དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ།


DKG080_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་གར་བྷ་ནཱ་མ་ཡོ་གི་ནཱི་མ་ཧཱ་ཏན་ཏྲ་རཱ་ཛ་ཡ་ཏི་རཱ་ཛ། བོད་སྐད་དུ། དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་རྩེ་མོར་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་མཁའ་འགྲོ་དང་མཁའ་འགྲོ་མས་ཡོངས་སུ་བསྐོར་ནས་བྷ་གུ་ལ་ཆེན་པོའི་སྐྱེད་མོས་ཚལ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་ལྷ་མོ་ལེགས་དགྱེས་དབང་མོ་དང་ལྷན་ཅིག་ཏུ་རོལ་པ་མཛད་པའི་ཚེ་རྗེ་བཙུན་ལ་བ་སྤུ་ལངས་སོ། །དེའི་དུས་སུ་བཅོམ་ལྡན་འདས་མ་ལེགས་དགྱེས་ཀྱི་སྦྱོར་བ་ལས་ལངས་ཏེ་ལན་གསུམ་དུ་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ཅིའི་ཕྱིར་ཉིད་ཀྱི་སྐུ་ལ་བ་སྤུ་ལངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་བཅོམ་ལྡན་འདས་མ་དེ་དགོས་པ་ཅི་ཞིག་ཡོད། གང་གི་དོན་གྱི་ཕྱིར་ངའི་སྐུ་ལ་བ་སྤུ་ལངས་པ་དེ་ནི་གསང་བ་ཆེན་པོའོ། །བཅོམ་ལྡན་འདས་མས་གསོལ་པ། གསང་བ་ཆེན་པོ་ལགས་མོད་ཀྱང་མཆོག་གི་དབང་ཕྱུག་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཡིས་ལེགས་དགྱེས་ཀྱི་བདེ་བ་ཉམས་སུ་མྱོང་ཞིང་སྟེང་དང་འོག་ན་གནས་པའི་དགའ་བའི་སྐྱེད་བྱེད་མ་རྣམས་ལ་འདུས་པ་ལས་བ་སྤུ་ལངས་སོ། །བཅོམ་ལྡན་འདས་མས་གསོལ་པ། སྟེང་དང་འོག་ན་གནས་པའི་དགའ་བ་སྐྱེད་བྱེད་མ་རྣམས་ལ་འདུས་པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་དང་འོག་ན་གནས་པའི་དགའ་བ་སྐྱེད་བྱེད་མ་རྣམས་ལ་གང་ཞིག་འདུས་པ་དེ་ཅིའི་ཕྱིར་མི་ཤེས། བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་དེ་སྐད་དུ་དེ་ལྟར་ནི་ལགས་མོད་ཀྱི། འོན་ཀྱང་མི་ཤེས་པའི་ཕྱིར་བཅོམ་ལྡན་འདས་ཀྱི་དྲུང་དུ་བདག་གིས་ནི་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ནི་སོ་སོ་རང་གིས་ཉམས་སུ་མྱོང་བ་ཡིན་མོད་ཀྱང་། འོན་ཀྱང་ཁྱོད་ཀྱི་ངོར་ངས་བཤད་པར་བྱ་སྟེ། དགའ་བྲལ་གྱི་དགའ་བ་འབྱུང་བའི་


DKG080_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་བདག་ཉིད་ཀྱི་རྩའི་དྲ་བ་འདར་ཞིང་གཡོས་པ་ཙམ་གྱིས་ཚུལ་ཤར་རོ། །ཚུལ་ཤར་བས་ཐིག་ལེའི་རྒྱལ་པོ་ཞུའོ། །ཐིག་ལེའི་རྒྱལ་པོ་ཞུ་བ་ལས་སྟེང་དང་འོག་ན་གནས་པའི་དགའ་བ་སྐྱེད་བྱེད་མ་རྣམས་ལ་འདུས་པའོ། །དེ་སྐད་ཅེས་ཐོས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དམ་དུ་འཁྱུད་པ་བྱས་ནས་མ་མཆུའི་བདུད་རྩིའི་བཏུང་བས་དགྱེས་པར་བྱས་ཏེ་ཕྱི་ནས་ཡང་ཞུ་བ་མཛད་དོ། །ཀྱཻ་བཅོམ་ལྡན་འདས་དགའ་བྲལ་གྱི་དགའ་བའི་དུས་སུ་འདུས་པ་ལགས་ན། དེ་ལ་སྦྱོར་བ་མེད་པ་གང་གི་དུས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲིས་པ་ཡང་དག་དགྱེས་པ་མཆོག། སངས་རྒྱས་རྣམས་ཀྱིས་རྙེད་དཀའ་བ། །དགའ་བྲལ་དུས་སུ་སྦྱོར་བ་མེད། །དེ་ནི་དགའ་བྲལ་དགའ་བ་མིན། །བཅོམ་ལྡན་འདས་མས་གསོལ་པ། ཀྱཻ་བཅོམ་ལྡན་འདས་དགའ་བྲལ་གྱི་དགའ་བ་དང་དགའ་བྲལ་ལ་ཁྱད་པར་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་མོ་ཁྱོད་ཅིའི་ཕྱིར་དེ་སྐད་ཅེས་སྨྲ། དགའ་བྲལ་གྱི་དགའ་བ་དང་དགའ་བྲལ་གཉིས་ལ་ཁྱད་པར་ཆེར་ཡོད་པ་དེ་བརྗོད་པར་བྱའོ། །གང་ཞིག་དགའ་བྲལ་གྱི་དགའ་བ་དེ་ཞུ་བ་གནས་པ་སྟེ་འཕོ་བ་ལ་སོགས་པ་དང་བྲལ་བའོ། །གང་ཞིག་དགའ་བྲལ་དེ་ནི་དགའ་བ་དང་བྲལ་བ་ཞུ་བ་འཕོ་ཞིང་འཇིག་པའོ། །དགའ་བྲལ་གྱི་དགའ་བ་ནི་ཞུ་བ་གནས་པ་སྟེ། འཕོ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རང་གིས་ཉམས་སུ་མྱོང་བའི་ངོ་བོའོ། །བཅོམ་ལྡན་འདས་མས་གསོལ་པ། རང་གིས་ཉམས་སུ་མྱོང་བའི་མཚན་ཉིད་དགའ་བྲལ་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བའི་ཁྱད་པར་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་སྐྱེས་པའི་དགའ་བ་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མ་ཡིན་པ་ཡང་མ་ཡིན། གསང་བ་ཡང་མ་ཡིན། ཡེ་ཤེས་ཀྱང་མ་ཡིན། ཡེ་ཤེས་ལས་བྱུང་བ་ཡང་མ་ཡིན། སྲིད་པ་ཡང་མ་ཡིན། མྱ་ངན་ལས་འདས་པ་ཡང་མ་ཡིན། ཆར་ཡང་མ་ཡིན། ཐིག་ལེ་ཡང་མ་ཡིན། ཚུལ་ཡང་མ་ཡིན། ཚུལ་ཙམ་ཡང་མ་ཡིན། མཆོག་ཀྱང་མ་ཡིན། གཞན་


DKG080_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཀྱང་མ་ཡིན། ཤར་བ་ཡང་མ་ཡིན། ནུབ་པ་ཡང་མ་ཡིན། གཟུགས་ཀྱང་མ་ཡིན། སྒྲ་ཡང་མ་ཡིན། དྲི་ཡང་མ་ཡིན། རོ་ཡང་མ་ཡིན། རེག་བྱ་ཡང་མ་ཡིན། ཡི་གེ་ཡང་མ་ཡིན། རྟེན་ཡང་མ་ཡིན། བརྟེན་པ་ཡང་མ་ཡིན། ཁམས་ཀྱང་མ་ཡིན། ཤེས་རབ་ཀྱང་མ་ཡིན། ཐབས་ཀྱང་མ་ཡིན། ཐིམ་པ་ཡང་མ་ཡིན། ལོངས་སྤྱོད་ཀྱང་མ་ཡིན། དབང་ཡང་མ་ཡིན། སྤྲུལ་པ་ཡང་མ་ཡིན། ཆོས་ཀྱང་མ་ཡིན། ལོངས་སྤྱོད་ཀྱང་མ་ཡིན། ལུས་ཀྱང་མ་ཡིན། ངག་ཀྱང་མ་ཡིན། ཡིད་ཀྱང་མ་ཡིན། རྣམ་པ་ཐམས་ཅད་དང་རྣམ་པར་བྲལ་བ། མི་ཟད་པ། དྲི་མ་མེད་པ། སྐྱེ་བ་མེད་པ། འགག་པ་མེད་པ། རྟག་ཏུ་ཤར་བའོ། །བཅོམ་ལྡན་འདས་མས་གསོལ་པ། དེ་ལྟ་བུའི་ལྷན་ཅིག་སྐྱེས་པའི་དགའ་བ་གང་ལས་རྙེད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྲལ་གྱི་དགའ་བ་ཉམས་སུ་མྱོང་བ་ལས་རྙེད་དེ། དེ་བཞིན་དུ་བསམ་གཏན་ལ་སོགས་པས་མ་ཡིན་ནོ། །བཅོམ་ལྡན་འདས་མས་གསོལ་པ། ལྷན་ཅིག་སྐྱེས་པའི་དགའ་བ་དེ། དགའ་བྲལ་གྱི་དགའ་བའི་ཉམས་སུ་མྱོང་བའི་རྒྱུ་ལགས་སམ་འབྲས་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་སྐྱེས་པའི་དགའ་བའི་རྒྱུ་ཡིན་ཏེ་འབྲས་བུ་ནི་མ་ཡིན་ནོ། །བཅོམ་ལྡན་འདས་མས་གསོལ་པ། ལྷུན་གྱིས་གྲུབ་པའི་ལྷན་ཅིག་སྐྱེས་པའི་དགའ་བ་འབྱུང་བ་ལ་རྒྱུའི་དངོས་པོས་དགོས་པ་ཅི་མཆིས། རང་བཞིན་མེད་པའི་ཕྱིར་རོ། །ཇི་ལྟར་བསྲེག་པ་ལ་དུད་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྐད་དུ་སྨྲ་བ་ནི་ཚད་མ་མ་ཡིན་ཏེ། དང་པོར་བསྲེག་པ་མེད་པར་དེར་དུད་པ་འབྱུང་བ་གང་ལས་འོང་། དེ་ལྟ་བུའི་རིགས་ལས་ལྷན་ཅིག་སྐྱེས་པའོ། །བཅོམ་ལྡན་འདས་མས་གསོལ་པ། དེ་ལྟར་ལགས་ན་ལྷན་ཅིག་སྐྱེས་པ་ལས་དགའ་བྲལ་གྱི་དགའ་བ་ནི་རྒྱུ་ཡང་ཡིན་ལ་འབྲས་བུ་ཡང་ཡིན་ན། འོན་ཀྱང་འདིར་རྒྱུ་ནི་གཉིས་སུ་དབྱེ་བ་དང་། འབྲས་བུ་ཡང་གཉིས་སུ་དབྱེ་སྟེ། གསལ་བའི་རྒྱུ་དང་། འབྱུང་བའི་རྒྱུའོ། །འབྲས་བུ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་མས་གསོལ་


DKG080_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀྱཻ་བཅོམ་ལྡན་འདས་གསལ་བའི་རྒྱུ་ཅི་འདྲ་བ་དང་། འབྱུང་བའི་རྒྱུ་ཅི་འདྲ་བ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསལ་བའི་རྒྱུ་ནི་དགའ་བྲལ་གྱི་དགའ་བ་སྟེ། ཇི་ལྟར་མར་མེ་བཞིན་ནོ། །འབྱུང་བའི་རྒྱུ་ནི་དགའ་བ་ལས་མཆོག་གི་དགའ་བ་སྟེ། ཇི་ལྟར་ས་བོན་ལས་མྱུ་གུ་བཞིན་ནོ། །དགའ་བྲལ་གྱི་དགའ་བ་ནི་གཞན་རྣམས་དང་མི་འདྲ་བའི་ཕྱིར་འབྱུང་བའི་རྒྱུ་མ་ཡིན་ཏེ། དགའ་བ་གཞན་དང་མི་འདྲ་བ་ལས་འབྱུང་བ་ཡིན་ནོ། །དཔལ་ཡེ་ཤེས་སྙིང་པོ་ལས་ལྷན་ཅིག་སྐྱེས་པའི་དགའ་བའི་དོན་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་མས་གསོལ་པ། གང་ཞིག་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས་ཕྱག་རྒྱ་ཆེན་པོའི་དོན་བསྟན་པ་དེ་ཐོབ་པར་བྱ་བའི་དོན་དུ་དེའི་ཐབས་བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་བདག་ལ་ཞུས་པ་གང་། །ཉོན་ཅིག་ལྷ་མོ་རབ་ཏུ་བཤད། །ཕྱག་རྒྱ་ཆེན་པོ་ནི་འདིར་བཞིར་དབྱེ་བ་སྟེ། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱའོ། །གང་ཞིག་ལས་ཀྱི་ཕྱག་རྒྱ་ནི་སྣང་བའི་རང་བཞིན་དགའ་བའི་ལོ་དང་ལྡན་པའོ། །གང་ཞིག་དམ་ཚིག་གི་ཕྱག་རྒྱ་དེ་ནི་སྣང་བ་མཆེད་པའི་རང་བཞིན་སྐྱེ་མཆེད་ཀྱི་ལོ་དང་ལྡན་པའོ། །གང་ཞིག་ཡེ་ཤེས་ཀྱི་ཕྱག་རྒྱ་དེ་ནི་སྣང་བ་ཐོབ་པའི་རང་བཞིན་ཁམས་ཀྱི་ལོ་དང་ལྡན་པའོ། །གང་ཞིག་ཆོས་ཀྱི་ཕྱག་རྒྱ་དེ་ནི་འོད་གསལ་གྱི་རང་བཞིན་ནོ། །ཕྱག་རྒྱ་ཆེན་པོ་དེ་ཡང་འོད་གསལ་མ་ཡིན་པ་གཞན་ལས་མི་རྙེད་དོ། །བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་འོད་གསལ་ཞེས་བགྱི་བ་ཇི་ལྟར་ལགས། གང་དུ་གནས་པ་ཡིན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོད་གསལ་ནི་ནམ་མཁའི་དབུས་སུ་གནས་པའི་ཐིག་ལེའི་ངོ་བོ་སྟེ་དེ་ནི་ཕྱག་རྒྱ་ཆེན་པོ་རྙེད་པར་འགྱུར་རོ། །བཅོམ་ལྡན་འདས་མས་གསོལ་པ། རེ་ཞིག་འོད་གསལ་ནི་ཇི་ལྟར་རྙེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་དང་དམ་ཚིག་དང་ཡེ་ཤེས་དང་ཆོས་ཀྱི་ཕྱག་རྒྱས་སོ། །བཅོམ་ལྡན་


DKG080_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མས་གསོལ་པ། ཕྱག་རྒྱ་རྣམས་ཉིད་ནི་གང་ལས་རྙེད་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབང་བསྐུར་བའི་ཕྱིའི་ཕྱག་རྒྱ་ལ་བརྟེན་ནས་ནང་གི་ཕྱག་རྒྱ་རྣམས་རྙེད་དོ། །བཅོམ་ལྡན་འདས་མས་གསོལ་པ། ཕྱི་དང་ནང་གི་ཕྱག་རྒྱ་དེ་གནས་གང་དུ་གནས་པར་འགྱུར། མཚན་ནི་ཇི་ལྟ་བུ། རང་གི་ངོ་བོ་ནི་ཇི་ལྟ་བུ། དེར་དབང་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདིར་དབང་ནི་བཞི་སྟེ། སློབ་དཔོན་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་། དེ་ལྟར་དེ་བཞིན་བཞི་པའོ། །སློབ་དཔོན་གྱི་དབང་ནི་དགའ་བའི་ལོ་དང་ལྡན་པ་གཞོན་ནུ་མ་ལ་རྡོ་རྗེ་དང་དྲིལ་བུ་མཉམ་པར་ལྡན་པ་ཡིས་ནུ་མ་དང་འཛའ་གུ་ནི་རེག་པར་བྱས་པས་སོ། །གསང་བའི་དབང་ནི་སྐྱེ་མཆེད་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ནང་གི་རྐན་ཡོངས་སུ་འཇིབས་པ་ལས་སོ། །ཤེས་རབ་ཡེ་ཤེས་ནི་ཁམས་ཀྱི་ལོ་དང་ལྡན་པའི་གཞོན་ནུ་མ་ལ་ལྷན་ཅིག་སྲུབ་པ་དང་བསྲུབ་པའི་ཐབས་ཆེན་པོ་ལས་ཞུ་བ་འཕོ་བའི་དུས་སུ་ཡེ་ཤེས་ཉམས་སུ་མྱོང་བས་སོ། །དེ་ལྟར་དེ་བཞིན་བཞི་པ་ནི་ཤེས་རབ་ཡེ་ཤེས་དེ་ཉིད་བརྟན་པར་བྱེད་པ་སྟེ། དེའི་ཕྱིར་དེ་ལྟར་དེ་བཞིན་ཞེས་བསྟན་པ་ཡིན་ནོ། །བརྟན་པར་བྱས་པ་ཙམ་གྱིས་དྲུག་ཅུ་རྩ་བཞིའི་འདབ་མའི་ནང་དུ་ཕྱག་རྒྱ་བཞི་མཉམ་པར་སྦྱོར་བར་འགྱུར་བ་ཡིན་ནོ། །དེ་ཡང་འཇུག་པ་དང་། གནས་པ་དང་། འགྲོ་བ་དང་། རྟེན་པའི་ངོ་བོས་སོ། །འཇུག་པ་ནི་གཏུམ་མོའོ། །གནས་པ་ནི་རང་བཞིན་གྱིས་རྟོག་པ་མེད་པའོ། །འགྲོ་བ་ནི་བྱ་གདོང་མའི་རྩའོ། །རྟེན་པའི་ངོ་བོས་སྒྲོག་མའི་རྩའོ། །དོན་དམ་པར་ཕྱག་རྒྱ་ཆེན་པོ་གཅིག་པུ་སྟེ། འོན་ཀྱང་ལས་ཀྱི་རང་བཞིན་གྱིས་བཞིར་དབྱེའོ། །བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་དེ་རྣམས་ལ་ལས་ཀྱི་རང་བཞིན་གྱི་བྱེ་བྲག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་སྟེ། ལས་ཀྱི་བྱེ་བྲག་གིས་ཕྱག་རྒྱ་ཆེན་པོས་ཐོབ་པའོ། །བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་པོ་རྣམས་ཀྱི་མིང་དང་སྤྱོད་


DKG080_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞི་བ་ནི་རྒོད་པའོ། །རྒྱས་པ་ནི་བལྟ་བའོ། །དབང་ནི་ལག་པས་འཁྱུད་པས་སོ། །དྲག་པོ་ནི་གཉིས་ཀྱིས་གཉིས་སྙོམས་པར་འཇུག་པའོ། །དེ་རྣམས་ལ་སྤྱོད་པའི་ཚངས་པའི་གནས་པའི་སྤྱོད་པ་དང་། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་དང་། གོས་བྲལ་གྱི་བརྟུལ་ཤུགས་ཀྱི་སྤྱོད་པ་དང་། རང་དབང་གི་སྤྱོད་པས་སོ། །དཔལ་ཡེ་ཤེས་སྙིང་པོ་ལས་ཕྱག་རྒྱ་ཆེན་པོ་དང་། དབང་བསྐུར་བའི་དོན་ཞེས་བྱ་བའི་ལེའུ་སྟེ་གཉིས་པའོ།། །།བཅོམ་ལྡན་འདས་མས་གསོལ་པ། དབང་བསྐུར་བའི་དུས་སུ་དཀྱིལ་འཁོར་རྣམས་ཇི་ལྟ་བུ། སློབ་དཔོན་ནི་ཇི་ལྟ་བུས་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་གྱི་དབང་བསྐུར་བའི་དུས་སུ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་རོ། །གསང་བའི་དབང་ལ་བླ་མ་ལ་དབུལ་བའི་དཀྱིལ་འཁོར་ནི་རང་བྱུང་གི་མེ་ཏོག་དང་ལྡན་པའི་མེ་ཏོག་གིས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བཞི་མཉམ་གྱིས་སོ། །བཞི་པའི་དུས་སུ་གཞན་མ་ཡིན་པ་བྱང་ཆུབ་ཀྱི་སེམས་འབའ་ཞིག་དཀྱིལ་འཁོར་གྱིས་སོ། །དེ་ལ་སློབ་དཔོན་ནི་མཚན་ཐམས་ཅད་ཀྱིས་བརྒྱན་པ་དང་། རྒྱུད་ཐམས་ཅད་མཁྱེན་པ་དང་། དབང་བསྐུར་བ་ལ་མཁས་པ་དང་། ཐུགས་རྗེ་དང་ལྡན་པ་དང་། རྒྱ་ཆེ་བ་ལ་མོས་པ་དང་། སྔགས་ལ་སོགས་པ་དང་། རབ་ཏུ་སྦྱོར་བ་ལ་མཁས་པ་དང་། དངོས་གྲུབ་ཐོབ་པའི་སློབ་དཔོན་ལ་སོགས་པས་དབང་བསྐུར་བ་དང་། དངོས་གྲུབ་ཐོབ་པའི་བླ་མའི་བཀའི་གནང་བ་ཐོབ་པ་དང་། ཡང་ན་རང་ཉིད་དངོས་གྲུབ་ཐོབ་པ་དེས་ནི་དཀྱིལ་འཁོར་དང་། དབང་བསྐུར་བའི་རིམ་པ་དང་། སྒྲུབ་ཐབས་ལ་སོགས་པ་བྱའོ། །དེ་བཞིན་དུ་རྟོག་གེ་པ་ལ་སོགས་པས་ནི་མ་ཡིན་ནོ། །བཅོམ་ལྡན་འདས་མས་གསོལ་པ། ཀྱཻ་བཅོམ་ལྡན་འདས་སློབ་དཔོན་གྱི་ནི་དབང་བསྐུར་བའི། དཀྱིལ་འཁོར་མཚན་མ་ཇི་ལྟར་ལགས། །དཀྱིལ་འཁོར་གྱི་ནི་ཚད་ཇི་ཙམ། །གཙོ་བོ་བདག་པོ་ཡང་ནི་གང་། །ངོ་བོ་གང་གིས་སློབ་མ་གཟུང་། །ལས་ཀྱི་སློབ་དཔོན་ཇི་ལྟ་བུ། །མཆོད་པ་རྣམས་ནི་ཇི་ལྟར་ལགས། །


DKG080_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ཡོན་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་བདག་ལ་གང་ཞུས་པ། །ལྷ་མོ་ཉོན་ཅིག་བདག་གིས་བཤད། །མཚན་མའི་སློབ་མའི་མོས་པས་སོ། །ཡང་ན་ཇི་ལྟར་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ཡིད་དང་འཐད་པའོ། །དེ་བཞིན་མཐེ་བོའི་སོར་གསུམ་ལྷག་པའི་ཁྲུ་ཕྱེད་དང་དོའི་དཀྱིལ་འཁོར་བྱའོ། །དེ་ནི་རེ་ཞིག་མཚན་མའི་དཀྱིལ་འཁོར་ཡིན་ཏེ། དེའང་རྣལ་འབྱོར་མའི་རྒྱུད་ཀྱི་གོ་རིམས་ཀྱིས་བྱའོ། །དེ་ཡང་ཡན་ལག་ཐམས་ཅད་ཚང་བའོ། །དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་བྲིའོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་སྟེ། སྣ་ཚོགས་རྡོ་རྗེའི་ལྟེ་བའི་ནང་དུ་ཧཱུྃ་གི་རྣམ་པ། ཕྱི་རོལ་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་དང་ལྡན་པ། རྡོ་རྗེའི་ཕྲེང་བས་རྣམ་པར་བརྒྱན་པར་བྱའོ། །དེའི་ཤར་གྱི་འདབ་མ་ལ་འཁོར་ལོ་མདོག་དཀར་པོ་དང་། ལྷོར་རིན་པོ་ཆེ་མདོག་སེར་པོ་དང་། ནུབ་ཏུ་པདྨ་མདོག་དམར་པོ་དང་། བྱང་དུ་རལ་གྲི་མདོག་ལྗང་གུ་དང་། མེའི་མཚམས་སུ་རིན་པོ་ཆེའི་ཤིང་དང་། ཆུའི་མཚམས་སུ་སེ་འབྲུ་དང་། རླུང་གི་མཚམས་སུ་རྒྱལ་མཚན་དང་། དབང་ལྡན་གྱི་མཚམས་སུ་ཀ་པཱ་ལའོ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་དང་། ལྷོར་རྡོ་རྗེ་ཞགས་པ་དང་། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་དང་། བྱང་དུ་རྡོ་རྗེ་དྲིལ་བུའོ། །མཚམས་རྣམས་སུ་མེ་ཏོག་གི་ཆུན་འཕྱང་དང་། བདུག་སྤོས་ཀྱི་རེང་བུ་དང་། མར་མེ་དང་། དྲིའི་དུང་ཆོས་སོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ཕྲེང་བའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བའི་ནང་དུ་ཧཱུྃ་གི་རྣམ་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཛིན་པ་ཆེན་པོ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བཞི་པ། རྒྱལ་པོའི་བཞུགས་ཐབས་ཀྱིས་གནས་པ། རང་འོད་ཀྱི་རིག་མས་འཁྱུད་པ། ནམ་མཁའ་སྔོན་པོའི་མདོག་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བརྒྱད་གཉིས་ཀྱི་ལོ་དང་ལྡན་པ། ཉི་མ་བྱེ་བའི་འོད་དང་ལྡན་པ། རལ་པའི་དབུ་རྒྱན་གྱིས་བརྒྱན་པ། རྡོ་རྗེ་དང་། དྲིལ་བུ་དང་། རྔེའུ་ཆུང་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་འཛིན་པའི་བདག་པོའོ། །མཚན་མའི་སྐབས་སུ་དབུས་སུ་རྡོ་རྗེ་དང་། དྲིལ་བུས་བྱའོ། །དེ་ནས་སློབ་མ་སྟ་གོན་


DKG080_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ལ་སྨན་སྣ་ཚོགས་ཀྱིས་ཁྲུས་བྱས་པ། རྣམ་པར་སྣང་མཛད་ཀྱི་ངོ་བོས་སློབ་མ་གཟུང་བར་བྱའོ། །ལས་ཀྱི་སློབ་དཔོན་ནི་བསྟན་བཅོས་ཐམས་ཅད་ལ་མཁས་པ། སེར་སྣ་མེད་པ། མཚན་མ་ཅུང་ཟད་ཐོབ་པའོ། །དེར་མཆོད་པ་པོ་རྣམས་ཤིན་ཏུ་མཁས་པ། ཆགས་པ་ལ་སོགས་པ་དང་བྲལ་བ། མཚན་མ་རྙེད་པ། དབང་གསུམ་ཐོབ་པའོ། །སློབ་དཔོན་ལ་དབང་བསྐུར་བའི་དུས་སུའམ། རྒྱུད་ཐོས་པའི་དུས་སུ་ཤིན་ཏུ་གཅེས་པའི་ཆུང་མ་དང་། བུ་མོ་དང་། གཞན་ཡང་གསེར་དང་། མུ་ཏིག་དང་། ནོར་བུ་དང་། གླང་པོ་ཆེ་དང་། རྟ་དང་། ཞིང་དང་། བྲན་དང་། བྲན་མོ་དང་། ན་བཟའ་དུ་མ་ལ་སོགས་པ་ཅི་ཙམ་ནུས་པ་དབུལ་བར་བྱའོ། །ནོར་ལ་སོགས་པ་ཡོད་ནས་གང་ཞིག་མི་འབུལ་བ་དེ་ནི་བསྐལ་པ་སྟོང་གི་བར་དུ་དམྱལ་བར་སྐྱེ་བར་འགྱུར་རོ། །ལོངས་སྤྱོད་མེད་པར་གྱུར་པས་ཀྱང་རང་གི་ལུས་པོ་དབུལ་བར་བྱ་སྟེ་བྲན་དུ་བྱའོ། །དེས་ནི་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ། ཡང་ན་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །ལྷ་མོས་གསོལ་པ། བཅོམ་ལྡན་འདས་སྦྱིན་པ་ལ་སོགས་པ་ཙམ་གྱིས་སངས་རྒྱས་སམ་རྡོ་རྗེ་འཛིན་པར་འགྱུར་རམ་ཅི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་སྦྱིན་པ་ལ་སོགས་པ་ཙམ་གྱིས་སངས་རྒྱས་སམ་རྡོ་རྗེ་འཛིན་པར་མི་འགྱུར་ཏེ། འོན་ཀྱང་བླ་མ་ལ་མཆོད་པས་བསོད་ནམས་ཆེན་པོའི་ཚོགས་སྐྱེའོ། །བསོད་ནམས་ཆེན་པོའི་ཚོགས་བསགས་པ་ལས་སྡིག་པའི་ཕུང་པོ་ཟད་དེ། བླ་མའི་མཆོག་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རང་གི་ལྷའི་སྐུ་ཡང་དག་པ་དང་ཕྲད་པ་ཐོབ་བོ། །ཕྲད་པས་ཡང་དག་པའི་མན་ངག་གནང་བར་འགྱུར་རོ། །མན་ངག་ཐོབ་པ་ལས་བརྩོན་འགྲུས་ཆེན་པོ་དང་ལྡན་པ་ཡིན་ནོ། །དེས་ཚེ་འདི་ཉིད་ལ་སངས་རྒྱས་སམ་རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ། །དཔལ་ཡེ་ཤེས་སྙིང་པོ་ལས་དབང་བསྐུར་བ་དང་། དཀྱིལ་འཁོར་གྱི་དོན་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།བཅོམ་ལྡན་འདས་མས་གསོལ་པ། ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །མངའ་བདག་ཆེན་པོ་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བདག་གི་དཀྱིལ་འཁོར་དགེ་བ་ནི། །ཉོན་


DKG080_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ལྷ་མོ་རབ་ཏུ་བཤད། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞིས་ནི་རྣམ་པར་བརྒྱན། །དྲ་བ་དྲ་ཕྱེད་ཆུན་འཕྱང་དང་། །འདོད་ཡོན་རིན་ཆེན་ལ་སོགས་བརྒྱན། །དེ་ཡི་དབུས་སུ་གཞན་མིན་བདག། ཞལ་བཟངས་ཁྱོད་དང་ལྷན་ཅིག་གོ། །ཕྱག་བཞི་པ་ལ་ཞལ་བཞི་པ། །སྤྱན་གསུམ་ཨུཏྤལ་སྔོན་པོའི་མདོག། ཕྱག་རྒྱ་དྲུག་དང་ལྡན་པ་དང་། །སྣ་ཚོགས་རུས་པའི་རྒྱན་དང་ལྡན། །ཞི་བ་ཆེན་པོའི་རང་བཞིན་ཅན། །སྣ་ཚོགས་པདྨའི་སྟེང་དུ་ནི། །འཇིགས་བྱེད་དུས་མཚན་ཞབས་ཀྱིས་མནན། །རྒྱལ་པོའི་བཞུགས་སྟབས་ཀྱིས་ནི་བཞུགས། །རྡོ་རྗེ་དྲིལ་བུ་རྔེའུ་ཆུང་དང་། །ཀ་པཱ་ལ་དང་ཁ་ཊྭཱྃ་བསྣམས། །ཞལ་གཞན་སེར་དང་དམར་དང་ལྗང་། །ལྷ་མོ་ཁྱོད་ཀྱང་བདག་གི་མདོག། ཞལ་གསུམ་མ་ལ་སྤྱན་གསུམ་པ། །ཕྱག་གཉིས་གྲི་གུག་པད་སྣོད་འཛིན། །སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །བཅོམ་ལྡན་འདས་མས་གསོལ་པ། འདི་ཡི་དཀྱིལ་འཁོར་འཁོར་ལོ་ལ། །འཁོར་ནི་གང་ལགས་གྲངས་དུ་མཆིས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ཁྱོད་ཀྱིས་བདག་ལ་ཞུས། །ཉོན་ཅིག་ལྷ་མོ་བདག་གིས་བཤད། །དཀྱིལ་འཁོར་ཕྱོགས་བཞིར་དཔའ་ཆེན་པོ། །ཤེས་རབ་ཡན་ལག་མས་འཁྱུད་ཅིང་། །མཚམས་སུ་རྡོ་རྗེ་མ་མོ་བཞི། །སྒོར་ནི་ཁྲོས་པའི་ལྷ་མོ་བཞིའོ། །བཅོམ་ལྡན་འདས་མས་གསོལ་པ། དེ་རྣམས་ལ་བསྐྱེད་པའི་ཆོ་ག་ནི་གང་། མདོག་དང་ཕྱག་རྒྱ་དང་བཞུགས་ཐབས་ལ་སོགས་པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་དང་བདག་རོལ་པ་མཛད་ཅིང་། སྲུབ་པ་དང་བསྲུབ་པའི་ཐབས་ཆེན་པོའི་སྦྱོར་བའི་དགའ་བའི་རྟགས་ལས་དཔའ་བོ་ཆེན་པོ་ཚངས་པ་ཞེས་བྱ་བ་ཕྱག་བཞི་པ། ཞལ་གསུམ་པ། སྤྱན་གསུམ་པ། གསེར་གྱི་མདོག་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་པོའི་བཞུགས་ཐབས་ཀྱིས་གནས་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། ཤེས་རབ་མའི་ཡན་ལག་གིས་འཁྱུད་པ། ཕྱག་རྒྱ་ལྔ་འཛིན་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །རྡོ་རྗེ་དང་། དྲིལ་བུ་དང་། རྔེའུ་ཆུང་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་བསྣམས་


DKG080_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཤར་གྱི་འདབ་མར་རོ། །ཡང་སྲུབ་པ་དང་བསྲུབ་པའི་ཐབས་ཀྱི་མཆོག་གི་དགའ་བའི་རྟགས་ལས་དཔའ་བོ་ཆེན་པོ་ཁྱབ་འཇུག་ཅེས་བྱ་བ། མར་ཀ་ཏའི་མདོག་ལྷག་མ་ནི་ཚངས་པ་བཞིན་དུ་བྱང་དུའོ། །ཡང་སྲུབ་པ་དང་བསྲུབ་པའི་ཐབས་ཀྱི་དགའ་བྲལ་གྱི་དགའ་བའི་རྟགས་ལས་དཔའ་བོ་ཆེན་པོ་དྲག་པོ་ཞེས་བྱ་བ་མདོག་ནག་པོ་ཁྱབ་འཇུག་བཞིན་ནུབ་ཏུའོ། །ཡང་སྲུབ་པ་དང་བསྲུབ་པའི་ཐབས་ཀྱི་ལྷན་ཅིག་སྐྱེས་པའི་དགའ་བའི་རྟགས་ལས་དཔའ་བོ་ཆེན་པོ་དབང་ཕྱུག་ཅེས་བྱ་བ་མདོག་དཀར་པོ་ཁྱབ་འཇུག་བཞིན་ལྷོ་ཕྱོགས་སུའོ། །པདྨའི་མཚམས་སུ་དྲི་ཞིམ་པ་དང་ལྡན་པའི་ཆུས་གང་བའི་བུམ་པའི་སྟེང་དུ་བདུད་རྩི་ལྔས་བཀང་བའི་ཀ་པཱ་ལ་བཞིའོ། །ཡང་སྲུབ་པ་དང་བསྲུབ་པའི་ཐབས་ཀྱི་རོ་བརྒྱད་ལས་མེའི་མཚམས་སུ་དཔའ་མོ་ཆེན་མོ་མདོག་དཀར་མོའོ། །ཆུའི་མཚམས་སུ་གཞན་གྱིས་མི་ཐུབ་མ་བཻ་ཌཱུརྱའི་མདོག་གོ། །རླུང་གི་མཚམས་སུ་དུས་མཚན་མ་ནམ་མཁའ་སྔོན་པོའི་མདོག་གོ། །དབང་ལྡན་གྱི་མཚམས་སུ་གཽ་རཱི་མདོག་སེར་པོའོ། །ཐམས་ཅད་ཀྱང་ཤིན་ཏུ་ལང་ཚོ་ལ་བབ་པ་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞི་པ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱལ་པོའི་བཞུགས་སྟབས་ཀྱིས་བཞུགས་པ། ཕྱག་རྒྱ་ལྔ་འཛིན་པ། ཕྱོགས་ཀྱི་གོས་ཅན། གྲི་གུག་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་དང་། རྔེའུ་ཆུང་བསྣམས་པའོ། །ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་གཏུམ་མོ་ནི་ནག་མོ་ཆེན་མོའི་མདོག་གོ། །བྱང་སྒོར་རྡོ་རྗེ་འཇིགས་བྱེད་མ་སེར་མོའི་མདོག་གོ། །ནུབ་སྒོར་རྡོ་རྗེ་སྒྲ་མ་དམར་མོ་ཆེན་མོའི་མདོག་གོ། །ལྷོ་སྒོར་རྡོ་རྗེ་ཙ་རྩི་ཀཱ་ལྗང་གུའི་མདོག་གོ། །ཕྱག་བཞི་པ། ཞལ་གཅིག་པ། སྤྱན་གསུམ་པ། གཡོན་བརྐྱང་བ། ན་བཟའ་སྤངས་པ་རིམ་པ་བཞིན་དུ་ནམ་མཁའ་ལྡིང་དང་། སེང་གེ་དང་། སྟག་དང་། མ་ཧེའི་སྟེང་ན་གནས་པའོ། །ཕྱག་རྒྱ་ལྔས་བརྒྱན་པ། མགོ་ཆེན་པོའི་ཆུན་པོ་འཕྱང་བ་འཛིན་པ། འཇིགས་བྱེད་ཆེན་པོ་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། དབུ་སྐྱེས་འབར་བ། སྒྲ་ཆེན་པོའི་སྒྲ་སྒྲོགས་པ། རལ་གྲི་དང་། རྩེ་གསུམ་པ་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་བསྣམས་པ། རང་འོད་ཀྱི་ཐབས་དང་འཁྱུད་པའོ། །བཅོམ་


DKG080_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མས་གསོལ་པ། བཅོམ་ལྡན་འདས་དཔའ་བོ་ཆེན་པོ་རྣམས་ལ་ཤེས་རབ་མའི་ཡན་ལག་མ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔའ་བོ་ཆེན་པོ་རྣམས་ལ་ཤེས་རབ་མའི་ཡན་ལག་རང་རང་གི་མདོག་དང་མཚུངས་པ་སྟེ། འོན་ཀྱང་ཁྱོད་བཞིན་དུ་ཞལ་གཅིག་པའོ། །དེ་ལྟའི་དཀྱིལ་འཁོར་རྒྱལ་པོ་ནི། །རྣལ་འབྱོར་རྒྱུད་དུ་རྙེད་པར་དཀའ། །དགྱེས་པ་ཐམས་ཅད་གྲུབ་བྱེད་ཅིང་། །སྡིག་པ་ཐམས་ཅད་འཇིག་པར་མཛད། །བཅོམ་ལྡན་འདས་མས་གསོལ་པ། བཅོམ་ལྡན་ཁྱོད་དང་བདག་བསྐྱེད་པའི། །ས་བོན་གང་ལགས་སྙིང་པོ་ཅི། །ཉེ་བའི་སྙིང་པོ་ཇི་ལྟ་བུ། །འཁོར་གྱི་སྔགས་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་བདག་ལ་གང་ཞིག་ཞུས། །ཉོན་ཅིག་ལྷ་མོ་བདག་གིས་བཤད། །ས་བོན་ཡ་སྡེའི་བདུན་པ་ནི། །དབྱངས་ཡིག་ལྔ་པ་དང་ལྡན་པ། །ལྷ་མོ་ཆེན་མོ་ཐིག་ལེ་ལྡན། །ཁྱོད་ཀྱི་ས་བོན་རབ་མཆོག་གོ། །ཡ་སྡེའི་ས་བོན་བརྒྱད་པ་ནི། །དབྱངས་ཡིག་དྲུག་པ་དང་ལྡན་པ། །དབུ་ནི་ཐིག་ལེ་ཡིས་ནི་བརྒྱན། །བདག་གི་ས་བོན་རབ་མཆོག་གོ། །དེ་ནི་ས་བོན་གཉིས་ཀ་རབ། །ཐམས་ཅད་དབང་དུ་བྱེད་པ་ནི། །ལུས་ཅན་ཀུན་གྱི་སྙིང་ལ་བཞུགས། །སྐྱེ་བ་དང་ནི་སྡུད་བྱེད་དོ། །དྲུག་པ་བརྒྱད་པ་བཞི་པ་དང་། །བཅུ་གཉིས་པ་དང་བཅུ་དང་ཉི། །དང་པོར་ཨོཾ་དང་ཧཱུྃ་ཕཊ་མཐར། །བདག་གི་སྙིང་པོ་རབ་ཏུ་མཆོག། ཉི་ཤུ་པ་དང་བཅུ་གཉིས་མཁའ། །དང་པོ་དང་ནི་བཅུ་དྲུག་ཉི། །དབང་པོ་ཚངས་པ་ཧཱུྃ་ཕཊ་མཐར། །ཁྱོད་ཀྱི་སྙིང་པོ་དགྱེས་པ་མཆོག། དང་པོར་ཨོཾ་དང་ཧཱུྃ་ཕཊ་མཐར། །དབུས་སུ་མིང་དང་སྤེལ་བ་ནི། །ཚོགས་ཀུན་གྱི་ནི་སྔགས་ཡིན་ཏེ། །མཆོད་པའི་དུས་སུ་མཆོད་པར་བྱ། །ཨོཾ་སརྦྦ་མཱ་ར་བི་མརྡྡ་ན་མ་ཧཱ་བཱི་ར་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ། སྐལ་ལྡན་མོ་དེ་ཁྱོད་ཀྱི་ནི། །ཉེ་བའི་སྙིང་པོ་དྲག་པོ་ཆེ། །ཨོཾ་ཧྃ་ཧྃ་ཧེཾ་ཧེཾ་ཧྃ། ཀེ་ལེ་ཀེ་ལེ་སརྦྦ་དོསྟ་པྲ་བྷ་ཛ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ། པདྨའི་ཞལ་དེ་བདག་གི་ནི། །འོད་ཆེན་ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་མས་གསོལ་པ། སྔགས་འདི་ལ་ནུས་པའི་


DKG080_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་ཅི་ཙམ་ཞིག་མཆིས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲུབ་པ་ཙམ་གྱིས་ཁམས་གསུམ་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །རྣལ་འབྱོར་པ་ཁྲོ་བོའི་ལྟ་བས་འབུམ་ཕྲག་གཅིག་བཟླས་པ་བྱེད་ན། ལྷ་མ་ཡིན་གྱི་དབང་པོ་ལྟ་བུ་ལ་འབུམ་ཕྲག་གཅིག་གིས་གསོད་པར་བྱེད་དོ། །ཞི་བའི་ཚུལ་གྱིས་བཟླས་པ་བྱས་ན་གྲངས་མེད་པའི་ནད་དང་། ཉོན་མོངས་པ་དང་། དབུལ་པོ་དང་། མཛེ་དང་། ཕོལ་མིག་འཇིག་པར་བྱེད་དོ། །ཕྲ་མོའི་གྲུབ་པ་བརྒྱད་སྐད་ཅིག་གིས་བྱེད་དོ། །གཞན་ཡང་ལས་དུ་མ་རྗེས་སུ་འབྲང་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་མ་ལེགས་དགྱེས་དབང་མོ་སྟན་ལས་ལངས་ནས་མགོ་བོས་ཕྱག་འཚལ་ཏེ། འཁོར་ཐམས་ཅད་དང་ལྷན་ཅིག་ཏུ་ལན་གསུམ་དུ་བསྐོར་བ་བྱས་ནས་རང་རང་གི་རྫུ་འཕྲུལ་གྱིས་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་མཆོག་གི་དབང་ཕྱུག་ལེགས་སོ་ལེགས་སོ་ཞེས་བརྗོད་ནས་ཡང་གཉིས་སུ་མེད་པའི་སྦྱོར་བས་བཞུགས་སོ། །དེའི་དུས་སུ་ནམ་མཁའ་ལ་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཆེན་པོ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་བབས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་དང་རིན་པོ་ཆེ་དེ་དག་གི་ཐོག་ཏུ་ཆིབས་ཏེ། འཁོར་དང་བཅས་པ་མི་སྣང་བར་གྱུར་ཏོ། །དཔལ་ཡེ་ཤེས་སྙིང་པོ་ལས་གསང་བའི་དཀྱིལ་འཁོར་འབྱུང་བའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།དཔལ་ཡེ་ཤེས་སྙིང་པོ་ཞེས་བྱ་བ་རྣལ་འབྱོར་མ་ཆེན་མོའི་རྒྱུད་ཀྱི་རྒྱལ་པོའི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ཤེས་རབ་གསང་བའི་ཞལ་སྔ་ནས་བསྒྱུར་བའོ། །དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་ཕྱི་མའི་ཕྱི་མའོ།། །།རྒྱ་གར་སྐད་དུ། ཤྲཱི་ཛྙཱ་ན་ཏི་ལ་ཀ་ཡོ་གི་ནཱི་ཏནྟྲ་རཱ་ཛ་པ་ར་མ་མ་ཧཱ་ཨངྦྷུ་ཏྃ་ནཱ་མ། བོད་སྐད་དུ། དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་མཆོག་ཏུ་རྨད་དུ་བྱུང་བ་ཞེས་བྱ་བ། དཔལ་ཡེ་ཤེས་ཐིག་ལེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་


DKG080_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་དང་། དཔའ་མོའི་དབང་ཕྱུག་མས་རྣམ་པར་བསྐོར་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །དེར་དཔལ་ནམ་མཁའ་དྲི་མེད་དང་། ཤིན་ཏུ་སྟོབས་ཆེན་པོ་དང་། ལྷའི་དབང་ཕྱུག་དང་། གསང་བའི་བདག་པོ་དང་། འོད་དྲག་དང་ཉི་དགྲ་དང་། མཆོག་དགའ་དང་། ཐམས་ཅད་ཀྱི་བྱེད་པ་པོ་དང་། ཨུཏྤ་ལའི་སྙིང་པོ་དང་། ཞི་བ་ཆེན་པོའི་བདག་པོ་དང་། ནག་པོ་འདུལ་བ་དང་། རྨད་དུ་བྱུང་བའི་དཔའ་བོ་དང་། དྲེགས་ཆེན་དང་། ནག་པོ་ཆེན་པོ་དྲེགས་འཇོམས་དང་། རི་རབ་བརྟན་པ་དང་། ནམ་མཁའི་ཞལ་ལོ། །ཡང་དཔའ་མོའི་དབང་མོའི་དབང་ཕྱུག་མ་རྣམས་ལ་འདི་ལྟ་སྟེ། ཟླ་བ་མོ་དང། གཡོན་པ་མ་དང་། མི་མཉམ་མ་དང་། རླུང་ཟ་བ་མ་དང་། བསིལ་སྦྱིན་མ་དང་། སྙིང་པོའི་འདབ་མ་དང་། བག་ཡོད་ཐོར་ཅོག་མ་དང་། ཉི་མ་འདུལ་མ་དང་། ཞི་བ་འཆི་བའི་ཕོ་ཉ་མ་དང་། ལྗང་བརྩོན་མ་དང་། འོད་འདུན་མ་དང་། ཚངས་པའི་མ་དང་། ཁྱབ་འཇུག་གི་མ་དང་། ཐོག་ཁ་མ་དང་། ཐམས་ཅད་སྐྱེད་མ་དང་། དཔའ་བོའི་ཡུམ་མོ། །ཡང་མ་མོའི་བཙུན་མོ་རྣམས་ལ་འདི་ལྟ་སྟེ། སྐམ་མ་དང་། འཇིགས་མ་དང་། འོད་མ་དང་། མཆུ་འཕྱང་མ་དང་། རི་རབ་སོ་མ་དང་། དུས་ཀྱི་བདེ་བྱེད་མ་དང་། ཉི་མིག་མ་དང་། མེ་ཞལ་མ་དང་། འདོད་པའི་མ་དང་། ལྕེ་རིང་མ་དང་། ཆོས་དགའ་མ་དང་། འདོད་བདེན་མ་དང་། མིག་སྟོང་མ་དང་། སྟག་མ་དང་། གཏུམ་མོ་དང་། འདོད་གཟུགས་མའོ། །དེ་ལྟ་བུའི་རབ་ཞལ་ལ་སོགས་པ་དཔའ་བོ་ཆེན་པོ་དང་། དཔའ་མོའི་དབང་ཕྱུག་མ་དང་། མ་མོའི་བཙུན་མོ་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀྱི་འཁོར་གྱི་དབུས་སུ་ལེགས་དགྱེས་ཆེན་པོའི་སྦྱོར་བ་ལ་བཞུགས་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཀྱཻ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་། ཟླ་བའི་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའ་དང་། དེ་ལ་རང་གི་ངོ་བོ་དང་། རྣམ་པ་དང་། ཚད་དག་དཔལ་ཡེ་ཤེས་ཐིག་ལེར་གྲགས་པ་ཉོན་ཅིག། བཅོམ་


DKG080_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་འཁོར་ཐམས་ཅད་དང་ལྷན་ཅིག་ཏུ་ལན་གསུམ་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ས་ལ་བལྟ་ཞིང་ཅང་མི་སྨྲ་བར་འདུག་གོ། །དེའི་ཚེ་ནམ་མཁའ་ལ་མེ་ཏོག་མནྡཱ་ར་བ་དང་། མནྡཱ་ར་བ་ཆེན་པོ་དང་། ཨུཏྤལ་དང་། ཉི་མའི་འོད་མཉམ་པ་དང་། ཆུ་སྐྱེས་དང་། པུཎྜ་རཱི་ཀ་དང་། ཨ་ཤོ་ཀ་དང་། ཙམ་པ་ཀ་དང་། ཨརྫུ་ན་དང་། ནཱ་ག་གེ་སར་ལ་སོགས་པ་དྲི་ཞིམ་པའི་མེ་ཏོག་རྣམ་པ་སྣ་ཚོགས་པ་དང་། རིན་པོ་ཆེའི་ཆར་དུ་མ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་བབས་སོ། །ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཁྱོད་ཅི་ཞིག་ལ་ཡ་མཚན་དུ་གྱུར། ལྷའི་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་། ཟླ་བ་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའ་དང་། དེ་ལ་རང་གི་ངོ་བོ་དང་། ཚད་དང་། རྣམ་པ་ཡོད་དམ་ཅི་ལགས་ཞེས་བདག་ཡ་མཚན་དུ་གྱུར་ལགས་སོ། །དཔའ་བོ་ཆེན་པོ་ལྷའི་དབང་ཕྱུག་ལ་རྡོ་རྗེ་འཛིན་པའི་མཆོག་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཧོ། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་། ཟླ་བའི་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའ་ལ་དེའི་རང་གི་ངོ་བོ་དང་། རྣམ་པ་དང་། ཚད་མེད་དམ་ཅི། དེ་ལྟར་མ་ཡིན་ན་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད་འདི་ག་ལ་ཤེས། མིག་ཡོར་ཙམ་གྱི་རྒྱུའི་རྟེན་ནི་ཆོས་ཐམས་ཅད་དོ། །དེ་ལྟར་གླ་རྩི་ལ་བརྟེན་ནས་དྲི་འབྱུང་བ་གླ་རྩིའི་དངོས་པོ་མེད་ན་དྲི་ཇི་ལྟར་རྙེད་པར་འགྱུར། དེ་བཞིན་དུ་རང་གི་ངོ་བོ་དང་། ཆོས་ཀྱི་ཚད་དང་། རྣམ་པ་དག་མེད་པར་གྱུར་ན། དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དང་། ཟླ་བའི་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་སྐུའི་རྙེད་པ་མེད་དོ། །དེ་བས་ན་ཁྱབ་དང་ཁྱབ་བྱེད་བྱེ་བྲག་ཏུ། །གཉིས་སུ་མེད་པའི་བདེ་བ་ཆེ། །བདེ་བ་སྐུ་ལ་བརྟེན་པའི་ཕྱིར། །བདེ་བ་བསྟེན་ན་དེ་ཉིད་འགྱུར། །བདེ་སྐུ་རྣམ་པར་ཤེས་ཡིན་ན། །ཐམས་ཅད་གཉིས་སུ་མེད་པའི་དངོས། །དྲུག་གི་བདེ་བ་ཡེ་ཤེས་མཆོག།


DKG080_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དང་སྐུ་ནི་གཉིས་ལས་འབྱུང་། །འཁོར་ལོ་དྲུག་གི་དབུས་ན་བཞུགས། །དེ་ཉིད་གསུམ་གྱི་བདག་ཉིད་མཆོག། ཟླ་བ་ལ་སོགས་འབྲལ་བདག་ཉིད། །དེ་ཉིད་གསུམ་བདག་རྒྱུ་རུ་གྲགས། །ལུས་བརྟེན་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་ཡེ་ཤེས་བཞུགས། །འཁོར་ལོ་དྲུག་གི་ལྟེ་བའི་དབུས། །ཕྲ་མོའི་ལུས་ལྡན་རྩ་ནི་དྲུག། ཐིག་ལེ་དང་བཅས་དེ་རྣམས་སྦྱོར། །སྲོག་གི་དབྱུག་པའི་ནང་དུའོ། །བདེ་ཆེན་འཁོར་ལོའི་ལྟེ་བ་ཡི། །ཟླ་མོ་ཚེ་དང་ལྡན་པ་སྟེ། །དེ་ནི་སྲོག་དབྱུག་རྩ་བ་ཡིན། །ཟུར་གསུམ་གྱི་ནི་རྣམ་པའི་ཚུལ། །ལོངས་སྤྱོད་རྫོགས་པའི་ལྟེ་བ་ཡི། །ལྕེ་མ་བདེ་བ་ལྡན་པ་ནི། །དེ་ནི་སྲོག་གི་དབྱུག་པའི་སྐེ། །རིགས་ཀྱི་མེ་ཏོག་དང་འདྲ་བ། །ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ། །ནམ་མཁའ་མ་ནི་ཡེ་ཤེས་ལྡན། །དེ་ནི་སྲོག་གི་དབྱུག་པའི་སྙིང་། །བ་ཡི་མིག་གི་རྣམ་པའི་གཟུགས། །ལྟེ་བ་སྤྲུལ་པའི་འཁོར་ལོའི་ནང་། །འོད་མ་དང་ནི་དུས་ལྡན་མ། །དེ་ནི་སྲོག་གི་དབྱུག་པའི་སྟེ། །པདྨ་རྒྱས་པའི་རྣམ་པ་བཞིན། །མེ་ཡི་འཁོར་ལོའི་སྙིང་ག་ཡི། །འདོད་པ་དང་ལྡན་རབ་འོད་མ། །དེ་ནི་སྲོག་གི་དབྱུག་པའི་མདོམས། །རྡོ་རྗེའི་རྣམ་པ་བཞིན་དུ་གསལ། །རླུང་གི་འཁོར་ལོའི་ལྟེ་བ་ལ། །སྟོབས་ནི་བརྩོན་འགྲུས་མ་དང་ལྡན། །སྲོག་གི་དབྱུག་པ་དེ་ཡི་མཐའ། །ཏིལ་གྱི་མེ་ཏོག་རྒྱས་པ་བཞིན། །དེ་ནི་སྦྱོར་དྲུག་གི་རྣམ་ཤེས། །རྩ་དང་ཐིག་ལེ་དང་ལྡན་ནོ། །རྟོག་མེད་མས་ནི་འཁྱུད་ཡིན་ཕྱིར། །དེ་ཚེ་ཚངས་པའི་དབྱུག་པ་ཡིན། །དེ་ཡི་དུས་ནི་བདག་གིས་བཤད། །ཤར་དང་ནུབ་པ་རྣམ་གཉིས་སོ། །གང་གི་ཚེ་ཚངས་པའི་དབྱུག་པ་ལ་མདུད་པ་སུམ་ཅུ་རྩ་གཉིས་ཡོད་དེ། དེ་ལ་ལྟེ་བའི་འོག་ཏུ་འཕོ་བ་བཅུ་དྲུག། སྟེང་དུ་འཕོ་བ་བཅུ་དྲུག། བྱང་ཆུབ་ཀྱི་སེམས་དང་རླུང་གཉིས་ཕྲད་པའི་ཕྱིར་འཕོ་བ་སྟེ། སྟེང་འོག་གཅིག་པུའི་དངོས་པོ་སྦྱོར་བའི་རྩ་སུམ་ཅུ་རྩ་གཉིས་སོ། །བྱང་ཆུབ་ཀྱི་སེམས་དགའ་བ་དང་ལྡན་པའི་གདུ་བུའི་རྣམ་པ་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོ་གཅིག་པུའི་རྟོག་མེད་བདེ་ལེགས་ཡིད་མས་ཚངས་པའི་དབྱུག་པ་ལ་འཁྱུད་ནས། བདེ་བ་ཆེན་པོའི་གཙུག་ཏོར་ནས་གསང་བ་བདེ་བ་ཆེན་


DKG080_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ནོར་བུའི་ཁ་རླུང་གི་འཁོར་ལོ་ཡན་ཆད། ཇི་ལྟར་ཙནྡན་གོ་ཤི། ལྷའི་དབང་ཕྱུག་དེ་ལ་ཇི་ལྟར་རང་གི་ངོ་བོ་བཤད་པར་བྱ་སྟེ། ཚངས་པའི་རུས་པའི་དབྱུག་པའི་སྙིང་པོའི་དང་པོ་ཟུར་གསུམ་གྱི་རྣམ་པ་མདུད་པ་ལྟེ་བའི་སྲོག་གི་རླུང་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་འོད་ཀྱི་ཐིག་ལེ་ཤེས་རབ་མའི་ལྟེ་བས་ཟླ་བ་ཡར་ངོའི་ཚེས་དང་པོའི་ཆུ་ཚོད་གཅིག་གི་བར་དུ་འདོད་པའི་དགའ་བ་ཤར་བའོ། །པདྨའི་འབྲས་བུའི་འདོད་པ་ལས་འདར་བ་ཉེ་བ་དང་ལྡན་པ་ཚེས་གཉིས་ཀྱི་ཆུ་ཚོད་གཉིས་ཀྱི་བར་དུ་སྟོབས་ནུབ་པའོ། །དྲག་པོའི་མིག་གི་འདུས་པ་ལས་འགྲོ་བ་མཉམ་པ་དང་ལྡན་པ་ཚེས་གསུམ་གྱི་ཆུ་ཚོད་གསུམ་གྱི་བར་དུ་སྤྲིན་གྱི་ཐིག་ལེ་ཤར་བའི་དུས་སུའོ། །རིགས་ཀྱི་མེ་ཏོག་གི་ནུ་མ་རེག་པ་ལས་དགའ་བ་གྱེན་དུ་འགྲོ་བ་དང་ལྡན་པའི་ཚེས་བཞིའི་ཆུ་ཚོད་བཞིའི་བར་དུ་ནུབ་པའོ། །ཚངས་པའི་མིག་མ་མཆུའི་བདུད་རྩི་བཏུང་བ་སྦྱིན་པ་ལས་རྒྱས་པ་ཐུར་དུ་བྱུང་བ་དང་ལྡན་པ་ཚེས་ལྔའི་ཆུ་ཚོད་ལྔའི་བར་དུ་དབུགས་ཤར་བའི་དུས་སོ། །དུང་གི་མིག་གིས་སེན་མོ་བཏབ་པ་ལས་དྲག་པོ་འཇིགས་པའི་ཚུལ་དང་ལྡན་པའི་ཚེས་དྲུག་གི་ཆུ་ཚོད་དྲུག་གི་བར་དུ་ཨུཏྤ་ལའི་ནུབ་པའི་དུས་སོ། །རྣ་བའི་མིག་གི་སྦྱོར་བ་ལས་བྱུང་བའི་ཁྱབ་བྱེད་དང་ལྡན་པའི་ཚེས་བདུན་གྱི་ཆུ་ཚོད་བདུན་གྱི་བར་དུ་མགོ་ཀ་ལ་ཤར་བའི་དུས་སོ། །བའི་མིག་གིས་འབྲས་བུའི་བསྐྱོད་པ་ལས་མཆོག་གི་དགའ་བ་བཞི་དང་ལྡན་པ་ཚེས་བརྒྱད་ཀྱི་ཆུ་ཚོད་བརྒྱད་ཀྱི་བར་དུ་ཡིད་ནུབ་པའི་དུས་སོ། །དུང་གི་ལྟེ་བའི་ནུ་མ་དམ་པོར་འཁྱུད་པ་ལས་འབར་བ་ལྷོད་པ་དང་ལྡན་པའི་ཚེས་དགུའི་ཆུ་ཚོད་དགུའི་བར་དུ་སྙིང་པོ་ཤར་བའི་དུས་སོ། །གླང་པོ་ཆེའི་ལྟེ་བའི་སྐེའི་སྒྲ་ལས་ཐིག་ལེ་མཐའ་དང་ལྡན་པའི་ཚེས་བཅུའི་ཆུ་ཚོད་བཅུའི་བར་དུ་ཟླ་བ་ནུབ་པའི་དུས་སོ། །ཨུཏྤ་ལའི་ལྟེ་བའི་མིག་གི་འོ་ལས་མྱོས་པ་ཁྲུང་ཁྲུང་དང་ལྡན་པའི་ཚེས་བཅུ་གཅིག་གི་ཆུ་ཚོད་བཅུ་གཅིག་གི་བར་དུ་ཉི་མ་ཤར་བའི་དུས་སོ། །པདྨའི་ལྟེ་བའི་སྤྲུག་ཅིང་བསིགས་པ་ལས་དགའ་བྲལ་གྱི་དགའ་བ་ཀྲོ་དྷ་དང་ལྡན་པའི་ཚེས་བཅུ་གཉིས་ཀྱི་ཆུ་ཚོད་བཅུ་གཉིས་ཀྱི་བར་དུ་དྲག་པོ་ནུབ་པའི་དུས་སོ། །བུང་བའི་ཁའི་གྲོང་ཁྱེར་ལས་ཨུ་ད་མི་རེམ་པ་དང་ལྡན་པའི་ཚེས་བཅུ་གསུམ་གྱི་ཆུ་ཚོད་བཅུ་གསུམ་གྱི་བར་དུ་མཆོག་གི་ཤར་བའི་དུས་སོ། །རྨ་བྱའི་ཁའི་


DKG080_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུམ་པ་ལས་ཚུལ་འབྱེད་པ་དང་ལྡན་པའི་ཚེས་བཅུ་བཞིའི་ཆུ་ཚོད་བཅུ་བཞིའི་བར་དུ་སྒྲ་ནུབ་པའི་དུས་སོ། །རྡོ་རྗེའི་ཁ་རུ་མཉམ་པར་སྦྱོར་བ་ལས་གཉིད་འོན་པ་དང་ལྡན་པའི་ཉའི་ཆུ་ཚོད་བཅྭ་ལྔའི་བར་དུ་རོའི་ཤར་བའི་དུས་སོ། །རྣམ་པར་རྒྱས་པའི་ཏིལ་གྱི་མེ་ཏོག་ཧ་བརྗོད་པ་ལས་ཚེས་བཅུ་དྲུག་གི་ཆུ་ཚོད་བཅུ་དྲུག་གི་བར་དུ་ལྷན་ཅིག་སྐྱེས་པའི་དགའ་བ་གསལ་བ་དང་ལྡན་པའི་ཐོག་གི་ནུབ་པའི་དུས་སོ། །ཐོག་ནི་སྔགས་འཇིགས་བྱེད་པ་སྟེ། །དེ་ལ་ནུབ་པ་བཅུ་དྲུག་ཡིན། །ཤར་དང་ནུབ་པ་གང་ལ་ལར། །ལྷན་ཅིག་སྐྱེས་ལ་དེ་ཡོད་མིན། །ཡོན་པོའི་གདུ་བུའི་རྣམ་པ་ཡི། །རྩ་ཡི་ལྟེ་དབུས་ཐིག་ལེ་དང་། །དགའ་བ་ལ་སོགས་ཤར་བ་དང་། །དེ་ནི་ནུབ་པའི་དུས་སུའོ། །དེ་ལྟའི་བདེ་ཆེན་རྣམ་པ་ནི། །འཕོ་བ་རུ་ནི་བདག་གིས་བཤད། །དངོས་དང་རྟེན་དང་རྣམ་པར་འབྱེད། །ཡེ་ཤེས་དགའ་བྲལ་ལྷན་རྟག་བཞུགས། །དངོས་པོ་རོ་མཉམ་ལྟ་བ་ཡིན། །འདོད་པ་ཆགས་པའི་རྣམ་དག་བྱེད། །འདུས་པ་རེག་བྱ་བྱེད་པ་ཡི། །དངོས་ནི་སྲིད་པ་མེད་པར་བྱེད། །འོ་དང་འཁྱུད་པའི་ལོངས་སྤྱོད་རྣམས། །དངོས་ནི་དངོས་པོ་རབ་གཅོད་བྱེད། །པུཎྜ་རཱི་ཀའི་འབྱུང་ས་ཡིས། །ཟུར་གསུམ་ལ་སོགས་བརྟེན་པ་ཡིས། །རྟེན་ནི་བསམ་དུ་མེད་པ་སྟེ། །ཆོས་དབྱིངས་རང་གི་ངོ་བོ་ཡིན། །སྟེང་དང་འོག་ནི་མཉམ་པའི་རྟེན། །མྱ་ངན་འདས་པ་རྟོག་མེད་བྱེད། །བདེ་བ་ཆེན་པོའི་བདུད་རྩིའི་རྟེན། །རིགས་ལྔ་ཡི་ནི་མཆོག་གི་གཞི། །ཡེ་ཤེས་འདོད་པ་ལྷུན་གྱིས་གྲུབ། །འདར་བ་དགའ་བ་མཆོག་གི་དགའ། །ཡེ་ཤེས་ཤེས་པ་ལྷུན་གྱིས་གྲུབ། །གཞི་མེད་པ་ཡི་ལྷན་ཅིག་སྐྱེས། །གཞི་དང་བཅས་པ་དགའ་བྲལ་དགའ། །ཡེ་ཤེས་ང་རྒྱལ་མེད་པར་བྱེད། །ཆོས་ཀུན་རྣམ་པར་ཤེས་པ་སྟེ། །ཡེ་ཤེས་ཤེས་བྱ་དོན་གྲུབ་བྱེད། །རྣམ་པར་འབྱེད་པ་འོད་གཟུགས་གྲགས། །ཚུལ་དང་སྤྲིན་དང་སྟོབས་བདག་ཉིད། །རྣམ་པར་འབྱེད་པ་དངོས་ཀུན་དུ། །རྣམ་པའི་གཞི་དང་བཅས་པ་ཐིམ། །སྐྱེ་དང་གནས་པ་སྒྱུ་འཕྲུལ་གྱི། །རྣམ་པར་འབྱེད་པ་གཏི་མུག་གསོད། །འཁོར་ལོ་སྔགས་དང་བྱ་བ་ལ། །འཇོམས་བྱེད་དེ་ནི་རྣམ་པར་འབྱེད། །རྩ་ཡི་སྙིང་པོ་ཐམས་ཅད་ནི། །བཅོམ་པའི་ཕྱིར་ན་


DKG080_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་འབྱེད། །ཡེ་ཤེས་ཀྱི་ནི་སྙིང་པོའི་མཐའ། །རྣམ་པར་འབྱེད་པ་གསོལ་བ་ཡིན། །ཡེ་ཤེས་ཤིན་ཏུ་བདེ་བྱེད་ཕྱིར། །རྣམ་པར་འབྱེད་པར་དེ་ཕྱིར་བརྗོད། །གཉིས་སུ་མེད་པ་མཆོག་ཞི་བ། །ཆགས་པ་དང་ནི་ཆགས་བྲལ་མིན། །དྲི་མ་མེད་པ་བཅོས་མེད་པ། །རྒྱུད་དང་སྔགས་དང་རིམ་པ་བྲལ། །རང་རིག་པ་དང་བརྗོད་དུ་མེད། །ཐམས་ཅད་ཁྱབ་ཅིང་དཔེ་བྱད་མེད། །དེ་ལྟ་བུ་ནི་དོན་དམ་པ། །ལྷ་ཡི་དབང་ཕྱུག་རྣམ་པར་འབྱེད། །སངས་རྒྱས་བྱང་ཆུབ་སེམས་ཀུན་གྱི། །ཐུགས་ཀར་རྟག་ཏུ་བཞུགས་པའོ། །རྣམ་པར་འབྱེད་ལ་སྒོམ་པ་མེད། །ཕུང་པོ་ཁམས་ལ་སོགས་དང་བྲལ། །སྒྲ་ལ་སོགས་པའི་ཆོས་ཀྱིས་སྟོང་། །སྟོང་དང་སྙིང་རྗེའི་བདག་ཉིད་ཡིན། །ཚངས་པ་ཁྱབ་འཇུག་དྲག་པོ་དང་། །དབང་ཕྱུག་རྟག་ཏུ་ཞི་བ་དང་། །དེ་རྣམས་ཀུན་གྱི་ཡབ་ཡིན་ནོ། །འབྱེད་པ་དང་ནི་མཆོག་རྨད་འབྱུང་། །དེ་ཉིད་ཡེ་ཤེས་ཐིག་ལེ་འདིར། །མཆོག་རྣམས་གྲུབ་པའི་མངའ་བདག་གོ། །འབྱུང་བ་ཀུན་གྱི་ནང་ཡོད་པ། །སྐུ་ལྔའི་བདག་ཉིད་རབ་མཆོག་ཡིན། །མཁའ་འགྲོ་དབང་ཕྱུག་ལྔ་བདག་པོ། །ནམ་མཁའ་བདག་ཉིད་སྐྱེ་མེད་དོ། །ནམ་མཁའ་ལྔ་ཡི་ནང་དུ་ཐིམ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །དེ་ལྟའི་གསང་ཆེན་ཡེ་ཤེས་ནི། །ཡེ་ཤེས་དབང་པོ་རྙེད་དཀའ་བ། །ཇི་ལྟར་ནོར་ནི་རྐུན་མོ་ཡིས། །མ་རྙེད་བྱེད་ལྟར་འབད་པས་སྦ། །དཔལ་ཡེ་ཤེས་ཐིག་ལེ་ལས་འཕོ་བའི་དུས་ཤར་བ་དང་ནུབ་པ་ཞེས་བྱ་བའི་ལེའུ་སྟེ་དང་པོའོ།། །།ལྷའི་དབང་ཕྱུག་གིས་གསོལ་པ། ཀྱཻ་བཅོམ་ལྡན་འདས། དེ་ཉིད་གསུམ་བདག་ང་རོ་ཅི། །དེ་བཞིན་ཟླ་བ་བདེ་བ་མཆོག། ཕྱག་རྒྱ་ཆེན་པོའི་རྣམ་པ་ཅི། །དེ་ཡི་མཐའ་ནི་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཉིད་གསུམ་ནི་སྐུ་གསུང་ཐུགས། །རྡོ་རྗེ་གསུམ་ནི་ཡེ་ཤེས་མཆོག། ཟླ་བ་བདེ་བ་མཆོག་ཅེས་པ། །དེ་ཡི་ཕུང་པོ་དབང་པོ་ཁམས། །ཕྱག་རྒྱ་ཆེན་པོ་རྡོར་སྙིང་པོ། །དེ་ཡི་མཐའ་ནི་བྷ་གར་དྲན། །མཐའ་དང་སྣང་བ་རྣམ་པར་ཤེས། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །ཆོས་ཀུན་རང་བཞིན་དྲི་མ་མེད། །སྣང་བ་ལས་ནི་ཐམས་ཅད་འབྱུང་། །སྐྱེ་བ་དང་ནི་འགག་པ་མེད། །ཡང་དག་འོད་ལས་ཐམས་ཅད་


DKG080_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་། །དེའི་ཕྱི་རོལ་ཆོས་ཐམས་ཅད་ཀྱི་བདག་ཉིད་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའོ། །དེ་ལ་དང་པོ་རྣམ་པ་དང་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བསྐྱེད་པ་བསྒོམ་པ་དང་། སྔགས་དང་བཟླས་པ་དང་། སྦྱིན་སྲེག་དང་མཆོད་སྦྱིན་དང་། གཏོར་མ་དང་མཆོད་པ་དང་། གནས་ཀྱི་བརྗོད་པ་དང་། དབང་བསྐུར་གྱི་རིམ་པ་དེ་དག་བཤད་དོ། །དཔལ་ཡེ་ཤེས་ཐིག་ལེ་ལས་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དང་ཟླ་བ་མཆོག་གི་བདེ་བ་དང་ཕྱག་རྒྱ་ཆེན་པོའི་མཐའ་ལ་སོགས་པའི་ཕྱོགས་ཙམ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།ལྷའི་དབང་ཕྱུག་གིས་གསོལ་པ། ཚངས་པའི་རུས་པ་སྲོག་གི་དབྱུག་པའི་སྟེང་དང་འོག་གི་འཕོ་བ་ཆ་གཉིས་སུ་རྩ་སུམ་ཅུ་རྩ་གཉིས་ཀྱི་རང་བཞིན་ལས་ལེའུ་དང་པོར་གང་གསུངས་པ་ནི་དེ་རྣམས་ཀྱི་ནང་ནས་གཅིག་ཏུ་རྟོག་མེད་བདེ་ལེགས་ཡིད་མ་གཅིག་པུ་ངེས་པར་བསྟན་པར་མཛད་ཀྱི། བཅོམ་ལྡན་འདས་རྩ་གཞན་རྣམས་ཅིའི་དོན་གྱི་ཕྱིར་འདིར་མ་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་པུ་རྟོག་མེད་བདེ་ལེགས་ཡིད་མ་དེ་ནི་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་རྩ་ཕྲ་མོའི་དྲ་བ་རྣམས་རོལ་མོའི་དོན་དུ་བྱས་ནས། སྣ་ཚོགས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཆོས་ཀྱི་འབྱུང་གནས་ཆེན་པོའི་ས་སྟེངས་སུ་འབྱུང་ཞིང་སྐྱེའི་ཆར་འབབ་པའི་དོན་དུ་བསྟན་པའོ། །ལྷའི་དབང་ཕྱུག་གིས་གསོལ་པ། དེ་ལྟར་ལགས་མོད་ཀྱིས་ཀྱང་། རྩ་སུམ་ཅུ་རྩ་གཅིག་པོ་རྣམས་ཀྱི་མཚན་དང་གྲངས་འདིར་མཆོག་གི་དབང་ཕྱུག་ལ་བཀའ་དྲིན་ཞུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་ཕྱུག་སུམ་ཅུ་རྩ་གཅིག་གི་མིང་རྣམས་ཉོན་ཅིག། གསང་བ་དང་། ཟབ་པ་དང་། སྲེད་པ་དང་། ཕྲ་མོ་དང་། བདུད་རྩི་མ་དང་། བདུད་རྩི་ཁྲི་མ་དང་། དག་པ་མ་དང་། བདེ་བ་མ་དང་། སྟོབས་མ་དང་། ཐབས་མ་དང་། ཧྲུད་ཧྲུད་མ་དང་། སེར་མ་དང་། འོ་རྒྱུན་མ་དང་། དགའ་མ་དང་། སྣུམ་མ་དང་། ཁྲོ་མ་དང་། མངར་མ་དང་། སྐྱུར་མ་དང་། ཁབ་མ་དང་། བསྐ་མ་དང་། ཚ་མ་དང་། ལན་ཚྭ་མ་དང་། རྩུབ་མ་དང་། དད་མ་དང་། སྟོབས་མ་དང་། དགའ་བྱེད་མ་དང་། དགའ་སྦྱིན་མ་དང་། གཉིད་མ་དང་།


DKG080_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཅད་སྐྱེད་མ་དང་། ཁོང་ཆུད་མ་དང་། ཚེ་མ་སྟེ། དེ་དག་ནི་རྩ་སུམ་ཅུ་རྩ་གཅིག་སྟེ། སྟེང་དང་འོག་ཏུ་འཕོ་བ་གཉིས་ཀྱི་ཟླ་བ་དང་ཉི་མ་གཟས་ཟིན་པའི་དུས་སུ་ཚིགས་རྒྱས་པའོ། །དེ་ནས་དབང་གི་རིམ་པ་བཤད་དེ། ཇི་ལྟ་ཡི་ནི་གོ་རིམས་སུ། །དབང་བསྐུར་མཆོག་ནི་རྙེད་པ་གང་། །ཐམས་ཅད་དུ་ནི་ནུས་པར་འགྱུར། །ཡོན་ཏན་ཚུལ་ཁྲིམས་ལྡན་པའི་བུ། །བླ་མས་དང་པོར་དབང་བསྐུར་བྱ། །ཁྲུས་བྱས་མིག་དག་རས་ཀྱིས་དགབ། །སྙིམ་པ་མེ་ཏོག་གིས་བཀང་ལྡན། །ཡོན་ཕུལ་ནས་ནི་དགའ་དང་བཅས། །ལྷ་ཡི་དབང་ཕྱུག་དབང་བསྐུར་བྱ། །དབང་བསྐུར་ལས་ནི་སངས་རྒྱས་ས། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །དེ་བས་ཀུན་ཏུ་རབ་འབད་དེ། །དཔལ་ལྡན་དབང་རྒྱལ་བླང་བར་བྱ། །དབང་བསྐུར་བཞི་རུ་ཕྱེ་བ་ནི། །སློབ་དཔོན་ལ་སོགས་དབྱེ་བ་ཡིན། །དང་པོར་སློབ་དཔོན་གྱི་ནི་དབང་། །གཉིས་པ་དེ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་དབང་། །དེ་ལྟར་དེ་བཞིན་བཞི་པའོ། །བཞི་གཉིས་རབ་དུ་དབྱེ་བ་ནི། །སློབ་དཔོན་དབང་ལ་སོགས་པར་བསྐུར། །རྡོ་རྗེ་སློབ་དཔོན་དབང་གསུམ་དུ། །ནམ་མཁའ་མཉམ་དུ་བདག་གིས་བཤད། །དེ་གཉིས་ལ་ནི་བཅུ་གཅིག་ཕྱེ། །རྡོ་རྗེ་སློབ་དཔོན་དབང་རྒྱལ་ལོ། །དབང་བསྐུར་དེ་ནི་རིན་པོ་ཆེ། །ཁམས་གསུམ་གྱིས་ནི་ཕྱག་བྱས་པ། །ཐར་པར་འགྲོ་བ་འགྲུབ་དོན་དུ། །འདི་རུ་རིམ་པས་བདག་གིས་བཤད། །ཆུ་དང་དབུ་རྒྱན་རྡོ་རྗེ་དང་། །དྲིལ་བུ་མིང་དང་བརྟུལ་ཞུགས་དང་། །ལུང་བསྟན་པ་དང་སྐྱབས་སྦྱིན་དང་། །ཕྱག་རྒྱ་སྔགས་དང་ཡེ་ཤེས་སོ། །རྣལ་འབྱོར་རྒྱུད་ལ་མོས་པ་ལ། །དབང་བརྒྱད་ཕྱེ་ལ་སྦྱིན་པར་བྱ། །རྣལ་འབྱོར་བླ་མ་ལ་མོས་ལ། །བཅུ་གཅིག་བདག་ཉིད་སྦྱིན་པར་བྱ། །རྣལ་འབྱོར་མ་ལ་མོས་པ་རྣམས། །གསང་བའི་དབང་ནི་སྦྱིན་པའོ། །གསང་བ་གཉིས་སུ་དབྱེ་བར་གསུངས། །དེ་ནི་ཕྱི་དང་ནང་གིས་སོ། །རྣལ་འབྱོར་རྣལ་འབྱོར་བླ་མའི་ཕྱིར། །དབང་བསྐུར་ཤེས་པས་སྦྱིན་པར་བྱ། །ནང་གི་རྣལ་འབྱོར་མ་ཡི་རྒྱུད། །གསང་བའི་དབང་ནི་རབ་ཏུ་སྦྱིན། །དེ་ནི་གསང་བ་གསུམ་དུ་དབྱེ། །སྐྱེ་དང་མདུད་དང་དེ་བཞིན་སད། །


DKG080_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་རྣམ་པ་གཉིས་སུ་དབྱེ། །བསྐྱེད་དང་རྫོགས་པའི་བྱེ་བྲག་གོ། །ཤེས་རབ་བརྒྱད་གཉིས་ལོ་དང་ལྡན། །སྤྱན་རིངས་ཆ་ལ་མཁས་པ་དང་། །ཡན་ལག་ཙནྡན་སར་པའི་དྲི། །ཤིན་ཏུ་འཇམ་པའི་ཁུ་བས་ཚིམ། །གཟུགས་བཟང་སྔོ་ལ་སྐལ་ལྡན་མ། །འོ་འཛིན་མཁྲང་ཞིང་འཇམ་ལ་མཐོ། །བསམ་གཏན་སྔགས་ལ་དད་ཅིང་ཞི། །དབང་བསྐུར་དང་ལྡན་ཐུགས་རྗེ་གྲུབ། །དེ་ལྟའི་རབ་གྲགས་འབད་དེ་བཙལ། །དབང་གི་དོན་དུ་བླ་མ་ཞུ། །དེ་ཀུན་མཚན་ཉིད་དང་ལྡན་པ། །ཆུང་མ་ཡང་ན་སྲིང་མོ་འམ། །བུ་མོ་ཡང་ན་མནའ་མ་འམ། །མཁས་པས་འབད་དེ་བླང་བར་བྱ། །རང་གི་རིགས་ནི་ཇི་བཞིན་རྙེད། །ཁུ་བ་དང་བཅས་གཞོན་ནུ་མ། །སྣ་ཚོགས་རྒྱན་གྱིས་ལེགས་པར་བརྒྱན། །མཁས་པས་བླ་མ་ལ་ནི་འབུལ། །དབང་གི་མན་ངག་གསུམ་དུ་བཞུགས། །ནང་གི་ཡིས་ནི་བརྡ་བྱེད་པ། །བཞི་པ་འབྲས་བུའི་ངོ་བོར་གྲགས། །གསུམ་དང་བྲལ་བའི་གསུམ་བདག་ཉིད། །དགའ་བ་ལ་སོགས་བྱེ་བྲག་ཏུ། །རྡོ་རྗེ་གཞོན་ནུ་མས་གསལ་དབྱེ། །དབང་བསྐུར་གྱིས་ནི་འཁོར་ལོས་སྒྱུར། །ཐེ་ཚོམ་མེད་པར་ཡིན་པར་འགྱུར། །དབང་གིས་དྲི་མ་མེད་པར་བྱེད། །ཆུ་ལ་སོགས་པས་རས་བཀྲུས་བཞིན། །ཆོ་ག་ཐམས་ཅད་རྫོགས་པའི་དབང་། །ཡན་ལག་དེ་ཉིད་དང་ནི་བཅས། །གཅིག་ནས་གཅིག་ཏུ་རིམ་པས་བརྒྱུད། །བླ་མ་རབ་ཀྱི་ཞལ་ནས་བླང་། །གཞན་དུ་རྟོག་གེའི་ཚོགས་ལ་མཁས། །སྒྲ་ཡི་བསྟན་བཅོས་རྟག་མོས་ལ། །དབང་གི་མཆོག་ནི་རྣམ་པ་གསུམ། །བླང་བར་མི་བྱ་སྦྱིན་མི་བྱ། །ཡང་དག་འབྲས་བུ་འདོད་པ་ན། །དེ་ནི་རིང་དུ་སྤང་བར་བྱ། །དེ་ལྟར་ཡང་བྱེ་མ་དུ་མ་བསྡུས་པའི་ཕུང་པོ་ལ་འབད་དེ་རྣམ་པར་བཙིར་བས་མར་ཁུའི་ཐིགས་པ་ཕྱེད་ཀྱང་མི་འབྱུང་ངོ་། །དེ་བཞིན་དུ་རྟོག་གེ་མང་པོ་དང་། ངག་གི་དྲ་བ་དང་ལྡན་པ་བསྟན་པའམ། ཉན་པ་ལས་ནི་དེ་ལ་ཉོན་མོངས་པ་འབའ་ཞིག་ལས་གཞན་འབྲས་བུ་ནི་རྙེད་པ་མེད་དོ། །དེ་བས་ན་གཅིག་ནས་གཅིག་ཏུ་རིམ་པས་བརྒྱུད་དེ་རྙེད་པའི་དབང་ཤེས་པ་དེ་ནི་རྡོ་རྗེ་སློབ་དཔོན་བླ་མ་ཆེན་པོའོ། །མི་གསལ་མཆོག་གི་བཀྲ་ཤིས་ཅན། །སངས་རྒྱས་འབྲས་བུ་སྦྱིན་པའི་སྦྱིན། །བླ་མའི་གཟུགས་


DKG080_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཞན་མ་ཡིན། །བསོད་ནམས་ཐམས་ཅད་ཀྱི་ནི་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཚངས་པ་བརྒྱ་བྱིན་ཁྱབ་འཇུག་ལྷ། །དེ་ཀུན་གྱིས་ནི་བདག་མཆོད་འོས། །མ་གྲགས་ཀྱང་ནི་གྲགས་གཟུགས་ཡིན། །དེ་ལྟར་ཤེས་ནས་སྒྲུབ་པ་པོས། །འབད་པ་ཡིས་ནི་མཆོད་པར་བྱ། །བླ་མའི་ཞལ་སྔ་མཆོད་བྱས་ན། །ཅི་འདོད་པ་ཡི་འབྲས་བུ་རྙེད། །རྒྱུད་ཀྱི་དོན་ནམ་དབང་གི་དོན། །ཤེས་ནས་བླ་མ་མི་མཆོད་པ། །ས་སྟེངས་ཉི་ཟླ་ཡོད་བར་དུ། །དེ་ནི་མནར་མེད་པ་རུ་འགྲོ། །དེ་བས་ཀུན་ཏུ་འབད་པ་ཡིས། །གུས་པས་བླ་མ་མཆོད་པར་བྱ། །རིན་ཆེན་སྣ་ཚོགས་བཟོར་བྱས་ལེགས། །གསེར་གྱི་པདྨ་དྲི་མ་མེད། །མུ་ཏིག་དོ་ཤལ་རིན་ཐང་མེད། །སྣ་ཚོགས་དུ་མ་ཡི་ནི་གོས། །གཅེས་པའི་བཙུན་མོ་བུ་དང་བཅས། །གླང་ཆེན་རྟ་དང་བྲན་ལ་སོགས། །དཔལ་ལྡན་བླ་མའི་སྤྱན་སྔ་རུ། །དད་གུས་བརྟན་པས་དབུལ་བར་བྱ། །དཔལ་ཡེ་ཤེས་ཐིག་ལེ་ལས་ཡོན་དབུལ་བ་དང་བཅས་པའི་དབང་གི་རིམ་པ་ཞེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་རབ་བཤད་ཉོན། །གནས་ཀྱི་རྙེད་པ་ཇི་བཞིན་དོན། །ཀ་བ་གཅིག་དང་སྒོ་དགུར་ལྡན། །རྡོ་རྗེ་རྩིག་པའི་རྒྱན་དང་ལྡན། །རྡོ་རྗེའི་ཐིག་དང་བླ་རེས་ནི། །ཀུན་ཏུ་ཡོངས་སུ་བསྐོར་བ་ཡིན། །རླུང་ལ་སོགས་པའི་རིམ་པས་དབྱེ། །འབྱུང་བ་བཞི་དང་ལྡན་པ་ཡིན། །ཇི་སྙེད་ནམ་མཁའི་མཐའ་ཀུན་ཏུ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །རྡོ་རྗེ་གུར་གྱི་དབུས་སུ་ནི། །སྲུང་བའི་འཁོར་ལོ་འཁོར་བཞིན་པ། །རྩིབས་བཅུ་པ་ལ་གསེར་གྱི་མདོག། ཁྲོ་བོ་བཅུ་དང་བཅས་པའོ། །ཁྲོ་བོ་ཐམས་ཅད་ཞལ་གསུམ་པ། །སྤྱན་གསུམ་པ་ལ་ཕྱག་དྲུག་པ། །གཡས་བརྐྱང་བས་བཞུགས་པ་གསུས་པ་རློ་བ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ལྗགས་འདྲིལ་བ། མཆེ་བ་འཇིགས་པ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་འགྲེང་བ། ཨག་ཚོམ་དང་སྨིན་མ་ཆེ་ཞིང་རིང་བ་སྟེ། ཤར་གྱི་འཁོར་ལོའི་རྩིབས་ལ་གཤིན་རྗེའི་གཤེད་སྐུ་མདོག་ནག་པོ་གཡས་དང་གཡོན་པའི་ཞལ་གཉིས་ནི་སེར་བ་དང་དམར་པོ། ཕྱག་གཡས་གཉིས་ན་རལ་གྲི་དང་རྩེ་གསུམ་པ། ཕྱག་


DKG080_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་གཉིས་ན་ཐོད་པ་དང་དབྱུག་པའོ། །ལྷོ་ཕྱོགས་ཀྱི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་གཡས་ཀྱི་ཞལ་དམར་བ། གཡོན་སྔོ་བ། ཕྱག་གཡས་པ་གཉིས་ཀྱིས་དབྱུག་པ་དང་རལ་གྲི། །ཕྱག་གཡོན་པ་གཉིས་ན་མཚོན་རྩེ་གཅིག་པ་དང་མགོ་བོའོ། །ནུབ་ཏུ་པདྨ་མཐར་བྱེད་དམར་པོ་ཞལ་གཡས་དཀར་ཞིང་གཡོན་སྔོན་པོ། གཡས་དང་གཡོན་གྱི་ཕྱག་བཞི་ན་རལ་གྲི་དང་། འཁོར་ལོ་དང་། ཟླ་བ་ཕྱེད་པ་དང་། རི་རབ་ཟུར་བརྒྱད་པའོ། །བྱང་དུ་བགེགས་མཐར་བྱེད་སྔོན་པོ་གཡས་དང་གཡོན་གྱི་ཞལ་གཉིས་ནི་དཀར་པོ་དང་དམར་པོའོ། །གཡས་དང་གཡོན་གྱི་ཕྱག་བཞི་ན་རྡོ་རྗེ་རྒྱ་གྲམ་དང་། རལ་གྲི་དང་། མདུང་ཐུང་དང་དུང་ངོ་། །མེའི་མཚམས་སུ་འདོད་པའི་རྒྱལ་པོའི་གཟུགས་ཅན་གཡས་དང་གཡོན་གྱི་ཞལ་གཉིས་ནི་དཀར་བ་དང་དམར་བ། གཡས་ཀྱི་ཕྱག་གཉིས་ན་རལ་གྲི་དང་རིན་པོ་ཆེ། ཕྱག་གཡོན་ན་སྟ་རེ་དང་མདུང་ཐུང་ངོ་། །སྲིན་པོའི་མཚམས་སུ་དབྱུག་པ་སྔོན་པོ་ཆུ་སྲིན་འཛིན་སེར་པོའི་གཟུགས། གཡས་དང་གཡོན་གྱི་ཞལ་ལྗང་བ་དང་དམར་བ། ཕྱག་གཡས་གཉིས་ན་རྒྱ་གྲམ་རྩེ་གསུམ་དང་རལ་གྲི། ཕྱག་གཡོན་གཉིས་ན་སཱ་ལའི་ཤིང་ཆེན་པོ་དང་། དེ་བཞིན་དུ་མེའོ། །རླུང་མཚམས་སུ་སྟོབས་པོ་ཆེ་དུ་བའི་མདོག། གཡས་པ་དང་། གཡོན་པའི་ཞལ་གཉིས་ནི་སེར་བ་དང་དམར་པོ། ཕྱག་བཞི་ལ་རལ་གྲི་དང་དུང་དང་དགྲ་སྟ་དང་རྔ་མའོ། །དབང་ལྡན་གྱི་མཚམས་སུ་མི་གཡོ་མགོན་དཀར་ནག་ཞལ་གཡོན་དམར་པོ་དང་། གཡས་སྔོན་པོ། གཡས་གཡོན་གྱི་ཕྱག་བཞི་ན་རལ་གྲི་དང་ལྕགས་ཀྱུ་དང་པི་ཝང་དང་རྔེའུ་ཆུང་ངོ་། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སྐུ་མདོག་སེར་པོ་གཡས་དང་གཡོན་པའི་ཞལ་གཉིས་ནི་སྔོ་བ་དང་དཀར་བ། ཕྱག་བཞི་ན་འཁོར་ལོ་དང་། རལ་གྲི་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་གའོ། །འོག་ཏུ་སུམ་བྷའི་རྒྱལ་པོ་སྐུ་མདོག་ནམ་མཁའ་ལྟར་སྔོ་བ། གཡས་ཀྱི་ཞལ་མཐོན་མཐིང་ཆེན་པོའི་འོད་ཅན། གཡོན་པ་ནི་ཉི་མ་གཞོན་ནུའི་འོད་ཅན། གཡས་ཀྱི་ཕྱག་གཉིས་ན་རལ་གྲི་དང་ལྕགས་ཀྱུ། གཡོན་གཉིས་ན་གྲི་གུག་དང་ཐོད་པའོ། །ཐམས་ཅད་ཀྱི་རྩ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་པདྨ་བསྣམས་པ། རང་གི་


DKG080_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ཤེས་རབ་མ་ལ་འཁྱུད་པའོ། །འདོད་པའི་རྒྱལ་པོ་ལ་སོགས་པ་ནི་འཇིག་རྟེན་སྐྱོང་བ་བརྒྱད་ཀྱི་སྟེང་དུའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་དང་སུམ་བྷའི་རྒྱལ་པོ་ནི་ཟླ་བ་དང་ཉི་མའི་སྟེང་དུ་ཤེས་པར་བྱའོ། །འདིའི་འཁོར་ལོའི་ལྟེ་བ་གྲུ་གསུམ་གྱི་གཟུགས་ཏེ་རི་བོང་ཅན་དཀར་པོའི་འོད་ཆོས་ཀྱི་འབྱུང་གནས་སོ། །དེའི་དབུས་སུ་སྔར་བསྟན་པའི་འབྱུང་བ་བཞི་ཇི་ལྟ་བུའི་རིམ་པས། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་ལས་དུར་ཁྲོད་བརྒྱད་དང་ལྡན་པའི་གཞལ་ཡས་ཁང་ཡངས་པ་ཆེན་པོའི་འཕར་མ་གཉིས་ཉི་མའི་གདན་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་འཇིགས་བྱེད་དང་དུས་མཚན་གྱི་བདེ་བྱེད་མའི་སྟེང་དུ་ཚུལ་དང་ཐིགས་པའི་རང་གི་ངོ་བོ་ཨཱ་ལི་དང་ཀཱ་ལི་གཉིས་ལས་བྱུང་བ། མྃ་ཧཱུྃ་ལས་དཔལ་ཡེ་ཤེས་ཐིག་ལེ་ཕྱག་རྒྱ་ཆེན་པོས་འཁྱུད་ཅིང་ཞལ་བརྒྱད་པ། ཕྱག་བརྒྱད་གཡས་བརྐྱང་བ། ཞལ་བཞི་ནི་གནག་པ་དང་སེར་བ། དམར་བ་དང་ལྗང་གུའོ། །གཞན་བཞི་ནི་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུའོ། །རྡོ་རྗེ་དང་། དྲིལ་བུ་དང་། རྔེའུ་ཆུང་དང་། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་དང་། རལ་གྲི་དང་། མདའ་གཞུའོ། །སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཚེས་པས་རལ་པའི་དབུ་རྒྱན་དང་དཔྲལ་བར་ཐོད་པའི་སྟེང་དུ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །ཕྱག་རྒྱ་དྲུག་གིས་སྐུ་བཅིངས་པ། རྒྱུ་མས་བརྒྱུས་པའི་མགོ་བོ་ཆེན་པོའི་དོ་ཤལ་གྱིས་སྐུ་བརྒྱན་པ། ཚངས་པའི་པགས་པས་རྐེད་པའི་ཤམ་ཐབས་ཅན་གྱི་སྐུར་བཞེངས་ཤིང་ཧ་ཧའི་གད་རྒྱངས་དང་བྷྲཱི་ཀ་རའི་ཆོལ་བའི་སྒྲ་ཆེན་པོའི་ང་རོ་བསྒྲགས་ཤིང་བརྗོད་པ་ཙམ་གྱིས་ཚངས་པའི་ཡུལ་ས་བྱེ་བའི་གྲངས་ཀྱི་ཐོད་པའི་ལྟོ་བརླག་པར་མཛད་པ། མི་བཟད་པ་དང་། མི་སྡུག་པ་དང་། ཅེ་སྤྱང་གི་ཚོགས་འཇིགས་སུ་རུང་བ་དང་། ཤ་ཟའི་ཚོགས་ཧ་ཧར་རྒོད་པ་དང་། ནག་པོའི་མེ་ཅན་གྱི་དུར་ཁྲོད་ཆེན་པོ་བརྒྱད་ན་འཇིགས་བྱེད་ཀྱི་ཉམས་དགུ་དང་ལྡན་པའི་གར་བྱེད་པའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །།ད་ནི་སྔགས་མཆོག་བཤད་བྱ་བ། །སྒྲུབ་པ་པོ་ནི་འགྲུབ་འགྱུར་བ། །ས་ཡི་ཆ་ནི་མཉམ་པའི་མཆོག། སྦྲང་རྩི་ག་བུར་གྱིས་ནི་བྱུག། དྲི་ཞིམ་པ་ཡི་མེ་ཏོག་


DKG080_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲམ། །མེ་ཏོག་གིས་ནི་ཆལ་པར་དགྲམ། །ཆུ་ངོགས་ཡང་ན་ཐང་སྟོང་དུ། །རྡོ་རྗེ་སྐུད་པ་ཡིས་ནི་བསྐོར། །མིག་མཛེས་རྡོ་རྗེ་གཞོན་ནུ་མ། །ཟླ་བ་ཉི་མས་པདྨ་ཁེངས། །ལང་ཚོ་གསར་ལ་རེག་བྱ་འཇམ། །དང་པོ་མཁས་པས་འཇུག་པར་བྱ། །སྔགས་ཀྱི་གནས་སུ་ལུགས་ཇི་བཞིན། །ལེགས་དགྱེས་ཤིན་ཏུ་སྦྱོར་བར་བྱ། །དེ་ཡི་སྦྱོར་བས་གང་ཞིག་འབྱུང་། །ཁ་དང་ས་སོགས་མཆོད་པར་བྱ། །པདྨ་འདབ་མ་བརྒྱད་པ་བྱ། །རྡོ་རྗེ་ཡི་ནི་ཕུར་བུ་བཅུ། །མཁས་པས་ཁྲོ་བོའི་སྔགས་ཀྱིས་གདབ། །ཨཱ་ལི་ཀཱ་ལི་མཉམ་བྱས་ནས། །འདབ་མ་ཀུན་ལ་རིམ་པས་དགོང་། །ཨཱ་ལི་ཡེ་ཤེས་འདབ་མར་གཅིག། ཀཱ་ལི་འདབ་མ་བདུན་དུ་དྲན། །འདབ་མ་རེ་རེ་ཡི་གེ་ལྔ། །ལྔ་པ་ལྔ་ནི་ལྔ་ལའོ། །འདབ་མ་གཉིས་སུ་བཞི་གཉིས་ཏེ། །ཀྵཿཡི་ཡིག་འབྲུ་ལྟེ་ནང་ངོ་། །དབྱངས་ཡིག་གསལ་ཡིག་བྱེ་བྲག་ཏུ། །ཨཱ་ལི་ཀཱ་ལི་འདུ་ཤེས་ཡིན། །གཉིས་ཀྱི་ཡི་གེ་འདབ་མ་ཡིས། །སྔགས་ཀྱི་རྒྱལ་པོ་དེ་ཉིད་དྲན། །དང་པོའི་གཟུགས་ཀྱིས་རྒྱལ་པོའི་དབང་། །དེ་ནས་འདབ་གཉིས་ཀྱི་དང་པོར། །བཞི་པའི་དབྱངས་ཡིག་དང་བཅས་པ། །འོག་ཏུ་རེ་ཕ་ཡིས་ནི་བརྒྱན། །དེ་ནས་ཉི་ཤུ་རྩ་ལྔ་ནི། །འདབ་མ་གཉིས་པའི་བཞི་པའོ། །དབྱངས་ཡིག་གཉིས་པ་དང་ལྡན་པ། །ཁྲོ་བའི་ངན་འགྲོ་དག་བྱེད་པ། །འདབ་གཉིས་དང་པོ་བཞི་པ་ཡིན། །དེ་ནས་གསལ་བྱེད་པ་ཡིས་བརྒྱན། །འདབ་གཉིས་དང་པོའི་གཉིས་པ་ཡིན། །ལྡན་པ་ཐམས་ཅད་རིམས་འཕྲོག་བྱེད། །གསལ་བྱེད་པ་ལ་གསུམ་པ་སྟེ། །བཅུ་པས་ཡང་དག་ལྡན་པའོ། །དབྱངས་ཀྱི་ཡི་གེ་གཉིས་པ་ཡིས། །ལྷ་ཡི་དབང་ཕྱུག་བརྒྱན་པའོ། །བཞི་པའི་ལྔ་པ་གང་ཡིན་དང་། །དེ་ནས་དེ་ཡི་དང་པོའོ། །བཅུ་དྲུག་པ་ལ་གསུམ་པས་ལྡན། །ཐམས་ཅད་སྔགས་ཀྱི་ཚིག་གི་གཞི། །དེ་ནས་ས་ནི་དག་པ་དང་། །དེ་བཞིན་གསལ་བྱེད་དང་པོའོ། །ཡན་ལག་གསལ་བྱེད་སུམ་ཅུ་གསུམ། །དབྱངས་ཡིག་དྲུག་པ་ཡང་དག་ལྡན། །ཐམས་ཅད་ཀྱི་ནི་འབྱུང་བའི་གཞི། །ཟླ་ཚེས་ཐིག་ལེས་རྣམ་པར་བརྒྱན། །དེ་ནི་དེ་དང་ཉེ་བར་གནས། །སེམས་ཀྱི་དབང་ཕྱུག་ཡི་གེ་མཆོག། གང་ཞིག་


DKG080_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའི་གཉིས་པ་དང་། །གསུམ་པའི་དང་པོ་དང་ལྡན་པ། །མཐར་ནི་སྭཱ་ཧཱ་ལྡན་པ་སྟེ། །སྙིང་པོའི་སྔགས་ནི་རྨད་བྱུང་མཆོག། དང་པོ་རུ་ནི་གཟུགས་ཀྱི་མཆོག། འདབ་མ་གཉིས་པའི་བཞི་པའོ། །འོག་ཏུ་རེ་ཕ་ཡང་དག་ལྡན། །དབྱངས་ཀྱི་ཡི་གེ་བཞི་པས་སྦྱར། །རིག་པའི་རྒྱལ་པོའི་ཡི་གེ་མཆོག། ཐིག་ལེ་ཡིས་ནི་མགོ་བོ་མནན། །དེ་རང་དུ་ནི་ཉེ་བར་གནས། །ཐམས་ཅད་ཞི་བ་ཞི་བའི་མཆོག། ཐིགས་པས་མནན་པས་སུམ་ཅུ་གསུམ། །བཅུ་དྲུག་པ་ནི་གཉིས་པར་ལྡན། །ཡང་ནི་དེ་ཉིད་ཡི་གེ་མཆོག། ཁམས་གསུམ་མུན་པ་སེལ་བར་བྱེད། །ཧཱུྃ་ཕཊ་དེ་ནི་གཉི་ག་སྦྱར། །ཐ་མར་སྭཱ་ཧཱ་ཡིས་ནི་ལྡན། །ཉེ་བའི་སྙིང་པོའི་སྔགས་ཞེས་བྱ། །བཅོམ་ལྡན་ཡེ་ཤེས་ཐིག་ལེས་སོ། །དང་པོར་རྣམ་པར་སྣང་མཛད་དག། ཉི་ཤུ་རྩ་དགུ་དེ་ནས་སོ། །གསལ་བྱེད་པ་ནི་བཞི་གཉིས་པ། །ཉི་ཤུ་རྩ་བདུན་པས་ནི་ལྡན། །ཉི་ཤུ་རྩ་གཉིས་པ་ཡི་གཞན། །དབྱངས་ཀྱི་ཡི་གེ་བདུན་པས་ལྡན། །བཞི་པ་ལས་ནི་གསུམ་པའོ། །དེ་དང་ཉེ་བར་རླུང་ཡིན་ནོ། །དབྱངས་ཡིག་བཅུ་གཅིག་པ་དང་ལྡན། །འབྲས་བུ་ཐམས་ཅད་དོན་སྦྱིན་ནོ། །ལྔ་པ་ཡི་ནི་ལྔ་པ་དང་། །ཧ་ཡི་ཡིག་འབྲུ་དེ་དང་ཉེ། །ལྔ་པ་ཡི་ནི་གསུམ་པ་དང་། །ཉི་ཤུ་རྩ་བརྒྱད་དེ་ནས་སོ། །ལྔ་པ་ཡི་ནི་དང་པོ་དང་། །ཉི་ཤུ་རྩ་བདུན་དེ་ནས་སོ། །དབྱངས་ཡིག་གི་ནི་གཉིས་པས་ལྡན། །ཁམས་གསུམ་དགུག་པར་ནུས་པའོ། །གསལ་བྱེད་ཀྱི་ནི་དང་པོ་དང་། །ཉི་ཤུ་རྩ་བདུན་པ་ནི་ལྡན། །ཉི་ཤུ་རྩ་ལྔ་པ་དག་དང་། །དབྱངས་ཀྱི་ཡི་གེ་གཉིས་པས་ལྡན། །ཉི་ཤུ་རྩ་དྲུག་ཡི་གེ་མཆོག། དབྱངས་ཀྱི་ཡི་གེ་བཅུ་གཅིག་ལྡན། །སྭཱ་ཧཱ་མཐའ་རུ་ལྡན་པ་ནི། །ཧཱུྃ་ཧཱུྃ་ཕཊ་ཀྱིས་སྤེལ་བར་བྱ། །དེ་ནི་ཕྱག་རྒྱ་ཆེ་སྙིང་པོ། །ཡིད་བཞིན་རིན་ཆེན་མཉམ་པའི་འོད། །དང་པོ་ཡི་ནི་པྲ་ཎ་པ། །དེ་ནས་འདབ་གཉིས་པ་ཡི་གསུམ། །ཡ་ཡི་སྡེ་ཚན་གཉིས་པ་དང་། །ཉི་ཤུ་རྩ་དགུ་དེ་ནས་སོ། །དབྱངས་ཀྱི་ཡི་གེ་གསུམ་པ་ཡིས། །སྙིང་ལ་ཁོང་དུ་ཆུད་པར་བྱ། །དྲུག་ཅུ་རྩ་བཞི་ཕྱེད་དག་པ། །ར་ཡི་ཡིག་འབྲུ་དེ་དང་མཉམ། །ཐ་མར་སྭཱ་ཧཱ་དང་ལྡན་པ། །ཧཱུྃ་ཧཱུྃ་ཕཊ་ནི་སྤེལ་བ་


DKG080_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཉེ་བའི་སྙིང་པོ་སྔགས་ཆེན་པོ། །ཐམས་ཅད་སྔགས་ཀྱི་བདག་པོ་མཆོག། ཨོཾ་ཤྲཱི་མ་ཧཱ་ཀཱ་རུ་ཎ་ཀྲུ་ཏ། མ་ཧཱ་བེ་བེ་ད། སྥཱ་ར་ཎ་མ་ཧཱ་ཀལྤཱ་ནྟཱགྣེ། སམ་པྲ་བྷ་ཛ་ཡ་བི་ཛ་ཡ། ཨཊྚཱཊྚ་ཧཱ་ས། མ་ཧཱ་གྷོ་ར་གྷོ་རེ་ཤྭ་ར་མ་ཧཱ་བཱི་ར་བཱི་རེ་ཤྭ་ར་མ་ཧཱ་རུ་དྷི་རཱཾ་ཏྲ་མཱ་ལ་དྷ་ར། སཽ་མ་སཱུརྱ་ཨགྣི་ལོ་ཙ་ན། ཨཱ་ཀཱ་ཤོ་ད་ར། མ་ཧཱ་སཱ་གར་ཀོགྒེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ། བི་དྷྭྨ་ས་ཡ་བི་དྷྭྨ་ས་ཡ། ཨཱ་ཀཙཱུརྞྞ་ཡ་ཙཱུརྞྞ་ཡ། ཧ་ཧ་ཧ་ཧ། ཧི་ཧི་ཧི་ཧི། མ་ཧཱ་རུ་དྷི་ར། པཱ་ཎི་མ་ཡ། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བཻ་བེ་ཌེ་སྥཱ་ར་ཎཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀལྤཱནྟ་ཨགྣི་ས་མ་པྲ་བྷཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཛ་ཡ་བི་ཛ་ཡ་ཨཊྚཱཊྚ་ཧཱ་སཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་གྷོ་ར་གྷོ་རེ་ཤྭ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་བཱི་ར་བཱི་རེ་ཤྭ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་རུ་དྷི་རཱནྟྲ་མཱ་ལ་དྷ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སཽ་མ་སཱུརྱ་ཨགྣི་ལོ་ཙ་ནཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་ཀཱ་ཤོ་ད་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་སཱ་ག་ར་ཀོཀྐེ་ནི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ད་ཧ་ད་ཧ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པ་ཙ་པ་ཙ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཐ་མ་ཐ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བི་དྷྭྨ་ས་ཡ་བི་དྷྭྨ་ས་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱ་ཀཨོཾ་བྷཱཉྫ་ཡ་བྷཱཉྫ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཙཱུརྞྞ་ཡ་ཙཱུརྞྞ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧ་ཧ་ཧ་ཧ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧི་ཧི་ཧི་ཧི་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་རུ་དྷི་ར་པཱ་ཎི་མ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཕཊ་ཕཊ་ཕཊ་ཕཊ་ཧཱུྃ་ཕཊ་སྭཱ་ཧཱ། །ཕྲེང་བའི་སྔགས་ནི་མཆོག་གི་ལྷ། །ལས་ཐམས་ཅད་ནི་རབ་གྲུབ་བྱེད། །ཨོཾ་མ་ཧཱ་ཀཱ་མ་རཱུ་པི་ཎཱི་ཡེ་ས་ར་ས་ར། བི་ས་ར་བི་ས་ར། ཨཱ་གཙྪ་ཨཱ་གཙྪ། སརྦྦཱསརྦྦཱ་མཱ་རཾ། ནིརྨྨ་ཐ་ནིརྨྨ་ཐ། མ་ཧཱ་བཱི་ར་བཱི་རེ་ཤྭ་ར་སཔྟ་པཱ་ཏཱ་ལ། བ་ད་རེ་ཎེ། སཔྟ་སཱ་ག་ར། ཤུ་ཥ་ཎེ་རུ་ཥ་ཎེ་མུ་ཧ་ཎེ། ཛཾ་བྷ་ནེ། སྟཾ་བྷ་ནེ། ཏྲཻ་ལོཀྱ་བྷ་ཡཾ་ཀ་རེ། ཧཾ་ཧཾ་ཧྀཾ་ཧྀཾ་ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། ཌི་ལི་ཌི་ལི། མ་ཧཱ་ཀལྤཱགྣེ་སམ་པྲ་བྷཱ་ཡ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཕྲེང་བའི་སྔགས་ནི་མཆོག་གི་ལྷ། །བཅོམ་ལྡན་མོ་ཡི་བདག་གིས་བསྟན། །ཧ་ཧཱུྃ་ཧཱུྃ། ཡྲཱི་ཡྲཱི། ཀྲུྃ་ཀྲུྃ།


DKG080_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཱུ་ཀྱཱུ། ཁྱཱུ་ཁྱཱུ། ཐྭཱི་ཐྭཱི། ་། པྲྃ་པྲྃ། ངྱཱུ་ངྱཱུ། ཙྱཱུ་ཙྱཱུ། ཊུྃ་ཊུྃ། སྭཾ་སྭཾ། ཚྱཱུ་ཚྱཱུ། རྔྷཱ་རྔྷཱ། ངྱི་ངྱི། ཌྭཱི་ཌྭཱི། ཀུྃ་ཀུྃ། འཁོར་ལོའི་སྔགས་ནི་སྔགས་ཆེན་པོ། །དཔའ་བོ་རྣམས་ཀྱི་སྙིང་པོ་མཆོག། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨྃ་ཨཿདཔའ་བོའི་ཡན་ལག་མ་སྙིང་སྔགས། །ལྷ་ཡི་དབང་ཕྱུག་བདག་གིས་བཤད། །དང་པོར་ཨོཾ་དང་མཐར་ཧཱུྃ་ཕཊ། །བར་དུ་མིང་ནི་སྤེལ་བའོ། །གསང་བའི་སྔགས་ཀྱི་དགོད་པ་ནི། །མཆོད་པའི་དུས་སུ་མཆོད་པར་བྱ། །ཨོཾ་ནཱ་ད་ནི་རྨ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་བིནྡུཨོཾ་མ་ཧཱ་ཀཱ་ལཱ་གྲཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ནཱ་ད་མ་ཏྲ་སྭ་རཱུ་པཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་པ་ར་ཤུ་རཱུ་པཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨ་པ་རཱ་མ་ན་གཱ་ཡ་ཧཱུྃ་ཧཱུྃ་ཕཊ། ཡེ་ཤེས་དྲུག་གི་མཆོག་སྔགས་དབང་། །འཁོར་ལོ་དྲུག་པའི་ནང་ན་བཞུགས། །གསང་བའི་དཀྱིལ་འཁོར་རྒྱལ་དབང་པོ། འདི་ཡི་སྔགས་ཀྱིས་མཆོད་པར་བྱ། །ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་སྒྲ་ནི་གྲགས། །སྡེ་ཚན་བརྒྱད་ཀྱི་གཙོ་བོ་ཡིན། །རྩ་བའི་སྡེ་ཚན་གཏོར་མ་གཏང་། །བརྟག་པ་གཉིས་ཀྱི་ཇི་བཞིན་ནོ། །རྡོ་རྗེའི་ཕྱག་རྒྱའམ་སྙིང་པོ་ཡིས། །མིག་མི་འཛུམས་པའི་ལྟ་བས་སྦྱིན། །བསྲུང་འཁོར་ཡོད་པའི་ཁྲོ་བོ་ཡི། །དེ་ཡི་སྔགས་ནི་བདག་གིས་བཤད། །ཛྲེམྦྷ་ཛྲེམྦྷ། གྷུ་གྷུ་རོ་གྷུ་གྷུ་རོ། །དྷ་ར་དྷ་ར། བི་དྷ་ར་བི་དྷ་ར། ཊ་གྷེ་ཊ་ཊ་གྷེ་ཊ། སྥོ་ལིཾ་གི་སྥོ་ལིཾ་གི། ཨ་ཏ་ཨ་ཏ་ཧཱ་ས། ཨཊྚ་ཨཊྚ་ཧཱ་ས། ཧཱུ་ལུ་ཧཱུ་ལུ། བི་ཀྲ་མ་བི་ཀྲ་མ། ཧཱུྃ་ཕཊ་ཀྱིས་ནི་མཐའ་མར་ལྡན། །བར་དུ་མིང་ནི་སྤེལ་བའོ། །རྡོ་རྗེ་གསུམ་པ་ཡེ་ཤེས་རྒྱལ། །ཨོཾ་ཨཱཿཧཱུྃ་ནི་སྔགས་ཀྱི་མཆོག། དཔལ་ཡེ་ཤེས་ཐིག་ལེ་ལས་སྔགས་བཏུ་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་མཆོད་སྦྱིན་རབ་བདག་བཤད། །གནས་ལ་སོགས་པའི་རིམ་པས་སྦྱོར། །བསྐྱེད་པའི་བྱེ་བྲག་ཐིགས་པ་གསུམ། །རྫོགས་པའི་རིམ་གསུམ་དེ་ལྟར་རོ། །རྣམ་ཤེས་ལ་སོགས་བྱེ་བྲག་ཏུ། །མཆོད་སྦྱིན་ཚངས་པའི་ཡུལ་ས་ཆེ། །རྣམ་པར་ཤེས་པ་ལོངས་སྤྱོད་དང་། །སྣང་དང་ནམ་མཁའ་ཡེ་ཤེས་བཞིན། །སྐུ་བརྒྱད་ཀྱི་ནི་བྱེ་བྲག་ཏུ། །དངོས་པོ་རྟེན་དང་རྣམ་པར་འབྱེད། །ཇི་བཞིན་འདོད་པ་སྡུག་པ་ནི། །མཆོད་སྦྱིན་རྣལ་འབྱོར་མ་དཀྱིལ་འཁོར། །ཨཽ་རྱན་ལ་སོགས་གནས་སུ་


DKG080_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ལེགས་དགྱེས་མ་སོགས་ལྷ་མོ་ཀུན། །ཀཱ་ལི་ཡེ་ཤེས་ཡིག་མཆོག་སྦྱིན། །ཕྱི་དང་ནང་དུ་བྱ་བའོ། །མཆོད་སྦྱིན་བྱས་ན་སྦྱིན་པ་ཆེ། །འབྲས་བུ་བཀྲ་ཤིས་ལྡན་པ་སྐྱེ། །སེམས་ཅན་རྣམས་ཀྱིས་བྱེ་བྲག་ཏུ། །སྣ་ཚོགས་ཐབས་ནི་རབ་ཏུ་བཤད། །ཁ་ཅིག་རྣམས་ལ་འདུལ་བའི་ཐབས། །ཁ་ཅིག་རྣམས་ལ་མདོ་སྡེའོ། །ལ་ལ་ཕ་རོལ་ཕྱིན་པའི་ལམ། །ཁ་ཅིག་ལ་ནི་སྔགས་ཀྱི་མཆོག། རབ་འབྲིང་ཐ་མའི་བྱེ་བྲག་ཏུ། །ཐར་པར་འགྲོ་བའི་ཐབས་ཡིན་ནོ། །བློ་གྲོས་ཆེ་ཡང་ཐེག་གཞན་གྱིས། །གྲངས་མེད་གསུམ་གྱིས་སངས་རྒྱས་ཡིན། །སྔགས་ཀྱི་ཐེག་པ་ལ་མོས་ན། །ཚེ་འདི་ལ་ནི་སངས་རྒྱས་སོ། །ཡང་ནི་རྡོ་རྗེ་འཛིན་པ་ཉིད། །རྣལ་འབྱོར་མ་ཁྱོད་སྨོས་ཅི་དགོས། །ཡང་ན་ལུས་ནི་སྤངས་མ་ཐག། བླ་ན་མེད་པའི་ཡེ་ཤེས་དག། བརྩོན་པར་མི་ལྡན་པས་ཀྱང་རྙེད། །བརྩོན་འགྲུས་ལྡན་པས་སྨོས་ཅི་དགོས། །བརྟན་པའི་བརྩོན་པས་དོན་ཐམས་ཅད། །འབད་པ་མེད་ཀྱང་འགྲུབ་པ་ཡིན། །དོན་ཀུན་གྲུབ་པའི་བསོད་ནམས་ཅན། །རྟོག་མེད་ཉོན་མོངས་མེད་པའོ། །གང་ཞིག་ལས་ནི་ཅི་བྱེད་པ། །དེ་ནི་བསོད་ནམས་འཕེལ་བ་ཡིན། །འདོད་པའི་ལོངས་སྤྱོད་གང་གང་སྤྱོད། །དེ་ཀུན་མཆོད་པ་ལ་སོགས་ཡིན། །དེ་ནི་མཆོད་སྦྱིན་འཕེལ་བ་ཡིན། །མཆོད་ལས་ཡེ་ཤེས་འབྲས་བུ་རྙེད། །དེ་ནི་མཆོད་སྦྱིན་ཡང་དག་པ། །རྒྱུད་ཀུན་དུ་ནི་རྙེད་དཀའ་བ། །འབྲས་བུ་ཆེན་པོ་ཐམས་ཅད་སྦྱིན། །རྣལ་འབྱོར་མ་ཡི་གཞི་ཡི་མཆོག། དཔལ་ཡེ་ཤེས་ཐིག་ལེ་ལས་མཆོད་སྦྱིན་གྱི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་མཆོད་པའི་ཆོ་ག་ནི། །སྡིག་པ་ཐམས་ཅད་འཇིག་བྱེད་པ། །ཡིད་འཕྲོག་ལྷ་ཡི་མེ་ཏོག་གིས། །ཟླ་བ་ཉི་མའི་འོད་དང་ལྡན། །མེ་དང་སྒྲོན་མ་རྨད་དུ་བྱུང་། །མཆོད་སྦྱིན་དཀྱིལ་འཁོར་ལ་མཆོད་བྱ། །དབང་ནི་མར་ངོའི་དང་པོ་ཡི། །བཅུ་དྲུག་པ་ཡི་དང་པོ་ཡིས། །གཉིས་པ་ཡི་ནི་རབ་ཐིམ་གསུམ། །བཅུ་དྲུག་དང་པོའི་འོག་མ་ཡིས། །གསུམ་པ་ཡི་ནི་ལོངས་སྤྱོད་ཡིན། །བཅུ་དྲུག་པ་ཡི་གསུམ་པས་སོ། །བཞི་པ་ཡི་ནི་ཐིམ་པ་འབྱུང་། །གསུམ་པ་ཡི་ནི་འོག་མས་སོ། །ལྔ་པ་ཡི་ནི་ལོངས་སྤྱོད་ཡིན། །བཅུ་དྲུག་


DKG080_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་ལྔ་པས་སོ། །དྲུག་པ་ཡི་ནི་ཐིམ་པ་འབྱུང་། །བཅུ་དྲུག་པ་ཡི་དྲུག་པས་སོ། །བདུན་པ་ཡི་ནི་རབ་མཆོད་དབང་། །མར་ངོ་ཡི་ནི་བརྒྱད་པ་དང་། །དབྱངས་ཡིག་བརྒྱད་པོས་མཆོད་པར་བྱ། །དགུ་པ་ཡི་ནི་ལོངས་སྤྱོད་འབྱུང་། །བཅུ་དྲུག་པ་ཡི་དགུ་པས་སོ། །བཅུ་པ་ཡི་ནི་ཐིམ་པ་འབྱུང་། །དབྱངས་ཡིག་གི་ནི་བཅུ་པས་སོ། །བཅུ་གཅིག་པ་ཡི་དབང་ཡིན་ཏེ། །བཅུ་གཅིག་པ་ཡིས་མཆོད་པར་བྱ། །བཅུ་གཉིས་ཀྱི་ནི་ཐིམ་པ་འབྱུང་། །དབྱངས་ཡིག་བཅུ་གཉིས་པོ་ཡིས་སོ། །བཅུ་གསུམ་པ་ཡི་ལོངས་སྤྱོད་ནི། །དེ་གཉིས་ཀྱིས་ནི་མཆོད་པར་བྱ། །བཅུ་བཞི་ཡིས་ནི་ཐིམ་པར་འགྱུར། །དབྱངས་ཡིག་བདུན་པ་གཉིས་ཀྱིས་མཆོད། །ཉ་གང་བ་ལ་དབང་ཡིན་ཏེ། །དབྱངས་ཡིག་བཅྭ་ལྔ་པ་ཡིས་སོ། །བྱང་ཆུབ་སེམས་འབྱུང་མཆོད་པ་ཡིན། །ཡར་ངོ་མར་ངོ་བྱེ་བྲག་ཏུ། །ཤེས་རབ་ཐབས་ནི་རབ་ཏུ་སྦྱོར། །སྐུ་གསུམ་ཡེ་ཤེས་དཀྱིལ་འཁོར་ནི། །ཚེས་དང་ཡི་གེ་སྔགས་ཀྱིས་སུ། །རི་བོང་ཅན་ནི་འཕེལ་བར་འགྱུར། །ཐིག་ལེ་ནམ་མཁའ་འགོག་པ་ཡིས། །རང་བཞིན་དེ་ནི་འབྱུང་བར་འགྱུར། །ཐིག་ལེའི་རང་བཞིན་ཡེ་ཤེས་ནི། །སངས་རྒྱས་ཀུན་གྱིས་ཀྱང་རྙེད་དཀའ། །བདག་གིས་བཀའ་དྲིན་རང་བཞིན་མྱུར། །ཐེ་ཚོམ་མེད་པར་རྙེད་པ་ཡིན། །བླུན་པོ་གང་གིས་བདག་མི་ཤེས། །བསམ་གཏན་རགས་ལ་རྟག་མོས་པ། །དེ་རྣམས་ཀུན་ནི་གྲུབ་པ་མེད། །ལྷ་ཡི་དབང་ཕྱུག་བདེན་པའོ། །ས་ཀུན་དབང་ཕྱུག་གིས་བདག་པོ། །ས་ཀུན་དབང་ཕྱུག་མངའ་བདག་པོ། །ས་ཀུན་དབང་ཕྱུག་གི་རྒྱལ་པོ། །ཐམས་ཅད་བདག་ཉིད་ཀུན་ནང་བདག། ཐམས་ཅད་ཁྱབ་པ་རྟག་ཏུ་སྟོང་། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །ཤེས་རབ་ཐབས་ཀྱི་རང་བཞིན་གྲགས། །འགྲོ་མེད་འགྲོ་ལ་བདག་ཉིད་རོལ། །མཆོག་གི་ནམ་མཁའ་མཐའ་མེད་པ། །མཚན་ཉིད་དང་བྲལ་གཞི་དང་བྲལ། །ལྷ་ཡི་དབང་རྣམས་ཐུབ་དབང་རྣམས། །རྡོ་རྗེ་ཅན་ཡང་རྙེད་དཀའ་བ། །ཆོས་དང་ལོངས་སྤྱོད་བདག་གིས་མཐའ། །ཡེ་ཤེས་རྣམ་ཤེས་ངོ་བོ་དག། རྡོ་རྗེ་ཅན་དང་སངས་རྒྱས་ཀུན། །ལྷ་ཡི་དབང་ཕྱུག་རྙེད་པར་སླ། །རྣམ་པ་མཆོག་གི་ཡེ་ཤེས་སྐུ། །སུས་


DKG080_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སླ་བ་མ་ཡིན་ནོ། །དཔལ་ཡེ་ཤེས་ཐིག་ལེ་ལས་མཆོད་པའི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །སྦྱིན་སྲེག་སྡིག་པ་འཇིག་བྱེད་པ། །ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་དྲག་པོའོ། །ཞི་བའི་ཧོམ་ཁུང་ཟླུམ་པོ་སྟེ། །རྒྱས་པ་ཡི་ནི་གྲུ་བཞིའོ། །དབང་ནི་གཞུ་ཡི་རྣམ་པ་བཞིན། །དྲག་པོ་ཡི་ནི་གྲུ་གསུམ་མོ། །དཀར་པོ་སེར་དང་དེ་བཞིན་དམར། །ནག་པོ་འདི་ནི་རིམ་པས་སོ། །རྒྱ་མཚོ་མེ་དང་མིག་ཟླ་བ། །ལྷ་ཡི་དབང་ཕྱུག་ཚད་ཡིན་ནོ། །གཞན་ཀུན་གྱི་ནི་རིམ་པས་གཅིག། སྔར་གྲུབ་ཀྱིས་ནི་གཞན་མ་འགྲུབ། །ཧོམ་ཁུང་རེ་རེར་སྙིང་གར་པད། །རིགས་ཀྱི་ལས་ཀྱི་གོ་རིམས་སོ། །དེ་སྟེང་སྣ་ཚོགས་རྡོ་རྗེ་སྟེ། །འོད་ཟེར་ལྔ་དང་ལྡན་པའོ། །ལྟེ་བའི་ནང་དུ་མེ་ལྷ་ནི། །ཞལ་གསུམ་པ་དང་ཕྱག་བཞི་པ། །སྐུ་མདོག་སེར་པོ་སྤྱན་ཟླུམ་པ། །རལ་པའི་ཅོད་པན་གྱིས་ནི་བརྒྱན། །འབར་བའི་མཆེ་བ་འཇིགས་པ་ཆེ། །རྡོ་རྗེ་སྐྱིལ་ཀྲུང་དུ་ནི་བཞུགས། །བ་དན་གསུམ་དང་བགྲང་ཕྲེང་གཡས། །གཡོན་ན་དབྱིག་གུ་སྤྱི་བླུགས་སོ། །སྙིང་ག་རུ་ནི་མེ་ཡི་ལྷ། །ལྕེ་བདུན་འོད་ལྡན་གསལ་བར་འབྱུང་། །ཅོད་པན་རིན་ཆེན་འབྱུང་ལྡན་མགོན། །ཐིག་ལེའི་དབུས་སུ་མེ་ཡིན་ནོ། །ཚུར་གཤེགས་འོད་ཟེར་ཆེར་ལྡན་པ། །འདོད་པའི་དོན་ཀུན་སྒྲུབ་དབང་པོ། །ཨོཾ་བྷཱུར་བྷུ་བ་སྭཱ་ཧཱ། རང་བྱུང་ཆེན་པོ་བཅོམ་ལྡན་འདས། །འདོད་པའི་དབང་ཕྱུག་འདོད་པ་སྟེར། །མེ་ལྷ་ལས་ཀུན་སྒྲུབ་བྱེད་པ། །འདིར་ནི་བདག་ལ་ཉེ་བར་བཞུགས། །མེ་ལྷ་སྤྱན་དྲང་བའི་སྔགས་སོ། །དེ་ནས་མཆོད་ཡོན་དང་ཉེ་རེག་དང་། འཐོར་འཐུང་ངོ་། །ཨོཾ་ཧྲིཾ་ཧྲིཾ། མཆོད་ཡོན་གྱི་སྔགས་སོ། །ཨོཾ་བྷཱི་བྷཱི་ཉེ་རེག་གི་སྔགས་སོ། །ཨ་བྷོ་ཀྵ་ཨ་བྷོ་ཀྵ་འཐོར་འཐུང་གི་སྔགས་སོ། །དེ་ནས་གདན་དབུལ་བ་ནི། མཛུབ་མོ་ལུ་གུ་རྒྱུད་བྱས་ནས། །བར་མ་སྦྱར་བྱད་ཀྱི་ནི་གཟུགས། །སྲིན་ལག་མིག་གི་བྱེ་བྲག་ཏུ། །མཐེ་ཆུང་མཐེ་བོང་ཟླུམ་པོ་སྟེ། །གདན་དབུལ་བ་ཡི་ཕྱག་རྒྱའོ། །མཁས་པ་ཡིས་ནི་ཡོ་བྱད་ཀུན། །དང་པོ་ཉེ་བ་ཉིད་དུ་བྱ། །དཀའ་བ་མེད་པར་ཇི་ལྟར་རྙེད། །དེ་ནི་དེ་ཉིད་རབ་


DKG080_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་བྱ། །སྒྲུབ་པའི་དབང་པོ་ཡོན་ཏན་ལྡན། །སྔགས་དང་རྒྱུད་ཀྱི་ཐོས་པ་ཆེ། །སྔགས་ཀྱི་བཟླས་ལ་གཅིག་ཏུ་མོས། །ཡིད་མི་འཕྲོགས་ཤིང་གསལ་བའོ། །ཐིག་ལེ་ཚུལ་ནི་ཡེ་ཤེས་ཆེ། །བྱེ་བྲག་ཤེས་པ་རིན་ཆེན་རིགས། །རིགས་ལྔའི་གཞོན་ནུ་མ་ཡི་ལྔ། །ཡི་དགའི་ཁུ་བ་ཡིས་ནི་ཚིམ། །སྤྱན་རིངས་མ་དང་དག་པ་མ། །འོ་འཛིན་སྲ་ཞིང་འཇམ་ལ་མཐོ། །སྦྱིན་སྲེག་གནས་སུ་གར་དང་ལྡན། །གཅེར་བུ་དང་ནི་སྐྲ་གྲོལ་བ། །སྦྱིན་སྲེག་ལས་སུ་དོན་བསྒྲུབ་ཕྱིར། །རིགས་ལྔའི་བུ་མོ་གཞུག་པར་བྱ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །བླ་མ་ཉིད་ཀྱིས་དང་པོར་མཆོད། །བརྟགས་པ་དང་ནི་མ་བརྟགས་པའི། །འཛིན་པ་འདིར་ནི་མི་བྱའོ། །རྟོག་པའི་འབྱུང་པོས་ཟིན་པ་ལ། །སྣ་ཚོགས་ཐབས་ནི་བདག་གིས་བསྟན། །དོན་དམ་དུ་ནི་ཕྱི་དོན་མེད། །ནང་གི་མ་ཡིན་པར་མ་མིན། །རྡུལ་མེད་རྣམ་པར་རྡུལ་མེད་དག། སྟོང་པ་དང་ནི་སྟོང་མིན་བྲལ། །རང་རིག་ངོ་བོ་རང་རིག་བྲལ། །ངག་གི་ལམ་གྱིས་མི་རྙེད་དོ། །ཕུང་པོ་ཁམས་ནི་རྣམ་པར་རྟོག། ལྷ་ཡི་དབང་ཕྱུག་གང་ཞིག་སྲེག། དེ་ནི་མེ་ཡི་དོན་དམ་པར། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཐམས་ཅད་རྣམ་པ་མཆོག་གིས་རྫོགས། །ཆོས་ཀུན་གྱི་ནི་ནང་ན་བཞུགས། །ཀུན་རྫོབ་རྣམ་པས་གཟུགས་སུ་ནི། །ལྷ་ཡི་དབང་ཕྱུག་ཀུན་བརྟགས་ཡིན། །ཀུན་བརྟགས་ཡེ་ཤེས་སྦྱོར་བ་ཡིས། །རིམ་པས་གནས་ནི་རྙེད་པར་འགྱུར། །དེ་བས་ཀུན་ནས་འབད་པ་ཡིས། །རྣམ་པ་ཐམས་ཅད་མཆོག་གི་རྒྱུར། །རང་དང་གཞན་གྱི་གྲུབ་དོན་དུ། །མཆོད་སྦྱིན་སྦྱིན་སྲེག་གཏོར་མ་བྱ། །བསོད་ནམས་ཚོགས་ནི་འཕེལ་ཕྱིར་དང་། །སེམས་ཅན་ཕན་དོན་དེ་དག་བྱ། །ནས་དང་། ཏིལ་དང་། འབྲས་སོ་བ་དང་། གྲོ་དང་། འབྲས་དང་། བོ་ཀ་ལིངྒ་དང་། ཡུངས་ཀར་དང་། སྨན་ཐམས་ཅད་དང་། ཛཱ་ཏི་ཕ་ལ་དང་། གོ་ཡུའི་འབྲས་བུ་དང་། དཔལ་འབྲས་དང་། ནཱ་ག་གེ་སར་དང་། གུར་ཀུམ་དང་། ཙནྡན་དང་། ག་བུར་དང་། འོ་མ་དང་། ཞོ་དང་། ཐུག་པ་དང་། བསྐ་བ་དང་། ལ་དུ་དང་། འཁུར་བ་ལ་སོགས་པ་དང་། གུ་གུལ་དང་། སིཧླ་དང་། གུ་གུལ་དཀར་པོ་དང་། ཡན་ལག་བཅུ་པ་ལ་སོགས་པ་དང་། མེ་ཏོག་དང་། སྤོས་དང་། མར་མེ་དང་།


DKG080_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་དང་། ལྷ་བཤོས་དང་། མདའ་དང་དར་ལ་སོགས་པ་དང་ལྡན་པ་དང་། མེ་ཐབ་ཀྱི་དཀྱིལ་འཁོར་གྱི་ཕྱོགས་མཚམས་ཀྱི་བྱེ་བྲག་ཏུ་བུམ་པ་ཀུན་ལ་སྨན་སྣ་ཚོགས་དང་། ཁ་རྒྱན་གྱིས་བརྒྱན་ཅིང་དྲི་ཞིམ་པའི་ཆུས་ལྟོ་བ་བཀང་ལ། དར་སྣ་ཚོགས་ཀྱིས་མགྲིན་པ་བརྒྱན་པའོ། །ཞི་བ་ལ་སོགས་པའི་ལས་ཐམས་ཅད་ལ་བྱའོ། །རྒྱས་པ་ལ་ནི་གསེར་གྱི་འོད། །ཐམས་ཅད་ཀུན་གྱིས་རབ་ཏུ་བརྟག། དབང་ལ་ཐམས་ཅད་འོད་དམར་པོ། །ཞོ་དང་འོ་མ་གཉིས་སྤངས་པ། །ཡུངས་ནག་དང་ནི་སྦྲུལ་ནག་པོའི། །པགས་པ་བྱ་རོག་གི་ནི་མཆུ། །བྱ་རོག་ནག་པོ་ཡི་ནི་སྙིང་། །ཀླད་པ་རྒྱུ་མ་རྐང་མར་མགོ། །ཐམས་ཅད་ནག་པོ་ཡི་ནི་མདོག། ཁྱི་དག་གི་ནི་མཇུག་མའོ། །ཡུངས་ནག་མར་ཁུ་མར་ཁུ་ཆེ། །ཡི་དགས་གཞི་དང་མར་ཁུ་དང་། །ཕྱེད་ཚིག་ཡི་དགས་ཀྱི་ནི་རས། །རུས་ཚིག་བུད་ཤིང་ཚིག་པ་དང་། །ཚེར་མ་རྣོ་ལ་བཟང་བ་དང་། །ཚེར་མའི་མེ་ཏོག་བ་རུ་ར། །ཐུག་པ་ནག་པོ་མ་བསྲེས་པ། །དྲག་པོ་ལ་ནི་རབ་ཏུ་བརྟག། གཞན་མིན་དཔའ་བོའི་དབང་ཕྱུག་བསམ། །དྲག་པོ་ལ་སོགས་སུ་ནི་བྱ། །རང་གི་དེ་ཉིད་ཞི་ལ་སོགས། །ཕྱག་རྒྱ་ལ་སོགས་རྒྱན་དང་ལྡན། །མར་སར་དྲི་མ་མེད་པ་དང་། །སྐྱོན་དང་བྲལ་བའི་མེ་ཏོག་ཤིང་། །གསར་པ་སྐམ་ཞིང་དྲི་ཞིམ་པ། །དུ་བ་མེད་ཅིང་སྐྱོན་དང་བྲལ། །ཐམས་ཅད་ལ་ནི་ཁྲུ་རེའི་ཚད། །ལས་ལ་མཁས་པས་དེ་ལྟར་བྱ། །ཡང་ནི་ཡམ་ཤིང་རབ་ཏུ་བསྟན། །ཇི་ལྟར་རྙེད་པ་འབད་པས་སོ། །ཤ་མི་ཤ་དང་། ཤ་མོ་ཀ་དང་། ཤམ་བ་ཤ་ཀ་དང་། ཨ་ཤྭཏྠ་དང་། པླཀྵ་དང་། །ནྱ་གྲོ་དྷ་དང་། དཱུར་བ་དང་། ཨ་པ་མ་རྐ་དང་། པི་ས་པ་ལ་དང་། ཁ་དི་ར་དང་། ཙམ་པ་ཀ་དང་། ཨ་ཤོ་ཀ་དེ་རྣམས་སོར་བརྒྱད་པའི་ཚད་དོ། །དགང་གཟར་བླུགས་གཟར་མར་གྱི་སྣོད། །རིན་པོ་ཆེ་རུ་ཇི་ལྟར་བསྟན། །ལག་པ་ཡི་ནི་དབྱུག་པ་ཚད། །འབད་པ་ཡིས་ནི་དགང་གཟར་བྱ། །དགང་གཟར་ཇི་བཞིན་བླུགས་གཟར་ཏེ། །མར་ཁུའི་སྣོད་ནི་དེ་དང་མཉམ། །གྲུ་གསུམ་ཟླུམ་པོའི་རྣམ་པ་དང་། །རྡོ་རྗེ་ཡིས་ནི་རྣམ་པར་བརྒྱན། །དགང་གཟར་གྱི་ནི་ཁ་ཞེས་བྱ། །སོར་དྲུག་པ་ཡི་ཚད་དུ་ནི། །མགོ་བོ་ཡང་ནི་དེ་བཞིན་བྱ། །ཐམས་ཅད་ཀུན་དུ་གྲུ་བཞི་བྱ། །སྣ་ཚོགས་རྡོ་རྗེ་སྙིང་


DKG080_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ག་རུ། །ལྟེ་བ་པདྨ་ཡིས་ནི་བརྒྱན། །ཆུ་སྲིན་ཁ་ནས་བྱུང་བ་ཡི། །རྩེ་དགུ་པ་ཡི་རྡོ་རྗེ་ཡིས། །དགང་གཟར་གྱི་ནི་མཐའ་རུ་ལྡན། །བླུགས་གཟར་བ་ཡི་མིག་དང་འདྲ། །ཡང་ན་དེ་ནི་པདྨས་སོ། །ནང་གི་གཏིང་རིང་གསལ་བ་དང་། །ཧ་ཅང་རིང་དང་ཐུང་མ་ཡིན། །རྡོ་རྗེ་ཕྲ་མོས་ནང་དུ་བརྒྱན། །མར་ཞུའི་སྣོད་ནི་ཟླུམ་པོར་གྲགས། །ལྟེ་བ་རིང་ཞིང་དྲི་མ་མེད། །རྡོ་རྗེ་ལ་སོགས་རྒྱན་དང་ལྡན། །ལྕི་བ་དང་ནི་ཡང་བ་སྤང་། །ཞི་བ་ལ་སོགས་བྱེ་བྲག་ཏུ། །བཞི་རུ་དབྱེ་བ་བདག་གིས་བསྟན། །དྲག་པོ་དེ་ནི་དུར་ཁྲོད་དུ། །དབང་ནི་ཆུ་ཡི་ངོགས་སུ་བྱ། །རྒྱས་པ་ཞིང་གི་དབུས་སུ་སྟེ། །ཡང་ན་དགོན་པ་ཆེན་པོ་རུ། །ཞི་བ་དེ་ནི་གྲོང་ཁྱེར་དུ། །ཡང་ན་རྒྱལ་པོ་ཡི་ནི་ཁབ། །རྟ་དང་གླང་པོ་ཆེན་པོ་དང་། །གཞོན་ནུ་མ་དང་བ་ལ་སོགས། །སྦྱིན་སྲེག་དུས་སུ་འབད་པ་ཡིས། །སྔགས་པས་སློབ་དཔོན་ལ་དབུལ་བྱ། །ཞ་བོ་འོན་པ་དམན་པ་ལའང་། །ཅི་ནུས་ཀྱིས་ནི་སྦྱིན་པར་བྱ། །དཔལ་ཡེ་ཤེས་ཐིག་ལེ་ལས་སྦྱིན་སྲེག་གི་ཆོ་ག་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ཚོགས་ཀྱི་འཁོར་ལོའི་གཏོར་མ་ཆེ། །ཁྱིམ་ནི་སུམ་ཐོག་གི་ནི་གནས། །ཆོམ་རྐུན་ཀུན་དང་བྲལ་བ་ཡི། །ཕྱི་རོལ་ཡུལ་མིན་ནང་གི་མིན། །སློབ་དཔོན་འདུས་ལས་བརྒྱན་པ་དང་། །རྡོ་རྗེ་མདའ་ནི་རྣམ་པར་གཟུགས། །རྡོ་རྗེ་སྐུད་ལ་སོགས་པས་བསྐོར། །དེ་ལྟ་བུ་ཡི་ཁང་མཆོག་ནི། །སྣ་ཚོགས་མེ་ཏོག་ལ་སོགས་ཀྱིས། །དཀྱིལ་འཁོར་ཐམས་ཅད་རྫོགས་པར་བྱ། །སིཧླ་ག་བུར་གྱིས་ནི་མཛེས། །དེ་རུ་མཆོད་སྦྱིན་དོན་དུ་ནི། །བྱོལ་སོང་གཟུགས་ནི་རབ་ཏུ་བླང་། །སྐྱེ་བ་གཅིག་གམ་གཉིས་པ་འམ། །ཡང་ན་གསུམ་པ་ལང་ཚོ་སར། །ནད་ཀུན་མེད་པ་བདེ་གྲུབ་པ། །དྲི་ཞིམ་རྡུལ་ནི་འབྱུང་བ་ཅན། །གང་ཞིག་མིག་ནི་ཡུན་རིངས་འཛུམས། །མཁས་པས་འབད་དེ་བླང་བར་བྱ། །སྣ་ཚོགས་པ་ཡི་མཆོད་སྦྱིན་གྱིས། །གྲི་གུག་རུང་བས་བརྟག་པར་བྱ། །ཡན་ལག་རབ་ཀྱི་པདྨའི་སྣོད། །བཏུང་བའི་དོན་དུ་བླ་མའི་མདུན། །ཕྱེད་ནི་འཁོར་ལོ་ལ་བྲིམ་སྟེ། །ཕྱེད་ནི་གཏོར་མར་གཏང་བར་བྱ། །ཁྲག་ཆེན་དང་ནི་ཤ་ཆེན་པོ། །ཅི་རྙེད་པ་ནི་བརྟག་པ་


DKG080_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །གཞན་ནི་སྣ་ཚོགས་མཆོག་བྱེ་བྲག། ཉ་དང་ཤ་ལ་སོགས་པར་ལྡན། །མི་འཚེ་བ་དང་སྐྱོན་ཀུན་བྲལ། །སྡིག་པ་མེད་དང་མ་བསླངས་པའོ། །ཆང་ནི་ཆེན་པོ་དང་ལྡན་པ། །གླུ་དང་རོལ་མོས་རབ་ཏུ་མཛེས། །སྒྲོན་མ་ལྔ་དང་བསྲེས་པས་ནི། །དེ་བཞིན་གཤེགས་པ་ལྔ་དང་ལྡན། །སྣ་ཚོགས་དབུས་སུ་ཡན་ལག་མཆོག། གང་བས་དཀྱིལ་འཁོར་མདུན་དུ་བཞག། ཇི་ལྟར་བླ་མ་མཆོད་དུས་སུ། །ཇི་བཞིན་པ་ཡི་ཕྱག་རྒྱ་བཅིང་། །དེ་བཞིན་དུ་ནི་ཚོགས་ཀྱིས་ཀྱང་། །རྩེ་གཅིག་གིས་ནི་བཅིང་བར་བྱ། །ལྡང་བ་འམ་ནི་འདུག་པའི་ཚེ། །ཚོགས་ཀྱི་གཙོ་ལ་ཕྱག་འཚལ་ལོ། །ཤིན་ཏུ་དབྱངས་ནི་སྙན་པ་ཡིས། །ཡིད་འཕྲོག་པ་ཡི་གླུ་བླང་བྱ། །ཐེ་ཚོམ་དང་ནི་ཚིགས་བཅད་མིན། །མ་གནང་རྡོ་རྗེ་གར་མི་བྱ། །རྐང་པ་རྐྱོང་དང་གཉིད་ལོག་པ། །ཚོགས་ཀྱི་འཁོར་ལོར་མི་བྱའོ། །དཔལ་ལྡན་རྡོ་རྗེ་སེམས་ཇི་བཞིན། །དཔལ་ལྡན་ལས་ཀྱི་རྡོ་རྗེའོ། །ཅི་མཛད་པ་དང་ཅི་གསུང་བ། །དེ་ནི་མཁས་པས་འབད་དེ་བསྒྲུབ། །དེ་ལྟར་མིན་ན་ཆད་པ་འབབ། །ཇི་ཙམ་ནུས་པ་ཡོད་པ་ཡིས། །དེ་རུ་དམ་ཚིག་དག་པ་ནི། །རྟག་ཏུ་བདག་ཉིད་བཞིན་བསྲུང་བྱ། །དམ་ཚིག་བསྲུངས་ན་འགྲུབ་པ་ནི། །ལྷ་ཡི་དབང་ཕྱུག་རྙེད་པའོ། །དམ་ཚིག་མཆོག་གི་ཡེ་ཤེས་ཏེ། །དད་པ་ཡིས་ནི་རྟག་ཏུ་བཟའ། །དགྱེས་པའི་དམ་ཚིག་ཟིན་ནས་སུ། །འཁོར་ལོ་དང་བཅས་རིགས་རབ་ཚིམ། །རབ་ཚིམ་བྱས་ནས་གཏོར་མ་དབུལ། །ནམ་ཕྱེད་ལམ་གྱི་བཞི་མདོར་རོ། །ཡང་ན་སུམ་མདོ་གྱེས་པ་རུ། །དུར་ཁྲོད་དམ་ནི་ཆུ་ངོགས་སུ། །ལྷག་མ་འམ་ནི་ཡང་ན་ཕུད། །དེ་ཀུན་བསྲེས་ཏེ་ཆུ་ཡིས་སྦྱང་། །གཞན་རྣམས་ཀུན་ནི་སོ་སོར་བཞག། རྩ་བ་ཇི་བཞིན་རིམ་པས་བཞག། རང་གནས་ཕྱིན་པ་ཙམ་གྱིས་ནི། །འཁོར་ལོ་ལ་ནི་སྣོད་གཅིག་བརྟག། སློབ་དཔོན་ལ་ནི་དུམ་བུ་གཅིག། འབད་པ་ཡིས་ནི་བསྲུང་བར་བྱ། །རང་གི་ཚོགས་ལའང་སྦྱིན་མི་བྱ། །རང་དབང་བསྐུར་བའང་དེ་བཞིན་ནོ། །གཡོན་གྱི་ཡན་ལག་ཕྱག་རྒྱས་གར། །གཡོན་གྱི་ལག་པས་མཆོད་པའོ། །གཡོན་གྱི་རྐང་པས་སྡུན་བྱས་ནས། །གཡོན་མིག་གིས་ནི་བལྟ་བྱའོ། །


DKG080_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

གལ་ཏེ་རེ་ཞིག་དེའི་དུས་སུ་རྣལ་འབྱོར་མས་བརྟག་པའི་དོན་གྱི་ཕྱིར་འོངས་ན་འཇིགས་པར་མི་བྱ་སྟེ། །སེང་གེ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བརྟག་གོ། །དེ་ལྟར་ཡང་རྣལ་འབྱོར་མ་ཀུན་གཟུགས་སྣ་ཚོགས་པ་དང་། ཕྱག་རྒྱ་སྣ་ཚོགས་པ་དང་། སྐད་སྣ་ཚོགས་པ་རབ་ཏུ་བྱེད་དོ། །གང་གི་ཚེ་དང་པོར་རྒྱང་རིང་པོ་ནས་ཧ་ཧར་རྒོད་པ་དེའི་ཚེ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་སྦྱིན་ནོ། །དེའི་དུས་སུ་ཧའི་ཡིག་འབྲུ་ལྔ་སྒྲ་ཆེན་པོས་བརྗོད་པར་བྱའོ། །ཅུང་ཟད་ཉེ་བར་འོངས་ན་ཨ་ལ་ལ་ཞེས་སྨྲ་བར་བྱའོ། །གང་གི་ཚེ་ཕྲད་ཙམ་ན་ལག་པ་བསྐོར་ན་དེའི་ཚེ་གྱེན་དུ་ལག་པའི་དབྱུག་པ་བསྒྲེང་བའི་མཛུབ་མོ་སྦྱིན་ནོ། །གང་གི་ཚེ་སྨིན་མ་འབྱེད་པར་བྱེད་ན་དེའི་ཚེ་འཇིགས་པར་ལྕེ་བསྒྲིལ་བར་བྱའོ། །གང་གི་ཚེ་སྟེང་དུ་བལྟ་བ་དེའི་ཚེ་གཡོན་བརྐྱང་བས་ས་མནན་པར་བྱའོ། །གང་གི་ཚེ་རྒྱབ་ནས་བལྟ་བ་དེའི་ཚེ་གཡས་བརྐྱང་བས་མནན་པར་བྱའོ། །གང་གི་ཚེ་རྣམ་པར་རྒོད་པ་དེའི་ཚེ་ཕེཾ་ཀ་ར་ཞེས་བརྗོད་པར་བྱའོ། །གང་གི་ཚེ་ངུ་བ་དེའི་ཚེ་རྒོད་པར་བྱའོ། །གང་གི་ཚེ་གར་བྱེད་པ་དེའི་ཚེ་སྟོང་ཁེངས་བྱའོ། །གང་གི་ཚེ་སྐྲ་བཀྲོལ་བ་དེའི་ཚེ་གཙུག་པུད་དགྲོལ་ལོ། །གང་གི་ཚེ་གོས་བོར་བར་བྱེད་པ་དེའི་ཚེ་ལངས་ཏེ་གཅི་བ་གཏང་བར་བྱའོ། །གང་གི་ཚེ་གཅི་བ་འཐུང་བ་དེའི་ཚེ་རྐང་པ་གཡོན་པའི་མཐེ་བོང་གིས་རྩྭ་བཏོག་པར་བྱའོ། །གང་གི་ཚེ་གཏམ་འདྲི་བ་དེའི་ཚེ་སྨྲ་བར་མི་བྱའོ། །གང་གི་ཚེ་འཕྲུག་པ་དེའི་ཚེ་རལ་པ་མདུད་པར་བྱའོ། །གང་གི་ཚེ་དཔྲལ་བར་རེག་པ་དེའི་ཚེ་སྟེང་གི་མཚམས་ཀྱི་མཐར་རེག་གོ། །གང་གི་ཚེ་རྣ་བར་རེག་པ་དེའི་ཚེ་མགྲིན་པ་ལ་རེག་པར་བྱའོ། །གང་གི་ཚེ་སྣ་ལ་རེག་པ་དེའི་ཚེ་ལྕེ་ཕྱིར་དབྱུང་ངོ་། །གང་གི་ཚེ་མགྲིན་པ་སྟོན་པ་དེའི་ཚེ་ལག་པ་བརྐྱང་བར་བྱའོ། །གང་གི་ཚེ་ནུ་མ་སྟོན་པ་དེའི་ཚེ་མིག་བསྲུབས་བསྐྱོད་པར་བྱའོ། །གང་གི་ཚེ་ལྟེ་བ་སྟོན་པ་དེའི་ཚེ་སེ་གོལ་སྦྱིན་པར་བྱའོ། །གང་གི་ཚེ་རྐེད་པ་བསྒུལ་པ་དེའི་ཚེ་མཚན་བསྟན་པར་བྱའོ། །གང་གི་ཚེ་རྐང་པ་རྐྱོང་བ་དེའི་ཚེ་མཐེའུ་ཆུང་གཉིས་ཁ་གདང་བར་བྱ་བ་དང་། མཛུབ་མོས་མིག་ཀྱང་དེ་བཞིན་ནོ། །སྣའི་ཕུར་མ་བར་མའི་ལྕེ་ཕྱིར་དབྱུང་བར་བྱ་ཞིང་གཡས་བརྐྱང་དང་གཡོན་བརྐྱང་སྦྱིན་ནོ། །གང་གི་ཚེ་སྣ་


DKG080_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་གཟུགས་བསྟན་པ་དེའི་ཚེ་འཁོར་ལོ་བཅུའི་སྔགས་བརྗོད་པར་བྱའོ། །གང་གི་ཚེ་ཡི་གེའི་དོན་བརྗོད་པ་དེའི་ཚེ་ཡི་གེས་ལན་བརྗོད་པར་བྱའོ། །གང་གི་ཚེ་ཕྱིར་བརྗོད་པ་དེའི་ཚེ་ཤའི་ལན་སྨྲ་བར་བྱའོ། །གང་གི་ཚེ་རྒྱལ་མཚན་ཞེས་སྨྲ་བ་དེའི་ཚེ་མཚན་ཞེས་སླར་བརྗོད་པར་བྱའོ། །གང་གི་ཚེ་པདྨ་བརྗོད་པ་དེའི་ཚེ་མངལ་ཞེས་བརྗོད་པར་བྱའོ། །གང་གི་ཚེ་གཤོལ་ཞེས་སྨྲ་བ་དེའི་ཚེ་ལག་པ་ཞེས་བརྗོད་པར་བྱའོ། །གང་གི་ཚེ་འདོད་པའི་ལེན་པ་དེའི་ཚེ་ཤ་ལི་ཞེས་སྨྲ་བར་བྱའོ། །གང་གི་ཚེ་ཚོན་རྩི་ཞེས་བརྗོད་པ་དེའི་ཚེ་ཟན་ཞེས་བརྗོད་པར་བྱའོ། །གང་གི་ཚེ་སྲོག་ཅེས་བརྗོད་པ་དེའི་ཚེ་ཆུ་ཟླ་ཞེས་སྨྲ་བར་བྱའོ། །གང་གི་ཚེ་རྙེད་པ་ཞེས་བརྗོད་པ་དེའི་ཚེ་ཡིད་ཅེས་བསྟན་ནོ། །གང་གི་ཚེ་མི་དགའ་བ་བརྗོད་པ་དེའི་ཚེ་ལམ་བསྟན་ནོ། །གང་གི་ཚེ་ཁྲོ་བ་ཞེས་བརྗོད་པ་དེའི་ཚེ་ཆང་བཏུང་ཞིང་སླར་བརྗོད་དོ། །གང་གི་ཚེ་མོད་པ་ཞེས་བརྗོད་པ་དེའི་ཚེ་ངལ་སོ་ཞེས་སྨྲའོ། །གང་གི་ཚེ་བརྟན་པ་ཞེས་བརྗོད་པ་དེའི་ཚེ་གཉིད་ཅེས་སྨྲའོ། །གང་གི་ཚེ་དུས་བརྗོད་པ་དེའི་ཚེ་དགའ་བ་ཞེས་སྨྲའོ། །གང་གི་ཚེ་ཟླ་བ་ཞེས་བརྗོད་པ་དེའི་ཚེ་གོས་ཞེས་སྨྲའོ། །གང་གི་ཚེ་ཉི་མ་དྲན་ནོ་ཞེས་བརྗོད་པ་དེའི་ཚེ་སྐོམ་ཞེས་སྨྲའོ། །གང་གི་ཚེ་མེ་ཞེས་བརྗོད་པ་དེའི་ཚེ་གྲིབ་མ་ཞེས་སྨྲའོ། །གང་གི་ཚེ་ཉ་ཞེས་བརྗོད་པ་དེའི་ཚེ་འོང་ཞེས་སྨྲའོ། །གང་གི་ཚེ་གླུའི་སྒྲ་བརྗོད་པ་དེའི་ཚེ་གསེར་ཞེས་སྨྲའོ། །གང་གི་ཚེ་ས་ལེ་སྦྲམ་ཞེས་སྨྲ་བ་དེའི་ཚེ་ཁྱེར་ཞེས་སྨྲའོ། །གང་གི་ཚེ་རོ་ཞེས་བརྗོད་པ་དེའི་ཚེ་ས་ཞེས་སྨྲའོ། །གང་གི་ཚེ་ང་རྒྱལ་ཞེས་བརྗོད་པ་དེའི་ཚེ་རླུང་ཞེས་སྨྲའོ། །གང་གི་ཚེ་མཚོ་ཞེས་སྨྲ་བ་དེའི་ཚེ་ལེགས་ཞེས་བརྗོད་དོ། །གང་གི་ཚེ་མདའ་ཞེས་བརྗོད་པ་དེའི་ཚེ་ཁྲིམས་འཆལ་ཞེས་སྨྲའོ། །གང་གི་ཚེ་ཆགས་པའི་སྒྲ་བྱེད་པ་དེའི་ཚེ་འོང་ཞེས་སྨྲའོ། །གང་གི་ཚེ་འོ་མ་ས་ཞེས་བརྗོད་པ་དེའི་ཚེ་སོང་ཞེས་སྨྲའོ། །གང་གི་ཚེ་སེར་སྣ་ཞེས་བརྗོད་པ་དེའི་ཚེ་གྲུབ་ཅེས་སྨྲའོ། །གང་གི་ཚེ་ཉལ་ཞེས་བརྗོད་པ་དེའི་ཚེ་མེད་ཅེས་བརྗོད་དོ། །གང་གི་ཚེ་འབྲུ་ཞེས་བརྗོད་པ་དེའི་ཚེ་ཡང་དག་ཅེས་སྨྲའོ། །གང་གི་ཚེ་རྒྱས་པ་ཞེས་བརྗོད་པ་དེའི་ཚེ་དྲི་ཆུ་ཞེས་བརྗོད་དོ། །གང་གི་ཚེ་རི་བོང་ཞེས་བརྗོད་པ་དེའི་ཚེ་དྲི་ཆེན་ཞེས་


DKG080_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དོ། །གང་གི་ཚེ་གཤོལ་ཞེས་བརྗོད་པ་དེའི་ཚེ་ཁྲག་ཅེས་སྨྲའོ། །གང་གི་ཚེ་གྲང་ཞེས་སྨྲ་བ་དེའི་ཚེ་ཁུ་བ་ཞེས་བརྗོད་དོ། །གང་གི་ཚེ་ཟླ་བ་ཞེས་བརྗོད་པ་དེའི་ཚེ་དགའ་བ་ཕྲད་ཅེས་སྨྲའོ། །གང་གི་ཚེ་པ་ལ་ཤ་ཞེས་བརྗོད་པ་དེའི་ཚེ་ངལ་ཞེས་སྨྲའོ། །གང་གི་ཚེ་སིན་དྷུ་བརྗོད་པ་དེའི་ཚེ་མི་ཁོམ་ཞེས་སྨྲའོ། །གཞན་ནི་རང་གི་ཡི་གེའི་རྩ་བའི་དོན་ཤེས་པར་བྱའོ། །བུད་མེད་གང་ཞིག་རྐང་ལག་ཆེན་པོ་དེ་ནི་གཡོན་དུ་གཏང་ངོ་། །བུད་མེད་གང་ཞིག་མིག་སེར་ཞིང་སྣ་ཉམས་པ་དེ་དག་གཡས་ཀྱི་ཆར་བཏང་། བུད་མེད་གང་ཞིག་སྣ་རིང་ལ་ལག་པ་དང་སོར་མོ་རིང་བ། སྤུ་མང་བ་དེ་དག་གི་མདུན་དུ་སེ་གོལ་གསུམ་སྦྱིན་པར་བྱའོ། །བུད་མེད་གང་ཞིག་ཁ་དོག་གནག་ཅིང་གསུས་ཁྱིམ་སྨད་དུ་འཕྱང་ལ་ནུ་མ་འཇོལ་ཞིང་སོ་ཆེ་བ་དེ་དག་གི་མདུན་དུ་གཅི་བ་བཏང་ངོ་། །བུད་མེད་གང་ཞིག་སྐྲ་སེར་ཞིང་མིག་ཟླུམ་ལ། སེན་མོ་རིང་བ་མགྲིན་པ་རིང་བ་དེ་དག་གི་མདུན་དུ་གད་རྒྱངས་ཆེན་པོ་བྱའོ། །བུད་མེད་གང་ཞིག་ཙམ་པའི་མེ་ཏོག་ལྟར་དཀར་ཞིང་སྐད་འཇམ་ལ་མིག་རིང་བ་སོ་རི་ལྟ་བུ་དྲི་ཞིམ་པོ་ལ་དགའ་ཞིང་བཞིན་ཅུང་ཟད་འཛུམ་པ། ཟུར་མིག་ལྟ་བ་མཉམ་པར་མ་བཞག་པར་དེ་ལྟ་བུ་བྱེད་པ་དེའི་མདུན་དུ་ཅང་མི་སྨྲ་བར་ས་ལ་བལྟ་ཞིང་མྱུར་བ་མྱུར་བར་གཡོན་ངོས་སུ་འགྲོ་བར་བྱའོ། །དེ་ལྟ་བུའི་དུས་སུ་སྙིང་པོའི་སྔགས་ཟློས་ཤིང་ཕྲེང་བ་བགྲང་བར་བྱའོ། །བུད་མེད་གང་ཞིག་སོར་མོ་གཅིག་ནི་མཛུབ་མོ་བརྐྱང་སྟེ། གཟུགས་སྔོན་པོ་དགའ་བར་ལྟ་བ་གོས་དཔུང་པའི་ངོས་སུ་འཕྱང་བ། སྨིན་མའི་དབུས་ན་དངོས་སུ་ཕྱག་རྒྱ་པདྨའི་དབྱིབས་སམ་འཁྲིལ་ཤིང་ངམ། ཡང་ན་ཨ་ཤོ་ཀ་མཉེན་པོའི་རྩེ་མོ་དང་འདྲ་བ་མཇུག་མ་དེ་དང་ལྷན་ཅིག་འབད་པས་འདུས་པ་བྱའོ། །དེས་ནི་ཐམས་ཅད་འགྲུབ་པར་བྱེད་པ་དང་། འབྲས་བུ་ཐམས་ཅད་བྱེད་པ་དགའ་བ་ཆེན་པོ་སྐྱེད་པར་བྱེད་པས། དེ་དང་ལྷན་ཅིག་གཏོར་མ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་རྒྱ་ཆེན་པོའི་སེམས་ཀྱིས་རྟོག་པ་མེད་པར་སྦྱིན་པར་བྱའོ། །ཤིན་ཏུ་རྒྱ་ཆེའི་སྣོད་དག་ཏུ། །ཆོ་ག་ཡིས་ནི་དགོད་པར་བྱ། །དབུས་སུ་དཔལ་ལྡན་འཇིགས་པའི་གཟུགས། །སྣ་ཚོགས་རུས་པའི་རྒྱན་དང་བཅས། །ཁྲག་ཆེན་པོས་ནི་ཡང་


DKG080_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དག་བཀང་། །ཀ་པཱ་ལ་ནི་ཕྱག་གཡས་སུའོ། །ལྷ་ཆེན་སྣ་ཚོགས་གཟུགས་དང་ལྡན། །ལངས་པ་ཕྱག་ནི་གཡོན་པས་སོ། །ནག་པོ་མེ་ཡི་དྲག་པོ་ཤར། །ནག་པོ་ཆེན་པོ་ལྷོ་ཕྱོགས་སུ། །ནུབ་ཀྱི་ཕྱོགས་སུ་འཇིགས་བྱེད་དང་། །དྲག་པོ་ཆེན་པོ་བྱང་གི་ཕྱོགས། །མེ་ཡི་མཚམས་དྲག་རལ་པ་ཅན། །ཆུ་བདག་མཚམས་སུ་དབྱུག་ནག་པོ། །རླུང་གི་མཚམས་སུ་རོ་ལངས་དྲག། དབང་ལྡན་ཧེ་རུ་ཀ་ནི་གནག། པགས་མགོ་མ་དང་། སྒྲ་མ་དང་། དྲག་མ་དང་། ཐོད་པ་མ་དང་། ནག་མོ་དང་། ཤ་ལི་དང་། གཏུམ་མོ་དང་། རིགས་མ་དང་། སྐོམ་མ་དང་། ཕག་མོ་དང་། ཤ་བ་རི་དང་། བྲམ་ཟེ་མོ་དང་། རལ་པ་གསུམ་མ་དང་། རལ་དྲག་མ་དང་། དྲག་མིག་མ་དང་། སྡུག་མ་དང་། གཡས་སྐོར་གཡོན་སྐོར་སྡུད་པ་ཡིས། སྣོད་རློན་པར་རིམ་པས་གཞག་གོ། །དེའི་ཕྱི་རོལ་དུ་འཇིག་རྟེན་སྐྱོང་བ་བརྒྱད་ཚོགས་མང་པོ་དང་བཅས་པས་བསྐོར་བའོ། །ཀླུ་ཆེན་པོ་བརྒྱད། ཕོ་ཉ་དང་། ཕོ་ཉ་མོ་དང་། ཙེ་ཏ་དང་། ཙི་ཏི་འཁོར་དང་བཅས་པའོ། །མཁའ་འགྲོ་དང་། མཁའ་འགྲོ་མ་དུ་མ་དང་། མ་མོ་མང་པོ་དང་། འབྱུང་པོ་དང་། ཡི་དགས་དང་། ཤ་ཟ་དང་། ཨུནྨཱ་ད་དང་། བརྗེད་བྱེད་དང་། གདུག་ངན་ཅན་གྲངས་མེད་པ་ཛཿཧཱུྃ་བྃ་ཧོཿགསོལ་ཅིག་གསོལ་ཅིག། དམ་ཚིག་བསྐྱང་བར་མཛོད་ཅིག། འཐུང་ཤིག། བདག་གི་ལས་ཐམསཅད་གྲུབ་པར་མཛོད་ཅིག། དམ་ཚིག་ཟུང་ཤིག། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དཔལ་ཡེ་ཤེས་ཐིག་ལེ་ལས་ཚོགས་ཀྱི་འཁོར་ལོའི་ཆོ་ག་དང་། གཏོར་མ་ཆེན་པོ་དང་། རྣལ་འབྱོར་མའི་མཚན་ཉིད་དང་། གསང་བའི་ཚིག་དང་། ཕྱག་རྒྱའི་བརྡ་ཞེས་བྱ་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ནས་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཡེ་ཤེས་རྒྱལ་དབང་པོ། །དཀྱིལ་འཁོར་མདོར་ནི་བསྟན་པ་གསུངས། །


DKG080_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རུ་ངེས་བསྟན་ཇི་ལྟར་ལགས། །མངའ་བདག་ཆེན་པོ་ཉིད་བཀའ་སྩོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་གྱི་ནི་ངེས་བསྟན་པ། །ཇི་བཞིན་དེ་ཉིད་དཔའ་བོ་ཉོན། །སྔར་གསུངས་པ་ཡི་རྒྱུད་དོན་ལས། །ཨཱ་ལི་ཀཱ་ལི་བདེ་བ་ཆེ། །མྃ་ཧཱུྃ་གཉིས་ལས་ཐིག་ལེའི་ཚུལ། །དེ་གཉིས་ལས་ནི་གྲི་གུག་པད། །ཡེ་ཤེས་མེ་འོད་ལས་ཡེ་ཤེས། །སྙིང་པོའི་བདག་ཉིད་ཞུ་ལས་བྱུང་། །ཆར་སྤྲིན་དང་ནི་མཉམ་པའི་མདོག། ཕྱག་ནི་བརྒྱད་གཉིས་པ་ཡིས་བརྒྱན། །བཅུ་དྲུག་ཕྱེད་ཀྱི་ཞལ་འཇིགས་པ། །ཞབས་བཞི་ཡིས་ནི་རབ་ཏུ་མཛེས། །ཉི་ཤུ་རྩ་བཞི་སྤྱན་གྱིས་ཕྱུག། གཏི་མུག་གསུམ་གྱི་མུན་ནག་འཇོམས། །དཀར་པོ་སེར་པོ་དམར་པོའི་ཞལ། །སྟེང་ཞལ་བུང་བའི་བྱད་གཟུགས་ཅན། །གཡོན་བརྐྱང་གཡས་བརྐྱང་ཞབས་ཀྱིས་ནི། །འཇིགས་བྱེད་ཟླ་ཉི་ཤིན་ཏུ་མནན། །འཇིགས་བྱེད་མ་ལྡན་ཀ་པཱ་ལ། །ཁྲག་གིས་བཀང་བ་ཕྱག་ན་བསྣམས། །ཞི་བའི་པགས་པ་ན་བཟའ་མཆོག། ཕྱག་གཉིས་ཀྱིས་ནི་གྱེན་དུ་བརྒྱངས། །ཚངས་པའི་པགས་པས་ཤམ་ཐབས་བྱས། །ཕྱག་རྒྱ་དྲུག་གིས་སྐུ་ལ་བཅིངས། །ཕྱག་རྒྱ་ཆེ་དང་གཉིས་མེད་སྦྱོར། །གར་དང་ལྡན་པའི་ཚངས་སྤྱོད་བཞུགས། །ཚངས་པའི་ཡུལ་ས་བྱེ་བ་གསོལ། །ཚངས་པའི་ཡུལ་སའི་ཞལ་གྱིས་བརྒྱན། །ཕྱག་རྒྱ་ཆེན་པོ་ནམ་མཁའ་སྔོ། །ཕྱག་གཉིས་པ་ནི་ན་བཟའ་གྲོལ། །གྲི་གུག་སྣོད་བསྣམས་ཞི་བའི་ཞལ། །སྤྱན་གསུམ་པ་དང་སྐྲ་བཀྲོལ་བ། །མགྲིན་པར་འཁྱུད་པ་གསང་བ་མཆོག། དཔའ་བོ་ལ་ནི་རང་བཞིན་བཞུགས། །དཔའ་བོ་མཆོག་གི་རྣམ་པ་དགྱེས། །སྣ་ཚོགས་རྡོ་རྗེའི་རལ་པས་བརྒྱན། །མགོན་པོ་སྣ་ཚོགས་ཟླ་ཅོད་པན། །སྣ་ཚོགས་ཚངས་པའི་ཆང་དང་ལྡན། །སྣ་ཚོགས་པདྨའི་གདན་ལ་བཞུགས། །སྣ་ཚོགས་བདག་ཉིད་སྣ་ཚོགས་འབྱུང་། །སྣ་ཚོགས་རུས་པའི་རྒྱན་དང་ལྡན། །སྣ་ཚོགས་མགོ་བོའི་ཕྲེང་བས་མཛེས། །སྣ་ཚོགས་གར་གྱི་རོ་དང་ལྡན། །སྣ་ཚོགས་གཏི་མུག་གཅོད་པར་མཛད། །སྣ་ཚོགས་སྒྱུ་འཕྲུལ་བདག་ཉིད་མགོན། །སྣ་ཚོགས་སྒྱུ་འཕྲུལ་འཇོམས་པར་མཛད། །


DKG080_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །དཔའ་བོ་རྣལ་འབྱོར་མ་ཡིས་བསྐོར། །འཇིག་རྟེན་སྐྱོང་བ་བརྒྱད་དང་ལྡན། །ཤིང་གི་རྒྱལ་པོ་བརྒྱད་ཀྱིས་བསྐོར། །དཀྱིལ་འཁོར་དགྱེས་པ་འཕར་མ་གཉིས། །ལྷ་ཡི་དབང་ཕྱུག་འདིར་བདག་རོལ། །དཔའ་བོ་རྣལ་འབྱོར་མ་དཀྱིལ་འཁོར། །ཇི་ལྟར་བདག་གིས་རོལ་པ་འདིར། །དེ་རུ་རེ་ཞིག་རིམ་པར་དགྱེས། །རྩེ་གཅིག་སེམས་ཀྱིས་ཁྱོད་ཉོན་ཅིག། དང་པོར་རེ་ཞིག་འཕར་མ་གཅིག། སྒོ་ལ་སོགས་པ་ཀ་བས་བརྒྱན། །གནས་དང་ཉེ་བའི་གནས་ཀྱི་རིམ། །ལྷ་ཡི་དབང་ཕྱུག་བདག་གིས་བཤད། །སྣ་ཚོགས་པདྨའི་འདབ་མའི་ཤར་གྱི་ཨཽ་དྱན་གྱི་གནས་སུ་ནམ་མཁའ་དྲི་མེད་དང་། ཟླ་བ་ཁ་དོག་ནག་པོའོ། །བྱང་དུ་ཛ་ལན་དྷ་རར་ཤིན་དུ་སྟོབས་ཆེན་དང་གཡོན་པ་མ་དཀར་པོའོ། །ནུབ་ཏུ་པུ་ལི་རར་ལྷའི་དབང་ཕྱུག་དང་ཉི་མཉམ་མ་སྐུ་མདོག་དམར་མོའོ། །ལྷོར་ཀཱ་མ་རཱུ་པར་གསང་བའི་བདག་པོ་དང་། རླུང་ཟ་མ་ཨུཏྤ་ལ་སྔོན་པོའི་མདོག་གོ། །མེ་མཚམས་སུ་མཱ་ལ་ཝར་ཉེ་བའི་གནས་སུ་འོད་དྲག་དང་བསིལ་སྦྱིན་མ་ལྗང་ཁུའོ། །གནོད་སྦྱིན་གྱི་མཚམས་སུ་སིན་དྷུའི་ཡུལ་དུ་ཉི་དགྲ་དང་། སྙིང་པོའི་འདབ་མ་སྐུ་མདོག་པདྨ་སྔོན་པོ་དང་འདྲ་བའོ། །རླུང་གི་མཚམས་སུ་ནཱ་ག་རར་མཆོད་དགའ་དང་། བག་ཡོད་ཐོར་ཅོག་མ་ཟླ་བ་ལྟར་དཀར་མོའོ། །དབང་ལྡན་གྱི་མཚམས་སུ་ཐམས་ཅད་ཀྱི་བྱེད་པ་པོ་དང་ཉི་འདུལ་མ་ཉི་མའི་འོད་ལྟ་བུའོ། །ཤར་སྒོར་མུམྨུ་ནིའི་ཞིང་དུ་ཨུཏྤ་ལའི་སྙིང་པོ་དང་། ཞི་བ་འཆི་བའི་ཕོ་ཉ་མོ་སྔོན་མོ་ཆེན་མོའོ། །བྱང་སྒོར་དེ་བི་ཀོ་ཊིར་ཞི་བ་ཆེན་པོའི་བདག་པོ་དང་ལྗང་བརྩོན་མ་གུར་གུམ་གྱི་མདོག་གོ། །ནུབ་སྒོར་ཉེ་ཞིང་ཀུ་ལུ་ཏར་ནག་པོ་འདུལ་མ་དང་འོད་བདུན་མ་དུད་པ་ནག་པོའི་མདོག་གོ། །ལྷོ་སྒོར་ཨར་བུ་དར་རྨད་དུ་བྱུང་བ་དཔའ་མོ་དང་ཚངས་པའི་མ་དུ་བའི་མདོག་གོ། །ཤར་ལྷོའི་མཚམས་སུ་ཚནྡོ་ཧ་ཧ་རི་ཀི་ལ་བར་དྲག་ཆེན་དང་ཁྱབ་འཇུག་མ་སྤྲིན་གྱི་མདོག་གོ། །བྱང་མཚམས་སུ་ཀུ་ཏ་བར་དྲེགས་འཇོམས་དང་ཁ་མ་གསེར་གྱི་མདོག་གོ། །ནུབ་མཚམས་སུ་ཉེ་བའི་ཚནྡོ་ཧ་ར་ལཱམྤ་ཀར་རི་རབ་བརྟན་མ་དང་ཐམས་ཅད་སྐྱེད་བྱེད་མ་དམར་ནག་གོ། །ལྷོ་


DKG080_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་སུ་ཀ་ཛྱཱུ་ཀར་ནམ་མཁའི་ཞལ་དང་དཔའ་བོའི་ཡུམ་གསེར་གྱི་མདོག་གོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྦྱོར་བའི་འཁྱུད་པ་དང་། སྐུ་མདོག་དང་བཞུགས་སྟབས་འདྲ་བའོ། །དཔའ་བོ་རྣམས་ནི་ཞལ་བཞི་དང་ཕྱག་བཞི་ན་ཁ་ཊྭཱྃ་ག་དང་། ཀ་པཱ་ལ་དང་། དྲིལ་བུ་དང་། རྔེའུ་ཆུང་བསྣམས་པའོ། །སྣ་ཚོགས་རྡོ་རྗེའི་གདན་པདྨའི་སྟེང་དུ་འཇིགས་བྱེད་ཀྱི་གདན་ལ་རྒྱལ་པོའི་བཞུགས་སྟབས་ཀྱིས་ཟླ་བ་དང་ཉི་མ་ཞབས་ཀྱིས་མནན་པ། མེའི་དཀྱིལ་འཁོར་གྱི་ནང་ན་ཉི་མ་བྱེ་བའི་འོད་པས་གསལ་བ་སྣང་བར་སྤྲོ་བའོ། །འཕར་མ་གཉིས་པར་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དང་། སྒོ་དང་རྟ་བབས་ལ་སོགས་པ་དང་། དུར་ཁྲོད་བརྒྱད་དང་ལྡན་པའོ། །དེའི་ཤར་གྱི་འདབ་མར་འདུས་པའི་གནས་ལས་ཀྱི་ཡུལ་དུ་སྐམ་པ་མ་སྤྲིན་མདོག་གོ། །བྱང་དུ་གསེར་གྱི་གླིང་དུ་འཇིགས་མ་ཁ་དོག་དམར་མོ་ཆེན་མོའོ། །ནུབ་ཏུ་ཉེ་བའི་འདུས་པ་ཀུ་ལུ་ཏར་འོད་མ་དམར་མོའོ། །ལྷོར་བིན་དུར་མཆུ་འཕྱངས་མ་པླ་ཀྴའི་མདོག་གོ། །མེའི་མཚམས་སུ་དུར་ཁྲོད་དུ་ཡི་དགས་འདུས་པར་རི་རབ་སོ་མ་ཟླ་བའི་མདོག་གོ། །གནོད་སྦྱིན་གྱི་མཚམས་ཆུ་ངོགས་སུ་དུས་ཀྱི་བདེ་བ་མར་མེའི་འོད་ཀྱི་མདོག་གོ། །རླུང་མཚམས་ཉེ་བའི་དུར་ཁྲོད་དུ་ཙ་རི་ཊར་ཉི་མིག་མ་གསེར་མདོག་གོ། །དབང་ལྡན་གྱི་མཚམས་གཞོན་ནུའི་གྲོང་ཁྱེར་དུ་མེའི་ཞལ་མ་གསེར་བཙོ་མའི་མདོག་གོ། །ཤར་སྒོར་པི་ལ་བ་ཀ་སྨི་རར་འདོད་པའི་མ་སེར་མོའོ། །བྱང་སྒོར་ཀི་ར་ཏར་ལྕེ་རིངས་མ་དཀར་མོའོ། །ནུབ་སྒོར་ཉེ་བའི་པི་ལ་བ་ནེ་པཱ་ལེར་ཆོས་དཀར་མ་ཟླ་བ་ལྟར་དཀར་མོའོ། །ལྷོ་སྒོར་ཀམྤ་ཛར་བདེན་མདོག་མ་མར་ཀ་ཏའི་མདོག་གོ། །ཤར་མཚམས་ལམ་གནས་ཤར་གྱི་ལུས་འཕགས་སུ་མིག་སྟོང་པ་རྡོ་རྗེ་ས་ལའི་མདོག་གོ། །བྱང་མཚམས་སུ་བྱང་གི་སྒྲ་མི་སྙན་དུ་སྟག་མོ་བཻ་ཌཱུརྱའི་མདོག་གོ། །ནུབ་མཚམས་སུ་བ་ལང་སྤྱོད་དུ་གཏུམ་མོ་མུ་ས་ར་བའི་མདོག་གོ། །ལྷོ་མཚམས་སུ་ཉེ་བའི་ལམ་འཛམ་བུའི་གླིང་དུ་འདོད་པའི་གཟུགས་མ་སྣ་ཚོགས་མདོག་གོ། །རྣལ་འབྱོར་མ་ཐམས་ཅད་ཞལ་བཞི་མ། སྤྱན་གསུམ་གསུམ་ཕྱག་བཞི་མ། སྐྲ་དང་ན་བཟའ་གྲོལ་བ། །རལ་གྲི་དང་ཀ་པཱ་ལ་དང་། ཁ་ཊྭཱྃ་ག་དང་།


DKG080_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྔེའུ་ཆུང་བསྣམས་པའོ། །རོའི་སྟེང་དུ་གཡོན་བརྐྱང་བས་བཞུགས་པའོ། །ཡང་ན་རྒྱལ་པོའི་བཞུགས་སྟབས་སུ་རང་འོད་ཀྱི་ཐབས་ལ་འཁྱུད་པ། རུས་པའི་རྒྱན་གྱིས་བརྒྱན་པ་བསྒོམ་པར་བྱའོ། །དེ་ལྟའི་དཀྱིལ་འཁོར་རྒྱལ་དབང་པོ། །རྒྱུད་ཀུན་དུ་ནི་རྙེད་པ་དཀའ། །ལུས་དང་བྷ་ག་བྱང་ཆུབ་སེམས། །དཀྱིལ་འཁོར་གསུམ་ནི་རབ་མཆོག་གོ། །ཡང་ན་སྙིང་པོ་དཀྱིལ་འཁོར་བསྟན། །རང་གི་བདེ་བ་ལེན་པའི་ཕྱིར། །མ་ཡི་ཡིག་འབྲུ་འདབ་མར་བརྗོད། །ཎ་ཡི་ཡིག་འབྲུ་ལྟེ་བར་དྲན། །ཌ་ཡི་ཡིག་འབྲུ་གེ་སར་དག། ལ་ཡི་ཡིག་འབྲུ་དེ་བདེ་འདྲ། །མ་ཡི་ཡིག་འབྲུ་རིན་ཆེན་གྲགས། །ཎ་ཡི་ཡིག་འབྲུ་མདུད་པར་བརྗོད། །ཌ་ཡི་ཡིག་འབྲུ་རིང་པོའི་དངོས། །ལ་ཡི་ཡིག་འབྲུ་ཁར་བརྗོད་དོ། །མ་ཡི་ཡིག་འབྲུ་ཤུ་ཀྲའི་གཟུགས། །ཎ་ཡི་ཡིག་འབྲུ་ཞུ་བའི་དངོས། །ཌ་ཡི་ཡིག་འབྲུ་འོད་དང་ལྡན། །ལ་ཡི་ཡིག་འབྲུ་བདེ་བའི་གཟུགས། །མ་ནི་སྣང་བའི་འདུ་ཤེས་གྲགས། །ཎ་ནི་ཡིག་འབྲུ་སྣང་བ་མཆེད། །ཌ་ནི་སྣང་བ་སྣང་བ་ཐོབ། །ལ་ནི་ཡང་དག་དྲི་མེད་མཆོག། མ་ཡི་ཡིག་འབྲུ་དགའ་བར་གྲགས། །ཎ་ཡི་ཡིག་འབྲུ་མཆོག་ཏུ་དྲན། །ཌ་ཡི་ཡིག་འབྲུ་དགའ་བྲལ་དགའ། །ལ་ནི་ལྷན་ཅིག་སྐྱེས་པར་དྲན། །མ་ཡི་ཡིག་འབྲུ་ས་ཞེས་བྱ། །ཎ་ཡི་ཡིག་འབྲུ་ཆུ་རུ་བསྟན། །ཌ་ཡི་ཡིག་འབྲུ་དེ་ནི་མེ། །ལ་ཡི་ཡིག་འབྲུ་རླུང་གི་གཟུགས། །གཡོ་བའི་ཕྱིར་ནི་རླུང་དུ་བརྗོད། །ཡང་ན་ཁྱབ་པའི་ཕྱིར་ནི་དྲན། །ཡེ་ཤེས་རྙེད་པ་ཡི་ནི་ཕྱིར། །བདེ་བ་ཡི་ནི་ཆེན་པོ་ལེན། །ཡེ་ཤེས་ངོ་བོ་བདེ་བ་ཆེ། །དཀྱིལ་འཁོར་དུ་ནི་ཡང་དག་བཞུགས། །དཀྱིལ་འཁོར་སངས་རྒྱས་རིན་ཆེན་གཙོ། །ཐིག་ལེའི་ངོ་བོ་ཡི་གེ་བྲལ། །རྣམ་པ་ཐམས་ཅད་རྣམ་པ་མེད། །ཕྱག་རྒྱ་དང་ནི་སྔགས་དང་བྲལ། །སྔགས་ཆེན་ཀུན་དགའ་ར་བའི་ལམ། །དབྱངས་དང་གསལ་བྱེད་དང་བྲལ་བ། །དྲི་མ་མེད་པ་བཅོས་མ་མེད། །རྒྱུ་མཚན་དང་ནི་གཞི་མེད་པ། །ཡང་དག་དྲི་མེད་གནས་དག་པ། །རང་བཞིན་གྲགས་པ་སྐྱེ་མེད་མཁའ། །དཔའ་བོའི་ངོ་བོར་གྲགས་པ་བདག། རྣམ་པ་ཀུན་ཏུ་ཡང་དག་


DKG080_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །དཀྱིལ་འཁོར་དཀྱིལ་འཁོར་པ་དང་བདག། དཀྱིལ་འཁོར་གྱི་ནི་བདག་པོ་བདག། དཔའ་བོ་འཆང་དང་ཉན་པ་བདག། བྱེད་དང་འཕྲོག་དང་མངའ་བདག་བདག། ཆོས་ཀུན་གྱི་ནི་རང་ངོ་བདག། སྟོང་དང་སྙིང་རྗེ་གཉིས་སུ་མེད། །སྟོང་པ་ཆེན་པོ་རང་ངོ་གྲགས། །གང་དུ་མི་དམིགས་པ་ནི་བདག། དངོས་པོ་མ་ཡིན་བསམ་མི་བྱ། །དངོས་བདག་དེ་ཡང་དེ་ཉིད་མིན། །དངོས་དང་དངོས་མིན་རྣམ་པར་གྲོལ། །དངོས་དང་དངོས་མེད་བདག་ཉིད་བདག། དངོས་དང་དངོས་མེད་གཉིས་ལས་འབྱུང་། །དངོས་དང་དངོས་མེད་ནང་ཡོད་དོ། །བུར་ཤིང་གི་ནི་རོ་ཇི་བཞིན། །ཇི་ལྟར་ཏིལ་གྱི་ནང་གི་མར། །ཇི་ལྟར་ཤིང་གི་ནང་གི་མེ། །དེ་བཞིན་ཐམས་ཅད་བདག་ཉིད་བཞུགས། །འོན་ཀྱང་ཡེ་ཤེས་སེམས་དཔའ་ཡིས། །བདག་ཏུ་འཛིན་པར་མི་བྱའོ། །བདག་འཛིན་པ་ནི་ཉོན་མོངས་ཆེ། །སེམས་ཅན་དོན་ལས་ཉེ་བར་ཉམས། །སེམས་ཅན་དོན་ལས་བསོད་ནམས་གཞན། །ཆེ་བ་གང་ན་ཡང་ནི་མེད། །རང་དོན་སྒྲུབ་ལ་བསོད་ནམས་མིན། །སྐྱེས་བུ་ཆེན་པོས་འདི་ལྟ་བུ། །རང་དོན་མ་རུངས་པ་ནི་དོར། །གཞན་ལ་སྡང་ཉམས་ཉན་ཐོས་སེམས། །རང་དོན་གཏི་མུག་འཛིན་པས་ནོན། །སེམས་ཅན་དོན་ལ་རྒྱབ་ཀྱིས་ཕྱོགས། །གྲུབ་པ་ཆེན་པོ་འདོད་པ་ཡིས། །དེ་དང་ལྷན་ཅིག་གནས་མི་བྱ། །དེ་ལ་གཏམ་ཡང་མི་བྱ་སྟེ། །ཐབས་དང་མི་ལྡན་འཇིགས་པ་ཡིས། །མགོ་ལ་ནོར་བུས་བརྒྱན་ཀྱང་ནི། །སྦྲུལ་ནག་བཞིན་དུ་དོར་བར་བྱ། །ཉན་ཐོས་དེ་དང་ནམ་ཡང་མིན། །དེ་བས་མུ་སྟེགས་འདུས་པ་མཆོག། ཇི་ལྟར་འཐིང་ཤིང་སྣོད་ཆག་པ། །དེ་ནི་གང་དུའང་དགོས་པ་མེད། །དེ་བཞིན་ཉན་ཐོས་ཚུལ་ཁྲིམས་ཉམས། །གང་ཚེ་རང་གི་ཆོས་ཀྱི་ནི། །ལྟ་བ་བསྟན་ཀྱང་དྲི་མ་ཅན། །དེ་ཚེ་དེ་ལ་དགོས་པ་མེད། །བྱང་ཆུབ་སེམས་དཔའ་ཁྲིམས་ཉམས་ཀྱང་། །དེ་ལ་ལྟུང་བ་འབྱུང་བ་མིན། །ཡང་དག་ལྟ་དང་གཞན་དོན་ཅན། །དེ་འདྲའི་ཐབས་དང་ལྡན་པས་ན། །ཉེས་པས་གོས་པར་མི་འགྱུར་ཏེ། །ཆུ་ཡིས་པདྨ་ཇི་བཞིན་ནོ། །མུ་སྟེགས་པ་འམ་ཉན་ཐོས་ལ། །དམན་ཡང་དེ་ལ་སྨད་མི་


DKG080_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །ཡེ་ཤེས་དཀྱིལ་འཁོར་མཐར་ཕྱིན་པས། །དད་པས་དེ་དག་མཆོད་མི་བྱ། །ཕྱི་ཡི་འཕར་མ་གཅིག་གནས་སུ། །དཀྱིལ་འཁོར་འདིར་བཞུགས་རྣལ་འབྱོར་མ། །རྟག་ཏུ་མེ་ཏོག་སྤོས་ལ་སོགས། །སྔགས་འདི་ཡིས་ནི་མཆོད་པར་བྱ། །ཨོཾ་ནི་དང་པོར་ཧཱུྃ་ཕཊ་མཐར། །བར་དུ་མིང་ནི་སྤེལ་བར་བྱ། །སྣ་ཚོགས་ལྔ་ཡི་མཆོད་སྦྱིན་གྱིས། །དཀྱིལ་འཁོར་ས་ལ་རབ་ཏུ་མཆོད། །མཆོད་ན་ཐེ་ཚོམ་མེད་པར་ནི། །གྲུབ་པ་ཆེན་པོ་རྙེད་པར་འགྱུར། །དཔལ་ཡེ་ཤེས་ཐིག་ལེ་ལས་རྣམ་པ་དང་བཅས་པའི་དཀྱིལ་འཁོར་སྒོམ་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །ཡེ་ཤེས་ཉི་མ་བཅོམ་ལྡན་འདས། །སྙིང་གའི་པདྨ་ཁ་འབྱེད་པ། །གང་ཞིག་བདག་ནི་ཅི་ཞུ་བ། །བདག་ལ་ཐུགས་རྗེ་ཆེན་པོས་གསུངས། །སྔགས་ཀྱི་བཟླས་པ་དང་། མཆོད་སྦྱིན་དང་། མཆོད་པ་དང་། དབང་བསྐུར་བ་དང་། གནས་ཀྱི་མདོར་བསྟན་པ་དང་། སྦྱིན་སྲེག་དང་། གཏོར་མ་ཆེན་པོའི་རིམ་པས་འདིར་བཅོམ་ལྡན་འདས་ཀྱིས་བདག་ལ་ངེས་པའི་དོན་བསྟན་པ་བཀའ་སྩལ་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་ཀྱི་བཟླས་པའི་ངེས་པའི་དོན། །ཉོན་ཅིག་ཡང་དག་བདག་གིས་བཤད། །དགའ་བ་ལ་སོགས་པ་ལས་འབྱུང་། །ཡིད་ནི་སྔགས་ཞེས་བརྗོད་པ་ཡིན། །ཡང་ནི་སྲུབ་དང་བསྲུབས་པའི་སྔགས། །སྔགས་ནི་བདུད་རྩིར་བསྟན་པའོ། །ལམ་གྱི་ཐར་པ་དེ་ནི་སྔགས། །ཚིགས་རྒྱས་པ་ནི་དེ་བཞིན་ནོ། །ཕྲད་པ་གཉིས་ཀྱི་དབུས་ན་གནས། །དེ་ནི་དོན་དམ་པ་ཡི་སྔགས། །སྔགས་ནི་ཨཱ་ལི་ཀཱ་ལི་ཡིན། །བརྗོད་པ་དེ་ནི་བཟླས་པའོ། །བསྐྱེད་དང་རྫོགས་དང་བྱེ་བྲག་ཏུ། །སྔགས་ཀྱི་བཟླས་པ་རབ་ཏུ་གྲགས། །གང་དུ་རྐེ་དང་རྐན་ནི་གཉིས། །བསྐྱོད་པ་གང་དུ་མི་འབྱུང་བ། །སྲོག་གི་རྩ་བའི་ནང་ཡོད་པ། །ལུགས་དང་ལུགས་མིན་རྒྱུན་མི་འཆད། །ཐིག་ལེ་གསུམ་དང་ཡིག་གསུམ་དག། རང་འོད་མ་བཅོས་བརྗོད་པར་བྱ། །རྐན་གྱི་ནང་དུ་ལྕེ་འཇུག་པ། །


DKG080_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མ་ཡིས་ནི་མནན་པར་བྱ། །ཡང་ནི་རྩེ་མོའི་ཆ་ཡིས་རེག། མཉམ་སྦྱོར་རྣམ་པའི་བསམ་གཏན་གྱིས། །གྲགས་པ་ཡོད་པའི་བདུད་རྩི་བཞིན། །དེ་ནས་ཚུལ་ནི་འབྱུང་བར་འགྱུར། །སྤྲུལ་པའི་རིམ་པའི་བྱེ་བྲག་ཏུ། །ཐིག་ལེ་དྲངས་པ་བདེ་བའི་སྐུ། །མཆོད་སྦྱིན་དཀྱིལ་འཁོར་གྱིས་ནི་བརྒྱན། །དེ་ཡི་བསྐྱེད་རིམ་བདག་གིས་བཤད། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །དགྱེས་པའི་གནས་བསྟེན་མཆོད་སྦྱིན་ནོ། །མཆོག་དགའ་འབྱུང་བའི་མཆོད་སྦྱིན་ནི། །རབ་ཀྱི་དཀྱིལ་འཁོར་དེ་རུ་བྱ། །མཆོག་གི་དགའ་བ་འཁོར་བར་བསྟན། །ཀཱ་ལི་ཡེ་ཤེས་མཚན་ཉིད་དོ། །སྐུ་བརྒྱད་བདག་ཉིད་མཆོད་སྦྱིན་ནི། །གནས་བརྒྱད་པར་ནི་མཆོད་པར་བྱ། །ཇི་བཞིན་རྣལ་འབྱོར་མ་ཡི་འབྱུང་། །དེ་ཡི་དོན་ནི་བདག་གིས་བཤད། །སུམ་ཅུ་རྩ་གཉིས་ཡིག་གཟུགས་ཀྱིས། །ཀཱ་ལིའི་ཐིག་ལེས་གཙོ་བོའི་ཕྱིར། །སྒོམ་པའི་དབང་པོས་གནས་ལ་སོགས། །ལྷ་མོ་བཅས་པས་མཆོད་པར་བྱ། །ལྷ་མོ་ཀུན་དང་གནས་ལ་སོགས། །ལྷ་ཡི་དབང་ཕྱུག་སྐྱབས་ཡིན་ནོ། །ལྷ་མོ་འདི་རུ་རྩ་ཡིན་ཏེ། །འབྱུང་བ་དང་ནི་གནས་ས་བྱེད། །སྐྱབས་ལས་རྣམ་པར་རྫོགས་པ་ཡིན། །མཚན་དང་དཔེ་བྱད་ལྡན་པའོ། །གྲུ་གསུམ་དབུས་སུ་བཅོམ་ལྡན་འདས། །ཨུཏྤལ་སྔོན་པོའི་མདོག་དང་འདྲ། །སྣ་ཚོགས་པདྨའི་གདན་དབུས་སུ། །བདུད་བཞི་ཡི་ནི་སྟེང་ན་བཞུགས། །ཞལ་ནི་བཅུ་དྲུག་ཕྱག་བཅུ་དྲུག། ཞལ་ནི་སོ་སོར་སྤྱན་གསུམ་མོ། །སེར་པོ་དམར་པོ་ལྗང་ཁུའི་ཞལ། །རི་བོང་ཅན་ནི་གཡོན་སྐོར་ཞིང་། །ཞལ་གཞན་ཀུན་ནི་བུང་བ་བཞིན། །སྟེང་གི་ཞལ་ནི་འཇིགས་པའོ། །གཤིན་རྗེའི་པགས་པས་རྣམ་དཀྲིས་བྱས། །དམ་བཅས་དོན་ཕྱིར་བརྟུལ་ཞུགས་དོན། །སངས་རྒྱས་ཕྲེང་བའི་དོ་ཤལ་བྱས། །མགོ་བོ་ཡི་ནི་ཆུན་འཕྱང་བརྒྱན། །གར་དགུ་ཡི་ནི་རོ་དང་ལྡན། །སྐུ་ནི་ཕྱག་རྒྱ་དྲུག་གིས་མཛེས། །སྣ་ཚོགས་རུས་པའི་རྒྱན་དང་ལྡན། །སྣ་ཚོགས་འོད་ཀྱི་སྣང་བས་འབར། ཡེ་ཤེས་མཁའ་འགྲོ་བདེ་བ་ཆེ། །ལེགས་དགྱེས་དབང་མོ་གཉིས་མེད་སྦྱོར། །དུར་ཁྲོད་ཀྱི་ནི་ཐལ་བས་བྱུགས། །


DKG080_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བགྲད་པས་བདེ་བར་བཞུགས། །གཡས་བརྐྱང་བ་ཡི་གར་དང་ལྡན། །གསང་བའི་དོན་གནས་བརྡ་བྱེད་པ། །མཁའ་འགྲོ་མ་ཡི་ཚོགས་ཀྱིས་བསྐོར། །དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས། །རྡོ་རྗེ་དྲིལ་བུ་གཉིས་མེད་སྦྱོར། །ཚངས་པ་ཡི་ནི་པགས་པས་ཁེབས། །མདའ་གཞུ་འཁོར་ལོ་རིན་པོ་ཆེ། །རལ་གྲི་རྩེ་གསུམ་རྔེའུ་ཆུང་དང་། །ཟླ་བ་ཉི་མ་སྟ་རེ་སྣོད། །ཁ་ཊྭཱྃ་ག་དང་ཐོད་པའོ། །བཅོམ་ལྡན་འདས་མ་དེ་དང་འདྲ། །ཡང་ན་ཕྱག་ནི་གཉིས་མའོ། །རྡོ་རྗེ་གྲི་གུག་འཛིན་པས་འཁྱུད། །ཞི་བ་སྤྱན་ནི་གསུམ་པའོ། །ནང་གི་འཕར་མ་དགྱེས་པ་ནི། །ཟླ་བ་གང་བ་བཞིན་དུ་དག། སྣ་ཚོགས་པདྨ་ཡི་ནི་གཞི། །འདབ་མ་བརྒྱད་ཀྱིས་རྣམ་པར་མཛེས། །ཕྱི་མ་གྲུ་བཞི་རུ་ནི་གྲགས། །སྣ་ཚོགས་རྡོ་རྗེའི་སྟེང་དུའོ། །ཡི་དགས་ཆེན་པོའི་ཕྲེང་བས་ལྡན། །སྣ་ཚོགས་དཔའ་བོས་ཉེ་བར་མཛེས། །སྣ་ཚོགས་པ་ཡི་ཤིང་གིས་བསྐོར། །སྣ་ཚོགས་རྣལ་འབྱོར་མ་དང་ལྡན། །དེའི་ནང་དུ་གྲུ་གསུམ་གྱི་ཕྱག་རྒྱའི་གྲྭ་ནི་དཔལ་ཨཽ་དྱན་དང་ཛ་ལན་དྷ་ར་དང་། པུ་ལཱི་ར་སྟེ། མགོ་བོ་དང་། གཙུག་པུད་དང་། སྤྱི་བོར་ལེགས་དགྱེས་རྡོ་རྗེ་མ་དང་། རྡོ་རྗེ་འཚེད་མ་དང་། རྡོ་རྗེ་གླང་ཆེན་མ་བཅོམ་ལྡན་འདས་ལ་སྐུལ་བར་བྱེད་ཅིང་ཕྱག་གི་འཕར་མ་འབར་བར་རོ་མཆོག་ཆེན་པོའི་སྣོད་ཀྱིས་མཆོད་སྦྱིན་འབུལ་བར་བྱེད་ཅིང་ཚངས་པའི་བུ་གར་རྩེ་སྦྱར་གྱི་ཕྱག་རྒྱ་བྱེད་པ་སྟེ་མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ་ཏེ་ལྷག་མས་མཐེ་བོང་མནན་ནས། མཛུབ་མོ་སྦྱར་བ་འོག་ཏུ་བཅིངས་པའི་སྐུ་ཡི་དགས་ཆེན་པོའི་སྟེང་ན་གཡོན་བརྐྱང་བས་གནས་པ། སྤྱན་གསུམ་པ། སྐྲ་གྲོལ་ཞིང་ན་བཟའ་གྲོལ་བ། ཆུ་སྐྱེས་རྒྱས་པ། བཅོམ་ལྡན་འདས་ལ་བལྟ་ཞིང་བཞུགས་པའོ། །ཤར་གྱི་ཕྱོགས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཀཱ་མ་རཱུ་པ་སྟེ། སྨིན་མའི་དབུས་སུ་འཇིགས་མའོ། །དེའི་ཤར་གྱི་འདབ་མར་མཱ་ལ་ཝ་སྟེ་སྣའི་རྩེ་མོར་དཔའ་མོའོ། །བྱང་གི་འདབ་མར་སིན་དྷུ་སྟེ་མིག་གཉིས་སུ་ཆང་འཐུང་མའོ། །ནུབ་ཀྱི་འདབ་མར་ནཱ་ག་ར་སྟེ་རྣ་བ་གཉིས་སུ་འཇིགས་བྱེད་མའོ། །ལྷོ་ཡི་འདབ་


DKG080_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མར་སིང་ག་ལ་སྟེ་ཁའི་པདྨར་ཕོ་ཉ་མའོ། །བྱང་མཚམས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་མུམྨུ་ནི་སྟེ། ཀོས་ཀོར་སྟོབས་ཆེན་མའོ། །དེའི་ཤར་གྱི་འདབ་མར་དེ་བི་ཀོ་ཊི་སྟེ། སྐེའི་གླིང་བུར་རྟ་མགྲིན་མའོ། །བྱང་གི་འདབ་མར་ཀུ་ལུ་ཏ་སྟེ། རྒྱབ་ཀྱི་གླིང་བུར་རྟ་རྣ་མའོ། །ནུབ་ཀྱི་འདབ་མའི་ཨར་བུ་ཏར་ནུ་མ་གཉིས་སུ་གླང་ཆེན་སྣ་མའོ། །ལྷོའི་འདབ་མར་ཏ་ལི་ཀི་ལི་བ་སྟེ། སྙིང་གར་གླང་ཆེན་ལྟོ་བ་མའོ། །ནུབ་ཕྱོགས་ཀྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་གོ་ད་བ་རི་སྟེ། ལྟེ་བའི་གནས་སུ་མེ་མའོ། །དེའི་ཤར་གྱི་འདབ་མར་ལམ་པ་ཀ་སྟེ། གསང་བའི་པདྨར་ཆུ་རྒྱུན་མའོ། །བྱང་གི་འདབ་མར་ཀཉྩི་ཀ་སྟེ། མཚན་གྱི་དབུས་སུ་རི་བོང་ཅན་མའོ། །ནུབ་ཀྱི་འདབ་མར་ལས་ཀྱི་ཡུལ་ཏེ། མཚན་རྩེར་ཉི་མའི་འོད་མའོ། །ལྷོ་ཡི་འདབ་མར་གསེར་གླིང་སྟེ། བཤང་ཁའི་གནས་སུ་དུང་སྣ་མའོ། །ལྷོ་ཕྱོགས་ཀྱི་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཀོང་ཀ་ན་སྟེ། བརླ་གཉིས་སུ་དུང་གཙུག་མའོ། །ཤར་གྱི་འདབ་མར་བིན་དྷུ་སྟེ། པུས་མོ་གཉིས་སུ་དུང་ལྟེ་མའོ། །བྱང་གི་འདབ་མར་ཡི་དགས་འདུས་པ་སྟེ། རྗེ་ངར་གཉིས་སུ་སྟོབས་ཆེན་མའོ། །ནུབ་ཀྱི་འདབ་མར་རྒྱ་མཚོའི་ངོགས་ཏེ། རྐང་པ་གཉིས་སུ་བྱ་རྒོད་མའོ། །ལྷོའི་འདབ་མར་ཙ་རི་ཊ་སྟེ། སོར་མོ་ལ་རྒོད་ཁ་མའོ། །དེའི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བཞིའི་འདབ་མ་ལ་དགོད་དོ། །འདབ་མ་ལྷག་མ་ཀུན་ལ་ཁྲག་ཆེན་པོས་ཤིན་ཏུ་གང་བའི་ཀ་པཱ་ལ་དང་ལྡན་པའི་སྣ་ཚོགས་ཆེན་པོའི་བུམ་པ་ཁ་རྒྱན་བཙུགས་པ། བདུད་རྩི་ཆེན་པོས་ལྟོ་བ་གང་བ། དར་སྣ་ཚོགས་ཀྱིས་མགྲིན་པ་མཐོ་བར་བསྐོར་བའོ། །ཤར་མཚམས་སུ་ཀུ་མཱ་ར་པུ་རི་དང་། ཀསྨི་ར་སྟེ་མཐེ་བོང་དང་ལུས་ཐམས་ཅད་ལ་ཧོར་པ་མ་དང་ཧོར་མིག་མའོ། །བྱང་མཚམས་སུ་ཀི་ར་ཏ་དང་། ནེ་པཱ་ལ་སྟེ་རྐང་པ་གཉིས་ལ་ལྷག་པར་ཧོར་མགོ་མ་དང་དེ་བཞིན་དུ་དམར་མོའོ། །ནུབ་མཚམས་སུ་ཀམ་བུ་ཛ་དང་། ཤར་གྱི་ལུས་འཕགས་ཏེ་རྐེད་པ་དང་། སྙིང་གར་མིག་དམར་དང་སྲོག་མའོ། །ལྷོ་མཚམས་སུ་བྱང་གི་སྒྲ་མི་སྙན་དང་བན་ལང་སྤྱོད་དེ་ལྟེ་བའི་ལྟེ་བ་དང་། སྤྲུལ་པའི་སྙིང་པོར་འཛིན་མ་དང་རོ་མའོ། །


DKG080_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འཛམ་བུའི་གླིང་དུ་གདགས་པའི་པདྨའི་སྣར་བཅོམ་ལྡན་འདས་དང་ཨ་བ་དྷཱུ་ཏཱིའོ། །དེ་ལྟ་བུ་ནི་ནང་གི་འཕར་མས་བདེ་བ་ཆེན་པོའི་འཁོར་ལོ་ན་ཡོད་པའི་རྩ་སུམ་ཅུ་རྩ་གཉིས་རྣམ་པར་དག་པར་ཕྱི་མ་ཕྱི་མར་རྒྱུད་ཀྱི་གོ་རིམས་རྣལ་འབྱོར་མ་རྣམས་ཀྱི་ནང་གི་དག་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ཕྱི་རོལ་ཏུ་མཚན་དང་དཔེ་བྱད་དང་ལྡན་པ་རྣམ་པ་དང་བཅས་པ་བརྒྱད་གཉིས་ཀྱི་ལོའོ། །བྱད་གཟུགས་མཛེས་པ་ཆེན་པོའི་ཤ་རྒྱས་པས་དྲེགས་པ། སྒེག་པའི་ང་རྒྱལ་ཅན་ཕྱག་བཞི་པ་སྤྱན་གསུམ་པ། སྲ་ཞིང་མཐོ་བའི་ནུ་མ་དང་། རུས་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཕྱག་རྒྱ་ལྔ་འཛིན་པ། གཡོན་བརྐྱང་བས་རོའི་སྟེང་ན་གནས་པ། ཀ་པཱ་ལ་དང་། ཁ་ཊྭཱྃ་ག་དང་། མདའ་གཞུ་ཁེངས་པར་འགེངས་པ། བདུད་གྲངས་མེད་པ་འཇོམས་པ་ཁོ་ན། སྐུ་མདོག་སྣ་ཚོགས་པ་མཛེས་པའི་གཟུགས་འཛིན་པ། ཐུགས་རྗེ་ཆེན་པོས་སེམས་ཅན་འགུགས་མ། སེམས་ཅན་གྱི་དོན་མཛད་པ་ལ་བརྩོན་པ། བྲེལ་བ་དང་མི་མཁྱེན་པ་མེད་པའི་སེམས་དང་ལྡན་པའོ། །ཕྱིའི་འཕར་མ་ཤར་དང་བྱང་དང་ནུབ་དང་ལྷོ་མཚམས་རེ་རེར་ནང་གི་ལྷ་མོ་བཞིན་དུ་ལྷ་མོ་གཉིས་གཉིས་ཏེ། སྐྲ་དམར་མ་དང་། རིན་ཆེན་མ་དང་། ཕུག་རོན་མ་དང་། སེར་མོ་དང་། ནག་མོ་དང་། རི་བོང་མ་དང་། རི་དགས་མོ་དང་། ར་མ་མོའོ། ཤར་དང་། བྱང་དང་། ནུབ་དང་། ལྷོའི་སྒོ་རེ་རེར་སྒོ་སྐྱོང་མ་གཉིས་གཉིས་ཏེ། དེ་དག་ཀྱང་དྲེགས་པ་ཆེན་པོ་འཇིགས་པ་ཆེན་མོ་མཆོག་གི་ལེགས་དགྱེས་ཀྱིས་རིངས་པ། སྣ་ཚོགས་ཀྱི་ཉམས་ཀྱིས་སྐུ་ཁྱབ་པའོ། །ཤར་སྒོར་རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་དྲ་བ་མ་སྐུ་མདོག་ནག་པོ། ཕྱག་བཞི་མ་མདའ་གཞུ་འགེངས་ཤིང་ཆུ་སྲིན་དང་ཉ་བསྣམས་པ། ཀ་པཱ་ལ་དང་ཁ་ཊྭཱྃ་ག་འཛིན་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། གཅེར་བུ་སྐྲ་གྲོལ་བ། མིའི་རུས་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། གཡོན་བརྐྱང་བ། མགོ་བོའི་ཆུན་འཕྱང་རྒྱུ་མ་ལས་བརྒྱུས་པ་འཆང་བའོ། །བྱང་སྒོར་རྡོ་རྗེ་རྩེ་མོ་མ་དང་། དེ་བཞིན་དུ་རྡོ་རྗེ་ཟླུམ་པ་མ་སྐུ་མདོག་སེར་མོ། སེང་གེ་དང་། བྱ་ཁྱུང་བསྣམས་པའོ། །ནུབ་སྒོར་རྡོ་རྗེ་སྐེ་


DKG080_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རགས་མ་དང་། རྡོ་རྗེ་སེར་མོ་མ་སྐུ་མདོག་དམར་མོ། གླིང་བུ་དང་། རྫ་རྔ་ཆེན་པོའི་སྒྲ་ཁོ་ནའོ། །ལྷོ་སྒོར་རྡོ་རྗེ་དགོད་མ་དང་། རྡོ་རྗེ་ཉི་མ་མོ་སྐུ་མདོག་ལྗང་གུ། རྫ་རྔ་དང་པི་ཝང་གི་རོལ་མོའི་སྒྲ་ཁོ་ན་སྟེ། ཇི་ལྟར་ཤར་སྒོར་བཞུགས་པའི་རྣལ་འབྱོར་མ་དེ་ལྟར་ཐམས་ཅད་ཀྱང་རུས་པ་ལ་སོགས་པའི་རྒྱན་དང་། བཞུགས་སྟབས་དང་། ཕྱག་མཚན་དང་ལྡན་པའོ། །ལོངས་སྤྱོད་ཀྱི་འཁོར་ལོའི་ནང་ན་ཡོད་པའི་རྩ་བརྒྱད་གཉིས་ཀྱི་གྲངས་ནི་དེ་དག་ཀུན་གྱི་རྣམ་པར་དག་པའོ། །སྐུ་བརྒྱད་བདག་ཉིད་ཀྱི་ནི་མགོན། །མཆོད་སྦྱིན་སྒྲ་ཡིས་ཀུན་ཏུ་བརྟགས། །མཆོད་པ་དེ་ནི་མཆོད་སྦྱིན་བརྗོད། །རྩ་ནི་ཀུན་གྱི་གནས་རབ་མཆོག། གནས་ནི་གདན་ལ་སོགས་པའི་དགྱེས། །གནས་ཀུན་གྱི་ནི་བླ་ན་མེད། །གསང་ཆེན་དག་པ་པདྨ་ཡི། །འདབ་མ་བརྒྱད་པ་ལྟེ་བར་བཅས། །བདེ་བ་ཡི་ནི་ཡངས་པའི་སར། །རྩ་ཡི་དཀྱིལ་འཁོར་གྱིས་བརྒྱན་ནོ། །གནས་ནི་གདན་ལ་བྱ་བར་གྲགས། །གནས་ནི་རྟེན་དུ་བརྗོད་པའོ། །བདེ་བ་འབྱུང་བའི་ངལ་སོས་ནི། །དེ་ཡི་ཞིང་ནི་དོན་དམ་པར། །བདེ་བའི་ཡེ་ཤེས་འབྱུང་བ་སྟེ། །ཚནྡོ་ཧར་ནི་འདི་རུ་བཤད། །ཐིག་ལེ་གསུམ་གྱི་ཡེ་ཤེས་བདེ། །གཅིག་བྱེད་པ་ཡི་གཏན་ཚིགས་ཀྱིས། །དེ་ཡི་འདུས་སར་བསྟན་པ་ཡིན། །རྣལ་འབྱོར་རྒྱུད་དུ་རྙེད་དཀའ་བ། །གང་དུ་ཚོར་བ་ཡོད་པ་སྟེ། །བདེ་བ་འབྱུང་བའི་ཐིམ་དེ་བཞིན། །དེ་ནི་འདི་རུ་དུར་ཁྲོད་བརྗོད། །ཡང་ན་བདེ་བའི་རྣམ་ཤེས་སོ། །གང་དུ་བདེ་བ་ཡང་དག་རྙེད། །དེ་ནི་པི་ལ་བ་རུ་གྲགས། །སྐྱེ་དང་ཐིམ་པའི་ཡེ་ཤེས་ཏེ། །གང་དུ་བདེ་བའི་ཟླ་བ་སྐྱེ། །དེ་ནི་ལམ་རབ་ཏུ་ནི་བསྟན། །འགྲོ་བའི་བདག་ཉིད་ལམ་ཡིན་ནོ། །བདེ་བའི་རྒྱལ་པོ་གང་ཞིག་འགོག། དེ་ནི་སྦྱོར་བའི་ཡེ་ཤེས་རབ། །དེ་ནི་གནས་བརྒྱད་དགྱེས་པ་ཡིན། །སྐུ་བརྒྱད་རང་གི་ངོ་བོ་ཅན། །ཡེ་ཤེས་བརྒྱད་ཀྱི་བདག་ཉིད་དག། སངས་རྒྱས་ཀུན་གྱིས་རྙེད་དཀའ་བ། །རྩ་ཀུན་གྱི་ནི་དག་པའི་གཞི། །དེ་ལ་ཡང་ནི་རྩ་ཀུན་གནས། །ཉེ་བའི་གནས་ནི་ཐམས་ཅད་ཀུན། །ལྷ་ཡི་དབང་ཕྱུག་རྣམ་པར་སྨིན། །བསྐྱེད་དང་རྫོགས་པའི་སྦྱོར་བ་ཡིས། །ཐིག་ལེ་དྲུག་ནི་རབ་ཏུ་གྲགས། །


DKG080_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེའི་དབུས་ན་ཡེ་ཤེས་ཡོད། །ངག་གི་ལམ་གྱིས་རྙེད་པར་དཀའ། །བསྐྱེད་པ་དང་ནི་རྫོགས་པ་མེད། །དྲུག་མིན་དེ་བཞིན་གསུམ་པ་མིན། །གསུམ་དང་བྲལ་བ་གསུམ་པར་གྲགས། །ཡེ་ཤེས་རང་བཞིན་དེ་སྐྱེ་མེད། །ཉི་མའི་ཐིག་ལེའི་ཡེ་ཤེས་ཤར། །འབད་པ་ཡིས་ནི་མཆོད་སྦྱིན་བྱ། །གང་ཚེ་མཆོག་བྱུང་མ་ཤར་བར། །དེ་ཚེ་ཉི་མ་འབྱུང་མི་འགྱུར། །ཟླ་བ་དེ་ནི་དགའ་བྲལ་དགའ། །ཆགས་པ་འདི་རུ་ཐིམ་པར་བྱེད། །ཉི་མའི་དབུས་ནས་ཟླ་བ་འབྱུང་། །ཟླ་བའི་དབུས་ནས་ཉི་མ་འཆར། །དྲི་མ་མེད་ཕྱིར་ཡངས་པར་འགྲོ། །ཤེས་རབ་བདག་ཉིད་གཟུགས་ཀྱི་ཕྱིར། །ཐམས་ཅད་ལ་ནི་ཚིམ་པར་བྱེད། །ཐམས་ཅད་ཀྱི་ནི་སྐྱེ་བའི་རྒྱུ། །འབྲས་བུ་བྱེད་པའི་བདག་ཉིད་ཟླ། །རྒྱུ་བྱེད་བདག་ཉིད་ཟླ་བ་སྟེ། །འབྲས་བུ་བྱེད་བདག་ཉི་མའོ། །རྒྱུ་དང་འབྲས་བུ་གཉིས་མེད་པའི། །བདེ་བ་ཆགས་ཆེན་བདག་ཉིད་དོ། །ཆགས་པ་ཆེན་པོ་དངོས་མེད་ན། །ཇི་ལྟར་བདེ་བ་འབྱུང་བར་འགྱུར། །བདེ་བ་ཡེ་ཤེས་དྲི་མེད་གྲགས། །ཐ་མལ་བདེ་ཉིད་བདེ་བ་མིན། །བྱོལ་སོང་བག་ཆགས་རབ་རྨོངས་པ། །དབང་པོ་གཉིས་ཀྱི་བདེ་བར་འདོད། །བདེ་བ་མཆོག་གི་རང་རིག་པ། །ཆགས་པ་དང་ནི་ཆགས་བྲལ་མེད། །བདེ་བ་ཐིག་ལེའི་ནང་དུ་ནི། །ཆར་ཡང་ནང་དུ་བདེ་བ་ཆེ། །དེ་གཉིས་ཡེ་ཤེས་ཚུལ་གྱི་ནང་། །རྣམ་པར་ཤེས་པའི་ཚུལ་ཅན་དང་། །རྣམ་པར་ཤེས་དང་ཡེ་ཤེས་བྲལ། །གཞན་དང་གཞན་མིན་ནང་ཡོད་པའོ། །སྦྱོར་དྲུག་གྱེས་པ་རྣམ་པར་ཤེས། །ཆར་ཡང་རྩ་བ་ཀུན་བརྟག་བྲལ། །རྟོག་པ་སྤངས་པ་དེ་ཉིད་ནི། །བསམ་གཏན་འཛིན་པ་མེད་པའོ། །ཚོར་བྱ་ཚོར་བྱེད་གཉིས་ལས་གྲོལ། །སྲིད་དང་མྱ་ངན་འདས་དག་པའི། །དེ་ནི་གསང་ཆེན་དེ་ཉིད་དོ། །གང་དུ་ཡང་ནི་གསལ་མ་བྱས། །འབད་པ་ཡིས་ནི་སྦ་བར་བྱ། །སྨྲ་བར་མི་བྱ་གང་ལ་ལར། །རྣལ་འབྱོར་རྒྱུད་དུ་མོས་གྱུར་པ། །ལྷ་ཡི་དབང་ཕྱུག་གསལ་མི་བྱ། །དཔལ་ཡེ་ཤེས་ཐིག་ལེ་ལས་སྔགས་ཀྱི་བཟླས་པའི་རིམ་པ་དང་། མཆོད་སྦྱིན་གྱི་ཆོ་ག་དང་། དཀྱིལ་འཁོར་སྐྱེད་པའི་རིམ་པ་དང་། གནས་ཀྱི་དོན་དང་། རྩའི་


DKG080_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་འབྱུང་བ་དང་། དེ་ཁོ་ན་ཉིད་ཀྱི་དོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་མཆོད་པའི་ཆོ་ག་འདིའི། །ངེས་པར་བསྟན་པ་བདག་གིས་བཤད། །ཐིམ་དང་ལོངས་སྤྱོད་དག་གིས་ནི། །ཡིད་འཕྲོག་ཡང་དག་མཆོད་པའོ། །ཟླ་བ་ཉི་མ་མེ་ཏོག་གིས། །སྐུ་ཡི་རྒྱལ་པོ་ཉིད་ལ་མཆོད། །འདོད་པ་འདི་ནི་དཔྲལ་བ་རུ། །མར་ངོ་ཚེས་ཀྱི་དང་པོ་དབང་། །ཡིད་ལས་དེ་རུ་འདོད་པར་འགྱུར། །ངེས་པར་ཨ་ཡི་ཐིག་ལེ་ལས། །ཐིམ་པ་འདི་ཡི་ཚེས་གཉིས་པ། །བདུད་རྩི་འདི་ནི་སྨིན་ཕྲག་ཏུ། །དགའ་བས་དེ་ལས་འདའ་བར་འགྱུར། །ཨཱ་ལིའི་ཐིག་ལེ་གཉིས་པས་སོ། །བདེ་བའི་མཁུར་ཚོས་གཉིས་ནས་སུ། །ཚེས་གསུམ་པ་ལ་ལོངས་སྤྱོད་འགྱུར། །དེ་ལ་རྣམ་པར་སྨིན་པས་འགྲོ། །ཨཱ་ལིའི་ཐིགས་པ་གསུམ་པས་སོ། །བདུད་རྩི་ཀོས་ཀོའི་གནས་སུ་ནི། །ཚེས་བཞི་པ་ལ་ཐིམ་པ་འབྱུང་། །དེ་ལ་མགུ་བ་ལས་དགའ་བ། །བཞི་པའི་ཡེ་ཤེས་ཐིག་ལེས་སོ། །བདེ་བ་ཡི་ནི་མགྲིན་གནས་སུ། །ཚེས་ལྔ་པ་ལ་ལོངས་སྤྱོད་འབྱུང་། །དེ་ལ་དགྱེས་པས་རྒྱས་པར་འགྱུར། །ཐིག་ལེ་ལྔ་པའི་ཁེངས་པས་སོ། །འདོད་པ་བྲང་གི་གནས་སུ་ནི། །ཚེས་དྲུག་པ་ལ་ཐིམ་པ་འབྱུང་། །དེ་ལ་བསམ་གཏན་ལས་དྲག་པོ། །ཐིག་ལེ་དྲུག་ལ་གང་བས་སོ། །བདེ་བའི་ནུ་མའི་གནས་སུ་ནི། །ཚེས་བདུན་པ་ལ་དབང་ནི་འབྱུང་། །དེ་ལ་བདུན་པས་འབྱུང་བ་ཡིན། །ཐིགས་པ་བདུན་པས་ཁེངས་པས་སོ། །འདོད་པའི་རྩིབ་ལོགས་གནས་སུ་ནི། །ཚེས་བརྒྱད་པ་ལ་ཐིམ་པ་འབྱུང་། །དེ་ལ་ཆགས་པས་མཆོག་གི་དགའ། །ཐིག་ལེ་བརྒྱད་པ་གང་བས་སོ། །བདེ་བའི་ལྟེ་བའི་གནས་སུ་ནི། །ཚེས་དགུ་པ་ལ་ལོངས་སྤྱོད་འབྱུང་། །དེ་ལ་རྣམ་སྨིན་ལས་འབར་འབྱུང་། །ཐིག་ལེ་དགུ་པ་ཁེངས་པས་སོ། །འདོད་པའི་མདོམས་ཀྱི་གནས་སུ་ནི། །ཚེས་བཅུ་པ་ལ་ཐིམ་པ་འབྱུང་། །དེ་ལ་བརྟན་ལས་ཐིག་ལེར་འགྱུར། །ཐིག་ལེ་བཅུ་པ་གང་བས་སོ། །བདེ་བའི་སྤྱི་བོའི་གནས་སུ་ནི། །བཅུ་གཅིག་པ་ལ་དབང་ནི་འབྱུང་། །དེ་ཡི་སྟོབས་ལས་མྱོས་པར་འགྱུར། །བཅུ་གཅིག་ཐིག་ལེས་ཁེངས་


DKG080_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །བདེ་བའི་རྡོ་རྗེའི་རྩ་གནས་སུ། །བཅུ་གཉིས་ཚེས་ལ་ཐིམ་པ་འབྱུང་། །དེ་ལ་འོད་ལས་དགའ་བྲལ་དགའ། །བཅུ་གཉིས་ཐིག་ལེ་གང་བས་སོ། །རྒྱས་པའི་རྡོ་རྗེའི་དབུས་གནས་སུ། །བཅུ་གསུམ་ཚེས་ལ་ལོངས་སྤྱོད་འབྱུང་། །དེ་ལས་སྣང་བས་ཨུར་ཏར་འགྱུར། །ཨཱ་ལིའི་བཅུ་གསུམ་ཐིག་ལེས་སོ། །བདེ་བའི་མདུད་པའི་གནས་སུ་ནི། །བཅུ་བཞི་པ་ལ་ཐིམ་པ་ཤར། །དེ་ལ་རེག་བྱ་ལས་ཆུར་འགྱུར། །བཅུ་བཞིའི་ཟླ་བའི་ཐིག་ལེས་སོ། །བདེ་བའི་ནོར་བུའི་དབུས་སུ་ནི། །ཉ་གང་བ་ལས་དབང་ནི་ཤར། །དེ་ལས་ཕྲད་ལས་གཉིད་དུ་འགྱུར། །བཅྭ་ལྔ་པ་ཡི་ཐིག་ལེས་སོ། །དབང་པོ་བཅུ་དྲུག་པ་ཡི་ཆ། །གཞན་ནི་གང་དུའང་མི་དམིགས་སོ། །དེ་བཞིན་དུ་ནི་སོ་སོར་གཟུགས། །རང་བཞིན་དེ་ནི་ཡོད་པ་མིན། །དགའ་བའི་བྱེ་བྲག་ལྷན་སྐྱེས་དགའ། །བཅུ་དྲུག་པ་ཡི་དོན་དུ་ཡོད། །ཆར་ཡང་བཅུ་དྲུག་འདི་རུ་ནི། །ཡོད་པ་མ་ཡིན་མེད་པ་མིན། །དེ་བཞིན་དུ་ནི་ཡེ་ཤེས་ཆེ། །ལྷ་ཡི་དབང་ཕྱུག་རང་བཞིན་ནོ། །གཡས་གཡོན་ཡན་ལག་གཉིས་སུ་ནི། །ཁུ་བ་ཡི་ནི་འབྱུང་བར་དྲན། །མར་ངོ་དེ་བཞིན་ཡར་ངོ་ཡི། །འདོད་པ་ཡིས་ནི་འབྱུང་བའི་ཚེ། །བཅུ་དང་ལྔ་ཡིས་གཉིས་མེད་སྦྱོར། །བདེ་བ་འདི་ཡི་འབྱུང་བ་མིན། །དེ་ཉིད་གསུམ་ཤེས་བཅུ་དང་ལྔ། །ཤེས་རབ་དང་བྲལ་བདེ་བ་ཆེ། །བླ་མའི་ཞལ་སྔའི་བཀའ་དྲིན་གྱིས། །གཉིས་སུ་མེད་པའི་བདེ་བ་ཤེས། །རྟག་ཏུ་མོས་པ་ཡིས་ནི་ཤར། །བསམ་གཏན་གྱིས་ནི་ཤེས་པའོ། །བཅུ་དྲུག་གི་ནི་ཡི་གེའི་གཟུགས། །ཨཱ་ལིའི་ཐིག་ལེ་རང་ངོ་བོ། །ཨ་སོགས་ཡིག་འབྲུའི་ཆར་ཡང་འབྱུང་། །ཨཱ་ལིའི་ཡེ་ཤེས་བདེ་བདག་ཉིད། །ཀཱ་སོགས་ཡིག་འབྲུའི་ཆར་ཡང་འབྱུང་། །ཀཱ་ལིའི་ཡེ་ཤེས་བདེ་བ་ཆེ། །ཨཱ་ལི་ཀཱ་ལི་གཉིས་སྦྱོར་ལས། །མཆོད་སྦྱིན་གྱིས་ནི་རབ་མཆོད་བྱ། །མཆོད་པ་ཡང་ནི་དེ་བཞིན་ཏེ། །གསང་བའི་པདྨའི་སྙིང་གར་རོ། །གསང་བ་དེ་ཉིད་གསུམ་ཞེས་བྱ། །ལ་ལ་འདའ་ལ་གཉིས་སྦྱོར་ལས། །མཆོད་སྦྱིན་གྱིས་ནི་རབ་མཆོག་བྱ། །མཆོད་པ་ཡང་ནི་དེ་བཞིན་ཏེ། །གསང་བའི་པདྨའི་སྙིང་


DKG080_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གར་རོ། །གསང་བ་དེ་ཉིད་གསུམ་ཞེས་བྱ། །ཐིམ་དང་ལོངས་སྤྱོད་སོགས་བྱེ་བྲག། ཐིམ་པ་དང་ནི་ལོངས་སྤྱོད་དབང་། །དགའ་བ་གསུམ་དུ་བསྟན་པའོ། །དེ་ཡི་ཐིག་ལེ་གསུམ་ཞེས་བྱ། །སྐུ་གསུམ་ཡིག་གསུམ་བདག་ཉིད་དོ། །ཚངས་པའི་བུ་ག་དེ་བཞིན་མགྲིན། །སྙིང་ག་རུ་ནི་ཐིག་ལེ་གསུམ། །དེ་ཡིས་བསྐྱེད་པའི་རིམ་ཤེས་བྱ། །མདུད་པའི་ནང་ནི་མན་ཆད་དོ། །བཟློག་པ་ཡི་ནི་ཐིག་ལེ་གསུམ། །གྱེན་དུ་རྫོགས་པའི་རིམ་པ་ཡིན། །རྒྱུ་འབྲས་རྣམ་དག་བྱེ་བྲག་ཏུ། །ཐིག་ལེ་དྲུག་ནི་རབ་ཏུ་གྲགས། །དྲི་མེད་ཡེ་ཤེས་ཆར་ཡང་དྲུག། དེ་ནི་རྣམ་ཤེས་སྦྱོར་དྲུག་བཤད། །དེ་ཡི་དབུས་སུ་དེ་ཉིད་བཞུགས། །ལྷན་སྐྱེས་དགའ་བའི་བདེ་བ་ཆེ། །མཆོད་པའི་ལས་སྦྱོར་ཆེ་བ་ཡིས། །ཐེ་ཚོམ་མེད་པར་རྙེད་པར་འགྱུར། །མཆོད་པའི་དམ་ཚིག་དུས་སུ་ནི། །གསང་བའི་སྒྲ་ནི་འབད་པ་ཡིས། །གང་ཞིག་འདོད་པ་གྲུབ་པ་ཆེ། །དམ་ཚིག་སེམས་དཔས་བརྗོད་པར་བྱ། །ལ་ལ་རྡོ་རྗེ་ལ་ལ་པད། །ཨཱ་ལི་ཟླ་བ་ཀཱ་ལི་ཉི། །རི་བོང་ཅན་ནི་ཁུ་བའོ། །ཉི་མ་ཁྲག་ཏུ་རབ་ཏུ་གྲགས། །ཁུ་བ་ག་པུར་ཤེས་བྱ་སྟེ། །ཁྲག་ནི་སིཧླ་ཞེས་སུ་དྲན། །སྦྲུལ་ནི་ནག་པོ་གཉིས་ཀ་ཡིན། །འདུས་པ་ཕུང་པོར་བརྗོད་པའོ། །ནཱ་ར་ཀ་པཱ་ལ་རུ་བརྗོད། །ཆགས་པ་ཆང་དུ་རབ་ཏུ་གྲགས། །ཞེ་སྡང་དེ་ནི་ཤ་ཡིན་ཏེ། །གཏི་མུག་ཚོད་མ་རུ་ནི་དྲན། །ང་རྒྱལ་འདི་རུ་ཤ་ཆེན་པོ། །ཟན་ནི་ཕྲག་དོག་ཉིད་དུ་དྲན། །གཅི་འཁོར་བཤང་བ་མྱ་ངན་འདས། །མཐོ་རིས་གཟུགས་ཞེས་དྲན་པའོ། །མི་ཡི་ཡུལ་ནི་སྒྲ་ཞེས་བསྟན། །ས་འོག་རོ་རུ་བཤད་པའོ། །དྲི་ནི་རི་རབ་རྩེ་མོའོ། །གླིང་བཞི་པོ་ནི་རེག་བྱའོ། །ས་ནི་ཕ་རུ་རབ་ཏུ་གྲགས། །ཆུ་ནི་སྲིང་མོ་ཡིན་པར་དྲན། །མེ་ནི་ཡུམ་སྟེ་བུ་མོ་ནི། །རླུང་དུ་རབ་ཏུ་གྲགས་པའོ། །ནམ་མཁའ་སྒྱུག་མོར་ཤེས་པར་བྱ། །བཅིངས་པ་མེད་པ་ནམ་མཁའ་ཡིན། །སྐལ་ལྡན་མ་ཡིན་ཀྲུང་ཀྲུང་མོ། །སྐལ་ལྡན་ངང་པ་འོན་པ་མཚོ། །འོན་པ་མིན་པ་རྒྱ་མཚོར་བརྗོད། །དབང་བསྐུར་གྲོང་ཁྱེར་པ་རུ་དྲན། །དབང་བསྐུར་མིན་པ་གྲོང་པ་བཞིན། །གསང་བ་སྙིང་ག་ཡིན་པར་བརྗོད། །ཁྱེར་


DKG080_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲི་མ་མེད་པར་བརྗོད། །གསལ་བྱེད་ནམ་མཁའ་ཡིན་པར་དྲན། །གཞང་ཁ་དགྱེས་པ་ཌོཾ་ཌི་འབྲས། །མ་རུངས་ལྕགས་སུ་ཀུན་ཏུ་གྲགས། །སྟན་ནི་པདྨ་ཡིན་པར་བརྗོད། །སྦྱིན་པ་གེ་སར་དྲན་པའོ། །གཞོན་ནུ་མ་ནི་མཚེ་འུར་གྲགས། །རྒན་མོ་གཙང་པོར་དྲན་པའོ། །གནས་པ་རྣ་བ་ཞེས་སུ་བརྗོད། །འགྲོ་བ་འདི་ནི་ཨར་བུ་ཏ། །དུས་ནི་དབྱུག་པ་བདེ་བ་ཉིད། །ཐལ་བ་མིན་དགའ་དགའ་སྟོབས་སོ། །དེ་དག་ཚོགས་ཀྱི་མཆོད་སྦྱིན་གྱི། །དུས་སུ་འབད་པས་བརྗོད་པར་བྱ། །ཁྲུང་ཁྲུང་ལ་སོགས་འཇུག་མིན་ཕྱིར། །གསང་བའི་ཚིག་ནི་སྨྲ་བར་བྱ། །རྣལ་འབྱོར་མ་འམ་རྣལ་འབྱོར་པ། །ཤིན་ཏུ་དགྱེས་པས་གསང་སྐད་སྨྲ། །དཔལ་ཡེ་ཤེས་ཐིག་ལེ་ལས་མཆོད་པའི་རིམ་པ་དང་གསང་བའི་སྐད་ཅེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དབང་བསྐུར་ལ་སོགས་ངེས་བསྟན་ནི། །ལྷ་ཡི་དབང་ཕྱུག་ངས་འདིར་བཤད། །རྒྱུད་གསུམ་གྱི་ནི་རིམ་པ་ཡིས། །དབང་དྲུག་དབྱེ་བ་བསྟན་པའོ། །ཆུ་ཡི་དབང་བསྐུར་དབུ་རྒྱན་དག། བྱ་བའི་རྒྱུད་ལས་རབ་ཏུ་གྲགས། །རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལས་རབ་ཏུ་གསལ། །ཕྱིར་མི་ལྡོག་པ་ཡི་ནི་དབང་། །རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། །དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །རྣལ་འབྱོར་བླ་མ་ཡི་ནི་མཚན། །གསང་བ་ཡི་ནི་དབང་རྒྱལ་བཤད། །ཤེས་རབ་ཡེ་ཤེས་བླ་ན་མེད། །བཞི་པ་དེ་ལྟར་དེ་བཞིན་ནོ། །དགུ་ཡི་བྱེ་བྲག་དབང་ལ་སོགས། །འབྲས་བུའི་ཕྱིར་ན་བརྒྱད་དབྱེར་འགྱུར། །བཞི་པ་དེ་ལྟར་དེ་བཞིན་བརྗོད། །ཤེས་རབ་ཡེ་ཤེས་དེ་ཡི་འབྲས། །དངོས་པོ་སོ་སོར་ཤེས་མི་བྱ། །དེ་ལྟར་ཞེས་ནི་ཚད་མེད་དོ། །དེ་བས་འབྲས་བུའི་ཚིག་དོན་ནི། །རིགས་པ་མ་ཡིན་པ་ཡི་སེམས། །དེ་བཞིན་རེ་ཞིག་དགའ་བའི་སེམས། །དེ་བཞིན་རེ་ཞིག་དགའ་བའི་རིམ། །ཇི་ལྟ་བུར་ནི་ཡོད་པར་འགྱུར། །དགའ་བ་ལུས་སུ་གྲགས་པ་སྟེ། །མཆོག་ཏུ་དགའ་བ་འདི་རུ་གང་། །ཡིད་ནི་དགའ་བྲལ་ཤེས་པར་བྱ། །ལྷན་སྐྱེས་དེ་ནི་གང་ན་ཡོད། །ཀུན་ན་ཡོད་པའི་ཡེ་


DKG080_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སེམས། །སེམས་ལས་གཞན་ནི་ཡོད་པ་མིན། །གང་ཞིག་ཅི་ཞིག་འདི་ཐམས་ཅད། །དེ་ནི་ཐམས་ཅད་སེམས་ཡིན་ནོ། །སེམས་ལས་ཐམས་ཅད་འབྱུང་བ་སྟེ། །སེམས་ཀྱིས་ཡོངས་སུ་འདས་པའོ། །ལུས་ཀྱི་མགོ་བོ་དགའ་བའི་གནས། །ངག་ནི་མགྲིན་པ་མཆོག་ཏུ་དགའ། །སེམས་ནི་སྙིང་གར་ཤེས་བྱ་བ། །ཆགས་པའི་དགའ་བ་རྟག་ཏུ་ཤར། །ལུས་རྒྱུ་འབྲས་བུ་དེ་ནི་ངག། ངག་ནི་རྒྱུ་སྟེ་འབྲས་བུ་ཡིད། །ཡིད་ཉིད་ཡོངས་སུ་ཤེས་པ་ནི། །འབྲས་བུ་དེ་ནི་དོན་དམ་པར། །དེ་ཉིད་གསུམ་བདག་ཡེ་ཤེས་གང་། །རྩ་གསུམ་ནང་གི་དབུས་ན་བཞུགས། །གནས་གསུམ་ཁྱབ་པ་སྐྱེ་བ་མེད། །འོད་གསུམ་སྲིད་པ་གསུམ་དང་བྲལ། །འོད་རབ་གནས་ནི་རབ་ཀྱི་མཆོག། དེ་ནི་བཞི་པ་མཆོག་གི་དབང་། །བདུན་གཉིས་བྱེ་བྲག་ཏུ་ནི་ཡོད། །ཡན་ལག་རབ་ཀྱི་མདོར་བསྡུས་ལ། །ཆུ་ཡི་དབང་བསྐུར་དགའ་བའོ། །གསང་བའི་དབང་བསྐུར་མགྲིན་པ་རུ། །མཆོག་ཏུ་དགའ་བའི་བདག་ཉིད་མཆོག། ཤེས་རབ་ཡེ་ཤེས་ཀྱི་ནི་དབང་། །སྙིང་ག་རུ་ནི་དགའ་བྲལ་དགའ། །གསང་བ་པདྨའི་ལྟེ་བ་རུ། །བཞི་པའི་རང་བཞིན་བདག་ཉིད་དོ། །དེ་ལྟར་དབང་ནི་བཞི་རུ་དབྱེ། །བསྐྱེད་པའི་རིམ་པའི་ཕྱོགས་ཡིན་ནོ། །ཆུ་ཡི་དབང་ནི་མདོམས་སུ་སྟེ། །སྣ་ཚོགས་འབྲས་བུ་སྦྱིན་པའོ། །གསང་བའི་དབང་ནི་གཉིས་པ་སྟེ། །རྣམ་པར་སྨིན་པའི་འབྲས་བུ་སྟེར། །རྡོ་རྗེ་ཡི་ནི་རྩ་བའི་གནས། །རྩ་བ་དང་ནི་མདོམས་ཀྱི་འོག། ཤེས་རབ་ཡེ་ཤེས་ཀྱི་ནི་དབང་། །མདུད་པའི་གནས་སུ་རྟག་ཏུ་དྲན། །དབང་རྣམས་ཀུན་གྱི་བླ་མའི་བླ། །རྣམ་པར་འཇོམས་པའི་འབྲས་བུ་སྟེར། །ཤེས་རབ་ཡེ་ཤེས་ནོར་བུའི་ཁར། །ཤེས་རབ་པདྨའི་ཡིད་འགྲོའི་ཕྱིར། །རླུང་མ་དང་ནི་གཉིད་སྐྱེའི་རྩ། །གཉི་ག་རྒྱས་པ་ཡིས་ནི་བདེ། །གྱེན་གྱི་ལམ་གྱིས་བཟློག་པར་བྱ། །མདུད་པའི་ནང་གི་གནས་སུ་འགྲོ། །དེ་ལྟར་བཞི་པ་རབ་ཏུ་བསྟན། །མཚན་ཉིད་དང་བྲལ་འབྲས་བུར་གྲགས། །མདུད་པའི་གནས་སུ་རིམ་པ་ཡིས། །ཚངས་པའི་སྤྲུལ་པ་སྙིང་མན་ཆད། །དེ་ཙམ་དུ་ནི་ལྷན་


DKG080_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་དགའ། །རླབས་དང་བྲལ་བ་དཔེ་མེད་དོ། །དེ་ནི་དེ་ཀུན་དོན་དམ་པར། །དབང་གི་ཡེ་ཤེས་ངེས་བསྟན་ཏོ། །རྡོ་རྗེ་ཀ་བ་དེ་བཞིན་གསང་། །སྡོམ་དང་བསྡོམས་པའི་རྒྱ་མཚོ་དང་། །རིགས་ཆེན་ཡེ་ཤེས་སྙིང་པོ་དང་། །ཀྱཻ་རྡོར་འཇིགས་བྱེད་རྡོ་རྗེ་དང་། །མཚན་དང་གསང་བ་འདུས་པ་རུ། །ལྷ་ཡི་དབང་ཕྱུག་བདག་གིས་སྦས། །ཁྱོད་ཀྱི་ངོར་མཛད་དབང་གི་དོན། །རྒྱུད་འདི་རུ་ནི་རབ་ཏུ་གསལ། །རྟོག་གེ་བ་དང་རྒན་པོ་དང་། །དགེ་སློང་མོས་པར་གནས་པ་ལ། །ཡང་དག་ལམ་ཤེས་སློབ་དཔོན་གྱིས། །དེ་རྣམས་དེ་ཉིད་བཤད་མི་བྱ། །ཨ་ཡི་ཡིག་འབྲུ་དགའ་བ་ཡིན། །བྷི་ཡི་ཡིག་འབྲུ་མཆོག་ཏུ་དགའ། །ཥེ་ཡི་ཡིག་འབྲུ་དགའ་བྲལ་དགའ། །ཀ་ཡི་ཡིག་འབྲུ་ལྷན་སྐྱེས་སོ། །གང་དུ་ཡང་ནི་མི་དམིགས་ཤིང་། །ཨ་ནི་སྐྱེ་མེད་རང་བཞིན་ཏེ། །ཀུན་གྱི་རྒྱུ་ནི་ཡིན་ཕྱིར་རོ། །ཥེ་ཡི་ཡིག་འབྲུར་ཡང་དག་བརྗོད། །གཙུག་ཏོར་གསང་བའི་པདྨར་བྷི། །བསྐུར་དང་ཁྲུས་ནི་བྱེད་པའི་ཕྱིར། །ཀ་ནི་རྣམ་རྟོག་དངོས་པོར་གྲགས། །འགྲོ་བ་ཆད་པའི་བདག་ཉིད་དོ། །གསང་བའི་པདྨའི་སྙིང་ག་ཨ། །རྩ་ཀུན་གྱི་ནི་འབིགས་པ་གང་། །དེ་ཕྱིར་མངོན་པར་དགའ་བ་མཆོག། བྷི་ཡི་ཡིག་འབྲུ་ཐིག་ལེ་འབིགས། །ཥེ་བདེ་ཡེ་ཤེས་ཀུན་བརྟགས་བྲལ། །ཡང་དག་དོན་གྱིས་གསལ་བར་བྱེད། །དང་པོའི་དགའ་བ་རྒྱུ་ཡི་དངོས། །ཨ་ཡི་ཡིག་འབྲུ་མཆོག་གི་གནས། །མཆོག་དགའ་དགའ་བྲལ་དགའ་བར་གྲགས། །དབང་བསྐུར་རབ་ཏུ་གྲགས་པའོ། །དེ་གཉིས་དབུས་སུ་དེ་ཉིད་བཞུགས། །རང་བཞིན་དགའ་བ་བཞི་དང་བྲལ། །མངོན་པར་དགའ་དང་དགའ་བྲལ་དགའི། །གང་ཞིག་རང་བཞིན་མི་ཤེས་ན། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སངས་རྒྱས་ཡིན་ཡང་མི་བསྟོད་དོ། །རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི། །ཐམས་ཅད་ཁྱབ་པར་མངའ་བདག་བདག། སངས་རྒྱས་ཐམས་ཅད་རྒྱལ་ཆེན་པོ། །སངས་རྒྱས་ཐམས་ཅད་ཡིད་ལྟར་མགྱོགས། །ཐམས་ཅད་ཀུན་གྱི་དབང་ཕྱུག་བདག། འབྱུང་བ་ཀུན་གྱི་བདག་ཉིད་དོ། །


DKG080_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཐིག་ལེ་ལས་དབང་བསྐུར་བའི་ངེས་པ་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །ནང་གི་མཚན་ཉིད་སྦྱིན་སྲེག་གོ། །ཁ་ནི་ཧོམ་ཁུང་དགང་གཟར་ལག། ཚུལ་ནི་རང་བྱུང་མེ་ཡིན་ནོ། །ང་རྒྱལ་ཕྲག་དོག་བསྲེག་རྫས་ཡིན། །བཟླས་པ་དེ་ནི་ཁམ་དུ་བརྗོད། །ས་འོག་དང་ནི་སྲིང་མོ་མར། །དེ་ཡི་བསྲེག་རྫས་རབ་ཏུ་དབུལ། །ཡེ་ཤེས་བདུད་རྩི་རྣམ་དག་པས། །ཕྲག་དོག་ལ་སོགས་བསང་གཏོར་བྱ། །དུམ་བུ་གསུམ་པའི་སྣོད་མདུན་དུ། །ཕྲག་དོག་བདུད་རྩིས་རབ་ཏུ་ཚིམ། །རྡོར་གསུམ་ཡེ་ཤེས་ས་བོན་གྱིས། །དག་བྱས་དཀར་བྱས་རིམ་གྱིས་སོ། །རླུང་མས་བསྐུལ་བྱས་འབར་བས་བྱས། །བདུད་རྩི་མཆོག་ནི་ཞུ་བར་བྱེད། །ཧ་ཡི་མ་མོའི་སྔགས་ཀྱིས་ནི། །འཁོར་ལོ་དྲུག་ནི་རབ་ཚིམ་བྱ། །རི་བོའི་མ་མོ་དང་བྲལ་བས། །ཕྱི་ནང་རྟག་ཏུ་རབ་ཚིམ་བྱ། །དེ་ལྟའི་སྦྱིན་སྲེག་ལས་ཀྱིས་ནི། །ལྷ་ཡི་སྐུ་རུ་ངེས་པར་འགྱུར། །ལྷ་ཡི་སྐུ་ནི་བདེ་ཆེན་པོ། །དོན་དམ་པར་ནི་ཤེས་པའོ། །ལྷ་ཡི་ཡིག་འབྲུ་ཡིས་འབྱུང་གང་། །དེ་ནི་དོན་དམ་སྦྱིན་སྲེག་གོ། །དཔའ་བོ་གཉིས་ཀྱི་མཉམ་སྦྱོར་བ། །དུས་ཀྱི་གང་དུ་བདེ་དབང་པོ། །ལྟེ་སྙིང་བདེ་བའི་པདྨ་ཡིས། །རྟག་པར་ཤེས་རབ་མས་ནི་བརྗོད། །དེ་ནི་སྦྱིན་སྲེག་བསྲེག་རྫས་ལྡན། །མངོན་པར་དགའ་ལས་འབྱུང་བའོ། །ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཤེས་རབ་ཐབས་ནི་ཕྲད་པ་ལས། །སྦྱིན་སྲེག་ལས་ཀྱི་འབྲས་བུ་མཆོག། མྱུར་བ་རུ་ནི་རྙེད་པའོ། །ཧོམ་ཁུང་དྷ་ལ་དགྱེས་པ་ཆེ། །ལ་ལ་འདི་རུ་དགང་གཟར་དྲན། །བླུགས་གཟར་གསང་པད་སྣ་ཡི་རྩེ། །མར་ནི་ཁུ་བ་ཟླ་འོད་མཉམ། །གསང་པད་ཟླུམ་པོའི་རྣམ་པ་བཞིན། །མར་གྱི་སྣོད་དུ་རྣམ་པར་གྲགས། །བླུགས་གཟར་དགང་གཟར་མར་གྱི་སྣོད། །རྩ་གསུམ་དུ་ནི་བརྗོད་པའོ། །སྲུབ་དང་བསྲུབས་པའི་སྦྱོར་བ་ཡིས། །རླུང་མ་དང་ནི་གཉིད་མ་གཉིས། །གཅིག་པུའི་དངོས་པོ་ཡང་དག་པས། །ཡེ་ཤེས་མེ་ནི་མཆོག་ཏུ་འབར། །པདྨའི་འཁོར་ལོ་དྲུག་རིམ་བྱས། །གཞན་མིན་བདེ་ཆེན་མན་ཆད་དོ། །མཆོག་གི་བདུད་རྩི་རྒྱུན་ནི་འཛག།


DKG080_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་མཁའ་ལས་ཆུ་འབབ་པ། །རྩ་ཡི་དྲ་བ་དུ་མ་ཡིས། །འཁོར་ལོ་དྲུག་སྙིང་ཁྱབ་པའོ། །སྐུ་གསུམ་ཡེ་ཤེས་རྡོ་རྗེ་མཆོག། རྟག་ཏུ་བསྲེག་རྫས་མཆོད་པར་བྱ། །མེ་ཡི་ཁ་རུ་དགང་གཟར་ནི། །མར་གྱིས་བཀང་བ་དབུལ་བར་བྱ། །མེ་ནི་མཆོག་ཏུ་དགའ་བ་སྟེ། །རྣམ་རྟོག་ཧོམ་ཤིང་ཚིག་པར་བྱེད། །མདུད་པའི་ཧོམ་ཁུང་གི་ནི་མེ། །དེ་ནི་མཆོག་ཏུ་དགའ་རང་བཞིན། །ཞི་བའི་ཟླུམ་པོའི་རྣམ་པ་བཞིན། །ལོངས་སྤྱོད་དང་ནི་གྲོལ་བ་བཞིན། །སྐུ་ཡི་རྡོ་རྗེ་རིན་ཆེན་ཁར། །གསུང་གི་རྡོ་རྗེ་དབུས་ཀྱི་དཀྱིལ། །ཐུགས་ཀྱི་རྡོ་རྗེ་མདུད་སྙིང་པོ། །དགའ་བ་ཡིས་ནི་མཆོད་པར་བྱ། །གསུང་གི་རྡོ་རྗེ་བླུགས་གཟར་མཆོག། དགའ་བྲལ་དགའ་བ་སྐུ་རྡོ་རྗེ། །ལྷན་སྐྱེས་དགའ་བའི་ཡེ་ཤེས་ཀྱི། །དགང་བླུགས་ཀྱིས་ནི་མཆོད་པར་བྱ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་ཀུན་བརྒྱལ་བ་དང་ས་ལ་འགྱེལ་བར་གྱུར་ཏོ། །དེ་ནས་ཡུན་རིང་པོ་ཞིག་ནས་འདི་སྐད་ཅེས་གསོལ་ཏོ། །ལྷན་ཅིག་སྐྱེས་པའི་དགའ་བ་ལ་འདིར་ཡེ་ཤེས་ཡོད་དམ་ཅི་ཞེས་ཡང་ཡ་མཚན་དུ་གྱུར་ཏོ། །ཡང་དེའི་དུས་སུ་བཅོམ་ལྡན་འདས་མས་ཕྱག་རྒྱ་ཆེན་པོས་དམ་པོར་འཁྱུད་ནས་མ་མཆུ་བཏུང་བའི་བདུད་རྩིའི་མཆོད་སྦྱིན་ཕུལ་ཏེ། གསང་བའི་པདྨའི་བསྐོར་བ་དམ་པོའི་སྙིམ་པ་མཉམ་པར་སྦྱོར་བ་བཅིངས་ནས་གུས་པས་ཞུས་པ། སངས་རྒྱས་ཀུན་གྱི་བླ་མ་མགོན། །ཡེ་ཤེས་ཟབ་མོ་དྲི་མ་མེད། །ཅི་ཡི་དོན་ཕྱིར་དེ་ལྟའི་ཚིག། འཁོར་ཀུན་གྱི་ནི་ནང་དུ་གསུངས། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་གང་། །དགང་བླུགས་ཀྱི་ནི་མཆོད་པ་ལ། །བདག་ཀྱང་འདིར་ནི་བཅོམ་ལྡན་འདས། །ཐེ་ཙོམ་ཆེན་པོ་སྐྱེས་པར་གྱུར། །གསང་བ་ཡི་ནི་གསང་བ་མཆོག། རྣལ་འབྱོར་མ་རྒྱུད་དུ་མ་རུ། །མགོན་པོས་གང་དུའང་མ་གསུངས་སོ། །དེ་ཙམ་ཡང་ནི་བརྡར་མ་མཛད། །ལྷན་ཅིག་ལ་ནི་ཡེ་ཤེས་ཡོད། །མ་གསུངས་བདག་གིས་ཐོས་མ་ལགས། །དེ་རིང་དེ་ལྟར་ཐེ་ཚོམ་དག། མངའ་བདག་ཆེན་པོས་གཅད་དུ་གསོལ། །བཅོམ་ལྡན་


DKG080_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་བཀའ་སྩལ་པ། །ཨ་ལ་ལ་རབ་ཏུ་ངོ་མཚར་ཏོ། །ལྷན་ཅིག་སྐྱེས་པའི་དགའ་བ་ལ་ཅིའི་ཕྱིར་ཡེ་ཤེས་མེད། དད་པ་ཆེན་པོ་དང་བརྩོན་འགྲུས་ཅན་དང་ཡེ་ཤེས་དང་ལྡན་པ་ཡང་རྨོངས་པར་འགྱུར་ན། ཡེ་ཤེས་མེད་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཇི་ལྟར་རྙེད། དེ་བཞིན་དུ་ཡང་འདིར་གཞན་པ་དེ་མ་ཡིན་པའི་དཔེར་ཉོན་ཅིག། ཇི་ལྟར། དུ་བ་ལས་ནི་མེར་ཤེས་ཏེ། །ཆུ་སྐྱར་ལས་ནི་ཆུ་ཡིན་ནོ། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་རྣམས་ལས་ཤེས། །དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་དགའ་བ་རྙེད་པའི་དོན་གྱི་ཕྱིར་སྐྱབས་སྦྱིན་གྱི་ངོ་བོ་ཡེ་ཤེས་སོ། །ཡེ་ཤེས་ནི་ཚོར་བར་ཡོངས་སུ་ཤེས་པས་དཔྱོད་པའི་བདག་ཉིད་ཀྱི་ཐབས་དེ་ནི་ཡེ་ཤེས་སུ་བདག་གིས་བཤད་དོ། །དེ་བཞིན་དུ་ཇི་ལྟར་མུན་ནག་ཏུ་རིན་པོ་ཆེ་ཕྲ་མོའི་ཕྲ་མོ་ཡོད་པ་དེ་ནི་རིན་པོ་ཆེ་མར་མེ་མ་ཡིན་པས་རྙེད་པར་མི་འགྱུར་བ་དེ་བས་ན་བློ་གྲོས་ཅན་གྱིས་རིན་པོ་ཆེ་མར་མེ་ཁྱེར་ནས་ཚོལ་བར་བྱེད་ལ། གལ་ཏེ་དེ་རྙེད་ན་དེ་ཅི་མར་མེ་ལས་རིན་པོ་ཆེ་སྐྱེའམ། འོན་ཀྱང་མར་མེའི་ཐབས་ཀྱིས་མཐོང་བ་དང་རྙེད་པ་དེ་བཞིན་དུ་ཡེ་ཤེས་ཀྱི་མར་མེས་ལྷན་ཅིག་སྐྱེས་པའི་དགའ་བའི་རིན་པོ་ཆེའི་རྒྱལ་པོ་མཐོང་ཞིང་རྙེད་ཀྱི་ཡེ་ཤེས་ལས་སྐྱེ་བ་ནི་མ་ཡིན་ནོ། །དེ་བས་ན་ཡེ་ཤེས་ཀྱི་སྒྲ་འདི་ནི་དོན་མི་ཤེས་པའི་ཕྱིར་མཁས་པས་འདིར་ཐེ་ཚོམ་མི་བྱའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་མཆོད་པ་སྣ་ཚོགས་ངེས་པར་བསྟན་པ་དང་ནང་གི་སྦྱིན་སྲེག་ཅེས་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་གཏོར་མ་ཆེན་པོའི་ལས་ཀྱི་ངེས་པར་བསྟན་པའི་དོན་བཤད་དོ། །སེམས་ཅན་ཐམས་ཅད་བསྲུང་དོན་དུ། །འབད་པ་ཡིས་ནི་གཏོར་མ་སྦྱིན། །བྷ་ཡི་ཡིག་འབྲུ་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིང་གར་བསྟན། ལིང་ག་བྷ་གར་མཉམ་སྦྱོར་བས། །སེམས་ཅན་ཐམས་ཅད་ཀྱི་ནི་ཚོགས། །དེ་ལས་འབྱུང་བར་འགྱུར་བ་སྟེ། །ལྷ་མོ་དེ་ཉིད་ཤེས་བྱ་སྟེ། །ཐམས་ཅད་སྒྲ་ནི་དགའ་བ་ཡིན། །སེམས་ཅན་དོན་ནི་མཆོག་ཏུ་འགྱུར། །ཚོགས་པ་དེ་ནི་དགའ་བྲལ་དགའ། །གཏོར་མ་དེ་ཡིས་བསྲུང་བའི་དོན། །དུར་ཁྲོད་ཡང་


DKG080_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆུ་ཡི་ངོགས། །ཡེ་ཤེས་ལྡན་པས་སྦྱིན་པར་བྱ། །དུར་ཁྲོད་དབུགས་བྱུང་གི་ནི་གནས། །གསང་བའི་པདྨའི་བྱ་གདོང་ངོ་། །ཤ་ཡི་ཡིག་འབྲུ་པདྨ་དག། ཝ་ཡི་ཡིག་འབྲུ་ལྟེ་བར་ཡིན། །ས་ཡི་ཡིག་འབྲུ་བདེ་ངོ་བོ། །ན་ཡི་ཡིག་འབྲུ་བཅོས་པ་མེད། །དྲི་མེད་མ་ཡི་ཞུ་བའི་དགའ། །ཐིག་ལེའི་ངོ་བོ་ཡི་གེ་བྲལ། །དུར་ཁྲོད་དབུགས་འབྱུང་དུ་ནི་གྲགས། །ཞལ་བཟང་བདག་གིས་བཤད་པ་ཡིན། །ཆུ་ཡི་ངོགས་ནི་རིན་ཆེན་ཁ། །ཡང་ན་དེ་ནི་རྟོག་མེད་མ། །འབྱུང་བ་རྣམས་ནི་བསྲུང་བའི་ཕྱིར། དེ་ལ་གཏོར་མ་སྦྱིན་པར་བྱ། །འབྱུང་བ་ཁུ་བ་རུ་ནི་གྲགས། །ཁུ་བ་སེམས་ཅན་འདི་རུ་བསྟན། །སེམས་ཅན་སྙིང་པོ་ཡེ་ཤེས་བདེ། །བྷ་ག་ལིང་ག་གཉིས་ལས་འབྱུང་། །དེ་ལ་བསྲུང་བའི་དོན་དུ་ནི། །གཏོར་མ་ཀུན་ཏུ་འབད་དེ་སྦྱིན། །དཔལ་ཡེ་ཤེས་ཐིག་ལེ་ལས་འབྱུང་བ་བསྲུང་བའི་དོན་དུ་གཏོར་མ་ཆེན་པོ་ངེས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་ལ་བོས་ཏེ། ཀྱཻ་དཔའ་བོ་ཆེན་པོ་ལྷའི་དབང་ཕྱུག་འདིར་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་ཀྱི་དང་། ཟླ་བའི་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའི་རྒྱས་པ་ངེས་པར་བསྟན་པའི་དོན་དུ་རང་གི་ངོ་བོ་ཉིད་དང་། ཚད་དང་། རྣམ་པ་དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་ལེགས་པར་ཞུས་ཤིག། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་གིས་གསོལ་པ། མཆོག་གི་དབང་ཕྱུག་མ་མཆོག་གི་བདེ་བ་ཆེན་པོའི་འོད་ཀྱི་རང་གི་ངོ་བོ་སངས་རྒྱས་ཐམས་ཅད་ཀྱི་ཡུམ། སྡིག་པ་ཐམས་ཅད་ཟད་པར་བྱེད་མ། བདུད་ཐམས་ཅད་འཇོམས་པར་བྱེད་མ། དགའ་བ་ཐམས་ཅད་དང་། སྐད་ཅིག་དང་། རོ་དང་། ཡེ་ཤེས་ཀྱི་མཐར་ཁྱབ་པ་ལྟེ་བའི་པདྨའི་དབུས་ནས་བཞེངས་ནས་བདེ་བ་ཆེན་པོ་རབ་ཏུ་ཚིམ་པར་མཛད་མ། བཅོམ་ལྡན་འདས་མ་བཟང་མོ་མཆོག་དྲི་མ་མེད་པའི་སྐུ་ནམ་མཁའི་ངོ་བོ་ལེགས་སོ་ལེགས་སོ། །ཡང་བྱང་ཆུབ་སེམས་དཔའ་སེམས་


DKG080_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ལྷའི་དབང་ཕྱུག་གིས་བཅོམ་ལྡན་འདས་མས་གསུངས་པ་དེ་ཁོང་དུ་ཆུད་པས་མཆོག་ཏུ་དགའ་བ་ཆེན་པོའི་སེམས་ཀྱིས་རྫུ་འཕྲུལ་དང་ཆོ་འཕྲུལ་རྨད་དུ་བྱུང་བ་ཆེན་པོ་སྤྲུལ་ཏེ། རྣམ་པ་དུ་མ་སྣ་ཚོགས་པའི་མཆོད་པ་ཆེན་པོས་མཆོད་པ་བྱས་ནས་སྔར་གྱི་དྲི་བ་དེ་དག་ཞུས་སོ། །བཅོམ་ལྡན་འདས་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དང་། ཟླ་བའི་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའི་རྒྱས་པ་ངེས་པར་བསྟན་པའི་དོན་དུ་རང་གི་ངོ་བོ་ཉིད་དང་། ཚད་དང་། རྣམ་པ་དེ་དག་བདག་ལ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་བ་ཤིན་ཏུ་ཟབ་ལས་ཟབ། །ཐམས་ཅད་མཁྱེན་པས་རྙེད་དཀའ་བ། །ཇི་ལྟར་དེ་ཉིད་མཚན་ཉིད་ནི། །ཉོན་ཅིག་ང་ཡིས་བཤད་པར་བྱ། །མཚན་ཉིད་ལས་སྐྱེས་དེ་ཉིད་ནི། །དེ་ལྟ་མིན་ན་མི་མཐུན་ནོ། །རང་རིག་པ་ནི་བདག་ཉིད་ཕྱིར། །དེ་བས་བརྗོད་པར་མི་ནུས་སོ། །དེ་ཉིད་གསུམ་བདག་དེ་སྣང་བ། །མཚན་མོའི་འདུ་ཤེས་རང་ངོ་བོ། །ཟླ་བའི་བདེ་མཆོག་སྣང་བ་མཆེད། །ཉིན་མོའི་འདུ་ཤེས་རང་ངོ་བོ། །ཕྱག་རྒྱ་ཆེན་པོ་སྣང་བ་ཐོབ། །མཚམས་ཀྱི་འདུ་ཤེས་རང་ངོ་བོ། །མཐའ་ཡི་དེ་ནི་འོད་ཀྱི་རབ། །ཉིན་མོ་མཚན་མོ་སོགས་དང་བྲལ། །དེ་ནི་གནས་མཆོག་ཡེ་ཤེས་ཏེ། །བལྟ་བར་དཀའ་བའི་མཚན་ཉིད་དོ། །ཆར་ཡང་དང་ནི་ཐིག་ལེའི་ཚུལ། །དེ་ཉིད་གསུམ་བདག་རྗོད་པའོ། །འཁོར་ལོ་གསུམ་ཡོད་མེ་རླུང་ཆུ། །དངོས་པོའི་འདུ་ཤེས་རང་ངོ་བོ། །ཚུལ་ཙམ་ཟླ་བ་ཡི་ནི་བདེ། །ས་ཡི་འཁོར་ལོར་བདེ་ནི་མཆོག། དེ་ནི་རྟེན་གྱི་འདུ་ཤེས་ཅན། །ལྷ་ཡི་དབང་ཕྱུག་ཤེས་པར་བྱ། །ཕྱག་རྒྱ་ཆེན་པོ་འདི་ནི་མཆོག། ནམ་མཁར་ཡེ་ཤེས་འདུ་ཤེས་སོ། །དེ་ཡི་མཐའ་ཡི་གཞན་གྱི་མཆོག། བདེ་ཆེན་མཆོག་གི་ནམ་མཁར་རོ། །དེ་ནི་རྣམ་འབྱེད་ངོ་བོར་གྲགས། །གཉིས་སུ་མེད་པའི་ཡེ་ཤེས་རབ། །དེ་ནི་འཁོར་ལོ་དྲུག་དབུས་གནས། །རྣམ་ཤེས་དྲུག་གི་རང་ངོ་བོ། །དངོས་པོ་རྟེན་ལ་སོགས་བྱེ་བྲག། བཞིར་ནི་དབྱེ་བར་ཡོད་པའོ། །དེ་ཉིད་གསུམ་བདག་བྱེ་བྲག་གིས། །དེ་ནི་རྣམ་པ་གསུམ་དུ་དབྱེ། །


DKG080_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མོ་ཉིན་མོ་མཚམས་བྲལ་ཕྱིར། །གཅིག་པུ་ཡི་ནི་བདེ་བ་ཆེ། །རང་བཞིན་བསྟན་པ་གང་ལ་ལར། །མཆོག་གི་ནམ་མཁའ་གང་ལ་ལར། །ལ་ལར་འོད་རབ་ཀྱིས་ནི་གནས། །ལ་ལར་དགའ་བར་དྲན་པའོ། །ལ་ལར་མཆོག་གི་དགའ་བ་སྟེ། །ལ་ལར་དགའ་བྲལ་དགའ་བའོ། །སྣ་ཚོགས་དུ་མ་ལ་སོགས་དབྱེ། །ལྷན་སྐྱེས་གཅིག་པུ་རྟག་ཏུ་ཤར། །དུ་མར་སྨྲ་བས་ཅི་ཞིག་བྱ། །འདི་ཀུན་བདག་ཉིད་ལྷན་ཅིག་སྐྱེས། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །ཆུ་ཡི་ཟླ་བ་བཞིན་དུ་མཐོང་། །དོན་དམ་པ་ཡི་རང་བཞིན་ནི། །ཡང་དག་རྟོག་པའི་གནས་མེད་དོ། །ཐབས་ལ་སོགས་པའི་རིམ་པ་ཡིས། །བླ་མའི་ཞལ་ནས་རྙེད་པར་འགྱུར། །བླ་མ་མཐོ་རིས་ཐར་པའི་བླ། །བླ་མ་ཡེ་ཤེས་བླ་མ་བདེ། །བླ་མ་སྟོན་པ་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །བླ་མའི་ཞལ་སྔའི་བཀའ་དྲིན་ལས། །མཆོག་གི་གནས་ནི་རྙེད་པར་འགྱུར། །ཚེ་འདི་ཡིས་ནི་ཕྱག་རྒྱ་ཆེ། །དངོས་གྲུབ་རྙེད་པར་ཐེ་ཚོམ་མེད། །ས་བཅུ་ཡི་ནི་དབང་ཕྱུག་བདག། དེ་ཡི་བཀའ་དྲིན་གྱིས་ནི་སླ། །དེ་བས་བླ་མ་ལས་ལྷག་གཞན། །སྟོན་པ་ཆེན་པོ་ག་ལ་ཡོད། །གང་ཞིག་བླ་མས་བསྟན་བཅོས་ནི། །མཛད་དམ་བཤད་པ་གང་ཡིན་ཡང་། །དེ་ནི་བསྟན་བཅོས་དེ་ཚད་མ། །དེ་ནི་དེ་ཉིད་འཁྲུལ་པ་མེད། །སློབ་དཔོན་གསུང་དང་བདག་གིས་སྨྲས། །དེ་ལ་བྱེ་བྲག་མི་དབྱེའོ། །རྣལ་འབྱོར་རྣལ་འབྱོར་མ་རྒྱུད་ཤེས། །བླ་མས་མཛད་པའི་བསྟན་བཅོས་གང་། །དེ་ལ་སྒྲ་དང་སྒྲ་ངན་དུ། །ལྷ་ཡི་དབང་ཕྱུག་བརྟག་མི་བྱ། །སྙན་དངགས་ཟློས་གར་བསྟན་བཅོས་ལས། །སྒྲ་དང་སྒྲ་ངན་བརྟག་བྱ་ཡི། །སྔགས་ཀྱི་བསྟན་བཅོས་གཏན་ལ་ཕབ། །ཅི་ཡི་ཕྱིར་ན་བརྟག་པར་བྱ། །བརྟག་པར་བྱེད་པས་གཏི་མུག་བྱེད། །རྩ་བའི་དོན་ནི་ཟད་པར་འོང་། །དེ་ཕྱིར་སྒྲ་དང་རྟོག་གེ་ཤེས། །དེ་ལ་དེ་ཉིད་བཤད་མི་བྱ། །དེ་ཀུན་ལ་ནི་དབང་མི་བསྐུར། །ཕྱི་ཡི་དོན་ལ་མོས་པའི་ཕྱིར། །ཐབས་དང་ཐབས་ལས་བྱུང་མཚན་ཉིད། །འབྲས་བུ་སྦྱིན་པ་གང་ཞིག་ཕྱིར། །དེ་ནི་ཐམས་


DKG080_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དངོས་རིག་པ། །མཆོག་གི་དོན་ནི་སྟེར་ཕྱིར་རོ། །དེ་ལྟར་ཡང་དེ་ཁོ་ན་ཉིད་གསུམ་གྱི་བདག་ཉིད་དང་། ཟླ་བ་དང་བདེ་བ་མཆོག་དང་། ཕྱག་རྒྱ་ཆེན་པོའི་མཐའ་རྙེད་པའི་དོན་དུ། རྣམ་པ་དང་། ཚད་དང་། རང་གི་ངོ་བོ་ངས་སྨྲས་སོ། །ཡང་འདིར་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ་རྣམ་པའོ། །ཟླ་བ་བདེ་བ་མཆོག་ནི་ཚོགས་ཀྱི་རྣམ་པར་ཤེས་པ་སྟེ་མཐའི་ཚད་དོ། །ཕྱག་རྒྱ་ཆེན་པོ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྣང་བ་སྟེ། དེ་ནི་རང་གི་ངོ་བོའི་དེའི་མཐའ་ལ་རྣམ་པ་མེད་པའི་རྣམ་པར་ཤེས་པ་ནམ་མཁའོ། །ཡང་ན་སྤྲུལ་པ་དང་། ཆོས་དང་། ལོངས་སྤྱོད་དང་། བདེ་བ་ཆེན་པོའི་རྣམ་པའི་དོན་ཁོང་དུ་ཆུད་པར་བྱའོ། །ཡང་ན་རྩ་བཞིའི་དོན་དུ་རྣམ་པ་ལ་སོགས་པར་ཤེས་པར་བྱའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་དེ་ཁོ་ན་ཉིད་གསུམ་ལ་སོགས་པའི་རྒྱས་པ་ངེས་པར་བསྟན་པའི་རང་བཞིན་གྱི་དོན་ཞེས་བྱ་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལྷ་མོ་རབ་དགྱེས་ནས། །རང་བཞིན་དོན་ནི་གསལ་བའི་ཕྱིར། །དམ་པོ་རུ་ནི་འཁྱུད་བྱས་ནས། །པདྨ་དམ་པོར་རབ་ཏུ་བསྐོར། །དུར་ཁྲོད་ལ་སོགས་པ་ཡི་དོན། །རྡོ་རྗེ་རྒྱལ་པོ་ལ་ནི་ཞུས། །སྲུབ་དང་བསྲུབས་པའི་སྦྱོར་བ་ལས། །དཔལ་བདག་དགྱེས་ནས་བཀའ་སྩལ་ཏོ། །དུར་ཁྲོད་ལ་སོགས་པ་ཡི་དོན། །སྐལ་ལྡན་ལྷ་མོ་ཁྱོད་ཉོན་ཅིག། མི་བཟད་འདི་རུ་རྣམ་ཁྱབ་པ། །ལྷ་མོ་ཁ་ལ་རབ་ཏུ་གྲགས། །གཡས་པའི་སྣ་ཡི་བུ་ག་ནི། །མི་སྡུག་པ་ནི་ཤིན་ཏུ་ཚིག། ཅེ་སྤྱང་ཚོགས་ནི་ཕྱེད་ཚིག་པ། །སྣ་བུག་གཡོན་པ་རུ་ནི་དྲན། །རྣ་བ་གཡས་པ་འཇིགས་སུ་རུང་། །སྭ་སྭ་དང་ནི་ཙེག་ཙེག་གོ། །ཤ་ཟའི་ཁ་ནི་རྣ་བ་གཡོན། །དུམ་བུ་མགོ་བོ་ལ་སོགས་རྒྱན། །ལྷ་མོ་གཡས་པ་ཡི་ནི་མིག། ཧ་ཧར་རྒོད་པར་རབ་ཏུ་གྲགས། །རྣམ་པ་དང་བཅས་ཡི་དགས་ལྡན། །འཇིགས་པ་ཤིན་ཏུ་འཇིགས་པར་བྱེད། །གཡོན་པ་ཕོ་ཉ་ནག་པོ་མེ། །མེ་ལྕེ་འབར་བའི་ཕྲེང་བས་ཁྱབ། །རྡོ་རྗེའི་ཁ་རུ་འཇིགས་པར་བྱེད། །རུས་པ་དཀར་པོས་རབ་ཁྱབ་པ། །ཁུ་བ་གཞན་མིན་རུས་དཀར་འདི། །ངེས་པར་ལྷ་མོ་ཤེས་


DKG080_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་ནི་ཤིན་ཏུ་ཚ་བ་སྐྱེ། །དེ་ཚེ་འབར་ཕྲེང་ཁྱད་པར་ཆེ། །བྱང་ཆུབ་སེམས་ནི་བདེ་བ་ཆེ། །མི་བརྟན་མ་ཡིན་པ་རུ་བཞུགས། །དེ་ཚེ་རྣམ་བཅས་ཡི་དགས་ཀྱིས། །ལྡན་པར་རབ་ཏུ་གྲགས་པའོ། །གསུམ་དབྱེ་བཞིར་དབྱེ་དྲུག་དབྱེ་འམ། །མཆོག་གི་བདུད་རྩི་གང་དུ་གཤེགས། །དེ་ནི་དུམ་མགོ་ལ་སོགས་བསྟན། །གང་ཚེ་ཐིམ་ལ་ལོངས་སྤྱོད་འགྲོ། །དེ་ཚེ་སྭ་སྭ་ཙེག་ཙེག་གོ། །གང་གི་ཚེ་ནི་དབང་མ་འགྲུབ། །དེ་ཕྱེད་ཚིག་ལྡན་དྲན་པའོ། །སྲོག་གི་རླུང་ནི་ནུབ་པའི་ཕྱིར། །ཤིན་ཏུ་ཚིག་པར་བརྟག་པའོ། །ཁུ་བ་ཉེ་བའི་ཤར་མ་ཐག། བཀྲམ་པར་བདག་གིས་བཤད་པའོ། །ལྷ་མོ་ཤིན་ཏུ་གསང་བ་ཆེ། །དུར་ཁྲོད་བརྒྱད་ནི་རབ་མཆོག་གོ། །དེ་ནི་ཤིང་བརྒྱད་དང་ལྡན་པ། །ནང་གི་བདག་སྦྱོར་མཚན་ཉིད་དོ། །དཔལ་གྱི་མེ་ཏོག་མིག་རྩི་དང་། །ནཱ་ག་གེ་སར་ཝ་རྟ་དང་། །པ་ལ་ཤིང་དང་ཤ་ར་ཤིང་། །ཁར་བ་དང་ནི་ཤ་མི་ཡོ། །ཡལ་ག་དུ་མ་ལ་སོགས་དང་ལྡན་བརྒྱད། །འབྲས་བུས་དུད་པའི་གཟུགས་ཀྱིས་ཤིན་ཏུ་བརྒྱན། །འདོད་མ་རྒྱས་མ་གླུ་སྟོབས་མ་དང་ས། །མཚོ་སྐྱེས་སྙིང་པོ་འཛིན་མ་བྱ་གདོང་མ། །མགྱོགས་དང་བྲལ་མོ་ཞིག་གཉིས་ཀུན་དུ་བརྟགས། །ཤིང་མཆོག་ཆེན་པོ་རྩ་བརྒྱད་ཀྱི་ནི་གཟུགས། །ཡང་ནི་དུར་ཁྲོད་ཆེན་པོ་ནི་སྤྲུལ་པའི་འཁོར་ལོའི་ཆུ་སྐྱེས་ཆོས་ཀྱི་འབྱུང་གནས་ཀྱི་ནང་གསང་བ་ཆེན་པོ་འདུས་པའི་གནས་དང་ཉེ་བའི་གནས་ལ་སོགས་པའི་གནས་ནས་རྣལ་འབྱོར་མ་རེ་རེས་ཤིང་རེ་ཁྱེར་ནས་སོང་ངོ་། །ལྷ་མོས་གསོལ་པ། བཅོམ་ལྡན་འདས་འདིར་ནི་རྣལ་འབྱོར་མ་ནི་གང་ལགས། ཤིང་རྣམས་ཀྱི་མིང་ནི་ཅི་ལགས། ཇི་ལྟར་ན་སྤྲུལ་པའི་འཁོར་ལོའི་ཆུ་སྐྱེས་དེ་ཀུན་གྱི་འདུས་པ་ལགས་པ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡན་ལག་ཆེ་མ་དང་། དྲག་མིག་མ་དང་། འཇིགས་མ་དང་། ཁྲོ་གདོང་མ་དང་། ཟླུམ་མིག་མ་དང་། སྣ་ཉམས་མ་དང་། ལྕེ་བསྐྱོད་མ་དང་། སྦྲུལ་གདོང་མ་དང་། བྱ་རྒོད་གདོང་མ་དང་། གསེར་མིག་མ་དང་། མཆེ་གཙིགས་མ་དང་། སོ་རིངས་མ་དང་། ཉ་གདོང་མ་དང་། མགྲིན་རིངས་མ་དང་།


DKG080_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་འཕྱངས་མ་དང་། སྒུར་མོ་དང་། བྱིན་ཆེན་མ་དང་། སྤུ་ལྡན་མ་དང་། སེན་རིངས་མ་དང་། ཡན་ལག་གནག་མ་དང་། སྔོ་མ་དང་། ཡན་ལག་དམར་མོ་དང་། གུར་གུམ་འོད་མཉམ་མ་དང་། རྟ་གདོང་མ་དང་། གདོང་ཆེན་མ་དང་། རལ་གཅིག་མ་དང་། རལ་རིངས་མ་དང་། བོང་རྣ་མ་དང་། གླང་ཆེན་ལྟེ་བ་མ་དང་། བུང་མིག་མ་དང་། མེ་ཏོག་དགའ་མ་དང་། སྣ་རིངས་མ་དང་། རྨ་བྱའི་མགྲིན་མ་དང་། སྦྲུལ་ལྕེ་མ་དང་། ནེའུ་ལེའི་གདོང་མ་དང་། ནུ་འཕྱངས་མ་དང་། གསུས་འཕྱངས་མ་དང་། སྨད་ཆེ་མ་དང་། གདོང་སྐམ་མ་དང་། རླུང་མགྱོགས་མ་དང་། དལ་འགྲོ་མ་དང་། སྤྱན་རིངས་མ་དང་། དགོད་གདོང་མ་དང་། དུ་མ་དང་། འཐབ་དགའ་མ་དང་། གར་མ་དང་། དགའ་འགྲོ་མ་དང་། ཆོག་མེད་མ་དང་། མང་ཟ་མ་དང་། ཆང་དགའ་མ་དང་། ཤ་དགའ་མ་དང་། ཕར་འགྲོ་ཚུར་འགྲོ་མ་དང་། བྲམ་ཟེ་མོ་དང་། རྒྱལ་པོའི་སྲས་མོ་དང་། ཆང་འཚོང་མ་དང་། ཐོད་པ་མ་དང་། ལྟོ་བི་དང་། གཏུམ་མོ་དང་། ཁྲུས་མཁན་མོ་དང་། ཚོས་མ་དང་། ཤ་བ་རི་དང་། ལེགས་མ་དང་། ཁྲག་དགའ་མ་དང་། སྐྱབས་སྦྱིན་མའོ། །དེ་ཀུན་ལྷ་མོ་རྣལ་འབྱོར་མ། །ཤིན་ཏུ་དྲག་ལ་ཡང་དག་འཇིགས། །དེ་ཀུན་ལག་ན་གང་ཞིག་ཤིང་། །ཁྱེར་ནས་འོང་བ་ཁྱོད་ཉོན་ཅིག། ཙམ་པ་ཀ་དང་། པ་ཏྲ་ལི་དང་། ཀ་འུན་ཙ་དང་། པ་ཏ་དང་། པདྨ་དང་། ཤ་ར་དང་། ཤི་མྱ་དང་། པ་ལ་ཤ་དང་། ནཱ་ག་གེ་སར་དང་། སཱ་ལ་དང་། ཨ་རོ་དྷ་ཀ་དང་། གྷ་ན་དང་། པི་ས་ལ་དང་། བུང་བའི་དྲ་བ་དང་། ཨ་ཤྭཏྠ་དང་། ཨ་ཏ་པུ་ཏ་དང་། ཧ་ཡ་དང་། ས་ཧ་ཀ་ར་དང་། འོ་མའི་ཤིང་དང་། ཆུ་ཤིང་དང་། ན་ལི་གི་ར་དང་། ཨུ་དུམ་བཱ་ར་དང་། ཨེ་རཎྜ་དང་། ཀ་པིཏྠ་དང་། ཨ་མྲ་དང་། ཛ་མ་ར་དང་། ཁ་དི་ར་དང་། ཙནྡན་དམར་པོ་དང་། པདྡ་ཀ་དང་། ཙནྡན་དང་། ལི་ཤི་དང་། ཛཱ་ཏི་ཤིང་དང་། གོབིལ་བ་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། རྒུན་འབྲུམ་དང་། ཁརྫུ་ར་དང་། ད་ག་ར་དང་། ཀམྤི་ལ་དང་། བེནྟི་ད་ཀར་དང་། གོ་ཡུའི་ཤིང་དང་། འདོད་པའི་མདའ་གཞུ་དང་། ཕྲ་མོའི་ལོ་མ་དང་། གུ་


DKG080_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

གུལ་དང་། སརྫ་ར་ས་དང་། པ་ལ་ཀ་དང་། མ་ད་ནའི་ཤིང་དང་། ཀརྨྨ་རི་དང་། པུཎྜ་རཱི་ཀ་དང་། འབྲས་བུ་ཆེ་བ་དང་། ཚེར་འབྲས་དང་། ཀླུའི་མགོ་ཤིང་དང་། སུ་དར་ཤ་ན་དང་། ཏ་ལའི་ཤིང་དང་། ཆོས་ཀྱི་རྒྱལ་མཚན་དང་། གཤིན་རྗེའི་གདུགས་དང་། ཨ་ཤོ་ཀ་དང་། ཨར་ག་དང་། ཀ་ར་བཱི་ར་དང་། རུ་དྲཱཀྵ་དང་། ཨརྫུ་ན་དང་། རྡོ་རྗེའི་མིག་སྟེ། ཤིང་དེ་དག་ཀུན་ནི་ཆུ་ཞེང་གབ་པ། མེ་ཏོག་དང་འབྲས་བུ་དང་ལྡན་པ་སྟེ། འདུས་པ་ཆེན་པོའི་གནས་སུ་རྣལ་འབྱོར་མ་རྣམས་ཀྱིས་ཁྱེར་ཏེ་འོངས་ནས། དམ་ཚིག་གི་སྤྱོད་པ་ཆེན་པོ་བྱེད་དོ། །འདུས་པ་ཆེན་པོའི་གནས་བརྒྱད་པ། །བརྒྱད་ཀྱི་འདབ་མ་དང་ལྡན་ནོ། །འདབ་མ་རེ་རེ་ལ་རྣལ་འབྱོར་མ་དེ་དག་དང་གཉིས་པ་ནི་ཤིང་སྟེ། དེ་གཉིས་གཅིག་ལ་གཅིག་མཉམ་པར་གནས་སོ། །དེ་ལྟར་ཤིང་གི་རྣམ་པ་ཉིད་ཀྱི་རྩ་ལ་བཞུགས་པའི་ཕྱིར་རོ། །རྣལ་འབྱོར་མ་དང་ཤིང་གི་སྒྲས་རྩ་དྲུག་ཅུ་རྩ་བཞི་ཁོང་དུ་ཆུད་པའོ། །འདི་ལ་རྩའི་འཁོར་ལོའི་ལྟེ་བར་སྲོག་གི་རྩ་བའི་ནང་དང་ལྷན་ཅིག་རྩ་གསུམ་དང་ལྡན་པའི་འདབ་མ་གསུམ་གྱི་པདྨའི་གཡས་ངོས་སུ་པིང་ག་ལའོ། །གཡོན་ངོས་སུ་ཨི་ཌཱའོ། །དབུས་སུ་བདེ་ལེགས་ཡིད་འོང་མ་དང་། འཇུག་པ་དང་། གནས་པ་དང་། འགྲོ་བ་འགྲུབ་པར་བྱེད་དོ། །དེ་དག་གི་དངོས་པོ་དང་། རྟེན་དང་། ཡེ་ཤེས་དང་། རྣམ་པར་འབྱེད་པ་ལས་ཞལ་བཟང་མོ་དེ་རུ་ཤེས་པར་བྱ། ཤར་བ་དང་ནུབ་པའི་དུས་སུ་རྩའི་འཁོར་ལོའི་འབྱུང་བ་ཐམས་ཅད་འབད་པས་བཙལ་བར་བྱའོ། །གང་གི་ཕྱིར་རྩའི་འབྱུང་བ་མེད་པར་གྱུར་ན། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་བདེ་བའི་ཡེ་ཤེས་འདི་འཇུག་པ་དང་། གནས་པ་དང་། འགྲོ་བའི་སྐྱེ་བ་ཤེས་པ་མ་ཡིན་ནོ། །མ་ཤེས་ན་ཇི་ལྟར་ཕྱག་རྒྱ་ཆེན་པོའི་གྲུབ་པ་རྙེད་པར་འགྱུར་ཏེ། དེ་བས་ན་ཕྱག་རྒྱ་ཆེན་པོའི་གྲུབ་པའི་དོན་འདོད་པའི་རྣལ་འབྱོར་གྱི་དབང་ཕྱུག་གིས་བསམ་གཏན་ལ་མི་གཡེང་བས་བརྩོན་པར་བྱའོ། །ལྷ་མོས་གསོལ་པ། བཅོམ་ལྡན་རྣལ་འབྱོར་དབང་ཕྱུག་གིས། །བསམ་གཏན་འདིར་ནི་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྣལ་


DKG080_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་དབང་ཕྱུག་བསམ་གཏན་ནི། །ཉོན་ཅིག་ལྷ་མོ་ངས་རབ་བཤད། །ཀུན་རྫོབ་ཡེ་ཤེས་རྟེན་པ་ལས། །གཉིས་སུ་མེད་པའི་གནས་རབ་རྙེད། །ཉེར་འགྲོ་བསམ་གཏན་མཆོག་གིས་ནི། །གྲུབ་པ་ཆེན་པོ་རྙེད་པར་འགྱུར། །སྐྱོན་ནི་ཐམས་ཅད་བྲལ་བ་ཡི། །ཡིད་དང་མཐུན་པའི་རང་གནས་སུ། །ལུས་ནི་མ་བསྒྲིམས་པ་ཡིས་ནི། །སྤྲོས་པ་མེད་པར་སྟན་བདེར་བསྡད། །ལྟེ་བའི་དབུས་ན་ཡོད་པའི་ཚུལ། །ཧཱུྃ་གི་ཡིག་འབྲུ་གྲགས་ཆེན་གྲགས། །རྣམ་པར་རྟོག་པ་དང་བྲལ་བ། །བསྐལ་པའི་མེ་ཡི་འོད་དང་མཉམ། །ལངས་ནས་ཆོས་ཀྱི་འཁོར་ལོ་ཡི། །མཁའ་འགྲོ་བསྲེགས་ནས་སྨིན་མཚམས་ཀྱི། །དབུས་ན་གང་ཞིག་འཁོར་ལོ་ཡོད། །རང་གི་ངོ་བོ་སྲོག་གི་རླུང་། །སྙིང་གར་འོངས་ནས་དེ་གནས་སུ། །རྟག་ཏུ་དེ་ནི་བཞུགས་པའོ། །དེ་ནི་ཨོཾ་ཡིག་ངོ་བོར་གྲགས། །སྐུ་ཡི་རྒྱལ་པོ་རྣམ་པར་ཤེས། །སྲོག་དང་རྔུབ་པ་འགོག་པ་ཡིས། །སྲོག་དང་རྔུབ་པའི་བཟའ་བ་གསོལ། །སྲོག་དང་རྔུབ་པ་གཉིས་ཟོས་ནས། །དེས་ནི་རྫོགས་པར་འགྱུར་བ་ཡིན། །དེ་ནས་དེ་ལ་རྟགས་ནི་ཀུན། །མཚན་མ་འདི་ལྟ་བུ་དག་འབྱུང་། །འདར་དང་རྔུལ་དང་བ་སྤུ་ལངས། །དབྱངས་ཀྱི་བྱེ་བྲག་དེ་ནས་མདངས། །ཁ་དོག་འགྱུར་དང་མཆི་མ་དང་། །ལྷ་མོ་དེ་ལས་དེ་ཉིད་སྐྱེའོ། །དེ་ནས་རྣལ་འབྱོར་དབང་ཤེས་ནས། །རྣམ་པར་ཤེས་པའི་ཡི་གེ་མཆོག། ནང་དུ་ལྟ་བ་བྱས་པས་ན། །སྟེང་མཚམས་རྩེ་མོ་ཟབ་པ་རུ། །མཆོག་གི་ནམ་མཁའ་བདེ་ཆེན་དུ། །ཡི་གེ་མཆོག་ནི་ཤེས་བྱས་ནས། །ཚངས་པའི་པདྨར་བྱོན་ཏེ་རྒྱས། །ཆགས་པ་དང་བྲལ་གནས་སུ་འགྲོ། །དཔལ་ལྡན་རྡོ་རྗེ་འཛིན་པ་ཡིས། །ལྷ་མོ་གནས་དེར་ཤེས་པར་བྱ། །འདི་ལྟ་བུ་ཡི་འདུས་པ་ཡིས། །ས་ཡི་དུར་ཁྲོད་ཆེན་པོ་ནི། །ཆོས་ཀྱི་འབྱུང་གནས་ཀྱི་ནི་གཞིར། །གྲངས་མེད་པ་ཡི་རྣལ་འབྱོར་པ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །ཉེ་བར་འགྲོ་བའི་བསམ་གཏན་ལས། །ངེས་པར་འགྲུབ་པའི་དབང་པོ་མཆོག། སྤྲོས་མེད་འོད་ཀྱི་གནས་རྙེད་དོ། །དཔལ་ཡེ་ཤེས་ཐིག་ལེ་ལས་


DKG080_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ཀྱི་ངེས་པར་བསྟན་པའི་དོན་དང་། ནང་གི་བསམ་གཏན་གྱི་ཉེ་བར་འགྲོ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོ་པདྨའི་མཆོག་བསྐྱེད་ཅིང་ཤིན་ཏུ་དགའ་བས་ཡང་ཞུས་པ། ཀྱཻ་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་འདིའི་ཚད་ནི་ཅི་ལགས། གནས་ནི་གང་ལགས། མཆོག་གི་དབང་ཕྱུག་བདག་ལ་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་དྲི་བ་མཆོག་བྱས་པ། །སྤྱན་བཟང་མ་ནི་ཁྱོད་ཉོན་ཅིག། དཔལ་ལྡན་ཡེ་ཤེས་ཐིག་ལེ་ཡི། །དེ་ཡི་ཚད་ནི་དོན་དམ་པར། །སུས་ཀྱང་སྨྲ་བར་ནུས་མ་ཡིན། །ཞལ་བཟང་དེ་ནི་བདེན་མ་ཡིན། །འོན་ཀྱང་ཅུང་ཟད་སྐལ་ལྡན་མོ། །གསང་བའི་ཡེ་ཤེས་རབ་མཆོག་ནི། །གང་ཞིག་རྒྱལ་བས་ཡང་མི་ཤེས། །ཁྱོད་ཀྱི་ངོར་བྱས་བདག་གིས་བཤད། །སྲོག་གི་དབྱུག་པའི་གང་ཞིག་སྟེ། །སོར་བཅུ་གཉིས་ནི་མདུད་པ་མེད། །འོག་གི་ཆ་ནི་བཅུ་གཉིས་ཕྱེད། །དེ་བཞིན་སྤྲུལ་པའི་པདྨར་ནི། །དྲུག་ཕྱེད་པདྨ་མིག་དང་འདྲ། །རྩ་བ་དང་བཅས་ལྟེ་ནང་དུ། །རྩ་བ་རྩ་བའི་ནང་འོངས་ནས། །འདབ་མའི་སྐེ་རུ་བཅར་ཏེ་གནས། །དབྱུག་པའི་རྣམ་པའི་ངོ་བོར་གྲགས། །བུ་ག་ཕྲ་མོས་ནང་ན་ལྡན། །དེ་ནི་སྲོག་པ་རྩ་ཉིད་ཡིན། །ཁམས་གསུམ་གྱི་ནི་རྟེན་ཡིན་ནོ། །རྒྱུ་དང་འབྲས་བུ་གཉིས་མེད་ཀྱིས། །རྩ་དང་འབྲས་བུ་རྒྱ་ཡིས་བཏབ། །དྲུག་ཕྱེད་རྩ་བ་དང་ལྡན་ནི། །རྩ་བའི་སྐུད་པ་བྱད་གཟུགས་གསལ། །བཅུ་དྲུག་ཕྱེད་ཕྱེད་བྱེ་བྲག་ཏུ། །རྩ་བའི་སྐུད་པ་གཅིག་པུའོ། །རྩ་བ་གསུམ་དབྱེ་སྐལ་ལྡན་མོ། །འབྲས་བུ་ཡང་ནི་དེ་བཞིན་ནོ། །རྩ་བ་འབྲས་བུ་གཉིས་ཀྱི་གནས། །བཅུ་གཉིས་ཕྱེད་ཀྱི་གཅིག་པའོ། །དེ་ནི་ཤིན་ཏུ་ཕྲ་མོ་འཇམ། །རིན་ཆེན་ཁ་ནང་མན་ཆོད་དོ། །དེ་ཙམ་ཡེ་ཤེས་ཐིག་སྐུད་ཡོད། །རྣམ་ཤེས་དྲུག་པོའི་རྟེན་མཆོག་གོ། །ཆར་ཡང་དང་ནི་ཐིག་ལེ་ཚུལ། །ཚུལ་ཙམ་མཆོག་དང་གཞན་མཆོག་གོ། །ཤྲཱི་ནི་གཞན་མིན་འདི་རུ་ཆར། །ཐིག་ལེ་ཛྙཱ་ཞེས་སུ་ནི་དྲན། །ཚུལ་ནི་ན་ཡི་ཡིག་འབྲུ་ཡིན། །ཏི་ཡི་ཡི་གེ་ཚུལ་ཙམ་མོ། །མཆོག་ནི་


DKG080_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡི་ཡིག་འབྲུར་བསྟན། །གཞན་མཆོག་ཀ་རུ་དྲན་པའོ། །གུག་མའི་རྣམ་པའི་ཁ་རུ་ནི། །ཡུངས་ཀར་ཆེ་བའི་སྦོམ་པོ་ཙམ། །གཉིས་སུ་མེད་པའི་ཡེ་ཤེས་དཔལ། །ཆར་ཡང་དུ་གྲགས་མཆོག་དབང་ཕྱུག། དེ་ཡི་སྙིང་གའི་དབུས་སུ་ནི། །ཡེ་ཤེས་ཐིག་ལེ་གྲུབ་པ་བཞུགས། །ཚུལ་ནི་མདུད་པའི་མགྲིན་པར་གནས། །ན་ཡི་ཡི་གེ་མཚན་ཞེས་མཆོག། གཡོན་གློ་ཡི་ནི་འདབ་མའི་ནང་། །ཏི་ནི་ཐིག་ལེའི་ཚུལ་ཙམ་གནས། །གཡས་སུ་ལ་ཡི་ཡིག་འབྲུར་གྲགས། །ལྷ་མོ་མཆོག་ནི་རྟག་ཏུ་བཞུགས། །སྟེང་དུ་གཞན་མིན་ཀུན་གྱི་མཆོག། ཁ་ཡི་གནས་སུ་རྩེ་མོའི་ཆ། །དེ་ཚད་ཡུངས་ཀར་རུས་པ་ཙམ། །ག་ཡི་རྣམ་པའི་ཡི་གེ་མཆོག། བདེ་བ་ཆེན་པོའི་རང་ངོར་གྲགས། །རང་གི་ངོ་བོའི་མཚན་ཉིད་ཅན། །དཔལ་ལྡན་ཡེ་ཤེས་ཐིག་ལེ་འདི། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ནམ་མཁར་འགྲོ་བ་ཡི་ནི་ཕྱིར། །མཁའ་འགྲོ་མ་ནི་རྩ་ཀུན་དྲན། །འཇུག་པའི་གནས་ས་ལོངས་སྤྱོད་ཡིན། །ཐིམ་པའི་འགྲོ་བའི་གནས་སུ་ཡོད། །འབྱུང་བ་དབང་གི་གནས་སུ་སྟེ། །རང་བཞིན་དེ་ནི་མཆོག་གཞན་མཆོག། གཡོན་གྱི་གློ་རུ་ཨི་ཌཱའི་རྩ། །པིཾ་ག་ལ་ནི་གཡས་སུ་གནས། །རྟོག་མེད་མ་ནི་སྟེང་དུ་གནས། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །སྟེང་དང་འོག་གནས་ཡོད་པའི་རྩ། །སྲིད་དང་མྱ་ངན་འདས་དག་བྱེད། །གཡོན་གློ་རུ་ནི་ཡོད་པས་ཡང་། །དེ་བཞིན་འདི་ནི་དྲན་པའོ། །དེ་རྣམས་ལྟེ་བའི་དབུས་སུ་ནི། །སྐྲ་རྩེ་བྱེ་བ་བརྒྱ་ཡི་ཆ། །དེ་ཡི་ཚད་ནི་དེ་བཞིན་གནས། །ཞལ་བཟང་ཡེ་ཤེས་ཐིག་ལེའོ། །རྣལ་འབྱོར་མ་ཡི་ཡེ་ཤེས་རབ། །གསང་བ་མཆོག་ནི་བདག་གིས་བཤད། །ཐོས་པ་ཡིས་ནི་སྡིག་པ་ཟད། །དེ་ནས་དེ་ལ་དགའ་བ་སྐྱེ། །དྲན་པ་ཡིས་ནི་བསོད་ནམས་སྐྱེ། །དེ་ནས་དེ་ལ་མཆོག་དགའ་སྐྱེ། །ལྟ་བ་ཡིས་ནི་འགྲུབ་པར་འགྱུར། །དགའ་བྲལ་དགའ་བ་རབ་ཏུ་སྐྱེ། །རེག་པ་ཡིས་ནི་ལྷན་སྐྱེས་དགའ། །དེ་ནས་ཡང་དག་རབ་འོད་གནས། །འོད་རབ་གནས་ལས་ཐམས་ཅད་འདི། །གནས་ལ་སོགས་པའི་དག་ཀུན་ནོ། །ལྷ་མོས་གསོལ་པ། གནས་ལ་གྲངས་ནི་ཇི་ཙམ་དུ། །མཆོག་


DKG080_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གི་དབང་ཕྱུག་ཁྱོད་དབང་མཛད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྟག་ཏུ་སྤྲུལ་པ་ཡི་ནི་སྐུས། །ས་ནི་བཅུ་གཅིག་པ་རུ་དྲན། །ལོངས་སྤྱོད་རྫོགས་སྐུ་བཅུ་གཉིས་པ། །ཆོས་ཀྱི་སྐུས་ནི་བཅུ་གསུམ་མོ། །བདེ་བ་ཆེན་པོས་བཅུ་བཞི་པ། །གང་ཞིག་བཅྭ་ལྔ་ཡི་ནི་ས། །དེ་ནི་ཡེ་ཤེས་ས་ཞེས་བྱ། །བཅུ་དྲུག་པ་ནི་བརྟགས་པ་མིན། །ཁྱོད་དང་ལྷན་ཅིག་ཞལ་བཟང་མོ། །དེ་ཀུན་ས་ཡི་དབང་ཕྱུག་བདག། གནས་ལ་སོགས་པ་དགའ་བའི་གནས། །ས་ཡི་སྒྲ་ཡིས་བརྗོད་པ་ཡིན། །ས་དང་པོ་མོས་པས་སྤྱོད་པ། གཉིས་པ་རབ་ཏུ་དགའ་བ། གསུམ་པ་དྲི་མ་མེད་པ། བཞི་པ་འོད་བྱེད་པ། ལྔ་པ་འོད་འཕྲོ་བ། དྲུག་པ་སྦྱང་དཀའ་བ། བདུན་པ་མངོན་དུ་གྱུར་པ། བརྒྱད་པ་རིང་དུ་སོང་བ། དགུ་པ་མི་གཡོ་བ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཀུན་ཏུ་འོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས། ཀུན་དུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་དུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། །ཡང་དག་འོད་རབ་ཆོས་ཀྱི་སྐུའི་ས། བརྗོད་དུ་མེད་པ་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། དེ་ཀུན་དགའ་བའི་བྱེ་བྲག་ལ། །སར་ནི་ཀུན་ཏུ་བཏགས་པའོ། །ལྷ་མོས་གསོལ་པ། རྡོ་རྗེ་སེམས་དཔའ་མངའ་བདག་ཆེ། །སྐུ་ནི་འདི་རུ་ཅི་རུ་གྲགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྐུ་ནི་དེ་བཞིན་གཤེགས་སྐྱབས་སྦྱིན། །སེམས་ནི་རྡོ་རྗེ་འཛིན་པར་དྲན། །ཕུང་པོ་ལྔ་ལས་གྲུབ་པའི་སྐུ། །རིགས་ལྔ་ཡི་ནི་བདག་ཉིད་མཆོག། རིགས་ནི་དྲུག་པ་ཐུགས་རྡོ་རྗེ། །གྲངས་མེད་རིགས་ཀྱི་གཙོ་བོའོ། །འཁོར་ལོ་རིན་ཆེན་དེ་བཞིན་པད། །རལ་གྲི་རྡོ་རྗེ་ལྔ་པའོ། །གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་ཤེས་དེ་བཞིན་ནོ། །གཟུགས་ནི་རྣམ་པར་སྣང་མཛད་གྲགས། །གཏི་མུག་རྡོ་རྗེའི་ངོ་བོ་ཉིད། །ཚོར་བ་རིན་ཆེན་རྒྱལ་པོ་ནི། །ང་རྒྱལ་རྡོ་རྗེའི་ངོ་བོ་ཉིད། །འདུ་ཤེས་དེ་ནི་སྣང་མཐའ་ཡས། །ཆགས་པ་རྡོ་རྗེར་རབ་ཏུ་གྲགས། །འདུ་བྱེད་དོན་ཡོད་གྲུབ་པ་


DKG080_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །ཕྲག་དོག་རྡོ་རྗེ་རུ་ནི་གྲགས། །རྣམ་པར་ཤེས་འདིར་མི་བསྐྱོད་པ། །ཞེ་སྡང་རྡོ་རྗེ་རབ་ཏུ་བསྒོམ། །ནམ་མཁའ་རྡོ་རྗེ་སེམས་དཔར་གྲགས། །རྣམ་པ་དང་བྲལ་གྲུབ་མངའ་བདག། གཏི་མུག་མེ་ལོང་ཡེ་ཤེས་ལྟ། །ང་རྒྱལ་མཉམ་པ་ཉིད་དུ་དྲན། །སོ་སོར་རྟོག་པ་འདོད་ཆགས་ཡིན། །བྱ་བ་གྲུབ་པ་ཕྲག་དོག་ཆེ། །ཞེ་སྡང་ཆོས་དབྱིངས་རྣམ་པར་དག། བདེ་ཆེན་གཅིག་པུ་ལས་ནི་འདིར། །བྱེ་བྲག་ལྔ་རུ་གྱུར་པར་གྲགས། །བདེ་བ་དཀར་པོ་བསྲུབས་པ་ལས། །ཞལ་བཟངས་མོ་ནི་སྲ་བ་གང་། །དེ་ནི་རྣམ་པར་སྣང་མཛད་ཅེས། །གཏི་མུག་ཆོས་ཀྱི་མཚན་ཉིད་ཅན། །བདེ་བ་ནག་པོ་ཞུ་བའི་གཟུགས། །དེ་ནི་མི་བསྐྱོད་པ་རུ་དྲན། །བདེ་བ་དམར་པོའི་འོད་ཀྱི་ཕྱིར། །འོད་དཔག་མེད་པ་དེ་བཞིན་གཤེགས། །རླུང་གིས་ཁྱབ་ཕྱིར་བདེ་བ་སྔོན། །དོན་ཡོད་གྲུབ་པ་དེ་རབ་བསྟན། །ང་རྒྱལ་ལས་ནི་འདིར་བདེ་སེར། །དེ་ནི་རིན་ཆེན་འབྱུང་ལྡན་ཡིན། །ནམ་མཁའ་དང་བྲལ་གྲུབ་མགོན་པོ། །རྡོར་སེམས་རྒྱལ་བ་ཀུན་མངའ་བདག། སྤྱན་རིངས་བཟང་མོ་དེ་ཕྱིར་སྐུ། །ལྷ་ཡི་རྣམ་པ་རབ་ཏུ་མཆོག། འབད་པ་ཡིས་ནི་དེ་མཆོད་བྱ། །ནམ་ཡང་སྨད་པར་མི་བྱའོ། །ཤ་དང་། ཁྲག་དང་། བཤང་བ་དང་། གཅི་བ་དང་། མིག་རྡུ་དང་། སྣབས་དང་། སེན་མོ་དང་། སོ་དང་། སྐྲ་དང་། སྤུ་དང་། རུས་པ་དང་། རྒྱུས་པ་དང་། མཁལ་མ་དང་། སྙིང་དང་། མཁྲིས་པ་དང་། གློ་བ་དང་། རྒྱུ་མ་དང་། དྲི་མ་དང་། ཆིལ་དང་། རྣག་དང་། ཨང་ཁྲི་ནི་དང་། གཉེ་མ་དང་། ལྟོ་བ་དང་། ཁ་ལྦུ་དང་། བད་ཀན་དང་། རྔུལ་དང་། མཆི་མ་དང་། ཀླད་པ་དང་། རྐང་མར་དང་། ཁུ་བ་དང་། ཁྲག་དང་། ཤ་མ་འདི་ཡང་ལྷའི་གཟུགས་ཀྱིས་གནས་པ་སྟེ། གཞན་མ་ཡིན་ནོ། །དེ་བས་ན་ཤིང་དང་། རྡོ་བ་དང་། ས་ལས་གྲུབ་པ་དང་། དངུལ་དང་། ཟངས་དང་། འཁར་བ་ལས་གྲུབ་པའི་ལྷ་དང་། མཆོད་རྟེན་དང་། བྲིས་སྐུ་དང་། པོ་ཏི་ལ་སོགས་པ་རྣམས་ལ་ཕྱག་མི་བྱའོ། །གང་གི་ཕྱིར་ཡེ་ཤེས་ཀྱི་སྐུ་སྤངས་ནས་ཕྱིའི་དོན་གྱིས་ཅིའི་ཕྱིར་གནས། ཕྱི་ཡི་ཐམས་ཅད་སྐད་ཅིག་མ། །དགའ་མོ་སེམས་ཀྱི་རྫུ་འཕྲུལ་ཡིན། །དེ་ལྟར་སེམས་ལས་


DKG080_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་པ་ཡིན། །སེམས་ཉིད་ནམ་མཁའ་ལྟ་བུའོ། །གཟུགས་སོགས་ཁ་དོག་གནས་པའི་ཕྱིར། །ཐ་མལ་པ་ཡི་ལུས་སུ་སྣང་། །རྣམ་པར་དག་པས་ལྷ་ཉིད་དུ། །བླ་མའི་ཞལ་སྔའི་བཀའ་དྲིན་ནོ། །ལྷ་མོས་གསོལ་པ། མགོན་པོ་བླ་མ་ཇི་ལྟ་བུ། །སློབ་མ་ཡང་ནི་ཅི་འདྲ་བ། །རྒྱུད་ཀྱི་རིམ་པ་ཇི་ལྟར་ལགས། །རེ་ཞིག་རྒྱུད་ནི་ཇི་ལྟར་གསུངས། །དཔལ་ཡེ་ཤེས་ཐིག་ལེ་ལས། དཔལ་ཡེ་ཤེས་ཐིག་ལེའི་ཚད་དང་། གནས་དང་། ས་བསྟན་པའི་དོན་དང་། ཕུང་པོ་རྣམ་པར་དག་པ་ཞེས་བྱ་བའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་ཡང་ནི་བཤད་བྱ་བ། །བླ་མ་སློབ་མའི་མཚན་ཉིད་ནི། །བླ་མ་ཐ་མལ་དངོས་བྲལ་ཡོན་ཏན་ལྡན། །གཞན་མིན་མཆོག་གི་དབང་གིས་དབང་བསྐུར་སྐུ། །ཐུགས་རྗེ་དང་ལྡན་ཤིན་དུ་རླབས་ཆེའི་སེམས། །དེ་ཉིད་ཤེས་པ་ལོག་པའི་ང་རྒྱལ་མེད། །བླ་མ་ཡུལ་གྱིས་མ་གོས་དམུ་རྒོད་མ་ཡིན་པ། །རྒྱུད་ལུང་བསྟན་བཅོས་དུ་མའི་ཕ་རོལ་ཕྱིན། །ཡན་ལག་མཚན་མཆོག་ཀུན་གྱིས་ཤིན་ཏུ་བརྒྱན། །དཀྱིལ་འཁོར་འདྲི་དང་དབང་གི་རིམ་ལ་མཁས། །བླ་མ་ཡིད་ཐུབ་སྲིད་པའི་འཇིགས་བྲལ་ཞིང་། །མྱ་ངན་འདས་ལ་འདོད་པའི་ཡིད་དང་བྲལ། །དངོས་པོ་ཆུ་ཟླ་ལྟ་བུར་ཉིད་ཀྱིས་མཐོང་། །དྲུག་ལྷག་བཅུ་ཡིས་སྟོང་ལ་གཅིག་ཏུ་སེམས། །བླ་མཆོག་ཉོན་མོངས་མེད་ཅིང་སྐྱེ་བ་མེད། །ཕུང་པོ་ལ་སོགས་སྐྱེ་མཆེད་ཁམས་དང་བྲལ། །མཆོག་དང་དགའ་བྲལ་གཉིས་ཀའི་དབུས་ན་བཞུགས། །དེ་ལྟའི་དཔལ་བླ་རྡོ་རྗེ་རྒྱལ་པོ་ཉིད། །སློབ་མ་ཁྲིམས་ལྡན་དུལ་ཞིང་དད་པ་ཅན། །རླབས་ཆེན་ཟབ་མོའི་ཐེག་པ་བསྙེན་པར་བྱེད། །རྣམ་རྟོག་འདམ་གྱིས་རྟག་ཏུ་མ་གོས་ཤིང་། །མཁས་ཤིང་བློ་རྣོ་ཐུགས་རྗེའི་བདག་ཉིད་ཅན། །སྤྱན་རིངས་བཟང་མོ་འདི་ལྟ་བུ་དག་གི། །བླ་མ་དང་ནི་སློབ་མ་རྣམ་གཉིས་ཀྱི། །མཚན་ཉིད་དང་ནི་ལེགས་པར་བརྟག་པ་ནི། །ཇི་ལྟའི་དོན་གྱིས་རབ་ཏུ་གསལ་བའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་བླ་མ་དང་སློབ་མའི་མཚན་ཉིད་བརྟག་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཉོན་བདག་གིས་བཤད། །


DKG080_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་རྒྱུད་ཀྱི་རིམ་པ་བཞུགས། །དཔལ་དང་ལྡན་པའི་རིགས་ཆེན་རྒྱུད། །འབུམ་བདུན་གྱི་ནི་མཚན་ཞེས་བྱ། །དེ་ནི་གཙོ་བོ་རྩ་བའི་རྒྱུད། །སྐུ་བརྒྱད་བདག་ཉིད་རབ་ཀྱི་མཆོག། དེ་བརྟག་ཀྱེ་ཡི་རྡོ་རྗེ་ནི། །འབུམ་ལྔ་ཡི་ནི་མཚན་ཞེས་བྱ། །དཔལ་ལྡན་ཕྱག་རྒྱ་ཆེན་ཐིག་ལེ། །དེ་ཡི་ཕྱི་མའི་རྒྱུད་དུ་དྲན། །ཡེ་ཤེས་སྙིང་པོར་གྲགས་པའི་རྒྱུད། །དེ་ཡི་ཕྱི་མའི་ཕྱི་མའོ། །དགའ་མོ་ཡེ་ཤེས་ཐིག་ལེའི་སྒྲ། །བཤད་པའི་རྒྱུད་ནི་གསང་བ་ཆེ། །གྲུབ་པའི་ངེས་བསྟན་ཐིག་ལེ་ནི། །ཞལ་བཟང་མོ་དེ་སྙིང་པོ་དང་། །དེ་ཁོ་ན་ཉིད་སྒྲོན་མའི་མཚན། །འབྲས་བུའི་རྒྱུད་གྲགས་འཆད་པར་འགྱུར། །དེ་བདུན་དུ་ནི་བདག་གིས་བཤད། །ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད། །ལྷ་མོ་བརྒྱད་པ་སྐུ་དང་བྲལ། །དེ་ཕྱིར་སྨྲ་བར་མི་བཏུབ་བོ། །དེ་ལྟར་རིམ་པ་ཐམས་ཅད་ནི། །ལྷ་མོ་དེ་ཉིད་ཤེས་པར་བྱ། །ས་བོན་ལས་ནི་མྱུ་གུ་བཞིན། །རྒྱུད་ཀུན་རིམ་ཤེས་རིམ་པས་སོ། །རྒྱུད་ནི་རིམ་པས་འདི་རུ་གྲགས། །ཡང་ན་ཡེ་ཤེས་འཁོར་ལོ་རྒྱུད། །ཡང་ན་དོན་ནི་རྒྱུད་ཡིན་ཏེ། །ཡང་ན་རིམ་པ་གཉིས་ནི་རྒྱུད། །ལྷ་མོ་གང་དུ་སྐལ་ལྡན་མོ། །ཤེས་རབ་ཐབས་གཉིས་ཕྲད་པའི་ས། །དེ་ནི་རྒྱུད་དུ་བཤད་པ་ཡིན། །ཡང་ན་ཡེ་ཤེས་ལས་བྱུང་བ། །ཏ་ཡི་ཡིག་འབྲུ་སྐུ་རུ་གྲགས། །ན་ནི་དེ་ཉིད་དྲི་མ་མེད། །ཏ་ཡི་ཡིག་འབྲུ་ཁུ་བ་ཡབ། །ར་ནི་ཡུམ་སྟེ་ཁྲག་ཡིན་ནོ། །དེ་གཉིས་འདྲེས་པ་ཐིག་ལེ་ཡིན། །གཞན་མིན་རྣམ་ཤེས་ངོ་བོའོ། །དེ་ཡི་ཐིག་ལེ་ཨའི་རྣམ་པ། །ཟླ་བའི་དཀྱིལ་འཁོར་ཉ་གང་ངོ་། །ཏ་ཡིག་དང་ནི་ར་ཡིག་འབྲུ། །ཚུལ་ཙམ་གྱིས་ནི་གཉི་ག་ལྡན། །དེ་ནི་རབ་མཆོག་ཨ་ཡིག་འབྲུ། །རྩ་དང་དགའ་བདག་ཉིད་སྐྱེ་མེད། །ལྷ་མོ་འདི་ལྟར་རྒྱུད་ཀྱི་རིམ། །རྒྱུད་ཀྱི་དོན་ཡང་ཤིན་ཏུ་བཤད། །དཔལ་ཡེ་ཤེས་ཐིག་ལེ་ལས་རྩ་བའི་རྒྱུད་ལ་སོགས་པའི་རིམ་པ་དང་། དོན་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།བཅོམ་ལྡན་ཡེ་ཤེས་ཐིག་ལེ་ལགས། །ཉི་མ་བྱེ་བའི་འོད་དང་མཉམ། །བདག་གི་ཞུ་བ་གང་ཞིག་ཅི། །རྒྱལ་བའི་མངའ་བདག་དེ་བདག་གསུངས། །མངའ་བདག་རང་གི་ངོ་བོ་ཉིད། །


DKG080_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་སྐྱེས་ཤིང་ཅི་ལས་འོངས། །དེ་ནི་མདོར་བསྡུས་པ་ཡི་ཚིག། ཐུབ་པ་ཆེན་པོས་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དྲི་བ་འདི་ནི་ཤིན་ཏུ་ཟབ། །ཡེ་ཤེས་ཀྱིས་རྙེད་གསང་བའོ། །ལྷ་མོ་ཁྱོད་ནི་འབྱུང་བ་མིན། །སྐྱེ་བ་དང་ནི་འཕོ་མེད་རབ། །མཆོག་གི་རྣམ་རྟོག་རླབས་དང་བྲལ། །རང་གི་ངོ་བོ་ཡེ་ཤེས་འོད། །བདག་རང་གི་ནི་ཡེ་ཤེས་སྐུའི། །མཆོག་གི་དབང་ཕྱུག་མ་ཁྱོད་འོང་། །གཞན་མིན་བདག་དང་ཁྱོད་མེད་ན། །སངས་རྒྱས་ཀུན་གྱིས་རྙེད་དཀའ་བ། །ཁྱོད་མེད་ན་ནི་ཁམས་གསུམ་ཀུན། །མགོ་བོ་ཆད་པའི་མི་བཞིན་དུ། །གྲངས་མེད་འཇིག་རྟེན་གྱི་ནི་ཁམས། །ཁྱོད་ནི་ཡེ་ཤེས་འོད་བྱེད་པ། །ཁྱོད་ནི་ཐམས་ཅད་དངོས་ཀུན་གྱི། །ཐམས་ཅད་བདག་ཉིད་འབྱུང་བ་ཀུན། །ཆོས་ཀུན་ཡོངས་སུ་ཤེས་ནས་ནི། །དེ་ནི་ཐམས་ཅད་མཁྱེན་པར་གྲགས། །དེ་ཡང་ལྷ་མོ་ཁྱོད་ཀྱི་དྲིན། །བརྗོད་པར་མི་ནུས་ཡང་དག་དོན། །ཁྱོད་ཀྱི་དྲིན་གྱིས་གྲངས་མེད་པས། །དེ་བཞིན་གཤེགས་པའི་གནས་རྙེད་འགྱུར། །མཆོག་གི་ནམ་མཁའི་གནས་ནས་བྱོན། །མཆོག་གི་ནམ་མཁའི་གནས་སུ་གཤེགས། །མཆོག་གི་ནམ་མཁའ་རང་ངོ་ཁྱོད། །མཆོག་གི་ནམ་མཁའི་ངལ་བསོ་གནས། །མཆོག་གི་ནམ་མཁར་རྟག་ཏུ་བཞུགས། །ཀུན་རྫོབ་རྣམ་པའི་མཆོག་ཏུ་ནི། །པདྨའི་སྐུད་པ་ཇི་བཞིན་དུ། །གསང་བའི་སྣ་རྩེ་སྙིང་པོར་གནས། །ལངས་ནས་བདེ་བའི་པདྨར་ནི། །ཐིག་ལེ་ཁོང་དུ་ཆུད་པའི་ཕྱིར། །གཤེགས་ནས་བརྟེན་པ་ཐམས་ཅད་སྲེག། རྒྱས་པས་ཐིག་ལེ་ཁྱེར་ནས་སུ། །ཡང་ནི་ཁྱོད་འདིར་བྱོན་པའི་དོན། །ལྟེ་བ་སྤྲུལ་པའི་པདྨ་ཡི། །ལྷ་མོ་གང་ཚེ་ཁྱོད་ཀྱི་གནས། །དེ་ཚེ་ཁྱོད་ནི་ཤེས་རབ་གྲགས། །ལེགས་དགྱེས་རབ་མཆོག་རྨད་དུ་བྱུང་། །བདག་དང་ལྷན་ཅིག་གཉིས་མེད་སྦྱོར། །ལེགས་དགྱེས་དབང་མོ་ཁྱོད་ནི་བཞུགས། །ཚངས་པའི་ཡུལ་ས་བྱེ་བ་མཐར། །ལེགས་དགྱེས་ཁྱོད་ཀྱི་རྒྱ་ཡིས་བཏབ། །གྲངས་མེད་པ་ལ་རྒྱས་བཏབ་སྟེ། །དེ་ཕྱིར་ཕྱག་རྒྱ་ཆེ་ཁྱོད་གྲགས། །དཔལ་ཡེ་ཤེས་ཐིག་ལེ་ལས།


DKG080_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཕྱག་རྒྱ་ཆེན་པོ་བཅོམ་ལྡན་འདས་མའི་རང་གི་ངོ་བོ་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།གསང་བའི་པད་སྙིང་རྒྱས་འབྱེད་པ། །རྡོ་རྗེ་ཉི་མ་གཞན་ཡང་ཞུ། །རེ་ཞིག་ཅིའི་ཡང་གསང་བ་གསུངས། །གནས་ནི་གང་ན་ཡོད་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །བྱང་ཆུབ་སེམས་ནི་གསང་བ་ཡིན། །ཁུ་བའི་ངོ་བོ་ཆང་དང་བྲལ། །དེ་ཡི་གནས་ནི་མངལ་ཡིན་ཏེ། །ཕྱག་རྒྱ་དགའ་བ་སྦྱིན་པ་མོ། །བཅོམ་ལྡན་འདས་མས་གསོལ་པ། བྱང་ཆུབ་སེམས་ནི་ཁུ་བའི་གཟུགས། །དེ་ནི་ཇི་ལྟར་གསང་བར་བརྗོད། །གསང་བའི་གནས་ནི་མངལ་ཡིན་ཏེ། །གཞུང་དེ་བདག་ལ་འཐད་མ་ལགས། །དེ་ལྟ་ན་ནི་གང་ཟག་ཀུན། །ངེས་པར་གསང་བ་ཤེས་པར་འགྱུར། །དེ་ཡང་དབང་བསྐུར་ལ་སོགས་ནི། །སུ་ལ་ཡང་ནི་མི་དགོས་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སངས་རྒྱས་ཀུན་གྱི་ཡུམ་ཁྱོད་དེ་ནི་བདེན། །གང་ཞིག་ཁྱོད་ཀྱིས་ངེས་པར་བཟུང་བའི་དོན། །འོན་ཀྱང་དྲང་བའི་དོན་གྱི་ཚིག་གིས་ལྡན། །རྟེན་གྱི་དོན་ཕྱིར་ཡང་ན་ངེས་པའི་དོན། །རྟེན་མེད་ན་ནི་འབྲས་བུ་རྙེད་མི་འགྱུར། །ལུས་ཀྱི་དངོས་མེད་ཇི་ལྟར་འདི་རུ་སེམས། །ཇི་ལྟར་དོན་མཐུན་གསང་ཚིག་དེ་ནི་གསང་། །དྲང་བའི་དོན་མིན་ངེས་པའི་དོན་ཡང་མིན། །དངོས་མེད་ཡང་མིན་དངོས་པོའི་གཟུགས་མ་ཡིན། །བདེན་རིམ་འབྱུང་བ་ཐིམ་རྣམས་ཀྱི་ནི་གཞན། །སྐུ་གཟུགས་གང་དུ་དེ་ནི་ཡོད་མ་ཡིན། །ཁྲག་ཀྱང་ཡིན་པར་ཇི་ལྟར་ཡང་ནི་མིན། །མཆོག་དགའ་དགའ་བྲལ་ལྷན་སྐྱེས་དགའ་བ་མིན། །གནས་མངལ་དེ་ལ་ནམ་ཡང་ཡོད་མ་ཡིན། །རྡོ་རྗེ་རྩ་བ་བདེ་ཆེན་ལ་སོགས་མིན། །དྲུག་ཕྱེད་རྩ་དང་མཚོ་སྐྱེས་སྙིང་པོ་མིན། །རིག་མིན་ཡང་མིན་རིག་པ་ནམ་ཡང་མིན། །བརྗོད་མེད་ནམ་མཁའི་རང་གི་ངོ་བོའོ། །འདི་ལྟ་བུ་ནི་དོན་དམ་པར། །ལྷ་མོ་གསང་བར་རབ་ཏུ་གསལ། །ཡང་ནི་འབྲིང་གི་དོན་གྱིས་སུ། །བདག་གིས་གསང་བཤད་ཁྱོད་ཉོན་ཅིག། འབྲིང་དོན་དེ་ནི་དོན་གྱི་མཆོག། མཆོག་གི་དགའ་བ་སྦྱིན་པའོ། །འབད་པས་དགའ་བྲལ་སྲུང་བར་བྱེད། །དགའ་


DKG080_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་དགའ་བས་ལྷན་སྐྱེས་འགྱུར། །ནོར་མདུད་སྙིང་ག་ཡི་ནི་གསང་། །བྱང་ཆུབ་ཀྱི་ནི་སེམས་དང་ལྡན། །དེ་ནི་ཐབས་ཀྱི་གསང་བའི་དོན། །ཤེས་རབ་མ་ཡི་དེ་བཞིན་ནོ། །གསང་བ་ཤེས་རབ་དབང་གཉིས་ལས། །དགའ་མོ་གསང་བའི་དོན་ཤེས་སོ། །དཔལ་ཡེ་ཤེས་ཐིག་ལེ་ལས་གསང་བའི་དོན་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་འཇམ་པའི་དབྱངས་ལ་ཡང་ཞུ་བ་ཞུས་པ། མགོན་པོ་ཐམས་ཅད་གཏན་ཕབ་པ། །རང་བཞིན་ཇི་ལྟར་ལགས་པ་གསུངས། །བཅོམ་ལྡན་འདས་ཀྱིས་དེ་ལྟ་བུའི་ཚིག་གསན་པ་དང་ཅང་མི་གསུང་བའི་དངོས་པོས་སྐད་ཅིག་ཙམ་བཞུགས་ཏེ། དེ་ནས་མི་སྣང་བའི་རང་གི་ངོ་བོར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་པོས་བདག་རང་རྟེན་མེད་པར་མཐོང་ནས་ཞུས་པས་ཤིན་ཏུ་འགྱོད་ནས་ཅང་མི་སྨྲ་བར་བཞུགས་སོ། །དེའི་དུས་སུ་སྣ་ཚོགས་པདྨ་ལ་བཞུགས་པའི་འཁོར་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གྲངས་རྣམས་ཀྱིས་ཆོས་ཀྱི་འབྱུང་གནས་སྟོང་པར་མཐོང་ནས་ཤིན་ཏུ་ཡ་མཚན་དུ་གྱུར་པས་ཀུན་སྨྲེ་ཞིང་བརྒྱལ་བར་གྱུར་ཏོ། །ཀྱཻ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་གང་ན་བཞུགས། གར་གཤེགས། ཀུན་དུ་སྟོང་པར་བདག་ཅག་གིས་མཐོང་ལགས་སོ། །ལྷའི་དབང་ཕྱུག་གིས་གསོལ་པ། འཁོར་ཆེན་པོ་རྣམས་ཉོན་ཅིག། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་བཅོམ་ལྡན་འདས་དཔལ་ཕྱག་རྒྱ་ཆེན་པོས་འདི་ལྟར་ཞུས་ཏེ། མགོན་པོ་ཐམས་ཅད་གཏན་ལ་ཕབ། །རང་བཞིན་ཇི་ལྟར་ལགས་པ་གསུངས། །དེ་ལྟ་བུའི་ཚིག་གསན་པ་དང་བཅོམ་ལྡན་འདས་ཅང་མི་གསུང་བར་མི་སྣང་བར་གྱུར་ཏོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་དེ་ནི་བརྗོད་དུ་མེད་པ་དང་། རྟོག་གེ་མེད་པ་དང་། བཙལ་དུ་མེད་པ་དང་། གྲངས་མེད་པ་དང་། སྐྱེ་བ་མེད་པ་དང་། གཟུགས་མེད་པ་དང་། རིག་པ་མེད་པ་ལ་དྲིས་པས། དེ་ཉིད་སྨྲར་མི་བཏུབ་པའི་ཕྱིར། བཅོམ་ལྡན་འདས་སྣང་བ་མེད་པར་གྱུར་ཏོ། །ཡང་འཁོར་ཐམས་ཅད་ཀྱིས་གསོལ་


DKG080_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཀྱཻ་བློ་གྲོས་ཆེན་པོ་ཆོས་ཀྱི་མཛོད། སྣང་བ་མེད་ཅིང་དངོས་པོ་མེད་པ་ཆད་པར་མི་འགྱུར་རམ། དེའི་དོན་ལ་ཤིན་ཏུ་འཇིགས་ཤིང་ཡང་དག་པར་ཡིད་ཞུམ་པར་གྱུར་ཏོ། །ལྷའི་དབང་ཕྱུག་གིས་བཀའ་སྩལ་པ། སྣང་བ་མེད་པར་འདུ་ཤེས་གང་། །དེ་ནི་དངོས་མེད་ཤེས་མི་བྱ། །ནང་གི་རང་ངོར་འགྲོ་བའི་ཕྱིར། །སྣང་བ་མེད་པར་འདི་རུ་བརྗོད། །དེ་བས་འཁོར་ཆེན་མ་འཇིགས་ཤིག། ཡིད་སྐྱོ་བ་ནི་ཡོངས་སུ་སྤོངས། །དེ་ལ་ཐབས་ནི་གཅིག་ཡོད་དེ། །གང་གི་རྡོ་རྗེ་འཛིན་པ་ཉིད། །སྔར་ནི་ཁྱོད་ཀྱིས་མཐོང་བ་བཞིན། །པདྨའི་དབུས་བཞུགས་མཐོང་བར་འགྱུར། །དེའི་ཚེ་འཁོར་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་མཐོང་བར་བྱ་བའི་ཕྱིར་ཐབས་ཞུས་པ། ཀྱཻ་བློ་གྲོས་ཆེན་པོ་དཔའ་བོ་ཆེན་པོ་ཐབས་ཅི་ཡོད་པ་བདག་ལ་བསྟན་དུ་གསོལ། །དཔའ་བོ་ཆེན་པོས་བཀའ་སྩལ་པ། དུས་གཅིག་ཏུ་མགྲིན་གཅིག་གིས་སྙན་པའི་གླུས་མཆོད་པ་གྱིས་ཤིག། དེ་ལྟ་བུའི་ཐབས་ཀྱི་ཚིག་ཐོས་ནས་ཐམས་ཅད་དགའ་ཞིང་མགུ་ལ་ཡི་རངས་པས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་དབང་ཕྱུག་གི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ནས་དྲུག་ལྡན་ལ་སོགས་པའི་གླུ་ཐམས་ཅད་ལེན་ནོ། །ཀྱཻ་སྐུ་རབ་མཆོག་གི་ངོ་བོའི་མཚན་ཉིད་ནི། །གང་ན་བཞུགས་པ་མྱ་ངན་འདས་མཚན་ཉིད། །དེ་ཉིད་དང་བྲལ་ཆད་པའི་སྟོང་དེ་ནི། །གཉིས་མེད་བདེ་བས་མཁྱེན་པར་མི་འགྱུར་རམ། །རྡོ་རྗེ་མཚོ་སྐྱེས་མཆོག་སྦྱོར་ཡོངས་སུ་གཟིགས། །གང་ཞིག་དངོས་མེད་དངོས་དེ་དཔྱད་པར་མཛོད། །དེ་ནས་རང་བཞིན་ལས་བཅོམ་ལྡན། །ཆུ་ལས་ཉ་ནི་བཞིན་དུ་བཞེངས། །མཆོག་གི་དགའ་བའི་གཟུགས་བདག་ཉིད། །མཆོག་གི་དགའ་བའི་སྦྱིན་པའི་བདག། དངོས་དང་དངོས་མིན་གཉིས་ཀྱི་སྟེང་། །གྱེན་བལྟས་པདྨའི་ལྟེ་བར་ནི། །ཞལ་བཞི་དང་ནི་ཕྱག་བཞི་པ། །ཤིན་ཏུ་ངོ་མཚར་སྐུ་དང་ལྡན། །རྒྱལ་པོ་ཡི་ནི་བཞུགས་སྟབས་བཞུགས། །བརྒྱད་གཉིས་བློ་ལྡན་བྱད་གཟུགས་ཅན། །སྤྱན་གསུམ་མཆོག་གི་རྣམ་པ་ཅན། །ཟླ་བ་ཉི་


DKG080_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཞབས་ཀྱིས་མནན། །རྔེའུ་ཆུང་ཐོད་པ་ཁ་ཊྭཱྃ་ག། རྡོ་རྗེ་འབར་བ་ཕྱག་ན་བསྣམས། །དེ་ལྟ་བུའི་རྨད་དུ་བྱུང་བའི་གཟུགས་མཐོང་ནས་འཁོར་ཐམས་ཅད་དང་ལྷན་ཅིག་བཅོམ་ལྡན་འདས་མ་ཕྱག་རྒྱ་ཆེན་མོ་ལངས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། དམ་པོར་འཁྱུད་ནས་བསྟོད་པས་བསྟོད་པ། མཆོག་ཏུ་རྨད་བྱུང་ཆེན་པོའི་སྐུ་ནི་རྒྱལ་གྱུར་ཅིག། ཡེ་ཤེས་ཟབ་མོ་རྒྱ་མཚོའི་སྙིང་པོ་རྒྱལ་གྱུར་ཅིག། བརྗོད་བྲལ་བལྟར་མེད་དངོས་མེད་སྐུ་མི་མངའ། །གཏི་མུག་ཆེན་པོ་འཇོམས་དེ་རྒྱལ་གྱུར་ཅིག། མཆོག་དང་གཞན་མཆོག་དེ་ནི་མཆོག་གཞན་མཆོག། མཁའ་མཆོག་འོད་མཆོག་མཆོག་གི་ཡེ་ཤེས་སྣང་། །མཆོག་གི་བདུད་རྩིའི་སྙིང་པོ་གང་གཱའི་རྒྱུན། །མི་འཆད་རྒྱུན་འབབ་བྱེད་པ་རྒྱལ་གྱུར་ཅིག། ཤིན་ཏུ་ལྐོག་གྱུར་དབང་པོས་བལྟར་མེད་པ། །སྐྱེ་འགག་འདུ་བྱེད་མཚན་མེད་རྒྱལ་གྱུར་ཅིག། དེ་ལྟ་བུའི་བསྟོད་པའི་རྒྱལ་པོ་བྱས་ནས་ཡང་ཕྱག་རྒྱ་ཆེན་པོ་ལྷ་མོ་ཆེན་མོས་བཅོམ་ལྡན་འདས་ལ་དད་པས་ཞུ་བ་ཞུས་པ། ཀྱཻ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་ལྷ་རྣམས་ཅིའི་ཕྱིར་མ་གསུངས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྲུབ་དང་བསྲུབས་པའི་སྦྱོར་བ་ལས། །ལྷ་རྣམས་འབྱུང་བའི་རིམ་པའོ། །དང་པོ་རྩོམ་པ་ཤིན་ཏུ་འདར། །རྣམ་པར་ཤེས་པས་ལྷ་མོ་སྐྱེ། །དེ་ནི་གྲོང་ལས་ཁ་དོག་དཀར། །འདོད་པའི་གཏི་མུག་རྣམ་པར་ཐོས། །གྲོང་ཁྱེར་ལས་ནི་ལོངས་སྤྱོད་ཡིན། །སྤྱོད་ལམ་ལྷ་མོ་རྒྱལ་བའི་འོད། །བསྐུམ་པ་ལས་ནི་སྣང་བ་མཆེད། །སྣང་བ་མཆེད་ལས་ཡེ་ཤེས་འོད། །བགྲད་པ་ལས་ནི་སྐྱེ་བ་སྦྱོར། །སྦྱོར་ལས་དགའ་བའི་སྐྱེ་མ་སྟེ། །མཉམ་སྦྱོར་ལས་ནི་ཡེ་ཤེས་སྐྱེ། །ཡེ་ཤེས་ལས་ནི་དངོས་ཟད་མ། །ཁྱོད་ལས་འདི་རུ་དངོས་པོ་སྟེ། །དངོས་ལས་ལོངས་སྤྱོད་ཟླ་བ་མ། །དཀར་པོ་ལས་ནི་རྟེན་ཤེས་བྱ། །རྟེན་ལས་པདྨའི་ལྟེ་བ་མ། བྲང་བརྡབས་ལས་ནི་རྣམ་པར་འབྱེད། །རྣམ་པར་འབྱེད་ལས་པད་མིག་མ། །ནག་དང་ལྗང་དང་གུར་ཀུམ་མདོག། དམར་དང་སྔོན་པོ་ཡི་ནི་གཟུགས། །ཟླ་བ་དཀར་དང་དམར་གྱི་སྔོན། །སྒོ་ལ་སོགས་དང་མཚམས་ན་བཞུགས། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །


DKG080_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྣོད་དང་གྲི་གུག་གིས་ཕྱག་བྲེལ། །ན་བཟའ་གྲོལ་བ་ཕྱག་གཉིས་པ། །དེ་ནི་ཉི་ཟླའི་གདན་ལ་བཞུགས། །རུས་པ་སྣ་ཚོགས་རྒྱན་དང་ལྡན། །ཁྱོད་ཀྱི་བཞུགས་སྟབས་ཇི་ལྟ་བར། །ལྷ་མོ་རྣམས་ཀྱང་དེ་བཞིན་ནོ། །དེ་རྣམས་ཐབས་ནི་བཞི་གཉིས་ཀྱི་ནི་གྲངས། །མཉམ་པའི་བཞུགས་སྟབས་ཕྱག་དང་ཞབས་ལ་སོགས། །རབ་ཏུ་དགའ་བའི་ཡིད་ལྡན་ཞི་བའི་གཟུགས། །རྟག་ཏུ་སེམས་ཅན་དོན་བྱེད་ཁོ་ན་བརྩོན། །ལྷ་མོས་གསོལ་པ། དཔའ་བོ་རྣམས་ཀྱི་མིང་གི་བརྡ། །དེ་བཞིན་ཉིད་ཀྱི་རྡོ་རྗེས་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཁྱོད་ཀྱིས་ང་ལ་གང་ཞུས་པ། །སྐལ་ལྡན་ལྷ་མོ་དེ་ནི་ཉོན། །འདི་ཡི་རྒྱུད་ལ་བདག་ལ་གཞན། །མཚན་ནི་ཡོད་པ་གང་ལ་ལར། །ན་ནི་ལྟེ་བ་གསང་བའི་པད། །དགའ་བྲལ་དགའ་བ་སྦྱིན་པའོ། །མ་ཞེས་ནོར་བུ་བསྲུབས་པ་ནི། །མཆོག་གི་དགའ་བ་སྦྱིན་པའོ། །གང་ཞིག་དེ་ཡི་དབུས་ནས་ལངས། །དེ་ནི་བདག་གི་རང་བཞིན་མཚན། །དཔའ་བོ་རྣམས་ནི་བདག་གིས་བཤད། །ཤེས་རབ་ཕ་རོལ་ཕྱིན་མ་ཉོན། །ལྷ་ཆེན་པོ་དང་ཁྱབ་འཇུག་དང་། །པདྨའི་ལྟེ་བ་ཤིན་ཏུ་བལྟ། །ལྷ་ཡི་དབང་དང་འདོད་པའི་ལྷ། །པདྨའི་མིག་དང་གཞོན་ནུ་མ། །རེ་ཞིག་དེ་ནི་དཀྱིལ་འཁོར་པ། །རང་གི་ཕྱག་རྒྱ་མཚོན་ཆ་འཛིན། །དཔལ་ཡེ་ཤེས་ཐིག་ལེ་ལས་བསྐུལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།བཅོམ་ལྡན་འདས་མས་གསོལ་པ། ཀྱེ་བཅོམ་ལྡན་འདས་དབང་བསྐུར་བའི་དུས་སུ་དཀྱིལ་འཁོར་རྣམས་ཇི་ལྟ་བུ་ལགས། ཆོ་ག་གང་གིས་དབང་བསྐུར་བ་སྦྱིན་ཞིང་བླང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཆུ་ལ་སོགས་པའི་དབང་དུས་སུ། །རྡུལ་ཚོན་ལ་སོགས་དཀྱིལ་འཁོར་མཛེས། །གསང་བའི་དབང་བསྐུར་དུས་སུ་ནི། །མེ་ཏོག་སྣ་ཚོགས་མཆོག་གིས་སོ། །ཤེས་རབ་ཡེ་ཤེས་དབང་བསྐུར་དུས། །སྣ་ཚོགས་དྲི་ཞིམ་པོ་ཡིས་བརྒྱན། །ལས་དང་པོ་ཡི་དང་པོ་ལ། །ངེས་པའི་དོན་གྱི་ཆུ་ལ་སོགས། །དབང་བསྐུར་ཤེས་པས་སྦྱིན་བྱ་སྟེ། །དེ་ལྟར་མིན་ན་སྐྱོན་དུ་འགྱུར། །ཤེས་རབ་ཅན་གྱིས་དྲང་དོན་དེར། །སྦྱིན་ནོ་དེ་ནས་དམ་


DKG080_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྦྱིན། །ནོར་བུ་མགྲིན་པར་བྱང་ཆུབ་སེམས། །བླ་མ་ཉིད་ཀྱིས་རང་རིག་བྱེད། །ཤེས་རབ་ལྷན་ཅིག་གནས་ལས་ལངས། །སློབ་མའི་ཁ་ཡི་པདྨ་རུ། །ཉིད་ཀྱི་རྡོ་རྗེ་རབ་ཏུ་སྦྱིན། །དེ་ནས་བདེ་བའི་བདུད་རྩིས་དཀྲོལ། །མགྲིན་པའི་དབུས་སུ་རྩ་གཉིས་ནི། །གཡས་དང་གཡོན་ན་ཡོད་པའོ། །སྦོམ་མ་ཡངས་མར་འདི་རུ་གྲགས། །སྲོག་དང་ཉེ་བའི་རང་ངོ་བོ། །གཡོན་ནི་སྲོག་ཏུ་ཤེས་པར་བྱ། །ཉེ་བའི་སྲོག་ནི་གཡས་ནའོ། །དེ་རུ་བདེ་བར་འཇུག་པར་བྱ། །མཐེ་བོང་སྲིན་ལག་གཉིས་ཀྱིས་མནན། །དེ་ནས་ཡེ་ཤེས་འབྱུང་བར་འགྱུར། །བུ་མོས་རྙེད་པའི་བདེ་ཇི་བཞིན། །རེག་བྱ་ཆེན་པོས་དགའ་བ་ཆེ། །དགའ་བ་ཆེན་པོས་བདེ་བ་ཆེ། །བདེ་བ་ཆེན་པོས་བྱང་ཆུབ་སེམས། །ཤེས་རབ་བྱ་གདོང་མ་ཡི་ཁར། །ནོར་བུའི་ཁ་ལས་ཐིགས་པ་གཅིག། ཤེས་རབ་ཡེ་ཤེས་ཞལ་བཟང་མོ། །ཤེས་རབ་བྱ་གདོང་ལས་བདེ་བ། །རྡོ་རྗེ་རིན་ཆེན་ཁ་རུ་འགྲོ། །དེ་ནི་དབང་གི་མཆོག་རབ་ཡིན། །སངས་རྒྱས་གྲུབ་པའི་འབྲས་སྦྱིན་བདག། ཤེས་རབ་གཟུགས་བཟང་བྷ་ག་རབ། །ཤིན་ཏུ་ལང་ཚོ་དབང་བསྐུར་ལྡན། །དགའ་སོགས་བྱེ་བྲག་མགུ་བར་བྱས། །དེ་ནས་སློབ་མ་ལ་སྦྱིན་བྱ། །སེམས་དཔའ་ཆེན་པོ་ཤེས་རབ་འདི། །ཡང་དག་ཡེ་ཤེས་རབ་ཏུ་སྟེར། །གང་ཞིག་བཀའ་ལུང་སྐྱབས་སྦྱིན་ཏེ། །དེ་ནི་བུ་ཁྱོད་དད་པར་བྱ། །དེ་ཡི་མངལ་གྱི་གཡོན་ལོགས་ན། །ཨི་ཌཱ་བྱ་གདོང་མ་ནི་བཞུགས། །དེ་རྙེད་ཙམ་གྱིས་རང་བཞིན་ནི། །ཤེས་རབ་བསྙེན་པས་རྙེད་པར་འགྱུར། །དེ་ནི་གཞན་མིན་ཡོངས་སུ་ཤེས། །བཞི་པའི་འབྲས་བུའི་ངོ་བོ་ཡིན། །རང་རིག་པ་དང་མཆོག་ཡེ་ཤེས། །ངག་གི་ལམ་གྱིས་རྙེད་དང་བྲལ། །དེ་ན་ལྷ་མོ་སྐལ་ལྡན་མོ། །གསང་བ་ལས་ནི་ཤིན་ཏུ་གསང་། །རྒྱུད་ཀུན་དུ་ནི་བདག་གིས་སྦས། །མཐའ་ཡི་མཐའ་རུ་རབ་ཏུ་གསལ། །བཅོམ་ལྡན་འདས་མས་གསོལ་པ། མཐའ་དང་མཐའ་ཡི་དོན་ནི་ཅི། །མཆོག་གི་དབང་ཕྱུག་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མཐའ་ནི་རྣམ་པར་འབྱེད་པར་ཤེས། །རྣམ་པར་འབྱེད་པ་བཅོམ་པའི་ཕྱིར། །རྣ


DKG080_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

མ་པར་འབྱེད་པ་བཅོམ་པའི་མཐར། །རྣམ་པར་འབྱེད་པ་མཐར་གསལ་འགྱུར། །རྣམ་པར་འབྱེད་མཐར་ཡེ་ཤེས་ཆེ། །དེ་རང་ངོ་བོའི་རང་བཞིན་ནོ། །ལྷ་མོས་གསོལ་པ། དགྱེས་པ་རྡུལ་ཚོན་དཀྱིལ་འཁོར་ནི། །མངའ་བདག་ཇི་ལྟའི་རྣམ་པས་བྲི། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ཁྱོད་ཀྱིས་ཡོངས་སུ་ཞུས། །ཉོན་ཅིག་ལྷ་མོ་བདག་གིས་བཤད། །ཕྱག་རྒྱའི་དཀྱིལ་འཁོར་འདི་རུ་ནི། །ལས་ལ་མཁས་པས་བྲི་བར་བྱ། །པདྨ་འདབ་མ་བརྒྱད་པར་བྱ། །པདྨའི་ནང་དུ་ཆར་ཡང་བྱ། །ཆར་ཡང་དང་ལྡན་སྣ་ཚོགས་འདབ། །ཆར་ཡང་གི་ནང་ཐིག་ལེ་སྟེ། །དེ་ཡི་སྟེང་དུ་རྡོ་རྗེ་བྲི། །སྣ་ཚོགས་པདྨའི་ཟེ་འབྲུ་ལྡན། །རྡོ་རྗེ་གྲི་གུག་གིས་ནི་བསྐོར། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །སྣ་ཚོགས་བུམ་པ་དང་ལྡན་པ། །དཀྱིལ་འཁོར་རབ་ཀྱི་མཆོག་ནི་བྱ། །ཤར་གྱི་འདབ་མར་འཁོར་ལོ་བྲི། །བྱང་དུ་དེ་བཞིན་པདྨའོ། །ནུབ་ཀྱི་འདབ་མར་རིན་པོ་ཆེ། །ལྷོ་རུ་རལ་གྲི་བསྒྲེང་བའོ། །པདྨ་གཞན་རྣམས་ཐོད་པ་ནི། །བདུད་རྩི་ལྔ་ཡིས་རབ་ཏུ་གང་། །དུང་གཞུ་དེ་བཞིན་རི་རབ་དང་། །རབ་ཏུ་འབར་བ་ཡི་ནི་མེ། །མེ་མཚམས་ལ་སོགས་རིམ་བཞིན་བྱ། །འབད་པ་ཡིས་ནི་ཡོངས་སུ་བསྐོར། །ཤར་གྱི་སྒོར་ནི་དཔག་བསམ་ཤིང་། །བྱང་དུ་འབྲས་བུ་ས་བོན་དང་། །ནུབ་ཏུ་རིན་ཆེན་སྡོང་བུ་དང་། །ལྷོ་རུ་སྣ་ཚོགས་རྡོ་རྗེའོ། །སྒོ་ཡི་ཕྱི་རོལ་རྡོ་རྗེའི་ཕྲེང་། །འོད་དང་ལྡན་པས་བསྐོར་བར་བྱ། །ལྷ་མོ་ཆེན་མོ་དེ་ལྟ་བུའི། །དཀྱིལ་འཁོར་ཡེ་ཤེས་སྦྱིན་བདག་པོ། །དམ་ཚིག་ཆེན་པོ་དང་ལྡན་པས། །རབ་ཏུ་འབད་པ་ཡིས་ནི་བྱ། །དཀྱིལ་འཁོར་གྱི་ནི་བདག་པོའི་ཕྱིར། །དེས་ན་བདག་ནི་རབ་ཚིམ་བྱ། །དཔལ་ཡེ་ཤེས་ཐིག་ལེ་ལས་དབང་བསྐུར་བ་བླང་བ་དང་། ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།བཅོམ་ལྡན་འདས་མས་གསོལ་པ། ཀྱཻ་བཅོམ་ལྡན་འདས། དགའ་བ་བཞི་ཡི་ངོ་བོ་དང་། །བསྐྱེད་པའི་རིམ་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དགའ་བ་ལས་ནི་མཆོག་དགའ་བ། །མཆོག་དགའ་བ་ལས་དགའ་བྲལ་


DKG080_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

དགའ། །དགའ་བྲལ་ལས་ནི་ལྷན་ཅིག་སྐྱེས། །དགའ་བ་ཀུན་གྱི་དེ་ཉིད་དོ། །བཅོམ་ལྡན་འདས་མས་གསོལ་པ། དེ་ལྟའི་རིག་པ་མགོན་ཆེན་པོ། །རིག་པ་སྔར་གྱི་གཞུང་ངམ་ཅི། །མངོན་སུམ་དང་ནི་རྗེས་སུ་དཔག། ས་བོན་དང་འདྲ་འབྲས་བུ་ཡིན། །ཀོ་ཊ་པ་ལས་སཱ་ལུ་ནི། །གང་དུ་ཡང་ནི་མཐོང་མི་འགྱུར། །དགའ་བྲལ་ལས་ནི་ལྷན་ཅིག་སྐྱེས། །བདེ་མིན་དགའ་བྲལ་སྡུག་བསྔལ་དེས། །དགའ་བ་ཀུན་ནི་འཇོམས་པར་བྱེད། །མཆོག་གི་དབང་ཕྱུག་དགའ་བྲལ་འདི། །དགའ་བ་ཀུན་དང་མི་མཐུན་ནོ། །དགའ་བ་ལས་ནི་མཆོག་དགའ་བ། །མཆོག་དགའ་བ་ལས་ཤིན་ཏུ་དགྱེས། །བཅོམ་ལྡན་མཁའ་འགྲོ་དེ་རིགས་ལགས། །ཡང་ན་མཆོག་ལས་ལྷན་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རྡོ་རྗེ་མཁའ་འགྲོ་མ་དེ་བདེན། །དགའ་བྲལ་ལས་ནི་ལྷན་སྐྱེས་མིན། །འོན་ཀྱང་དེ་བསྲུངས་པ་ལས་ཡོད། །དེ་མིན་ལྷན་སྐྱེས་གང་དུ་གནས། །དགའ་བ་ཀུན་དང་མི་མཉམ་སྟེ། །དགའ་བ་ཀུན་ནི་འཇོམས་བྱེད་པ། །འདི་སྐད་སྨྲ་བ་ཤིན་ཏུ་མཆོག། དོན་དམ་པ་ཡི་ཚིག་ཡིན་ནོ། །དགའ་ཀུན་འགྲོ་བ་ཡང་གཅིག་པུ། །ཡིད་འཕྲོག་ལྷན་ཅིག་སྐྱེས་པའོ། །སྤྲིན་མེད་སྙིང་གའི་ནམ་མཁའ་རུ། །ཡེ་ཤེས་ཉི་མ་རབ་མཛེས་ཤིང་། །དཔལ་ལྡན་ཡེ་ཤེས་ཐིག་ལེའི་རྒྱུད། །ནམ་ཡང་དེ་ནི་ཐོས་མ་ཡིན། །དེ་བཞིན་གཤེགས་པའི་གནས་ནི་མཆོག། ལྷ་མོ་དེ་ནི་གང་ལས་རྙེད། །རྣལ་འབྱོར་མ་དང་ལྷན་ཅིག་ཏུ། །དུ་མའི་རྒྱུད་དུ་བཤད་ན་ཡང་། །དེ་ལྟ་མོད་ཀྱི་རྒྱུད་འདི་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །དེ་སྐད་སྨྲ་ཡི་རྒྱུད་གཞན་ཀུན། །དགེ་བའི་ཡིད་དང་ལྡན་ཡང་ཡིན། །འདི་རུ་དད་པ་མེད་གྱུར་ན། །དམྱལ་བ་ལ་སོགས་འགྲོ་བར་འགྱུར། །མདོ་སྡེ་ལ་སོགས་གསུང་རབ་ཀུན། །དད་ཅིང་གུས་པས་ཁོ་ན་ཡིན། །གང་ཕྱིར་རྒྱུད་ཀུན་གྱི་སྙིང་པོ། །དེ་ཕྱིར་རྒྱུད་འདི་རབ་ཀྱི་མཆོག། བཅོམ་ལྡན་འདས་མས་གསོལ་པ། སྦས་པའི་ཡི་གེ་དྲང་བ་གང་། །སྙིང་པོ་ཡེ་ཤེས་འབྲས་བུ་སྟེར། །ཉེ་བའི་སྙིང་པོ་དེ་ནི་མགོན། །དེ་ནི་དེ་རིང་གསལ་བར་མཛོད། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སྔགས་ནི་ཤིན་ཏུ་


DKG080_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་མཆོག། དེ་ལྟ་ན་ཡང་གསལ་བར་བྱས། །སྔགས་ཀྱི་བཟླས་ལས་འགྲུབ་པར་འགྱུར། །གྲུབ་པ་རྙེད་པས་སངས་རྒྱས་སྲས། །ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཀ་ལ་ཏི་ན་ཛྙཱ་ཛྲབ་ཧཱ་མ་ཤྲཱི་ཨོཾ། ་ཧཱ་སྭཱ་ཊཕ་ཊཕ་ཧཾ་ཧཾ་ཧཱུྃ་ཧཱུྃ་ཧྲིཾ་ཧྲིཾ་ཨོཾ། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཡི་མཱ་ཀྵར་ལ་བ་ཧཱ་མ་ཡེ་ད་མ་ཛྲེབ་ཨོཾ། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་རས་བི་རས་ཨོཾ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་གྲངས་མེད་པ་རྣམས་ཀྱིས་རྫུ་འཕྲུལ་གྱིས་མེ་ཏོག་རྣམ་པ་སྣ་ཚོགས་པ་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་། སྔོན་མེད་པའི་མེ་ཏོག་རྣམ་པ་སྣ་ཚོགས་རྣམས་ཀྱི་ཆུན་པོ་འཕྱང་བ་དང་། རོལ་མོ་སྣ་ཚོགས་དང་། གར་དང་། གླུ་དང་། མཆོད་པ་དང་། རིག་པ་འཛིན་པས་བྱས་པ་རྨད་དུ་བྱུང་བའི་ཆོས་གོས་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་དང་། གསེར་དང་། ནམ་མཁའ་ལས་ནོར་བུའི་ཆར་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྩར་བབས་པར་གྱུར་ཏོ། །དེ་ནས་ནམ་མཁའ་ལས་དེ་བཞིན་གཤེགས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པས་བསྟོད་པ། །སངས་རྒྱས་ཀུན་གྱི་སྐུ་གཅིག་པུ། །ལེགས་སོ་ལེགས་སོ་བཅོམ་ལྡན་འདས། །ཤིན་ཏུ་རྨད་བྱུང་ཡེ་ཤེས་ཆེ། །མཆོག་གི་དབང་ཕྱུག་གཏན་ལ་ཕབ། །འདི་ཡི་འཁོར་ནི་དག་བྱེད་དགེས། །སྡིག་པ་ཐམས་ཅད་འཇིག་པར་བྱེད། །ཡང་དག་མཆོག་གི་གསང་བ་འདི། །རྙེད་པར་དཀའ་བ་དོན་དམ་པ། །དཔལ་ལྡན་ཡེ་ཤེས་ཐིག་ལེའི་རྒྱུད། །ཡེ་ཤེས་རྒྱ་མཚོ་གཏན་ལ་ཕབ། །དེ་ལྟ་བུའི་ཚོགས་ཀྱི་མཆོད་པ་བྱས་ནས། ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་ཀྱི་བསམ་གཏན་ལ་བཞུགས་སོ། །བཅོམ་ལྡན་འདས་མས་གསོལ་པ། ཀྱེ་བཅོམ་ལྡན་འདས། བདེ་བ་ཆེན་པོ་གཅིག་པུའི་སྐུ། །ཚིག་རྒྱས་པ་ཡི་སྙིང་པོའི་དོན། །མཆོག་གི་དབང་ཕྱུག་བདག་ལ་གསུངས། །མཆོག་གི་དབང་ཕྱུག་གིས་བཀའ་སྩལ་པ། ཉོན་ཅིག་ལྷ་མོ་གསང་བའི་མཆོག། རྒྱུད་ཀུན་དུ་ནི་རྙེད་དཀའ་བ། །གསང་སྣ་པདྨའི་སྙིང་པོ་ནི། །ཚོགས་ཀྱི་


DKG080_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་འདི་རུ་བརྗོད། །རྡོ་རྗེའི་རྩེ་མོ་ཁ་ཕྱེའི་ཕྱིར། །དེ་ནི་རྒྱས་པར་བརྗོད་པའོ། །ཡང་ན་ཐམས་ཅད་ཀྱི་ནི་ཚོགས། །སྙིང་པོ་བྱ་ཡི་གདོང་མར་དྲན། །དེ་ལ་རྡོ་རྗེ་རྩེ་མོ་ཡིས། །ཕྱེ་བ་དེ་ནི་རྒྱས་པར་བརྗོད། །ཨི་ཌཱ་པིང་གལ་གཉིས་ཀྱི་དབུས། །རྟོག་མེད་ཡེ་ཤེས་ངོ་བོ་ཉིད། །སྲུབ་དང་བསྲུབས་པའི་སྦྱོར་བ་ཡིས། །རྡོ་རྗེའི་མཐེ་ཆུང་རྩེ་མོ་ལས། །རེག་བྱས་གང་གིས་བདེ་བར་འཛག། ཞལ་བཟང་དེ་ནི་ཚིག་རྒྱས་པའོ། །ལྟེ་བའི་གནས་ནས་སྨིན་འཁོར་ལོ། །དེ་ནས་གནས་པའི་རྣ་བའོ། །སྤྱི་རྩེ་ཚངས་པའི་བུ་ག་ནི། །ཚིག་རྒྱས་པ་ནི་གསུམ་དུ་དྲན། །མ་ནི་སྲུབ་དང་བསྲུབས་པ་སྟེ། །ར་ནི་དགའ་བ་ཡིན་པར་བརྗོད། །མུ་ནི་ལྷ་མོ་སྒྲོལ་མ་ཡིན། །ད་ཡི་ཡིག་འབྲུ་ཞུ་བའི་གཟུགས། །གྷ་ཡི་ཡིག་འབྲུ་སྒྲ་རུ་གྲགས། །ཏ་ཡི་ཡིག་འབྲུ་གསལ་བར་བྱེད། །ན་ནི་ལྟེ་བའི་གསང་བའི་མཐར། །དེ་ཡི་དབུས་སུ་རྟག་ཏུ་ཤར། །ཟླ་བའི་སྐུ་དང་འདྲ་བ་གསལ། །ཉི་མ་བྱེ་བ་མཉམ་པའི་འོད། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །བྱང་ཆུབ་ཀྱི་ནི་ལམ་རབ་སྟེར། །དེ་ནི་གསང་བ་ཡེ་ཤེས་ཆེ། །རང་བཞིན་ཚིག་གིས་རབ་གསལ་བྱས། །འབད་པ་ཡིས་ནི་སྦ་བར་བྱ། །སུ་ལའང་སྦྱིན་པར་མི་བྱའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་ཚིག་རྒྱས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་གཞན་ཉོན་བདག་གིས་བཤད། །ཡེ་ཤེས་རབ་མཆོག་གང་གིས་སྨྲས། །དེ་ཁོ་ན་ཉིད་བདག་དོན་ཟབ། །ངེས་བསྟན་ལ་སོགས་བྱེ་བྲག་ཏུ། །སྲོག་གི་དབྱུག་པ་བཞུགས་ཐབས་ནས། །རྩ་དང་ལྡན་པའི་སྦྱོར་བ་དྲུག། ཐིག་ལེའི་ཤར་བ་ནུབ་པ་དང་། །འཕོ་བ་སྦྱོར་བའི་མཚན་ཉིད་དང་། །རྩ་ཡི་འཁོར་ལོ་འབྱུང་བར་དགྱེས། །དབང་གི་རིམ་པ་དེ་བཞིན་ནོ། །སྲུང་བའི་འཁོར་ལོ་ལྷ་མོ་ཆེ། །སྙིང་པོ་སྔགས་ཀྱི་རྒྱལ་པོ་ཉིད། །སྐུ་བརྒྱད་བདག་ཉིད་མཆོད་སྦྱིན་དང་། །ཐིམ་དང་ལོངས་སྤྱོད་དང་ནི་དབང་། །རྡོ་རྗེ་ལྷ་མོ་ཡེ་ཤེས་སྐུ། །གསང་བའི་སྒྲ་ཡང་དེ་བཞིན་ནོ། །སྲུང་བའི་དམ་ཚིག་ལ་སོགས་དང་། །དཔལ་ལྡན་སྦྱིན་སྲེག་དོན་དམ་པར། །སྲུབ་དང་བསྲུབས་པའི་དགྱེས་པ་དང་། །སྔགས་ཀྱི་བཟླས་པ་མཆོད་སྦྱིན་དང་། །གནས་བརྒྱད་


DKG080_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཡི་ངོ་བོ་དང་། །དགའ་བ་ལ་སོགས་པ་ཡི་མཆོག། དུར་ཁྲོད་རྣམ་རྟོག་མེད་པར་གྲགས། །ཆུ་ངོགས་རྟོག་པ་མེད་པ་དང་། །སྣང་བ་ལ་སོགས་མཆོག་ཡེ་ཤེས། །དངོས་པོ་ལ་སོགས་བདེ་བ་ཆེ། །ཐོག་མ་ཐ་མ་དུར་ཁྲོད་བརྒྱད། །ཞིང་ལ་སོགས་པ་བསྟན་པ་དང་། །རླུང་གི་དེ་ཉིད་སྙིང་པོའི་དོན། །འཇུག་པ་གནས་པ་འགྲོ་བ་དང་། །ཉེར་འགྲོ་སྦྱོར་བ་རབ་མཆོག་དང་། །ཉིད་ནི་ཡེ་ཤེས་ཐིག་ལེ་དང་། །རང་གི་ངོ་བོ་རྣམ་པ་མཆོག། ས་ལ་སོགས་པའི་བདག་པོ་དང་། །དེ་བཞིན་གཤེགས་པའི་སྐུ་སྐྱབས་དང་། །རྒྱུད་ཀྱི་རིམ་པ་བསྟན་པ་དང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །གསང་བ་ཡི་ནི་དོན་དམ་པར། །དེ་ཉིད་མཆོད་པས་བསྐུལ་བ་དང་། །ཤེས་རབ་ཡེ་ཤེས་ཇི་བཞིན་ནོ། །གསང་བའི་དཀྱིལ་འཁོར་འཁོར་ལོ་སོགས། །ཞལ་བཟང་ཚིག་རྒྱས་བསྟན་པའོ། །གཏོར་མ་འབྱུང་ལ་ཕན་དོན་དུ། །སྡིག་པ་ཐམས་ཅད་འཇིག་པར་བྱེད། །དེ་ནི་བདེ་བ་ཆེན་པོའི་མཐའ། །དེ་ཉིད་བསྡུས་པའི་སྙིང་པོའི་དོན། །བཞི་བཅུའི་བདག་ཉིད་དེ་ཉིད་དོན། །གསང་ཆེན་བདག་གིས་རབ་ཏུ་བཤད། །དེ་ཉིད་སུམ་ཅུ་དྲུག་བདག་པོ། །ཆར་ཡང་ཡེ་ཤེས་ཚོར་བྱེད་དོ། །ཐིག་ལེ་ཡེ་ཤེས་བདག་ཉིད་ཚོར། །དེ་ནི་སུམ་ཅུ་བདུན་དབང་ཕྱུག། ཚུལ་གྱིས་ཡེ་ཤེས་བདག་ཉིད་ཚོར། །དེ་ནི་སུམ་ཅུ་བརྒྱད་དབང་ཕྱུག། ཚུལ་ཙམ་ཡེ་ཤེས་ཚོར་བྱེད་པ། །དགུ་ལྷག་སུམ་ཅུ་དེ་ཉིད་དོ། །མཆོག་ཤེས་པ་ཡི་རྣལ་འབྱོར་གང་། །བཞི་བཅུའི་མངའ་བདག་ཆེན་པོའོ། །གཞན་མཆོག་གསུང་ལམ་བརྗོད་དུ་མེད། །རྣམ་པར་དག་པ་དེ་ཉིད་མཆོག། ཐམས་ཅད་དེ་ཁོའི་བདག་ཉིད་ཕྱིར། །དེ་བས་བྱེ་བྲག་མི་བྱའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྡུས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།ལྷ་མོས་གསོལ་པ། བཅོམ་ལྡན་འདས་ནི་མཆོག་དགའ་བ། །ཀུན་དགའ་བ་ཡི་རྣམ་པ་སྐུ། །དེ་ཁོ་ན་ཉིད་ཞལ་བརྒྱད་པའི། །རྣམ་པར་དག་པ་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དེ་ཉིད་སྒོམ་པ་རྣམ་པར་དག། སྐལ་ལྡན་ལྷ་མོ་ཁྱོད་ཉོན་ཅིག། ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ནང་གི་སྟོང་པ་དེ་ཉིད་དོ། །སྤྱན་ནི་ཉི་ཤུ་


DKG080_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བཞི་ནི། །ས་དང་སྟོབས་དང་ཡེ་ཤེས་སོ། །ཕྱག་རྣམས་སྟོང་ཉིད་རྣམ་པར་དག། བརྒྱད་གཉིས་ཕྱག་ནི་སྟོང་པ་ཉིད། །སྦྱངས་པའི་ཡོན་ཏན་སྡེ་དང་ལྡན། །ཐོད་པ་རྣམས་ཀྱི་ངོ་བོ་ཉིད། །སངས་རྒྱས་ཆོས་ནི་མ་འདྲེས་པ། །འཇིགས་བྱེད་མ་ནི་བརྒྱད་གཉིས་དབྱེ། །བསྡུ་བའི་དངོས་པོ་བཞི་པོ་ནི། །ཞབས་བཞི་རུ་ནི་དྲན་པའོ། །ཆགས་སྡང་དེ་བཞིན་གཏི་མུག་ནི། །ལེགས་དགྱེས་ཟླ་ཉི་འཇིགས་བྱེད་དོ། །གང་ཞིག་སྲིད་པའི་གནས་སུ་བཞུགས། །ཞལ་བཟང་དེ་ཕྱིར་གཡས་བརྐྱང་བ། །ལྷ་མོ་གཡོན་བརྐྱང་མྱ་ངན་འདས། །ཡེ་ཤེས་སྐུ་ཉིད་བཞུགས་པའོ། །སྲིད་དང་མྱ་ངན་འདས་མིན་ཕྱིར། །ལྷ་མོ་དེ་ཕྱིར་བཞེངས་པའོ། །གཟུགས་བརྒྱད་རྣམ་པར་དག་པ་ཡིས། །སྣ་ཚོགས་པདྨ་འདབ་མ་བརྒྱད། །གཟུགས་མེད་གཉིས་ཀྱི་འདུ་ཤེས་ཕྱིར། །ཤེས་རབ་ཐབས་གཉིས་བདག་ཉིད་དོ། །གར་དགུའི་རོ་དང་ལྡན་པའི་ཕྱིར། །ཞལ་བཟང་མོ་ནི་སྣ་ཚོགས་གཟུགས། །ལྷ་མོས་གསོལ་པ། ཐམས་ཅད་མཁྱེན་པ་མཆོག་དབང་ཕྱུག། བཅོམ་ལྡན་བདག་གིས་རྣམ་དག་ཤེས། །གསང་བའི་དོན་གྱིས་འདི་ལྟར་མགོན། །རྡོ་རྗེ་འཛིན་པ་བཀའ་དྲིན་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བའི་སྒོམ་པ་རྣམ་པར་དག། ལྷ་མོ་ཤེས་རབ་ཆེན་མོ་ཉོན། །ཞལ་དང་ལྷན་ཅིག་པ་ཡི་སྤྱན། །ཞལ་བཟང་གནས་ལ་སོགས་པའོ། །ལོངས་སྤྱོད་རྫོགས་པར་ཡོད་པའི་རྩ། །བཅུ་དྲུག་ཕྱག་ནི་བཅུ་དྲུག་པའོ། །ཨཱ་ལི་ཐིག་ལེ་རྣམ་དག་པའི། །ཐོད་པ་ཡིན་པར་འདི་རུ་བསྟན། །འཇིགས་བྱེད་རྣམ་པར་འཇིགས་བྱེད་མ། །ལེགས་དགྱེས་དགའ་བ་བཅུ་དྲུག་གོ། །སྐད་ཅིག་བཞི་ཡི་སྦྱོར་བ་ཡིས། །ཞབས་ནི་བཞི་རུ་དྲན་པའོ། །གཡས་བརྐྱང་བ་ནི་མཆོག་གི་དགའ། །གཡོན་བརྐྱང་དགའ་བ་དགའ་བ་ཡིན། །བཞེངས་པ་ལྷན་སྐྱེས་དགའ་བའོ། །ཕྱག་རྒྱ་ཕ་རོལ་ཕྱིན་པར་དྲན། །དབང་གི་རང་གི་ངོ་བོའོ། །ཐིམ་པ་སྨད་ཀྱི་ཚངས་པའི་རས། །ལོངས་སྤྱོད་ཞི་བའི་པགས་པའི་གོས། །ལེགས་དགྱེས་དབང་ཕྱུག་ཡང་ན་གནས། །བསྐྱེད་པ་ཚངས་པའི་པགས་པར་གྲགས། །བོང་བུའི་ཞལ་ནི་འཇིགས་པའི་སྒྲ། །ཕྱག་རྒྱ་ཤེས་རབ་ཐབས་


DKG080_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆེ། །ཐབས་དང་ཤེས་རབ་གཉིས་མེད་དྲན། །བྱང་ཆུབ་སེམས་ཀྱི་རྣམ་དག་པས། །རུས་པ་སྣ་ཚོགས་རྒྱན་ལ་སོགས། །ནམ་མཁའ་རུ་ནི་འགྲོ་བའི་ཕྱིར། །གྱེན་དུ་འབར་བའི་དབུ་སྐྱེས་སོ། །རང་གི་ངོ་བོ་བདེ་ཆེན་ཕྱིར། །སྐུ་མདོག་ནག་པོ་མཁའ་དང་མཚུངས། །དགའ་བྲལ་གྱི་ནི་བདུད་ཆེན་པོ། །འཇིགས་པར་བྱེད་ཕྱིར་འཇིགས་པ་ཆེ། །དཔལ་ཡེ་ཤེས་ཐིག་ལེ་ལས་རྣམ་པར་དག་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་མས་མ་མཆུའི་བདུད་རྩིའི་རོ་ཕུལ་ཏེ། ཉི་མ་དང་ཟླ་བའི་མེ་ཏོག་གིས་མཆོད་ནས། བཅོམ་ལྡན་འདས་རབ་ཏུ་ཚིམ་པར་མཛད་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་བཅོམ་ལྡན་འདས་མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་འཆད་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །བཅོམ་ལྡན་འདས་མས་གསོལ་པ། ཡེ་ཤེས་བདུད་རྩི་ཆར་པ་ཆེ། །མགོན་པོ་ཁྱོད་ཀྱིས་རྨད་འབྱུང་སྦྱིན། །ཕྱག་ན་རྡོ་རྗེ་མགོན་པོ་ཆེ། །དེ་ཡི་བསྐྱེད་པ་ཇི་ལྟར་ལགས། །རྒྱལ་བའི་མངའ་བདག་ཡེ་ཤེས་རྒྱལ། །དེ་ནི་ཚིག་གཅིག་བཀའ་སྩོལ་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཞིག་ཁྱོད་ཀྱིས་ཡོངས་ཞུས་པ། །བཅོམ་ལྡན་མ་དེ་ཡང་དག་ཉོན། །ཕྱག་ན་རྡོ་རྗེ་མགོན་ཆེན་པོ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག། མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པའི་རྒྱུ་ཡིན་ནོ། །དེ་ལས་སྐྱེ་བ་གང་ཡང་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ། །དེ་ཡི་ཕྱག་གི་རྡོ་རྗེ་ནི། །ཡེ་ཤེས་བཅུ་གཉིས་སྐྱེ་བ་མེད། །ཐོག་མ་ཡི་ནི་རྭ་ལྔ་ལས། །དེ་བཞིན་གཤེགས་པ་ལྔ་འབྱུང་ངོ་། །མཐའ་ནས་འབྱུང་བ་ཆེན་པོ་ལྔ། །དབུས་ནས་འགྲོ་བའི་རིས་དྲུག་འབྱུང་། །ལྟ་བ་ཀུན་ནི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང་། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། །ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང་། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་


DKG080_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལར་ཀློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། །མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ལྷ་མོས་གསོལ་པ། དཀྱིལ་འཁོར་དང་ནི་འཁོར་ལ་སོགས། །དེ་ལ་མདོར་བསྡུས་ཇི་ལྟར་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །དཀྱིལ་འཁོར་རྡོ་རྗེ་འཛིན་པ་ཡིས། །མཁའ་འགྲོ་དབང་ཕྱུག་མ་དགྱེས་མཛོད། །གྲུ་བཞི་ལ་སོགས་དང་ལྡན་པ། །དུར་ཁྲོད་ཀྱི་ནི་རྒྱན་གྱིས་བརྒྱན། །ཤིང་བརྒྱད་ཀྱིས་ནི་ཆལ་པར་བཀྲམ། །རྫིང་བརྒྱད་ཀྱིས་ནི་བརྒྱན་པའོ། །དེ་དབུས་སྣ་ཚོགས་ཆུ་སྐྱེས་ནི། །འདབ་མ་དང་ནི་གེ་སར་བཅས། །དེ་ཡི་དབུས་སུ་ལྷ་ཐོད་པ། །དུམ་བུ་གསུམ་པ་ཀུན་དང་བཞི། །རང་གི་ངོ་བོ་ཆོས་ཀྱི་དབྱིངས། །བདུད་རྩི་ལྔས་ནི་ཤིན་ཏུ་གང་། །ཧཱུྃ་གི་ཡིག་འབྲུ་དེ་དབུས་གནས། །ཡེ་ཤེས་མེ་ཡི་འོད་དང་མཉམ། །ཟླ་བ་ཉི་མའི་གདན་ལ་བཞུགས། །སྡིག་པ་ཐམས་ཅད་འཇིག་པར་བྱེད། །ཧཱུྃ་ལ་སོགས་པ་ཡོངས་གྱུར་ལས། །སྐད་ཅིག་གཅིག་གིས་རྨད་དུ་བྱུང་། །ལྷ་མོ་བཅུ་གཉིས་དང་ལྡན་པ། །ཕྱག་ན་རྡོ་རྗེ་རྒྱལ་པོ་བཞེངས། །ཞལ་གཅིག་པ་ལ་སྤྱན་གསུམ་པ། །ཆར་སྤྲིན་གྱི་ནི་མདོག་དང་མཉམ། །ཕྱག་བཞི་པ་ནི་རྟ་ལ་ཆིབས། །ཉི་མའི་འོད་དང་མཉམ་པའི་སྤྱན། །བསྐལ་པ་ཆེན་པོའི་མེ་དང་འདྲ། །ཉི་མ་བྱེ་བའི་འོད་དང་མཉམ། །གདུལ་དཀའ་ཆེན་པོ་འདུལ་བར་མཛད། །སྙིང་རྗེའི་རླན་གྱིས་བརླན་པར་མཛད། །ཕྱག་རྒྱ་ལྔ་འཛིན་དཔའ་བོ་ཆེ། །རལ་པའི་དབུ་རྒྱན་གྱིས་ནི་བརྒྱན། །རལ་པ་སྣ་ཚོགས་རྒྱན་དང་ལྡན། །སྣ་ཚོགས་རྡོ་རྗེ་ཟླ་ཅོད་པན། །ཕྱག་གཡས་པས་ནི་རྡོ་རྗེ་འཛིན། །སྣ་ཚོགས་ཀྱི་ནི་འོད་ཟེར་འཕྲོ། །གཡོན་ནི་ཐོད་པ་ཁ་ཊྭཱཾ་ག། གཞན་པས་རྡོ་རྗེའི་མདའ་དང་གཞུ། །རྟ་ནི་འདི་རུ་སྔོན་པོའི་གཟུགས། །སྤྱན་གསུམ་པ་ལ་དྲག་པོའི་འོད། །ཞི་བའི་པགས་པས་སྒ་ཆ་བྱས། །དགོད་པའི་ང་རོ་གཤོག་པ་ཅན། །སྣ་ཚོགས་པདྨའི་འདབ་མ་ལ། །ཤར་དང་ལྷོ་དང་ནུབ་དང་བྱང་དུ་རྡོ་རྗེ་འཇིགས་བྱེད་མ་དང་། རྡོ་རྗེ་དྲག་མོ་དང་། རྡོ་རྗེ་གཏུམ་མོ་དང་། རྡོ་རྗེ་ནག་མོ་སྟེ། གནག་པ་དང་། དམར་བ་


DKG080_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྗང་བ་དང་། དཀར་པོ་སྟེ་ངང་པ་ལ་ཆིབས་པའོ། །ཕྱག་དང་མཚོན་ཆ་ལ་སོགས་པ་ནི་གཙོ་བོ་བཞིན་ནོ། །མཚམས་ཀྱི་འདབ་མ་བཞིར་བདུད་རྩི་སྣ་ཚོགས་པས་གང་བའི་བུམ་པའི་སྟེང་ན་ཐོད་པའོ། །མཚམས་སུ་རྡོ་རྗེ་འདོད་མ་དང་། རྡོ་རྗེ་རྩགས་བུ་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་བརྩོན་མ་རྣམས་ནི་གཟུགས་གཉིས་པའི་སྐུ། ནམ་མཁའ་ལྡིང་ལ་ཆིབས་པ་གཙོ་བོ་ལྟ་བུའོ། །ཤར་སྒོ་ལ་སོགས་པར་རྡོ་རྗེ་ཤ་བ་རི་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་རབ་ཏུ་གཏུམ་མ་དང་། རྡོ་རྗེ་ཌོམ་བི་ནཱི་སྟེ། ནམ་མཁའ་སྔོན་པོ་དང་། ཉི་མའི་འོད་དང་། མེའི་ཁ་དོག་དང་། དུ་བའི་མདོག་བྱ་རྒོད་ལ་ཆིབས་པ་མཚམས་ཀྱི་བཞིན་ནོ། །དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྣམ་བུ་ལ་ཚངས་པ་དང་། བརྒྱ་བྱིན་དང་། དྲག་པོ་དང་། མི་མཆོག་ལ་སོགས་པ་འདྲེའི་རྒྱལ་པོ་རང་རང་གི་མཚོན་ཆ་ཕྱག་ན་བསྣམས་པ་དུ་མ་བྱའོ། །ལྷ་མོས་གསོལ་པ། ཕྱག་ན་རྡོ་རྗེ་གཙོ་བོའི་གསང་སྔགས་ནི་གང་། སེམས་ཅན་རྣམས་ཀྱིས་ཇི་ལྟར་བསྒོམ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་སྔགས་ནི་ཡི་གེ་དྲུག། ཐམས་ཅད་འདོད་པའི་དོན་གྲུབ་བྱེད། །གདུག་པ་ཐམས་ཅད་འཇིགས་བྱེད་ཅིང་། །ནད་རྣམས་ཀུན་ནི་ཟད་པར་བྱེད། །དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན། །ཐམས་ཅད་མཁྱེན་པས་མི་ཐུབ་བོ། །ཨོཾ་བཛྲ་པཱ་ཎི་ཧཱུྃ། རྣལ་འབྱོར་ཁྲོ་བོའི་ལྟ་བས་བཟླས། །སྐད་ཅིག་གཅིག་གིས་ཁམས་གསུམ་གསོད། །ཡང་ན་ཞི་བའི་ལྟ་བས་བཟླས། །མཐའ་ཡས་པ་ཡི་ནད་ཞི་བྱེད། །མཆོད་སྦྱིན་ཡང་དག་ཆེར་བྱས་ན། །སྔོན་དུ་བསྙེན་པ་བྱེ་བ་བྱ། །ཞི་བ་ལ་སོགས་སྦྱིན་སྲེག་བྱ། །ཇི་ལྟར་སྔར་ནི་བདག་གིས་སྨྲས། །དུར་ཁྲོད་ཡང་ན་ཆུ་ངོགས་སུ། །ཕྱག་ན་རྡོ་རྗེ་བསྒྲུབ་པར་བྱ། །དུང་ཆེན་གྱི་ནི་ཕྲེང་བ་ཡིས། །འགྲུབ་པའི་དོན་ཕྱིར་བྱེ་བ་བཟླས། །ཞི་བ་ཞི་བའི་སེམས་ཀྱིས་ནི། །དྲག་པོ་དྲག་པོ་སྒྲུབ་པར་དཀའ། །དབང་བསྐུར་མེད་པའི་སེམས་ཅན་ལ། །སྔགས་འདི་སྦྱིན་པར་མི་བྱ་སྟེ། །མཁས་པས་བྲིས་སྐུ་གླེགས་བམ་ནི། །ནམ་ཡང་དེ་ལ་བསྟན་མི་བྱ། །དེ་ལྟ་མིན་ན་འགྲུབ་མི་འགྱུར། །ཀུན་ནས་ཀུན་དུ་རབ་ཏུ་བལྟ། །གསང་བ་


DKG080_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་ནི་འགྲུབ་པར་འགྱུར། །ཀུན་ནས་ཀུན་དུ་ཞལ་བཟང་མོ། །པདྨ་འདབ་མ་བརྒྱད་གྱེས་པ། །འདབ་མ་སྣ་ཚོགས་པ་ཡིས་མཛེས། །ཉི་མའི་དཀྱིལ་འཁོར་དབུས་སུ་ནི། །མངའ་བདག་ཕྱག་ན་རྡོ་རྗེ་རྒྱལ། །རྒྱལ་པོའི་བཞུགས་སྟབས་ཀྱིས་ནི་བཞུགས། །ནམ་མཁའི་མདོག་ལྟར་སྔོ་བ་སྟེ། །ཕྱག་བཞི་པ་ལ་ཞལ་གཅིག་པ། །སྤྱན་གསུམ་པ་ལ་ཞི་བའི་གཟུགས། །གཡས་དང་གཡོན་པའི་ཕྱག་གཉིས་ནི། །རྡོ་རྗེ་ཐོད་པ་ཁ་ཊྭཱཾ་ག། ཆོས་ཀྱི་དོན་ནི་འཆད་པའི་ཕྱིར། །ཕྱག་གཉིས་ཆོས་ཀྱི་ཕྱག་རྒྱའོ། །འདབ་མ་བདུན་ལ་སངས་རྒྱས་བདུན། །བརྒྱད་པ་ལ་ནི་བྱམས་པའོ། །པ་ཏི་ལ་སོགས་ཤིང་ལ་བརྟེན། །ཐམས་ཅད་ཟླ་བའི་གདན་དུ་དྲན། །གཤིན་རྗེའི་གཤེད་ལ་སོགས་པ་བཞི། །གཞན་མིན་སྒོ་ལ་སོགས་པར་དགོད། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་བཞི། །སྒོ་ཡི་མཚམས་སུ་གནས་པའོ། །སྒོ་ཡི་ཕྱི་རོལ་སྣམ་བུའི་གནས། །ཡང་དག་ལྷ་ཆེན་ལ་སོགས་པའོ། །རྡོ་རྗེ་ཕྲེང་བས་ཀུན་དུ་མཆོག། མཁས་པས་ཡོངས་སུ་བསྐོར་བྱའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་དཔལ་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་བསྐྱེད་པའི་སྒོམ་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་དེའི་དུས་སུ་འཁོར་ཐམས་ཅད་སྟན་ལས་ལངས་ཏེ། ལན་གསུམ་དུ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཚིགས་སུ་བཅད་པ་འདི་དག་བརྗོད་དོ། །མགོན་ཁྱོད་བཀའ་དྲིན་གྱིས་ནི་བདག་ཅག་དག། གཞན་དང་མི་མཉམ་རྒྱལ་བས་རྙེད་དཀའ་བ། །བལྟ་བར་དཀའ་བ་ཤེས་དཀའ་གཟུང་བར་དཀའ། །གསང་བའི་གསང་བ་མཆོག་གི་མཆོག་རབ་ཉིད། །དཔའ་བོ་དབང་ཕྱུག་ཆོས་དབྱིངས་ཕྱག་འཚལ་བསྟོད། །ལོག་ཤེས་མུན་ནག་འཇོམས་ལ་ཕྱག་འཚལ་ལོ། །དང་པོའི་སངས་རྒྱས་མཆོག་ཆར་གྲགས་ལ་འདུད། །ཡིག་བྲལ་ཐིག་ལེ་སྐྱེ་མེད་ལ་ཕྱག་འཚལ། །ནམ་མཁའི་རང་བཞིན་ཚུལ་གྲགས་ལ་ཕྱག་འཚལ། །གཉིས་སུ་མེད་པའི་ཚུལ་ཙམ་ལ་ཕྱག་འཚལ། །མཆོག་གི་རང་བཞིན་ཕྱག་འཚལ་ཕྱག་


DKG080_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་འདུད། །གཞན་མིན་གཞན་མཆོག་རང་བཞིན་ཕྱག་འཚལ་ལོ། །དཔལ་ཡེ་ཤེས་ཐིག་ལེ་ལས་བསྟོད་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།ཡང་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་དང་བཅས་པའི་བཅོམ་ལྡན་འདས་མ་ལ་བོས་ཏེ། ཀྱཻ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྦྱོར་དྲུག་གི་གྲགས་པ་བཅུ་དང་བྲལ་བ་བཅུ་གསུམ་གྱི་བདག་ཉིད། དཔལ་མཆོག་གི་བླ་མའི་ཞལ་སྔ་ནས་པདྨ་བཙལ་ཏེ། བསམ་གཏན་ལ་སོགས་པ་ཡིས་ཡང་དག་པར་མཐོང་བ་ཞེས་གཏན་ལ་ཕབ་པའོ། །དཔལ་ཡེ་ཤེས་ཐིག་ལེ་ལས་མཆོག་ཏུ་གསང་ཞིང་ཤིན་ཏུ་གསང་བ་ཐམས་ཅད་མཁྱེན་པ་རྣམས་ཀྱིས་ཀྱང་རྙེད་པར་དཀའ་བ། རྣལ་འབྱོར་མའི་རྒྱུད་ཀྱི་རྨད་དུ་བྱུང་བ། མཆོག་ཆེན་པོ་ནང་གི་རྣམ་པར་ཤེས་པ་དྲུག་གི་བསྟོད་པའི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དཔལ་ཡེ་ཤེས་ཐིག་ལེ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་པྲཛྙཱ་གུཔྟས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།སླད་ཀྱིས་དཔལ་ས་སྐྱའི་དབེན་གནས་སུ་ཞུ་ཐིག་གཡར་ཁྲལ་བགྱིས་སོ།། །།