་ན། བསླངས་ཏེ་ཅི་བྱ་ཞེས་སྤྱོས་སོ། །བྲམ་ཟེ་དེ་ལམ་དུ་ཞུགས་ནས་ཕྲད་པ་ཐམས་ཅད་ཀྱིས་སྤྱོས་ནས། ཁ་ཟས་མི་སྟེར་བས་ཤིན་ཏུ་ཉམ་ཐག་པར་གྱུར་ལ། ལམ་ནས་བྱི་མ་སེ་ན་ཡང་ཚེ་འཕོས་པར་གཏམ་ཐོས་པས་ཐོག་མར་རེ་བའི་སེམས་ལྟར་མ་གྱུར་ནས་མྱ་ངན་གྱིས་ཡི་མུག་སྟེ་སྙིང་ཚལ་པ་བདུན་དུ་གས་ནས། ཁྲག་སྐྱུགས་ནས་ཚེ་འཕོས་སོ། །རྒྱལ་པོ་བྱི་མ་སེ་ན་དང་། བྲམ་ཟེ་གཉིས་ཚེ་འཕོས་ནས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས་སོ། །རྒྱལ་པོ་ཟླ་འོད་ཀྱི་མྱ་ངན་གྱིས་གདུངས་ཏེ་ཚེ་འཕོས་པ་རྣམས་ནི་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ཟླ་འོད་དེ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་བྱི་མ་སེ་ན་དེ་ནི་བདུད་སྡིག་ཏོ་ཅན་ཡིན་ནོ། །དེའི་དུས་ན་བྲམ་ཟེ་དེ་ནི་ད་ལྟར་ལྷ་སྦྱིན་ཡིན་ནོ། །དེའི་ཚེ་ན་ཤིང་གི་ལྷ་མོ་དེ་ནི་ད་ལྟར་ད་གལ་གྱི་བུ་ཡིན་ནོ། །དེའི་ཚེ་ན་བློན་པོ་ཟླ་བ་ཆེན་པོ་དེ་ནི་ཤཱ་རིའི་བུ་ཡིན་ནོ། །དེའི་ཚེ་ཡང་ང་ཚེ་འཕོས་པར་མཐོང་བར་མི་བཟོད་པས་སྔར་ཚེ་འཕོས་སོ། །དེང་གི་དུས་འདིར་ཡང་ང་མྱ་ངན་ལས་འདའ་བར་མཐོང་བར་མི་བཟོད་ནས། སྔར་མྱ་ངན་ལས་འདས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་གཞན་དག་


DKG074_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་འཐུན་པར་དེ་བཞིན་གཤེགས་པའི་ཡོན་ཏན་ནི་ངོ་མཚར་རྨད་དོ་ཞེས་བསྔགས་ནས། བསྒོམ་པ་ལ་ནན་ཏན་བྱས་པས་ཁ་ཅིག་གིས་ནི་དགེ་སྦྱོང་གི་འབྲས་བུ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་ཟླ་འོད་ཀྱིས་མགོ་སྦྱིན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།

ཉི་ཤུ་གསུམ་པ། བློན་པོ་རི་དྭགས་ཀྱི་བུ་བདུན་གྱི་ལེའུ།


DKG074_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་གསལ་ཐུབ་ལ་བློན་པོ་རི་དགས་ཞེས་བྱ་བ་ཡོད་དེ། །རབ་ཏུ་ཕྱུག་པ་ལོངས་སྤྱོད་ཆེ་བ། དེ་ལ་བུ་ཕོ་བདུན་ཡོད་དོ། །བུ་ཕོ་དྲུག་གི་ནི་ཆུང་མ་ལོན་ཏེ། ནང་གི་བུ་ཐ་ཆུངས་གཅིག་ཆུང་མ་མ་ལོན་ནས་ཕས་འདི་སྙམ་དུ་བསམས་སོ། །བདག་ནི་རྒས་འཁོགས་ཏེ། བུ་གཅིག་གི་ཆུང་མ་མ་ལོན་པ་འདི་ལ་བཟང་མོ་མཆོག་ཞིག་བཙལ་ལོ་སྙམ་བསམས་ནས། དེའི་ཚེ་ན་ཁྱིམ་བདག་དེ་ལ་བྲམ་ཟེ་མཛའ་ཞིང་བཤེས་པ་ཞིག་ཡོད་དེ། དེ་དང་ཕྲད་ནས་གཏམ་དུ་གླེངས་པ། བདག་གི་བུ་ནང་གི་ཐ་ཆུངས་འདི་ད་དུང་ཆུང་མ་མ་ལོན་ཏེ། སུ་ལ་བསླང་ཡང་མི་ཤེས་ན། ཁྱོད་ནི་ཡུལ་ཀུན་ཏུ་ཕྱིན་ན་བུ་མོ་བཟང་ཞིང་མཛེས་པ། བློ་དང་ལྡན་པ། ཚེ་དང་དབང་ཐང་ཡོད་པ་ལྟ་ཅི་མཐོང་། བདག་གི་བུ་འདིའི་ཡིད་དུ་འོང་བ་ཞིག་ཁྱོད་ཀྱིས་བཙལ་དགོས་སོ་ཞེས་སྨྲས་པ་དང་། བྲམ་ཟེ་དེས་ཀྱང་དེ་བཞིན་དུ་བྱའོ་སྨྲས་ནས། ཀུན་ཏུ་རྒྱུ་ཞིང་ཚོལ་བ་ལས། ཡུལ་ཤི་རི་ཏི་ཏ་ཞེས་བྱ་བ་ན་བུ་མོ་ལྔ་བརྒྱ་ཞིག་འགྲོགས་ཏེ། རྩེ་བ་ལས་མེ་ཏོག་བཟང་པོ་བཏུས་ཏེ། སངས་རྒྱས་ལ་མཆོད་པའི་ཕྲེང་བ་བྱེད་པ་མཐོང་ངོ་། །བྲམ་ཟེ་དེས་ཀྱང་བུ་མོ་དེ་དག་གར་སོང་བའི་ཕྱི་བཞིན་དུ་བལྟས་ན་བུ་མོ་དེ་དག་ཆུ་ཆུང་ངུ་ཞིག་འབོག་པ་ལས། གཞན་ཐམས་ཅད་ནི་ལྷམ་ཕུད་ཀྱི་བུ་མོ་གཅིག་ལྷམ་མ་ཕུད་པར་ཆུ་བརྒལ་


DKG074_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ནས་ཡང་སོང་སོང་བ་ལས་ཆུ་ཆེན་པོ་ཞིག་བརྒལ་ནས། བུ་མོ་གཞན་ནི་གོས་ཕུད་ནས་ཆུར་ཞུགས། བུ་མོ་དེ་འབའ་ཞིག་གོས་ཀྱང་མ་ཕུད་པར་ཆུ་བརྒལ་ཏོ། །དེ་ནས་ཚལ་ཞིག་ཏུ་ནང་དུ་ཕྱིན་ནས་བུ་མོ་གཞན་ནི་ཤིང་ཁར་འཛེག་ཅིང་མེ་ཏོག་འཐོགས་ན། བུ་མོ་དེ་འབའ་ཞིག་གིས་ས་ལ་བཏུས་ཀྱང་། གཞན་པས་མང་དུ་རྙེད་དོ། །དེ་ནས་བྲམ་ཟེ་དེ་བུ་མོའི་དྲུང་སོང་སྟེ། ཁྱོད་ལ་ཐེ་ཙོམ་ཞིག་དྲི་ན། ཁྱོད་ཀྱིས་ལན་ལེགས་པར་ཐོབ་ཤིག་ཅེས་སྨྲས་སོ། །བུ་མོས་ཀྱང་ཐེ་ཙོམ་ཡོད་ན་དྲིས་ཤིག་ཅེས་སྨྲས་པ་དང་། བྲམ་ཟེས་དྲིས་པ། བུ་མོ་ཁྱོད་ཆུ་རྒལ་བ་དང་བུ་མོ་གཞན་གྱིས་ལྷམ་ཕུད་ནས་ཆུ་རྒལ། བུ་མོ་ཁྱོད་འབའ་ཞིག་ལྷམ་ཡང་མ་ཕུད་པར་ཆུ་རྒལ་ན་ཁྱོད་ལ་བསམས་པ་གཞན་ཅི་ཡོད། བུ་མོས་སྨྲས་པ། ཁྱོད་ཀྱི་ཐེ་ཙོམ་ནི་ངོ་མཚར་ཆེ་བ་ཡང་མ་ཡིན་ནོ། །བདག་ས་སྐམ་པོ་ལ་འགྲོ་བའི་ཚེ། རྐང་པའི་འོག་ཏུ་ཅི་འགྲོ་མིག་གིས་བལྟར་ཡོད་པས་ཚེར་མའམ། རྡོའམ་གྱོ་མོའམ། མི་བདེ་བའི་བག་སྣང་ན་ཡང་འབྱོལ་ནས་འགྲོ། ཆུའི་གཏིང་ན་ཅི་ཡོད་པ་མིག་གིས་བལྟར་མེད་དེ། གལ་ཏེ་ཚེར་མའམ། སྦྲུལ་ལམ་སྲིན་བུ་གདུག་པ་ཅན་དག་ལ་བརྫིས་ན་རྐང་པ་ལ་གནོད་པར་འགྱུར་གྱི་དོགས་པས་ལྷམ་མ་ཕུད་པ་ཡིན་ནོ། །བྲམ་ཟེས་སྨྲས་པ། འོ་ན་ཅིའི་ཕྱིར་གོས་དང་བཅས་སུ་ཆུ་ལ་འབོག།བུ་མོས་སྨྲས་པ། བུད་མེད་ཀྱི་ལུས་ལ་མཚན་མ་བཟང་པོ་དང་། ངན་པ་ཡོད་པས་གོས་བརྗེས་ཏེ་ཆུར་ཞུགས་ན་གཞན་གྱིས་མཐོང་སྟེ། མཚན་མ་བཟང་ན་ཅི་ཡང་མི་ཟེར་གྱིས། མཚན་ངན་ན་འཕྱ་བར་འགྱུར་བས་བདག་གིས་གོས་མ་བརྫེས་པ་ཡིན་ནོ། །བྲམ་ཟེས་སྨྲས་པ། འོ་ན་ཁྱོད་ཅིའི་ཕྱིར་གཅིག་པུ་ཤིང་ཁར་མི་འཛེག།བུ་མོས་སྨྲས་པ། གལ་ཏེ་ཤིང་ཁར་འཛེགས་ན་ཤིང་གི་ཡལ་ག་ཆག་གམ་ལྷུང་ན་ལུས་ལ་གནོད་པར་འགྱུར་བས། ཤིང་ཁར་མ་འཛེགས་པ་ཡིན་ནོ། །བུ་མོ་འདི་ནི་རྒྱལ་པོ་རབ་གསལ་རྒྱལ་གྱི་གཅུང་སྟོབས་ཀྱི་གྲོགས་པོ་ཞེས་བྱ་བའི་བུ་མོ་ཡིན་ཏེ། རྒྱལ་པོའི་གཅུང་དེ་སྔོན་ཉེས་པ་ཞིག་བྱས་པས་ཡུལ་དེ་ནས་བསྐྲད་དེ་ཡུལ་འདིར་འོངས་ནས། ལྷ་མཚམས་མ་ཆུང་མར་བླང་བ་ལས་བཙས་པའི་བུ་མོ་ཡིན་ནོ། ། བྲམ་ཟེས་སྨྲས་པ། བུ་མོ་ཁྱོད་ནི་ཤིན་ཏུ་ཡང་མཁས་ཤིང་མཛངས་པ་ཞིག་ན། ཁྱོད་ལ་ཕ་མ་ཡོད་དམ། བུ་མོས་སྨྲས་པ་ཡོད་དོ། །འོ་ན་འགྲོགས་ཏེ་ཁྱོད་ཀྱི་ཁྱིམ་དུ་


DKG074_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

འདོང་ངོ་ཞེས་སྨྲས་ནས། དེའི་སྒོར་ཕྱིན་པ་དང་། བུ་མོ་ནང་དུ་སོང་སྟེ། ཕ་མ་ལ་སྨྲས་པ། སྒོ་ན་བྲམ་ཟེ་ཞིག་ཡབ་དང་མཇལ་འཚལ་ལོ་ཞེས་མཆིའོ། །བུ་མོ་དེའི་ཕ་སྒོར་བྱུང་ནས་གཅིག་ལ་གཅིག་བདེའམ་ཞེས་དྲིས་ནས་ད་གཟོད་ཀྱི་བུ་མོ་དེ་ཁྱོད་ཀྱི་བུ་མོ་ཡིན་ནམ་ཞེས་དྲིས་སོ། །སྨྲས་པ་བདག་གི་བུ་མོ་ཡིན་ནོ། །འོ་ན་བདག་པོ་ཡོད་དམ། སྨྲས་པ་བདག་པོ་མེད་དོ། །བྲམ་ཟེས་སྨྲས་པ། མཉན་དུ་ཡོད་པ་ན། བློན་པོ་རི་དགས་ཞེས་བྱ་བ་ཁྱོད་ཀྱིས་ཤེས་སམ། སྨྲས་པ་བདག་དང་བཤེས་སོ། །བྲམ་ཟེ་དེས་སྨྲས་པ། བློན་པོ་དེའི་བུ་ནང་གི་ཆུང་ངུ། བྱད་གཟུགས་ལེགས་ཤིང་ཡིད་གཞུངས་པ་ཞིག་ཡོད་དེ། ཁྱོད་ཀྱི་བུ་མོ་ཆུང་མར་སློང་ངོ་། །དེས་སྨྲས་པ་དེ་ནི་རིགས་ཆེ་ཞིང་མཐོ་བ་ཡིན་ཏེ། གལ་ཏེ་བུ་མོ་འདོད་ན་ལྟ་ཁྱོད་ཀྱི་བསམ་པ་ལྟར་བྱའོ། །ཞེས་སྨྲས་ནས། བྲམ་ཟེ་དེས་ཀྱང་གྲོགས་པོ་ཕྱིར་འགྲོ་བ་ལ་མཉན་དུ་ཡོད་པར་བྲམ་ཟེའི་ཐོག་ཏུ་ཡི་གེ་སྤྲིང་ངོ་། །བྲམ་ཟེའི་ཐོག་ཏུ་ཡི་གེ་འོངས་ནས་བག་མ་བསུ་བའི་རྟ་དང་ཤིང་རྟ་ལ་སོགས་པ་བཤམས་ཏེ། དེ་ནས་ཡུལ་ཤི་རི་ཏི་ཏ་རར་ཆས་སོ། །དེར་ཕྱིན་དུ་ཉེ་བ་དང་། སྔར་མི་གཅིག་སྦྲོན་དུ་བཏང་ནས། དེས་ཀྱང་བུ་མོ་བག་མར་བཏང་བའི་སྟོན་མོ་བཤམས་ཏེ། བུ་མོ་བག་མར་བཏང་ངོ་། །དེ་དག་གིས་བུ་མོ་ཐོབ་ནས། མཉན་ཡོད་དུ་འགྲོ་བ་ན། བུ་མོ་དེའི་མས་མི་མང་པོའི་ནང་དུ་བུ་མོ་ལ་འདི་སྐད་དུ། ཁྱོད་དེང་ཕྱིན་ཅད་རྟག་ཏུ་གོས་བཟང་པོ་གྱོན་ཞིང་ཁ་ཟས་ཞིམ་པོ་ཟོ་ཤིག།ཉིན་གཅིག་བཞིན་དུ་རྒྱུན་མི་ཆད་པར་མེ་ལོང་ལ་ལྟོས་ཤིག་ཅེས་བསྒོ་ནས། བུ་མོས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་པ་དང་། གྱོས་པོ་དེ་ཡི་མ་རངས་ཏེ། འདི་སྙམ་དུ་བསམས་སོ། །མི་གཅིག་སྐྱེས་པ་ལ་སྐྱིད་སྡུག་ཀྱང་མི་རྟག་ལ། གོས་བཟང་པོ་དང་། ཁ་ཟས་ཞིམ་པོ་རྟག་ཏུ་ག་ལ་རྙེད། རྟག་ཏུ་མེ་ལོང་ལ་ལྟོས་ཤིག་པ་ཡང་རིགས་པ་མ་ཡིན་སྙམ་བསམས་ནས། སོ་སོར་འཕྱི་ཕྱག་འཚལ་ནས་གྱེས་སོ། །དེ་དག་ཐམས་ཅད་འགྲོགས་ཏེ་ལམ་དུ་ཞུགས་ནས་ཕྱིར་ཡུལ་དུ་དོང་བ་ལས། བར་ན་ཁང་པ་བཟང་པོ་བསིལ་བ་ཞིག་ཡོད་དེ། དེ་དག་ལས་སྔར་དོང་བ་དག་ཁང་པ་


DKG074_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ན་བསྟི་ཞིང་འཁོད་དོ། །བག་མ་སར་པ་ཡང་ཕྱིས་དེར་འོངས་ནས་གྱོས་པོ་ལ་འདིའི་འོག་ཏུ་བཞུགས་སུ་མི་རུང་གིས། མྱུར་དུ་ཐང་ལ་བཞུད་དོ་ཞེས་གསོལ་ནས། བག་མས་སྨྲས་པ་བཞིན་དུ་ཐང་ལ་བྱུང་ངོ་། །གཡོག་ཁ་ཅིག་འགྲོར་མ་བཏུབ་སྟེ། ཁང་པའི་འོག་ཏུ་འདུག་འདུག་པ་ལས་རིང་པོར་མ་ལོན་པར་བ་ལང་དང་། རྟ་ཅིག་དེར་འོངས་ནས། ཀ་བ་ལ་རྙོགས་པ་དང་། ཁང་པ་རྡིབ་ནས་ཁང་པའི་འོག་ན་འདུག་པ་དག་ཁ་དག་གོ །གྱོས་པོས་སེམས་པ་བདག་སྲོག་དང་བྲལ་བ་ལས་ཐར་བར་བྱས་པ་ནི། མནའ་མ་འདི་ཡིན་ནོ་སྙམ་ནས། མནའ་མ་ལ་ལྷག་པར་བྱམས་པའི་སེམས་སྐྱེས་སོ། །དེ་ནས་ཡང་སོང་སོང་བ་ལས་ཆུ་གཤོང་ཅིག་ཏུ་རྩྭ་དང་ཆུར་ལྡན་པ་ཞིག་ཏུ་འདུག་པ་ལས། མནའ་མ་ཕྱིས་འོངས་ནས། ཆུ་གཤོང་འདིར་བཞུགས་སུ་མི་རུང་གིས་མྱུར་དུ་འཕོས་ཤིག་ཅེས་གསོལ་པ་དང་། ལོགས་ཤིག་ཏུ་འཕོས་མ་ཐག་ཏུ་གྲུ་ཆར་དྲག་པོ་བབ་ནས་སྔར་བཏབ་པའི་ཆུ་གཤོང་དུ་གཤའ་ཆེན་པོ་བྱུང་ངོ་། །གྱོས་པོས་བསམས་པ། བདག་ལན་གཉིས་སུ་སྲོག་དང་བྲལ་བ་ལས་མནའ་མས་ཐར་བར་བྱས་སོ་སྙམ་ནས། ཆས་ཏེ་སོང་བ་ལས་ཡུལ་དུ་ཕྱིན་ཏོ། །དེ་ནས་གཉེན་རྣམས་ལྷགས་ཏེ། དགའ་བའི་གཏམ་བྱས་ནས་སྟོན་མོ་ཆེན་པོ་བྱས་ཏེ། ཉི་མ་གཅིག་གི་བར་དུ་དགའ་བའི་རྩེད་མོ་བྱས་སོ། །འགྲོན་ཀུན་གྱེས་པའི་འོག་ཏུ་མནའ་མ་རྣམས་བཀུག་སྟེ། འདི་སྐད་ཅེས་བསྒོའོ། །ཁོ་བོ་ནི་ན་སོ་རྒས་ཏེ། ལས་རྣམས་ཀྱིས་སྐྱོ་ནས་མནའ་མ་ཁྱེད་རྣམས་ལ་ཁྱིམ་གྱི་ནོར་རྫས་གཏང་དགོས་ན་ཁྱོད་གང་གིས་བང་མཛོད་ཀྱི་ལྟེ་མིག་བཅང་ཞེས་དྲིས་ན། མནའ་མ་ཆེན་མོ་དྲུག་ཆར་གྱིས་མི་ནུས་སོ། །ཞེས་གསོལ་ན། ནང་གི་ཆུང་ངུས་ནི་བདག་གིས་ནུས་སོ་ཞེས་གསོལ་ཏོ། །དེ་ནས་ཁྱིམ་བདག་གིས་ཀྱང་བང་མཛོད་ཀྱི་ལྟེ་མིག་ཐམས་ཅད་གཏད་དེ་མནའ་མས་ཀྱང་དེ་བཞིན་དུ་ཉམས་སུ་བླངས་ནས་ནངས་པར་ནི་སྔར་ལངས་ཤིང་ཁང་པའི་ནང་ཀུན་ཕྱག་དར་བྱས་ནས་ཆག་ཆག་བཏབ་བོ། །དེ་ནས་ཁ་ཟས་ཀྱི་གཡོས་བྱས་ནས་སྔར་གྱོས་སྒྱུག་ལ་སོགས་ཏེ། ཆེ་རིམས་ཀྱིས་ཟན་བྱིན་ནོ། །དེའི་འོག་ཏུ་བྲན་ཁོལ་དང་།


DKG074_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་རྣམས་ལ་ཟན་བྱིན་ནོ། །སོ་སོར་ལས་ལ་བཙུད་ནས། གདོད་བདག་ཟས་བཟའོ། །རྟག་ཏུ་དེ་འདྲ་བར་བྱེད་པས་གྱོས་པོས་ཀྱང་བདག་གི་མནའ་མ་འདི་ནི་གཞན་དང་མི་འདྲ་སྟེ། ཐ་མལ་པ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་བུ་མོ་བདག་གི་མས་བསྒོ་བ་ལྟར་མི་བྱེད་སྙམ་བསམས་ནས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཁྱིམ་ནས་ཆས་པའི་ཚེ་ཁྱོད་ཀྱི་མས་རྟག་ཏུ་གོས་བཟང་པོ་གྱོན་ལ་ཁ་ཟས་ཞིམ་པོ་ཟོ་ཤིག།རྟག་ཏུ་མེ་ལོང་ལ་ལྟོས་ཤིག་ཅེས་བྱུང་བ་འདི་ཅིའི་ཐ་ཚིག་ཅེས་དྲིས་ནས། མནའ་མས་པུས་མོ་གཉིས་ས་ལ་བཙུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་གི་མས་གོས་བཟང་པོ་གྱོན་ཅིག་ཅེས་བསྒོ་བ་ནི། སྟེང་དུ་གྱོན་པའི་བཞག་གོས་ལྟ་བུ་ལ་རྟག་ཏུ་བག་བྱ་ཞིང་མ་རྙིངས་པར་གྱིས་ཤིག།འགྲོན་ནམ། ཕྱི་མི་དག་འོངས་ན་གོས་མ་ངན་ཅིག་ཅེས་མཆིའོ། །རྟག་ཏུ་ཁ་ཟས་ཞིམ་པོ་ཟོ་ཤིག་ཅེས་པ་ནི་ཁ་ཟས་ཞིམ་པོ་དང་བསོད་པ་ལ་བགྱི་བ་མ་ལགས་ཀྱི། སུ་བས་ཀྱང་ཕྱིས་ཟོས་ན་བཀྲེས་པས་ཁ་ཟས་ཀུན་ཞིམ་མོ་ཞེས་མཆིའོ། །རྟག་ཏུ་མེ་ལོང་ལ་ལྟོས་ཤིག་ཟེར་བ་ནི་འཁར་བའམ། ལྕགས་ཀྱི་མེ་ལོང་ལ་ལྟ་བ་མ་ལགས་ཀྱི། སྔར་ལངས་ལ་ཕྱི་ནང་གི་ཕྱག་དར་དང་། ཆག་ཆག་བཏབ་པ་དང་། ཁྲི་སྟན་བཏིང་བ་ལ་སོགས་པ་ལས་སུ་བགྱི་བ་རྣམས་ལེགས་པར་གྱིས་ཤིག་ཅེས་མཆི་སྟེ། བདག་གི་མས་བསྒོ་བ་ནི་འདི་ལྟ་བུ་ལགས་སོ་ཞེས་གསོལ་པ་དང་། མནའ་མ་དེ་ལ་ལྷག་པར་ཡང་བྱམས་ཏེ། ཁྱིམ་གྱི་ལས་ཐམས་ཅད་གཏད་ནས་ཐམས་ཅད་བདེ་ཞིང་སྐྱིད་པར་གྱུར་ཏོ། །དེའི་ཚེ་བྱ་དག་ཅིག་རྒྱ་མཚོའི་གླིང་ན་འབྲས་ཟ་ཟ་བ་ལས་འབྲས་ཀྱི་སྙེ་མ་ཁྱེར་ཏེ་འཕུར་ནས། རྒྱལ་པོའི་ཕོ་བྲང་གི་ཐད་ཀར་ཕྱིན་པ་དང་། འབྲས་ཀྱི་སྙེ་མ་དག་ཅིག་ཤོར་ཏེ། ཕོ་བྲང་གི་ཐད་ཀར་ལྷུང་ངོ་། །འབྲས་ཀྱི་སྙེ་མ་དེ་གཅིག་གིས་རྒྱལ་པོ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་འབྲས་བཟང་པོ་འདི་ལྟ་བུ་དག་ནི་སྨན་དུ་རུང་ངེས་ཀྱིས་ས་བོན་དུ་བྱའོ་སྙམ་ནས། བློན་པོ་ཀུན་ལ་ཤས་ཤས་སུ་བགོས་ཏེ། རྨོས་ཤིག་ཅེས་བསྒོའོ། །དེའི་ཚེ་ཁྱིམ་བདག་དེས་ཀྱང་ཉུང་ངུ་ཞིག་ཐོབ་ནས། ཕྱིར་ཁྱིམ་


DKG074_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོངས་ཏེ་མནའ་མ་ལ་འབྲས་འདི་རྨོས་ཤིག་ཅེས་བསྒོའོ། །མནའ་མ་དེས་ཀྱང་བསྒོ་བ་དེ་བཞིན་དུ་བྲན་ཁོལ་གཞན་བཏང་ནས། ཞིང་གང་གཤིན་པར་རྨོས་ནས། དེ་བཞིན་དུ་ལེགས་པར་སྐྱེས་ཏེ་འབྲས་མང་ཞིག་བྱུང་ངོ་། །གཞན་གྱིས་རྨོས་པ་ལ་ནི་ལས་སུ་ལེགས་པར་མ་བྱས་པས་གཅིག་ཀྱང་མ་སྐྱེས་སོ། །དེའི་ཚེ་ན་རྒྱལ་པོའི་བཙུན་མོ་ནད་ཀྱིས་བཏབ་པ་ལས་སྨན་པས་དཔྱད་བྱས་ནས། ན་བ་འདི་ལས་རྒྱ་མཚོའི་གླིང་གི་འབྲས་བྱིན་ན་འཚོའོ་ཞེས་དཔྱད་བྱས་སོ། །རྒྱལ་པོས་ཀྱང་རྒྱ་མཚོའི་གླིང་གི་འབྲས་ཞིག་སོ་སོ་ནས་རྨེད་དུ་བཅུག་པར་དྲན་ནས། རྒྱ་མཚོའི་གླིང་གི་འབྲས་ཞིག་རྨེད་དུ་བཅུག་པ་ཡོད་དམ་མེད་ཅེས་དྲིས་ན། བློན་པོ་ཁ་ཅིག་གིས་ནི་འབྲས་རྨོས་པ་མ་སྐྱེས་སོ་ཞེས་མཆིའོ། །ཁ་ཅིག་གིས་ནི་འབྲས་ཀུན་བྱི་བས་འཚལ་ཏེ་མ་མཆིས་སོ་ཞེས་མཆིའོ། །དེའི་ཚེ་ན་ཁྱིམ་བདག་དེ་ཡང་ཕྱིར་ཁྱིམ་དུ་སོང་ནས་མནའ་མ་དེ་ལ་སྔོན་འབྲས་ཤིག་རྨོར་བཅུག་པ་སྐྱེས་སམ་མ་སྐྱེས། རྒྱལ་པོའི་བཙུན་མོ་ནད་ཀྱིས་བཏབ་སྟེ་སྨན་དུ་དགོས་སོ། ། མནའ་མས་གསོལ་པ། འབྲས་རྨོས་པ་དེ་རབ་ཏུ་ལེགས་ཏེ། མི་གཅིག་གི་སྨན་དུ་མ་བས་ཀྱིས། ཡུལ་གཅིག་གི་མི་ཡང་སོས་པ་ཙམ་མཆིས་སོ། །ཁྱིམ་བདག་དེས་འབྲས་དེ་ལས་ཤས་ཅིག་རྒྱལ་པོ་ལ་ཕུལ་ནས། རྒྱལ་པོས་ཀྱང་འབྲས་དེས་བཙུན་མོའི་སྨན་དཔྱད་བྱས་ནས། བཙུན་མོ་ཡང་སོས་ཏེ། རྒྱལ་པོ་རབ་ཏུ་དགའ་ནས་བྱ་དགའ་མང་དུ་བྱིན་ནོ། །དེའི་ཚེ་ན་ཤི་རི་ཏི་ཏའི་རྒྱལ་པོ་དང་། ཡུལ་མཉན་དུ་ཡོད་པའི་རྒྱལ་པོ་གཉིས་གཅིག་ལ་གཅིག་མི་དགའ་བས་རྟག་ཏུ་མི་འདུམ་མོ། །དེའི་ཚེ་ན་ཤི་རི་ཏི་ཏའི་རྒྱལ་པོས་མཉན་ཡོད་ཀྱི་རྒྱལ་པོ་དེ་ལ་བློན་པོ་མཛངས་པ་མཁས་ཞིང་བློ་དང་ལྡན་པ་ཡོད་དམ་མེད་པ་བགམ་མོ་སྙམ་ནས། ཕོ་ཉ་ཅིག་ཡུལ་མཉན་ཡོད་དུ་བཏང་ནས། ཕོ་ཉ་དེ་ལ་རྒོད་མ་མ་སྨད་གཉིས་མ་དང་བུ་འདྲ་བར་སྤུ་མདོག་གཅིག་པ། བྱེ་བྲག་མི་ཕྱེད་པ། རྒོད་སྨད་གཉིས་བསྒྲིགས་ཏེ། མ་ནི་གང་ཡིན་བུ་ནི་གང་ཡིན་བྱེ་བྲག་ཕྱེས་ཤིག་ཅེས་སྤྲིང་ངོ་། །རྒྱལ་པོ་དང་བློན་པོ་རྣམས་ཀྱིས་བལྟས་ན་གཅིག་གིས་ཀྱང་བྱེ་བྲག་མ་ཕྱེད་དོ། །དེ་ནས་ཁྱིམ་བདག་དེ་ཁྱིམ་


DKG074_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འོངས་ནས། མནའ་མས་གཏམ་ཅི་གསན་ཞེས་ཞུས་ན། གཏམ་འདི་ལྟ་བུ་དག་གྲག་གོ་ཞེས་མནའ་མ་ལ་རྒྱས་པར་གཏམ་བྱས་སོ། །མནའ་མས་གསོལ་པ། འདི་ནི་ཤིན་ཏུ་རིག་པར་ཡང་སླའོ། །རྒོད་མ་མ་སྨད་གཉིས་ཐོགས་ལ་ལྷན་ཅིག་ཏུ་རྩྭ་བཟང་པོ་ཞིག་བྱིན་ཅིག་དང་། མ་གང་ཡིན་པ་དེ་ནི་རྩྭ་མཆུས་ཕུལ་ཏེ་བུ་ལ་སྟོབས་སོ། །ཁྱིམ་བདག་གིས་མནའ་མས་སྨྲས་པ་བཞིན་དུ་རྒྱལ་པོ་ལ་གསོལ་ནས། རྒྱལ་པོས་ཀྱང་རྩྭ་བྱིན་ཏེ་བལྟས་ན་དེ་བཞིན་དུ་གྱུར་ཏེ། མ་དང་བུ་ཡང་རྟོགས་ནས། ཕོ་ཉ་དེ་ལ་མ་ནི་འདིའོ། །བུ་ནི་འདིའོ་ཞེས་སྨྲས་པས། དེ་བཞིན་དུ་སྨྲས་པ་བཞིན་ཏེ། མ་ནོར་ཏོ་ཞེས་སྨྲས་སོ། །དེ་ནས་ཕོ་ཉ་དེ་རང་ཡུལ་དུ་སོང་ནས། རྒྱལ་པོ་དེ་ལ་དེ་བཞིན་དུ་རྒྱས་པར་གསོལ་ཏོ། །དེ་ནས་ཡང་ཕོ་ཉ་ཅིག་བཏང་སྟེ། སྦྲུལ་སྦོམ་ཕྲ་དང་། རིང་ཐུང་མཉམ་ལ་འདྲ་བ་གཉིས་ཤིག་བསྐུར་ནས། སྦྲུལ་འདི་གཉིས་ལ་ཕོ་ནི་གང་། མོ་ནི་གང་ཡིན་པ་བྱེ་བྲག་ཕྱེས་ཤིག་ཅེས་བསྒོའོ། །རྒྱལ་པོ་རབ་གསལ་རྒྱལ་དང་བློན་པོ་རྣམས་འདུས་ཏེ་དཔྱད་ན་གཅིག་གིས་ཀྱང་མ་རྟོགས་སོ། །དེ་ནས་ཁྱིམ་བདག་དེས་ཁྱིམ་དུ་མནའ་མ་ལ་དྲིས་ནས། མནའ་མས་བསྟན་པ་རས་འཇམ་མོ་ཞིག་ཐིང་ལ་སྦྲུལ་དེའི་སྟེང་དུ་ཞོག་ཅིག་དང་། གང་མོ་ཡིན་པ་དེ་ནི་ཅང་མི་འགུལ་བར་ཉལ་ལོ། །གང་ཕོ་ཡིན་པ་དེ་ནི་མི་བཟོད་དེ་འདུག་ཏུ་མི་བཏུབ་པའི་རིགས་སོ། །ཅིས་མངོན་ཞེ་ན། གང་མོར་གྱུར་པ་དེ་ནི་འཇམ་ཞིང་ཡང་བ་ལ་ཆགས་སོ། །གང་ཕོར་གྱུར་པ་དེ་ནི་རང་བཞིན་གྱིས་ཁྲོས་པས་འཇམ་པོ་ལ་མི་བཟོད་དེ། ཉལ་དུ་མི་བཏུབ་པས་དེས་རྟོགས་པར་འགྱུར་རོ། །ཁྱིམ་བདག་དེས་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏེ། མནའ་མས་སྨྲས་པ་བཞིན་དུ་བྱས་ན། ཕོ་གང་ཡིན་པ་དང་མོ་གང་ཡིན་པ་བྱེ་བྲག་ལེགས་པར་ཕྱེད་དོ། །ཕོ་ཉ་དེ་ལ་འདི་ནི་ཕོ་ཡིན་ནོ། །འདི་ནི་མོ་ཡིན་ནོ་ཞེས་བསྒོ་ནས། དེ་བཞིན་དུ་མ་ནོར་ཏོ་ཞེས་མཆིའོ། །དེ་ནས་རྒྱལ་པོ་དེ་ཤིན་ཏུ་དགའ་ནས། དེ་ལ་ནོར་བུ་རིན་པོ་ཆེ་མང་དུ་བྱ་དགར་བྱིན་ནོ། །དེ་ནས་ཡང་ཤིང་འདོམ་དོ་དོ་བ། སྦོམ་ཕྲ་མཉམ་པ། ཁྱད་པར་མེད་པ།


DKG074_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

འཛེར་པ་དང་། སྟ་རེ་དང་སྟེའུའི་རྗེས་མེད་པ་ཞིག་བསྐུར་ཏེ། ཤིང་འདིའི་མགོ་མཇུག་གང་ཡིན་པ་བྱེ་བྲག་ཕྱེས་ཤིག་ཅེས་བསྒོའོ། །རྒྱལ་པོ་དང་བློན་པོ་རྣམས་འདུས་ཏེ་དཔྱད་ན། གཅིག་གིས་ཀྱང་མ་ཤེས་ཏེ། ཁྱིམ་བདག་དེས་ཡང་མནའ་མ་ལ་དྲིས་པ་འདི་ནི་ཤིན་ཏུ་སླ་སྟེ། ཤིང་འདིའི་མགོ་མཇུག་རྟོགས་པར་འདོད་ན་ཆུའི་ནང་དུ་ཞོག་ཤིག་དང་། རྩ་བ་ནི་ཐུར་དུ་ནུབ་ཀྱི་མགོ་ནི་ཕྱིར་འབྱུང་བའི་རིགས་སོ། །ཁྱིམ་བདག་དེས་ཀྱང་རྒྱལ་པོ་ལ་དེ་བཞིན་དུ་གསོལ་ཏེ། མནའ་མས་སྨྲས་པ་བཞིན་དུ་བྱས་ནས། མགོ་མཇུག་རྟོགས་པར་གྱུར་ཏེ། འདི་ནི་མགོའོ་འདི་ནི་རྩ་བའོ་ཞེས་བསྒོའོ། །ཕོ་ཉས་ཀྱང་དེ་བཞིན་ཏེ་བདེན་ནོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་རབ་ཏུ་དགའ་ནས། དེ་ལ་བྱ་དགའ་མང་དུ་བྱིན་ནོ། །ཕོ་ཉ་དེ་ཕྱིར་ཡུལ་དུ་ཕྱིན་ནས་རྒྱལ་པོ་དེ་ལ་རྒྱས་པར་གསོལ་པ་དང་། རྒྱལ་པོ་དེས་ཕོ་ཉ་ལ་རིན་པོ་ཆེ་མང་དུ་བསྐུར་ཏེ། རྒྱལ་པོ་ཆེན་པོ་དེ་ལ་བློན་པོ་མཛངས་པ། བློ་དང་ལྡན་པ་ཡོད་ཀྱིས། འདི་དག་ཕུལ་ལ་ཕྱིན་ཅད་འདུམ་པར་བྱའོ་ཞེས་སྨྲས་ན། རྒྱལ་པོ་རབ་གསལ་རྒྱལ་གྱིས་དེ་ལྟ་བུར་གྱུར་པ་ལ་རབ་ཏུ་དགའ་སྟེ། ཁྱིམ་བདག་དེ་ལ་ཁྱོད་ཀྱིས་དེ་དག་ཅི་ལྟར་རྟོགས་ཤིང་ཤེས་ཞེས་བཀའ་སྩལ་ཏོ། །ཁྱིམ་བདག་གིས་གསོལ་པ། འདི་ནི་བདག་གིས་རྟོགས་པ་མ་ལགས་ཀྱི། བདག་གི་མནའ་མ་བློ་དང་ལྡན་པ་ཞིག་མཆིས་པ་དེས་རྟོགས་སོ། །རྒྱལ་པོས་དེ་སྐད་ཅེས་གསོལ་པ་གསན་ནས་རབ་ཏུ་དགའ་སྟེ། ཁྱིམ་བདག་གི་མནའ་མ་དེ་ད་ཕྱིན་ཅད་ང་དང་མིང་སྲིང་དུ་བྱའོ་ཞེས་བཀའ་སྩལ་ཏོ། །ཁྱིམ་བདག་གི་མནའ་མ་དེ་ཕྱིས་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་དགུ་ཚང་ནས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་སྟེ། སྒོ་ང་རེ་རེའི་ནང་ནས་བུ་ཁྱེའུ་མངའ་བྱད་ལེགས་པ་བལྟ་ན་སྡུག་པ་རེ་རེ་བྱུང་ངོ་། །བུ་དེ་དག་ཆེར་སྐྱེས་ནས་དཔའ་ཁྱད་ནི་ཟླ་མེད་དེ། གཅིག་གིས་ཀྱང་མི་སྟོང་ཐུབ་པར་གྱུར་ཏོ། །བུ་དེའི་ཕ་མ་ཡང་བུ་དེ་དག་ལ་རབ་ཏུ་སྡུག་པར་སེམས་ཏེ། ཡུལ་མི་ཐམས་ཅད་ཀྱང་དེ་དག་ལ་བག་བྱེད་དོ། །ཕྱིས་ཡུལ་དེ་ན་རིགས་འཐུན་པ་ཆེ་ཞིང་མཐོ་བ་ལས་ཆུང་མ་ཡང་བླངས་སོ། །


DKG074_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་ན་ལྷ་མཚམས་མ་དད་པའི་སེམས་དང་ལྡན་པས་སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཁྱིམ་གང་གི་མི་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ན། ཁྱེའུ་ནང་གི་ཐ་ཆུངས་འབའ་ཞིག་གིས་འབྲས་བུ་མ་ཐོབ་བོ། །ཁྱེའུ་དེ་གླང་པོ་ཆེ་ལ་ཞོན་ནས་གྲོང་ཁྱེར་ཕྱི་རོལ་ཏུ་རྩེར་སོང་བ་ལས། གྲོང་ཁྱེར་དེའི་ཕྱི་རོལ་ཏུ་ཆུ་ཆེན་པོ་ཞིག་འབབ་པ་ལ་ཟམ་པ་ཞིག་ཡོད་དེ། ཁྱེའུ་དེ་ཟམ་པའི་སྟེང་དུ་ཕྱིན་པ་དང་། བློན་པོ་ཆེན་པོའི་བུ་ཞིག་ཀྱང་ཤིང་རྟའི་ནང་ན་འདུག་སྟེ་ཕྱི་རོལ་ནས་ནང་དུ་འོངས་པ་དང་། ཟམ་པའི་སྟེང་དུ་ཕྲད་པ་ལས་གཉི་ག་ཆོ་རིགས་ཀྱིས་བསྙེམས་ནས། གཅིག་གིས་གཅིག་ལ་མ་བྱོལ་ལོ། །ལྷ་མཚམས་མའི་བུ་ཁྲོས་ནས། གླང་པོ་ཆེ་ལ་ཞོན་བཞིན་དུ་བློན་པོ་ཆེན་པོའི་བུ་ཤིང་རྟ་དང་བཅས་པ་ཟམ་པའི་འོག་ཏུ་བོར་རོ། །བློན་པོའི་བུ་དེ་ལུས་དང་རྐང་ལག་སྨས་ནས་ངུས་ཏེ་ཁྱིམ་དུ་འོངས་ནས། ཕ་མ་ལ་འདི་སྐད་དུ་ལྷ་མཚམས་མའི་བུས་བདག་མ་ནོངས་པར་འདི་ལྟར་གནོད་པ་བགྱིས་ནས་ལུས་ཀུན་གནད་དོ། །ཞེས་གསོལ་ཏོ། །བློན་པོ་ཆེན་པོ་དེ་ཤིན་ཏུ་མི་དགའ་བར་གྱུར་ནས། བུ་དེ་དག་ནི་ཤིན་ཏུ་ཡང་སྟོབས་ཆེ་བའི་སྟེང་དུ་རྒྱལ་པོ་དང་མོ་ཉེ་བས་རྩོད་པར་དཀའ་ན། འོན་ཀྱང་དེ་ལ་ནི་རྐུ་ལྟོ་ཞིག་བྱའོ། །སྙམ་ནས་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་འཁར་བ་སུམ་ཅུ་རྩ་གཉིས་ཞིག་བྱས་ཏེ། འཁར་བའི་ནང་དུ་རལ་གྲི་སོ་རྣོན་པོ་རེ་རེ་བཅུག་ནས་ཁྱེའུ་སུམ་ཅུ་རྩ་གཉིས་པོ་དེ་ལ་རེ་རེ་བྱིན་ནས་འདི་སྐད་ཅེས་བསྒོའོ། །ཁྱོད་ནི་གཞོན་དར་ལ་བབ་པས་རྩེ་བའི་དུས་ལ་བབ་སྟེ། ཁྱོད་ཀྱི་ཕྱིར་རྩེ་བའི་རྐྱེན་དུ་འཁར་བ་འདི་དག་བྱས་ཀྱིས། ཁྱོད་རྣམས་ཐོགས་ལ་རྩེས་ཤིག་ཅེས་བསྒོའོ། །ཁྱེའུ་དེ་དག་ཀྱང་ཤིན་ཏུ་དགའ་ནས་འཁར་བ་དེ་དག་བླངས་ནས་རེ་རེ་ཐོགས་སོ། །རྒྱལ་པོའི་ཁྲིམས་ཀྱིས་རྒྱལ་པོ་དང་ཕྲད་པ་ན་མཚོན་ཐོགས་སུ་མི་གནང་ངོ་། །དེ་དག་འཁར་བ་ཐོགས་ཏེ་རྒྱལ་པོའི་ཞབས་འབྲིང་ལ་འཁོད་པ་ལས་བློན་པོ་དེས་རྒྱལ་པོ་ལ་འདི་སྐད་དུ་ཕྲ་མ་གསོལ་ཏོ། །ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་དེ་ནི་གཞོན་ཞིང་


DKG074_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

དར་ལ་བབ་སྟེ། སྟོབས་ཀྱིས་ནི་མི་གཅིག་གིས་ཀྱང་མི་སྟོང་ཐུབ་པ་དེ་དག་ནི་རྒྱལ་པོ་ལ་གནོད་པ་ཞིག་བགྱིད་པར་སེམས་སོ་ཞེས་གསོལ་ཏོ། །འོན་ཀྱང་རྒྱལ་པོ་དེ་དག་ལ་ཐུགས་མ་ཆེས་པ་མེད་པ་ལས། བློན་པོས་ཡང་གསོལ་པ། བདག་གིས་སྔར་གསོལ་བ་འདི་བདེན་ཏེ། རྫུན་མ་ལགས་པར་རྟག་ཏུ་གདའོ། །ཁྱེའུ་འདི་དག་གི་ལག་ན་ཐོགས་པའི་འཁར་བ་འདི་དག་གི་ནང་ན་རལ་གྲི་རེ་རེ་མཆིས་པས་གནོད་པར་བགྱིད་དུ་མངོན་ནོ། །བློན་པོས་གསོལ་པ་བཞིན་དུ་ཁྱེའུ་དེ་དག་གི་འཁར་བ་བལྟས་ན་མཚོན་ཡོད་པར་གྱུར་ནས། གཅིག་ནས་ཀྱང་གཅིག་བོས་ཏེ་གྱད་ཀྱིས་བཟུང་ནས་ཀུན་བསད་དོ། །ཁྱེའུ་དེ་དག་གི་མགོ་བཅད་ནས་ཁྱེའུ་དེ་དག་གི་མགོ་སུམ་ཅུ་རྩ་གཉིས་སྒྲོམ་ཅིག་གི་ནང་དུ་བཅུག་ནས། ཁ་ལེགས་པར་བཅད་དེ། སྲིང་མོའི་སྟེང་དུ་བསྐུར་རོ། །དེའི་ཚེ་ན་ཁྱེའུ་དེ་དག་གི་མས་སངས་རྒྱས་དང་། དགེ་འདུན་སྤྱན་དྲངས་པ་ལས། རྒྱལ་པོས་སྒྲོམ་བུ་བསྐུར་ཏེ་འོངས་ནས། དེའི་ནང་ནས་མཆོད་པ་བྱེད་པའི་མཐུད་མ་ཞིག་ཡོད་ཡང་དག་སྙམ་ནས་སྒྲོམ་ཁ་ཕྱེས་པ་ལས། བཅོམ་ལྡན་འདས་ཀྱིས་རེ་ཞིག་སྒྲོམ་ཁ་མ་འབྱེད་པར་ཞལ་ཟས་གསོལ་ལགས་ནས་ཕྱེས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཞལ་ཟས་གསོལ་ནས། བཅོམ་ལྡན་འདས་ཀྱིས་ཁྱེའུའི་མ་ལ་ཆོས་བསྟན་པ། ལུས་འདི་ནི་མི་རྟག་པ་སྟེ། སྡུག་བསྔལ་བ་སྟོང་པ་བདག་མེད་པ། སྙིང་པོ་མེད་པ། རིང་པོར་མི་ཐོགས་པ། ཀུན་ནས་ཉོན་མོངས་པས་བཅིངས་ཤིང་གླགས་པ། སྡུག་བསྔལ་གྱིས་གཟིར་བ་སྟེ། འདོད་པ་དང་བྱེ་བྲལ་བའི་མྱ་ངན་གྱིས་ལུས་འདི་ཆུད་ཟོས་ཏེ་ཕན་པ་མེད་དེ། གང་མཁས་པ་ཤེས་རབ་ཅན་གྱིས་ནི་དོན་འདི་རྟོགས་པར་འགྱུར་རོ། །ཞེས་བཀའ་སྩལ་ཏོ། །ལྷ་མཚམས་མས་ཀྱང་དོན་རྟོགས་ནས་ལན་ཅིག་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་པར་གྱུར་ཏེ། རབ་ཏུ་དགའ་མགུ་རངས་ནས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་གིས་གསོལ་བ་འདི་བཞི་ཞིག་གནང་བར་མཛད་དུ་གསོལ། བདག་


DKG074_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གིས་གསོལ་བ་བཞི་ལ་གཅིག་ནི་དགེ་སློང་ནད་པ་རྣམས་ལ་ནད་ཀྱི་རྐྱེན་སྨན་དང་། བཟའ་བ་དང་། བཏུང་བ་ཡིད་བཞིན་དུ་སྩལ་བ་དང་། གཉིས་ནི་དགེ་སློང་ནད་པའི་གཡོག་བགྱིད་པའི་བཟའ་བ་དང་། བཏུང་བ་ཡིད་བཞིན་དུ་སྦྱར་བ་དང་། གསུམ་པ་ནི་དགེ་སློང་འགྲོན་པོའི་ཡོ་བྱད་སྦྱོར་བ་དང་། བཞི་ནི་དགེ་སློང་འགྲོན་དུ་འགྲོ་བའི་རྒྱགས་དང་ཡོ་བྱད་སྦྱར་བར་འཚལ་ལོ། །དེ་ཅིའི་སླད་དུ་ཞེ་ན། དགེ་སློང་ནད་པ་དག་ནི་ནད་ཀྱི་རྐྱེན་སྨན་དང་། བཟའ་བ་དང་། བཏུང་བ་དང་། མི་ལྡན་པ་ནད་འཚོ་དཀའ་སྟེ། གལ་ཏེ་ན་ཡང་ཚེའི་བར་ཆད་དུ་ཡང་འགྱུར་རོ། །དགེ་སློང་ནད་གཡོག་ཀྱང་ཁ་ཟས་མེད་པའི་རྐྱེན་གྱིས་བསོད་སྙོམས་བགྱིད་དོ། །བསོད་སྙོམས་ལ་དུས་མ་མཆིས་ཏེ། གལ་ཏེ་འཕྱིས་སམ་འདོད་པ་མ་རྙེད་ན། ནད་པ་ཞེ་སྡང་སྐྱེས་ཏེ། ནད་འཚོ་དཀའ་བས། དེ་ལ་ཡང་ཁ་ཟས་འབུལ་བར་འཚལ་ལོ། །ཤུལ་རིང་པོ་ནས་མཆིས་པའི་དགེ་སློང་ཡུལ་མ་འདྲིས་ཏེ། བཤེས་མ་མཆིས་པས་བསོད་སྙོམས་བགྱིད་དོ། །བསོད་སྙོམས་བགྱིད་པ་ན་ཁྱིའམ་མ་རུངས་པས་གཙེས་ན་ཞེ་སྡང་སྐྱེས་ཏེ། བཟོད་པ་ཉམས་པར་འགྱུར་བས་དེ་ལ་ཡང་ཁ་ཟས་འབུལ་བར་འཚལ་ལོ། །དགེ་སློང་འགྲོན་དུ་མཆི་བ་གྲོགས་དང་ལྡན་པ་ཡང་རྒྱགས་མ་མཆིས་པས་གྲོགས་པོ་དང་བྲལ་ན། ཤུལ་དུ་གཅན་གཟན་མང་པོའམ། མི་རྒོད་མ་རུངས་པ་མཆིས་ཏེ། གཅིག་པུ་སོང་ན་དེ་ཡང་ལུས་ཀྱི་བར་ཆད་དུ་འགྱུར་བས། དེའི་དགོས་པ་ཡང་སྦྱར་བར་འཚལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལྷ་མཚམས་མས་གསོལ་པ་བཞི་གསན་ནས། ཤིན་ཏུ་ལེགས་སོ་ཞེས་བསྔགས་ཏེ། ཁྱོད་ཀྱིས་གསོལ་པ། བཞི་པོ་འདིའི་བསོད་ནམས་རྒྱ་ཆེན་པོ་ནི་སངས་རྒྱས་ལ་མཆོད་པ་བྱས་པ་དང་། ཐ་མི་དད་དོ་ཞེས་བཀའ་སྩལ་ནས། དགེ་འདུན་དང་བཅས་ཏེ། སླར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །བཅོམ་ལྡན་འདས་གཤེགས་པའི་འོག་ཏུ་སྒྲོམ་བུ་ཕྱེས་ཏེ་བལྟས་ན། བུའི་མགོ་སུམ་ཅུ་རྩ་གཉིས་ཡོད་པར་མཐོང་ནས། འདོད་པ་དང་བྲལ་བའི་ཕྱིར་མི་དགའ་བར་ནི་མ་གྱུར་ཏོ། །


DKG074_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་དུ་ཀྱེ་མ་མི་ཅིག་སྐྱེས་པ་ལ་ཚེ་ཟད་པ་ཡང་ཡོད་དེ་དེ་རིང་པོར་མ་ཐོགས་སོ། །ད་ཡང་རྒྱུད་ལྔ་གང་དུ་སྡུག་བསྔལ་མྱོང་བར་གྱུར་ཅེས་སྨྲས་སོ། །ཁྱེའུ་སུམ་ཅུ་རྩ་གཉིས་ཀྱི་མའི་རིགས་སུ་ཉེ་བ་རྣམས་དེ་ལྟ་བུར་གྱུར་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ་ཞེ་སྡང་སྐྱེས་ནས། འདི་སྐད་དུ་རྒྱལ་པོ་ཆེན་པོ་ནི་འདི་ལྟར་མཉེས་པ་ཐམས་ཅད་ཀུན་བསད་ཀྱིས་དམག་པ་སོགས་ལ་དགྲ་བྱ་བར་འདོང་ངོ་ཞེས་སྨྲས་ནས། དམག་གི་དཔུང་བསགས་ཏེ་རྒྱལ་པོའི་ཕོ་བྲང་བསྐོར་ཏོ། །དེའི་ཚེ་ན་རྒྱལ་པོ་དེ་སྐྲག་ནས་སངས་རྒྱས་གང་ན་བ་དེར་བྲོས་སོ། །དེ་དག་གིས་དེ་སྐད་ཐོས་ནས་དམག་གི་དཔུང་གིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡང་བསྐོར་ཏོ། །དེའི་ཚེ་ཀུན་དགའ་བོས་རྒྱལ་པོ་རབ་གསལ་རྒྱལ་གྱིས་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་བསད་དེ། མའི་རིགས་སུ་གཏོགས་པ་རྣམས་ཀྱིས་ཤ་གཉེར་དུ་འོངས་སོ། །ཞེས་ཐོས་ནས་པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་རྒྱུ་ཅིའི་རྐྱེན་གྱིས་མི་སུམ་ཅུ་རྩ་གཉིས་རྒྱལ་པོས་ཅིག་ཆར་དུ་བཀུམ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་དེ་ད་ལྟ་འབའ་ཞིག་ཏུ་རྒྱལ་པོས་ཅིག་ཆར་དུ་བསད་པར་མ་ཟད་དོ། །མི་སུམ་ཅུ་རྩ་གཉིས་པོ་ཅིའི་ཕྱིར་ཅིག་ཆར་ཚེ་འཕོས་པ་ཁྱོད་ལ་རྒྱས་པར་བསྟན་གྱིས་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་ཅེས་བཀའ་སྩལ་ནས། ཀུན་དགའ་བོས་ཀྱང་དེ་བཞིན་དུ་བགྱིའོ་ཐོས་པར་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་མི་སུམ་ཅུ་རྩ་གཉིས་པོ་འདི་གཅིག་ལ་གཅིག་དགའ་ཞིང་བཤེས་པ་དང་། ཡིད་གཅུགས་པར་གྱུར་ནས། དེ་དག་གྲོས་འཐུན་པར་ཕ་རོལ་གཞན་གྱི་བ་ལང་ཅིག་བརྐུས་སོ། །དེའི་ཚེ་ཡུལ་དེ་ན་རྒན་མོ་དབུལ་མོ་བུ་ཙ་ཡང་མེད་པ་ཞིག་ཡོད་དེ། བ་ལང་བརྐུས་པ་རྣམས་རྒན་མོ་དེའི་ཁྱིམ་དུ་ཁྲིད་དེ་འོངས་ནས་བསད་པར་བྱས་པ་དང་། རྒན་མོ་ཡང་དགའ་རངས་ནས་ཤིང་ལ་སོགས་ཏེ། ཤ་འཚོད་པའི་ཡོ་བྱད་སྦྱར་རོ། །མི་དེ་དག་


DKG074_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དེར་བ་ལང་གསོད་པ་ན། བ་ལང་དེ་ཡང་གསོད་པར་ཤེས་ནས་འདུན་པར་བཟུང་སྟེ་ཁྱོད་ཀྱིས་ད་ལྟ་ང་བསད་པས་ན། མ་འོངས་པའི་དུས་སུ་ཡང་ཅི་སྟེ་འབྲས་བུ་ཐོབ་ན་ཡང་མི་བཏང་སྟེ། གསོད་པར་ཤོག་ཤིག་ཅེས་དམ་བཅས་མ་ཐག་ཏུ་བ་ལང་ཡང་མི་རྣམས་ཀྱིས་བསད་ཀྱིས་ཁ་ཅིག་གིས་ནི་བཙོས། ཁ་ཅིག་གིས་ནི་བཕྲེགས་ཏེ་ཟོས་ནས། རྒན་མོ་ཡང་བ་ལང་གི་ཤས་འགྲངས་ནས་རབ་ཏུ་དགའ་སྟེ། སྔོན་ཅད་ཀྱང་དེ་ལྟ་བའི་འགྲོན་ཅིག་འོངས་ནས། དེང་ལས་ཕན་ཐོགས་པ་ནི་མེད་དོ་ཞེས་སྨྲས་སོ། །དེའི་ཚེ་དེའི་དུས་ན་བ་ལང་དེ་ནི་རྒྱལ་པོ་རབ་གསལ་རྒྱལ་ཡིན་ནོ། །དེའི་ཚེ་དེའི་དུས་ན་བ་ལང་བརྐུ་བ་རྣམས་ནི་ལྷ་མཚམས་མའི་བུ་སུམ་ཅུ་རྩ་གཉིས་པོ་འདི་ཡིན་ནོ། །དེའི་ཚེ་ན་རྒན་མོ་ཁྱིམ་བདག་མོ་དེ་ནི་དེ་དག་གི་མ་ཡིན་ཏེ། རྣམ་པར་སྨིན་པའི་འབྲས་བུ་དེས་ཚེ་རབས་ལྔ་བརྒྱའི་བར་དུ་རྟག་ཏུ་བསད་པར་གྱུར་ཏོ། །དེའི་དུས་ན་རྒན་མོ་དེ་རྗེས་སུ་ཡི་རངས་ཞིང་དགའ་བ་ཙམ་གྱིས་རྟག་ཏུ་དེ་དག་གི་མ་བྱས་ནས། དེ་ཙམ་གྱི་མྱ་ངན་གྱིས་རབ་ཏུ་གདུངས་པར་གྱུར་ཏེ། ད་འདི་ནི་ང་དང་ཕྲད་ནས་འབྲས་བུ་ཐོབ་པར་གྱུར་ཏོ། །ཀུན་དགའ་བོས་ཡང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། དེ་དག་གིས་ནི་བསོད་ནམས་ཅི་ཞིག་བགྱིས་ནས། རིགས་ཆེ་ཞིང་མཐོ་བ་དང་། ལོངས་སྤྱོད་དང་ལྡན་པ་དང་དཔའ་ཞིང་ཉམས་རྩལ་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་ན་གཤེགས་པའི་ཚེ། རྒན་མོ་དཀོན་མཆོག་གསུམ་ལ་ཤིན་ཏུ་དད་པ་ཞིག་ཡོད་དེ། སྤོས་མང་དུ་ཉོས་ནས་མར་དང་སྦྱར་ཏེ་རྟག་ཏུ་མཆོད་རྟེན་ལ་སྐུད་དོ། །ལམ་ཁ་ཞིག་ན་མཆོད་རྟེན་སྐུད་པ་ལས། མི་སུམ་ཅུ་རྩ་གཉིས་ཞིག་དེར་ལྷགས་ནས། རྒན་མོ་མཆོད་རྟེན་ལ་སྐུད་པའི་གྲོགས་བྱས་ཏེ། རྒན་མོ་དེས་ཀྱང་མི་སུམ་ཅུ་རྩ་གཉིས་པོ་དེ་ལ་ཁྱོད་ཀྱིས་ཁོ་མོ་མཆོད་རྟེན་སྐུད་པ་ལ་བསྟངས་པའི་བསོད་ནམས་ཀྱིས་གང་དང་གང་དུ་སྐྱེས་ཀྱང་མངའ་བྱད་ལེགས་པ་དང་། མཐུ་རྩལ་དང་ལྡན་པར་གྱུར་ཅིག་ཅེས་སྨྲས་ནས། དེ་དག་ཀྱང་རབ་


DKG074_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་དགའ་བཞིན་དུ་མཆོད་རྟེན་སྐུད་པའི་ལས་བྱས་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་རྒན་མོ་འདིའི་དབང་གིས་བསོད་ནམས་ཀྱི་ལས་རྣམས་སྐྱེས་པར་གྱུར་ཏོ། །གང་དང་གང་དུ་སྐྱེས་ཀྱང་ཆོ་རིགས་མཐོ་ཞིང་བཙན་ཕྱུག་པ་དང་། ལོངས་སྤྱོད་དང་ལྡན་པ་དང་། རྒན་མོ་འདི་ཡང་རྟག་ཏུ་བདག་ཅག་གི་མར་གྱུར་ཏེ། བདག་ཅག་ཀྱང་འདིའི་བུར་གྱུར་པ་དང་། རྟག་ཏུ་སངས་རྒྱས་དང་། ཆོས་ཐོས་པ་དང་མི་བྲལ་ཏེ་འབྲས་བུ་ཡང་མྱུར་དུ་ཐོབ་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །རྒན་མོས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་པས། ཚེ་རབས་ལྔ་བརྒྱའི་བར་དུ་ཆོ་རིགས་མཐོ་ཞིང་བཙན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒན་མོ་དེ་ནི་ད་ལྟར་ཁྱེའུ་དེ་དག་གི་མ་ཡིན་ནོ། །དེའི་ཚེ་དེའི་དུས་ན་མི་སུམ་ཅུ་རྩ་གཉིས་པོ་དེ་ནི་ཁྱེའུ་འདི་རྣམས་ཡིན་ནོ། །དེའི་ཚེ་ན་དམག་གི་དཔུང་རྣམས་ནི་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ཞེ་སྡང་གི་སེམས་ཀུན་ཞི་སྟེ། འདི་སྐད་དུ་རྒྱལ་པོ་ཆེན་པོས་ཀྱང་མ་ཉེས་ཀྱིས། མི་འདི་དག་གི་སྔོན་གྱི་འབྲས་བུ་རྣམ་པར་སྨིན་པ་སྟེ། བ་ལང་ཅིག་བསད་པ་ཙམ་གྱིས་འདི་ལྟ་བུར་གྱུར་ཏོ། །རྒྱལ་པོ་རབ་གསལ་རྒྱལ་འདི་ནི་བདག་ཅག་གི་རྗེ་བོ་ཡིན་ནོ། །ཅིའི་ཕྱིར་འདི་ལ་འཁུ་ཞིང་གནོད་པ་བྱེད་པར་སེམས་ཞེས་སྨྲས་ནས་མཚོན་ཆ་བོར་ཏེ་རྒྱལ་པོ་ལ་བབས་ནས་ཉེས་པ་བཤགས་པས་རྒྱལ་པོས་ཀྱང་གྱོད་མ་རྨས་པར་བཏང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བའི་གླེང་གཞི་འདི་འཁོར་བཞི་པོ་དག་ལ། དམ་པའི་ཆོས་རྒྱས་པར་བསྟན་ཏོ། །དགེ་བའི་ལས་ནི་བརྩོན་འགྲུས་བྱ་བའི་རིགས་པ་དང་མི་དགེ་བའི་ལས་ནི་བྱ་བར་མི་རིགས་པར་ཡང་བསྟན། འཕགས་པའི་བདེན་པ་བཞི་ཡང་རྒྱས་པར་བསྟན་པས་འཁོར་མང་པོ་རྣམས་ཀྱིས་ཐོས་ནས་ཐམས་ཅད་ཀྱིས་འབྲས་བུ་ཐོབ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །བློན་པོ་རི་དགས་ཀྱི་བུ་བདུན་གྱི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།

ཉི་ཤུ་བཞི་པ། ཀ་པྱི་ན་ཆེན་པོའི་ལེའུ།


DKG074_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བདུན་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་


DKG074_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཡུལ་དེའི་རྒྱལ་པོ་གསལ་རྒྱལ་ཞེས་བྱའོ། །དེའི་ལྷོ་ཕྱོགས་ན་ཡུལ་གསེར་གྱི་ས་ལ་ཞེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་ནི་ཀ་པྱི་ན་ཞེས་བྱའོ། །རྒྱལ་པོ་དེའི་སྲས་ནི་ཀ་པྱི་ན་ཆེན་པོ་ཞེས་བྱའོ། །རྒྱལ་པོ་དེའི་ཡབ་ནོངས་ནས་སྲས་རྒྱལ་ཚབ་རྒྱལ་སར་གཤེགས་ཏེ། དེ་ཡང་རང་བཞིན་གྱིས་ཡིད་གཞུངས་ལ་བློ་གསལ་ཏེ། དཔའ་ཞིང་མཐུ་རྩལ་ཆེན་པོ་དང་ལྡན་ནོ། །དེ་ལ་དམག་གི་ཚོགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་དེ། དམག་དེ་དག་གར་བབ་ཀྱང་རླུང་ཆེན་པོ་དང་འདྲ་བར་ཕས་རྒོལ་མི་ཐུབ་པ་མེད་དོ། །ཡུལ་དབུས་ཀྱི་རྒྱལ་པོ་དང་ནི་མ་འདྲུལ་ཏོ། །ཕྱིས་ཚོང་པ་དག་ཅིག་ཡུལ་གསེར་སར་ཕྱིན་ནས་རས་འཇམ་པོ་བཟང་པོ་ཡུག་བཞི་ཞིག་རྒྱལ་པོ་དེ་ལ་ཕུལ་ལོ། །རྒྱལ་པོས་ཀྱང་བཞེས་ནས་ཚོང་པ་དེ་ལ་འདི་ལྟ་བུ་ནོར་བཟང་པོ་གང་ལས་འོངས་ཞེས་དྲིས་པ་དང་། ཚོང་པས་ཀྱང་འདི་ནི་ཡུལ་དབུས་ནས་མཆིས་སོ་ཞེས་གསོལ་ཏོ། །རྒྱལ་པོ་དེས་སྨྲས་པ། ཡུལ་གྱི་དབུས་ཞེས་བྱ་བ་ནི་གང་། ཡུལ་གྱི་དབུས་ཀྱི་མིང་ནི་ཅི་ཞེས་བྱ། ཚོང་པས་གསོལ་པ། ཡུལ་གྱི་དབུས་ཀྱི་མིང་ནི་རྒྱལ་པོའི་ཁབ་ཅེས་ཀྱང་བྱ། མཉན་ཡོད་ཅེས་ཀྱང་བྱ་སྟེ། དེ་ལ་སོགས་པ་ཡུལ་གྱི་མིང་གཞན་ཡང་མང་དུ་མཆིས་སོ། །རྒྱལ་པོས་སྨྲས་པ། རྒྱལ་པོ་དེ་དག་ཅིའི་ཕྱིར་ང་ལ་ཕྱག་འཚལ་ཞིང་དཔྱ་དབུལ་དུ་མི་འོང་། ཚོང་པས་གསོལ་པ། རྒྱལ་པོ་དེ་དག་ཀྱང་སོ་སོའི་རྒྱལ་སྲིད་འཛིན་ཅིང་ཡུལ་གྱི་ཚིས་བགྱིད་པས་འདིར་མི་མཆིའོ། །རྒྱལ་པོ་དེས་བསམས་པ་ངའི་མཐུ་དང་བྱིན་གྱིས་གནམ་མཐའ་འོག་ཐམས་ཅད་ཀྱང་ཐུལ་ན། ཅིའི་ཕྱིར་རྒྱལ་པོ་འདི་དག་ང་ལ་ཕྱག་འཚལ་ཞིང་དཔྱ་དབུལ་དུ་མི་འོང་། ད་ནི་ངའི་མཐུ་དང་བྱིན་གྱིས་དེ་དག་དབབ་བོ་སྙམ་ནས། ཚོང་པ་དེ་ལ་སྨྲས་པ། ཡུལ་གྱི་དབུས་ཀྱི་རྒྱལ་པོའི་ནང་ན་རྒྱལ་པོ་གང་ཆེ། ཚོང་པས་སྨྲས་པ། མཉན་ཡོད་ཀྱི་རྒྱལ་པོ་ནང་ན་ཆེའོ། །དེ་ནས་རྒྱལ་པོ་དེས་མཉན་ཡོད་དུ་ཕོ་ཉ་བཏང་སྟེ། རྒྱལ་པོ་གསལ་


DKG074_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ལ་འདི་སྐད་ཅེས་སྤྲིང་ངོ་། །ངའི་མཐུ་དང་བྱིན་གྱིས་འཛམ་བུའི་གླིང་ན་གཏོགས་པ་ཀུན་ལ་དབང་ན། ཁྱོད་ཅིའི་ཕྱིར་ཕོ་ཉ་ཡང་འདྲུལ་བར་མི་བྱེད། ད་ཡང་ཁྱོད་ཀྱི་སྟེང་དུ་ཕོ་ཉ་བཏང་བ་ཡིན་གྱིས། ཁྱོད་ཉལ་བའི་ཚེ་ངའི་མིང་ཐོས་ན་འདུག་པའི་རིགས་སོ། །འདུག་པའི་ཚེ་ཐོས་ན་ལྡང་བའི་རིགས་སོ། །ཟས་ཟ་བའི་ཚེ་ཐོས་ན་མིད་མི་ཁོམ་པར་ཕྱིར་དོར་བའི་རིགས་སོ། །ཁྲུས་བྱེད་པའི་འཕྲོ་ལ་ཐོས་ན་སྐྲ་ཡང་ཕྱིར་མདུད་པའི་རིགས་སོ། །སྡོད་པའི་ཚེ་ཐོས་ན་རྒྱུགས་པའི་རིགས་ཀྱིས། ད་སྟེ་ཞག་བདུན་ན་འདིར་ང་དང་ཕྲད་དུ་ཤོག་ཤིག།དེ་ལྟར་མ་བྱས་ན། དམག་དྲངས་ནས་ཁྱོད་ཀྱི་ཡུལ་མེད་པར་བྱའོ་ཞེས་སྤྲིང་ངོ་། །རྒྱལ་པོ་གསལ་རྒྱལ་གྱིས་དེ་སྐད་ཅེས་སྤྲིང་བ་ཐོས་ནས། མི་དགའ་ཞིང་དངངས་ཏེ། བཅོམ་ལྡན་འདས་གང་ན་བར་སོང་ནས་དེ་བཞིན་དུ་རྒྱས་པར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོས་ཀྱང་ཕོ་ཉ་དེ་ལ་རྒྱལ་པོའི་ནང་ན་ང་མི་ཆེ་སྟེ། ང་བས་རྒྱལ་པོ་ཆེ་བ་ཡོད་དོ་ཞེས་གྱིས་ཤིག །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་འཇིག་རྟེན་ན་འཕྲུལ་གྱི་རྒྱལ་པོ་ཞིག་འདི་ནས་མི་རིང་བ་ཞིག་ན་བཞུགས་ཀྱིས་ཁྱོད་ཉིད་དེར་སོང་ལ་ཁྱོད་ཀྱི་རྒྱལ་པོས་སྤྲིང་བ་བཞིན་དུ་གྱིས་ཤིག་ཅེས་བསྒོ་ནས། ཕོ་ཉ་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ནས་སོང་ངོ་། །དེའི་ཚེ་ན་བཅོམ་ལྡན་འདས་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྤྲུལ་ཏེ། བློན་པོ་ཆེན་པོར་ད་གལ་སྤྲུལ་ནས་རིན་པོ་ཆེ་སྣ་བདུན་དང་ལྡན་པར་བཞུགས་སོ། །ཀུན་དགའ་ར་བ་ཡང་རིན་པོ་ཆེར་བསྒྱུར་ནས། ར་བའི་ཕྱི་རོལ་ན་རིན་པོ་ཆེའི་འོབས་རིམ་པ་བདུན་པ་དང་། འོབས་ཀྱི་བར་ན་རིན་པོ་ཆེ་སྣ་བདུན་གྱི་ཤིང་དསྲེགས་ཏེ། ཁ་དོག་རྣམ་པ་སྣ་ཚོགས་ཀྱི་པད་མ་གྲངས་མེད་པ་ལྷམ་མེ་ལྷན་ནེ་ལྷང་ངེར་འཚེར་བ་དང་། ར་བའི་ནང་ན་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་ཕོ་བྲང་ན། རྒྱལ་པོ་ཤིན་ཏུ་བྱིན་ཆེ་བར་བཞུགས་པར་སྤྲུལ་ཏོ། །ཕོ་ཉ་དེ་སྤྲུལ་པའི་ཕོ་བྲང་དུ་འོངས་ནས། རྒྱལ་པོ་ཆེན་པོ་མཐོང་བ་ཙམ་གྱིས་འཇིགས་སྐྲག་པར་གྱུར་ཏེ། འདི་སྐད་དུ་བདག་གི་རྒྱལ་པོའི་བྱིན་དང་བསོད་ནམས་ཀྱིས་ནི་


DKG074_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་མི་ཐུབ་ན། འོན་ཀྱང་སྤྲིང་བའི་ཡི་གེ་འབུལ་ལོ་སྙམ་ནས་ཡི་གེ་ཕུལ་ལོ། །འཕྲུལ་གྱི་རྒྱལ་པོས་ཡི་གེ་བླངས་ནས་རྡོག་པའི་ཞབས་སུ་བཅུག་སྟེ། ཕོ་ཉ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་རྒྱལ་པོ་ཆེན་པོ་སྟེ་གླིང་བཞི་ལ་དབང་བ་ཡིན་ན། ཁྱོད་ཀྱི་རྒྱལ་པོ་གླེན་པ་དེའི་ཅིའི་ཕྱིར་བཀའ་ཉན། ཁྱོད་མྱུར་དུ་ཕྱིར་སོང་ལ་ངས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་གྱིས་ཤིག།ཁྱོད་ཀྱི་ཕོ་ཉ་ཕྱིར་འོངས་ནས་ངའི་བཀའ་ཐོས་པ་ཙམ་གྱིས། ཉལ་བ་ལས་ཐོས་ན་ལྡང་བའི་རིགས་སོ། །འདུག་པ་ལས་ཐོས་ན་འགྲེང་བའི་རིགས་སོ། །འགྲོ་བ་ལས་ཐོས་ན་རྒྱུག་པའི་རིགས་ཀྱིས། ད་སྟེ་ཞག་བདུན་ན་འདིར་ཕྱག་འཚལ་དུ་མ་འོངས་ཏེ་བཀའ་བཅག་པར་གྱུར་ན། ཁྲིམས་དང་སྦྱར་རོ་ཞེས་གྱིས་ཤིག།ཕོ་ཉ་དེས་བཀའ་སྩལ་པ་བཞིན་དུ་ཕྱིར་སོང་ནས། བདག་གི་ཡུལ་དུ་ཕྱིན་པ་དང་། གསེར་ས་ལའི་རྒྱལ་པོ་ལ་ཅི་མཐོང་བ་དང་། ཅི་སྤྲིང་བ་རྒྱས་པར་གསོལ་ཏོ། །རྒྱལ་པོས་དེ་སྐད་སྤྲིང་བ་ཐོས་ནས་འགྱོད་པར་གྱུར་ཏེ། ཅི་དབང་བའི་རྒྱལ་ཕྲན་རྣམས་དང་བཅས་ཏེ། རྒྱལ་པོ་ཆེན་པོའི་ཐད་དུ་དོང་ངོ་སྙམ་སྟེ། འོན་ཀྱང་ཐལ་བྱུང་དུ་འགྲོ་བར་མི་རིགས་ཀྱིས། ད་དུང་ཡང་ལན་ཅིག་བགམ་མོ་སྙམ་ནས། སྔར་ཕོ་ཉ་ཞིག་བཏང་ནས། རྒྱལ་པོ་ཆེན་པོ་ལ་བདག་ཕྱག་འཚལ་དུ་མཆི་ན། བདག་དབང་བའི་རྒྱལ་ཕྲན་ཁྲི་ཕྲག་སུམ་ཅུ་རྩ་དྲུག་མཆིས་ན། དེ་དག་རིལ་གྱིས་མཆིའམ། ཕྱེད་ཙམ་མཆི་བ་བཀའ་སྩོལ་ཅིག་ཅེས་མཆིའོ། །རྒྱལ་པོ་ཆེན་པོས་ཕྱིར་དེ་ལ་རྒྱལ་ཕྲན་ཕྱེད་དང་ཆོས་ཏེ་ཤོག་ཤིག་ཅེས་བསྒོ་བ་དང་། གསེར་ས་ལའི་རྒྱལ་པོ་རྒྱལ་ཕྲན་ཁྲི་བརྒྱད་སྟོང་དང་བཅས་ཏེ། མཉན་ཡོད་དུ་རྒྱལ་པོ་སྤྲུལ་པའི་སྤྱན་སྔར་ལྷགས་ནས་ཕྱག་འཚལ་ཏེ། འདི་སྙམ་དུ་བསམས་སོ། །རྒྱལ་པོ་ཆེན་པོ་འདིའི་བྱད་གཟུགས་ནི་བདག་བས་ལྷག་ཀྱང་། མཐུ་སྟོབས་ནི་བདག་ཙམ་མི་ཕོད་དོ་སྙམ་དུ་བསམས་པ་དང་། འཕྲུལ་གྱི་རྒྱལ་པོས་བློན་པོ་རིན་པོ་ཆེ་ལ་ཁྱོད་ཀྱི་གཞུ་གསེར་ས་ལའི་རྒྱལ་པོ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་དེས་ཀྱང་བླངས་ཞེས་བྱས་ན་མ་ཐེག་གོ །དེ་ནས་འཕྲུལ་གྱི་


DKG074_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་བླངས་ཏེ། མཐེའུ་ཆུང་གིས་གཞུ་བདུངས་ཏེ། གསེར་ས་ལའི་རྒྱལ་པོ་ལ་གཞུ་འདི་ཁོང་ཤིག་ཅེས་བཀའ་སྩལ་ན། གསེར་ས་ལའི་རྒྱལ་པོས་བླངས་ན་གཞུ་རྒྱུད་ཀྱང་མ་སྒུལ་ཏོ། །དེ་ནས་འཕྲུལ་གྱི་རྒྱལ་པོས་བླངས་ཏེ་དྲངས་ན། གཞུ་རྒྱུད་སྤྲིངས་པ་ཙམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་འགུལ་ཞིང་གཡོས་སོ། །དེ་ནས་མདའ་བླངས་ཏེ་མདའ་ཅིག་འཕངས་ན། འཕངས་མ་ཐག་ཏུ་མདའ་ལྔར་གྱུར་ཏེ། མདའ་དེ་དག་གི་རྩེ་མོ་ལས་འོད་ཟེར་གྲངས་མེད་པ་བྱུང་ནས། པད་མ་ཤིང་རྟའི་འཕང་ལོ་ཙམ་ཡང་རེ་རེ་ཡོད་པར་གྱུར་ཏེ། པད་མ་རེ་རེ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པ་རེ་རེ་ཡོད་པར་གྱུར་ཏོ། །འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་བྱས་ནས། ལམ་རྒྱུད་ལྔའི་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་མ་གྱུར་པ་མེད་དོ། །ལྷ་རྣམས་ཀྱི་གནས་སུ་འོད་ཟེར་དེ་མཐོང་ཞིང་ཆོས་སྟོན་པའི་གསུང་ཡང་གྲག་པར་གྱུར་ནས། དེ་དག་གི་ལུས་དང་སེམས་ཡོངས་སུ་དག་སྟེ། ཁ་ཅིག་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཁ་ཅིག་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །མིའི་རྒྱུད་དུ་གཏོགས་པའི་སེམས་ཅན་སངས་རྒྱས་ཀྱིས་འོད་ཟེར་མཐོང་ཞིང་ཆོས་བསྟན་པ་ཐོས་པ་རྣམས་རབ་ཏུ་དགའ་མགུ་རངས་ཏེ། ཁ་ཅིག་ནི་རྒྱུན་དུ་ཞུགས་པ་ནས་ལན་ཅིག་ཕྱིར་མི་ལྡོག་པ་དང་། རབ་ཏུ་བྱུང་ཞིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །སེམས་ཅན་གྲངས་མེད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ཡི་དགས་ཀྱི་རྒྱུད་དུ་གཏོགས་པ་དག་ནི་སངས་རྒྱས་ཀྱི་འོད་ཟེར་གྱིས་རེག་ཅིང་ཆོས་ཐོས་པས་ཐམས་ཅད་ཁ་ཟས་ཀྱིས་འགྲངས་ཏེ། ལུས་དང་སེམས་ལ་གདུང་བ་མེད་ཅིང་ཚིམ་པར་གྱུར་ནས། ཐམས་ཅད་སྙིང་རྗེ་བའི་སེམས་དང་ལྡན་པ་སྐྱེས་ཏེ། སངས་རྒྱས་ལ་བསྙེན་


DKG074_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བཀུར་བྱས་ཏེ། ཡི་དགས་ལས་རྣམ་པར་གྲོལ་ནས་ལྷ་དང་མིར་སྐྱེས་སོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་འོད་ཟེར་མཐོང་བས་འདོད་ཆགས་དང་ཞེ་སྡང་གི་སེམས་ཀུན་ཞི་སྟེ། གཏི་མུག་གིས་མདོངས་པ་ཡང་སད་པར་གྱུར་ནས། ཐམས་ཅད་སངས་རྒྱས་ལ་དགའ་ཞིང་དད་པས། དུད་འགྲོ་ལས་རྣམ་པར་གྲོལ་ཏེ། ལྷ་དང་མིར་སྐྱེས་སོ། །སེམས་ཅན་དམྱལ་བའི་སེམས་ཅན་ལ་སངས་རྒྱས་ཀྱི་འོད་ཟེར་གྱིས་རེག་པས་གྲང་བ་ནི་དྲོ་བར་གྱུར། ཚ་བ་ནི་བསིལ་བར་གྱུར། །སྡུག་བསྔལ་གྱིས་གདུངས་པ་ཡང་རྒྱུན་ཆད་པར་གྱུར་ཏེ། ལུས་དང་སེམས་རབ་ཏུ་དགའ་བས། སངས་རྒྱས་ལ་དད་པར་གྱུར་ཏེ། སེམས་ཅན་དམྱལ་བ་ལས་ཐར་ནས་ལྷ་དང་མིར་སྐྱེས་སོ། །དེའི་ཚེ་རྒྱལ་པོ་ཀ་པྱི་ན་ཆེན་པོ་དང་། གསེར་ས་ལའི་རྒྱལ་ཕྲན་རྣམས་ཀྱིས་རྫུ་འཕྲུལ་འདི་ལྟ་བུ་དག་མཐོང་ནས། ཤིན་ཏུ་དད་པའི་སེམས་འབའ་ཞིག་དད་པས་རྡུལ་དང་བྲལ། དྲི་མ་དང་བྲལ་ཏེ། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏེ། རྒྱལ་ཕྲན་ཁྲི་བརྒྱད་སྟོང་གི་སེམས་ཚིམ་པར་གྱུར་ཏོ། །དེ་མ་ཐག་ཏུ་སངས་རྒྱས་ཀྱི་རྫུ་འཕྲུལ་བསྡུས་ཏེ། ཕྱིར་སངས་རྒྱས་ཀྱི་སྐུར་དགེ་སློང་གི་དགེ་འདུན་གྱིས་མདུན་དང་རྒྱབ་ཏུ་བསྐོར་ཏེ། བཞུགས་པར་བསྟན་ཏོ། །དེ་ནས་གསེར་ས་ལའི་རྒྱལ་པོ་དེ་ཡང་བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པས། སྐྲ་དང་། ཁ་སྤུ་རང་བྱི་སྟེ། ངུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ནས། ཆོས་ཡིད་ལ་བྱས་པས་ཟག་པ་ཟད་དེ་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། གསེར་ས་ལའི་རྒྱལ་པོ་འདིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན་འདི་ལྟར་རིགས་ཆེ་ཞིང་མཐོ་ལ། ཡོན་ཏན་འཕགས་པར་ཆེ་ཞིང་། སངས་རྒྱས་བཅོམ་ལྡན་འདས་དང་ཕྲད་པས། དེ་མ་ཐག་ཏུ་ཟག་པ་ཟད་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སེམས་ཅན་འདི་དག་གི་སྤྱོད་པ་བཞིན་དུ་ལས་ཀྱི་འབྲས་བུ་


DKG074_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པར་འགྱུར་རོ། །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་ན་གཤེགས་ཏེ། སངས་རྒྱས་དེ་མྱ་ངན་ལས་འདས་ནས། ཁྱིམ་བདག་ཅིག་གིས་མཆོད་རྟེན་བརྩིགས་ཏེ། དགེ་འདུན་གྱི་གནས་ཁང་བྱས་ནས། འཚོ་བའི་ཡོ་བྱད་རྣམ་པ་བཞི་ཡང་སྦྱར་ཏེ་ཡུན་རིང་ཞིག་ལོན་པ་དང་། མཆོད་རྟེན་དེ་ཡང་ཞིག།འཚོ་བའི་ཡོ་བྱད་ཁྲི་སྟན་དང་། གོས་དང་། ཟས་ཀྱང་རྒྱུན་ཆད་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་དེ་ལ་བུ་དགེ་སློང་ཞིག་ཡོད་པ་དེས་མི་མང་པོ་ལ་ཆོས་བཤད་དེ་ཕྱིར་ཡང་མཆོད་རྟེན་གསོས་ནས། གོས་དང་། མལ་ཆ་དང་། བཟའ་བ་དང་། བཏུང་བ་དང་། ཁྲི་སྟན་ལ་སོགས་པའི་ཡོ་བྱད་སྦྱར་ཏེ། མི་དེ་དག་དང་སེམས་ཡིད་འཐུན་པར་འཚོ་བའི་ཡོ་བྱད་སྦྱར་ཏེ། འདི་སྐད་དུ་སྨོན་ལམ་བཏབ་བོ། །བདག་ཅག་མ་འོངས་པའི་དུས་སུ་བཙན་ཞིང་ཕྱུག་པ་དང་། ཚེ་རིང་བ་དང་། སངས་རྒྱས་འཇིག་རྟེན་དུ་གཤེགས་པ་དང་ཕྲད་དེ། ཆོས་ཐོས་ནས་འབྲས་བུ་ཡང་ཐ་མལ་པར་མ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། ཁྱིམ་བདག་གི་བུ་དགེ་སློང་དེ་ནི། ཡུལ་གསེར་ས་ལའི་རྒྱལ་པོ་ཀ་པྱི་ན་ཆེན་པོ་ཡིན་ནོ། །དེས་ཆོས་བསྟན་ཏེ། མཆོད་རྟེན་གསོས་པ་དང་། འཚོ་བའི་ཡོ་བྱད་བསྟབས་པ་ནི་རྒྱལ་ཕྲན་ཁྲི་བརྒྱད་སྟོང་སྙེད་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་མང་པོ་རྣམས་ཕྱིར་མི་ལྡོག་པའི་སེམས་བསྐྱེད་དེ། ཡི་རངས་ནས་མངོན་པར་དགའོ། །ཀ་པྱི་ན་ཆེན་པོའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།

ཉི་ཤུ་ལྔ་པ། དགེ་སློང་མ་ཨུད་པ་ལའི་ལེའུ།


DKG074_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །རྒྱལ་པོ་གསལ་རྒྱལ་ནི་ནོངས། རྒྱལ་ཚབ་་རྱ་རྒྱལ་སར་གཤེགས་ཏེ། །རྒྱལ་པོའི་ནང་ན་ཆོས་བཞིན་དུ་རྒྱལ་པོ་བྱེད་པ་མ་ཡིན་པས། གླང་པོ་ཆེའི་རྨིག་པས་མི་བརྫིས་ཏེ། བསད་པ་ཡང་གྲངས་མེད་དོ། །དེའི་ཚེ་ན་རིགས་ཆེ་ཞིང་བཙུན་པའི་བུད་མེད་དག་ཅིག་གིས་དེ་ལྟ་བུ་དག་མཐོང་ནས། ཁྱིམ་ལ་མི་དགའ་བར་གྱུར་ཏེ། ཐམས་ཅད་


DKG074_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་ནས་དགེ་སློང་མར་གྱུར་ཏོ། །རབ་ཏུ་བྱུང་བ་དེ་དག་ལ་ལ་ནི་ཤཱཀྱའི་རིགས། ལ་ལ་ནི་རྒྱལ་རིགས་ཡིན་ཏེ། དཔེ་མེད་པར་མངའ་བྱད་ལེགས་པར་བལྟ་ན་སྡུག་པ། རིགས་ཆེ་བ་ལྔ་བརྒྱ་སྙེད་བདོག་པ་ཡོངས་སུ་སྤངས་ཏེ། རབ་ཏུ་བྱུང་བས་ཡུལ་མི་ཐམས་ཅད་ཀྱང་། དེ་ལ་དགའ་སྟེ་འཚོ་བ་སྦྱོར་རོ། །དགེ་སློང་མ་དེ་དག་གཅིག་ལ་གཅིག་འདི་སྐད་དུ་བདག་ཅག་ནི་རབ་ཏུ་བྱུང་ཡང་ཆོས་ཀྱི་བདུད་རྩིའི་རོ་མ་མྱོང་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཞི་བར་མ་བྱས་ན་མི་རུང་གིས། དྲུག་སྡེ་མ་བསྙེན་དགའ་མོའི་ཐད་དུ་ཆོས་ཉན་དུ་འདོང་ངོ་ཞེས་སྨྲས་ནས། དེ་དག་གང་ན་བར་སོང་སྟེ་ཕྱིན་པ་དང་། ཕྱག་འཚལ་ནས་འདི་སྐད་དུ་བདག་ཅག་ནི་རབ་ཏུ་བྱུང་ན་ཡང་། ཆོས་ཀྱི་བདུད་རྩིའི་རོ་མ་མྱོང་ན། བདག་ཅག་ལ་བསྟན་དུ་གསོལ་ཞེས་སྨྲས་པ་དང་། དྲུག་སྡེ་མོས་བསམས་པ་བདག་གིས་འདི་དག་ཆོས་དང་ཚུལ་ཁྲིམས་ལས་ཕྱིར་ཟློག་སྟེ། འདི་དག་གི་ཆོས་གོས་དང་། ལྷུང་བཟེད་ཐོབ་པར་གྱུར་ན། རེ་ལེགས་སྙམ་ནས། འདི་སྐད་ཅེས་སྨྲས་སོ། །ཁྱེད་རྣམས་ནི་རིགས་ཆེ་ཞིང་མཐོ་བ་སྟེ། རིན་པོ་ཆེ་སྣ་བདུན་དང་། གླང་པོ་ཆེ་དང་། རྟ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་དང་། ཞིང་དང་། འཚོ་བའི་ཡོ་བྱད་ཅིས་མི་དྲེལ་ན་ཅིའི་ཕྱིར་དེ་དག་ཡོངས་སུ་སྤངས་ཏེ། དགེ་སློང་མར་ཞུགས་ནས་འདི་ལྟར་ཉོན་མོངས་ཤིང་སྡུག་བསྔལ་དང་བསྡོས་ཏེ། སངས་རྒྱས་ཀྱི་བསླབ་པ་ལ་འཇུག་པར་བྱེད། ཉེས་ན་ཕྱིར་སོང་སྟེ་ཁྱིམ་ཐབ་དང་། བུ་དང་བུ་མོར་ལྡན་པས་ལྷན་ཅིག་ཏུ་ཡིད་བཞིན་དུ་དགའ་སྟེ། རྩེ་ཞིང་ཚེ་འདི་ལ་ཡང་དགའ་སྐྱིད་པ་མྱོང་བར་བྱས་ལ། སྦྱིན་པ་དང་ཡིད་བཞིན་དུ་བྱས་ན་ལེགས་སོ། །ཞེས་བསྒོའོ། །དགེ་སློང་མ་དེ་རྣམས་དེ་སྐད་ཅེས་བསྒོ་བ་ཐོས་ནས་མི་དགའ་སྟེ་དུས་ནས་ཕྱིར་དོང་ངོ་། ། དེ་ནས་དགེ་སློང་མ་དེ་དག་དགེ་སློང་མ་ཨུད་པ་ལའི་མདོག་གང་ན་བར་སོང་ནས་དེར་ཕྱིན་པ་དང་། ཨུད་པ་ལའི་མདོག་ལ་ཕྱག་འཚལ་ཏེ། ཆོས་བཞིན་དུ་སྙུན་གསོལ་ནས་འདི་སྐད་ཅེས་སོ། །བདག་ཅག་ཁྱིམ་ན་མཆིས་པ་ན་ཁྱིམ་གྱི་ལས་ཀྱིས་


DKG074_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས། ད་རབ་ཏུ་བྱུང་ཡང་འདོད་པའི་དབང་དུ་གྱུར་ནས། ཉོན་མོངས་པ་ལས་ཐར་བར་མི་ནུས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་བསྟན་དུ་གསོལ། ཨུད་པ་ལས་སྨྲས་པ། ཁྱོད་ཅི་དང་ཅི་འདོད་པ་འདས་པའམ། མ་འོངས་པའམ། ད་ལྟར་གྱི་དངོས་པོ་གང་ཡང་རུང་བ་དྲིས་ཤིག་དང་ངས་བསྟན་པར་བྱའོ། །དགེ་སློང་མ་རྣམས་ཀྱིས་གསོལ་པ། འདས་པ་དང་། མ་འོངས་པ་རེ་ཞིག་ཞོག་ལ་ད་ལྟར་གྱི་བསྟན་ཏེ། བདག་ཅག་གི་ཐེ་ཙོམ་དགྲོལ་དུ་གསོལ། །ཨུད་པ་ལས་སྨྲས་པ། འདོད་ཆགས་ནི་མེ་དང་འདྲ་སྟེ། རི་ལུང་ཚིག་པར་བྱེད་དོ། །རྩྭ་ཁྲི་དང་འདྲ་སྟེ་མཆེད་པར་འགྱུར་རོ། །འདོད་ཆགས་ཀྱི་དབང་གིས་གཅིག་ལ་གཅིག་འཚེ་ཞིང་གནོད་པར་བྱེད་དོ། །དེ་ལ་ཡུན་རིང་ནས་ངན་སོང་གསུམ་དུ་ལྷུང་སྟེ་ཐར་བའི་དུས་མེད་དོ། །ཁྱིམ་ན་གནས་པ་ནི་སྡུག་པ་ལ་ཆགས་ཏེ། འདོད་པ་དང་བྱེ་བྲལ་པ་དང་། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒྱལ་པོའི་ཁྲིམས་ཀྱིས་གཙེ་བའི་སྡུག་བསྔལ་རྒྱུན་མི་ཆད་པར་མྱོང་སྟེ། ཚེ་འཕོས་ནས་ཕྱིར་ཡང་སོས་པ་ཙམ་དུ་ལུས་དང་སེམས་གདུངས་ཏེ། ཁྱིམ་གྱིས་གླགས་ཤིང་། བཅིངས་པ་ནི་བཙོན་ར་བས་ཀྱང་དམ་མོ། །བདག་ཀྱང་ཀུན་ཏུ་རྒྱུ་བའི་རིགས་སུ་སྐྱེས་ཏེ། ཁོ་མོའི་ཕ་མ་ཡང་རིགས་ཆེ་ཞིང་བཙུན་པས་ཁོ་མོ་ཡང་ཀུན་ཏུ་རྒྱུ་བའི་རིགས་ཆེ་བ་མང་དུ་ཐོས་པ། མཁས་པའི་རིག་བྱེད་དང་ལྡན་པ་ཞིག་ལ་བག་མར་བཏང་ནས། དེའི་ཆུང་མ་བྱེད་དེ། དེའི་བུ་ཡང་ཡོད་པར་གྱུར་ཏོ། །ཕྱིས་གྱོས་སྒྱུག་ཚེ་འཕོས་པའི་འོག་ཏུ་ཁོ་མོ་ལ་སེམས་ཅན་ཡོད་པར་གྱུར་ནས། ཁྱིམ་ཐབ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་མོ་ལ་སེམས་ཅན་ཡོད་དེ། ཟླ་བ་ཡང་ཚང་དུ་ཉེ་བས་གལ་ཏེ་འདིར་བུ་བཙས་ན་བཙོག་ཅིང་མི་སྡུག་གིས། ཁོ་མོའི་ཕ་མའི་ཁྱིམ་དུ་བཙར་འགྲོའོ་ཞེས་བྱས་ན། ཁོ་མོ་ལ་ལེགས་སོ་ཞེས་ཟེར་ཏེ། ཁྱོ་ཤུག་གཉིས་འགྲོགས་ནས་བུ་ཞིག་ཀྱང་ཁྲིད་དེ་ཕ་མ་འདོད་པར་སོང་བ་ལས། ལམ་ཕྱེད་ཙམ་དུ་ཕྱིན་པ་དང་མངལ་མི་བདེ་བར་གྱུར་ནས་ཤིང་ཅིག་གི་དྲུང་དུ་ནམ་ཕྱེད་ཙམ་ན་བུ་བཙས་སོ། །ཁོ་མོའི་ཁྱིམ་ཐབ་ཀྱང་། ལོགས་ཤིག་ཏུ་ཉལ་བ་


DKG074_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཚན་མོ་སྦྲུལ་གྱིས་ཟིན་ཏོ། །མཚན་མོ་བོས་ན་ཅང་མི་གྲག་ནས། ནམ་ནངས་ནས་བལྟས་ན་ཁྱིམ་ཐབ་ཀྱང་སྦྲུལ་གདུག་པས་ཟིན་པས་ཚེ་འཕོས་ནས། ལུས་ཀྱང་ཞིག་པར་གྱུར་ཏོ། །དེའི་ཚེ་ན་ཁོ་མོ་འཁམས་ཏེ་ས་ལ་འགྱེལ་བ་དང་། བུ་ཆེ་བ་ཡང་ཕ་སྦྲུལ་གྱིས་བསད་པ་མཐོང་ནས། སྐད་ཕྱུང་སྟེ་ངུས་པས་བུ་ངུས་པའི་སྐད་ཀྱིས་ཁོ་མོ་ཡང་ཕྱིར་སངས་ནས། བུ་ཆེ་བ་ནི་ཁུར་དུ་ཐོགས། བུ་ཆུང་བ་ནི་པང་པར་ཁྱེར་ཏེ་ངུ་ཞིང་སོང་བ་ལས་ལམ་ཡང་དབེན་པ་ཞིག་སྟེ། མི་འགའ་ཡང་མ་འདྲུལ་བས་གྲོགས་ཀྱང་མ་རྙེད་དོ། །བར་ན་ཆུ་ཆེན་པོ་ཞིག་ཡོད་དེ། ཆུ་དེ་ཁ་ཚོན་ཡང་ཆེ་ལ་ཟབ་པས་བུ་གཉི་ག་མ་ཐེག་ནས། བུ་ཆེ་བ་ནི། ཆུའི་ཚུ་རོལ་དུ་བཞག།བུ་ཆུང་ངུ་ཁྱེར་ཏེ་ཕ་རོལ་ཏུ་བསྐྱལ་ནས། ཕྱིར་བུ་ཆེ་བ་བསུར་འོང་བ་དང་། བུ་ཡང་མ་འོངས་པ་མཐོང་ནས། ཆུའི་ནང་དུ་ཞུགས་ཏེ་ཆུས་ཁྱེར་བ་ལས། ཁོ་མོས་བསྙགས་པ་ལས་སྟོབས་ཆུང་བས་མ་ཟིན་ཏེ་ཆུས་ཁྱེར་རོ། །དེ་ནས་ཕྱིར་ཕ་རོལ་ན་ཕྱིན་ཙམ་ན་བུ་ཆུང་བ་ཡང་སྤྱང་ཀིས་ཟོས་ཏེ། ཁྲག་ཅུང་ཟད་ཙམ་ས་ལ་སྣང་ངོ་། །དེར་ཡང་འཁམས་ནས། རིང་ཤིག་ལོན་ཏེ་ཕྱིར་སངས་པ་དང་། ལམ་དུ་ཞུགས་ཏེ་སོང་སོང་བ་ལས་ཀུན་ཏུ་རྒྱུ་ཁོ་མོའི་ཕ་མ་དང་ཉེ་ཞིང་། བཤེས་པ་ཞིག་དང་ཕྲད་དོ། །ཀུན་ཏུ་རྒྱུ་དེས་ཁྱོད་ཅི་ཉེས་ན་འདི་ལྟར་ཉོན་མོངས་པར་གྱུར་ཅེས་དྲིས་ན། ཁོ་མོས་ཀྱང་ཅི་ལྟར་གྱུར་པའི་གཏམ་རྒྱས་པར་བྱས་པ་དང་། ཀུན་ཏུ་རྒྱུ་དེ་ཡང་ངུས་ནས་ཁོ་མོའི་ཕ་མའི་གཏམ་དྲིས་ན། ཁྱོད་ཀྱི་ཕ་མའི་ཁྱིམ་དུ་དེ་བར་མེ་ཤོར་ནས་ཕ་མ་དང་། ཁྱིམ་གང་གི་མི་ཐམས་ཅད་མེས་ཚིག་གོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་ཐོས་ནས། ཁོ་མོ་འཁམས་ཏེ་ས་ལ་འགྱེལ་ཏོ། །དེ་ནས་ཀུན་ཏུ་རྒྱུ་དེས་བསླང་སྟེ། ཁྱིམ་དུ་ཁྲིད་དེ་ཁོ་མོ་ལ་བུ་བཞིན་དུ་བྱམས་ཤིང་གདུངས་པ་ལས། ཡང་ཀུན་ཏུ་རྒྱུ་ཅིག་གིས་ཆུང་མར་བླངས་ཏེ། དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་བུ་བྱུང་དུ་ཉེ་བ་ན་ཁྱིམ་ཐབ་གཞན་གྱིས་ཁྱིམ་དུ་ཆང་ལ་བོས་ན་དེའི་འོག་ཏུ་བུ་བཙས་ཏེ། སྒོ་དམ་དུ་བཅད་ནས་བུ་བཙིར་བ་ལས། ཁྱིམ་ཐབ་ཆང་གིས་མྱོས་


DKG074_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྒོ་བརྡུངས་པ་དང་། སྒོ་འབྱེད་པ་མེད་པས། ཁྲོས་ཏེ་སྒོ་བཅག་ནས། ནང་དུ་འོངས་པ་དང་། ཁོ་མོ་ཡང་བརྡེགས་སོ། །བདག་གིས་བུ་བཙས་སོ་ཞེས་བྱས་ན་བུ་ཡང་བསད་དེ་མར་གྱི་ནང་དུ་བརྔོས་ནས་ཁོ་མོ་ལ་ཟར་བཅུག་གོ །བུའི་ཤ་ཟ་མ་ཕོད་ནས་མ་ཟོས་པས་ཡང་བརྡེགས་ཏེ། ནན་གྱིས་ཟར་བཅུག་གོ །ཟོས་པའི་འོག་ཏུ་ཁྱིམ་ཐབ་ཀྱང་སད་ནས་བདག་གིས་བསམས་པ། བདག་བསོད་ནམས་མེད་ཅིང་ལས་ངན་ནོ་སྙམ་བསམས་ནས། ཁྱིམ་ཐབ་བོར་ཏེ། ཡུལ་་་ཌ་ར་བྲོས་སོ། །ཡུལ་་་ཌ་འི་ཕྱི་རོལ་ན་ཤིང་ཅིག་གི་དྲུང་ན་འདུག་པ་ལས། གྲོང་དེའི་ཁྱིམ་བདག་གཞོན་ནུ་ཞིག་གསར་དུ་ཆུང་མ་ཚེ་འཕོས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཆུང་མའི་རུས་བུ་སྦས་ནས། ཁྱིམ་བདག་དེ་ཆུང་མ་དེ་ལ་ཆགས་པས་རུས་བུའི་དྲུང་ན་ངུ་ཞིག་འདུག་པ་ལས། བདག་གི་དྲུང་དུ་འོངས་ཏེ་ཁོ་མོ་ལ་ཁྱོད་གཅིག་པུ་འདི་ན་ཅི་བྱེད་ཅེས་དྲིས་སོ། ། ཁོ་མོས་ཀྱང་དེ་བཞིན་དུ་གཏམ་བྱས་པ་ལས་ཁྱིམ་བདག་དེས་སྐྱེད་མོས་ཚལ་དུ་ཁྲིད་དེ་ཆུང་མ་བྱའོ་ཞེས་སྨྲས་ནས། ཁོ་མོས་དེ་བཞིན་དུ་རུང་ངོ་ཞེས་སྨྲས་སོ། །ཁྱོ་ཤུག་འདུས་ནས་རིང་པོར་མ་ལོན་པར་ཁྱིམ་ཐབ་ནད་ཀྱིས་བཏབ་ནས་ཚེ་འཕོས་སོ། །དེའི་ཚེ་ན་ཡུལ་ཆོས་ཀྱིས་གསོན་པའི་ཚེ་ཁྱོ་ཤུག་མཛའ་བ་རྣམས། ཁྱོའི་ཚེ་འཕོས་ན་ཆུང་མ་ཡང་གསོན་པོར་ཁྱོ་དང་ལྷན་ཅིག་ཏུ་དུར་དུ་འཛུད་དོ། །ཁོ་མོ་ཡང་དེར་དུར་དུ་བཅུག་ནས་ནུབ་མོ་དུར་རྐུན་འོངས་ཏེ་དུར་བྲུས་པ་དང་། དུར་རྐུན་གྱི་དཔོན་པོས་ཁོ་མོ་བཟང་བར་མཐོང་བས་དེས་ཀྱང་ཆུང་མར་བྱས་སོ། །རིང་པོ་མ་ལོན་པར་དུར་རྐུན་སོང་སོང་བ་ལས་རྒྱལ་པོས་བསད་ནས། རྐུན་ཟླ་རྣམས་ཀྱིས་རུས་བུ་བསྐུར་ཏེ། ཁོ་མོ་དང་ལྷན་ཅིག་ཏུ་ཡང་དུར་དུ་བཅུག་གོ །དུར་ན་ཞག་གསུམ་འདུག་པ་ལས་སྤྱང་ཀིས་དུར་བྲུས་ནས། ཁོ་མོ་ཡང་དུར་ནས་ཕྱུང་སྟེ། འདི་སྙམ་དུ་བསམས་སོ། །ཁོ་མོས་སྔོན་སྡིག་པ་ཅི་ཞིག་བྱས་ནས་འདི་འདྲ་བར་ལན་དུ་མ་ཤི་བ་ལས་ཕྱིར་སོས་པར་གྱུར། སྔོན་ན་ཐོས་ན་ཤཱཀྱའི་རིགས་ཀྱི་སྲས་ཞིག་མངོན་པར་བྱང་ཆུབ་ནས། མཚན་ཡང་སངས་རྒྱས་ཞེས་བྱ་སྟེ། འདས་པ་དང་། མ་འོངས་པ་ཀུན་མཁྱེན་ཏོ་ཞེས་གྲགས་ན་ད་ནི་དེ་ལ་སྐྱབས་སུ་


DKG074_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ་སྙམ་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གང་ན་བ་དེ་ལོགས་སུ་སོང་བ་དང་། རྒྱང་མ་ནས་དེ་བཞིན་གཤེགས་པ་མེ་ཏོག་གི་སྡོང་པོ་རྒྱས་པ་ལྟ་བུའམ། སྐར་མའི་ནང་ན་ཟླ་བ་ལྟ་བུར་མཐོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་བདག་འདུལ་བའི་དུས་ལ་བབ་པར་ཤེས་ནས། བཞེངས་ཏེ་ཁོ་མོ་བསུའོ། །ཁོ་མོ་སྒྲེན་མོར་འདུག་པས་ངོ་ཚ་སྟེ། ལག་པས་ནུ་མ་བཀབ་ནས་ས་ལ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བུད་མེད་འདི་ལ་གོས་བསྐོན་ཅིག་ཅེས་བཀའ་སྩལ་པ་དང་། ཁོ་མོས་གོས་གྱོན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བདག་ལ་ཐུགས་བརྩེ་བར་དགོངས་ནས། བདག་རབ་ཏུ་བྱུང་བར་གནོང་ཤིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། བུད་མེད་འདི་སྐྱེ་དགུའི་བདག་མོ་ལ་གཏད་དེ། རབ་ཏུ་ཕྱུང་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་སྐྱེ་དགུའི་བདག་མོས་ཁོ་མོ་རབ་ཏུ་ཕྱུང་ནས། ཁོ་མོ་ལ་བདེན་པ་བཞིའི་ཆོས་བསྟན་ཏེ། ཁོ་མོས་ཐོས་མ་ཐག་ཏུ་བརྩོན་འགྲུས་ནན་ཏན་བྱས་ནས། དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ། འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་བྱ་བ་ཀུན་རྟོགས་པར་གྱུར་ཏོ། །དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། སྔོན་སྡིག་པའི་ལས་ཅི་བགྱིས་ན། དེ་ལྟ་བུའི་རྣམ་པར་སྨིན་པ་མྱོང་བ་སྟོན་ཅིག་ཅེས་སྨྲས་པ་དང་། དགེ་སློང་མ་ཨུད་པ་ལས་ཁྱོད་རྟག་པར་ཉོན་ཅིག།ཁྱོད་ལ་བསྟན་པར་བྱའོ། །སྔོན་འདས་པའི་དུས་ཡུན་རིང་པོ་ཞིག་ན། ཁྱིམ་བདག་ཤིན་ཏུ་ཕྱུག་པ་ཞིག་ལ་བུ་མེད་པ་ལས། ཆུང་མ་ཞིག་བླངས་ཏེ། ཆུང་མ་དེ་ལ་ཤིན་ཏུ་བྱམས་པས། རིང་པོ་མ་ལོན་པར་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་ཁྱེའུ་ཞིག་བཙས་ཏེ། ཁྱོ་ཤུག་གཉིས་དེ་བུ་ལ་བྱམས་ཤིང་སྡུག་པར་འཛིན་ཏོ། །དེ་ནས་ཆེན་མས་འདི་སྙམ་དུ་བསམས་སོ། །ཁོ་མོ་ནི་རིགས་ཆེ་ཞིང་བཙུན་མོད་ཀྱི་བུ་མེད་པས་རིགས་འཚོབ་པ་མེད་དོ། །གལ་ཏེ་ཁྱེའུ་འདི་ཆེར་སྐྱེས་ནས་རིགས་འཚོབ་ཅིང་། ནོར་དང་ལོངས་སྤྱོད་


DKG074_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བདག་པོར་འགྱུར་ཏེ། བདག་ལ་མི་སྟེར་ཅིང་། བདག་སྡུག་པར་འགྱུར་རོ་སྙམ་དུ་ཕྲག་དོག་སྐྱེས་ཏེ། བསད་པར་བསམས་ནས་བུ་ཁྱེའུའི་མཚོག་མར་ཁབ་ཀྱིས་བཙུགས་ཏེ། རྨ་ཡང་མི་སྣང་བར་བྱས་སོ། །ཁྱེའུ་དེ་ཡང་རིང་པོར་མ་ལོན་པར་ཚེ་འདས་པ་དང་། ཆུན་མ་འཁམས་ནས་ཆེན་མ་ལ། ཁྱོད་ཀྱིས་ངའི་བུ་བསད་དོ་ཞེས་བརྒལ་ཏོ། །ཆེན་མས་བསྙོན་ནས་འདི་སྐད་ཅེས་མནའ་བོར་རོ། །ཁོ་མོས་ཁྱོད་ཀྱི་བུ་བསད་པར་གྱུར་ན། ཁོ་མོ་སྐྱེ་བ་ཐམས་ཅད་དུ། ཁོ་མོའི་ཁྱོ་སྦྲུལ་གདུག་པས་བསད་པར་ཤོག་ཤིག་བུ་ཞིག་ཡོད་ན་ཡང་ཆུས་ཁྱེར་བ་དང་། སྤྱང་ཀིས་ཟ་བར་ཤོག་ཤིག།ཁོ་མོའི་ལུས་ཡང་ནས་ཡང་དུ་གསོན་པོར་དུར་དུ་བཅུག་ཅིང་། བུའི་ཤ་ཟ་བར་ཤོག་ཤིག།ཕ་མའི་ཁྱིམ་དུ་མེ་ཤོར་ནས་ཐམས་ཅད་ཚིག་པར་ཤོག་ཤིག།ཅེས་སྨྲས་སོ། །དེའི་ཚེ་ན་དེ་སྐད་ཅེས་མནའ་བོར་བའི་ཆེན་མ་དེ་ནི་ཁོ་མོ་ཡིན་ཏེ། དེ་དག་ཐམས་ཅད་ལུས་ཀྱིས་མྱོང་བར་གྱུར་ཏོ། །དགེ་སློང་མ་དེ་དག་གིས་སྨྲས་པ། བསོད་ནམས་ཅི་ཞིག་བྱས་ཏེ། སངས་རྒྱས་མཐོང་ཞིང་སངས་རྒྱས་ཀྱིས་བསུ་ནས་རབ་ཏུ་ཕྱུང་སྟེ། འཁོར་བའི་མཐར་ཕྱིན་པར་གྱུར། ཨུད་པ་ལས་སྨྲས་པ། སྔོན་་་ཌ་་འདིར་རི་དྲང་སྲོང་ལྷགས་ཞེས་བྱ་བ་ན། རང་སངས་རྒྱས་དང་། ཉན་ཐོས་དང་། མུ་སྟེགས་ཅན་མངོན་པར་ཤེས་པ་ལྔ་དང་ལྡན་པ་མང་དུ་གནས་སོ། །དེའི་ཚེ་ན་རང་སངས་རྒྱས་དག་ཅིག་བསོད་སྙོམས་ལ་གྲོང་དུ་གཤེགས་པ་དང་། ཁྱིམ་བདག་གི་ཆུང་མ་ཞིག་གིས་མཐོང་ནས་རབ་ཏུ་དགའ་སྟེ། བསོད་སྙོམས་ཕུལ་ནས། མཆོད་པ་བྱས་སོ། །དེ་ནས་རང་སངས་རྒྱས་དེ་ནམ་མཁའ་ལ་འཕགས་ཏེ་ལུས་ལ་མེ་འབར་བ་དང་། ཆུ་འབབ་པ་དང་། འགྲོ་བ་དང་། ཉལ་བ་དང་། འདུག་པའི་རྫུ་འཕྲུལ་བསྟན་ནས། ཁྱིམ་བདག་གི་ཆུང་མ་དེས་ཁོ་མོ་ཡང་མ་འོངས་པའི་དུས་སུ་འདི་འདྲ་བ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེའི་ཚེ་ན་སྨོན་ལམ་བཏབ་པའི་ཁྱིམ་བདག་གི་ཆུང་མ་དེ་ནི་ཁོ་མོ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དང་ཕྲད་ནས་སེམས་རྣམ་པར་གྲོལ་ཏེ། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །འདི་ལྟར་དགྲ་བཅོམ་པ་ཐོབ་མོད་ཀྱིས་


DKG074_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཚ་བའི་ཐུར་མ་སྤྱི་བོ་ནས་ཟུག་ནས་རྐང་མཐིལ་དུ་བྱུང་སྟེ། རྟག་ཏུ་འདི་ལྟ་བུའི་གནོད་པ་བྱུང་ངོ་། ། དེའི་ཚེ་རིགས་ཆེ་ཞིང་མཐོ་བའི་དགེ་སློང་མ་ལྔ་བརྒྱ་སྙེད་ཀྱིས་དེ་སྐད་ཅེས་ཐོས་ནས། ལུས་དང་སེམས་སྐྱི་གཡའ་སྟེ། འདོད་པ་ལ་མེ་མུར་གྱི་ཕུང་པོ་ལྟར་རྟོགས་ནས། འདོད་ཆགས་ཀྱི་སེམས་ཡོངས་སུ་ཟད་དེ་ཁྱིམ་གྱི་སྡུག་བསྔལ་ལ་བཙོན་ར་བས་ཀྱང་ལྷག་པར་རྟོགས་ཏེ། དྲི་མ་ཀུན་ཟད་ནས་དུས་གཅིག་ཏུ་ཏིང་ངེ་འཛིན་དུ་ཞུགས་ཏེ། དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་མ་དེ་དག་གིས་ཚིག་འཐུན་པར་དགེ་སློང་མ་ཨུད་པ་ལ་ལ་བདག་ཅག་ནི། འདོད་ཆགས་ཀྱིས་ཀུན་ནས་བཅོམ་ཞིང་གླགས་པ་ལས། ཁྱོད་ཀྱིས་ཆོས་བསྟན་པས་འཁོར་བའི་མཐར་ཕྱིན་པར་གྱུར་ཏོ་ཞེས་སྨྲས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ཨུད་པ་ལས་ནི་ལེགས་པར་བསྟན་ཏོ། །གང་ཆོས་སྟོན་པ་ནི་གཅིག་གིས་གཅིག་བསྟན་པའོ། །འབྲས་བུ་ཐོབ་ནས་སངས་རྒྱས་ཀྱི་སྲས་ཡང་དག་པའོ་ཞེས་བསྔགས་སོ། །དེ་སྐད་ཅེས་གསུངས་པ་ལ་འཁོར་མང་པོ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །དགེ་སློང་མ་ཨུད་པ་ལའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་ལྔ་པའོ།། །།

ཉི་ཤུ་དྲུག་པ། ཤུད་དོ་ལག་གར་ནིའི་ལེའུ།


DKG074_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་འདུག་པ་ལས་ལངས་ཏེ། གོས་ཚགས་བཅོས་ཏེ་པུས་མོ་ས་ལ་བཙུགས་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །་་ལ་སོགས་པ་དགེ་སློང་ལྔ་པོ་འདི་ཅིའི་རྒྱུ། ཅིའི་རྐྱེན་གྱིས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་དུ་ཆོས་ཀྱི་འཁོར་ལོ་བསྐོར་མ་ཐག་ཏུ་ཆོས་ཀྱི་བདུད་རྩི་སྔར་མྱོང་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དགེ་སློང་ལྔ་པོ་འདི་དག་སྔོན་ཡང་ངའི་ཤ་སྔར་ཟོས་ཏེ་བདེ་བར་གྱུར་པས་འདིར་ཡང་ཆོས་ཀྱི་རོ་ཐོག་མར་མྱོང་སྟེ། རྣམ་པར་གྲོལ་བར་གྱུར་ཏོ། ། ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་སློང་འདི་ལྔ་པོས་སྔོན་ཅི་བགྱིས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་


DKG074_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་བསྐལ་པ་ཚད་མེད། གྲངས་མེད། བསམ་གྱིས་མི་ཁྱབ་པ་འདས་པའི་སྔོན་རོལ་ཏུ། འཛམ་བུའི་གླིང་འདིར་རྒྱལ་པོ་ཤུད་དོ་ལག་གར་ནི་ཞེས་བྱ་བ་བྱུང་སྟེ། འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་དོ། །དེའི་ཚེ་ཡུལ་དེ་ན་ལོ་བཅུ་གཉིས་ཀྱི་བར་དུ་ཆར་མི་འབབ་བོ་ཞེས་ལྟས་མཁན་གྱིས་ལུང་བསྟན་ནས། རྒྱལ་པོས་དེ་སྐད་ཅེས་ཐོས་པ་དང་། རབ་ཏུ་མྱ་ངན་གྱིས་ཡི་མུག་པར་གྱུར་ཏེ། འདི་ལྟར་མུ་གེ་ཆེན་པོ་བྱུང་ན། མི་མང་པོ་འདི་དག་ལ་ལོ་དེ་སྙེད་ཀྱི་ཁ་ཟས་ཅི་ལྟར་སྙེད་སྙམ་ནས། རྒྱལ་ཕྲན་དང་བློན་པོ་ཀུན་བསྡུས་ཏེ། བགྲོས་ནས་བང་བ་ན་འབྲུ་ཇི་སྙེད་ཡོད་པ་དང་། ད་ལྟར་མི་ཅི་སྙེད་ཡོད་པ་རྩིས་སུ་སྦྱར་ནས། ལོ་བཅུ་གཉིས་ཀྱི་བར་དུ་མི་རེ་ལ་ཕུལ་རེ་རེའི་ཐད་དུ་རྩིས་ན་ཡང་ལོ་བཅུ་གཉིས་སུ་མི་ཐུབ་བོ་ཞེས་དྲིལ་བསྒྲགས་སོ། །དེ་ནས་ཡང་ཕྱི་ཕྱིར་མུ་གེ་ཆེ་སྟེ་ཚེ་འཕོས་པ་ཡང་མང་ནས། རྒྱལ་པོ་དེས་ཇི་ལྟར་བྱས་ན་མི་མང་དུ་འཚོ་བར་འགྱུར་སྙམ་བསམས་ཏེ། བཙུན་མོ་དང་ཕོ་བྲང་སླས་སུ་བཅས་ཏེ། སྐྱེད་མོས་ཚལ་དུ་འཆག་ཏུ་སོང་བ་ལས། བསྟི་བའི་གནས་ཞིག་ཏུ་ཕྱིན་ནས། བཙུན་མོ་དང་། མི་མང་པོ་ཀུན་གཉིད་ཀྱིས་ལོག་པའི་འོག་ཏུ་ཉལ་བ་ལས་ལངས་ཏེ། ཕྱོགས་བཞིར་ཕྱག་འཚལ་ཏེ། འདི་ལྟ་བུའི་ཡི་དམ་བཅས་སོ། །ཡུལ་འདིར་མུ་གེ་བྱུང་སྟེ། ཐམས་ཅད་བཟའ་བ་མེད་པར་གྱུར་ཏེ། ལྟོགས་ཀྱིས་བདག་གིས་ལུས་འདི་བཏང་སྟེ། ཚེ་འཕོས་པའི་འོག་ཏུ་ཉ་ཆེན་པོ་ཞིག་ཏུ་སྐྱེས་ནས། ཐམས་ཅད་བདག་གི་ཤ་ཟ་ཞིང་འགྲངས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་ནས་ཤིང་ཞིག་ལ་འཛེག་སྟེ། ཤིང་ཁ་ནས་ལུས་གཡང་དུ་བཏང་ངོ་། །དེར་ཚེ་འཕོས་ནས་ཆུ་ཆེན་པོར་བརྫུས་ཏེ་སྐྱེས་པའི་ཉ་ཆེན་པོ་དཔག་ཚད་ལྔ་བརྒྱ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་ཡུལ་དེ་ན་ཤིང་མཁན་མི་ལྔ་ཞིག་ཆུ་འགྲམ་དུ་ཤིང་ཐུར་དོང་བ་ལས་ཉ་ཆེན་པོ་དེ་མཐོང་ནས། ཉ་དེས་མིའི་སྐད་དུ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བཀྲེས་ན་ངའི་ཤ་ལ་ཆོད་ལ་ཅི་འདོད་པ་ཟོ་ཤིག །འགྲངས་ནས་ཀྱང་ཅི་ཐེག་པ་ཁྱིམ་དུ་ཁྱེར་ཅིག།ཁྱེད་ཀྱིས་སྔར་ངའི་ཤ་ཟོས་ཏེ་འགྲངས་པས་ན། ཕྱིས་མངོན་པར་སངས་རྒྱས་ནས་ཀྱང་། ཐོག་མར་ཁྱོད་ཆོས་ཀྱི་ཟས་


DKG074_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་བར་བྱའོ། །ཡུལ་མི་དག་ལ་གང་བཀྲེས་པ་ཐམས་ཅད་ཀྱིས་ཅི་དགའ་བར་ངའི་ཤ་ལ་ལོང་ཤིག་ཅེས་བསྒོ་ཤིག།དེའི་ཚེ་ན་མི་ལྔ་པོས་ཤ་བཅད་དེ་ཟོས་ནས་ཡུལ་མི་ལ་སྦྲན་ཏེ། དེ་ནས་གཅིག་གིས་གཅིག་སྦྲན་པས། འཛམ་བུའི་གླིང་གི་མི་ཐམས་ཅད་འདུས་ཏེ། དེའི་ཤ་བཅད་ནས་ཟོས་སོ། །རྩིབ་ལོགས་ངོས་གཅིག་ཟད་ཙམ་ན། རྩིབ་ལོགས་ངོས་གཅིག་རང་བསྒྱུར་ཏེ། སྟེང་མ་ཟད་ཙམ་ན་འོག་མ་ཡང་དེ་བཞིན་དུ་སྐྱེའོ། །དེ་བཞིན་དུ་ལྟག་འོག་བསྒྱུར་ཅིང་ལོ་བཅུ་གཉིས་ཀྱི་བར་དུ་ཐམས་ཅད་ཀྱིས་ཤ་བཅད་དེ་ཟོས་ནས། ཐམས་ཅད་དེ་ལ་སྙིང་རྗེ་བའི་སེམས་སྐྱེས་པས། དེའི་ཤ་ཟོས་པ་དེ་དག་ཐམས་ཅད་ཚེའི་དུས་བྱས་པ་ཡང་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ཉར་གྱུར་པ་དེ་ནི་ད་ལྟར་ང་ཡིན་ནོ། །ཤིང་མཁན་ལྔ་པོ་ཐོག་མར་ངའི་ཤ་བཅད་དེ་ཟོས་པ་དེ་ནི། དགེ་སློང་་་ལ་སོགས་པ་ལྔ་པོ་ཡིན་ནོ། །སྐྱེ་བོ་མང་པོ་ཕྱིས་ངའི་ཤ་ཟོས་པ་དེ་ནི། ལྷའི་སྲས་པོ་བརྒྱད་ཁྲི་དང་ངའི་ཉེ་གནས་རྣམ་པར་གྲོལ་བ་རྣམས་ཡིན་ནོ། །དེའི་ཚེ་སྔར་མི་ལྔ་པོ་ལ་བྱིན་ཏེ། འཚོ་བའི་སྲོག་སྐྱབས་པས་འདིར་ཡང་སྔར་ཆོས་བསྟན་ཏེ། ཆོས་ཀྱི་སྐུའི་ཡན་ལག་གིས། དུག་གསུམ་གྱི་མེ་ཞི་བར་བྱས་སོ། ། ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཤུད་དོ་ལག་གར་ནིའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།

ཉི་ཤུ་བདུན་པ། རྒྱལ་པོ་ཨ་ཤོ་ཀའི་ལེའུ།


DKG074_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀུན་དགའ་བོ་དང་བསོད་སྙོམས་ལ་གཤེགས་པ་ལས། ལམ་ཁ་ན་བྱིས་པ་དག་ཅིག་ས་ལ་ཁང་བུ་དང་། བང་མཛོད་དང་། རིན་པོ་ཆེར་བསྔོས་ནས་རྩེ་ཞིང་འཁོད་དོ། །དེ་ལ་ཁྱེའུ་གཅིག་ཅིག་གིས། སངས་རྒྱས་རྒྱང་མ་ནས་གཤེགས་པ་མཐོང་ནས་རབ་ཏུ་དགའ་སྟེ། སྦྱིན་པ་བྱ་བར་བསམས་ནས། བང་བར་བསྔོས་པའི་ས་ལས་སྙིམ་པ་གང་བླངས་ཏེ། སངས་རྒྱས་ལ་འབུལ་བར་གཟས་པ་ན། ཁྱེའུ་ཆུང་ཆེས་པས་མ་སླེབས་ནས། གྲོགས་


DKG074_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་ཅིག་ལ་ཁྱོད་ས་ལ་རྒུ་ཤིག།ཁོ་བོ་ཁྱོད་ཀྱི་སྟེང་དུ་འགྲེང་སྟེ་ལྷུང་བཟེད་དུ་བླུགས་སོ་ཞེས་སྨྲས་ནས། གྲོགས་པོས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་ཏེ། ཁྱེའུ་དེ་གྲོགས་པོའི་ཕྲག་པ་ལ་འཛེགས་ནས། ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་ལོ། །སངས་རྒྱས་ཀྱིས་ཀྱང་ལྷུང་བཟེད་སྨད་ནས་ས་ཕུལ་བ་བཞེས་སོ། །བཞེས་ནས་ཀུན་དགའ་བོ་ལ་གཏད་དོ། ས་འདི་འཇིམ་པ་གྱིས་ལ་གཙུག་ལག་ཁང་ལ་སྐུས་ཤིག་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་བྱིས་པ་ཆུང་ངུས་དགའ་བའི་སེམས་ཀྱིས་ད་ལྟར་ང་ལས་ཕུལ་བ་བཞེས་ནས། ལྷ་ཁང་ལ་བསྐུས་པས། དེའི་བསོད་ནམས་ཀྱིས་ང་མྱ་ངན་ལས་འདས་ཏེ་ལོ་བརྒྱ་ལོན་པའི་འོག་ཏུ་རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་འགྱུར་རོ། །ཁྱེའུ་ཅིག་ཤོས་ནི་དེའི་བློན་པོར་འགྱུར་ཏེ། འཛམ་བུའི་གླིང་ལ་དབང་བྱེད་ཅིང་དཀོན་མཆོག་གསུམ་གྱི་ཡོན་ཏན་ཡང་། ཡུལ་ཐམས་ཅད་དུ་བསྒྲགས་ནས་རིང་བཕྲེལ་ལ་ཡང་རྒྱས་པར་མཆོད་པ་བྱེད་དོ། ། འཛམ་བུའི་གླིང་དུ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་ཅིག་ཆར་བྱེད་པར་འགྱུར་རོ། །ཀུན་དགའ་བོ་དགའ་མགུ་རངས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་བཞིན་གཤེགས་པས་སྔོན་བསོད་ནམས་ཅི་ཞིག་མཛད་པས་རིང་བཕྲེལ་ལ་ཡང་མཆོད་རྟེན་དེ་སྙེད་ཅིག་བགྱིད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟག་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་བསྟན་པར་བྱའོ། །སྔོན་བསྐལ་པ་གྲངས་མེད་པ་འདས་པ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་གསལ་ཐུབ་ཅེས་བྱ་བ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་པ་ཞིག་བྱུང་ངོ་། །དེའི་ཚེ་སངས་རྒྱས་པུར་ཤ་ཞེས་བྱ་བ་ཞིག་འཇིག་རྟེན་དུ་བྱུང་སྟེ། རྒྱལ་པོ་དེས་བློན་པོ་དང་བཅས་སུ་ཡོ་བྱད་རྣམ་པ་བཞི་སྦྱར་ཏེ། སངས་རྒྱས་དང་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །དེའི་ཚེ་ན་རྒྱལ་པོ་དང་ཡུལ་མི་རྣམས་ནི། རྟག་ཏུ་སངས་རྒྱས་དང་ཕྲད་དེ། ཕྱག་འཚལ་བ་དང་། བསྙེན་བཀུར་བྱེད་དེ། རྒྱལ་ཕྲན་གཞན་དག་ནི་བསོད་ནམས་ཀྱང་མི་བྱེད་པར། མཐའ་འཁོབ་ཀྱི་རྒྱལ་ཕྲན་དང་། ཡུལ་མི་དག་བསོད་ནམས་བྱེད་དུ་གཞུག་པའི་ཕྱིར། སངས་རྒྱས་ཀྱི་སྐུ་གཟུགས་བྲིས་ལ། རྒྱལ་ཕྲན་རྣམས་ལ་སྦྱིན་ནོ་སྙམ་བསམས་ནས།


DKG074_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

རི་མོ་མཁན་མང་པོ་བསྡུས་ཏེ། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་ཤིག་ཅེས་བསྒོ་བ་དང་། རི་མོ་མཁན་དག་སངས་རྒྱས་ཀྱི་སྤྱན་སྔར་སོང་སྟེ། སངས་རྒྱས་ཀྱི་མཚན་བལྟས་ནས་རི་མོ་བྲིས་པ་ལས། མཚན་གཅིག་བྲིས་ན་གཅིག་མི་འདྲ་བར་གྱུར་ཏེ། རི་མོ་མཁན་གྱིས་རི་མོ་བྲི་བར་མི་ནུས་སོ། །སངས་རྒྱས་ཉིད་ཀྱིས་ཚོན་རྩི་སྦྱར་ཏེ། སྐུ་གཟུགས་བྲིས་ནས། དེའི་རི་མོ་མཁན་དེ་ལ་བསྟན་ཏེ། སྐུ་གཟུགས་མཚན་དང་ལྡན་པ་བརྒྱད་ཁྲི་བཞི་སྟོང་བྲིས་ནས། རྒྱལ་ཕྲན་རེ་རེ་ལ་སྐུ་གཟུགས་རེ་རེ་བསྐུར་ཏེ། སྐུ་གཟུགས་དེ་ལ་རྒྱལ་པོ་དང་། ཡུལ་མི་ཐམས་ཅད་ཀྱིས་མེ་ཏོག་དང་། སྤོས་དང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་ཅིང་ཕྱག་འཚོལ་ཅིག་ཅེས་བསྒོའོ། །རྒྱལ་ཕྲན་དེ་དག་དང་ཡུལ་མི་དེ་དག་གིས། དེ་བཞིན་གཤེགས་པའི་སྐུ་གཟུགས་མཐོང་ནས་རབ་ཏུ་དགའ་མགུ་ཡི་རངས་ནས། བསྙེན་བཀུར་བྱས་སོ། །དེའི་ཚེ་རྒྱལ་པོ་གསལ་ཐུབ་དེ་ནི་ད་ལྟར་ང་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་གཟུགས་བརྒྱད་ཁྲི་བཞི་སྟོང་བྲིས་ཏེ། རྒྱལ་ཕྲན་དང་ཡུལ་མི་ཀུན་ལ་སྤེལ་བའི་བསོད་ནམས་ཀྱིས། གང་དང་གང་དུ་སྐྱེས་ཀྱང་མཐོ་རིས་སུ་བརྒྱ་བྱིན་ལྷའི་དབང་པོར་སྐྱེས་ཏེ། བྱད་གཟུགས་བཟང་བ་དང་། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཐོབ་སྟེ་མངོན་པར་སངས་རྒྱས་སོ། །མྱ་ངན་ལས་འདས་ནས་ཀྱང་རིང་བཕྲེལ་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་སྙེད་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་ལ་ཀུན་དགའ་བོ་དང་འཁོར་མང་པོ་རྣམས་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ་། །རྒྱལ་པོ་ཨ་ཤོ་ཀའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།

ཉི་ཤུ་བརྒྱད་པ། གསེར་གྱི་བུམ་པའི་ལེའུ།


DKG074_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་དག་དབྱར་སོ་སོའི་ཚུལ་དུ་ཞུགས་ནས། ཚུལ་ནས་བྱུང་བ་དང་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་སོ། །བཅོམ་ལྡན་འདས་དགེ་སློང་དེ་དག་དང་ཡུན་རིང་དུ་མ་ཕྲད་པས་དེ་དག་ལ་ཐུགས་བརྩེ་བར་དགོངས་ཏེ། འཁོར་ལོ་རྩིབས་སྟོང་དང་ལྡན་པའི་ཕྱག་བཏེག་སྟེ། དགེ་སློང་དེ་དག་ལ་བསྟི་


DKG074_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

སྟང་དང་བཅས་པས་ཁྱེད་ན་བར་མ་གྱུར་ཏམ། བསོད་སྙོམས་ཀྱིས་མ་དྲེལ་ཏམ་ཞེས་བཀའ་སྩལ་པ་དང་། དེ་བཞིན་གཤེགས་པ་ཡོན་ཏན་ཆེན་པོ་དང་ལྡན་པ་དེ་དགེ་སློང་རྣམས་ལ་བསྟི་སྟང་མཛད་པར་དགེ་སློང་ཀུན་དགའ་བོས་མཐོང་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་ནི་འཇིག་རྟེན་གྱི་གཙོ་བོ་ཡོན་ཏན་དཔག་ཏུ་མ་མཆིས་པ། ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལགས་ན། ཅིའི་སླད་དུ་ཐུགས་སྨད་དེ་དགེ་སློང་རྣམས་ལ་བསྟི་སྟང་མཛད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་བསྐལ་པ་གྲངས་མེད་ཚད་མེད་བསམ་གྱིས་མི་ཁྱབ་པ་འདས་པ་ན། འཛམ་བུའི་གླིང་འདིར་ཡུལ་་་ཌ་་ན་ཁྱིམ་བདག་སོ་ཚིས་ལ་མཁས་པ་ཞིག་ཡོད་དེ། ནོར་ཅི་སྙེད་ཀྱང་གསེར་དུ་བསྒྱུར་ནས། གསེར་གྱི་བུམ་པ་གཅིག་བྱས་ནས། སའི་འོག་ཏུ་སྦས་སོ། །དེ་བཞིན་དུ་ནོར་ཅི་སྙེད་ཀྱང་ལོངས་མི་སྤྱོད་དེ་གསེར་དུ་བསྒྱུར་ནས་ཕྱིས་རིང་ཞིག་ལོན་པ་དང་། གསེར་གྱི་བུམ་པ་སྔ་ཕྱིར་བསགས་པ་བདུན་དུ་གྱུར་ནས་ཐམས་ཅད་ས་འོག་ཏུ་སྦས་སོ། །ཁྱིམ་བདག་དེ་ཕྱིས་ནད་ཀྱིས་བཏབ་ནས་ཚེའི་དུས་བྱས་པ་དང་། གསེར་གྱི་བུམ་པ་ལ་ཆགས་པས་སྦྲུལ་གདུག་པ་ཞིག་ཏུ་སྐྱེས་ཏེ་གསེར་དེ་ལ་བསྲུང་ངོ་། །ཕྱིས་ཡུན་རིང་ཞིག་ལོན་པ་དང་གྲོང་ཁྱེར་དེ་ཡང་ཞིག་ནས་སུ་ཡང་མི་གནས་ཏེ། གྲོང་ཁྱེར་དེ་སྟོངས་པར་གྱུར་ཏོ། །སྦྲུལ་དེ་ཡང་ལོ་གྲངས་མང་དུ་ལོན་ནས་ཚེའི་དུས་བྱས་པས་ཕྱིར་ཡང་དེ་ཉིད་ཀྱི་ལུས་སུ་སྐྱེས་ཏེ། གསེར་གྱི་བུམ་པ་ལ་འཁྲི་ཞིང་ཉལ་ལོ། །དེ་བཞིན་དུ་ལོ་ཁྲི་ཕྲག་དུ་མ་ལོན་པ་དང་། ནང་གི་སྐྱེ་བ་ཐ་མ་ལ་ལུས་དེས་སྐྱོ་སྟེ་འདི་སྙམ་དུ་བསམས་སོ། །བདག་ནི་གསེར་འདི་ལ་ཆགས་པས་འདི་འདྲ་བའི་ལུས་མི་སྡུག་པ་མྱོང་བར་གྱུར་གྱིས་ད་ནི་བསོད་ནམས་ཀྱི་ཞིང་དུ་ཕུལ་ན་སྙམ་ནས་ལམ་དང་ཉེ་བར་སོང་སྟེ། རྩྭ་འཁོར་དུ་ལུས་སྦས་ལ་མི་དག་འོང་ན་འབོད་དོ་སྙམ་སྟེ། དེའི་ཚེ་སྦྲུལ་གདུག་པ་དེས་མི་གཅིག་ལམ་ནས་འོང་བ་མཐོང་ནས། སྦྲུལ་གྱིས་མི་དེ་ལ་བོས་པ་དང་མི་དེས་བོས་པའི་སྒྲ་ཐོས་ནས་ཕན་ཚུན་དུ་བལྟས་ན་ཅི་ཡང་མི་སྣང་ནས་ལམ་དུ་ཞུགས་ཏེ་སོང་སོང་བ་ལས་སྦྲུལ་གྱིས་ཡང་འབོད་དེ། ཀྱེ་ཁོ་བོའི་དྲུང་དུ་ཡང་བསྙེན་ཅིག་ཅེས་སྨྲས་


DKG074_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། །མི་དེས་སྨྲས་པ། ཁྱོད་ཀྱིས་ཁོ་བོ་བོས་ཏེ་ཅི་ཞིག་བྱ། ཁྱོད་ནི་ཤིན་ཏུ་གདུག་པ་ཅན་ཡིན་པས་ཁོ་བོ་བསད་དུ་འོང་ངོ་། །སྦྲུལ་གྱིས་སྨྲས་པ། ཁོ་བོས་གནོད་པ་བྱ་ན་ཁྱོད་དྲུང་དུ་མ་འོངས་ཀྱང་གནོད་པ་བྱ་ནུས་སོ། །ཞེས་སྨྲས་པ་དང་། མི་དེ་སྐྲག་ནས་སྦྲུལ་གྱི་དྲུང་དུ་བསྙེན་ཏོ། །སྦྲུལ་གྱིས་སྨྲས་པ། ཁོ་བོ་ལ་འདི་ན་གསེར་གྱི་བུམ་པ་ཞིག་ཡོད་ཀྱིས། ཁྱོད་ལ་བསོད་ནམས་ཤིག་བྱ་བར་བཅོལ་བར་ནུས་སམ། ཅི་སྟེ་མ་བྱས་ན་ཁྱོད་ལ་གནོད་པར་བྱའོ། །མི་དེས་ཁོ་བོས་ནུས་སོ་ཞེས་སྨྲས་པ་དང་། སྦྲུལ་གྱིས་མི་དེ་གསེར་གྱི་བུམ་པའི་དྲུང་དུ་ཁྲིད་དེ། གསེར་གྱི་བུམ་པ་གཅིག་བསྐུར་ཏེ། འདི་སྐད་ཅེས་སྨྲས་སོ། །ཁྱོད་གསེར་འདི་ཁྱེར་ལ་དགེ་འདུན་རྣམས་ལ་མཆོད་སྟོན་གསོལ་ཅིག།མཆོད་སྟོན་གསོལ་བའི་ཉིན་པར་ཁོ་བོ་ཡང་འོང་གིས་བསུས་ཤིག་ཅེས་བསྒོའོ། །དེ་ནས་མི་དེས་གསེར་ཁུར་ཏེ་དགེ་འདུན་གྱི་ནང་དུ་སོང་ནས། དགེ་སློང་གི་གཙང་སྦྱོར་ལ་གསེར་ཕུལ་ཏེ། འདི་ནི་སྦྲུལ་གདུག་པ་ཞིག་གི་གསེར་ལགས་ཀྱིས་གསེར་འདིས་དགེ་འདུན་ལ་མཆོད་སྟོན་གསོལ་ཅིག་ཅེས་མཆིའོ། །གསེར་འདིས་མཆོད་སྟོན་སྦྱར་ཏེ། དེ་ནས་མཆོད་སྟོན་ནམ་གསོལ་བ་ཞག་དུས་བརྩིས་ནས། དེའི་ཉིན་པར་མི་དེ་གཟེབ་ཞིག་ཐོགས་ཏེ། སྦྲུལ་གདུག་པ་དེ་གང་ན་འདུག་པ་དེར་སོང་ངོ་། །སྦྲུལ་གདུག་པ་དེས་ཀྱང་མི་དེ་འོང་བ་མཐོང་ནས་རབ་ཏུ་དགའ་བར་གྱུར་ཏོ། །མི་དེས་སྦྲུལ་དེ་གཟེབ་ཀྱི་ནང་དུ་བཅུག་ནས་ཁྱེར་ཏེ་སོང་བ་ལས་ལམ་དུ་མི་ཅིག་དང་ཕྲད་དེ། མི་དེས་ཁྱོད་གང་ནས་འོངས་ཞེས་ལན་གསུམ་གྱི་བར་དུ་དྲིས་ཀྱང་སྦྲུལ་ཐོགས་པ་དེས་ཅང་མ་སྨྲས་པས། སྦྲུལ་ཁྲོས་ནས་གདུག་པ་ཕྱུང་བ་ལས་ཡང་འདི་སྙམ་བསམས་སོ། །མི་འདི་ཅི་ཞིག་ཉེས་ན། ཕ་རོལ་པོས་ལན་གསུམ་གྱི་བར་དུ་དྲིས་ན་གཏམ་གྱི་ལན་ཡང་མི་སྟེར་སྙམ་སྟེ། ཕྱིར་ཡང་ཁྲོས་ནས་གདུག་པ་བྱུང་བ་ལས་ཕྱིར་དགག་སྟེ། ཡང་འདི་སྙམ་དུ་བསམས་སོ། །མི་འདི་བདག་གི་ཕྱིར་བསོད་ནམས་བྱེད་ན། བྱས་པ་གཟོ་བའི་དྲིན་ཡང་དྲན་པ་བྱས་པར་གདུག་པ་མི་འབྱུང་ངོ་སྙམ་བསམས་ཏེ། མི་འདིས་བདག་ལ་ཕན་པའི་དོན་བྱེད་ཀྱི་ཉེས་པ་ཞིག་བྱས་ན་ཡང་བཟོད་པར་བྱའོ། །ཞེས་ས་


DKG074_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དབེན་པར་ཕྱིན་པ་དང་། རེ་ཞིག་ས་ལ་ཞོག་ཤིག་ཅེས་སྨྲས་ནས་སྦྲུལ་དེས་མི་དེ་ལ་སེམས་སྨད་དེ། ད་བདག་གི་ཉེས་པ་འགྱོད་ཅིང་བཤགས་སོ་ཞེས་སྨྲས་ན། ཕྱིར་ཡང་ཁུར་ཏེ། དགེ་འདུན་གྱི་གནས་སུ་ཕྱིན་པ་དང་། དགེ་འདུན་དག་ཀྱང་གདུགས་ཚོད་ཀྱི་དུས་ལ་བབ་པས། མི་དེས་དགེ་འདུན་ལ་མེ་ཏོག་བྲིམས་ཏེ། སྦྲུལ་དེ་དད་པའི་སེམས་ཀྱིས་མེ་ཏོག་འགྲིམ་པ་ལ་ལྟའོ། །དེ་ནས་དགེ་འདུན་དག་ཟས་ཀྱི་བྱ་བ་བྱས་ནས་ཁ་ལག་བཀྲུས་ནས་སྦྲུལ་དེ་ལ་ཆོས་བཤད་དོ། །སྦྲུལ་དེ་རབ་ཏུ་དགའ་ནས། གསེར་གྱི་བུམ་པ་དྲུག་ཀྱང་དགེ་འདུན་ལ་ཕུལ་ཏེ། བསོད་ནམས་ཀྱི་ལས་བྱས་ནས་དེ་ནས་ཚེ་འཕོས་སོ། །ཚེའི་དུས་བྱས་ནས་དེའི་བསོད་ནམས་ཀྱིས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་ན་སྦྲུལ་གདུག་པ་ཁུར་དུ་ཁྱེར་བའི་མི་དེ་ནི་ང་ཡིན་ནོ། །སྦྲུལ་གདུག་པ་དེ་ནི་ཤཱ་རིའི་བུ་ཡིན་ནོ། །འདས་པའི་དུས་ན་ཡང་ཁུར་དུ་སྦྲུལ་ཁྱེར་བ་ལས་སྦྲུལ་གྱིས་སྤྱོས་ཏེ། དེ་ལ་ཡང་སེམས་སྨད་པས་ད་ཡང་དགེ་སློང་རྣམས་ལ་སེམས་སྨད་པ་ཡིན་ནོ། །ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་ལ་ཡི་རངས་ནས་མངོན་པར་དགའོ། །གསེར་གྱི་བུམ་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།

ཉི་ཤུ་དགུ་པ། བྲམ་ཟེ་མོ་བདེ་བའི་ལེའུ།


DKG074_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་འོད་མའི་ཚལ་ན་དགེ་སློང་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཅི་ཡང་མི་བདོག་པ་ཞིག་ཡོད་དེ། བྲམ་ཟེ་ཕོངས་ཆེས་ནས་ཀུན་ལ་ཅི་ལྟར་བྱས་ན་ཚེ་འདི་ལ་ལོངས་སྤྱོད་དང་ལྡན་པར་འགྱུར་ཞེས་དྲིས་སོ། །དེ་ལ་མི་ཞིག་གིས་སྨྲས་པ། ཅི་ཁྱོད་མི་ཤེས་སམ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ད་ལྟར་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་མཛད་དོ། །དེའི་ཉེ་གནས་འོད་སྲུང་ཆེན་པོ་དང་ད་གལ་ཡ་ན་དང་ཤཱ་རིའི་བུ་དང་། མ་འགགས་པ་ལ་སོགས་པ་འཕགས་པ་བཞི་ཡང་རྟག་ཏུ་དབུལ་ཕོངས་པ་ལ་ཕན་པའི་དོན་བྱེད་ཀྱིས། གལ་ཏེ་ཁྱོད་དད་པའི་སེམས་ཀྱིས་འཕགས་པ་དེ་དག་ལ་ཞལ་ཟས་ཀྱིས་མཆོད་ན། འཕགས་པ་དེ་དག་གིས་ཚེ་


DKG074_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ལ་ཅི་དང་ཅི་འདོད་པ་དེ་དང་དེ་དག་དང་ལྡན་པར་མཛད་དོ་ཞེས་སྨྲས་སོ། །དེའི་ཚེ་ན་བྲམ་ཟེས་མི་དེས་སྨྲས་པ་ཐོས་ནས། རབ་ཏུ་དགའ་སྟེ་ཀུན་ཏུ་རྒྱུ་ཞིང་སློང་མོ་དང་། གླ་ཟོས་ནས་ནོར་ཅུང་ཟད་ཅིག་སྙེད་དེ་ཕྱིར་ཁྱིམ་དུ་འོངས་ནས་ཞལ་ཟས་སྦྱར་ཏེ། འཕགས་པའི་དགེ་འདུན་རྣམས་སྤྱན་དྲངས་ནས། བཤོས་གསོལ་ཏེ་འཇིག་རྟེན་འདི་ཉིད་ལ་ཕན་པར་རེའོ། །དེའི་ཚེ་ན་བྲམ་ཟེ་དེའི་ཆུང་མ་བདེ་བ་ཞེས་བྱ་བ་དེས་དགེ་འདུན་ལ་བཤོས་གསོལ་ནས་ཉིན་ཞག་གཅིག་པའི་བསླབ་ཚིགས་མནོས་སོ། །དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་འཆག་ཏུ་སོང་བ་ལས། ཕྱིར་འོང་བའི་ལམ་དུ་ཉེས་པ་བྱས་པའི་བཙོན་ཞིག་ལམ་ཁ་ན་ཤིང་ལ་བཅིངས་ཤིང་འདུག་པ་མཐོང་ངོ་། །བཙོན་དེས་རྒྱལ་པོ་གཤེགས་པ་མཐོང་ནས། ངུས་ཏེ་ཁ་ཟས་ཞིག་བསླངས་པ་དང་། རྒྱལ་པོས་ཀྱང་སྦྱིན་ནོ་ཞེས་བྱས་ནས། ཕྱིར་ཕོ་བྲང་དུ་གཤེགས་པ་དང་། བརྗེད་པ་ལས་དེའི་ནུབ་མོ་ནམ་ཕྱེད་ཙམ་ན་བཙོན་ལ་ཁ་ཟས་སྦྱིན་པ་དྲན་ཏེ། ཁ་ཟས་བསྐྱལ་བར་བྱས་ནས། ཕོ་བྲང་ནང་གི་མི་ནི་གཅིག་ཀྱང་འགྲོ་ཕོད་པ་མེད་དེ། ནམ་ཕྱེད་ཙམ་ན་ཁ་ཟས་བསྐུར་དུ་ལམ་ན་འདྲེ་གདོན་དང་སྲིན་པོའི་འཇིགས་པས་སྲོག་དང་བསྡུས་ཏེ་འགྲོ་ནུས་པ་མེད་དོ། །དེའི་ཚེ་ན་རྒྱལ་པོས་མི་དེའི་སྡུག་བསྔལ་བ་དང་བཀྲེས་པས་ཉེན་པ་དྲན་ནས། དེ་ལ་ཤིན་ཏུ་སྙིང་བརྩེ་ནས། ངའི་ཡུལ་འདི་ནས་སུ་ཞིག་བཙོན་དེ་ལ་ཁ་ཟས་བསྐྱལ་དུ་ནུས་ན། གསེར་སྲང་སྟོང་སྦྱིན་ནོ། །ཞེས་བསྒྲགས་ཀྱང་འགྲོ་ནུས་པ་མ་བྱུང་ངོ་། །དེའི་ཚེ་ན་བྲམ་ཟེ་དེའི་ཆུང་མ་བདེ་བ་དེས་གཏམ་དུ་ཐོས་ན། འཇིག་རྟེན་པ་སུ་ཡང་རུང་སྟེ་ཉིན་ཞག་གཅིག་པའི་བསླབ་ཚིགས་བརྒྱད་མནོས་ནས་འདྲེ་གདོན་ལ་སོགས་པས་མི་བརྫི་སྟེ། གདོན་ཐམས་ཅད་ཀྱིས་གནོད་པ་བྱེད་མི་ནུས་སོ་ཞེས་ཐོས་ཀྱིས། བདག་ནི་རྒྱལ་པོས་གར་བཏང་བར་ཁོ་མོ་འགྲོ་སྙམ་བསམས་ནས་མཆིས་སོ། །དེ་ནས་རྒྱལ་པོས་བདེ་བ་ལ་ཁྱོད་ཁ་ཟས་འདི་དག་ཁྱེར་ལ་ཆེ་གེ་མོ་ཞིག་ན་བཙོན་འདུག་པ་དེ་ལ་བྱིན་ཅིག་དང་། གསེར་སྲང་སྟོང་སྦྱིན་ནོ་ཞེས་དམ་བཅས་སོ་དེ་ནས་བདེ་བ་རྒྱལ་པོའི་བཀའ་བཞིན་དུ་ཁ་ཟས་ཐོགས་ཏེ། ཚུལ་ཁྲིམས་དྲན་པར་བྱས་ནས། ལམ་དུ་ཞུགས་ཏེ་སོང་སོང་བ་ལས། གྲོང་ཁྱེར་གྱི་ཕྱི་རོལ་


DKG074_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྲིན་མོ་ལམ་པ་དང་ཕྲད་དོ། །དེའི་ཚེ་ན་སྲིན་མོ་དེའི་བུ་ལྔ་བརྒྱ་གསར་དུ་བཙས་པས་བཀྲེས་སྐོམ་གྱིས་ཉེན་ཏེ། བདེ་བ་འོང་བ་མཐོང་ནས། བཟའ་བར་གཟས་ཏེ། དེའི་ཚེ་ན་དགེ་བསྙེན་མ་ཚུལ་ཁྲིམས་མ་ཉམས་པས་སྲིན་མོས་མཐོང་ནས་སྐྲག་སྟེ། དགེ་བསྙེན་མ་ཁྱོད་ཁྱེར་བའི་ཁ་ཟས་ལས་ཅུང་ཟད་ཅིག་བསླང་ངོ་ཞེས་སྨྲས་པ་དང་། དགེ་བསྙེན་མས་ཀྱང་ཉུང་ངུ་ཞིག་བྱིན་ཏེ་བྱིན་པ་ཉུང་མོད་ཀྱི་དགེ་བསྙེན་མའི་མཐུས་མང་དུ་སྤྲུལ་པས་སྲིན་མོ་མ་སྨད་ཤིན་ཏུ་འགྲངས་པར་གྱུར་ཏོ། །དེ་ནས་སྲིན་མོས་དགེ་བསྙེན་མ་ལ་ཁྱོད་ཅི་མིང་ཞེས་དྲིས་པ་དང་། ཁོ་མོ་ནི་བདེ་བའོ་ཞེས་སྨྲས་སོ། །འོ་ན་ཁོ་མོ་མ་སྨད་ཀྱང་ལྟོགས་པ་ལས་ཁྱོད་ཀྱིས་གསོས་ཀྱིས། ཁོ་མོ་འདུག་པ་འདི་ན་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག།ཁྱོད་ཕར་འགྲོ་ན་ཁོ་མོའི་ནུ་མོ་ཨ་ལམ་པ་ཡང་ལམ་ཁ་ན་འདུག་སྟེ། ཁྱོད་དང་ཕྲད་ཀྱིས་ཁོ་མོའི་འཕྲིན་དུ་ཁྱོད་བདེའམ། ཁོ་མོ་ཡང་བུ་ལྔ་བརྒྱ་བདེ་བར་བཙས་སོ་ཞེས་གྱིས་ཤིག།དེ་ནས་དགེ་བསྙེན་མ་ལམ་དུ་ཞུགས་ཏེ། སོང་སོང་བ་ལས་རིང་པོར་མ་ལོན་པར་ཨ་ལམ་པ་དང་ཕྲད་དོ། །ཨ་ལམ་པ་ལ་ཕུ་མོའི་འཕྲིན་སྤྲིང་བ་དང་། བུ་ལྔ་བརྒྱ་བདེ་བར་བཙས་སོ་ཞེས་གཏམ་བྱས་ནས། ཨ་ལམ་པ་དགའ་སྟེ་དགེ་བསྙེན་མ་ཁྱོད་ཁོ་མོའི་ཕུ་མོའི་འཕྲིན་དང་གཏམ་སྙན་པ་བྱས་པ་ལེགས་ཀྱིས། ཁོ་མོ་འདུག་པའི་གནས་འདི་ན་གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཅིག།ཁོ་མོ་ཅག་གི་མིང་པོ་ཅིག་ཀྱང་ལམ་ཁ་ན་འདུག་གི །དེ་དང་ཕྲད་ན་ཁོ་མོ་ཅག་སྤུན་གཉིས་ཀྱི་འཕྲིན་དང་། བུ་ལྔ་བརྒྱ་བཙས་པའི་གཏམ་ཡང་གྱིས་ཤིག་ཅེས་བསྒོ་ནས་སོང་ངོ་། །དེ་ནས་ཡུན་རིང་པོར་མ་ཕྱིན་པར་སྲིང་མོ་གཉིས་ཀྱི་མིང་པོ་དང་ཕྲད་དེ། དེ་ལ་བུ་མོ་གཉིས་ཀྱི་འཕྲིན་དང་། བུ་ལྔ་བརྒྱ་བདེ་བར་བཙས་པའི་གཏམ་བྱས་ནས་དེ་ཡང་རབ་ཏུ་དགའ་སྟེ། ཁྱོད་ཁོ་བོའི་སྲིང་མོ་གཉིས་ཀྱི་གཏམ་དང་ཕྲིན་བྱས་པ་ལེགས་ཀྱིས། ཁོ་བོ་འདུག་པའི་གནས་འདིར། གསེར་བུམ་པ་གང་ཡོད་ཀྱིས་ཕྱིར་ལོག་པའི་ལམ་དུ་ཁྱེར་ཤིག་ཅེས་བསྒོའོ། །དེ་ནས་དགེ་བསྙེན་མ་ཆས་ཏེ་སོང་སོང་བ་ལས་བཙོན་དེའི་དྲུང་དུ་ཕྱིན་ཏེ། ཁ་ཟས་བསྙོད་ནས་


DKG074_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ལོག་པའི་ལམ་དུ་གསེར་བུམ་པ་གསུམ་རྙེད་དོ། །རྒྱལ་པོས་ཀྱང་གསེར་སྲང་སྟོང་བྱ་དགར་བྱིན་པས། བྲམ་ཟེ་དབུལ་པོ་ཁྱོ་ཤུག་གཉིས་ཡུལ་དེ་ན་ཤིན་ཏུ་ཕྱུག་ཅིང་ནོར་མང་བར་གྱུར་པས། ལྷག་པར་བསོད་ནམས་བྱེད་ཅིང་རིན་པོ་ཆེ་མང་བར་གྱུར་ཏོ། །རྒྱལ་པོས་ཀྱང་དེ་བསོད་ནམས་ལས་གྱུར་པར་ཤེས་ནས་བློན་པོར་བཅུག་སྟེ་ཤིན་ཏུ་ཕྱུག་པར་གྱུར་ཏེ། ལྷག་པར་བསོད་ནམས་བྱེད་པ་ལ་དད་པའི་སེམས་བསྐྱེད་དེ། སངས་རྒྱས་དང་དགེ་འདུན་སྤྱན་དྲངས་ཏེ། མཆོད་པ་ཆེན་པོ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སེམས་རྣམ་པར་གྲོལ་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །འཁོར་མང་པོ་དེ་རྣམས་དང་ཀུན་དགའ་བོ་ལ་སོགས་པ་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །བྲམ་ཟེ་མོ་བདེ་བའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།

སུམ་ཅུ་པ། སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ།


DKG074_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བརྒྱད་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་ཤེས་་་ལ་བསྙེན་བཀུར་བྱེད་པའི་གཡོག་གཅིག་དགོས་སོ། །ཞེས་བཀའ་སྩལ་པ་དང་། དེ་ནས་ཀུན་ཤེས་་་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ། ཕྱག་འཚལ་ཏེ་བཅོམ་ལྡན་འདས་བདག་གིས་བསྙེན་བཀུར་ཡིད་བཞིན་དུ་བགྱི་ཞིང་ཆོས་གོས་དང་ལྷུང་བཟེད་བཟུང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་་་ལ་ཁྱོད་ཀྱང་རྒས་འཁོགས་ཏེ། ཁྱོད་ཉིད་ལ་ཡང་བསྙེན་བཀུར་བྱེད་པ་ཡང་དགོས་ཀྱིས། ་་ཁྱོད་སྟན་ལ་འདུག་ཤིག་ཅེས་བཀའ་སྩལ་ཏོ། །དེ་བཞིན་དུ་འོད་སྲུང་དང་། ཤཱ་རིའི་བུ་དང་། ད་གལ་ཡ་ན་ཆེན་པོ་ལ་སོགས་ཏེ་ཉེ་གནས་ལྔ་བརྒྱ་སྙེད་ཀུན་གྱིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིའོ། །ཞེས་གསོལ་ན་ཡང་གཅིག་ཀྱང་མ་གནང་ངོ་། །དེ་ནས་ཚེ་དང་ལྡན་པ་མ་འགགས་པས་བཅོམ་ལྡན་འདས་ཀྱི་བསྙེན་བཀུར་བྱ་


DKG074_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགེ་སློང་གང་ལ་བགྱི་སྙམ་བརྟགས་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀུན་དགའ་བོ་ལ་དགྱེས་པ་ནི་འདི་ལྟ་སྟེ། ཁང་བུ་བརྩེགས་པའི་ཤར་ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་བྱུང་བ་ན། ནུབ་ཕྱོགས་ཀྱི་རྩིག་ངོས་ལ་ཤར་ཅིང་ལྷན་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀུན་དགའ་བོ་ལ་དགོངས་ཤིང་དགྱེས་པར་ཉེ་གནས་ཀུན་གྱིས་རྟོགས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་གཉིས་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང་། ཀུན་དགའ་བོ་དང་ལྷན་ཅིག་ཏུ་ཡིད་མགུ་ཞིང་དགའ་བའི་གཏམ་རྣམ་པ་དུ་མ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཤཱ་རིའི་བུ་དང་། ད་གལ་ཡ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་དད་དམ། བཅོམ་ལྡན་འདས་ཀྱང་ཁྱོད་ཀྱིས་བསྙེན་བཀུར་བྱ་བར་དགྱེས་ཏེ། དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན་ཁྱོད་ལ་ཕན་པའི་དོན་ཆེར་འགྱུར་རོ། །བཙུན་པ་ཤཱ་རིའི་བུ་བདག་ནི་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་མི་དད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་བསྒྲུབ་པར་དཀའ་བཟོད་པར་དཀའོ། །འདི་ལྟ་སྟེ་མེ་འབར་བ་ནི་བསྒྲུབ་པར་ཡང་དཀའ། བཟོད་པར་ཡང་དཀའ་བ་ཡིན་ཏེ་དེ་ལྟར་དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་བསྒྲུབ་པར་དཀའ་བས་ན། བདག་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་པར་མི་དད་དོ། །དེ་ནས་ཚེ་དང་ལྡན་པ་ད་གལ་ཡ་ནའི་བུ་ཆེན་པོས་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །ཀུན་དགའ་བོ་ཁྱོད་ལ་བཅོམ་ལྡན་འདས་དགོངས་ཤིང་དགྱེས་པ་ནི་འདི་ལྟ་སྟེ། ཁང་བུ་བརྩེགས་པའི་ཤར་ཕྱོགས་ཀྱི་སྐར་ཁུང་ནས་ཉི་མའི་འོད་ཟེར་བྱུང་ནས་ནུབ་ཕྱོགས་ཀྱི་རྩིག་ངོས་ན་ཤར་ཅིང་ལྷན་པ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཐུགས་ཀྱང་ཀུན་དགའ་བོ་ཁྱོད་ཀྱིས་བསྙེན་བཀུར་བྱ་བར་དགྱེས་ཀྱི་དད་པར་གྱིས་ཤིག།དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བྱས་ན། ཁྱོད་ལ་ཕན་པའི་དོན་ཆེར་འགྱུར་རོ་ཞེས་སྨྲས་སོ། །བཙུན་པ་ད་གལ་ཡ་ན་ཆེན་པོ་ཅི་སྟེ་བདག་ལ་བཅོམ་ལྡན་འདས་ཀྱིས་འདོད་པ་འདི་གསུམ་


DKG074_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ན་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱ་བར་འདོད་དོ། །འདི་ལྟ་སྟེ་བཅོམ་ལྡན་འདས་མི་གསོལ་བའི་ན་བཟའ་བདག་ལ་འཚལ་དུ་མི་སྩལ་བ་དང་། བཅོམ་ལྡན་འདས་ཀྱིས་མི་གསོལ་བའི་བཤོས་ཀྱི་ལྷག་མ་བདག་མི་འཚལ་བ་དང་། བདག་དུས་མ་མཆིས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིར་གནང་བར་བགྱིས་ན་ནི། བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པར་དད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ད་གལ་ཡ་ན་ཆེན་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་བསྙེན་བཀུར་བྱེད་པར་འདོད་པར་བྱས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱི་བར་ཚེ་དང་ལྡན་པ་ཀུན་དགའ་བོ་དད་པར་བགྱིས་ན། བཅོམ་ལྡན་འདས་བདག་ལ་འདོད་པ་འདི་གསུམ་གནང་ན། གདོད་བདག་གིས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིད་པར་དད་དོ་ཞེས་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ལེགས་སོ། །ད་གལ་ཡ་ནའི་བུ་དགེ་སློང་ཀུན་དགའ་བོ་དེ་ནི་མཁས་པ་ཅན་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་སྨད་པའི་ཚིག་དང་རྗེས་སུ་སྨད་པའི་ཚིག་གིས་ཆོས་ཀྱི་ཕྱིར་བྱུང་བར་མཐོང་བས་ན། བདག་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་འདི་སྐད་དུ་དགེ་སློང་ཀུན་དགའ་བོ་ནི་གོས་དང་ཟས་ཀྱི་ཕྱིར་སྟོན་པ་ལ་བསྙེན་བཀུར་བྱེད་དོ་ཞེས་སྨྲ་བར་མི་འགྱུར་བའི་ཕྱིར། །ད་གལ་གྱི་བུ་དེ་ནི་དགེ་སློང་ཀུན་དགའ་བོ་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །དགེ་སློང་ཀུན་དགའ་བོ་དེ་ནི་མཁས་པ་ཅན་ཏེ། དུས་ཤེས་ཤིང་དུས་རིག་པ་ལགས་ཏེ། དུས་ཤེས་པར་འགྱུར་བ་ནི་བཅོམ་ལྡན་འདས་ལ་འཁོར་རྣམ་བཞི་ལྟ་བར་འགྲོ་བའི་དུས་ལ་བབ་པ་དང་། དུས་ལ་མ་བབ་པ་དང་། གཞན་ཡང་མུ་སྟེགས་ཅན་ཀུན་ཏུ་རྒྱུ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འགྲོ་བའི་དུས་ལ་བབ་པ་དང་། དུས་ལ་མ་བབ་པ་དང་། གཞན་ཡང་མུ་སྟེགས་ཅན་ཀུན་ཏུ་རྒྱུ་འདི་དག་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ལན་ལྡོན་པར་སྤོབས་སོ། །འདི་དག་ནི་ལན་ལྡོན་པར་མི་སྤོབས་སོ། །བཅའ་བ་དང་བཟའ་བ་འདི་ནི་


DKG074_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་བདེ་ཞིང་བསོད་པར་འགྱུར། འདི་ནི་བདེ་ཞིང་བསོད་པར་མི་འགྱུར་བར་ཤེས་པའི་ཕྱིར་ད་གལ་གྱི་བུ་དགེ་སློང་ཀུན་དགའ་བོ་འདི་ནི་ངོ་མཚར་རྨད་དུ་བྱུང་བའི་ཆོས་སོ། །དེ་ནས་ཤཱ་རིའི་བུ་དང་། ད་གལ་གྱི་བུ་གཉིས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་པར་བྱས་ནས་དད་པར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཀུན་དགའ་བོ་ནི་མཁས་པ་ཅན་ཏེ། དུས་ཤེས་ཤིང་དུས་རིག་གོ་ཞེས་བསྔགས་པས་དགེ་སློང་རྣམས་ཐེ་ཙོམ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་ཀུན་དགའ་བོ་འདི་ཅིའི་རྒྱུ་ཅིའི་རྐྱེན་གྱིས། དུས་ཚོད་ལ་མཁས་པར་གྱུར། བཅོམ་ལྡན་འདས་ཀྱིས་ཤཱ་རིའི་བུ་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་པའི་ཕ་རོལ་ཏུ་རྒྱལ་པོ་ཆེན་པོ་འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་པ་ཞིག་བྱུང་ངོ་། །དེའི་ཚེ་གྲོང་ཁྱེར་བ་རུ་ཏེ་ཞེས་བྱ་བ་ན་བྲམ་ཟེ་་གྲོ་་ཅེས་བྱ་བ་ཞིག་ཡོད་དེ། མཁས་པ་རིག་པ་དང་ལྡན་པ་དང་སྨན་དང་གཙུག་ལག་དང་། སྐར་མ་ལ་མཁས་པ་ཞིག་པས། རྒྱལ་པོ་དེའི་སྟོན་པ་བྱེད་དེ་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱང་དེ་ལ་རྒྱལ་པོ་ཆེན་པོ་དང་འདྲ་བར་བསྙེན་བཀུར་བྱེད་དེ་བསྒོ་བའི་ཚིག་ཀྱང་ཉན་ཏོ། །བྲམ་ཟེ་དེ་ཕྱུག་ཁྱད་ཀྱང་རྣམ་ཐོས་ཀྱི་བུ་དང་འགྲན་ཏེ། དེ་ལ་བུ་མེད་པས་རྟག་ཏུ་མི་དགའ་སྟེ། སེམས་ཁོངས་སུ་ཆུད་ཅིང་འདུག་པ་ལས་ཇི་ལྟར་བྱས་ན་བུ་ཡོད་པར་འགྱུར་ཞེས་ཚངས་པ་དང་། བརྒྱ་བྱིན་དང་། དབང་ཕྱུག་དང་། ཉི་ཟླ་དང་། སྐར་མ་དང་། རི་དང་། ཆུ་དང་། ནགས་ཀྱི་ལྷ་ཀུན་ལ་མཆོད་ཅིང་བརྗོད་དོ། །ལོ་བཅུ་གཉིས་ལོན་ནས་ཆུང་མ་ཆེན་མོ་སེམས་ཅན་དང་ལྡན་པར་གྱུར་ཏོ། །བུད་མེད་མཁས་པ་དག་ནི་སེམས་ཅན་དང་ལྡན་མ་ཐག་ཏུ་བུ་ཁྱེའུ་འམ་བུ་མོ་ཡིན་པར་ངེས་པར་རྟོགས་པས། དེ་ཡང་ཁྱེའུ་ཡིན་པར་ཤེས་པས་བྲམ་ཟེ་ལ་གཏམ་སྨྲས་སོ། །བྲམ་ཟེས་དེ་སྐད་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ་ཆུང་མའི་རིམ་གྲོ་ལྷག་པར་ཆེས་བསྐྱེད་དོ། །དེ་ནས་ཟླ་བ་དགུ་ཚང་ནས་བུ་ཁྱེའུ་ཞིག་བཙས་ནས། གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་དུ་འདུག་པ་བཟང་བ། མཛེས་པ། མཚན་


DKG074_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཞིག་གོ །དེ་ནས་བཙས་སྟོན་བྱས་ནས་མཚན་མཁན་བཀུག་སྟེ་མཚན་ལ་བལྟས་ནས་མིང་སྦྱིན་པ་ཆེན་པོ་ཞེས་བྱ་བར་བཏགས་སོ། །ཁྱེའུ་དེ་ནི་རིམ་གྱིས་ཆེར་སྐྱེས་ནས་དབྱར་དགུན་དང་། སྟོན་དཔྱིད་ཀྱི་གནས་ཀྱང་སོ་སོར་བྱས་ཏེ། ལོངས་སྤྱོད་བྱེད་དུ་བཅུག་གོ །ཁྱེའུ་དེ་ཡང་ཡིད་གཞུངས་ཤིང་མཁས་པའི་བློ་དང་ལྡན་པ་ཞིག་པས་རིག་བྱེད་དང་གཙུག་ལག་རྣམ་པ་བཅྭ་བརྒྱད་ལ་སོགས་ཏེ། སྒྱུ་རྩལ་གང་ཡང་མི་ཤེས་པ་མེད་དོ། །ཕྱིས་སྦྱིན་པ་ཆེན་པོས་ཕ་མ་ལ་གསོལ་པ། བདག་ཕྱི་རོལ་ཏུ་འཆག་ཅིང་ལྟད་མོ་བལྟར་འགྲོའོ་ཞེས་བྱས་པ་དང་། དེའི་ཕ་མས་ཀྱང་བུ་འཆག་ཏུ་འགྲོའོ། །ཞེས་ལམ་སྲང་ཕྱག་དར་བྱེད་དུ་བཅུག་སྟེ། རྒྱལ་མཚན་དང་བ་དན་བསྒྲེང་ནས་མེ་ཏོག་གིས་གཏོར་ཏེ། བདུག་སྤོས་ཀྱི་བདུག་པ་ལ་སོགས་པ་ཡོ་བྱད་མང་པོ་བཤམས་ནས། སྦྱིན་པ་ཆེན་པོ་གླང་པོ་ཆེ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ལ་བསྐྱོན་ཏེ། དྲིལ་བསྒྲགས། རྔ་བརྡུངས། རོལ་མོ་དང་སིལ་སྙན་དཀྲོལ་ཏེ། འཁོར་བརྒྱ་སྟོང་སྙེད་ཀྱིས་བསྐོར་ནས། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་དོང་ངོ་། །ཡུལ་མི་ཐམས་ཅད་ཀྱིས་ལམ་གྱི་གཡས་གཡོན་དུ་ཁང་བུ་བརྩེགས་པའི་སྟེང་ནས། མིག་མི་འཛུམས་པར་བལྟ་ཞིང་འདིའི་བྱིན་དང་གཟི་བརྗིད་ནི་ཚངས་པ་དང་འདྲའོ་ཞེས་བསྒྲགས་སོ། །དེ་ནས་སོང་སོང་བ་ལས་མུ་ལྟོ་བ་དག་གོས་ཧྲུལ་པོ་གྱོན་ཞིང་སྣོད་ཆག་པ་དག་ཐོགས་ཏེ་ཅུང་ཟད་བསླང་ངོ་ཞེས་འབོད་པ་སྦྱིན་པ་ཆེན་པོས་ཐོས་ནས། དེ་དག་ལ་ཁྱོད་ཅིའི་ཕྱིར་འདི་ལྟར་ཉོན་མོངས་ཤིང་སྡུག་ཅེས་དྲིས་སོ། །དེ་ལ་ཁ་ཅིག་ནི་འདི་སྐད་དུ་བདག་ཅག་ལ་ཕ་མ་དང་། ཕུ་ནུ་དང་བུ་སྨད་དང་གཉེན་བཤེས་མ་མཆིས་པས་སྡུག་གོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི་བདག་ཡུན་རིང་དུ་ནད་ཀྱིས་བཏབ་པས་མི་སོས་ཏེ་སྡུག་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི་བདག་བག་མ་བྱས་པས་ཆོམ་པོས་བཅོམ་སྟེ། ཅི་ཡང་མི་བདོག་པས་སློང་མོ་བྱེད་དོ་ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་སྐད་སྨྲས་པ་ཐོས་ནས་མཆི་མ་དཀྲུགས་ཏེ་སོང་ངོ་། །དེ་ནས་ཡང་ཕ་ཟད་ཅིག་ན་ཤན་པ་དག་སྲོག་ཆགས་བསད་ནས་པགས་པ་བཤུ་བ་དང་། དམྱལ་གཏུབ་པ་དག་མཐོང་ངོ་། །སྦྱིན་


DKG074_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོས་ཨེ་མ་ཧོ་འདི་དག་ཅི་བྱེད་དྲིས་ན། བདག་ཅག་ནི་ཕ་མེས་རྒྱུད་ཀྱི་འདི་འདྲ་བའི་གསོད་པའི་ལས་བྱེད་དེ། འདི་མ་བྱས་ན་མི་འཚོའོ་ཞེས་ཟེར་རོ། །དེ་ལ་སྦྱིན་པ་ཆེན་པོ་ངོ་མཚར་དུ་གྱུར་ནས། ལྟ་མི་ཕོད་པར་སོང་ངོ་། །དེ་ནས་ཕ་ཟད་དུ་ཕྱིན་པ་དང་། ཞིང་པ་དག་ཅིག་ཞིང་རྨོས་ཏེ། ཞིང་རྨོས་པའི་ཤུལ་དུ་སྲིན་བུ་མང་དུ་བྱུང་བ་ལས་བྱ་མང་པོས་འབུ་དག་ཐུ་ཞིང་ཟ་བ་མཐོང་བ་དང་དེ་དག་ལ་ཅི་བྱེད་ཅེས་དྲིས་ན་བདག་ཅག་ནི་ཞིང་རྨོས་ཏེ་ས་རློགས་པའི་ཤུལ་དུ་ས་བོན་བཏབ་ནས་ཕྱིས་མང་དུ་སྐྱེས་ཏེ། དེས་མང་དུ་འཚོ་ཞིང་རྒྱལ་པོའི་ཕྱིར་ཡང་འབུལ་ལོ་ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་ལ་ཡང་ངོ་མཚར་དུ་གྱུར་ནས། ཕ་ཟད་སོང་བ་དང་། རྔོན་པ་དག་བྱ་རྒྱ་དྲེས་པ་དང་། རྙི་བཙུགས་ནས། བྱ་རྣམས་བཤོར་བ་དང་སེམས་ཅན་དག་བྱ་རྒྱ་དང་རྙིས་ཟིན་ནས་ལུས་བརྡབས་ཤིང་འཐེན་ཀྱང་མ་ཤོར་ཏེ་སྙིང་རྗེའི་སྐད་ཕྱུང་སྟེ་ཤིན་ཏུ་འཇིགས་སྐྲག་པ་དག་མཐོང་ནས། ཁྱོད་ཅི་བྱེད་ཅེས་དྲིས་ན་བདག་ཅག་ཀྱང་རྒྱུད་ཀྱི་འདི་འདྲ་བ་གསོད་པའི་ལས་བྱེད་པས་འཚོའོ་ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་སྐད་སྨྲས་པ་ཐོས་ནས། ཤིན་ཏུ་ཡི་མུག་སྟེ། ཡང་ཕ་ཟད་སོང་བ་དང་། ཉ་པ་དག་ཉ་རྒྱ་བཙུགས་པ་དང་མང་དུ་ཟིན་ཏེ། ཐང་ལ་ཕུང་པོར་སྤུངས་ནས་ད་དུང་ཡང་འགུལ་བ་དག་མཐོང་ནས། འདི་དག་ཅི་བྱེད་ཅེས་དྲིས་ན། བདག་ཅག་རྒྱུད་ཀྱིས་ལས་གཞན་མེད་དོ། །འདི་ལྟར་ཉ་བཤོར་ཞིང་འཚོའོ་ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་འདི་ལྟ་བུ་དག་མཐོང་ནས་འདི་སྙམ་དུ་བསམས་སོ། །སེམས་ཅན་འདི་དག་ནི་དབུལ་ཞིང་ཕོངས་པས་བགོ་བ་དང་། བཟའ་བའི་ཕྱིར་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་གསོད་པ་ལ་སོགས་པ་བྱེད་དེ། འདི་དག་ནི་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ་མུན་པ་ནས་མུན་པར་འགྲོ་ཞིང་ཐར་པའི་དུས་མེད་དོ་སྙམ་བསམས་ནས། ཕྱིར་ཁྱིམ་དུ་འོངས་ཏེ་ཉིན་མཚན་དུ་དེ་སེམས་ཤིང་མི་དགའ་ནས་ཕའི་དྲུང་དུ་སོང་སྟེ། ཕ་ལ་བདག་གསོལ་པ་ཞིག་མཆིས་ཀྱིས་གནོང་ཤིག་ཅེས་སྨྲས་སོ། །ཕས་ཀྱང་བུ་ཁྱོད་ཅི་ཟེར་སྨྲས་པ་བཞིན་དུ་བྱའོ་ཞེས་སྨྲས་སོ། །ཡབ་བདག་སྔོན་ཕྱི་རོལ་ཏུ་འཆག་ཏུ་མཆི་མཆི་བ་ལས། མི་མང་པོས་གོས་དང་ཟས་


DKG074_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱིར་ཐམས་ཅད་ཉོན་མོངས་ཏེ། གཅིག་ལ་གཅིག་གསོད་པ་དང་། བརྫུན་དང་དབང་ཟ་བ་དང་མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བགྱིད་པ་མཐོང་ནས་དེ་དག་ལ་སྦྱིན་པ་བགྱིད་པར་བསམས་ཀྱིས། ཡབ་ཀྱི་བང་མཛོད་ཆེན་པོ་ལས་ཕོངས་པ་དག་གི་ཕྱིར་ཡིད་བཞིན་དུ་སྦྱོར་དུ་གནོང་ཤིག།ཕས་སྨྲས་པ་བང་མཛོད་དང་རིན་པོ་ཆེ་མང་དུ་བསགས་པ་ཐམས་ཅད་ཁྱོད་ཀྱི་ཕྱིར་བྱས་པར་ཟད་ན་ཅིའི་ཕྱིར་ཁྱོད་ཟེར་བ་ནི་མི་ཉན་ཞེས་སྨྲས་སོ། །དེ་ནས་སྦྱིན་པ་ཆེན་པོས་ཕས་གནང་བའི་ལུང་ཐོབ་ནས། ཡུལ་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོས་སྦྱིན་གཏོང་ཆེན་པོ་བྱེད་ཀྱིས་ཐམས་ཅད་འདུས་ཤིང་ཤོག་ཤིག་ཅེས་བསྒྲགས་སོ། །དེའི་ཚེ་དགེ་སྦྱོང་དང་བྲམ་ཟེ་དབུལ་ཕོངས་པ་མགོན་མེད་པ་དང་། ནད་པ་ལ་སོགས་པ་གྲོང་ཁྱེར་གྱི་ཕྱི་རོལ་ན་ལམ་ཐོག་ཐག་གང་ངོ་། །དེ་དག་ཀྱང་དཔག་ཚད་བརྒྱ་དང་། ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དཔག་ཚད་སྟོང་གི་ལམ་ནས་འོངས། ཁ་ཅིག་ནི་དཔག་ཚད་ཉིས་སྟོང་སུམ་སྟོང་བཞི་སྟོང་ལྔ་སྟོང་ནས་དཔག་ཚད་ཁྲིའི་བར་དུ་ལྷགས་ཏེ། དེ་དག་སྤྲིན་བཞིན་དུ་འདུས་ཏེ་ཐམས་ཅད་ལ་ཡིད་བཞིན་དུ་སྦྱིན་པ་ནི་གོས་འདོད་པ་ལ་གོས། ཟས་འདོད་པ་ལ་ཟས། རིན་པོ་ཆེ་དང་། གསེར་དང་། དངུལ་དང་། ་རྱ་དང་། མུ་ས་ར་གལ་བ་དང་། བཞོན་པ་དང་། ཐེག་པ་དང་། ཁྱོགས་དང་། སྐྱེད་མོས་ཚལ་དང་། ཞིང་དང་། རྐང་འགྲོས་ལ་སོགས་ཏེ་ཡིད་བཞིན་དུ་སྦྱིན་པ་བྱས་སོ། །དེ་ལྟར་སྦྱིན་པ་སྦྱིན་པ་ལ་ཞུགས་ཏེ། ཡུན་རིང་ཞིག་ལོན་པ་དང་བང་མཛོད་སུམ་ཆ་ཞིག་ཟད་པ་དང་། བང་མཛོད་སྲུང་མིས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །སྲས་ཀྱིས་བང་མཛོད་ནས་སྦྱིན་པ་བྱས་པས། སུམ་ཆ་གཅིག་ནི་ཟད། སུམ་ཆ་གཉིས་ལས་མ་ལུས་ན། ཕན་ཚུན་དུ་འདྲུལ་བའི་སྐྱེས་དང་ཚོང་ཟོང་ཅི་ལས་བགྱིད་པ་དགོངས་ཤིག་ཅེས་སྨྲས་སོ། །ཁོ་བོ་ནི་བུ་ལ་བྱམས་པས་ངོ་མི་བཟློགས་ཀྱིས་བང་མཛོད་སྟོངས་ཀྱང་བླའོ་ཞེས་སྨྲས་སོ། །དེ་ནས་ཡང་རིང་ཞིག་ལོན་པ་དང་། བང་མཛོད་སུམ་གཉིས་ནི་ཟད་སུམ་ཆ་ཙམ་ལུས་པ་དང་། མཛོད་སྲུང་གིས་ཡང་བྲམ་ཟེ་ལ་བང་མཛོད་


DKG074_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་གཉིས་ནི་ཟད་སུམ་ཆ་ཙམ་ལས་མ་ལུས་ན། ཕན་ཚུན་སྐྱེས་བསྐུར་བ་དང་། ཚོང་ཟོང་ཅི་ལས་བྱ་ཞེས་སྨྲས་སོ། །བྲམ་ཟེ་དེས་སྨྲས་པ། ཁོ་བོའི་བུ་སྡུག་ཆེས་པས་ངོ་མི་ཟློགས་ཏེ་སྨྲ་མི་ཕོད་དོ། །ཁྱོད་བདག་གི་ཅི་ལེགས་སུ་བྱོས་ལ་ཞིང་མི་ཁོམ་པ་ལྟར་ཐ་སྙད་ཐོགས་ཤིག།བང་མཛོད་སྲུང་གིས་བྲམ་ཟེ་ལས་ལུང་ཐོབ་ནས་མཛོད་སྒོ་བཅད་དེ། དོན་གཉེར་དུ་སོང་ངོ་། །དེ་ནས་སློང་བ་དག་སྦྱིན་པ་ཆེན་པོའི་ཐད་དུ་ལྷགས་ནས། བར་འགའ་ནི་མཛོད་སྲུང་མི་རྙེད་དེ་མཛོད་སྒོ་མི་ཕྱེད། གལ་ཏེ་མཛོད་སྲུང་འོང་ན་ཡང་ཡིད་བཞིན་དུ་མི་སྟེར་བས་སྦྱིན་པ་ཆེན་པོ་འདི་སྙམ་དུ་བསམས་སོ། །འདི་ལྟར་གྱུར་པས་འདི་ནི་བང་མཛོད་སྲུང་གིས་ཐུགས་མི་ཐུབ་པས་ཕ་མས་མན་ངག་འོང་གིས་ཡོང་ཡང་བུས་ཕ་མའི་བང་མཛོད་སྟོངས་པར་བྱ་བ་མི་རིགས་ཀྱིས། བདག་གི་ཐབས་ཅི་ཞིག་བྱས་ན། རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ། སྐྱེ་བོ་མང་པོ་ལ་ཕན་ཐོགས་པར་འགྱུར་བར་བསམས་ནས། མི་དག་ལ་འདི་སྐད་ཅེས་དྲིས་སོ། །འཇིག་རྟེན་ན་ལས་ཅི་བྱས་ན་རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ། ནོར་དབྱིག་མང་དུ་རྙེད་ཅིང་ཟད་མི་ཤེས་པར་འགྱུར་ཞེས་དྲིས་པ་དང་། ཁ་ཅིག་ནི་ཞིང་མང་པོ་རྨོས་ན་ནོར་གྱི་དབྱིག་མང་པོར་འགྱུར་ཞེས་ཟེར་རོ། །ཁ་ཅིག་ནི་རྐང་འགྲོས་སྤེལ་ནས་སྤོགས་བྱས་ན་ནོར་མང་དུ་རྙེད་དོ་ཞེས་ཟེར་རོ། །ཁ་ཅིག་ནི་ལམ་རིང་པོ་ནས་ཚོང་སྤོགས་བྱས་ན་ནོར་མང་དུ་རྙེད་དོ་ཞེས་ཟེར་རོ། །ཁ་ཅིག་ནི་རྒྱ་མཚོར་ཞུགས་ཏེ་ནོར་བུ་རིན་པོ་ཆེ་བླངས་ན་རིན་པོ་ཆེ་མང་དུ་འགྱུར་རོ་ཞེས་ཟེར་རོ། །སྦྱིན་པ་ཆེན་པོས་དེ་དག་གིས་སྨྲས་པ་ཐོས་ནས་ཞིང་རྨོ་བ་དང་། རྐང་འགྲོས་སྤེལ་བ་དང་། ལམ་རིང་པོར་ཚོང་སྤོགས་ལ་འགྲོ་བ་ནི་ངའི་ཆ་མ་ཡིན་གྱིས། རྒྱ་མཚོར་འཇུག་པ་འབའ་ཞིག་ངའི་ཆ་ཡིན་ནོ་ཞེས་སྨྲས་ནས་རྒྱ་མཚོར་འཇུག་སྙམ་བསམས་ཏེ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་རྒྱ་མཚོ་ནས་རིན་པོ་ཆེ་མང་པོ་བླངས་ཏེ། དབུལ་ཕོངས་པ་ལ་སྦྱིན་པ་ཡིད་བཞིན་དུ་བྱའོ། །བདག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་མཆིར་གནོང་ཤིག་ཅེས་སྨྲས་སོ། །དེའི་ཕ་མས་དེ་སྐད་སྨྲས་པ་ཐོས་ནས་འཁམས་ཏེ། བུ་ལ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དབུལ་


DKG074_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་པ་ནི་བློ་མེད་དེ། ལུས་སྲོག་དང་བསྡོས་ནས་འགྲོ་བར་བྱེད་དེ། ཁྱོད་ཅིས་ཕོངས་ན་དེ་ལྟར་སེམས་ཁྱོད་སྦྱིན་པ་བྱིན་འདོད་ན་ཁྱིམ་ན་ཡོད་པའི་ནོར་ཐམས་ཅད་སྦྱིན་པར་བྱོས་ཤིག།རྒྱ་མཚོར་འགྲོར་མི་རུང་སྟེ། རྒྱ་མཚོའི་ནང་ན་ཆུ་རླབས་དབའ་ཀློང་འཁྱིལ་བ་དང་། ཆུ་སྲིན་དང་། ཀླུ་གདུག་པ་དང་། སྲིན་མོ་དང་། རི་ཆུའི་མདོག་ཅན་ལ་སོགས་ཏེ། ཤིན་ཏུ་ཡང་བའི་གཤེད་མ་མང་དུ་ཡོད་པས་ཐར་བར་དཀའ་ན། ཁྱོད་ཅིས་ཕོངས་ན་སྲོག་དང་བསྡོ་བར་བྱེད། འདི་ལ་ནི་ཉན་པ་མེད་ཀྱིས་མ་སེམས་པར་འདུག་ཅིག་ཅེས་བསྒོའོ། །སྦྱིན་པ་ཆེན་པོས་དེ་སྐད་ཅེས་བསྒོ་བ་ཐོས་ནས་བསམས་པ་བཞིན་དུ་མ་གྲུབ་པས་ཡི་དམ་བཅས་སོ། །བསམས་པ་འདི་མ་གྲུབ་ཀྱི་བར་དུ་ཕ་མའི་མདུན་དུ་ས་ལ་ཁ་སྦུབ་ཏུ་ཉལ་ཏེ་ཕྱིར་མི་ལྡང་ངོ་སྙམ་བསམས་ཏེ། ཡབ་ཡུམ་གྱིས་མཁྱེན་པར་མཛོད་ཅིག།བདག་ནི་བསམས་པ་བཞིན་དུ་མ་གྲུབ་ཀྱི་བར་དུ་ཁ་སྦུབ་ཏུ་ཉལ་བ་འདི་ལས་མི་ལྡང་ངོ་ཞེས་སྨྲས་སོ། །དེ་ནས་ཕ་མ་མི་དགའ་སྟེ། གཉེན་བཤེས་དང་བགྲོས་ནས་རྒྱ་མཚོའི་ནང་དུ་གཤེད་མ་ཡང་མང་དུ་ཡོད་པའི་གཏམ་ཡང་བྱས། བདག་ཀྱང་རྨོངས་པ་ལས་ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ཀུན་ལ་མཆོད་དོ། །ཁྱོད་ལྷ་ཞིག།ངའི་བུར་སྐྱེས་ན་ངེད་མ་བོར་བར་ཟན་ཟོ་ཤིག།ཅེས་ཞག་གཅིག་ཞག་གཉིས་ནས་ཞག་དྲུག་གི་བར་དུ་ཚིག་རྣམ་པ་སྣ་ཚོགས་ཀྱི་གྲོས་བཏབ་ཀྱང་མ་ཉན་ཏེ། སྔར་ཅི་སྐད་སྨྲས་པ་ལས་མ་ཟློགས་སོ། །ཕ་མ་སྐྲག་ནས་ཡང་འདི་སྐད་ཅེས་སྨྲས་སོ། །བདག་གི་བུ་འདི་ཐོག་མ་བཙས་ནས་དེ་ཙམ་གྱི་བར་དུ་བརྩམ་པར་བྱ་བ་མཐར་མ་གྲུབ་ཀྱི་བར་དུ་མི་གཏོང་བས་རྒྱ་མཚོར་བཏང་ན་བརྒྱལ་ཕྱིར་ལོག་ཀྱང་སྲིད་ཀྱི་མ་བཏང་ན་ཞག་བདུན་ལོན་ནས་འཕྲལ་དུ་བྱེ་བྲག་ཕྱེ་སྟེ། ད་ནི་བཏང་དགོས་སོ་སྙམ་ནས་བུའི་དྲུང་དུ་སོང་སྟེ་ལག་པ་ནས་བཟུང་སྟེ། བུ་ལོངས་ལ་ཟན་ཟོ་ཤིག་ཡིད་བཞིན་དུ་འགྲོ་བར་གནང་ངོ་ཞེས་སྨྲས་པ་དང་སྦྱིན་པ་ཆེན་པོ་ཡང་ལངས་ཏེ་བཟའ་བ་ཟོས་བཏུང་བ་འཐུངས་སོ། །དེ་ནས་ཕྱི་རོལ་ཏུ་བྱུང་སྟེ་མི་མང་པོ་ལ་ཁོ་བོ་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོའོ། །ཁྱོད་སུ་འགྲོ་དགའ་བ་རྣམས་ཀྱང་འགྲོགས་ཏེ་འདོང་གིས་དེད་དཔོན་ཀྱང་ཁོ་བོས་བྱས་


DKG074_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཡོ་བྱད་ཀྱང་ཁོ་བོས་སྦྱར་རོ་ཞེས་བསྒྲགས་སོ། །དེའི་ཚེ་ན་མི་ལྔ་བརྒྱ་ཙམ་ཡང་འགྲོ་བར་ཁས་བླངས་ནས་སོ་སོ་ནས་ཡོ་བྱད་སྦྱར་ཏེ། ནམ་འགྲོ་བའི་དུས་ཀྱང་བྱས་ནས། དུས་བཞིན་དུ་ལམ་དུ་ཞུགས་ཏེ་ཆས་སོ། །ལམ་དུ་འཇུག་པའི་ཚེ་ཁྱེའུའི་ཕ་མ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ལ་སོགས་ཏེ་ཡུལ་མི་ཐམས་ཅད་ཀྱིས་ཀྱང་བསྐྱལ་ནས་རྫོངས་བཏབ་པོ། །ཕ་མ་ཡང་ངུས་ཏེ་ཕྱི་ཕྱག་བྱས་ནས་ཞག་དུ་མའི་ལམ་འདས་པ་དང་། འབྲོག་ས་སྟོང་དུ་ཕྱིན་ཏེ་ནུབ་མོའི་དགོངས་ལམ་དུ་མི་རྒོད་ཀྱིས་བཅོམ་སྟེ། ནོར་རྫས་ཀུན་ཕྲོགས་སོ། དེ་ནས་སོང་སོང་བ་ལས་གྲོང་ཁྱེར་ང་ཤུ་པར་ཞེས་བྱ་བར་ཕྱིན་ནས་གྲོང་ཁྱེར་དེ་ན་བྲམ་ཟེ་ཀ་པྱི་ལི་ཞེས་བྱ་བ་དང་ཕྲད་དེ། བྲམ་ཟེ་དེའི་ཁྱིམ་དུ་སོང་ནས་བྲམ་ཟེ་དེ་ལས་སྦྱིན་པ་ཆེན་པོས་གསེར་སྲང་སུམ་སྟོང་བསླང་བར་བྱས་སོ། །དེའི་ཚེ་ན་བྲམ་ཟེ་དེ་ལ་བུ་མོ་གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་གར་འདུག་པ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱི་རྒྱལ་བུ་ཐམས་ཅད་ཀྱིས་བསླངས་ན་ཡང་མ་སྟེར་བ་ཅིག་ཡོད་དོ། །དེའི་ཚེ་ན་སྦྱིན་པ་ཆེན་པོ་བྲམ་ཟེ་དེའི་སྒོར་སོང་སྟེ། བྲམ་ཟེ་ཀ་པྱི་ལི་འདུག་གམ་ཞེས་དྲིས་པའི་ཚེ། བུ་མོས་ཁྱིམ་གྱི་ནང་ནས་སྦྱིན་པ་ཆེན་པོའི་སྐད་ཐོས་པ་ཙམ་གྱིས། ཕྱི་སྒོ་ན་སྐད་གྲག་པ་འདི་ཁོ་མོའི་ཁྱིམ་ཐབ་ཡིན་ནོ། །ཞེས་ཕ་མ་ལ་སྨྲས་སོ། །དེ་ནས་བྲམ་ཟེ་སྒོར་བྱུང་ནས་ཕྲད་པ་དང་། ཁྱེའུ་དེ་ལ་འདི་ནི་ངེས་པར་གཞན་པས་འཕགས་སོ་སྙམ་བསམས་སོ། །ཁྱེའུ་དེས་གསེར་བསླངས་པ་དང་། བྲམ་ཟེས་ཀྱང་སྦྱིན་པར་གནང་ནས་ལག་པ་ཡ་གཅིག་ཏུ་གསེར་ཐོགས་ལག་པ་ཡ་གཅིག་ཏུ་ནི་བུ་མོ་ཁྲིད་དེ། བུ་མོ་འདི་ཡང་ཁྱེད་ཀྱི་ཆུང་མར་སྦྱིན་གྱིས་ལོང་ཤིག་ཅེས་སྨྲས་པ་དང་། སྦྱིན་པ་ཆེན་པོས་སྨྲས་པ། བདག་ནི་རྒྱ་མཚོ་ཆེན་པོར་རིན་པོ་ཆེ་ལེན་དུ་འགྲོ་སྟེ། རྒྱ་མཚོའི་ནང་ན་བགེགས་ཤིན་ཏུ་མང་བས་ཁོ་བོ་འཁོར་ཏམ་མི་འཁོར་གཏོལ་མེད་དེ། ཁྱེད་ཀྱི་བུ་མོ་ཆུང་མར་ལེན་པའི་ཐུགས་མི་ཐུབ་པོ། །བྲམ་ཟེས་སྨྲས་པ། ཁྱོད་བདེ་བར་འཁོར་ན་བུ་མོ་འདི་ཆུང་མར་ལོང་ཤིག་ཅེས་སྨྲས་པ་དང་། སྦྱིན་པ་ཆེན་པོས་ཀྱང་འཁོར་ན་དེ་བཞིན་བགྱིའོ་ཞེས་སྨྲས་སོ། །དེ་ནས་བྲམ་


DKG074_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཟེས་ཀྱང་གསེར་སྲང་སུམ་སྟོང་དང་གཞན་ཡང་ཡོ་བྱད་ཅི་དགོས་པ་ཀུན་སྦྱར་ཏེ། དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ཏོ། །དེ་ནས་གྲུ་བཅོས་ཏེ་གྲུའི་ནང་དུ་ཞུགས་ནས་དེ་ནས་ཐག་པ་བདུན་གྱིས་བརྟོད་དེ། གྲུའི་ནང་ནས་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོའི་ནང་ན་བགེགས་འདི་དག་ཡོད་དེ། འདི་ལྟ་སྟེ་རླུང་ནག་པོ་དང་སྲིན་པོ་དང་། ཆུའི་དབའ་རླབས་འཁྱིལ་བ་དང་། ཀླུ་གདུག་པ་དང་། ཆུའི་མདོག་ལྟ་བུའི་རི་དང་། ཆུ་སྲིན་ལ་སོགས་པའི་བགེགས་ཀྱང་ཡ་ང་བ་མང་དུ་ཡོད་ཀྱིས་ཁྱེད་འགྲོར་མི་དད་པ་ཞིག་ཡོད་ན་འདི་ནས་ཕྱིར་ལོག་ཤིག་ཕྱིས་འགྱོད་པར་གྱུར་ཏ་རེ་གལ་ཏེ་ལུས་དང་སྲོག་ལ་མི་ལྟ་སྟེ། ཕ་མ་དང་། ཆུང་མ་དང་། ཕུ་ནུ་དང་། གཉེན་བཤེས་ལ་མ་ཆགས་ན་འདོང་ངོ་། །གལ་ཏེ་བདེ་བར་ཕྱིན་ན་རིན་པོ་ཆེ་སྣ་བདུན་གྱིས་བུ་ཚ་རབས་བདུན་ཚུན་ཅད་ཕྱུག་པར་འགྱུར་ཏེ། ལོངས་སྤྱོད་ཟད་མི་ཤེས་པར་འགྱུར་རོ། །ཞེས་སྨྲས་ནས་ཐག་པ་གཅིག་བཅད་དོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུ་ཉིན་རེ་ལན་རེ་དེ་སྐད་སྨྲས་ནས། རྟོད་ཐག་རེ་རེ་བཅད་དེ་རླུང་དང་སྦྱར་ཏེ། གཡོར་ཤིང་བསྒྲེང་བས་མགྱོགས་ཁྱད་མདའ་བཞིན་སོང་ངོ་། །དེ་ནས་ཚོང་པ་དག་རིན་པོ་ཆེའི་གླིང་དུ་ཕྱིན་ནས། སྦྱིན་པ་ཆེན་པོས་མང་དུ་ཐོས་པས་རིན་པོ་ཆེ་བརྟག་པ་ལ་ཤིན་ཏུ་མཁས་པས་རིན་པོ་ཆེ་བཟང་ངན་དང་། ལྔི་ཡང་དང་ཅི་ཙམ་རི་བའི་རིན་ཐང་ཚུན་ཅད་ཚོང་པ་རྣམས་ལ་བསྟན་ནས། རིན་པོ་ཆེ་ཁ་དོག་འདི་ལྟ་བུ་ནི་ཡང་མོད་ཀྱིས་རིན་ཆེའོ། །རིན་པོ་ཆེ་འདི་ལྟ་བུ་ནི་ལྔི་ཡང་རིན་ཆུང་གིས་མ་ལེན་ཤིག།ཧ་ཅང་མང་ཆེས་ན་ཡང་གྲུ་ལྔི་བས་འབྱིང་ངོ་། །ཧ་ཅང་ཉུང་ཆེས་ན་ཡང་ཉོན་མོངས་ཏེ་སོང་སོང་བའི་དོན་མེད་པས་འདི་ཙམ་ནི་རན་ནོ་ཞེས་བྱ་བ་ལ་སོགས་པའི་ཚོད་ཀྱང་བསྟན་ནས་རིན་པོ་ཆེ་གྲུར་བརྫངས་ཏེ་ཅི་ལ་ཡང་མ་རེག་ནས་ད་ཕྱིར་འདོང་ངོ་ཞེས་ཆས་པ་དང་། སྦྱིན་པ་ཆེན་པོ་གྲུའི་ནང་དུ་ཞུགས་སུ་མ་བཏུབ་ནས། ཚོང་པ་རྣམས་ལ་ཁོ་བོ་ནི་ཀླུའི་རྒྱལ་པོའི་ཕོ་བྲང་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་མ་ཐོབ་ཀྱི་བར་དུ་ཕྱིར་མི་ལོག་གོ་ཞེས་སྨྲས་སོ། །དེ་ནས་ཚོང་པ་རྣམས་ངུས་ནས་མྱ་ངན་གྱིས་ཡི་མུག་ནས་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཚོང་པ་རྣམས་ནི་སྐྱེས་བུ་དེད་དཔོན་


DKG074_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་གཡོག་ཏུ་འོངས་ཏེ། ད་ཁྱོད་ཀྱིས་འདིར་བོར་ཏེ་མི་འགྲོ་ན་བདག་ཅག་ཀྱང་ཕྱིར་ཁྱིམ་དུ་མི་ཕྱིན་ཏེ། ཐམས་ཅད་འཁྱམ་པར་འགྱུར་རོ། །སྦྱིན་པ་ཆེན་པོས་སྨྲས་པ། ཚོང་པ་ཁྱོད་མ་ཉེས་པར་ཁོ་བོས་ཡུལ་དུ་ཕྱིན་པའི་སྨོན་ལམ་བཏབ་བོ་ཞེས་པོག་ཕོར་ལག་ཏུ་བླངས་ཏེ། ཕྱོགས་བཞིར་མཆོད་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་རིན་པོ་ཆེ་བླངས་ཏེ། སེམས་ཅན་ཕོངས་པ་ལ་ཕན་གདགས་པར་མ་ཟད་ཀྱིས། དེ་ལྟར་སྦྱིན་པ་བྱེད་པའི་བསོད་ནམས་དེས་སངས་རྒྱས་སུ་འགྲུབ་པའི་ཕྱིར་རོ། །བདག་གིས་སྨྲས་པ་འདི་བདེན་ཏེ་སྨོན་ལམ་བཞིན་དུ་འགྲུབ་ན་ཚོང་པ་འདི་དག་རིན་པོ་ཆེ་དང་བཅས་སུ་ཉེ་ཞོ་མེད་པར་འཛམ་བུའི་གླིང་དུ་བདེ་བར་ཕྱིན་པར་ཤོག་ཤིག།ཅེས་སྨོན་ལམ་བཏབ་ནས་ཐག་པ་བཅད་དེ་གཡོར་ཤིང་བསྒྲེང་ནས་ཕྱིར་འཛམ་བུའི་གླིང་དུ་བདེ་བར་སོང་ངོ་། །དེ་དག་སོང་བའི་འོག་ཏུ་སྦྱིན་པ་ཆེན་པོ་ཆུར་ཞུགས་ཏེ་སོང་བ་ལས་ཞག་བདུན་གྱི་བར་དུ་པུས་མོ་ཙམ་ལས་མ་ནུབ་བོ། །དེ་ནས་ཡང་ཞག་བདུན་གྱི་བར་དུ་བརླ་དྲུང་ཙམ་ལས་མ་ནུབ་བོ། །དེ་ནས་ཡང་ཞག་བདུན་སོང་བ་ལས་རྐེད་པ་ཙམ་ལས་མ་ནུབ་བོ་ཞག་བདུན་གྱི་བར་དུ་ཕྲག་པ་ཙམ་དུ་ཕྱིན་ཏོ་དེ་ནས་ཞག་བདུན་གྱི་བར་དུ་ནི་རྐྱལ་ལོ། །དེ་ནས་རི་ཞིག་གི་དྲུང་དུ་ཕྱིན་པ་དང་། ཤིང་ལ་འཇུས་ཏེ་རི་ལ་འཛེགས་ནས། ཞག་བདུན་གྱིས་རིའི་རྩེ་མོར་ཕྱིན་ཏོ། །རིའི་རྩེ་མོར་ཞག་བདུན་སོང་སོང་ནས་ཡང་ཞག་བདུན་གྱིས་ཤོད་དུ་ཆུ་འགྲམ་དུ་ཕྱིན་ཏོ། །ཆུ་འགྲམ་དུ་ཕྱིན་པ་དང་། ཆུའི་ནང་ནས་པད་མ་གསེར་གྱི་མདོག་ཅན་ཡོད་པ་ལ་སྦྲུལ་གདུག་པས་པད་མའི་རྩ་བ་ལ་དསྲེས་ཤིང་འདུག་པར་མཐོང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་སེམས་རྩེ་གཅིག་ཏུ་བྱམས་པའི་ཏིང་ངེ་འཛིན་ལ་ཞུགས་ཏེ། སྦྲུལ་གདུག་པ་འདི་དག་ཀྱང་སྔོན་ཞེ་སྡང་དང་ཕྲག་དོག་བྱས་པའི་རྐྱེན་གྱིས་འདི་ལྟ་བུའི་ལུས་མི་སྡུག་པ་མྱོང་ངོ་སྙམ་ལྷག་པར་དེ་ལ་སྙིང་བརྩེ་བའི་སེམས་བསྐྱེད་པས་སྦྲུལ་གདུག་པ་དེའི་གདུག་པ་ཀུན་ཞི་ནས། བྱང་ཆུབ་སེམས་དཔའ་པད་མའི་སྟེང་ནས་གོམ་པ་བོར་ཏེ་སོང་སོང་བ་ལས་ཞག་བདུན་གྱིས་སྦྲུལ་གདུག་པ་དེ་དག་བརྟོལ་ཏོ། །དེ་ནས་ཡང་སོང་སོང་བ་ལས་སྲིན་


DKG074_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་ཕྲད་ནས་སྲིན་པོ་དེ་དག་མིའི་དྲི་ཚོར་བས་ཀུན་ཏུ་ཚོལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་རྩེ་གཅིག་ཏུ་བྱམས་པའི་སེམས་ཀྱིས་བརྟགས་པས་སྲིན་པོ་དེ་དག་འཇམ་པའི་ཚིག་གིས་སྐྱེས་བུ་ཁྱོད་གང་ནས་འོངས། གང་དུ་འགྲོ་ཞེས་དྲིས་སོ། དེ་ལ་སྦྱིན་པ་ཆེན་པོས་ཁོ་བོ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཚོལ་དུ་འོངས་པ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་སྲིན་པོ་དེ་དག་རབ་ཏུ་དགའ་སྟེ། འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཞིག་གོ་སྙམ་བསམས་ནས། འདི་ནི་ད་དུང་ཀླུའི་ཕོ་བྲང་ལས་ཤིན་ཏུ་རིང་སྟེ། ནམ་ཡང་མི་ཕྱིན་པས ་ཉོན་མོངས་པར་འགྱུར་གྱིས་མཐུ་ཞིག་གིས་བསྟངས་ཏེ་བསྐྱལ་ལོ། །སྙམ་ནས་ནམ་མཁར་ཁྱེར་ཏེ་དཔག་ཚད་བཞི་བརྒྱའི་ཕ་རོལ་ན་ཕྱིན་པས་ཡང་ས་ལ་བཞག་གོ །སྦྱིན་པ་ཆེན་པོ་དེ་ནས་སོང་སོང་བ་ལས་རིང་པོར་མ་ལོན་པར་དངུལ་གྱི་མཁར་ཞིག་མཐོང་ནས་ཀླུའི་གནས་ཞིག་ཡིན་སྙམ་སྟེ་ཉེ་བར་སོང་ངོ་། །མཁར་དེའི་ཕྱི་རོལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པ་འཇིགས་སུ་རུང་བས་གང་ངོ་། །སྦྱིན་པ་ཆེན་པོས་དེ་དག་མཐོང་ནས། སྦྲུལ་གདུག་པ་འདི་དག་ནི་སྔོན་ཞེ་སྡང་ཆེ་བའི་ལས་ཀྱིས་འདི་ལྟ་བུའི་ལུས་འཇིགས་སུ་རུང་བ་མྱོང་བར་གྱུར་ཏོ་སྙམ་སྟེ། དེ་ལ་བུ་གཅིག་པ་དང་འདྲ་སྟེ། བྱམས་ཤིང་སྙིང་རྗེའི་སེམས་ཀྱིས། དེ་ལྟར་བྱམས་པའི་སེམས་བསྐྱེད་པས་སྦྲུལ་གྱི་གདུག་པ་ཡང་ཞི་བར་གྱུར་ནས་དེ་དག་བརྫིས་ནས་ཀླུའི་མཁར་དུ་སོང་ངོ་། །མཁར་དེ་ལ་ཀླུ་གཉིས་ཀྱིས་དསྲེས་ཏེ། ཀླུའི་མགོ་མཁར་སྒོ་ལ་བརྟེན་ཏེ། ཀླུ་དེ་གཉིས་ཀྱིས་སྦྱིན་པ་ཆེན་པོ་དེ་མཐོང་ནས་མགོ་བཏེག་སྟེ་གདུག་པ་འབྱིན་པ་ལས། སྦྱིན་པ་ཆེན་པོས་བྱམས་པའི་སེམས་བསྐྱེད་པས་གདུག་པ་ཡང་ཞི་ནས་མགོ་སྨད་པས་ས་ལ་ཉལ་ལོ། །སྦྱིན་པ་ཆེན་པོས་ཀླུའི་མགོ་ལ་བརྫིས་ནས་མཁར་གྱི་ནང་ན་སོང་བ་དང་། མཁར་གྱི་ནང་ན་ཀླུ་ཞིག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པ་མཐོང་ངོ་། །ཀླུའི་རྒྱལ་པོ་དེས་བྱང་ཆུབ་སེམས་དཔའ་མཐོང་ནས། དངངས་ཏེ་འདི་སྙམ་དུ་སེམས་སོ། །ངའི་གནས་འདི་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་


DKG074_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་བས་ཀླུ་དང་གནོད་སྦྱིན་མ་ཡིན་པ་གཞན་གང་ཡང་འདིར་འོང་བའི་ཐུགས་མི་ཐུབ་ན། འདི་ལྟ་བུ་སུ་ཡིན་སྙམ་སྟེ་འདུག་པ་ལས་ལངས་ནས་བསུ་སྟེ། བསྟི་སྟང་དང་བཅས་པས་ཕྱག་བྱས་ནས་རིན་པོ་ཆེའི་ཁྲི་ལ་བཞག་སྟེ། ཁ་ཟས་རྣམ་པ་སྣ་ཚོགས་བྱིན་ནོ། །ཁ་ཟས་ཟོས་ནས་ཁྱོད་འདིར་ཅི་ལ་འོངས་ཅི་ལྟར་ཕྱིན་དྲིས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། འཛམ་བུའི་གླིང་གི་མི་རྣམས་ནི་དབུལ་ཕོངས་པས་ནོར་དང་། ཟས་དང་། གོས་ཀྱི་ཕྱིར་གཅིག་གིས་གཅིག་རྣམ་པ་སྣ་ཚོགས་ཀྱིས་འཚེ་ཞིང་གནོད་པ་བྱེད་དེ། ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་ངོ་། །བདག་ནི་འདི་ལ་སྙིང་བརྩེ་སྟེ། དེ་དག་གི་མགོན་བྱ་བའི་ཕྱིར་ལམ་རིང་པོ་ནས་ཉོན་མོངས་པ་དང་བསྡོས་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་བསོད་ནམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་གྱིས། བདག་གི་ཡིད་དང་མི་འགལ་བར་རིན་པོ་ཆེ་སྩལ་དུ་གསོལ། །ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ཤིན་ཏུ་རྙེད་པར་དཀའ་བ་ཡིན་ཏེ། ཁྱོད་དོན་འདིའི་ཕྱིར་འོང་ན། འདིར་ཟླ་བ་གཅིག་ཅིག་འདུག་སྟེ་བདག་གི་མཆོད་པ་ཡང་བཞེས་ལ་བདག་ལ་ཆོས་བསྟན་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡང་སྦྱིན་ནོ་ཞེས་བྱས་པ་དང་། བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོས་ཉིན་གཅིག་བཞིན་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས། རོལ་མོས་བྱང་ཆུབ་སེམས་དཔའ་མཆོད་དོ། །བྱང་ཆུབ་སེམས་དཔས་ཀྱང་དེ་ལ་དྲན་པ་ཉེ་བར་གཞག་པའི་ཆོས་ཀྱི་ཡན་ལག་ཟླ་བ་གཅིག་གི་བར་དུ་བསྟན་ནས། ཕྱིར་འགྲོའོ་ཞེས་བྱས་པ་དང་། ཀླུའི་རྒྱལ་པོ་དགའ་ནས་སྤྱི་བོའི་གཙུག་ཕུད་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་ཕུལ་ལོ། །སྐྱེས་བུ་ཆེན་པོ་འགྲོ་བ་ལ་ཕན་པའི་དོན་དུ་ཡི་དམ་ལ་ཤིན་ཏུ་བརྟན་པ་ཁྱོད་གདོན་མི་ཟ་བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཁྱོད་ཀྱི་ཉེ་གནས་མཆོག་ཏུ་གྱུར་


DKG074_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོ་ལ་ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཅི་ཡོད་དྲིས་ན། སྨྲས་པ། ནོར་བུ་འདི་ནི་དཔག་ཚད་ཉིས་སྟོང་ཁོ་ར་ཁོར་ཡུག་ཏུ་དགོས་པ་ཐམས་ཅད་ཆར་བཞིན་དུ་འབེབས་སོ། །བྱང་ཆུབ་སེམས་དཔས་བསམས་པ། ནོར་བུ་རིན་པོ་ཆེ་འདི་མཐུ་སྟོབས་ཆེ་མོད་ཀྱི། འོན་ཀྱང་བདག་གིས་བསམས་པའི་དོན་ཆེན་པོ་འགྲུབ་ནུས་པ་མ་ཡིན་ནོ། །སྙམ་བསམས་ནས། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ཏེ་སོང་ངོ་། །དེ་ནས་ཡང་སོང་སོང་བ་དང་། རྒྱང་མ་ནས་་རྱ་སྔོན་པོའི་མཁར་ཅིག་མཐོང་ངོ་། །མཁར་དེའི་དྲུང་དུ་ཕྱིན་པ་དང་། མཁར་དེ་ཡང་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་ཡོངས་སུ་གང་ངོ་། །བྱང་ཆུབ་སེམས་དཔས་སྦྲུལ་གདུག་པ་དེ་དག་ལ་སྙིང་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་པས། སྦྲུལ་གདུག་པ་ཞི་ནས་སྦྲུལ་དེ་དག་བརྫིས་ཏེ་སོང་ངོ་། །མཁར་སྒོར་ཕྱིན་པ་དང་། ཀླུ་གཉིས་ཤིག་མཁར་སྒོར་ཉལ་བ་དང་། བྱང་ཆུབ་སེམས་དཔའ་སྙིང་བརྩེ་ཞིང་བྱམས་པའི་སེམས་ཀྱིས་ཀླུའི་གདུག་པ་ཞི་ནས་མགོ་ལ་བརྫིས་ནས་མཁར་གྱི་ནང་དུ་སོང་ངོ་། །དེའི་ཚེ་ན་མཁར་དེ་ན་ཀླུའི་རྒྱལ་པོ་གཅིག་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་ན་འདུག་པས། རྒྱང་མ་ནས་བྱང་ཆུབ་སེམས་དཔའ་མཐོང་ནས། འདི་སྙམ་དུ་བདག་གི་གནས་འདི་ལ་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་གང་བ་ཀླུ་དང་། གནོད་སྦྱིན་མིན་པ་གཞན་འོང་བའི་ཐུགས་མི་ཐུབ་ན་མི་འདི་ལྟ་བུ་སུ་ཡིན། གང་ནས་འོངས་སྙམ་ནས་ཡ་མཚན་དུ་གྱུར་ཏེ། བསུས་ནས་བསྟི་སྟང་དང་བཅས་པས་ཕྱག་བྱས་ཏེ་རིན་པོ་ཆེའི་གདན་ལ་བཞག་གོ །དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ལོ། །བྱང་ཆུབ་སེམས་དཔས་ཁ་ཟས་ཟོས་པའི་འོག་ཏུ་ཁྱོད་འདིར་ཅི་ལ་འོངས། དོན་ཅི་ཡོད་ཅེས་དྲིས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། བདག་ནི་ཀླུའི་རྒྱལ་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཀླུས་སྨྲས་པ། རིན་པོ་ཆེ་ཤིན་ཏུ་རྙེད་པར་དཀའ་སྟེ། ཁྱོད་


DKG074_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡང་དག་ན་ཁོ་བོས་གསོལ་པ་བཞིན་དུ་ཟླ་བ་གཉིས་འདུག་སྟེ། བདག་ཅག་ལ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ནས། བདག་ཅག་གི་མཆོད་པ་བཞེས་ན་རིན་པོ་ཆེ་ཡང་སྦྱིན་ནོ་ཞེས་བྱས་པ་དང་། སྦྱིན་པ་ཆེན་པོས་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དེ་ནས་ཀླུའི་རྒྱལ་པོས་ཟླ་བ་གཉིས་ཀྱི་བར་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ། ཕུལ་ནས་རོལ་མོ་སྣ་ཚོགས་ཀྱིས་མཆོད་དོ། །བྱང་ཆུབ་སེམས་དཔས་ཀྱང་དེ་དག་ལ་རྫུ་འཕྲུལ་གྱི་རྐང་པ་བཞིའི་ཆོས་ཀྱི་རྣམ་གྲངས་ཟླ་བ་གཉིས་ཀྱི་བར་དུ་བསྟན་ཏེ། ཕྱིར་འགྲོ་བར་བསམས་ནས་ཀླུའི་རྒྱལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ་ཕུལ་ནས། སྐྱེས་བུ་ཆེན་པོ་ཡི་དམ་ལ་བརྟན་པ་ཁྱོད་གདོན་མི་ཟ་བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན། བདག་ཀྱང་ཁྱོད་ཀྱི་ཉེ་གནས་བགྱིའོ་ཞེས་སྨྲས་པ་དང་། དེ་བཞིན་དུ་གྱུར་ཅིག་སྨྲས་སོ། །ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཅི་ཙམ་ཡོད་ཅེས་དྲིས་པ་ན། ནོར་བུ་རིན་པོ་ཆེ་འདི་ནི་དཔག་ཚད་བཞི་སྟོང་ཁོ་ར་ཁོར་ཡུག་ཏུ་ཅི་འདོད་པ་ཐམས་ཅད་ཆར་བཞིན་དུ་འབེབས་སོ། །བྱང་ཆུབ་སེམས་དཔའ་ཡང་འདི་སྙམ་དུ་རིན་པོ་ཆེ་འདིའི་མཐུ་སྟོབས་ཆེ་མོད་ཀྱི། བདག་གི་བསམ་པ་གྲུབ་ནུས་པ་མ་ཡིན་ནོ་སྙམ་ནས། ཀླུའི་རྒྱལ་པོའི་མཁར་གྱི་སྒོའི་ཕྱི་རོལ་ཏུ་བྱང་ཆུབ་སེམས་དཔའ་བསྐྱལ་ལོ། །དེ་ནས་ཡང་སོང་སོང་བ་ལས། རྒྱང་མ་ནས་གསེར་གྱི་མཁར་རབ་ཏུ་འཚེར་བ་ཞིག་མཐོང་ནས། བྱང་ཆུབ་སེམས་དཔའ་དེའི་དྲུང་དུ་སོང་སྟེ་ཕྱིན་པ་དང་། མཁར་དེ་ཡང་འོབས་རིམ་པ་བདུན་གྱིས་བསྐོར་ཏེ། འོབས་ཀྱི་ནང་ན་སྦྲུལ་གདུག་པས་ཡོངས་སུ་གང་བ་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ཡང་བྱམས་པའི་སེམས་བསྐྱེད་པས། སྦྲུལ་གྱི་གདུག་པ་ཞི་ནས་དེ་ལ་བརྫིས་ཏེ་སོང་ངོ་། །མཁར་དེ་ལ་ཡང་ཀླུ་གཉིས་ཤིག་འཁྱིལ་ཏེ་མགོ་སྒོའི་ཕྱི་རོལ་ཏུ་བསྟན་ཏེ་ཉལ་བ་དང་། བྱང་ཆུབ་སེམས་དཔའ་མཐོང་ནས་མགོ་བཏེག་སྟེ་གདུག་པ་ཕྱུང་བ་ལས་བྱང་ཆུབ་སེམས་དཔས་སྙིང་རྗེ་ཞིང་བྱམས་པའི་སེམས་བསྐྱེད་པས་གདུག་པ་ཞི་ནས་དེའི་མགོ་བརྫིས་ཏེ་མཁར་གྱི་ནང་དུ་སོང་སྟེ། མཁར་དེའི་ནང་ན་ཀླུའི་རྒྱལ་པོས་རིན་པོ་ཆེའི་


DKG074_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་མེད་ཁང་ནས་བྱང་ཆུབ་སེམས་དཔའ་རྒྱང་མ་ནས་མཐོང་ནས། འདི་སྙམ་དུ་བདག་གི་གནས་འདི་ནི་འོབས་རིམ་པ་བདུན་གྱིས་བསྐོར་ཏེ་འོབས་ཀྱི་ནང་ན་སྦྲུལ་གདུག་པས་གང་བས་ཀླུ་དང་གནོད་སྦྱིན་མ་གཏོགས་པར་གཞན་གང་ཡང་འོང་བའི་ཐུགས་མི་ཐུབ་ན། མི་འདི་སུ་ཡིན་གང་ནས་འོངས་སྙམ་ནས་ངོ་མཚར་དུ་བཟུང་སྟེ། རྒྱང་མ་ནས་བསུས་ཏེ་བསྟི་སྟང་དང་བཅས་པས་ཕྱག་འཚལ་ཏེ། རིན་པོ་ཆེའི་གདན་ལ་འདུག་ཏུ་བཅུག་གོ །དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ། ཕུལ་ནས་ཁ་ཟས་ཟོས་པའི་འོག་ཏུ་ཁྱོད་སུ་ཞིག་གང་ནས་འོངས་ཞེས་དྲིས་སོ། །དེ་ལ་བྱང་ཆུབ་སེམས་དཔས་བདག་ནི་འཛམ་བུའི་གླིང་ནས་མཆིས་ཏེ། འཛམ་བུའི་གླིང་གི་སེམས་ཅན་བསོད་ནམས་ཆུང་བས་ནོར་དང་ཟས་སྐོམ་གྱི་ཕྱིར་གཅིག་ལ་གཅིག་རྣམ་པ་སྣ་ཚོགས་པས་འཚེ་ཞིང་གསོད་དོ། །མི་དགེ་བ་བཅུའི་ལས་རྫོགས་པར་བྱས་པས་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ། སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས། བདག་དེ་དག་ལ་སྙིང་བརྩེ་སྟེ་མགོན་བྱ་བའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱོད་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སློང་དུ་འོངས་སོ། །ཀླུའི་རྒྱལ་པོས་སྨྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྙེད་སླ་བ་མ་ཡིན་ཏེ། སྐྱེས་བུ་ཁྱོད་བདག་ལ་རེ་སྟེ་འོངས་ན་བདག་གི་གནས་འདིར་ཟླ་བ་བཞི་འདུག་སྟེ། བདག་གི་མཆོད་པ་བཞེས་ན་རིན་པོ་ཆེ་ཡང་འབུལ་ལོ། །ཞེས་བྱས་པ་དང་། བྱང་ཆུབ་སེམས་དཔས་ཡང་དེ་བཞིན་དུ་བགྱིའོ། །ཞེས་སྨྲས་ནས། ཀླུའི་རྒྱལ་པོས་ཟླ་བ་བཞིའི་བར་དུ་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་སྦྱར་ཏེ་ཕུལ་ནས། རོལ་མོས་ཀྱང་མཆོད་དོ། །དེ་ལ་བྱང་ཆུབ་སེམས་དཔས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་ཕྱེ་ཞིང་བསྟན་པས་ཀླུའི་རྒྱལ་པོ་རབ་ཏུ་དགའ་ནས། ཀླུ་གཞན་དང་གནོད་སྦྱིན་གཞན་ལ་མི་ལྟོས་པར་ཡོ་བྱད་ཐམས་ཅད་ཀྱང་ཡིད་བཞིན་དུ་སྦྱར་རོ། །དེ་ལྟ་བུའི་ཚུལ་དུ་ཟླ་བ་བཞི་བྱས་ནས། བྱང་ཆུབ་སེམས་དཔའ་འགྲོ་བར་ཆས་པ་དང་། ཀླུའི་རྒྱལ་པོས་གཙུག་གི་ཕུད་བུ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཀྲོལ་ཏེ། བྱང་ཆུབ་སེམས་དཔའ་ལ་ཕུལ་ནས། སྐྱེས་བུ་ཆེན་པོ་ཡི་དམ་ལ་བརྟན་པ་ཁྱོད་གདོན་མི་ཟ་


DKG074_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

བར་འཚང་རྒྱའོ། །ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཉེ་གནས་མཆོག་ཏུ་གྱུར་ཏེ། བསྙེན་བཀུར་བྱེད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །བྱང་ཆུབ་སེམས་དཔས་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །ནོར་བུ་རིན་པོ་ཆེ་འདི་ལ་མཐུ་སྟོབས་ཅི་ཙམ་ཞིག་ཡོད་ཅེས་དྲིས་སོ། །ཀླུའི་རྒྱལ་པོས་སྨྲས་པ། ནོར་བུ་རིན་པོ་ཆེ་འདི་དཔག་ཚད་བརྒྱད་སྟོང་ཁོ་ར་ཁོར་ཡུག་ཏུ་རིན་པོ་ཆེ་ཆར་བཞིན་དུ་འབེབས་ཏེ། ཅི་འདོད་པ་ཐམས་ཅད་འབེབས་སོ་ཞེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་གདོད་དགའ་ནས། འདི་སྙམ་དུ་འཛམ་བུའི་གླིང་གི་ཁྱོན་ནི་དཔག་ཚད་བདུན་སྟོང་ལས་མེད་དེ། ནོར་བུ་རིན་པོ་ཆེ་འདིས་ནི་བདག་གི་རེ་བ་སྐོང་ངོ་སྙམ་བསམས་ནས། སྔ་ཕྱིར་རྙེད་པའི་ནོར་བུ་རིན་པོ་ཆེ་གསུམ་ཆར་གོས་ཀྱི་མཐར་ཕྱུང་སྟེ་མཁར་གྱི་སྒོར་ཕྱིན་པ་དང་། ཀླུའི་རྒྱལ་པོ་འཁོར་དང་བཅས་པས་བསྐྱལ་ནས་སོ་སོར་དོང་ངོ་། །བྱང་ཆུབ་སེམས་དཔའ་ཕ་ཟད་ཞིག་ཏུ་ཕྱིན་ནས། ནོར་བུ་རིན་པོ་ཆེ་རྣམས་ལག་པར་ཐོགས་ཏེ། འདི་སྐད་ཅེས་སྨོན་ལམ་བཏབ་བོ། །ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། བདག་ནམ་མཁའ་ལ་འཕུར་བར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ། རྒྱ་མཚོའི་བགེགས་ལས་ཐར་ནས། རྒྱ་མཚོའི་ངོགས་སུ་ཕྱིན་པར་གྱུར་ཏེ། དེ་ན་ཅུང་ཟད་བསྟི་ཞིང་ངལ་བསོས་པའི་ལམ་དུ་གཉིད་ལོག་པ་དང་དེའི་ཚེ་ན་རྒྱ་མཚོའི་ཀླུ་ཕྲན་རྣམས་འདི་སྐད་ཅེས་བགྲོས་སོ། །རྒྱ་མཚོ་འདི་ན་ནོར་བུ་རིན་པོ་ཆེ་འདི་གསུམ་ལས་མེད་དེ་གསུམ་ཆར་མི་འདིས་ཁྱེར་ཏེ་ནོར་བུ་འདི་ནི་ཡོན་ཏན་དང་ལྡན་ན། བདག་ཅག་ལ་ཡང་དགོས་ཀྱི་ཕྱིར་བརྐུའོ་ཞེས་བགྲོས་ནས། བྱང་ཆུབ་སེམས་དཔའ་གཉིད་ཀྱིས་ལོག་པའི་ཚེ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཀླུ་རྣམས་ཀྱིས་ཕྱིར་བརྐུས་སོ། །བྱང་ཆུབ་སེམས་དཔའ་སད་ནས་བལྟས་ན་ནོར་བུ་རིན་པོ་ཆེ་མེད་པས་འདི་སྙམ་དུ་བསམས་སོ། །འདི་ནི་གདོན་མི་ཟ་བར་རྒྱ་མཚོའི་ཀླུས་བརྐུས་ཀྱིས་བདག་གིས་མཐུ་ཅི་ཡོད་པས་རྒྱ་མཚོའི་ཆུ་བཅུས་ཏེ་བསྐམ་པར་བྱའོ་སྙམ་སྟེ། ནོར་བུ་ཕྱིར་མ་ཐོབ་ཀྱི་བར་དུ་ལག་པ་སྟོང་པར་ཕྱིར་མི་འགྲོ་སྙམ་ཡི་དམ་བཅས་སོ། །རྒྱ་མཚོའི་ངོགས་


DKG074_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སོང་སྟེ་རུས་སྦལ་གྱི་ཁོག་པ་ཞིག་བླངས་ནས་ལག་པ་གཉིས་ཀྱིས་རྒྱ་མཚོའི་ཆུ་བཅུས་སོ། །དེའི་ཚེ་ན་རྒྱ་མཚོའི་ལྷས་དེའི་བསམ་པ་ཤེས་ནས། །དེ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོ་འདི་ནི་གཏིང་ཟབ་ཅིང་ཡངས་ཏེ། དཔག་ཚད་སྟོང་ཕྲག་སུམ་བརྒྱ་སུམ་ཅུ་ཡོད་པས་གལ་ཏེ་འཛམ་བུའི་གླིང་གི་མི་ཐམས་ཅད་ལོག་ཀྱང་རྒྱ་མཚོ་བསྐམ་པར་བྱ་མི་ནུས་ན། ཁྱོད་གཅིག་པུས་ནུས་པ་ལྟ་ཅི་སྨོས་ཏེ། དོན་མེད་དོ། །བྱང་ཆུབ་སེམས་དཔས་སྨྲས་པ། མི་གཅིག་གིས་སྙིང་ནས་ལས་བྱས་ན་ཅི་ཡང་མི་འགྲུབ་པ་མེད་དོ། །བདག་གི་རིན་པོ་ཆེ་དེ་རྙེད་པས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་སྙམ་སྟེ། དེའི་བསོད་ནམས་ཀྱིས་མངོན་པར་འཚང་རྒྱ་བར་འགྱུར་ཏེ། དེ་ལ་སེམས་མ་ཞུམ་ན་ཅིའི་ཕྱིར་རྒྱ་མཚོ་འདི་བསྐམ་པར་མི་ནུས་ཞེས་སྨྲས་སོ། །དེའི་ཚེ་ན་ལྷ་ཁྱབ་འཇུག་ལ་སོགས་པས་རྒྱང་མ་ནས་བྱང་ཆུབ་སེམས་དཔའ་གཅིག་པུས་ལུས་ཡིད་འཐུན་པར་རྒྱ་མཚོའི་ཆུ་བཅུས་ཏེ། འགྲོ་བ་མང་པོའི་དོན་དུ་དཀའ་བ་བྱེད་པར་མཐོང་ནས། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་བཏང་ངོ་སྙམ་བསམས་ཏེ། གཅིག་ནས་གཅིག་ཏུ་སྦྲན་ནས་ཐམས་ཅད་བྱང་ཆུབ་སེམས་དཔའི་གན་དུ་ལྷགས་ཏེ། བྱང་ཆུབ་སེམས་དཔའ་སྣོད་ཀྱིས་ཆུ་བཅུ་བ་མཐོང་ནས། ལྷ་དེ་དག་ཐམས་ཅད་སོ་སོའི་ལྷའི་གོས་ཕུད་ནས་ཆུར་སྨྱུགས་ཏེ། ལན་ཅིག་ཕྱིར་ཕྱུང་བས་རྒྱ་མཚོའི་ཆུ་དཔག་ཚད་བཞི་བཅུ་འགྲིབ་བོ། །ཡང་ལན་གཉིས་སྨྱུགས་པས་དཔག་ཚད་བརྒྱད་ཅུ་འགྲིབ་བོ། །ལན་གསུམ་སྨྱུགས་པས་དཔག་ཚད་བརྒྱ་ཉི་ཤུ་འགྲིབ་པས། ཀླུ་དེ་དག་འཇིགས་སྐྲག་སྟེ། བྱང་ཆུབ་སེམས་དཔའི་དྲུང་དུ་ལྷགས་ཏེ། འདི་སྐད་དུ་ཐོང་ཞིག་རྒྱ་མཚོའི་ཆུ་སྐམས་པར་མ་བྱེད་ཅིག་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་བཏང་ངོ་། །དེ་ནས་ཀླུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ལ་ཁྱོད་ཀྱི་ནོར་བུ་རིན་པོ་ཆེ་འདི་ཅི་ཞིག་ཏུ་དགོས་སྨྲས་པ། བདག་གིས་སེམས་ཅན་ལ་ཕན་པའི་དོན་དུ་དགོས་སོ། །ཀླུས་སྨྲས་པ། སེམས་ཅན་ལ་ཕན་པའི་དོན་དུ་དགོས་ན། རྒྱ་མཚོའི་ནང་ན་ཡང་སེམས་ཅན་མང་དུ་ཡོད་ན་ཅིའི་ཕྱིར་བསྐུར་ཞེས་སྨྲས་སོ། །སྨྲས་པ་རྒྱ་མཚོའི་ནང་ན་གནས་པ་ཡང་། སེམས་


DKG074_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཡིན་མོད་ཀྱི། དེ་ལ་ཕོངས་པའི་སྡུག་བསྔལ་མེད་དོ། །འཛམ་བུའི་གླིང་གི་སེམས་ཅན་དག་ནི་ནོར་གྱི་ཕྱིར་གཅིག་གིས་གཅིག་རྣམ་པར་འཚེ་ཞིང་གནོད་པར་བྱེད་དེ། མི་དགེ་བ་བཅུ་རྫོགས་པར་བྱེད་པས་ཚེ་འཕོས་ནས་ཀུན་སེམས་ཅན་དམྱལ་བར་སྐྱེ་སྟེ། བདག་ནི་དེ་དག་ལ་སྙིང་བརྩེ་བའི་ཕྱིར་རིན་པོ་ཆེ་འདི་དགོས་སོ་ཞེས་སྨྲས་པ་དང་། ཀླུ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་ཕྱུང་སྟེ་སླར་ཕུལ་ལོ། །རྒྱ་མཚོའི་ལྷས་བྱང་ཆུབ་སེམས་དཔའ་དེ་ལྟར་བརྩོན་འགྲུས་བརྟན་པ་མཐོང་ནས། འདི་གདོན་མི་ཟ་བར་འཚང་རྒྱའོ་སྙམ་བསམས་ཏེ། ནམ་མངོན་པར་སངས་རྒྱས་པ་ན་བདག་ཀྱང་ཉེ་གནས་ཀྱི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་ནས་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཕྱིར་ཐོབ་ནས་སྟེང་གི་ནམ་མཁའ་ལ་འཕུར་ཏེ། གནས་སུ་འོངས་ནས་སྔར་ཚོང་པ་གྲོགས་པོ་རྣམས་དོང་བ་ཡོད་དམ། བདེ་བར་ཕྱིན་ཏམ་ཞེས་དྲིས་སོ། །ཚོང་པ་གྲོགས་པོ་དག་ཀྱང་བདེ་བར་ཕྱིན་ནས། དེ་དག་གཅིག་ལ་གཅིག་དགའ་ནས། གྲོགས་པོ་རྣམས་ཀྱིས་ངོ་མཚར་ཡ་མཚན་དུ་བཟུང་ངོ་། །དེ་ནས་བྲམ་ཟེ་ཀ་པྱི་ལིའི་སྒོར་ཕྱིན་ནས། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ལས་ཕྱིར་ལོག་གོ་ཞེས་ཐོས་ནས། ཐམས་ཅད་ཀྱིས་སྒོར་བསུས་ཏེ་རབ་ཏུ་དགའ་ནས། ཚོང་པ་གྲོགས་པོ་རྣམས་དང་བཅས་པ་ལ་དགའ་སྟོན་ཆེན་པོ་བགྱིས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་རིན་པོ་ཆེ་ཐོགས་ནས་ཁྱིམ་དུ་འོངས་པ་དང་། བྲམ་ཟེ་དེའི་བང་མཛོད་ཐམས་ཅད་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་བྲམ་ཟེ་ཀ་པྱི་ལིས་རིན་པོ་ཆེ་སྣ་ཚོགས་ཀྱིས་བུ་མོ་བརྒྱན་ནས་རིན་པོ་ཆེའི་ཆུ་སྣོད་བསྐུར་ཏེ། བྱང་ཆུབ་སེམས་དཔའི་ལུས་དང་རྐང་པ་བཀྲུས་ནས། བུ་མོའི་ལག་པ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ལ་གཏད་དོ། །བྱང་ཆུབ་སེམས་དཔས་ཀྱང་བཞེས་ནས། བྲམ་ཟེ་རབ་ཏུ་དགའ་སྟེ། བུ་མོའི་གཡོག་བུ་མོ་ལྔ་བརྒྱ་དང་གླང་པོ་ཆེ་ལྔ་བརྒྱ་ཡང་རིན་པོ་ཆེས་བརྒྱན་ཏེ། རོལ་མོ་བྱས་ནས་བྱང་ཆུབ་སེམས་དཔའ་ལ་བརྫངས་སོ། །དེའི་ཚེ་ན་སྦྱིན་པ་ཆེན་པོའི་ཕ་མ་བུ་དང་བྲལ་བའི་འོག་ཏུ་རྟག་ཏུ་ངུས་པས་ཕ་མ་གཉི་གའི་མིག་མདོངས་པར་གྱུར་ཏེ། བུ་རྒྱ་མཚོ་ནས་ལོག་ནས་ཕ་མ་དང་ཕྲད་པས།


DKG074_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ཕ་མ་ལ་ཕྱག་འཚལ་ཏེ། དེ་ལ་ལག་པ་ནས་འཇུས་ནས་བུ་ཡིན་པར་རྟོགས་སོ། །སྦྱིན་པ་ཆེན་པོ་ཁྱོད་ཀྱིས་ངེད་བོར་ནས་སོང་བའི་འོག་ཏུ་མིག་ཀྱང་མདོངས་སོ། །ཁྱོད་རྒྱ་མཚོར་སོང་སོང་ན་ཅི་རྙེད་ཅེས་དྲིས་པ་དང་། སྦྱིན་པ་ཆེན་པོས་ནོར་བུ་རིན་པོ་ཆེ་ཕའི་ལག་ཏུ་བྱིན་ཏེ། བདག་གིས་འདི་རྙེད་དོ་ཞེས་སྨྲས་ནས། ཕ་མས་ལག་ཏུ་བླངས་ཏེ་བསྣམས་ནས། འདི་ལྟ་བུའི་རྡོ་བ་ནི་ངའི་མཛོད་ན་སྔར་ཡང་མང་དུ་ཡོད་ན། འདི་ལྟར་ཉོན་མོངས་པ་དང་བསྔོ་ཅི་དགོས་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་ཕྱིར་བླངས་ཏེ། ཕ་མའི་མིག་ཕྱིས་པ་ཙམ་གྱིས་འདི་ལྟར་རླུང་དྲག་པོས་སྤྲིན་བུས་པ་བཞིན་དུ་ཕ་མ་གཉི་གའི་མིག་ཀྱང་སྔར་བས་གསལ་བར་མཐོང་བར་གྱུར་ཏོ། །དེ་ནས་ཕ་མ་གཉི་ག་དགའ་སྟེ། དེ་ནི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་པར་ལྟ་སྟེ། ཉོན་མོངས་པའི་དོན་སེལ་བར་གྱུར་ཏོ་ཞེས་སྨྲས་སོ། །དེ་ནས་སྦྱིན་པ་ཆེན་པོས་རིན་པོ་ཆེ་ཐོགས་ཏེ། ཁྱོད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། ཁོ་བོའི་ཕ་མའི་འོག་ཏུ་རིན་པོ་ཆེ་སྣ་བདུན་གྱི་གདན་འབྱུང་ཞིང་རིན་པོ་ཆེའི་བླ་དྲེས་སྟེང་ཁེབས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་དེ་བཞིན་གྲུབ་ནས། རྒྱལ་པོའི་བང་མཛོད་ཐམས་ཅད་ཀྱང་གང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་ཕོ་ཉ་གཅིག་གླང་པོ་ཆེ་དཔག་ཚད་བརྒྱ་སྟོང་དུ་འགྲོ་བ་ཞིག་བསྐྱོན་ཏེ། འཛམ་བུའི་གླིང་གི་མི་ཐམས་ཅད་ལ་སྦྱིན་པ་ཆེན་པོས་རྒྱ་མཚོ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དེ། ནོར་བུ་ཡོན་ཏན་ཅན་དེས་ད་སྟེ་ཞག་བདུན་ན་ནོར་བུ་རིན་པོ་ཆེ་ལ་སོགས་ཏེ་གོས་དང་ཟས་དང་དགོས་པའི་ཡོ་བྱད་ཐམས་ཅད་ཆར་བཞིན་དུ་འབེབས་ཀྱིས་སོ་སོ་ནས་ཅི་བདེ་བར་ལོང་ཤིག་ཅེས་བསྒྲགས་སོ། །དེ་ལྟར་ཀུན་ཏུ་བསྒྲགས་ནས། སྦྱིན་པ་ཆེན་པོས་ཁྲུས་བྱས་ཏེ། གོས་གསར་པ་བགོས་ནས། ག་ལའི་ཐང་དུ་མཉམ་པོར་རྒྱལ་མཚན་བཙུགས་ཏེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་པོག་ཕོར་ལག་ཏུ་བླངས་ཏེ་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །འཛམ་བུའི་གླིང་གི་མི་དག་ནི་དབུལ་ཕོངས་པ་ཤ་སྟག་སྟེ། དེ་དག་ལ་ཕན་གདགས་དགོས་ཀྱིས་ཡིད་བཞིན་གྱི་ནོར་བུ་


DKG074_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་ཡིན་ཏེ། མི་བརྫུན་ན་སོ་སོ་ནས་ཅི་དང་ཅི་དགོས་པ་ཐ་དད་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་ཆར་ལྟར་ཕོབ་ཤིག།ཅེས་སྨྲས་མ་ཐག་ཏུ་ཕྱོགས་བཞི་ནས་རླུང་ནག་པོ་གཡོས་ནས། དེ་མ་ཐག་ཏུ་མི་གཙང་བའི་ཉལ་ཉིལ་ཐམས་ཅད་ཕྱགས་ཏེ། ཆར་ཟིམ་བུ་མི་དྲག་པ་ཞིག་བབ་ནས། རྡུལ་མི་འཐུལ་བར་བྱས་པའི་འོག་ཏུ་ཐོག་མར་བཟའ་བ་དང་། བཏུང་བ་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་ཆར་བཞིན་དུ་བབ་བོ། །དེ་ནས་འབྲུ་རྣམས་ཆར་བཞིན་དུ་བབ་བོ། །དེ་ནས་གོས་ཆར་བཞིན་དུ་བབ་བོ། །དེ་ནས་རིན་པོ་ཆེ་ཆར་བཞིན་དུ་བབ་སྟེ། །འཛམ་བུའི་གླིང་ན་ནོར་བུ་རིན་པོ་ཆེའི་ཕུང་པོས་ཡོངས་སུ་གང་ནས། རིན་པོ་ཆེ་དག་གསེག་མ་དང་གྱོ་མོ་ལྟ་བུར་བྱས་སོ། །བྱང་ཆུབ་སེམས་དཔས་དེ་ལྟར་ཀུན་ཆོག་པར་བྱས་ནས། འཛམ་བུའི་གླིང་གི་མི་རྣམས་ལ་འདི་སྐད་ཅེས་བསྒོའོ། །འཛམ་བུའི་གླིང་གི་སེམས་ཅན་དག་ནི་གོས་དང་། ཟས་དང་ནོར་གྱི་ཕྱིར་གཅིག་གིས་གཅིག་གསོད་ཅིང་རྣམ་པ་སྣ་ཚོགས་ཀྱིས་གཙེ་བས་སྡིག་པ་མི་དགེ་བའི་ལས་འབའ་ཞིག་བྱེད་དེ། ཚེའི་དུས་བྱས་ནས་ངན་སོང་གསུམ་དུ་ལྷུང་སྟེ། མུན་པ་ནས་མུན་པར་འགྲོ་སྟེ། བདག་ནི་དེ་དག་ལ་སྙིང་བརྩེ་བའི་ཕྱིར་རྒྱ་མཚོའི་བགེགས་དང་། ཉོན་མོངས་པ་མང་པོ་ཁྱད་དུ་བསད་དེ། ཁྱེད་རྣམས་བདེ་བར་བྱ་བའི་ཕྱིར་རྒྱ་མཚོ་ནས་ནོར་བུ་རིན་པོ་ཆེ་དག་བླངས་ནས། ད་ཁྱེད་ཀུན་ཅིས་ཀྱང་མི་དྲེལ་ཏེ་བདེ་བར་གྱུར་གྱིས། ཁྱེད་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་ལུས་དང་ངག་དང་ཡིད་བསྡུས་ཏེ། བརྩོན་པར་གྱིས་ཤིག་ཅེས་ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བསྟན་ཅིང་བསྐུལ་ལོ། །དེ་ལྟར་བསྟན་ཅིང་བསྐུལ་ནས། དགེ་བ་བཅུའི་ལས་ཀྱི་ལམ་ལ་ནན་ཏན་བྱེད་དུ་བཅུག་པས། འཛམ་བུའི་གླིང་གི་མི་དེ་དག་ཚེ་འཕོས་ནས། མཐོ་རིས་ཀྱི་ལྷར་སྐྱེས་སོ། །དེའི་ཚེ་དེའི་དུས་ན་དེའི་ཕ་བྲམ་ཟེ་་གྲོ་་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་མར་གྱུར་པ་དེ་ནི་ངའི་ཡུམ་ལྷ་མཛེས་ཡིན་ནོ། །སྦྱིན་པ་ཆེན་པོ་ནི་ང་ཡིན་ནོ། །དངུལ་གྱི་མཁར་ན་འདུག་པའི་ཀླུ་དེ་ནི་ཤཱ་རིའི་བུ་ཡིན་ནོ། །་རྱའི་མཁར་ན་འདུག་པའི་ཀླུ་དེ་ནི་ད་གལ་གྱི་བུ་ཡིན་ནོ། །གསེར་གྱི་མཁར་ན་འདུག་པའི་ཀླུ་དེ་ནི་ཀུན་


DKG074_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་ཡིན་ནོ། །རྒྱ་མཚོའི་ལྷ་དེ་ནི་མ་འགགས་པ་ཡིན་ནོ། ། ཀུན་དགའ་བོ་འདི་ཀླུའི་རྒྱལ་པོ་བྱེད་པ་ན་ཡང་ང་ལ་བསྙེན་བཀུར་བྱས་ཏེ། དུས་ལ་མཁས་པ་ད་ལྟར་གྱི་བར་དུ་ཡང་དུས་ལ་མཁས་ཀྱིས། འདོད་པ་གསུམ་ཡང་ཡིད་བཞིན་དུ་གནང་ངོ་། །ཞེས་བཀའ་སྩལ་པ་དང་། ཀུན་དགའ་བོ་དགའ་མགུ་རངས་ནས། པུས་མོའི་ལྷ་ང་ས་ལ་བཙུགས་ཏེ། བདག་གིས་ནམ་འཚོའི་བར་དུ་དེ་བཞིན་གཤེགས་པ་ལ་བསྙེན་བཀུར་བགྱིའོ་ཞེས་གསོལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་མང་པོ་རྣམས་ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་ནས། དགྲ་བཅོམ་པའི་བར་དུ་ཐོབ་བོ། །ལ་ལ་ནི་རང་སངས་རྒྱས་སུ་གྱུར་ཏོ། །ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་ནས། རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །སྦྱིན་པ་ཆེན་པོ་རྒྱ་མཚོར་ཞུགས་པའི་ལེའུ་སྟེ་སུམ་ཅུ་པའོ།། །།

སུམ་ཅུ་གཅིག་པ། རྒྱལ་པོ་མེ་ལོང་གདོང་གི་ལེའུ།


DKG074_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་་གྲོ་འི་ཚལ་ན་བཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་བསྐོར་ཅིང་བཞུགས་པ་ལས། བཅོམ་ལྡན་འདས་ཀྱི་མཚན་དང་དཔེ་བྱད་དང་གསེར་གྱི་མདོག་ལྟ་བུའི་སྐུ་ལ་འཁོར་མང་པོ་ཐམས་ཅད་ངོ་མཚར་དུ་འཛིན་ཏེ། བསྟོད་ཅིང་བསྔགས་སོ། །དེ་ལྟར་བཅོམ་ལྡན་འདས་འཁོར་ཀུན་ལས་འཕགས་ཏེ། ཐམས་ཅད་ཀྱི་མཆོག་གཙོ་བོར་གྱུར་པས། དགེ་སློང་དག་ཐེ་ཙོམ་དུ་གྱུར་ནས། བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ད་ལྟར་འབའ་ཞིག་ཏུ་འཁོར་ཀུན་ལས་འཕགས་ཏེ། མཆོག་གཙོར་གྱུར་པ་མ་ཡིན་ནོ། །སྔོན་འདས་པའི་དུས་ན་ཡང་འདི་དག་ཀུན་ལས་འཕགས་ཏེ་གཙོ་བོར་གྱུར་ཏོ། །དེ་ནས་དགེ་སློང་དག་གིས་སྔོན་ཅི་ལྟར་གཙོ་བོར་གྱུར་པ་བསྟན་པར་གསོལ་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་


DKG074_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་པ་ཞིག་བྱུང་སྟེ། དེ་ལ་བུ་ནི་ལྔ་བརྒྱ་ཡོད་དོ། །དུས་ཕྱི་ཞིག་ན་བཙུན་མོ་ཆེན་མོ་ལ་བུ་ཞིག་བཙས་ཏེ། གསེར་གྱི་མདོག་ཅན་སྐྲ་མཐོན་མཐིང་ལྟ་བུ་ལག་མཐིལ་ན་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་མཚན་ཡོད་པ། རྐང་པ་གཡོན་གྱི་མཐིལ་ན་རྟའི་རི་མོ་ཡོད་པ། རྐང་པ་གཡས་ཀྱི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ། བསོད་ནམས་དང་ལྡན་པ་ཞིག་བཙས་ཏེ། མིང་ཡང་མེ་ལོང་གདོང་ཞེས་བྱ་བར་བཏགས་སོ། །རྒྱལ་པོ་ཆེན་པོ་ནད་ཀྱིས་བཏབ་སྟེ་ཚེའི་དུས་བྱེད་དུ་ཉེ་བ་ན། བློན་པོ་རྣམས་ཀྱིས་སྲས་འདི་རྣམས་ཀྱི་ནང་ན་རྒྱལ་ཚབ་ཏུ་གང་གཞུག།རྒྱལ་པོའི་དབང་གང་ལ་བསྐུར་ཞེས་དྲིས་པ་དང་། རྒྱལ་པོ་ངའི་ཡོན་ཏན་དང་མཚན་རྣམ་པ་འདི་བཅུ་དང་ལྡན་ན། རྒྱལ་པོར་ཆུག་ལ་དབང་སྐུར་ཤིག་ཅེས་བསྒོའོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ལུས་ཀྱི་མདོག་གསེར་ལྟ་བུ་ལ་སྐྲ་མཐོན་མཐིང་དུ་འདུག་པ་དང་། ལག་པ་གཉིས་ཀྱི་མཐིལ་ན་འཁོར་ལོའི་མཚན་དང་ལྡན་པ་དང་། རྐང་པ་གཡས་པའི་མཐིལ་ན་གླང་པོ་ཆེའི་རི་མོ་ཡོད་པ་དང་། རྐང་པ་གཡོན་པའི་མཐིལ་ན་རྟའི་རི་མོ་ཡོད་པ་དང་། རྒྱལ་པོའི་གོས་གོན་ན་ལུས་དང་འཚམ་ཞིང་མི་ཆེ་བ་དང་མི་ཆུང་བ་དང་། རྒྱལ་པོའི་སྟན་ལ་འདུག་ན་གཟི་བརྗིད་དང་མཐུ་དང་ལྡན་པ་དང་། རྒྱལ་ཕྲན་རྣམས་ཀྱིས་རིམ་གྲོ་བསྙེན་བཀུར་ཆེར་བྱེད་དེ། བཙུན་མོ་དང་ཕོ་བྲང་སླས་རྣམས་ཀྱང་དེ་ལ་དགའ་ཞིང་ཕྱག་བྱེད་པ་དང་། ལྷ་རྣམས་ཀྱི་རྟེན་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱིར་ཕྱག་བྱེད་པ་དང་། ཡོན་ཏན་དང་བསོད་ནམས་ཀྱི་མཐུས་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཤིང་། ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ་དང་། བཙུན་མོ་ཆེན་མོ་ལས་བཙས་པ་དང་བཅུ་སྟེ། ཡོན་ཏན་འདི་དག་དང་ལྡན་ན་རྒྱལ་པོའི་དབང་སྐུར་ཤིག་ཅེས་བསྒོ་ནས། མི་རྟག་པ་མངོན་སུམ་དུ་གྱུར་ཏེ་ཚེ་འཕོས་སོ། །དེ་ནས་རྒྱལ་བུ་དང་བློན་པོ་རྣམས་འདུས་ཏེ། རྒྱལ་བུ་ནང་གི་ཆེ་བ་ལས་མཐར་གྱི་ཡོན་ཏན་བཅུ་གང་ལ་ཡོད་པ་བརྟགས་ན། རྒྱལ་བུ་གཞན་ཐམས་ཅད་ནི་ལུས་གསེར་ལྟ་བུའི་མདོག་ཅན་མ་ཡིན། སྐྲ་མཐོན་མཐིང་དུ་འདུག་པ་མ་ཡིན། ལག་པའི་མཐིལ་ན་འཁོར་ལོའི་མཚན་ཡོད་པ་མ་ཡིན། རྐང་


DKG074_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཐིལ་ན་གླང་པོ་ཆེ་དང་རྟའི་རི་མོ་ཡོད་པ་མ་ཡིན། རྒྱལ་པོའི་གོས་དང་འཚམ་པ་མ་ཡིན། རྒྱལ་པོའི་གདན་ལ་བཞག་ན་དངངས་པ་ལྟར་འགྲེང་བར་གྱུར། རྒྱལ་ཕྲན་དང་། བློན་པོ་རྣམས་བསྟི་སྟང་དང་ཕྱག་མི་བྱེད་དེ། བཙུན་མོ་དང་ཕོ་བྲང་སླས་རྣམས་དགའ་བ་དང་། ཕྱག་བྱ་བ་མ་ཡིན། ལྷ་རྟེན་དུ་ཁྲིད་ན་ལྷ་རྣམས་ཀྱིས་ཕྱག་བྱ་བ་མ་ཡིན། རིན་པོ་ཆེའི་ཆར་འབེབས་པ་ནུས་པ་མ་ཡིན། བཙུན་མོ་ཆེན་མོའི་སྲས་ཀྱང་མ་ཡིན་ཏེ། རྒྱལ་བུ་ལྔ་བརྒྱ་ལས་མཚན་གཅིག་དང་ལྡན་པ་འགའ་ཡང་མ་བྱུང་སྟེ། སྲས་ནང་གི་ཐ་ཆུངས་འབའ་ཞིག་ལུས་གསེར་གྱི་མདོག་ཅན་ལ། སྐྲ་མཐོན་མཐིང་གི་ཁ་དོག་ལྟ་བུ་ལ་ལག་པ་གཉིས་འཁོར་ལོའི་མཚན་དང་ནི་ལྡན། རྐང་པ་གཉིས་ཀྱི་མཐིལ་ན་གླང་པོ་དང་། རྟའི་རི་མོ་ཡང་ཡོད། གོས་དང་ལུས་སུ་འཚམ། རྒྱལ་པོའི་གདན་ལ་བཞག་ན་གཟི་བརྗིད་དང་བྱིན་ཆེ། རྒྱལ་ཕྲན་ཐམས་ཅད་ཀྱིས་བསྟི་སྟང་དང་བཅས་པས་ཕྱག་བྱེད་ཅིང་བཙུན་མོ་དང་ཕོ་བྲང་སླས་ཀྱང་དགའ་བས་ཕྱག་བྱེད་དོ། །ལྷའི་རྟེན་དུ་འོངས་ན་ལྷ་རྣམས་ཕྱག་བྱེད། རིན་པོ་ཆེ་ཕོབས་ཤིག་ཅེས་སྨྲས་མ་ཐག་ཏུ་ཆར་བཞིན་དུ་འབབས། བཙུན་མོ་ཡང་ནང་གི་ཆེན་མོ་ལས་བཙས་ཏེ། མཚན་རྫོགས་པར་ལྡན་པས་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་རྒྱལ་པོར་དབང་བསྐུར་ཏེ། ཚེས་བཅོ་ལྔའི་ཉིན་པར་ཉི་མ་ཐོག་མར་ཤར་བ་ན། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཆེ་ཁྱད་དཔག་ཚད་གཅིག་པ་ཤར་ཕྱོགས་ནས་འོངས་ཏེ། དེ་ལ་པུས་མོ་བཙུགས་ནས་གལ་ཏེ་བདག་ཡོན་ཏན་དང་ལྡན་ཏེ་རྒྱལ་པོར་འགྱུར་ན། འཁོར་ལོ་འདི་བདག་གི་དྲུང་དུ་ཉེ་བར་ཤོག་ཤིག་ཅེས་སྨྲས་པ་དང་། ནམ་མཁའི་ཕྱོགས་ནས་ཉེ་བར་འོངས་སོ། །གླང་པོ་རིན་པོ་ཆེ་ནི་རི་སྤོས་ཀྱི་ངད་ཅན་ལས་འོངས་ཏེ། མཇུག་མ་ལ་ནོར་བུས་བརྒྱན་པ། རྒྱལ་པོ་དེ་ལ་ཞོན་ནས་ནམ་མཁའ་ལ་འཕུར་ཏེ། ཉི་མ་ཕྱེད་ཀྱིས་གླིང་བཞི་ལས་འཁོར་རོ། །གལ་ཏེ་རྐང་པས་འགྲོ་ན་རྐང་པའི་རྗེས་གང་རིགས་པར་གསེར་གྱི་བྱེ་མར་གྱུར་ཏོ། །རྟ་རིན་པོ་ཆེ་ནི་ཁ་དོག་མཐིང་ག་ལ་རྔ་རྔོག་དམར་བ་རིན་པོ་ཆེ་སྣ་བདུན་འབབ་པ། རྒྱལ་པོ་དེ་ལ་ཞོན་ན་ཟན་ཅིག་བཟའ་རིན་ཙམ་གྱིས་གླིང་བཞི་ནས་


DKG074_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཏེ། མི་ངལ་མི་དུབ་བོ། །ནོར་བུ་རིན་པོ་ཆེ་ནི་འོད་ཟེར་ཉིན་མཚན་དུ་གསལ་ཏེ། རྒྱང་གྲགས་བརྒྱ་ཉི་ཤུ་ཚུན་ཅད་འོད་ཀྱིས་སྣང་བར་བྱེད་ལ། རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་འབེབས་ཤིང་ཐམས་ཅད་ལ་སྦྱིན་པར་བྱེད་དོ། །བུད་མེད་རིན་པོ་ཆེ་ནི་བཟང་བ། མཛེས་པ། རྒྱལ་པོའི་ཡིད་ཚིམ་པར་བྱེད་དོ། །ཁྱིམ་བདག་རིན་པོ་ཆེ་ནི་རྒྱལ་པོའི་རིན་པོ་ཆེ་སྣ་བདུན་ཅི་དགོས་པ་ཡིད་བཞིན་དུ་སྦྱར་ཏེ། ཟད་མི་ཤེས་པར་བྱེད་དོ། །བློན་པོ་རིན་པོ་ཆེ་ནི་རྒྱལ་པོས་དཔུང་རྣམ་བཞི་བགོས་ན། བལྟས་པ་ཙམ་གྱིས་དཔུང་གི་ཚོགས་འདུས་ཏེ་རྩལ་དང་མཐུར་ལྡན་ནོ། །དེ་ལྟར་རིན་པོ་ཆེ་སྣ་བདུན་དང་ལྡན་ནས་དེ་འདི་སྙམ་བསམས་སོ། །ཐབས་འདི་ལྟ་བུ་ཐོབ་པ་ཡང་སྔོན་གྱི་བསོད་ནམས་ལས་སྐྱེས་ཀྱིས་རྒྱལ་པོའི་གདུང་རྒྱུད་མི་ཆད་པར་བྱའོ་སྙམ་བསམས་ནས། སྤོས་ཆུས་ཁྲུས་བྱས་ཏེ་གོས་གསར་པ་གཙང་མ་བགོས་ནས་ལག་ན་པོག་ཕོར་ཐོགས་ཏེ། ཤར་ཕྱོགས་ལོགས་སུ་པུས་མོ་ས་ལ་བཙུགས་ནས་འདི་སྐད་ཅེས་སྨྲས་སོ། །ཤར་ཕྱོགས་ན་སྐྱེས་བུ་འཕགས་པ་བཞུགས་པ་རྣམས་བདག་གསོལ་བ་བཞིན་དུ་གཤེགས་སུ་གསོལ་ཞེས་སྨྲས་པ་དང་། ཤར་ཕྱོགས་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །ལྷོ་དང་ནུབ་དང་བྱང་ཕྱོགས་སུ་ཡང་དེ་བཞིན་དུ་གསོལ་པ་དང་། དེ་དག་ཀྱང་སོ་སོ་ནས་རང་སངས་རྒྱས་ཉི་ཁྲི་སྙེད་རྒྱལ་པོའི་ཕོ་བྲང་དུ་གཤེགས་སོ། །དེ་ནས་རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་ཡོ་བྱད་རྣམ་བཞི་སྦྱར་ཏེ་མཆོད་པ་བྱས་སོ། །དེ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཕྱིར་ཡུལ་དུ་འགྲོ་བར་གསོལ་ཏེ། མཆི་ཕྱག་འཚལ་བ་ན་རྒྱལ་ཕྲན་རྣམས་ཀྱིས་འཕགས་པ་རྣམས་ལ་ཤས་ཀྱིས། བདག་ཅག་ཀྱང་མཆོད་པ་འཚལ་ཏེ་བསོད་ནམས་བགྱིའོ་ཞེས་གསོལ་པ་དང་། རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་རང་སངས་རྒྱས་བཞི་ཁྲི་ལ་ཡིད་བཞིན་དུ་མཆོད་ནས། ཚེའི་དུས་བྱས་པ་དང་། མཐོ་རིས་ཀྱི་ལྷར་སྐྱེས་སོ། །དགེ་སློང་དག་དེའི་ཚེ་ན་རྒྱལ་པོ་མེ་ལོང་གདོང་དེ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་དེའི་ཕ་དེ་ནི་ངའི་ཡབ་ཟས་གཙང་མ་ཡིན་ནོ། །བཙུན་མོ་དེ་ནི་ངའི་ཡུམ་


DKG074_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མཛེས་ཡིན་ནོ། །རྒྱལ་བུ་ལྔ་བརྒྱ་དེ་ནི་ཤཱཀྱའི་རིགས་ལྔ་བརྒྱ་ཡིན་ནོ། །དེའི་དུས་ན་ཡང་ཐམས་ཅད་ཀྱི་གཙོ་བོ་མཆོག་ཏུ་གྱུར་ཏེ། ད་སངས་རྒྱས་ནས་ཀྱང་མཚན་དང་ལྡན་པའི་མཆོག་གཙོ་བོར་གྱུར་ཏོ། །འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་མེ་ལོང་གདོང་གི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།

སུམ་ཅུ་གཉིས་པ། ལེགས་ཚོལ་དང་ཉེས་ཚོལ་གཉིས་ཀྱི་ལེའུ།


DKG074_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་དགུ་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ལྷ་སྦྱིན་རབ་ཏུ་བྱུང་མོད་ཀྱིས་རྙེད་པ་ལ་ཆགས་པས་མཚམས་མེད་པའི་ལས་ཀྱིས་རི་བསྙིལ་ནས་སངས་རྒྱས་མནན་པ་དང་། ཞབས་ལ་ཤིང་གི་ཚལ་བ་འཛུགས་པ་དང་། གླང་པོ་ཆེ་སྨྱོན་པ་བཏང་བ་དང་། འཐུན་པའི་དགེ་འདུན་གྱི་དབྱེན་བྱེད་པ་དང་། ཟག་པ་ཟད་པའི་དགེ་སློང་མ་བསད་པ་དང་། མི་དགེ་བའི་ལས་འདི་དག་བྱས་ནས། སྐྱེ་བ་ཕྱི་མ་ལ་རྣམ་པར་སྨིན་པས་འཇིགས་ཏེ། མུ་སྟེགས་པའི་སྟོན་པ་དྲུག་གི་ཐད་དུ་སོང་ནས་དྲིས་སོ། །སྟོན་པ་དྲུག་གིས་ཀྱང་ངན་པར་ལྟ་བའི་ཆོས་སྡིག་པ་བྱས་ཀྱང་སྡིག་པར་མི་འགྱུར་ལ་དགེ་བ་བྱས་ཀྱང་བསོད་ནམས་སུ་མི་འགྱུར་བའི་ཆོས་བསྟན་ནས། དེ་ལ་ཡིད་ཆེས་ཏེ། དགེ་བའི་རྩ་བ་བཅད་དོ། །དེའི་ཚེ་ན་ཀུན་དགའ་བོས་ཕུ་ནུ་བོ་ལ་སྙིང་བརྩེ་བའི་ཕྱིར་རབ་ཏུ་མི་དགའ་སྟེ། ངུས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གཏི་མུག་ཅན་ནི་མི་དགེ་བའི་ལས་ཁ་ན་མ་ཐོ་བ་བགྱིས་ཏེ། དགེ་བའི་རྩ་བ་བཅད་ནས་ཤཱཀྱའི་རིགས་རྣམས་ཀྱང་སུན་འབྱིན་ནོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལྷ་སྦྱིན་འདི་ནི་ཚེ་འདི་འབའ་ཞིག་ལ་རྙེད་པ་དང་གྲགས་པའི་ཕྱིར་དགེ་བའི་རྩ་བ་བཅད་པར་མ་ཟད་ཀྱི། འདས་པའི་དུས་ན་ཡང་རྙེད་པ་དང་གྲགས་པའི་ཕྱིར་ལུས་དང་སྲོག་ཀྱང་སྟོང་པའི་ལས་བྱས་སོ། །དེ་ལ་དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གྱིས་འདས་པའི་དུས་ན་ཡང་རྙེད་པ་དང་གྲགས་པའི་སླད་དུ་ལུས་


DKG074_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྲོག་སྟོང་པའི་ལས་བགྱིས་པ་ཅི་ལྟ་བུ་ལགས་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་སྔོན་འདས་པའི་དུས་ན། བསྐལ་པ་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ཡུལ་་་ཌ་་ན་བྲམ་ཟེ་ཧ་ཡི་ཞེས་བྱ་བ་ཞིག་ཡོད་དེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་རིང་པོར་མ་ལོན་པར་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་དགུ་ཚང་བ་ན་བུ་ཁྱེའུ་ཞིག་བཙས་ཏེ། དེ་ནས་བཙས་སྟོན་ཆེན་པོ་བྱས་ནས། བུའི་མིང་ཡང་ལེགས་ཚོལ་ཞེས་བྱ་བར་བཏགས་ཏེ། མ་མ་ལ་གཏད་ནས་གསོས་སོ། །དེ་ནས་ཡང་སེམས་ཅན་དང་ལྡན་པར་གྱུར་ཏེ། སྔོན་མ་དེ་མཉེན་ཞིང་དེས་པ་ལས་སེམས་ཅན་དང་ལྡན་པའི་འོག་ཏུ་གཏུམ་ཞིང་ཁྲོ་བར་གྱུར་ཏོ། ། དེ་ནས་ཟླ་བ་དགུ་ཚང་བ་དང་ཁྱེའུ་ཞིག་བཙས་ཏེ། དེ་ལྟར་མ་ཡང་སྔོན་ལས་གྱུར་པས། བུའི་མིང་ཡང་ཉེས་ཚོལ་ཞེས་བྱ་བར་བཏགས་ཏེ། མ་མ་ལ་གཏད་ནས་གསོས་སོ། །ཁྱེའུ་སྤུན་གཉིས་ཕྱིས་ཆེར་སྐྱེས་ནས། སྤུན་གཉིས་རྒྱ་མཚོར་རིན་པོ་ཆེ་ལེན་པར་དོང་ངོ་། །སོ་སོ་ནས་འཁོར་དང་གྲོགས་ལྔ་བརྒྱ་ལྔ་བརྒྱ་རྙེད་ནས་ལམ་དུ་ཞུགས་སོ། །ལམ་རིང་བས་ཞག་བདུན་གྱི་གནས་སུ་མ་ཕྱིན་པར་རྒྱགས་ཆད་དེ། སྲོག་དང་བྲལ་དུ་ཉེ་ནས། ལེགས་ཚོལ་དང་ཚོང་པ་གྲོགས་པོ་རྣམས་ཉམ་ཐག་སྟེ། ཐམས་ཅད་ལྟ་བརྗོད་ཅིང་ལྷ་རྣམས་ལ་མཆོད་པར་བྱེད་དོ། །དེ་ནས་འབྲོག་སྟོང་པ་དེ་ན་རྒྱང་མ་ནས་སྐྱེད་ཤིང་བཟང་པོ་ཞིག་མཐོང་ནས། ཐམས་ཅད་སྐྱེད་ཤིང་གི་དྲུང་དུ་ལྷགས་པ་དང་། ཤིང་གི་དྲུང་ན་ཆུ་མིག་བཟང་པོ་ཞིག་ཀྱང་ཡོད་དེ། ཚོང་པ་རྣམས་ཆུ་མིག་དེ་ལ་འཐུངས་ནས། བདག་ཅག་གིས་ལྷ་མཆོད་པའི་རྟགས་འདི་ཡིན་ནོ། །ཞེས་སྨྲས་པ་དང་། ལྷས་མངོན་སུམ་དུ་སྨྲས་ཏེ། སྐྱེད་ཤིང་གི་ཡལ་ག་ཆོག་ཤིག་དང་འདོད་པ་ཐམས་ཅད་འབྱུང་ངོ་ཞེས་བསྒོའོ། །དེ་ནས་ཡལ་ག་གཅིག་བཅད་པ་དང་། བཏུང་བ་ཞིམ་པོར་བྱུང་ངོ་། །དེ་ནས་ཡལ་ག་གཅིག་བཅད་པ་དང་། ཁ་ཟས་རོ་བརྒྱ་དང་ལྡན་པ་ཐམས་ཅད་བྱུང་ནས། དེ་དག་ཀུན་གྱིས་ཚིམ་པར་ཟོས་སོ། །དེ་ནས་ཡང་ཡལ་ག་གཅིག་


DKG074_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་པ་དང་། གོས་རྣམ་པ་སྣ་ཚོགས་བྱུང་ངོ་། །དེ་ནས་ཡང་ཡལ་ག་གཅིག་བཅད་པ་དང་ནོར་བུ་རིན་པོ་ཆེ་སྣ་ཚོགས་བྱུང་སྟེ། ཁལ་ཐམས་ཅད་ལོངས་སོ། །དེ་ནས་ཉེས་ཚོལ་ལ་སོགས་པ་ཐམས་ཅད་ཀྱང་དེར་ལྷགས་ཏེ། སྔ་མའི་ཡལ་ག་བཅད་པ་ལས་རིན་པོ་ཆེ་སྣ་ཚོགས་ཁལ་ལོངས་པ་མཐོང་ནས། འདི་སྙམ་དུ་བསམས་སོ། །སྔ་མ་འདི་དག་གིས་ཡལ་ག་ལས་ཀྱང་རིན་པོ་ཆེ་ཆོག་པར་རྙེད་ན། ཤིང་འདིའི་རྩ་བ་ཕྱུང་ན་ནི་ནོར་བུ་རིན་པོ་ཆེ་སྣ་ཚོགས་མང་དུ་རྙེད་དོ། །སྙམ་བསམས་ནས། ཤིང་གི་རྩ་བ་བརྐོ་བར་གཟས་སོ། །དེ་ནས་ལེགས་ཚོལ་མི་དགའ་སྟེ་སྨྲས་པ། བདག་ཅག་ནི་ཕོངས་ཏེ་སྲོག་དང་བྲལ་བ་ལས་ཤིང་འདིས་བདག་ཅག་གི་སྲོག་གསོས་ཀྱིས་ཁྱོད་ཤིང་འདི་མ་གཅོད་ཅེས་སྨྲས་ན་ཉེས་ཚོལ་མ་ཉན་ཏེ་ཤིང་རྩ་བ་བཅད་དོ། །དེ་ནས་ལེགས་ཚོལ་ཀྱང་མཐོང་མི་འདོད་པར་ཁལ་དང་བཅས་པ་སོང་བའི་འོག་ཏུ་ཤིང་གི་རྩ་བ་ནས་སྲིན་པོ་ལྔ་བརྒྱ་བྱུང་སྟེ། ཉེས་ཚོལ་དང་ཚོང་པ་ཀུན་ཟོས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་ལེགས་ཚོལ་དེ་ནི་ད་ལྟར་ང་ཡིན་ནོ། །དེའི་ཕ་དེ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །དེའི་མ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་མ་ཡིན་ནོ། །ཉེས་ཚོལ་དེ་ནི་ད་ལྟར་ལྷ་སྦྱིན་ཡིན་ནོ། །ཀུན་དགའ་བོ་ལྷ་སྦྱིན་གྱིས་ད་ལྟར་འབའ་ཞིག་ང་ལ་གནོད་པ་བྱེད་པར་མ་ཟད་ཀྱིས་རྙེད་པ་དང་གྲགས་པའི་ཕྱིར་སྐྱེ་བ་ཐམས་ཅད་དུ་ང་ལ་གནོད་པ་བྱས་ན། ངས་ཕན་པའི་ཆོས་བསྟན་ཏེ་ཕན་པར་བྱས་ཀྱང་། ལྷ་སྦྱིན་ནི་ང་ལ་དགྲར་འཛིན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ལེགས་ཚོལ་དང་ཉེས་ཚོལ་གཉིས་ཀྱི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།

སུམ་ཅུ་གསུམ་པ། རྒྱལ་བུ་དགེ་དོན་གྱི་ལེའུ།


DKG074_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོས་ལྷ་སྦྱིན་གྱིས་ཐབས་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པ་ལ་གནོད་པར་བྱ་བར་བསམས་ཀྱང་། དེ་བཞིན་གཤེགས་པས་ནི་ལྷ་སྦྱིན་དང་སྒྲ་གཅན་ཟིན་


DKG074_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་མི་འདྲ་བར་མེད་པར་དགོངས་ཏེ། རྟག་ཏུ་དེ་ལ་ཐུགས་བརྩེ་བར་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་པ། ལྷ་སྦྱིན་འདིས་དུས་འདི་ཉིད་ན་ང་ལ་གནོད་པ་བྱས་པར་མ་ཟད་དེ། སྐྱེ་བ་གཞན་དུ་ཡང་ང་ལ་གནོད་སེམས་བསྐྱེད་དོ། །དགེ་སློང་དག་ཐེ་ཙོམ་དུ་གྱུར་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་འདིས་སྐྱེ་བ་གཞན་དག་ན་བཅོམ་ལྡན་འདས་ལ་གནོད་པ་ཅི་ལྟར་བགྱིས་ཤེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་དུས་བསྐལ་པ་ཚད་མེད་གྲངས་མེད་དཔག་ཏུ་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་དུ། འཛམ་བུའི་གླིང་འདིར་རྒྱལ་པོ་རིན་པོ་ཆེ་གོ་ཆ་ཞེས་བྱ་བ་རྒྱལ་ཕྲན་ལྔ་བརྒྱ་ལ་དབང་བྱེད་པ་ཞིག་བྱུང་ངོ་། །དེ་ལ་བཙུན་མོ་དང་ཕོ་བྲང་གི་སླས་ལྔ་བརྒྱ་སྙེད་ཡོད་ཀྱང་བུ་མེད་དེ། ཉི་ཟླའི་ལྷ་ལ་སོགས་ཏེ་ལྷ་ཐམས་ཅད་ལ་གསོལ་བ་བྱས་ཏེ། ལོ་དུ་མ་ལོན་ཀྱང་བུ་མེད་པས་མི་དགའ་བར་གྱུར་ཏེ། འདི་སྙམ་དུ་སེམས་སོ། །བདག་ལ་བུ་ནི་གཅིག་ཀྱང་མེད་དེ། དེའུ་རེ་ཚེ་ཟད་པས་རྒྱལ་ཕྲན་ལྔ་བརྒྱ་ཡང་གཅིག་ལ་གཅིག་མི་ཉན་ཏེ། ཐམས་ཅད་འཁྲུགས་ནས། ཡུལ་མི་བདེ་བར་འགྱུར་རོ་སྙམ་ནས་སེམས་ཁོངས་སུ་ཆུད་དེ། ལག་པ་འགྲམ་པ་ལ་བརྟེན་ནས་འདུག་པ་ལས། དེའི་ཚེ་ན་ལྷ་ཞིག་རྒྱལ་པོའི་བསམ་པ་ཤེས་ནས། རྨི་ལམ་དུ་རྒྱལ་པོ་ལ་འདི་སྐད་ཅེས་བསྒོའོ། །ཕོ་བྲང་གི་ཕྱི་རོལ་ཚལ་གྱི་ནང་ན། དྲང་སྲོང་གཉིས་ཤིག་ཡོད་དེ་གཅིག་གི་ལུས་གསེར་གྱི་མདོག་ཏུ་འདུག་གི །དེའི་གན་དུ་སོང་ལ་གསོལ་བ་ཐོབ་ཤིག་དང་། བུར་སྐྱེ་བར་འགྱུར་རོ། །ཞེས་བསྒོ་མ་ཐག་ཏུ་གཉིད་ལོག་པ་ལས་སད་ནས། དྲང་སྲོང་གཉིས་གང་ན་འདུག་པ་ཚོལ་དུ་སོང་སྟེ། དྲང་སྲོང་དེ་དང་ཕྲད་ནས། བདག་ལ་རྒྱལ་པོའི་རིགས་འཚོབ་པ་མེད་ཀྱིས་ཁྱོད་བདག་གི་རིགས་སུ་སྐྱེས་ཏེ། རིགས་གསོ་ཤིག་ཅེས་གསོལ་བ་བཏབ་ནས། དྲང་སྲོང་དེས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་སོ། །དྲང་སྲོང་གཅིག་གིས་ཀྱང་བདག་ཁྱོད་ཀྱི་


DKG074_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སུ་སྐྱེ་བར་བྱའོ་ཞེས་སྨྲས་པ་དང་། རྒྱལ་པོ་རབ་ཏུ་དགའ་ནས། ཁྱོད་ཀྱང་བདག་གི་རིགས་སུ་སྐྱེ་བར་ཤོག་ཤིག།ཅེས་སྨྲས་སོ། །དེ་ནས་རྒྱལ་པོ་ཕྱིར་ལོག་ནས་དུས་ཕྱི་ཞིག་ན་དྲང་སྲོང་གསེར་གྱི་མདོག་ཅན་ཚེའི་དུས་བྱས་ནས། བཙུན་མོ་ཆེན་མོའི་མངལ་དུ་སྐྱེས་སོ། །བུད་མེད་མཁས་པས་བུ་ཡོད་པར་ཤེས་ནས་བུ་ཕོར་ཤེས་ཏེ་བདག་ལ་ངེས་པར་བུ་ཕོ་ཡོད་དོ། །ཞེས་རྒྱལ་པོ་ལ་སྨྲས་པ་དང་། རྒྱལ་པོས་ཀྱང་བཙུན་མོའི་རིམ་གྲོ་བསྐྱེད་དོ། །ཟླ་བ་དགུ་ཚང་ནས་བུ་ཁྱེའུ་གསེར་གྱི་མདོག་ཅན། སྐྲ་མཐོན་མཐིང་ཁར་འདུག་པ། མཚན་དང་ལྡན་པ་ཞིག་བཙས་སོ། །རྒྱལ་པོ་རབ་ཏུ་དགའ་ནས་བཙས་སྟོན་བྱས་ཏེ། མཚན་མཁན་གྱིས་མཚན་བཏགས་ནས། བུའི་མིང་ཡང་དགེ་དོན་དུ་བཏགས་སོ། །དེ་ནས་བཙུན་མོ་གཅིག་ཀྱང་སེམས་ཅན་དང་ལྡན་པར་གྱུར་ཏེ། དྲང་སྲོང་ཅིག་ཤོས་ཀྱང་ཚེའི་དུས་བྱས་ནས་བཙུན་མོའི་མངལ་དུ་སྐྱེས་སོ། །དེ་ནས་ཡང་བཙས་སྟོན་བྱས་ཏེ། མཚན་མཁན་གྱིས་མཚན་བལྟས་ནས། ཁྱེའུའི་མིང་སྡིག་དོན་དུ་བཏགས་སོ། །རྒྱལ་པོ་བུ་ལ་བྱམས་ཤིང་སྡུག་པས་བུ་འདུག་པའི་གནས་དབྱར་དགུན་སྟོན་དཔྱིད་སོ་སོར་བྱས་སོ། །ཁྱེའུ་ཆེར་སྐྱེས་ནས་རིག་པ་བཅོ་བརྒྱད་ལ་སོགས་ཏེ། གཙུག་ལག་ཐམས་ཅད་ལ་མཁས་པར་གྱུར་ཏོ། །ཕྱིས་དགེ་དོན་གྱིས་རྒྱལ་པོ་ལ་གསོལ་ཏེ། བདག་ཕྱི་རོལ་ཏུ་འཆག་ཅིང་ལྟད་མོ་ལྟར་འགྲོའོ་ཞེས་བྱས་པ་དང་། དེའི་ཕ་མས་ཀྱང་བུ་འཆག་ཏུ་འགྲོའོ་ཞེས་ལམ་སྲང་ཕྱག་དར་བྱེད་དུ་བཅུག་སྟེ། རྒྱལ་མཚན་དང་། བ་དན་བསྒྲེངས་ནས་མེ་ཏོག་གིས་གཏོར་ཏོ། །བདུག་པ་དང་། སྤོས་ཀྱིས་བདུག་པ་ལ་སོགས་པས་ཡོ་ལང་བཤམས་ནས། དགེ་དོན་གླང་པོ་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ་ལ་བསྐྱོན་ཏེ། དྲིལ་བསྒྲགས་རྫ་རྔ་བརྡུངས་རོལ་མོ་དང་སིལ་སྙན་དཀྲོལ་ཏེ། རྐྱ་པ་བརྒྱ་སྟོང་སྙེད་ཀྱིས་བསྐོར་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་ངོ་། །ཡུལ་མི་ཐམས་ཅད་ལམ་གྱི་གཡས་གཡོན་ན་ཁང་བུ་བརྩེགས་པའི་སྟེང་ན་མིག་མི་འཛུམས་པར་ལྟ་ཞིང་། འདི་བྱིན་དང་གཟི་བརྗིད་ནི་ཚངས་པ་དང་འདྲའོ་ཞེས་བསྒྲགས་སོ། །དེ་ནས་སོང་སོང་བ་ལས་མུ་


DKG074_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་བ་དག་ཅིག་གིས་གོས་ཧྲུལ་པོ་གྱོན་ནས་སྣོད་ཆག་པ་ཐོགས་ཏེ། ཅུང་ཟད་བསླང་ངོ་ཞེས་འབོད་པ་དགེ་དོན་གྱིས་ཐོས་ནས། དེ་དག་ལ་ཁྱོད་ཅིའི་ཕྱིར་འདི་ལྟར་ཉོན་མོངས་ཤིང་སྡུག་ཅེས་དྲིས་སོ། །དེ་དག་ལས་ཁ་ཅིག་ནི་འདི་སྐད་དུ་བདག་ལ་ཕ་མ་དང་ཕུ་ནུ་དང་བུ་སྨད་དང་། གཉེན་བཤེས་མ་མཆིས་པས་སྡུག་གོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི་བདག་ཅག་ཡུན་རིང་དུ་ནད་ཀྱིས་བཏབ་པས་མི་སོས་ཏེ་སྡུག་གོ་ཞེས་ཟེར་རོ། །དེ་ལ་ཁ་ཅིག་ནི་བདག་ཅག་བག་མ་བྱས་པས་ཆོམ་པོས་བཅོམ་སྟེ་ཅི་ཡང་མི་བདོག་པས་སློངས་མོ་བྱེད་དོ་ཞེས་ཟེར་རོ། །དགེ་དོན་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། མཆི་མ་བླགས་ཏེ་སོང་ངོ་། །ཕ་ཟད་ཅིག་ཙམ་ནས་ཤན་པ་དག་ཅིག་སྲོག་ཆགས་བསད་ནས་པགས་པ་བཤུ་བ་དང་། དམྱལ་གཏུབ་པ་དག་མཐོང་ནས། དགེ་དོན་གྱིས་ཨེ་མ་ཧོ་འདི་དག་ཅི་བྱེད་ཅེས་དྲིས་པ་ན། བདག་ཅག་གི་ཕ་མེས་རྒྱུད་ཀྱིས་འདི་འདྲ་བའི་གསད་པའི་ལས་བྱེད་དེ། འདི་མ་བྱས་ན་མི་འཚོའོ། །ཞེས་ཟེར་རོ། །དེ་ལ་དགེ་དོན་ངོ་ཚ་བར་གྱུར་ཏེ་བལྟ་མི་ཕོད་པར་སོང་ངོ་། །དེ་ནས་ཡང་ཕ་ཟད་ཕྱིན་པ་དང་ཞིང་པ་དག་ཅིག་ཞིང་རྨོས་པའི་འོག་ཏུ་སྲིན་བུ་མང་དུ་བྱུང་བ་ལས། བྱ་མང་པོ་དག་སྦྲུལ་གདུག་པ་དག་ཐུ་ཞིང་ཟ་བ་མཐོང་བ་དང་། འདི་དག་ཅི་བྱེད་ཅེས་དྲིས་པ་ན་བདག་ཅག་ནི་ཞིང་རྨོས་ཏེ་ས་རློགས་པའི་ཤུལ་དུ་ས་བོན་བཏབ་ནས། ཕྱིས་མང་དུ་སྐྱེས་ཏེ་དེས་འཚོ་ཞིང་རྒྱལ་པོའི་དཔྱ་ཡང་དབུལ་ཞེས་ཟེར་རོ། །དགེ་དོན་དེ་ལ་ཡང་ངོ་ཚ་བར་གྱུར་ནས་ཕ་ཟད་སོང་བ་དང་། རྔོན་པ་བྱ་རྒྱ་དྲེས་པ་དང་། རྙི་བཙུགས་ནས་བྱ་རྣམས་བཤོར་བ་དང་། སེམས་ཅན་དག་བྱ་རྒྱ་དང་རྙི་ལ་ཟིན་ནས་ལུས་རྡེག་ཅིང་འཐེན་ཀྱང་མ་ཤོར་ཏེ། སྙིང་རྗེའི་སྐད་ཕྱུང་སྟེ། ཤིན་ཏུ་འཇིགས་སྐྲག་པ་དག་མཐོང་ནས། ཁྱོད་འདི་ཅི་བྱེད་ཅེས་དྲིས་ན་བདག་ཅག་ཀྱང་རྒྱུད་ཀྱིས་འདི་འདྲ་བ་གསོད་པའི་ལས་བྱེད་པས་འཚོ་ཞེས་ཟེར་རོ། །དགེ་དོན་གྱིས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཤིན་ཏུ་ཡི་མུག་སྟེ། ཡང་ཕ་ཟད་སོང་བ་དང་། ཉ་པ་དག་ཉ་རྒྱ་བཙུགས་ནས་མང་དུ་ཟིན་ཏེ། ཐང་དུ་ཕུང་པོར་སྤུངས་ནས་ད་དུང་ཡང་འགུལ་བ་དག་མཐོང་ནས་འདི་དག་ཅི་བྱེད་དྲིས་ན།


DKG074_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཀྱང་རྒྱུད་ཀྱི་ལས་གཞན་མི་བྱེད་ཀྱིས་འདི་ལྟར་ཉ་བཤོར་ཞིང་འཚོ་བར་བྱེད་དོ། ། ཞེས་ཟེར་རོ། །དགེ་དོན་གྱིས་དེ་ལྟ་བུ་དག་མཐོང་ནས་འདི་སྙམ་དུ་བསམས་སོ། །སེམས་ཅན་འདི་དག་ནི་དབུལ་ཕོངས་པས་བགོ་བ་དང་། བཟའ་བའི་ཕྱིར་འདི་ལྟ་བུའི་ཁ་ན་མ་ཐོ་བའི་ལས་གསོད་པ་སོགས་བྱེད་དེ། འདི་དག་ནི་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྷུང་སྟེ། མུན་པ་ནས་མུན་པར་འགྲོ་ཞིང་། ཐར་པའི་དུས་མེད་དོ་སྙམ་དུ་བསམས་ནས་ཕྱིར་ཁྱིམ་དུ་འོངས་ཏེ། ཉིན་མཚན་དུ་སེམས་ཤིང་ནི་མི་དགའ་ནས། ཕའི་དྲུང་དུ་སོང་སྟེ་ཕ་ལ་ཡབ་བདག་ལ་གསོལ་བ་ཞིག་མཆིས་ཀྱིས་གནོང་ཤིག་ཅེས་སྨྲས་སོ། །ཕས་ཀྱང་བུ་ཁྱོད་ཅི་ཟེར་ཁྱོད་ཅི་སྨྲས་པ་བཞིན་དུ་བྱའོ་ཞེས་སྨྲས་སོ། །ཡབ་བདག་སྔོན་ཕྱི་རོལ་ཏུ་འཆག་ཏུ་མཆིས་པ་ལས་མི་མང་པོས་གོས་དང་། ཟས་ཀྱི་ཕྱིར་ཐམས་ཅད་ཉོན་མོངས་ཏེ། གཅིག་གིས་གཅིག་ལ་གསོད་པ་དང་། བརྫུན་དང་། དབང་ཟ་བ་དང་། མི་དགེ་བའི་ལས་རྣམ་པ་སྣ་ཚོགས་བགྱིད་པར་མཐོང་ནས། དེ་དག་ལ་སྦྱིན་པ་བགྱིད་པར་བསམས་ཀྱིས་ཡབ་ཀྱིས་བང་མཛོད་ཆེན་པོ་ལས་དྲེལ་ཞིང་ཕོངས་པ་དག་གི་ཕྱིར་ཡིད་བཞིན་དུ་སྤྱོད་དུ་གནོང་ཤིག་ཕས་སྨྲས་པ། ངས་རིན་པོ་ཆེ་དང་བང་མཛོད་མང་དུ་བསགས་པ་ཐམས་ཅད་ཁྱོད་ཀྱི་ཕྱིར་བྱས་པར་ཟད་ན། ཅིའི་ཕྱིར་ཁྱོད་ཟེར་བཞིན་དུ་མི་ཉན་ཅེས་སྨྲས་སོ། །དེ་ནས་དགེ་དོན་གྱིས་ཕས་གནང་བའི་ལུང་ཐོབ་ནས། ཡུལ་མི་ཐམས་ཅད་ལ་དགེ་དོན་ནི་སྦྱིན་པ་ཆེན་པོ་བྱེད་ཀྱིས། ཐམས་ཅད་འདུས་ཤིང་ཤོག་ཤིག་ཅེས་སྨྲས་སོ། །དེའི་ཚེ་ན་དགེ་སྦྱོང་དང་བྲམ་ཟེ་དང་། དབུལ་ཕོངས་པ་མགོན་མེད་པ་དང་། ན་བ་ལ་སོགས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་ན་ལམ་ཐོག་ཐག་གང་ངོ་། །དེ་དག་ཀྱང་དཔག་ཚད་བརྒྱ་དང་ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དཔག་ཚད་སྟོང་གི་ལམ་ནས་འོངས། ཁ་ཅིག་ནི་དཔག་ཚད་ཉིས་སྟོང་། སུམ་སྟོང་། བཞི་སྟོང་། ལྔ་སྟོང་། དཔག་ཚད་ཁྲིའི་ལམ་ནས་ལྷགས་ཏེ། སྤྲིན་བཞིན་དུ་འདུས་ནས་ཐམས་ཅད་ལས་ཡིད་བཞིན་དུ་སྦྱིན་པ་ནི་གོས་འདོད་པ་ལ་གོས། ཟས་འདོད་པ་ལ་ཟས།


DKG074_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེ་དང་། གསེར་དང་། དངུལ་དང་། ་རྱ་དང་། མུ་ས་ར་གལ་བ་དང་། བཞོན་པ་དང་། ཐེག་པ་དང་། ཁྱོགས་དང་། སྐྱེད་མོས་ཚལ་དང་། ཞིང་དང་། རྐང་འགྲོས་ལ་སོགས་ཏེ། ཡིད་བཞིན་དུ་སྦྱིན་པ་བྱས་སོ། །དེ་ལྟར་སྦྱིན་པ་ལ་ཞུགས་ཏེ། ཡུན་རིང་ཞིག་ལོན་པ་དང་། བང་མཛོད་སུམ་ཆ་ནི་ཟད་ནས། མཛོད་སྲུང་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །སྲས་ཀྱིས་བང་མཛོད་ལས་སྦྱིན་པ་བགྱིས་ནས་སུམ་ཆ་ནི་ཟད་པས། སུམ་གཉིས་ཙམ་ལས་མ་ལུས་ན། ཕན་ཚུན་འདྲུལ་བའི་སྐྱེས་དང་། ཚོང་ཟོང་ཅི་ལས་བགྱིད་དགོངས་ཤིག་ཅེས་སྨྲས་སོ། །ང་ནི་སྲས་འདི་ལ་བྱམས་པས་ངོ་མི་ཟློགས་ཀྱིས་བང་མཛོད་སྟོངས་ཀྱང་སླའོ་ཞེས་བསྒོའོ། །དེ་ནས་ཡང་རིང་ཞིག་ལོན་པ་དང་། བང་མཛོད་སུམ་གཉིས་ནི་ཟད། སུམ་ཆ་ཙམ་ལུས་པ་དང་། མཛོད་སྲུང་གིས་ཡང་རྒྱལ་པོ་ལ་ད་ནི་བང་མཛོད་སུམ་གཉིས་ཙམ་ནི་ཟད། །སུམ་ཆ་ཙམ་ལས་མ་ལུས་ན། ཕན་ཚུན་སྐྱེས་བསྐུར་བ་དང་། ཚོང་ཟོང་ཅི་ལས་བགྱི་ཞེས་སྨྲས་སོ། །རྒྱལ་པོས་དེ་ལ་བསྒོ་བ། ངའི་སྲས་སྡུག་ཆེས་པས་ངོ་མི་ཟློགས་པས་སྨྲ་བ་མི་ཕོད་ཀྱིས། ཁྱོད་ཀྱིས་ཐབས་ཅི་ལེགས་སུ་བྱོས་ལ་དྲེལ་ཅིང་མི་ཁོམ་པ་ལྟར་ཐ་སྙད་ཐོགས་ཤིག།མཛོད་སྲུང་གིས་རྒྱལ་པོ་ལས་ལུང་ཐོབ་ནས། མཛོད་སྒོ་བཅད་དེ། དོན་གཉེར་དུ་སོང་ངོ་། །དེ་ནས་སློང་བ་དག་དགེ་དོན་གྱི་ཐད་དུ་སོང་སོང་ནས། བར་འགའ་ནི་མཛོད་སྲུང་མི་སྙེད་དེ་མཛོད་སྒོ་མི་ཕྱེད། གལ་ཏེ་མཛོད་སྲུང་འོངས་ན་ཡང་ཡིད་བཞིན་དུ་མི་སྟེར་བས། དགེ་དོན་གྱིས་འདི་སྙམ་སེམས་སོ། །འདི་ལྟར་གྱུར་པ་འདི་ནི་མཛོད་སྲུང་གིས་ནི་ཐུགས་མི་ཐུབ་ཀྱིས། ཡབ་ཀྱི་མན་ངག་འོངས་ཀྱིས་ཡོད་ཡང་བུས་ནི་ཕའི་བང་མཛོད་སྟོངས་པར་བྱས་པའི་མི་རིགས་ཀྱིས། བདག་གིས་ད་ཐབས་ཅི་ཞིག་བྱས་ན་རིན་པོ་ཆེ་ཡིད་བཞིན་དུ་རྙེད་དེ། སྐྱེ་བོ་མང་པོ་ལ་ཕན་འདོགས་པར་འགྱུར་སྙམ་བསམས་ནས། མི་དག་ལ་འདི་སྐད་ཅེས་དྲིས་སོ། །འཇིག་རྟེན་ན་ལས་ཅི་བྱས་ན། ནོར་དབྱིག་མང་དུ་རྙེད་ཅིང་ཟད་མི་ཤེས་པར་འགྱུར་ཞེས་དྲིས་པ་དང་། ཁ་ཅིག་ནི་


DKG074_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཆེར་རྨོས་ན་ནོར་དབྱིག་མང་དུ་འགྱུར་ཞེས་ཟེར་རོ། །ཁ་ཅིག་ནི་རྐང་འགྲོས་སྤེལ་ཏེ། སྤོགས་བྱས་ན་ནོར་མང་དུ་རྙེད་ཟེར་རོ། །ཁ་ཅིག་ནི་ལམ་རིང་པོར་ཚོང་སྤོགས་བྱས་ན་ནོར་མང་དུ་རྙེད་ཅེས་ཟེར་རོ། །ཁ་ཅིག་ནི་རྒྱ་མཚོར་ཞུགས་ཏེ། ནོར་བུ་རིན་པོ་ཆེ་བླངས་ན་རིན་པོ་ཆེ་མང་དུ་འགྱུར་རོ་ཞེས་ཟེར་རོ། །དགེ་དོན་གྱིས་དེ་དག་སྨྲས་པ་ཐོས་ནས་ཞིང་རྨོ་བ་དང་། རྐང་འགྲོས་སྤེལ་བ་དང་། ལམ་རིང་པོར་ཚོང་པ་ལ་འགྲོ་བ་ནི་ངའི་ཆ་མ་ཡིན་ནོ། །རྒྱ་མཚོར་འཇུག་པ་འབའ་ཞིག་ངའི་ཆ་ཡིན་ནོ་ཞེས་སྨྲས་ནས། རྒྱ་མཚོར་འཇུག་གོ །ཞེས་བསམས་ཏེ། ཕ་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་རྒྱ་མཚོ་ནས་རིན་པོ་ཆེ་མང་པོ་བླངས་ཏེ། དབུལ་ཕོངས་པ་ལ་སྦྱིན་པ་ཡིད་བཞིན་དུ་བྱའོ། །བདག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོ་བར་གནོང་ཤིག་ཅེས་སྨྲས་སོ། །དེའི་ཕ་མས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་བུ་ལ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དབུལ་ཕོངས་པ་དག་བློ་མེད་དེ། ལུས་དང་། སྲོག་དང་བསྡོས་ནས། འགྲོ་བར་བྱེད་དོ། །ཁྱོད་ཅིས་ཕོངས་ན། དེ་ལྟ་བུའི་སེམས་ཁྱོད་སྦྱིན་པར་འདོད་ན། ཁྱིམ་ན་ཡོད་པའི་ནོར་ཐམས་ཅད་སྦྱིན་པར་བྱོས་ཤིག།རྒྱ་མཚོར་ནི་འགྲོ་མི་རུང་སྟེ། རྒྱ་མཚོའི་ནང་ན་ཆུ་རླབས་དང་། དབའི་གློང་འཁྱིལ་བ་དང་། ཆུ་སྲིན་དང་། ཀླུ་གདུག་པ་དང་། སྲིན་མོ་དང་། རི་ཆུའི་མདོག་ཅན་ལ་སོགས་ཏེ་ཤིན་ཏུ་ཡ་ང་བའི་བགེགས་མང་དུ་ཡོད་པས་ཐར་དཀའ་ན། ཁྱོད་ཅིས་ཕོངས་ཤིང་སྲོག་དང་སྡོ་བར་བྱེད། འདི་ལ་ནི་ཉན་པ་མེད་ཀྱིས་མ་སེམས་པར་འདུག་ཅིག་ཅེས་བསྒོའོ། །དགེ་དོན་གྱིས་དེ་སྐད་ཅེས་བསྒོ་བ་ཐོས་ནས། བསམ་པ་བཞིན་དུ་མ་གྲུབ་པས་ཡི་དམ་བཅས་ཏེ། བསམ་པ་འདི་མ་གྲུབ་ཀྱི་བར་དུ། ཕ་མའི་མདུན་དུ་ས་ལ་ཁ་སྦུབ་ཏུ་ཉལ་ཏེ། མི་ལྡང་ངོ་སྙམ་བསམས་ནས། ཡབ་དང་ཡུམ་གྱིས་མཁྱེན་པར་མཛོད་ཅིག།བདག་ནི་བསམ་པ་བཞིན་དུ་མ་གྲུབ་ཀྱི་བར་དུ། ཁ་སྦུབ་ཏུ་ཉལ་བ་འདི་ལས་མི་ལྡང་ངོ་ཞེས་སྨྲས་སོ། །དེ་ནས་ཕ་མ་མི་དགའ་སྟེ།


DKG074_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གཉེན་བཤེས་དང་བགྲོས་ཏེ། རྒྱ་མཚོའི་ནང་ན་བགེགས་ཡ་ང་བ་མང་དུ་ཡོད་པའི་གཏམ་བྱས་སོ། །བདག་ཀྱང་རྨོངས་པས་ལོ་བཅུ་གཉིས་ཀྱི་བར་དུ་ལྷ་ཀུན་མཆོད་དེ། ཁྱོད་ལྟ་ཞིག་ངའི་བུར་སྐྱེས་ན། ངེད་མ་བོར་བར་ཟན་ཟོ་ཤིག་ཅེས་ཞག་གཅིག་གཉིས་ནས་ཞག་དྲུག་གི་བར་དུ་ཚིག་རྣམ་པ་སྣ་ཚོགས་ཀྱིས་གྲོས་བཏབ་ཀྱང་མ་ཉན་ཏེ། སྔར་ཅི་སྨྲས་པ་ལས་མ་ཟློགས་སོ། །ཕ་མ་ཡང་དངངས་ནས་འདི་སྐད་ཅེས་བགྲོས་སོ། །བདག་གི་བུ་ཐོག་མ་བཙས་ནས་ད་ལྟ་ཙམ་གྱི་བར་དུ་བྱ་བ་བརྩམས་པ་མཐར་མ་གྲུབ་ཀྱི་བར་དུ་མི་གཏོང་བས། རྒྱ་མཚོར་བཏང་ན་གལ་ཏེ་ཕྱིར་ལོག་ཀྱང་སྲིད་ཀྱིས། མ་བཏང་ན་ཞག་བདུན་ལོན་ནས་འཕྲལ་དུ་བྱེ་བྲལ་བྱེད་དེ། ད་ནི་བཏང་དགོས་སོ་སྙམ་བགྲོས་ནས། བུའི་གན་དུ་སོང་སྟེ། ལག་པ་ནས་བཟུང་ནས། བུ་ལོངས་ལ་ཟན་ཟོ་ཤིག།ཡིད་བཞིན་དུ་འགྲོ་བར་གནང་ངོ་ཞེས་སྨྲས་པ་དང་། དགེ་དོན་ལངས་ཏེ། ཟན་ཟོས་བཏུང་བ་འཐུངས་སོ། །དེ་ནས་ཕྱི་རོལ་ཏུ་བྱུང་སྟེ། མི་མང་པོ་ལ་ཁོ་བོ་ནི་རྒྱ་མཚོར་རིན་པོ་ཆེ་ལེན་དུ་འགྲོའོ། །ཁྱོད་སུ་འགྲོ་བ་དག་ཀྱང་འགྲོགས་ཏེ། འདོང་གིས་དེད་དཔོན་ཡང་ཁོ་བོས་བྱས་ལ་ཡོ་བྱད་ཀྱང་ཁོ་བོས་སྦྱར་རོ་ཞེས་བསྒྲགས་སོ། །དེའི་ཚེ་ན་ཡུལ་དེ་ན་ཚོང་པ་ལྔ་བརྒྱ་སྙེད་ཀྱིས་བདག་ཅག་ཀྱང་རྒྱ་མཚོར་རིན་པོ་ཆེ་ལེན་དུ་མཆིའོ། །ཞེས་ཐམས་ཅད་འདུས་ནས་ཆས་སོ། །དེའི་ཚེ་ན་ཡུལ་དེ་ན་དེད་དཔོན་རྒན་པོ་ཞིག་སྔོན་ཅད་ཀྱང་རྒྱ་མཚོར་ལན་དུ་མ་ཞིག་ཕྱིན་པ་ཡོད་དེ། རྒྱལ་བུ་ཉིད་དེའི་གན་དུ་སོང་ནས་འདི་སྐད་ཅེས་སྨྲས་སོ། །ཁོ་བོ་རྒྱ་མཚོར་འགྲོ་བའི་ས་མཁན་དུ་འགྲོ་དགོས་ཀྱིས། ཁྱོད་ཀྱང་ཆོས་ཤིག་ཅེས་བསྒོ་བ་དང་། དེད་དཔོན་གྱིས་བདག་ནི་རྒས་འཁོགས་པའི་སྟེང་དུ་མིག་གིས་ཀྱང་མི་མཐོང་བས། འགྲོ་མི་ནུས་སོ། ། ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་ཕའི་ཐད་དུ་སོང་ནས། །རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །དེད་དཔོན་རྒན་པོ་ཞིག་མཆིས་པ་སྔོན་ཅད་རྒྱ་མཚོར་ལན་དུ་མ་ཞིག་ཕྱིན་ཏེ། རྒྱ་མཚོའི་རྒྱུས་མཆིས་ཀྱི་བདག་རྒྱ་མཚོར་འགྲོ་བའི་ས་མཁན་དུ་བཀའ་སྩོལ་ཅིག་ཅེས་གསོལ་པ་དང་། རྒྱལ་པོ་དེ་’


DKG074_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་དེད་དཔོན་ལོང་བའི་གན་དུ་སོང་ནས། དེད་དཔོན་དེ་ལ་འདི་སྐད་ཅེས་བསྒོའོ། །རྒྱལ་བུ་རྒྱ་མཚོར་འགྲོ་འདོད་དེ། ངེད་ཀྱིས་འགྲོར་མི་རུང་བའི་གྲོས་དེ་ལྟ་ཞིག་བཏབ་ན་མ་ཉན་གྱིས། རྒྱལ་བུ་རྒྱ་མཚོར་འགྲོ་བའི་ས་མཁན་དུ་ཁྱོད་སོང་ཤིག།ཅེས་བཀའ་སྩལ་པ་དང་། དེད་དཔོན་གྱིས་འདི་སྐད་ཅེས་གསོལ་ཏོ། །བདག་རྒས་འཁོགས་པའི་སྟེང་དུ་མིག་གཉིས་ཀྱང་མདོངས་མོད་ཀྱིས། ང་རྒྱལ་པོས་བཀའ་སྩལ་ན། བཀའ་མི་བཅག་གོ་ཞེས་གསོལ་ཏོ། །རྒྱལ་པོའི་ཕོ་བྲང་དུ་འོངས་ནས། ངའི་བུ་དང་རྒྱ་མཚོར་འགྲོ་ཕོད་པ་སུ་ཡོད་ཅེས་དྲིས་པ་དང་། རྒྱལ་བུ་སྡིག་དོན་ཡང་བདག་ཕུ་བོའི་གཡོག་ཏུ་འགྲོའོ་ཞེས་གསོལ་ཏོ། །རྒྱལ་པོས་བསམས་པ། །གཞན་སོང་བ་བས་ནུ་བོ་སོང་ན་ཕན་སྙམ་ནས། ནུ་བོ་ཡང་འགྲོ་བར་གནང་ངོ་། །དེ་ནས་རྒྱལ་བུས་གསེར་སྲང་སུམ་སྟོང་ཞིག་ཕྱུང་ནས། སྲང་སྟོང་ནི་གྲུ་ཟོང་དུ་བྱས། སྲང་ཉིས་སྟོང་ནི་འཕྲལ་དུ་དགོས་པའི་ཡོ་བྱད་དུ་སྦྱར་ཏེ་ཆས་ནས། རྒྱལ་པོ་དང་བཙུན་མོ་ལ་སོགས་པ་ཐམས་ཅད་ཀྱིས་བསྐྱལ་ལོ། །དེ་ནས་རྒྱ་མཚོའི་ངོགས་སུ་ཕྱིན་ནས་གྲུར་ཞུགས་ནས་ཐག་པ་བདུན་གྱིས་བརྟོད་ནས། རླུང་ཕྱོགས་དང་སྦྱར་ཏེ་འགྲོ་བའི་ཚོང་པ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །རྒྱ་མཚོའི་ནང་ན་བགེགས་རྣམ་པ་སྣ་ཚོགས་ཡོད་དེ། སྔ་ཕྱིར་འདོང་བ་ནི་རབ་ཏུ་མང་ན། ཕྱིར་འཁོར་བ་ནི་ཉུང་རབ་བོ། །དེ་ལས་ཐེ་ཙོམ་ཟ་བ་ཞིག་ཡོད་ན་ཕྱིར་དེང་ཤིག།གལ་ཏེ་ལུས་དང་། སྲོག་ལ་མི་ལྟ་ནས། ཕ་མ་དང་། བུ་དང་། ཆུང་མ་དང་། གཉེན་བཤེས་དག་ལ་ཡང་མ་ཆགས་ཏེ། རིན་པོ་ཆེའི་གླིང་དུ་ཕྱིན་ཏེ། ཕྱིར་ཡང་བདེ་བར་འཁོར་ན་བུ་ཚ་རབས་བདུན་ཚུན་ཅད་ནོར་གྱིས་མི་དྲེལ་བར་འགྱུར་རོ། །ཞེས་བསྒོ་ནས་ཐག་པ་གཅིག་བཅད་དོ། །དེ་བཞིན་དུ་ཉི་མ་བདུན་གྱི་བར་དུ་ཉིན་རེ་ལན་རེ་དེ་སྐད་བསྒོ་ནས། ཐག་པ་རེ་རེ་བཅད་དེ་རླུང་ཕྱོགས་སུ་བབ་པ་ལ་གཡོར་ཤིང་བསྒྲེངས་ཏེ། མགྱོགས་ཁྱད་མདའ་བཞིན་སོང་ངོ་། །དེ་ནས་རིན་པོ་ཆེའི་གླིང་དུ་ཕྱིན་ནས། རྒྱལ་བུ་རིན་པོ་ཆེ་བརྟག་པ་ལ་ཤིན་ཏུ་མཁས་པས། རིན་པོ་ཆེ་བཟང་ངན་དང་། མང་


DKG074_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཉུང་གི་ཚད་ཀྱང་བསྟན་ནས་སོ་སོ་ནས་རིན་པོ་ཆེ་ཚོལ་ལོ། །དེད་དཔོན་དང་གཉིས་གྲུ་ཆུང་ངུ་ཞིག་གི་ནང་དུ་ཞུགས་ནས། ཚོང་པ་ཕལ་རྣམས་དེར་བོར་རོ། །དེ་ནས་སོང་སོང་བ་ལས་དེད་དཔོན་གྱིས་ད་ནི་རི་དཀར་པོ་ཞིག་སྣང་བའི་རིགས་ན་མ་མཐོང་ངམ་ཞེས་དྲིས་ན། རྒྱལ་བུས་ཀྱང་དེ་འདྲ་བ་ཞིག་སྣང་ངོ་། །ཞེས་སྨྲས་པ་དང་། དེ་ནི་དངུལ་གྱི་རི་ཡིན་ནོ་ཞེས་ཟེར་རོ། །དེ་ནས་ཡང་སོང་སོང་བ་ལས་ད་ནི་རི་སྔོན་པོ་ཞིག་སྣང་བའི་རིགས་ན་མཐོང་ངམ་ཞེས་དྲིས་ན། དེ་འདྲ་བ་ཞིག་སྣང་ངོ་ཞེས་སྨྲས་པ་དང་། དེ་ནི་་རྱའི་རི་ཡིན་ནོ། །ཞེས་སྨྲས་སོ། །དེ་ནས་ཡང་སོང་སོང་བ་ལས་ད་ནི་རི་སེར་པོ་ཞིག་སྣང་བའི་རིགས་སོ་ཞེས་དྲིས་ན། རི་སེར་པོ་འདྲ་བ་ཞིག་སྣང་ངོ་ཞེས་སྨྲས་པ་དང་། དེ་ནི་གསེར་གྱི་རི་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་གསེར་གྱི་རིའི་དྲུང་དུ་ཕྱིན་ཏེ། གསེར་གྱི་བྱེ་མའི་སྟེང་དུ་འདུག་ནས་དེད་དཔོན་དེས་འདི་སྐད་ཅེས་སྨྲས་སོ། །བདག་ནི་རྒས་ཞམ་སྟེ་ད་ནི་འགྲོ་མི་ཕོད་དོ། །ང་འདི་ཉིད་དུ་ཚེའི་དུས་བྱས་པར་འགྱུར་གྱིས། ཁྱོད་འདི་ནས་སོང་ཤིག་དང་མདུན་ན་རིན་པོ་ཆེ་སྣ་བདུན་གྱི་མཁར་ཞིག་དང་ཕྲད་པའི་རིགས་ཀྱིས། གལ་ཏེ་མཁར་སྒོ་བཅད་ཅིང་འདུག་ན་སྒོ་དྲུང་དུ་རྡོ་རྗེའི་གཏུན་ཞིག་ཡོད་པའི་རིགས་ཀྱིས། རྡོ་རྗེའི་གཏུན་གྱིས་མཁར་གྱི་སྒོ་རྡུངས་ཤིག་དང་། ནང་ནས་ལྷ་མོ་ལྔ་བརྒྱ་ཞིག་སོ་སོ་ནས། རིན་པོ་ཆེ་ཐོགས་ཏེ་འབུལ་དུ་འོང་ངོ་། །དེ་ནས་ལྷ་མོ་གཅིག་ཀྱང་རིན་པོ་ཆེ་སྔོན་པོ་ཅིག་ཐོགས་ཤིང་མདུན་དུ་འོང་གི །དེ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ནོ། །ཐོབ་མ་ཐག་ཏུ་མ་ཤོར་བར་དམ་དུ་ཟུང་ཤིག།བུ་མོ་གཞན་དག་གི་ནོར་བུ་རིན་པོ་ཆེ་ཡང་ལོང་ཤིག།དབང་པོ་རབ་ཏུ་སྡོམས་ལ་དེ་དག་ལ་མ་སྨྲ་ཤིག།བདག་ནི་ཉམ་ཐག་སྟེ་འདིར་ཚེ་འཕོས་ན་དྲིན་དྲན་པར་གྱིས་ལ། འདི་ཉིད་དུ་རུས་བུ་སྦས་ཏེ། སོང་ཤིག་ཅེས་བསྒོ་མ་ཐག་ཏུ་ཚེའི་དུས་བྱས་སོ། །དེ་ནས་དེད་དཔོན་གྱི་བུས་རུས་བུ་གསེར་གྱི་བྱེ་མའི་ནང་དུ་སྦས་ནས། བསྒོ་བ་བཞིན་དུ་སོང་ནས་རིང་པོ་མ་ལོན་པར་རིན་པོ་ཆེ་སྣ་བདུན་གྱི་མཁར་གྱི་དྲུང་དུ་ཕྱིན་ཏོ། །སྒོ་ཡང་དམ་དུ་བཅད་པ་ལས་དྲུང་དུ་རྡོ་རྗེའི་གཏུན་བླངས་ཏེ། སྒོ་བརྡུངས་


DKG074_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་སྒོ་ཡང་རང་བྱེ་བ་དང་། ལྷ་མོ་ལྔ་བརྒྱ་སོ་སོ་ནས་འོང་འོང་ནས་རིན་པོ་ཆེ་ཐོགས་ཏེ་འབུལ་བར་བྱེད་དོ། །ནང་གི་ལྷ་མོ་སྔ་མ་གཅིག་གིས་ལག་པ་ན་ནོར་བུ་རིན་པོ་ཆེ་སྔོན་པོ་ཞིག་ཐོགས་ཏེ། སྨྲས་པ་བཞིན་བླངས་ནས་གོས་ཀྱི་ཐ་མར་ཕུར་ཏེ། དེ་མ་ཐག་ཏུ་ཕྱིར་ལོག་གོ །རྒྱལ་བུ་དང་བྲལ་བའི་འོག་ཏུ་རྒྱལ་བུ་སྡིག་དོན་གྱིས་ཚོང་པ་རྣམས་ལ་རིན་པོ་ཆེ་མང་དུ་ལོང་ཤིག་ཅེས་བྱས་པས་ཚོང་པ་རྣམས་ཀྱིས་མང་དུ་བླངས་པས་རིན་པོ་ཆེ་མངས་པས་གྲུ་ཡང་བར་འགའ་ནི་ནུབ། བར་འགའ་ནི་བྱུང་ནས། རྒྱལ་བུ་དགེ་དོན་འབའ་ཞིག་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པས་ཆུར་མ་ནུ་བོ། །རྒྱལ་བུ་སྡིག་དོན་སྐྲག་ནས་དགེ་དོན་ལ་ཡང་སྐྱོབས་ཤིག་ཅེས་སྨྲས་པ་དང་། སྡིག་དོན་ཁྲིད་དེ་རྒྱ་མཚོ་བརྒལ་ཏོ། །དེ་ནས་སྐམ་སར་ཕྱིན་པ་དང་། སྡིག་དོན་གྱིས་ཕུ་བོ་ལ་འདི་སྐད་ཅེས་སྨྲས་སོ། བདག་ཅག་སྤུན་གཉིས་ཕ་མ་དང་བྲལ་ཏེ། རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་བ་ལས་མ་སྟེས་ཏེ། རིན་པོ་ཆེ་དང་བྲལ་ནས་ལག་པ་སྟོང་པར་ཁྱིམ་དུ་འགྲོ་བ་ནི་ངོ་ཚའོ། །རྒྱལ་བུ་དགེ་དོན་རང་བཞིན་གྱིས་དྲང་བས། ནུ་བོ་ལ་བདག་གིས་རིན་པོ་ཆེ་ཐོབ་ན་ཅིའི་ཕྱིར་ངོ་ཚ་ཞེས་སྨྲས་སོ། །རིན་པོ་ཆེ་ཅི་ལྟ་བུ་ཞིག་རྙེད་པ་བདག་ལ་བསྟན་དུ་གསོལ་ཞེས་སྨྲས་པ་དང་། ཕུ་བོས་རིན་པོ་ཆེ་བཀྲོལ་ཏེ་ནུ་བོ་ལ་བསྟན་ཏོ། །ནུ་བོས་རིན་པོ་ཆེ་མཐོང་ནས་འདི་སྙམ་དུ་བསམས་སོ། །བདག་གི་ཕ་མ་ཡང་བུར་འདྲ་བ་ལས་ཕུ་བོ་ལ་བྱམས་ཏེ། བདག་ལ་མི་བྱམས་པའི་སྟེང་དུ་བདག་གཉིས་འགྲོགས་ཏེ། རིན་པོ་ཆེ་ལེན་དུ་སོང་བ་ལས། ཕུ་བོས་རིན་པོ་ཆེ་རྙེད་ཀྱིས། བདག་ནི་ཅི་ཡང་མ་རྙེད་པས་ད་ཁྱིམ་དུ་འོངས་ན་བདག་ལ་ཕ་མས་དེ་བས་ཀྱང་མི་བྱམས་པར་འགྱུར་གྱིས། བདག་གིས་ཕུ་བོ་གཉིད་ལོག་པའི་ཚེ་བསད་ལ། ནོར་བུ་རིན་པོ་ཆེ་ཁྱེར་ལ་འགྲོའོ། །གལ་ཏེ་ཕ་མས་དྲིས་ན་ཕུ་བོ་ནི་རྒྱ་མཚོའི་ནང་དུ་ནུ་བོ། །ཞེས་བྱ་སྙམ་བསམས་ནས། ཕུ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་སྤུན་གཉིས་རིན་པོ་ཆེ་ཐོགས་ཏེ། གཉི་ག་ཅིག་ཅར་ཉལ་བའི་མི་རིགས་ཀྱིས། རེས་ཀྱིས་ཉལ་ལ་མེལ་


DKG074_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཙེ་བྱའོ་ཞེས་སྨྲས་པ་དང་། ཕུ་བོས་ཀྱང་དེ་བཞིན་བྱའོ་ཞེས་སྨྲས་ཏེ། སྤུན་གཉིས་རེས་ཀྱིས་མེལ་ཙེ་བྱེད་དོ། །དེ་ནས་ཕུ་བོ་སྔར་མེལ་ཙེ་བྱེད་པ་ལས་མེལ་ཙེ་ཐུན་འཁོར་བས་ཀྱང་རིང་ཞིག་ཏུ་ལངས་སུ་མ་བཏུབ་བོ། །ཕུ་བོས་ཡུན་རིང་དུ་མེལ་ཙེ་བྱས་ནས་ནུབ་བོ་གདོད་ལངས་ཏེ་ཕུ་བོ་ཡུན་རིང་དུ་འདུག་པས་གཉིད་བྲོ་ནས། གཉིད་ལོག་པའི་འོག་ཏུ་ཚལ་གྱི་ནང་ནས་ཚེར་མ་རིང་པོ་གཉིས་ཤིག་བླངས་ནས། ཕུ་བོ་གཉིད་ཀྱིས་ལོག་པའི་འོག་ཏུ་མིག་ཏུ་ཚེར་མ་རེ་རེ་བཙུགས་ཏེ། རིན་པོ་ཆེ་ཁྱེར་ནས་བྲོས་སོ། །དགེ་དོན་དངངས་ནས་ཆོམ་པོ་བྱུང་ངོ་། །ཞེས་བོས་ན་ཅང་མི་ཟེར་ཏེ། དེ་ནས་ཤིང་གི་ལྷ་མོ་ཞིག་གིས་ཁྱོད་ཀྱི་ཆོམ་པོ་ནི་སྡིག་དོན་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་དགེ་དོན་མིག་ན་བ་མ་བཟོད་ནས་འབོད་འགྲོགས་ཏེ། གོག་ཅིང་སོང་སོང་བ་ལས་ཡུལ་ལི་ཤི་བ་དེ་དང་ཉེ་བར་བྱིན་པ་ནས་བ་ལང་རྫིའུ་བ་ལང་ལྔ་བརྒྱ་ཙམ་འཚོ་བ་དང་ཕྲད་དོ། །བ་ལང་དེའི་ནང་ནས་ཁྱུ་མཆོག་ཅིག་གིས་རྒྱལ་བུ་མིག་མདོངས་པ་མཐོང་ནས་རྒྱལ་བུའི་མིག་ལ་ལྕེས་བལྡགས་སོ། །དེ་ནས་བ་ལང་ཀུན་ཀྱང་དེར་འདུས་པས། །གནག་རྫི་ཡང་དེར་འོངས་ནས་མི་ཞིག་ས་ལ་འགྲེ་བ་མཐོང་ནས། དྲུང་དུ་བརྟགས་ན་མིག་ཏུ་ཚེར་མ་ཟུག་པ་མཐོང་ནས། ཚེར་མ་གཉིས་དལ་གྱིས་ཕུད་དེ་གནས་སུ་ཁྲིད་དོ། །དེ་ནས་འོ་མ་དང་སྣུམ་གྱིས་རྨ་ཁ་བསྐུས་ནས་ཁ་ཟས་ཀྱིས་བསྙོད་དེ་གསོས་སོ། །དེ་ནས་ཕྱི་ཞིག་ན་རྨ་ཡང་བགས་ཀྱིས་སོས་ནས་ད་ནི་འགྲོའོ། །ཞེས་བྱས་པ་དང་བ་ལང་རྫིས་མ་བཏང་ངོ་། །དེ་ནས་ཕྱི་ཞིག་ནས་རྨ་ཡང་ལེགས་པར་སོས་ནས། ད་ནི་གྲོང་ཁྱེར་འོ་ནིར་འགྲོའོ་ཞེས་བྱས་ནས། མཐར་གྲོང་ཁྱེར་དང་ཉེ་བར་བསྐྱལ་ཏེ། བདག་ལ་རོལ་མོའི་ཆ་བྱད་ཀི་མ་ཞེས་བྱ་བ་བྱིན་ཅིག་དེས་བྱས་པ་དང་། རྫིའུས་རོལ་མོའི་ཆ་བྱད་ཀི་མ་ཞིག་བྱིན་ནོ། །དེ་ནས་རྒྱལ་བུས་རོལ་མོ་བྱེད་ཅིང་གླུ་དང་ཚིག་སྙན་པར་བྱས་ཏེ་བླངས་པས། ཐམས་ཅད་དེ་ལ་ཉན་ཏེ། ཀུན་གྱིས་ཟས་དང་སྐོམ་བསྐྱལ་ལོ། །དེ་ནས་སྤྲང་པོ་ལྔ་བརྒྱ་ཡང་རྒྱལ་བུ་ལ་བརྟེན་ཏེ་གསོས་སོ། །ཕྱིས་ཞིག་ན་རྒྱལ་པོ་དེའི་སྐྱེད་མོས་ཚལ་


DKG074_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བ་ཞིག་དེར་འོངས་ནས། རོལ་མོ་སྙན་པ་ཐོས་ནས་དེ་དག་དགའ་སྟེ། ཁྱོད་ངའི་སྐྱེད་མོས་ཚལ་དུ་རོལ་མོ་བྱེད་ཅིང་སྐྱེད་མོས་ཚལ་ཡང་སྲུང་ན། མི་ནུས་སམ་ཞེས་དྲིས་ན། བདག་གིས་མིག་ལོང་ནས་མི་ནུས་སོ་ཞེས་སྨྲས་སོ། །དེས་སྨྲས་པ། ཁྱོད་མིག་མ་མཐོང་ཡང་བླའི། ཤིང་གི་ཁ་ན་ཐེ་གུ་ལ་དྲིལ་བུ་བཏགས་ཏེ། བྱའི་སྐད་གྲགས་ན་ཐེ་གུ་དྲངས་པས་ཆོག་གི །ངའི་སྐྱེད་མོས་ཚལ་དུ་འདོང་ངོ་ཞེས་སྨྲས་སོ། །རྒྱལ་བུ་དེའི་ཚལ་དུ་འདུག་ཅིང་རོལ་མོ་བྱེད་དོ། །དེའི་ཚེ་ན་སྡིག་དོན་ཕྱིར་འོངས་པ་དང་། རྒྱལ་པོས་ཁྱོད་ཀྱི་ཕུ་བོ་དང་ཚོང་པ་གཞན་དག་ག་རེ་ཞེས་དྲིས་ན། བདག་གི་ཕུ་བོ་དགེ་དོན་དང་ཚོང་པ་གཞན་ནི་ནོར་བུ་རིན་པོ་ཆེ་མང་དུ་རྙེད་ནས་གྲུ་དང་བཅས་ཏེ། ཆུར་ནུབ་བོ། །བདག་ནི་རྐྱལ་འཚལ་བས་བདག་འབའ་ཞིག་ཐར་རོ། །ཞེས་སྨྲས་པ་དང་། རྒྱལ་པོ་ཡབ་དང་བཙུན་མོ་གཉི་ག་འཁམས་ནས་ས་ལ་འགྱེལ་ལོ། །ཡུལ་ན་མི་འཁོད་པ་གཞན་དག་ཀྱང་དེ་སྐད་ཐོས་ནས་ངོ་མཚར་དུ་གྱུར་ནས་མྱ་ངན་གྱིས་བརྣངས་སོ། །རྒྱལ་པོ་ཡབ་དང་བཙུན་མོ་གཉིས་མྱ་ངན་གྱིས་ཡིད་གདུངས་ནས། སྡིག་དོན་ཁྱོད་ཀྱང་ཕུ་བོ་དང་ལྷན་ཅིག་འགྲོ་ན་ཅི་ཉེས་ཅེས་བསྒོའོ། །རྒྱལ་བུ་དགེ་དོན་འདུག་པའི་ཚེ་བྱ་ངང་པ་གཅིག་གསོས་པ་དེ་ལ་རྒྱལ་པོས་འདི་སྐད་ཅེས་བསྒོའོ། །རྒྱལ་བུ་དགེ་དོན་རྒྱ་མཚོར་རིན་པོ་ཆེ་ལེན་དུ་སོང་བ་ལས། རྒྱ་མཚོར་ནུབ་སྟེ་དགེ་དོན་དག་ཅེས་ཟེར་ཏེ། ཁྱོད་རྟོག་ཅིང་ཚོལ་དུ་སོང་ཤིག་ཅེས་བསྒོ་བ་དང་། ཡི་གེ་བྲིས་ཏེ་མགུལ་དུ་བཏགས་ནས་སོང་ངོ་། །དེ་ནས་བྱ་ངང་པ་ཀུན་ཏུ་འཕུར་ཞིང་ཚོལ་ཚོལ་བ་ལས། སྐྱེད་མོས་ཚལ་དེ་ན་རྒྱལ་བུའི་སྐད་གྲགས་ནས། དེར་བབས་ཏེ་བལྟས་ན་རྒྱལ་བུ་དེར་འདུག་པ་དང་ཕྲད་དོ། །རྒྱལ་བུས་ཀྱང་ངང་པའི་སྐད་ཤེས་པས་མགུལ་ནས་ཡི་གེ་བཀྲོལ་ཏེ་ཀློག་ཏུ་བཅུག་གོ །དེ་ནས་ཡི་གེ་ལན་བྲིས་ནས་སྡིག་དོན་གྱིས་ཅི་ལྟར་མིག་ཏུ་ཚེར་མ་བཙུགས་ཏེ་བྲོས་པ་ཡང་ཞིབ་ཏུ་སྤྲིང་ངོ་། །དེའི་ཚེ་ན་རྒྱལ་པོ་ལི་ཤི་བར་དེ་ལ་བུ་མོ་འཇིག་རྟེན་ན་དཀོན་པ་ཞིག་ཡོད་དེ། བུ་མོ་སྐྱེད་མོས་ཚལ་དུ་


DKG074_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

འཆག་ཅིང་སོང་སོང་བ་ལས་རྒྱལ་བུ་དགེ་དོན་འདུག་པ་དང་ཕྲད་ནས་རྒྱལ་བུ་དགེ་དོན་སྐྲ་ནི་འཛིངས། གདོང་ནི་མཆི་མས་གང་། གོས་ནི་ངན་པ་གོན་ཅིང་ཤིང་དྲུང་ན་འདུག་པ་མཐོང་ནས། བུ་མོ་དེ་དེ་ལ་ཆགས་ནས་ཕན་ཚུན་གར་ཡང་མ་སོང་བས། དེའི་དྲུང་ན་འདུག་ཅིང་གཏམ་བྱས་སོ། །དྲོ་ལ་བབ་ནས་རྒྱལ་པོས་བུ་མོ་བོས་ན། བདག་གི་འཚལ་མ་འདིར་སྐྱོལ་ཅིག།ཕར་མི་མཆིའོ་དེ་ནས་རྒྱལ་པོས་ཡང་ཟན་བསྐྱལ་བ་དང་། བུ་མོས་རྒྱལ་བུ་ལ་བདག་ཅག་གཉིས་ལྷན་ཅིག་ཟན་ཟའོ་ཞེས་བྱས་པ་དང་། རྒྱལ་བུས་བདག་ལོང་བ་སྤྲང་པོ་ལགས་པས། རྒྱལ་པོའི་སྲས་མོ་དང་ལྷན་ཅིག་ཏུ་འཚལ་མ་འཚལ་དུ་མི་རུང་ངོ་། །གལ་ཏེ་རྒྱལ་པོས་གསན་ན་བདག་ལ་གྱོད་མཆིས་པས་མི་རུང་ངོ་། །ཞེས་སྨྲས་སོ། །བུ་མོས་སྨྲས་པ། ཁྱོད་བདག་དང་ཟན་ལྷན་ཅིག་མི་ཟ་ན། བདག་ཀྱང་ཟན་མི་ཟའོ། །ཞེས་ལན་དུ་མའི་བར་དུ་སྨྲས་པ་དང་། དེ་ནས་ལྷན་ཅིག་ཟོས་ཏེ། གཏམ་ལེགས་པར་བྱས་ནས་དེ་ལ་བུ་མོ་ཆགས་ཏེ། གཞན་དུ་འགྲོར་མ་བཏུབ་བོ། །དེ་ནས་ཉི་མ་ནུབ་ཏུ་ཉེ་བར་རྒྱལ་པོས་བུ་མོ་ཕྱིར་ཤོག་ཤིག་ཅེས་སྦྲན་པ་དང་། བུ་མོས་ཕྱིར་འདི་སྐད་ཅེས་གསོལ་ཏོ། །བདག་ནི་སྐྱེད་མོས་ཚལ་སྲུང་བ་འདིའི་ཆུང་མར་དགའ་བས་གཞན་སུའི་ཡང་མི་འཚལ་ལོ། །ཡབ་རྒྱལ་པོས་བདག་གི་བསམ་པ་འདི་ལས་མི་བསྒྱུར་དུ་གསོལ། ཞེས་སྤྲིང་བ་དང་། རྒྱལ་པོས་དེ་སྐད་ཅེས་སྤྲིང་བ་ཐོས་ནས། བུ་མོའི་ངོ་མ་ཟློགས་ཏེ། འདི་ནི་ངོ་མཚར་ཡ་མཚན་ཆེའོ། །བུ་མོ་འདི་རྒྱལ་པོ་རིན་པོ་ཆེ་གོ་ཆའི་མནའ་མར་བསླངས་ཏེ། རྒྱལ་བུ་རྒྱ་མཚོ་ནས་མ་འཁོར་བར་སྤྲང་པོ་འདི་ལྟ་བུ་ཞིག་གི་ཆུང་མར་དགའ་བ་འདི་ནི་ངའི་རིགས་སུན་ཏེ། ངའི་མགོ་ཡང་འདེག་ཏུ་མེད་པ་འདི་ངོ་མཚར་ཆེ་ཞེས་ཡང་འབོད་དུ་བཏང་བ་ལས་བུ་མོའི་ཚིག་སྔ་མ་ལས་མ་གྱུར་ཏེ་འགྲོ་རུ་མ་བཏུབ་བོ། །དེ་ནས་རྒྱལ་པོས་བུ་མོ་ལ་བྱམས་པས་ངོ་མ་ཟློགས་ནས། གཉི་ག་བསུས་ཏེ་ཕོ་བྲང་ནང་དུ་ཁྲིད་ནས་ཁྱོ་ཤུག་ཏུ་བསྡུས་སོ། །དེ་ནས་ཞག་དུ་མ་ཞིག་ལོན་པ་དང་། བུ་མོ་ཉིན་པར་རྟག་ཏུ་སོང་


DKG074_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ནུབ་མོ་ཕྱིར་འོངས་པས། རྒྱལ་བུ་དོགས་པ་སྐྱེས་ཏེ། ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་བདག་གི་ཆུང་མ་བྱ་ཞེས་ཁྱོ་ཤུག་ཏུ་འདུས་ན། ཉིན་པར་ནི་རྟག་ཏུ་འགྲོའོ། །མཚན་མོ་འབའ་ཞིག་ནི་ཕྱིར་འོང་ན། འདིར་མི་རྟག་པ་ལ་ཕྱིར་བལྟས་ན། ཁྱོད་གཞན་དུ་སེམས་པ་ཡོད་པར་ངེས་སོ་ཞེས་སྨྲས་པ་དང་། བུ་མོས་དམ་བཅས་པ་བདག་ནི་ཁྱོད་འབའ་ཞིག་ལ་སེམས་ཏེ། བསམ་པ་གཞན་ན་བ་སྤུ་ཙམ་ཡང་མེད་དོ། །བདག་གིས་སྨྲས་པའི་ཚིག་བདེན་ན། བདེན་པར་སྨྲས་པ་འདིས་ཁྱོད་ཀྱི་མིག་ཡ་གཅིག་མཐོང་བར་གྱུར་ཅིག།ཅེས་སྨྲས་མ་ཐག་ཏུ་མིག་ཡ་གཅིག་མཐོང་བར་གྱུར་ཏོ། །དེ་ནས་གཏམ་དེ་དག་གླེངས་ནས། རྒྱལ་བུ་ལ་ཁྱོད་ཀྱི་ཕ་མ་དང་ཡུལ་གང་ན་འདུག་ཅེས་དྲིས་པ་དང་། རྒྱལ་བུས་ཆུང་མ་ལ་སྨྲས་པ། ཁྱོད་ཀྱི་རྒྱལ་པོ་རིན་པོ་ཆེ་གོ་ཆ་ཞེས་བྱ་བ་ཞིག་ཐོས་སམ། ཆུང་མས་སྨྲས་པ། བདག་གིས་ཐོས་སོ། །འོ་ན་དེ་ནི་ངའི་ཕ་ཡིན་ནོ། །རྒྱལ་བུ་དགེ་དོན་ཞེས་བྱ་བ་ཐོས་སམ། ཆུང་མས་སྨྲས་པ་ཐོས་སོ། །འོ་ན་རྒྱལ་བུ་དགེ་དོན་ཅེས་བྱ་བ་ནི་བདག་ཡིན་ནོ་ཞེས་སྨྲས་པ་དང་། ཆུང་མ་དངངས་ནས། འོ་ན་ཅིའི་ཕྱིར་འདི་ལྟར་ཉོན་མོངས་པར་གྱུར་ཞེས་དྲིས་པ་ལས། རྒྱལ་བུས་ཅི་ལྟར་གྱུར་པ་ཞིབ་ཏུ་གཏམ་བྱས་པ་དང་། བུ་མོས་རྒྱལ་བུ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་བུ་སྡིག་དོན་གྱིས་ཁྱེད་ཀྱི་མིག་ཕྱུང་བ་འདི་ནི་འཇིག་རྟེན་གང་ན་ཡང་མི་སྲིད་ན། ཁྱོད་དེ་དང་ཕྲད་ན་ཇི་ལྟར་བྱ་སྙམ། རྒྱལ་བུས་སྨྲས་པ། སྡིག་དོན་གྱིས་ངའི་མིག་ཕྱུང་བ་ཉེས་མོད་ཀྱི། བདག་དེ་ལ་ཅུང་ཟད་ཙམ་མི་དགའ་བའམ་འཁོན་དུ་འཛིན་པ་མེད་དོ། །ཆུང་མས་སྨྲས་པ། བདག་ཤིན་ཏུ་ཡིད་ཆེས་པར་དཀའ་བས་གནོད་པ་འདི་ལྟ་བུ་བྱས་པས་མི་དགའ་བ་མེད་ཅེས་སྨྲས་པ་ནི། ཚིག་ཏུ་མི་རུང་ངོ་། །རྒྱལ་བུས་སྨྲས་པ། བདག་ནི་རྒྱལ་བུ་སྡིག་དོན་ལ་མི་དགའ་བ་སྤུ་ཉག་མ་ཙམ་ཡང་མེད་དོ། །བདག་གི་ཚིག་འདི་བདེན་ན་བདེན་པའི་ཚིག་གིས་མིག་འདི་ཡ་གཅིག་ཀྱང་མཐོང་བར་གྱུར་ཅིག།ཅེས་སྨྲས་པ་དང་། མིག་ཡ་གཅིག་ཀྱང་གསལ་བར་མཐོང་བར་གྱུར་ཏོ། །


DKG074_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱལ་བུས་མིག་གཉི་གས་ཀྱང་མཐོང་ནས་མཚན་དང་དབྱིབས་ཀྱང་གཞན་པས་ལྷག་པར་ཆེ་བས། བུ་མོ་དགའ་བས་ཡབ་རྒྱལ་པོ་གང་ན་འདུག་པར་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །ཡབ་རྒྱལ་པོ་རིན་པོ་ཆེ་གོ་ཆའི་སྲས་རྒྱལ་བུ་དགེ་དོན་མཁྱེན་ཏམ། རྒྱལ་པོས་སྨྲས་པ། ངས་ཤེས་སོ། །འོ་ན་རྒྱལ་པོ་གཟིགས་བཞེད་དམ། རྒྱལ་བུ་དེ་ད་ལྟར་ག་རེ་བལྟའོ་ཞེས་པ་དང་། བུས་མོས་སྨྲས་པ། ད་ལྟར་བདག་གི་ཁྱིམ་ཐབ་བགྱིད་པ་ཉིད་ལགས་སོ་ཞེས་གསོལ་ཏོ། །རྒྱལ་པོས་བུ་མོ་ལ་བགད་དེ། བུ་མོ་འདི་སྨྱོས་སམ། འོན་ཏེ་མི་དྲན་ནམ་ཅི་ཉེས། རྒྱལ་བུ་དེ་ནི་རྒྱ་མཚོ་ནས་ཕྱིར་མ་འཁོར་ན་སྤྲང་པོ་ལ་རྒྱལ་བུ་དགེ་དོན་ཡིན་ཞེས་སྨྲ། བུ་མོས་ཡང་གསོལ་པ། ཐུགས་མི་ཆེས་ན་བརྟག་ཏུ་གསོལ་ཞེས་སྨྲས་པ་དང་། རྒྱལ་པོ་བལྟར་ཕྱིན་པ་ན་རྒྱལ་བུ་དངོས་ཡིན་ཏེ། ལྟོ་བ་ས་ལ་ཕབ་ནས་བདག་གིས་ངོ་མ་ཤེས་པ་ནོངས་ཀྱིས་འགྱོད་དོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེས་གསངས་ཏེ་རྒྱལ་བུ་དགེ་དོན་ལམ་སྲང་ཞིག་ཏུ་བསྐྱལ་ནས། དགེ་དོན་རྒྱ་མཚོ་ནས་གདོད་འཁོར་བ་སྐད་བསྒྲགས་ཏེ། བློན་པོ་རྣམས་དང་རྒྱལ་བུ་དགེ་དོན་བསུས་ནས་ཕོ་བྲང་དུ་འོངས་པ་དང་། གདོད་བུ་མོ་ཡང་ཆུང་མར་བྱིན་པ་སྐད་དུ་བསྒྲགས་སོ། །དེའི་ཚེ་ན་བྱ་ངང་པ་ཡང་ཡི་གེ་དང་ཕྱིར་ཡུལ་དུ་ཕྱིན་ཏེ། ཡི་གེ་བཀླགས་ནས་རྒྱལ་བུ་དགེ་དོན་ཡང་འདུག་པར་ཤེས་ནས་སྡིག་དོན་ཡང་བཙོན་དུ་བཟུང་། རྒྱལ་པོ་ལི་ཤི་བར་གྱི་སྟེང་དུ་ཡང་ཕོ་ཉ་བཏང་ནས། ངའི་བུ་དགེ་དོན་ཁྱོད་ཀྱི་ཡུལ་ན་འོངས་ཏེ་ཉོན་མོངས་ཤིང་འདུག་པ་ཐོས་ཀྱིས། སྔར་མ་སྦྲན་པ་ཡང་ཉེས་སོ། །ད་ཡང་གླང་པོ་ཆེ་དང་རྟའི་ཚོགས་མང་པོས་སྐྱོལ་ཅིག།མ་བསྐྱལ་ན་ང་ཉིད་ཀྱང་འོང་ངོ་ཞེས་སྤྲིང་ངོ་། །དེའི་ཚེ་ན་རྒྱལ་བུ་དགེ་དོན་གྱིས་ཕྱུགས་རྫིའི་དྲིན་དྲན་ནས། ཕྱིས་རྒྱལ་པོ་ལི་ཤི་བར་ལ་གསོལ་ནས། གླང་པོ་ཆེ་དང་། རྟ་དང་། གོས་དང་། ཁང་ཁྱིམ་དང་། ཞིང་དང་། འབྲོག་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པའི་མི་ལ་སོགས་ཏེ། བྱ་དགའ་མང་དུ་བྱིན་


DKG074_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཚེ་གཅིག་ཏུ་བདེ་སྐྱིད་པར་བྱས་སོ། །དེ་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆའི་ཕོ་ཉ་ཡང་དེར་ཕྱིན་ནས། རྒྱལ་པོ་ལི་ཤི་བར་གྱིས་གླང་པོ་ལྔ་བརྒྱ་ཞིག་རིན་པོ་ཆེས་བརྒྱན་ཏོ། །གཡོག་ལྔ་བརྒྱ་དང་། བུ་མོའི་གཡོག་གཞོན་ནུ་ལྔ་བརྒྱ་དང་། ཤིང་རྟ་ལྔ་བརྒྱ་སྙེད་ཀྱང་བརྫངས། རྒྱལ་པོ་ཉིད་ཀྱང་བློན་པོ་དང་བཅས་ཏེ། འཁོར་བརྒྱ་སྟོང་དུ་མས་རོལ་མོ་སྣ་ཚོགས་བྱས་ཏེ་བུ་མོ་བསྐྱལ་ལོ། །ཕོ་ཉ་སྔར་ཕྱིན་ནས་རྒྱལ་པོ་རིན་པོ་ཆེ་གོ་ཆ་ཡང་བཙུན་མོའི་འཁོར་དང་བཅས་ཏེ་རྒྱལ་བུ་བསུའོ། །རྒྱལ་བུ་དང་ཕྲད་པའི་ཚེ་བཞོན་པ་ལས་བབས་ནས་ཕ་མ་ལ་ཕྱག་འཚལ་ནས། ལག་པ་ནས་འཇུས་ཏེ། སྙུན་གསོལ་ནས་རོལ་མོ་བྱས་ཏེ་ཕོ་བྲང་དུ་དོང་ངོ་། །དེ་ནས་རྒྱལ་བུ་དགེ་དོན་གྱིས་སྡིག་དོན་ག་རེ་ཞེས་སྨྲས་པ་དང་། ད་ལྟར་བཙོན་དུ་བཟུང་ངོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་སྡིག་དོན་ཐོང་ཤིག་ཅེས་སྨྲས་པ་དང་། ཉེས་པ་ཆེན་པོ་བྱས་ཀྱིས་གཏང་དུ་མི་རུང་ངོ་ཞེས་བསྒོའོ། །དེ་ལྟར་རྒྱལ་བུ་སྡིག་དོན་མ་བཏང་ན་བདག་ཀྱང་ཕོ་བྲང་དུ་མི་མཆིའོ་ཞེས་གསོལ་ནས། སྡིག་དོན་ཡང་བཏང་ངོ་། །དེ་ནས་རྒྱལ་བུ་སྡིག་དོན་ཡང་ཕུ་བོ་ལ་ཕྱག་འཚལ་ཞིང་བསུར་འོངས་ནས་ཞེས་ཟེར་རོ། །སྤུན་གཉིས་གཅིག་ལ་གཅིག་འཇུས་ཏེ། ནུ་བོ་ལ་སྔར་བས་ཀྱང་ལྷག་པར་བྱམས་པར་གྱུར་པས་ཐམས་ཅད་ངོ་མཚར་དུ་འཛིན་ཏོ། །དེ་ནས་ཕོ་བྲང་གི་ནང་དུ་འོངས་ནས་རིན་པོ་ཆེ་ག་རེ་ཞེས་བགས་ཀྱིས་དྲིས་ན། འོངས་པའི་ལམ་དུ་ས་རྐོས་པའི་ནང་དུ་སྦས་སོ། །དེ་ནས་ལེན་དུ་བཏང་ནས་མ་རྙེད་པ་ལས། དགེ་དོན་དང་འགྲོགས་ཏེ་གནས་སུ་ཕྱིན་མ་ཐག་ཏུ་དགེ་དོན་གྱིས་མཐོང་ནས་རྙེད་དོ། །དེ་ནས་རིན་པོ་ཆེ་རྣམས་རྙེད་དེ། ཕོ་བྲང་དུ་འོངས་ནས་རྒྱལ་ཕྲན་ལྔ་བརྒྱ་ཀུན་ལ་རེ་རེ་བྱིན་ཏེ། གཅིག་པུ་ཞིག་བཞག་པ་ལག་ཏུ་ཐོགས་ཏེ། འདི་སྐད་ཅེས་སྨོན་ལམ་བཏབ་བོ། །རིན་པོ་ཆེ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། བདག་གི་ཕ་མ་འདུག་པའི་ཁྲི་རིན་པོ་ཆེ་སྣ་བདུན་གྱི་ཁྲིར་གྱུར་ཅིང་། རིན་པོ་ཆེ་སྣ་བདུན་གྱི་གདུགས་ཀྱང་ཡོད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་དེ་བཞིན་དུ་གྱུར་ཏོ། །དེ་


DKG074_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་འདི་སྐད་དུ་རྒྱལ་པོའི་བང་མཛོད་དང་བློན་པོའི་བང་མཛོད་ལས་བདག་གིས་སྔོན་སྦྱིན་པ་བགྱིས་ཏེ། གོད་པའི་རྣམ་པ་ཐམས་ཅད་ཕྱིར་གང་བར་ཤོག་ཤིག་ཅེས་སྨྲས་ནས། དེ་ཕྱོགས་སུ་བསྟན་པ་ཙམ་གྱིས་བང་མཛོད་ཐམས་ཅད་རིན་པོ་ཆེས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་དྲིལ་བསྒྲགས་ཏེ་ད་ཕྱིན་ཅད་ཞག་བདུན་ན་རྒྱལ་བུ་དགེ་དོན་རིན་པོ་ཆེ་སྣ་བདུན་གྱི་ཆར་འབེབས་ཀྱིས། ཐམས་ཅད་འདུས་ཤིག་ཅེས་བསྒོ་ནས། རྒྱལ་བུ་དགེ་དོན་སྤོས་ཆུས་ལུས་བཀྲུས་ཏེ་གོས་གསར་པ་གཙང་མ་གྱོན་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཏགས་ཏེ། ལག་ན་པོག་ཕོར་ཐོགས་ཏེ། ཕྱོགས་བཞིར་ཕྱག་འཚལ་ནས། འདི་སྐད་ཅེས་སྨྲས་སོ། །ནོར་བུ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡིན་ཡང་དག་ན། ཐམས་ཅད་ཅི་འདོད་པ་ཐམས་ཅད་ཡིད་བཞིན་ཕོབ་ཤིག་ཅེས་སྨྲས་མ་ཐག་ཏུ། ཕྱོགས་བཞི་ནས་སྤྲིན་ལངས་ནས་སྤྲིན་རླུང་གིས་མི་གཙང་བ་ཐམས་ཅད་ཕྱག་དར་བྱས་ཏེ། ཐོག་མར་ཆར་ཟིམ་བུ་བབས་ནས་རྡུལ་མི་ལྡང་བར་བྱས་སོ། །དེ་ནས་ཁ་ཟས་རོ་བརྒྱ་དང་ལྡན་པ་རྣམ་པ་སྣ་ཚོགས་བབ་བོ། །དེ་ནས་གོས་རྣམས་བབ་བོ། །དེ་ནས་རིན་པོ་ཆེ་སྣ་བདུན་བབས་ནས་ཡུལ་ཐམས་ཅད་གང་ངོ་། །དེའི་ཚེ་ན་ཐམས་ཅད་ཀྱིས་རིན་པོ་ཆེ་དང་གསེར་འདྲ་བའི་སེམས་སུ་གྱུར་ནས། དེ་ནས་རྒྱལ་བུས་འདི་སྐད་ཅེས་བསྒོའོ། །ཁྱོད་ཀྱི་དགོས་པ་ཐམས་ཅད་ཡིད་བཞིན་དུ་ཐོབ་ནས། །ད་ནི་ཕོངས་ཤིང་དྲེལ་བ་མེད་པར་གྱུར་གྱིས། སོ་སོ་ནས་ལུས་དང་ངག་ཡིད་བསྡམས་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བརྩོན་པར་གྱིས་ཤིག་ཅེས་བསྒོ་ནས། ཐམས་ཅད་ཀྱིས་བསྒོ་བ་བཞིན་དུ། དགེ་བ་བཅུ་ལ་ནན་ཏན་བྱས་ཏེ། སྡིག་པ་མ་བྱས་པས་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་རིན་པོ་ཆེ་གོ་ཆ་ནི་ད་ལྟར་ངའི་ཡབ་ཟས་གཙང་མ་ཡིན་ནོ། །རྒྱལ་པོའི་བཙུན་མོ་དེ་ནི་ད་ལྟར་ངའི་ཡུམ་ལྷ་མཛེས་ཡིན་ནོ། །རྒྱལ་བུ་དགེ་དོན་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་ལི་ཤི་བར་ནི་ད་ལྟར་འོད་སྲུང་ཡིན་ནོ། །དེའི་ཚེ་ན་རྒྱལ་བུའི་ཆུང་


DKG074_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར་པ་དེ་ནི་ད་ལྟར་སྐྱེ་དགུའི་བདག་མོ་ཡིན་ནོ། །རྒྱལ་བུ་སྡིག་དོན་ནི་ད་ལྟ་ལྷ་སྦྱིན་ཡིན་ནོ། །འཛམ་བུའི་གླིང་གི་མི་ལ་ངའི་དྲིན་གྱིས་ཁྱབ་པ་ནི་ང་ཐོག་མར་སངས་རྒྱས་པ་ན། ལྷའི་སྲས་པོ་བརྒྱད་ཁྲི་འོངས་པ་དང་། ངའི་ཉེ་གནས་ལུང་བསྟན་པ་རྣམས་ཡིན་ནོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་དེ་ལྟར་ང་ལ་གནོད་པ་ཆེན་པོ་བྱས་ཀྱང་དེ་ལ་སྙིང་བརྩེ་བའི་སེམས་བསྐྱེད་ན། ད་མངོན་པར་སངས་རྒྱས་ནས་ཉོན་མོངས་པའི་སྒྲིབ་པ་ནི་ཟད། ཐུགས་རྗེ་ཆེན་པོས་རྒྱས་པར་ཁྱབ་པས་ན། གནོད་པ་ཅུང་ཟད་བྱས་པ་ལ་ཐུགས་བརྩེ་བ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་ལ་ལ་ནི་རྒྱུན་དུ་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་དགྲ་བཅོམ་པ་ཐོབ་བོ། །ཁ་ཅིག་ནི་རང་སངས་རྒྱས་སུ་གྱུར། ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་སྐད་ཅེས་གསུངས་པ་ལ་ཐམས་ཅད་རྗེས་སུ་ཡི་རངས་ཏེ་མངོན་པར་དགའོ། །རྒྱལ་བུ་དགེ་དོན་གྱི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།

སུམ་ཅུ་བཞི་པ། ཁྱིམ་བདག་སྡུམས་བྱེད་ཀྱི་ལེའུ།


DKG074_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་ན་ཡུལ་དེ་ན་སྤྲང་པོ་ལྔ་བརྒྱ་ཞིག་རྟག་ཏུ་སངས་རྒྱས་དང་དགེ་འདུན་ལ་བརྟེན་ཏེ་འཚོའོ། །ཕྱིས་ནས་སྤྲང་པོ་དེ་དག་འདི་སྙམ་དུ་བསམས་སོ། །ད་བདག་ཅག་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ་སྙམ་ནས། སངས་རྒྱས་གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི་སངས་རྒྱས་དང་དགེ་འདུན་གྱི་ཐུགས་རྗེས་འཚོ་བར་གྱུར་ཏེ། བདག་ཅག་རབ་ཏུ་བྱུང་ངོ་ཞེས་གསོལ་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་བསྟན་པའི་ཆོས་ནི་རྣམ་པར་དག་པ་སྟེ། བཙན་ཉན་དང་ཕྱུག་དབུལ་མེད་དེ། དཔེར་ན་ཆུ་དང་འདྲ་བས་ན། བཙན་ཉན་དང་ཕྱུག་དབུལ་བཟང་


DKG074_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ཀུན་འཁྲུ་སྟེ། ཆུས་བཀྲུས་ན་མི་དག་པ་མེད་དོ། །དཔེར་ན་མེ་དང་འདྲ་སྟེ། རི་དང་བྲག་དང་གནམ་སའི་བར་ན་དངོས་པོ་ཆེན་པོ་དང་། ཆུང་ངུ་ཡང་མི་འཚིག་པ་མེད་དོ། །གཞན་ཡང་ངའི་ཆོས་ནི་ནམ་མཁའ་དང་འདྲ་སྟེ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། ཕྱུག་པོ་དང་། དབུལ་པོ་གང་སུ་ཡང་རུང་མི་ཆུད་པ་མེད་དོ། །ཡིད་བཞིན་དུ་སྤྱོད་དུ་གནང་ངོ་། །ཞེས་སྤྲང་པོ་ལྔ་བརྒྱས་ཐོས་ནས། དགའ་མགུ་རངས་པར་གྱུར་ཏེ། ལྷག་པར་སངས་རྒྱས་ལ་རབ་ཏུ་བྱུང་ངོ་། །ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི་སྟེ་ངུར་སྨྲིག་གྱོན་པའི་དགེ་སློང་དུ་གྱུར་ནས་བསྙེན་པར་རྫོགས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ལུས་དང་སེམས་རྣམ་པར་གྲོལ་ཏེ། ཟག་པ་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་ན་ཡུལ་དེ་ན་གནས་པའི་ཁྱིམ་བདག་དང་། ཚོང་དཔོན་རིགས་ཆེ་ཞིང་མཐོ་བ་རྣམས་མུ་ལྟོ་བ་དག་སངས་རྒྱས་ཀྱིས་རབ་ཏུ་ཕྱུང་ངོ་ཞེས་ཐོས་ནས་བརྙས་ཤིང་དཔྱས་པར་གྱུར་ཏེ། འདི་སྐད་དུ་གལ་ཏེ་བཅོམ་ལྡན་འདས་དང་། འཕགས་པའི་དགེ་འདུན་སྤྱན་འདྲེན་ཅིང་བསོད་ནམས་བྱེད་ན། རིགས་ངན་མུ་ལྟོ་བ་དག་རབ་ཏུ་ཕྱུང་བ་དེ་དག་ཅི་ལྟ་བུར་བདག་གིས་སྟན་ལ་བཞག་ཅིང་སྣོད་ལ་འབག་པར་བྱ་བ་ཞེས་སྨྲས་སོ། །དེའི་ཚེ་ན་རྒྱལ་བུ་རྒྱལ་བྱེད་ཀྱིས་སངས་རྒྱས་དང་། དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་དང་། དགེ་འདུན་རྣམས་སྤྱན་འདྲེན་གྱིས། མུ་ལྟོ་བ་གསར་ཞུགས་པ་རྣམས་ནི་མ་ལགས་སོ། །ཕྱི་ཉིན་དུ་གདུགས་ཚོད་ལ་བབ་ནས། སངས་རྒྱས་དང་། དགེ་འདུན་སྤྱན་འདྲེན་ནས་གཤེགས་པ་དང་། མུ་ལྟོ་བའི་དགེ་སློང་མ་བོས་པ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ནི་ཡོན་བདག་གིས་མ་བོས་ཀྱིས་བྱང་སྒྲ་མི་སྙན་དུ་དེང་ལ་ས་བོན་མ་བཏབ་མ་རྨོས་པར་སྐྱེས་པའི་འབྲས་ལོངས་ལ། ཡོན་བདག་གི་ཁྱིམ་དུ་ཟར་


DKG074_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་དེ་དག་བཀའ་སྩལ་པ་བཞིན་དུ་དགྲ་བཅོམ་པའི་རྫུ་འཕྲུལ་གྱིས་བྱང་གི་སྒྲ་མི་སྙན་དུ་སོང་སོང་ནས། འབྲས་ཀྱིས་ལྷུང་བཟེད་བཀང་ནས། སྤྱོད་ལམ་མཛེས་པར་སྟེང་གི་ནམ་མཁའ་ལ་ངང་པའི་རྒྱལ་པོ་ལྟར་རྒྱལ་བུ་རྒྱལ་བྱེད་ཀྱི་ཁྱིམ་དུ་ལྷགས་ནས། རིམ་བཞིན་དུ་འཁོད་དེ་འབྲས་ལ་ཟའོ། །དེའི་ཚེ་ན་རྒྱལ་བུ་རྒྱལ་བྱེད་ཀྱིས་དགེ་སློང་དེ་དག་སྤྱོད་ལམ་མཛེས་པར་རྫུ་འཕྲུལ་གྱིས་སྟེང་གི་ནམ་མཁའ་ལས་འོངས་པར་མཐོང་སྟེ། ལྷག་པར་དགའ་རངས་ཏེ་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་ལྟ་བུའི་འཕགས་པ་གཟི་བརྗིད་དང་། ཡོན་ཏན་དང་ལྡན་པ་སྤྱོད་ལམ་མཛེས་པར་ལྷགས་པ་ཕྱོགས་གང་ནས་མཆི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འདི་དག་ཤེས་པར་འདོད་ན་ལེགས་པར་ཉོན་ཅིག་དང་། ཁྱོད་ལ་བསྟན་པར་བྱའོ། །དགེ་སློང་འདི་དག་ནི་རྒྱལ་བུས་མ་བོས་པའི་དགེ་སློང་རྣམས་ཡིན་ཏེ། རྒྱལ་བུས་མ་བོས་པས་སོ་སོ་ནས་བྱང་གི་སྒྲ་མི་སྙན་དུ་འབྲས་བླངས་ནས་ཟ་བ་ཡིན་ནོ། །དེ་ནས་རྒྱལ་བུ་རྒྱལ་བྱེད་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། ཤིན་ཏུ་ངོ་ཚ་ཞིང་འགྱོད་དེ། བདག་ནི་གཏི་མུག་གིས་མདོངས་པས་འཕགས་པ་ངོ་མ་འཚལ་ཏོ་ཞེས་སྨྲས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་སྟེ། སྤྲང་པོ་འདི་དག་ནི་ཡུལ་འདི་དག་ན་ཤིན་ཏུ་ཡང་རིགས་ཆུང་ཞིང་ངན་པ་ལགས་ན། འདིར་འཇིག་རྟེན་འདིའི་བདེ་བ་ཡང་ཐོབ་ལ་ཡུན་རིང་པོའི་དོན་ཡང་རྙེད་པར་གྱུར་ཏེ། བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི་དོན་འདི་དག་འབའ་ཞིག་གི་སླད་དུ་གཤེགས་སོ། །གཞན་ཡང་བཅོམ་ལྡན་འདས་སྤྲང་པོ་དག་སྔོན་དགེ་བའི་རྩ་བ་ཅི་བསྲུངས་ཤིང་། བསོད་ནམས་ཀྱི་ལས་གང་ལ་ནན་ཏན་བགྱིས་པས། བཅོམ་ལྡན་འདས་དང་ཕྲད་དེ། རྣམ་པར་གྲོལ་བར་གྱུར། སྡིག་ཅི་བགྱིས་ན་ཐོག་མར་བཙས་ནས་སྤྲང་པོར་སྐྱེས་ནས་དབུལ་ཕོངས་པར་གྱུར།


DKG074_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་གྲོང་ཁྱེར་་་ཌ་་ཞེས་བྱ་བ་ན་རི་དྲང་སྲོང་ལྷགས་ཞེས་བྱ་བ་ན་སྔོན་ཡང་རང་སངས་རྒྱས་མང་པོ་བཞུགས་ཏེ། སངས་རྒྱས་འཇིག་རྟེན་ན་མ་གཤེགས་ན་ཡང་། རང་སངས་རྒྱས་དེ་ན་གནས་ཏེ། རི་དེ་ལ་རང་སངས་རྒྱས་མེད་ན་ཡང་ལྔ་མངོན་པར་ཤེས་པའི་དྲང་སྲོང་དག་གནས་སོ། །དེའི་ཚེ་ན་དེ་ལ་དྲང་སྲོང་ཉིས་སྟོང་ཞིག་གནས་ཏེ། ཕྱི་ཞིག་ན་ལྟས་མཁན་དག་གིས་ལོ་བཅུ་གཉིས་ཀྱི་བར་དུ་ཆར་ཆུ་མི་འབེབས་སོ། །ཞེས་ལུང་བསྟན་པ་དང་། དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཕྱུག་པོ་ཞིག་ལོངས་སྤྱོད་དང་ལྡན་པ་སྡུམས་བྱེད་ཅེས་བྱ་བའི་དྲུང་དུ་སོང་སྟེ། ཁྱིམ་བདག་དེ་ལ་བདག་ཅག་རབ་ཏུ་བྱུང་བ་དྲང་སྲོང་སྟོང་པོ་འདི་དག་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་སྐོམ་ཡོད་དམ། སྨྲས་པ། བདག་ཅག་ལ་མཆིས་ཀྱིས་འཕགས་པ་རྣམས་གུད་དུ་མ་གཤེགས་པར་བཞུགས་སུ་གསོལ་ལོ། །དེ་ནས་ཡང་དྲང་སྲོང་སྟོང་ཡང་ལྷགས་ནས། ཁྱིམ་བདག་སྡུམས་བྱེད་ལ་བདག་ཅག་ལ་ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་སྐོམ་དགོས་སོ་ཞེས་སྨྲས་པ་དང་། ཁྱིམ་བདག་གིས་བང་མཛོད་སྲུང་བ་ལ་འཕགས་པ་འདི་རྣམས་ཀྱི་འཚོ་བ་ལོ་བཅུ་གཉིས་ཀྱི་བར་དུ་འབྱོར་ཏམ་ཞེས་དྲིས་ནས། མཛོད་སྲུང་གིས་འབྱོར་ཏོ་ཞེས་གསོལ་པ་དང་། ཁྱིམ་བདག་དེས་དྲང་སྲོང་ཉིས་སྟོང་གི་འཚོ་བ་སྦྱར་བའི་ལས་མི་ལྔ་བརྒྱ་བསྐོས་ནས། བསོད་སྙོམས་སྦྱོར་དུ་བཅུག་གོ །དེའི་ཚེ་ན་ལས་མི་དག་བསོད་སྙོམས་ཀྱི་གཡོས་བྱེད་པ་ལ་ཡུན་རིང་བར་གྱུར་ཏེ་སྐྱོ་བས། འདི་སྐད་ཅེས་སྨྲས་སོ། །བདག་ཅག་འདི་ལྟར་རྟག་ཏུ་ཉོན་མོངས་པར་གྱུར་པ་ནི་སྤྲང་པོ་འདི་དག་གི་ཕྱིར་རོ་ཞེས་སྨྲས་སོ། །དེའི་ཚེ་ན་ཁྱིམ་བདག་དེས་རྟག་ཏུ་གདུགས་ཚོད་ལ་རྟག་ཏུ་སྤྱན་འདྲེན་པའི་ལས་མི་གཅིག་ཅིག་བསྐོས་སོ། །སྤྱན་འདྲེན་དེ་ལ་ཁྱི་ཞིག་ཡོད་དེ། ཁྱི་དེ་རྟག་ཏུ་སྤྱན་འདྲེན་གྱི་ཕྱི་བཞིན་དུ་སོང་བ་ལས། ཉིན་གཅིག་སྤྱན་འདྲེན་བརྗེད་པ་དང་།


DKG074_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱི་དེ་གདུགས་ཚོད་ཀྱི་དུས་སུ་དྲང་སྲོང་དེ་དག་གི་དྲུང་དུ་སོང་ནས། སྐད་ཆེན་པོ་ཕྱུང་སྟེ་ཟུག་པ་དང་། དྲང་སྲོང་དེ་དག་ཀྱང་ཁྱི་ཟུག་པ་ཐོས་ནས། གདུགས་ཚོད་ལ་བབ་པར་ཤེས་ཏེ། བསོད་སྙོམས་ལ་གཤེགས་སོ། །ཕྱི་ཞིག་ན་དྲང་སྲོང་དེ་དག་བསོད་སྙོམས་ཀྱི་བྱ་བ་བྱས་ནས་ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་ད་ནི་ཆར་འོང་གིས་ཞིང་པ་དག་ཞིང་གི་ལས་བྱེད་དུ་ཆུག་ཤིག་ཅེས་བསྒོ་བ་དང་། ཁྱིམ་བདག་གིས་ཀྱང་ཞིང་པ་རྣམས་ཞིང་གི་ལས་བྱེད་དུ་བཅུག་སྟེ། ནས་དང་། གྲོ་དང་། འབྲུ་མང་པོ་རྨོས་སོ། །དེ་ནས་ཕྱི་ཞིག་ན་འབྲུ་རྨོས་པའི་རྣམ་པ་ཐམས་ཅད་ཀུ་བར་སྐྱེས་ནས་ཁྱིམ་བདག་ཡ་མཚན་དུ་གྱུར་ཏེ། དྲང་སྲོང་རྣམས་ལ་འདི་དག་དོན་མེད་པར་མི་འགྱུར་རམ་ཞེས་སྨྲས་པ་དང་། དྲང་སྲོང་གིས་སྨྲས་པ། དོན་མེད་པར་མི་འགྱུར་གྱིས་དུས་སུ་ཆར་ཆུ་འབབ་པ་ལ་སོགས་ཏེ། ལས་བྱོས་ཤིག་ཅེས་སྨྲས་སོ། །ཕྱིས་རིང་པོ་མ་ལོན་པར་ཀུ་བ་ཀུན་ཆེར་སྐྱེས་ནས་བཀས་ཏེ་བལྟས་ནས། ཅི་དང་ཅི་རྨོས་པ་བཞིན་དུ་དེ་དང་། དེ་དག་ཀུ་བའི་ནང་ཀུན་གང་བར་སྐྱེས་ཏེ། ཁྱིམ་བདག་རབ་ཏུ་དགའ་མགུ་རངས་ནས་བང་བ་ཀུན་གང་བར་གྱུར་ཏོ། །ལས་བྱེད་པའི་མི་ལྔ་བརྒྱ་པོ་ཡང་དེ་ལྟ་བུ་དག་མཐོང་ནས། འགྱོད་པའི་སེམས་སྐྱེས་ནས། བདག་ཅག་གིས་ནི་ཚིག་ངན་པས་འཕགས་པ་ལ་སྨད་དོ་ཞེས་འགྱོད་ཚངས་བྱས་ཏེ། སོ་སོ་ནས་བདག་ཅག་ཀྱང་མ་འོངས་པའི་དུས་ན་འཕགས་པ་དང་ཕྲད་ནས། རྣམ་པར་གྲོལ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །སྤྲང་པོ་ལྔ་བརྒྱ་པོ་འདིས་ཚིག་ངན་སྨྲས་པས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲང་པོར་གྱུར་ཏོ། །འགྱོད་ཚངས་བྱས་ཏེ་སྨོན་ལམ་བཏབ་པས། ང་དང་ཕྲད་དེ་འཁོར་བའི་མཐར་ཕྱིན་ཏོ། །རྒྱལ་བུ་འདི་ལྟར་རིག་པར་བྱའོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་ཕྱུག་པོ་སྡུམས་བྱེད་དེ་ནི་ང་ཡིན་ནོ། །བང་མཛོད་སྲུང་བ་དེ་ནི་རྒྱལ་བུ་རྒྱལ་བྱེད་ཡིན་ནོ། །ཉིན་གཅིག་བཞིན་དུ་སྤྱན་འདྲེན་མི་དེ་ནི་རྒྱལ་པོ་ཨུ་དྲ་ཡ་ན་ཡིན་ནོ། །དེའི་ཚེ་ན་ཁྱི་དེ་ནི་ཁྱིམ་བདག་སྐད་སྙན་ཡིན་ཏེ། །


DKG074_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དབང་གིས་སྐྱེ་བ་ཐམས་ཅད་དུ་སྐད་སྙན་པར་གྱུར་ཏོ། །དེའི་ཚེ་ན་ལས་བྱས་པའི་མི་ལྔ་བརྒྱ་པོ་ནི་དགྲ་བཅོམ་པ་ལྔ་བརྒྱ་པོ་འདི་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་རྣམས་ཁ་ཅིག་གིས་ནི་འབྲས་བུ་དང་པོ་ཐོབ་པ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་པར་གྱུར་ཏོ། །ཁ་ཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཁྱིམ་བདག་སྡུམས་བྱེད་ཀྱི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།

སུམ་ཅུ་ལྔ་པ། རྒྱལ་པོ་མིག་འབྱེད་ཀྱི་ལེའུ།


DKG074_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅུ་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སྐྱེ་བོ་མང་པོ་ལ་དམ་པའི་ཆོས་བསྟན་ཏོ། །དེའི་ཚེ་ན་གྲོང་ཁྱེར་གྱི་མི་ཀུན་ཆོས་ཉན་དུ་ཆས་པ་དང་། གྲོང་དེ་ན་བྲམ་ཟེ་ལོང་བ་ཅིག་ལམ་ཀ་ན་འདུག་པ་ལས་མི་མང་པོ་སོང་བ་ལས་ཁྱོད་མྱུར་བར་གར་འདོང་ཞེས་དྲིས་སོ། །མི་རྣམས་ཀྱིས་སྨྲས་པ། ཁྱོད་ཅི་མ་ཐོས་སམ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་སྟེ། ད་ལྟར་ཡུལ་འདི་ན་བཞུགས་ཤིང་ཆོས་སྟོན་ཏོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་དང་ཕྲད་པར་ཤིན་ཏུ་དཀའ་བས། བདག་ཅག་ནི་སངས་རྒྱས་ལ་ཆོས་ཉན་དུ་འགྲོའོ་ཞེས་ཟེར་རོ། །བྲམ་ཟེ་དེ་སྐད་རྣམ་པ་བརྒྱད་ལ་ཤིན་ཏུ་མཁས་པ་ཞིག་སྟེ། སྐད་དུ་ཕྱུང་བ་ཙམ་གྱིས་དབང་ཐང་དང་། ཚེ་ཅི་ཐུབ་པ་རྟོགས་སོ། །བརྒྱད་གང་ཞེ་ན། བྱ་བང་ལྟ་བུའི་སྐད་དང་། ཁྭ་ལྟ་བུའི་སྐད་དང་། སྐད་འཛེར་འཛེར་པོ་དང་། གླང་པོ་ཆེའི་སྐད་དང་། རྔའི་སྐད་དང་། འབྲུག་གི་སྐད་དང་། དྲིལ་གྱི་སྐད་དང་། ཚངས་པའི་སྐད་དང་བརྒྱད་དོ། །བྱ་བང་ལྟ་བུའི་སྐད་སྨྲ་བ་ནི། ཁྲེལ་ལྟས་མེད་པ་དྲིན་དུ་མི་གཟོའོ། །ཁྭ་ལྟ་བུའི་སྐད་དུ་སྨྲ་བ་ནི་ཁྲོ་ཞིང་གཏུམ་ལ་གསོད་པ་ལ་དགའ་ཞིང་སྙིང་རྗེ་མེད་པའོ། །སྐད་འཛེར་འཛེར་པོ་ནི་ཕོ་དག་མོའི་སྐད་དུ་སྨྲ་བ་དང་། མོ་དག་ཕོའི་སྐད་དུ་སྨྲ་བ་སྟེ། དེ་ནི་དབང་ཐང་མེད་ཅིང་དབུལ་བ་དང་


DKG074_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

མ་རབས་སོ། །གླང་པོ་ཆེའི་སྐད་ལྟ་བུར་སྨྲ་བ་ནི། རང་བཞིན་གྱིས་དྲང་ཞིང་བཤེས་གཉེན་ལ་ཕན་འདོགས་པར་སེམས་སོ། །རྔ་སྐད་ལྟ་བུར་སྨྲ་བ་ནི་སྨྲ་མཁས་ལ་བློ་མྱུར་ཞིང་རིག་པ་འཛིན་ཏེ་རྒྱལ་པོའི་བརྟེན་པའོ། །འབྲུག་སྐད་ལྟ་བུར་སྨྲ་བ་ནི་མཁས་པའི་བློ་དང་ལྡན་ཞིང་ཆོས་མཁས་སོ། །དྲིལ་སྐད་དུ་སྨྲ་བ་ནི། ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ལ་གསེར་སྲང་བརྒྱ་སྟོང་མང་པོ་བདོག་པའོ། །ཚངས་པའི་སྐད་དུ་སྨྲ་བ་ནི། བསོད་ནམས་དང་དབང་ཐང་ཆེན་པོ་དང་ལྡན་ཏེ། ཁྱིམ་ན་འདུག་ཅིང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །རབ་ཏུ་བྱུང་ན་ནི་གདོན་མི་ཟ་བར་འཚང་རྒྱའོ། །དེའི་ཚེ་ན་བྲམ་ཟེ་དེས་མི་རྣམས་ལ་བདག་ནི་སྐད་ལ་ཤིན་ཏུ་མཁས་ཏེ། ཡང་དག་པར་སངས་རྒྱས་ཡིན་ན། ཚངས་པའི་སྐད་དང་ལྡན་པའི་རིགས་ཀྱིས། ཁོ་བོ་ཡང་ཁྲིད་ལ་འགྲོགས་ཏེ་འདོང་ངོ་། །དེ་དག་གིས་ཀྱང་བྲམ་ཟེ་ལོང་བ་དེ་ཁྲིད་དེ་སོང་སོང་བ་ལས། ཕྱོགས་དེར་ཉེ་བར་འོངས་པ་དང་། སངས་རྒྱས་ཀྱིས་གསུངས་པའི་དབྱངས་དེ་ཐོས་ནས་ལོང་བ་དགའ་མགུ་རངས་ནས་དད་པ་སྐྱེས་ཏེ། མིག་གཉིས་རང་བྱེ་ནས་སངས་རྒྱས་ཀྱི་སྐུ་གསེར་གྱི་མདོག་ཅན་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། ཉི་མའི་འོད་ལྟར་ཤིན་ཏུ་གསལ་བར་མཐོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཚད་མེད་པའི་དགའ་བ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ། སྤྲོ་བ་བསྐྱེད་པས་སྡིག་པ་མི་དགེ་བའི་ལས་ཁྲི་ཕྲག་ཉི་ཤུ་ཟད་དེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ནས། ཤེས་རབ་ཀྱི་མིག་དང་ལྡན་པར་གྱུར་ཏེ། བསྟན་པ་ལ་རབ་ཏུ་བྱུང་བར་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་ནས། དགེ་སློང་དུ་གྱུར་ཏེ་ཅི་རིགས་པའི་ཆོས་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །འཁོར་མང་པོ་ཐེ་ཙོམ་དུ་གྱུར་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་འདུག་པ་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་


DKG074_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་འགྲོ་བ་མང་པོའི་དོན་མཛད་པ་མདོངས་པ་ཐམས་ཅད་ལ་ཐུགས་རྗེའི་ནང་ན། བྲམ་ཟེ་དམུས་ལོང་འདི་ལ་ལྷག་པར་ཐུགས་རྗེ་ཆེའོ། །བྲམ་ཟེ་མདོངས་པ་གཅིག་ཤའི་མིག་ཀྱང་ཐོབ་ལ་ཤེས་རབ་ཀྱི་མིག་ཀྱང་ཐོབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྲམ་ཟེ་ལོང་བ་འདི་ལ་དུས་འདི་འབའ་ཞིག་ཏུ་མིག་བྱིན་པར་མ་ཟད་དོ། །འདས་པའི་དུས་ན་ཡང་མིག་བྱིན་ནོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་འདས་པའི་དུས་ན་ཅི་ལྟ་བུའི་མིག་སྩལ་བ་ལེགས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ཡུལ་པུ་ཀ་ལ་ད་ཞེས་བྱ་བ་ན། རྒྱལ་པོ་མིག་འབྱེད་ཅེས་བྱ་བ་ཞིག་ཡོད་དེ། རྒྱལ་པོ་དེ་བྲག་དང་། རྩིག་པ་ལ་ཡང་ཐོགས་པ་མེད་པར་དཔག་ཚད་བཞི་བཅུ་ཚུན་ཆད་མཐོང་བས་མིག་འབྱེད་ཅེས་བྱ་བར་བཏགས་ཏེ། འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ཀུན་ལ་དབང་བྱེད་དོ། །རྒྱལ་པོ་དེ་ལ་བཙུན་མོ་དང་། ཕོ་བྲང་གི་སླས་ཉི་ཁྲི་ཡོད་དེ། རྒྱལ་བུ་ལྔ་བརྒྱ་སྙེད་ཡོད་དོ། །རྒྱལ་ཚབ་ནི་ཚུལ་ཁྲིམས་བཟང་པོ་ཞེས་བྱ་སྟེ། རྒྱལ་པོ་དེ་ཚུལ་བཞིན་དུ་རྒྱལ་པོ་བྱེད་པས། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སེམས་ཏེ། རླུང་དང་ཆར་ལས་དུས་མི་ཡོལ་བས་ལོ་ཏོག་ལེགས་ཏེ་ཐམས་ཅད་བདེ་སྐྱིད་དོ། །དེ་ནས་རྒྱལ་པོ་དེ་དབེན་པ་ཞིག་ན་འདི་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཚེ་སྔ་མའི་བསོད་ནམས་ཀྱིས་མིའི་རྒྱལ་པོར་གྱུར་ཏེ། ནོར་བུ་རིན་པོ་ཆེ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་ཞིང་ཐམས་ཅད་ཀྱི་ངག་མཉན་ན། ཅི་ལྟར་རྩྭ་འཇམ་པོ་རླུང་གིས་བཏབ་ན་ཕྱོགས་གཅིག་ཏུ་ཉལ་བ་བཞིན་ནོ། །ཚེ་འདི་ལ་ཡང་ཕྱི་མའི་འབྲས་བུ་མ་བསྐྱེད་ན། སྡུག་བསྔལ་བར་འགྱུར་ཏེ། དཔེར་ན་ཞིང་པ་ཐམས་ཅད་དག་དཔྱིད་མང་དུ་རྨོས་ན། སྟོན་མང་དུ་བསྡུར་ཡོད་པས། བདག་ཀྱང་ཚེ་འདིར་དཔྱིད་ས་བོན་མ་བཏབ་ན། ཚེ་ཕྱི་མར་སྟོན་


DKG074_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྡུར་མེད་པས་ད་ནི་ལེ་ལོ་བྱ་བར་མི་རིགས་ཀྱི། བསོད་ནམས་ཀྱི་ཞིང་ལ་ས་བོན་རྒྱས་པར་བཏབ་བོ། །སྙམ་བསམས་ནས། བློན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངའི་དཀོར་མཛོད་ཐམས་ཅད་ཕྱུང་ལ་གྲོང་ཁྱེར་གྱི་སྒོ་དང་། ལམ་སྲང་མི་མང་པོ་འདུ་བའི་གནས་སུ་ཐམས་ཅད་སྤུངས་ལ་འགྲོ་བ་མང་པོ་ལ་སྦྱིན་པར་བྱའོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་གིས་བང་མཛོད་ཐམས་ཅད་ཀྱང་ཡིད་བཞིན་བྱིན་ཅིག་ཅེས་བསྒོ་ནས། གསེར་གྱི་རྒྱལ་མཚན་བསྒྲེང་ངོ་། །དྲིལ་ཆེན་པོ་བསྒྲགས་ཏེ། འཛམ་བུའི་གླིང་གི་དགེ་སྦྱོང་དང་། བྲམ་ཟེ་དང་དབུལ་ཕོངས་པ་དང་། རྒས་པ་དང་ན་བའི་རྣམ་པ་ཐམས་ཅད་འདུས་ཤིག།ཅི་དང་ཅི་འདོད་པ་དེ་དང་དེ་ཐམས་ཅད་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒྲགས་སོ། །དེའི་ཚེ་ན་འབངས་ཐམས་ཅད་ཀྱང་རྒྱལ་པོ་ཆོས་བཞིན་བྱེད་པ་དེ་ལ་དགའ་སྟེ། བསྟོད་ཅིང་སྙན་པར་བསྒྲགས་ཏེ། མཐའ་འཁོབ་ཀྱི་རྒྱལ་ཕྲན་པ་ལ་ད་བར་ནེ་ཞེས་བྱ་བ་ཞིག་རྒྱལ་པོ་དེའི་བཀའ་མི་ཉན་པ་ཞིག་ཡོད་དེ། ཆོས་མ་ཡིན་པས་རྒྱལ་པོ་བྱེད་དོ། །རྒྱལ་ཕྲན་དེ་ལ་བློན་པོ་མཁས་པ་བློ་གྲོས་དང་ལྡན་པ་ལོ་ད་ར་ཞེས་བྱ་བ་ཞིག་ཡོད་དེ། བློན་པོས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ནི་ཡིད་ཐུང་ལ་གཏུམ་སྟེ། སྔ་བསམ་ཕྱི་མནོ་མེད་པར་ཕྱིས་འགྱོད་པར་འགྱུར་རོ། །རྒྱལ་པོ་མིག་འབྱེད་ནི་ཤིན་ཏུ་སྙིང་རྗེ་དང་ལྡན་པས། འཛམ་བུའི་གླིང་གི་མི་ཐམས་ཅད་ལ་དྲིན་གྱིས་ཁྱབ་སྟེ། རྒྱལ་པོ་ཐམས་ཅད་དེའི་བཀའ་ཉན་ན། རྒྱལ་པོ་འབའ་ཞིག་གིས་དེ་ལ་བསྔོ་བ་མི་རིགས་ཀྱི། དེའི་བཀའ་ཉན་ན་བུ་ཚ་རྒྱུད་དུ་བདེའོ་ཞེས་གསོལ་པ་དང་། ཕྱིར་བློན་པོ་དེ་ལ་ཁྲོས་ཏེ་གྲོས་མ་ཉན་ཏོ། །དེ་ནས་བློན་པོ་དེ་ཡང་མི་དགའ་ནས་འདི་སྙམ་དུ་བསམས་སོ། །རྒྱལ་པོས་ཆོས་མ་ཡིན་པ་དང་མི་རིགས་པ་བྱས་པས། བདག་གི་ཕན་པའི་གྲོས་བཏབ་ན་ཁྲོས་ཏེ་མ་ཉན་ཏོ། །རྒྱལ་པོ་འདི་ལ་ནི་འབངས་ཐམས་ཅད་མི་དགའ་བས་མེད་པར་བྱའོ་སྙམ་བསམས་ནས། གྲོས་བྱས་པ་ལས་གསང་ཤོར་ནས་རྒྱལ་པོས་དམག་བཟློག་ནས་འཛིན་དུ་བཅུག་གོ །བློན་པོ་


DKG074_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཀྱང་འཕྲིགས་ནས། རྟ་མགྱོགས་པ་ལ་ཞོན་ནས་བྲོས་སོ། །དམག་གི་དཔུང་གི་ཕྱི་བཞིན་བདས་ཏེ་སླེབས་པ་དང་། བློན་པོ་དེ་འཕོངས་སྐྱེན་པ་ཞིག་པས་འཕྲལ་དུ་མི་བཅྭ་ལྔ་་མདའ་འཕངས་ཏེ་བསད་དོ། །དེ་ནས་སྙེགས་མས་ཡང་སྙེགས་མ་ནུས་པས་བློན་པོ་དེ་ཡང་མིག་འབྱེད་ཀྱི་ཡུལ་དུ་ཕྱིན་ཏོ། །རྒྱལ་པོ་མིག་འབྱེད་ལ་ཕྱག་འཚལ་ནས་གཏམ་བྱས་ཏེ། རྒྱལ་པོ་དགའ་བས་དེ་ཡང་བློན་པོར་བཅུག་གོ །དེ་ནས་རྒྱལ་པོ་དེ་བཀའ་མི་ཉན་ཏོ། །ཞེས་གསོལ་ནས། བློན་པོ་རྣམས་ལ་རྒྱལ་པོ་དེ་ང་དབང་བ་ལ་མ་གཏོགས་སམ། ཞེས་དྲིས་ན། དེ་ལ་རྒྱལ་པོ་མི་དབང་ངོ་ཞེས་གསོལ་ཏོ། །དེ་ནས་བློན་པོ་དེས་དཔུང་གི་ཚོགས་བསྡུས་ཏེ། རྒྱལ་པོ་དེ་དབབ་པར་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་གནང་ངོ་། །དེ་ནས་དཔུང་གི་ཚོགས་མཆོག་རྣམས་བསྡུས་ཏེ། པ་ལ་ད་བར་ནེའི་ཡུལ་དུ་འགྲོའོ་ཞེས་བྱ་བའི་ཞག་དུས་བགྲོས་སོ། །དེའི་ཚེ་ན་རྒྱལ་པོ་དེས་ཀྱང་དཔུང་གི་ཚོགས་བདག་གི་ཡུལ་དུ་འོང་ངོ་ཞེས་ཐོས་ནས་རབ་ཏུ་མི་དགའ་སྟེ། སེམས་ཁོངས་སུ་ཆུད་ནས་ཅི་བྱའི་གཏོལ་མེད་དེ། གོས་དྲི་མ་ཅན་བགོས་ནས་མུན་ཁུང་དུ་ཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་མ་རུངས་པ་ཞིག་ཡོད་པ་དེས་རྒྱལ་པོ་ལ་ཁྱོད་ཅིས་མི་དགའ་ན་འདི་ལྟར་མྱ་ངན་བྱེད་ཅེས་དྲིས་པ་དང་། རྒྱལ་པོས་སྨྲས་པ། ཁྱོད་མ་ཐོས་སམ། ཁོ་བོའི་བློན་པོ་ལོ་ད་ར་བྲོས་པས། རྒྱལ་པོ་མིག་འབྱེད་ཀྱི་ཡུལ་དུ་སོང་ནས། ཕྱིར་ཁོ་བོའི་ཡུལ་དུ་དམག་འདྲེན་ནོ་ཞེས་ཟེར་བས་མི་དགའོ། ། གལ་ཏེ་དམག་འདྲེན་ན། བདག་ཅག་ཀྱང་མེད་པར་འགྱུར་ཞེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། བློན་པོ་རྣམས་བསྡུས་ཤིག་དང་གྲོས་བགྱིའོ་ཞེས་གསོལ་ཏོ། །དེ་ནས་བློན་པོ་དང་བྲམ་ཟེ་འདུས་ཏེ་བགྲོས་ནས་བྲམ་ཟེས་སྨྲས་པ། རྒྱལ་པོ་མིག་འབྱེད་དེ་བདག་གི་ཕ་མ་མ་གཏོགས་པར་གཞན་ཅི་ལ་ཡང་མི་ཆགས་ཏེ། སྦྱིན་པ་བྱེད་དོ་ཞེས་ཐོས་ཀྱིས། ཡུལ་འདི་ན་བྲམ་ཟེ་ལོང་བ་ཞིག་ཡོད་པ་དེས། རྒྱལ་པོ་དེ་ལ་མིག་ཡ་གཅིག་སློང་དུ་བཏང་ངོ་། །གལ་ཏེ་མིག་སྦྱིན་ན་དམག་ཀྱང་མི་འདྲེན་པར་འགྱུར་རོ་ཞེས་བགྲོས་ཏེ། རྒྱལ་པོ་ལ་


DKG074_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་བྱའོ་ཞེས་སྨྲས་ནས། བྲམ་ཟེ་ལོང་བ་འབོད་དུ་བཏང་ངོ་། །བྲམ་ཟེ་ལོང་བ་འོངས་ནས། རྒྱལ་པོས་ལོང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཁོ་བོས་ཁྱོད་ལ་བསྒྲུབ་ཏུ་གསོལ་བ་ཞིག་ཡོད་ཀྱིས་ཁྱོད་ཀྱིས་བྱ་དགོས་སོ་ཞེས་བསྒོ་བ་དང་། བྲམ་ཟེས་སྨྲས་པ། བདག་མིག་གཉི་ག་ལོང་ན་ཅི་ཞིག་བསྒྲུབ་ཏུ་ཡོད་ཅེས་གསོལ་ཏོ། །རྒྱལ་པོས་བསྒོ་བ་རྒྱལ་པོ་མིག་འབྱེད་དཔུང་གི་ཚོགས་བཤམས་ཏེ། འདིར་འོངས་པས་ཁོ་བོ་ནི་གཞོན་པས་བྲོས་ཀྱང་ཐར་ན། ཁྱོད་མིག་མེད་པ་གར་བྲོས་པའི་ས་ཡང་མེད་པས། རྒྱལ་པོ་དེས་སྦྱིན་པ་གཏོང་བ་ལ་ཕ་རོལ་གྱི་ཡིད་འཐུན་པར་གཏོང་ངོ་ཞེས་གྲག་གི །།ཁྱོད་སོང་ལ་དེ་ལ་དེའི་མིག་སློང་ཤིག་དང་། གལ་ཏེ་སྟེར་ན་དམག་ཀྱང་མི་འོང་བར་འགྱུར་གྱིས། ཁྱོད་དེ་ལ་མིག་སློང་དུ་སོང་ཤིག་ཅེས་བསྒོ་བ་དང་། བྲམ་ཟེས་བདག་མིག་མི་མཐོང་ན་ཅི་ལྟར་བྱ་ཞེས་གསོལ་ཏོ། །རྒྱལ་པོས་བསྒོ་བ་ཁྱོད་སོང་ཤིག་དང་། ལམ་རྒྱགས་དང་། ལམ་འདྲེན་པ་དང་། ཡོ་བྱད་གཞན་ཡང་ཅི་དགོས་པ་སྦྱར་རོ། །གལ་ཏེ་མིག་ཐོབ་ན་བྱ་དགའ་ཡང་ཆེར་སྦྱིན་ནོ་ཞེས་བསྒོ་ནས་སོང་ངོ་། །དེའི་ཚེ་ན་རྒྱལ་པོ་མིག་འབྱེད་ཀྱི་ཡུལ་ན་ལྟས་ངན་པ་རྣམ་པ་སྣ་ཚོགས་བྱུང་ངོ་། །འདི་ལྟ་སྟེ། གནམ་གྲུམ་པ་དང་གནམ་ལྕགས་འབབ་པ་དང་། སྐར་མ་ལྷུང་བ་དང་། ནམ་རྨུགས་པ་དང་། གནམ་ལྕགས་བབ་ནས་ས་ཀུན་གས་པ་དང་། བྱ་རྣམས་ནམ་མཁའ་ལ་ངུ་བའི་སྐད་འབྱིན་ཅིང་ས་ལ་ལྟུང་བ་དང་། སེང་གེ་དང་སྟག་དང་། འཕར་སྤྱང་དག་སྙིང་རྗེའི་སྐད་འབྱིན་ཅིང་མིའི་ནང་དུ་འོངས་ཏེ། ས་ལ་འགྲེ་བ་ལ་སོགས་པའི་ལྟས་ངན་པ་སྣ་ཚོགས་བྱུང་ངོ་། །དེ་ནས་བྲམ་ཟེ་ལོང་བ་ཡང་མཐར་གྱིས་ཡུལ་དེར་ཕྱིན་ཏེ། ཕོ་བྲང་གི་སྒོར་འོངས་ནས། སྐད་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཡུལ་གཞན་ནས་འདིར་མཆིས་ཀྱི། རྒྱལ་པོ་ཁྱོད་ཀྱི་ཡོན་ཏན་ཀུན་ཏུ་གྲགས་པ་ནི་སློང་བ་འོངས་ན་ཅི་ཡང་གཏོང་སྟེ། སློང་བའི་ཡིད་དང་མི་འགལ་བར་མཛད་ཅེས་ཐོས་ནས། ཉོན་མོངས་པ་དང་བསྡོས་ཏེ་འདིར་སློང་དུ་འོངས་ཀྱིས། ཅི་


DKG074_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བྱིན་ཅིག་ཅེས་སྨྲས་སོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་བསུས་ཏེ། ཁྱོད་ལམ་ན་ངལ་བར་མ་གྱུར་ཏམ། ཉོན་མ་མོངས་སམ། བདེ་བར་འོངས་སམ། ཞེས་སྤྲོ་བའི་ཚིག་གིས་སྨྲས་ནས། རྒྱལ་སྲིད་དམ། རིན་པོ་ཆེའམ། རྟའམ། ཐེག་པའམ། གོས་སམ། བཟའ་བའམ། བཏུང་བའམ། ནད་ཀྱི་རྐྱེན་རྩིའམ། ཅི་དང་ཅི་དགོས་པ་སློང་ཤིག་དང་། དེ་དང་དེ་དག་ཆོག་པར་སྦྱིན་ནོ་ཞེས་སྨྲས་པ་དང་། བྲམ་ཟེས་སྨྲས་པ། ཕྱི་རོལ་གྱི་ཟང་ཟིང་བྱིན་པས་ནི་བསོད་ནམས་ཀྱི་དམ་པར་མི་འགྱུར་གྱི། ནང་གི་སྦྱིན་པ་བྱས་ན་འབྲས་བུ་ཆེ་སྟེ། བདག་མིག་སྟོར་ནས་ཡུན་རིང་དུ་ལོན་པས་རྟག་ཏུ་མདོངས་ཤིང་འཐོམས་པར་འགྱུར་གྱི། བདག་ནི་རྒྱལ་པོའི་སྤྱན་འཚལ་ལོ་ཞེས་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རབ་ཏུ་དགའ་ནས། བྲམ་ཟེ་ལ་ཁྱོད་ལ་མིག་སྦྱིན་ནོ་ཞེས་བསྒོའོ། །བྲམ་ཟེས་སྨྲས་པ། རྒྱལ་པོས་བདག་ལ་སྩལ་ན་ནམ་སྩོལ་ཅེས་སྨྲས་པ་དང་། ད་སྟེ་ཞག་བདུན་ན་སྦྱིན་ནོ་ཞེས་བསྒོ་ནས། དྲིལ་བསྒྲགས་ནས། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་སྦྲན་ནོ། །རྒྱལ་པོ་མིག་འབྱེད་ད་སྟེ་ཞག་བདུན་ན་བྲམ་ཟེ་ལ་མིག་སྦྱིན་པ་བྱེད་ཀྱིས། ལྟ་འདོད་ན་ཐམས་ཅད་ཤོག་ཤིག་ཅེས་བསྒོའོ། །དེའི་ཚེ་ན་འཛམ་བུའི་གླིང་གི་མི་དེ་དག་འདི་སྐད་ཅེས་བསྒོ་བ་ཐོས་ནས། ཐམས་ཅད་མྱུར་བར་དེར་ལྷགས་སོ། །རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ཀྱང་སོ་སོའི་བློན་པོ་དང་ཆས་ཏེ། རྒྱལ་པོའི་ཐད་དུ་ལྷགས་ནས། ལྟོ་བ་ས་ལ་ཕབ་སྟེ། མཆི་མ་བླགས་ནས་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་འཛམ་བུའི་གླིང་གི་མི་ཐམས་ཅད་རྒྱལ་པོ་ལ་བརྟེན་ནས་འཚོ་ན་ཅིའི་སླད་དུ་མི་གཅིག་གི་ཕྱིར་བདག་ཅག་ཀུན་སྤངས་ཞེས་གསོལ་ཏོ། །བློན་པོ་རྣམས་དང་། བཙུན་མོ་དང་། ཕོ་བྲང་གི་སླས་རྣམས་ཀྱང་མགོ་བོ་ས་ལ་རྡེབས་ཤིང་། ས་ལ་ཁ་སྦུབ་ཏུ་ཉལ་ནས། བྲམ་ཟེ་མི་གཅིག་གི་སླད་དུ་བདག་ཅག་ཀུན་མ་སྤངས་ཤིག་ཅེས་གསོལ་ནས། ཆོ་ངེས་འདེབས་སོ། །རྒྱལ་བུ་ལྔ་བརྒྱ་རྣམས་ཀྱང་ངུས་ནས། བདག་ཅག་ལ་མགོན་མ་མཆིས་སོ། །སྐྱབས་མ་མཆིས་


DKG074_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཐུགས་བརྩེ་བའི་སླད་དུ་སྤྱན་གྱི་སྦྱིན་པ་གཏང་བ་མཛད་པའི་ཐུགས་སླར་བཟློག་ཏུ་གསོལ། རྒྱལ་ཚབ་ཚུལ་ཁྲིམས་བཟང་པོས་ཀྱང་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཡབ་ཀྱི་སྦྱིན་པར་བདག་གི་མིག་སྩལ་དུ་གསོལ། བདག་གུམ་པ་ནི་ཚོད་མཆིས་ཀྱི་ཡབ་སྤྱན་མི་མངའ་བར་གྱུར་ན། འཛམ་བུའི་གླིང་གི་མི་ཐམས་ཅད་མགོན་མ་མཆིས་ཏེ། དཔུང་གཉེན་མེད་པར་འགྱུར་རོ་ཞེས་གསོལ་པ་དང་། རྒྱལ་པོས་རྒྱལ་ཕྲན་དང་། བློན་པོ་དང་། བཙུན་མོ་དང་། རྒྱལ་བུ་རྣམས་ལ་འདི་སྐད་ཅེས་བསྒོའོ། །ང་ནི་སྐྱེ་བ་ཡུན་རིང་པོར་ལུས་འདིས་སྐྱེ་བ་ཅི་ཡང་མྱོང་སྟེ། རུས་པ་སྤུངས་པ་ནི་རི་རབ་བས་མཐོ། །ཁྲག་བསགས་ན་རྒྱ་མཚོ་བཞི་བས་མང་། མའི་ནུ་ཞོ་འཐུངས་པ་ཡང་ཆུ་བོ་བཞི་བས་ཆེ་སྟེ། འདོད་པ་དང་བྱེ་བྲལ་ནས་ངུས་པའི་མཆི་མ་ཡང་རྒྱ་མཚོ་དང་མཉམ་མོ། །སེམས་ཅན་དམྱལ་བར་ཡང་བཕྲེགས་པ་དང་། བཙོས་པ་དང་། མིག་ཕྱུང་བའི་གྲངས་ཀྱང་ཤིན་ཏུ་མང་། ཡི་དགས་ཀྱི་ཁམས་སུ་ལུས་རྣམ་པ་སྣ་ཚོགས་མྱོང་སྟེ། ལུས་ལ་མེ་འབར་བ་ནས་ལུས་དང་། མིག་བཅས་སུ་ཚིག་པ་གྲངས་མེད། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ནི་གཅིག་ལ་གཅིག་གསོད་ཅིང་འཆི་བས་ལུས་གྲངས་མེད་པ་ཞིག་ཆུད་ཟོས། མིའི་ནང་དུ་སྐྱེས་པ་ན་ཤི་མ་རན་པར་ཤི་བའི་གྲངས་ནི་མང་། ཚེའི་མཐར་ཐུག་པའི་གྲངས་ནི་ཉུང་སྟེ། འདོད་པ་ལ་ཆགས་པས་གཅིག་ལ་གཅིག་གསོད་ཅིང་གནོད་པར་བྱེད་དོ། །དེར་ཡང་ལུས་དང་མིག་གྲངས་མེད་པ་ཞིག་ཆུད་གསན་ན། གལ་ཏེ་ལྷར་སྐྱེས་ན་ཡང་རིང་པོར་མི་ཐུབ་སྟེ། མདོར་ན་ཁམས་གསུམ་གྱི་རྒྱུད་དྲུག་ཏུ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་རྡུལ་ཕྲ་མོ་སྙེད་ཀྱི་ལུས་ཆུད་ཟོས་ན་ལན་འགའ་ཡང་སྦྱིན་པ་མ་བྱས་ཏེ། སངས་རྒྱས་ཀྱི་བྱང་ཆུབ་བཙལ་མ་མྱོང་། ཤིན་ཏུ་བཙོག་ཅིང་མནམ་པའི་མིག་འདི་དེའུ་རེ་རུལ་ཅིང་འཇིག་པས། ད་སྦྱིན་པ་བྱ་བའི་རིགས་ཀྱི་མི་སྦྱིན་པའི་མི་རིགས་ཏེ། ཤའི་མིག་འདི་བྱིན་ལ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱན་ཐོབ་པར་བྱའོ། །ནམ་ངའི་སྨོན་ལམ་འདི་གྲུབ་ན། ཁྱོད་ལ་ཡང་རྣམ་པར་དག་པའི་


DKG074_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མིག་སྦྱིན་པར་བྱའོ། །ཁྱེད་ངའི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་མ་གཅོད་ཅིག་ཅེས་བསྒོ་བ་དང་། འཁོར་ཐམས་ཅད་ཀྱང་ཅང་མི་ཟེར་བར་འཁོད་དོ། །དེ་ནས་བློན་པོ་རྣམས་ལ་ཁྱེད་ལས་གཅིག་གིས་ངའི་མིག་ཕྱུང་ཤིག་ཅེས་བསྒོ་ན། དེ་དག་གིས་བདག་ཅག་གི་ལུས་རྡུལ་དུ་བགྱིས་ཀྱང་རྒྱལ་པོའི་བ་སྤུ་གཅིག་ཙམ་ཡང་འབྱིན་མི་ཕོད་ན། རྒྱལ་པོའི་སྤྱན་ལ་ལག་དར་བ་ལྟ་ཅི་སྨོས་ཞེས་གསོལ་ཏོ། །རྒྱལ་པོས་ཡང་བསྒོ་བ། ཁྱོད་ཀྱིས་མི་ཤ་མདོག་གནག་ལ་མིག་འོག་ནས་མིག་ཚུགས་སུ་ལྟ་བ་ཅིག་ཚོལ་ཅིག་ཅེས་བསྒོ་བ་དང་། ཤ་ཚུགས་དེ་འདྲ་བ་ཅིག་སྙེད་ནས། རྒྱལ་པོས་དེའི་ལག་ཏུ་གྲི་བྱིན་ཏེ། ངའི་མིག་ཕྱུང་ཤིག་ཅེས་བསྒོ་ནས། དེས་རྒྱལ་པོའི་མིག་ཕྱུང་སྟེ། རྒྱལ་པོའི་ལག་ཏུ་བཞག་གོ །རྒྱལ་པོས་མིག་ལག་ཏུ་བཞག་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གི་མིག་སྦྱིན་པ་བྱེད་པ་འདིས་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཤིག།གལ་ཏེ་མངོན་པར་རྫོགས་པར་འཚང་རྒྱ་ན། བྲམ་ཟེ་ལོང་བས་ངའི་མིག་ཐོབ་མ་ཐག་ཏུ་མཐོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་རྒྱལ་པོའི་མིག་ཐོགས་པ་བྲམ་ཟེའི་མིག་ཏུ་བཅུག་གོ །དེ་ནས་མོད་ལ་མཐོང་བར་གྱུར་ཏེ། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོའི་སྤྱན་འདིར་མཐོང་བར་གྱུར་ཏེ། མཐོང་བ་འདིས་འཚལ་གྱིས་ཡ་གཅིག་ནི་མི་འཚལ་ལོ་ཞེས་གསོལ་ཏོ། །རྒྱལ་པོས་བསྒོ་བ། ཁོ་བོའི་མིག་གཉི་ག་ཁྱོད་ལ་སྦྱིན་པར་བྱས་པས་ཡ་གཅིག་བཞག་ན་སྔར་སྨྲས་པ་དང་འགལ་ལོ་ཞེས་བསྒོ་ནས། མིག་ཡ་གཅིག་ཀྱང་ཕྱུང་སྟེ། ལག་ཏུ་བླངས་ནས་སྨོན་ལམ་སྔར་བཞིན་དུ་བཏབ་བོ། །བྲམ་ཟེའི་མིག་ཏུ་བཅུག་ནས་བྲམ་ཟེའི་མིག་གཉི་གས་མཐོང་བར་གྱུར་ཏོ། །དེའི་ཚེ་ན་གནམ་ས་ཀུན་གཡོས་སོ། །ལྷའི་ཕོ་བྲང་ཀུན་ཡང་འགུལ་ཞིང་ལྟེག་སྟེ། ལྷ་རྣམས་ངོ་མཚར་དུ་གྱུར་ནས་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔས་མིག་གི་སྦྱིན་པ་བྱས་པར་མཐོང་ནས། སྟེང་གི་ནམ་མཁའ་ལ་ལྷགས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་། སྤོས་ཀྱི་མཆོད་པ་བྱས་ནས། ལེགས་སོ་ལེགས་སོ་ཞེས་བསྟོད་དོ། །བརྒྱ་བྱིན་ཡང་


DKG074_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

དེར་འོངས་ཏེ། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །འདི་ལྟར་ཤིན་ཏུ་སྤྱད་པ་དཀའ་བ་འདིས་རྣམ་པར་སྨིན་པའི་ལས་ཅི་ཞིག་འདོད། བྱང་ཆུབ་སེམས་དཔས་སྨྲས་པ་བདུད་ཀྱི་རྒྱལ་པོའམ། ཚངས་པའམ། བརྒྱ་བྱིན་ནམ། རྒྱལ་ཆེན་བཞིའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་ཏེ། ཁམས་གསུམ་གྱི་བདེ་བ་འདོད་པ་མ་ཡིན་གྱིས། བསོད་ནམས་འདིས་མངོན་པར་བྱང་ཆུབ་ནས། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་བདེ་བ་ལ་འགོད་པའི་ཕྱིར་རོ། །བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་མིག་ཕྱུང་བ་སྡུག་བསྔལ་བར་གྱུར་ན། འགྱོད་པའམ། ཁྲོ་བོའི་སེམས་མ་བྱུང་ངམ། རྒྱལ་པོས་སྨྲས་པ། འགྱོད་པ་ཡང་མེད་དོ། །ཁྲོ་བོའི་བག་ཀྱང་མེད་དོ། །བརྒྱ་བྱིན་གྱིས་སྨྲས་པ། བདག་གིས་བལྟས་ན་མིག་གཉིས་ནས་ཁྲག་གཟག་ཅིང་མདངས་ཀྱང་འགྱུར་བཞིན་དུ། འགྱོད་པ་མེད་ཅེས་བྱས་པ་ནི་ཡིད་ཆེས་པར་དཀའོ། །རྒྱལ་པོས་སྨྲས་པ། བདག་གི་མིག་སྦྱིན་པ་འདི་ལ་འགྱོད་པ་ཡང་མེད་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་ཞེ་ན་བདེན་པར་སྨྲ་བ་འདིས་བདག་གི་མིག་གཉིས་སྔོན་བཞིན་དུ་མཐོང་བར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་མིག་གཉིས་ཀྱང་སྔོན་བས་གསལ་བར་གྱུར་པས། དེའི་ཚེ་ན་ལྷ་དང་མི་ཐམས་ཅད་ཀྱང་རབ་ཏུ་དགའ་ཞིང་མགུ་རངས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་བྲམ་ཟེ་ལ་བསྒོ་བ། ངས་མིག་སྦྱིན་པས་ཁྱོད་ཀྱང་མཐོང་བར་འགྱུར་གྱིས། ནམ་སངས་རྒྱས་ན་ཡང་ཁྱོད་ལ་ཆོས་ཀྱི་མིག་སྦྱིན་པར་བྱའོ། །རིན་པོ་ཆེ་འདི་དག་ཀྱང་ཁྱེར་ལ་ཕྱིར་སོང་ཤིག་ཅེས་བསྒོའོ། །བྲམ་ཟེ་མིག་དང་རིན་པོ་ཆེ་ཐོབ་ནས་ཕྱིར་ཡུལ་དུ་ཕྱིན་པ་དང་། རྒྱལ་པོ་དེ་ཉིད་ཀྱིས་ཀྱང་བསུས་ནས་ཕྲད་མ་ཐག་ཏུ་མིག་ཐོབ་བམ་ཞེས་དྲིས་སོ། །བྲམ་ཟེས་སྨྲས་པ། མིག་ཀྱང་ཐོབ་ནས་བདག་ཀྱང་འདི་ལྟར་མཐོང་བར་གྱུར་ཏོ། །རྒྱལ་པོས་སྨྲས་པ། འོ་ན་ཚེ་འཕོས་སམ་མ་འཕོས་སྨྲས་པ། ད་ལྟར་ལྷ་རྣམས་དེར་ལྷགས་ནས། སྨོན་ལམ་བཏབ་པས་མིག་གཉིས་སྔོན་བས་གསལ་བར་གྱུར་ཏོ། །


DKG074_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་པ་ལ་ད་བར་ནེས་དེ་སྐད་ཅེས་སྨྲས་པ་ཐོས་ནས་འཁམས་ཏེ་སྙིང་གས་ནས། ཚེ་འཕོས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་སྤྱན་འབྱེད་ཞེས་བྱ་བ་དེ་ནི་ད་ལྟར་ང་ཡིན་ནོ། །པ་ལ་ད་བར་ནི་ལྷས་བྱིན་ཡིན་ནོ། །བྲམ་ཟེ་མིག་སློང་བ་དེ་ནི་ད་ལྟར་གྱི་བྲམ་ཟེ་ལོང་བ་དགྲ་བཅོམ་པ་ཐོབ་པ་འདི་ཡིན་ནོ། །སྔར་ཡང་མིག་བྱིན་ད་ལྟར་གྱི་བར་དུ་ཤེས་རབ་ཀྱི་མིག་བྱིན་ཏེ། ཁྱོད་ཀྱི་ཕྱིར་སྐྱེ་བ་ཐམས་ཅད་དུ་དཀའ་བ་སྤྱད་ནས། མངོན་པར་སངས་རྒྱས་སོ། །ཁྱོད་ཀྱང་འབྱུང་བའི་ལམ་ལ་བརྩོན་པར་གྱིས་ཤིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་མང་པོ་རྣམས་ཁ་ཅིག་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་མིག་འབྱེད་ཀྱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།

སུམ་ཅུ་དྲུག་པ། མི་གདུང་བ་སོར་འཕྲེང་ཅན་གྱི་ལེའུ།


DKG074_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་ལ་བློན་པོ་ཆེན་པོ་མཁས་པ་རིག་པ་དང་ལྡན་པ་བཙན་ཕྱུག་པ་ཞིག་ཡོད་དེ། དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་ཁྱེའུ་མཚན་དང་ལྡན་པ། བྱད་གཟུགས་ལེགས་པ་དཔེ་བྱད་ཟླ་མེད་པ་ཞིག་བཙས་ཏེ། མཚན་མཁན་བོས་ཏེ་བུ་བསྟན་པ་དང་། མཚན་མཁན་དགའ་བའི་མདངས་ཀྱིས་འདི་སྐད་ཅེས་སྨྲས་སོ། །བུ་འདི་ནི་བསོད་ནམས་ཀྱི་མཚན་དང་ལྡན་ཏེ། ཀུན་ལས་འཕགས་པར་ཡིད་གཞུངས་པ་མཁས་པའི་བློ་དང་ལྡན་ནོ། །ཁྱེའུའི་ཕས་དེ་སྐད་སྨྲས་པ་ཐོས་ནས། ཁྱེའུའི་མིང་ཅི་སྐད་གདགས་ཞེས་དྲིས་པ་དང་། མཚན་མཁན་གྱིས་ཁྱེའུ་འདི་མངལ་དུ་ཆགས་ནས། ཡ་མཚན་དུ་གྱུར་པ་ཅི་ཡོད་ཅེས་དྲིས་སོ། །བློན་པོས་སྨྲས་པ།


DKG074_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེའུ་འདིའི་མ་སྔོན་རང་བཞིན་འཇམ་ཞིང་དེས་པ་མ་ཡིན་པ་ལས། བུ་འདི་མངལ་དུ་ཆགས་ནས་ལྷག་པར་འཇམ་དེས་སོ། །གཞན་གྱི་ཡོན་ཏན་དང་། ལེགས་པ་བརྗོད་པར་དགའི་ཉེས་པ་བརྗེད་པར་མི་དགའ་ལ། ཉོན་མོངས་པས་ཕོངས་པ་ལ་བྱམས་ཤིང་བརྩེ་བར་གྱུར་ཏོ། །མཚན་མཁན་གྱིས་སྨྲས་པ། འདི་བུའི་ཡོན་ཏན་ཡིན་ནོ། །བུའི་མིང་མི་གདུང་བ་ཞེས་བཏགས་སོ། །དེ་ནས་གསོས་བསྐྱེད་དེ་ཆེར་སྐྱེས་ནས། སྟོབས་ཀྱང་གྱད་སྟོབས་པོ་ཆེའི་ཚད་དུ་ཕྱིན་ཏེ། གཅིག་པུས་མི་སྟོང་ཐུབ་པ་ནམ་མཁའ་ལ་བྱ་འཕུར་བ་ཡང་མཆོངས་པས་ཟིན་ཏེ། མགྱོགས་ཁྱད་ཀྱང་རྟ་དང་བང་མཉམ་པས། བུ་དེ་ལ་ལྷག་པར་སྡུག་ཅིང་བྱམས་པར་གྱུར་ཏོ། །དེའི་ཚེ་ན་ཡུལ་དེ་ན་བྲམ་ཟེ་མཁས་པའི་རིག་པ་དང་ལྡན་པ་མང་དུ་ཐོས་པ། གཙུག་ལག་ལ་མཁས་པ་ཞིག་ཡོད་དེ། བྲམ་ཟེ་དེ་ལ་སློབ་མ་ལྔ་བརྒྱ་ཙམ་རྟག་ཏུ་རྗེས་སུ་སློབ་པོ། །དེའི་ཚེ་ན་བློན་པོ་དེ་དག་ཀྱང་བུ་ཁྲིད་དེ། བྲམ་ཟེ་ལ་གཏད་ནས་སློབ་ཏུ་བཅུག་གོ །ཁྱེའུ་མི་གདུང་བ་སློབ་པ་ལ་འགྲུས་པས་ཉི་མ་གཅིག་བསླབས་ན། གཞན་ལོར་བསླབ་པ་བས་མཁས་ཏེ། རིང་པོ་མ་ལོན་པར་ཐམས་ཅད་ཁོང་དུ་ཆུད་ཅིང་རྟོགས་པར་གྱུར་ཏོ། །སློབ་དཔོན་བྲམ་ཟེ་དེས་ཀྱང་དེ་ལ་ལྷག་པར་ཡིད་རྟོན་ཏེ། རྟག་ཏུ་འགྲོགས་ཤིང་ལྷན་ཅིག་ཏུ་འདུག་པས་སློབ་མ་གཞན་དག་ཀྱང་དེ་ལ་བསྟི་སྟང་བྱེད་དོ། །དེའི་ཚེ་སློབ་དཔོན་བྲམ་ཟེ་དེའི་ཆུང་མས་ཁྱེའུ་དེའི་བྱད་གཟུགས་བཟང་ཞིང་ལེགས་པ་དང་། སློབ་པ་ལ་ཡང་གཞན་བས་ལྷག་པར་མཁས་པར་མཐོང་ནས་དེ་ལ་ཆགས་ཏེ། ཡིད་ལ་བཟུང་ཡང་སློབ་མ་རྣམས་དང་མི་བྲལ་ཏེ་ཉིན་མཚན་འགྲོགས་པས་གཏམ་བྱ་བའི་སྐབས་མེད་དེ། བསམ་པ་ལྟར་མ་གྱུར་པས་རྟག་ཏུ་ཡིད་ལ་གཅགས་པར་གྱུར་ཏོ། །དུས་ཕྱི་ཞིག་ན་སྦྱིན་བདག་ཅིག་གིས་སློབ་དཔོན་དེ་དང་། སློབ་མར་བཅས་སུ་ཟླ་བ་གསུམ་གྱི་བར་དུ་འཚོ་བ་སྦྱར་ནས་མགྲོན་དུ་གཉེར་ཏོ། །དེའི་ཚེ་ན་སློབ་དཔོན་བྲམ་ཟེ་ཆུང་མ་དང་གཉིས་འདི་སྐད་ཅེས་བགྲོས་སོ། །ཁོ་བོ་ནི་སློབ་མ་དང་བཅས་སུ་སྦྱིན་བདག་གིས་ཟླ་བ་གསུམ་


DKG074_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བར་དུ་འཚོ་བ་སྦྱར་རོ་ཞེས་བོས་ཀྱིས། ད་སློབ་མ་ལས་གཅིག་ཅིག་ཕྱི་ན་ལས་སུ་བསྐོས་ཏེ། བཞག་པའི་རིགས་སམ་ཞེས་ཆུང་མ་ལ་སྨྲས་པ་དང་། ཆུང་མ་དགའ་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་གྱི་སོ་ཚིས་དང་བྱ་བ་མང་པོ་ལ་ཤེས་པ་མཁས་པ་ལྡན་པ་ཞིག་གིས་བྱ་དགོས་པས། ཁྱེའུ་མི་གདུང་བ་ཡིད་བརྟན་ཏེ་ཕྱིར་བཞག་པའི་རིགས་སོ་ཞེས་སྨྲས་ནས། བྲམ་ཟེས་ཀྱང་ཁྱེའུ་མི་གདུང་བ་ཁྱོད་ཀྱིས་ཕྱིར་འདུག་ལ་ཁྱིམ་གྱི་སོ་ཚིས་དང་ཞལ་ཏ་བྱོས་ཤིག།ཁོ་བོ་ནི་སྦྱིན་བདག་གིས་བོས་པས་འགྲོའོ་ཞེས་བསྒོའོ། །ཁྱེའུ་མི་གདུང་བ་ཡང་སློབ་དཔོན་གྱིས་བསྒོ་བ་བཞིན་དུ་ཕྱིར་འདུག་གོ །དེའི་ཚེ་ན་སློབ་དཔོན་བྲམ་ཟེ་སློབ་མ་དང་བཅས་ཏེ་སོང་བའི་འོག་ཏུ་བྲམ་ཟེའི་ཆུང་མ་དེ་རབ་ཏུ་དགའ་མགུ་ནས་ཤིན་ཏུ་བྱི་བདར་བྱས་ཏེ། བསླུ་བའི་རྣམ་པས་ཁྱེའུ་དང་སྨྲས་ཀྱང་མི་གདུང་བས་སྲན་བཙུགས་ཏེ་སེམས་མ་གྱུར་ཏོ། །དེ་ནས་འདོད་ཆགས་ཀྱི་སེམས་སྐྱེས་ནས་ཚིག་དྲང་པོར་སྨྲས་ཏེ། ཁོ་མོ་ནི་ཁྱོད་ལ་ཆགས་ཀྱང་སྔན་ཅད་སྐབས་མེད་དོ། །ད་ནི་སློབ་དཔོན་ཡང་སོང་ནས་ཆེད་དུ་ཁྱོད་ཕྱིར་བཞག་པ་ཡིན་གྱིས། ད་ནི་དབེན་ཞིང་སྐབས་ལ་བབ་སྟེ། ཁོ་མོའི་ཡིད་དང་སྦྱོར་ཅིག་ཅེས་བསྒོའོ། །མི་གདུང་བས་སྨྲས་པ། བདག་ནི་བྲམ་ཟེ་ཡིན་པས་བྲམ་ཟེའི་ཆོས་ཀྱིས་སློབ་དཔོན་གྱི་ཆུང་མ་དང་ཉལ་དུ་མི་རུང་སྟེ། གལ་ཏེ་འདི་འདྲ་བ་ཞིག་བྱས་ན་བྲམ་ཟེ་མ་ཡིན་པས་བདག་ཤི་ཡང་བླའི་འདི་ནི་མི་ཕོད་དོ་ཞེས་སྨྲས་པ་དང་། སློབ་དཔོན་གྱི་ཆུང་མ་རེ་བ་ལྟར་མ་གྱུར་པས། ངོ་ཚ་ཞིང་སྐྱེངས་ནས། ཁོན་དུ་བཟུང་སྟེ་དཀྲུགས་བྱ་བར་བསམས་ནས། སློབ་དཔོན་ཕྱིར་འོང་དུ་ཉེ་བ་ན། གོས་ཀྱང་དྲལ་གདོང་ཡང་སྤར་མོས་བྲད་ནས། ས་རྡུལ་གྱིས་གོས་ཤིང་སྨ་བབ་པ་ལྟར་ཅང་མི་སྨྲ་བར་ས་ལ་ཉལ་ལོ། །དེ་ནས་སློབ་དཔོན་བྲམ་ཟེ་སླར་འོངས་ནས། ཁྱིམ་དུ་ཞུགས་པ་དང་། ཆུང་མ་དེ་འདྲ་བར་འདུག་པ་མཐོང་ནས། ཅིའི་ཕྱིར་ཁྱོད་འདི་ལྟར་གྱུར་ཅེས་དྲིས་པ་དང་། ཆུང་མས་མཆི་མ་བླགས་ནས་དྲི་བའི་རིན་མི་ཆོག་གོ་ཞེས་སྨྲས་སོ། །སློབ་དཔོན་བྲམ་ཟེས་ཅི་ཉེས་པ་སྨྲོས་ཤིག་ཅེས་ནན་ཏན་གྱིས་དྲིས་པ་དང་ཆུང་མ་ངུས་


DKG074_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་རྟག་ཏུ་བསྟོད་པའི་མི་གདུང་བ་དེ་ནི། ཁྱོད་སོང་བའི་འོག་ཏུ་རྟག་པར་ཁོ་མོ་ལ་ཉལ་བར་བསྒྲུབས་ཏེ། ཁོ་མོ་མ་བཏུབ་པས་ཁོ་མོའི་གོས་ཀྱང་དྲལ། གདོང་ལ་ཡང་རྨ་ཕྱུང་བ་ཡིན་ཏེ། ཁྱོད་ལ་འདི་འདྲ་བའི་སློབ་མ་བདོག་གམ། བྲམ་ཟེས་དེ་སྐད་ཅེས་ཐོས་ནས། ཤིན་ཏུ་ཁྲོས་ཏེ། ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །མི་གདུང་བ་འདི་སྟོབས་ནི་གཅིག་པུས་ཀྱང་མི་སྟོང་ཡང་ཐུབ་ལ། བློན་པོ་ཆེན་པོའི་བུ་ཡིན་ཏེ། ཆོ་རིགས་བཙུན་པས་ཉེས་པ་ཞིག་བྱས་ན་ཡང་བགས་ཀྱིས་བྱ་དགོས་སོ་ཞེས་སྨྲས་ནས། མི་གདུང་བའི་དྲུང་དུ་སོང་སྟེ། ཅི་རིགས་པར་སྙན་པའི་ཚིག་གིས་སྤྲོ་བ་བསྐྱེད་ནས། ཁོ་བོ་སོང་བའི་འོག་ཏུ་ལས་ཆེན་པོ་དང་ཉོན་མ་མོངས་སམ་ཞེས་གཏམ་དྲིས་ནས། འདི་སྐད་ཅེས་བསྒོའོ། །ཁྱོད་ཀྱིས་སྔ་ཕྱིར་ཁོ་བོ་ལ་ཆུ་གང་གིས་སྙིང་བརྩེ་སྟེ། ཁྱོད་ཀྱི་དྲིན་ནི་རྟག་ཏུ་དྲན་པས། ད་ནི་ཁྱོད་ལ་གསང་བའི་ཆོས་གཅིག་པུ་ཞིག་ཡོད་པ་སྔོན་ཅད་མ་བསྟན་པ་ཁྱོད་ལ་བསྟན་གྱིས། གལ་ཏེ་ཁྱོད་ཀྱིས་དེ་བཞིན་དུ་བྱས་ན་གདོན་མི་ཟ་བར་ཚངས་པའི་ལྷར་སྐྱེའོ། །ཞེས་སྨྲས་སོ། །ཁྱེའུ་མི་གདུང་བས་པུས་མོ་ས་ལ་བཙུགས་ཏེ། བསྟན་པར་གསོལ་པ་དང་། མི་གདུང་བ་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་ཉིན་ཞག་བདུན་གྱིས་དགེ་བ་བསྲུངས་ཏེ་མི་སྟོང་གི་མགོ་བཅད་ནས་སོར་མོ་རེ་རེ་ཞིང་བླངས་ནས་སོར་མོ་སྟོང་གིས་ལུས་ཀྱི་འཕྲེང་བ་བྱས་ན། དེའི་ཚེ་ཚངས་པའི་ལྷ་མངོན་སུམ་དུ་མཐོང་སྟེ། ཚེ་འཕོས་མ་ཐག་ཏུ་ཚངས་པའི་ལྷར་སྐྱེའོ་ཞེས་ལུང་བསྟན་ཏོ། །ཁྱེའུ་མི་གདུང་བས་སློབ་དཔོན་གྱིས་དེ་སྐད་བསྟན་པ་ཐོས་ནས་ཐེ་ཙོམ་སྐྱེས་ཏེ། སློབ་དཔོན་ལ་འདི་སྐད་ཅེས་གསོལ་ཏོ། །སྲོག་བཅད་པས་ཚངས་པའི་ལྷར་སྐྱེ་བ་ནི་རིགས་པ་མ་ལགས་སོ། །སློབ་དཔོན་གྱིས་སྨྲས་པ། ཁྱོད་ཅི་ན་ཁོ་བོའི་སློབ་མ་ཡིན་ན་ཅི་ཁོ་བོས་བསྟན་པའི་མན་ངག་མི་ཉན་ཏམ། ཅི་སྟེ་ཡིད་མི་ཆེས་ན་ཁྲེལ་ལྟས་ཡོད་པ་མ་ཡིན་ཏེ། འདིར་མ་འདུག་པར་གར་དགའ་བར་སོང་ཤིག་ཅེས་བསྒོ་ནས། གསང་སྔགས་ཀྱིས་བཏབ་སྟེ། རལ་གྲི་གཅིག་


DKG074_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་བཙུགས་ཏེ། སྔགས་ཀྱིས་བཏབ་པས། ཁྱེའུ་མི་གདུང་བ་ཁྲོས་པའི་སེམས་སྐྱེས་ཏེ། སློབ་དཔོན་གྱིས་ཁྲོས་པར་རིག་ནས། རལ་གྲི་ལག་ཏུ་བྱིན་ནས་མི་གདུང་བ་རལ་གྲི་ཐོགས་ནས་སྒོར་བརྒྱུགས་ཏེ། མི་ཕྲད་དགུ་བསད་ནས་སོར་མོ་བཅད་དེ། ལུས་ཀྱི་འཕྲེང་བར་བཏགས་པས་ཀུན་གྱིས་སོར་འཕྲེང་ཅན་དུ་བཏགས་སོ། །ཀུན་ཏུ་གསོད་ཅིང་ཞག་བདུན་དུ་ཕྱིན་པའི་ཉིན་པར་སོར་མོ་དགུ་བརྒྱ་དགུ་བཅུ་རྩ་དགུ་ནི་རྙེད་ཀྱི་སོར་མོ་གཅིག་གིས་བསྣན་ན་གསོད་པའི་གྲངས་ཀྱང་སྟོང་དུ་ཚང་བ་ལས། མི་ཐམས་ཅད་བྲོས་ཤིང་གབ་པས་གཅིག་ཀྱང་མི་རྒྱུ་སྟེ། ཀུན་ཏུ་བཙལ་ཀྱང་མ་རྙེད་དེ། ཞག་བདུན་གྱི་བར་དུ་ཁ་ཟས་མ་ཟོས་པས་ཁྱེའུའི་མ་བུ་ལ་སྙིང་བརྩེ་ནས་ཁ་ཟས་སྐྱེལ་དུ་བཏང་ན། ཐམས་ཅད་འཇིགས་པས་གཅིག་ཀྱང་མ་སྤོབས་སོ། །དེ་ནས་ཁྱེའུའི་མ་ཉིད་ཁ་ཟས་ཐོགས་ཏེ། བུའི་དྲུང་དུ་སོང་བ་ལས་རྒྱང་མ་ནས་མ་འོངས་པ་མཐོང་བ་དང་། མའི་ཐོག་ཏུ་བརྒྱུགས་ཏེ། གསད་པར་གཟས་པ་ལས། དེ་ལ་མས་སྲི་ཞུ་མེད་པར་ཁྱོད་ཅི་ལོག་པས་བསམས་ཏེ། མཚམས་མེད་པའི་ལས་བྱེད་ཅིང་། མ་གསོད་དམ་ཞེས་སྨྲས་པ་དང་། ཕྱིར་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་སློབ་དཔོན་གྱིས་བསྟན་པ་བཞིན་དུ་ཉིན་ཞག་བདུན་གྱིས་སོར་མོ་སྟོང་ཁམ་སྐོངས་ཏེ། སོར་མོ་སྟོང་དུ་ཚང་ན་ཚངས་པའི་ལྷར་སྐྱེ་བས་སོར་མོ་གྲངས་མ་ཚང་སྟེ། མི་བྱར་མི་རུང་བས་ད་གསད་དགོས་སོ་ཞེས་བྱས་པ་དང་། དེ་ལ་ཁྱེའུའི་མས་འདི་ལྟར་གྱུར་ན། ཁོ་མོ་མི་གསད་པར་སོར་མོ་གཅོད་དུ་མི་རུང་ངམ་ཞེས་བསྒོ་བའི་ཚེ། བཅོམ་ལྡན་འདས་ཀྱིས་ཀྱང་རྒྱང་མ་ནས་འདུལ་བའི་དུས་ལ་བབ་པར་གཟིགས་ཤིང་མཁྱེན་ནས། དགེ་སློང་ཞིག་ཏུ་སྤྲུལ་ཏེ། དེའི་ཕྱོགས་སུ་གཤེགས་སོ། །སོར་འཕྲེང་ཅན་གྱིས་དགེ་སློང་མཐོང་བ་དང་མ་གསོད་པར་བྱ་བ་བཏང་ནས། དགེ་སློང་གི་ཐོག་ཏུ་མཆོངས་ཏེ། གསད་པར་གཟས་སོ། །སངས་རྒྱས་ཀྱིས་དེ་ལྟར་འོངས་པར་གཟིགས་ནས། ཞབས་ཀྱིས་དལ་གྱིས་གཤེགས་ཀྱང་སོར་འཕྲེང་ཅན་མཐུ་སྟོབས་གཏུགས་ཏེ། བརྒྱུགས་ཀྱང་མ་སླེབས་


DKG074_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ནས། རྒྱང་མ་ནས་དགེ་སློང་ཁྱོད་ཅུང་ཟད་ཅིག་སྡོད་ཅིག་ཅེས་བོས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རྒྱང་མ་ནས། ང་ནི་རྟག་ཏུ་སྡོད་ན་ཁྱོད་མི་སྡོད་ཞེས་བཀའ་སྩལ་པ་དང་། སོར་འཕྲེང་ཅན་གྱིས་ཇི་ལྟར་ཁྱོད་ནི་སྡོད་ལ་ཁོ་བོ་ནི་མི་སྡོད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། ། ངའི་དབང་པོ་རྣམས་ནི་རྟག་ཏུ་ཞི་ཞིང་ཏིང་ངེ་འཛིན་གྱི་དབང་ཐོབ་པས་སྡོད་དོ། །ཁྱོད་ནི་སློབ་དཔོན་གྱིས་ལོག་པར་བསྟན་ཏེ། སྡིག་པ་ལ་ཡང་ཡིད་ཆེས་པས། ཁྱོད་ཀྱིས་སེམས་ཀྱང་བསླུས་ཏེ་མི་སྡོད་པས། ཉིན་མཚན་དུ་གསོད་པའི་ལས་བྱེད་དེ། སྡིག་པ་མཐའ་མེད་པའི་ལས་བྱེད་དོ། །སོར་འཕྲེང་ཅན་གྱིས་ཐོས་པ་ཙམ་གྱིས་སེམས་ཀྱིས་རྟོགས་ཤིང་ཆུད་དོ། །རལ་གྲི་ས་ལ་བོར་ཏེ་རྒྱང་མ་ནས་སྐྱབས་སུ་གསོལ་ལོ་ཞེས་ཕྱག་འཚལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱང་དེར་གཤེགས་ཏེ་སངས་རྒྱས་ཀྱི་སྐུར་སྤྲུལ་ནས། འོད་ཟེར་ལྷང་ངེ་ལྷན་ནེར་མཚན་སུམ་ཅུ་རྩ་གཉིས་ཀྱིས་གསལ་བར་བརྒྱན་པར་བསྟན་ཏོ། །སོར་འཕྲེང་ཅན་གྱིས་སངས་རྒྱས་ཀྱི་སྐུ་འོད་ཟེར་དང་མཚན་དུ་ལྡན་པ་མཐོང་ནས། ལུས་ས་ལ་བརྡབས་ནས་ཉེས་པ་མཐོལ་ཞིང་འགྱོད་དེ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །དད་པས་རབ་ཏུ་བྱུང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པའི་ཆོས་བསྟན་པས་སེམས་ཀྱི་དྲི་མ་ཀུན་ཟད་ནས་དགྲ་བཅོམ་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དེའི་ཚེ་ཡུལ་དེ་ན་གནས་པའི་མི་ལ་སོགས་པའི་སྲོག་ཆགས་ཐམས་ཅད་སོར་འཕྲེང་ཅན་གྱི་མིང་ཐོས་པ་ཙམ་གྱིས་མི་སྐྲག་པ་མེད་དེ། མི་དང་སྲོག་ཆགས་སྦྲུམ་མ་རྣམས་ཀྱང་སྐྲག་ནས་བུ་བཙའ་བའི་ཐབས་མི་ཐུབ་བོ། །དེའི་ཚེ་བལ་གླང་མོ་ཞིག་བུ་མི་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱིས་སོར་འཕྲེང་ཅན་ལ་བཀའ་སྩལ་པ། ཁྱོད་བལ་གླང་མོའི་དྲུང་དུ་སོང་ལ་འདི་སྐད་དུ་བདག་


DKG074_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མ་སྐྱེས་ནས་ད་ཙམ་གྱི་བར་དུ་མི་གཅིག་ཀྱང་མ་བསད་དོ་ཞེས་བདེན་པའི་ཚིག་སྲོས་ཤིག་ཅེས་བཀའ་སྩལ་པ་དང་། སོར་འཕྲེང་ཅན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་ནི་མི་ཡང་མང་དུ་བཀུམ་ན་དེ་སྐད་ཅེས་མ་བཀུམ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ནི་འཕགས་པའི་ཆོས་ལས་སྐྱེས་མ་ཐག་པ་ཞེས་བྱའོ། །དེ་ནས་སོར་འཕྲེང་ཅན་གོས་ཚགས་བཅོས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་བལ་གླང་མོའི་དྲུང་དུ་སོང་སྟེ་དེ་སྐད་ཅེས་སྨྲས་པས། བདེ་བར་བཙས་ནས་སོར་འཕྲེང་ཅན་ཡང་ཕྱིར་གནས་སུ་འོངས་སོ། །རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་དང་བཅས་ཏེ། སེར་འཕྲེང་ཅན་འཛིན་དུ་ཆས་པ་ལས། དཔུང་གི་ཚོགས་འགྲོ་བའི་ལམ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་དྲུང་དུ་བྱུང་བས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་དགེ་སློང་ལུས་ཐུང་ལ་མི་སྡུག་པ་དབྱངས་རབ་ཏུ་སྙན་པ་ཞིག་ཡོད་དེ། གཙུག་ལག་ཁང་ན་དབྱངས་བྱེད་པར་དཔུང་གི་ཚོགས་ཀྱིས་ཐོས་ནས། སྐྱོ་མི་ཤེས་པ་ཙམ་དུ་ཉན་འདོད་དེ། གླང་པོ་ཆེ་དང་རྟ་ཡང་རྣ་བ་བཏུད་ནས་འགྲོར་མི་བཏུབ་པར་ཉན་ཏོ། །རྒྱལ་པོ་ཡ་མཚན་ཅན་དུ་གྱུར་ཏེ། ཅིའི་ཕྱིར་གླང་པོ་ཆེ་དང་རྟ་ལ་སོགས་པ་འགྲོར་མི་བཏུབ་ཞེས་སྨྲས་པ་དང་། དབྱངས་སྙན་པ་ཉན་འདོད་པའི་ཕྱིར་འགྲོ་མི་བཏུབ་པོ་ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། དུད་འགྲོའི་སྐྱེ་གནས་སུ་སྐྱེ་བ་ཡང་འདི་ལྟར་ཆོས་ཉན་པར་དགའ་ན། བདག་མིའི་ནང་དུ་སྐྱེ་བ་ལྟ་མི་སྨོས་ཏེ། སྐད་ཅིག་ཉན་པར་བྱའོ་ཞེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས། གླང་པོ་ཆེའི་ཤིང་རྟ་ལས་བབས་ཏེ་རལ་གྲི་ཡང་བཀྲོལ། གདུགས་ཀྱང་བཞག་ནས་བཅོམ་ལྡན་འདས་གང་ན་བཞུགས་པའི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་དབྱངས་སྙན་པ་དེ་སུ་ལགས། བལྟ་བར་འཚལ་ཏེ། ར་་པ་ཌ་སྟོང་ཕྲག་བཞི་བཅུ་ཞིག་ཀྱང་འབུལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔར་སྦྱིན་པ་བྱིན་པའི་འོག་ཏུ་ཕྲད་པར་བྱའོ། །གལ་ཏེ་སྔར་ཕྲད་ན་ཀར་ཤ་པ་ན་


DKG074_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཀྱང་སྦྱིན་མི་འདོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་དང་དགེ་སློང་དེ་ཕྲད་ནས། ཧ་ཅང་མི་སྡུག་ལ་ཐུང་ཆེས་པས། ར་་པ་ཌ་གཅིག་ཙམ་ཡང་སྦྱིན་པའི་སེམས་མ་སྐྱེས་ཏེ། རྒྱལ་པོས་པུས་མོ་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་འདིའི་ལུས་ཤིན་ཏུ་མི་སྡུག་ཅིང་ཐུང་ལ། དབྱངས་ཤིན་ཏུ་སྙན་པ་འདི་སྔོན་ལས་ཅི་ཞིག་བགྱིས་ན། འདི་ལྟ་བུའི་རྣམ་པར་སྨིན་པ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་བསྟན་པར་བྱའོ། །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་པའི་འོག་ཏུ་རྒྱལ་པོ་་་བྱི་ཞེས་བྱ་བས་རིང་བཕྲེལ་བསྡུས་ཏེ། མཆོད་རྟེན་བརྩིགས་པར་བྱས་པ་ལས། ཀླུའི་རྒྱལ་པོ་བཞི་ཞིག་མིར་སྤྲུལ་ཏེ། རྒྱལ་པོའི་དྲུང་དུ་ལྷགས་ནས། རིང་བཕྲེལ་གྱི་ཕྱིར་མཆོད་རྟེན་བརྩིགས་པ་འདི་རིན་པོ་ཆེ་ལས་བགྱིའམ། ས་ལས་བགྱི་ཞེས་གསོལ་ཏོ། །རྒྱལ་པོས་སྨྲས་པ། མཆོད་རྟེན་ནི་རིན་པོ་ཆེས་བརྩིགས་དགོས་ན། རིན་པོ་ཆེ་མང་པོ་མེད་པས་ས་ལས་བྱ་དགོས་སོ། །གྲུ་བཞི་ངོས་གཅིག་ཀྱང་དཔག་ཚད་ལྔར་ཕྱིན་པ་དང་། འཕང་དུ་དཔག་ཚད་ཉི་ཤུ་ལྔ་པ་ཀུན་ཏུ་སྣང་བ་ཞིག་བརྩིགས་དགོས་སོ། །ཀླུའི་རྒྱལ་པོ་དེ་བཞིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་བཞི་ནི་ཀླུའི་རྒྱལ་པོ་ཡིན་ཏེ། རྒྱལ་པོ་མཆོད་རྟེན་བྱེད་པས་བདག་ཅག་ཀྱང་རིན་པོ་ཆེ་བཏང་སྙམ་མོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་རབ་ཏུ་དགའ་མགུ་རངས་ཏེ། འདི་ལྟར་བསྟབས་པ་ལེགས་སོ་ཞེས་སྨྲས་པ་དང་། ཀླུ་རྣམས་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །གྲོང་ཁྱེར་ངོས་བཞིའི་ཕྱི་རོལ་ན། ཆུ་མིག་ཆེན་པོ་བཞི་ཞིག་ཡོད་དེ། ཤར་ཕྱོགས་ཀྱི་ལོགས་ཀྱི་ཆུ་མིག་ལ་བཅུས་ཏེ། ཕག་གུ་བྱས་ན་ཐམས་ཅད་་རྱ་སྔོན་པོར་འགྱུར་རོ། །ལྷོ་ཕྱོགས་ཀྱི་ཆུ་མིག་ལ་ཆུ་བཅུས་ཏེ། ཕག་གུ་བྱས་ན་ཐམས་ཅད་གསེར་དུ་


DKG074_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ནུབ་ཕྱོགས་ཀྱི་ཆུ་མིག་ལ་བཅུས་ནས། ཕག་གུ་བྱས་ན་ཐམས་ཅད་དངུལ་དུ་འགྱུར་རོ། །བྱང་ཕྱོགས་ཀྱི་ཆུ་མིག་ལ་བཅུས་ཏེ། ཕག་གུ་བྱས་ན་ཐམས་ཅད་ཤེལ་དཀར་པོར་འགྱུར་རོ་ཞེས་སྨྲས་ཏེ། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ལྷག་པར་དགའ་མགུ་རངས་ཏེ། ངོས་བཞིའི་ལག་དཔོན་རེ་རེ་བསྐོས་ནས། ངོས་རེ་རེ་བྱེད་དུ་བཅུག་པ་ལས། ངོས་གསུམ་གྱི་ལག་དཔོན་གྱིས་མཆོད་རྟེན་ཉིད་དུ་ཟིན་པ་ན། ངོས་གཅིག་གི་ལག་དཔོན་གྱིས་ལེ་ལོ་བྱས་པས་ཟིན་དུ་མི་ཉེ་སྟེ། རྒྱལ་པོ་ཉིད་མཆོད་རྟེན་བྱེད་པ་ལ་ལྟར་འོངས་ཏེ། ལེ་ལོ་བྱས་པ་དེ་ལ་ཁྱོད་ཀྱིས་ལེགས་པར་མ་བྱས་པས་མ་ཟིན་ཏེ། ཆད་པས་གཅོད་དོ་ཞེས་བསྒོ་བ་དང་། མི་དེ་རྒྱལ་པོ་ལ་ཁྲོས་ནས། འདི་ལྟ་བུའི་མཆོད་རྟེན་ཧ་ཅང་ཡང་ཆེས་པས་འདི་ནམ་ཡང་མི་ཟིན་ཏོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོས་ནན་ཐུར་བསྐྱེད་པས་ཀུན་གྱིས་ཉིན་མཚན་ལ་བརྩོན་འགྲུས་བྱས་ནས། དུས་གཅིག་ཏུ་ཅིག་ཅར་ཟིན་ཏོ། །མཆོད་རྟེན་ངོ་མཚར་དུ་མཐོང་ལ་རིན་པོ་ཆེ་རྣམས་འཚེར་ཞིང་དབྱིབས་ཀྱང་ལྷག་པར་ལེགས་པས། ངོས་དཔོན་ཁྲོས་པ་དེ་ཡང་ཤིན་ཏུ་དགའ་ནས། སྔར་ཉེས་པ་རྣམས་འགྱོད་ཅིང་བཤགས་ཏེ། གསེར་གྱི་དྲིལ་བུ་གཅིག་མཆོད་རྟེན་གྱི་རྩེ་མོ་ལ་བཏགས་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་གང་ནས་གང་དུ་སྐྱེས་ཀྱང་སྒྲ་སྐད་ཤིན་ཏུ་སྙན་པ་དང་། འགྲོ་བ་ཐམས་ཅད་ཀྱིས་ཐོས་པ་དང་དགའ་བར་ཤོག་ཤིག།མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་དང་ཕྲད་དེ། འཁོར་བ་ལས་རྣམ་པར་གྲོལ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན་ངོས་གཅིག་གི་ལག་དཔོན་མཆོད་རྟེན་ཧ་ཅང་ཡང་ཆེས་སོ་ཞེས་ཁྲོས་པ་དེ་ནི་དགེ་སློང་འདི་ཡིན་ཏེ། དེའི་ཚེ་ན་ཁྲོས་བཞིན་མཆོད་རྟེན་ཧ་ཅང་ཆེས་སོ་ཞེས་སྨྲས་པ་ཙམ་གྱིས། རྟག་ཏུ་ལུས་ཐུང་ལ་མི་སྡུག་པར་གྱུར་ཏོ། །ཕྱིས་དགའ་བའི་སེམས་ཀྱིས་གསེར་གྱི་དྲིལ་བུ་ཕུལ་ནས་མཆོད་རྟེན་ལ་བཏགས་ཏེ་སྒྲ་སྐད་སྙན་པ་དང་། ང་དང་ཕྲད་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་པས་སྐྱེ་བ་


DKG074_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱའི་བར་དུ་སྒྲ་སྐད་རབ་ཏུ་སྙན་ཏེ། ད་འདིར་ང་དང་ཕྲད་ནས་རྣམ་པར་གྲོལ་བ་ཐོབ་པར་གྱུར་ཏོ། །རྒྱལ་པོས་དེ་སྐད་ཅེས་གསུངས་པ་ཐོས་ནས། ཕྱིར་འགྲོ་བར་ཆས་པ་ལས། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཁྱོད་གར་འགྲོ་ཞེས་བཀའ་སྩལ་པ་དང་། རྒྱལ་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཡུལ་འདི་ན་དགྲ་མ་རུངས་པ་སོར་འཕྲེང་ཅན་ཞེས་བྱ་བ་མི་ཀུན་བསད་ནས་མ་འོས་པར་གནོད་པར་བགྱིད་པས། བདག་ཅག་དེ་ལ་དམག་རྒོལ་དུ་མཆིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་འཕྲེང་ཅན་འདི་ད་ལྟར་ནི་གྲོག་སྦུར་ཡང་མི་གསོད་ན། གཞན་གསོད་པ་ལྟ་སྨོས་ཀྱང་ཅི་དགོས། རྒྱལ་པོ་དེས་ད་ཙམ་བཅོམ་ལྡན་འདས་ཀྱིས་མ་བཏུལ་ལམ་སྙམ་བསམས་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སོར་འཕྲེང་ཅན་འདི་ད་ལྟར་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ། ཉེས་པའི་སྐྱོན་ཐམས་ཅད་ཟད་ནས། ད་ལྟ་གནས་ཁང་ན་འདུག་གོ །རྒྱལ་པོ་དེ་དང་ཕྲད་པར་འདོད་ན་དེ་དང་སྤྲད་དོ་ཞེས་བཀའ་སྩལ་ཏེ། སོར་འཕྲེང་ཅན་གྱི་གནས་ཁང་དུ་བཏང་ངོ་། །སོར་འཕྲེང་ཅན་གྱི་གནས་ཁང་གི་སྒོར་ཕྱིན་ནས་དགེ་སློང་སོར་འཕྲེང་ཅན་གནས་ཁང་གི་ནང་ན་ལུད་པ་ལུ་བའི་སྒྲ་ཕྱུང་བ་ཐོས་པ་ཙམ་གྱིས། སྔར་མི་མང་པོ་བསད་པར་དྲན་ཏེ། འཇིགས་སྐྲག་ནས་འཁམས་ཏེ་ས་ལ་འགྱེལ་ཏོ། །དེ་ནས་རིང་ཞིག་ལོན་པ་དང་ཕྱིར་ལངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཇི་ལྟར་ལགས་པ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་ལེགས་པར་ཉོན་ཅིག་དང་། སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་ཡུལ་་་ཌ་་ཞེས་བྱ་བ་ན། བྱ་ཤིན་ཏུ་གདུག་པ་ཞིག་ཡོད་དེ། ཟས་སུ་སྲིན་བུ་གདུག་པ་འབའ་ཞིག་ཟའོ། །ལུས་ཀྱང་ཤིན་ཏུ་གདུག་པས་རེག་པར་ཉེར་ཡང་མི་བཟོད་དོ། །གར་འཕུར་གར་འགྲོ་བའི་འོག་ཏུ་སེམས་ཅན་ཡོད་པ་ཀུན་ཀྱང་དོག་ས་ལ་ལྷུང་ཤིང་ཀུན་སྐྲག་པར་གྱུར་ཏོ། །དེའི་ཚེ་བྱ་


DKG074_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་དེ་ཚལ་ཞིག་གི་ནང་ན་ཕྱིན་ནས་ཤིང་ཁར་འདུག་སྟེ། སྐད་ཕྱུང་སྟེ་དེའི་ཚེ་ཤིང་དེའི་དྲུང་ན། གླང་པོ་ཆེའི་རྒྱལ་པོ་ཞིག་ཡོད་དེ། བྱ་གདུག་པའི་སྐད་ཐོས་པ་ཙམ་གྱིས་འཁམས་ནས་ས་ལ་འགྱེལ་ཏོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། བྱ་གདུག་པ་དེ་ནི་ད་ལྟར་གྱི་སོར་འཕྲེང་ཅན་ཡིན་ནོ། །གླང་པོ་ཆེའི་རྒྱལ་པོ་དེ་ནི་རྒྱལ་པོ་ཉིད་ཡིན་ནོ། །བཅོམ་ལྡན་འདས་སོར་འཕྲེང་ཅན་འདི་ནི་ཁྲོ་གཏུམ་པས་སེམས་ཅན་དེ་སྙེད་ཅིག་བསད་དེ། བཅོམ་ལྡན་འདས་ཀྱིས་དགེ་བ་ལ་བཞག།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དགེ་སློང་སོར་འཕྲེང་ཅན་འདི་ད་ལྟར་གྱི་དུས་འབའ་ཞིག་ན་མི་མང་པོ་བསད་དེ། ངས་བཏུལ་བར་མ་ཟད་དེ། སྔོན་འདས་པའི་དུས་ན་ཡང་སོར་འཕྲེང་ཅན་གྱིས་མི་འདི་དག་ཀུན་བསད་པ་ལས་ངས་བཏུལ་ཏེ། དགེ་བ་སེམས་པར་གྱུར་ཏོ། །རྒྱལ་པོས་ཡང་གསོལ་པ། བཅོམ་ལྡན་འདས་སྔོན་འདས་པའི་དུས་ན་ཡང་འདི་དག་བསད་པ་དང་། བཅོམ་ལྡན་འདས་ཀྱིས་གདུག་པའི་དངོས་པོ་རྣམ་པར་ཕྱེ་སྟེ་བསྟན་དུ་གསོལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ན་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་ཡུལ་་་ཌ་་ཞེས་བྱ་བ་ན། རྒྱལ་པོ་བ་ལ་མ་དར་ཞེས་བྱ་བ་ཞིག་བྱུང་ངོ་། །དེའི་ཚེ་རྒྱལ་པོའི་དཔུང་རྣམ་བཞི་དང་བཅས་ཏེ། ཚལ་གྱི་ནང་དུ་རྩེར་སོང་སོང་བ་ལས། རི་དགས་དང་ཕྲད་དེ་རི་དགས་ཀྱི་ཕྱི་བཞིན་རྒྱུགས་རྒྱུགས་པ་ལས། རྒྱལ་པོ་གཅིག་པུ་འཁོར་དང་བྲལ་ཏེ་ཚལ་སྟུག་པོར་ཕྱིན་ནས། དེའི་ཚེ་རྒྱལ་པོ་དེ་ངལ་ནས་རྟ་ལས་བབས་ཏེ། འདུག་པ་ལས་ཚལ་སྟུག་པོ་དེའི་ནང་ན་སེང་གེ་མོ་ཞིག་གནས་པ་དང་། འདོད་ཆགས་ཀྱིས་ཉེན་ནས་སོང་སོང་བ་ལས་ཚལ་གྱི་ནང་ན་རྒྱལ་པོ་གཅིག་པུ་འདུག་པ་དང་ཕྲད་ནས། སེང་གེ་མོ་ལྷག་པར་འདོད་ཆགས་སྐྱེས་ཏེ། རྒྱལ་པོ་ལ་བསྙེན་ནས་མཇུག་མ་བཏེག་སྟེ་སྙེགས་སོ། །རྒྱལ་པོས་ཀྱང་འདོད་ཆགས་སྐྱེས་པར་རིག་ནས་འདི་སྙམ་དུ་བསམས་སོ། །འདི་གཅན་གཟན་ཁྲོ་བ་ཡིན་ཏེ། བདག་


DKG074_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

གསད་པའི་མཐུ་ཡང་ཡོད་པས། གལ་ཏེ་ཡིད་བཞིན་དུ་མ་བྱས་ན་བདག་གི་སྲོག་ལ་འབབ་བོ་སྙམ་ནས། སྐྲག་བཞིན་དུ་སེང་གེ་མོ་ལ་འདོད་ཆགས་སྤྱད་དོ། །དེ་ནས་སེང་གེ་མོ་ཕྱིར་སོང་བའི་འོག་ཏུ་གཡོག་རྣམས་ཀྱང་ལྷགས་ཏེ། རྒྱལ་པོ་བསུས་ཏེ་ཕོ་བྲང་དུ་ཁྲིད་དོ། །དེའི་ཚེ་སེང་གེ་མོ་དེ་སྦྲུམ་པར་གྱུར་ཏེ། ཟླ་བ་ཚང་ནས་བུ་ཞིག་བྱུང་ན། ལུས་གཟུགས་ཐམས་ཅད་མི་དང་འདྲ་སྟེ། རྐང་པ་འབའ་ཞིག་ཁྲ་བོར་འདུག་གོ །སེང་གེ་མོས་ཀྱང་རྒྱལ་པོའི་བུ་ཡིན་པར་དྲན་ནས་རྒྱབ་ཏུ་བཀལ་ཏེ། རྒྱལ་པོའི་ཐད་དུ་བསྐྱལ་ལོ། །རྒྱལ་པོས་ཀྱང་བདག་གི་བུ་ཡིན་པར་ཤེས་ཏེ། གསོས་བསྐྱེད་དེ་དེའི་རྐང་པ་བཀྲ་བའི་ཕྱིར་མིང་ཡང་རྐང་བཀྲར་བཏགས་སོ། །གསོས་བསྐྱེད་དེ་ཚད་དུ་སྐྱེས་པ་དང་། ཤིན་ཏུ་དཔའ་ཞིང་རྟུལ་ཕོད་པར་སྐྱེས་སོ། །རྒྱལ་པོ་ཚེ་འཕོས་པའི་འོག་ཏུ་རྒྱལ་པོའི་དབང་ཐོབ་ནས། བཙུན་མོ་གཉིས་བླངས་སོ་བཙུན་མོ་གཅིག་ནི་རྒྱལ་རིགས་སོ། །གཅིག་ནི་བྲམ་ཟེའི་རིགས་སོ། །ཕྱིས་རྐང་བཀྲ་དེ་སྐྱེད་མོས་ཚལ་དུ་འཆག་ཏུ་སོང་ནས། བཙུན་མོ་གཉིས་ལ་འདི་སྐད་ཅེས་བསྒོའོ། །བཙུན་མོ་ཁྱོད་གཉིས་གང་ངའི་ཕྱི་བཞིན་མགྱོགས་པར་འོངས་ཏེ། གང་ང་དང་སྔར་ཕྲད་པ་དེ་ལ་ཉི་མ་གཅིག་གི་བར་དུ་རྩེ་དགའ་ཞིང་ཡོངས་སུ་སྤྱད་དོ། །གང་ཕྱིར་འོང་བ་དེ་ནི་ང་དང་ཕྲད་དུ་མི་བཏུབ་བོ་ཅེས་བསྒོ་ན། རྒྱལ་པོ་དེ་སོང་བའི་འོག་ཏུ་བཙུན་མོ་གཉིས་ཀྱང་རྒྱན་གྱིས་བརྒྱན་ཏེ། བཞོན་པ་བཤམས་ནས་དུས་གཅིག་ཏུ་ཆས་སོ། །ལམ་གྱི་བར་དུ་ན་ལྷའི་རྟེན་ཞིག་ཡོད་པ་ལ་བཙུན་མོ་བྲམ་ཟེའི་རིགས་ཅན་བཞོན་པ་ལས་བབས་ཏེ། ཕྱག་བྱས་ཏེ་མྱུར་དུ་སོང་བ་ལས་ཕྱིས་པར་གྱུར་ཏོ། །དེ་ནས་རྒྱལ་པོས་ཀྱང་སྔར་བྱས་པ་བཞིན་དུ་མ་བསྟེན་ཏོ། །དེ་ནས་བཙུན་མོ་དེ་ཞེ་སྡང་སྐྱེས་ཏེ་ལྷ་ལ་ཁྲོས་ཏེ། བདག་ནི་ཁྱོད་ལ་ཕྱག་འཚལ་བའི་བར་དུ་ཕྱིས་ནས་རྒྱལ་པོས་མ་དད་དོ། །གལ་ཏེ་ལྷ་ཁྱོད་ལ་མཐུ་ཞིག་ཡོད་ཡང་དག་ན་ཅིའི་ཕྱིར་ངའི་མགོན་དང་སྐྱབས་མི་བྱེད་ཅེས་ཤིན་ཏུ་ཁྲོས་རྔམ་ནས། ཡིད་ལ་འདི་སྙམ་དུ། གནོད་པ་བྱ་བར་


DKG074_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བསམས་སོ། །རྒྱལ་པོ་དེ་ཕྱིར་ཕོ་བྲང་དུ་འོངས་ནས། བཙུན་མོས་འདི་སྐད་ཅེས་གསོལ་ཏོ། །བདག་ཉི་མ་གཅིག་ཅི་དགའ་བར་བགྱིད་དུ་གནང་བར་དབང་བསྐུར་ཅིག་བྱས་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ངོ་ཞེས་བསྒོ་བ་དང་། མི་མང་པོ་བཟློག་སྟེ་ལྷའི་རྟེན་བཅོམ་ནས་ས་ཡང་བསྙམས་སོ། །དེ་ནས་ལྷ་རྟེན་སྲུང་བའི་ལྷ་དེ་ཤིན་ཏུ་མི་དགའ་སྟེ། འཁྲུགས་ནས། རྒྱལ་པོ་ལ་གནོད་པར་བྱ་བར་བསམས་ཏེ། ཕོ་བྲང་གི་ནང་ན་སོང་བ་ལས་ཕོ་བྲང་སྲུང་བའི་ལྷ་དེས་ནང་དུ་མ་བཏང་ངོ་། །དེའི་ཚེ་ན་དྲང་སྲོང་གཅིག་རི་དྲང་སྲོང་ལྷགས་ཞེས་བྱ་བ་ལ་གནས་ཏེ། རྒྱལ་པོ་རྐང་བཀྲ་དེས་དྲང་སྲོང་དེ་ལ་མཆོད་པ་བྱས་པས་ཉིན་གཅིག་བཞིན་དུ་ནམ་མཁའ་ལ་འཕུར་ཞིང་ཕོ་བྲང་དུ་འོངས་ཏེ། ཟས་བཟང་པོ་ནི་མི་འདོད་ཀྱིས། ཟས་ཐ་མལ་པ་ཙམ་ཟོས་ནས་ཕྱིར་འགྲོའོ། །ཉི་མ་གཅིག་དྲང་སྲོང་དེ་མི་འོང་བར་ལྷ་དེས་ཤེས་པས། དྲང་སྲོང་གི་ལུས་སུ་སྤྲུལ་ཏེ། ཕོ་བྲང་གི་ནང་དུ་འགྲོ་བར་བསམས་པ་ལས། ཕོ་བྲང་སྲུང་བའི་ལྷས་ཤེས་ནས་ནང་དུ་མ་བཏང་བ་དང་། སྒོ་ནས་བོས་ཏེ་ནང་དུ་འོང་དུ་མི་སྟེར་རོ། །ཞེས་བྱས་པ་དང་། རྒྱལ་པོས་ཐོས་ནས་དྲང་སྲོང་ཕྱི་རོལ་ནས་འབོད་པ་མྱུར་དུ་ནང་དུ་ཐོང་ཤིག་ཅེས་བཀའ་སྩལ་པ་དང་། ཕོ་བྲང་སྲུང་བའི་ལྷས་ཀྱང་རྒྱལ་པོའི་བཀའ་བཞིན་དུ་མ་བཀག་སྟེ་ནང་དུ་བཏང་ངོ་། །ནང་དུ་འོངས་པ་དང་དྲང་སྲོང་གི་སྟན་ལ་འདུག་ནས། རྒྱལ་པོས་ཀྱང་རྟག་ཏུ་ཁ་ཟས་ཅི་ཟ་བ་ཙམ་དུ་སྦྱར་ཏེ་ཕུལ་ལོ། །དེའི་ཚེ་ན་དྲང་སྲོང་སྤྲུལ་པ་དེས་ཁ་ཟས་ཟར་མ་བཏུབ་ནས། རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཁ་ཟས་འདི་ནི་ངན་ཆེས་ཀྱི་ཤ་དང་ཉ་ནི་ཟའོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་སྔན་ཅད་ནི་ཁ་ཟས་ཐ་མལ་པ་ཟ་བས་ན་ཤ་དང་ཉ་མ་སྦྱར་བ་ཡིན་ནོ། །དྲང་སྲོང་སྤྲུལ་པས་སྨྲས་པ། ད་ཕྱིན་ཅད་ནི་ཁ་ཟས་ངན་པ་འདི་དག་མི་འདོད་ཀྱིས་ཤ་དང་ཉ་སྦྱོར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ནས་རྒྱལ་པོས་ཀྱང་དྲང་སྲོང་སྤྲུལ་པས་སྨྲས་པ་བཞིན་དུ་ཤ་དང་ཉ་སྦྱར་ནས། ཕྱི་དེ་ཉིན་དྲང་སྲོང་རྙིང་པ་འོང་བ་ལ་ཕུལ་ལོ། །དྲང་སྲོང་དེ་ཞེ་སྡང་


DKG074_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཏེ་རྒྱལ་པོ་ལ་ཁྲོས་པ་དང་། རྒྱལ་པོས་ཀྱང་དྲང་སྲོང་ལ་འདི་སྐད་ཅེས་སྨྲས་སོ། །དྲང་སྲོང་ཆེན་པོ་ཁར་རྩང་འོང་བ་ན་ཁ་ཟས་འདི་ལྟ་བུ་སྦྱོར་ཅིག་ཅེས་མ་བསྒོའམ་དྲང་སྲོང་གིས་སྨྲས་པ། ཁར་རྩང་ན་བས་ཉི་མ་གཅིག་ཟན་བཅད་དེ་མ་འོངས་པ་ཡིན་ན། དེ་སྐད་ཅེས་སུས་བསྒོ། ཁྱོད་ཀྱིས་ང་ལ་བརྙས་པས་འདི་ལྟ་བུར་བྱས་པ་ཡིན་གྱིས། རྒྱལ་པོ་ཁྱོད་ལོ་བཅུ་གཉིས་ཀྱི་བར་དུ་མི་ཤ་འབའ་ཞིག་ཟ་བར་གྱུར་ཅིག་ཅེས་སྨྲས་ནས་སོང་ངོ་། །དེ་ནས་ཉིན་གཅིག་རྒྱལ་པོའི་གཡོས་མཁན་གྱིས་ཤ་མ་འབྱོར་ནས་འཕྲལ་དུ་ཤ་གཞན་མ་རྙེད་དེ། བྱིས་པའི་རོ་ཞིག་དང་ཕྲད་ནས། ཤ་འདི་ཡང་རུང་ངོ་སྙམ་བསམས་ནས་མགོ་དང་རྐང་ལག་བཅད་དེ་གཡོས་སུ་བྱས་ཏེ། སྤོས་སྣ་ཚོགས་ཀྱིས་བཏབ་ནས་རྒྱལ་པོ་ལ་བྱིན་ནོ། །རྒྱལ་པོས་ཀྱང་ཤ་དེ་ཟོས་ནས་སྔོན་གྱི་ཤ་བས་ལྷག་པར་ཞིམ་མོ། །གཡོས་མཁན་ལ་སྔན་ཅད་ཀྱི་ཤ་འདི་ལྟ་བུ་རོ་མེད་དོ། །ཤ་འདི་ནི་ལྷག་པར་ཞིམ་ན་ཅིའི་ཤ་ཞེས་དྲིས་པ་དང་། གཡོས་མཁན་སྐྲག་ནས་ལྟོ་བ་ས་ལ་ཕབ་སྟེ། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་རྒྱལ་པོས་གྱོད་མི་རྨོ་ན་དྲང་པོར་གསོལ་ལོ་ཞེས་སྨྲས་པ་དང་། རྒྱལ་པོས་ཀྱང་ཁྱོད་ཀྱིས་དྲང་པོར་182162ས་དང་། གྱོད་མི་རྨོའོ་ཞེས་བསྒོའོ། །གཡོས་མཁན་གྱིས་སྨྲས་པ། བདག་ཅག་འཕྲལ་བརྟད་པས་ཤ་གཞན་ནི་མ་རྙེད་དེ། བྱིས་པ་ཆུང་ངུ་འགུམ་པའི་རོ་ཞིག་རྙེད་དེ་དེ་གཡོས་སུ་བགྱིས་ཏེ་གསོལ་བ་ལས་རྒྱལ་པོས་མཁྱེན་པར་གྱུར་ཏོ། །རྒྱལ་པོས་བསྒོ་བ་ཤ་འདི་ལྷག་པར་ཞིམ་གྱི་ད་ཕྱིན་ཅད་ཤ་འདི་ལྟ་བུ་རྟག་ཏུ་སྦྱོར་ཅིག།ཅེས་བསྒོ་བ་དང་། གཡོས་མཁན་གྱིས་འདི་སྐད་ཅེས་གསོལ་ཏོ། །སྔར་ནི་བྱིས་པ་གུམ་པའི་རོ་ཞིག་རྙེད་དེ་གཡོས་སུ་བགྱིས་པ་ལགས་ཀྱིས། འདི་ལས་ནི་མི་རྙེད་དོ་ཞེས་གསོལ་ཏོ། །རྒྱལ་པོས་ཀྱང་བསྒོ་བ་ད་ཕྱིན་ཅད་ཁྱོད་ཀྱིས་གསང་ཐུབ་ཅིང་གཞན་གྱིས་མ་ཚོར་བར་ལོང་ཤིག་དང་། ང་ལ་དབང་ཡོད་ཞེས་བསྒོའོ། །གཡོས་མཁན་གྱིས་ཀྱང་རྒྱལ་པོས་བསྒོ་བ་བཞིན་དུ་མཚན་མོ་གསང་སྟེ་བརྐུས་ནས་བསད་དེ། སང་


DKG074_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིན་བཞིན་དུ་གཡོས་སུ་བྱས་སོ། །དེའི་ཚེ་ན་གྲོང་ཁྱེར་དེའི་མི་དག་ཕལ་ཆེར་ཆོ་ངེས་འདེབས་ཤིང་། བུ་སྟོར་རོ་ཞེས་གཅིག་ནས་གཅིག་ཏུ་བསྒྲགས་ཏེ། ཅིའི་ཕྱིར་འདི་ལྟར་གྱུར་ཅེས་བློན་པོ་རྣམས་འདུས་ཏེ་བགྲོས་ནས། མཚན་མོ་ལམ་སྲང་མདོར་མེལ་ཚེ་བྱས་ཏེ། བལྟས་ན་རྒྱལ་པོའི་གཡོས་མཁན་གྱིས་བུ་ཆུང་ངུ་རྣམས་བརྐུས་ཏེ་ཁྱེར་བ་ཟིན་ནས། བཅིངས་ཏེ་རྒྱལ་པོའི་སྤྱན་སྔར་ཁྲིད་ནས་སྔ་ཕྱིར་བུ་འདི་སྙེད་ཅིག་སྟོར་རོ་ཞེས་གསོལ་པ་དང་། རྒྱལ་པོས་ཅང་མི་སྨྲ་བར་གྱུར་ཏོ། །དེ་བཞིན་དུ་ལན་གསུམ་གྱི་བར་དུ་གསོལ་ཀྱང་ཅང་མི་སྨྲ་བ་ལས། ད་བདག་ཅག་གིས་ཉེས་པ་བྱེད་བྱེད་པ་ཟིན་ཏེ། ཉེས་པར་མངོན་ན་ཞལ་ཅེ་བཅད་པའི་རིགས་ཀྱི། མི་སྨྲ་བའི་མི་རིགས་སོ་ཞེས་གསོལ་པ་དང་། རྒྱལ་པོས་ངས་བསྒོ་བ་ཡིན་ཞེས་སྨྲས་སོ། །དེ་ནས་བློན་པོ་རྣམས་མི་དགའ་སྟེ། ཁོན་དུ་བཟུང་ནས་སོ་སོར་སོང་ངོ་། །ཕྱི་རོལ་ཏུ་ཕྱིན་པ་དང་། གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོས་ནི་བདག་ཅག་ལ་སོགས་པའི་བུ་ཀུན་ཟོས་པའི་དགྲ་ཡིན་ཏེ། མི་ཤ་ཟ་བའི་རྒྱལ་པོ་དང་ལྷན་ཅིག་ཏུ་སྲིད་གཅིག་ཏུ་བྱར་མི་རུང་གིས་གནོད་པར་གྱུར་པའི་དགྲ་འདི་ལྟ་བུ་ནི་མེད་པར་བྱ་བའི་རིགས་སོ་ཞེས་ཐམས་ཅད་གྲོས་འཐུན་པར་རྒྱལ་པོ་བསད་པར་གྲོས་བྱས་སོ། །གྲོང་ཁྱེར་དེའི་ཕྱི་རོལ་ཏུ་སྐྱེད་མོས་ཚལ་ཞིག་ཡོད་དེ། དེར་རྫིང་བུ་ཞིག་ཡོད་པའི་ནང་ན་རྒྱལ་པོ་ཉིན་གཅིག་བཞིན་དུ་ཁྲུས་བྱེད་དུ་འགྲོ་བ་ལ། བློན་པོ་རྣམས་ཀྱིས་སྐྱེད་མོས་ཚལ་གྱི་ནང་དུ་དཔུང་གི་ཚོགས་སྦས་ནས། རྒྱལ་པོ་རྫིང་བུར་ཁྲུས་བྱེད་པ་ན་དཔུང་གི་ཚོགས་མང་པོས་བསྐོར་ཏེ་བཟུང་ནས། གསད་པར་བྱས་པ་ལས། རྒྱལ་པོ་དེ་སྐྲག་ནས་དཔུང་གི་ཚོགས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཅིའི་ཕྱིར་ཁྱོད་ཀྱིས་ང་བསྐོར་ཏེ་འཛིན་དུ་འོང་ཞེས་བྱས་པ་དང་། བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཞེས་བྱ་བ་ནི་འབངས་མང་པོ་གསོ་བ་ཡིན་ན། རྒྱལ་པོས་འབངས་ཀྱི་བུ་ཀུན་ཟོས་པས་འབངས་ཐམས་ཅད་གནས་མེད་པར་གྱུར་ཏེ། སྡུག་བསྔལ་


DKG074_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཟོད་པས་ད་རྒྱལ་པོ་ཁྱོད་གསད་དོ། །རྒྱལ་པོས་སྨྲས་པ། འདི་ལྟར་བྱས་པ་ང་ནི་ཉེས་མོད་ཀྱི་ད་ཕྱིན་ཅད་འདི་ལྟར་མི་བྱ་བས། འདིའི་ཚེ་བཏང་དུ་རུང་ངམ་མི་རུང་ཞེས་བསྒོ་བ་དང་། བློན་པོ་རྣམས་ཀྱིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གནམ་ལ་ཁ་བ་ནག་པོ་བབ་པའམ། ཁྱོད་ཀྱི་མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་བཏང་བ་མེད་ཀྱིས་ད་མ་སྨྲ་ཤིག།རྒྱལ་པོ་རྐང་བཀྲས་ཀྱང་བློན་པོས་སྨྲས་པའི་ཚིག་ཐོས་ནས། ད་ནི་གདོན་མི་ཟ་བར་སྲོག་དང་འབྲལ་ལོ་སྙམ་སྟེ་ཡང་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ད་ནི་ཁྱོད་ཀྱིས་བསད་པར་ཆད་ན། སྐད་ཅིག་ཁོ་ན་ཞིག་ཁོ་བོ་བདེ་བར་སེམས་སུ་ཆུག་ལ། གདོད་སོད་ཅིག་ཅེས་བསྒོའོ། །དེ་ནས་བློན་པོས་ཡང་ཅུང་ཟད་དེ་བསྡད་དེ་སེམས་སུ་བཅུག་པ་དང་། རྒྱལ་པོ་དེས་ཡིད་ལ་འདི་སྙམ་དུ་ཡི་དམ་བཅས་སོ། །བདག་གི་སྔན་ཅད་དགེ་བ་ཅི་བྱས་པ་དང་། རྒྱལ་པོའི་སྲིད་ཆོས་བཞིན་བྱས་པ་དང་། དྲང་སྲོང་ལ་སྦྱིན་པ་བྱས་པའི་བསོད་ནམས་ཅི་ཡོད་པ་ཐམས་ཅད་ཀྱི་མཐུས། བདག་ནམ་མཁའ་ལ་འཕུར་བའི་སྲིན་པོར་གྱུར་ཅིག་ཅེས་བསྔོས་ཏེ། དེ་སྐད་ཅེས་སྨྲས་ནས། བསྔོས་མ་ཐག་ཏུ་སྲིན་པོར་གྱུར་ཏེ། སྟེང་གི་ནམ་མཁའ་ལ་འཕགས་ནས་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་མཐུས་བསྡོས་ཏེ་ང་ལ་གསད་པར་བྱས་ཀྱང་ངའི་བསོད་ནམས་ཀྱིས་རང་སོས་པར་གྱུར་ཏེ། ད་ཕྱིན་ཅད་ནི་ཁྱོད་བཟོད་པར་བྱོས་ཤིག།ཁྱོད་ཀྱི་ཆུང་མ་དང་བུ་སྡུག་ཅིང་ཕོངས་པ་ཐམས་ཅད་བཟའ་བར་བྱའོ་ཞེས་སྨྲས་ནས། འཕུར་ཏེ་རི་ལ་བབས་ནས་ཕྱིན་ཅད་མིའི་ནང་དུ་མི་ཟ་བར་གྱུར་ཏོ། །མི་མང་པོ་ཡང་འཇིགས་སྐྲག་ནས་རྟག་ཏུ་བྲོས་ཤིང་གབ་པར་གྱུར་ཏོ། །དེ་ནས་སྲིན་པོ་མི་ལ་ཟ་ཞིང་སྲིན་པོ་མང་དུ་བསྡོངས་ནས་འཁོར་དང་གཡོག་ཀྱང་མང་བར་གྱུར་ཏེ། སྲིན་པོའི་འཁོར་རྣམས་ཀྱིས་སྲིན་པོ་རྐང་བཀྲ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་ནི་ཁྱོད་ཀྱི་འཁོར་དང་གཡོག་ཏུ་གྱུར་ན། བདག་ཅག་ལ་སྟོན་མོ་ཆེན་མོ་བྱིན་ཅིག་ཅེས་གསོལ་པ་དང་། སྲིན་པོ་རྐང་བཀྲས་


DKG074_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་དེ་བཞིན་དུ་གནང་ནས། རྒྱལ་པོ་ལྔ་བརྒྱ་བསད་དེ་སྟོན་མོ་བྱ་བར་བགྲོས་ནས་སོང་སོང་ནས་རྒྱལ་པོ་བླངས་ཏེ་བྲག་ཕུག་ཏུ་བཅུག་གོ །བཞི་བརྒྱ་དགུ་བཅུ་རྩ་དགུ་ནི་རྙེད་དེ། རྒྱལ་པོ་གཅིག་མ་ཚང་བ་ལ་རྒྱལ་པོ་དེ་དག་བྲག་ཕུག་ན་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ནི་ད་ཕངས་ཏེ་སྐྱབས་སུ་གྱུར་པ་ཡང་མེད་དེ། གལ་ཏེ་སུ་ཏ་སོ་མ་སྟོབས་དང་ལྡན་པ་དེ་འདིར་འོངས་ན་བདག་ཅག་ཐར་ཀྱང་སྲིད་ཀྱིས་སུ་ཏ་སོ་མ་འདིར་འོངས་པར་སྲིན་པོ་ལ་གསོལ་བར་བྱའོ་ཞེས་བགྲོས་ནས། སྲིན་པོའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཁྱོད་ཀྱི་སྟོན་མོ་བྱེད་ན། བདག་ཅག་མིའི་རྒྱལ་པོ་འབའ་ཞིག་བསད་དེ་སྟོན་མོ་བྱས་པས་སྟོན་མོ་བཟང་པོར་མི་འགྱུར་གྱིས། སུ་ཏ་སོ་མ་ཞེས་བྱ་བ་ཡོན་ཏན་ཆེན་པོ་དང་ལྡན་ཏེ། དེ་རྙེད་ན་གདོད་སྟོན་མོ་ཆེན་པོར་འགྱུར་རོ་ཞེས་གསོལ་པ་དང་། སྲིན་པོའི་རྒྱལ་པོས་འདི་ནི་ཅི་དགའ་ཞེས་སྨྲས་པ་དང་། ནམ་མཁའ་ལ་འཕུར་ཏེ་སུ་ཏ་སོ་མ་ལེན་དུ་སོང་ངོ་། །དེའི་ཚེ་ན་སུ་ཏ་སོ་མ་བུ་མོ་གཞོན་ནུ་དང་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཁྲུས་བྱེད་དུ་འགྲོ་བ་ལས། ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ། སྦྱིན་པར་བྱས་ནས་བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཁྲུས་ཞིག་བྱེད་དུ་འགྲོ། ད་ཕྱིར་ལོག་ནས་སྦྱིན་པར་བྱའོ་ཞེས་སྨྲས་ནས། ཁྲུས་བྱེད་དུ་སོང་བ་ལས་ཁྲུས་བྱེད་པ་ན་སྲིན་པོའི་རྒྱལ་པོ་འོངས་ཏེ་བྲག་ཕུག་ཏུ་ཁྱེར་རོ། །དེའི་ཚེ་སུ་ཏ་སོ་མ་མི་དགའ་སྟེ། ངུས་པ་དང་རྐང་བཀྲས་འདི་སྐད་ཅེས་སྨྲས་སོ། །ཁྱོད་ནི་གཞན་པས་ལྷག་པར་ཡོན་ཏན་དང་ལྡན་པའི་མཆོག་གོ་ཞེ་ན། སྐྱེས་བུ་ཆེན་པོ་ནི་ཅིས་ཀྱང་མི་སྐྲག་པ་ཡིན་ན། ཅིའི་ཕྱིར་མི་དགའ་སྟེ། བྱིས་པ་ཆུང་ངུ་ལྟར་ངུ་ཞེས་སྨྲས་སོ། །སུ་ཏ་སོ་མས་སྲིན་པོ་ལ་སྨྲས་པ། བདག་ནི་ལུས་ལ་ཆགས་ཤིང་། སྲིན་པོའི་འཇིགས་པས་མི་དགའ་བ་མ་ཡིན་གྱིས། བདག་ཐོག་མ་ནས་བརྫུན་དུ་སྨྲ་བ་མ་མྱོང་ན། ད་ཅི་ཁྲུས་ལ་འགྲོ་བའི་ལམ་དུ་བྲམ་ཟེ་སློང་བ་ཞིག་དང་ཕྲད་དེ། བདག་གིས་ཀྱང་ཁྲུས་བྱས་ནས་ཕྱིར་ལོག་སྟེ་སྦྱིན་པ་སྦྱིན་ནོ་ཞེས་སྨྲས་ནས། ཁྲུས་བྱེད་དུ་སོང་བ་ལས་རྒྱལ་པོ་ཁྱོད་ཀྱིས་


DKG074_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འདིར་ཁྱེར་ཏེ་འོངས་པས། བདག་གིས་བརྫུན་དུ་སྨྲས་སོ་སྙམ་སྟེ་མི་དགའོ། །ལུས་དང་སྲོག་ལ་ཆགས་པ་ནི་མ་ཡིན་ཏེ། རྒྱལ་པོ་ཁྱོད་བདག་ལ་ཐུགས་བརྩེ་བའི་ཕྱིར་ཞག་བདུན་ཞིག་བཤོལ་ཏེ། བྲམ་ཟེ་དེ་ལ་སྦྱིན་པ་བྱས་ནས་ཕྱིར་ཡང་འགུམ་དུ་མཆིའོ་ཞེས་གསོལ་ཏོ། །སྲིན་པོས་སྨྲས་པ། ཁྱོད་ད་བཏང་ན་ཕྱིར་འོང་དུ་བཏུབ་བམ། སྨྲས་པ་གལ་ཏེ་མ་འོང་ན་ཡང་ཁྱོད་ལ་བླངས་པའི་མཐུ་ཡོད་དོ་ཞེས་སྨྲས་ནས། ཕྱིར་བཏང་ངོ་། །སུ་ཏ་སོ་མ་ཕྱིར་ཁྱིམ་དུ་ཕྱིན་ཙམ་ན། བྲམ་ཟེ་དེ་ཡང་ད་དུང་འདུག་སྟེ་རབ་ཏུ་དགའ་ནས། བྲམ་ཟེ་ལ་སྦྱིན་པ་སྦྱིན་ནོ། །བྲམ་ཟེ་དེས་ཀྱང་སུ་ཏ་སོ་མ་རིང་པོར་མི་ཐོགས་པར་སྲོག་དང་བྲལ་བར་འགྲོ་བས་ཕྱིར་ཡུལ་ལ་ཆགས་ན་མི་དགའ་བར་ཤེས་ནས། དེ་ལ་ཚིགས་སུ་བཅད་དེ་སྨྲས་པ། བསྐལ་པའི་མཐའ་ལ་ཐུག་པ་ན། །གནམ་དང་ཀླུང་ཡང་རབ་འབར་ཏེ། །རི་རབ་ལྷུན་པོ་རྒྱ་མཚོ་ཡང་། །ཐམས་ཅད་ཐལ་བ་རྡུལ་དུ་འགྱུར། །ལྷ་དང་ཀླུ་དང་ལྷ་མ་ཡིན། །ཐམས་ཅད་འཇིག་ཅིང་ཉམ་ཉེས་ཏེ། །གནམ་དང་ས་ཡང་མེད་འགྱུར་ན། །རྒྱལ་སྲིད་ལྟ་ཞིག་ག་ལ་རྟག །སྐྱེ་རྒ་ན་དང་འཆི་བ་ཡི། །འཁོར་བའི་མཐའ་ནི་ཟད་མི་ཤེས། །རེ་ཞིག་འདོད་པ་མ་གྲུབ་ན། །མྱ་ངན་གྱིས་ནི་གནོད་པར་འགྱུར། །འདོད་པ་སྐྱོན་དུ་རབ་ཆེ་སྟེ། །ཉེས་པ་གཞན་ནས་འོང་བ་མིན། །ཁམས་གསུམ་སྡུག་བསྔལ་བཅས་པ་ན། །ཡུལ་སྲིད་ཡིད་བརྟན་རུང་རེ་སྐན། །ཡོད་པ་ཡེ་ནས་མེད་པ་སྟེ། །རྒྱུ་དང་རྐྱེན་གྱིས་འགྲུབ་པར་འགྱུར། །དར་བ་ཡོད་ན་རྒུད་པ་ཡོད། །བདེན་པ་ངེས་པར་བརྫུན་འགྱུར་རོ། །སོ་སོའི་སྐྱེ་བོ་མཐའ་ཐོག་དག།སྒྱུ་མ་ལ་ནི་ཀུན་གནས་ཏེ། །ཁམས་གསུམ་ཅི་ལྟར་སྟོང་བཞིན་དུ། །ཡུལ་གྱི་སྲིད་ཀྱང་དེ་བཞིན་ནོ། །རྣམ་པར་ཤེས་པ་གཟུགས་མེད་དོ། །གདུག་པའི་སྦྲུལ་བཞི་ལ་གནས་ཏེ། །མ་རིག་པ་ལས་སྐྱེས་པ་ལ། །བདེ་བའི་གནས་སུ་ཀུན་འཛིན་ཏོ། །གཟུགས་ལ་རྟག་པའི་བདག་མེད་དེ། །སེམས་ལ་རྟག་པའི་ཁྱིམ་ཡོད་མིན། །ལུས་


DKG074_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

དང་སེམས་ཀྱང་བྲལ་གྱུར་ན། །ཡུལ་སྲིད་ལྟ་ཞིག་ཡོད་རེ་སྐན། །དེའི་ཚེ་སུ་ཏ་སོ་མས་ཚིགས་སུ་བཅད་དེ་སྨྲས་པ་ཐོས་ནས། དོན་ཡིད་ལ་བསམས་པ་བཞིན་དུ་དགའ་སྟེ། རྒྱལ་ཚབ་རྒྱལ་པོར་བཅུག་ནས། བློན་པོ་རྣམས་ལ་ཕྱི་ཕྱག་བྱས་ཏེ། འཐམས་པ་བཞིན་དུ་ཕྱིར་འགྲོ་བར་བྱས་པ་ལས། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་རྐང་བཀྲས་མ་བསྙེངས་ཤིག་བདག་ཅག་གིས་བསམས་ན། རྒྱལ་པོ་སྐུ་བསྲུང་བའི་སླད་དུ་ལྕགས་ཀྱི་ཁང་པ་བྱས་པའི་ནང་དུ་རྒྱལ་པོ་བཞུགས་ན། རྐང་བཀྲ་དཔའ་མོད་ཀྱི་ཅི་བགྱིར་ཡང་མ་མཆིས་སོ། །རྒྱལ་པོས་བློན་པོ་རྣམས་དང་མི་མང་པོ་རྣམས་ལ་བསྒོ་བ། མི་ཅི་སྐྱེས་པ་ལ་བརྫུན་མི་ཟེར་བའི་ཁྲེལ་ལྟས་དགོས་ཏེ། བརྫུན་དུ་སྨྲ་ན་གསོན་ཀྱང་དགའ་བ་མ་ཡིན་པས། ཐོག་མ་འཐམས་པ་བཞིན་དུ་ཚེ་འཕོས་ཀྱང་བླའི། བརྫུན་སྨྲས་ཏེ་གསོན་པར་མི་འདོད་དོ་ཞེས་ཁྲེལ་ལྟས་བྱས་པའི་ལེགས་པ་རྣམ་པ་སྣ་ཚོགས་དང་། བརྫུན་དུ་སྨྲ་བའི་སྐྱོན་མང་པོ་སྨྲས་པ་དང་། བློན་པོ་རྣམས་ཀྱང་མྱ་ངན་གྱིས་བརྣངས་ཏེ། ཚིག་མེད་པར་གྱུར་ཏོ། །ཐམས་ཅད་ཀྱིས་རྒྱལ་པོ་བསྐྱལ་ནས། ཐམས་ཅད་ཀྱིས་ཆོ་ངེས་བཏབ་སྟེ། བརྒྱལ་ཞིང་འཁམས་པར་གྱུར་ཏོ། །སུ་ཏ་སོ་མ་ལམ་དུ་ཞུགས་ཏེ་སོང་བའི་ཚེ། སྲིན་པོ་རྐང་བཀྲས་ཀྱང་སུ་ཏ་སོ་མ་འདིར་འོངས་པའི་དུས་ཡིན་ནོ་སྙམ་བསམས་ནས། རིའི་རྩེ་མོར་བྱུང་སྟེ་བལྟས་པ་དང་། སུ་ཏ་སོ་མ་ལམ་དུ་རྒྱང་མ་ནས་སྲོག་འདོར་དུ་འོང་བ་མཐོང་ངོ་། །དེ་ནས་ཉེ་བར་འོངས་ཏེ་བལྟས་ན་སྔོན་པས་ཀྱང་ལྷག་པར་དགའ་བའི་མདངས་ཡོད་པས་སྲིན་པོས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །སྲོག་འདོར་བ་ལྟ་བདག་ལ་དགའ་བ་ཅི་ཞིག་ཡོད་ན། ཁྱོད་འཚོ་བ་གཏོང་བ་ལས་སྲོག་ཀྱང་མི་ཕངས་སམ། ཁྱོད་ཡུལ་དུ་ཕྱིན་ནས་ཕན་པའི་དོན་ཅི་ཞིག་རྙེད་ན་འདི་ལྟར་དགའ་ཞེས་དྲིས་སོ། །སུ་ཏ་སོ་མས་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཐུགས་དཔག་མཛད་དེ། བདག་གི་འཚོ་བ་ཡུན་རིང་དུ་བཤོལ་ནས་བདག་གིས་སྔར་དམ་བཅས་པ་ལས་མ་འགལ་ཏེ། སྦྱིན་པ་


DKG074_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡང་བྱིན། དམ་པའི་ཆོས་ཀྱང་ཐོས་ནས་ཡིད་ལ་གཅགས་ཏེ། བསམ་པ་གྲུབ་པས་འདིར་སྲོག་བཏང་ཡང་གསོན་པ་བས་དགའོ་ཞེས་སྨྲས་སོ། །རྒྱལ་པོ་རྐང་བཀྲས་སྨྲས་པ། ཁྱོད་ཀྱིས་ཆོས་ཅི་ཞིག་ཐོས་པ་ཁོ་བོ་ལ་ཡང་182162ས་ཤིག་ཅེས་བསྒོ་བ་དང་། སུ་ཏ་སོ་མས་ཚིགས་སུ་བཅད་པ་ཇི་སྐད་ཐོས་པ་ཡང་སྨྲས། དེ་མ་ཡིན་པ་ཡང་གཞན་ཡང་གསོད་པའི་ལས་ཁ་ན་མ་ཐོ་བའི་སྡིག་པ་དང་། མི་དགེ་བའི་ལས་རྣམ་པར་སྨིན་པ་ཡང་ཐབས་མཁས་པས་རྒྱ་ཆེར་སྨྲས་སོ། །སྲོག་མི་གཅོད་པའི་ཡོན་ཏན་དང་། བསོད་ནམས་རྒྱ་ཆེན་པོ་དང་། བྱམས་པའི་སེམས་ཀྱང་རྒྱས་པར་བསྟན་པ་དང་། སྲིན་པོ་རྐང་བཀྲ་རབ་ཏུ་དགའ་རངས་ཏེ། སྤྱི་བོས་ཕྱག་འཚལ་ནས། བསྟན་པ་བཞིན་དུ་ཕྱིན་ཅད་སྲོག་གཅོད་པ་སྤངས་ནས། རྒྱལ་བུ་བྲག་ཕུག་ཏུ་བཅུག་པ་རྣམས་ཀྱང་སོ་སོའི་ཡུལ་དུ་བསྐྱལ་ལོ། །དེ་ནས་སུ་ཏ་སོ་མས་དཔུང་གི་ཚོགས་བཤམས་ནས་རྒྱལ་པོ་རྐང་བཀྲ་བསུས་ནས་ཕྱིར་ཡང་རྒྱལ་པོར་བཅུག་གོ །དེ་དྲང་སྲོང་གིས་དམོད་པ་བོར་བའི་ལོ་བཅུ་གཉིས་ཀྱང་ཚང་བས། དེ་ཕྱིན་ཅད་མི་ཤ་ཡང་མི་ཟ་སྟེ། སྔོན་བཞིན་དུ་རྒྱལ་པོ་བྱས་སོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། སུ་ཏ་སོ་མ་ནི་ད་ལྟར་ང་ཡིན་ནོ། །རྒྱལ་པོ་རྐང་བཀྲ་དེ་ནི་ད་ལྟར་སོར་འཕྲེང་ཅན་ཡིན་ནོ། །དེའི་ཚེ་རྐང་བཀྲས་ལོ་བཅུ་གཉིས་ཀྱི་བར་དུ་མི་ཟོས་པ་རྣམས་ནི། སོར་འཕྲེང་ཅན་གྱིས་བསད་པའི་མི་རྣམས་ཡིན་ནོ། །མི་འདི་དག་ཀྱང་གང་དང་གང་དུ་སྐྱེ་བར་རྟག་ཏུ་སོར་འཕྲེང་ཅན་གྱིས་བསད་པར་གྱུར་ལ། ངས་ཀྱང་སྐྱེ་བ་ཐམས་ཅད་དུ་དགེ་བ་ལ་བཀོད་པར་གྱུར་ཏོ། །ངས་མངོན་དུ་དྲན་པ་སྔོན་མ་རབས་བྱེད་པའི་ཚེ་ངས་གསོད་པ་ལས་བཟློག་ནུས་ན། ད་མངོན་པར་སངས་རྒྱས་ཏེ། ཡོན་ཏན་ཕུན་སུམ་ཚོགས་ལ། སྡིག་པ་ཡོངས་སུ་ཟད་ན། འདི་དག་འདུལ་བར་གྱུར་པ་ལྟ་ཅི་སྨོས། །རྒྱལ་པོས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །མི་འདི་དག་སྔོན་ཅི་ཞིག་བགྱིས་ན་སྐྱེ་བ་ཐམས་ཅད་དུ་སོར་འཕྲེང་ཅན་གྱིས་རྟག་ཏུ་བསད་པར་གྱུར། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །


DKG074_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་ལེགས་པར་ཉོན་ཅིག་དང་བསྟན་པར་བྱའོ། །སྔོན་འདས་པའི་བསྐལ་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདི་ཡུལ་་་ཌ་ར་རྒྱལ་པོ་བ་ལ་དར་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་དེ་ལ་སྲས་གཉིས་ཡོད་དེ། བྱད་གཟུགས་ལེགས་པ། བལྟ་ན་སྡུག་པ། རྩལ་དང་ལྡན་པའོ། །དེའི་སྲས་ཆུང་ཤོས་འདི་སྙམ་དུ་སེམས་སོ། །གལ་ཏེ་བདག་གི་ཕ་ཚེ་འཕོས་ནས་ཕུ་བོ་རྒྱལ་པོར་འགྱུར་རོ། །བདག་གཞོན་པས་རྒྱལ་པོ་ཡང་མི་ཐོབ་ན། མིར་སྐྱེས་ལ་རྒྱལ་པོ་ཡང་མ་ཐོབ་ན། ཐ་མལ་པར་འདུག་པ་ཡང་ཅི་རུང་། དབེན་པར་སོང་ནས་དྲང་སྲོང་གི་ལམ་བཙལ་བར་བྱ་སྙམ་ནས་རྒྱལ་པོའི་དྲུང་དུ་སོང་སྟེ། ཡབ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་དབེན་པར་དྲང་སྲོང་གི་ལམ་བཙལ་བར་དགའོ། །བདག་ལ་སྡུག་པར་འཛིན་ན་བསམ་པ་འདི་ལས་མ་བཟློག་ཅིག་ཅེས་ཡང་དང་ཡང་དུ་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ནས་དེ་དབེན་པར་སོང་ངོ་། །དེ་ནས་ལོ་མང་ཞིག་ལོན་པ་དང་། རྒྱལ་པོ་ཡབ་ཚེ་འཕོས་ནས་ཕུ་བོ་རྒྱལ་སར་གཤེགས་སོ། །ཕུ་བོ་ཡང་རྒྱལ་སར་ཞུགས་ནས། རིང་པོར་མ་ལོན་པར་ནད་ཀྱིས་བཏབ་ནས་ཚེ་འཕོས་ཏེ། རིགས་འཚོབ་པའི་མི་མེད་དོ། །བློན་པོ་རྣམས་འདུས་ནས་ཇི་ལྟར་བྱ་བ་བགྲོས་པ་དང་། དེ་ལ་བློན་པོ་གཅིག་གིས་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོའི་སྲས་ཆུང་ངུ་ཞིག་རྒྱལ་པོ་ལ་གསོལ་ཏེ། ད་ལྟར་རི་ལ་དྲང་སྲོང་བྱེད་ཅིང་འདུག་གོ །དེ་སྤྱན་དྲངས་ནས་རྒྱལ་པོར་གཞུག་གོ་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་དེ་འདྲ་བ་ཞིག་ངེས་པར་ཡོད་ན་ད་ལྟར་སྤྱན་དྲངས་ལ། རྒྱལ་པོར་གཞུག་གོ་ཞེས་བགྲོས་ནས། རི་ལ་རྒྱལ་བུ་ཚོལ་དུ་སོང་ངོ་། །དེ་དག་རྒྱལ་བུ་དང་ཕྲད་ནས་བདག་ཅག་ལ་རྒྱལ་པོ་མེད་དེ་ཁྱོད་ཀྱིས་རྒྱལ་པོ་བྱ་དགོས་ཀྱིས་འདོང་ངོ་། །ཞེས་སྨྲས་པ་དང་། དྲང་སྲོང་གིས་ཚིག་འདི་ནི་འཇིགས་སུ་རུང་སྟེ། ཁོ་བོ་དབེན་པ་འདི་ན་རབ་ཏུ་བདེ་སྟེ་མྱ་ངན་ཅི་ཡང་མེད་དོ། །འཇིག་རྟེན་པ་ནི་རང་བཞིན་གྱིས་མ་དུལ་བ་ཡིན་པས། རྒྱལ་པོ་ཡང་གསོད་དེ། བདག་གིས་མི་ནུས་སོ། །བློན་པོ་རྣམས་


DKG074_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྨྲས་པ། རྒྱལ་པོའི་གདུང་ཆད་དེ་གདུང་འཚོབ་པ་མེད་ཀྱིས། དྲང་སྲོང་ཁྱོད་འབའ་ཞིག་རྒྱལ་པོའི་གདུང་ལ་གཏོགས་པ་ཡིན་ཏེ། ཡུལ་མི་ཐམས་ཅད་མགོན་མེད་པར་གྱུར་པས། འགྲོ་བ་མང་པོ་ལ་བརྩེ་བའི་ཕྱིར་རྒྱལ་པོར་གཤེགས་སུ་གསོལ་ལོ་ཞེས་སྨྲས་པ་དང་། དྲང་སྲོང་གིས་ཀྱང་མ་བཟོད་ནས་བློན་པོ་རྣམས་ཀྱིས་གསོལ་པ་བཞིན་དུ་ཕྱིར་ཡང་ཡུལ་དུ་འོངས་ཏེ་རྒྱལ་པོ་བྱས་སོ། །དྲང་སྲོང་དེ་ཆུང་ངུ་ནས་འདོད་ཆགས་ལ་མ་འབགས་པ་ལས། སྲིད་འཚོ་ཞིང་བགས་ཀྱིས་བུད་མེད་དང་འབགས་པས་ཕྱིར་འདོད་ཆགས་ཆེ་བར་གྱུར་ཏོ། །ཉིན་མཚན་དུ་འདོད་ཆགས་ལ་བག་མེད་པས། འདི་སྐད་བཀར་བཏགས་སོ། །ངའི་ཡུལ་མི་ལས་བུ་མོ་ཡོད་པ་རྣམས་བག་མར་བཏང་ན། སྔར་ང་དང་ཕྲད་པའི་འོག་ཏུ་བག་མར་ཐོང་ཤིག་ཅེས་བཀར་བཏགས་སོ། །ཡུལ་དུ་བུད་མེད་སྡུག་གུ་ཡིད་དུ་འོང་བ་ཐམས་ཅད་ལ་ཡང་མི་རིགས་པར་སྤྱོད་དོ། །དེའི་ཚེ་བུད་མེད་གཅིག་ཅིག་མི་མང་པོ་ཚོགས་པའི་མདུན་དུ་སྒྲེན་མོར་བྱུང་སྟེ། གཅིན་གཅི་བ་དང་། ཐམས་ཅད་ཀྱིས་བགད་དེ་ངོ་ཚ་མི་ཤེས་པ་འདི་ཅི་བྱེད་ཅེས་སྤྱོས་པ་དང་། བུད་མེད་དེས་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཀྱིས་བུད་མེད་ཀྱི་མདུན་དུ་གཅིན་གཅིར་བ་ལ་ངོ་ཚ་ཅི་ཞིག་ཡོད་དེ། ཁྱེད་ཅག་གཅིག་གི་མདུན་དུ་གཅིག་གིས་གཅིན་གཅིར་ཀྱང་ངོ་མི་ཚ་ན་ཁོ་མོ་བུད་མེད་དུ་འདྲ་བའི་ནང་དུ་གཅིན་གཅིར་བ་ལ་ངོ་ཚ་ཅི་ཞིག་ཡོད། མི་མང་པོས་སྨྲས་པ། ཁྱོད་ཀྱིས་འདི་སྐད་སྨྲས་པ་འདི་ནི་ཅིའི་ཐ་ཚིག་ཅེས་སྨྲས་པ་དང་། བུད་མེད་དེས་འདི་སྐད་ཅེས་སྨྲས་སོ། །ཡུལ་འདི་ན་རྒྱལ་པོ་གཅིག་པོ་སྐྱེས་པ་ཡིན་གྱིས། གཞན་མི་ཐམས་ཅད་བུད་མེད་ཡིན་དུ་ངེས་སོ། །ཁྱེད་ཀུན་སྐྱེས་པ་ཡིན་ན། དེ་འདྲ་བ་མི་རིགས་པ་རྒྱལ་པོས་བྱེད་པ་མི་རིགས་སོ། །དེ་ནས་མི་མང་པོ་ངོ་ཚ་ཞིང་སྐྱེངས་པར་གྱུར་ཏེ། བུད་མེད་འདིས་སྨྲ་བ་བདེན་ཏེ། རིགས་པ་མ་ཡིན་པས། རྒྱལ་པོ་འདི་མེད་པར་བྱའོ་ཞེས་བགྲོས་ནས། ཐམས་ཅད་གྲོས་འཐུན་ནས་རྒྱལ་པོ་སྐྱེད་མོས་ཚལ་དུ་ཁྲུས་ལ་འགྲོ་བའི་ཚེ་གསད་པར་བྱའོ། །དེ་ནས་སྐྱེད་མོས་ཚལ་དུ་དཔུང་གི་


DKG074_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྦས་ནས། རྒྱལ་པོ་རྫིང་བུར་འོངས་པའི་ཚེ་ཐམས་ཅད་ལོག་ནས་བཟུང་སྟེ། བསད་པར་བྱས་སོ། །རྒྱལ་པོ་སྐྲག་ནས་མི་ཁྱེད་ཅག་ཅི་བྱེད་ཅེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆོས་བཞིན་དུ་མ་བྱས་ནས་འདོད་ཆགས་ཀྱིས་མྱོས་ནས་ཡུལ་མི་ཐམས་ཅད་ཀྱང་རིགས་སུན་ཅིང་སྨ་ཕབ་སྟེ། བདག་ཅག་མ་བཟོད་ཆེས་ནས་ཁྱེད་མེད་པར་བྱས་ཏེ། རྒྱལ་པོ་མཛངས་པ་གདོད་བཙལ་ལོ་སྙམ་མོ། །རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་སྐྲག་པར་གྱུར་ཏེ། བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །སྔོན་ཅད་ནི་བདག་གིས་ཉེས་པ་བདེན་གྱིས། ཕྱིན་ཅད་དེ་ལྟར་མི་བྱ་ན་གཏང་དུ་རུང་ངམ་ཞེས་སྨྲས་པ་དང་། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གནམ་ལ་ཁ་བ་ནག་པོ་བབ་པའམ། མགོ་ལ་སྦྲུལ་ནག་པོ་སྐྱེས་ཀྱང་མི་གནང་གི་མ་སྨྲ་ཤིག་ཅེས་བསྒོའོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་ད་ནི་གདོན་མི་ཟ་བར་གསོད་དོ་སྙམ་སྟེ། ཁྲོས་ནས་བློན་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ང་སྔོན་རི་ལ་འདུག་སྟེ། འཇིག་རྟེན་ལ་མི་དགའ་བ་ལས་ནན་གྱིས་རྒྱལ་པོར་བཅུག་སྟེ། ད་ནི་ང་གསོད་དོ། །གར་སྐྱེས་ཀྱང་ཁྱོད་ང་དང་ཕྲད་དེ་ཁྱོད་ཀྱང་ངས་གསོད་པར་ཤོག་ཅེས་དམ་བཅས་སོ། །དེ་ལྟར་དམ་བཅས་མོད་ཀྱི་འོན་ཀྱང་མ་གནང་སྟེ་བསད་དོ། །རྒྱལ་པོ་ཆེན་པོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་དྲང་སྲོང་དེ་ནི་ད་ལྟར་སོར་འཕྲེང་ཅན་ཡིན་ནོ། །དེའི་ཚེ་མི་མང་པོ་གྲོས་འཐུན་པར་རྒྱལ་པོ་གསོད་པ་ནི་སོར་འཕྲེང་ཅན་གྱིས་གསད་པའི་མི་འདི་དག་ཡིན་ཏེ། རྟག་ཏུ་སོར་འཕྲེང་ཅན་གྱིས་གསོད་པར་གྱུར་ཏོ། །རྒྱལ་པོས་པུས་མོ་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་སོར་འཕྲེང་ཅན་འདིས་མི་འདི་སྙེད་ཅིག་བསད་ན་དེ་ལྟར་འབྲས་བུ་ཐོབ་པའི་འོག་ཏུ་རྣམ་པར་སྨིན་པ་མྱོང་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་སྡིག་པ་བྱས་ན་རྣམ་པར་སྨིན་པ་ངེས་པར་མྱོང་སྟེ། དགེ་སློང་འདི་ཡང་ད་ལྟར་གནས་ཁང་ན་སེམས་ཅན་དམྱལ་བའི་མེ་བ་སྤུའི་ཁུང་བུ་


DKG074_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་འབར་ཏེ་སྡུག་བསྔལ་མི་བཟད་པ་མྱོང་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་སྡིག་པའི་ལས་བྱས་ན་ངེས་པར་སྡིག་པ་རྣམ་པར་སྨིན་པ་རྟོགས་པར་བྱ་བའི་ཕྱིར། དགེ་སློང་གཅིག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང་ཁྱོད་སོང་ལ་ལྟེ་མིག་ཁྱེར་ཏེ། དགེ་སློང་སོར་འཕྲེང་ཅན་གྱི་སྒོའི་བུ་གུར་ཆུག་ཅིག་ཅེས་བཀའ་སྩལ་ནས། དགེ་སློང་གིས་བཀའ་བཞིན་དུ་ལྟེ་མིག་ཐོགས་ཏེ། སྒོའི་བུ་གུར་བཅུག་སྟེ་དེ་མ་ཐག་ཏུ་ཞུའོ། །དགེ་སློང་དེ་དངངས་སྐྲག་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་དེ་བཞིན་དུ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྡིག་པ་བྱས་པའི་རྣམ་པར་སྨིན་པ་ནི་འདི་ཡིན་ནོ་ཞེས་བཀའ་སྩལ་ནས། རྒྱལ་པོ་དང་འཁོར་རྣམས་ཡིད་ཆེས་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། དགེ་སློང་སོར་འཕྲེང་ཅན་སྔོན་ལེགས་པ་ཅི་བགྱིས་ན་མཐུ་སྟོབས་གྱད་ཆེན་པོའི་སྟོབས་དང་མཉམ་ཞིང་རྩལ་ཆེ་ལ་བྱ་ལྟར་མགྱོགས་པར་གྱུར། ལེགས་པ་ཅི་བགྱིས་ན་བཅོམ་ལྡན་འདས་དང་ཕྲད་དེ་འཁོར་བ་ལས་གྲོལ་བར་གྱུར་པ། འཁོར་མང་པོ་ལ་ཐུགས་བརྩེ་བའི་སླད་དུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ཅིག།སྔོན་འདས་པའི་དུས་ན། སངས་རྒྱས་འོད་སྲུང་གི་ཚེ་དགེ་སློང་གཅིག་གང་ཟག་གི་ལས་བྱས་པ་ལས། འབྲུའི་ཁལ་ཅིག་བཀལ་ཏེ་སོང་སོང་བ་ལས་ལམ་དུ་ཆར་པས་ནོན་ཏེ། བྲོས་པའི་གནས་མེད་པས་འབྲུ་དང་སྣོད་དུ་བཅས་པ་ཐམས་ཅད་གཤེར་བར་གྱུར་ཏོ། །དེའི་ཚེ་ན་དགེ་སློང་དག་མགྱོགས་པར་འགྲོ་འདོད་པ་ལས་ཆུ་འཐུངས་པས་འགྲོ་བུལ་བས་མགྱོགས་པར་མ་གྱུར་པས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་མ་འོངས་པའི་དུས་སུ་མཐུ་མི་སྟོང་དང་མཉམ་ཞིང་ལུས་ཡང་མགྱོགས་ཁྱད་བྱ་འཕུར་བ་དང་འདྲ་བར་ཤོག་ཤིག།མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་གཤེགས་པ་དང་ཕྲད་ནས་འཁོར་བ་ལས་གྲོལ་བར་གྱུར་


DKG074_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཅེས་སྨོན་ལམ་བཏབ་བོ། །ཀུན་དགའ་བོ་དེ་ལ་གཞན་དུ་མ་སེམས་ཤིག་དེའི་ཚེ་ན་གང་ཟག་གི་ལས་བྱས་པའི་དགེ་སློང་དེ་ནི་ད་ལྟར་གྱི་དགེ་སློང་སོར་འཕྲེང་ཅན་ཡིན་ནོ། །དེའི་ཚེ་ན་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་བསྲུངས་ཏེ། དགེ་འདུན་གྱི་ལས་བྱས་པས། སྨོན་ལམ་བཞིན་དུ་གང་ནས་གང་དུ་སྐྱེས་ཀྱང་བྱད་གཟུགས་བཟང་བ་དང་། མཐུ་སྟོབས་དང་རྩལ་ཆེ་བར་གྱུར་ཏོ། །ང་དང་ཕྲད་པར་སྨོན་པས་འཁོར་བ་ལས་གྲོལ་བར་གྱུར་ཏོ། །དེའི་ཚེ་ཀུན་དགའ་བོ་དང་དགེ་སློང་རྣམས་དང་། རྒྱལ་པོའི་འཁོར་མང་པོ་རྣམས། བཅོམ་ལྡན་འདས་ཀྱིས་རྣམ་པར་སྨིན་པའི་འབྲས་བུ་གསུངས་པ་ཐོས་ནས། ཐམས་ཅད་ཀྱིས་བརྩོན་འགྲུས་བསྐྱེད་དེ། བདེན་པ་བཞི་ཡིད་ལ་བྱས་པས་ལ་ལ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་དགྲ་བཅོམ་པར་གྱུར་ཏོ། །ལ་ལ་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད་དོ། །ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །ཐམས་ཅད་ལུས་དང་ངག་དང་ཡིད་དགེ་བ་ལ་འདུན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །མི་གདུང་བ་སོར་འཕྲེང་ཅན་གྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།

སུམ་ཅུ་བདུན་པ། བུ་མོ་བསྙེན་དགའ་མོའི་ལེའུ།


DKG074_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅུ་གཅིག་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བུད་མེད་བསྙེན་དགའ་མོ་ཞེས་བྱ་བ་དབུལ་ཕོངས་པ་འཚོ་བ་སློང་མོ་ལ་ལྟོས་པ་ཞིག་ཡོད་དེ། །བུད་མེད་དེས་རྒྱལ་པོ་དང་། བློན་པོ་དང་། མི་མང་པོས་སོ་སོ་ནས་སངས་རྒྱས་དང་། དགེ་འདུན་ལ་མཆོད་པར་བྱེད་པ་མཐོང་ནས་འདི་སྙམ་དུ་བསམས་སོ། །བདག་གིས་སྔོན་སྡིག་པ་ཅི་ཞིག་བྱས་ན། འདི་ལྟར་དབུལ་ཞིང་རིགས་ངན་པར་སྐྱེས་ཏེ། ད་བསོད་ནམས་ཀྱི་ཞིང་དང་ཕྲད་ཀྱང་ས་བོན་མི་བདོག་སྙམ་ནས། ཤིན་ཏུ་ཡི་ཆད་དེ་འགྱོད་པ་སྐྱེས་ནས། ཉི་མ་གཅིག་གི་བར་དུ་ཐོག་ཐག་བསླང་ན་དོང་ཙེ་གཅིག་ལས་མ་རྙེད་དེ། །དོང་ཙེ་གཅིག་པུ་དེ་


DKG074_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས་ནས་མར་ཚོང་བའི་ཁྱིམ་དུ་སོང་ནས་མར་ཞིག་ཉོ་བར་བྱས་སོ། །མར་ཚོང་བའི་ཁྱིམ་བདག་གིས་སྨྲས་པ། དོང་ཙེ་གཅིག་གིས་མར་ཉོ་བ་འདི་ཧ་ཅང་ཉུང་ཆེས་ཏེ། ཁྱོད་ཅི་ཞིག་བྱ་ཞེས་བྱས་པ་དང་། བསྙེན་དགའ་མོས་ཀྱང་དྲང་པོར་གཏམ་བྱས་ནས། མར་ཚོང་བའི་བདག་པོ་སྙིང་བརྩེ་སྟེ། མར་ལྷག་པར་བྱིན་ནོ། །བསྙེན་དགའ་མོས་མར་དེ་ཐོབ་ནས། རབ་ཏུ་དགའ་སྟེ་གཙུག་ལག་ཁང་དུ་སོང་ནས་བཅོམ་ལྡན་འདས་ལ་འབུལ་ལོ། །ཞེས་སངས་རྒྱས་ཀྱི་སྤྱན་སྔར་མར་མེ་བཙུགས་ཏེ། སྨོན་ལམ་འདི་སྐད་ཅེས་བཏབ་བོ། །བདག་ད་ལྟར་དབུལ་ཕོངས་ཏེ། མར་མེ་ཆུང་ངུ་འདིས་སངས་རྒྱས་ལ་མཆོད་དོ། །བསོད་ནམས་འདིས་མ་འོངས་པའི་དུས་སུ་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཤིག་ཅེས་སྨོན་ལམ་བཏབ་ནས་ཕྱིར་གནས་སུ་སོང་ངོ་། །དེའི་ཚེ་མཚན་མོ་མར་མེ་གཞན་ནི་ཟད་ཀྱི། བསྙེན་དགའ་མོའི་མར་མེ་གཅིག་པུ་ནི་ནམ་ནངས་ཀྱི་བར་དུ་འབར་རོ། །དེའི་ཚེ་ད་གལ་ཡ་ནས་དུས་འཛིན་པའི་རེས་ལ་བབ་པས། ནམ་ནངས་ནས་མར་གྱི་སྣོད་རྣམས་སྡུད་དུ་སོང་བ་ལ། མེ་མར་གཅིག་པུ་ཞིག་ལྷག་པར་གསལ་ཏེ། མར་དང་སྙིང་པོ་ཡང་མ་ཉམས་པར་གསར་དུ་བཙུགས་མ་ཐག་པ་འདྲ་བས་འདི་སྙམ་དུ་སེམས་སོ། །ཉིན་པར་མར་མེ་བཙུགས་ཀྱང་ཕན་པ་མེད་ཀྱི་གསད་དོ་སྙམ་ནས་གསད་པར་གཟས་ན་མ་སོད་དེ། དེ་ནས་ལག་དར་ཏེ་གསད་པར་གཟས་ན་མ་སོད་དེ་མ་ཉམས་སོ། །དེ་ནས་གོས་ཀྱིས་གསད་པར་གཟས་ན་ཡང་མ་སོད་པས། བཅོམ་ལྡན་འདས་ཀྱིས་གཟིགས་ནས། ད་གལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་མར་མེ་འདི་གསད་པར་སེམས་ཀྱང་། མར་མེ་འདི་ཁྱོད་ཀྱིས་མི་སོད་དོ། །ཁྱོད་ཉན་ཐོས་ཀྱིས་བསྒུལ་ཞིང་བསྐྱོད་ནུས་པ་ཡང་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱིས་རྒྱ་མཚོ་ཆེན་པོ་བཞིའི་ཆུ་འབབ་པའི་རྫིང་རླུང་ཡུག་པས་བུས་ཀྱང་སོད་པར་མི་འགྱུར་རོ། །དེ་བས་ན་མེ་མར་འདི་མི་ཀུན་གྱི་དོན་རྒྱ་ཆེན་པོ་བྱེད་པར་བསམ་པ་ཆེན་པོ་


DKG074_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པས་ཕུལ་བ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ནས། བསྙེན་དགའ་མོ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ཏེ་ཞབས་ལ་མགོ་བོས་ཕྱག་འཚལ་བ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གཉིས་འདས་ནས་མངོན་པར་སངས་རྒྱས་ཏེ། མཚན་ཡང་མར་མེ་འོད་ཅེས་བྱ་སྟེ། དབང་བཅུ་དང་ལྡན་པར་འགྱུར་རོ། །དེའི་ཚེ་ན་བསྙེན་དགའ་མོས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཐོས་ནས་རབ་ཏུ་དགའ་སྟེ། པུས་མོ་གཉིས་ས་ལ་བཙུགས་ནས་རབ་ཏུ་བྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་བྱུང་བར་གནང་ངོ་། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ད་གལ་གྱི་བུས་བུད་མེད་དབུལ་མོ་ལུང་བསྟན་པ་ཐོབ་སྟེ། རབ་ཏུ་བྱུང་བ་མཐོང་ནས་པུས་མོ་གཉིས་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བསྙེན་དགའ་མོ་འདིས་སྔོན་ལས་ཅི་ཞིག་བགྱིས་ན། དེ་སྲིད་ཀྱི་བར་དུ་དབུལ་ཕོངས་ཏེ། འཚོ་བ་ཡང་མི་རྙེད་པར་གྱུར། ཅི་ཞིག་བགྱིས་ན་བཅོམ་ལྡན་འདས་དང་ཕྲད་དེ། འཁོར་རྣམ་བཞི་མཆོད་པ་བྱས་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་ཏེ། དེའི་ཚེ་ཁྱིམ་བདག་གི་ཆུང་མ་ཞིག་གིས། སངས་རྒྱས་དང་དགེ་སློང་གི་དགེ་འདུན་དང་བཅས་པ་སྤྱན་དྲངས་པ་ལས། སྔར་བུད་མེད་དབུལ་མོ་ཞིག་གིས་སྤྱན་དྲངས་ཏེ་གཤེགས་པར་གནང་ངོ་། །བུད་མེད་དབུལ་མོ་དེ་ཡང་ལན་ཅིག་ཕྱིར་མི་ལྡོག་པ་ཞིག་སྟེ། དེའི་ཚེ་ན་ཁྱིམ་བདག་གི་ཆུང་མ་དེ་བཙན་ཞིང་ཕྱུག་པ་དང་། ཆོ་རིགས་བཙུན་པས་དབུལ་མོས་སྔར་སྤྱན་དྲངས་པ་ལ་བརྙས་སྨད་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདག་གིས་སྔར་སྤྱན་དྲངས་པར་མི་གཤེགས་པར་སྤྲང་མོས་སྤྱན་དྲངས་པར་གཤེགས་ཞེས་ཚིག་ངན་པ་སྨྲས་ཏེ། འཕགས་པ་ལ་བརྙས་སྨད་པས། སྐྱེ་བ་ལྔ་བརྒྱའི་བར་དུ་དབུལ་ཕོངས་པ། འཚོ་བ་སློང་མོ་ལ་ལྟོས་པའི་རིགས་སུ་སྐྱེས་སོ། །


DKG074_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དེ་ཉིན་སངས་རྒྱས་དང་དགེ་འདུན་ལ་དད་པས་མཆོད་དེ་དགའ་བས་ན། ད་སངས་རྒྱས་དང་ཕྲད་དེ། རབ་ཏུ་བྱུང་ནས་ལུང་བསྟན་པ་ཡིན་ནོ། །དེའི་ཚེ་འཁོར་མང་པོ་རྣམས་སངས་རྒྱས་ཀྱིས་གསུངས་པ་ལ་རབ་ཏུ་དགའ་བར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དང་། བློན་པོ་དང་། མི་མང་པོ་དག་གིས་བུད་མེད་དབུལ་མོས་སངས་རྒྱས་ལ་མར་མེ་ཕུལ་བས་སངས་རྒྱས་སུ་ལུང་བསྟན་ཏོ་ཞེས་ཐོས་ནས་ཐམས་ཅད་ཀྱིས་བཀུར་སྟི་བྱས་ཏེ། འཚོ་བའི་ཡོ་བྱད་མཆོག་དམ་པ་རྣམ་པ་བཞི་ཆོག་པར་སྦྱར་ཏེ་ཕུལ་ལོ། །དེའི་ཚེ་ཡུལ་དེའི་ཁྱེའུ་དང་། བུ་མོ་ཡ་རབས་དང་། མ་རབས་ཐམས་ཅད་ཀྱིས་མར་མེ་དྲི་བསུང་ཅན་སྦྱར་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་བཅོམ་ལྡན་འདས་ལ་ཕུལ་ལོ། །མར་མེ་ཕུལ་བའི་མི་མང་པོས་མེ་མར་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཀུན་ཡོངས་སུ་གང་སྟེ། ཕྱོགས་བཞི་ནས་སྐར་མ་ནམ་མཁའ་ལ་སྣང་བ་དང་འདྲ་བར་ཉིན་གཅིག་བཞིན་དུ་ཕུལ་ཏེ། དེ་ལྟ་བུར་རྒྱུན་མ་ཆད་པར་ཉིན་ཞག་བདུན་གྱི་བར་དུ་ཕུལ་ལོ། །དེའི་ཚེ་ཀུན་དགའ་བོ་ཤིན་ཏུ་དགའ་ནས་ངོ་མཚར་དུ་གྱུར་ཏེ། བཅོམ་ལྡན་འདས་ཀྱི་ཡོན་ཏན་ནི་འདི་སྙེད་ཅིག་མངའོ་ཞེས་བསྔགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྔོན་ཕྲིན་ལས་ཅི་ཞིག་བགྱིས་ན། འདི་ལྟ་བུའི་མར་མེ་ཚད་མེད་པ་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་པ་སི་ལི་ཞེས་བྱ་བ་ཞིག་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་དོ། །རྒྱལ་པོའི་བཙུན་མོ་ལ་སྲས་གཅིག་བྱུང་སྟེ། ལུས་ཀྱི་མདོག་གསེར་ལྟ་བུར་འདུག་ལ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན་ཏེ། སྤྱི་བོ་ལ་རིན་པོ་ཆེ་ཁ་དོག་གསལ་བ། བལྟ་ན་མིག་སྦྲིད་པ་ཞིག་ཡོད་དོ། །མཚན་མཁན་བོས་ནས་བཟང་ངན་བརྟགས་ཏེ། མིང་བཏགས་པ་ལས། མཚན་མཁན་གྱིས་བལྟས་ན། མཚན་ངོ་མཚར་དུ་བཟུང་བས། ལག་པ་བཏེགས་ནས་ཤིན་ཏུ་ལེགས་སོ། །ཞེས་སྨྲས་ཏེ། རྒྱལ་བུ་འདི་ནི་


DKG074_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ན་ལྷ་དང་མིའི་ནང་དུ་བསྒྲུན་དུ་མེད་དོ། །གལ་ཏེ་ཁྱིམ་ན་གནས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་རབ་ཏུ་བྱུང་ན་མངོན་པར་འཚང་རྒྱའོ་ཞེས་སྨྲས་ཏེ། མཚན་མཁན་གྱིས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་བུ་འདི་ཐོག་མ་བཙས་པ་ན་ངོ་མཚར་ཡ་མཚན་གྱི་ལྟས་ཅི་བྱུང་ཞེས་དྲིས་པ་ན། རྒྱལ་བུ་འདི་བཙས་པའི་སྤྱི་བོ་ནས་རིན་པོ་ཆེ་ཤིན་ཏུ་གསལ་བ་ཞིག་ཡོད་དོ། ། ཞེས་སྨྲས་ནས། རྒྱལ་བུའི་མིང་རིན་ཆེན་གཙུག་ཕུད་ཅེས་བཏགས་སོ། །ཕྱིས་ཆེར་སྐྱེས་ནས་རབ་ཏུ་བྱུང་སྟེ། བྱང་ཆུབ་ལ་ནན་ཏན་བྱས་ནས་མངོན་པར་སངས་རྒྱས་ཏེ། སེམས་ཅན་གྲངས་མེད་པའི་དོན་བྱས་སོ། །དེའི་ཚེ་རྒྱལ་པོ་ཡབ་ཀྱིས་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་དང་བཅས་པ་ཟླ་བ་གསུམ་དུ་སྤྱན་དྲངས་ནས་མཆོད་སྟོན་གསོལ་ཏོ། །དེའི་ནང་ན་དགེ་སློང་འཕགས་པའི་བཤེས་གཉེན་ཞེས་བྱ་བ་ཞིག་ཟླ་བ་གསུམ་དུ་མེ་མར་སྦྱོར་བའི་ཡོན་བདག་ཏུ་ཁས་བླངས་ནས། ཉིན་གཅིག་བཞིན་དུ་གྲོང་རྒྱུ་ཞིང་གྲོང་ཁྱེར་དུ་སོང་ནས་ཚོང་དཔོན་དང་། ཁྱིམ་བདག་དང་མི་མང་པོ་ལས་མར་དང་འབྲུ་མར་དང་། མེ་མར་དང་སྙིང་པོ་བསླངས་སོ། །དེའི་ཚེ་ན་རྒྱལ་པོ་དེ་ལ་བུ་མོ་ཐུབ་པ་ཞེས་བྱ་བ་ཞིག་ཡོད་དེ། ཡང་ཐོག་གི་སྟེང་ན་དགེ་སློང་དེ་ཉིན་གཅིག་བཞིན་དུ་གྲོང་རྒྱུ་ཞིང་ཉོན་མོངས་པ་མཐོང་ནས་དེ་ལ་སྙིང་བརྩེ་སྟེ། མི་ཞིག་མངགས་ནས། བཙུན་པ་ཁྱོད་ཅི་ཞིག་བསྒྲུབས་ན། རྟག་ཏུ་འདི་ལྟ་བུ་ཉོན་མོངས་ཞེས་དྲིས་ན་དགེ་སློང་དེས་འདི་སྐད་ཅེས་སྨྲས་སོ། །བདག་ནི་ཟླ་བ་གསུམ་གྱི་བར་དུ་སངས་རྒྱས་དང་། དགེ་འདུན་གྱི་མར་མེ་སྦྱོར་བའི་ཡོན་བདག་ཏུ་ཁས་བླངས་ཏེ། དེ་བས་ན་གྲོང་རྒྱུ་ཞིང་དགེ་བསྙེན་རྣམས་ལས་མར་དང་འབྲུ་མར་དང་། མེ་མར་གྱི་སྙིང་པོ་དང་མར་མེ་འཛུགས་པའི་ཡོ་བྱད་རྣམས་བླང་ངོ་ཞེས་བུ་མོ་ལ་སྤྲིང་བ་དང་། བུ་མོ་དེ་རབ་ཏུ་དགའ་ནས། དགེ་སློང་འཕགས་པའི་བཤེས་གཉེན་ལ་འདི་སྐད་ཅེས་བསྒོའོ། །ད་ཕྱིན་ཅད་དེ་ལྟ་བུར་རྟག་ཏུ་འགྲོ་མི་དགོས་ཀྱིས། མེ་མར་གྱི་ཡོ་བྱད་ཁོ་མོས་སྦྱར་གྱི། ལོང་ཤིག་ཅེས་བསྒོ་བ་དང་། དགེ་སློང་དེ་ཡང་དེ་ལྟར་བྱའོ་ཞེས་སྨྲས་ནས། དེ་ཕྱིན་ཅད་རྟག་ཏུ་མེ་མར་དང་


DKG074_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་མར་དང་། མར་མེའི་ཡོ་བྱད་ཀུན་སྦྱར་ཏེ། གཙུག་ལག་ཁང་དུ་བསྐྱལ་ཏོ། །དགེ་སློང་འཕགས་པའི་བཤེས་གཉེན་གྱིས་དེ་ལྟར་ཉིན་གཅིག་བཞིན་དུ་མར་མེ་ཕུལ་ཏེ། ཀུན་ལ་ཕན་པའི་དོན་རྒྱ་ཆེན་པོའི་སེམས་བསྐྱེད་པས། བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་འདས་ནས། མངོན་པར་འཚང་རྒྱ་སྟེ། མཚན་ཡང་མར་མེ་མཛད་ཅེས་བྱ་བར་ལུང་བསྟན་ནས་མཚན་སུམ་ཅུ་དང་ལྡན་པར་གྱུར་ཏེ། རྒྱལ་པོའི་བུ་མོ་ཐུབ་པས་དགེ་སློང་འཕགས་པའི་བཤེས་གཉེན་ལུང་བསྟན་ཏོ་ཞེས་ཐོས་ནས་འདི་སྙམ་དུ་བསམས་སོ། །སངས་རྒྱས་ལ་ཕུལ་བའི་མར་མེ་ནི་བདག་གིས་སྦྱར་ཏེ། དགེ་སློང་དེས་བསྐུལ་མ་ཙམ་བྱས་ཀྱང་ལུང་བསྟན་ན་བདག་ལ་ནི་ལུང་མ་བསྟན་ཏོ་སྙམ་བསམས་ནས། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ། དེ་བཞིན་དུ་དྲང་པོར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཏེ། བུ་མོ་ཐུབ་པ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་དགུ་བཅུ་རྩ་གཅིག་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་ཡང་ཤཱཀྱ་ཐུབ་པ་ཞེས་བྱ་བར་མཚན་བཅུ་དང་ལྡན་པར་ལུང་བསྟན་ཏོ། །དེ་ལྟར་རྒྱལ་པོའི་བུ་མོས་ཀྱང་སངས་རྒྱས་ལས་ལུང་བསྟན་པ་ཐོས་ནས། རབ་ཏུ་དགའ་བ་སྐྱེས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་རབ་ཏུ་བྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་བྱུང་བར་གནང་ནས། བར་ཆད་མེད་པར་བརྩོན་འགྲུས་རྩོམ་མོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་དགེ་སློང་འཕགས་པའི་བཤེས་གཉེན་ནི་སྔོན་འདས་པའི་སངས་རྒྱས་མར་མེ་མཛད་ཡིན་ནོ། །རྒྱལ་པོའི་བུ་མོ་ཐུབ་པ་ནི་ད་ལྟར་ང་ཡིན་ཏེ། སྔོན་མར་མེ་ཕུལ་བས་བསྐལ་པ་གྲངས་མེད་པའི་བར་དུ་ལྷ་དང་མིའི་འཇིག་རྟེན་ན་བསོད་ནམས་མྱོང་སྟེ། གཟུགས་ཀྱང་གཞན་པས་འཕགས་པར་བཟང་སྟེ། ད་མངོན་པར་སངས་རྒྱས་ནས་ཀྱང་མར་མེ་མང་པོ་དང་ལྡན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་རྣམས་ལ་ལ་ནི་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་བོ། །ལ་ལ་


DKG074_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རང་སངས་རྒྱས་སུ་དགེ་བའི་རྩ་བ་བསྐྱེད་དོ། །ལ་ལ་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ཏེ་མངོན་པར་དགའོ། །བུ་མོ་བསྙེན་དགའ་མོའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།

སུམ་ཅུ་བརྒྱད་པ། བ་ཤི་ཙིར་གྱི་ལེའུ།


DKG074_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ལ་བཞུགས་སོ། །དེའི་ཚེ་ན་ཡུལ་དེ་ན་ཁྱིམ་བདག་ཤི་རི་ཙི་ཞེས་བྱ་བ་ཤིན་ཏུ་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པ་རིན་པོ་ཆེ་སྣ་བདུན་གྱིས་བང་མཛོད་གང་བ་ཞིག་ཡོད་དེ། རིགས་མཉམ་པ་ལས་ཆུང་མ་བླངས་ནས། དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་བུ་ཁྱེའུ་སྡུག་པ་མཛེས་པར་འཇིག་རྟེན་ན་དཔེ་མེད་པ་ཞིག་བཙས་ཏེ། ཕ་མ་ཤིན་ཏུ་བྱམས་པས་མཚན་མཁན་བོས་ཏེ། མཚན་བལྟས་ན། མཚན་མཁན་གྱིས་ཀྱང་ཁྱེའུ་འདི་ནི་བསོད་ནམས་ཀྱི་མཚན་དང་ལྡན་ཏེ། རིགས་ཀྱང་འཚོབ་པར་འགྱུར་རོ་ཞེས་སྨྲས་པ་དང་། ཁྱེའུའི་ཕ་མ་ལྷག་པར་དགའ་ནས། མཚན་མཁན་དེ་ལ་བུའི་མིང་ཐོགས་ཤིག་ཅེས་སྨྲས་པ་དང་། མཚན་མཁན་གྱིས་སྨྲས་པ། བུ་འདི་ཡོད་པར་གྱུར་ནས། ལྟས་སམ་ཡ་མཚན་ཅི་བྱུང་ཞེས་དྲིས་ན། སྨྲས་པ་གཞན་ནི་མེད་ཀྱི་ཁྱེའུའི་མ་སྔོན་སྨྲ་མི་མཁས་པ་ལས་ཁྱེའུ་འདི་ཡོད་ཚུན་ཅད་སྨྲ་མཁས་པར་གྱུར་ཏོ། །ཞེས་བྱས་པ་དང་། བུའི་མིང་ཡང་བ་ཤི་ཙིར་ཞེས་བཏགས་སོ། །གསོས་བསྐྱེད་དེ་ཆེར་སྐྱེས་ནས་ཡིད་གཞུངས་ཏེ་རྩལ་དང་ལྡན་པར་གྱུར་ཏོ། །དུས་གཞན་ཞིག་ན་བྱིས་པ་གྲོགས་པོ་དག་དང་རྩེ་ཞིང་སོང་སོང་བ་ལས་རིགས་ངན་པ་ཞིག་གི་ཁྱིམ་ན་བུ་མོ་སྡུག་གུ་མ་ཚུལ་དུ་ཤིས་པ་ཞིག་ཡོད་པ་མཐོང་ནས། དེ་ལ་ཆགས་ཏེ་ཆུང་མར་བླང་བར་བསམས་ནས། ཕྱིར་ཁྱིམ་དུ་འོངས་ཏེ་ཕ་མ་ལ་བུ་མོ་དེ་བདག་གི་ཆུང་མར་ལོང་ཤིག་སྨྲས་སོ། །ཕ་མས་སྨྲས་པ། བདག་ནི་ཆོ་རིགས་བཙུན་པ་ཡིན་ཏེ། བུ་མོ་དེ་ནི་རིགས་ཆུང་ཞིང་ངན་པ་ཡིན་ན། ཇི་ལྟར་ཆུང་མར་བླངས་ཞེས་བྱས་པ་དང་། ཁྱེའུ་རབ་ཏུ་མི་དགའ་སྟེ། ཕ་མ་ལ་ཡང་འདི་སྐད་ཅེས་སྨྲས་སོ། །


DKG074_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་རིགས་ལ་མ་ལྟ་བར་བུ་མོ་དེ་ཉིད་ལ་དགའ་བས་ཆུང་མར་ལོང་ཤིག།གལ་ཏེ་ཆུང་མར་མ་བླངས་ན་བདག་ཀྱང་འགུམ་མོ་ཞེས་སྨྲས་པ་དང་། ཕ་མས་ཀྱང་བུའི་ངོ་མ་བཟློག་པས་བུ་མོ་སློང་དུ་བཏང་ངོ་། །བུ་མོའི་ཕ་མས་སྨྲས་པ། ཁྱོད་ནི་ཆོ་རིགས་བཙུན་པ་ཡིན་ཏེ། བདག་ནི་རིགས་ཆུང་ཞིང་ངན་པ་ཡིན་པས་གཉེན་ཟླ་ཡང་མ་ཡིན་ན། ཅིའི་ཕྱིར་བུ་མོ་སློང་ཞེས་བྱས་སོ། །འོན་ཀྱང་ཁྱེའུ་དེ་བུ་མོ་དེ་ལ་ཆགས་སོ། །ཡང་བསྐྱར་ཏེ་བུ་མོ་སློང་དུ་བཏང་བ་དང་། བུ་མོའི་ཕ་མས་འདི་སྐད་སྨྲས་སོ། །གལ་ཏེ་བདག་གི་དམག་པར་བྱ་བ་རྩལ་སྣ་ཚོགས་ཀྱང་ཡོད་ལ། གླུ་དང་གར་དང་རྩེད་མོའི་བག་ཅི་ཡང་ཤེས་ཤིང་རྒྱལ་པོ་ཅི་ལ་དགྱེས་པ་ཀུན་ཤེས་ན་གཉེན་བྱའོ། །ཞེས་སྨྲས་པ་དང་། ཁྱེའུ་དེ་རོལ་མོ་ལ་སོགས་པའི་ལས་བསླབ་པ་ལ་ངོ་ཚ་བ་དང་བསྡོས་ནས། རིང་པོར་མ་ལོན་པར་ཀུན་བྱང་བར་བསླབས་སོ། །དུས་གཞན་ཞིག་ན་རྒྱལ་པོས་རོལ་མོ་བྱས་ཏེ། རྩལ་ཆེ་བ་ཀུན་བསགས་ནས་ཤིང་འཛེགས་པ་དང་། མཆོངས་པ་དང་། ཐག་འཛེགས་ལ་སོགས་པའི་རྩེད་མོ་སྣ་ཚོགས་བྱེད་པ་ལས། ཁྱིམ་བདག་གི་བུ་ཡང་དེར་འོངས་ནས་ཐག་པ་ལ་འཛེགས་ཏེ། ཐག་པ་ལ་རྒྱུག་ཅིང་ཐག་འཛེགས་བྱས་པ་དང་། རྒྱལ་པོ་ཡེངས་ཏེ་མ་མཐོང་བས་གདོད་བྱོས་ཤིག་ཅེས་བསྒོའོ། །ཁྱེའུ་ངལ་བས་ཐག་འཛེགས་བྱས་པ་དང་། ཐག་པའི་དབུས་ཙམ་དུ་ཕྱིན་ནས་ཐག་པ་ལས་ལྷུང་སྟེ། ཤིན་ཏུ་སྐྲག་པས་སྐྱབས་མེད་དོ་ཞེས་སྨྲས་སོ། །དེའི་ཚེ་ད་གལ་གྱི་བུ་དེར་འོངས་ནས་ས་ལ་མ་ལྷུང་བར་བཟུང་སྟེ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ད་ལུས་དང་སྲོག་མ་ཡལ་བར་རབ་ཏུ་བྱུང་ངམ། འོན་ཏེ་ས་ལ་ལྷུང་སྟེ་བུ་མོ་ཆུང་མར་བླང་བར་བྱ། སྨྲས་པ་སྲོག་མ་ཡལ་ན་ཆུང་མ་མི་འདོད་དོ་ཞེས་སྨྲས་པ་དང་། ད་གལ་གྱིས་ནམ་མཁའ་ལ་ས་གཞི་མཉམ་པར་སྤྲུལ་ནས་བདེ་བར་བཞག་པ་དང་། ཁྱེའུ་དེ་འཇིགས་པ་མེད་པར་གྱུར་ཏེ། བདེ་བར་ས་ལ་བཞག་པས་ཁྱེའུ་རབ་ཏུ་དགའ་ནས། ད་གལ་གྱི་ཕྱི་བཞིན་བཅོམ་ལྡན་འདས་གང་ན་བ་དེར་སོང་ངོ་། །དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། སངས་རྒྱས་ལ་


DKG074_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱས་སོ། །དེ་ལ་བཅོམ་ལྡན་འདས་ཀྱིས་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། མཐོ་རིས་ཀྱི་ལྷར་སྐྱེས་པའི་གཏམ་དང་། འདོད་པ་མི་གཙང་བ་དང་། རབ་ཏུ་བྱུང་བ་ནི་བདེའོ་ཞེས་རྒྱས་པར་བསྟན་པས་ཡིད་རྣམ་པར་གྲོལ་ཏེ། འབྲས་བུ་དང་པོ་ཐོབ་ནས། བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བ་གསོལ་ཞིང་དམ་པའི་ཆོས་སློབ་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གནང་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། དགེ་སློང་དུ་གྱུར་ནས། དགེ་སློང་གི་ཆོས་ལ་ནན་ཏན་བྱས་པས་ཟག་པ་ཀུན་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་འདི་བུ་མོ་དེ་དང་། སྔོན་གྱི་ལས་ཅི་ལྟར་འཐུན་ན་ལུས་སྲོག་ལ་བབ་ཀྱི་བར་དུ་ཆགས་པར་གྱུར། ད་གལ་གྱི་བུ་ལ་དགེ་བའི་རྩ་བ་ཅི་བསྐྱེད་ན་སྲོག་བསྐྱབས། ཅིའི་རྐྱེན་གྱིས་མཐར་དགྲ་བཅོམ་པར་གྱུར་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་ཚད་མེད་པའི་ཕ་རོལ་ན། ཡུལ་་་ཌ་་འདིར་ཁྱིམ་བདག་ཞིག་ལ་བུ་སྡུག་ཅིང་བཟང་བ་དཔེ་མེད་པ་ཞིག་བཙས་སོ། །དེའི་ཚེ་ན་ཁྱིམ་བདག་དེའི་ཁྱིམ་དུ་རྒྱ་མཚོ་ནས་མི་ཞིག་འོངས་ནས། ཁྱིམ་བདག་དེ་ལ་བྱ་སྒོང་གཅིག་ཅིག་ཕུལ་ལོ། །ཁྱིམ་བདག་གིས་ལག་ཏུ་བླངས་པ་དང་། རིང་པོ་མ་ལོན་པར་སྒོ་ང་གས་ནས། བྱ་ཕྲུག་ཚར་མ་གཅིག་བྱུང་ངོ་། །ཁྱིམ་བདག་གིས་བྱ་ཕྲུག་དེ་བུ་ལ་བྱིན་ནས། ཆེར་སྐྱེས་པ་དང་གཅིག་ལ་གཅིག་ཆགས་ཏེ། ཁྱིམ་བདག་གི་བུ་ཕན་ཚུན་དུ་ལྟད་མོ་ལ་འགྲོ་ན་བྱ་དེའི་རྒྱབ་ན་འདུག་ནས་བྱས་ཁྱེར་ཞིང་ནམ་མཁའ་ལ་འཕུར་ཏེ་འགྲོའོ། །ནམ་སྐྱོན་ཡང་ཕྱིར་ཁྱིམ་དུ་འོངས་ཏེ། དེ་བཞིན་དུ་ཉིན་གཅིག་བཞིན་དུ་འཕྱན་ཏེ་འགྲོའོ། །དེ་ནས་རིང་ཞིག་ལོན་པ་དང་། དུས་གཞན་ཞིག་ན་རྒྱལ་པོ་གཞན་ཞིག་གི་ཡུལ་ན་རོལ་མོ་བྱེད་དོ་ཞེས་ཐོས་ནས། ཁྱེའུ་དེ་བྱ་དེ་ལ་ཞོན་ནས་ཡུལ་ཕ་རོལ་པོར་ལྟད་མོ་བལྟར་སོང་ནས། བྱ་ཤིང་ཁར་བཞག་སྟེ་ཁྱེའུ་ནི་ལྟད་མོ་བལྟར་ཞུགས་སོ། །ལྟད་མོ་བལྟ་བའི་ལམ་དུ་རྒྱལ་པོའི་བུ་མོ་དང་ཕྲད་ནས། རྒྱལ་པོའི་བུ་མོ་ལ་ཆགས་ཏེ།


DKG074_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་དང་ཉལ་ནས་ཕྱིར་གསང་ཤོར་ཏེ། རྒྱལ་པོས་ཟིན་ནས་གསོད་དུ་བཅུག་པ་ལས། ཁྱིམ་བདག་གི་བུས་འདི་སྐད་ཅེས་གསོལ་ཏོ། །བདག་ལ་མཚོན་གྱིས་འགུམ་ཡང་ཅི་འཚལ། བདག་ཉིད་ཤིང་ཁར་འཛེགས་ཏེ་ཤིང་ཁར་གཡང་དུ་འགུམ་པར་གསོལ་པ་དང་། རྒྱལ་པོས་ཀྱང་དེ་བཞིན་དུ་གནང་ནས། ཁྱེའུ་ཤིང་ཁར་འཛེགས་ཏེ། བྱ་ལ་ཞོན་ནས་འཕུར་ཏེ་སོང་བ་ལས་བྱ་དེས་སྲོག་ཐར་བར་བྱས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་ཁྱིམ་བདག་གི་བུ་དེ་ནི་བ་ཤི་ཙིར་ཡིན་ནོ། །རྒྱལ་པོའི་བུ་མོ་དེ་ནི་བུ་མོ་འདི་ཡིན་ནོ། །བྱ་དེ་ནི་ད་གལ་གྱི་བུ་ཡིན་ཏེ། འདས་པའི་དུས་ན་ཡང་འདོད་ཆགས་ཀྱི་རྐྱེན་གྱིས་ཚེ་ཟད་པ་ལས་ཐར་བར་བྱས་སོ། །ད་ཡང་འདོད་ཆགས་ཀྱི་དབང་གིས་ཚེ་འཕོས་པ་ལས་ད་གལ་གྱི་བུས་ཐར་བར་བྱས་སོ། །དགེ་སློང་འདི་ཡིད་གཞུངས་ཤིང་ཟག་པ་མེད་པའི་འབྲས་བུ་ཐོབ་པ་ནི། སྔོན་འདས་པའི་དུས་ན་་་ཌ་་འདིར་ཁྱིམ་བདག་ཅིག་ལ་རང་སངས་རྒྱས་ཞིག་གིས་བསོད་སྙོམས་སློངས་པ་ལས། ཁྱིམ་བདག་དེས་བསོད་སྙོམས་ཕུལ་ཏེ། ཆོས་སྟོན་པར་གསོལ་པ་དང་། དེའི་ཚེ་རང་སངས་རྒྱས་དེས་ཆོས་བསྟན་མི་ནུས་སོ་ཞེས་སྨྲས་ནས། །ལྷུང་བཟེད་ནམ་མཁའ་ལ་བསྐྱུར་ནས་འཕུར་ཏེ་སོང་ངོ་། །དེ་ནས་ཁྱིམ་བདག་དེས་འདི་སྙམ་དུ་བསམས་ཏེ། སྐྱེས་བུ་དེས་རྫུ་འཕྲུལ་གྱི་མཐུ་ནི་ཆེ་ན། དམ་པའི་ཆོས་བསྟན་མི་ནུས་པ་ལྟ་བདག་མ་འོངས་པའི་དུས་སུ་འཕགས་པ་དང་ཕྲད་དེ། སྐྱེས་བུ་འདི་བས་ལྷག་པར་དམ་པའི་ཆོས་བསྟན་པ་ལ་ཟད་མི་ཤེས་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །དེའི་རྐྱེན་གྱིས་ཡིད་གཞུངས་ཤིང་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ། འཁོར་མང་པོ་རྣམས་མངོན་པར་དགའ་ནས། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་ནི་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་བསྐྱེད། ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ངོ་། །བ་ཤི་ཙིར་གྱི་ལེའུ་སྟེ། སུམ་ཅུ་བརྒྱད་པའོ།། །།

སུམ་ཅུ་དགུ་པ། ཁྱིམ་བདག་དབྱུག་པ་ཅན་གྱི་ལེའུ།


DKG074_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཞེས་བྱ་བ་ཞིག་ཡོད་དེ། བྲམ་ཟེ་དེའི་ཆུང་མ་དེ་རབ་ཏུ་མི་སྡུག་ཅིང་མིག་གཉིས་ཀྱང་མི་མཐོང་སྟེ། མི་མཐོང་བ་དེ་ལ་བུ་ཕོ་ནི་མེད་ཀྱི། བུ་མོ་བདུན་ཡོད་དེ་རབ་ཏུ་དབུལ་ཕོངས་སོ། །བྲམ་ཟེའི་བུ་མོ་དེ་དག་ཀྱང་སོ་སོར་བག་མར་བཏང་སྟེ། ཕྱིས་དམག་པ་དག་འདུས་ནས། བྲམ་ཟེའི་ཆུང་མ་ཡང་ཁྲོ་ཤིང་གཏུམ་མོ་ཞིག་སྟེ་བུ་མོ་དང་། དམག་པ་དག་འོང་བ་ལ་ཁྲོས་ནས། བུ་མོ་དག་ཀྱང་ཕྱིར་མ་ལ་གཤེའོ། །དེའི་ཚེ་ཞིང་དག་ཀྱང་བརྔ་རན་ནས། ཁྱིམ་ཚེས་ལ་བ་ལང་ཞིག་བརྙས་ཏེ། ཞིང་ཐོག་ཏུ་སོང་སོང་བ་ལས། ལེགས་པར་མ་བསྲུངས་པས་སྟོར་ཏོ། །དེའི་ཚེ་ན་ཕྱིན་ཏེ་ལོ་ཤུ་ཤས་འདི་སྙམ་དུ་བསམས་སོ། །བདག་གིས་སྔོན་ཉེས་པ་ཅི་ཞིག་བྱས་ན། ཁྱིམ་དུ་འོང་ན་ནི་ཆུང་མས་རྟག་ཏུ་སྤྱོ་ཞིང་བུ་མོ་བདུན་དང་དམག་པ་རྣམས་ཀྱིས་འདུག་ཏུ་མི་སྟེར། ད་ཁྱིམ་ཚེས་ཀྱི་བ་ལང་བརྙས་ན་ནི་སྟོར་བར་གྱུར་ཏེ། བདག་གིས་བཙལ་ཀྱང་མ་རྙེད་ན། ཅི་ལྟར་བྱ་སྙམ་མྱ་ངན་གྱིས་ཡི་མུག་སྟེ། འདུག་འདུག་པ་ལས་རྒྱང་མ་ནས་དེ་བཞིན་གཤེགས་པ་ཤིང་དྲུང་ན་དབང་པོ་ཀུན་ཞི་ཞིང་བདེ་བར་བཞུགས་པ་མཐོང་ངོ་། །བྲམ་ཟེ་དེས་འཁར་བ་ལ་རྐོམ་ཚུགས་བཅས་ཏེ་རྒྱང་ཚད་ཀྱི་བར་དུ་བརྟགས་ནས་ཡང་འདི་སྙམ་དུ་བསམས་ཏེ། དགེ་སྦྱོང་་ཏ་མ་ནི་རབ་ཏུ་བདེ་བ་བསྐྱེད་དོ། །དེ་ལ་ནི་ཆུང་མས་སྤྱོ་བ་ཡང་མེད། བུ་མོ་ངན་པ་དང་དམག་པས་གཙེ་བ་ཡང་མེད། ཞིང་བརྔ་རན་ཏེ། གླང་བརྙས་ཀྱང་མི་དགོས་ཏེ། མྱ་ངན་མེད་དོ་སྙམ་བསམས་ནས། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་ཀྱིས་མཁྱེན་ནས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱིས་བསམས་པ་བཞིན་ཏེ། ང་ལ་ཡང་དག་པར་ཉེས་པའི་སྐྱོན་གང་ཡང་མེད། ཆུང་མ་ངན་པ་ཡང་མེད་ན། གཤེ་ཞིང་སྤྱོ་བ་ལྟ་ཅི་སྨོས། བུ་མོ་བདུན་གྱིས་འཚེ་བ་ཡང་མེད། དམག་པ་


DKG074_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མེད། ཞིང་བརྔ་རན་པ་ཡང་མེད། གླང་སྟོར་བའི་མྱ་ངན་བྱེད་པ་ཡང་མེད་དོ། །ཁྱོད་རབ་ཏུ་བྱུང་བར་དགའ་འམ་ཞེས་བཀའ་སྩལ་པ་དང་། བྲམ་ཟེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ད་ལྟར་ཁྱིམ་ལ་དུར་ཙམ་དུ་འཛིན་ཏེ། ཆུང་མ་དང་བུ་མོ་ལ་དགྲ་ཙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བར་གནང་ན་བདག་རབ་ཏུ་འབྱུང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་པ་དང་། སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་ནས། དེ་ཉིད་དུ་དྲི་མ་ཀུན་ཟད་དེ་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ་ལེགས་སོ། །བཅོམ་ལྡན་འདས་སེམས་ཅན་གྱི་དོན་མཛད་པ་བསམ་གྱིས་མི་ཁྱབ་བོ། །བྲམ་ཟེ་འདིས་སྔོན་ལེགས་པ་ཅི་ཞིག་བགྱིས་ན་ཉེས་པའི་སྐྱོན་ཀུན་བྲལ་ཏེ། རས་དཀར་པོ་གཙང་མ་ལ་ཚོན་ཞན་པ་སླ་བ་ལྟར་དགེ་བ་ལ་ཕན་པའི་དོན་བྱེད་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། བྲམ་ཟེ་འདི་ད་ལྟར་འབའ་ཞིག་ངས་ཕན་བཏགས་ཏེ། བདེ་བར་བྱས་པར་མ་ཟད་ཀྱི། སྔོན་འདས་པའི་དུས་ན་ཡང་། ཉེས་པ་ཀུན་ལས་ཐར་ཅིང་། བྱས་པ་བདེ་བར་བྱས་སོ། །ཀུན་དགའ་བོས་གསོལ་པ། འདས་པའི་དུས་ན་བྲམ་ཟེ་འདི་ལ་ཇི་ལྟར་བདེ་བར་མཛད་པ་རྒྱས་པར་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་བསྟན་པར་བྱའོ། །ཀུན་དགའ་བོས་གསོལ་པ། དེ་བཞིན་དུ་ཐོས་པར་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྔོན་འདས་པའི་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན། རྒྱལ་པོ་མཛེས་པ་ཞེས་བྱ་བ་ཞིག་བྱུང་སྟེ། ཆོས་བཞིན་དུ་སྲིད་འཚོའོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་དབྱུག་པ་ཅན་ཞིག་འདུག་སྟེ། རབ་ཏུ་དབུལ་ཕོངས་པ་བཟའ་བ་དང་བགོ་བ་མེད་པ་ཞིག་གོ །དེས་ཁྱིམ་བདག་ཞིག་ལས་གླང་ཞིག་བརྙས་ཏེ། ཉིན་པར་སྤྱད་ནས་གླང་དེ་ཁྲིད་དེ་


DKG074_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང་། དེ་ན་ཁྱིམ་བདག་ནི་ཟན་ཟ་སྟེ། དབྱུག་པ་ཅན་གྱིས་གླང་དེ་ཁྱིམ་གྱི་ནང་དུ་བཏང་བ་དང་། གླང་སྒོ་གཞན་དུ་སོང་ནས་སྟོར་རོ། །ཁྱིམ་བདག་དེ་ཟན་དེ་ཟོས་ནས་ལངས་པ་དང་། དེ་ན་གླང་མ་མཐོང་ནས། དེས་དབྱུག་པ་ཅན་ལ་གླང་ག་རེ་ཞེས་བྱས་པ་དང་། དེས་སྨྲས་པ། ཁྱོད་ཀྱི་ཁྱིམ་དུ་བཏང་ངོ་། །ཁྱོད་ཀྱིས་ངའི་གླང་བོར་གྱིས་སླར་བྱིན་ཅིག་ཅེས་སྨྲས་པ་དང་། དེས་སྨྲས་པ། ངས་མ་བོར་རོ། །དེ་ནས་དེ་གཉིས་འགྲོགས་ཏེ། རྒྱལ་པོའི་ཐད་དུ་འདོང་བ་དང་། དེའུ་ཅག་གི་རིགས་པ་དང་། མི་རིགས་པ་རྟོགས་སོ་ཞེས་སྨྲས་ནས་དེ་གཉིས་དོང་བ་དང་། མི་གཞན་ཞིག་གི་རྟ་རྒོད་མ་ཞིག་བྲོས་ནས། དེས་དབྱུག་པ་ཅན་ལ་སྨྲས་པ། རྒོད་མ་མ་བཏང་ཞེས་སྨྲས་པ་དང་། དེས་རྡོ་ཞིག་བླངས་ཏེ་འཕངས་པ་དང་རྟའི་རྐང་པ་ལ་ཕོག་ནས་རྐང་པ་བཅག་གོ །དེས་སྨྲས་པ། ཁྱོད་ཀྱིས་ངའི་རྟ་བསད་ཀྱིས་ངའི་རྟ་བྱིན་ཅིག།དེ་ཅིའི་ཕྱིར་རྟ་བྱིན། དེས་སྨྲས་པ་ཚུར་ཤོག།རྒྱལ་པོའི་དྲུང་དུ་འདོང་དང་། དེའུ་ཅག་གི་ཞལ་ཅེ་གཅོད་དུ་འོང་ངོ་། །ཞེས་སྨྲས་ནས། དེ་དག་དེར་སོང་བ་དང་། དབྱུག་པ་ཅན་དེ་བྲོས་པར་བརྩམས་ཏེ། དེས་རྩིག་པ་ཞིག་གི་སྟེང་དུ་མཆོངས་པ་དང་། དེའི་དྲུང་ན་ཐག་པ་ཞིག་ཐགས་འཐག་ཅིང་འདུག་པ་དེའི་སྟེང་དུ་ལྷུང་ནས་ཐ་ག་པ་དེ་ཚེ་འཕོས་པ་དང་ཐ་ག་པའི་ཆུང་མས་དབྱུག་པ་ཅན་དེ་བཟུང་ནས། ཁྱོད་ཀྱིས་ངའི་ཁྱོ་བསད་ཀྱིས་ངའི་ཁྱོ་བྱིན་ཅིག་ཅེས་སྨྲས་པ་དང་། ངས་ཁྱོད་ཀྱི་ཁྱོ་ཅི་ལྟར་བྱིན་ཞེས་སྨྲས་ནས། ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་ངོ་། །དེའུ་ཅག་གི་ཞལ་ཅེ་གཅོད་དོ་ཞེས་དེ་དག་དོང་བ་ལས་ལམ་གྱི་བར་དེ་ན་ཆུ་བོ་གཏིང་ཟབ་པ་ཞིག་ཡོད་དེ། ཆུ་དེའི་ནང་ནས་ཚུར་ཤིང་མཁན་ཞིག་སྟེའུ་ཁ་ནས་ཁྱེར་ཏེ་འོང་ངོ་། །དེ་ལ་དབྱུག་པ་ཅན་གྱིས་ཆུའི་གཏིང་ཅི་ཙམ་ཞེས་དྲིས་པ་དང་། ཆུའི་གཏིང་ཟབ་བོ་ཞེས་སྨྲས་པས་སྟེའུ་ཆུར་ལྷུང་སྟེ། སྟེའུ་མ་རྙེད་པ་དང་། དེས་དབྱུག་པ་ཅན་བཟུང་ནས། ཁྱོད་ཀྱིས་ངའི་སྟེའུ་ཆུར་བསྐྱུར་རོ། །དེས་སྨྲས་པ་ངས་མ་བསྐྱུར་རོ། །ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང་། དེའུ་ཅག་གི་ཞལ་ཅེ་གཅོད་དོ་ཞེས་


DKG074_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་ནས་འདོང་ངོ་། །དེ་ལུས་ངལ་ནས་ཆང་ཚོང་གི་ཁྱིམ་དུ་སོང་སྟེ། ཆང་བསླངས་ནས་ཆང་ཚོང་མ་དེ་ལ་བུ་ཕོ་ཞིག་བཙས་ཏེ། བུ་གོས་ཀྱིས་གཡོགས་ཏེ་བསྙལ་བ་ལས། དབྱུག་པ་ཅན་དེའི་སྟེང་དུ་འདུག་པ་དང་། ཁྱེའུ་དེ་སྲོག་དང་བྲལ་བར་གྱུར་ཏོ། །དེས་ཀྱང་དབྱུག་པ་ཅན་བཟུང་སྟེ། ཁྱོད་ཀྱིས་ངའི་བུ་བསད་ཀྱིས་བུ་བྱིན་ཅིག།དེས་སྨྲས་པ། ངས་མ་བསད་ན་ཁྱོད་ཀྱི་བུ་ངས་ཇི་ལྟར་བྱིན། དེས་ཚུར་ཤོག་རྒྱལ་པོའི་དྲུང་དུ་འདོང་དང་། དེའུ་ཅག་གི་ཞལ་ཅེ་གཅོད་དོ་ཞེས་སྨྲས་ནས། དེ་དག་དོང་བ་ལས་གནས་གཞན་ཞིག་ན་ཤིང་ཤ་ཀོ་ཏ་ཀ་ལ་བྱ་རོག་ཅིག་འདུག་པ་དེས་དབྱུག་པ་ཅན་མཐོང་ནས། གར་འགྲོ་ཞེས་སྨྲས་པ་དང་། ང་ནི་མི་འགྲོ་ན་འདི་དག་གིས་ང་ཁྲིད་དོ། །གང་དུ་ཁྲིད་རྒྱལ་པོའི་དྲུང་དུའོ། །འོ་ན་ཁོ་བོའི་འཕྲིན་ཞིག་ཀྱང་རྒྱལ་པོ་ལ་བྱོས་ཤིག།གནས་འདི་ཞེས་བགྱི་བ་ན་ཤིང་ཤ་ཀོ་ཏ་ཀ་དེ་ལ་བྱ་རོག་ཅིག་འདུག་པ། བདག་ཤིང་གཞན་གྱི་ཁ་ན་འདུག་པའི་ཚེ་སྐད་མི་སྙན་ལ། ཤིང་འདིའི་ཁར་འོངས་ན་ངོ་མཚར་དུ་སྐད་སྙན་ན། དེ་ཅིའི་ཕྱིར་དེ་སྐད་མཆིའོ་ཞེས་སྨྲོས་ཤིག།དེ་ནས་ཡང་གནས་གཞན་ཞིག་ཏུ་སྦྲུལ་ཞིག་གིས་མཐོང་ནས་སྔ་མ་བཞིན་དུ་བདག་གི་འཕྲིན་འདི་ཞུས་ཤིག །བདག་ནམ་ཁུང་ནས་ཕྱིར་འབྱུང་བའི་ཚེ་ནི་བདེ། སླར་འཇུག་པའི་ཚེ་ནི་སྡུག་བསྔལ་ན་ཅིའི་ཕྱིར་དེ་ལྟར་གྱུར་ཅེས་ཞུས་ཤིག།དེ་དག་དོང་བ་ལས། གནས་གཞན་ཞིག་ན་ན་ཆུང་མ་གཞོན་ནུ་ཞིག་གིས་མཐོང་ནས། སྔ་མ་བཞིན་དུ་ཁོ་མོའི་འཕྲིན་ཡང་ཞུས་ཤིག ། ནམ་ཁོ་མོ་ཕ་མའི་ཁྱིམ་ན་འདུག་པའི་ཚེ། གྱོས་པོའི་ཁྱིམ་འདོད་གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ཕ་མའི་ཁྱིམ་འདོད་ན། དེ་ཅིའི་ཕྱིར་ཞུས་ཤིག་ཅེས་སྨྲས་ནས། དེ་དག་དོང་བ་ལས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། དེ་དག་རྒྱལ་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་རྒྱལ་པོས་དེ་དག་ལ་ཁྱོད་ཅི་ལ་འོངས་ཞེས་དྲིས་པ་དང་། དེ་དག་གིས་དབྱུག་པ་ཅན་དང་། ཁྱིམ་བདག་རྩོད་པ་དེ་དག་ཐམས་ཅད་སྨྲས་སོ། །རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ཀྱིས་གླང་བརྙས་སམ། བརྙས་སོ། །


DKG074_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཕྱིར་བྱིན་ནམ། གླང་བདག་གིས་མཐོང་བར་བྱིན་ཏོ། །ཁས་ནི་མ་གཏད་དོ། །རྒྱལ་པོས་སྨྲས་པ། དབྱུག་པ་ཅན་དེས་གླང་ཕྱིར་བྱིན་ཏེ། མ་སྨྲས་པས་ན། ལྕེ་ཆོད་ཅིག་ཁྱིམ་བདག་ཀྱང་གླང་འོངས་པར་མཐོང་ལ་མ་བཏགས་པས་ནི། མིག་ཕྱུང་ཤིག་ཅེས་བརྗོད་དོ། །ཁྱིམ་བདག་གིས་སྨྲས་པ། དབྱུག་པ་ཅན་གྱིས་གཅིག་ཏུ་ན་བདག་གི་གླང་ཕྲོགས། གཉིས་སུ་ན་བདག་གི་མིག་ཕྱུང་བ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །མི་གཅིག་གིས་ལྷ་དབྱུག་པ་ཅན་གྱིས་བདག་གི་རྟ་རྒོད་མ་བཀུམ་མོ་ཞེས་སྨྲས་པ་དང་། རྒྱལ་པོས་དབྱུག་པ་ཅན་ལ་ཁྱོད་ཀྱིས་རྟ་ཅི་ལྟར་བསད་ཅེས་དྲིས་ན། བདག་ལམ་དུ་ཞུགས་ཏེ་མཆིས་པ་ལས། མི་འདིས་རྟ་མ་གཏོང་ཤིག་ཅེས་མཆི་བ་ལས། བདག་གིས་རྡོ་བ་གཅིག་བླངས་ཏེ། འཕངས་པ་ལས་རྟ་གུམ་མོ། །རྒྱལ་པོས་སྨྲས་པ། རྟ་བདག་གིས་རྟ་མ་གཏོང་ཤིག་ཅེས་སྨྲས་པས། རྟ་བདག་ནི་ལྕེ་ཆོད་ཤིག།དབྱུག་པ་ཅན་ནི་རྡོ་བ་འཕངས་པས་ལག་པ་ཆོད་ཅིག།མི་དེས་སྨྲས་པ། གཅིག་ཏུ་ན་བདག་གི་རྟ་བསད། གཉིས་སུ་བདག་གི་ལྕེ་བཅད་པ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །ཤིང་མཁན་གྱིས་སྨྲས་པ། དབྱུག་པ་ཅན་གྱིས་བདག་ལ་ཆུའི་གཏིང་ཅི་ཙམ་དུ་ཟབ་ཅེས་དྲིས་པས། ཁ་ན་སྟེའུ་ཐོགས་པ་ཆུར་ལྟུང་ངོ་ཞེས་གསོལ་པ་དང་། རྒྱལ་པོས་སྨྲས་པ། རྫས་ཅི་ཁྱེར་ཡང་ཕྲག་པ་ལ་བཀུར་བའི་རིགས་ཀྱི་ཁ་ན་ཁྱེར་བས། ཤིང་མཁན་གྱི་མདུན་སོ་གཉིས་ཆོག་ཤིག།དབྱུག་པ་ཅན་ནི་ཆུའི་གཏིང་ཟབ་བམ་ཞེས་དྲིས་པས་ལྕེ་ཆོད་ཅིག །ཤིང་མཁན་གྱིས་སྨྲས་པ། གཅིག་ཏུ་ན་བདག་གི་སྟེའུ་སྟོར། གཉིས་སུ་ན་བདག་གི་སོ་བཅག་པ་པས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །ཆང་ཚོང་མས་སྨྲས་པ། དབྱུག་པ་ཅན་གྱིས་བདག་གི་བུ་བསད་དོ། །དབྱུག་པ་ཅན་གྱིས་སྨྲས་པ། བདག་ངལ་བས་ཆང་སློང་དུ་མཆིས་པས། སྟན་ལ་མ་བལྟས་པར་སྟན་ལ་འདུག་པས། འོག་ན་བུ་མཆིས་པ་མ་ཚོར་ཏེ་བུ་གུམ་མོ། །རྒྱལ་པོས་སྨྲས་པ། ཆང་ཚོང་མ་ཁྱོད་བུ་གོར་བསྙལ་ལ་གོས་


DKG074_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མི་མངོན་པར་གཡོགས་པས་ཉེས་སོ། །དབྱུག་པ་ཅན་ཁྱོད་སྟན་ལ་མི་རྟོག་པར་འདུག་པ་ཉེས་ཀྱིས། དབྱུག་པ་ཅན་ཁྱོད་ཁྱོ་བྱོས་ལ་བུ་ཡོད་པར་གྱིས་ཤིག་ཅེས་སྨྲས་སོ། །ཆང་ཚོང་མས་སྨྲས་པ། གཅིག་ཏུ་ན་བདག་གི་བུ་བསད། གཉིས་སུ་ན་བདག་གི་ཁྱོ་བྱས་པ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །ཐག་པའི་ཆུང་མས་སྨྲས་པ། དབྱུག་པ་ཅན་གྱིས་བདག་གི་ཁྱོ་བཀུམ་མོ། །དབྱུག་པ་ཅན་གྱིས་སྨྲས་པ། བདག་ལ་དགྲ་མངས་པས་འཇིགས་ཏེ། རྩིག་པ་ལས་བརྒལ་ནས་བྲོས་པ་ལས། ཕག་ན་མི་ཡོད་པ་མ་མཐོང་སྟེ་གུམ་མོ། །རྒྱལ་པོས་སྨྲས་པ། སོང་ལ་འདི་ཉིད་ཁྱོད་ཀྱི་ཁྱོ་གྱིས་ཤིག།དེས་སྨྲས་པ། གཅིག་ཏུ་ན་བདག་གི་ཁྱོ་བསད་གཉིས་སུ་ན་འདི་ཁྱོ་བྱས་པ་བས། དབྱུག་པ་ཅན་རྒྱལ་བར་གྱུར་ཀྱང་བླའོ། །དེ་དག་སོ་སོ་ནས་ཞལ་ཅེ་བཅད་དེ། དབྱུག་པ་ཅན་ཡུལ་བྱིན་ནས་ཉེས་པ་ཀུན་ལས་ཐར་རོ། །རྒྱལ་པོ་དེ་ཡང་བུད་མེད་གཉིས་ཤིག་བུ་གཅིག་ལ་རྩོད་དེ། རྒྱལ་པོ་བློ་མཁས་པས་བརྟགས་ནས། བུད་མེད་གཉིས་ལ་འདི་སྐད་ཅེས་བསྒོའོ། །ཁྱོད་གཉིས་ཀྱིས་བུའི་ལག་པ་རེ་རེ་ནས་བཟུང་སྟེ། དྲངས་ལ་གང་གིས་ཐོབ་པ་བུར་ཁྱེར་ཅིག་ཅེས་བསྒོ་བ་དང་། བུའི་མ་མ་ཡིན་པ་དེས་བུ་ལ་སྙིང་རྗེ་མེད་པས་སྣད་ཀྱིས་མི་དོགས་ཏེ། མཐུ་ཅི་ཡོད་པས་དྲངས་སོ། །བུའི་མ་གང་ཡིན་པ་དེས་ནི་བུ་ལ་བྱམས་པས་སྣད་ཀྱིས་དོགས་ཏེ། སྟོབས་ཀྱིས་ཐུབ་ཀྱང་དྲག་ཏུ་མི་འདྲེན་ནོ། །རྒྱལ་པོས་ཀྱང་བརྟགས་ནས། །དྲག་ཏུ་དྲངས་པ་དེ་ལ་འདི་ནི་ཁྱོད་ཀྱི་བུ་མ་ཡིན་ཏེ། བུད་མེད་ཅིག་ཤོས་ཀྱི་བུ་ཡིན་པས་ན། དྲང་པོར་སྨྲོས་ཤིག་ཅེས་སྨྲས་པ་དང་། དལ་གྱིས་འདྲེན་པའི་བུ་ཡིན་པར་གྱུར་ཏེ་བུ་ཁྱེར་རོ། །དེ་ནས་ཡང་མི་གཉིས་ཤིག་རས་ཡུག་གཅིག་ལ་རྩོད་དེ། །རྒྱལ་པོའི་དྲུང་དུ་ལྷགས་པ་ལས། རྒྱལ་པོས་བརྟགས་ནས་ཞལ་ཅེ་གོང་མ་བཞིན་དུ་བཅད་དོ། །དེ་ནས་དབྱུག་པ་ཅན་གྱིས་རྒྱལ་པོ་ལ་འདི་སྐད་གསོལ་ཏོ། །འདི་དག་གིས་བདག་བཟུང་སྟེ། །ཁྲིད་ཅིང་མཆི་བ་ན། སྦྲུལ་ཞིག་གི་འཕྲིན་དུ་འདི་སྐད་ཅེས་མཆིའོ། །བདག་


DKG074_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཁུང་བུ་ནས་ཕྱིར་བྱུང་ཞིང་མཆི་བའི་ཚེ་ནི་བདེ། སླར་འཇུག་པའི་ཚེ་ནི་སྡུག་བསྔལ་ན། ཅིའི་ཕྱིར་ན་དེ་ལྟར་གྱུར་པ་ཞུས་ཤིག་ཅེས་མཆིའོ། །རྒྱལ་པོས་སྨྲས་པ། སྦྲུལ་དེ་ལ་ཁྱོད་ཀྱིས་འདི་སྐད་ཅེས་གྱིས་ཤིག།ཁྱོད་མི་ཁྲོ་ཞིང་བཀྲེས་པས་ཁུང་ནས་ཕྱིར་འབྱུང་བའི་ཚེ་བདེའོ། །ཕྱིར་བྱུང་ནས་ཁ་ཟས་མང་དུ་ཟོས་པ་ལས་བྱ་རྣམས་ཀྱིས་གཙེས་པས། ཁྱོད་ཁྲོས་ནས་སྦོམ་པར་གྱུར་པས། སླར་འཇུག་པའི་ཚེ་ཁུང་བུར་ཐོགས་ནས་སྡུག་བསྔལ་ལོ་ཞེས་གྱིས་ཤིག།ཁྱོད་ཀྱིས་ད་སྟེ་ཁ་ཟས་ཀྱི་ཚོད་ཤེས་ལ་མི་ཁྲོ་ན། ཇི་ལྟར་ཕྱིར་འབྱུང་བ་དང་འདྲ་བར་བདེ་བར་འཇུག་གོ་ཞེས་སྨྲོས་ཤིག།དེ་ནས་ན་ཆུང་མ་གཞོན་ནུའི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ན་ཆུང་མ་གཞོན་ནུ་དེ་ལ་ཁྱོད་ཕ་མའི་ཁྱིམ་ན་མཛའ་བོ་ཞིག་འདུག་སྟེ། ནམ་གྱོས་པོའི་ཁྱིམ་ན་འདུག་པའི་ཚེ་ནི་མཛའ་བོ་ལ་ཆགས་པས་ཕ་མའི་ཁྱིམ་དུ་འགྲོ་འདོད་ནམ་ཕ་མའི་ཁྱིམ་ན་འདུག་པའི་ཚེ་མཛའ་བོ་སྐྱེ་སྟེ། ཁྱོ་ལ་ཆགས་པས་གྱོས་པོའི་ཁྱིམ་དུ་འགྲོ་འདོད་པ་ཡིན་པས། གནས་གཅིག་སྤོངས་ལ་གཅིག་ལེགས་པར་ཟུང་ཤིག།དེ་ལྟ་བུའི་གནོད་པ་མེད་པར་འགྱུར་རོ་ཞེས་སྨྲོས་ཤིག།གནས་གཞན་ཞིག་ན་ཤིང་ཤ་ཀོ་ཏ་ཀ་ལ་བྱ་རོག་ཅིག་འདུག་པའི་འཕྲིན་སྨྲས་པ་དང་། རྒྱལ་པོས་སྨྲས་པ། ཤིང་དེའི་འོག་ན་གསེར་ཡོད་པས་ཁྱོད་ཀྱི་སྐད་སྙན་པ་ཡིན་ནོ། །ཤིང་གཞན་གྱི་དྲུང་ན་གསེར་མེད་པས་སྐད་མི་སྙན་ནོ་ཞེས་གྱིས་ཤིག།རྒྱལ་པོས་དབྱུག་པ་ཅན་ལ་སྨྲས་པ། ཁྱོད་ལ་ཉེས་པ་མང་དུ་བྱུང་ཡང་ངས་བཏང་ངོ་། །ཁྱོད་ནི་དབུལ་ཕོངས་ཀྱི་ཤིང་གི་འོག་ན་གསེར་གྱི་གཏེར་ཡོད་པ་བརྐོས་ལ་ཁྱེར་ཅིག།དབྱུག་པ་ཅན་གྱིས་རྒྱལ་པོས་བསྒོ་བ་བཞིན་སོ་སོའི་འཕྲིན་ཡང་བསྒོ་ནས། ཤིང་དྲུང་ནས་གསེར་ཡང་ཕྱུང་སྟེ་ཁྱེར་རོ། ། དེ་ཕྱིན་ཅད་སོ་ཚིས་ཚུགས་ནས་ཅིས་ཀྱང་མི་དྲེལ་ཏེ། ཚེ་གཅིག་ཏུ་ཕྱུག་ཅིང་བདེ་སྐྱིད་པར་གྱུར་ཏོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་མཛེས་པ་དེ་གཞན་དུ་མ་སེམས་ཤིག །དེ་ནི་ད་ལྟར་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེ་དབྱུག་པ་ཅན་དེ་ནི་བྲམ་ཟེ་ཕྱིན་ཏེ་ལོ་ཤུ་ཤ་ཡིན་ནོ། །ངས་སྔོན་ཡང་སྡུག་བསྔལ་བ་ལས་


DKG074_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་བྱས་ཏེ། རིན་པོ་ཆེ་བྱིན་ནས་བདེ་སྐྱིད་པར་བྱས་སོ། །ད་མངོན་པར་སངས་རྒྱས་ནས་ཀྱང་སྡུག་བསྔལ་བ་ལས་ཐར་བར་བྱས་ཏེ། ཟད་མི་ཤེས་པའི་ཆོས་རིན་པོ་ཆེའི་གཏེར་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཁྱིམ་བདག་དབྱུག་པ་ཅན་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།

བཞི་བཅུ་པ། བྲམ་ཟེ་ཤིན་ཙིར་གྱི་ལེའུ།


DKG074_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་བྲམ་ཟེ་ཤིན་ཙིར་ཞེས་བྱ་བ་ཆོ་རིགས་བཙུན་ཞིང་ཕྱུག་པ་ཞིག་བུ་མེད་པས། སྟོན་པ་དྲུག་གི་ཐད་དུ་སོང་ནས་དྲིས་པ་དང་། སྟོན་པ་དྲུག་གིས་ཁྱོད་ལ་བུའི་མཚན་མ་ཡོང་མེད་དོ་ཞེས་སྨྲས་སོ། །དེ་ནས་བྲམ་ཟེ་ཕྱིར་ཁྱིམ་དུ་འོངས་ནས་གོས་དྲི་མ་ཅན་གྱོན་ཏེ། མྱ་ངན་གྱི་ཁང་བུར་ཞུགས་ནས་མི་དགའ་སྟེ། འདི་སྙམ་དུ་བསམས་སོ། །བདག་ལ་བུ་ནི་མེད་ཀྱི་གལ་ཏེ་ནང་གཅིག་ཚེའི་དུས་བྱས་ན་ཁྱིམ་དང་ནོར་རྫས་བཅས་སུ་རྒྱལ་པོས་དབང་ངོ་སྙམ་བསམས་ནས། རབ་ཏུ་མི་དགའ་ཞིང་འདུག་གོ །དེའི་ཚེ་བྲམ་ཟེ་དེའི་ཆུང་མ་དགེ་སློང་མ་དང་བཤེས་པས། དགེ་སློང་མ་བྲམ་ཟེའི་ཁྱིམ་དུ་འོངས་ནས། བྲམ་ཟེ་དེ་ཤིན་ཏུ་མི་དགའ་ཞིང་མྱ་ངན་གྱིས་གདུངས་པ་མཐོང་ནས། ཆུང་མ་ལ་ཁྱོད་ཀྱི་ཁྱོ་ཅིའི་ཕྱིར། མི་དགའ་ཞེས་དྲིས་པ་དང་། བྲམ་ཟེའི་ཆུང་མས་སྨྲས་པ། བདག་ལ་བུ་མེད་དེ། སྟོན་པ་དྲུག་ལ་དྲིས་ན། ཁྱོད་ལ་བུའི་མཚན་མ་མེད་དོ་ཞེས་བསྒོ་བས་མི་དགའ་ཞིང་མྱ་ངན་བྱེད་དོ། །དེ་ནས་དགེ་སློང་མ་དེས་སྨྲས་པ། སྟོན་པ་དྲུག་ནི་ཐམས་ཅད་ཤེས་པ་མ་ཡིན་ན་དེས་ལས་ཀྱི་རྒྱུ་རྐྱེན་ག་ལ་ཞིག་རིག།དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་ཏེ། ཐམས་ཅད་རྟོགས་ཤིང་མཁྱེན་པས་འདས་པ་དང་། མ་འོངས་པ་ལ་ཐོགས་པ་མེད་པ་ན། ཅིའི་ཕྱིར་བུ་ཡོད་དམ་མེད་ཅེས་


DKG074_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

མི་འདྲི་ཞེས་བསྒོའོ། །དགེ་སློང་མ་དེ་ཕྱིར་སོང་ནས། བྲམ་ཟེའི་ཆུང་མས་ཁྱོ་ལ་དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་དེ་དགའ་རངས་ནས་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ཏོ། དེ་མ་ཐག་ཏུ་གོས་གསར་པ་གྱོན་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་ཕྱིན་པ་དང་། སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་བདག་ལ་མཚན་དང་། དབང་ཐང་གི་བུ་མ་མཆིས་སམ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཁྱོད་ལ་བུ་ཡོད་པར་འགྱུར་ཏེ། བསོད་ནམས་དང་ཡང་ལྡན་ལ། ཆེར་སྐྱེས་ནས་རབ་ཏུ་བྱུང་བ་ལ་དགའ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །བྲམ་ཟེས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། རབ་ཏུ་དགའ་མགུ་ཡི་རང་སྟེ། བུ་ཡོད་པར་གྱུར་ན་ལྟ་རབ་ཏུ་བྱུང་ཡང་བླ་སྟེ། སྡུག་བསྔལ་མེད་དོ་ཞེས་སྨྲས་ནས། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་གཤེགས་པར་སྤྱན་དྲངས་པ་དང་། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གཤེགས་སུ་གནང་ནས། ཕྱི་དེ་ཉིན་གདུགས་ཚོད་ལ་བབ་ནས། སངས་རྒྱས་དང་དགེ་འདུན་རྣམས་དང་བཅས་སུ་བྲམ་ཟེ་དེའི་ཁྱིམ་དུ་གཤེགས་ནས། གདན་བཏིང་བ་ལ་བཞུགས་ཏེ། བྲམ་ཟེ་ཁྱོ་ཤུག་གིས་བསྟི་སྟང་དང་བཅས་པས་བསོད་སྙོམས་གསོལ་ཏོ། །བསོད་སྙོམས་གསོལ་ནས། སངས་རྒྱས་དང་། དགེ་འདུན་དང་བཅས་སུ་སླར་གཤེགས་པ་དང་། དེའི་བར་ན་ནེའུ་གསིང་ཞིག་ཡོད་དེ། དེ་ན་ཆུ་མིག་ཤིན་ཏུ་གཙང་མ་ཞིག་ཡོད་པ་ལ། བཅོམ་ལྡན་འདས་དང་། དགེ་སློང་གི་དགེ་འདུན་རྣམས་མཉེལ་བཤོལ་ཏེ། སོ་སོ་ནས་ཆུ་མིག་དེ་ལ་ཆུ་བཅུས་ཏེ། ལྷུང་བཟེད་དང་རྐང་ལག་བཀྲུས་སོ། །དེ་ནས་སྤྲེའུ་ཞིག་དེར་འོངས་ནས། ཀུན་དགའ་བོ་ལས་ལྷུང་བཟེད་བླངས་པ་དང་། བཅག་གིས་དོགས་པས་ཀུན་དགའ་བོས་ལྷུང་བཟེད་མ་སྟེར་བ་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ལྷུང་བཟེད་སྤྲེའུ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་ཀུན་དགའ་བོས་ལྷུང་བཟེད་སྤྲེའུ་ལ་


DKG074_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་པ་དང་། སྤྲེའུས་ཤིང་ཁ་ནས་སྦྲང་རྩི་བླངས་ཏེ། ལྷུང་བཟེད་བཀང་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་སྦྲང་རྩིའི་ནང་གི་མི་གཙང་བ་སོལ་ཅིག་ཅེས་བཀའ་སྩལ་པ་དང་། སྤྲེའུས་སྲིན་བུའི་རོ་ལ་སོགས་པ་བསལ་ཏེ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་སྦྲང་རྩིའི་ལྷུང་བཟེད་བཞེས་ནས་སྦྲང་རྩི་ཆུ་དང་། སྦྱོར་ལ་སྩོལ་ཅིག་ཅེས་བཀའ་སྩལ་ནས། ཆུ་དང་སྦྱར་ཏེ། བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཞེས་ནས། དགེ་སློང་གི་དགེ་འདུན་རྣམས་ལ་ཡང་བགོས་ཏེ། བྱིན་ནས་ཐམས་ཅད་ངོམས་པར་གྱུར་ཏོ། །དེའི་ཚེ་སྤྲེའུ་དེས་དེ་ལྟ་བུ་དག་མཐོང་ནས་རབ་ཏུ་དགའ་སྟེ། མཆོངས་པ་དང་གར་བྱས་པ་ལས་གཡང་དུ་ལྷུང་སྟེ་ཚེའི་དུས་བྱས་ནས། དེ་མ་ཐག་ཏུ་བྲམ་ཟེའི་བུར་སྐྱེས་ཏེ། བྲམ་ཟེ་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། ཟླ་བ་ཚང་ནས་ཁྱེའུ་བཟང་བ་བལྟ་ན་སྡུག་པ་ཅིག་བཙས་སོ། །ཐོག་མར་བཙས་པའི་ཚེ་ཁྱིམ་གྱི་ནང་ན་སྣོད་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱི་ནང་ན་སྦྲང་རྩིས་གང་བར་གྱུར་ཏོ། །བྲམ་ཟེ་ཁྱོ་ཤུག་རབ་ཏུ་དགའ་ནས་མཚན་མཁན་བོས་ཏེ། མཚན་བལྟས་སོ། །མཚན་མཁན་གྱིས་ཁྱེའུ་འདི་བཙས་པ་ན། ལྟས་སམ་ཡ་མཚན་ཅི་ཞིག་བྱུང་ཞེས་དྲིས་ན། ཐོག་མར་བཙས་པའི་ཚེ་སྦྲང་རྩིས་གང་ངོ་ཞེས་སྨྲས་ནས། བུའི་མིང་ཡང་སྦྲང་རྩི་མཆོག་ཅེས་བཏགས་སོ། །དེ་ནས་བུ་གསོས་བསྐྱེད་དེ་ཆེར་སྐྱེས་ནས་ཕ་མ་ལ་རབ་ཏུ་བྱུང་བར་གསོལ་ཏོ། །ཕ་མ་བུ་ལ་ཆགས་པས་མ་བཏང་ངོ་། །ཁྱེའུས་ཡང་དང་ཡང་དུ་གསོལ་ཏེ། ཕ་མས་བདག་གི་བགེགས་བགྱིས་ན་བདག་འགུམ་ཕོད་ཀྱི། འདུ་འཛིའི་ནང་དུ་འཚོ་མི་ཕོད་དོ་ཞེས་སྨྲས་སོ། །དེ་ནས་ཁྱེའུའི་ཕ་མས་བགྲོས་ཏེ། སྔོན་བཅོམ་ལྡན་འདས་ཀྱིས་ཀྱང་རབ་ཏུ་བྱུང་ངོ་ཞེས་ལུང་བསྟན་ཏེ། ད་བར་ཆད་བྱེད་ན་སྲོག་དང་བྲལ་བར་གྱུར་དུ་འོང་གིས། གནང་བར་བྱའོ་ཞེས་གྲོས་བྱས་ནས། བུ་ཁྱོད་ཡིད་བཞིན་དུ་རབ་ཏུ་བྱུང་བར་གནང་ངོ་ཞེས་བསྒོའོ། །དེ་ནས་ཁྱེའུ་དགའ་མགུ་རངས་ནས། བཅོམ་ལྡན་


DKG074_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འདས་གང་ན་བ་དེར་སོང་གིས་ཕྱིན་པ་དང་། ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། རབ་ཏུ་བྱུང་བར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་པར་འོངས་སོ། །ཞེས་བཀའ་སྩལ་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། དགེ་སློང་དུ་གྱུར་ཏོ། །དེ་ནས་བདེན་པ་བཞིའི་ཆོས་རྒྱས་པར་བསྟན་པས་སེམས་རྣམ་པར་གྲོལ་ལོ། །ཟག་པ་ཀུན་ནས་ཟད་ནས་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་དག་དང་ཕན་ཚུན་སེམས་ཅན་གྱི་དོན་ལ་འགྲོ་བའི་ཚེ། གལ་ཏེ་སྐོམ་མམ་ངལ་ན་ནམ་མཁར་ལྷུང་བཟེད་བོར་བ་སྦྲང་རྩིས་རང་གང་སྟེ། ཀུན་དང་ཐུན་མོང་དུ་འཐུང་ངོ་། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་སྦྲང་རྩི་མཆོག་གིས་སྔོན་བསོད་ནམས་ཅི་ཞིག་བགྱིས་ན་རབ་ཏུ་བྱུང་ནས་རིང་པོ་མ་ལོན་པར་དགྲ་བཅོམ་པ་ཆོས་ལས་བསམ་པ་ཡིད་བཞིན་དུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སྔོན་བྲམ་ཟེ་ཤིན་ཙིར་ཞེས་བྱ་བས་བསོད་སྙོམས་གསོལ་བ་དྲན་ནམ། ཀུན་དགའ་བོ་ཁྱོད་ཀྱིས་ཟས་ཀྱི་བྱ་བ་བྱས་ནས། ནེའུ་གསིང་ལ་བསྟི་བ་ན། སྤྲེའུ་ཞིག་གིས་ཁྱོད་ལས་ལྷུང་བཟེད་བླངས་ཏེ། སྦྲང་རྩིས་བཀང་ནས་ང་ལ་ཕུལ་བ་དང་། སྤྲེའུ་དགའ་ནས་མཆོངས་པ་དང་། གར་བྱས་པ་ལས་གཡང་དུ་སོང་སྟེ། ཚེ་བརྗེས་པ་དྲན་ནམ། གསོལ་པ་དྲན་ནོ། །ཀུན་དགའ་བོ་དེའི་ཚེ་ན་སྦྲང་རྩི་ཕུལ་བའི་སྤྲེའུ་དེ་ནི་དགེ་སློང་སྦྲང་རྩི་མཆོག་འདི་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཐོང་ནས་དགའ་བའི་སེམས་ཀྱིས་སྦྲང་རྩི་ཕུལ་བས་བྲམ་ཟེ་དེའི་བུར་སྐྱེས་ཏེ། བྱད་གཟུགས་བཟང་བ་དང་། རབ་ཏུ་བྱུང་ནས་ཟག་པ་མེད་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་འདིས་ཉེས་པ་ཅི་ཞིག་བྱས་ནས་སྤྲེའུའི་ནང་དུ་སྐྱེས་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་པའི་ཚེ་དགེ་སློང་གསར་ཞུགས་གཞོན་ནུ་ཞིག་


DKG074_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གིས། དགེ་སློང་ཞིག་ཡུར་བ་ལ་མཆོངས་པར་མཐོང་ནས། འདི་སྐད་དུ་ཁྱོད་ནི་རབ་ཏུ་མྱུར་ཏེ་སྤྲེའུ་དང་འདྲའོ་ཞེས་སྨྲས་པ་དང་། དགེ་སློང་དེས་ཐོས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་ང་ཤེས་སམ། སྨྲས་པ་ཁྱོད་ནི་སངས་རྒྱས་འོད་སྲུང་གི་དགེ་སློང་ཡིན་ཏེ། དེ་ཅིའི་ཕྱིར་མི་ཤེས། དགེ་སློང་དེས་སྨྲས་པ། ཁྱོད་ང་ལ་མ་འཕྱ་ཤིག།ང་ནི་མིང་ཙམ་གྱི་དགེ་སློང་མ་ཡིན་ཏེ། དགེ་སློང་གི་འབྲས་བུ་བཞི་ཡང་ངས་ཐོབ་བོ་ཞེས་བསྒོ་བ་དང་། དགེ་སློང་གཞོན་ནུ་དེ་དངངས་ཏེ། བ་སྤུ་ཡང་ལངས་ཏེ། ལུས་སྨད་ལྔ་ས་ལ་གཏུགས་ཏེ། འགྱོད་ཚངས་སུ་གསོལ་ཏེ། དེ་ལྟར་འགྱོད་ཚངས་བྱས་པས་ནི། སེམས་ཅན་དམྱལ་བར་མ་སྐྱེས་སོ། །དགྲ་བཅོམ་པ་ལ་འཕྱས་པ་ནི། སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་སྤྲེའུར་སྐྱེས་སོ། །སྔོན་ཡང་རབ་ཏུ་བྱུང་སྟེ། ཚུལ་ཁྲིམས་བསྲུངས་པས་ང་དང་ཕྲད་ནས་བཀྲུས་པ་བཞིན་དུ་སྡུག་བསྔལ་ཀུན་ཟད་དོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། དགེ་སློང་གཞོན་ནུ་དེ་ནི་ད་ལྟར་སྦྲང་རྩི་མཆོག་ཡིན་ནོ། །དེའི་ཚེ་ཀུན་དགའ་བོ་དང་། འཁོར་མང་པོ་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས་ཀུན་གྱིས་འདི་སྐད་ཅེས་སྨྲས་སོ། །ལུས་དང་། ངག་དང་། ཡིད་ཀྱི་ལས་ནི་མི་བསྲུང་དུ་མི་རུང་ངོ་། །དགེ་སློང་འདི་ཡང་ངག་གི་ལས་མ་བསྲུངས་པས་ལས་ཀྱི་རྣམ་པར་སྨིན་པ་འདི་ལྟ་བུར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྨྲས་པ་བཞིན་ནོ་ཞེས་བཀའ་སྩལ་ནས། བདེན་པ་བཞི་རྒྱས་པར་བསྟན་པས། ལུས་དང་། ངག་དང་། ཡིད་ཀྱི་ལས་རྣམ་པར་དག་ཅིང་སེམས་ཀྱི་དྲི་མ་ཀུན་དང་བྲལ་བས། ཁ་ཅིག་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ལ་ལ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་རྣམས་རྗེས་


DKG074_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡི་རངས་ནས་མངོན་པར་དགའོ། །བྲམ་ཟེ་ཤིན་ཙིར་གྱི་ལེའུ་སྟེ་བཞི་བཅུ་པའོ།། །།

བཞི་བཅུ་གཅིག་པ། ཁྱིམ་བདག་དན་བྱི་ལ་ཞེས་བྱ་བའི་ལེའུ།


DKG074_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པའི་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ཡུལ་ཀོ་ས་ལ་ན། ཁྱིམ་བདག་དམ་ཤིན་ཙིར་ཞེས་པ་ཕྱུག་པ། བཙན་པ། རིགས་ཆེ་བ་ཞིག་ཡོད་དེ། དེ་ལ་བུ་མེད་ནས་ལྷ་ཀླུ་ལ་སོགས་ཏེ། ལྷ་ཐམས་ཅད་ཀྱི་རྟེན་ལ་མཆོད་པ་བྱས་ནས་བུ་བསླངས་སོ། །ཁྱིམ་བདག་དེས་ལྷ་ཀུན་ལ་སྙིང་ནས་མཆོད་དེ་བུ་བསླངས་པས། ཕྱིས་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས། ཟླ་བ་ཚང་ནས་བུ་ཁྱེའུ་བཟང་བ་བལྟ་ན་སྡུག་པ། འཇིག་རྟེན་ན་དཀོན་པ་ཞིག་བྱུང་ངོ་། །མཚན་མཁན་བོས་ནས་མཚན་བལྟས་སོ། །མཚན་མཁན་གྱིས་ཀྱང་མཚན་དང་སྦྱར་ཏེ། བུའི་མིང་ཡང་དན་བྱི་ལ་ཞེས་བྱ་བར་བཏགས་སོ། །གསོས་བསྐྱེད་དེ་ཆེར་སྐྱེས་པ་དང་། རྒྱལ་པོ་གསལ་རྒྱལ་གྱི་ཕ་ཤི་ནས་ཁྱེའུ་དེ་རྒྱལ་པོས་ཕའི་གོར་རྒྱལ་པོར་བཅུག་གོ །དེ་ལྟར་ཕའི་གོར་རྒྱལ་པོར་དབང་བསྐུར་བ་ན། ཁང་ཁྱིམ་ཀུན་རིན་པོ་ཆེ་སྣ་བདུན་དུ་གྱུར་ཏེ། བང་མཛོད་མང་པོ་ཐམས་ཅད་ཡོངས་སུ་གང་ནས། ཅི་ཡང་ཡོད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་སྲས་་རྱ་ཞེས་བྱ་བ་ཚ་བའི་ནད་ཀྱིས་བཏབ་སྟེ། སྨན་པས་སྨན་དཔྱད་བྱས་ནས་སྨན་དུ་གོར་ཤི་ཤ་ཙན་དན་གྱིས་ལུས་བསྐུས་ན་འཚོའོ་ཞེས་སྨྲས་ནས། རྒྱལ་པོས་ཡུལ་མི་ལ་འདི་སྐད་ཅེས་བཀར་བཏགས་སོ། །ཁྱོད་སུ་ལ་གོར་ཤི་ཤ་ཙན་དན་ཡོད་ན་རྒྱལ་པོ་ལ་ཕུལ་ཅིག།བྱ་དགར་གསེར་སྲང་སྟོང་བྱིན་ནོ། །ཞེས་ཀུན་ཏུ་བསྒོ་ན། གཅིག་ཙམ་ལ་ཡང་མ་བྱུང་ངོ་། །དེའི་ཚེ་ན་གཅིག་གིས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཡུལ་ཀོ་ས་ལར་ཁྱིམ་བདག་དན་བྱི་ལའི་ཁྱིམ་ན་མང་དུ་ཡོད་དོ་ཞེས་སྨྲས་པ་དང་། རྒྱལ་པོ་ཉིད་རྟའི་ཐེག་པ་ལ་ཞོན་ཏེ། ཙན་དན་སློང་དུ་ཆས་སོ། །ཁྱིམ་བདག་དེའི་སྒོར་ཕྱིན་པ་དང་། ཁྱིམ་བདག་དེའི་སྒོ་ན་སྒོ་སྲུང་དག་གིས་རྒྱལ་པོ་གསལ་རྒྱལ་འདིར་གཤེགས་ཏེ། ད་ལྟ་ནི་ཕྱི་


DKG074_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ན་བཞུགས་སོ་ཞེས་སྨྲས་པ་དང་། ཁྱིམ་བདག་དེ་རབ་ཏུ་དགའ་ནས་སྒོར་བྱུང་སྟེ། རྒྱལ་པོ་ནང་དུ་བསུས་སོ། །རྒྱལ་པོ་སྒོར་ཕྱིན་ཏེ་བལྟས་ན། སྒོ་ཉིད་ཀྱང་དངུལ་ལས་བྱས་ཏེ། སྒོའི་ནང་རོལ་ན་བུད་མེད་མཛེས་ཤིང་སྡུག་པ་འཇིག་རྟེན་ན་ཟླ་མེད་པ་ཞིག་དངུལ་གྱི་ཁྲི་ལ་འདུག་སྟེ། དངུལ་གྱི་སྐུད་པ་འཁལ་ལོ། །དྲུང་ན་ན་ཆུང་བཟང་མོ་བཅུ་ཡང་གཡོག་བྱེད་དེ། རྒྱལ་པོས་དེ་མཐོང་ནས་ཁྱིམ་བདག་དེ་ལ་འདི་ཁྱོད་ཀྱི་ཆུང་མ་ཡིན་ནམ། ཞེས་དྲིས་ན་མ་ཡིན་ཏེ། སྒོ་སྲུང་བའི་བྲན་མོ་ཡིན་ནོ་ཞེས་སྨྲས་སོ། །འོ་ན་ན་ཆུང་བཟང་མོ་འདི་དག་ཅི་ལ་དགོས་ཞེས་དྲིས་ན། འདི་ནི་ཕྱི་ནང་དུ་བཟླུགས་པའི་མངག་གཞུག་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་སྒོ་རིམ་པ་གཅིག་གི་ནང་དུ་ཕྱིན་ཏེ་བལྟས་ན། སྒོ་ནི་་རྱ་མཐོན་མཐིང་ལས་བྱས་ཏེ། སྒོའི་ནང་རོལ་ན་ན་ཆུང་བཟང་མོ་བལྟ་ན་སྡུག་པ་སྔ་མ་བས་ཀྱང་ལྷག་པ་གཡོག་ན་ཆུང་མ་བཟང་མོ་སྔ་མ་བས་ཕྱེད་ཀྱིས་མང་བ་ཞིག་འདུག་གོ །དེ་ནས་ཡང་སྒོ་རིམ་པ་གཅིག་ཏུ་ཕྱིན་ཏེ། བལྟས་ན། སྒོ་ཡང་གསེར་ལས་བྱས་ཏེ། སྒོའི་ནང་རོལ་ན་ན་ཆུང་བཟང་མོ་བལྟ་ན་སྡུག་པ་སྔ་མ་བས་ཀྱང་ཤིན་ཏུ་ལྷག་པ་ཞིག་གསེར་གྱི་ཁྲི་ལ་འདུག་སྟེ། གསེར་གྱི་ཐགས་འཐག་གོ །གཡས་གཡོན་ན་ན་ཆུང་བཟང་མོ་གཡོག་བྱེད་པ་སྔ་མ་བས་ཀྱང་ཤིན་ཏུ་མང་བས། ཁྱིམ་བདག་དེ་ལ་འདི་ཡང་ཁྱོད་ཀྱི་ཆུང་མ་ཡིན་ནམ་ཞེས་དྲིས་ན། འདི་ཡང་མ་ཡིན་ནོ་ཞེས་སྨྲས་སོ། །དེ་ནས་ཁྱིམ་གྱི་ནང་དུ་ཕྱིན་ཏེ་བལྟས་ན། ས་གཞི་ཀུན་་རྱ་ལས་བྱས་པ། ཤིན་ཏུ་གསལ་བ་ནི་ཆུའི་མདོག་དང་འདྲ་སྟེ། སྟེང་གི་ཁང་པ་ལ་གཅན་གཟན་གྱི་གཟུགས་དང་། ཆུ་སྲིན་དང་ཉ་ལ་སོགས་པའི་གཟུགས་སྤྱངས་ཏེ། རླུང་གིས་བསྐྱོད་ན་འགུལ་བས་གཟུགས་བརྙན་ས་གཞི་ལ་སྣང་ངོ་། །རྒྱལ་པོས་ཡང་དག་པར་ཆུ་ཡིན་སྙམ་བསམས་ཏེ། འདི་སྐད་ཅེས་སྨྲས་སོ། །ཆུ་གུད་ནས་མེད་དམ། ཅི་ཉེས་ན་ཁང་པའི་ནང་དུ་རྫིང་བུ་བསྐྱིལ་ཞེས་སྨྲས་སོ། །དན་བྱི་ལས་སྨྲས་པ། འདི་ནི་ཆུ་མ་ལགས་ཏེ། བཻ་དཱུ་རྱ་མཐོན་མཐིང་ངོ་ཞེས་སྨྲས་སོ། །ལག་


DKG074_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

གི་གདུ་བུ་ཕུད་ནས་སྟེང་དུ་བོར་རོ། །རྒྱལ་པོས་དེ་ལྟ་བུ་གཟིགས་ནས་ཁང་པའི་ནང་དུ་གཤེགས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཁང་པའི་ནང་དུ་བཻ་དཱུ་རྱ་མཐོན་མཐིང་གི་ཁྲི་བཤམས་ནས་རྒྱལ་པོ་བཞུགས་སུ་གསོལ་ཏོ། །ཁྱིམ་བདག་གི་ཆུང་མ་ཡང་དེ་ན་འདུག་པ་ལས་མིག་ནས་མཆི་མ་བྱུང་ནས། རྒྱལ་པོས་ཅིའི་ཕྱིར་མིག་ནས་མཆི་མ་བྱུང་། ང་འོངས་པ་མི་དགའའམ་ཅི་ཉེས་དྲིས་ན། ཁྱིམ་བདག་གི་ཆུང་མས་གསོལ་པ། རྒྱལ་པོ་འདིར་གཤེགས་པ་ནི་ལེགས་ཏེ་དགའ་ན། རྒྱལ་པོའི་ན་བཟའ་ལ་དུད་པ་ཅུང་ཟད་ཅིག་བྲོ་བས་མིག་ནས་མཆི་མ་བྱུང་གིས། རྒྱལ་པོ་མཐོང་མི་འཚལ་བ་ནི་མ་ལགས་སོ། །རྒྱལ་པོས་སྨྲས་པ། ཁྱོད་ཀྱི་ཁྱིམ་ན་མེ་ཙམ་ཡང་མི་འབུད་དམ། སྨྲས་པ་མེ་མ་མཆིས་སོ། །འོ་ན་ཁ་ཟས་ཅི་ཞིག་གིས་གཡོ། །སྨྲས་པ་ཁ་ཟས་ནི། བསམས་པ་ཙམ་གྱིས་ཁ་ཟས་རོ་བརྒྱ་དང་ལྡན་པར་འབྱུང་ངོ་། །རྒྱལ་པོས་སྨྲས་པ། མཚན་མོ་ཆའི་མུན་པའི་ནང་ན་ཅི་ཞིག་གིས་མཐོང་བར་འགྱུར། སྨྲས་པ་ནོར་བུ་རིན་པོ་ཆེས་སྣང་བར་འགྱུར་རོ། །སྒོ་བཅད་ཀྱང་སྐར་ཁུང་ནས་ནོར་བུ་རིན་པོ་ཆེའི་འོད་ཀྱིས་ཉིན་པར་དང་འདྲ་བར་སྣང་ངོ་། །དེ་ནས་དན་བྱི་ལས་པུས་མོ་གཉིས་ས་ལ་བཙུགས་ཏེ། རྒྱལ་པོ་ཅིའི་ཕྱིར་འོ་བརྒྱལ་ཏེ་འདིར་གཤེགས་ཞེས་གསོལ་པ་དང་། རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །ངའི་བུ་བཻ་དཱུ་རྱ་ཚ་བའི་ནད་ཀྱིས་བཏབ་ནས། སྨན་པས་དཔྱད་དེ་སྨན་དུ་གོར་ཤི་ཤ་ཙན་དན་གྱིས་བསྐུ་དགོས་སོ་ཞེས་ཟེར་ན། འདིར་ཁྱོད་ལ་སློང་དུ་འོངས་སོ། །ཞེས་སྨྲས་པ་དང་། ཁྱིམ་བདག་དེ་རབ་ཏུ་དགའ་ནས་རྒྱལ་པོ་ཉིད་བང་མཛོད་དུ་གཤེགས་སུ་གསོལ་ཏེ། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ནོར་དབྱིག་ཐམས་ཅད་བསྟན་ནས། ཙན་དན་གྱི་ཕུང་པོ་ཚད་མེད་པ་སྙེད་ཀྱང་བསྟན་ནས་ཅི་བཞེད་བཞེས་ཤིག་ཅེས་གསོལ་པ་དང་། རྒྱལ་པོས་སྨྲས་པ། ང་ལ་སྲང་གཉིས་ལས་ནི་མི་དགོས་ཀྱི་བྱིན་ཅིག་ཅེས་སྨྲས་པ་དང་། ཁྱིམ་བདག་གིས་ཅི་བཞེད་པ་ཕུལ་ལོ། །དེ་ནས་རྒྱལ་པོ་སླར་གཤེགས་པ་དང་། ཁྱིམ་བདག་དེ་ལ་ཁྱོད་སངས་རྒྱས་དང་ཕྲད་དུ་


DKG074_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཤིག་ཅེས་བསྒོའོ། །ཁྱིམ་བདག་དེས་སྨྲས་པ། སངས་རྒྱས་ཞེས་བྱ་བ་ཅི་ལྟ་བུ། རྒྱལ་པོས་སྨྲས་པ། ཅི་ཁྱོད་ཀྱིས་མ་ཐོས་སམ། གྲོང་ཁྱེར་སེར་སྐྱའི་རྒྱལ་པོ་ཟས་གཙང་མའི་སྲས་རྒ་བ་དང་། ན་བ་དང་། ཤི་བ་ལ་སྐྱོ་ནས་རབ་ཏུ་བྱུང་སྟེ། བྱང་ཆུབ་ལ་ནན་ཏན་བྱས་པས་མངོན་པར་སངས་རྒྱས་ཏེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་བརྒྱན་པ་ནས། རྫུ་འཕྲུལ་གྱི་རྐང་པ་དང་ཡེ་ཤེས་ནི་དཔེ་ཟླ་མེད་དེ། ལྷ་དང་མིའི་གཙོ་བོར་གྱུར་པས་སངས་རྒྱས་ཞེས་བྱའོ། །ཁྱིམ་བདག་གིས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཤིན་ཏུ་དད་པའི་སེམས་སྐྱེས་ནས། རྒྱལ་པོ་ལ་སངས་རྒྱས་ད་ལྟར་གང་ན་བཞུགས་ཞེས་གསོལ་པ་དང་། རྒྱལ་པོས་སྨྲས་པ། ད་ལྟར་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་སོ། །རྒྱལ་པོ་གཤེགས་ཟིན་མ་ཐག་ཏུ་ཁྱིམ་བདག་དེ་ཡང་སངས་རྒྱས་གང་ན་བཞུགས་པ་དེར་སོང་ནས་ཕྱིན་པ་དང་། སངས་རྒྱས་ཀྱི་སྐུ་ལ་བརྟགས་ན་རྒྱལ་པོ་ཀུན་བས་ཀྱང་ཤིན་ཏུ་ལྷག་པར་མཐོང་ནས། དགའ་མགུ་སྟེ་རངས་ནས། མགོ་བོས་ཕྱག་འཚལ་ནས་སྙུན་གསོལ་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས། ཁྱིམ་བདག་དེ་ཡང་རྒྱུན་དུ་ཞུགས་པ་ཐོབ་པར་གྱུར་ཏེ། དེས་པུས་མོ་གཉིས་ས་ལ་བཙུགས་ནས། བཅོམ་ལྡན་འདས་ལ་རབ་ཏུ་བྱུང་བར་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་པར་འོངས་སོ་ཞེས་བཀའ་སྩལ་ནས། སྐྲ་དང་ཁ་སྤུ་རང་བྱི་སྟེ། དགེ་སློང་དུ་གྱུར་ཏོ། །དེ་ནས་ཡང་བདེན་པ་བཞིའི་ཆོས་ཅི་རིགས་པར་བསྟན་པས་སེམས་ཀྱི་དྲི་མ་ཡོངས་སུ་དག་སྟེ། དགྲ་བཅོམ་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོ་དང་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་དན་བྱི་ལས་བསོད་ནམས་ཅི་ཞིག་བགྱིས་ན་མིའི་ནང་དུ་སྐྱེས་ལ། ལྷའི་ལོངས་སྤྱོད་དང་ལྡན་ཡང་ཁྱིམ་ལ་མ་ཆགས་ཏེ། རབ་ཏུ་བྱུང་བར་དགའ་ནས་དེ་མ་ཐག་ཏུ་འབྲས་བུ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཤིན་ཏུ་


DKG074_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཉོན་ཅིག་སྔོན་འདས་པའི་ཕ་རོལ་ན་བསྐལ་པ་དགུ་བཅུ་རྩ་གཅིག་འདས་པའི་ཕ་རོལ་ན། སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སངས་རྒྱས་དེ་མྱ་ངན་ལས་འདས་ནས་གཟུགས་བརྙན་ལ་ཆོས་སྤྱོད་པའི་ཚེ། དགེ་སློང་ལྔ་བརྒྱ་ཙམ་ཞིག་ལྷན་ཅིག་ཏུ་འདི་སྐད་ཅེས་དམ་བཅས་སོ། །བདག་ཅག་གིས་དབེན་པའི་གནས་ཤིག་བཙལ་ལ་བྱང་ཆུབ་ཀྱི་ལམ་བསྒོམ་མོ་ཞེས་བྱས་ནས། །ཚལ་ཞིག་གི་ནང་ན་གསིང་མ་དང་། ཆུ་མིག་ཡོད་པ་ཞིག་ཏུ་དབེན་པའི་གནས་བཅས་ཏེ། དགེ་སློང་དེ་དག་ཡིད་འཐུན་པར་དགེ་སློང་གཅིག་ལ་འདི་སྐད་ཅེས་གསོལ་བ་བཏབ་བོ། །བདག་ཅག་གི་གནས་འདི་གྲོང་ཁྱེར་དང་རིང་བས་ཐམས་ཅད་བསོད་སྙོམས་ལ་འགྲོ་ན། ཀུན་ཉོན་མོངས་ཀྱིས་ཁྱོད་བསོད་ནམས་བྱ་བའི་ཕྱིར། ཁྱོད་ཀྱིས་ངེད་ཀྱི་བསོད་སྙོམས་སློང་ལ་བྱིན་ཅིག་ཅེས་སྨྲས་པ་དང་། དགེ་སློང་དེས་ཀྱང་དེ་ལྟར་བྱའོ་ཞེས་སྨྲས་ནས། རྟག་ཏུ་གྲོང་དུ་སོང་སྟེ། སྦྱིན་བདག་མང་པོ་ལ་ཆོས་བསྟན་ནས་བསོད་སྙོམས་བསླངས་སོ། །དེའི་ནང་ན་མི་བཞི་ཞིག་ལུས་ལས་སུ་རུང་བས་བསྒོམས་ནས། ཞག་དགུ་བཅུ་ལོན་པ་དང་འབྲས་བུ་ཐོབ་པར་གྱུར་ཏེ། དེ་དག་ཡིད་འཐུན་པར་དགེ་སློང་བསོད་སྙོམས་སློང་བ་ལ་འདི་སྐད་ཅེས་བསྒོའོ། །བདག་ཅག་ནི་ཁྱོད་ཀྱི་ཕྱིར་རབ་ཏུ་བདེ་སྟེ། ཐོབ་པར་རེ་བའི་ཏིང་ངེ་འཛིན་ཀྱང་ཐོབ་ཀྱིས། ཁྱོད་ཅིར་སྨོན་པ་ང་ལ་བྱོས་ཤིག་དང་། ཁྱོད་ཀྱི་རེ་བ་བསྐང་ངོ་། །ཞེས་བསྒོའོ་དེའི་ཚེ་དགེ་སློང་དེ་ཡང་རབ་ཏུ་དགའ་ནས་འདི་སྐད་ཅེས་སྨྲས་སོ། །བདག་ནི་མ་འོངས་པའི་དུས་སུ་ལྷའམ་མིར་སྐྱེས་ཀྱང་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་ཏེ། ཅི་དགོས་པ་ཐམས་ཅད་ཆེད་དུ་ལས་མ་བྱས་པར་ཐམས་ཅད་རང་སྐྱེས་པར་གྱུར་ཅིག།སློབ་དཔོན་འཕགས་པ་དང་ཕྲད་ནས་ཁྱོད་བས་ཀྱང་བརྒྱ་འགྱུར་སྟོང་འགྱུར་དུ་ཆོས་ཐོས་ནས། སེམས་ཡོངས་སུ་དག་ཅིང་འབྲས་བུ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་དགེ་སློང་དན་བྱི་ལས་དགེ་སློང་གྲོགས་པོ་བཞིའི་


DKG074_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་སྙོམས་སྦྱར་བས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལྷ་དང་མིའི་ནང་ན་ཆོ་རིགས་བཙུན་པར་སྐྱེས་ཏེ། དབུལ་ཞིང་ཕོངས་པའི་རིགས་སུ་མ་སྐྱེས་སོ། །ད་ཡང་ང་མཐོང་བ་ཙམ་གྱིས་དད་པ་ཐོབ་པར་གྱུར་ཏོ། །དེའི་ཚེ་ན་ཀུན་དགའ་བོ་དང་དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས། སོ་སོ་ནས་བརྩོན་འགྲུས་བརྩམས་པས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་བོ། །ཁ་ཅིག་ནི་རྒྱ་ཆེན་པོའི་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ལ། སོ་སོ་ནས་རྗེས་སུ་ཡི་རང་སྟེ་མངོན་པར་དགའོ། །ཁྱིམ་བདག་དན་བྱི་ལ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།

བཞི་བཅུ་གཉིས་པ། གླང་པོ་སྐྱོང་གི་ལེའུ།


DKG074_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་མ་ག་་ན། ཁྱིམ་བདག་ཅིག་ལ་བུ་ཞིག་བཙས་ཏེ། བཟང་བ་བལྟ་ན་སྡུག་པ་མཚན་དང་ལྡན་པ་ཞིག་གོ །ཁྱེའུ་ཐོག་མ་བཙས་པ་ན། བང་མཛོད་ཀྱི་ནང་ནས་ངོ་མཚར་བ་གསེར་གྱི་གླང་པོ་ཆེའི་ཕྲུག་གུ་ཞིག་རང་བྱུང་ངོ་། །ཁྱེའུའི་ཕ་མས་དེ་ལྟ་བུ་མཐོང་ནས་རབ་ཏུ་དགའ་སྟེ། མཚན་མཁན་ལ་བསྟན་ནས་མཚན་མཁན་གྱིས་ཀྱང་ཁྱེའུ་བསོད་ནམས་ཀྱི་མཚན་དང་ལྡན་པར་རྟོགས་སོ། །ཁྱེའུ་ཐོག་མ་བཙས་ན་ངོ་མཚར་ཆེ་བའི་ལྟས་ཅི་བྱུང་ཞེས་དྲིས་སོ། །ཁྱེའུའི་ཕ་མས་སྨྲས་པ། ཁྱེའུ་འདི་བཙས་པ་ན་བང་མཛོད་ནང་ནས་གསེར་གྱི་གླང་པོ་ཆེའི་ཕྲུག་གུ་ཞིག་རང་བྱུང་ངོ་ཞེས་སྨྲས་པ་དང་། ཁྱེའུའི་མིང་ཡང་གླང་པོ་སྐྱོང་ཞེས་བྱ་བར་བཏགས་སོ། །ཁྱེའུ་ཇི་ཙམ་དུ་ཆེར་སྐྱེས་པ་བཞིན་དུ་གསེར་གྱི་གླང་པོ་ཆེའི་ཕྲུག་གུ་ཡང་སྐྱེས་ཏེ། ཁྱེའུ་འགྲོ་ན་གླང་པོ་ཆེའི་ཕྲུག་གུ་ཡང་འགྲོ་སྟེ། རྟག་ཏུ་འགྲོགས་ཏེ། གླང་པོ་ཆེའི་ཕྲུག་གུའི་གཅིན་རྟུག་ཀྱང་གསེར་དུ་བྱུང་ངོ་། །གླང་པོ་སྐྱོང་ཆེར་སྐྱེས་ནས་ཁྱིམ་བདག་གི་བུ་ལྔ་བརྒྱ་ཙམ་དང་། རྟག་ཏུ་ལྷན་ཅིག་ཏུ་རྩེ་སྟེ། གཅིག་


DKG074_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་ཡིད་གཅུགས་པས་ཕྱི་ཞིག་ན་བྱིས་པ་དེ་དག་སོ་སོ་ནས། ཁྱིམ་ན་ངོ་མཚར་ཆེ་བ་ཅི་ཡོད་པའི་གཏམ་བྱས་པ་དང་། དེ་ལ་ཁ་ཅིག་ནི་ངའི་ཁྱིམ་ཁྲི་སྟན་དང་། ཉལ་བའི་མལ་ཆ་ལ་སོགས་པ་ཐམས་ཅད་རིན་པོ་ཆེ་སྣ་བདུན་ལས་བྱས་སོ། །ཞེས་ཟེར་རོ། །ཁ་ཅིག་ནི་ངའི་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པ་ཐམས་ཅད་རིན་པོ་ཆེ་ཞེས་ཟེར་རོ། །ཁ་ཅིག་ནི་ངའི་བང་མཛོད་རྟག་ཏུ་རིན་པོ་ཆེའི་དམ་པས་ཡོངས་སུ་གང་ངོ་ཞེས་ཟེར་ཏེ། ཀུན་གྱིས་སོ་སོ་ནས་ཡ་མཚན་ཅི་ཡོད་པ་རྣམ་པ་སྣ་ཚོགས་ཀུན་སྨྲས་པ་དང་། དེ་ནས་གླང་པོ་སྐྱོང་གིས་ཀྱང་བདག་ཐོག་མ་བཙས་པ་ན། གསེར་གྱི་གླང་པོ་ཆེའི་ཕྲུག་གུ་གཅིག་ཀྱང་རང་བྱུང་སྟེ། ཁོ་བོ་ཇི་ཙམ་སྐྱེས་པ་བཞིན་དུ་གླང་པོ་ཆེའི་ཕྲུག་གུ་ཡང་དེ་བཞིན་དུ་སྐྱེས་ཏེ། ཁོ་བོ་ཡང་བསམས་པ་བཞིན་དུ་འགྲོ་ལ་གླང་པོ་ཆེ་ལ་ཞོན་ནས་ལྟད་མོ་ལྟ་བ་ལ་སོགས་པ་གར་ཡང་ཡིད་བཞིན་དུ་མགྱོགས་པར་འགྲོ་སྟེ། གཅིན་རྟུག་ཀྱང་གསེར་དུ་འགྱུར་ཞེས་སྨྲས་པ་དང་། དེའི་ཚེ་ན་རྒྱལ་བུ་མ་སྐྱེས་དགྲ་ཡང་དེ་ན་འདུག་སྟེ། གླང་པོ་སྐྱོང་གིས་སྨྲས་པ་ཐོས་ནས་འདི་སྙམ་དུ་བདག་ནམ་རྒྱལ་པོར་གྱུར་པ་ན་གླང་པོ་ཆེ་འཕྲོག་གོ་སྙམ་བསམ་མོ། །ཕྱིས་རྒྱལ་པོར་གྱུར་ནས་གླང་པོ་སྐྱོང་བཀུག་སྟེ། ཁྱོད་ཀྱི་གླང་པོ་ཆེ་འོན་ཅིག་ཅེས་བསྒོའོ། །དེ་ནས་གླང་པོ་སྐྱོང་གི་ཕ་མས་བུ་ལ་འདི་སྐད་ཅེས་སྨྲས་སོ། །མ་སྐྱེས་དགྲ་ལྟ་བུ་ཁྲོ་ཞིང་གཏུམ་ལ་འདོད་པ་ཆེ་བ་མེད་དེ། བདག་གི་ཕ་ཡང་གསོད་ན་གཞན་ལྟ་ཅི་སྨོས་ཏེ། ད་ཁྱོད་ཀྱི་གླང་པོ་ཆེ་འཕྲོགས་པར་བྱས་ཀྱིས་གླང་པོ་ཆེ་སྦྱིན་དགོས་སོ། །བུས་སྨྲས་པ། བདག་གི་གླང་པོ་ཆེ་འདི་སུས་ཀྱང་འཕྲོགས་མི་ནུས་སོ་ཞེས་སྨྲས་ནས། སྤུན་གཉིས་གླང་པོ་ཆེ་ལ་ཞོན་ཏེ། རྒྱལ་པོའི་ཕོ་བྲང་གི་སྒོར་འོངས་པ་དང་། སྒོ་སྲུང་དག་གིས་རྒྱལ་པོ་ལ་གསོལ་ཏོ། །རྒྱལ་པོས་ཀྱང་གླང་པོ་སྐྱོང་སྤུན་གཉིས་ལ་གླང་པོ་ཆེ་མ་བབས་པར་ནང་དུ་ཤོག་ཤིག་ཅེས་བསྒོ་བ་དང་། གླང་པོ་སྐྱོང་སྤུན་གཉིས་གླང་པོ་ཆེ་ལ་ཞོན་ཏེ། ཕོ་བྲང་གི་ནང་དུ་འོངས་ནས་གདོད་བབས་སོ། །དེ་


DKG074_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ནས་རྒྱལ་པོ་ལ་ཕྱག་བྱས་ཏེ། བདེ་བར་གྱུར་ཅིག་ཅེས་སྨྲས་པ་དང་། རྒྱལ་པོ་རབ་ཏུ་དགའ་སྟེ། སྟན་བཏིང་བ་ལ་འདུག་ཏུ་བཅུག་སྟེ། བཟའ་བ་དང་། བཏུང་བ་བྱིན་ཏོ། །དེ་སྐད་ཅེས་སྨྲས་པ་དང་། འོག་ཏུ་ཕྱིར་འགྲོ་ཞེས་བྱས་པ་དང་། གླང་པོ་སྐྱོང་ལ་གསེར་གྱི་གླང་པོ་ཞོག་ལ་ཁྱེད་ཅག་ཕྱིར་དེང་ཤིག་ཅེས་བསྒོའོ། །དེ་ནས་གླང་པོ་སྐྱོང་ཡང་རྒྱལ་པོའི་བཀའ་བཞིན་གླང་པོ་ཆེ་ཕྱིར་བཞག་ནས། སྤུན་གཉིས་རྐང་པས་སོང་སྟེ། སྒོར་ཕྱིན་པ་ཙམ་ན་རིང་པོར་མ་ལོན་པར་གླང་པོ་ཆེ་དེ་ཡང་དེ་ཉིད་དུ་སའི་འོག་ཏུ་ནུབ་ནས་སྒོའི་ཕྱི་རོལ་ཏུ་གླང་པོ་སྐྱོང་གི་དྲུང་དུ་བྱུང་ངོ་། །གླང་པོ་སྐྱོང་སྤུན་གཉིས་དེ་ལ་ཕྱིར་ཞོན་ཏེ། ཁྱིམ་དུ་སོང་ནས་འདི་སྙམ་དུ་སེམས་སོ། །རྒྱལ་པོ་ཡང་ཆོས་བཞིན་དུ་བྱེད་པ་མ་ཡིན་ཏེ། མ་ཉེས་པ་དག་ཀྱང་ཁྲིམས་དང་སྦྱར་བས། བདག་གིས་ཀྱང་མ་སྟེར་ན། གླང་པོ་ཆེ་འདིའི་ཕྱིར་སྲོག་ལ་རྒལ་བར་འོང་གིས་ད་ལྟར་བཅོམ་ལྡན་འདས་འཇིག་རྟེན་ན་འགྲོ་བ་མང་པོ་ལ་བདེ་བའི་དོན་མཛད་པ་དེའི་དྲུང་དུ་སོང་ལ། ཁྱིམ་ནས་རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པ་ལ་དགའ་བར་བྱའོ་སྙམ་བསམས་ནས་ཕ་མ་ལ་རབ་ཏུ་བྱུང་བར་གསོལ་པ་དང་ཕ་མས་ཀྱང་རབ་ཏུ་བྱུང་བར་གནང་ནས། འཕྱི་ཕྱག་འཚལ་ཏེ་གསེར་གྱི་གླང་པོ་ཆེ་ལ་ཞོན་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གང་ན་བར་སོང་ངོ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་དང་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཇི་ལྟར་གྱུར་པ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་པར་འོངས་སོ་ཞེས་བཀའ་སྩལ་པས། སྐྲ་དང་ཁ་སྤུ་རང་བྱི་སྟེ། དགེ་སློང་དུ་གྱུར་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་ཅི་རིགས་པར་བསྟན་པས་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་གླང་པོ་སྐྱོང་ཡང་དགེ་སློང་གྲོགས་གཞན་དང་ལྷན་ཅིག་གང་ན་འདུག་ཀྱང་རུང་སྟེ། གསེར་གྱི་གླང་པོ་ཆེ་རྟག་ཏུ་དྲུང་ན་འདུག་གོ །དེའི་ཚེ་མཉན་དུ་ཡོད་པ་ན་འཁོད་པ་རྣམས་ཀྱིས་གསེར་གྱི་གླང་པོ་ཆེ་བལྟ་བའི་ཕྱིར་མི་ཐམས་ཅད་འདུ་བར་གྱུར་ཏེ། རྣལ་འབྱོར་


DKG074_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་ལ་འདུ་འཛི་མང་བར་གྱུར་ཏོ། །དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་དེའི་ཕྱིར་དགེ་སློང་གླང་པོ་སྐྱོང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ཀྱི་གླང་པོ་ཆེ་ལ་བལྟ་བས་མང་པོ་མི་དབེན་པར་གྱུར་གྱིས། མྱུར་དུ་སྤོང་ཤིག་ཅེས་བཀའ་སྩལ་པ་དང་། གླང་པོ་སྐྱོང་གིས་གསོལ་པ། བདག་གིས་ཀྱང་ཐོག་མ་ནས་སྤངས་པར་བསམས་ན། འགྲོར་མ་བཏུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་གླང་པོ་ཆེ་ལ་ལན་གསུམ་གྱི་བར་དུ་འདི་སྐད་ཅེས་སྨྲོས་ཤིག།ང་ནི་སྐྱེ་བའི་ཕྱོགས་ཟད་དེ་ད་ཕྱིན་ཅད་མི་དགོས་ཀྱི་སྨྲོས་ཤིག་དང་མེད་པར་འགྱུར་རོ། །གླང་པོ་སྐྱོང་གིས་ཀྱང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཞིན་དུ་གླང་པོ་ཆེ་ལ་མི་དགོས་ཞེས་ལན་གསུམ་གྱི་བར་དུ་སྨྲས་པས་གསེར་གྱི་གླང་པོ་ཆེ་ཡང་སའི་ནང་དུ་ནུབ་བོ། །དགེ་སློང་དག་ངོ་མཚར་དུ་གྱུར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དགེ་སློང་གླང་པོ་སྐྱོང་འདིས་སྔོན་བསོད་ནམས་ཀྱི་ཞིང་ཅི་ལྟ་བུ་ལ་དགེ་བའི་རྩ་བ་ཅི་ལྟ་བུ་ཞིག་བསྐྱེད་ན་འདི་ལྟ་བུའི་འབྲས་བུ་རྣམ་པར་སྨིན་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་དང་དགེ་སློང་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སོ་སོའི་སྐྱེ་བོ་གང་ཡང་རུང་བ་དཀོན་མཆོག་གསུམ་གྱི་བསོད་ནམས་ཀྱི་ཞིང་ལ། དགེ་བའི་ས་བོན་ཅུང་ཟད་ཅིག་བཏབ་ན་འབྲས་བུ་ཚད་མེད་པ་ཐོབ་པར་འགྱུར་རོ། །སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་གཤེགས་པའི་ཚེ་མི་ཚེ་ནི་ལོ་སྟོང་ཕྲག་ཉི་ཤུའི་བར་དུ་གནས་སོ། །སངས་རྒྱས་དེ་སེམས་ཅན་གྱི་དོན་བྱས་ནས། མྱ་ངན་ལས་འདས་པའི་འོག་ཏུ་རིང་བཕྲེལ་ལ་མཆོད་རྟེན་མང་དུ་བྱས་སོ། །དེའི་ཚེ་མཆོད་རྟེན་གཅིག་གི་ནང་ན་བྱང་ཆུབ་སེམས་དཔའ་ཐོག་མ་དགའ་ལྡན་གྱི་གནས་ནས་བབས་ཏེ། ཡུམ་གྱི་ལྷུམས་སུ་གཤེགས་པའི་ཚེ། བཅིབས་པ་གླང་པོ་ཆེ་དེའི་མཆོད་རྟེན་ཞིག་ཀྱང་ཡོད་དེ། དེའི་ཚེ་གླང་པོ་ཆེའི་གཟུགས་ཅུང་ཟད་ཅིག་ཞིག་ནས། དེ་ལ་མི་ཞིག་ཕྱག་


DKG074_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་དུ་འོངས་ནས། གླང་པོ་ཆེ་ཅུང་ཟད་ཅིག་ཞིག་པ་དེ་མཐོང་ནས་དེ་འདི་སྙམ་དུ་བསམས་སོ། །འདི་ནི་བྱང་ཆུབ་སེམས་དཔའི་བཅིབས་པའི་ཐེག་པ་ཡིན་ཏེ། འདི་ལྟར་ཞིག་པར་གྱུར་གྱི་བདག་གིས་སླར་གསོ་སྙམ་བསམས་ནས། འཇིམ་པ་ཞིག་སྦྱར་ཏེ་བསྐུས་པའི་སྟེང་དུ་ལྡོང་རོས་ཀྱིས་བསྐུས་ནས་འདི་སྐད་ཅེས་སྨོན་ལམ་བཏབ་བོ། །བདག་མ་འོངས་པའི་དུས་སུ་རྟག་ཏུ་ཆོ་རིགས་བཙུན་ཞིང་ལོངས་སྤྱོད་ཟད་མི་ཤེས་པ་དང་ལྡན་པར་ཤོག་ཤིག་ཅེས་སྨོན་ལམ་བཏབ་བོ། །མི་དེ་ཚེ་འཕོས་ནས་མཐོ་རིས་ཀྱི་ལྷར་སྐྱེས་ཏེ། ལྷ་ལས་ཚེའི་དུས་བྱས་ནས་མིའི་འཇིག་རྟེན་དུ་སྐྱེས་ཏེ། རྟག་ཏུ་ཆོ་རིགས་བཙུན་པ་དང་། ལོངས་སྤྱོད་དང་ལྡན་ཞིང་། བྱད་གཟུགས་འཕགས་པར་བཟང་སྟེ། གསེར་གྱི་གླང་པོ་ཆེ་རྟག་ཏུ་བསྲུངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་གླང་པོ་ཆེ་གསོས་པའི་མི་དེ་ནི་ད་ལྟར་དགེ་སློང་གླང་པོ་སྐྱོང་ཡིན་ནོ། །དེའི་ཚེ་གླང་པོ་ཆེ་གསོས་པ་དེ་ཚུན་ཅད་ལྷ་དང་མིའི་ནང་ན་ལོངས་སྤྱོད་ཆེན་པོ་དང་ལྡན་པར་གྱུར་ཏོ། །དཀོན་མཆོག་གསུམ་ལ་གུས་ཤིང་བསྟི་སྟང་བྱས་པས་ད་ལྟར་ང་དང་ཕྲད་ནས་བསྟན་པ་ལ་རབ་ཏུ་བྱུང་སྟེ། སེམས་ཀྱི་དྲི་མ་ཀུན་ཟད་དེ། དགྲ་བཅོམ་པར་གྱུར་ཏོ། །ཚེ་དང་ལྡན་པ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཐོས་ནས་ཐམས་ཅད་ཀྱིས་དོན་རྟོགས་ཤིང་ཁོང་དུ་ཆུད་དེ། ལ་ལ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཡང་ཐོབ་པར་གྱུར་ཏོ། །ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པའི་ས་ལ་གནས་སོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ་། །གླང་པོ་སྐྱོང་གི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།

བཞི་བཅུ་གསུམ་པ། བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ།


DKG074_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བཅུ་གཉིས་པ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཞབས་འབྲིང་དུ་ཁྲིད་དེ། བསོད་སྙོམས་ལ་གཤེགས་པ་ན། བཅོམ་ལྡན་འདས་གསོལ་བའི་ན་བཟའ་རྡོལ་བ་ཅུང་ཟད་ཅིག་ཡོད་དེ། དེ་ཡང་སེམས་ཅན་འདུལ་བར་རིགས་པའི་དོན་དུ་དགོངས་སོ། །བསོད་སྙོམས་བསླངས་ནས་སླར་གཤེགས་པའི་ཚེ། བྲམ་ཟེ་ཞིག་འོངས་ནས། བཅོམ་ལྡན་འདས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་མཚན་ལྷང་ངེ་ལྷན་ནེར་གསལ་བ་ལ་བརྟགས་ནས། བཅོམ་ལྡན་འདས་ཀྱི་ན་བཟའ་ཅུང་ཟད་ཅིག་རྡོལ་བ་མཐོང་ནས་སྦྱིན་པ་བྱ་བར་བསམས་ཏེ། ཁྱིམ་ན་རས་དཀར་པོ་ཞིག་ཡོད་པ་ལས་དུམ་བུ་གཅིག་བཅད་ནས། བཅོམ་ལྡན་འདས་ལ་ཕུལ་ཏེ། རས་ཀྱི་དུམ་བུ་འདིས་ན་བཟའ་ཞིག་ལྷན་པ་མཛོད་ཅིག་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་དེ་ལ་ཐུགས་བརྩེ་བའི་སླད་དུ་བཞེས་པ་དང་། བྲམ་ཟེ་རབ་ཏུ་དགའ་ནས་མགུ་རངས་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་ཐུགས་བརྩེ་བའི་སླད་དུ་ལུང་བསྟན་ཏེ། བྲམ་ཟེ་ཁྱོད་མ་འོངས་པའི་དུས་ན་བསྐལ་པ་གྲངས་མེད་པ་བརྒྱ་འདས་ནས་མངོན་པར་འཚང་རྒྱ་སྟེ། མཚན་ཡང་མངོན་པར་ཤེས་པ་བཟང་པོ་ཞེས་བྱ་སྟེ། སྟོབས་བཅུ་རྫོགས་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་། རབ་ཏུ་དགའ་ནས་སོང་ངོ་། །དེའི་ཚེ་ཡུལ་དེ་ན་ཆོ་རིགས་བཙུན་པའི་ཚོང་དཔོན་དང་། ཁྱིམ་བདག་ལ་སོགས་པས་འདི་སྙམ་དུ་བསམ་མོ། །ཅིའི་སླད་དུ་བཅོམ་ལྡན་འདས་སྦྱིན་པ་ཅུང་ཟད་ཙམ་གྱི་ལན་རབ་ཏུ་ཆེ་བ་བྱིན་སྙམ་བསམས་ནས། སོ་སོ་ནས་རས་དཀར་པོ་བཤམས་ནས། དེ་བཞིན་གཤེགས་པའི་ན་བཟའ་རྣམ་པ་སྣ་ཚོགས་བྱས་ནས། སངས་རྒྱས་ལ་ཕུལ་ལོ། །ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་སྔོན་དགེ་བའི་རྩ་བ་ཅི་ཞིག་མཛད་ན། ཐམས་ཅད་ཀྱིས་ན་བཟའ་མང་པོ་ཕུལ་ཞེས་གསོལ་པ་དང་། བཅོམ་


DKG074_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ཁྱོད་ལ་བསྟན་པར་བྱའོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་ཚད་མེད་པའི་ཕ་རོལ་ན། སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། འཁོར་སྟོང་ཕྲག་དགུ་བཅུ་དང་། ལྷན་ཅིག་ཏུ་བཞུགས་སོ། །དེའི་ཚེ་རྒྱལ་པོ་ནི་བན་དུ་ཞེས་བྱ་སྟེ། དེའི་ཚེ་བློན་པོ་ཆེན་པོ་གཅིག་གིས་སངས་རྒྱས་དང་དགེ་འདུན་དང་བཅས་ཏེ། ཟླ་བ་གསུམ་གྱི་བར་དུ་བཞུགས་པར་སྤྱན་དྲངས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་གནང་བ་དང་། བློན་པོ་དེ་ཕྱིར་ཁྱིམ་དུ་འོངས་ནས། ཡོ་བྱད་རྣམས་སྦྱོར་ཞིང་ཤོམ་མོ། །དེའི་ཚེ་རྒྱལ་པོས་ཀྱང་སངས་རྒྱས་དང་། དགེ་འདུན་སྤྱན་དྲང་བར་བསམས་ཏེ། སངས་རྒྱས་གང་ན་བར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དང་། འཕགས་པའི་དགེ་འདུན་དང་བཅས་ཏེ། ཟླ་བ་གསུམ་གྱི་བར་དུ་བདག་གི་མཆོད་པ་བཞེས་ཤིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་སྔར་བློན་པོ་ཆེན་པོས་སྤྱན་དྲངས་པས་གཤེགས་པར་བྱས་ཏེ། སྐྱེས་བུ་ཆེན་པོའི་ཆོས་ཀྱི་སྔར་གནང་བ་ལས་འགལ་བར་བྱར་མི་རུང་ངོ་། །དེ་ནས་རྒྱལ་པོ་ཕྱིར་ཕོ་བྲང་དུ་འོངས་ཏེ། བློན་པོ་ཆེན་པོ་ལ་འདི་སྐད་ཅེས་བསྒོའོ། །ཡུལ་འདི་ན་ང་ལས་ཆེ་བ་མེད་དེ། བཅོམ་ལྡན་འདས་ངའི་ཡུལ་ན་བཞུགས་པ། ངས་སྔར་མཆོད་པ་བྱ་བར་བསམས་ཏེ། སྤྱན་དྲངས་ནས་སྔར་ཁྱོད་ཀྱིས་སྤྱན་དྲངས་ཀྱི་ཁྱོད་རེ་ཞིག་སྡོད་ཅིག་ངས་སྔར་སྤྱན་དྲངས་པའི་འོག་ཏུ་ཁྱོད་ཀྱིས་སྤྱན་དྲོངས་ཤིག་ཅེས་བསྒོ་བ་དང་། བློན་པོ་དེས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཁྱོད་ཀྱིས་བདག་གི་ལུས་དང་སྲོག་ཀྱང་མི་ཉེས་པར་གཉའ་སྤྱོད་ལ། དེ་བཞིན་གཤེགས་པ་ཡང་རྟག་པར་བཞུགས་པ་དང་། རྒྱལ་པོའི་ཡུལ་ཡང་རྟག་ཏུ་བདེ་སྐྱིད་ཅིང་ཡི་འགྲོག་མི་འབྱུང་ཞིང་གཉའ་


DKG074_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ན་བདག་ཀྱང་རེ་ཤིག་སྡོད་དོ་ཞེས་གསོལ་པ་དང་། རྒྱལ་པོས་འདི་ནི་མི་རུང་སྙམ་བསམས་ནས་བདག་ཅག་གཉིས་ཉིན་རེས་ཀྱི་སྤྱན་དྲང་ངོ་ཞེས་བསྒོ་ནས་ཉི་མ་གཅིག་ནི་རྒྱལ་པོས་སྤྱན་དྲངས། ཉི་མ་གཅིག་ནི་བློན་པོས་སྤྱན་དྲངས་ཏེ། གཉི་གའི་རེ་བ་བསྐངས་སོ། །དེའི་ཚེ་བློན་པོ་ཆེན་པོ་དེས་དེ་བཞིན་གཤེགས་པ་ལ་ཆོས་གོས་སྨད་གསུམ་ཕུལ་ནས་དགེ་སློང་གི་དགེ་འདུན་སྟོང་ཕྲག་དགུ་བཅུ་རྣམས་ལ་ཡང་ཆོས་གོས་བདུན་པ་རེ་རེ་སྦྱར་ཏེ་ཕུལ་ལོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་བློན་པོ་ཆེན་པོས་ཆོས་གོས་སྦྱར་ཏེ། སངས་རྒྱས་དང་དགེ་འདུན་རྣམས་ལ་ཕུལ་བ་དེ་གཞན་དུ་མ་སེམས་ཤིག།དེ་ནི་ད་ལྟར་ང་ཡིན་ནོ། །ང་ནི་སྐྱེ་བ་ཐམས་ཅད་དུ་བསོད་ནམས་བྱེད་པ་ལ་སྐྱོ་བ་མེད་པས་དེ་དག་ཐམས་ཅད་ཀྱི་རྣམ་པར་སྨིན་པ་ཡང་མྱོང་ནས་ཆུད་མ་ཟོས་སོ། །ཀུན་དགའ་བོ་ལ་སོགས་པ་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས། བསོད་ནམས་ཀྱི་ལས་བྱེད་པ་ལ་བརྩོན་པར་གྱུར་ཏེ། མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ་། །བྲམ་ཟེས་ལྷན་པ་ཕུལ་བའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།

བཞི་བཅུ་བཞི་པ། སངས་རྒྱས་ཐོག་མ་བྱམས་པའི་ཐུགས་བསྐྱེད་པའི་ལེའུ།


DKG074_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་དགེ་སློང་དག་དབྱར་ཚུལ་ལས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་སྙུན་མི་མངའ་འམ་ཞེས་སྙུན་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་བྱམས་པའི་ཐུགས་ཀྱིས་སྤྲོ་བ་བསྐྱེད་དེ། དགེ་སློང་ཁྱོད་སྡུག་བསྔལ་བར་མ་གྱུར་ཏམ། ཞེས་ཤིན་ཏུ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་ཀྱིས་བཀའ་སྩལ་པ་དང་། ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་ཐུགས་བརྩེ་ཞིང་བྱམས་པའི་ཐུགས་བསྐྱེད་ནས་ཡུན་ཅི་སྲིད་ཅིག་ལགས། བཅོམ་ལྡན་འདས་ཀྱིས་ཀུན་


DKG074_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཤེས་པར་འདོད་ན་ཁྱོད་ལ་བསྟན་པར་བྱའོ། །སྔོན་འདས་པའི་དུས་བསྐལ་པ་གྲངས་མེད་པ་བརྗོད་དུ་མེད་པའི་ཕ་རོལ་ན། སྡིག་པ་བྱས་པའི་མི་གཉིས་ཤིག་སེམས་ཅན་དམྱལ་བར་ལྟུང་སྟེ། དམྱལ་བའི་སྲུང་མས་ལྕགས་ཀྱི་ཤིང་རྟ་འདྲེན་དུ་བཅུག་ནས། ལྕགས་ཐོས་བརྡེགས་ཏེ། ཕན་ཚུན་དུ་མི་དལ་བར་རྒྱུག་ཏུ་བཅུག་གོ །དེ་ལ་མི་གཅིག་སྟོབས་ཆུང་སྟེ། འདྲེན་མ་ནུས་ནས་འདུག་པ་དང་། ལྕགས་ཀྱི་ཐོ་བས་བརྡེགས་ཏེ། ཚེ་བརྗེས་ནས་ཕྱིར་སོས་སོ། །གྲོགས་པོ་གཅིག་གིས་དེ་ལྟ་བུའི་སྡུག་བསྔལ་མཐོང་ནས། བྱམས་ཤིང་སྙིང་རྗེ་བའི་སེམས་བསྐྱེད་དོ། །དམྱལ་བའི་སྲུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བདག་འབའ་ཞིག་གིས་ཤིང་རྟ་འདི་དྲང་གིས་མི་འདི་ཐོང་ཤིག་ཅེས་སྨྲས་པ་དང་། སྲུང་མ་ཁྲོས་ནས་ལྕགས་ཀྱི་ཐོ་བས་བརྡེགས་ཏེ། དེར་ཚེ་འཕོས་པ་དང་། སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་སེམས་ཅན་དམྱལ་བ་ན་འདུག་པ་ལས། བྱམས་ཞིང་སྙིང་བརྩེ་བའི་སེམས་བསྐྱེད་པ་དེ་ནི་ད་ལྟར་ང་ཡིན་ནོ། །ངས་དེའི་ཚེ་སེམས་ཅན་དམྱལ་བ་ན་དེ་ལ་ཐོག་མར་སྙིང་བརྩེ་བའི་སེམས་བསྐྱེད་དེ། སེམས་ཅན་ཐམས་ཅད་ལ་ཡང་ད་ཙམ་གྱི་བར་དུ་ཐུགས་བརྩེ་ཞིང་བྱམས་པའི་སེམས་བསྐྱེད་དོ། །ཀུན་དགའ་བོ་དང་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །སངས་རྒྱས་ཐོག་མ་བྱམས་པའི་ཐུགས་བསྐྱེད་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།

བཞི་བཅུ་ལྔ་པ། རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ།


DKG074_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་། ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འཇོ་སྒེག་ཅིང་། རྙེད་པ་དང་གྲགས་པ་ལ་ཆགས་


DKG074_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ལྷག་པར་བྱས་པ་མང་དུ་འཆང་ཞིང་། ཆོག་མི་ཤེས་པར་བསྩོགས་པར་གྱུར་པ། བཅོམ་ལྡན་འདས་ཀྱིས་གཟིགས་ནས། དགེ་སློང་རྣམས་རྙེད་པ་ལ་ཆགས་པའི་སྐྱོན་འདི་དག་གསུངས་སོ། །གང་རྙེད་པ་ལ་ཆགས་པ་ནི་ལུས་ཞིག་ནས་ཚེ་འཕོས་མ་ཐག་ཏུ་ངན་སོང་གསུམ་དུ་ལྟུང་སྟེ། སྡུག་བསྔལ་ཚད་མེད་པ་མྱོང་བར་འགྱུར་རོ། །དེ་བས་ན་ངས་མངོན་དུ་དྲན་པ་སྔོན་འདས་པའི་དུས་ན། འདོད་པའི་དབང་གིས་ལྟུང་བར་གྱུར་ཏེ། སྡུག་བསྔལ་མང་པོ་མྱོང་ངོ་། །དེ་ནས་ཀུན་དགའ་བོས་པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སྔོན་བཅོམ་ལྡན་འདས་ལ་འདོད་པ་ལ་ཆགས་པའི་དབང་གིས་ལྟུང་བར་གྱུར་པ་ཅི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་ཚད་མེད་མཐའ་ཡས་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་གུས་པ་དེ་ཞེས་བྱ་བ་འཛམ་བུའི་གླིང་གི་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་ལ་དབང་བྱེད་དེ། བཙུན་མོ་དང་ཕོ་བྲང་སླས་ནི་སྟོང་ཕྲག་ཉི་ཤུ་ཡོད་དོ། །བློན་པོ་ཆེན་པོ་ནི་སྟོང་ཕྲག་བཅུ་ཡོད་དོ། །དུས་གཞན་ཞིག་ན་རྒྱལ་པོའི་སྤྱི་བོ་ལ་སྒོ་ང་འདྲ་བའི་ཆུ་བུར་ཅིག་བྱུང་སྟེ། གསལ་བ་ཡོངས་སུ་དག་པ་ན་ཚ་མེད་དོ། །བགས་ཀྱིས་ཇེ་ཆེ་ཇེ་ཆེར་སྐྱེས་ཏེ། ཀུ་བ་ཙམ་དུ་གྱུར་པ་དང་བཀས་པ་ན། ནང་ནས་ཁྱེའུ་བལྟ་ན་སྡུག་པ་མཚན་དང་ལྡན་པ་སྐྲ་མཐོན་མཐིང་དུ་འདུག་པ། ལུས་ཀྱི་མདོག་གསེར་ལྟ་བུར་འདུག་པ་ཞིག་བྱུང་བར་གྱུར་ཏེ། མཚན་མཁན་གྱིས་བལྟས་ནས་བུ་འདི་ནི་ངོ་མཚར་ཆེ་བའི་ཡོན་ཏན་གྱི་མཚན་དང་ལྡན་ཏེ། གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞིང་གླིང་བཞི་ལ་དབང་བྱེད་པར་འགྱུར་རོ་ཞེས་སྨྲས་ནས། ཁྱེའུའི་མིང་ཡང་སྤྱི་བོ་སྐྱེས་ཞེས་བཏགས་སོ། །ཆེར་སྐྱེས་ནས་ཡོན་ཏན་དང་ལྡན་པས་རྒྱལ་པོས་ཀྱང་ཡུལ་གཅིག་གི་རྒྱལ་ཕྲན་དུ་བཅུག་གོ །དུས་གཞན་ཞིག་


DKG074_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྒྱལ་པོ་ཆེན་པོ་ནད་ཀྱིས་བཏབ་པ་དང་། རྒྱལ་ཕྲན་ཀུན་འདུས་ནས་ནད་གཡོག་དང་དཔྱད་བྱས་ཀྱང་མ་ཕན་ཏེ། དེ་ཚེའི་དུས་བྱས་སོ། །དེ་ནས་རྒྱལ་ཕྲན་རྣམས་འདུས་ཏེ། སྤྱི་བོ་སྐྱེས་ག་ན་འདུག་པར་སོང་ནས་ཕྱིན་པ་དང་། འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་ནི་ཚེའི་དུས་བྱས་ཀྱིས། ཁྱོད་རྒྱལ་པོར་གཤེགས་སུ་གསོལ་ཞེས་སྨྲས་པ་དང་། སྤྱི་བོ་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ང་རྒྱལ་པོར་འགྱུར་བའི་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། རྒྱལ་ཆེན་བཞི་དང་། བརྒྱ་བྱིན་ལ་སོགས་པས་ང་ལ་གསོལ་བ་བཏབ་སྟེ། དབང་བསྐུར་བར་ཤོག་ཤིག་ཅེས་སྨྲས་མ་ཐག་ཏུ་རྒྱལ་ཆེན་བཞིའི་རྒྱལ་པོ་ཡང་བབས་ནས། རིན་པོ་ཆེའི་བུམ་པ་སྤོས་ཆུས་བཀང་བ་ཐོགས་ཏེ། སྤྱི་བོར་བླུགས་ནས་དབང་བསྐུར་རོ། །བརྒྱ་བྱིན་ལྷའི་དབང་པོ་ཡང་བབས་ནས། རིན་པོ་ཆེའི་ཅོད་པན་ཕུལ་ཏེ། མགོ་ལ་བཞག་ནས་ཡོན་ཏན་བསྔགས་སོ། །དེ་ནས་རྒྱལ་ཕྲན་རྣམས་ཀྱིས་དབུས་ཀྱི་ཡུལ་ཆེན་པོར་གཤེགས་པར་གསོལ་པ་དང་། སྤྱི་བོ་སྐྱེས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ། །བདག་ལ་རྒྱལ་པོར་འགྱུར་བའི་དབང་ཐང་ཞིག་ཡོད་ན། ཡུལ་ས་ངའི་དྲུང་དུ་འོང་བའི་རིགས་ཀྱིས། ང་ཡུལ་ས་སྙེགས་སུ་མི་འགྲོའོ་ཞེས་སྨྲས་པ་དང་། དེ་མ་ཐག་ཏུ་ཡུལ་ཆེན་པོ་རྒྱལ་པོའི་ཕོ་བྲང་དང་། སྐྱེད་མོས་ཚལ་དང་། ཁྲུས་ཀྱི་རྫིང་བུ་ལ་སོགས་ཏེ། དགོས་པ་ཐམས་ཅད་དེར་བྱུང་བར་གྱུར་ནས། གསེར་གྱི་འཁོར་ལོ་དང་། གླང་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་ལ་སོགས་པ་ཐམས་ཅད་འདུས་ནས་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་ཏེ། ཆོས་བཞིན་དུ་སྲིད་འཚོའོ། །དེ་ནས་མི་མང་པོ་དག་ས་བརྐོ་ཞིང་། ཞིང་རྨོས་པ་མཐོང་ནས་བློན་པོ་རྣམས་ལ་འདི་དག་ཅི་བྱེད་ཅེས་བཀའ་སྩལ་པ་དང་། སྨྲས་པ་ཇི་ཙམ་དུ་སྲོག་དང་བཅས་པ། ཐམས་ཅད་ཟས་ཀྱིས་འཚོ་བས་འདི་དག་ཀྱང་ཞིང་རྨོས་ནས་འཚོ་


DKG074_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་དོ། །དེ་ནས་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ང་ལ་རྒྱལ་པོར་གྱུར་པའི་བསོད་ནམས་ཀྱི་དབང་ཐང་ཞིག་ཡོད་ན། ལས་བྱ་མི་དགོས་པར་རོ་བརྒྱ་དང་ལྡན་པའི་ཁ་ཟས་རང་ཡོད་པར་གྱུར་ཏེ། ཐམས་ཅད་ཆོག་ཅིང་འགྲངས་ནས། བཀྲེས་པ་དང་། སྐོམ་པ་མེད་པར་གྱུར་ཅིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་བཟའ་བ་དང་། བཏུང་བ་ཡོད་པར་གྱུར་ཏོ། །དེ་ནས་ཡང་འཆག་ཏུ་སོང་སོང་བ་ལས་ཐ་ག་པ་དག་ཅིག་འཁལ་བ་དང་འཐག་པ་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་པ་དང་། སྨྲས་པ་ཁ་ཟས་ནི་རང་ཡོད་པར་གྱུར་ལ། ལུས་བརྒྱན་པའི་གོས་མེད་དེ། འདི་དག་ནི་བགོ་བའི་གོས་བྱེད་དོ། །དེ་ནས་རྒྱལ་པོས་ཡང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་རྒྱལ་པོར་གྱུར་པའི་དབང་ཐང་ཞིག་ཡོད་ན་བགོ་བའི་གོས་རང་ཡོད་པར་གྱུར་ཏེ། དབུལ་ཕོངས་པ་ཐམས་ཅད་ཀྱང་གོས་ཀྱིས་ཆོག་པར་ཤོག་ཤིག་ཅེས་སྨྲས་སོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཤིང་ཐམས་ཅད་ལས་བགོ་བའི་གོས་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པར་རང་སྐྱེས་ཏེ། མི་ཐམས་ཅད་ཀྱི་བགོས་ཀྱང་ཟད་མི་ཤེས་པར་བྱུང་ངོ་། །དེ་ནས་ཡང་རྒྱལ་པོ་འཆག་ཅིང་སོང་སོང་བ་ལས། མི་དག་རོལ་མོའི་ཆ་བྱད་ཐོགས་པ་མཐོང་ནས། འདི་དག་ཅི་ཡིན་ཞེས་དྲིས་པ་དང་། སྨྲས་པ་ཁ་ཟས་དང་བགོ་བའི་གོས་ནི་ཆོག་པར་ཡོད་ན། རོལ་མོ་མང་པོ་བྱེད་དེ་འདི་དག་རང་དགའ་ཞིང་རྩེ་བའི་རོལ་མོ་ཡིན་ནོ། །རྒྱལ་པོས་སྨྲས་པ། གལ་ཏེ་བདག་ལ་རྒྱལ་པོའི་དབང་ཐང་ཞིག་ཡོད་ན། རོལ་མོ་དང་དམ་པའི་ཆ་བྱད་ཐམས་ཅད་རང་ཡོད་པར་གྱུར་ཅིག་ཅེས་སྨྲས་མ་ཐག་ཏུ་ཤིང་ཐམས་ཅད་ཀྱི་ཡལ་ག་ལས་རོལ་མོའི་ཆ་བྱད་མང་པོ་འཕྱང་སྟེ། རོལ་མོ་འདོད་པ་ཞིག་ཡོད་ན། རང་འཁྲོལ་ཞིང་སྙན་པ་དང་། ཐོས་པ་ཙམ་གྱིས་དགའ་རངས་པར་གྱུར་ཏོ། །རྒྱལ་པོའི་བསོད་ནམས་དང་དབང་ཐང་ཆེན་པོས་ནམ་མཁའ་ལས་རིན་པོ་ཆེ་སྣ་བདུན་ཆར་བཞིན་དུ་བབས་ནས། ཡུལ་ཀུན་གང་ནས་རྒྱལ་པོས་བློན་པོ་དག་ལ་འདི་ལྟ་བུར་གྱུར་པ་འདི་སུའི་ཡོན་ཏན་ཞེས་


DKG074_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པ་དང་། བློན་པོ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་རྒྱལ་པོའི་ཡོན་ཏན་དང་། སེམས་ཅན་གྱི་བསོད་ནམས་ཀྱིས་འདི་ལྟར་གྱུར་ཏོ་ཞེས་སྨྲས་པ་དང་། རྒྱལ་པོས་ཡང་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་སེམས་ཅན་གྱི་བསོད་ནམས་ཀྱི་མཐུས་ཡིན་ན། རིན་པོ་ཆེ་འདི་དག་ཀུན་ཏུ་འབབས་པར་གྱུར་ཅིག།གལ་ཏེ་ང་འབའ་ཞིག་གི་དབང་ཐང་ཡིན་ན་ཕོ་བྲང་གི་ནང་དུ་འབབ་པར་ཤོག་ཤིག་ཅེས་སྨྲས་པ་དང་། གཞན་ཀུན་ནས་འབབ་པ་ནི་ཆད་ཀྱི། ཕོ་བྲང་གི་ནང་འབའ་ཞིག་ཏུ་ཉིན་ཞག་བདུན་གྱི་བར་དུ་བབ་བོ། །རྒྱལ་པོ་སྤྱི་བོ་སྐྱེས་འཛམ་བུའི་གླིང་དུ་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་འདོད་པ་ལྔ་ལ་ལོངས་སྤྱོད་པ་ལས། གཞན་ཞིག་ན་ཕོ་བྲང་གི་སྒོར་གནོད་སྦྱིན་ཞིག་བྱུང་སྟེ། སྐད་ཆེན་པོར་འདི་སྐད་ཅེས་སྨྲས་སོ། །ཤར་ཕྱོགས་ན་ཤར་གྱི་ལུས་འཕགས་གླིང་ཞེས་བྱ་བ་ཡོད་དེ། དེ་ན་ཡང་བདེ་སྐྱིད་ལ་དཔེ་མེད་པར་བཟང་གིས་རྒྱལ་པོ་ཆེན་པོ་དེར་ཡང་རོལ་ཅིང་གཤེགས་པའི་རིགས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་ཡང་དེར་འགྲོ་བར་དགའ་ནས། གསེར་གྱི་འཁོར་ལོ་ནམ་མཁའ་ལ་འཕགས་པ་དང་། བློན་པོ་དང་། རིན་པོ་ཆེ་སྣ་བདུན་ལ་སོགས་པ་ཡང་རྗེས་སུ་འཕགས་ཏེ། ཤར་གྱི་ལུས་འཕགས་གླིང་དུ་ཕྱིན་ཏོ། །རྒྱལ་ཕྲན་ཕྱག་མ་འཚལ་བ་རྣམས་ཀྱང་ཐམས་ཅད་ཕྱག་འཚལ་ནས། ལུས་འཕགས་ཀྱི་གླིང་ན་འདོད་པ་ལྔ་ལ་ལོ་སྟོང་ཕྲག་བརྒྱད་ཅུའི་བར་དུ་ལོངས་སྤྱོད་དོ། །དེ་ནས་ཡང་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །ནུབ་ཕྱོགས་ན་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བ་ཡོད་དེ། དེ་ན་ཡང་རབ་ཏུ་བདེ་སྐྱིད་ཀྱི་རྒྱལ་པོ་ཆེན་པོ་ཡང་དེར་གཤེགས་པའི་རིགས་སོ་ཞེས་སྨྲས་སོ། །རྒྱལ་པོ་ཡང་དེར་འགྲོ་བར་དགའ་ནས། ནུབ་ཀྱི་བ་ལང་སྤྱོད་དུ་ལོ་སྟོང་ཕྲག་བཅུའི་བར་དུ་བདེ་བ་ལ་ལོངས་སྤྱོད་དོ། །དེ་ནས་ཡང་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །བྱང་ཕྱོགས་ན་བྱང་གི་སྒྲ་མི་སྙན་ཞེས་བྱ་བ་ཡོད་དེ། དེ་ན་གནས་པའི་མི་དག་འབྱོར་པ་ལོ་ལེགས་པ་ལོངས་སྤྱོད་དང་ལྡན་གྱིས་རྒྱལ་པོ་ཡང་ཡུལ་དེར་གཤེགས་པའི་རིགས་


DKG074_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཞེས་སྨྲས་པ་དང་། རྒྱལ་པོ་འགྲོ་བར་དགའ་ནས། བྱང་གི་སྒྲ་མི་སྙན་དུ་འདོད་པ་ལྔའི་དམ་པ་ལ་ལོ་སྟོང་ཕྲག་བརྒྱད་ཀྱི་བར་དུ་ལོངས་སྤྱོད་པར་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་གནོད་སྦྱིན་གྱིས་འདི་སྐད་ཅེས་སྨྲས་སོ། །རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་རྒྱལ་པོའི་གནས་ཀྱང་རབ་ཏུ་བདེ་བ་ནི་ཚད་བྱར་ཡང་དཀའོ། །རྒྱལ་པོ་དེར་ཡང་གཤེགས་པའི་རིགས་སོ་ཞེས་སྨྲས་པ་དང་། རྒྱལ་པོ་དང་བློན་པོ་དང་དཔུང་གི་ཚོགས་རྣམ་བཞི་དང་བཅས་ཏེ། ནམ་མཁའ་ལ་འཕགས་ཏེ་དོང་ངོ་། །རྒྱལ་ཆེན་བཞི་པོས་རྒྱང་མ་ནས་མཐོང་བ་དང་། འཇིགས་སྐྲག་ནས་དཔུང་གི་ཚོགས་བཤམས་ཏེ། ཕྱི་རོལ་ཏུ་བྱུང་བ་དང་། ཅི་བྱར་ཡང་མེད་ནས་ཕྱིར་གནས་སུ་དོང་ངོ་། །སྤྱི་བོ་སྐྱེས་དེར་ཡང་ལོ་སྟོང་ཕྲག་བཅུའི་བར་དུ་འདོད་པ་ལ་ལོངས་སྤྱོད་ནས་ཡང་འདི་སྙམ་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་འགྲོ་བར་བསམས་ནས། འཁོར་དང་བཅས་ཏེ་སྟེང་གི་ནམ་མཁའ་ལ་འཕགས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་སོང་ངོ་། །དེའི་ཚེ་དྲང་སྲོང་ལྔ་བརྒྱ་ཙམ་ཞིག་རི་རབ་ལྷུན་པོའི་སུལ་ན་གནས་པ་ལས་རྒྱལ་པོའི་གླང་པོ་ཆེ་དང་། རྟའི་གཅིན་རྟུག་ལྷུང་བས་དྲང་སྲོང་དེ་དག་གི་ལུས་ལ་རེག་པར་གྱུར་པས། དེ་དག་གཅིག་ལ་གཅིག་འདི་ཅི་ཞེས་དྲིས་པ་དང་། དྲང་སྲོང་མཁས་པ་བློ་དང་ལྡན་པ་ཞིག་གིས་དྲང་སྲོང་གཞན་དག་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་སྤྱི་བོ་སྐྱེས་ཡར་སུམ་ཅུ་རྩ་གསུམ་ལྷའི་རིས་སུ་སོང་ངོ་ཞེས་ཟེར་གྱིས། འདི་ནི་གདོན་མི་ཟ་བར་དེ་དག་གི་གླང་པོ་ཆེ་དང་རྟའི་མི་གཙང་བ་ཡིན་ནོ་ཞེས་ཟེར་ནས། དྲང་སྲོང་རྣམས་ཁྲོས་ཏེ་གསང་སྔགས་དང་ཕྱག་རྒྱས་བཅིངས་པས་སྤྱི་བོ་སྐྱེས་དང་འཁོར་མང་པོ་འགྲོར་མེད་པར་བྱས་སོ། །རྒྱལ་པོས་ཀྱང་དེ་ལྟར་ཤེས་ཤིང་རིག་ནས་འདི་སྐད་ཅེས་དམ་བཅས་སོ། །གལ་ཏེ་བདག་ལ་བསོད་ནམས་དང་དབང་ཐང་ཞིག་ཡོད་ན། དྲང་སྲོང་དེ་དག་ངའི་ཐད་དུ་ལྷགས་ཏེ། ང་ལ་མཆོད་པར་ཤོག་ཤིག་ཅེས་སྨྲས་ནས། རྒྱལ་པོའི་ཡོན་ཏན་གྱི་ཆེ་བའི་བྱིན་དང་། ཤུགས་ཀྱིས་དྲང་སྲོང་ལྔ་བརྒྱ་པོ་


DKG074_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་གྱིས་དེར་ལྷགས་ནས། གཡོག་བྱས་ཏེ། སུམ་ཅུ་རྩ་གསུམ་ལྷའི་རིས་སུ་དོང་ངོ་། །ཡར་མ་ཕྱིན་པར་རྒྱང་མ་ནས་ལྷའི་ཕོ་བྲང་ཡིད་དུ་འོང་བ་ཤིན་ཏུ་བཀྲ་བར་སྣང་བ་ལྷང་ངེ་ལྷམ་མེར་མཐོང་བར་གྱུར་ཏོ། །ལྷའི་ཕོ་བྲང་ཡིད་དུ་འོང་བ་ལ་སྒོ་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་ཡོད་དེ། ལྷ་རྣམས་འཇིགས་དངངས་ནས། སྒོ་རྣམས་བཅད་དེ། ལྕགས་ཀྱི་གཏན་པ་སུམ་རིམ་བཅུག་གོ །སྤྱི་བོ་སྐྱེས་དཔུང་གི་ཚོགས་དང་བཅས་སུ་ཐོགས་པ་མེད་པར་དེར་ཕྱིན་པ་དང་། རྒྱལ་པོས་ཀྱང་དུང་བུས་ཏེ་གཞུ་བདུངས་པས་གཞུ་རྒྱུད་སྦྲིངས་པ་དང་། ལྷའི་ཕོ་བྲང་གི་སྒོ་བརྒྱ་ཕྲག་ཕྱེད་དང་བཅུ་གཉིས་དུས་གཅིག་ཏུ་རང་བྱེ་བ་དང་། བརྒྱ་བྱིན་གྱིས་ཕྱི་རོལ་ཏུ་བསུས་ཏེ། ལྷའི་ཕོ་བྲང་དུ་ཁྲིད་ནས་བརྒྱ་བྱིན་གྱི་སྟན་ཕྱེད་ལ་འདུག་ཏུ་བཅུག་གོ །ལྷའི་དབང་པོ་དང་མིའི་དབང་པོ་གཉིས་བྱད་གཟུགས་འདྲ་སྟེ། དབང་པོ་མཐོང་བ་དག་གིས་བྱེ་བྲག་མི་ཕྱེད་ན། ལྷའི་མགྱོགས་བུལ་གྱིས་རྟོགས་སོ། །རྒྱལ་པོ་ལྷའི་ཕོ་བྲང་དུ་འདོད་པ་ལྔའི་དམ་པ་ལ་ལྷའི་དབང་པོ་སུམ་ཅུ་རྩ་དྲུག་བརྗེས་ཀྱི་བར་དུ་ལོངས་སྤྱོད་དོ། །ལྷའི་དབང་པོ་ནང་གི་མཐའ་མ་དེ་བྱང་ཆུབ་སེམས་དཔའ་འོད་སྲུང་ཞེས་བྱ་སྟེ། དེའི་ཚེ་ལྷ་མ་ཡིན་གྱི་རྒྱལ་པོས་ལྷ་རྣམས་ལ་དམག་དྲངས་ནས། བརྒྱ་བྱིན་དང་འཐབ་པ་ལས། བརྒྱ་བྱིན་གྱིས་མ་ཐུབ་ནས་དཔུང་གི་ཚོགས་དང་ཕྱིར་གནས་སུ་བྲོས་སོ། །དེ་ནས་སྤྱི་བོ་སྐྱེས་ཕྱིར་བྱུང་སྟེ། དུང་བུས་གཞུ་རྒྱུད་སྦྲིངས་པས། ལྷ་མ་ཡིན་གྱི་དམག་ཀུན་དེ་མ་ཐག་ཏུ་བྱེར་རོ། །དེའི་ཚེ་སྤྱི་བོ་སྐྱེས་འདི་སྙམ་དུ་བསམས་སོ། །བདག་གི་མཐུའི་སྟོབས་ནི་གང་དང་ཡང་མི་མཉམ་སྟེ། བརྒྱ་བྱིན་དང་ཐུན་མོང་དུ་འདུག་པ་ལྟ་ཅི་རུང་། གཉིས་ན་བསད་ལ་ང་འབའ་ཞིག་གིས་བྱས་ན་ལེགས་སོ་སྙམ་མོ། །སྡིག་པའི་སེམས་སྐྱེས་མ་ཐག་ཏུ་ནམ་མཁའ་ལས་ལྷུང་ནས། སྔོན་གྱི་ཕོ་བྲང་རྙིང་པའི་སྒོ་དྲུང་དུ་ལྷུང་སྟེ། སྲོག་དང་བྲལ་ལ་ཁད་པ་ཙམ་དུ་ཉམ་ཐག་པར་གྱུར་ཏོ། །དེ་ནས་མི་དག་ལྷགས་ཏེ་འདི་སྐད་ཅེས་དྲིས་སོ། །གལ་ཏེ་འཇིག་རྟེན་གྱི་ཁྱིམ་པ་དག་རྒྱལ་པོ་སྤྱི་བོ་སྐྱེས་ཇི་ལྟར་ཚེའི་


DKG074_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བྱས་ཞེས་དྲི་ན། དེ་ལ་བདག་གིས་ཅི་སྐད་ཅེས་བྱ། སྨྲས་པ། གལ་ཏེ་དེ་སྐད་ཅེས་འདྲི་བ་ཡོད་ན། དེ་ལ་འདི་སྐད་ཅེས་གྱིས་ཤིག།རྒྱལ་པོ་སྤྱི་བོ་སྐྱེས་ནི་འདོད་པའི་དབང་གིས་ཚེ་འཕོས་སོ། །དེས་གླིང་བཞི་ལ་ལོ་བྱེ་བ་ཕྲག་བཞི་བཅུའི་བར་དུ་དབང་བྱས་ཏེ། ཉིན་ཞག་བཞིའི་བར་དུ་རིན་པོ་ཆེ་ཡང་ཆར་བཞིན་དུ་བབ། ལྷའི་རིས་གཉིས་སུ་བྱོན་ཀྱང་ཆོག་མ་ཤེས་པས། ནམ་མཁའ་ལས་ལྷུང་སྟེ། ཚེ་འཕོས་ཞེས་བྱོས་ཤིག་དེ་བས་ན་དགེ་སློང་དག་རྙེད་པ་དང་། གྲགས་པ་ནི་ཡང་དག་པར་ཉེས་པའི་སྐྱོན་ཆེན་པོ་སྟེ། ཅི་ནས་ཀྱང་རིང་དུ་སྤངས་པར་སེམས་ལ་ཡང་དག་པར་བྱང་ཆུབ་ལ་ནན་ཏན་གྱིས་ཤིག།དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་སྤྱི་བོ་སྐྱེས་དེ་སྔོན་བསོད་ནམས་ཅི་ཞིག་བགྱིས་ན། དེ་ལྟ་བུའི་འབྲས་བུ་ཆེན་པོ་ཐོབ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་འདས་པའི་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པ་འདས་པའི་ཕ་རོལ་ན། སངས་རྒྱས་ཕུར་ཤ་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ་འཁོར་དང་བཅས་སུ་འཇིག་རྟེན་གྱི་དོན་མཛད་དོ། །དེའི་ཚེ་བྲམ་ཟེའི་བུ་ཞིག་ཆུང་མ་ལེན་ཏོ། །འཇིག་རྟེན་པ་ཆོས་ཀྱིས་ཆུང་མ་ལེན་ན། སྲན་མ་སྤར་གང་ཐོགས་ཏེ་གཏོར་བའི་རིགས་སོ། །ཁྱེའུ་དེ་ཡང་སྲན་མ་ཐོགས་ཏེ་འཐོར་དུ་སོང་བ་ལས། ལམ་དུ་བཅོམ་ལྡན་འདས་དང་ཕྲད་ནས་སེམས་ཡིད་དགའ་སྟེ། ལག་ན་སྲན་མ་ཐོགས་པ་དག་བཅོམ་ལྡན་འདས་ལ་གཏོར་བ་དང་། འབྲུམ་བུ་བཞི་ལྷུང་བཟེད་ཀྱི་ནང་དུ་སོང་ངོ་། །འབྲུམ་བུ་གཅིག་ནི་དབུའི་རྩེ་མོར་ཆགས་སོ། །བསོད་ནམས་ཀྱི་རྒྱུ་དང་རྐྱེན་དེ་ཙམ་གྱིས་བསོད་ནམས་ཆེན་པོ་འཐོབ་སྟེ། སྲན་མ་འབྲུམ་བུ་བཞི་ལྷུང་བཟེད་ཀྱི་ནང་དུ་སོང་བས་གླིང་བཞི་ལ་དབང་བྱེད་པར་གྱུར། འབྲུམ་བུ་གཅིག་སྤྱི་བོར་ཆགས་པས་ལྷའི་རིམ་པ་གཉིས་ཀྱི་ལོངས་སྤྱོད་མྱོང་བར་གྱུར་ཏོ། །དེའི་ཚེ་ཉེ་གནས་རྣམས་ཀྱིས་སངས་རྒྱས་ཀྱིས་གསུངས་པ་ཐོས་ནས། ལ་ལས་ནི་འབྲས་བུ་དང་པོ་ནས་གཉིས་པ་དང་། གསུམ་པ་དང་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །


DKG074_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །རྒྱལ་པོ་སྤྱི་བོ་སྐྱེས་ཀྱི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།

བཞི་བཅུ་དྲུག་པ། བུ་མོ་སུ་མ་ནའི་བུ་བཅུའི་ལེའུ།


DKG074_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོ་ཐ་ཆུངས་སུ་མ་ན་ཞེས་བྱ་བ་མངའ་བྱད་མཛེས་ཤིང་བལྟ་ན་སྡུག་པ་ཞིག་ཡོད་དེ། བུའི་ནང་ན་བུ་མོ་ཐ་ཆུངས་དེ་ལ་ནང་ན་བྱམས་པས། གར་འགྲོར་ཡང་ཁྲིད་དོ། །དུས་གཞན་ཞིག་ན། ཁྱིམ་བདག་སངས་རྒྱས་ལ་ཕྱག་འཚལ་དུ་སོང་བ་དང་། བུ་མོ་ཡང་ཕྱི་བཞིན་དུ་སོང་ནས་བུ་མོ་དེས་སངས་རྒྱས་མཐོང་བ་དང་། ལྷག་པར་དགའ་བ་སྐྱེས་ཏེ། སྤོས་ཀྱིས་སངས་རྒྱས་བཞུགས་པའི་གནས་ཀུན་ཏུ་བྱུག་པར་བསམས་པ་དང་། དེའི་ཚེ་བུ་མོ་དེའི་ལག་ན་ཨ་མྲའི་འབྲས་བུ་ཞིག་ཐོགས་པ་ལས། བཅོམ་ལྡན་འདས་ཀྱིས་འོན་ཅིག་ཅེས་བཀའ་སྩལ་པ་དང་། བུ་མོས་ཀྱང་དེ་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་ཕྱག་ཏུ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཨ་མྲའི་འབྲས་བུ་བཞེས་ནས་སྤོས་དམ་པའི་མིང་རྣམ་པ་མང་པོ་བྲིས་ཏེ། བུ་མོའི་ལག་ཏུ་ཕྱིར་བྱིན་ནོ། །དེ་ནས་བུ་མོའི་ཕ་མ་དང་བཅས་པ་ཁྱིམ་དུ་འོངས་ནས་ཚོང་དུས་སུ་སོང་སྟེ། བཅོམ་ལྡན་འདས་བཞེད་པའི་སྤོས་རྣམ་པ་མང་པོ་སྣ་ཚོགས་ཉོས་ནས་ཕྱིར་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་སྟེ། ཉིན་གཅིག་བཞིན་དུ་སྤོས་བདར་ནས་གནས་ཀུན་ཏུ་ཉུག་གོ །དུས་གཞན་ཞིག་ན་ཡུལ་ཏིག་ཅ་ཤི་རིའི་རྒྱལ་པོའི་བུ་ཞིག་རྒྱལ་པོའི་ཁབ་ཏུ་མངགས་ནས་ཕྱིར་ཞིང་སོང་སོང་བ་ལས་མཐར་གྱིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། བུ་མོ་སྤོས་བདར་ཞིང་འདུག་པ་མཐོང་ནས་བུ་མོ་ལ་ཆགས་ཏེ་ཆུང་མར་བླངས་བསམས་ནས་རྒྱལ་པོ་གསལ་རྒྱལ་ལ་བུ་མོ་དེ་བསླངས་པ་དང་། རྒྱལ་པོས་དེ་སུའི་བུ་མོ་ཡིན་ཞེས་སྨྲས་སོ། །དེ་ནི་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་མོའི་ཞེས་སྨྲས་སོ། །འོ་ན་ང་ལ་གསོལ་ཡང་


DKG074_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཕན་གྱིས། བུ་མོ་ཉིད་ཀྱི་ཕ་མ་ལ་གསོལ་ཅིག་ཅེས་བསྒོའོ། །རྒྱལ་བུ་དེས་རྒྱལ་པོ་ལ་དུས་ཀྱིས་གསོལ་པ་དང་། རྒྱལ་པོས་ཡང་དེ་བཞིན་གྱིས་ཤིག་ཅེས་བསྒོ་བ་དང་། རྒྱལ་བུ་དེས་བདག་གི་གཡོག་དང་འཁོར་ཀུན་ཕྱིར་ཡུལ་དུ་བཏང་ནས་གླང་པོ་ཆེ་གཅིག་པུ་ཞིག་ཕྱིར་བཞག་གོ །དུས་གཞན་ཞིག་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ནས་བུ་མོ་སུ་མ་ན་བརྐུས་ཏེ། གླང་པོ་ཆེ་ལ་བསྐྱོན་ནས་བྲོས་པ་དང་། མགོན་མེད་ཟས་སྦྱིན་གྱིས་བསྙགས་ཀྱང་མ་སླེབས་ཏེ། ཕྱིར་ཡུལ་དུ་ཕྱིན་ནས་ཆུང་མར་བྱས་སོ། །དེ་ནས་ཆུང་མ་དེ་སེམས་ཅན་དང་ལྡན་པར་གྱུར་ཏོ། །ཕྱིས་ཟླ་བ་ཚང་ནས་སྒོ་ང་བཅུ་ཞིག་བཙས་སོ། །སྒོ་ང་བཅག་པ་དང་། སྒོ་ང་རེ་རེའི་ནང་ནས་ཁྱེའུ་བལྟ་ན་སྡུག་ཅིང་མཛེས་ཤིང་། བཟང་བ་གཞན་ལས་འཕགས་པ་རེ་རེ་བྱུང་ངོ་། །བུ་དེ་དག་ཆེར་སྐྱེས་ནས་དཔའ་ཞིང་རྩལ་ཆེ་བས་རི་དགས་གསོད་པ་ལ་དགའ་བར་གྱུར་པ་དང་། ཁྱེའུའི་མས་འདི་ལྟར་རི་དགས་གསོད་པར་མ་བྱེད་ཅེས་བསྒོ་བ་དང་། བུ་རྣམས་ཀྱིས་མ་ལ་འདི་སྐད་ཅེས་སྨྲས་སོ། །རི་དགས་བཤོར་བ་ལས་དགའ་བ་མེད་དེ། བདག་ཅག་གིས་མས་གསད་དུ་མི་གནང་བ་ལས་ནམ་བདག་ཅག་ལ་སྡང་བ་ལྟ། མས་སྨྲས་པ་ཁོ་མོ་ནི་ཁྱོད་ལ་སྡང་བ་མ་ཡིན་གྱིས། ཁྱེའུའི་མས་འདི་ལྟར་ཁྱོད་ལ་མ་བྱམས་པའི་ཕྱིར་རི་དགས་གསོད་དུ་མ་བཅུག་པ་ཡིན་གྱིས་འདི་ལྟ་སྟེ། སྲོག་གཅོད་པའི་སྡིག་གིས་སེམས་ཅན་དམྱལ་བར་ལོ་བརྒྱ་སྟོང་དུ་མའི་བར་དུ་སྡུག་བསྔལ་མྱོང་སྟེ། རྟག་ཏུ་ཤ་བའི་མགོ་ཅན་དང་། ལུག་གི་མགོ་ཅན་དང་། རི་བོང་གི་མགོ་ཅན་ལ་སོགས་ཏེ། རི་དགས་ཐམས་ཅད་ཀྱི་མགོ་ཅན་དུ་གྱུར་ནས། དམྱལ་བའི་སྲུང་མས་ལོ་གྲངས་མེད་པའི་བར་དུ་གསོད་པར་འགྱུར་རོ། །གལ་ཏེ་དེ་ལས་ཐར་བར་འདོད་ན་ཡང་སྡིག་པའི་ལས་ལས་མི་ཐར་རོ། །བུ་རྣམས་ཀྱིས་སྨྲས་པ་ཇི་ལྟར་ཁྱོད་ཀྱིས་བསྒོ་བ་བཞིན་དུ་བྱས་ན། འདི་སྐད་བསྒོ་བ་འདི་གཞན་ལས་གསན་ཏམ། ཁྱེད་ཉིད་ཀྱིས་བསམས་ཏེ་སྨྲས། ཚིག་འདི་ནི་ཁོ་མོས་སངས་རྒྱས་ལས་ཐོས་སོ་ཞེས་སྨྲས་པ་དང་།


DKG074_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བུ་རྣམས་ཀྱིས་སངས་རྒྱས་ཞེས་བྱ་བ་ནི་གང་ཡིན་182162ས་ཤིག་ཅེས་སྨྲས་སོ། །ཅི་ཁྱོད་ཀྱིས་མ་ཐོས་སམ་རྒྱལ་པོ་ཡབ་ཟས་གཙང་མའི་སྲས་སྐུ་མཛེས་ཤིང་བཟང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར་པ་ལས། རྒ་བ་དང་། ན་བ་དང་། འཆི་བ་མི་འདོད་དེ་རབ་ཏུ་བྱུང་ནས། ལམ་བསྒོམས་པས་སྨོན་ལམ་བཞིན་དུ་གྲུབ་སྟེ། བླ་ན་མེད་པའི་འབྲས་བུ་ཐོབ་ནས་སྐུ་ཁྲུ་བཅུ་དྲུག་པ་མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པ། རིག་པ་གསུམ་དང་མངོན་པར་ཤེས་པ་དྲུག་དང་ལྡན་པ། སྔ་མ་འདས་པ་ཤེས་པ་ཡང་མཐའ་མེད་ལ་ཕྱིས་འབྱུང་བ་ཤེས་པ་ཡང་མཐའ་མེད་དེ། དུས་གསུམ་ནི་ལག་མཐིལ་ན་འབྲས་བུ་བཞག་པ་དང་འདྲའོ་ཞེས་སྨྲས་ནས། བུ་རྣམས་ཀྱིས་ཐོས་པ་དང་། རབ་ཏུ་དགའ་སྟེ། སངས་རྒྱས་དེ་ད་ལྟར་འདི་ནས་ཉེ་རིང་ཅི་ཙམ་ན་བཞུགས། མཐོང་བར་རུང་ངམ་ཞེས་སྨྲས་པ་དང་། མས་སྨྲས་པ། ད་ལྟར་མཉན་ཡོད་ན་བཞུགས་ཏེ་མཐོང་དུ་རུང་ངོ་། །བུ་རྣམས་ཀྱིས་སྨྲས་པ། འོ་ན་བདག་ཅག་སངས་རྒྱས་བལྟར་འགྲོའོ་ཞེས་གསོལ་པ་དང་། བུའི་མས་ཀྱང་གནང་ནས་བུ་རྣམས་ཅིག་ཅར་མཉན་ཡོད་དུ་དོང་ངོ་། །དེར་ཕྱིན་པ་དང་། མེས་པོ་མགོན་མེད་ཟས་སྦྱིན་གྱིས་མཐོང་ནས། རབ་ཏུ་དགའ་མགུ་རངས་ཏེ། ཚ་བོ་རྣམས་ཁྲིད་དེ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དེ་བཞིན་གཤེགས་པ་བལྟར་དོང་ངོ་། །བྱིས་པ་དེ་དག་གིས་སངས་རྒྱས་ཀྱི་མཚན་སྔོན་ཐོས་པ་བས་སྟོང་འགྱུར་གྱིས་ལྷག་པར་བཟང་བ་མཐོང་ནས་ཤིན་ཏུ་དགའ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཅི་རིགས་པར་ཆོས་བསྟན་པས། ཁྱེའུ་བཅུ་ཆར་དུས་གཅིག་ཏུ་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ནས། སངས་རྒྱས་ལ་རབ་ཏུ་བྱུང་བར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱིས་པ་རྣམས་ཁྱོད་ཀྱི་ཕ་མས་གནང་ངམ་ཞེས་བཀའ་སྩལ་པ་ན། བདག་ཅག་གིས་ད་དུང་མ་གསོལ་ལོ་ཞེས་གསོལ་པ་དང་། ཕ་མས་མ་གནང་གི་བར་དུ་རབ་ཏུ་ཕྱུང་དུ་མི་གནང་ངོ་ཞེས་བཀའ་སྩལ་ཏོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་འདི་དག་གི་མེས་པོ་ལགས་ཏེ། བདག་གི་


DKG074_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཚ་བོ་ལ་བདག་ཀྱང་དབང་བས་བདག་གིས་རབ་ཏུ་བྱུང་བར་གནང་ངོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་དེ་བཞིན་དུ་གནང་ནས་སྐྲ་དང་ཁ་སྤུ་རང་བྱི་སྟེ་དགེ་སློང་དུ་གྱུར་ཏོ། །དགེ་སློང་གི་ལམ་ལ་དེ་དག་གིས་བརྩོན་འགྲུས་བསྐྱེད་པས། ཐམས་ཅད་དགྲ་བཅོམ་པར་གྱུར་ཏོ། །དགེ་སློང་བཅུ་པོ་གཅིག་ལ་གཅིག་ལྷག་པར་དགའ་བར་འགྲོ་ན་ཡང་ལྷན་ཅིག་འགྲོ་འདུག་ན་ཡང་ལྷན་ཅིག་འདུག་སྟེ། ཡུལ་མི་ཐམས་ཅད་ཀྱང་དགའ་ནས་རྗེས་སུ་ཡི་རང་ངོ་། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་སློང་བཅུ་པོ་འདིས་བསོད་ནམས་ཅི་ཞིག་བགྱིས་ན། ཆོ་རིགས་བཙུན་པར་སྐྱེས་ལ་བྱད་གཟུགས་བཟང་བ་དང་། བཅོམ་ལྡན་འདས་དང་ཕྲད་ནས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་གཅིག་གི་ཕ་རོལ་ན། སངས་རྒྱས་ཐམས་ཅད་སྐྱོབ་ཅེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་མྱ་ངན་ལས་འདས་ནས་རིང་བཕྲེལ་རྒྱས་པར་སྤེལ་ནས། མཆོད་རྟེན་ཚད་མེད་པ་སྙེད་བྱས་སོ། །དེའི་ཚེ་ན་མཆོད་རྟེན་གཅིག་ཞིག་རལ་དུ་གྱུར་ནས། རྒན་མོ་ཞིག་གིས་གསོ་ཞིང་འདུག་པས་མི་འགྲོན་པོ་བཅུ་དེར་ལྷགས་པས་མཐོང་བ་དང་རྒན་མོ་ལ་ཁྱོད་ལས་ཅི་བྱེད་ཅེས་སྨྲས་སོ། །རྒན་མོས་སྨྲས་པ། འདི་ནི་མཆོད་གནས་ཀྱི་རྟེན་མཆོད་རྟེན་ཡིན་ནོ། །འདི་བཅོས་ན་བསོད་ནམས་ལྷག་པར་ཆེའོ། །དེ་བས་ན་དགེ་བའི་འབྲས་བུ་འདོད་པའི་ཕྱིར་འདི་འཆོས་སོ། །གཞོན་ནུ་དེ་དག་ཀྱང་རྒན་མོས་སྨྲས་པ་ལ་རབ་ཏུ་དགའ་ནས། བདག་ཅག་གིས་ཀྱང་བསྟོད་དོ་ཞེས་སྨྲས་ནས། མཆོད་རྟེན་བཅོས་པའི་འོག་ཏུ་གཞོན་ནུ་བཅུ་ཆར་རྒན་མོ་དེའི་བུར་སྐྱེས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། དེ་ཚུན་ཅད་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་ལྷ་དང་མིའི་ནང་དུ་ལྷན་ཅིག་ཏུ་སྐྱེས་ནས་བདེ་བ་ལ་ལོངས་སྤྱོད་དེ། དངོས་པོ་འདི་གསུམ་གྱིས་མི་གཞན་ལས་ཁྱད་དུ་འཕགས་སོ། །གསུམ་གང་ཞེ་ན། གཟུགས་བཟང་ཞིང་མཛེས་པ་དང་། ཀུན་གྱིས་བཀུར་བ་དང་། རྟག་ཏུ་ཚེ་རིང་ཞིང་དེ་


DKG074_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ཀྱི་བར་དུ་སེམས་ཅན་དམྱལ་བར་མི་ལྟུང་ངོ་། །ད་ང་དང་ཕྲད་ནས་རྡུལ་དང་དྲི་མ་ཀུན་དང་བྲལ་ནས་དགྲ་བཅོམ་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་རྒན་མོ་དེ་ནི་བུ་མོ་སུ་མ་ན་ཡིན་ནོ། །མི་གཞོན་ནུ་བཅུ་ནི་དགྲ་བཅོམ་པ་འདི་བཅུ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། འཁོར་མང་པོ་རྣམས་ལ་ལ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཐོབ་བོ། །ཁ་ཅིག་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པར་གྱུར་ཏེ། སངས་རྒྱས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །བུ་མོ་སུ་མ་ནའི་བུ་བཅུའི་ལེའུ་སྟེ་བཞི་བཅུ་དྲུག་པའོ།། །།

བཞི་བཅུ་བདུན་པ། ཨུ་པ་གུབ་ཏའི་ལེའུ།


DKG074_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཡུལ་དེ་ན་ཀུན་ཏུ་རྒྱུ་ཨུ་པ་གུབ་ཏེ་ཞེས་བྱ་བ་ཡིད་གཞུངས་ཤིང་སེམས་གསལ་བ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བ་ལ་མཁས་པ་ཞིག་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་རབ་ཏུ་འབྱུང་ངོ་ཞེས་བཅོམ་ལྡན་འདས་ལ་གསོལ་ཏོ། །གལ་ཏེ་བདག་རབ་ཏུ་བྱུང་ནས་ཤེས་རབ་དང་། སྤོབས་པ་ཤཱ་རིའི་བུ་དང་མཉམ་ན་རབ་ཏུ་བྱུང་གི་དེ་ཙམ་མི་ཕོད་ན་ཕྱིར་ཁྱིམ་དུ་མཆིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ཙམ་མི་ཕོད་དོ་ཞེས་བཀའ་སྩལ་ནས། ཀུན་ཏུ་རྒྱུ་དེ་རབ་ཏུ་འབྱུང་དུ་མ་བཏུབ་ནས་ཕྱིར་ཁྱིམ་དུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་དུས་གཞན་ཞིག་ན་འཁོར་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་ལོན་པ་དང་། བྲམ་ཟེ་འདི་རབ་ཏུ་བྱུང་ནས་མངོན་པར་ཤེས་པ་དྲུག་དང་ཤེས་རབ་ཏུ་ལྡན་ཏེ། སེམས་ཅན་རྡུལ་སྙེད་ཅིག་གི་དོན་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་མྱ་ངན་ལས་འདས་ཀར་ཡང་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་མྱ་ངན་ལས་འདས་ནས་མདོ་སྡེའི་སྡེ་སྣོད་ཐམས་ཅད་ཁྱོད་ལ་གཏད་ཀྱིས་གཟུངས་སུ་ཟུང་ལ་རྒྱས་པར་བྱོས་ཤིག་ཅེས་བཀའ་སྩལ་ནས།


DKG074_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མྱ་ངན་ལས་འདས་ནས། དེའི་འོག་ཏུ་ཀུན་དགའ་བོས་ཆོས་ཀྱི་སྡེ་སྣོད་ཀུན་བཟུང་ངོ་། །ཀུན་དགའ་བོས་ལུས་ཡོངས་སུ་གཏོང་བ་ན་ཉེ་གནས་ཡ་ཤེའི་ཀི་ལ་འདི་སྐད་ཅེས་བསྒོའོ། །ང་འདས་པའི་འོག་ཏུ་མདོ་སྡེ་ཀུན་ཁྱོད་ལ་གཏད་ཀྱིས་གཟུངས་སུ་ཟུང་ཤིག་ཅེས་བསྒོ་ནས། ཡང་འདི་སྐད་ཅེས་སྨྲས་སོ། །ཡུལ་་་ཌ་ར་ཁྱིམ་བདག་གུབ་ཏ་ཞེས་བྱ་བ་ལ་བུ་ཨུ་པ་གུབ་ཏ་ཞེས་བྱ་བ་ཞིག་ཡོད་ཀྱིས་ཁྱོད་ཀྱིས་སློང་ལ་རབ་ཏུ་ཕྱུང་ཤིག།ཁྱོད་འདས་པའི་འོག་ཏུ་ཆོས་ཀྱང་དེ་ལ་གཏོད་ཅིག་ཅེས་བསྒོའོ། །ཀུན་དགའ་བོ་འདས་པའི་འོག་ཏུ་ཡ་ཤེའི་ཀིས་དམ་པའི་ཆོས་བཟུང་སྟེ། འཇིག་རྟེན་ན་སེམས་ཅན་གྱི་དོན་མང་དུ་བྱས་སོ། །དེ་ནས་་་ཌ་ར་གྲོང་དུ་སོང་སྟེ། ཁྱིམ་བདག་དེ་དག་དེ་དང་བཤེས་པར་བྱས་ནས། ཡང་དང་ཡང་དུ་དེའི་ཁྱིམ་དུ་སོང་སྟེ། ཡིད་གཅུགས་པར་བྱས་སོ། །ཁྱིམ་བདག་དེ་ལ་བུ་ཁྱེའུ་ཞིག་བཙས་ནས། མིང་ཨུ་པ་གུབ་ཏ་ཞེས་བཏགས་ཏེ། ཆུང་ངུ་ཤེད་མ་བྱེ་བ་ནས་ཡ་ཤེའི་ཀིས་བསླངས་ཏེ། རབ་ཏུ་ཕྱུང་བར་བྱས་པ་ལས་ཁྱིམ་བདག་གིས་འདི་སྐད་ཅེས་སྨྲས་སོ། །བདག་འདོད་པའི་བུ་འདི་འདྲ་བ་ཞིག་ཡོད་དོ། །རིགས་འཚོ་བ་སྙམ་སྟེ་མི་རུང་ངོ་། །གལ་ཏེ་ཡང་གཅིག་བཙས་ན་གདོད་སྦྱིན་ནོ། །ཕྱིས་དུས་གཞན་ཞིག་ན་ཡང་བུ་གཅིག་བཙས་ནས། མིང་ཡང་ནན་ཏན་ཀུ་བ་ཏ་ཞེས་བཏགས་སོ། །དེ་ནས་ཡ་ཤེའི་ཀི་ཡང་དེར་སོང་སྟེ། བུ་བླངས་པ་དང་། ཁྱིམ་བདག་གིས་ཡང་འདི་སྐད་ཅེས་སྨྲས་སོ། །བུ་ཆེན་པོ་འདི་ནི་ཕྱི་རོལ་གྱི་བྱ་བ་བསྒྲུབས་དགོས་སོ། །བུ་ཆུང་ངུ་ནི་ནང་གི་བྱ་བ་བསྒྲུབས་ན་གདོད་བདེ་བར་འགྱུར་རོ་ཞེས་སྦྱིན་དུ་མ་བཏུབ་སྟེ། ཕྱིས་ཡང་བུ་གཅིག་བྱུང་ན་གདོད་དབུལ་ལོ་ཞེས་སྨྲས་སོ། །ཡ་ཤེའི་ཀི་ནི་དགྲ་བཅོམ་པའི་ནང་ན་རིག་པ་གསུམ་དང་ལྡན་ཏེ། སེམས་ཅན་གྱི་དབང་པོ་ལ་མཁས་པས། ཁྱེའུ་དེ་གཉིས་ལ་བརྟགས་ན་རབ་ཏུ་བྱུང་བའི་སྐལ་བ་ཡོད་པར་མི་འདྲ་ནས། མ་བསྐུལ་བར་བཞག་གོ །དེ་ནས་ཡང་ཁྱིམ་བདག་དེ་ལ་བུ་གཅིག་བཙས་ནས་བྱད་གཟུགས་ལེགས་པར་བལྟ་ན་སྡུག་པ་ཞིག་སྟེ། ཡང་ཁྱིམ་བདག་གི་ཐད་


DKG074_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་སྟེ། བུ་བསླངས་པ་དང་འདི་སྐད་ཅེས་སྨྲས་སོ། །བུ་ད་དུང་ཆུང་བས་གཡོག་ཀྱང་མི་ནུས་ལ་བདག་ཀྱང་དབུལ་བས་སླང་དུ་མེད་དོ། །རེ་ཞིག་སྐད་ཅིག་ནམ་སྐྱེས་ན་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་ཆེར་སྐྱེས་ནས་ཤེས་རབ་དང་ལྡན་པར་གྱུར་ཏེ། ཕས་ཀྱང་ནོར་རྫས་ལག་ཏུ་གཏད་ནས་ཚོང་བྱེད་དུ་བཅུག་གོ །དུས་གཞན་ཞིག་ན་ཡ་ཤེའི་ཀི་ཉིད་དེའི་དྲུང་དུ་སོང་སྟེ། ཆོས་བསྟན་ནས་སེམས་རྩེ་གཅིག་པ་ཡིད་ལ་བྱེད་དུ་བཅུག་སྟེ། དགེ་བའི་རྟོག་པ་བྱུང་ན་རྡེའུ་དཀར་རུ་ཞིག་ཞོག་ལ། མི་དགེ་བའི་རྟོག་པ་བྱུང་ན་རྡེའུ་ན་གུ་ཞིག་ཞོག་ལ་དུས་དུས་སུ་གང་མང་རྩིས་ཤིག་ཅེས་བསྒོའོ། །ཨུ་པ་གུབ་ཏས་ཀྱང་བསྒོ་བ་བཞིན་དུ་དགེ་བ་དང་མི་དགེ་བའི་རྟོག་པ་བྱུང་བ་ལས་རྡེའུ་བཞག་སྟེ་བརྩིས་ན། ཐོག་མ་ནི་རྡེའུ་ན་གུ་མང་རབ་ལ། དཀར་རུ་ཉུང་རབ་བོ་དེ་ནས་ཡང་བགས་ཀྱིས་དཀར་ནག་མཉམ་མོ། །དེ་ནས་ཡིད་ལ་བྱ་བ་མ་བཏང་བས་རྡེའུ་ན་གུ་ནི་མེད་ཀྱི། རྡེའུ་དཀར་རུ་འབའ་ཞིག་ཏུ་གྱུར་ཏེ། དགེ་བའི་རྟོག་པ་གྲུབ་ནས་འབྲས་བུ་དང་པོ་ཐོབ་པར་གྱུར་ཏེ། དེའི་ཚེ་གྲོང་ཁྱེར་དེ་ནས་སྨད་འཚོང་མ་ཞིག་གིས་བྲན་མོ་གཅིག་མངགས་ཏེ། ཨུ་པ་གུབ་ཏ་ལ་མེ་ཏོག་ཉོར་བཏང་ངོ་། །ཨུ་པ་གུབ་ཏ་རང་བཞིན་གྱིས་དྲང་བས་བྲན་མོ་དེ་ལ་མེ་ཏོག་རྒྱལ་བར་བྱིན་ཏེ། མ་རངས་པ་མེད་པར་བྱས་སོ། །བྲན་མོ་དེ་མེ་ཏོག་རྣམས་ཁྱེར་ཏེ། རྗེ་མོ་ལ་ཕུལ་བ་དང་། ངོ་མཚར་ཆེར་བཟུང་སྟེ། བྲན་མོ་ལ་འདི་སྐད་ཅེས་སྨྲས་སོ། །སྔར་མེ་ཏོག་ཉོས་པའི་རིན་དང་། དེང་ཉོས་པའི་རིན་འདྲ་ན། སྔར་ནི་ཅིའི་ཕྱིར་ཉུང་ལ་ད་ནི་ཅིའི་ཕྱིར་མང་སྔ་མའི་ཚེ་ན། ཁྱོད་ཀྱིས་ང་བསླུས་སམ། བྲན་མོས་སྨྲས་པ། དེང་གི་མེ་ཏོག་འཚོང་བའི་བདག་པོ་ངོ་མཚར་དུ་དྲང་ལ། དེ་སྟེ་གཡོ་སྒྱུ་མེད་པས་མང་དུ་ཁུགས་པ་ཡིན་ནོ། །སྐྱེས་བུ་དེ་གཟུགས་བཟང་ཞིང་མཛེས་པས། ཇོ་མོས་གཟིགས་ན་དགྱེས་པར་འགྱུར་རོ་ཞེས་སྨྲས་པ་དང་། སྨད་འཚོང་མས་དེ་འབོད་དུ་བཏང་ངོ་། །ཨུ་པ་གུབ་ཏ་དེར་འོང་དུ་མ་བཏུབ་ནས། ཡང་ནས་ཡང་བོས་ཀྱང་འགྲོར་མ་བཏུབ་པོ། །དེའི་ཚེ་སྨད་འཚོང་མ་རྒྱལ་བུ་ཞིག་དང་འདུས་ཏེ། རྒྱལ་བུ་


DKG074_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གོས་རིན་པོ་ཆེ་ལ་ཆགས་པས་གསང་སྟེ། རྒྱལ་བུ་བསད་ནས་རོ་སྦས་སོ། །དེ་ནས་རྒྱལ་པོས་ཁྱིམ་བཙལ་བ་དང་། སྨད་འཚོང་མའི་ཁྱིམ་ནས་རྒྱལ་བུའི་རོ་རྙེད་དེ། སྨད་འཚོང་མ་དེ་རྐང་ལག་ཀྱང་གཏུབ་བོ། །རྣ་བ་དང་སྣ་ཡང་བཅད་ཅིང་ཤིང་ཁར་བཏགས་ཏེ། དུར་ཁྲོད་དུ་བཙུགས་སོ། །དེ་ལྟར་བྱས་ཀྱང་ད་རུང་སྲོག་མ་ཆད་པས། ཨུ་པ་གུབ་ཏ་དེའི་དྲུང་དུ་སོང་བ་དང་། སྨད་འཚོང་མས་འདི་སྐད་ཅེས་སྨྲས་སོ། །སྔོན་སྡུག་པའི་ཚེ་ན་འོང་དུ་མ་བཏུབ་ན། ད་མ་རུང་བར་གྱུར་པའི་འོག་ཏུ་གར་འགྲོ་ཞེས་སྨྲས་པ་དང་། ཨུ་པ་གུབ་ཏས་སྨྲས་པ། ཁྱོད་ཀྱི་མངའ་བྱད་འདོད་པའི་ཕྱིར་འདིར་འོངས་པ་མ་ཡིན་གྱི། ཁྱོད་ལ་སྙིང་བརྩེ་བའི་ཕྱིར་འོངས་སོ་ཞེས་སྨྲས་ནས། མི་རྟག་པའི་ཆོས་རྣམ་པ་བཞི་པོ་འདི་དག་བསྟན་ཏོ། །ལུས་འདི་ནི་མི་གཙང་བ། སྡུག་བསྔལ་པ། སྟོང་པ། བདག་མེད་པ་སྟེ། རེ་རེ་ནས་བརྟགས་ཤིང་ཡིད་བརྟན་དུ་མི་རུང་ངོ་། །གང་གླེན་པ་གཏི་མུག་ཅན་ནི་དེ་ལ་ཆགས་སོ། །སྨད་འཚོང་མས་ཆོས་དེ་དག་ཐོས་ནས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །ཨུ་པ་གུབ་ཏ་ནི་ཕྱིར་མི་ལྡོག་པའི་འབྲས་བུ་ཐོབ་བོ། །དེ་ནས་ཡ་ཤེའི་ཀིས་ཁྱིམ་བདག་དེ་ལས་གཞོན་ནུ་བསླངས་ནས། རབ་ཏུ་དབྱུང་ངོ་ཞེས་བྱས་པ་དང་། ཁྱིམ་བདག་གིས་ཀྱང་དེ་བཞིན་དུ་ཕུལ་ནས། གཙུག་ལག་ཁང་དུ་ཁྲིད་དེ་ཁྲིམས་བཅུ་ཕོག་གོ །དེ་ནས་ལོ་ཉི་ཤུ་ལོན་པ་དང་། བསྙེན་པར་རྫོགས་སོ། །བསྙེན་པར་རྫོགས་པའི་ཚེ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པར་གྱུར་ཏོ། །རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་ལྡན་ཏེ། སྨྲ་བ་དང་སྤོབས་པ་ཟད་མི་ཤེས་པར་གྱུར་ནས། མི་མང་པོ་བསྡུས་ནས་ཆོས་བསྟན་པར་བྱས་པ་དང་། དེའི་ཚེ་བདུད་སྡིག་ཏོ་ཅན་འཁོར་མང་པོའི་ནང་དུ་གསེར་གྱི་དོང་ཙེ་ཆར་བཞིན་ཕབ་པས་མི་ཀུན་དོང་ཙེ་ལ་རྟོད་ནས་ཆོས་མི་ཉན་པར་གྱུར་ཏོ། །དེའི་ཕྱི་དེ་ཉིན་འཁོར་མང་པོ་བསྡུས་ཏེ་ཆོས་བསྟན་པར་བྱས་པ་ལ་བདུད་སྡིག་ཏོ་ཅན་གྱིས་མེ་ཏོག་གི་འཕྲེང་བའི་ཆར་ཕབ་པས་ཀུན་གྱི་སེམས་དཀྲུགས་སོ། །དེའི་ཕྱི་དེ་ཉིན་འཁོར་མང་པོ་བསྡུས་ཏེ། ཆོས་བསྟན་པར་བྱས་པ་ལས་


DKG074_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་ཀྱི་རྒྱལ་པོས་གླང་པོ་ཆེ་མཐོན་མཐིང་ག་ཁ་ནས་མཆེ་བ་དྲུག་བྱུང་བའི་མཆེ་བ་རེ་རེ་ལ་ཡང་རྫིང་བུ་རེ་རེ་ཡོད་པ། རྫིང་བུ་རེ་རེའི་ནང་ན་མེ་ཏོག་བདུན་བདུན་ཡོད་པ། མེ་ཏོག་རེ་རེའི་ནང་ན་ཤེལ་གྱི་བུ་མོ་བདུན་བདུན་ཡོད་པ་བུ་མོ་དེ་དག་ཀྱང་སོ་སོ་ནས་རོལ་མོ་མང་པོ་བྱེད་ཅིང་། གླང་པོ་ཆེ་གོམ་པ་པད་མ་ལ་དལ་གྱིས་འགྲོ་བའི་ནང་དུ་འགྲོ་བར་བསྟན་པ་དང་། མི་ཐམས་ཅད་ཀྱང་དེ་ལ་བལྟ་བས་ཆོས་ལ་མ་འདུན་ཏེ། དེའི་ཕྱི་དེ་ཉིན་འཁོར་རྣམས་བསྡུས་ཏེ། ཆོས་བསྟན་པ་བྱས་པ་ལས་བདུད་ཀྱི་རྒྱལ་པོས་ན་ཆུང་བཟང་མོ་ཤིན་ཏུ་མཛེས་ཤིང་བཟང་བ་ཞིག་འཁོར་གྱི་ནང་དུ་འོངས་པར་སྤྲུལ་ནས། མི་ཀུན་དེ་ལ་མིག་མི་འཛུམས་པར་བལྟ་སྟེ། ཆོས་ཉན་པ་བརྗེད་དོ། །དེ་མ་ཐག་ཏུ་ཡ་ཤེའི་ཀིས་སྤྲུལ་པའི་བུད་མེད་དེ་ཀེང་རུས་དཀར་པོར་སྤྲུལ་ནས། མི་མང་པོས་མཐོང་བ་དང་། མི་ཀུན་གདོད་ཆོས་ཉན་པས་འབྲས་བུ་ཐོབ་པ་ཡང་རབ་ཏུ་མང་ངོ་། །བཙུན་པ་དེ་དག་ལ་ཐོག་མ་ནས་ཁྱི་ཞིག་ཡོད་དེ། ཉིན་གཅིག་བཞིན་དུ་ཆོས་ཉན་པ་ལ་རྣ་བ་བཏུད་དེ་ཉན་པས་ཁྱི་དེ་ཚེ་བརྗེས་ནས། ལྷའི་རིས་དྲུག་པར་སྐྱེས་ཏེ། བདུད་སྡིག་ཏོ་ཅན་དང་སྟན་གཅིག་ལ་འདུག་གོ །བདུད་སྡིག་ཏོའི་རྒྱལ་པོས་ལྷ་དེ་ལ་འདི་ནི་ཡོན་ཏན་ཆེན་པོ་དང་ལྡན་ཏེ་ང་དང་མཉམ་ན་འདི་གང་ནས་ཚེ་འཕོས་ནས་འདིར་སྐྱེས་བརྟག་གོ་སྙམ་སྟེ། བརྟག་པ་དང་། ཁྱི་ལས་སྐྱེས་པ་མཐོང་བ་དང་དགེ་སློང་གིས་ང་སྐྱེངས་ཏེ་སྨ་ཕབ་བོ་སྙམ་ནས། རྒྱང་མ་ནས་བཙུན་པ་ཏིང་ངེ་འཛིན་དུ་ཞུགས་པ་མཐོང་བ་དང་། རིན་པོ་ཆེའི་ཅོད་པན་ཞིག་བཙུན་པའི་མགོ་ལ་བཞག་གོ །ཏིང་ངེ་འཛིན་ལས་ལངས་པ་དང་། མགོ་ལ་ཅོད་པན་ཡོད་པར་རྟོགས་ནས་སུས་བཞག་སྙམ་བརྟགས་ནས་བདུད་སྡིག་ཏོ་ཅན་གྱིས་བཞག་པར་རྟོགས་ནས། རྫུ་འཕྲུལ་གྱི་མཐུས་བདུད་སྡིག་ཏོ་ཅན་དེར་བཀུག་སྟེ། ཁྱི་རོ་གཅིག་མགོའི་འཕྲེང་བར་སྤྲུལ་ནས། བདུད་སྡིག་ཏོ་ཅན་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱི་ང་ལ་ཅོད་པན་བྱིན་པའི་ལན་དུ་ཁྱོད་ལ་འཕྲེང་བ་གཅིག་སྦྱིན་གྱི་བཞེས་ཤིག་ཅེས་སྨྲས་པ་དང་། བདུད་སྡིག་ཅན་གྱིས་བླངས་ཏེ། འཕྲེང་བ་བཏགས་ནས་ཕྱིར་སོང་ངོ་། །གནས་སུ་ཕྱིན་ཏེ་བརྟགས་ན།


DKG074_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ལ་འཕྲེང་བ་བཞག་པ། ཁྱི་རོ་ཡིན་པར་མཐོང་ནས་མི་འདོད་དེ་འདོར་བར་བྱས་པ་ལས། མཐུ་སྟོབས་ཅི་ཡོད་པས་གཏུགས་ཀྱང་འདོར་མ་ནུས་སོ། །དེ་ནས་བརྒྱ་བྱིན་གྱི་ཐད་དུ་སོང་སྟེ། མི་གཙང་བ་འདི་དོར་ཅིག་ཅེས་སྨྲས་པ་དང་། བརྒྱ་བྱིན་གྱིས་སྨྲས་པ། འདི་ལྟར་སུས་བྱས་པ་དེ་ཉིད་ཀྱིས་འདོར་ནུས་ཀྱི། བདག་ལ་ནི་འདོར་ནུས་པའི་མཐུ་མེད་དོ། །བདུད་སྡིག་ཏོ་ཅན་གྱིས་ལྷ་ཀུན་དང་ཚངས་པའི་རྒྱལ་པོའི་བར་དུ་བདག་གི་མི་གཙང་བ་འདི་དོར་ཅིག་ཅེས་སྨྲས་ནས། སྔ་མས་སྨྲས་པ་དང་འདྲ་སྟེ། ངེད་ལ་འདི་དོར་བའི་མཐུ་མེད་དོ་ཞེས་སྨྲས་པས། ཅི་བྱར་མི་རུང་ནས་ཕྱིར་བཙུན་པའི་དྲུང་དུ་འོངས་ནས་འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ནི་ཡོན་ཏན་ཆེན་པོ་དང་ལྡན་པ་བདེན་ཏེ། བྱམས་པའི་ཐུགས་ཕྱོགས་གཅིག་ཏུ་མ་གྱུར་ཏོ། །ཁྱོད་ཉན་ཐོས་རྣམས་ནི་འཇིགས་སུ་རུང་བའོ། །ཅིས་མངོན་ཞེ་ན། ངས་སྔོན་ཡི་དགས་ཀྱི་དཔུང་ཁྲི་ཕྲག་བརྒྱད་ཅུ་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་ལ་བསྐོར་ནས་བྱང་ཆུབ་ལས་ཉམས་པར་བྱ་བར་བརྒལ་པ་ལས། འོན་ཀྱང་ཐུགས་རྗེ་བསྐྱེད་དེ། བདག་ལ་དགྲར་མི་དགོངས་སོ། །བདག་གིས་ཀྱལ་ཀ་ཅུང་ཟད་ཅིག་བྱས་པ་ལས། ལན་འདི་འདྲ་བ་བྱས་སོ། །ཨུ་པ་གུབ་ཏས་སྨྲས་པ། ཁྱོད་ཟེར་བ་བདེན་ཏེ། སངས་རྒྱས་དང་ངར་བསྒྲུན་ན། བརྒྱ་འགྱུར་སྟོང་འགྱུར་དུ་ཡང་དཔེར་བྱར་མི་རུང་སྟེ། རི་རབ་ལྷུན་པོ་ཡང་ཡུངས་ཀར་དང་བསྒྲུན་པའམ། རྒྱ་མཚོ་ཆེན་པོ་དང་བ་རྨིག་གི་ཆུར་བསྒྲུན་པའམ། སེང་གེའི་རྒྱལ་པོ་དང་ཝ་བསྒྲུན་པ་དང་འདྲ་སྟེ། ཆེ་ཆུང་གི་ཁྱད་པར་བསྐྱེད་དུ་མེད་དོ། །ཁོ་བོ་ནི་དུས་ངན་པའི་མཐར་སྐྱེས་ཏེ། དེ་བཞིན་གཤེགས་པ་ཡང་མ་མཐོང་ན། ཁྱོད་ཀྱི་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་སྐུར་སྤྲུལ་ནུས་སོ་ཞེས་ཐོས་ཀྱིས། ཁྱོད་ཀྱིས་ཁོ་བོས་མཐོང་བར་སྟོན་ཅིག་བལྟ་བར་བྱའོ། །བདུད་ཀྱིས་སྨྲས་པ། ངས་དེ་དང་འདྲ་བར་སྤྲུལ་གྱིས་ཁྱོད་ཀྱིས་ཁོ་བོ་ལ་ཕྱག་མ་བྱེད་ཅིག།སྨྲས་པ། ཕྱག་མི་བྱེད་དོ། །དེ་ནས་བདུད་ཀྱི་རྒྱལ་པོས་ཀྱང་སངས་རྒྱས་ཀྱི་སྐུར་སྤྲུལ་ཏེ། སྐུ་ཆེན་པོ་ཁྲུ་བཅུ་དྲུག་པ་གསེར་གྱི་མདོག་ཅན། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་ཟེར་གསལ་བ་ལྷམ་མེ་ལྷང་ངེར་གསལ་བ།


DKG074_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་བས་ཀྱང་ལྷག་པར་སྤྲུལ་པ་དང་། ཨུ་པ་གུབ་ཏ་རབ་ཏུ་དགའ་ནས་ཕྱག་བྱས་པར་གཟས་པ་དང་། བདུད་ཀྱི་རྒྱལ་པོས་ཕྱིར་ཡང་བདུད་ཀྱི་ལུས་སུ་བསྒྱུར་ནས། ཨུ་པ་གུབ་ཏ་ལ་བཙུན་པ་ཁྱོད་ཀྱིས་ཕྱག་མི་བྱ་བར་བྱས་ན། ཅིའི་ཕྱིར་ཕྱག་བྱེད་ཅེས་སྨྲས་སོ། །ཨུ་པ་གུབ་ཏས་སྨྲས་པ། ཁོ་བོ་སངས་རྒྱས་ལ་ཕྱག་བྱེད་ཀྱི་ཁྱོད་ལ་ཕྱག་མི་བྱེད་དོ། །བདུད་ཀྱི་རྒྱལ་པོས་སྨྲས་པ། བཙུན་པ་བདག་ལ་ཐུགས་བརྩེ་བའི་སླད་དུ་ཁྱི་རོ་འདི་མ་མཆིས་པར་མཛོད་ཅིག།ཨུ་པ་གུབ་ཏས་སྨྲས་པ། ཁྱོད་སྙིང་རྗེའི་སེམས་བསྐྱེད་དེ། སེམས་ཅན་ཀུན་གྱི་སྐྱབས་བྱོས་ཤིག་དང་། ཁྱི་རོ་ལས་རིན་པོ་ཆེའི་འཕྲེང་བར་འགྱུར་རོ། །གལ་ཏེ་མི་དགེ་བའི་སྡིག་པའི་སེམས་སྐྱེས་ན་ཁྱི་རོ་ཉིད་ལས་མི་འགྱུར་རོ་ཞེས་སྨྲས་པ་དང་། བདུད་ཀྱི་རྒྱལ་པོ་སྐྲག་ནས། རྟག་ཏུ་དགེ་བའི་སེམས་བསྐྱེད་དོ། །དེའི་ཚེ་བཙུན་པ་ཨུ་པ་གུབ་ཏས་འབྲས་བུ་ཐོབ་པའི་འོག་ཏུ་སེམས་ཅན་བཏུལ་ཏེ། འབྲས་བུ་བཞི་ཐོབ་པར་བྱས་པའི་གྲངས་ནི། འབྲས་བུ་ཐོབ་པའི་མི་རེ་རེས་ཚུལ་ཤིང་སོར་བཞི་པ་རེ་རེ་བྱས་པའི་ཚུལ་ཤིང་དེ་ལྟ་བུས་ཁང་པ་མཐོ་ཁྱད་ཆག་དྲུག་ཅུ་པ་ཆུ་ཞེང་གབ་པར་ཆག་དྲུག་ཅུ་པའི་ནང་ཡོངས་སུ་གང་ངོ་། །དེ་ནས་མི་མང་པོ་ཀུན་གྱིས་བསྟོད་ཅིང་བསྔགས་ཏེ། ཁྱོད་ཀྱི་ཡོན་ཏན་ནི་རྒྱ་ཆེ་བས་སེམས་ཅན་བཏུལ་བའི་གྲངས་ཀྱང་དཔག་ཏུ་མེད་དོ་ཞེས་སྨྲས་སོ། །ཨུ་པ་གུབ་ཏས་སྨྲས་པ། ཁོ་བོ་དུད་འགྲོ་བྱེད་པའི་ཚེ་ན་ཡང་སེམས་ཅན་དག་བཏུལ་ཏེ། འཕགས་པའི་འབྲས་བུ་ཐོབ་པར་བྱས་ན། ད་ལྟར་གྱི་དུས་ན་བཏུལ་བ་ལྟ་ཅི་སྨོས། འཁོར་མང་པོས་སྨྲས་པ། སྔོན་ཅི་ལྟ་བུར་སེམས་ཅན་དག་བཏུལ་བ་བདག་ཅག་ལ་བསྟན་དུ་གསོལ། །ཨུ་པ་གུབ་ཏས་སྨྲས་པ། སྔོན་འདས་པའི་དུས་ན། ་་ཌ་་འདིར་དྲང་སྲོང་ལྷགས་པའི་རི་ལ་རང་སངས་རྒྱས་ལྔ་བརྒྱ་ཞིག་གནས་སོ། །དེའི་ཚེ་སྤྲེའུ་ཞིག་ཉིན་གཅིག་བཞིན་དུ་མཆོད་པ་འབུལ་ཞིང་སྤྱོད་ལམ་ལ་ལྟའོ། །རང་སངས་རྒྱས་དེ་དག་ཕྱིས་གཞན་ཞིག་ཏུ་དོང་བ་ལས། ཀུན་ཏུ་རྒྱུ་ལྔ་བརྒྱ་ཙམ་ཞིག་དེ་ན་གནས་སོ། །ཀུན་ཏུ་རྒྱུ་དེ་དག་ལ་ལ་ནི་ཉི་མ་དང་ཟླ་བ་ལ་མཆོད་ལ་ལ་ནི་མེ་ལྷ་ལ་མཆོད་དོ། །ཉི་མ་


DKG074_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཟླ་བ་ལ་མཆོད་པ་ནི་ཉི་ཟླའི་ཕྱོགས་སུ་རྐང་པ་ཡ་གཅིག་གིས་འགྲེང་ངོ་། །མེ་ལྷ་ཅན་ནི་ནང་པར་སྔ་དྲོ་ཞིང་མེ་འབུད་དོ། །དེའི་ཚེ་ན་སྤྲེའུ་དེས་འགྲེང་བ་དེ་དག་གི་རྐང་པ་ནས་ལག་པ་ཡ་གཅིག་གིས་བཟུང་སྟེ་ཐུར་དུ་དྲངས་སོ། །མེ་འབུད་པ་དེ་དག་གི་མེ་བསད་ནས། ལུས་དྲང་པོར་འདུག་སྟེ། བསམ་པ་ཡིད་ལ་བྱེད་དོ། །དེ་ནས་ཀུན་ཏུ་རྒྱུ་དེ་དག་གཅིག་ལ་གཅིག་འདི་སྐད་ཅེས་སྨྲས་སོ། །སྤྲེའུ་འདི་བདག་ཅག་ཀྱང་སྤྱོད་ལམ་འདི་ལྟ་བུ་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། བདག་ཅག་ཀྱང་སོ་སོ་ནས་ལུས་དྲང་པོར་བསྲངས་ཏེ། དོན་ལ་བརྟག་གོ་ཞེས་བྱས་ནས། དེ་དག་དེ་ལྟར་བྱས་མ་ཐག་ཏུ་སེམས་ཀྱི་ཁོང་དུ་ཆུད་ཅིང་རྟོགས་ཏེ། རང་སངས་རྒྱས་སུ་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སྤྲེའུ་དེ་ནི་ད་ལྟར་ང་ཡིན་ནོ། །འཁོར་རྣམས་ཀྱིས་སྨྲས་པ། འོ་ན་ཅིའི་ཕྱིར་སྤྲེའུའི་ལུས་སུ་གྱུར། ཨུ་པ་གུབ་ཏས་སྨྲས་པ། སྔོན་འདས་པའི་བསྐལ་པ་དགུ་བཅུའི་ཕ་རོལ་ན། སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་གཤེགས་ཏེ། དགེ་སློང་རྣམས་ནི་་་ཌ་་དྲང་སྲོང་ལྷགས་པའི་རི་ལ་གནས་སོ། །དེའི་ཚེ་འབྲས་བུ་ཐོབ་པའི་དགེ་སློང་ཞིག་རིའི་རྩེ་མོར་མགྱོགས་པར་སོང་བ་དང་། དེ་ལ་དགེ་སློང་གཞོན་ནུ་ཞིག་གིས་དགེ་སློང་ནི་མགྱོགས་ཁྱད་སྤྲེའུ་དང་འདྲའོ་ཞེས་སྨྲས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་སྐྱེ་བ་ལྔ་བརྒྱའི་བར་དུ་སྤྲེའུར་གྱུར་ཏོ། །དེ་བས་ན་འཁོར་བཞི་པོ་དག་ངག་གི་ལས་ཡོངས་སུ་བསྡམས་ཏེ་མི་དགོས་པ་མི་སྨྲའོ། །ཨུ་པ་གུབ་ཏས་ཆོས་འདི་བསྟན་པའི་ཚེ་འཁོར་མང་པོ་རྣམས་ལ་ལ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་ནི་རང་སངས་རྒྱས་སུ་དགེ་བའི་རྩ་བ་བསྐྱེད་དོ། །ཁ་ཅིག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ཕྱིར་མི་ལྡོག་པར་གྱུར་པ་ཡང་དཔག་ཏུ་མེད་དོ། །དེ་སྐད་ཅེས་སྨྲས་པ་ལ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ཨུ་པ་གུབ་ཏའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།

བཞི་བཅུ་བརྒྱད་པ། ངང་པ་ལྔ་བརྒྱ་ལྷར་སྐྱེས་པའི་ལེའུ།


DKG074_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་་་ཌ་་ན་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཚལ་ཞིག་གི་ནང་ནེའུ་གསིང་


DKG074_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་ཞིག་ན་ལྷ་དང་མི་དང་འཁོར་རྣམ་བཞི་ལ་དམ་པའི་ཆོས་སྟོན་ཏོ། །དེའི་ཚེ་སྟེང་གི་ནམ་མཁའ་ལ་བྱ་ངང་པ་ལྔ་བརྒྱ་ཙམ་ཞིག་འཕུར་བ་ལས། བཅོམ་ལྡན་འདས་ཀྱི་གསུང་སྙན་པ་ཐོས་ནས་དགའ་ཞིང་མོས་ཏེ་ནམ་མཁའ་ལ་ལྟིང་ཞིང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འབབས་པར་འདོད་པ་ལས། དེའི་ཚེ་རྔོན་པ་དག་ཅིག་གིས་ཕྱོགས་དེར་བྱ་རྒྱ་དྲེས་ཏེ་ངང་པ་ལྔ་བརྒྱ་ཙམ་བྱ་རྒྱས་ཟིན་ནས་རྔོན་པས་བསད་པ་དང་། ཐམས་ཅད་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་ཕ་མའི་པུས་མོའི་སྟེང་ནས་ཁྱེའུ་ལོ་བརྒྱད་ལོན་པ་ཙམ་དུ་སྐྱེས་ཏེ། བྱད་གཟུགས་བཟང་བ་བལྟ་ན་སྡུག་པ་འོད་ཟེར་གྱིས་ཀུན་ཏུ་སྣང་བ། གསེར་གྱི་རི་ལྟར་གསལ་ཞིང་དག་པར་གྱུར་ནས། དེ་དག་འདི་སྙམ་དུ་ཅིའི་རྐྱེན་གྱིས་ལྷར་སྐྱེས་སྙམ་བསམས་པ་དང་། སྔོན་གྱི་གནས་དྲན་པར་གྱུར་ཏོ། །ཆོས་གསུང་བའི་སྒྲ་ཐོས་ནས་ལྷར་སྐྱེས་པར་རིག་ནས། དེ་དག་གི་ཚེ་ནམ་མཁའ་ལས་འབབས་ཏེ། ལྷ་རྫས་ཀྱི་མེ་ཏོག་དང་སྤོས་ལ་སོགས་པ་ཐོགས་ནས། འཛམ་བུ་གླིང་གི་ཡུལ་བཱ་རཱ་ཎ་སཱི་ན་བཅོམ་ལྡན་འདས་གང་ན་བཞུགས་པར་ལྷགས་སོ། །ལྷའི་འོད་ཀྱིས་བཅོམ་ལྡན་འདས་བཞུགས་པའི་གནས་ཀུན་རིན་པོ་ཆེ་ལྟར་སྣང་བར་བྱས་ནས་དུས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་པའི་གསུང་ཐོས་པ་ཙམ་གྱིས་ཀྱང་ལྷའི་གནས་དམ་པར་སྐྱེས་ཀྱི། ད་ཡང་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དམ་པའི་ཆོས་སྟོན་ཅིག་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་བསྟན་ཏེ། ལྷ་དེ་དག་གིས་རྟོགས་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེ་དག་དེ་ཕྱིན་ཅད་ངན་སོང་གསུམ་དུ་མི་ལྟུང་བར་གྱུར་ཏེ། ཕྱིར་ལྷའི་རིས་སུ་དོང་ནས་སྐྱེ་བ་བདུན་གྱི་བར་དུ་ཟག་པ་ཀུན་ཟད་པར་གྱུར་ཏོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། མདང་སུམ་ལྷ་དག་གི་འོད་ཟེར་གྱིས་ཀུན་ནས་སྣང་བར་བགྱིས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་དུ་ལྷགས་པའི་ལྷ་དེ་དག་གང་ནས་མཆིས་པ་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བསྟན་པར་བྱའོ། །ང་ཁར་རྩང་ཚལ་ཞིག་གི་ནང་ན་ལྷ་དང་མི་རྣམས་ཀྱི་


DKG074_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཞི་ལ་ཆོས་བསྟན་པའི་ཚེ་ངང་པ་ལྔ་བརྒྱ་ཙམ་ཞིག་ཆོས་གསུང་བའི་སྒྲ་ལ་དད་ནས། ང་ལ་དགའ་བའི་སེམས་བསྐྱེད་དེ། ངའི་ཐད་དུ་འོངས་པ་ལས། མ་ཕྱིན་པར་རྔོན་པས་ཟིན་ཏེ་ཐམས་ཅད་བསད་པ་ཆོས་ཀྱི་སྒྲ་ལ་དད་པའི་སེམས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་སུ་སྐྱེས་ནས། སྔོན་གྱི་གནས་དྲན་པས་ང་ལ་ཕྱག་འཚལ་དུ་འོངས་སོ། །དེ་ནས་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས། རབ་ཏུ་དགའ་མགུ་རངས་ཏེ་ངོ་མཚར་རྨད་དོ་ཞེས་བསྔགས་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི་ངོ་མཚར་རྨད་དེ་ཆོས་ཀྱི་ཆར་གྱིས་མ་ངོམས་པ་མ་མཆིས་སོ། །ཆུང་ངུ་ན་དུད་འགྲོའི་སྐྱེ་གནས་ལྟ་བུ་ཡང་ཆོས་ཐོས་ནས་བསོད་ནམས་ཐོབ་ན་མི་ལྟ་ཞིག་ཅི་སྨོས་ཏེ། དད་པའི་སེམས་ཀྱིས་གཟུངས་སུ་གཟུང་བའི་བསོད་ནམས་ཀྱི་འབྲས་བུ་བས་བརྒྱ་སྟོང་གིས་ལྷག་སྟེ་དཔེར་བགྱིར་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཁྱོད་ཀྱིས་སྨྲས་པ་བཞིན་དུ་བཅོམ་ལྡན་འདས་འཇིག་རྟེན་དུ་གཤེགས་པ་ནི། ཀུན་ལ་ཕན་པ་དང་བདེ་བའི་དོན་དུ་གྱུར་ཏེ། ཀུན་ཏུ་བདུད་རྩིའི་ཆར་ཕབ་ནས་འགྲོ་བ་མང་པོ་ངོམས་པར་བྱེད་དོ། །དེ་བས་ན་ཁྱོད་ཀྱིས་སེམས་རྩེ་གཅིག་ཏུ་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་གྱིས་ཤིག།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། ཀུན་དགའ་བོ་དང་འཁོར་མང་པོ་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །ངང་པ་ལྔ་བརྒྱ་ལྷར་སྐྱེས་པའི་ལེའུ་སྟེ། བཞི་བཅུ་བརྒྱད་པའོ།། །།

བཞི་བཅུ་དགུ་པ། སེང་གེ་ཡི་དམ་བརྟན་པ་ཞེས་བྱ་བའི་ལེའུ།


DKG074_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་ལྷ་སྦྱིན་གྱིས་བཅོམ་ལྡན་འདས་ལ་རྟག་ཏུ་ངན་སེམས་བསྐྱེད་པས་དེ་བཞིན་གཤེགས་པ་མེད་པར་བྱས་ལ་ལྷ་སྦྱིན་ཉིད་སངས་རྒྱས་ཡིན་ནོ་ཞེས་བསྒྲགས་པའི་ཕྱིར། རྒྱལ་བུ་མ་སྐྱེས་དགྲ་ཕ་གསོད་དུ་བཅུག་ནས་སངས་རྒྱས་གསར་པ་དང་། རྒྱལ་པོ་གསར་པས་ཡུལ་སྲིད་བཅས་ན་ལེགས་སོ་ཞེས་སྨྲས་པ་དང་། རྒྱལ་


DKG074_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མ་སྐྱེས་དགྲ་ཉན་ཏེ་ཕ་བསད་ནས་བདག་ཉིད་རྒྱལ་པོར་ཞུགས་སོ། །དེའི་ཚེ་ཡུལ་མི་དག་དགེ་སློང་ཀུན་ལ་ངན་སེམས་བསྐྱེད་ནས་མཐོང་ཡང་མི་འདོད་པར་གྱུར་ཏེ། དེ་ནས་དུས་གཞན་ཞིག་ན་དགེ་སློང་དག་གྲོང་དུ་བསོད་སྙོམས་སློང་དུ་སོང་སོང་བ་ལས། ཡུལ་མི་ཁྲོས་ནས་གཏམ་ཡང་མི་སྟེར་ཏེ། ལྷུང་བཟེད་སྟོང་པར་ཕྱིར་ལོག་ནས། བྱ་རྒོད་སྤུངས་པའི་རི་ལ་ཕྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་སྦྱིན་གྱིས་སྡིག་པ་མི་དགེ་བའི་ལས་བགྱིས་པས་ཡོན་བདག་ཀུན་དགེ་སློང་ལ་ངན་སེམས་སྐྱེས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་ཞིག་དགེ་སློང་ངུར་སྨྲིག་གྱོན་པ་ལ་ངན་སེམས་བསྐྱེད་ན། མི་དེ་ནི་འདས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་དེ། མ་འོངས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་ནོ། །ད་ལྟར་བཞུགས་པའི་སངས་རྒྱས་དང་། རང་སངས་རྒྱས་དང་། དགྲ་བཅོམ་པ་ལ་ངན་སེམས་བསྐྱེད་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་དུས་གསུམ་གྱི་འཕགས་པ་ལ་ངན་སེམས་བསྐྱེད་པས། སྡིག་པའི་ལས་ཁ་ན་མ་ཐོ་བའི་འབྲས་བུ་ཚད་མེད་པ་སྨིན་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་ངུར་སྨྲིག་ནི་དུས་གསུམ་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་ཏེ། སེམས་ཅན་གང་ཞིག་སྐྲ་དང་ཁ་སྤུ་དྲེགས་ཏེ། ཁ་དོག་བསྒྱུར་བའི་གོས་གྱོན་ན་དེ་ནི་རིང་པོར་མི་ཐོགས་པར་སྡུག་བསྔལ་ཀུན་ལས་སེམས་རྣམ་པར་གྲོལ་ཏེ། ཟག་པ་མེད་པའི་ཡེ་ཤེས་ཐོབ་ཅིང་འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་དང་དཔུང་གཉེན་དུ་གྱུར་ཏེ། སེམས་ཅན་གང་ཞིག་རབ་ཏུ་བྱུང་ཞིང་ཁ་དོག་བསྒྱུར་བའི་ཆོས་གོས་གྱོན་པ་ལ་དད་པའི་སེམས་བསྐྱེད་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་རོ། །ཀུན་དགའ་བོ་ང་ཡང་སྔོན་རབ་ཏུ་བྱུང་བའི་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་ལ་དད་པའི་སེམས་སྐྱེས་ཏེ། བསྟི་སྟང་བྱས་པས་མངོན་པར་སངས་རྒྱས་སོ། །ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་ཀྱིས་སྔོན་ཁ་


DKG074_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

དོག་བསྒྱུར་བའི་ཆོས་གོས་བགོས་ཤིང་རབ་ཏུ་བྱུང་བ་ལ་བསྟི་སྟང་བགྱིས་པ་བསྟན་དུ་གསོལ། ཐོས་པར་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་ངས་བསྟན་པར་བྱའོ། །ཀུན་དགའ་བོ་སྔོན་འདས་པའི་བསྐལ་པ་ཚད་མེད་པ་གྲངས་མེད་པའི་ཕ་རོལ་ན། འཛམ་བུའི་གླིང་འདིར་རྒྱལ་པོ་ཆེན་པོ་དེ་བྱི་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་སྙེད་ལ་དབང་བྱེད་དོ། །དེའི་ཚེ་ན་འཇིག་རྟེན་ན་སངས་རྒྱས་ཀྱི་ཆོས་ནི་མེད་དེ། རང་སངས་རྒྱས་དག་ཅིག་རི་དང་ཚལ་ན་གནས་པ་ནམ་མཁའ་ལ་རྒྱུ་ཞིང་སེམས་ཅན་གྱི་དོན་མཛད་དོ། །དེའི་ཚེ་ན་རི་དགས་དེ་དག་ལ་བསྙེན་བཀུར་བྱེད་དོ། །སེང་གེ་ཡི་དམ་བརྟན་པ་ཞེས་བྱ་བ་ལུས་ཀྱི་སྤུ་གསེར་གྱི་མདོག་ལྟ་བུར་འདུག་ལ་ཤིན་ཏུ་འཚེར་བ་ཞིག་དེ་ན་འདུག་སྟེ། ཟས་སུ་འབྲས་བུ་དང་རྩ་བ་ཟའོ། །སེམས་ཅན་མི་གསོད་དོ། །དེའི་ཚེ་ན་རྔོན་པ་ཞིག་གིས་མཐོང་ནས་རབ་ཏུ་དགའ་སྟེ། ད་བདག་གིས་བདེ་བ་ཐོབ་ཀྱིས་སེང་གེ་འདི་བསད་ལ་པགས་པ་རྒྱལ་པོ་ལ་ཕུལ་ན། གདོན་མི་ཟ་བར་དབུལ་པོ་བོར་རོ་སྙམ་བསམས་ཏེ། དུས་གཞན་ཞིག་ན་སྐྲ་དྲེགས་ཆོས་གོས་གྱོན་མདའ་གཞུ་མཆན་དུ་བཅུག་སྟེ། སེང་གེ་གང་ན་འདུག་པར་སོང་ངོ་། །དེའི་ཚེ་ན་སེང་གེ་དེ་གཉིད་ལོག་སྟེ་ཉལ་བ་ལས་རྔོན་པས་དུག་མདའ་འཕངས་སོ། །དེ་ནས་སེང་གེ་སད་ནས་རྔོན་པ་བསྙགས་པ་དང་། ཆོས་གོས་གྱོན་པ་མཐོང་ནས། འདི་སྙམ་དུ་བསམས་སོ། །མི་འདི་ལྟ་བུ་ནི་འཇིག་རྟེན་ན་ཡུན་རིང་དུ་མི་གནས་ཏེ། རིང་པོར་མི་ཐོགས་པར་སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཁ་དོག་བསྒྱུར་བའི་ཆོས་གོས་འདི་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་འཕགས་པ་རྣམས་ཀྱི་རྒྱལ་མཚན་ཡིན་ཏེ། བདག་གིས་གནོད་པ་བྱས་ན་དུས་གསུམ་གྱི་འཕགས་པ་རྣམས་ལ་ངན་སེམས་བསྐྱེད་པ་ཡིན་ནོ་སྙམ་བསམས་ཏེ། གསོད་པའི་སེམས་གཏང་བ་དང་། དུག་མདས་ཞེན་པས་ལུས་དང་སྲོག་བྲལ་ལ་ཐུག་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཡ་ལ་ལ་བ་ཤ་ས་སྭ་ཧ་ཞེས་སྨྲས་


DKG074_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིག་གིས་གནམ་ས་ཀུན་གཡོས་ནས། སྤྲིན་མེད་པར་ཆར་བབ་སྟེ། ལྷ་རྣམས་ཀྱིས་ལྷའི་མིག་གིས་བརྟགས་ན། འཇིག་རྟེན་འདིར་རྔོན་པས་བྱང་ཆུབ་སེམས་དཔའ་སེང་གེའི་ཚུལ་དུ་ཞུགས་པ་བསད་པ་མཐོང་ནས། སྟེང་གི་ནམ་མཁའ་ལས་ལྷའི་མེ་ཏོག་ཆར་བཞིན་བབ་ནས་སེང་གེའི་རོ་ལ་མཆོད་པ་བྱས་སོ། །དེ་ནས་རྔོན་པས་སེང་གེའི་པགས་པ་བཤུས་ནས་ཁྱིམ་དུ་འོང་སྟེ། རྒྱལ་པོ་དེ་བྱི་ལ་ཕུལ་ནས། བྱ་དགའ་གསོལ་པ་དང་རྒྱལ་པོས་འདི་སྙམ་དུ་བསམས་སོ། །ཡི་གེ་དང་གཙུག་ལག་ལས། དུད་འགྲོ་གང་གི་སྤུ་མདོག་གསེར་ལྟར་འདུག་ན། ངེས་པར་བྱང་ཆུབ་སེམས་དཔའ་ཡིན་ཏེ། སྐྱེས་བུ་ཆེན་པོ་ཡིན་ནོ་ཞེས་འབྱུང་བ་ན། ཅིའི་ཕྱིར་ན་རྔོན་པ་འདི་ལ་བྱ་དགའ་སྦྱིན། གལ་ཏེ་སྦྱིན་ན་བདག་ཀྱང་གསོད་པ་དང་ཐ་མི་དད་དོ་སྙམ་བསམས་ནས། དེའི་ཚེ་རྔོན་པས་ཡང་བསྐུལ་བ་དང་། རྒྱལ་པོས་ཀྱང་ཉུང་ཞིག་བྱིན་ནས་རྔོན་པ་ལ་འདི་སྐད་ཅེས་སྨྲས་སོ། །སེང་གེ་འདི་གསོད་པའི་ཚེ་ངོ་མཚར་ཆེ་བའམ། ལྟས་ཅི་བྱུང་ཞེས་དྲིས་ན། ཁ་ནས་ཡི་གེ་འབྲུ་བརྒྱད་པོ་འདི་དག་སྨྲས་ཏེ། གནམ་ས་ཡང་གཡོས་ནས། སྤྲིན་མེད་པར་ཆར་བབ་ཅིང་ལྷ་རྣམས་ཀྱིས་མེ་ཏོག་ཕབ་བོ། །དེའི་ཚེ་རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས་ཤིན་ཏུ་མི་དགའ་སྟེ། དད་པའི་སེམས་བསྐྱེད་ནས་བློན་པོ་དང་སྔ་རབས་ཀྱི་རྒན་པོ་ཤེས་པ་བློ་དང་ལྡན་པ་ཀུན་བསགས་ཏེ། སེང་གེས་སྨྲས་པའི་ཚིག་དཔྱད་ན། གཅིག་གིས་ཀྱང་མ་གོ་མ་ཤེས་སོ། །གནས་དབེན་པ་ཞིག་ན་དྲང་སྲོང་ཤ་མ་ཞེས་བྱ་བ་མཁས་པ་རིག་པ་དང་ལྡན་པ་ཞིག་ཡོད་དེ། རྒྱལ་པོས་དྲང་སྲོང་དེ་སྤྱན་དྲངས་ནས་དྲིས་པ་དང་། དྲང་སྲོང་དེས་འདི་སྐད་ཅེས་བཤད་དོ། །ཡ་ལ་ལ་ཞེས་བྱ་བ་དེའི་དོན་ནི་སྐྲ་དྲེགས་ལ་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་འབའ་ཞིག་སྐྱེ་ཤི་ལས་མྱུར་དུ་ཐར་རོ་ཞེས་ཟེར་རོ། །བ་ཤ་ས་ཞེས་ཟེར་བའི་དོན་ནི་སྐྲ་དྲེགས་ཏེ། ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པ་ཐམས་ཅད་འཕགས་པའི་མཚན་མ་ཡིན་ཏེ། མྱ་ངན་ལས་འདས་པ་དང་ཉེའོ་ཞེས་ཟེར་རོ། །་་ཞེས་བྱ་བའི་དོན་ནི་སྐྲ་དྲེགས་ཏེ། ཆོས་གོས་ཁ་དོག་བསྒྱུར་བ་གྱོན་ན་ལྷ་དང་། མི་དང་


DKG074_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་བཀུར་སྟི་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དྲང་སྲོང་གིས་དེ་སྐད་ཅེས་སྨྲས་པ་དང་། རྒྱལ་པོ་རབ་ཏུ་དགའ་ནས་རྒྱལ་ཕྲན་བརྒྱད་ཁྲི་བཞི་སྟོང་མང་པོ་ཡང་བསྡུས་ནས། རིན་པོ་ཆེ་སྣ་བདུན་གྱི་ཤིང་རྟ་མཐོན་པོ་དང་བཅས་ནས་སེང་གེའི་པགས་པ་སྟེང་དུ་བཞག་སྟེ། ཐམས་ཅད་ཀྱིས་མཐོང་བར་བྱས་ནས། སྤོས་དང་མེ་ཏོག་གིས་མཆོད་ཅིང་ཕྱག་འཚལ་དུ་བཅུག་གོ །དེ་ནས་གསེར་གྱི་སྒྲོམ་བྱས་ནས། སེང་གེའི་པགས་པ་ནང་དུ་བཅུག་སྟེ། མཆོད་རྟེན་བྱས་སོ། །དེའི་ཚེ་མི་མང་པོ་དགེ་བར་སེམས་པ་དེ་དག་ཐམས་ཅད་ཚེ་འཕོས་པའི་འོག་ཏུ་མཐོ་རིས་ཀྱི་ལྷར་སྐྱེས་སོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་སེང་གེ་དེས་ཆོས་གོས་ཁ་དོག་བསྒྱུར་བ་གྱོན་པའི་མི་ལ་དགེ་བའི་སེམས་བསྐྱེད་པས། བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་ནས། སེམས་ཅན་ཀུན་ལ་བདེ་བ་བྱིན་ཏེ། བསོད་ནམས་ཀྱི་ལས་རྒྱས་པར་བྱས་ནས། མངོན་པར་སངས་རྒྱས་སོ། །དེའི་ཚེ་དེའི་དུས་ན་སེང་གེ་ཡི་དམ་བརྟན་པ་དེ་ལ་གཞན་དུ་མ་སེམས་ཤིག་དེ་ནི་ད་ལྟར་ང་ཡིན་ནོ། །དེའི་ཚེ་དེའི་དུས་ན་རྒྱལ་པོ་དེ་བྱིས་སེང་གེའི་པགས་པ་ལ་མཆོད་པ་བྱས་པས། བསྐལ་པ་ཁྲི་ཕྲག་བཅུའི་བར་དུ་ལྷ་དང་མིའི་མཆོག་ཏུ་གྱུར་ནས། དགེ་བ་ཀུན་བྱས་པ་དེ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ཡིན་ནོ། །དེའི་ཚེ་དེའི་དུས་ན་དྲང་སྲོང་དེ་ནི་ཤཱ་རིའི་བུ་ཡིན་ནོ། །རྔོན་པ་དེ་ནི་ལྷ་སྦྱིན་ཡིན་ནོ། །དེའི་ཚེ་འཁོར་མང་པོ་དག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ཐོས་ནས། རབ་ཏུ་དགའ་སྟེ་འདི་སྐད་ཅེས་གསོལ་ཏོ། །བདག་གིས་འཕགས་པར་མ་ཤེས་པར་ངན་སེམས་བསྐྱེད་ཀྱིས། དེ་བཞིན་གཤེགས་པས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། སྡིག་པར་མི་འགྱུར་བར་འགྱོད་ཚངས་འཚལ་ལོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བདེན་པ་བཞིའི་ཆོས་བསྟན་ཏེ། སྔོན་རྒྱུ་གང་དང་འཐུན་པ་བཞིན་དུ་འབྲས་བུ་ཐོབ་ནས་ལ་ལ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་ལྡོག་པ་དང་། ཕྱིར་མི་ལྡོག་པ་དང་། དགྲ་བཅོམ་པ་ཐོབ་བོ། །ལ་ལ་ནི་བླ་ན་མེད་


DKG074_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ཀུན་དགའ་བོ་དང་། འཁོར་མང་པོ་རྣམ་བཞི་མངོན་པར་དགའ་ནས་རྗེས་སུ་ཡི་རང་ངོ་། །སེང་གེ་ཡི་དམ་བརྟན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།

ལྔ་བཅུ་པ། སྲིན་བུའི་ལོ་རྒྱུས་བསྟན་པའི་ལེའུ།


DKG074_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་དང་མི་རིང་བ་ཞིག་ན། ཆུའི་ལྗེང་ཀ་མི་གཙང་བ་ཞིག་ཡོད་དེ། མི་མང་པོ་བཤང་གཅི་དང་། མི་གཙང་བ་ཐམས་ཅད་དེར་འདོར་རོ། །ལྗེང་ཀ་དེའི་ནང་ནས་སྲིན་བུ་ཆེན་པོ་སྦྲུལ་དང་འདྲ་བ་རྐང་པ་བཞི་ཡོད་པ་ཞིག་ཡོད་དོ། །ཆུའི་ནང་ན་རྒྱུག་ཅིང་བར་འགའ་ནི་ཕྱིར་འབྱུང་། བར་འགའ་ནི་ཆུའི་སྟེང་དུ་འགྲོ་སྟེ། ལོ་མང་པོར་དེ་ན་གནས་ཤིང་སྡུག་བསྔལ་ཚད་མེད་པ་མྱོང་ངོ་། །དུས་གཞན་ཞིག་ན་བཅོམ་ལྡན་འདས་དགེ་སློང་མང་པོས་བསྐོར་ཏེ། མདུན་དུ་བདར་ནས་ལྗེང་ཀ་དེའི་དྲུང་དུ་གཤེགས་ཏེ། སྲིན་བུ་དེ་གཟིགས་པ་དང་། སྲིན་བུ་དེའི་སྔོན་གྱི་རྒྱུ་ཁྱེད་ཅག་སུས་ཤེས་ཞེས་བཀའ་སྩལ་པ་དང་། དགེ་སློང་རྣམས་ཀྱིས་བསམས་ན་ཡང་སྲིན་བུ་དེས་སྔོན་ཅི་བྱས་པ་གཅིག་གིས་ཀྱང་མ་རྟོགས་ནས། བདག་ཅག་ལས་གང་ཡང་འཚལ་བ་མ་མཆིས་སོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། སྲིན་བུ་འདིའི་སྔོན་གྱི་རྒྱུ་བཤད་པར་བྱ་སྟེ། སྔོན་འདས་པའི་དུས་ན་སངས་རྒྱས་རྣམ་པར་གཟིགས་ཞེས་བྱ་བ་འཇིག་རྟེན་དུ་གཤེགས་ཏེ། སེམས་ཅན་གྱི་དོན་མཛད་ནས་མྱ་ངན་ལས་འདས་སོ། །སངས་རྒྱས་དེའི་བསྟན་པ་ལ་དགེ་སློང་སྟོང་ཕྲག་བཅུ་ཞིག་ཚངས་པར་སྤྱོད་པ། ཡོངས་སུ་དག་པར་སྤྱོད་དོ། །དགོན་པའི་རི་ཞིག་ལ་གནས་པ་ལས། གཡས་གཡོན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་རབ་ཏུ་རྒྱས་ཤིང་། ཤིང་གི་བར་བར་ན་ཆུ་མིག་དང་ཁྲུས་ཀྱི་རྫིང་བུ་དང་ལྡན་པ་ཤིན་ཏུ་དགའ་བའི་གནས་ཞིག་ཡོད་དོ། །དེའི་ཚེ་ན་དགེ་སློང་དག་སྤྱོད་ལམ་ལ་བརྩོན་ཞིང་ནན་ཏན་བྱེད་པས། ཐམས་


DKG074_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་འབྲས་བུ་དང་པོ་ནས་འབྲས་བུ་བཞི་པའི་བར་དུ་ཐོབ་ནས། སོ་སོའི་སྐྱེ་བོ་མེད་དོ། །དུས་གཞན་ཞིག་ན་ཚོང་པ་ལྔ་བརྒྱ་ཙམ་ཞིག་རྒྱ་མཚོར་རིན་པོ་ཆེ་ལེན་དུ་དོང་བ་ལས་ལམ་དུ་ཞུགས་ཏེ། ལམ་གཡོགས་སུ་རི་དེ་ལ་ལྷགས་ནས་དགེ་སློང་དག་ཤིན་ཏུ་སྤྱོད་པ་ལ་བརྩོན་པར་མཐོང་ནས། ཚོང་པ་རྣམས་བགྲོས་ཏེ་མཆོད་པ་ཞིག་བྱ་བར་བསམས་པ་ལས། ཡོན་བདག་མང་བས་སྐབས་མ་རྙེད་དོ། །བསམས་པ་བཞིན་དུ་མ་གྲུབ་ནས། དགེ་འདུན་ལ་འཕྱི་ཕྱག་འཚལ་ཏེ། རྒྱ་མཚོར་དོང་ནས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བདག་ཅག་ཉེ་ཞོ་མེད་པར་བདེ་བར་འཁོར་ན་མཆོད་པར་བགྱིའོ་ཞེས་གསོལ་པ་དང་། དགེ་འདུན་རྣམས་ཀྱང་ཅང་མི་གསུངས་ཏེ། ཚོང་པ་རྣམས་ཀྱང་རྒྱ་མཚོར་ཞུགས་སོ། །ཚོང་པ་དེ་དག་རྒྱ་མཚོ་ནས་རིན་པོ་ཆེ་མང་དུ་རྙེད་དེ། བདེ་བར་འཁོར་ནས། དགེ་འདུན་དེ་དག་ལ་རིན་པོ་ཆེ་དམ་པ་རིན་ཆེ་བ་ཞིག་དགེ་འདུན་ལ་བསོད་སྙོམས་ཀྱི་ཟོང་དུ་ཕུལ་ལོ། །དེ་ནས་དགེ་འདུན་གྱིས་བཞེས་ནས་ལས་བྱེད་པའི་དགེ་སློང་ཞིག་ལ་གཏད་དོ། །ཕྱིས་དགེ་འདུན་དག་བསོད་སྙོམས་ཀྱིས་དྲེལ་བར་གྱུར་ནས། རིན་པོ་ཆེ་དེ་བསོད་སྙོམས་སུ་སྤྱོད་སྙམ་སྟེ། ལས་བྱེད་པའི་དགེ་སློང་དེ་ལ་ཚོང་པས་ཕུལ་བའི་རིན་པོ་ཆེ་དེ་འོན་ཅིག་ཅེས་བསྒོ་ན། དགེ་སློང་དེས་སྨྲས་པ། ཚོང་པས་རིན་པོ་ཆེ་ང་ལ་བྱིན་དུ་ཟད་ཀྱིས། ཁྱོད་ཀུན་ལ་ནི་མ་བྱིན་ནོ། །དགེ་འདུན་གྱིས་དགེ་སློང་དེ་ལ་རིན་པོ་ཆེ་དེ་ནི་ཚོང་པས་དགེ་འདུན་ལ་ཕུལ་ནས། ཁྱོད་སྦེད་དུ་བཅུག་གིས་ཁྱོད་ལ་མ་བྱིན་ནོ་ཞེས་བསྒོ་བ་དང་། དགེ་སློང་དེ་ཁྲོས་ནས་ཁྱེད་རྐྱག་པ་ལ་ཟ་ཟའམ། རིན་པོ་ཆེ་ནི་ཁོ་བོའི་ཡིན་གྱིས་མ་ཟེར་ཅིག་ཅེས་སྨྲས་སོ། །དེ་ནས་དགེ་འདུན་རྣམས་ཀྱང་དགེ་སློང་དེ་ཁྲོས་ཏེ་ངན་སེམས་སྐྱེས་པ་མཐོང་ནས། སོ་སོར་གྱེས་སོ། །དེ་ལྟར་དགེ་འདུན་ལ་ངན་སེམས་ཀྱིས་ཚིག་ངན་སྨྲས་པས། ལུས་ཞིག་སྟེ་ཚེ་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྷུང་སྟེ། ངན་སྐྱུགས་ཀྱི་ནང་ན་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་འགྲེ་འགྲེའོ། །དེ་ལས་ཐར་ནས་ད་འདིར་ངན་སྐྱུགས་ཀྱི་ཁུང་བུར་སྐྱེས་ནས།


DKG074_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་མང་དུ་ལོན་ཡང་ད་དུང་མ་ཐར་ཏེ། འདི་ལྟ་སྟེ། སྔོན་འདས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་དགེ་སློང་གི་དགེ་འདུན་དང་། འདིར་གཤེགས་ནས་ཉེ་གནས་རྣམས་ལ་བསྟན་ཏེ། སྔོན་ཅི་ལས་གྱུར་པ་བསྟན་ཏོ། །དེ་ནས་ཡང་སངས་རྒྱས་ཐམས་ཅད་སྐྱོབ་ཀྱང་དགེ་སློང་གི་དགེ་འདུན་དང་བཅས་ཏེ་འདིར་གཤེགས་ནས་སྔོན་ཅི་ལས་གྱུར་པ་བསྟན་ཏོ། །དེ་ནས་ཚེ་འཕོས་ནས་ཕྱིར་ཡང་སེམས་ཅན་དམྱལ་བར་སྐྱེས་ཏེ། ལོ་ཁྲི་ཕྲག་གྲངས་མེད་པ་ཞིག་ལོན་ནས་ཕྱིས་ཡང་ཁུང་འདིར་སྐྱེས་སོ། །དེའི་འོག་ཏུ་སངས་རྒྱས་ལོག་པར་དད་སེལ་ཡང་དགེ་སློང་གི་དགེ་འདུན་དང་བཅས་པ་འདིར་གཤེགས་ནས་སྔོན་གྱི་ལོ་རྒྱུས་བསྟན་ཏོ། །དེའི་འོག་ཏུ་སངས་རྒྱས་གསེར་ཐུབ་ཀྱང་འདིར་གཤེགས་སོ། །དེའི་འོག་ཏུ་སངས་རྒྱས་འོད་སྲུང་ཡང་ཉེ་གནས་རྣམས་དང་འདིར་གཤེགས་ཏེ། སྔོན་གྱི་ལོ་རྒྱུས་བསྟན་ཏོ། །ད་སངས་རྒྱས་བདུན་པོའི་ཐ་མ་སངས་རྒྱས་ཤཱཀྱ་ཐུབ་པ་ང་ཡང་ཁྱེད་ལ་འདིར་སྲིན་བུ་བསྟན་ཏེ། དེ་བཞིན་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པོ་ཉེ་གནས་དང་བཅས་ཏེ། འདིར་གཤེགས་ནས་སྲིན་བུ་འདིས་སྔོན་ཅི་ལྟར་བྱས་པའི་ལོ་རྒྱུས་སྟོན་པར་འགྱུར་རོ། །དགེ་སློང་རྣམས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཐོས་ནས། ལུས་ཀྱི་བ་སྤུ་ཀུན་ལངས་ནས། སོ་སོ་ནས་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྲུང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཁོར་མང་པོ་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །སྲིན་བུའི་ལོ་རྒྱུས་བསྟན་པའི་ལེའུ་སྟེ། ལྔ་བཅུ་པའོ།། །།

ལྔ་བཅུ་གཅིག་པ། དགེ་ཚུལ་ཀྱུན་ཏེའི་ལེའུ།


DKG074_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་ཉིན་མཚན་དུས་གསུམ་དུ་ལྷའི་མིག་གིས་སེམས་ཅན་གང་འདུལ་བའི་སྐལ་བ་ཡོད་པར་རྟོག་སྟེ། འདུལ་བར་རིགས་པ་ཡོད་པ་དེར་འགྲོའོ། །དུས་གཞན་ཞིག་ན་ཚོང་པ་དག་ཅིག་ཡུལ་གཞན་དུ་ཚོང་དུ་འདོང་བ་ལས་ཁྱི་ཞིག་ཁྲིད་དོ། །ལམ་དུ་ཁྱི་དེས་ཚོང་པ་ཞིག་གི་ཤ་


DKG074_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

བརྐུས་པ་དང་། ཚོང་པ་དེ་ཁྲོས་ནས། ཁྱིའི་རྐང་པ་བཅག་ནས། འབྲོག་སྟོང་པར་བོར་ཏེ་སོང་ངོ་། །དེ་ནས་ཤཱ་རིའི་བུས་ལྷའི་མིག་གིས་བལྟས་ནས་ཁྱི་དེ་ལྟོགས་པར་མཐོང་ནས། ཆོས་གོས་གྱོན་ལྷུང་བཟེད་ཐོགས་ཏེ། བསོད་སྙོམས་བསླངས་ཏེ། དེ་མ་ཐག་ཏུ་ནམ་མཁའ་ལ་འཕུར་ཏེ། ཁྱིའི་གན་དུ་སོང་ནས། བྱམས་ཤིང་སྙིང་བརྩེ་བའི་སེམས་བསྐྱེད་དོ། །ཁ་ཟས་ཀྱིས་ཁྱི་དེ་ལ་བསྙོད་དོ། །ཁྱི་དེ་ཁ་ཟས་ཟོས་ནས་ལྷག་པར་དགའ་སྟེ། ཤཱ་རིའི་བུས་ཁྱི་དེ་ལ་དམ་པའི་ཆོས་བསྟན་ནས། ཁྱི་དེ་ཡང་དེའི་ཚེ་ཚེ་འཕོས་ཏེ། མཉན་དུ་ཡོད་པར་བྲམ་ཟེ་ཞིག་གི་བུར་སྐྱེས་སོ། །དུས་གཞན་ཞིག་ན་ཤཱ་རིའི་བུ་གཅིག་པུ་བསོད་སྙོམས་ལ་སོང་སྟེ། བྲམ་ཟེའི་སྒོར་ཕྱིན་པ་དང་། བྲམ་ཟེ་དེས་ཤཱ་རིའི་བུ་ལ་ཅིའི་ཕྱིར་གཅིག་པུར་འགྲོ་བར་བྱེད་དགེ་ཚུལ་ཡང་མེད་དམ་ཞེས་སྨྲས་པ་དང་། ཤཱ་རིའི་བུས་སྨྲས་པ། བདག་ལ་དགེ་ཚུལ་མེད་པར་གཅིག་པུ་འགྲོ་བ་ཡིན་ནོ། །ཁྱོད་ལ་བུ་ཞིག་ཡོད་ཟེར་ན། བདག་ལ་སྦྱིན་དུ་རུང་ངམ། མི་རུང་ཞེས་སྨྲས་སོ། །བྲམ་ཟེས་སྨྲས་པ། བདག་ལ་ཀྱུན་ཏེ་ཞེས་བྱ་བ་ཞིག་ཡོད་དོ། །ད་དུང་ནི་གཞོན་ཏེ་ཆུང་བས་ཅི་ཡང་མི་ནུས་པས། ནམ་སྐྱེས་ན་སྦྱིན་ནོ་ཞེས་སྨྲས་སོ། །ཤཱ་རིའི་བུས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཡིད་ལ་བཟུང་སྟེ། ཕྱིར་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་འོངས་སོ། །ཕྱིར་ལོ་བདུན་ལོན་པ་དང་། བྲམ་ཟེའི་ཁྱིམ་དུ་སོང་སྟེ། བྲམ་ཟེ་དེ་ལ་བུ་སློང་བ་དང་། བྲམ་ཟེ་དེས་ཀྱང་ཤཱ་རིའི་བུ་ལ་ཕུལ་ལོ། །ཤཱ་རིའི་བུས་ཀྱང་བུ་དེ་བཞེས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁྲིད་དོ། །དགེ་ཚུལ་དུ་བཅུག་ནས། དམ་པའི་ཆོས་རྣམ་པ་སྣ་ཚོགས་བསྟན་པས། སེམས་རྣམ་པར་གྲོལ་ཏེ། དགྲ་བཅོམ་པར་གྱུར་ནས། མངོན་པར་ཤེས་པ་དྲུག་དང་ཡོན་ཏན་ཀུན་དང་ལྡན་པར་གྱུར་ཏེ། དུས་གཞན་ཞིག་ན་དགེ་ཚུལ་ཀྱུན་ཏེ་ཤེས་རབ་ཀྱི་སྟོབས་ཀྱིས་ཚེ་སྔ་མ་ལ་ཅི་བྱས་པས་ལུས་འདི་ཐོབ་ནས་སློབ་དཔོན་དང་ཕྲད་དེ་འབྲས་བུ་ཐོབ་པར་གྱུར་པ་བརྟགས་ན། ཚེ་སྔ་མ་ལ་ཁྱི་ལྟོགས་པ་ཞིག་བྱེད་པས། བདག་གི་སློབ་དཔོན་ཤཱ་རིའི་བུའི་དྲིན་གྱིས་མིའི་ལུས་དང་། འབྲས་བུ་ཐོབ་པར་མཐོང་ཞིང་རྟོགས་ནས་རབ་ཏུ་དགའ་སྟེ། འདི་སྙམ་དུ་བསམས་སོ། །


DKG074_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་སློབ་དཔོན་འདིའི་དྲིན་གྱིས་སྡུག་བསྔལ་ལས་ཐར་བར་གྱུར་ཏོ། །ད་བདག་ནམ་འཚོ་བའི་བར་དུ་སློབ་དཔོན་གྱི་བསྙེན་བཀུར་བྱ་བའི་ཕྱིར་དགེ་ཚུལ་བྱའི་བསྙེན་པར་རྫོགས་པར་མི་བྱའོ་སྙམ་བསམས་སོ། །དེའི་ཚེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་པ། དགེ་ཚུལ་འདིས་སྔོན་འདས་པའི་དུས་ན་སྡིག་པའི་ལས་ཅི་ཞིག་བགྱིས་པས་ཁྱིའི་ལུས་སུ་གྱུར། དགེ་བའི་རྩ་བ་ཅི་བགྱིས་ན་རྣམ་པར་གྲོལ་བར་གྱུར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྔོན་འདས་པའི་དུས་ན་སངས་རྒྱས་འོད་སྲུང་གི་ཚེ། དགེ་སློང་དག་ཅིག་ལྷན་ཅིག་འཁོད་པ་ལས། དགེ་སློང་གཞོན་ནུ་སྐད་སྙན་པ་ཞིག་ཡོད་དེ། བསྟོད་པ་དང་། དབྱངས་བྱེད་ན་ཐམས་ཅད་ཀྱིས་ཐོས་པར་དཀའོ། །དེའི་ཚེ་ན་དགེ་སློང་རྒན་པོ་ཞིག་ཡོད་པ་སྐད་མི་སྙན་ཏེ། འོན་ཀྱང་བསྟོད་པ་དང་ཚིགས་སུ་བཅད་པ་དང་དབྱངས་དང་བཅས་ཏེ་བྱེད་དོ། །དགེ་སློང་རྒན་པོ་དེ་ནི་དགྲ་བཅོམ་པ་ཞིག་སྟེ། དགེ་སྦྱོང་གི་ཡོན་ཏན་ཐམས་ཅད་དང་ལྡན་ནོ། །དུས་གཞན་ཞིག་ན་དགེ་སློང་གཞོན་ནུ་དབྱངས་སྙན་པ་དེས་དགེ་སློང་རྒན་པོ་དབྱངས་མི་སྙན་པ་དེ་ལ། ཁྱོད་ཀྱི་དབྱངས་ནི་ཁྱི་ཟུག་པ་དང་འདྲའོ། །ཞེས་སྨད་པའི་ཚིག་སྨྲས་སོ། །དེ་ནས་དགེ་སློང་རྒན་པོ་དེས་དགེ་སློང་གཞོན་ནུ་དེ་ལ་ཁྱོད་ཀྱིས་ང་ཤེས་སམ། ཞེས་དྲིས་ན་ཁོ་བོས་ཤེས་ཏེ་ཁྱོད་ནི་སངས་རྒྱས་འོད་སྲུང་གི་དགེ་སློང་གནས་བརྟན་ཡིན་ནོ། །སྨྲས་པ། བདག་ནི་དགྲ་བཅོམ་པ་སྟེ། དགེ་སྦྱོང་གི་ཡོན་ཏན་དང་ལྡན་ནོ་ཞེས་སྨྲས་པ་དང་། དགེ་སློང་གཞོན་ནུ་དེ་འཇིགས་སྐྲག་སྟེ། འགྱོད་ནས་དེ་ལ་མཐོལ་ཚངས་བྱས་སོ། །དགེ་སློང་རྒན་པོ་དེས་ཚངས་པ་བྱིན་མོད་ཀྱིས། ཚིག་ངན་པ་སྨྲས་པའི་རྐྱེན་གྱིས་སྐྱེ་བ་ལྔ་བརྒྱའི་བར་དུ་རྟག་ཏུ་ཁྱིར་སྐྱེས་སོ། །རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་བསྲུངས་པས། འདིར་ང་དང་ཕྲད་ནས་རྣམ་པར་གྲོལ་བར་གྱུར་ཏོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་ནས། ཀུན་དགའ་བོ་ལ་སོགས་པ་འཁོར་མང་པོ་རྣམས་རྗེས་སུ་ཡི་རངས་ནས་མངོན་པར་དགའོ། །དགེ་ཚུལ་ཀྱུན་ཏེའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།མཛངས་བླུང་ཞེས་བྱ་བའི་མདོ་རྫོགས་སོ། །རྒྱ་ནག་ལས་འགྱུར་བར་སྣང་ངོ་། །


DKG074_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། དིརྒ་ན་ཁ་པ་རི་པྲཛ་ཀ་པ་རི་པྲཱི་ཚ་ན་མ་སཱུ་ཏ། བོད་སྐད་དུ། ཀུན་ཏུ་རྒྱུ་བ་སེན་རིངས་ཀྱིས་ཞུས་པའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པ་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་བཞི་པོ་དག་ལ་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །དེའི་ཚེ་ཀུན་ཏུ་རྒྱུ་སེན་རིངས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར། ཁར་བ་ཨོམ་ཚུགས་བཅས་ཏེ་ཅང་མི་སྨྲ་བར་འདུག་ནས་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོའུ་ཏ་མ་འཇིག་རྟེན་ནི་ལས་བདག་གིར་བྱ་བ།་ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་འཆིང་བ་ཅན་ལས་བརྟན་པར་བྱའོ་ཞེས་དེ་སྐད་སྨྲས་པ་ནི་བདེན་ན། དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་རྡོ་རྗེའི་ལུས་དང་ལྡན་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་སྲོག་གཅོད་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་སོར་མོ་རིང་ཞིང་སོར་མོའི་བར་དྲ་བས་འདྲེལ་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ལེན་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་


DKG074_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་དབང་པོ་ཚང་ཞིང་ལུས་རབ་ཏུ་རྒྱས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་འདོད་པ་ལ་ལོག་པར་གཡེམ་པ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ལྕེས་གདོང་གི་དཀྱིལ་འཁོར་ཐམས་ཅད་ཁེབས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་བརྫུན་དུ་སྨྲ་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་སེང་གེའི་སྟབས་སུ་འགྲོ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་འབྲུའི་ཆང་དང་། སྦྱར་བའི་ཆང་མྱོས་པ་བག་མེད་པའི་གནས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་སོ་བཞི་བཅུ་དང་ལྡན་ཞིང་སོ་མཉམ་ལ་སོ་དཀར་བར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་དུས་མ་ཡིན་པའི་ཟས་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །དགེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ཚུལ་ཁྲིམས་ཀྱི་སྤོས་ཀྱིས་ལུས་བྱུགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ཕྲེང་བ་དང་྄་སྤོས་དང་། བྱུག་པ་དང་། ཁ་དོག་འཆང་བ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །གེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་ལུས་མཚན་ཐམས་ཅད་ཀྱིས་བརྒྱན་པར་གྱུར། བཅོམ་ལྡན་


DKG074_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར་ཁྲི་སྟན་མཐོན་པོ་དང་། ཁྲི་སྟན་ཆེན་པོ་སྤངས་པའི་ལས་དེའི་འབྲས་བུ་ཡིན་ནོ། །གེ་སྦྱོང་གོའུ་ཏ་མས་སྔོན་ལས་ཅི་ཞིག་བྱས་ཤིང་བསགས་ན། དེས་དགེ་སྦྱོང་གོའུ་ཏ་མ་མགོའི་གཙུག་གཏོར་འཕགས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་འདི་ནི་ངས་ཚེ་རབས་སྔ་མའི་སྐྱེ་བར། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཕ་མ་དང་། སློབ་དཔོན་དང་། མཁན་པོ་དང་། བླ་མ་དང་། སྦྱིན་གནས་རྣམས་ལ་ཡན་ལག་ལྔ་ས་ལ་གཏུགས་ཏེ་མགོ་བོས་ཕྱག་འཚལ་ལོ། །མཆོད་པའི་ལས་དེའི་འབྲས་བུ་ཡིན་ནོ། །དེ་ནས་ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཁར་བ་ས་ལ་བོར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཇི་སྲིད་འཚོའི་བར་དུ་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཆོས་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཇི་སྲིད་འཚོའི་བར་དུ་ཡན་ལག་བརྒྱད་པའི་བསྙེན་གནས་ལ་ཉེ་བར་གནས་པར་བགྱིའོ། །སྲོག་ཆགས་ཐམས་ཅད་གསོད་དང་གཞན་ནོར་རྐུ་དང་མི་ཚངས་སྤྱོད་པ་དང་། །ངག་གི་དབྱེ་བ་བརྫུན་དང་མྱོས་སྐྱེད་དུས་མིན་ཟ་བ་དང་། །ཕྲེང་བ་ཁ་དོག་གླུ་དང་གར་དང་རྩེ་འཇོ་མལ་སྟན་མཐོན་པོ་རྣམས། །དེང་ནས་བདག་གིས་སྤངས་ཏེ་ཡོན་ཏན་བརྒྱད་ཀྱིས་


DKG074_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བཅོམ་ཚུལ་དུ་བགྱི། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུའོ། །བདག་གི་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་འཛིན་པ་འདི་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། བྱང་ཆུབ་ཀྱི་ཚོགས་སུ་འགྱུར་པ་དང་། དོན་གྱི་དམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མྱ་ངན་ལས་འདས་པའི་བདེ་བ་བླ་ན་མེད་པ་ལ་གནས་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་དེ་ལྟར་བྱེད་པ་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།ཀུན་ཏུ་རྒྱུ་སེན་རིངས་ཀྱིས་ཞུས་པའི་མདོ་རྫོགས་སོ།། །།བཀའ་དང་པོར་གཏོགས་སོ།།


previousམཛངས་བླུན་ཞེས་བྱ་བའི་མདོ།no next