Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།
   
   
   
   
   
   
   
   
   
   


 
previousདཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།next

དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།


DKG079_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཌཱ་ཀི་ནཱི་སཾ་བ་ར་ཏནྟྲ་རཱ་ཛ་ན་མ། བོད་སྐད་དུ། དཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །བདེ་བ་ཆེན་པོའི་རོས་གང་བས། །ཐམས་ཅད་སྟོང་པར་གྱུར་ནས་ཀྱང་། །ཧེ་ཧེ་མགོན་པོ་རྡོ་རྗེ་འཛིན། །མཁའ་འགྲོ་མ་ནི་ཇི་ལྟར་ལགས། །དེ་ཡི་སྡོམ་པ་ཇི་ལྟར་ལགས། །དམ་ཚིག་བསྲུང་བ་ཇི་ལྟར་ལགས། །རྡོ་རྗེ་ཕག་མོ་བདག་ལ་གསུངས། །ཉོན་ཅིག་རྡོ་རྗེ་ཕག་མོ་ཉོན། །དང་པོ་དམ་ཚིག་མཚན་ཉིད་ཀྱང་། །རྩ་བ་དང་ནི་ཡན་ལག་བཅས། །རང་གི་ལུས་ངག་ཡིད་གསུམ་དག །ཀུན་ནས་འཁྲུགས་ཏེ་གཞན་གྱི་ཡང་། །སྒོ་གསུམ་ཀུན་འཁྲུགས་ཆེན་པོ་སྟེ། །རང་བཞིན་སྒོ་གསུམ་འཁྲུགས་པ་འབྲིང་། །ཉམས་པ་འབྲིང་དུ་གསུངས་པ་ཡིན། །རང་གཞན་འཁྲུགས་པ་ཐ་མ་ཡང་། །ཉམས་པ་ཆུང་ངུ་ཡིན་པར་འདོད། །རེ་རེ་ལ་ཡང་གསུམ་གསུམ་སྟེ། །ཉམས་པ་ཆེ་འབྲིང་དགུ་རུ་དབྱེ། །རང་ལ་མནར་སེམས་མ་སྐྱེས་ཀྱང་། །གཞན་ལ་མནར་སེམས་སྐྱེས་པ་ཡི། །བདག་གི་གཡེང་བས་རྐྱེན་བྱས་པ། །དེ་ཉིད་ཉམས་པ་འབྲིང་དུ་བཤད། །རང་ལ་མནར་སེམས་ཆེར་སྐྱེས་ཀྱང་། །གཞན་ལ་ཉེས་པ་ཆུང་བས་ན། །འདི་ལྔ་ཉམས་པ་འབྲིང་དུ་བཤད། །གཡེང་བའི་རྐྱེན་གྱིས་གང་ཉམས་ཀྱང་། །འདི་ནི་ལྟུང་བ་ཡང་བར་གསུངས། །རང་གི་དམ་ཚིག་བསྲུངས་པ་ཡི། །ལྟ་སྤྱོད་གང་ལ་གཞན་མ་མོས། །ཟབ་མོའི་དོན་ལ་སྐུར་འདེབས་པ། །ལྟུང་བ་ཆེ་འབྲིང་ཡང་བར་བཤད། །རང་གིས་མ་ཉེས་གཞན་ཆེར་འཁྲུགས། །འདི་ནི་ཉམས་པ་ཆུང་ངུར་བཤད། །རེ་རེའི་དབྱེ་བ་གཞན་ནས་ཤེས། །དེ་ནས་སྣོད་ཀྱི་མཚན་ཉིད་ཀྱང་། །ཕྱི་ཡིས་རང་གི་སྒོ་གསུམ་དག །འཁྲུགས་པ་ཆེ་ཆུང་རིམ་པས་དབྱེ། །རང་སེམས་འཁྲུགས་ན་ཕྱི་རོལ་ལ། །བསྣུན་སོགས་ཉམས་པ་ཆེན་པོར་འགྱུར། །གཡེངས་པས་ཉམས་པ་འབྲིང་ཆུང་ངུ། །མདོར་ན་རང་བཞིན་དམ་ཚིག་དང་། །བཅས་ཏེ་བྱེ་བྲག་དམ་ཚིག་ལས། །གཉིས་སུ་མེད་པར་མཁས་པས་གསུངས། །དམ་ཚིག་ལས་ནི་རྡོ་རྗེ་འཆང་། །དེ་ནས་མཁའ་འགྲོ་མཚན་ཉིད་ཀྱང་། །མཁའ་འགྲོ་རྩ་རུ་གནས་པ་སྟེ། །ཕག་མོ་ཡུངས་ཀར་ཙམ་གྱི་ཚད། །གཞན་ནི་ལྔ་ཡི་ཚད་ཙམ་སྟེ། །གསལ་ལ་རང་བཞིན་མེད་པའོ། །ཀ་ནས་གཡས་བསྐོར་ཀ་ཡི་བར། །མཁའ་འགྲོ་དྲུག་ཅུ་བཞི་རུ་ངེས། །ཀ་


DKG079_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཟུང་རྩ་མཁའ་འགྲོ་སྟེ། །ཕྱི་ནས་རྩ་རེ་མཁའ་འགྲོ་རེ། །མཁའ་འགྲོ་ནས་བསྐོར་མཚམས་ཀྱི་བར། །སུམ་ཅུ་རྩ་བདུན་མཁའ་འགྲོ་མ། །ལྟེ་བ་སྤྲུལ་པར་ཡང་དག་གནས། །ཨ་སོགས་བརྒྱད་ནི་མཁའ་འགྲོ་བརྒྱད། །དེ་བཞིན་ཟུང་རྩ་མཁའ་འགྲོ་བཞི། །སྙིང་ག་རུ་ནི་ཡང་དག་གནས། །ཟུང་རྩ་གསུམ་ནི་མཁའ་འགྲོ་རེ། །གཞན་རྣམས་རྩ་རེ་མཁའ་འགྲོ་རེ། །བཅུ་གཉིས་བཅུ་བཞི་མགྲིན་པར་གནས། །རྡོ་རྗེ་ཕག་མོ་ལྟེ་བར་གནས། །གཞན་ནི་སྤྱི་བོར་ཡང་དག་གནས། །དེ་ནས་སྡོམ་པ་བཤད་བྱ་སྟེ། །སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །བདེ་དེ་སྡོམ་པར་ཡང་དག་བཤད། །གང་ཞིག་བདེ་བ་ཁྱད་པར་ཅན། །ངེས་པར་སྡོམ་པ་ཡིན་པར་འདོད། །རྡོ་རྗེ་ཕག་མོ་མི་འདའ་བས། །སྡོམ་པ་དམ་ཚིག་ཏུ་ནི་བཤད། །མི་ཕྱེད་པས་ནི་ཕྱག་རྒྱར་གསུངས། །རྡོ་རྗེ་ཕག་མོས་ཡང་ཞུས་པ། །དམ་ཚིག་ཉམས་པའི་རྒྱུ་གང་ལགས། །རྐྱེན་ནི་གང་ལགས་དུས་གང་ལགས། །ཚད་ནི་གང་ལགས་བསྲུང་དུས་གང་། །ལུས་ངག་དམ་ཚིག་ཇི་ལྟར་དབྱེ། །དང་པོར་ཉམས་པའི་རྒྱུ་ཉིད་ཀྱང་། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་ལྡན་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །བླ་མ་མ་བསྟེན་གྲོགས་ངན་འགྲོགས། །མདོར་ན་སྒོ་གསུམ་གཡེངས་པའི་ཡུལ། །དེ་དག་ཉམས་པའི་རྐྱེན་དུ་གསུངས། །གདོན་གྱིས་བར་ཆད་ཆང་གིས་མྱོས། །ལོག་ལྟ་སྐྱེས་དང་ཁེངས་གྲགས་འདོད། །ཉོན་མོངས་ཟིལ་ནོན་བླ་མས་སྐྱོ། །འདོད་ཆགས་ཆེན་པོ་སྐྱེས་པ་དག །དམ་ཚིག་ཉམས་པའི་དུས་ཡིན་ཏེ། །སྤྱིར་ནི་རྩོད་ལྡན་དུས་སུ་གསུངས། །གདོན་སོགས་གཞན་གྱིས་བྱིན་བརླབས་ཚེ། །བསྲུང་བའི་འདུ་ཤེས་སྔོན་སོང་ན། །ཆེན་པོ་རྫོགས་ཀྱང་ཆུང་ངུར་གསུངས། །འདུ་ཤེས་སྔོན་དུ་མ་སོང་ན། །བག་མེད་ཉམས་པ་སོ་ནས་གནས། །གདོན་སོགས་རང་གིས་མ་མཐོང་ན། །དེ་ཡང་ཉམས་པ་ཆུང་བར་གསུངས། །འཁོར་བས་སྐྱོ་དང་རྣམ་སྨིན་དྲན། །བླ་མ་དྲན་དང་འདོད་པ་སྐྱེས། །བར་ཆད་བྲལ་བ་བཤགས་པའི་དུས། །སྦྱོར་བ་དངོས་གཞི་མཇུག་དང་གསུམ། །གང་རྫོགས་ཚད་ནི་མཐར་ཕྱིན་ཏེ། །ཆེ་འབྲིང་དབྱེ་བས་ཤེས་པར་བྱ། །སྦྱོར་བ་


DKG079_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་ཆུང་ངུ་སྟེ། །དངོས་གཞི་ལྟུང་བ་འབྲིང་དུ་འབྱུང་། །མཇུག་རྫོགས་ལྟུང་བ་ཆེན་པོར་ངེས། །རྒྱན་དང་ཕྱག་རྒྱ་ཕྱག་མཚན་དག །འཆང་བ་བསྟེན་པའི་དམ་ཚིག་ཡིན། །ཤ་ལྔ་བདུད་རྩི་ལྔ་རྣམས་ནི། །བཟའ་བར་བྱ་བའི་དམ་ཚིག་གོ། །སེམས་ཅན་དཔའ་བོ་མཁའ་འགྲོ་ལ། །ལོངས་སྤྱོད་མཆོད་པ་གང་བྱེད་པ། །བལྟ་བར་བྱ་བའི་དམ་ཚིག་གོ། །རང་གཞན་སྒྱུ་མར་གང་ཤེས་པ། །ཤེས་པར་བྱ་བའི་དམ་ཚིག་གོ། །སྒོ་གསུམ་སྐུ་གསུང་ཐུགས་སུ་བསམ། །བསྲུང་བར་བྱ་བའི་དམ་ཚིག་གོ། །ཉོན་མོངས་དུག་དྲུག་གཟུང་འཛིན་ཀུན། །རང་རིག་སྐྱེ་བ་མེད་པར་བསྒྲལ། །བསྒྲལ་བའི་དམ་ཚིག་ཆེན་པོ་ཡིན། །དམ་ཚིག་དོན་དུ་དམ་ཚིག་དག །དུས་དྲུག་དུས་གཉིས་ལོ་བར་དུ། །བརྟུལ་ཞུགས་ཅན་གྱིས་དམ་ཚིག་བསྲུང་། །དངོས་གྲུབ་དོན་དུ་རྟག་ཏུ་བསྲུང་། །སྐད་ཅིག་ཙམ་ཡང་གནང་བ་མེད། །རང་གི་ལུས་ཀྱི་ཉེས་པ་ལས། །གཞན་གྱི་ལུས་ཀྱི་ཉེས་འབྱུང་བ། །འདི་ནི་སྐུ་ཡི་ཉེས་པར་བཤད། །རང་གི་ལུས་ཀྱི་ཉེས་པ་ལས། །གཞན་གྱི་ངག་གི་ཉེས་འབྱུང་བ། །བདག་གི་སྐུ་ཡི་ཉམས་པ་སྟེ། །གཞན་ལ་གསུང་གི་ཉམས་པར་འགྱུར། །གཞན་ཡང་མཁས་པས་ཤེས་པར་བྱ། །རང་ལ་རྩ་བའི་ཉེས་པ་ལས། །གཞན་ལ་ཡན་ལག་ཉེས་འབྱུང་དང་། །ལེགས་པ་ལས་ནི་ཉེས་འབྱུང་སོགས། །བླ་མའི་ཞལ་ནས་ཤེས་བྱ་སྟེ། །འབད་དེ་དམ་ཚིག་བསྲུང་བར་བྱ། །དམ་ཚིག་དེ་ཡི་དོན་རྣམས་ལ། །འཁོར་རྣམས་འཇིགས་ཤིང་སྐྲག་གྱུར་ཏེ། །རྡོ་རྗེ་ཕག་མོས་ཡང་ཞུས་པ། །དམ་ཚིག་འདི་ཡི་དོན་རྣམས་ནི། །ཟབ་ཅིང་རྒྱ་ཆེ་རྟོག་པར་དཀའ། །མགོན་པོ་ཁྱོད་ཀྱིས་བཞེས་པར་ཞུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདུད་རྩི་ཁར་ཟོས་སླར་ལ་དོར་བ་མེད། །ངན་སྐྱུགས་ཕྱིར་དོར་སླར་ལ་ཟ་བ་མེད། །རང་རིག་བྱང་ཆུབ་བདུད་རྩིའི་རོ་ཚོར་ན། །ལོག་རྟོག་འཁྲུལ་པའི་རྒྱུ་འབྲས་ག་ལ་ཚོལ། །དེ་བས་དམ་ཚིག་ཁོ་ན་གཙོ་བོར་གྱིས། །དེའི་ཚེ་འཁོར་འདུས་པ་ཐམས་ཅད་ཀྱང་རྒྱུད་ཀྱི་དོན་ལ་རྗེས་སུ་ཡི་རངས་པར་གྱུར་ཏོ། །མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ག་ཡ་དྷ་ར་དང་། ལོཙྪ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་བའོ།། །།


previousདཔལ་མཁའ་འགྲོ་མའི་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།next