Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་དགུ་པ།


   
   
   
རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ།next

རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ།


DKG079_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཙ་ཏུར་ཡོ་གི་ནཱི་སཾ་པུ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་དག་བཤད་བྱ་བ། །རྣལ་འབྱོར་བཞི་ཡི་ཁ་སྦྱོར་ཏེ། །ཞལ་བཞི་ཞེས་ནི་རྣམ་པར་བཤད། །རྒྱུད་རྣམས་ཀུན་ཏུ་སྦས་པ་སྟེ། །ཞལ་རྣམས་ཀྱང་ནི་ཁ་སྦྱོར་མ། །འདི་རུ་རྒྱས་པར་བརྗོད་པ་ཡིན། །འོག་དང་སྟེང་དུ་རྣམ་བཤད་དང་། །དེ་བཞིན་གཡོན་དང་གཡས་པའོ། །ཨཱ་ལི་ཀཱ་ལིའི་བྱེ་བྲག་གིས། །ལྟེ་བའི་དབུས་སུ་རྣམ་པར་གནས། །ཟླ་བ་ཉི་མར་རྣམ་པར་བཤད། །ས་


DKG079_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

དང་རླུང་གི་ཉིད་དག་དང་། །ཆུ་མེ་དེ་བཞིན་ནམ་མཁའ་དང་། །ཁམས་ལྔ་དག་དང་ཡང་དག་ལྡན། །གཟུགས་དང་རེག་པ་དེ་བཞིན་སྒྲ། །མིག་གཉིས་དང་ནི་སྣ་དག་དང་། །ལུས་ཀྱི་སྟེང་འོག་ཏུ་ཡང་གསལ། །རྟག་ཏུ་རྡོར་ཅན་རྣམ་པར་གནས། །ཆ་དང་ཆ་མིན་རྣམ་པར་གྲོལ། །སྟོང་པའི་དང་ལས་ཡང་དག་གནས། །ཡ་ཡི་སྡེ་མཐའ་ཡང་དག་རྫོགས། །ཨུ་ཡིག་དག་ནི་ཐིག་ལེར་བཅས། །འབྱར་ཞིང་གསལ་བར་འགྱུར་བ་སྟེ། །ཁ་སྦྱོར་རྣམ་པ་རྣལ་འབྱོར་གྱི། །རྡོར་ཅན་ཇི་ལྟར་ཆང་གིས་མྱོས། །འཁོར་ནས་སེམས་ནི་རྣམ་པར་གྲོལ། །ཁམས་གསུམ་པོ་ནི་མ་ལུས་པ། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །བདུན་གྱི་རྒྱལ་པོའི་དངོས་གྲུབ་ཀྱིས། །མ་ལུས་ལུས་པ་མེད་པ་མཐོང་། །ཚངས་པ་ཁྱབ་འཇུག་དབང་ལྡན་དང་། །དབང་པོ་དེ་བཞིན་འདོད་དབང་ཕྱུག །ཕ་རོལ་སྟོབས་ཀྱིས་མནན་ནས་ནི། །རྣལ་འབྱོར་དབང་ཕྱུག་གིས་ནི་མཆོད། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །དམ་ཚིག་སྒྲ་ཡིས་བཤད་པ་སྟེ། །སྲོག་དང་རྩོལ་བ་ཀུན་ཏུ་བྱ། །དེ་ཡིས་འདི་ནི་དམ་ཚིག་སྡོམ། །དེ་ལ་ཁ་སྦྱོར་རྣམ་པ་བཤད། །ཞལ་བཞི་རུ་ནི་རབ་ཏུ་གནས། །རྣལ་འབྱོར་མ་བཞི་སྡེ་ཞེས་བྱ། །སྦྱོར་བ་བཞི་དང་ཡང་དག་ལྡན། །གང་གང་དབང་པོའི་ལམ་ནས་བྱུང་། །དེ་དང་དེ་ཡི་རང་བཞིན་ཉིད། །འདོད་པ་ཀུན་ལས་ལོངས་སྤྱོད་པ། །སངས་རྒྱས་ཀུན་གྱི་རང་བཞིན་འགྱུར། །གཟུགས་ནི་ཇི་ལྟར་རྫོགས་པ་ལས། །དེ་ལ་སྒོམ་པ་ཅི་ལྟ་བུ། །སྔགས་རྣམས་ཇི་ལྟར་བསྐྱེད་པར་བགྱི། །རྫོགས་པར་ཡང་ནི་ཅི་ལྟར་འགྱུར། །དེ་དག་ཐམས་ཅད་ཐ་སྙད་ཙམ། །སྔགས་དང་རྒྱུད་རྣམས་ཡང་དག་འབྱུང་། །བྱང་ཆུབ་སེམས་ནི་འདི་རུ་བསྔགས། །འདོད་པ་ལྔ་དང་ཡང་དག་ལྡན། །མཚོན་བྱ་མཚན་ཉིད་ཀྱིས་ནི་མཚོན། །མཚོན་བྱ་དུ་མའང་མཚོན་མི་བྱ། །སྔགས་རྣམས་རྒྱས་པར་བཤད་ནས་ནི། །ལྷ་རྣམས་ཀྱི་ནི་བསྒོམ་པ་ཉོན། །སྟེང་གི་སྒོ་ནི་གསུམ་ཡིན་ཏེ། །ལྟེ་བར་རླུང་གི་གཟུགས་ཅན་མ། །དེ་ལ་དབུས་སུ་རྟག་ཏུ་སྟོང་། །དག་པ་ཡི་ནི་ཤེལ་ལྟ་བུར། །ལོངས་སྤྱོད་ཆེན་པོ་


DKG079_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་པར་འབྱུང་། །དགུ་པ་བཅུ་ཡིས་ལྡན་པ་སྟེ། །ཆ་བརྒྱད་དེ་ཡི་ཡན་ལག་གིས། །སྒོ་དགུའི་ས་བོན་ཡིན་པ་སྟེ། །ལུས་ལ་ས་བོན་རྗེས་སུ་བརྗོད། །ཡེ་ཤེས་མཁའ་འགྲོ་བདག་ཉིད་ཀྱིས། །སྟེང་གི་ཆར་ནི་ཤེས་རབ་སྟེ། །རྡོ་རྗེ་འཛིན་དང་བཅས་པར་འབྱུང་། །སེམས་ཀྱི་རྡོ་རྗེ་ཞེས་ནི་བཤད། །འདིར་ནི་སྟེང་གི་པདྨར་བཤད། །དེ་ལ་གནས་ནི་བྷ་གར་བཤད། །ཤེས་རབ་དེ་ཉིད་རྡོར་ཅན་བཅས། །རྟེན་དང་བརྟེན་པར་འབྱུང་བ་ཡིས། །རྩ་རྣམས་ཀུན་ལ་རྣམ་པར་གནས། །ཁུ་བའི་གཟུགས་སུ་གྱུར་པ་ཡིས། །སྤྲོ་དང་སྡུད་པར་བྱེད་པས་སོ། །བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱིས། །བསྒོམ་པའི་རིམ་པ་ཕྱེད་པས་སོ། །གདམས་ངག་རིམ་པའི་རྣལ་འབྱོར་གྱིས། །ལྷ་རྣམས་བསྒོམ་པར་བརྗོད་པ་སྟེ། །དེ་རྣམས་སྣ་ཚོགས་རྣལ་འབྱོར་གྱིས། །ཟླ་བ་ཉི་མར་བཤད་པ་ཡིན། །གཞན་ཡང་གཞན་མིན་རྣམ་པར་གྲོལ། །སངས་རྒྱས་གཟུགས་ནི་གཡོ་བ་མེད། །དེར་ནི་གཟུང་བར་བྱ་བ་སྟེ། །གང་ཞིག་དེ་རུ་ཇི་ལྟར་གནས། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །མཚན་མོ་ཤེས་རབ་ཏུ་ནི་བརྗོད། །ནམ་མཁའི་ནང་སོང་མཆོག་ཏུ་ཞི། །དག་ཅིང་དགེ་བ་ཡིད་དུ་འོང་། །སངས་རྒྱས་ལ་སོགས་མུ་སྟེགས་ཀུན། །ལྷ་མིན་གནོད་སྦྱིན་སྲིན་པོ་དང་། །དེ་ཉིད་འདོད་ཆགས་ཆགས་བྲལ་དང་། །འདོད་པས་ཐར་བར་གྱུར་པ་ཉིད། །དེ་ཉིད་བུད་མེད་རྣམས་ལ་ཆགས། །དེ་ཉིད་མངལ་ནི་རབ་ཏུ་ལེན། །དེ་ཉིད་འཆི་སྟེ་རིལ་པོའིགནས། །དེ་ཉིད་བསྐམས་པས་མཐོང་བ་ཡིན། །དེ་ཉིད་གོང་དུ་གྱུར་པ་སྟེ། །དེ་ཉིད་དྲི་རུ་རྣམ་པར་གནས། །དེ་ཉིད་སྡུག་བསྔལ་རིག་པ་སྟེ། །རིག་པས་བདེ་བ་ཉིད་དག་ལ། །དེ་ཉིད་གཅིག་པུས་ཁྱབ་པ་ཡིན། །བདུད་རྩི་ཐིགས་པའི་གཟུགས་ཀྱིས་ནི། །གཟུགས་བཟང་གཟུགས་དང་ལྡན་པའི་མཆོག །སྣ་ཚོགས་གཟུགས་རྣམས་ཡིད་དུ་འོང་། །གཟུགས་ཀུན་གསལ་བར་བྱེད་པའི་དཔལ། །གཟུགས་བརྙན་མ་ལུས་འཆང་བའོ། །བཅུ་དྲུག་ཕྱེད་ཕྱེད་དེ་ཡི་ཕྱེད། །རྟག་ཏུ་དེ་ཉིད་རིག་པ་པོ། །སྣ་ཚོགས་རྟག་ཏུ་ཞི་བའི་གཟུགས། །ནམ་མཁའ་ལྔ་དང་ཡང་དག་ལྡན། །དེ་


DKG079_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རབ་ཏུ་ཞུགས་པར་བརྗོད། །འགྲོ་ལ་གསལ་བ་མར་མེ་བཞིན། །སྣ་ཡི་རྩེ་མོར་རྣམ་པར་འབྱུང་། །འབར་བའི་ཕྲེང་བའི་འོད་ཟེར་ཏེ། །འདི་རྣམས་ཀུན་ནི་བདག་གིས་བརྗོད། །རྟེན་དང་བརྟེན་པའི་མཚན་ཉིད་དུ། །གང་གིས་ཤེས་པས་ཆོ་ག་ཤེས། །དེ་ཡི་དཔལ་ནི་རྒྱས་པར་འགྲུབ། །གཞན་ཡང་སྔགས་ཀྱི་ཚོགས་བཤད་དེ། །གསང་བའི་སྦྱོར་བ་སྦས་པ་སྟེ། །སྡེ་ཚན་བརྒྱད་ཀྱི་མཐའ་མ་གཟུང་། །ས་བོན་ལྔ་དང་ཡང་དག་ལྡན། །དེ་བས་བྷུ་ཡིག་སྦྱིན་པར་བྱ། །དང་པོར་ཨོཾ་ཡིག་ཡང་དག་ལྡན། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཐིག་ལེ་ཆེན་པོ་ཡི་གེ་མེད། །ནམ་མཁའ་ནམ་མཁའི་དབུས་གནས་པར། །སྔགས་དང་རྒྱུད་ནི་ཡང་དག་འབྱུང་། །ཅི་ལྟར་དེ་ལྟར་སྔགས་ཀྱང་ནི། །དེ་བཞིན་ཉིད་ཀྱི་ཚུལ་ལྟ་བུར། །ཡི་གེ་ཙམ་དང་ཡང་དག་ལྡན། །དེ་ལ་དབུས་སུ་རབ་ཏུ་གྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །གང་ཡང་གཞན་གྱི་ལྷ་ཚོགས་དང་། །འབྱུང་པོ་མ་ལུས་ཐམས་ཅད་དང་། །ལྷ་དང་ལྷ་མིན་གསང་བ་པ། །དེ་ཡི་དབུས་སུ་ཡང་དག་རྫོགས། །ཡི་གེ་ལ་སོགས་གཟུགས་ཅན་གྱིས། །གཟུགས་ཅན་རྣལ་འབྱོར་ལཱ་མ་དང་། །དུམ་སྐྱེས་མ་ཡི་བྱེ་བྲག་གིས། །ཞལ་བཞི་ཞེས་ནི་རྣམ་པར་བཤད། །རྣལ་འབྱོར་བཞི་དང་ཡང་དག་ལྡན། །ལྟེ་བ་དང་ནི་གེ་སར་ལྡན། །འདབ་མ་བཞི་དང་ཡང་དག་ལྡན། །དེ་ལ་དབུས་སུ་དཔའ་བོ་ཆེ། །ཕྱག་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །དང་པོ་ལ་ནི་ཤ་ཡིས་གང་། །གཉིས་པ་ཁྲག་གིས་བཀང་བ་ཉིད། །གསུམ་པ་བཞི་པ་ལུས་ཕྱག་རྒྱ། །ཁ་ཊྭཱཾ་ག་དང་ཌཱ་མ་རུ། །དེ་བཞིན་ཁ་དོག་དཀར་པོ་འཕྲོ། །དྲི་མེད་སྟོན་ཀའི་ནམ་མཁའ་བཞིན། །དཀར་དང་དམར་དང་དེ་བཞིན་གནག །ལྗང་གུའི་ཞལ་ཏེ་གཙིགས་པའོ། །ཕྱག་རྒྱ་བརྒྱད་ནི་མདོ་རུ་བཤད། །ཕྱག་གིས་མཚོན་ཆར་རབ་ཏུ་གྲགས། །དང་པོར་འཇུག་པའི་ཕྱག་རྒྱ་སྟེ། །གཉིས་པ་སྙིང་ནི་འབྱིན་པའོ། །གསུམ་པ་རྨོངས་བྱེད་ཕྱག་རྒྱ་ཡིན། །བཞི་པར་ལྟུང་བྱེད་དེ་བཞིན་ནོ། །ལྔ་པར་གར་མའི་ཕྱག་རྒྱའོ། །དྲུག་པར་གསོད་


DKG079_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་མར་ནི་བརྗོད། །བདུན་པར་ཟ་བྱེད་མའི་ཕྱག་རྒྱ། །བརྒྱད་པར་སྟེང་དུ་ལེན་པར་ངེས། །གཤིན་རྗེ་མོ་དང་སྐྲག་བྱེད་ད་དྲག །གཏུམ་མོ་དང་ནི་བཟང་ཟ་དང་། །བྷ་སུ་མ་དང་འདོད་པ་ཉིད། །དེ་ཉིད་བརྒྱད་པོ་ཕག་མོ་ཉིད། །མི་བཟད་རྣམ་པར་འགྱུར་བའི་གཟུགས། །ཁྲག་དང་ཁུ་བ་ཟ་བ་མོ། །འོད་ཟེར་འབར་བ་སྣ་ཚོགས་འབར། །རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ། །མང་པོར་རྣམ་བཤད་ཡེ་ཤེས་ནི། །དེ་ལ་དབུས་སུ་རྣམ་པར་འབྱུང་། །དཔག་ཚད་འབུམ་གྱི་རྒྱ་ཁྱོན་དུ། །དེ་ཡིས་གསལ་བར་བྱེད་པ་ཡིན། །སེམས་ཅན་ཐོག་མ་ཐ་མ་མེད། །རྡོ་རྗེ་སེམས་དཔའ་ཆགས་པ་ཆེ། །ཐིག་ལེ་རྡོ་རྗེ་ཅན་དུ་འགྱུར། །ཟླ་བ་ཕྱེད་པ་ལྟ་བུར་གསལ། །གདན་ནི་པདྨ་ར་ག་སྟེ། །རྒྱལ་པོའི་གཟུགས་ནི་གསལ་བ་ཡིན། །རྒྱལ་པོ་ཉིད་ཅེས་རྣམ་པར་བཤད། །སྟེང་དུ་འབྱུང་བར་རབ་ཏུ་གྲགས། །ཡང་ནི་དགོད་པར་བྱ་བ་སྟེ། །རིགས་ཀྱི་དབྱེ་བས་བརྗོད་པའོ། །ཤར་དུ་རྡོ་རྗེ་སེམས་དཔར་གྱུར། །ལྷོ་རུ་རྣམ་པར་སྣང་མཛད་བརྗོད། །ནུབ་ཏུ་རྟ་ཡི་རྒྱལ་པོའོ། །བྱང་དུ་པདྨ་གར་དབང་སྟེ། །འཁོར་ལོའི་དབུས་སུ་ཧེ་རུ་ཀ། །སྟེང་གི་སྒྲ་ནི་རྟ་གདོང་ཡིན། །འདི་རྣམས་འདི་རུ་དགོད་པར་གསུངས། །རིགས་ཀྱིས་དབྱེ་བས་རྣམ་པ་ལྔ། །དེ་རུ་བསྒོམ་པར་བྱ་བ་ཡིན། །གཞོམ་མེད་གཞིག་ཏུ་མེད་པ་སྟེ། །དེ་ཡི་དབུས་སུ་ཡང་དག་རྫོགས། །མགོན་པོ་རྣམ་པར་སྣང་མཛད་སོགས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་ཚོགས་ཀྱིས་བསྒྱིངས་པའི་རྒྱུད་ཆེན་པོ་ཞེས་བྱ་བ་སྟེ་བརྟག་པ་དང་པོའོ།། །།དེ་ནས་རྡོ་རྗེ་ཕག་མོ་དེ། །རྐང་རྒྱན་དང་ནི་དོ་ཤལ་རྒྱན། །དེ་ཡི་དཀྱིལ་འཁོར་ལ་གར་བྱེད། །དབང་བསྐུར་བ་ནི་སྟེར་བ་ཡིན། །དམ་ཚིག་ལ་ནི་ལེགས་གཞག་ཕྱིར། །ཕག་མོས་དེ་བཞིན་རྡོ་རྗེ་ཅན། །ཅི་འདོད་དེ་བཞིན་རྡོ་རྗེ་ཅན། །དྲི་ཆེན་དྲི་ཆུ་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །རྟག་ཏུ་བུད་མེད་དང་ནུས་སམ། །བྷ་གའི་པདྨར་འོ་བྱེད་དམ། །སྨྲོས་ཤིག་རྡོར་ཅན་བདེ་བ་ཆེ། །དེ་ནས་བཅོམ་ལྡན་རྡོ་རྗེ་ཅན། །བཞད་པར་གྱུར་ནས་འདི་དག་སྨྲས། །ལྷ་མོ་ཅི་སྟེ་བདག་མི་སྤྲོ། །ཁྲག་དང་


DKG079_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཁུ་བ་ལ་སོགས་བཟའ། །རྟག་ཏུ་བུད་མེད་གུས་པར་བགྱི། །བྷ་གའི་པདྨར་འོ་བགྱིད་དོ། །ཡང་ནི་ལེགས་སོ་ལེགས་སོ་བྱིན། །སྒོ་སྐྱོང་དེ་བཞིན་རྡོ་རྗེ་ཅན། །ཐོད་པ་ཡང་དག་བླངས་ནས་ནི། །རྡོ་རྗེ་ཅན་ལ་བཟའ་བ་དབུལ། །ཞི་ཞིང་གཅེར་བུར་འདུག་པ་དང་། །རྡོ་རྗེ་ཅན་ནི་སྐྲ་གྲོལ་བས། །ལེགས་པར་དབང་བསྐུར་སྟེར་བར་བྱེད། །བྷ་གར་འོ་བྱེད་རྡོ་རྗེ་ཅན། །དེ་ནས་བརྩམས་ཏེ་རྡོ་རྗེ་ཁྱོད། །སེམས་ཅན་དོན་གྱིས་བརྟུལ་ཞུགས་བཟང། །བཟའ་བ་དྲི་ཆེན་དྲི་ཆུ་དང་། །ཁྲག་དང་ཁུ་བ་ཤ་དག་གོ། །བྷ་གའི་པདྨར་འོ་བྱ་སྟེ། །བདུད་རྩི་རྣམས་ནི་བསྒྲུབ་པར་བྱ། །རྡོ་རྗེ་རྣལ་འབྱོར་ཕོ་ཉ་མོས། །དེ་ནས་རྟག་ཏུ་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཿཧཿཨཿཨཿཧྲཱིཿཧྲཱིཿསྭཱ་ཧཱ། །དེ་ནས་དེ་མ་ཐག་ཏུ་ཀུན། །རྡོ་རྗེ་མཁའ་འགྲོ་མ་ཉིད་ཀྱིས། །སྒྲ་ཆེན་པོ་ནི་རབ་ཏུ་བསྒྲགས། །རྡོ་རྗེ་ཅན་དེ་དབང་བསྐུར་རོ། །སྣ་ཚོགས་གཟུགས་ཅན་དྲག་པོ་ཆེ། །ཐོད་པའི་གདན་ལ་ཡང་དག་བཞུགས། །ཤ་དང་ཁྲག་དག་འཐུང་བ་སྟེ། །གསང་བའི་དཀྱིལ་འཁོར་དུ་ནི་སྦྱོར། །ལ་ལ་རོལ་མོའི་ཆ་བྱད་བརྡུང་། །པ་ཊ་ཧ་སོགས་མུ་ཀུ་ཎ་ཌ། །ལ་ལ་རབ་ཏུ་གླུ་ལེན་ཅིང་། །ལ་ལ་པི་ཝང་བསྒྲེང་བ་སྟེ། །ལ་ལ་རྡོར་ཅན་གར་བྱེད་དོ། །ལ་ལ་དྲིལ་བུའི་སྒྲ་སྒྲོགས་བྱེད། །ལ་ལ་སྒྲ་དག་རབ་ཏུ་སྒྲོགས། །ཕྱོགས་བཅུར་ཕེཾ་གྱི་སྒྲ་དག་གོ། །ལ་ལ་གར་དག་རབ་ཏུ་བྱེད། །ལ་ལར་དཀྱིལ་འཁོར་དུ་གླུ་ལེན། །ལ་ལ་མེ་ཏོག་རབ་ཏུ་འགྲེམས། །དེ་ཡིས་རྡོར་ཅན་ལ་དབང་བསྐུར། །ལ་ལ་སྤོས་ཀྱིས་རབ་སྦྱིན་བྱེད། །ལ་ལ་དྲི་ཡིས་དེ་བཞིན་ནོ། །འདི་ལྟར་གྱུར་པའི་མཆོད་པ་ཡིས། །གསང་བའི་དཀྱིལ་འཁོར་ལ་ནི་བྱ། །དེ་ནས་རྡོར་ཅན་ལྷ་མོ་དེ། །ཚིག་འདི་དག་ནི་བརྗོད་པ་སྟེ། །ཚོགས་ཀྱི་དཀྱིལ་འཁོར་ཉིད་དག་དང་། །དབང་དག་ལེགས་པར་བརྗོད་ནས་ནི། །ང་ཡིས་གཞན་ཡང་བཤད་བྱ་བ། །ལྷ་རྣམས་དགོད་པ་མཆོག་དག་གོ། །རྒྱ་རུ་ཀུན་ཏུ་ཁྲུ་བརྒྱད་དེ། །གྲུ་བཞི་པ་ལ་སྒོ་བཞི་པ། །སྔགས་པས་དེ་ཡི་ཉིས་འགྱུར་དབྱད། །གང་དུ་མཁའ་འགྲོའི་ཚོགས་འགྱིང་བ། །


DKG079_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་འོད་ཀྱིས་རྒྱ་ཁྱབ་པར། །གང་དེ་དཀྱིལ་འཁོར་མཆོག་ཡིན་ནོ། །དབུས་སུ་འཁོར་ལོ་ཡང་དག་བྲི། །ལྟེ་བ་དག་ནི་གེ་སར་ལྡན། །འདབ་མ་བཞི་དང་ཡང་དག་བཅས། །ཁ་དོག་དཀར་པོར་ཡང་དག་ལྡན། །དེ་ལ་དབུས་སུ་དཔའ་བོ་དགོད། །དག་པའི་ཤེལ་བཞིན་དྲི་མ་མེད། །དང་པོའི་ཞལ་ནི་རྣམ་པར་བཞད། །དང་པོའི་སྤྱན་གྱིས་རྣམ་པར་གཟིགས། །སྨིན་མ་ཁྲོ་གཉེར་རབ་ཏུ་གསལ། །མཆེ་བ་གཙིགས་ཤིང་འཇིགས་པ་ནི། །ལྷོ་རུ་བལྟས་པའི་ཞལ་དག་གོ། །གཡོན་པ་རྨད་དུ་བྱུང་བ་སྟེ། །རྒྱབ་ནི་འཇིགས་པ་ཆེན་པོ་ཡིན། །མདུན་རྒྱབ་རྟ་ཡི་ཞལ་གྱིས་བརྒྱན། །དཀར་པོ་དམར་པོ་དེ་བཞིན་གནག །ལྗང་གུ་ཡ་ནི་ཁ་དོག་གོ། །ཕྱག་བརྒྱད་ཀྱང་ནི་བྲི་བར་བྱ། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །དཔལ་ལྡན་མགོ་བོའི་ཕྲེང་བ་འཛིན། །འཇིགས་བྱེད་ལྗགས་ནི་འདྲིལ་བ་སྟེ། །འཇིག་དུས་ཆེན་པོའི་མེ་དང་མཚུངས། །དུར་ཁྲོད་ལྟ་བུར་འཇིགས་སུ་རུང་། །བརྩེགས་པར་རྒོད་ཅིང་བཞད་པ་ཆེ། །ཕེཾ་གྱི་སྒྲ་ནི་སྒྲོགས་པའོ། །ཞལ་གཅིག་ཕྱག་ནི་གཉིས་པ་རུ། །ལྷ་བཞི་རྣམས་ནི་བརྗོད་པར་བྱ། །ཁ་ཊྭཱཾ་ག་དང་ཐོད་པའི་ལག །ཁྲག་དང་ཁུ་བ་དག་འཐུངངོ་། །འཁོར་ལོ་གཉིས་པ་ཡང་དག་བཤད། །ཟླ་བའི་དཀྱིལ་འཁོར་ཟླུམ་པོ་ལ། །འཁོར་ལོ་ཆེན་པོ་ཡི་གེ་བརྒྱད། །འོད་ཟེར་དམར་པོ་འབར་བ་སྟེ། །གཟུགས་ཅན་མ་དང་འོ་བྱེད་མ། །ལམ་མཆོག་འཕེལ་དང་ས་མ་ལི། །ཕྱིར་མི་ལྡོག་དང་ཨེ་ཧི་ཀི། །རྡོར་ཅན་བརྒྱད་པར་བརྗོད་པ་ཡིན། །ལྷ་མོ་བརྒྱད་པོ་འདི་རུ་དགོད། །ཁ་དོག་དཀར་པོ་ཤིན་ཏུ་འབར། །ལག་པས་ཁ་ཊྭཱཾ་ག་གཟུང་ཞིང་། །ཐོད་པ་ཁྲག་གིས་བཀང་བའོ། །ཕྱི་རོལ་འཁོར་ལོ་ཡང་དག་བརྗོད། །ལྷ་རྣམས་བཀོད་པ་མཆོད་དང་ནི། །སཾ་ཁི་ནཱི་དང་པུཀྐ་སི། །གསོད་མ་དཀར་མོ་སྒྲོག་མ་དང་། །གཏུམ་མོ་རི་ཁྲོད་མ་ཉིད་དང་། །སྒྲོལ་མ་དེ་བཞིན་ཁྲོ་གཉེར་མ། །ཁམས་གསུམ་རྣམ་རྒྱལ་གླང་ཆེན་མོ། །དེ་བཞིན་གྷསྨ་རཱི་དག་དང་། །དུརྒ་ཙ་མུཎྜ་དག་དང་། །དེ་བཞིན་ཚངས་མ་ཁྱབ་འཇུག་མ། །སྒོ་སྐྱོང་


DKG079_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བཤད་པ་ནི། །སྒོ་བཞི་དག་ཏུ་སྦྱར་བར་བྱ། །འཁོར་ལོ་ཆེན་པོ་ཁ་དོག་སྔོ། །འབར་བའི་ཕྲེང་བའི་ཚོགས་ཀྱི་འོད། །ལྷ་མོ་ཆེན་མོ་ཁ་དོག་དཀར། །ཁ་ཊྭཱཾ་ག་དང་ཉ་ཕྱིས་འཛིན། །དཀྱིལ་འཁོར་འདི་ནི་རྒྱལ་པོ་སྟེ། །རྣལ་འབྱོར་མ་བཞིའི་སྡོམ་པ་ནི། །རང་གི་རྒྱུད་དུ་ཐུན་མོང་སྟེ། །དཀྱིལ་འཁོར་བླ་མའི་བླ་མ་ཡིན། །སྲུབ་པ་ཆེན་པོའི་སྡོམ་པ་ནི། །དེ་ཡི་བླ་མ་ཞེས་སུ་གསུངས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དཀྱིལ་འཁོར་གྱི་བརྟག་པ་ཞེས་བྱ་བ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དམ་ཚིག་ཆེན་པོའི་སྒྲུབ་ཐབས་སོ། །གླང་པོ་རྟ་དང་བོང་བུ་དང་། །བ་ལང་རྔ་མོ་དག་དང་ནི། །ཁྱི་ཡི་སྒྲོན་མ་རབ་ཏུ་འབྱུང་། །སྒྲོན་མ་ཆེན་མོ་རབ་ཏུ་བཤད། །འགྲོ་བ་དགའ་བས་གསལ་བར་བྱེད། །བྱ་རོག་འུག་པ་ཁྲ་དང་ནི། །ཆུ་སྐྱར་བྱ་རྒོད་ལྔ་པོ་ཡི། །སྤོས་ཆེན་པོ་ནི་རབ་ཏུ་བཤད། །སྤོས་སུ་འབུལ་བར་བྱེད་པའོ། །འདི་རྣམས་དབང་དུ་བྱེད་པར་འགྱུར། །ས་གསུམ་པོ་རུ་རྣམ་པར་སྤྱོད། །ཅི་སྲིད་སྦྱོར་བ་ཚོགས་པ་ཡིས། །དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག །བདུད་རྩི་ལྔ་ནི་རྣམ་བརྗོད་པ། །འཆི་མེད་དངོས་པོ་མེད་པའོ། །རྟོག་པ་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །སྡེ་ཚན་ཐ་མའི་སྔགས་བཏུས་ཏེ། །བཅུ་དྲུག་ཆ་ཡིས་ཡང་དག་ལྡན། །པྲ་ཎ་བ་སྦྱོར་སྟེང་དུ་སྟེ། །ཐིག་ལེས་གནོན་ཅིང་བརྒྱན་པ་ཡིན། །དྲི་ཞེས་ཀུན་ཏུ་བརྗོད་པ་ཡིན། །ཀུན་ནས་ཐུགས་ཀྱི་དཀྱིལ་འཁོར་ལོ། །ཉི་ཤུ་བདུན་པ་འོག་ཏུ་སྦྱིན། །སྔགས་ལ་སོགས་པས་ཕྱེ་བ་ཡིན། །སྤྱི་བོ་དེ་རུ་ཡང་དག་སྦྱར། །ཡི་གེ་ལྷ་ཡི་གཟུགས་ཀྱིས་ནི། །ཉི་ཤུ་རྩ་དྲུག་ཡང་ནི་སྦྱར། །དབྱངས་ཡིག་གཉིས་པས་བརྒྱན་པ་ཡིན། །ཉི་ཤུ་རྩ་གསུམ་ཡང་ནི་བླང་། །འོག་གི་ཆར་ནི་སྦྱར་བར་བྱ། །དབྱངས་ཀྱི་གསུམ་པ་ཡང་དག་ལྡན། །བཞི་པས་སྦྱར་བར་བྱ་བ་ཡིན། །དེ་ཡི་དབུས་སུ་ཡང་དག་གསུངས། །ཡི་གེ་དབང་ཕྱུག་གིས་ནི་བརྒྱན། །བཅུ་དྲུག་མཐའ་ནི་ཡང་དག་


DKG079_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །སྟེང་དང་འོག་ཏུ་ཁྱབ་པ་ཡིན། །དེ་ལ་དབུས་སུ་ཡང་དག་གསུངས། །སྟོང་པ་ཆེན་པོའི་ཡི་གེ་སྟེ། །རྡོ་རྗེ་སེམས་དཔའ་གཞིག་ཏུ་མེད། །དག་པ་ཡི་ནི་ཤེལ་ལྟ་བུར། །རྫས་འདི་རྣམས་ནི་བཟའ་བ་ཡིན། །རྣལ་འབྱོར་འདི་རྣམས་མཆོག་ཡིན་ཏེ། །རྣལ་འབྱོར་ཀུན་ལས་མཆོག་ཏུ་འཕགས། །ཁྱོད་ལ་མདོ་རུ་བསྡུས་པར་བཤད། །བཟའ་བ་རྣམས་ནི་ཡང་དག་བརྗོད། །གང་གི་རིགས་པས་ཐམས་ཅད་བཟའ། །དངོས་པོ་རོ་མཉམ་བསྲེས་ནས་ནི། །དག་དང་མ་དག་མི་བྱེད་པར། །དེ་བཞིན་ཉིད་རྣམས་ཐམས་ཅད་དང་། །བཟའ་བ་ཐམས་ཅད་བཟའ་བར་བྱ། །དེ་ཉིད་བཅུ་ཡིས་རབ་དབྱེ་བས། །གཟུང་དང་འཛིན་པ་རྣམ་པར་གྲོལ། །སྦྱིན་པའི་སྙིང་པོ་སྦྱིན་པར་བྱ། །སེམས་ཀྱིས་རྣལ་འབྱོར་རྫོགས་ནས་ནི། །ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་གྱུར། །དེ་ཉིད་ཀུན་གྱིས་མི་འཇིགས་པ། །སྐྱེ་བོ་ཐམས་ཅད་འཚེ་མི་བྱེད། །དང་པོར་སྙིང་རྗེ་བླ་ན་མེད། །བཟོད་པ་ཚུལ་ཁྲིམས་བགེགས་མེད་དང་། །གཞན་གྱི་གནོད་པ་འགེགས་པ་སྟེ། །གུར་དང་ཕུར་བུ་དྲ་བ་དག །གདུག་པའི་བདུད་ནི་འཇོམས་པ་སྟེ། །བདུད་མེད་འཆི་བ་མེད་པ་ཡིན། །བདག་གི་སེམས་ནི་བཅིང་བར་བྱ། །གང་གིས་རང་སེམས་གདུལ་བ་ཡིས། །བདུད་ཀྱིས་གནོད་པ་སྨོས་ཅི་དགོས། །མཉམ་པའི་སེམས་ཀྱི་དྲི་ཡིས་ནི། །གྲུ་བཞི་པ་རུ་ཡང་དག་བྲི། །ལུས་ལ་སྟེའུ་དང་ཙན་དན་དང་། །སེམས་ཀྱིས་མཉམ་པར་གནས་པ་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་བརྗོད། །དངོས་པོ་བདག་མེད་བསྲེས་པ་སྟེ། །གང་ཞིག་རྣལ་འབྱོར་རྒྱལ་བར་འགྱུར། །གང་དག་རྣལ་འབྱོར་མ་ཡི་ནི། །ཞུ་བ་རྣམས་ལ་ཟ་བ་དག། །དེ་ཡིས་ས་སྟེངས་མཐའ་དག་ཏུ། །རྒ་དང་ན་བ་རྣམ་པར་འཇོམས། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དམ་ཚིག་ཆེན་པོའི་བདུད་རྩི་ལྔ་ཞེས་བྱ་བའི་བརྟག་པ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྦྱོར་བ་དང་པོའི་སྒྲུབ་ཐབས་ཏེ། །སྦྱོར་བ་རྣམ་བཞིར་ཤེས་


DKG079_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དམ་ཚིག་བཞི་ནི་བསྒྲུབ་པ་སྟེ། །དང་པོ་ཁུ་བ་རྣམས་ཤེས་བྱ། །གཉིས་པ་དེ་བཞིན་ཁྲག་ཉིད་དོ། །རྡོ་རྗེ་ཆུ་དང་དྲི་ཆེན་ནི། །དམ་ཚིག་བཞི་ནི་བསྟེན་པ་སྟེ། །འདོད་ཆགས་ཁུ་བར་རྣམ་པར་བཤད། །ཕྲག་དོག་ཁྲག་ནི་ཉིད་དག་གོ། །གཏི་མུག་རྣམ་སྣང་རྒྱལ་པོ་སྟེ། །ཞེ་སྡང་དྲི་ཆུར་བཅས་པ་ཡིན། །དམ་ཚིག་བཞི་ཡི་རྣལ་འབྱོར་གྱིས། །དམ་ཚིག་བཞི་ལ་སྤྱོད་པ་པོས། །དང་པོ་སྦྱོར་བ་འགྲུབ་འགྱུར་ཞིང་། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །བྲིས་སྐུ་གཞུག་པའི་རྣལ་འབྱོར་གྱིས། །དམ་ཚིག་དེ་ཉིད་བསྒྲུབ་བྱ་སྟེ། །སྟོང་པའི་རྡོ་རྗེ་བརྗོད་བྱ་སྟེ། །ཡེ་ཤེས་སེམས་དཔའ་རྣམ་པར་བསམ། །མདོར་བསྡུས་པ་ནི་སྔགས་བཟླས་བྱ། །ཧཱུྃ་དག་སྔགས་ནི་བརྗོད་པར་བྱ། །དངོས་པོས་བསྒོམ་པས་བསྒོམ་པར་བྱ། །སྤྲོ་དང་སྡུད་པར་བྱེད་པའོ། །བདུད་བཞི་གཞན་ལས་རྒྱལ་བ་ཡི། །གོ་ཆ་མཚོན་ཆ་འདི་ཡིས་བཅིང་། །ར་བ་ཕུར་བུ་གུར་སོགས་ཀྱིས། །ཕྱོགས་བཞི་ལ་སོགས་བཅིང་བར་བྱ། །ཁམས་བཞི་པོར་ནི་ཡང་དག་འབྱུང་། །བདུད་བཞི་པོ་ནི་རྣམ་པར་བརྗོད། །བད་ཀན་ཤ་དང་རྐང་དག་དང་། །རུས་པའི་ཁམས་ལ་ཡང་དག་འབྱུང་། །སྤྱན་དང་བདག་མ་སྒྲོལ་མ་དང་། །གོས་དཀར་ལ་སོགས་བཞི་པའོ། །ཁམས་བཞི་དག་ནི་རྣམ་དག་པ། །སྦྱོར་བ་དང་པོར་བརྗོད་པའོ། །བརྩོན་ཆེན་ཞེས་སུ་རྣམ་བཤད་པ། །རླུང་དང་མེ་ནི་མཆོག་ཡིན་ཏེ། །དེ་ལ་དབུས་སུ་ཡང་དག་གནས། །ཛཱ་ཏ་རི་ཡི་རང་བཞིན་མིང་། །དབྱིབས་དང་ཁ་དོག་སྣ་ཚོགས་པ། །ཁ་དོག་མེད་པར་རབ་ཏུ་གྲགས། །དབྱངས་དང་ཡི་གེའི་ཚུལ་དག་ཏུ། །དབྱངས་མེད་ཡི་གེ་མེད་པའོ། །ཚངས་མིན་ཁྱབ་འཇུག་དྲག་པོ་མིན། །ནམ་མཁའ་མིན་ཞིང་འདོད་པ་མིན། །ཟླ་བ་མིན་ཞིང་སྐར་མ་མིན། །ཉི་མ་མིན་ཞིང་རླུང་ཡང་མིན། །གནོད་སྦྱིན་སྲིན་པོ་ལྷ་མིན་མིན། །འབྱུང་པོ་ཡི་དགས་ཉིད་མིན་ཅིང་། །སྣོད་དང་བཅུད་ནི་སྣ་ཚོགས་དང་། །ཁམས་གསུམ་པོ་ནི་མ་ལུས་ལ། །བདག་ཉིད་ཆེན་པོ་དེ་ཡིས་ཁྱབ། །བེམས་པོ་ཉིད་ལ་ཡིད་ཀྱིས་


DKG079_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས། །དེ་ཉིད་འཇིག་རྟེན་པ་རུ་འགྱུར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ཟླ་བ་གཟའ་ཟིན་སྐར་མ་ལྷ། །དེ་ཉིད་ཐམས་ཅད་བདེ་བ་ཆེ། །རྡོ་རྗེ་འཛིན་པ་རྣམ་སྣང་མཛད། །པདྨ་ཉི་མ་ཁྲག་འཐུང་རྟ། །རྡོ་རྗེ་རྣལ་འབྱོར་ཕོ་ཉ་མོ། །དེ་ཉིད་རྡོ་རྗེ་བདེ་ཆེན་པོ། །རྡོ་རྗེ་རྡོ་རྗེ་འཛིན་པ་ཉིད། །དེ་བཞིན་པདྨ་པདྨ་འཛིན། །ནོར་བུ་ནོར་བུ་འཛིན་པ་ཉིད། །རིགས་འདི་རྣམས་སུ་བསྒྱུར་བའོ། །དེ་ཉིད་དཀྱིལ་འཁོར་བྲི་བ་ཉིད། །རྡུལ་ཚོན་ཁ་དོག་ལྔ་པའོ། །དེ་ཉིད་སྔགས་སུ་རབ་ཏུ་བྱ། །ཧཱུྃ་ཧཱུྃ་ཕཊ་ཀྱི་ཡི་གེ་ཉིད། །དམྱལ་བ་དུད་འགྲོ་ཡི་དགས་དང་། །ལྷ་དང་མི་དང་ལྷ་མིན་དང་། །རྨོངས་པའི་སེམས་སུ་གྱུར་པ་ཡིས། །འཁོར་བ་འདི་རུ་འཁོར་བར་འགྱུར། །རྣལ་འབྱོར་ཆེན་པོ་མདོར་བསྡུས་པ། །རྡོ་རྗེ་ཅན་ལ་གནས་པའོ། །ལྷ་མོ་ཆེན་མོ་སླར་ཡང་དྲི། །འགྲོ་དང་འོང་བ་ཇི་ལྟར་འགྱུར། །གནས་ནས་འདི་ཡི་སེམས་དག་ནི། །སྐྱེ་བ་ཇི་ལྟར་བརྗོད་པ་ཡིན། །ཁུ་བ་ཇི་ལྟར་གཟུགས་སུ་འགྱུར། །སྐྱེ་བོའི་སྐྱེ་བ་ཇི་ལྟར་ཡིན། །དེ་ཡི་གཟུགས་ཀྱི་སྐྱེ་མལ་ནི། །ཁྲག་ལས་ཇི་ལྟར་འབྱུང་བ་ལགས། །འབྱུང་བ་རྣམས་ཀྱི་འབྱུང་བ་ཅི། །དེ་ཡི་སྐྱེ་བ་ཇི་ལྟར་ལགས། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དང་ནི། །སྐྱེ་གནས་ཀུན་ལ་ཆགས་པ་ནི། །དངོས་པོ་རྣམ་པ་ཇི་ལྟར་ཁྱབ། །ཞི་བའི་གཟུགས་ནི་ཇི་ལྟར་ཡིན། །ཐམས་ཅད་དུ་ནི་ཇི་ལྟར་སྐྱེ། །འདི་རྣམས་ཡང་དག་བཤད་པ་ནི། །ལྷ་མོ་བདེན་པར་བདག་ལ་གསུངས། །ཇི་ལྟར་དེ་བཞིན་རྡོ་རྗེ་ཉོན། །སེམས་ཅན་ཀུན་གྱི་སྐྱེད་པ་དག །འཁོར་བར་ཡང་དག་བསྲུབས་པ་ལས། །དིང་འདིར་ཐབས་ཀྱིས་འདི་འགྱུར་རོ། །ཐོག་མ་ཐ་མ་མེད་དུས་སུ། །སེམས་ཅན་ཐམས་ཅད་ཡང་དག་འབྱུང་། །རྒྱ་མཚོ་འཁྲུགས་སོགས་གཏིང་གི་བར། །བློ་གྲོས་ཆེན་པོ་འགྲུབས་པ་ཡིན། །དེ་ལས་དེ་དག་སྐྱེ་བར་འགྱུར། །ས་ཡི་ཁམས་དང་ཡང་དག་ལྡན། །མེ་ཡིས་མཉམས་པར་ངེས་པར་བསྲུབས། །ཆུ་དང་རླུང་གི་བྱེ་བྲག་གོ། །ཡིད་ཀྱིས་དེ་རུ་རབ་ཞེན་པ། །མངལ་ནི་བཟུང་ཞིང་བླངས་པ་སྟེ། །དེ་ནི་འཁོར་བར་འཁོར་བར་


DKG079_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །དགའ་བ་མྱ་ངན་ལྡན་པ་སྟེ། །དེ་ལས་འབྱུང་བར་འགྱུར་བ་ནི། །སོ་སོར་སྐྱེ་བ་སྨྲ་བ་སྟེ། །དེ་བཞིན་ཆོས་དག་ཟབ་མོ་ཉིད། །སངས་རྒྱས་རྣམས་ཀྱིས་སངས་རྒྱས་བརྗོད། །དེ་ཉིད་འདི་རྣམས་མཉམ་བཤད་པ། །སུམ་ཅུ་པ་སྟེ་རྙེད་པར་དཀའ། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དེ་ཁོ་ན་ཉིད་ཀྱི་མན་ངག་སྦྱོར་བ་བཞིའི་ཆ་ཞེས་བྱ་བ་སྟེ་བརྟག་པ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །སྦྱིན་སྲེག་ལས་ནི་རབ་ཏུ་བསྒྲུབ། །སྦྱིན་སྲེག་རྣམ་པ་གཉིས་སུ་གསུངས། །ཕྱི་དང་ནང་དུ་ཡང་དག་གནས། །ཕྱི་རུ་ཇི་ལྟར་གསུངས་པ་ལགས། །ནང་དུ་ཡང་ནི་ཇི་ལྟར་འགྱུར། །ཉོན་ཅིག་རྡོ་རྗེ་ནང་གི་ནི། །ཇི་བཞིན་སྦྱིན་སྲེག་རབ་བསྒྲུབ་བྱ། །མེ་ཆེན་པོ་དག་རབ་ཏུ་སྦར། །རྣམ་རྟོག་མེད་པའི་སྦྱིན་སྲེག་བྱ། །བཟའ་བ་བཏུང་བ་གང་ཡང་རུང་། །དེ་རུ་ཐམས་ཅད་སྦྱིན་སྲེག་བྱ། །སྲེག་རྫས་རང་བཞིན་གསུངས་པ་དག །གཟུགས་ཕུང་ལ་སོགས་ལྔ་པོ་དག །རྣམ་རྟོག་མེད་པའི་སྦྱིན་སྲེག་བྱ། །དེ་དག་ཐམས་ཅད་སེམས་ལས་བྱུང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །དྲི་ཆེན་དྲི་ནུ་ལྔ་པོ་དག །རྣམ་རྟོག་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །གཏི་མུག་ང་རྒྱལ་དེ་བཞིན་ཆགས། །ཞེ་སྡང་དེ་བཞིན་འདོད་ཆགས་ཉིད། །ཕྲག་དོག་སེར་སྣ་ཕྲ་མ་དག །དམ་ཚིག་དེ་ཉིད་དྲི་མ་མེད། །ཇི་ལྟར་ཉི་མ་འབར་བ་བཞིན། །དེ་ལྟར་དྲི་མ་མེད་པར་འགྱུར། །ཇི་ལྟར་སྟོན་གྱི་ཟླ་གསལ་བ། །དེ་ལྟར་འདི་ཡི་དབུས་གསལ་ཡིན། །འདོད་ཆགས་ཆེན་པོར་འགྱུར་བ་ཡིན། །རྡོ་རྗེ་སྣང་བྱེད་སྒྲོན་མ་བཞིན། །དེ་ཉིད་ཐར་པར་གསུངས་པ་སྟེ། །བླ་མེད་གོ་འཕང་ཐོབ་པར་འགྱུར། །སྦྱིན་སྲེག་འདི་ལ་རབ་གནས་ན། །ལྷ་རྣམས་དགའ་བས་ཚིམ་པ་ཡིན། །སྦྱིན་སྲེག་ལས་ནི་རབ་གསུངས་ནས། །རབ་གནས་དག་ནི་བརྗོད་པར་བྱ། །སྔོན་གྱི་རྣལ་འབྱོར་ལ་གནས་ནས། །དེ་ནས་རབ་གནས་བྱ་བ་སྟེ། །རབ་གནས་སྐུ་སོགས་ཐང་ཀ་དང་། །རྣལ་འབྱོར་ཅན་གྱིས་གླེགས་བམ་སྟེ། །དཔལ་ལྡན་གཡོན་གྱིས་དྲིལ་བུ་འཛིན། །གཡས་ཀྱིས་རྡོ་རྗེ་ཡོངས་སུ་


DKG079_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང། །།དོན་ཀུན་རྣལ་འབྱོར་ཀུན་གྱིས་ནི། །མཛེས་པར་སྐུ་གཟུགས་མཆོད་པར་བྱ། །ཤ་དང་ཆང་དག་རབ་ཏུ་བཀང་། །རོ་ཡི་སྟེང་དུ་ཡང་དག་གནས། །པར་པ་ཊི་ཀཱ་ཤཾ་ཀུ་ལི། །མཆོད་པ་ཀུན་གྱིས་དགྱེས་པར་བྱ། །མེ་ཏོག་སྤོས་དང་མར་མེ་དང་། །དྲི་ཉིད་དང་ནི་རྣམ་པ་བཞི། །གླུ་དབྱངས་དེ་བཞིན་གར་དག་དང་། །སྒྲུབ་པོས་པ་ཊ་ཧ་སོགས་ཏེ། །སྐུ་ལ་སོགས་པ་འདི་རྣམས་ལ། །རབ་གནས་ཆེན་པོ་བྱ་བ་ཡིན། །ཡ་ཨིྃ་ཨཾ་ཧིཾ་ཡ་ཨི་ཨཾ། །ཛེ་ཨིཛྫ་ཨི་མཱ་ཨ་ཨུཾ། །མཱ་ཨ་ཨུཾ་མཱ་ཨདྷ་མྨུ་པཱ། །པིཛྫ་ཨི་ཙིཏྟ་ཡཾ་མུ། །ཙིཎྚིཛྫ་ཨེེ་ས་ཨེ་ལ། །སཏྟྲཱཏྠུ་ཀི་རི་ཛྫ་ཨི། །གླུ་འདི་དག་ནི་བླངས་པ་ཡིས། །དབང་རྣམས་ཀུན་ཀྱང་བླང་བ་སྟེ། །ཆོས་རྣམས་ཐམས་ཅད་ཡང་དག་རྫོགས། །དེ་བཞིན་གཤེགས་པ་ཀུན་གྱི་གཞི། །མཆོད་པ་ཀུན་གྱི་སྤྲིན་ཆེན་མོ། །སྤྲོ་ཞིང་བསྡུ་བར་བརྗོད་པའོ། །ང་ཡིས་རབ་གནས་བཤད་པ་ནི། །རྒྱུད་གཞན་ལས་ནི་རྙེད་པར་དཀའ། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་སྦྱིན་སྲེག་རབ་གནས་ཀྱི་བརྟག་པ་སྟེ་ལྔ་པའོ།། །།དེ་ནས་མདོར་བསྡུས་རབ་བཤད་པ། །དེ་ཉིད་གཏན་ལ་དབབ་པའི་མཆོག །རྟག་ཏུ་སེམས་ནི་རྣམ་རྟོག་མེད། །རྣམ་རྟོག་བཅས་པས་ཅི་ལྟར་འགྱུར། །ཅི་ལྟར་མེ་དག་རབ་འབར་བ། །རྟག་ཏུ་ཤིང་རྣམས་ཚིག་པར་བརྗོད། །དེ་ལ་ཚིག་པ་ཤིང་རྣམས་ཏེ། །འདི་ཡིས་ཚིག་པར་མཐོང་བ་ཡིན། །དེ་ཡིས་ཚིག་པ་ཇི་བཞིན་དུ། །བློ་ལྡན་རྣམ་རྟོག་མེད་པ་ཡིས། །ཕུང་པོ་ལྔ་ཡི་ཤིང་རྣམས་ཏེ། །དེ་བཞིན་གཟུགས་ཀྱི་ཕུང་པོ་ཉིད། །རུས་པ་རྐང་དང་བད་ཀན་དང་། །ཁྲག་དང་ཁུ་བ་དྲི་ཆེན་དག །མིག་གཉིས་དེ་བཞིན་རྣ་བ་དང་། །དེ་བཞིན་དུ་ནི་སྣ་ཉིད་དང་། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དག་དང་། །འབྱུང་པ་ལྔ་པོ་ཐམས་ཅད་ལ། །དེ་ཉིད་ཉི་ཤུ་རྩ་ལྔ་དག །དེ་ཡི་གནས་ནི་བྱེ་བྲག་ཏུ། །ང་ཡིས་བྱེ་བྲག་བརྗོད་པ་སྟེ། །ལྟེ་བར་གནས་པའི་འཁོར་ལོ་ཆོས། །འདབ་མ་དྲུག་ཅུ་བཞི་དང་ལྡན། །ཤེས་རབ་གནས་སུ་རབ་ཏུ་གསུངས། །ཟླ་བའི་གཟུགས་བཞིན་གསལ་བ་སྟེ། །དེ་


DKG079_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དབུས་སུ་གནས་པ་དག །མེ་ལྟ་བུར་ནི་འབར་བ་ཡིན། །མེ་ཆེན་དེ་ནི་འབར་བ་སྟེ། །དེ་ཡི་རྩེ་མོ་མཐོང་བ་ནི། །དེ་ཡིས་དེ་ནི་གཟུགས་མཐོང་ཡིན། །དངོས་པོ་ཐམས་ཅད་གཟུགས་འཛིན་པ། །བློ་ཡི་གནས་སུ་གསུངས་ཤིང་བརྗོད། །ཧཱུྃ་ཡིག་ང་རོ་ཚུལ་འཛིན་པ། །རྡོ་རྗེ་ཅན་ནི་རྟག་ཏུ་འབྱུང་། །རྡོ་རྗེ་འཛིན་ཆེན་གཟུགས་བཞིན་ནོ། །རླུང་གིས་བསྐྱོད་པ་མེ་ཡིན་ཏེ། །དེ་ཡི་དབུས་སུ་རབ་ཏུ་གྲགས། །གང་ཞིག་རི་བོང་ཅན་གཟུགས་གསུངས། །ཤེས་རབ་དེ་ཉིད་མདོར་བསྡུས་སོ། །ཇི་ལྟར་ཉི་མར་རབ་ཏུ་བརྗོད། །རྡོ་རྗེ་འཛིན་དང་བཅས་པར་འགྱུར། །སྡེ་ཚན་བརྒྱད་ཀྱི་ཐ་མ་གཟུགས། །ཐིག་ལེ་དང་ནི་ཞབས་ཀྱུརབཅས། །དེ་ཉིད་ཉི་མ་ཞེས་སུ་གསུངས། །འོད་ཟེར་འབར་བའི་ཕྲེང་བ་ཅན། །དེ་ཡི་དབུས་སུ་ཡང་དག་འབྱུང་། །རྡོ་རྗེ་ཅན་གནས་མཉམ་པར་འགྱུར། །ཇི་ལྟར་གཉིད་ཀྱིས་གཟུང་བ་ནི། །ཅུང་ཟད་ཀྱང་ནི་མཐོང་བ་མེད། །གཟུགས་ལ་སོགས་པའི་གཟུང་བ་དག །ལངས་ན་རྟག་ཏུ་མཐོང་བ་ཡིན། །དེ་རུ་ཐབས་ནི་བསྒོམ་པ་ཡིན། །དེ་ཡི་རང་བཞིན་མཆོག་ཏུ་གྲགས། །སེམས་ཅན་ཐོགས་མེད་བདེ་ཆེན་བརྗོད། །དེ་རུ་དེར་གནས་དངོས་པོ་ཡིས། །ཤེས་རབ་ཕ་རོལ་ཕྱིན་པ་གསལ། །དེ་ཕྱིར་དེ་ཉིད་དངོས་པོ་ཡིས། །བློ་ལྡན་སེམས་ཀྱིས་དེ་ཉིད་གསུངས། །སེམས་ནི་རྣམ་པར་དག་པ་སྟེ། །འཁོར་བའི་རྒྱ་མཚོར་འཁྱམ་པར་འགྱུར། །སྔགས་པ་གར་འདོད་འགྲོ་བ་ཡིན། །སྐད་ཅིག་གིས་ནི་གནས་པར་འགྲོ། །འདོད་ཆེན་རྣམས་ནི་ཆགས་པར་འགྱུར། །དྲག་པོ་རྣམས་ལ་དྲག་པོ་མཚོན། །ཞི་བ་རྣམས་ལ་ཞི་བ་སྟེ། །འདི་ནི་མདུན་རྒྱབ་རྒྱལ་བ་རིམ། །ཇི་ལྟར་འདི་རུ་པདྨ་རིམ། །འདོད་ཆགས་སྐྱོན་གྱིས་གོས་མི་འགྱུར། །སྣ་ཚོགས་བག་ཆགས་སྐྱོན་མི་ཆགས། །ཁམས་གསུམ་པོ་ནི་དེ་བཞིན་དག །སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མ་ཉེ་བར་ཐོབ་པའོ། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །ཐབས་ནི་སྙིང་རྗེའི་བདག་ཉིད་དོ། །འདི་ནི་བྱང་ཆུབ་སེམས་རྡོ་རྗེ། །སེམས་དང་སེམས་བྱུང་རང་བཞིན་གྱིས། །དངོས་པོ་


DKG079_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྒོམ་པའི་དངོས། །དེ་ལ་བསྒོམ་པར་བརྗོད་པ་མིན། །ཕྲེང་བ་མེད་ཅིང་བྱ་བ་མེད། །སྤུངས་པ་མེད་པར་བརྗོད་པ་སྟེ། །རྣལ་འབྱོར་འདི་ལ་གནས་པ་ནི། །དབུ་མའི་མཆོག་གི་གོ་འཕང་ངོ་། །བླ་ན་མེད་པའི་ཡེ་ཤེས་ནི། །བླ་མེད་ཞེས་ནི་རིམ་པ་མེད། །འདིས་ནི་འཁོར་བ་རྣམ་པར་གྲོལ། །ཕྱིར་མི་ལྡོག་པའི་གོ་འཕང་མཆོག །རྡོ་རྗེ་སེམས་དཔའ་ཞེས་སུ་གསུངས། །དེ་ཡིས་རྡོ་རྗེ་སེམས་དཔའ་འགྲུབ། །སྐྱེ་བ་འདི་ལ་གྲུབ་པ་སྟེ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །ཁྲག་དང་ཁུ་བ་བཟའ་བ་སྟེ། །དྲི་ཆེན་དྲི་ཆུ་ཤ་དང་ལྔ། །དེ་ཡི་ཚེ་ནི་རྒྱས་པར་འགྲོ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །བ་ཧཱུ་བི་ཧ་ཧཱུྃ་ཀཱ་ར་ག་ཏི་བ་ཧཱུྃ་བི་ཧ། །རཱུ་པ་དྷཱ་རི་ཎེ་བ་ཧཱུྃ་བི་དྷནཱ་ནཱ་རཉྫི་ཧ། བ་ཧཱུ་བི་ཧ་བྲྀ་ཏྱ་གཱི་ཏཏྱ། །བ་ཧུ་བི་ཧ་ཛི་བ་སནྟ་ཏྱ་ཤེ། །ཥཿནི་ཤེ་ཥ་ས་ཏྭ་བི་ན་ཡ་བི་དིགྦྷན་ས་མ་ར་སྟུ་བི་ཤུདྡྷེ་ཧཿཧཿཧཿཧཿཧོཿ། ཨ་ཧཻ་སམྦ་རེ་སིཛྫྷ་མ་ཧཱུྃ་ཨ་ཧོ། །ཤུཾ་ཧ་ཧཱུྃ་རེ་ཨུ་པ་རཱུ་ཨ་ལ་ལ་ལ་ལ་ཧོཿ། གླུ་འདི་དག་ནི་བླངས་པ་སྟེ། །བརྟག་པ་ཀུན་གྱི་བླ་ན་མེད། །དེ་ཡི་ཚེ་ནི་རྒྱས་པར་འགྲོ། །རྡོ་རྗེ་སེམས་དཔའ་དང་མཉམ་འགྱུར། །རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ཞེས་བྱ་བ་སྟེ་བརྟག་པ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །དེ་ཉིད་རྣལ་འབྱོར་ཐམས་ཅད་ནི། །སྦྱིན་དང་ཚུལ་ཁྲིམས་བརྩོན་དེ་བཞིན། །བསམ་གཏན་བཟོད་པ་ཤེས་རབ་དང་། །སྟོབས་དང་དེ་བཞིན་ཐབས་དང་ནི། །སྨོན་ལམ་ཡེ་ཤེས་ཡང་དག་འབྱུང་། །ཕ་རོལ་ཕྱིན་པ་བཅུ་རྫོགས་པ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྦྱིན་པ་རྣམ་པ་བཞི་རུ་གསུངས། །ཚུལ་ཁྲིམས་གསུམ་གྱི་ངོ་བོ་ཉིད། །བསམ་གཏན་རྣམ་བཞིར་གསུངས་པ་སྟེ། །བརྩོན་འགྲུས་རྣམ་པ་ལྔ་རུ་འགྱུར། །བཟོད་པ་རྣམ་པ་བཅུར་ཤེས་བྱ། །ཤེས་རབ་རྣམ་པ་དྲུག་ཏུ་འགྱུར། །སྟོབས་ནི་རྣམ་བཅུ་རབ་ཏུ་གསུངས། །ཐབས་ནི་རྣམ་པ་ལྔར་འགྱུར་ཏེ། །སྨོན་ལམ་གཉིས་སུ་ཤེས་བྱ་སྟེ། །ཡེ་ཤེས་རྣམ་ལྔར་གནས་པའོ། །ཆོས་དང་མི་འཇིགས་རྫས་དང་བྱམས། །སྦྱིན་པ་རྣམ་པ་བཞི་པོ་ནི། །སྦྱིན་པའི་ཕ་རོལ་ཕྱིན་པའོ། །


DKG079_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ངར་འཛིན་མེད་ཅིང་ཁེངས་པ་བྲལ། །བདེན་པ་གཉིས་མེད་གནས་པ་ནི། །ཚུལ་ཁྲིམས་རྣམ་གསུམ་བརྗོད་པ་ནི། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་གསུངས། །གང་གིས་རྣལ་འབྱོར་མ་གཉིས་དང་། །ཕྱི་ཡི་རྣམ་པ་གཉིས་སུ་གསུངས། །བསམ་གཏན་ཕ་རོལ་ཕྱིན་པ་ནི། །དྲི་ཆེན་དྲི་ཆུ་དེ་བཞིན་ཤ། །ཁྲག་དང་ཁུ་བར་ཡང་དག་འབྱུང་། །འདི་རྣམས་བརྩོན་འགྲུས་ལྔ་པོ་ནི། །དམ་ཚིག་སྒྲ་ཡིས་བརྗོད་པའོ། །ཚིག་རྩུབ་བརྫུན་དང་ངག་འཁྱལ་དང་། །ཆགས་སྡང་ཞེ་སྡང་ཕྲག་དོག་དང་། །ང་རྒྱལ་ཁྲོ་དང་དེ་བཞིན་དབྱེན། །འདི་བཅུ་རྣམ་པར་བཤད་པ་ནི། །རྡོ་རྗེ་ཅན་ནི་བཟོད་བཅས་འགྱུར། །ཡང་དག་ལྟ་བ་ཡང་དག་རྟོག །ཡང་དག་ངག་དང་ཡང་དག་ལས། །ཡང་དག་འཚོ་དང་ཡང་དག་རྩོལ། །བདག་གིས་མདོ་རུ་བསྡུས་ནས་ནི། །ཤེས་རབ་རྣམ་པ་དྲུག་ཏུ་བརྗོད། །དད་པའི་སྟོབས་དང་དྲན་པའི་སྟོབས། །ཏིང་འཛིན་སྟོབས་དང་ཤེས་རབ་སྟོབས། །ལུས་ཀྱི་སྟོབས་དང་ངག་གི་སྟོབས། །ཡེ་ཤེས་སྟོབས་དང་སྨོན་ལམ་སྟོབས། །བརྩོན་འགྲུས་ཀྱི་ནི་སྟོབས་རྣམས་ཏེ། །འདི་རྣམས་སྟོབས་ནི་བཅུ་པའོ། །མ་སྐྱེས་པ་ཡི་དགེ་བ་བསྐྱེད། །སྐྱེས་པའི་མི་དགེ་ཡང་དག་སྤོང་། །མི་དགེ་མ་སྐྱེས་མི་སྐྱེད་དང་། །དགེ་བ་སྐྱེས་པ་འཕེལ་བ་སྟེ། །བཞི་པོ་ཐམས་ཅད་ཆོས་རྣམས་ཀྱི། །དགེ་བའི་ཆོས་རྣམས་གསུངས་པ་ནི། །རྫོགས་པར་བྱེད་པ་ཉིད་དག་གོ། །སྨོན་ལམ་རྣམ་པ་གཉིས་སུ་གནས། །མེ་ལོང་མཉམ་ཉིད་སོ་སོར་རྟོག །བྱ་གྲུབ་ཆོས་དབྱིངས་རྣམ་པར་དག །ཡེ་ཤེས་རྣམ་པ་ལྔ་རུ་འགྱུར། །འདི་རྣམས་བཅུ་བཞི་པོ་དག་ནི། །ཕ་རོལ་ཕྱིན་པ་མདོར་བསྡུས་པ། །བདག་གིས་དེ་ཉིད་བརྗོད་པ་སྟེ། །རྡོར་ཅན་ཉོན་ཅིག་གཏན་ལ་དབབ། །བཅུ་གཉིས་མཐའ་དང་དགུ་ཡི་མཐའ། །མགོ་ནས་རྐང་པའི་མཐིལ་བར་དུ། །དེ་ཡི་དབུས་སུ་ངེས་འགྱུར་བ། །ལྟེ་བའི་དབུས་སུ་རྣམ་པར་གནས། །རྟག་ཏུ་ཤར་བར་འགྱུར་བ་སྟེ། །འདི་རུ་རྡོ་རྗེ་ཅན་གྱིས་མཐོང་། །ལུས་ངག་སེམས་ཀྱི་དབུས་དག་ཏུ། །འབར་བའི་ཕྲེང་བ་འབར་བའོ། །སྟེང་གི་སྒོ་རུ་རྟག་གནས་པའོ། །ཉི་


DKG079_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མའི་འོད་ཟེར་ཕྲེང་བ་ཅན། །ཅུང་ཟད་ལུས་ལས་མཐོང་བ་མེད། །མགལ་མེའི་འཁོར་ལོའི་གཟུགས་ཅན་ཏེ། །དེ་ཉིད་རྣལ་འབྱོར་ལམ་གྱིས་ནི། །རྟག་པའི་དུས་སུ་རྣམ་པར་གནས། །དེ་ལ་དབྱར་གྱི་དུས་མེད་ཅིང་། །དཔྱིད་མེད་སྟོན་ཡང་ཡོད་མ་ཡིན། །དགུན་མེད་སོས་ཀྱང་མེད་པ་རུ། །རྣལ་འབྱོར་པས་ནི་རྟག་ཏུ་བསྒོམ། །སྔགས་པས་སེང་གེ་བཞིན་དུ་སྤྱོད། །སྔགས་དང་རྒྱུད་ལ་ཇི་ལྟར་གནས། །ཉ་དང་ཤ་ནི་བཟའ་བར་བྱ། །ཆང་གི་བཏུང་བ་མཆོག་ཡིན་ནོ། །བཅུད་ཀྱིས་ལེན་གྱི་ཆོ་ག་ཡིས། །སྔགས་ནི་བརྗོད་པར་མི་བྱའོ། །མཚོན་ཆའི་གནས་ལ་དུས་རྟག་ཏུ། །མཚོན་བྱའི་མཚན་ཉིད་མཚོན་པར་བྱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསུངས་པ་ལ་འཁོར་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྣལ་འབྱོར་མ་བཞིའི་ཁ་སྦྱོར་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།དཔལ་ཨོཊྜྻཱན་ནས་ངེས་པར་འབྱུང་བའི་རྣལ་འབྱོར་མའི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྒྱལ་པོ་ཆེན་པོ་དཔལ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་བཀོལ་ཅིང་གསལ་བར་མཛད་པའོ། །བོད་ཀྱི་ལོཙྪ་བ་ལ་ཆིངས་ཡོན་ཏན་འབར་གྱིས་བསྒྱུར་ཏེ། །སླད་ཀྱིས་དེ་ཉིད་ཀྱི་ཚེ་པཎྜི་ཏ་གཉིས་ལ་ཡང་གཏུགས་ཏེ་གཏན་ལ་ཕབ་པ།།


previousརྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ཅེས་བྱ་བ།next