Nitartha Digital Library
Tibetan
བདེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།


   
   
   
   
   
   
  expand section
   
འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   
   
   


 
previousའཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next

འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG076_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་ཡོངས་སུ་བསྐོར་ཅིང་སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དག་ལ་ཆོས་སྟོན་པར་མཛད་དོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་ན་རྣམ་པ་གཅིག་ཏུ་མིར་སྐྱེས་པར་མཚུངས་པ་ལ། ཁ་ཅིག་ནི་སྡུག་ཅིང་ཁ་ཅིག་ནི་བྱད་བཞིན་མི་སྡུག་པ་དང་། ཁ་ཅིག་ནི་དཔའ་ཞིང་ཁ་ཅིག་ནི་ཞན་པ་དང་། ཁ་ཅིག་ནི་དབུལ་ཞིང་ཁ་ཅིག་ནི་ཕྱུག་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་ཁ་ཅིག་ནི་བདེ་བ་དང་ལྡན་པ་དང་། ཁ་ཅིག་ནི་ཡ་རབས་སུ་གྱུར་ཅིང་ཁ་ཅིག་ནི་མ་རབས་སུ་གྱུར་ཏེ། སྒྲ་དབྱངས་མི་མཚུངས་ཤིང་སྐད་ཐ་དད་པར་གྱུར་པ་དང་། ཁ་ཅིག་ནི་ལོ་བརྒྱ་ལོན་ཀྱང་འཆི་བར་མི་འགྱུར་ལ་ཁ་ཅིག་ནི་ལོ་སུམ་ཅུ་ལོན་ནས་སྔར་འགུམ་པ་དང་། ཁ་ཅིག་ནི་ལོ་བཅྭ་ལྔ་ལོན་ནས་གློ་བུར་དུ་འཆི་བ་དང་། ཁ་ཅིག་ནི་མའི་མངལ་ཉིད་དུ་འགུམ་པ་དང་། ཁ་ཅིག་ནི་བྱད་བཞིན་སྡུག་ཅིང་མཛེས་པ་དང་། ཁ་ཅིག་ནི་དབུལ་ཞིང་མ་རབས་སུ་གྱུར་ལ་བྱད་བཞིན་མི་སྡུག་པ་དང་། ཁ་ཅིག་ནི་ཕྱུག་ཅིང་ཡ་རབས་སུ་སྐྱེ་བ་དང་། ཁ་ཅིག་ནི་དཔའ་ཞིང་དམན་པར་གྱུར་ལ། ཁ་ཅིག་ནི་ཞན་ཅིང་རིགས་མཐོན་པོར་སྐྱེས་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་ཚེ་རིང་ལ་ཁ་ཅིག་ནི་བདེ་ཞིང་ཚེ་ཐུང་བ་དང་། ཁ་ཅིག་ནི་དགེ་བ་སྤྱད་ཀྱང་ནོངས་སྐྱོན་དང་བཅས་པར་གྱུར་ལ། ཁ་ཅིག་ནི་སྡིག་པ་བགྱིས་ཀྱང་བསོད་ནམས་ཀྱི་ཕན་ཡོན་ཐོབ་པ་དང་། ཁ་ཅིག་ནི་ཚོ་ཞིང་དཀར་ཡང་མིག་ཡ་ཡོར་གྱུར་ཅིང་མི་གསལ་ལ། ཁ་ཅིག་ནི་སྔོ་ཞིང་གནག་ཀྱང་མངལ་བྱད་དང་ལྡན་པ་དང་། ཁ་ཅིག་


DKG076_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐུང་ཞིང་བོང་ཆུང་ཡང་སེམས་རྩལ་དང་ལྡན་པ་དང་། ཁ་ཅིག་ནི་རིང་ཞིང་བོང་ཆེ་ཡང་གཞན་དག་གི་གཡོག་བགྱིད་པ་དང་། ཁ་ཅིག་ནི་བུ་ཚ་མང་ལ་ཁ་ཅིག་ནི་གཅིག་པུ་གནས་པ་དང་། ཁ་ཅིག་ནི་སླད་རོལ་དུ་རྒྱུ་ཞིང་བཀྲེས་པ་དང་། གྲང་བ་དག་གིས་ཉེན་པར་འགྱུར་ལ། ཁ་ཅིག་ནི་ཁྱིམ་ན་གནས་ཀྱང་གོས་ཟས་དག་ལ་དགའ་འབྱོར་པ་དང་། ཁ་ཅིག་ནི་གཞོན་པའི་ཚེ་དབུལ་ཞིང་ཕོངས་ལ་རྒས་པའི་ཚེ་གདོད་ཕྱུག་པོར་འགྱུར་བ་དང་། ཁ་ཅིག་ནི་ཡུས་མ་མཆིས་བཞིན་དུ་ཡང་ནོངས་པ་མ་མཆིས་པར་ནན་གྱིས་གོ་རར་སྩལ་བ་དང་། ཁ་ཅིག་ནི་ཕ་མ་ཡང་སྙིང་རྗེ་དང་ལྡན་ལ་བུ་ཡང་སྲི་ཞུ་ཆེ་ཞིང་མདོ་སྡེ་དང་གཙུག་ལག་གི་དོན་གླེང་བར་བགྱིད་ལ། ཁ་ཅིག་ནི་ཕུ་བོ་ནུ་བོ་སོ་སོར་ཕྱེ་ནས་འཐབ་ཅིང་རྩོད་པར་བགྱིད་པ་དང་། ཁ་ཅིག་ནི་ཁང་ཁྱིམ་དག་བརྩིགས་ནས་འབྱོར་པ་སྣ་ཚོགས་དང་ལྡན་ལ། ཁ་ཅིག་ནི་ཁང་ཁྱིམ་མ་མཆིས་པས་གཞན་དག་ལ་རྟེན་པ་དང་། ཁ་ཅིག་ནི་བྱ་འདབ་ཆགས་བཞིན་དུ་ཤིང་དང་ཐང་ལ་གནས་པ་དང་། ཁ་ཅིག་ནི་གཅན་གཟན་གྱི་རྣམ་པ་དང་མཚུངས་ཤིང་སྤུའི་གོས་དང་ལྡན་པ་ཟས་སུ་རྩྭ་འཚལ་ཞིང་ཁྲག་འཐུང་བ་དང་། ཁ་ཅིག་ནི་ཡི་གེ་མ་འཚལ་བ་དང་། ཁ་ཅིག་ནི་ཅི་ཡང་མ་བགྱིས་པར་བདེ་བའི་རྣམ་པར་སྨིན་པ་མྱོང་བར་འགྱུར་ལ། ཁ་ཅིག་ནི་སླ་བ་བགྱིད་པའི་གནས་ཀྱང་མི་རྙེད་པ་དང་། ཁ་ཅིག་ནི་དབང་པོ་གསལ་བས་ཤེས་པ་དང་ལྡན་ལ། ཁ་ཅིག་ནི་དབང་པོ་མི་གསལ་བས་ཤེས་པ་དང་མི་ལྡན་པ་དང་། ཁ་ཅིག་ནི་བཙལ་ན་གདོད་ཐོབ་པར་འགྱུར་ལ། ཁ་ཅིག་ནི་མ་བཙལ་བར་ཡང་རྙེད་པར་འགྱུར་བ་དང་། ཁ་ཅིག་ནི་ཕྱུག་ཀྱང་སེར་སྣ་ཆེ་ལ། ཁ་ཅིག་ནི་དབུལ་པོར་གྱུར་ཀྱང་གཏོང་བ་ལ་དགའ་བ་དང་། ཁ་ཅིག་ནི་ཚིག་སྨྲས་པ་རྣམས་མཉེན་ཞིང་དེས་ལ། ཁ་ཅིག་ནི་ཚིག་སྨྲས་པ་རྣམས་གཏུམ་ཞིང་བརླང་བ་དང་། ཁ་ཅིག་ནི་མང་པོ་ཀུན་གྱིས་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་ལ། ཁ་ཅིག་ནི་མང་པོ་ཀུན་གྱིས་ཐག་རིང་དུ་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བར་བགྱིད་ལ། ཁ་ཅིག་ནི་སྲོག་ཆགས་དཔག་


DKG076_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་མ་མཆིས་པ་དག་གསོད་པར་བགྱིད་པ་དང་། ཁ་ཅིག་ནི་ཡངས་པ་མང་པོ་ཀུན་གྱིས་ཡིད་དུ་མཆི་བར་འགྱུར་ལ། ཁ་ཅིག་ནི་གཞན་དག་གིས་སྤོང་བར་བགྱིད་པ་དང་། ཁ་ཅིག་ནི་ཆུང་མ་དང་གྱོས་སྒྱུག་ལ་སོགས་པས་སྡང་བར་འགྱུར་ལ། ཁ་ཅིག་ནི་གཉེན་བཤེས་ཀུན་དགའ་བར་འགྱུར་བ་དང་། ཁ་ཅིག་ནི་ཆོས་ཀྱི་ཚིག་མཉན་པར་དགའ་བ་དང་། ཁ་ཅིག་ནི་མདོ་སྡེ་ཐོས་ནས་གཉིད་ལོག་བགྱིད་པ་དང་། ཁ་ཅིག་ནི་དཔའ་ཞིང་རྩལ་དང་ལྡན་ཡང་ཞེས་མ་མཆིས་ལ་ཁ་ཅིག་ནི་ཚིག་འབྲུ་དང་དོན་དག་ལ་སློབ་པར་མོས་པ་དང་། ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་པ་སྣ་ཚོགས་བགྱིས་པ་དག་གདའ་ན། བཅོམ་ལྡན་འདས་དེ་དག་གི་རྒྱུ་དང་འབྲས་བུ་གང་ལགས་པ་རྒྱ་ཆེར་བཀས་བཤད་དུ་གསོལ། འཁོར་མང་པོ་རྣམས་ཀྱིས་ཐོས་ཤིང་རྟོགས་པར་འགྱུར་ལ་སེམས་རྩེ་གཅིག་ཏུ་དགེ་བ་ལ་གཞོལ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཇི་ལྟར་དྲིས་པ་དེ་དེ་བཞིན་ཏེ། རྣམ་པར་སྨིན་པ་མྱོང་བར་མི་མཚུངས་པར་གྱུར་པ་དེ་དག་ཐམས་ཅད་ནི་ཚེ་རབས་སྔ་མ་དག །ལས་ཀྱི་སྤྱོད་པ་མི་མཉམ་པའི་དབང་གིས་ན་ཐ་དད་པའི་བྱེ་བྲག་བརྒྱ་སྟོང་མང་པོ་མྱོང་བར་གྱུར་པ་ཡིན་ཏེ། ཚེ་འདི་ལ་བྱད་བཞིན་སྡུག་པ་གང་ཡིན་པ་དེ་ནི་བཟོད་པ་དང་དུ་བླངས་པ་ལས་འོངས་པ་ཡིན་ནོ། །བྱད་བཞིན་མི་སྡུག་པ་གང་ཡིན་པ་དེ་ནི་ཁོང་ཁྲོ་བ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་དབུལ་པོར་གྱུར་པ་གང་ཡིན་པ་དེ་ནི་སེར་སྣ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི་སྦྱིན་པ་བཏང་བ་ལས་འོངས་པ་ཡིན་ནོ། །ཡ་རབས་མཐོན་པོར་གྱུར་པ་གང་ཡིན་པ་དེ་ནི་གཞན་དག་ལ་གུས་པར་ཕྱག་བྱས་པ་ལས་འོངས་པ་ཡིན་ནོ། །མ་རབས་སུ་གྱུར་པ་གང་ཡིན་པ་དེ་ནི་ང་རྒྱལ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ལུས་རིང་ཞིང་བོང་ཆེ་བ་གང་ཡིན་པ་དེ་ནི་གུས་པས་བཀུར་སྟི་བྱས་པ་ལས་འོངས་པ་ཡིན་ནོ། །ལུས་ཐུང་ངུ་གང་ཡིན་པ་དེ་ནི་ཆོས་ལ་བརྙས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་བཀའ་བློ་མི་བདེ་བ་གང་ཡིན་


DKG076_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གནག་ཅིང་རིད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྣང་བ་བསྒྲིབས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མཆུ་མི་སྡུག་པ་གང་ཡིན་པ་དེ་ནི་མཆོད་རྟེན་གྱི་ཟས་མྱངས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མིག་དམར་བ་གང་ཡིན་པ་དེ་ནི་མེའི་སེར་སྣ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མིག་མི་གསལ་བ་གང་ཡིན་པ་དེ་ནི་ཁྲའི་མིག་བྲུས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ལྐུགས་པ་གང་ཡིན་པ་དེ་ནི་ཆོས་ལ་སྐུར་པ་བཏབ་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་འོན་པར་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཐོས་པར་མི་དགའ་བ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་སོ་རྣོན་པོར་གྱུར་པ་གང་ཡིན་པ་དེ་ནི་རུས་པ་འཆའ་ཞིང་ཤ་ཟ་བར་མངོན་པར་དགའ་བ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ་གང་ཡིན་པ་དེ་ནི་དྲི་མི་ཞིམ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མཆུ་ཤོ་རེར་གྱུར་པ་གང་ཡིན་པ་དེ་ནི་ཉའི་འགྲམ་པ་ཕུག་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་སྐྲ་སེར་པོར་གྱུར་པ་གང་ཡིན་པ་དེ་ནི་ཕག་གི་སྤུ་བཏོགས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་རྣ་བ་རལ་བར་གྱུར་པ་གང་ཡིན་པ་དེ་ནི་གཞན་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་ལུས་ཀྱི་ཤ་བྲུར་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་གོས་ཡང་ཞིང་སྲབ་པ་དག་བགོས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་དག་གི་འོག་ཏུ་བཞག་ནས་དུད་པས་བདུགས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་རྐང་ལག་ཞ་བོར་གྱུར་པ་གང་ཡིན་པ་དེ་ནི་མཁན་པོ་དང་། སློབ་དཔོན་དང་བླ་མ་རྣམས་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་སྒུར་པོར་གྱུར་པ་གང་ཡིན་པ་དེ་ནི་གོས་ཡང་ཞིང་སྲབ་པ་དག་བགོས་ནས་ཕན་ཚུན་དུ་འགྲོ་བའི་ཚེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྒྱབ་ཀྱིས་ཕྱོགས་པ་ལས་གྱུར་པ་


DKG076_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །མིར་གྱུར་ཀྱང་འཕྲལ་བ་མི་སྡུག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བའི་ཚེ་ཕྱག་ཀྱང་མི་བྱེད་ལ། ལག་པས་འཕྲལ་བར་བརྡབས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་གཉའ་བ་ཐུང་བ་གང་ཡིན་པ་དེ་ནི་བླ་མ་དག་མཐོང་ནས་མགོ་སྦས་ཏེ་བྲོས་ནས་འབྱོལ་བ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་རྟག་པར་སྙིང་ན་བ་གང་ཡིན་པ་དེ་ནི་སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་མཛེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི་ཉེས་པ་མེད་པར་གཞན་དག་གི་ནོར་བླངས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་དབུགས་ཐུང་བ་གང་ཡིན་པ་དེ་ནི་དགུན་གྲང་བའི་དུས་ཀྱི་ཚེ་གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་བུ་ཁྱེའུ་དང་བུ་མོ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་བྱ་མང་པོ་རྣམས་ཀྱི་ཕྲུ་གུ་བསད་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ནས་བུ་ཚ་མང་བ་གང་ཡིན་པ་དེ་ནི་སེམས་ཅན་གསོ་བར་དགའ་བ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་ཚེ་རིང་བ་གང་ཡིན་པ་དེ་ནི་བྱམས་པའི་སེམས་དང་ལྡན་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་ཚེ་ཐུང་བ་གང་ཡིན་པ་དེ་ནི་སྲོག་ཆགས་མང་པོ་བསད་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ནས་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི་སྦྱིན་པ་བཏང་བ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ནས་རྟ་དང་ཤིང་རྟ་དང་ལྡན་པ་གང་ཡིན་པ་དེ་ནི་དཀོན་མཆོག་གསུམ་ལ་རྟ་དང་ཤིང་རྟ་ཕུལ་བ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ནས་དབང་པོ་གསལ་བ་གང་ཡིན་པ་དེ་ནི་མདོ་སྡེ་འདྲི་ཞིང་ཁ་ཏོན་འདོན་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་དབང་པོ་མི་གསལ་བ་གང་ཡིན་པ་དེ་ནི་དུད་འགྲོའི་གནས་ནས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གཞན་གྱི་བྲན་དང་བྲན་མོ་བྱེད་པ་གང་ཡིན་པ་དེ་ནི་བུ་ལོན་ཆགས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མི་བརྟན་ཞིང་ཡང་བ་གང་ཡིན་པ་དེ་ནི་སྔོན་སྤྲེའུ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མཛེ་ནད་ཀྱིས་བཏབ་པ་གང་ཡིན་པ་དེ་ནི་དཀོན་མཆོག་གསུམ་རྣམ་པར་བཤིག་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་རྐང་ལག་འཇམ་འགྲུས་སུ་གྱུར་


DKG076_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་ཡིན་པ་དེ་ནི་སེམས་ཅན་གྱི་རྐང་ལག་དམ་དུ་བཅིངས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ལུས་ལ་རྨ་དང་ཤུ་བ་འབྱུང་ཞིང་ཡུན་རིང་པོར་སྨན་དང་དཔྱད་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི་སེམས་ཅན་ལ་བརྡེག་བཙོག་བྱས་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ཀྱང་རང་བཞིན་མི་སྲུན་པ་གང་ཡིན་པ་དེ་ནི་སྡིག་སྦྲུལ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་བསྲུངས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་དབང་པོ་རྣམས་མ་ཚང་བ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་འཆལ་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གཙང་སྦྲ་མེད་པ་གང་ཡིན་པ་དེ་ནི་ཕག་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་གླུ་གར་ལ་དགའ་བ་གང་ཡིན་པ་དེ་ནི་རོལ་མོ་མཁན་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་འདོད་ཆེན་ཆེ་བ་གང་ཡིན་པ་དེ་ནི་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་གཉའ་བར་ལྦ་བ་ཡོད་པ་གང་ཡིན་པ་དེ་ནི་གཅིག་པུ་བསྣོགས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་ཁའི་དྲི་མནམ་པ་གང་ཡིན་པ་དེ་ནི་ཚིག་ངན་གྱིས་གཞན་ལ་སྤྱོས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ཕོ་མཚན་དང་མི་ལྡན་པ་དེ་ནི་ཁྱི་དང་ཕག་རྣམས་ཀྱི་རླིག་པ་བཅད་པ་ལས་གྱུར་པ་ཡིན་ནོ། །མིར་གྱུར་ནས་ལྕེ་ཐུང་བ་གང་ཡིན་པ་དེ་ནི་དབེན་པ་དག་ཏུ་བླ་མ་དག་ལ་ཚིག་མི་སྙན་པ་བརྗོད་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ནས་གཞན་གྱི་ཆུང་མ་ལ་གཡེམ་པར་མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱ་ངང་པ་དག་ཏུ་ལྟུང་བར་འགྱུར་རོ། །མིར་གྱུར་ཀྱང་བདག་དང་ཉེ་ཞིང་གཉེན་དུ་འབྲེལ་པ་དག་ལ་གཡེམ་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་བྱེའུ་མཆིལ་པ་དག་ཏུ་ལྟུང་བར་འགྱུར་རོ། །མིར་གྱུར་ནས་མདོ་སྡེ་དང་བསྟན་བཅོས་དག་ལ་སེར་སྣ་བྱེད་ཅིང་ཤེས་ཀྱང་སྦས་ནས་གཞན་དག་ལ་མི་སྟོན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཤིང་སྲིན་དག་ཏུ་སྐྱེ་བར་འགྱུར་རོ། །མིར་གྱུར་ནས་མདའ་གཞུ་ཐོགས་ཤིང་གཞོམ་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཀླ་ཀློ་ཅན་དུ་ལྟུང་བར་འགྱུར་རོ། །རྔོན་པ་བྱེད་


DKG076_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྲོག་ཆགས་གསོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་འཕར་སྤྱང་དག་ཏུ་ལྟུང་བར་འགྱུར་རོ། །མགོ་རྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས། གཅིན་རྟུག་གི་སྲིན་བུ་བྱེད་པར་འགྱུར་རོ། །གོས་རིང་པོ་གྱོན་པར་དགའ་བ་དེ་ནི། ཤི་འཕོས་ནས་སྲིན་བུ་མཇུག་རིངས་བྱེད་པར་འགྱུར་རོ། །ཉལ་ཞིང་ཟ་བར་མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་ཕག་ཏུ་སྐྱེ་བར་འགྱུར་རོ། །གོས་ཚོན་ཅན་གྱོན་པར་མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱེའུ་ཁྲེའུ་བྱེད་པར་འགྱུར་རོ། །གཞན་གྱི་ཚིག་ཟློས་ཤིང་ཀུ་རེ་བྱེད་པར་མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་བྱ་ནེ་ཙོ་བྱེད་པར་འགྱུར་རོ། །ཕྲ་མ་བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྦྲུལ་ལུས་པོ་ཆེ་དག་ཏུ་སྐྱེ་བར་འགྱུར་རོ། །ཉེས་པ་མེད་པར་དགྲ་ལ་རྣམ་པར་འཚེ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྲིན་བུ་འཁོན་དུ་འཛིན་པའི་སེམས་དང་བཅས་པ་དག་ཏུ་སྐྱེ་བར་འགྱུར་རོ། །གཞན་གྱི་དབྱེན་བྱེད་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྲིན་བྱ་དག་ཏུ་སྐྱེ་བར་འགྱུར་རོ། །དམོད་མོའི་ཚིག་སྨྲ་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཝ་དག་ཏུ་སྐྱེ་བར་འགྱུར་རོ། །གཞན་དག་སྐྲག་ཅིང་དངང་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་རི་དགས་ཤ་བའི་རིགས་སུ་སྐྱེ་བར་འགྱུར་རོ། །ཚེ་སྔ་མ་ལ་ཤིང་གི་ལྷམ་བགོས་ནས་དྲི་གཙང་ཁང་དུ་ཞུགས་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་རྟའི་རིགས་སུ་སྐྱེ་བར་འགྱུར་རོ། །ཚེ་སྔ་མ་ལ་འཕྱེན་གཏོང་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྲིན་བུ་མནམ་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །ཚེ་སྔ་མ་ལ་དགེ་འདུན་གྱི་གཏུན་དང་རང་ཐག་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་སྲོག་ཆགས་སྲིན་བུ་མགོ་རྡེབས་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཚེ་སྔ་མ་ལ་གཞན་དག་གི་ཟས་ཀྱི་གེགས་བྱས་ན་ཚེ་འདི་ལ་ཤིང་སྲིན་བྱེད་པར་འགྱུར་རོ། །དགེ་འདུན་གྱི་ཆུ་བརྐུས་ནས་ཡོངས་སུ་སྤྱད་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་ཉ་དང་ཆུ་སྲིན་དག་ཏུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ས་གཞི་དག་ལ་མི་གཙང་བ་འདོར་བ་གང་ཡིན་པ་དེ་ནི་བཤང་གཅིའི་ནང་དུ་


DKG076_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཤིང་ཏོག་བརྐུས་པ་གང་ཡིན་པ་དེ་ནི་འཇིམ་རྫབ་ཟ་བའི་སྲིན་བུ་བྱེད་པར་འགྱུར་རོ། །དགེ་འདུན་གྱི་དཀོར་བརྐུས་པ་གང་ཡིན་པ་དེ་ནི་རང་ཐག་འདྲེན་པའི་གླང་དང་བོང་བུ་བྱེད་པར་འགྱུར་རོ། །དགེ་འདུན་གྱི་དཀོར་ལ་ནན་གྱིས་སློང་ཞིང་སྔ་སྐྱིན་བྱེད་ན་ཕུ་རོན་དཀར་པོ་བྱེད་པར་འགྱུར་རོ། །དགེ་འདུན་ལ་འཕྱ་ཞིང་དམོད་པར་བྱེད་ན་གླང་གི་གཉའ་བའི་སྲིན་བུར་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཚོད་ལྡུམ་ཟོས་ན་ཚོད་མའི་སྲིན་བུར་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཁྲི་སྟན་ལ་འདུག་ན་སའི་སྲིན་བུ་མཇུག་རིངས་སུ་སྐྱེ་བར་འགྱུར་རོ། །དགེ་འདུན་གྱི་ཡོ་བྱད་སྣ་ཚོགས་དག་ལ་ཡོངས་སུ་སྤྱོད་པར་བྱེད་ན་ཕྱེ་མ་ལེབ་ཏུ་སྐྱེ་བར་འགྱུར་རོ། །རུས་པ་དག་ཐོགས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན་བྱ་མཆུ་རིངས་སུ་སྐྱེ་བར་འགྱུར་རོ། །དམར་རྩི་དང་དཀར་རྩི་དག་མཆུ་ལ་བསྐུས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན་བྱ་མཆུ་དམར་བ་དག་ཏུ་སྐྱེ་བར་འགྱུར་རོ། །གོས་ཚོན་ཅན་བགོས་ཏེ། གཙུག་ལག་ཁང་དུ་འགྲོ་བར་བྱེད་ན་བྱ་ཁ་དོག་སེར་པོ་དག་ཏུ་སྐྱེ་བར་འགྱུར་རོ། །ཁྱོ་ཤུག་གཙུག་ལག་ཁང་དུ་གནས་ནས་ཉལ་པོ་བྱས་ན་བྱ་མགོ་སྔོན་དག་ཏུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བརྫིས་ན་རྔ་མོའི་ལུས་བྱེད་པར་འགྱུར་རོ། །ལྷམ་བགོས་ཏེ་དེ་བཞིན་གཤེགས་པའི་དྲི་གཙང་ཁང་དུ་འགྲོ་བར་བྱེད་ན་སྦལ་པར་སྐྱེ་བར་འགྱུར་རོ། །ཆོས་ཉན་པའི་ཚེ་ཀླག་ཅོར་ཟེར་ན་ནི་བྱ་ལྕེ་བརྒྱ་པ་དག་ཏུ་སྐྱེ་བར་འགྱུར་རོ། །དགེ་སློང་མ་གཙང་མ་སུན་པར་བྱེད་ན་ཤི་འཕོས་ནས་སེམས་ཅན་དམྱལ་བའི་གནས་ལྕགས་ཀྱི་བྲག་ཕུག་ཏུ་ལྟུང་ཞིང་རལ་གྲིའི་འཁོར་ལོ་བརྒྱ་སྟོང་དུ་མ་དུས་གཅིག་ཏུ་བབས་ནས་ལུས་གཅོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་པ་ལྟར་དགེ་འདུན་གྱི་རྫས་ཡོངས་སུ་སྤྱོད་པ་གང་ལགས་པ་དེ་དག་ལ་ཡང་དག་པར་ཤིན་ཏུ་ལྕི་བ་ཞིག་ལགས་པར་གྱུར་ན་སྦྱིན་བདག་བཞི་པོ་ཇི་ལྟར་གཙུག་ལག་ཁང་དུ་མཆི་ཞིང་བཀུར་སྟི་དང་ཕྱག་འཚལ་བར་བགྱིད་པ་ལགས། བཅོམ་


DKG076_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གཙུག་ལག་ཁང་དུ་འགྲོ་བ་ལ་སེམས་རྣམ་པ་གཉིས་ཡོད་དེ། དགེ་བའི་སེམས་དང་མི་དགེ་བའི་སེམས་གང་ཡིན་པའོ། །དགེ་བའི་སེམས་ཞེས་བྱ་བ་ཇི་ལྟ་བུ་ཞེ་ན། གང་གིས་གཙུག་ལག་ཁང་དུ་ཕྱིན་ནས་དེ་བཞིན་གཤེགས་པ་མཐོང་ན་ཕྱག་བྱེད་པ་དང་། དགེ་འདུན་མཐོང་ན་གུས་པར་བཀུར་སྟི་བྱས་ནས་མདོ་སྡེའི་དོན་འདྲི་བར་བྱེད་པ་དང་། སྡོམ་པ་ཡང་དག་པར་བླངས་ནས་ཉེས་པ་འཆགས་པར་བྱེད་པ་དང་། ནོར་རྫས་དག་ཡོངས་སུ་བཏང་ནས་དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པ་དང་། ལུས་དང་སྲོག་ལ་ཕངས་པ་མེད་པར་ཆོས་ཆེན་པོ་ཡོངས་སུ་བསྲུང་ཞིང་ཡང་དག་པར་འཛིན་པར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ནི་གོམ་པ་གཅིག་འདོར་བར་བྱེད་ན་ཡང་ལྷའི་གཞལ་མེད་ཁང་དྲུང་དུ་འོང་ཞིང་། མ་འོངས་པ་ན་ཁྱིམ་བདག་ཤུག་དེ་ཀ་བཞིན་དུ་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཏུ་དགེ་བ་ཞེས་བྱའོ། །མི་དགེ་བའི་སེམས་དང་ལྡན་པ་ཇི་ལྟ་བུ་ཞེ་ན། སེམས་ཅན་གང་ལ་ལ་ཞིག་གཙུག་ལག་ཁང་དུ་འཇུག་པའི་ཚེ་དགེ་འདུན་ལ་སློངས་མོ་དང་། གཡར་པོ་དང་། སྔ་སྐྱིན་འབའ་ཞིག་བྱ་བར་སེམས་པ་དང་། དགེ་འདུན་གྱི་སྐྱོན་ཚོལ་ཞིང་རྩེ་གཅིག་ཏུ་རྣམ་པར་བཤིག་པ་འབའ་ཞིག་ཏུ་འདོད་པ་དང་། དགེ་སློང་གི་དགེ་འདུན་གྱི་ཟས་ཟོས་ན་ཡང་སེམས་ལ་གནོད་པ་ཅི་ཡང་མེད་ཅིང་ཁུར་བ་དང་། ཤིང་ཏོག་དང་། ལྡམ་ལྡུམ་དག་ཁྱེར་ནས་རང་གི་ཁྱིམ་དུ་འགྲོ་བར་བྱེད་པའི་གང་ཟག་དེ་ལྟ་བུ་དག་ཤི་འཕོས་མ་ཐག་ཏུ་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང་ཞིང་ཟངས་ཀྱི་ནང་དུ་བཙོ་བ་དང་། སྦར་བའི་མེས་བསྲེགས་པ་དང་། རལ་གྲི་ལྟ་བུའི་རི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ་ལ་སོགས་པའི་སྡུག་བསྔལ་གང་ཡང་མི་མྱོང་བ་མེད་པར་འགྱུར་ཏེ། འདི་ནི་སྐྱེས་བུ་མཆོག་ཏུ་མི་དགེ་བ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་ངས་མ་འོངས་པའི་དུས་ཀྱི་སློབ་མ་དག་ལ་རྗེས་སུ་བསྟན་པ་ཡིན་གྱིས་བག་ཡོད་པར་བསྒྲིམས་ཏེ། དཀོན་མཆོག་གསུམ་


DKG076_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དག་ལ་ཉེས་པ་མི་བྱེད་པ་དང་། ནུར་བའི་སེམས་སྐྱེ་བ་མེད་པར་དེ་བཞིན་གཤེགས་པའི་བཀའ་སྩལ་པ་བཞིན་བྱེད་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་བྱུང་བའི་ཚེ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་ཐེ་ཚོམ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་འདི་ལ་གཞན་གྱི་ལུས་ལས་གོས་བཤུས་ཏེ་ཕྲོག་པར་བྱེད་ན་ཤི་འཕོས་ནས་གྲང་བའི་སེམས་ཅན་དམྱལ་བར་ལྟུང་བ་དང་། གཞན་ཡང་དར་གྱི་སྲིན་བུར་སྐྱེས་ནས་འཚེད་པར་འགྱུར་རོ། །ཚེ་འདི་ལ་སྐུ་གཟུགས་དང་མདོ་སྡེའི་སྤྱན་སྔར་མར་མེ་སྦར་བར་མངོན་པར་མི་དགའ་ན་ཤི་འཕོས་ནས་རི་ཁོར་ཡུག་གི་བར་ན་སེམས་ཅན་དམྱལ་བའི་གནས་མུན་ནག་ཡོད་པ་དག་ཏུ་ལྟུང་བར་འགྱུར་རོ། །ཚེ་འདི་ལ་སེམས་ཅན་གྱི་སྲོག་བཅད་པས་དམྱལ་ཞིང་གཏུབ་པར་བྱེད་ན་ཤི་འཕོས་ནས་སེམས་ཅན་དམྱལ་བ་མཚོན་ལྟར་རབ་ཏུ་རྣོ་བའི་རི་ལ་རལ་གྲི་ལོ་མ་ཅན་གྱི་ལྗོན་ཤིང་འཛེག་པ་དག་ཏུ་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཁ་ཅིག་སྡིག་གཏོང་ཞིང་རྔོན་པ་བྱེད་པར་མངོན་པར་དགའ་བ་དེ་དག་ནི་ཤི་འཕོས་ནས་སོག་ལེས་འདྲལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མང་དུ་འདོད་པས་ལོག་པར་གཡེམ་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུ་བ་དང་། ལྕགས་ཀྱི་ཁྲི་རབ་ཏུ་ཚ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་དེ་ནི་ལྕགས་ཀྱི་རང་ཐག་ཏུ་འཐག་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཁྱིམ་ཐབ་མང་པོ་བདོག་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྦྲུལ་གདུག་པ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་སྒོ་ང་བསྲེགས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མེ་མ་མུར་རབ་ཏུ་ཚ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཕག་དང་བྱ་རྣམས་བཤུ་ཤིང་འཐོག་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཟངས་དག་ཏུ་འཚེད་པའི་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཕག་དང་ཁྱིའི་རླིག་པ་འབྱིན་པ་གང་ཡིན་པ་དེ་ནི་


DKG076_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་འཕོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཆང་འཐུངས་ནས་མྱོས་པར་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཁུ་འཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་སེམས་ཅན་གྱི་ལུས་ཀྱི་ཡན་ལག་བཅད་ཅིང་གཏུབ་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཀྱི་འཁོར་ལོ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་དགེ་འདུན་གྱི་ཤིང་ཏོག་བརྐུས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཕག་གི་རྒྱུ་མ་དང་ཤ་ཟོས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྗན་ལྗིན་གྱིས་གང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཉ་གསོན་པོར་ཟོས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མཚོན་ཆ་དང་། དབྱིག་པ་དང་། རལ་གྲིའི་སོ་ཅན་གྱི་ལྗོན་ཤིང་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མ་ཡར་མོར་གྱུར་ནས་ཆུང་མ་སྔ་མའི་བུ་དག་ལ་ནེར་པ་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་ཕྲ་མ་བྱས་ནས་དཀྲུགས་མ་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཀྱི་ཐོང་གཤོལ་གྱིས་རྨོ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མི་སྙན་པས་གཞན་དག་ལ་སྤྱོས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕེ་རབ་ཏུ་འབྱིན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་བརྫུན་མང་དུ་སྨྲས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕེ་ལྕགས་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་སྲོག་བཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཀྱི་གཏུན་གྱིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་བོན་མོ་བྱས་ནས་འདྲེ་གདོན་གྱི་ཚིག་འདོན་ཅིང་གཞན་དག་བསླུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཤའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་བོན་མོ་བྱས་ནས་མིག་


DKG076_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཙུམས་ཏེ། ས་ལ་ཉལ་ནས་གཞན་དག་ལ་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་དྲང་པོ་མ་ཡིན་པའི་འདྲེ་གདོན་དག་གིས་ལེན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་རྐེད་པ་གཏུབ་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་བོན་མོ་བྱས་ནས་གཞན་དག་གི་སྲོག་བཅད་དེ། ལྷ་འདྲེ་དང་ལམ་ལྔའི་སའི་བདག་པོ་དང་སྲིན་མོ་ལ་སོགས་པ་ལ་མཆོད་པ་བྱེད་དུ་བཅུག་པ་གང་ཡིན་པ་འདི་ལྟ་བུ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྐྱེས་བུ་བླུན་པོ་རྣམས་འདྲིད་པ་ཡིན་པས་ཤི་འཕོས་ནས་སྟ་རེས་གཅོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱིས་ཡན་ལག་བཅད་ཅིང་གཏུབ་པ་དང་། བྱ་ལྕགས་ཀྱི་མཆུ་ཅན་རྣམས་ཀྱིས་མིག་གི་འབྲས་བུ་གཉིས་ལ་འཐོག་པར་འགྱུར་རོ། །ཚེ་འདི་ལ་བོན་མོ་བྱས་ནས་མི་ཤི་བའི་རོ་རྣམས་སྦེད་པ་དང་། ཁང་ཁྱིམ་རྣམས་ཀྱི་བཟང་ངན་དང་། རིགས་ལྔ་པོ་རྣམས་ཀྱིས་ཁེ་འཐོབ་པ་དང་། མི་འཐོབ་པ་ལྟ་བ་དང་། ཀླུ་རྣམས་བདེ་བར་འགོད་པ་དང་། དར་གྱི་སྲིན་བུ་དག་ལ་གཏང་རག་གཏོང་བ་དང་། སྲིན་མནན་ནས་སྐྱེས་བུ་བླུན་པོ་དག་བསླུས་ཏེ། ནོར་མང་པོར་བླངས་པ་དང་། བརྫུན་ཚིག་གིས་བཟང་ངན་སྟོན་པ་གང་ཡིན་པ་དེ་དག་ནི་ཤི་འཕོས་ནས་ལྕགས་ཀྱི་དྲ་བ་ཅན་གྱི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས་བྱ་འདབ་ཆགས་མ་རུངས་པ་ཚད་མེད་པ་སྙེད་དེའི་ལུས་ལ་འདུས་ཏེ། ཤ་རྣམས་མ་ལུས་པར་ཟོས་ནས་རུས་པ་དང་རྒྱུས་པ་རྣམས་ཀྱང་འཐོག་པར་བྱེད་པས་སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་བར་འགྱུར་རོ། །ཚེ་འདི་ལ་སྨན་པ་བྱས་ཏེ། ནད་གསོ་བར་མི་ནུས་བཞིན་དུ་གཞན་དག་ལ་བསླུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་གཏར་བ་དང་། མེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས་ལུས་ལ་ཀུན་ཏུ་མེ་རབ་ཏུ་འབར་བའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། མཁན་པོ་དང་། སློབ་དཔོན་གྱིས་བསྒོ་བ་མ་ཉན་པ་དང་། ཕ་མ་ལ་སྲི་ཞུ་མེད་པ་གང་ཡིན་པ་དེ་དག་ནི་ཤི་འཕོས་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་


DKG076_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོགས་མྱོང་བ་དང་། གཞན་ཡང་སེམས་ཅན་དམྱལ་བ་ཆུང་ངུ་བརྒྱ་སུམ་ཅུ་རྩ་དྲུག་པོ་ཀུན་ཏུ་འཇུག་ཅིང་བསྐལ་པ་གཅིག་གམ། བསྐལ་པ་གཉིས་སམ། བསྐལ་པ་ལྔ་བརྒྱའི་བར་དུ་སྡུག་བསྔལ་མྱོང་ནས་དེའི་འོག་ཏུ་གདོད་ཐར་བར་གྱུར་ཏེ། དགེ་བའི་བཤེས་གཉེན་དང་ཕྲད་ན་ནི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་ལ། གལ་ཏེ་ཕྲད་པར་མ་གྱུར་ན་ནི་སླར་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་ལུས་ཀྱི་བོང་ཆེ་ཞིང་ཤིན་ཏུ་མནམ་པ་དང་། ཁྲོ་སྐྱེན་ཞིང་དགྲོལ་དཀའ་བ་གང་ཡིན་པ་དེ་ནི་སྔོན་གྱི་རྔ་མོ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་འགྲོ་བ་ལ་དགའ་ཞིང་ཟན་ཟ་བ་འགྲུས་པ་དང་། ཉམ་ང་བ་དག་ལ་འབྱོལ་བ་མེད་པ་གང་ཡིན་པ་དེ་ནི་སྔོན་རྟ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གྲང་བ་དང་། ཚ་བ་དག་བཟོད་ཅིང་སེམས་ལ་འཛིན་པ་མེད་པ་གང་ཡིན་པ་དེ་ནི་སྔོན་གླང་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་སྒྲ་སྐད་ཆེ་བ་དང་། ངོ་ཚ་མེད་ཅིང་ཁྲེལ་མེད་པ་དང་། སྲེད་པ་དང་། གྲང་བ་མང་ཞིང་ལེགས་ཉེས་ཀྱི་བྱེ་བྲག་མི་ཕྱེད་པ་གང་ཡིན་པ་དེ་ནི་སྔོན་བོང་བུ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་རྟག་པར་ཤ་ལ་བརྐམ་ཞིང་བྱ་བ་དག་ལ་འཇིགས་པ་མེད་པ་གང་ཡིན་པ་དེ་ནི་སྔོན་སེང་གེ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ལུས་རིང་ཞིང་མིག་ཟླུམ་པ་དང་འབྲོག་དགོན་པ་ན་མང་དུ་རྒྱུ་བ་དང་། བུ་དང་ཆུང་མ་ལ་སྡང་བ་གང་ཡིན་པ་དེ་ནི་སྔོན་སྟག་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་སྤུན་ཞིང་མིག་ཆུང་བ་དང་། གནས་གཅིག་ཏུ་གནས་པར་མོས་པ་མེད་པ་གང་ཡིན་པ་དེ་ནི་སྔོན་བྱ་འདབ་ཆགས་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་རང་བཞིན་མི་བརྟན་ཞིང་སྲོག་ཆགས་ཕྲ་མོ་གསོད་པ་ལ་དགའ་བ་གང་ཡིན་པ་དེ་ནི་སྔོན་གྱི་ཝ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་དཔའ་ཞིང་བཤོར་བ་དང་། འདོད་ཆགས་ཆུང་ཞིང་ཆུང་མ་ལ་སྲེད་པ་མེད་པ་གང་ཡིན་པ་དེ་ནི་སྔོན་སྤྱང་ཀི་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གོས་བཟང་པོ་


DKG076_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་དགའ་བ་དང་། མ་ཡིན་པ་བྱས་པ་དག་ལ་རྟོག་པ་དང་། གཉིད་ཆུང་ཞིང་ཞེ་སྡང་མང་བ་གང་ཡིན་པ་དེ་ནི་སྔོན་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གཡེམ་པ་ལ་དགའ་ཞིང་སྐྱེ་བོ་མང་པོའི་ཡིད་དུ་འོང་བའི་གཏམ་བརྗོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྔོན་ནེ་ཙོ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང་གཡེམ་པ་ལ་དགའ་བ་དང་། སེམས་རྩེ་གཅིག་ཏུ་མི་གནས་པ་དང་། གཟུགས་མཐོང་མ་ཐག་ཏུ་མངོན་པར་ཞེན་པའི་སེམས་འབྱུང་བ་གང་ཡིན་པ་དེ་ནི་སྔོན་བྱེའུ་མཆིལ་པ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་མིག་དམར་ཞིང་སོ་ཐུང་བ་དང་། སྨྲ་བའི་ཚེ་ལྦུ་བ་འབྱུང་ཞིང་ཉལ་ན་གོས་ཀྱིས་ལུས་དཀྲི་བར་བྱེད་པ་གང་ཡིན་པ་དེ་ནི་སྔོན་སྦྲུལ་དང་རྩངས་པ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་སྨྲས་མ་ཐག་ཏུ་ཁོང་ཁྲོ་ཞིང་ཕ་རོལ་གྱི་དོན་ལ་སོ་སོར་མི་རྟོག་པར་ངག་གི་གདུག་པ་འབྱིན་པ་གང་ཡིན་པ་དེ་ནི་སྔོན་སྡིག་པ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་གཅིག་པུ་དབེན་པར་གནས་ཤིང་ཟས་ལ་བརྐམ་པ་དང་། མཚན་མོ་གཉིད་ཆུང་བ་གང་ཡིན་པ་དེ་ནི་སྔོན་བྱི་ལ་བྱས་པ་ལས་འོངས་པ་ཡིན་ནོ། །མིར་གྱུར་ཀྱང་རྩིག་པ་ཕུག་ནས་རྐུན་པོ་བྱེད་པ་དང་། ནོར་ལ་བརྐམ་ཞིང་འཁོན་འབྱུང་སླ་བ་དང་། ཉེ་རིང་གི་མཚན་མ་མེད་པ་གང་ཡིན་པ་དེ་ནི་སྔོན་བྱི་བ་བྱས་པ་ལས་འོངས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གྱི་དཀོར་སྦས་ནས་བདག་ཉིད་ཀྱིར་ཡོངས་སུ་སྤྱོད་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་ལྷུང་བར་འགྱུར་རོ། །སེམས་ཅན་དམྱལ་བ་ལས་ཐར་བར་གྱུར་ན་ཡང་དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང་། མཆིལ་པ་དང་། ངུར་པ་དང་། ནེ་ཙོ་དང་། བྱེའུ་སྔོན་པོ་དང་། ཉ་དང་། རུས་སྦལ་དང་། སྤྲེའུ་དང་། རི་དགས་ཀྱི་ལུས་ལེན་པར་འགྱུར་རོ། །བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་མ་ནིང་དང་། བུད་མེད་དང་། མཚན་གཉིས་པ་དང་། དབང་པོ་མེད་པ་དང་།


DKG076_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་འཚོང་མ་དག་ཏུ་འགྱུར་རོ། །མིར་གྱུར་ཀྱང་ཁོང་ཁྲོ་བ་དག་ལ་མངོན་པར་དགའ་བ་དེ་ནི་ཤི་འཕོས་ནས་སྦྲུལ་གདུག་པ་དང་། སྟག་དང་། སེང་གེ་དང་། སྤྱང་ཀི་དང་། དོམ་དང་། དྲེད་དང་། བྱི་ལ་དང་། བྱ་ཁྲའི་རྣམ་པ་དག་ཏུ་ལྟུང་བར་འགྱུར་རོ། །བརྒྱ་ལ་བརྒྱ་ལམ་ན་མིའི་ལུས་ཐོབ་པར་གྱུར་ན་ཡང་ཁྱིམ་བྱ་དང་། ཕག་གསོད་པ་དང་། ཤན་པ་དང་། རྔོན་པ་བྱེད་པ་དང་། བྱ་ཤོར་བ་དང་། བཙོན་སྲུངས་བྱེད་པ་ལ་མངོན་པར་དགའ་བར་འགྱུར་རོ། །མིར་གྱུར་ཀྱང་གླེན་ཞིང་གཏི་མུག་པ་དང་། རིགས་པའི་ཚུལ་གང་ཡིན་པ་མི་ཤེས་པ་དེ་ནི་ཤི་འཕོས་ནས་གླང་པོ་ཆེ་དང་། ཕག་དང་། བ་ལང་དང་། ཆུ་གླང་དང་། སྲོ་ཤིག་དང་། སྦྲང་མ་དང་། སྦྲང་བུ་མཆུ་རིངས་དང་། གྲོག་མ་ལ་སོགས་པའི་ལུས་ལེན་པར་འགྱུར་ཏེ། གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན་ཡང་འོན་པ་དང་། ལོང་བ་དང་། ལྐུགས་པ་དང་། ལུས་ཀྱི་ཡན་ལག་མ་ཚང་བ་དང་། རྒྱབ་སྒུར་བ་དང་། དབང་པོ་མ་ཚང་བ་དག་ཏུ་འགྱུར་རོ། །མིར་གྱུར་ཀྱང་ཁེངས་ཤིང་ང་རྒྱལ་ཆེ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མི་གཙང་བའི་གནས་ཀྱི་སྲིན་བུ་དང་། རྔ་མོ་དང་། བོང་བུ་དང་། སྟག་དང་། ཁྱི་དག་ཏུ་ལྟུང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་ན་ཡང་བྲན་མོའི་ལུས་ལེན་ཅིང་དབུལ་ཕོངས་པས་སློངས་མོ་བྱེད་པ་དང་། མང་པོ་ཀུན་གྱིས་བརྙས་ཤིང་སྨད་པ་དག་ཏུ་ལྟུང་བར་འགྱུར་རོ། །མིར་གྱུར་ཀྱང་བླ་མའི་མཐུ་བསྙེམས་པའི་རྒྱུས་གཞན་གྱི་ནོར་ལེན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཤའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཞིང་སྐྱེ་བོ་བརྒྱ་སྟོང་མང་པོས་ལུས་ཀྱི་ཤ་བཅད་ནས་ཟ་བར་འགྱུར་རོ། །ཚེ་འདི་ལ་གཞན་དག་བགྲང་དུ་གཞུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཚེ་འཕོས་ནས་གླང་པོ་ཆེ་དག་ཏུ་སྐྱེ་ཞིང་རྐང་ལག་དྲང་བས་ཉལ་དུ་མེད་པ་དག་ཏུ་ལྟུང་བར་འགྱུར་རོ། །ཚེ་འདི་ལ་མཆོད་སྟོན་དྲལ་ནས་ནུབ་མོ་ཟན་ཟོས་པ་གང་ཡིན་པ་དེ་ནི་ཚེ་འཕོས་ནས་ཡི་དགས་འདྲེ་བཀྲེན་དག་ཏུ་ལྟུང་བས་ལོ་བརྒྱ་ཕྲག་མང་པོར་བཟའ་བ་དང་། བཏུང་བ་མང་པོ་ཐོབ་པར་མི་འགྱུར་རོ། །འགྲོ་བའི་ཚེ་ལྷུ་ཚིགས་ཀུན་ཏུ་མེ་རབ་ཏུ་


DKG076_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བར་འགྱུར་རོ། །ཚེ་འདི་ལ་སྒྲེན་མོར་འདུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཚེ་འཕོས་ནས་གྲང་བས་སྒྲེབས་པའི་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ། །ཚེ་འདི་ལ་མཆོད་སྟོན་གྱི་ཟས་ལྷག་མ་ཁྱེར་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕགས་ཀྱི་ས་གཞི་རབ་ཏུ་ཚ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །བརྒྱ་ལ་མིར་སྐྱེས་པར་གྱུར་ན་ཡང་ལྐོག་མ་ནད་ཀྱིས་བཏབ་པ་དང་། ཚེ་ཐུང་བར་འགྱུར་རོ། །ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱེད་ན་ཡང་མགོ་བོ་ས་ལ་མི་གཏུག་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མགོ་ཐུར་དུ་དཔྱངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །བརྒྱ་ལམ་ན་མིའི་ནང་དུ་སྐྱེས་ན་ཡང་གཞན་དག་གིས་མང་དུ་སླུ་བར་འགྱུར་རོ། །ཚེ་འདི་ལ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱས་པ་ན་ཐལ་མོ་མི་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཡུལ་མཐའ་འཁོབ་དག་ཏུ་སྐྱེ་བར་འགྱུར་ཞིང་འབད་པ་མང་པོས་བཙལ་ཡང་ཅི་ཡང་འཐོབ་པར་མི་འགྱུར་རོ། །ཚེ་འདི་ལ་དྲིལ་ཆེན་གྱི་སྒྲ་ཐོས་ཀྱང་མི་ལྡང་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྦྲུལ་ལུས་ཆེན་པོ་དག་ཏུ་ལྟུང་བར་འགྱུར་ཞིང་ལུས་རིང་ལ་ཆེ་བས་སྲོག་ཆགས་ཕྲ་མོ་མང་པོ་རྣམས་ཀྱིས་བཟའ་བར་འགྱུར་རོ། །ཚེ་འདི་ལ་ལག་པ་རྒྱབ་ཏུ་བསྟན་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཕྱིན་ཀ་ལོག་ཏུ་བཅིངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་ཉེས་པ་མེད་པར་གྱོད་འབྱུང་བར་འགྱུར་རོ། །ཚེ་འདི་ལ་ཐལ་མོ་སྦྱར་ནས་ཡན་ལག་ལྔས་ས་ལ་གཏུགས་ཏེ། ཕྱག་བྱས་པ་གང་ཡིན་པ་དེ་ནི་རྟག་པར་ཆོ་རིགས་བཙུན་པར་འགྱུར་ཞིང་རྒྱུན་དུ་བདེ་བ་མྱོང་བར་འགྱུར་རོ། །ཚེ་འདི་ལ་ཁྲོ་སྐྱེན་ཞིང་ལྟོ་ལ་འཁོང་བ་གང་ཡིན་པ་དེ་ནི་སྔོན་སྨྱོན་པ་བྱས་པ་ལས་འོངས་པ་ཡིན་ནོ། །ཚེ་འདི་ལ་མིག་ཡ་ཡོར་གྱུར་པ་གང་ཡིན་པ་དེ་ནི་སྔོན་ལོག་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལ་བལྟས་པ་ལས་གྱུར་པ་ཡིན་ནོ། །ཚེ་འདི་ལ་ཆུང་མའི་ནོན་བྱས་ནས་ཕ་མ་ལ་སྤྱོས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ལྕེ་ཐོང་གཤོལ་གྱིས་རྨེད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ། །


DKG076_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདི་ལ་ཆང་གི་ནང་དུ་བསྣན་ཏེ། གཞན་དག་ལ་བྱིན་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཆུའི་ནང་དུ་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་ཏེ། བརྒྱ་ལ་མིའི་ནང་དུ་སྐྱེས་པར་གྱུར་ན་ཡང་ལུས་སྐྲང་ཞིང་དབུགས་ཐུང་བས་འཆི་བའི་དུས་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་དུ་བསྟན་པའི་སྡུག་བསྔལ་སྣ་ཚོགས་མང་པོ་དེ་དག་ཐམས་ཅད་ནི་སྡིག་པ་མི་དགེ་བའི་ལས་རྣམ་པ་བཅུའི་དབང་ལས་གྱུར་པ་ཡིན་པས་རབ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བའི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ། །འབྲིང་གང་ཡིན་པ་དེ་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ། །ཐ་མ་གང་ཡིན་པ་དེ་ནི་ཡི་དགས་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ། །སྲོག་གཅོད་པའི་ཁ་ན་མ་ཐོ་བ་དེས་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ཚེ་ཐུང་བ་དང་། ནད་མང་བ་གང་ཡིན་པའོ། །མ་བྱིན་པར་ལེན་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། དབུལ་ཞིང་ཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ་གང་ཡིན་པའོ། །འདོད་པས་ལོག་པར་གཡེམ་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ཆུང་མ་གཞན་གྱིས་བྱི་བ་བྱེད་པ་དང་། ཆུང་མ་དང་ཕན་ཚུན་རྩོད་ཅིང་བདག་གི་སེམས་ཀྱིས་བསམས་བཞིན་དུ་མི་འགྱུར་བ་གང་ཡིན་པའོ། །བརྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་


DKG076_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། སྐུར་པ་མང་བ་དང་། རྟག་པར་གཞན་གྱིས་མང་དུ་བསླུས་པར་འགྱུར་བ་གང་ཡིན་པའོ། །ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་སྒྲ་མི་སྙན་པ་ཐོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་ཏུ་རྩོད་པ་ཅན་དུ་འགྱུར་བ་གང་ཡིན་པའོ། །ཚིག་ཀྱལ་པ་སྨྲས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། བདེན་པ་ཞིག་སྨྲས་ན་ཡང་གཞན་དག་ཡིད་ཆེས་པར་མི་འགྱུར་བ་དང་། ཚིག་སྨྲས་པ་རྣམས་གཞན་གྱིས་གོ་བར་མི་འགྱུར་བ་གང་ཡིན་པའོ། །བརྣབ་སེམས་བསྐྱེད་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེ་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ནོར་ལ་བརྐམ་ཞིང་ཆོག་ཤེས་པ་མེད་པ་དང་། མང་དུ་ཚོལ་ཞིང་རྟག་པར་ཡིད་བཞིན་དུ་མངོན་པར་གྲུབ་པར་མི་འགྱུར་བ་གང་ཡིན་པའོ། །གནོད་སེམས་ཀྱི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་མྱོང་བར་འགྱུར་ཏེ། རྟག་པར་གཞན་གྱིས་གླགས་ཚོལ་བར་འགྱུར་བ་དང་། རྟག་པར་གཞན་གྱིས་གནོད་པ་བྱེད་པར་འགྱུར་བ་གང་ཡིན་པའོ། །ལོག་པར་ལྟ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི་སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་


DKG076_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ། །གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་ལོག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར་བ་དང་། སེམས་གཡོ་སྒྱུ་དང་བཅས་པར་འགྱུར་བ་གང་ཡིན་པའོ། །ཀྱེ་སངས་རྒྱས་ཀྱི་སྲས་རྣམས་དེ་ལྟར་ན་སྡིག་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་རྣམས་ནི་སྡུག་བསྔལ་མང་པོ་སྣ་ཚོགས་ཀྱི་ཕུང་པོ་ཆེན་པོའི་རྒྱུ་དང་རྐྱེན་དུ་གྱུར་པ་ཡིན་ནོ། །དེ་ནས་དེའི་ཚེ་འཁོར་འདུས་པ་ཆེན་པོ་དེ་ཉིད་དུ་སྡིག་པ་མི་དགེ་བའི་ལས་བཅུ་པོ་དག་བྱས་པ་གང་ཡིན་པ་དེ་དག་བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྣམ་པར་སྨིན་པ་བཀས་བཤད་པ་ཐོས་པ་དང་། དེ་དག་ཐམས་ཅད་སྐད་ཆེར་ཕྱུང་སྟེ་ངུས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་དགེ་བ་ཇི་ལྟ་བུ་ཞིག་སྤྱད་ན་སྡུག་བསྔལ་འདི་དག་ལས་ཐར་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་ལ་གཟུད་པར་བྱ་སྟེ། ཇི་ལྟར་བསོད་ནམས་མངོན་པར་བསྒྲུབ་པར་བྱ་ཞེ་ན། སེམས་ཅན་གང་ལ་ལ་ཞིག་ཚེ་འདི་ལ་ཡོངས་སུ་བསྐུལ་བའི་བདག་པོ་ཆེན་པོ་བྱས་ཏེ། དེ་བཞིན་གཤེགས་པའི་མཆོད་རྟེན་དང་དྲི་གཙང་ཁང་དང་། གཙུག་ལག་ཁང་བརྩིགས་ན། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་སྐྱེ་བོ་མང་པོ་ལ་དབང་བྱེད་པར་འགྱུར་བས་གང་ཡང་ངག་མི་ཉན་པ་མེད་པར་འགྱུར་རོ། །ཚེ་འདི་ལ་གྲོང་དང་གྲོང་གི་གཙོ་བོར་གྱུར་ཀྱང་དྲང་དཀན་ཆེ་ཞིང་ཆོས་བཞིན་དུ་སྐྱོང་བར་བྱེད་པ་གང་ཡིན་པ་དེ་ནི་མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོའི་བློན་པོ་བྱེད་པར་འགྱུར་ཞིང་གོས་ཟས་དང་། རྟ་ཕུན་སུམ་ཚོགས་པ་དང་ཅི་དང་ཅི་འདོད་པ་འབྱོར་བར་འགྱུར་རོ། །ཚེ་འདི་ལ་སྐྱེ་བོ་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་གཟུང་བ་གང་ཡིན་པ་དེ་ནི་མ་འོངས་པ་ན་གདོན་མི་ཟ་བར་ཆོ་རིགས་བཙུན་ཞིང་ཤིན་ཏུ་ཕྱུག་པའི་ཁྱིམ་བདག་ཏུ་འགྱུར་བར་སྐྱེ་བོ་མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཅུ་པོ་དག་ཏུ་དོན་གཉེར་བ་རྣམས་ཀྱང་འགྲུབ་པར་འགྱུར་རོ། །ཚེ་འདི་ལ་མར་མེ་བཙུགས་ནས་མཆོད་པ་


DKG076_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཉི་ཟླའི་ལྷར་སྐྱེ་བར་འགྱུར་བས་འོད་ཟེར་གྱིས་བདག་ཉིད་གསལ་བར་བྱེད་པར་འགྱུར་རོ། །ཚེ་འདི་ལ་སྦྱིན་པ་གཏོང་བ་ལ་དགའ་བ་དང་། བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་ཕྱུག་པོར་འགྱུར་བས་གོས་ཟས་དག་རང་འབྱུང་བར་འགྱུར་རོ། །ཚེ་འདི་ལ་སྐྱེ་བོ་མང་པོ་རྣམས་ལ་བཟའ་བ་དང་བཏུང་བ་སྦྱིན་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་ལྷའི་ཟས་རང་འབྱུང་བར་འགྱུར་བ་དང་། གཟུགས་དང་སྟོབས་ཕུན་སུམ་ཚོགས་པ་དང་། དབང་པོ་རྣོ་ཞིང་སྤོབས་པ་དང་ལྡན་པ་དང་ཚེ་རིང་བར་འགྱུར་རོ། །གང་གིས་དུད་འགྲོའི་གནས་སུ་སོང་བ་རྣམས་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་བརྒྱ་འགྱུར་སྙེད་འཐོབ་པར་འགྱུར་རོ། །འདོད་ཆེན་པ་དག་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པ་སྟོང་འགྱུར་སྙེད་འཐོབ་པར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པ་ཁྲི་འགྱུར་སྙེད་འཐོབ་པར་འགྱུར་རོ། །གང་གིས་ཐེག་པ་ཆེན་པོ་དེ་བཞིན་གཤེགས་པའི་གསང་བའི་སྙིང་པོ་འཁོར་མང་པོ་ལ་ཡང་དག་པར་བསྒྲགས་ནས་སེམས་ཀྱི་མིག་འབྱེད་པའི་ཆོས་སྨྲ་བ་གང་དག་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་ཐོབ་པར་འགྱུར་རོ། །གང་གིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པ་མེད་པ་སྙེད་ལ་ལོངས་སྤྱོད་པར་འགྱུར་རོ། །གཞན་ཡང་གང་ཟག་རྣམ་པ་གསུམ་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པ་རྣམས་དང་། ཕ་མ་དང་ནད་པ་རྣམས་སོ། །ཟས་ཟ་གཅིག་ཙམ་ཡོངས་སུ་བཏང་བས་ཀྱང་རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་ཐོབ་པར་འགྱུར་རོ། །རྟག་པར་ཡོངས་སུ་བཏང་བས་ཡོངས་སུ་གཏུགས་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས། ཚེ་འདི་ལ་དགེ་འདུན་མང་པོའི་སྐུ་བསིལ་


DKG076_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མཛེས་པ་དང་། རང་བཞིན་གྱིས་གོས་ཟས་དང་ལྡན་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་བར་འགྱུར་རོ། །ཚེ་འདི་ལ་བསྔགས་པ་བརྗོད་པ་དང་། མདོ་སྡེའི་ཆོས་ཀློག་ཅིང་ཁ་ཏོན་དུ་འདོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བའི་གནས་ཐམས་ཅད་དུ་སྒྲ་དབྱངས་སྙན་ཅིང་ཐོས་པ་རྣམས་རབ་ཏུ་དགའ་བར་འགྱུར་རོ། །ཚེ་འདི་ལ་ཚུལ་ཁྲིམས་སྲུང་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མིའི་ནང་ན་མཆོག་ཏུ་འགྱུར་རོ། །ཚེ་འདི་ལ་ལམ་ཀར་ཁྲོན་པ་བརྐོས་ནས་སྐྱེད་ཤིང་བཙུགས་ནས་གྲིབ་མ་མང་པོ་ཀུན་ལ་སྒྲིབ་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་མིའི་རྒྱལ་པོ་བྱེད་ཅིང་རོ་བརྒྱ་དང་ལྡན་པའི་བཟའ་བ་དང་བཏུང་བ་བསམས་པ་ཙམ་གྱིས་འབྱོར་པར་འགྱུར་རོ། །ཚེ་འདི་ལ་མདོ་སྡེ་བྲིས་ཏེ། གཞན་དག་ལ་བྱིན་ནས་ཀློག་ཏུ་བཅུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་བདག་གི་སྤོབས་པ་མང་པོ་དང་ལྡན་པ་དང་། ཆོས་བསླབ་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་རློབ་ཅིང་ཡོངས་སུ་སྲུང་བ་དང་། རྟག་པར་མིའི་ནང་ན་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ། །ཚེ་འདི་ལ་ཟམ་པ་དང་། གྲུ་གཟིངས་བཅས་ནས་སྐྱེ་བོ་མང་པོ་སྒྲོལ་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི་སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔགས་པ་བརྗོད་ནས་མངོན་པར་དགའ་བ་དང་། ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱིས་བསྙེན་བཀུར་དང་། རིམ་གྲོ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ངས་ཇི་སྐད་དུ་མདོ་སྡེ་དེ་དང་དེ་དག་གི་རྒྱུ་དང་འབྲས་བུ་བསྟན་ནས་སེམས་ཅན་མང་པོ་རྣམས་ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། མངོན་པར་བསྒྲུབ་པར་བསྐུལ་ནས་སྡུག་བསྔལ་གྱི་བགེགས་ལས་ཡོངས་སུ་བཟླས་པ་


DKG076_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས། གང་ལ་ལ་ཞིག་གིས་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐུར་པ་འདེབས་པར་བྱེད་པ་དེ་ནི་ཚེ་འདི་ཉིད་ལ་ལྕེའི་དབང་པོ་ལྟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་ཡོངས་སུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ནི་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མངོན་པར་སྒྲུབ་པར་སྨོན་ལམ་བཏབ་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་དང་མི་སྟོང་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བུད་མེད་བརྒྱ་སྟོང་དུ་མ་ཚེ་འདི་ཉིད་ལ་བུད་མེད་ཀྱི་དབང་པོ་མེད་པར་གྱུར་ནས་སྐྱེས་པའི་ལུས་མངོན་པར་གྲུབ་པར་གྱུརད་ཏོ། །སྡིག་པ་སྤྱོད་པའི་སྐྱེ་དགུ་སྟོང་ཉིས་བརྒྱ་ནི་གདུག་པའི་སེམས་སྤངས་ནས་བདག་གི་ཚེ་རབས་དྲན་པར་གྱུརད་ཏོ། །དགེ་བ་སྤྱོད་པའི་སྐྱེ་བོ་ཚད་མེད་པ་དག་ནི་མི་སྐྱེ་བའི་བཟོད་པ་ཐོབ་ནས་རྟག་པར་བདེ་བ་མྱོང་བར་གྱུར་ཏོ། །ཚེ་འཕོ་བར་འགྱུར་བ་ཚད་མེད་པ་སྙེད་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས་བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་ཞིང་མཚུངས་པའི་གྲོགས་སུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་འདུས་པ་ཐམས་ཅད་རང་གི་གནས་སུ་དོང་སྟེ། བསོད་ནམས་མངོན་པར་འདུ་བྱེད་ཅིང་རབ་ཏུ་དགའ་བས་དགའ་བཞིན་དུ་སྤྱོད་པར་གྱུར་ཏོ། །འཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཆོས་གྲུབ་ཀྱིས་རྒྱ་གར་དང་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next