རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ།


DKG081_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲྭི་བཛྲ་མཱ་ལ་ཨ་བྷིདྷཱ་ན་མ་ཧཱ་ཡོ་ག་ཏནྟྲ་སརྦ་ཏནྟྲ་ཧྲྀ་ད་ཡ་ར་ཧ་སྱ་བི་བྷ་ད་ཀཾ་ཨི་ཏི། བོད་སྐད་དུ། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་ཚད་མེད་པའི་ཕྱག་རྒྱ་ཆེན་པོས་མངོན་པར་རྟོགས་པས་བཞུགས་ཏེ། དཔག་ཏུ་མེད་པའི་རྡོ་རྗེའི་རིགས་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཐབས་ཅིག་ཏུ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་མངོན་པས་རྟོགས་པ་མངོན་དུ་བྱ་བ་ལ་བཞུགས་པ། གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བས་དགྱེས་པས་མཆོག་ཏུ་པདྨ་དགྱེས་པ། ཆོས་ཐམས་ཅད་ཀྱང་ཇི་ལྟ་བ་བཞིན་ཉམས་སུ་མྱོང་བ་མཐོང་བས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ལ་མངོན་དུ་ཕྱོགས་པ། །རྡོ་རྗེ་འཆང་ཆེན་པོའི་དམ་ཚིག་བླ་ན་མེད་པའི་དབང་དུ་གྱུར་པ་ལ་རབ་ཏུ་མཁས་པ་འདི་ལྟ་སྟེ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམ་ཚིག་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེ་སྡང་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆགས་པ་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལས་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཡེ་ཤེས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆུ་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མེ་རྡོ་རྗེ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རླུང་རྡོ་རྗེ་དང་། དེ་ལྟ་བུ་རྣམས་གཙོ་བོར་གྱུར་པ་དམ་ཚིག་ཆེན་པོའི་རིགས་དང་འབྲེལ་བ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། གཞན་ཡང་རིགས་ཆེན་པོ་དང་འབྲེལ་བའི་བྱང་ཆུབ་སེམས་དཔའ་


DKG081_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་ལ་འགྲོ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའ་རྣམ་པར་རྒྱས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་ཟླ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་གཙུག་ཏོར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚམས་རྣམས་ཀྱིས་ངེས་པར་གྲོལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་དམ་ཚིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཆོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ལོངས་སྤྱོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྤྱི་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་རྟོག་མེད་པའི་སྤྱི་གཙུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་རྟོག་མེད་པའི་སྒྲ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་རྟོག་མེད་པའི་ཆོས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་རྟོག་མེད་པའི་དམ་ཚིག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགའ་བའི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྣ་ཚོགས་དགའ་བའི་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷན་ཅིག་སྐྱེས་པའི་རྡོ་རྗེ་དང་། གཞན་ཡང་དཔག་ཏུ་མེད་པའི་རྡོ་རྗེའི་ཐེག་པས་ལྷག་པར་གྲོལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །བཅོམ་ལྡན་འདས་དེ་ཡང་ཆོས་ཀྱི་འཁོར་ལོ་ནི་ཤིན་ཏུ་བསྐོར། སངས་རྒྱས་ཀྱི་མཛད་པ་ཤིན་ཏུ་


DKG081_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་མཐར་བྱིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས་པ་དེ་འཁོར་ལ་ཞལ་རབ་ཏུ་འཛུམ་པར་བཅས་པས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྒྱ་ཆེན་པོ་རྣམས་ལ་གཟིགས་ནས། དེ་དག་སྣོད་དུ་རུང་བར་བྱ་བའི་ཕྱིར་རྡོ་རྗེ་ཕྲེང་བ་མངོན་པར་བྱང་ཆུབ་པའི་རྡོ་རྗེ་ཐེག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བ་སྤུའི་བུ་ག་ཐམས་ཅད་ལས་འོད་ཟེར་གྱི་དྲ་བ་ཆེན་པོ་བཀྱེ་སྟེ་བཞུགས་སོ། །འོད་ཟེར་གྱི་དྲ་བ་ཆེན་པོ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་རེག་པས་མཆོག་ཏུ་དགའ་བ་ཐོབ་པ་ནི་གཉིས་སུ་མེད་པའི་སྦྱོར་བ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཇི་ལྟ་བ་བཞིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཉིད་དགའ་བ་དང་བདེ་བ་དང་མཆོག་ཏུ་མགུ་བ་སྐྱེས་ནས་བརྒྱལ་བར་གྱུར་ཏོ། །དེ་ནས་ཡང་དེའི་དུས་སུ་བཅོམ་ལྡན་འདས་ཀྱི་མཛོད་སྤུར་འོད་ཟེར་གྱི་དྲ་བ་ཆེན་པོ་བསྡུས་པར་གྱུར་ཏོ། །བསྡུས་པ་དེ་ཡང་རྡོ་རྗེའི་ལམ་ནས་ལྕགས་ཀྱུའི་རྣམ་པ་ཅན་གྱི་འོད་ཟེར་ཆེན་པོ་ཉེ་བར་ཕྱུང་བར་གྱུར་པ་དེས་བརྒྱལ་བ་དེ་དག་ལ་རེག་ནས་རྡོ་རྗེ་ཕྲེང་བ་ལྟ་བུ་ཉིད་རྡོ་རྗེའི་ལམ་ནས་གཙུག་ཏོར་གྱི་འཁོར་ལོ་ལ་ཞུགས་ནས་གནས་སོ། །སླར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བདེ་བ་ཆེན་པོ་རྗེས་སུ་མྱོང་བར་གྱུར་ཏེ། རྡོ་རྗེའི་ཡི་གེ་ཧཱུྃ་བརྗོད་པ་དེ་ཉིད་ཀྱིས་བདེ་བ་ཆེན་པོ་དེ་ཉིད་ཉམས་སུ་མྱོང་བ་ཉིད་ཀྱི་ཐུགས་ཀའི་ལྟེ་བའི་རྩ་སྦུབས་ནས་འོད་ཟེར་ཆེན་པོ་ཕྱུང་སྟེ་རང་རང་གི་སྟན་ལ་འཁོད་པར་གྱུར་ཏོ། །དེ་ནས་དེ་རྣམས་ཆུའི་གཏིང་ནས་འཐོན་པ་ལྟ་བུར་སེམས་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ངོ་མཚར་ཆེན་པོའི་ཆོ་འཕྲུལ་མཐོང་ནས་ཤིན་ཏུ་མིག་གདངས་ཏེ། བཅོམ་ལྡན་འདས་ལ་དབྱངས་གཅིག་གིས་ཡང་དག་པར་བསྟོད་དོ། །བཅོམ་ལྡན་རོ་གཅིག་གྱུར་པ་ཡི། །ལྷན་ཅིག་སྐྱེས་པའི་དགའ་བས་རྒྱས། །བཅོམ་ལྡན་མཆོག་ཏུ་ངལ་བསོ་ཀྱེ། །ངག་གི་ལམ་གྱི་སྤྱོད་ཡུལ་འདས། །བཅོམ་ལྡན་ཉིད་ཀྱི་དགྱེས་ཉམས་ལྟར། །འགྲོ་བ་གསུམ་པོ་ཡང་དག་


DKG081_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

བདེ། །ཨེ་མའོ་ལྷན་ཅིག་སྐྱེས་བདུད་རྩི། །རོ་བསྟེན་ཐུགས་རྗེ་ཆེན་པོ་སྐྱེ། །བཅོམ་ལྡན་སེམས་ཅན་ཐམས་ཅད་ཀྱི། །སེམས་ཅན་དོན་ཀུན་གསལ་བར་མཛད། །དེ་ཉིད་གསུམ་གྱི་རོ་གཅིག་པ། །ཕྱག་རྒྱ་ཆེན་པོ་རབ་དབྱེ་བ། །བཅོམ་ལྡན་རྣལ་འབྱོར་ཆེ་ལ་དགྱེས། །འཆིང་བ་ཐམས་ཅད་གཅོད་མཛད་ཀྱི། །བཅོམ་ལྡན་དགྱེས་པ་ཆེར་མཛད་ཅིང་། །འགྲོ་བ་སྐལ་བཟང་ངེས་པར་མཛད། །ཨེ་མའོ་རྡོ་རྗེ་ཐེག་པ་བདེ། །རབ་ཏུ་དགའ་ཞིང་མགུ་བ་སྩོལ། །ཨེ་མའོ་སྔགས་ནི་རབ་རྒྱས་པ། །རང་བྱུང་གོ་འཕང་སྒྲུབ་པ་པོ། །ཨེ་མའོ་ཤིན་ཏུ་ཟབ་མོའི་ཆོས། །དམིགས་པ་མེད་པར་སྟོན་པར་མཛད། །ཨེ་མའོ་རྡོ་རྗེ་འཆང་ཆེན་གཙོ། །གསང་བའི་བདག་པོ་ཤིན་ཏུ་གསང་། །ཨེ་མའོ་མཆོག་ཏུ་བྱང་ཆུབ་པ། །ཨེ་མའོ་སྤྲོས་པ་རྣམ་སྤངས་ཤིང་། །བདེན་པའི་དོན་ནི་གསལ་མཛད་པ། །ཐེག་པའི་སྒྲོན་མས་སྣང་བར་མཛད། །མགོན་པོ་བདག་ཅག་ཁྱེད་དྲིན་གྱིས། །རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ། །མགོན་པོ་བདག་ཅག་ལམ་ལོག་ཞུགས། །ཁྱེད་ཀྱིས་ཡང་དག་ལམ་ལ་བཀོད། །མགོན་པོ་བདག་ཅག་མུན་པར་འཐོམས། །ཡེ་ཤེས་སྣང་བ་ཐོབ་པར་མཛད། །དམ་ཚིག་རྡོ་རྗེ་ཉི་མ་ཀྱེ། །ཕྱག་རྒྱ་ཆེན་པོའི་དོན་སྟོན་མཛད། །བཅོམ་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་ཕྱག་རྒྱ་ཆེ་བདག་ཉིད། །ཕྱག་འཚལ་གཉིས་མེད་དགའ་བའི་མཁའ། །དགའ་བའི་ཟླ་བ་ཁྱེད་ལ་འདུད། །ཅེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཅོམ་ལྡན་འདས་ལ་བསྟོད་པ་མཛད་ནས་སླར་ཡང་འདུས་པར་གྱུར་ཏེ། རྡོ་རྗེའི་ཕྲེང་བ་མངོན་པར་བརྗོད་པ་ཞེས་བྱ་བ་ཤིན་ཏུ་ཕྲ་བའི་ས་ཇི་ལྟ་བའི་ངོ་བོ་འདྲི་བར་འདོད་ནས་ཡིད་ལ་བྱེད་པ་གཅིག་པ་དང་། །སེམས་རྩེ་གཅིག་གིས་དགའ་བར་བྱེད་པའི་གསུང་ཉན་པར་འདོད་ནས་བ་སྤུ་ལྡང་བ་དང་དབུགས་གཡོ་བ་དང་བཅས་པས་ཡང་དང་ཡང་དུ་བཅོམ་ལྡན་འདས་ལ་ཕྱག་བྱེད་ཅིང་རང་གི་སྟན་ལ་འཁོད་ནས་སེམས་རེ་དོགས་དང་བཅས་པས་གནས་སོ། །བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་དེ་ལྟ་བུའི་སེམས་ཀྱི་རྟོག་པ་ཐུགས་ཀྱིས་མཁྱེན་ནས་སླར་ཡང་རྡོ་རྗེའི་ཕྲེང་བ་མངོན་པར་བྱང་ཆུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་


DKG081_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གསང་བའི་རྡོ་རྗེ་ལས་རང་གི་རིག་མ་ཕྱུང་སྟེ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ་བདག་ཉིད་ཀྱིས་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པའི་གཟུགས་བླངས་ནས་རང་རང་གི་རིག་མ་ལ་འཁྱུད་དེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་རྗེས་སུ་ཞུགས་ནས། སླར་ཡང་དེ་དག་དེ་ལྟ་བུའི་གཟུགས་ཉིད་དུ་མཐོང་སྟེ་ངོ་མཚར་སྐྱེས་ནས་མིག་གདངས་ཏེ་རི་མོའི་བཀོད་པ་ལྟ་བུར་མཐོང་བ་ཉིད་ཀྱིས་ཅི་ཡང་མི་སྨྲ་བར་གྱུར་པས་དེ་ལ་འཁོར་རྣམས་ཡང་དག་པར་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་རང་གི་རིག་མ་ཡང་དག་པར་བསྐུལ་ཏེ། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དོར་ནས་ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལས་རྡོ་རྗེ་བཙུན་མོ་རྡོ་རྗེ་རིགས་ཀྱི་སྙིང་པོ་འདི་གསུངས་སོ། །ཨོྃ་ཨཱཿཧཱུྃ། དེ་ནས་དེ་སྐད་དུ་གསུངས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་ལས་དེ་བཞིན་གཤེགས་པ་ཐམས་ཅད་དང་། རིག་མ་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོའི་རྒྱལ་པོ་རྣམས་ཕྱུང་བར་གྱུར་ཏོ། །ཕྱུང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཤར་ལ་སོགས་པའི་ཕྱོགས་སུ་རང་རང་གི་སྟན་ལ་གནས་པར་གྱུར་ཏེ། ཁ་ཅིག་ནི་རྣམ་པར་སྣང་མཛད་ཀྱི་གཟུགས་ཀྱིས་སོ། །ཁ་ཅིག་ནི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཀྱིས་སོ། །ཁ་ཅིག་ནི་འོད་དཔག་ཏུ་མེད་པའི་གཟུགས་ཀྱིས་སོ། །ཇི་སྲིད་གནོད་མཛེས་རྒྱལ་པོ་དང་། གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བར་གྱི་གཟུགས་ཀྱིས་སོ། །དེ་ནས་བཅོམ་ལྡན་འདས་ཅུང་ཟད་ཅིག་ཅི་ཡང་མི་གསུང་བར་བཞུགས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དབྱངས་གཅིག་གིས་ཆེད་དུ་བརྗོད་ནས་སྨྲས་པ་ནི། ཨེ་མའོ་རྡོ་རྗེ་རིགས་ཆེན་པོ། །རྡོ་རྗེ་ཕྲེང་བའི་དོན་སྟོན་མཛད། །ཨེ་མའོ་རྡོ་རྗེ་ཐེག་གསལ་བ། །ཆོས་ཀྱི་དབྱིངས་ཀྱི་དོན་སྟོན་མཛད། །ཅེས་ལན་གསུམ་བརྗོད་ནས་དེ་དག་གིས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ནས་འདུག་པར་གྱུར་ཏོ། །དེ་ནས་དེའི་ཚེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྒྱ་ཆེན་པོ་འདུས་པ་དེ་དག་མཐོང་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །


DKG081_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཡེ་ཤེས་རྡོར་དབང་ཕྱུག །གསང་བའི་པདྨའི་ནང་བཞུགས་པ། །དམ་ཚིག་ཆེན་པོའི་རྣལ་འབྱོར་དབང་། །ཐུགས་རྗེས་བདག་གི་ཚིག་གསོན་ཅིག །བསྐལ་པ་བཟང་པོའི་སངས་རྒྱས་རྣམས། །རྡོ་རྗེ་ཐེག་པ་མངོན་འདོད་པ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འདི་དག་ལུས་ཀྱིས་ཕྱག་འཚལ་འཁོད། །སྙིགས་མ་ལྔ་ཡི་དུས་ན་ནི། །མ་འོངས་པ་ཡི་སེམས་ཅན་རྣམས། །བརྩོན་འགྲུས་ཆུང་ཞིང་བསོད་ནམས་ཆུང་། །ལྟ་བ་ངན་པ་མང་པོ་དང་། །ཚེ་ཐུང་བ་ཡི་སེམས་ཅན་རྣམས། །གོ་འཕང་མཆོག་ནི་ཐོབ་ཕྱིར་ཞུ། །རྒྱལ་བའི་སྲས་ནི་དེ་དག་དང་། །མ་འོངས་པ་ཡི་སེམས་ཅན་རྣམས། །འཁོར་བ་ལས་ནི་ཕ་རོལ་དུ། །གང་གིས་མྱུར་དུ་ཐར་བར་འགྱུར། །གཙོ་བོ་རྡོ་རྗེ་འཆང་ཆེན་ལ། །འདི་ལྟར་བདག་ནི་གསོལ་བ་འདེབས། །འགྲོ་བའི་གཙོ་བོ་ཁྱོད་དྲིན་གྱིས། །དེ་ཉིད་མཆོག་ནི་བདག་གིས་འཚལ། །སངས་རྒྱས་ཀུན་གྱི་གསང་བ་ཡི། །རྒྱུད་རྣམས་ཀུན་གྱི་དོན་བསྡུས་པ། །བླ་ན་མེད་པའི་རིམ་པ་གཉིས། །རྡོ་རྗེ་ཕྲེང་བ་མངོན་རྟོགས་པ། །ཅུང་ཟད་འདྲི་བར་འཚལ་ལགས་ཀྱིས། །རྫོགས་པའི་རིམ་པའི་རྣལ་འབྱོར་ནི། །ཁྱོད་ཀྱིས་བདག་ལ་བསྟན་དུ་གསོལ། །དཔལ་ལྡན་འདུས་པར་བརྡ་ཙམ་གང་། །རྣལ་འབྱོར་བླ་ན་མེད་རྒྱུད་དུ། །ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་དང་ནི་བཞི་སྟོང་ངོ་། །དེ་སྐད་སྨྲས་ནས་མདུན་འདུག་སྟེ། །ལུས་ཀྱིས་ཕྱག་ནི་བྱས་ནས་ཀྱང་། །ཡེ་ཤེས་ཆེན་པོ་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་འགྲོ་བའི་བླ། །རྡོ་རྗེ་གསུམ་ནི་རོ་གཅིག་དོན། །དེ་ཉིད་གསུམ་གྱི་གོ་འཕང་སྟོན། །རྣལ་འབྱོར་རྒྱུད་ཀྱི་སྦས་པའི་དོན། །བདག་ལ་བསྟན་པར་མཛད་དུ་གསོལ། །རྡོ་རྗེ་ཕྲེང་བའི་མིང་ནི་ཅི། །འདུས་པ་ཅི་ཞིག་སྟོང་བ་ཅི། །ཐིག་ལེའི་དབྱེ་བ་དང་ནི་སྒྲ། །གསང་བ་དང་ནི་དམ་ཚིག་དང་། །སྡོམ་པ་དང་ནི་སྒྲ་ཙམ་དང་། །རླུང་གི་དེ་ཉིད་བདེ་ཆེན་ཅི། །རྡོ་རྗེ་པདྨོ་མཉམ་སྦྱོར་དང་། །སྔགས་ཀྱི་དེ་ཉིད་རྣལ་འབྱོར་པ། །རླུང་རྣམས་དང་ནི་འཁོར་ལོ་དང་། །གྲངས་ནི་ཅི་ཙམ་གང་དུ་གནས། །རྣལ་འབྱོར་ལུས་ལ་རྩ་གང་ལགས། །རྣམ་པ་སྣ་ཚོགས་སོགས་སྐད་ཅིག །དགའ་བ་བཞི་དང་


DKG081_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་དང་ནི། །སྔགས་དང་རླུང་དང་ཐིག་ལེ་དང་། །ཡི་གེ་གསུམ་གང་དེ་ཉིད་གསུམ། །དེ་བཞིན་སྣ་ཡི་རྩེ་མོ་གསུམ། །ལུས་ཀྱི་སྟོང་ཉིད་ཡེ་ཤེས་དང་། །ལྷ་རྣམས་ཀྱང་ནི་ཇི་ལྟར་གནས། །དེ་རྣམས་ཀྱི་ནི་མིང་ནི་ཅི། །འཆར་བ་དང་ནི་ནུབ་པ་ཅི། །མགོན་པོ་དགའ་རྣམས་ཇི་ལྟར་ནི། །ཡང་དག་སྐྱེ་བ་གསལ་བར་གསུངས། །སྔར་བཤད་རྩ་རྣམས་རྟག་ཏུ་ནི། །རྡོ་རྗེའི་ལུས་ལ་ཇི་ལྟར་རྒྱུ། །མཚམས་ཀྱི་རྩ་གསུམ་དེ་དག་ནི། །གཙོ་བོ་རུ་ནི་ཇི་ལྟར་གསུངས། །རླུང་རྣམས་ཇི་ལྟར་ལྡང་བ་དང་། །གཙོ་བོ་དེ་རྣམས་ཇི་ལྟར་ཐིམ། །དེ་ནི་མཁའ་འགྲོ་མར་སྡུད་པ། །གཙོ་བོ་ཇི་ལྟར་ཡང་དག་འཐོབ། །རྣམ་རྟོག་རླུང་ནི་རབ་བཅད་ནས། །རྣམ་རྟོག་མེད་པར་ཇི་ལྟར་འཆར། །རྩ་རྣམས་ཇི་ལྟར་ནུབ་པ་དང་། །སྦྱོར་བ་དྲུག་གིས་ཇི་ལྟར་རྩོམ། །དུས་ཀྱི་མཚན་ཉིད་ཇི་ལྟ་བུ། །གསང་བའི་ཡང་ནི་འབྲས་བུ་ཅི། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་དང་། །རིགས་ཀྱི་དབྱེ་བ་ཇི་ལྟ་བུ། །ཕྱག་རྒྱའི་དབྱེ་བ་ཇི་ཙམ་ཞིག །ཕུང་པོ་ལ་སོགས་སྐྱེ་མཆེད་དང་། །ཕྱག་རྒྱ་ཆེན་པོའི་མིང་ནི་ཅི། །རོ་རྣམས་ཀྱི་ནི་དབྱེ་བ་དང་། །བདག་གི་སྒྲ་ནི་གང་ལ་གནས། །སྟོང་ཉིད་དབྱེ་བ་བསྡུས་པ་དང་། །སྟོང་པ་ཉིད་ནི་གང་དུ་སྐྱེ། །ཉིན་མོ་དང་ནི་མཚན་མོ་གང་། །ཨཱ་ལི་ཀཱ་ལི་བརྡ་དང་ནི། །མཚམས་ཀྱི་འཆར་བ་ཇི་ལྟ་བུ། །རྒྱུད་གསུངས་སྔོན་ནི་བསྙེན་པ་སོགས། །ཆོ་ག་ཉི་ཤུའི་ལས་དང་ནི། །རྒྱུ་མཚན་ཅི་ཞིག་འབྲས་བུའང་ཅི། །མཆོད་པའི་ཆོ་ག་ཇི་ལྟར་གསུངས། །དེ་བཞིན་ལྷ་མོའི་རང་བཞིན་དང་། །ལྷ་མོའི་མིང་ནི་ཇི་ལྟར་གསུངས། །རྒྱུད་དུ་ཐོག་མར་གསུངས་པ་ཡི། །འདི་སྐད་བདག་སོགས་ཇི་ལྟ་བུ། །འདི་སྐད་ཅེས་སོགས་དང་པོའི་དག །དོན་རྒྱས་པར་ནི་ཇི་ལྟར་འགྱུར། །ནང་གི་བདག་ཉིད་སྦྱིན་སྲེག་ཅི། །བདུད་རྩི་ལྔ་ནི་བཟའ་བ་དང་། །རྣལ་འབྱོར་མ་ཚོགས་འདུས་པ་དང་། །དེ་བཞིན་གསང་བའི་བརྡ་དང་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམས་ནི་ཇི་ལྟར་གསུངས། །སངས་རྒྱས་དམ་ཆོས་དགེ་འདུན་གྱི། །མིང་རྣམས་བཤད་པ་ཇི་ལྟ་བུ། །བླ་མ་སྟོན་པ་སློབ་དཔོན་དང་། །རྡོ་རྗེ་འཆང་ནི་བཤད་པ་ཅི། །


DKG081_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མའི་ཡོན་ཏན་གང་ལྡན་ན། །རྣལ་འབྱོར་རྒྱུད་ཀྱི་སྣོད་དུ་འགྱུར། །དེ་ཡི་སྤྱོད་པའི་དབྱེ་བ་དུ། །དེ་ཡི་འབྲས་བུ་ཇི་ལྟ་བུ། །ཞི་བ་རྒྱས་པ་དབང་དང་ནི། །དེ་བཞིན་བསད་དང་བསྐྲད་པ་དང་། །རེངས་པར་བྱེད་པ་ཉིད་དང་ནི། །ཇི་ལྟར་བསྒྲུབ་པར་སྦྱོར་བ་དང་། །བསྒྲུབ་བྱ་ལ་ནི་མངོན་སྤྱོད་དང་། །སྔགས་ཀྱི་ཚིག་ནི་ཅི་ཞིག་དང་། །མགོན་པོ་ཁྲོ་བོའི་བཟླས་པ་ཅི། །དངོས་གྲུབ་བརྒྱད་ནི་ཐོབ་པ་དང་། །མངོན་ཤེས་ལྔ་ནི་ཇི་ལྟར་ཐོབ། །རྣལ་འབྱོར་རྣམས་ཀྱིས་དེ་ཉིད་མཐོང་། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །ལུས་བརྟན་པ་དང་རྒས་པ་མེད། །བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་། །གསེར་འགྱུར་སོགས་ཀྱི་སྦྱོར་བ་དང་། །རྡོ་རྗེའི་ཕྱག་རྒྱ་དངོས་གྲུབ་ཆེ། །འགྲོ་བའི་བླ་མ་ཇི་ལྟར་འཐོབ། །ལུས་ཀྱི་རང་བཞིན་གཞལ་ཡས་ཁང་། །དེ་ནི་རང་བཞིན་ཇི་ལྟ་བུ། །འདིས་ནི་གནས་སོགས་ཇི་ལྟར་གནས། །ཐིམ་དང་ལོངས་སྤྱོད་བདག་པོ་དང་། །རླུང་ནི་གང་གི་མཚན་ཉིད་ཅི། །དེ་དག་འཇིག་པར་ཇི་ལྟར་འགྱུར། །དེ་ལྟར་དྲི་ཚིག་རྫོགས་པ་དང་། །ལག་ན་རྡོ་རྗེ་ཐལ་སྦྱར་ཏེ། །འགྲོ་བའི་བླ་མའི་མདུན་འདུག་ནས། །ལུས་ཀྱིས་ཕྱག་བྱས་དེ་ནས་ནི། །གཙོ་བོས་རྡོ་རྗེ་སེམས་དཔའ་ལ། །ལེགས་སོ་བྱ་བ་བྱིན་ནས་ནི། །ཚངས་དབྱངས་ཟབ་མོ་སྙན་པ་ཡིས། །འགྲོ་བའི་མགོན་པོས་གསུངས་པ་ཡིན། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་གསོལ་བ་གདབ་པ་དང་དྲི་བ་དང་། སློབ་མའི་ལས་ཉིད་ལ་སོགས་པ་རྒྱུད་ཀྱི་གླེང་གཞིའི་ལེའུ་ཞེས་བྱ་བ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །དེ་ཉིད་གསུང་གིས་འགྲོ་མགོན་གྱིས། །ལག་ན་རྡོ་རྗེ་ལ་བོས་ཏེ། །ཡང་དག་དྲིས་པ་ངེས་བཤད་པ། །སྙིང་པོའི་དོན་ནི་དོན་བསྡུས་པ། །དབྱེ་བར་དཀའ་བའི་དངོས་པོ་ཀུན། །ཁྱོད་ཀྱིས་དྲི་བར་བྱས་པ་རྣམས། །རྡོ་རྗེ་དབང་ཕྱུག་གསང་ཆེན་བདག །བྱ་བ་སྤྱོད་པའི་རྒྱུད་རྣམས་དང་། །རྣལ་འབྱོར་རྒྱུད་ནི་གང་དུ་ཡང་། །མཆོག་ཏུ་གསང་བ་མ་གསུངས་པ། །རྡོ་རྗེའི་དབང་ཕྱུག་དེ་ཉིད་མཆོག །དྲིས་པའི་ལན་རྣམས་གསལ་བོར་ནི། །ངེས་


DKG081_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

པར་ང་ཡིས་རབ་བཤད་བྱ། །སྐད་ཅིག་གིས་ནི་སྤྱན་ཕྱེ་ལ། །མཆོག་ཏུ་རྨད་བྱུང་སྟོན་མཛད་ལ། །ཐུགས་རྗེས་ཁྱབ་པས་དེ་སྐད་གསུངས། །དེ་ཕྱིར་ཁྱོད་ནི་ལེགས་པར་ཉོན། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེས་ཐུགས་བརླན་ཅིང་ཐེ་ཚོམ་ཐམས་ཅད་གཅོད་པ་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་སྟེ་མཆོག་ཏུ་གསང་བའི་ཚིག་གིས་བཤད་པ་གསུངས་པ་ནི། དབང་བསྐུར་བ་ནི་གཙོ་བོ་སྟེ། །དངོས་གྲུབ་ཐམས་ཅད་རྟག་ཏུ་གནས། །ང་ཡིས་ཇི་བཞིན་དོན་བཤད་ཀྱིས། །དེ་ཕྱིར་ཐོག་མར་ཡང་དག་ཉོན། །ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ན། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང་། །སློབ་དཔོན་སློབ་མར་མཚུངས་པར་ནི། །མི་བཟད་དམྱལ་བ་ཆེན་པོར་འགྲོ། །དེ་ཕྱིར་ཡང་དག་བླ་མ་ནི། །རབ་ཏུ་གུས་པས་བསྙེན་བཀུར་བྱ། །དབང་བསྐུར་ཐོབ་ཅིང་དེ་ཉིད་ཤེས། །བློ་ལྡན་སྙིང་རྗེའི་བདག་ཉིད་ཅན། །ཟབ་ཅིང་རྒྱ་ཆེ་དྲི་མ་མེད། །གནོད་དང་འཚེ་བ་རྣམ་པར་སྤངས། །སྐལ་བཟང་ལུས་ནི་རྫོགས་པ་དང་། །མཚན་དང་དཔེ་བྱད་རྣམ་པར་བརྒྱན། །ཆགས་པ་ཆེ་ལ་གཅིག་ཏུ་དགའ། །ཡུལ་ལ་ཕྲག་དོག་རྣམ་པར་སྤངས། །བག་ཡོད་རྟག་ཏུ་དགའ་བ་དང་། །རྣལ་འབྱོར་མ་ཡི་མངལ་ནས་སྐྱེས། །རྡོ་རྗེ་ཐེག་པ་གཅིག་ཏུ་མོས། །ཐེག་པ་དམན་ལ་རྒྱབ་ཀྱིས་ཕྱོགས། །དེ་ལ་སོགས་པའི་ཡོན་ཏན་ལྡན། །བླ་མ་སློབ་མས་བསྙེན་བཀུར་བྱ། །ཡང་དག་བླ་མ་རྙེད་ནས་ནི། །སློབ་མའི་རང་བཞིན་དྲི་མ་རྣམས། །དག་དང་རྟོགས་དང་སྨིན་བྱས་ནས། །ཇི་བཞིན་ཡེ་ཤེས་བཟང་དང་ལྡན། །ཇི་ལྟར་རིན་ཆེན་བདར་བ་དང་། །གསེར་ནི་བསྲེགས་དང་བཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་དུ་ནི་དེ་ལྟར་བརྟག །གཞན་དུ་བགེགས་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །དུག་ནི་སྔགས་ཀྱིས་འཇོམས་པ་བཞིན། །སྔགས་ཀྱི་དག་བྱས་བཅུད་ལེན་བྱེད། །དེ་ཕྱིར་འབད་པ་ཐམས་


DKG081_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས། །སྔགས་ཀྱི་སློབ་མ་རྟོགས་བྱས་ནས། །བླ་མ་དབང་བསྐུར་ལ་སོགས་ཀྱིས། །དངོས་གྲུབ་ཕྱིར་ནི་ཇི་ལྟའི་དོན། །དེ་ཕྱིར་དབང་བསྐུར་སློབ་མ་ནི། །མ་དག་པ་ཡང་དག་པར་འགྱུར། །རྡོ་རྗེ་སེམས་དཔའ་བདེ་ཆེན་ལ། །དེ་ལ་ལག་ན་རྡོ་རྗེས་ཞུས། །དབང་བསྐུར་ཇི་ལྟར་རྒྱུད་དུ་ནི། །གཙོ་བོ་རུ་ནི་གསུངས་པ་ལགས། །རྡོ་རྗེ་སེམས་དཔའ་ཐམས་ཅད་མཁྱེན། །ཐེ་ཚོམ་ཐམས་ཅད་གཅོད་མཛད་པ། །དེ་ཁོ་ན་ཉིད་མཁྱེན་པས་ནི། །ལག་ན་རྡོ་རྗེ་ལ་གསུངས་པ། །དོན་དེ་ཇི་ལྟ་བ་བཞིན་དུ། །ང་ཡིས་ཡང་དག་བཤད་ཀྱིས་ཉོན། །དབང་བསྐུར་བ་ཡི་དབྱེ་བ་ནི། །དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པའི་དོན་ནི་དམ་པའོ། །གཙོ་བོ་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེས་རེའོ། །རྣམ་པ་གསུམ་ནི་རྒྱུ་ཡི་དབང་། །བཞི་པ་འབྲས་བུར་ཤེས་པར་བྱ། །དགའ་བ་ལ་སོགས་རིམ་པ་ཡིས། །ཐམས་ཅད་ལ་ནི་ང་ཡིས་ཁྱབ། །མར་ངོ་ཡི་ནི་ཚེས་གསུམ་དང་། །དེ་བཞིན་ཚེས་བཅུ་ཚེས་བཅུ་བཞི། །ཡོན་ཏན་བཟང་ལྡན་སློབ་མ་ལ། །བླ་མས་ཆོ་ག་བཞིན་དབང་བསྐུར། །ལུས་ཕྲ་ལོ་ནི་བཅུ་དྲུག་ལོན། །གཟུགས་དང་སྐལ་བ་དག་གིས་བརྒྱན། །སྔོ་བསངས་མིག་ནི་ཡངས་པ་དང་། །སྙིང་རྗེའི་བསམ་ལྡན་ཡང་དག་མོས། །ངག་སྙན་དབང་བསྐུར་ཐོབ་པ་དང་། །རྣལ་འབྱོར་རྒྱུད་ལ་ལྷག་པར་མོས། །ཡང་ན་ལོ་ནི་ཉི་ཤུ་ལོན། །ཉམས་དགའ་བདེ་བར་བྱེད་པ་སྟེ། །དེ་ལས་ལྷག་པར་སྐལ་མེད་འགྱུར། །དེ་ནི་དངོས་གྲུབ་རིང་དུ་བྱེད། །ལྷག་པར་འཇམ་པའི་བུ་མོ་ལ། །ཆུང་མའམ་ཡང་ན་སྲིང་མོའམ། །ཡང་ན་བུ་མོའམ་དད་པ་ཡིས། །བླ་མ་ལ་ནི་དབུལ་བར་བྱ། །གསེར་དང་རིན་ཆེན་གོས་དང་ནི། །མུ་ཏིག་ཕྲེང་བ་སྣ་ཚོགས་པས། །མཆོད་ནས་བླ་མའི་མདུན་འདུག་ནས། །སློབ་མ་ཡིས་ནི་འདི་སྐད་བརྗོད། །དེང་ནས་བརྩམས་ཏེ་བདག་བྲན་དུ། །གཙོ་བོས་བདག་ནི་མཆོད་པ་བཞེས། །དེ་ལྟའི་རྣམ་པས་མཉེས་ནས་ནི། །བདག་ཉིད་ཀུན་གྱིས་བླ་མ་མཆོད། །


DKG081_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་ངོ་བོ་རྡོ་རྗེ་འཆང་། །དེ་ཕྱིར་ཡང་དག་བླ་མ་མཆོད། །དེ་ནས་བཅོམ་ལྡན་ཡུམ་ཕྱག་རྒྱ། །ཡང་དག་མཆོད་ནས་བསྟེན་པར་བྱ། །བསྟེན་པ་ལས་ནི་གང་བྱུང་བ། །ལྟུང་བ་སྐལ་བཟང་ཁ་ལ་ནི། །སྦོམ་པོ་ཐ་ལྟག་སྦྱོར་བ་ཡིས། །ཡང་དག་པར་ནི་ལོངས་སྤྱད་བྱ། །དེ་ལས་སྐྱེས་པའི་ཡེ་ཤེས་ནི། །བདེ་བ་ཆེན་པོ་རང་རིག་པ། །དབྱུང་རྔུབ་པ་ནི་རོ་གཅིག་ཅིང་། །རབ་ཏུ་དགའ་བས་མཆོད་པར་བྱ། །ཧཱུྃ་ཕཊ་སྔགས་ཀྱི་ནོར་བུའི་སྒོར། །བཀོད་དེ་རྡོ་རྗེ་རབ་བསྐྱོད་བྱ། །དགའ་རྣམས་ཇི་ལྟ་བ་བཞིན་དུ། །སྐད་ཅིག་དེ་ལ་སྐྱེས་གྱུར་པ། །དགའ་བའི་སེམས་ཀྱིས་བདེ་བ་ལ། །རྡོ་རྗེ་བཙུན་མོའི་ཁ་ནས་བརྗོད། །དེ་ཡང་སློབ་མའི་ལག་ཏུ་ནི། །གཏད་ནས་གསལ་བར་འདི་སྐད་བརྗོད། །ཇི་ལྟར་པད་མཆོད་བྱ་བ་ནི། །བྱོས་ལ་ཨེ་བྃ་མཆོག་གི་གདོང་། །གང་ཕྱིར་རྡོ་རྗེ་དབྱིངས་དབང་ཕྱུག །རང་ཉིད་འདི་ཡི་སྙིང་ལ་ཞུགས། །ཐབས་གཞན་གྱིས་ནི་སངས་རྒྱས་ཉིད། །རྣལ་འབྱོར་པ་ཡིས་ཐོབ་མི་འགྱུར། །ཤིན་ཏུ་ཕྲ་བའི་དངོས་དེ་ཡང་། །བདེ་ཆེན་རྣལ་འབྱོར་པ་ཡིས་རྟོགས། །རབ་ཏུ་འབད་པས་བསྟེན་པར་བགྱིས། །ལྷན་ཅིག་སྐྱེས་དགའི་མཚན་ཉིད་ནི། །དབང་བསྐུར་གཙོ་བོར་གྱུར་པས་ན། །ཐམས་ཅད་ཇི་ལྟ་བ་བཞིན་ཐོབ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སློབ་དཔོན་དང་སློབ་མ་བརྟག་པ་དང་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དེ་ཉིད་གཞན་ཡང་ཉོན། །རྡོ་རྗེ་ཕྲེང་བའི་དོན་གསལ་བ། །རྒྱུད་རྣམས་ཀུན་དུ་སྦས་པ་ནི། །དྲི་བ་གཞན་ལ་བརྗོད་མི་བྱ། །རྡོ་རྗེ་ཕྲེང་བ་ཞེས་བྱའི་མིང་། །དེ་ཡང་ས་ནི་བཅུ་གསུམ་པ། །དགའ་བ་བཞི་ཡི་དོན་གྱི་གནས། །ཐམས་ཅད་སྟོང་པ་དགའ་བ་སྟེ། །ངག་གི་སྤྱོད་ཡུལ་རྣམས་ལས་འདས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །སྐལ་བཟང་རྣལ་འབྱོར་ཀུན་གྱི་མཐའ། །རྣལ་འབྱོར་མ་ཡི་ངག་གི་ཡུལ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་། །རྡོ་རྗེ་ཕྲེང་བ་ཞེས་བཤད་དོ། །སྟོང་ཉིད་རྡོ་རྗེ་གསང་པདྨ། །རྩ་ནི་རྡོ་རྗེ་དབྱིངས་དབང་ཕྱུག །ཡེ་ཤེས་མཆོག་ཏུ་བདེ་བ་ཆེ། །ལྷན་ཅིག་སྐྱེས་དགའ་རྨད་བྱུང་བ། །རྡོ་རྗེ་དེ་ཡང་རྣམ་རྟོག་རྣམས། །


DKG081_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབིགས་པར་བྱེད་པར་ཡོངས་སུ་གྲགས། །ཕྲེང་བ་དེ་རྣམས་ཀྱི་ཡང་རྒྱུན། །བྱང་ཆུབ་སེམས་ཀྱི་རྡོ་རྗེ་རྣམས། །མི་ཕྱེད་པས་ནི་རྡོ་རྗེར་གསུངས། །རྒྱུད་རྣམས་ཀུན་དུ་སྦས་པ་ནི། །གང་ཡང་རུང་བས་བརྗོད་མི་བྱ། །དེ་ནི་དབུགས་སུ་ཡོངས་སུ་གྲགས། །ཕྲེང་བ་རྒྱུན་ནི་མི་འཆད་པར། །དགའ་བ་རབ་འབབ་བདག་ཉིད་ཀྱིས། །རྣམ་རྟོག་རླུང་ཀུན་འབིགས་པར་བྱེད། །རླུང་ལ་འབིགས་པར་མི་ནུས་སོ། །ཉིན་དང་མཚན་མོ་རྟག་ཏུ་ནི། །བརྒྱ་དང་བརྒྱད་ལྷག་གསལ་བར་ཡང་། །རྣམ་རྟོག་རང་བཞིན་རླུང་རྣམས་ནི། །འཆར་བ་དང་ནི་འཇོམས་པ་དག །ཇི་ལྟ་བ་བཞིན་རབ་དབྱེ་ཡིས། །རླུང་རྣམས་ཀྱི་ནི་མིང་ཉོན་ཅིག །བཏང་བཟུང་དང་ནི་དུང་ཕྱུར་དང་། །མྱོས་པ་དང་ནི་བློ་ངན་དང་། །བསིལ་བྱེད་དང་ནི་གཡའ་བ་དང་། །ངར་སྣབས་དང་ནི་སྟ་རེ་དང་། །གཟེགས་པ་ཆུ་སྲིན་ཛ་ཤ་དང་། །རྣམ་པར་གཙིགས་དང་མྱོས་པའི་དུས། །འདོད་མྱོས་ཆུ་བ་ཆུ་སྲིན་དང་། །སྣ་ཚོགས་སྐྱེད་དང་འདུད་པ་དང་། །སྙེམས་དང་རྔ་དང་སྒྲ་སྒྲོགས་དང་། །རླུང་ལྷ་དང་ནི་གནད་འབིགས་དང་། །མེ་དང་དུས་དང་ཅི་བགྱི་དང་། །རྡོ་རྗེ་མཆོག་སྦྱིན་ཙུ་ཏ་དང་། །སྦྲ་མ་དང་ནི་ཟླ་བའི་འོད། །ཀམ་པོ་ཛ་དང་རལ་པ་ཅན། །ཡུངས་ནག་རབ་བཀྲམ་དུས་འགུགས་དང་། །སྡིག་པ་དང་ནི་གཡོན་ཅན་སྟེན། །གྲིམས་མོ་དང་ནི་མགྲིན་པ་དང་། །གུན་སེལ་མཆོག་སྟེར་སྨྱོ་བྱེད་དང་། །ང་རྒྱལ་མཚོ་དང་ཚོགས་བདག་དང་། །རྩངས་པ་དང་ནི་ས་ཡི་བློ། །ཐེག་པ་བཟང་དང་མཆོག་ཏུ་སྐྱེས། །དྲི་མེད་ཕྲུ་གུ་ཉི་མ་དང་། །གསལ་བྱེད་དང་ནི་ཉི་མ་གནོན། །སྟོབས་བཞིན་ང་རོ་དང་ནི་དུས། །སྡོམ་པ་དང་ནི་མཆོངས་ནས་འགྲོ། །སྦྲང་མ་ཁྱི་དང་མཚན་མ་དང་། །ཐོད་དང་སྒུར་པོ་དྲང་པོ་དང་། །ས་དང་ས་ལ་འགྲོ་མ་དང་། །བྲམ་ཟེ་དང་ནི་སྣ་འགྱུར་གནས། །མ་མོའི་རིགས་དང་ལྕེ་བསྐྱོད་པ། །མི་སྨྲ་དང་ནི་རྔ་སྒྲའི་སྤྲིན། །དགའ་བར་བྱེད་དང་མིག་ཡངས་དང་། །དྲི་མེད་འོད་སྲུང་ནེ་ཙོ་དང་། །སྣ་ཚོགས་མཆུ་དང་མིག་མཉམ་དང་། །མཛེས་དང་ཆོས་ཀྱི་དབྱིག་པ་དང་། །འགྲོ་ཀུན་སྙིང་སྟོབས་བརྟན་པ་དང་། །ཟ་ཕོད་བོང་བུ་སྙོམ་ལས་དང་། །ཁ་གདངས་


DKG081_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེན་སྟོབས་ཀྱིས་རྩེ། །རྩ་བྲན་དབང་བྱེད་གཡོ་སྒྱུ་ཅན། །གཙོ་བོ་ཆེ་དང་རྟག་ཏུ་དགའ། །གློག་ཕྲེང་དང་ནི་དགའ་བྱེད་དང་། །དབུགས་དབྱུང་ར་ག་ལྕེ་དང་ནི། །བདེ་མཆོག་ཨུ་དུམ་བཱ་ར་རྨོངས། །པདྨའི་དྲ་བ་པདྨ་བསྐོར། །དགྲ་སྟ་རྨ་བྱ་རླུང་དང་ནི། །རྡོ་རྗེ་དབང་ཕྱུག་རླུང་གི་མིང་། །དེ་ལྟར་ང་ཡིས་བསྟན་པ་ཡིན། །བཅོམ་ལྡན་དྲིས་པའི་རླུང་རྣམས་ཀྱི། །གནས་རྣམས་ཀྱི་ནི་དབྱེ་བ་ཡིས། །དེ་དག་གང་ལས་ལྡང་བ་དང་། །མཆེད་པ་རྣམས་སུ་བགྱིད་པ་ལགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རླུང་གི་ཁམས་ཀྱི་མཚན་ཉིད་ནི། །འཁོར་ལོ་དྲུག་ལ་ཁྱབ་པའི་རླུང་། །ཆོས་ཀྱི་འཁོར་ལོ་རྟག་ཏུ་གནས། །སྲོག་ཅེས་བྱ་བས་འགྲོ་ལ་ཁྱབ། །རྣམ་རྟོག་མེད་པ་མཚན་ཕྱེད་ན། །ནམ་མཁའ་མཆོག་ལས་ཤར་ནས་ནི། །རླུང་གི་རང་བཞིན་འཇོམས་པར་བྱེད། །རླུང་དེ་དགུ་ཡི་རྣམ་པར་རྒྱུ། །ཆོས་ཀྱི་འཁོར་ལོའི་ཆ་ན་གནས། །མཚན་ཕྱེད་དུས་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལ་དགུ་བདག་ཉིད། །ཉི་མ་ཕྱེད་ཀྱི་མཐའ་རུ་ནི། །རླུང་རྣམས་ཀྱང་ནི་ལྡང་བར་བྱེད། །ཉི་མ་ཕྱེད་ནས་བརྩམས་ནས་ནི། །འཁོར་ལོ་དྲུག་ལས་དགུ་བདག་ཉིད། །མཚན་ཕྱེད་ཀྱི་ནི་དུས་ཀྱི་མཐར། །རླུང་རྣམས་གསལ་བར་རྒྱུ་བ་ན། །དེ་ཉིད་གནས་ཀྱི་དབྱེ་བ་ཡིས། །སྣ་ཚོགས་པ་ཡི་རྟོག་པར་འགྲོ། །རྣམ་པར་རྟོག་པ་རྣམས་ཕྱེ་ནས། །དེ་དག་མིང་རྣམས་བཤད་པར་བྱ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །རྒྱགས་དང་ང་རྒྱལ་མངོན་པར་ཞེན། །ཕྲག་དོག་ཁྲོ་དང་སེར་སྣ་དང་། །གཡོ་དང་སྒྱུ་ལ་ཆ་ལུགས་ངན། །བློ་རྒོད་བརྐམ་ཆགས་གཉིད་དང་ནི། །ཐེ་ཚོམ་དང་ནི་ངར་འཛིན་དང་། །དགའ་དང་ཆགས་བྲལ་དྲེགས་པ་དང་། །འཆབ་དང་སྲེད་དང་བག་ཆགས་དང་། །སྒྱུ་དང་རྨོངས་དང་འདོད་ཆེན་དང་། །རྩོད་དང་རྩེ་འཇོ་སྤྱི་བརྟོལ་དང་། །ཚུལ་འཆོས་དྲེགས་དང་ཀུན་ནས་གདུངས། །རྣམ་འགྱུར་མ་ཞི་ཤེས་བཞིན་མེད། །བེམས་པོ་ལོག་པའི་ང་རྒྱལ་དང་། །འགྱོད་དང་ཁྲེལ་ནི་མེད་པ་དང་། །གུས་པ་མེད་དང་ཆེས་པ་མེད། །བློ་དམན་ངོ་ཚ་མེད་དང་འཆིང་། །


DKG081_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ཤེས་དང་ངོ་ཚ་དང་། །མི་སྟེར་བ་དང་མྱ་ངན་དང་། །ཡིད་གཉིས་དང་ནི་རློམ་སེམས་མེད། །བསྒྲིམས་དང་ཐེ་ཚོམ་ངལ་བ་དང་། །དབང་དང་འཁྲུལ་པའི་སྙིང་སྟོབས་དང་། །སྙམ་སེམས་པ་དང་བརྒྱལ་བ་དང་། །ཐིམ་པ་དང་ནི་མི་སྲུན་དང། །གྱ་གྱུ་སྙོམས་དང་མྱོས་པ་དང་། །རིག་བྱེད་མིན་དང་བག་ཡོད་དང་། །གནས་ངན་ལེན་དང་ཉམ་ཆུང་ཉིད། །ཡིད་མི་བདེ་དང་ལྷག་པར་རྟོག །སྐྲག་དང་རྨུགས་དང་གཉིད་དང་ནི། །བརྐམ་ཆགས་རོལ་པ་ཁྲུང་ཁྲུང་དང་། །འཚེ་བ་ལེ་ལོ་ཡོན་པོ་ཉིད། །བསམ་དང་སྤྱོད་དང་ཞུམ་པ་དང་། །ཀུན་རྫོབ་དེ་ཉིད་དོན་ཡོད་དང་། །སྟེར་དང་དགའ་བའི་འདོད་པ་དང་། །འཇིགས་དང་འདར་དང་ཕྲ་བདག་ཉིད། །གསལ་དང་རྣམ་གསལ་ལྷད་འཇུག་དང་། །འབྲེལ་དང་རྟག་པའི་དེ་ཉིད་དང་། །རུས་སྦལ་ངོམས་མེད་གནོད་པ་དང་། །མི་གསལ་བ་དང་ཡིད་དུ་འོང་། །གནས་མེད་མང་དུ་སྨྲ་བ་དང་། །བདག་ཉིད་སྐྱེས་བུ་ཉིད་དང་ནི། །ཡ་མཚན་དགའ་དང་སྐྱེ་བོ་ངན། །དམན་པའི་དེ་ཉིད་སྡུག་བསྔལ་གསུམ། །འཁོར་བ་ལ་ནི་ཆགས་པ་དང་། །རྟག་ཏུ་བརྒྱ་དང་བརྒྱད་ལྷག་པ། །ཉིན་དང་མཚན་མོར་རྟག་ཏུ་ནི། །རླུང་གི་རང་བཞིན་རྒྱུ་བ་ཡིན། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྡོ་རྗེ་ཕྲེང་བའི་ཚིག་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྡོ་རྗེ་གསུམ་ཉི་མ། །གསང་བའི་པདྨ་ཁ་འབྱེད་པ། །བདེ་བ་ཆེན་པོའི་གོ་འཕང་བཞུགས། །འདུས་པའི་མཆོག་དོན་རབ་གསུངས་པ། །འདུས་པ་འདྲེས་པ་ཞེས་ནི་བཤད། །འདྲེས་པ་ང་ཡིས་ཁྱོད་ལ་བཤད། །འཁོར་ལོ་བཞི་དང་ཐ་མི་དད། །སྔགས་ནི་ལྷན་ཅིག་ཆོ་ག་བཞིན། །དཔའ་བོ་རྣལ་འབྱོར་མ་སྦྱོར་བ། །གང་ཚེ་གསང་བའི་རྩ་གཉིས་ནི། །ཡང་དག་སྦྱོར་བ་རེག་གྱུར་པ། །དེ་ཚེ་ནམ་མཁའ་རྣམ་རྒྱས་ཉིད། །ནམ་མཁའ་ལས་ནི་སྐྱེས་པའི་རླུང་། །དེ་ཡིས་མེ་ནི་རབ་ཏུ་འབར། །རྩ་ནི་སྟོང་ཕྲག་བདུན་ཅུ་གཉིས། །རྩ་རྣམས་རབ་སད་གཟི་བརྗིད་ཀྱིས། །བདེ་བ་ཀུན་གྱི་གོ་འཕང་མཆོག །བདེ་བ་ཆེན་པོའི་འཁོར་ལོར་ཁྱབ། །བདེ་བ་ཆེན་པོའི་བྱང་ཆུབ་


DKG081_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། །རྣམ་པར་ཞུ་ནས་རྩར་གནས་པར། །རྡོར་གསུམ་རང་བཞིན་གཅིག་འགྱུར་ཕྱིར། །ཁམས་རྣམས་རོ་གཅིག་གྱུར་པ་དང་། །ཕུང་པོ་རྣམས་ནི་ཡོངས་ཟད་དང་། །ངལ་བསོ་བ་ལ་རླུང་རྣམས་ནི། །དགའ་བ་རྣམས་ནི་ཡང་དག་སྐྱེ། །དེ་ནས་བྱང་ཆུབ་སེམས་ཀྱང་ནི། །གནས་ཀུན་ནས་ནི་ཞུ་གྱུར་ནས། །ངོ་བོ་གཅིག་ཏུ་གྱུར་པ་དང་། །རྩ་ནི་གཅིག་གི་འབྲས་བུ་ནི། །རོ་གཅིག་ཏུ་ནི་གྱུར་པ་ལ། །འདྲེས་པ་ཞེས་ནི་དེ་ལ་གསུངས། །ཕུང་པོ་ཁམས་དང་དབང་པོ་དང་། །ཡུལ་རྣམས་སུ་ནི་སྦས་པ་རྣམས། །རྣམ་རྟོག་ཀུན་ནས་ཟད་པ་ལས། །བདེ་བ་ཆེན་པོ་ཡང་དག་སྐྱེ། །རོ་གཅིག་པ་ནི་ངལ་བསོ་བ། །དེ་ནི་འདུས་པ་འདྲེས་པ་སྟེ། །དེ་ཁོ་ན་ཉིད་མཆོག་གསང་བ། །རྡོ་རྗེ་སེམས་དཔའི་གོ་འཕང་གསུངས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་འདུས་པའི་ཚིག་ལྷག་པར་བཤད་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་གཞན་ཡང་དེ་ཉིད་ཉོན། །སྟོང་ཉིད་དོན་ནི་རབ་རྒྱས་པ། །སྟོང་པ་ཉིད་ནི་ཆོས་རྣམས་ཀུན། །ནང་དུ་ཁྱབ་པའང་ཆོས་ཉིད་དེ། །དེ་ཉིད་ཡང་དག་ཤེས་པ་ནི། །དེ་བཞིན་ཉིད་དང་རྣམ་མི་རྟོག ། བདག་དང་གང་ཟག་ཆོས་རྣམས་ནི། །བདག་མེད་རང་བཞིན་གཅིག་པ་ཉིད། །སྟོང་པ་ཉིད་དང་རང་རིག་དང་། །ཐམས་ཅད་བདག་ཉིད་རྟག་བཞུགས་པ། །རྣལ་འབྱོར་གཅིག་པུས་རྟོགས་པ་སྟེ། །རྟོག་གེ་པ་ཡི་སྤྱོད་ཡུལ་མིན། །ཆོས་རྣམས་ཐམས་ཅད་མདོར་བསྡུས་པ། །འཁོར་ལོ་དྲུག་ཏུ་རྣམ་པར་བརྗོད། །དེ་ནས་ནང་དུའང་ཁྱབ་པ་ནི། །རྩ་ཡི་འཁོར་ལོ་ལེགས་རྒྱས་པ། །དེ་ནི་ནམ་མཁའ་ཁྱབ་ཅིང་ཕྲ། །ཁྱབ་བྱེད་ཞི་བའི་མཚན་ཉིད་ཅན། །དམིགས་པ་མེད་ཅིང་རྟེན་པ་མེད། །གཟུགས་མེད་ཉོན་མོངས་མེད་པ་དང་། །རྣམ་པར་མི་རྟོག་མཆོག་ཏུ་ཞི། །རང་བཞིན་མེད་ཅིང་དྲི་མ་མེད། །གཉིས་སུ་མེད་ཅིང་བྱ་བ་མེད། །གཟུང་དང་འཛིན་པ་རྣམ་པར་སྤངས། །དུས་དང་དཔེ་ལས་འདས་པ་སྟེ། །ངག་གི་ལམ་གྱི་སྤྱོད་ཡུལ་བྲལ། །ཆོས་ཉིད་ཆོས་ནི་ཐམས་ཅད་ཀྱིས། །ཇི་ལྟ་བ་བཞིན་མངོན་པར་


DKG081_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །དངོས་དང་དངོས་མེད་རྣམ་པར་བྲལ། །དགེ་དང་མི་དགེའི་སྲིད་ལས་གྲོལ། །དེ་ནི་ཀུན་ནས་བསྒྲིབས་པ་མེད། །ནམ་མཁའ་ལྟ་བུར་མཆོག་ཏུ་ཁྱབ། །ཆོས་རྣམས་ཇི་ལྟ་བ་བཞིན་སྐྱེ། །དེ་ནི་དེ་བཞིན་ཉིད་ཅེས་བརྗོད། །གང་ནས་ཀྱང་ནི་མ་འོངས་ཤིང་། །གང་དུ་ཡང་ནི་འགྲོ་བ་མེད། །རྨོངས་དང་འཁྲུལ་པ་གཅིག་པུ་ལས། །དེ་ནི་རབ་ཏུ་སྤྲོ་བར་སྣང་། །བདེ་བ་དང་ནི་སྡུག་བསྔལ་སྤངས། །འདོད་ཆགས་ཞེ་སྡང་སོགས་མི་གོས། །འཁྲུལ་དང་རྣམ་པར་འཁྲུལ་པར་འབྲེལ། །རྟོག་པ་དང་བྲལ་དྲི་མ་མེད། །བདག་དང་སྲོག་དང་སྐྱེ་བ་པོ། །སྐྱེས་བུ་དེ་བཞིན་གང་ཟག་དང་། །ཤེད་ལས་སྐྱེས་དང་ཤེད་བུ་དང་། །བྱེད་པ་པོ་དང་ཚོར་བ་པོ། །ཤེས་པ་པོ་དང་མཐོང་བ་པོ། །སྒྲོ་འདོགས་པ་ཡི་རྣམ་པར་སྤངས། །ཕུང་པོ་སྐྱེ་མཆེད་ཁམས་ལ་སོགས། །རྣམ་ཤེས་དང་ནི་གཟུང་བ་ཡིས། །སྒྲིབ་པ་མེད་ཅིང་མཆོག་ཏུ་ཕྲ། །ནམ་མཁའ་མཆོག་ལ་ཡང་དག་གནས། །དེ་ལྟར་མ་ལུས་སྟོང་ཉིད་དོན། །བརྗོད་དང་བརྗོད་བྱའི་དོན་དང་བྲལ། །མིང་ཙམ་གཅིག་པུ་ཁོ་ན་ཡང་། །རང་བྱུང་མཆོག་ཏུ་རྨད་བྱུང་བའོ། །བརྗོད་པ་ཡི་ནི་ཀུན་རྫོབ་ཏུ། །དེ་ནི་ང་ཡིས་ཡང་དག་བཤད། །རང་རིག་ཤིན་ཏུ་ཕྲ་བའི་ཕྱིར། །དེ་ཁོ་ན་ཉིད་མཐོང་བ་མེད། །བདག་ཉིད་རང་གི་ངོ་བོར་རིག །ཕ་རོལ་གཞན་གྱི་སྤྱོད་ཡུལ་མིན། །དེ་ནི་རང་རིག་པར་བཤད་དོ། །ཆོས་ཀུན་གནས་ནི་ཞི་བའོ། །རྣམ་རྟོག་གིས་འཁྲུལ་རྟོག་གེ་གང་། །མི་ཤེས་པ་ཡི་རྨོངས་པ་རྣམས། །དོན་དམ་པར་ནི་མི་ཤེས་ཤིང་། །ཀུན་རྫོབ་དགྲ་ཡི་མཛོད་འཛིན་པ། །ཡེ་ཤེས་མཆོག་ནི་མི་ཤེས་ཤིང་། །རྟོག་གེ་སྟོང་ཉིད་སྨྲ་བར་བྱེད། །རྣལ་འབྱོར་བསམ་གཏན་རྣལ་འབྱོར་པས། །དེ་ནི་མཆོག་ཏུ་ཕྲ་བར་སྤྱོད། །སྟོང་ཉིད་ཡང་དག་ནམ་མཁའ་ཆེ། །ཤེས་དང་ཤེས་བྱ་རྣམ་པར་སྤངས། །རྟོག་པའི་རྣམ་པ་རྣམས་དང་བྲལ། །སྟོང་པ་ཉིད་ཀྱི་འཁོར་ལོར་བརྗོད། །ཕུང་པོ་ལྔ་ཡི་བདག་ཉིད་ལུས། །འཁོར་ལོ་དྲུག་གི་ཕུག་ནང་ན། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟོང་ཉིད་རླུང་གི་འཁོར་ལོར་གནས། །ཕྱེད་མིན་གང་བ་མེད་པ་


DKG081_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཇི་ལྟར་བག་ཆགས་ཆུ་ཟླ་བཞིན། །རླུང་གི་འཁོར་ལོ་སྲོག་ཏུ་བཤད། །མཚན་ཕྱེད་སྐད་ཅིག་མ་ལ་འཆར། །དེ་ལྟར་ཡང་དག་བསྒོམ་པ་ནི། །འདི་ནི་སྟོང་ཉིད་སྒོམ་བྱེད་པའོ། །དོན་དམ་གཉིས་མེད་རྣལ་འབྱོར་གྱིས། །ཡང་ན་རྒྱུ་འབྲས་སྦྱོར་བའི་ཕྱིར། །དེ་ནི་རང་བཞིན་འགྲུབ་པར་བསྒོམ། །དོན་དམ་རང་གི་ངོ་བོར་ནི། །ཀུན་རྫོབ་ཀྱང་ནི་དེ་བཞིན་དུ། །བསྒོམས་པས་འཁོར་བ་འཇོམས་པར་འགྱུར། །ཇི་ལྟར་ཏིལ་ལ་ཏིལ་མར་ནི། །གནས་པ་ཉིད་ལ་མཐོང་མི་འགྱུར། །དེ་བཞིན་ལུས་ལ་སྟོང་པ་ཉིད། །གནས་ཀྱང་བསྒྲིབས་པས་མཐོང་བ་མེད། །བླ་མའི་ཞལ་ལས་འདི་ཤེས་པར། །ཡང་དག་རིག་པས་ཀུན་རྫོབ་སྤངས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྟོང་པ་ཉིད་ཀྱི་དོན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཐིག་ལེའི་དབྱེ་བ་བླ་ན་མེད། །འཇིག་རྟེན་ཐིག་ལེ་དབྱེ་བས་དབེན། །འཁོར་བར་ཡང་དང་ཡང་དུ་འཁོར། །མཛོད་སྤུའི་དབུས་ན་གནས་པ་ནི། །ཐིག་ལེ་རླུང་དུ་ཡང་དག་བཤད། །སྔགས་ཀྱི་དེ་ཉིད་ཀྱིས་ནི་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིག་པ་དེ། །མཆོག་ཏུ་འབྱེད་པའི་སྦྱོར་བ་ཡིས། །སྦྱོར་བ་དེ་ཡང་མི་ཤེས་པར། །རླུང་དང་སྔགས་ཀྱི་རྣལ་འབྱོར་གྱིས། །བརྗོད་དང་བརྗོད་བྱའི་དཔེ་ལས་འདས། །མིག་གསལ་ལོག་པར་མཐོང་རྣམས་ཀྱིས། །བསམ་གཏན་བསྒོམ་བྱ་དང་བྲལ་བའི། །སངས་རྒྱས་རྣམས་ནི་ཐོབ་པ་དཀའ། །རྣལ་འབྱོར་མ་ཡི་དྲིན་གྱིས་ནི། །ཞལ་ནས་ཞལ་དུ་བརྒྱུད་ནས་གནས། །བཅོམ་ལྡན་བདེ་བ་ཆེན་པོ་ལ། །རྡོ་རྗེ་སེམས་དཔས་སླར་ཞུས་པ། །འགྲོ་བའི་མགོན་གྱིས་བསྟན་དུ་གསོལ། །ཐིག་ལེའི་དབྱེ་བ་རིག་བཅས་པ། །རྣལ་འབྱོར་མཆོག་ནི་གང་གིས་ཤེས། །སྦྱོར་བས་མདུད་པ་འབྱེད་པར་བྱེད། །ཁམས་གསུམ་པ་ཡི་འགྲོ་བ་འདི། །མྱུར་དུ་དངོས་གྲུབ་མཆོག་ཏུ་འགྲོ། །དེ་སྐད་ཞུས་ནས་རྡོ་རྗེ་ཅན། །རྡོ་རྗེ་དབང་ཕྱུག་ལ་གསུངས་པ། །མཆོག་ཏུ་གསང་བ་འདི་ཉིད་ནི། །གང་དུའང་གསལ་


DKG081_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་གསུངས་པ། །ཐིག་ལེའི་དབྱེ་བ་དེ་ཡང་ནི། །ང་ཡིས་བཤད་ཀྱིས་དེ་ཉིད་ཉོན། །སྙིང་གི་པད་སྦུབས་ནམ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །སྟེང་དང་འོག་ལ་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །དེ་ཡིས་མཆོག་དང་བཅོམ་བྱས་པས། །སྟེང་དུ་འགྲོ་བ་ཐོབ་མི་བྱེད། །དེས་བཅོམ་སླར་ཡང་རྣམ་ལྔ་རྒྱུ། །སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་བྱེད་དང་ནི་མཉམ་གནས་ཉིད། །རྩེ་མོ་ལྔ་ལས་རྒྱུན་དུ་ནི། །རྩ་ལྔ་ལ་ནི་ཡང་དག་བརྟེན། །རྒྱགས་དང་རྣམ་པར་རྒྱས་པ་དང་། །མྱོས་དང་བཏུང་དང་མཛའ་བོ་སྟེ། །དེ་དག་རྩ་ནི་ལྔར་ཤེས་བྱ། །རྡོ་རྗེའི་འོག་ཏུ་གསལ་བར་ཁྱབ། །སྟེང་གི་སྲོག་གི་དབུས་ན་ཡང་། །རྡོ་རྗེའི་ལྟེ་བའི་མཁའ་དབྱིངས་འགྲོ། །སྲོག་ཅེས་བྱ་བའི་རླུང་ཆེན་པོ། །ལྟེ་བ་མདུད་པ་དང་ཕྲད་པས། །བཅོམ་ནས་ཀྱང་ནི་རྣམ་ལྔར་རྒྱུ། །རྩེ་མོ་རྣམས་ལ་རྩ་ལྔར་ནི། །ཟླ་བའི་ཆ་དང་སྣ་དང་ནི། །བསྙེན་བཀུར་ལྐོག་ཤལ་མཆིན་པ་སྟེ། །རྩ་ནི་ལྔ་ཡི་མིང་ཡིན་ནོ། །རྩ་ནི་ལྔ་ལས་རྒྱུ་བའི་རླུང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །དེ་ལྟར་རྩ་དེ་དང་བཅས་པ། །ལུས་ཀྱི་ཐུར་དུ་འགྲོ་བས་ན། །སྤྲུལ་པའི་འཁོར་ལོའི་རྩ་རྣམས་ནི། །ཡང་དང་ཡང་དུ་བསྐུལ་བྱས་ནས། །བསྐུལ་བས་ཀྱང་ནི་རྒྱས་པ་ན། །གཏི་མུག་ཆེན་པོས་དབང་དུ་བྱེད། །དེ་སྟེང་ཆོས་ཀྱི་འཁོར་ལོ་ན། །གནས་པའི་རྩ་ནི་བསྐུལ་བྱས་ནས། །དེ་རྣམས་ལྷན་ཅིག་རྩ་དེ་དག །ཞེ་སྡང་གིས་ནི་དབང་དུ་བྱེད། །ཡང་དག་བསྐུལ་ནས་དེ་སྟེང་གི། །ལོངས་སྤྱོད་མཆོག་ཏུ་ངོ་མཚར་སྐྱེ། །རྩ་དེ་རྣམས་དང་ལྷན་ཅིག་ཏུ། །ཆགས་པ་ཆེན་པོས་དབང་བྱས་ནས། །བསྐུལ་བ་དང་ནི་དེ་སྟེང་གི། །སྤྱི་བོའི་འཁོར་ལོའི་བདེ་ཆེན་དུ། །རྩ་དེ་རྣམས་དང་ལྷན་ཅིག་ཏུ། །བྱང་ཆུབ་སེམས་ཀྱིས་གང་བར་བྱེད། །རྣམ་རྟོག་རྣམ་པར་རྒྱུ་བྱེད་ཅིང་། །སྣ་ཚོགས་དབྱེ་བ་ཐམས་ཅད་ལས། །སྟེང་མ་རྣམས་ཀྱང་ཐུར་དུ་འགྲོ། །སྲོག་གིས་རབ་ཏུ་བཅོམ་ནས་ནི། །དེ་དག་ཐམས་ཅད་རྡོ་རྗེའི་རྩེར། །ཞུགས་


DKG081_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐུར་དུ་ཁ་བལྟས་པའོ། །དེ་ཡང་ཐུར་དུ་མི་འགྲོ་སྟེ། །མ་རིག་མདུད་པའི་འཁོར་ལོ་ནི། །རྣམ་པར་ཤེས་པའི་ཤིང་རྟའི་རླུང་། །དེ་ནི་བག་ཆགས་དང་འདྲེས་པས། །མིག་དང་རྣ་བ་དེ་བཞིན་སྣ། །ལྕེ་སྟེ་རྣམ་པར་ཤེས་པ་བཞི། །རྩེ་མོ་བཞི་ནས་ཕྱུང་ནས་ནི། །བག་ཆགས་རྣམ་ཤེས་དང་འདྲེས་ནས། །རྣམ་ཤེས་དབང་པོ་ལྷན་ཅིག་ཏུ། །དོན་ནི་རབ་ཏུ་རྒྱས་པར་བྱེད། །སླར་ཡང་ལམ་དེ་ཉིད་ནས་ནི། །ཇི་ལྟ་བ་ཡི་རིམ་པས་འཇུག །དེ་ཡི་དངོས་ཉིད་དེ་སྦྱོར་བས། །རྣམ་ཤེས་བསྟེན་པའི་སྐད་ཅིག་ལ། །དེ་ཡི་བག་ཆགས་བཅས་ཀྱིས་འཕེལ། །འཁྲུལ་བཅས་འཁོར་བའི་འཁོར་ལོ་ལས། །དེ་ལྟར་བག་ཆགས་ཀྱིས་བསླད་པའི། །རྣམ་ཤེས་ལས་ཀྱི་ངོ་བོར་འགྲོ། །དེ་ཉིད་ཀྱང་ནི་སྲོག་སྦྱོར་བས། །ཁམས་གསུམ་པར་ནི་འཁྲུལ་པའོ། །བྱེད་པོ་ལས་ཀྱི་འབྲས་བུར་མྱོང་། །གཞན་ཉིད་དུ་ནི་འཁོར་བ་མེད། །དེ་ཕྱིར་འཁོར་བ་གཞོམ་དོན་དུ། །ཐིག་ལེ་གོ་འཕང་གསལ་བར་དབྱེ། །བསྒོམ་པ་ལ་ནི་འབད་པར་བྱ། །མ་རིག་གཞན་ནི་མི་ཤེས་པ། །དབུས་ཀྱི་མདུད་པ་དེ་ཡང་ནི། །དེ་ཕྱེད་ན་ནི་དངོས་གྲུབ་འགྱུར། །རྣལ་འབྱོར་རྣལ་འབྱོར་གྲུབ་པ་སྟེ། །ཡེ་ཤེས་ལྔ་ནི་ཐོབ་ནས་ནི། །མངོན་ཤེས་ལྔ་ནི་ཐོབ་པ་དང་། །མཆོག་ཏུ་གསང་བ་ཐོབ་ནས་ནི། །བློ་བཟང་ཇི་ལྟ་བ་བཞིན་གནས། །ཕྲེང་བ་མི་དགོས་བསྒོམ་མི་དགོས། །བྱ་བ་མི་དགོས་དགག་མི་དགོས། །སྔགས་ཀྱི་དེ་ཉིད་གཅིག་པུ་ཡིས། །ཡང་དག་རྫོགས་པའི་སངས་རྒྱས་འཐོབ། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཡི། །དབྱེ་བ་འདི་ནི་མ་གསུངས་སོ། །འཁོར་ལོའི་དབྱེ་བས་མ་ཡིན་ཞིང་། །དེ་བཞིན་དགའ་བ་སོགས་ཀྱིས་མིན། །ཕྱག་རྒྱ་ཆེན་པོའི་གོ་འཕང་གསལ། །སྔགས་ཀྱི་དེ་ཉིད་ཀྱིས་ནི་འཐོབ། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་དང་། །གཉིས་མེད་བདེ་བ་དེ་ཉིད་དང་། །གསང་བའི་ཐིག་ལེའི་དབྱེ་བ་དང་། །རྣལ་འབྱོར་གྲུབ་པའི་བདེ་ཆེན་པོ། །མ་རིག་སྒོ་ངའི་སྦུབས་འབྱེད་ཅིང་། །འཇིག་ཚོགས་ལྟ་བའི་རི་བོ་འཇོམས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །རབ་ཏུ་བྱེད་པ་མཆོག་ཏུ་བཤད། །སྔགས་ཀྱི་དེ་ཉིད་ངེས་


DKG081_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བས། །རིགས་ཤིང་ཡན་ལག་གསལ་བ་གང་། །རྣལ་འབྱོར་མ་ཡི་བཀའ་དྲིན་དང་། །བླ་མའི་ཞལ་ལས་ངེས་རྟོགས་འགྱུར། །མན་ངག་མེད་པའི་བཟླས་པ་ནི། །སྔགས་ཀྱི་རྒྱལ་པོ་བློ་རྨོངས་བྱེད། །དེ་ཡིས་དཀའ་བ་གཅིག་པུ་དང་། །ཆུ་བསྲུབས་མར་ནི་མི་འགྱུར་ལྟར། །དེ་བཞིན་མན་ངག་དང་བྲལ་སྔགས། །སྐྱེས་བུས་ཇི་སྲིད་འཚོ་ཡི་བར། །བཟླས་ཀྱང་དེ་ཡི་འབྲས་བུ་ཡི། །ཆ་ཙམ་ཐོབ་པར་མི་འགྱུར་རོ། །མི་ཤེས་པ་ཡི་མི་འགའ་ཞིག །རྒྱ་མཚོ་བཞི་ཡི་ཕ་མཐའ་ཡི། །ས་ལ་ཤིན་ཏུ་འགྲོ་འདོད་པ། །ལམ་ནི་གང་ཡིན་མི་འདྲི་གང་། །དེ་ལྟར་བདག་ཉིད་འགྲོ་བར་བྱེད། །དེ་བཞིན་དཀའ་བ་ཆེར་བྱེད་པའི། །མན་ངག་དང་བྲལ་སྒྲུབ་པ་པོ། །འབྲས་བུ་མེད་ཅིང་མཁས་པ་ཡང་། །སྒྲུབ་པ་པོ་ནི་ཁོང་ཁྲོ་སྐྱེ། །ཁོང་ཁྲོ་སྐྱེས་པའི་སྐད་ཅིག་ལ། །འབྲས་བུ་མེད་ཅིང་ངུ་འབོད་འགྲོ། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །དད་པས་བླ་མ་བརྒྱུད་པ་ལས། །མན་ངག་དག་ནི་བསླབ་པར་བྱ། །གང་ཕྱིར་བརྒྱུད་པའི་ལུང་གིས་ཁྱབ། །བརྒྱུད་པའི་རིམ་པས་གནས་པར་བྱེད། །དེ་ནི་རྣལ་འབྱོར་མ་ཞལ་དང་། །བླ་མའི་ཞལ་ལས་འབད་པ་ཡིས། །དེ་ཉིད་མཆོག་ནི་བསླབ་པར་བྱ། །སྔགས་ཀྱི་མན་ངག་བརྒྱུད་པའི་ལུང་། །དེ་ཐོས་ལག་ན་རྡོ་རྗེས་ཀྱང་། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཐེ་ཚོམ་ཐམས་ཅད་གཅོད་པ་ལ། །ཕྱག་བྱས་ནས་ནི་ཞུས་པ་ནི། །ཁྱེད་ཀྱིས་བསྟན་པ་འདི་ཉིད་མཆོག །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ནི། །སྔགས་ཀྱི་དངོས་གྲུབ་བླ་ན་མེད། །གང་བསླབས་སྐད་ཅིག་དངོས་གྲུབ་འགྱུར། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སྔགས་ཀྱི་དེ་ཉིད་རབ་གསལ་བ། །དེ་ཉིད་མཆོག་ཏུ་གསང་བ་ནི། །གང་དུའང་ང་ཡིས་མ་བཤད་པ། །སྐལ་པ་མེད་པ་བསམ་པའི་རྒྱུས། །རྒྱུད་རྣམས་ཀུན་དུ་སྦས་བྱས་ལ། །དེ་ནི་ང་ཡིས་བཤད་ཀྱིས་ཉོན། །སྔགས་ཀྱི་རྒྱལ་པོ་བླ་ན་མེད། །སྔགས་ཀྱི་སྤྱད་པ་སྤྱོད་པ་ཡིས། །གང་གི་མྱུར་དུ་དངོས་གྲུབ་འགྱུར། །ཐོག་མར་ཨུཥྨའི་ཐ་མ་བྲི། །དབྱངས་ཡིག་དྲུག་པས་རྣམ་པར་བརྒྱན། །སྡེ་ཚན་ཐ་མའི་མཐའ་དང་ལྡན། །དབྱངས་མེད་པ་ཡི་ཆ་དང་བཅས། །ཨུཥྨའི་མཐའ་


DKG081_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབྱངས་ཡིག་འདི། །དགུ་པ་དང་ནི་ཡང་དག་ལྡན། །མཐར་ནི་ཚེག་དྲག་མཆོག་གི་སྒྲ། །སྔགས་ཀྱི་གཙོ་བོ་བཏུ་བར་བྱ། །དེ་ལྟར་ཡི་གེ་གཉིས་ཀྱི་མིང་། །སྔགས་ཀྱི་བརྡ་ནི་རྨད་བྱུང་བ། །འཛིན་པ་ཐམས་ཅད་སྤངས་པའི་ཕྱིར། །སྒྲ་དང་ཐིག་ལེའི་མིང་དུ་བྱས། །རླུང་གཉིས་ཀྱིས་ནི་ཕྱེ་ནས་ནི། །མ་རིག་མདུད་པ་འབྱེད་པར་བྱེད། །ཕྱག་རྒྱ་ཆེན་པོ་མཆོག་གི་རྒྱུ། །མཆོག་ཏུ་ཞི་བའི་ཡི་གེ་གཉིས། །མན་ངག་ཐོབ་པའི་འདོད་པའི་དོན། །གང་གིས་ཟླ་བ་དྲུག་བཟླས་ན། །ཐིག་ལེའི་སྒྲ་ཡི་གོ་འཕང་གསལ། །འདོད་པའི་དོན་ཀུན་སྒྲུབ་པར་བྱེད། །སྐྱེ་བོས་དབེན་པ་ལྷ་ཡི་གནས། །སྒྲ་ཡི་ཚེར་མ་རྣམས་དང་བྲལ། །བགེགས་མེད་སྐལ་བཟང་ཉམས་དགའ་བ། །སྐྱེད་མོས་ཚལ་གཞི་བདེ་བ་ཆེ། །འདོད་པ་ལྔ་ལ་ལོངས་སྤྱོད་པས། །སྔགས་ཀྱི་གཙོ་བོ་འགྲུབ་པར་འགྱུར། །འདི་ནི་གཞན་ཡང་བཤད་ཀྱིས་ཉོན། །ཁྱིམ་དུ་བདེ་བའི་ཕྱག་རྒྱས་གནས། །གང་གིས་དངོས་གྲུབ་མཆོག་ཏུ་འགྱུར། །སྒྲུབ་པོ་བདེ་བའི་སྟན་འདུག་ནས། །མིག་གཉིས་སྣ་རྩེར་གཏད་བྱས་ནས། །སྣ་ནི་ལྕེ་ཡི་ཚད་དུ་བཞག །ཕྲག་གོང་བསྙམས་ལ་ལྕེ་རྐན་སྦྱར། །སོ་དང་མཆུ་ནི་བདེ་བར་བཞག །དབུགས་ཀྱི་འབྱུང་རྔུབ་ཀློད་ནས་ནི། །ཅུང་ཟད་ཅུང་ཟད་རྩོལ་བྲལ་ནས། །ཇི་ལྟ་བ་བཞིན་འབྱུང་རྔུབ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལེགས་གནས་པས། །དེ་ལྟར་ཕྱག་རྒྱ་དང་ལྡན་པས། །ཡི་གེ་གཉིས་ནི་རྟག་ཏུ་བཟླས། །ཐིག་ལེའི་དབྱེ་བས་བདེ་བ་ཆེ། །ཟླ་བ་དྲུག་གིས་རྣལ་འབྱོར་མཆོག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྩ་བའི་རྒྱུད་ནི་དང་པོ་འདི། །ཨ་བ་དྷཱུ་ཏཱི་དྲི་མེད་གནས། །རླུང་གི་དེ་ཉིད་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་ཡི་ནི་རྒྱུ། །རིལ་བུ་རལ་གྲི་རོ་ལངས་དང་། །རྒྱལ་པོ་མིག་སྨན་བཅུད་ཀྱིས་ལེན། །དམག་དཔུང་རེངས་དང་རྩིག་པ་འབིགས། །རིག་འཛིན་གྱི་ནི་གོ་འཕང་མཆོག །མི་སྣང་བ་དང་གཏེར་མཐོང་བ། །འདོད་དགུར་བསྒྱུར་དང་གཟུགས་མཐོང་དང་། །གསེར་འགྱུར་དང་ནི་དུག་ལས་རྒྱལ། །མེ་ཡི་ནང་དུ་འཇུག་པ་དང་། །མངོན་ཤེས་ལྔ་ཡི་གོ་འཕང་དང་། །ཡེ་ཤེས་


DKG081_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ནི་ཐོབ་པར་འགྱུར། །དེ་ལྟར་སྐད་ཅིག་གཅིག་ལ་ནི། །བྱང་ཆུབ་མཚན་ཉིད་གོ་འཕང་ངོ་། །དཀའ་བ་སྤྱོད་པ་སྤངས་ནས་ནི། །ཤེས་རབ་སྙིང་རྗེ་ཡང་དག་ལྡན། །བཤད་པའི་བདེ་བ་ཆེན་པོ་སྟེར། །སྡོམ་པ་མི་དགོས་སྦྱིན་སྲེག་མིན། །ཕྲེང་བ་མི་དགོས་བགྲང་མི་དགོས། །འདི་ནི་བསྐྱེད་རིམ་དབྱེ་མི་དགོས། །གསུངས་པའི་དཀའ་ཐུབ་སོགས་མི་དགོས། །སྔགས་ཀྱི་རྣལ་འབྱོར་གཅིག་པུ་ཡིས། །བླ་མའི་ཞལ་ལས་བརྒྱུད་པ་དང་། །ཟླ་བ་དྲུག་ཏུ་མངོན་སྦྱོར་བས། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཐིག་ལེའི་དབྱེ་བ་དང་རྣལ་འབྱོར་མཆོག་ཐོབ་པར་བྱེད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་དེ་ཉིད་ཉོན། །བླ་ན་མེད་པ་ནཱ་དའི་དོན། །གང་གིས་ཤེས་པ་ཙམ་གྱིས་ནི། །ཚེ་འདི་ཉིད་ལ་དངོས་གྲུབ་འགྱུར། །སྒྲ་ཡང་མི་ཤིགས་པར་ནི་བཤད། །རང་བཞིན་འོད་གསལ་དྲི་མ་མེད། །རྣམ་པ་ཀུན་ལས་རྣམ་པར་གྲོལ། །ལྟེ་བ་སྤྲུལ་པ་ཡང་དག་གནས། །སྦྲུལ་གྱི་ལྕེ་ལྟར་ཕྲ་བ་ནི། །གཉིས་མེད་ཡེ་ཤེས་རྨད་བྱུང་བ། །ཚངས་པ་ཁྱབ་འཇུག་དྲག་པོ་དང་། །དབང་ཕྱུག་དང་ནི་རྟག་ཞི་བ། །དེ་དག་དེ་ལྟར་རིན་པོ་ཆེ། །སྐྱེད་པ་པོ་ཡི་ཕ་དང་མས། །ཡི་གེ་མེད་ཅིང་གོང་དུ་མེད། །འབྱུང་བ་ཆེན་པོ་རྣམ་པར་སྤངས། །དུས་དང་རྟོག་པ་རྣམས་ལས་གྲོལ། །སྐྱེ་མེད་ཟད་མེད་རྨད་དུ་བྱུང་། །འཛིན་པ་ཀུན་ལ་ཞེན་ལ་སོགས། །སྤངས་ཤིང་ལྷག་མ་མེད་པ་དང་། །མཆོག་གི་མཆོག་སྟེ་ཞི་བ་མེད། །དངོས་པོ་ཀུན་གྱི་དབུས་ན་གནས། །རྣམ་རྟོག་མེད་ཅིང་བརྟེན་པ་མེད། །ཀུན་གཞི་རྣམ་ཤེས་ཞེས་གསུངས་པ། །ཉོན་མོངས་ཅན་གྱི་ཡིད་ཀྱིས་ནི། །བེམས་པོ་རྣམས་ཀྱིས་སད་པར་བྱེད། །མཆོག་ཏུ་གཉིས་མེད་རྣལ་འབྱོར་གྱིས། །ཐོབ་པའི་གོ་འཕང་བླ་ན་མེད། །གཉིས་མེད་མཆོག་ཏུ་གསལ་བ་དང་། །རླུང་གི་དེ་ཉིད་ཡང་དག་རྟེན། །ཡི་གེ་ཧོཿཡིས་བསྐུལ་ནས་ནི། །མེ་ཡི་འཁོར་ལོ་སད་པར་བྱེད། །དེ་ལྟའི་ནཱ་དའི་གོ་འཕང་དོན། །བླ་མའི་ཞལ་ལས་ཡང་དག་གནས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་


DKG081_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ནཱ་དའི་ཚིག་རྣམ་པར་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་གསང་བའི་དོན། །བླ་ན་མེད་པ་བཤད་ཀྱིས་ཉོན། །གསང་བ་བྷ་ག་ཞེས་སུ་གསུངས། །བྷ་ག་དེ་བཞིན་ཆོས་འབྱུང་བ། །བདེ་བ་ཆེན་པོའི་གོ་འཕང་རྟེན། །དགའ་བ་སྐྱེད་པར་བྱེད་པའི་རྒྱུ། །རྡོ་རྗེ་སེམས་དཔའ་ཡི་ནི་གནས། །ཡེ་ཤེས་ལྔ་ཡི་བདག་ཉིད་གསལ། །ཡེ་ཤེས་ཆེན་པོ་སྤྲོས་པ་མེད། །རྣམ་པར་རྟོག་པ་ཐམས་ཅད་སྤངས། །བྲལ་དགའི་མཐའ་སྟེ་མཆོག་ཏུ་ཕྲ། །ལྷན་ཅིག་སྐྱེས་དགའ་ཀུན་བདག་གནས། །དགའ་བྲལ་ལ་སོགས་སྐད་ཅིག་གནས། །ཕྲ་བ་ཡང་དག་བྱང་ཆུབ་སེམས། །སྲོག་ལ་ཕན་པར་འཚོ་བ་སྟེ། །སྲང་མདའི་འཁྲུལ་འཁོར་ལྟ་བུར་གནས། །དུས་བྲལ་རྣམ་རྟོག་མེད་པ་སྟེ། །སྟོང་ཉིད་སྐྱེ་མེད་འཆི་བ་མེད། །སྤྲུལ་པའི་འཁོར་ལོར་ཐིམ་པ་དང་། །བདེ་བ་ཆེན་པོའི་འཁོར་ལོ་སྐྱེ། །བསམ་གྱིས་མི་ཁྱབ་ཞི་བ་སྟེ། །ཆགས་བྲལ་འགྲོ་ཀུན་སྐྱེ་བ་མེད། །རྡོ་རྗེ་པདྨ་མཉམ་སྦྱོར་བས། །བདེ་བ་ཐམས་ཅད་སྟེར་བར་བྱེད། །རླུང་གི་དེ་ཉིད་རིག་པ་ཡིས། །རྩ་ཡི་དབུས་སུ་འཛིན་པར་བྱེད། །གང་དེ་སྐྱེ་བ་ཉམས་མྱོང་བར། །གསང་བ་ཞེས་ནི་བྱ་བར་གྲགས། །དེ་ཉིད་གསང་བ་ཡི་ནི་མཆོག །བླ་མའི་ཞལ་ལ་ལྷག་པར་གནས། །ཕན་ཚུན་བརྒྱུད་པའི་རིམ་པ་ཡིས། །བླ་མ་བཟང་པོའི་ཞལ་ལས་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་གསང་བ་ཆེན་པོའི་ཚོགས་མ་ལུས་པར་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་གཞན་གང་སྡོམ་པའི་དོན། །དེ་ཁོ་ན་ཉིད་བཤད་ཀྱིས་ཉོན། །སྡོམ་པ་སྲུང་བར་བྱེད་པ་གང་། །དེ་ནི་བྱང་ཆུབ་སེམས་ཞེས་བརྗོད། །རྡོ་རྗེའི་རྩེ་མོར་སེམས་འཛིན་པ། །དེ་ནི་བསྲུང་བ་ཞེས་ནི་གྲགས། །དབང་པོ་རྣམས་ནི་ཡུལ་རྣམས་ལ། །འཇུག་ཅིང་རྟག་ཏུ་གང་གནས་པ། །དེ་ནི་སྡོམ་པ་བསྲུང་བ་དང་། །དམ་ཚིག་བསྲུང་བར་བཤད་པ་ཡིན། །གདུལ་དཀའ་ཚུལ་འཆོས་གཡོ་སྒྱུ་ཅན། །རྨོངས་དང་སེམས་ཁྲོས་གཡོ་ཅན་དང་། །དད་མེད་རྟོག་གེ་བ་ལྷན་ཅིག །


DKG081_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཀྱིས་ཉེ་བར་འཚོ་བ་དང་། །ཉན་ཐོས་ནོར་ལ་བརྐམ་ཆགས་ཅན། །དེ་ཁོ་ན་ཉིད་སུན་འབྱིན་ཅིང་། །དོན་དམ་པ་ནི་མི་ཤེས་པ། །མེད་པར་ལྟ་དང་ཚུལ་ཁྲིམས་འཆལ། །གཏམ་དང་ཚིག་ནི་ཀྱལ་པ་དང་། །འདྲི་བ་ལ་སོགས་མི་བྱ་ཞིང་། །སེ་གོལ་གཏོགས་པ་ཙམ་དུ་ཡང་། །དེ་དང་ལྷན་ཅིག་གནས་མི་བྱ། །ལས་ཀྱི་ཕྱག་རྒྱ་ཉམས་དགའ་བ། །གལ་ཏེ་བྱིས་པའི་སྐྱེ་བོ་དང་། །དེ་དང་ལྷན་ཅིག་དམ་ཚིག་ནི། །མི་བྱ་རྣལ་འབྱོར་ཉམས་པར་འགྱུར། །སྐྱེང་ན་དམ་ཚིག་དབུས་ཞུགས་དང་། །པད་སྣོད་ཕྱག་རྒྱ་སོགས་བརྟེན་དང་། །བརྐམ་དང་འབྲེལ་པས་འཇུག་པ་དང་། །དམ་ཚིག་ལ་ནི་འཇུག་མི་བྱ། །སྣོད་དང་ཅང་ཏེའུ་གྲི་གུག་དང། །གླེགས་བམ་དང་ནི་བགྲང་ཕྲེང་དང་། །དམ་ཚིག་མེད་པ་གཞན་དག་ལ། །གང་དུའང་བསྟན་པར་མི་བྱའོ། །དགེ་སློང་སྡོམ་ལ་གནས་པ་ལ། །རྣལ་འབྱོར་སྤྱོད་སོགས་བྱ་བ་དང་། །མན་ངག་རྣམས་ནི་བསྟན་མི་བྱ། །རས་རིས་ལ་སོགས་མི་བསྟན་ཅིང་། །གང་གིས་དམ་ཚིག་ལྷན་ཅིག་ཏུ། །ཇི་ལྟར་སྤྱོད་པ་ཡང་དག་སྤྱོད། །བླ་མ་ལ་ཡང་སྨྲ་མིན་ན། །གཞན་རྣམས་ལ་ནི་སྨོས་ཅི་དགོས། །དབང་པོ་ཡུལ་ལ་སྤྱོད་པ་ནི། །གང་ནས་དེ་ནི་བསྡམས་ནས་ནི། །སྟོང་ཉིད་གཉིས་མེད་སྒྱུ་མ་ལ། །སོགས་པས་ཀུན་རྫོབ་ལྷག་སྤྱད་ན། །ཤེས་རབ་ཡེ་ཤེས་དབང་བསྐུར་སོགས། །ཉམས་སུ་མྱོང་བའི་བདེ་བ་ཡིས། །བདེ་བ་ཆེན་པོའི་དྲན་པ་ཡིས། །དབང་པོ་རྣམས་ནི་ཡུལ་ལས་ལྡོག །བདག་བསྟོད་གཞན་ལ་སྨོད་པ་དང་། །ཡེ་ཤེས་སྙེམས་སོགས་ངེས་སྤངས་པ། །བློ་ལྡན་རྡོ་རྗེ་དབང་ཕྱུག་གི། །ཡང་དག་སྡོམ་པ་བཤད་པ་ཡིན། །དེ་ལྟ་བུ་སོགས་དམ་ཚིག་ནི། །རྣལ་འབྱོར་པ་ཡིས་རྟག་བསྲུང་བྱ། །གཞན་དུ་རྣལ་འབྱོར་ཉམས་པར་འགྱུར། །རྣལ་འབྱོར་ལྡན་པ་རྡོ་རྗེ་ཅན། །བགྲང་ཕྲེང་དང་ནི་དབུ་རྒྱན་དང་། །རུས་པའི་རང་བཞིན་ཕྱག་རྒྱ་དང་། །གླེགས་བམ་བསམ་གཏན་རས་རིས་དང་། །ཐོད་པ་ལ་སོགས་རྣལ་འབྱོར་མ། །ཐམས་ཅད་དུ་ནི་དངོས་གྲུབ་ཕྱིར། །བླ་མ་ལ་ཡང་སྦ་བར་བྱ། །སྔགས་ནི་ཚིག་ཏུ་བརྗོད་མི་བྱ། །མཆུ་འགུལ་བར་ཡང་


DKG081_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

མི་མངོན་ཞིང་། །ཅུང་ཟད་མགྲིན་པར་བརྗོད་བྱ་ཡིས། །སྔགས་ཀྱི་རྒྱལ་པོ་དེ་ལྟར་བཟླས། །གསང་ལས་དངོས་གྲུབ་མཚུངས་པ་མེད། །གང་ཕྱིར་དེ་ནི་སྡོམ་པར་བཤད། །སྣོད་མིན་ནོར་ནི་ཆེན་པོ་དང་། །ལྡན་ཡང་རྒྱུད་ལས་སྐྱོན་དུ་གསུངས། །བླ་མས་བླ་མེད་དངོས་གྲུབ་ཕྱིར། །འབད་པ་ཡིས་ནི་སྤང་བར་བྱ། །བཟའ་བཏུང་གོས་ལ་སོགས་པ་དང་། །ནོར་ནི་ཆེན་པོ་ལ་ཆགས་ཤིང་། །སྣོད་མིན་སློབ་མ་མན་ངག་མཆོག །རྨད་དུ་བྱུང་བ་སྨྲ་བ་གང་། །རྣལ་འབྱོར་ཤེས་པ་ཚེ་འདི་ལ། །དེ་ནི་དམྱལ་བ་ངུ་འབོད་འགྲོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྡོམ་པའི་ཚིག་གཏན་ལ་དབབ་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་དེ་ཉིད་ཉོན། །དམ་ཚིག་དོན་ནི་བླ་ན་མེད། །བཟའ་བ་ཡི་ནི་དམ་ཚིག་གང་། །དེ་ནི་དེ་ཡི་དོན་བཤད་བྱ། །བཟའ་བ་རུ་ནི་བཤད་པ་གང་། །དེ་ནི་བདུད་རྩི་ལྔ་རུ་བརྗོད། །རླུང་གི་དེ་ཉིད་སྦྱོར་བ་ཡིས། །ཞུ་ནས་རོ་གཅིག་སླར་ཡང་ནི། །རྡོ་རྗེ་ལམ་ནས་སྟེང་སོང་སྟེ། །གཅིག་ཏུ་གྱུར་པ་བཟའ་བའོ། །དམ་ཚིག་ལུས་དང་ངག་ཡིད་ཀྱིས། །དེ་ཉིད་གསུམ་དང་གང་ཤར་དང་། །འཁོར་ལོ་བཞི་པོ་རྣམས་ལ་ཡང་། །བདེ་བ་ཉམས་སུ་མྱང་བ་གང་། །དེ་དང་རོ་གཅིག་རྣལ་འབྱོར་པ། །རྟག་ཏུ་སྤྱོད་པ་བཟའ་བའོ། །བྱང་ཆུབ་སེམས་ཀྱི་དེ་ཉིད་མཆོག །བདེ་བ་ཆེན་པོའི་གོ་འཕང་ཐིམ། །ཞུ་བ་རླུང་གི་དེ་ཉིད་ཀྱིས། །བཟའ་བ་བསམ་གཏན་བཟང་པོའོ། །སྤྱི་བོ་ཐོད་པའི་སླད་ནས་ནི། །དེ་ཙམ་རྣལ་འབྱོར་པས་རྟག་ཏུ། །དེ་ལ་སྙིང་རྗེ་བཏུང་བ་ནི། །བྱང་ཆུབ་སེམས་དཔའ་བདེ་བ་ཆེ། །སྣོད་མཆོག་གསང་བའི་པདྨར་བླུགས། །རྟེན་ནི་བཟའ་བ་རབ་རྟོགས་བྱེད། །སེམས་ཀྱིས་བདུད་རྩི་འཐུང་བྱེད་ན། །བདུད་རྩི་ལྔ་ཡི་རོ་རྫས་འཐུང་། །དེ་ཟ་བ་ནི་རྡོ་རྗེ་འཆང་། །གླང་མོ་རྟ་ཁྱི་བ་ལང་མི། །བྱང་ཆུབ་སེམས་དང་བཅས་པའི་ཁྲག །བསྲེས་ནས་སྐད་ཅིག་དེ་ལ་བཟའ། །དེ་ནི་བདུད་རྩི་ལྔ་ཞེས་བརྗོད། །རྣམ་རྟོག་དང་ནི་ཀུན་རྟོག་གི། །སྟོང་པ་ཉིད་དུ་གསལ་བའི་སྣོད། །རྡོ་རྗེ་ཅན་གྱིས་རྟག་ཏུ་བཟའ། །སྟོང་ཉིད་ཡེ་


DKG081_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཕ་རོལ་འགྲོ། །དགའ་བ་གསུམ་པའི་བདེ་བ་ནི། །ལྷན་སྐྱེས་ལྷན་ཅིག་སྣོད་དུ་ནི། །རྡོ་རྗེ་ཅན་གྱིས་རྟག་ཏུ་བཟའ། །བདེ་བ་ཆེན་པོའི་གོ་འཕང་གནས། །རྣམ་རྟོག་རླུང་རྣམས་ཐམས་ཅད་ནི། །ཞི་བའི་དེ་ཉིད་སྣོད་བཟང་པོར། །རླུང་གི་དེ་ཉིད་ཤེས་པས་བཟའ། །རྣམ་རྟོག་མེད་པའི་གོ་འཕང་གནས། །ཕྱག་རྒྱ་གསུམ་དང་ཡང་དག་སྦྱོར། །ཕྱག་རྒྱ་ཆེན་པོར་བཤད་སྣོད་དུ། །རྣལ་འབྱོར་དེ་ཉིད་ཤེས་པས་བཟའ། །སྲོག་དང་རྩོལ་བའི་གོ་འཕང་གནས། །རྣམ་རྟོག་དང་ནི་ཀུན་རྟོག་གིས། །སྒོམ་དང་སྒོམ་མིན་སོགས་འཁྲུལ་པ། །སྲོག་ཆེན་པོ་ཡི་སྣོད་དུ་ནི། །རྣམ་རྟོག་དྲ་བའི་ས་བོན་སོགས། །ཕུང་པོའི་བུད་ཤིང་སྣོད་བཟང་པོར། །ཡེ་ཤེས་ཆེན་པོའི་མེ་ཡིས་མིན། །སྔགས་ཀྱི་དེ་ཉིད་རྟོགས་པས་བཟའ། །བདུད་བཞིའི་ཁྲོ་བོ་ཆེན་པོ་ཡི། །སྟོབས་ཀྱི་རིག་པས་སྒྲུབ་པ་པོ། །སྒྲུབ་པོས་ལེགས་པར་མཉམ་གཞག་ནས། །རྟག་ཏུ་རྣལ་འབྱོར་སྣོད་དུ་བཟའ། །རླུང་དང་སྔགས་དང་རྫས་རྣམས་ཀྱི། །ཐིག་ལེ་གསུམ་སྟེ་བླ་ན་མེད། །མི་ཤིགས་གོ་འཕང་སྣོད་དུ་ནི། །ཟོས་ན་རྣལ་འབྱོར་ཕ་རོལ་འགྲོ། །སྟོང་ཉིད་ཡེ་ཤེས་མཚུངས་མེད་པ། །སྙིང་རྗེའི་སྣོད་ཀྱིས་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་གཞག་ནས། །བཏུང་ཞིང་རྟག་ཏུ་བཏུང་བའོ། །ཕྱག་རྒྱའི་དམ་ཚིག་ཅེས་སུ་བཤད། །རྡོ་རྗེ་པདྨ་ཡང་དག་སྦྱོར། །དེ་ཁོ་ན་ཉིད་མཆོག་སྐྱེས་གང་། །དེ་ནི་སྐལ་ལྡན་སྣོད་ལ་ནི། །རྣལ་འབྱོར་པས་འཐུངས་ཉམས་དགའ་བ། །བསྒྲུབ་པར་བྱ་བའི་དེ་ཉིད་མཆོག །ཉོན་མོངས་དང་བྲལ་ལྷན་ཅིག་སྐྱེས། །ཕྱག་རྒྱ་ཆེན་པོའི་དོན་བསྒྲུབ་བྱ། །དེ་ལྟ་བུ་སོགས་དམ་ཚིག་སོགས། །གཞན་ནི་གང་དུའང་ངས་མ་བཤད། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །བླ་མའི་ཞལ་ལས་གསལ་བར་རྟོགས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དམ་ཚིག་གི་དོན་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྒྲ་ཙམ་དོན་ནི་བཤད་པར་བྱ། །གང་གིས་ཤེས་པ་ཙམ་གྱིས་ནི། །འཕོ་བ་མེད་པའི་གོ་འཕང་འཐོབ། །ཆོས་ཀྱི་འཁོར་ལོའི་པད་


DKG081_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབས་སུ། །སྒྲ་ཙམ་ཡང་དག་གནས་པ་ནི། །ཆགས་མེད་སྣང་བ་མེད་པ་དང་། །གཉིས་སུ་མེད་ཅིང་དྲི་མ་མེད། །དཔེ་བྲལ་གཡོ་བ་མེད་པ་དང་། །གཞི་མེད་བླ་གབ་མེད་པ་དང་། །ལྷ་ཡི་དབང་ཕྱུག་ཡེ་ཤེས་མཆོག །འབྱུང་དང་རྔུབ་པ་རྣམ་པར་སྤངས། །རྣལ་འབྱོར་རྣམས་ཀྱི་ལྷ་དབང་ཕྱུག །དེ་ལྟ་བུ་ནི་རྙེད་པར་དཀའ། །མཆོག་ཏུ་ཞི་བ་བདེ་བ་ཆེ། །གཟུགས་མཆོག་འཆི་བ་མེད་པའི་མཆོག །རྟེན་ཅིང་འབྲེལ་འབྱུང་རང་བཞིན་གྱིས། །རྒུན་ཆང་རོ་ཡིས་མྱོས་པ་ལྟར། །མཆོག་ཏུ་ནང་དུ་སོང་གྱུར་ནས། །དེ་བཞིན་རྣམ་པ་ཀུན་གྱི་གནས། །སྔགས་ཀྱི་དེ་ཉིད་རིག་པའི་རྟེན། །རང་གི་ཉམས་མྱོང་རྟོག་པའི་གནས། །དེ་ནས་སྟོན་པ་བླ་མེད་པ། །རྡོ་རྗེ་སེམས་དཔས་ཞུས་པ་ནི། །བཅོམ་ལྡན་དེ་ཉིད་ཞི་བ་མཁྱེན། །སྔགས་ཀྱི་དེ་ཉིད་རབ་དབྱེ་བ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །དེ་ཁོ་ན་ཉིད་འགྲུབ་པར་འགྱུར། །དེ་ནས་རྡོ་རྗེ་ཅན་གྱིས་གསུངས། །སྔགས་ཀྱི་དེ་ཉིད་བླ་ན་མེད། །མཆོག་དང་རབ་མཆོག་ཕྲ་བ་དང་། །ཡེ་ཤེས་ཆེན་པོ་མཆོག་ཆེན་པོ། །སྙིང་པོ་ཡི་ཡང་སྙིང་པོ་མཆོག །ཡང་དག་བཤད་ཀྱིས་མཉན་པར་གྱིས། །རྒྱུད་རྣམས་ཀུན་དུ་སྦས་པ་རྣམས། །གསང་བའི་གོ་འཕང་འཕོ་བ་མེད། །ལྟེ་བའི་འཁོར་ལོ་དེ་ཉིད་མཆོག །སྒྲ་ཙམ་དུ་ནི་ཡང་དག་གནས། །སྟོང་ཉིད་ཆེན་པོའི་དབུས་སུ་ཐིམ། །བདེ་བ་ཆེན་པོའི་གོ་འཕང་གསལ། །གཉིས་མེད་འཇིགས་བྲལ་ཞི་བ་དང་། །སྣང་བ་མེད་ཅིང་ཀུན་རྫོབ་མེད། །གཉིས་མེད་ཏིང་འཛིན་སྦྱོར་བ་ཡིས། །སྔགས་ཀྱི་དེ་ཉིད་རབ་གསལ་བ། །ཐོག་མ་མེད་ཅིང་ཞི་བ་དང་། །དངོས་དང་དངོས་མེད་བདག་ཉིད་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །དེ་ཚེ་ཐོག་མར་སྟོང་ཉིད་སྒོམ། །སྣང་བ་མེད་པའི་གོ་འཕང་ཞི། །རང་བཞིན་མེད་གནས་ཉམས་དགའ་བ། །རྣམ་རྟོག་མེད་ལ་མཆོག་ཏུ་བརྟེན། །སྟོང་ཉིད་ཡེ་ཤེས་མཚུངས་པ་མེད། །བྱང་ཆུབ་སེམས་ཀྱི་རྒྱུད་དང་ནི། །ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །རྣལ་འབྱོར་ཤེས་པ་རྨད་བྱུང་ཆེ། །དེ་ཉིད་གསུམ་ནི་རོ་གཅིག་དོན། །ཨ་བདྷཱུ་ཏཱིའི་


DKG081_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གོ་འཕང་གནས། །སླར་ཡང་དགའ་བའི་སྦྱོར་བ་ཡིས། །འཇུག་པ་ལ་སོགས་རྣམ་པར་སྤངས། །བདེ་བ་ཆེན་པོའི་གོ་འཕང་ནི། །བྱང་ཆུབ་སེམས་ནི་དྲི་མ་མེད། །སྣ་ཚོགས་སྐད་ཅིག་དབྱེར་མེད་པ། །བརྗོད་པའི་བདག་ཉིད་དབྱངས་བྲལ་བ། །རྟག་ཏུ་གནས་པའི་རྒྱུན་གྱིས་ཀྱང་། །བྱང་ཆུབ་སེམས་ནི་འབབ་པ་ནི། །སྔགས་ཀྱི་རྣལ་འབྱོར་གྱིས་ནི་ཐོབ། །སྐྱེ་མེད་ཞི་བའི་ཐིག་ལེ་ཙམ། །སྔགས་ཀྱི་སྤྱོད་པས་སྤྱད་པས་ན། །ཡེ་ཤེས་མཆོག་ནི་རང་རིག་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྒྲ་ཙམ་གྱི་དོན་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་རླུང་གི་དེ་ཉིད་མཆོག །དོན་དམ་པ་ནི་བཤད་ཀྱིས་ཉོན། །རྣལ་འབྱོར་པ་ཡིས་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །རླུང་གི་ཐིག་ལེ་ཡེ་ཤེས་ཆེ། །ཕྲ་ཞིང་དེ་ཉིད་གོ་འཕང་གསལ། །དངོས་གྲུབ་ཀུན་བྱེད་ཉམས་དགའ་བ། །གཉིས་མེད་རྣལ་འབྱོར་མི་ཟད་པ། །སྐྱེ་མེད་ཀུན་འགྲོ་ཞི་བ་དང་། །ལུས་རྣམས་ཀུན་ལ་ཁྱབ་པ་དང་། །མ་ཕམ་སྟོང་པ་བསམ་མི་ཁྱབ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །སྒོམ་དང་བསམ་གཏན་རྣལ་འབྱོར་གྱིས། །ཐིག་ལེ་རང་གི་ངོ་བོ་ཤེས། །ཆོས་རྣམས་གཅིག་ཏུ་གྱུར་པའི་གནས། །སྔགས་ཀྱི་དེ་ཉིད་ཀྱི་ནི་རྒྱུ། །བག་ཆགས་ཀུན་ལས་རྣམ་པར་གྲོལ། །ཀུན་མཁྱེན་བདེ་བ་ཀུན་གསལ་བ། །སྣ་ཡི་རྩེ་མོར་དེ་ཉིད་མཆོག །འོད་ཟེར་ཐིག་ལེ་བསམ་པར་བྱ། །སྲོག་དང་རྩོལ་བ་ཡང་དག་སྦྱོར། །རྟོག་པ་རྣམས་ཀྱི་གྲངས་སྟེར་བ། །སྐལ་བཟང་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་ཡི་ཆོ་ག་ནི། །རིན་ཆེན་ལྔ་ཡི་སྦྱོར་བའི་གཟུགས། །འབྱུང་བ་ལྔ་ཡི་བདག་ཉིད་ཙམ། །ཐོག་མ་ལུས་ཀྱི་ཕྱག་རྒྱའི་དངོས། །ངག་གི་གྲངས་ཀྱི་ཟློས་མཚན་ཉིད། །ཡིད་ཀྱི་རྣལ་འབྱོར་ཆེ་ལ་ཞེན། །སྒོམ་པའི་གོ་འཕང་མི་ཟད་པ། །དབུགས་ཀྱི་ཚེགས་ནི་བགྲང་བ་དང་། །རླུང་གི་རྣམ་པར་དཔྱད་པ་དང་། །གནས་ཀྱི་དབྱེ་བ་རྩ་རྣམས་ཀྱི། །དུས་ཀྱི་དབྱེ་བ་རྟོགས་པ་དང་། །རླུང་རྣམས་ཀྱི་ནི་ཟློག་པ་དང་། །རྟོག་པ་དང་བཅས་སྤངས་པ་སྟེ། །དེ་ལྟར་མདོར་བསྡུས་རྣམ་


DKG081_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གིས། །འབྱུང་དང་རྔུབ་པ་ཞེས་སུ་བརྗོད། །ཐོག་མར་འབྱུང་དང་རྔུབ་པ་རྣམས། །ཉི་ཁྲི་དང་ནི་ཆིག་སྟོང་དང་། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག །ཉིན་དང་མཚན་མོ་ངེས་པ་ནི། །ཇི་སྲིད་གྲངས་ནི་ཐོབ་པའི་གནས། །ཉིན་ཞག་ཉི་ཤུ་རྩ་བདུན་དུ། །གྲངས་ཀྱི་རྗེས་སུ་སྦྱོར་བ་ཡིས། །གྲངས་ནི་ཡང་དང་ཡང་དུ་བརྟག །དུས་མཚམས་ཀྱི་ནི་རབ་དབྱེ་བས། །དེ་ནས་རྗེས་སུ་ཟློས་པར་འགྱུར། །ཐུན་ཚོད་སོ་སོར་སྲོག་རྣམས་དང་། །རྩོལ་བ་རུ་ནི་བརྟག་པ་སྟེ། །ཉིས་སྟོང་བདུན་བརྒྱའི་གྲངས་ཀྱིས་ནི། །ཡང་དག་པར་ནི་ངེས་བཟུང་མེད། །ཡོངས་སུ་གསལ་བར་བཅད་ནས་ནི། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །ཉིན་དང་མཚན་དུ་ངེས་པར་ནི། །དེ་རྗེས་གནས་ཀྱི་རྩོལ་བ་ཡིས། །ཐ་དད་དུ་ནི་རབ་ཏུ་བརྟག །རྩ་ཡི་འཁོར་ལོ་རྒྱུ་བ་ཡིས། །འབྱུང་དང་རྔུབ་པ་ངེས་པར་ནི། །ངེས་པར་གཟུང་བའི་སྦྱོར་བ་ལས། །རྩ་ཡི་འཁོར་ལོ་སྤྱད་པར་བྱ། །དེ་ཡི་འཁོར་ལོའི་རྩ་དབྱེ་བས། །ཉིན་ཞག་ཉི་ཤུ་རྩ་བདུན་ལས། །དེ་རྗེས་གནས་ཀྱི་སྦོལ་པའི་ས། །གནས་ཀྱི་དབྱེ་བས་བརྟག་པར་བྱ། །གནས་ནི་སོ་སོར་བརྟགས་པ་ཡིས། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རྣམ་རྟོག་མེད་པའི་སྦྱོར་བ་མཆོག །རྟོག་པ་སྤངས་པའི་མཚན་ཉིད་ཅན། །དངོས་པོ་ཀུན་གྱི་རང་བཞིན་བདག །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །འདི་ནི་ཡང་དག་རྣལ་འབྱོར་མཆོག །ཉིན་ཞག་ཉི་ཤུ་རྩ་བདུན་གྱིས། །མཚན་ཉིད་སྒོམ་པའི་རྣལ་འབྱོར་པ། །ཇི་ལྟར་གནས་པར་རང་ངོ་བོ། །རྟོག་དང་བཅས་པའི་རྣལ་འབྱོར་པ། །དེ་ནས་རྣལ་འབྱོར་ལོག་ནས་ནི། །རྟོག་པ་དང་བྲལ་རླུང་ཆེན་པོ། །རྩ་ཡི་འཁོར་ལོ་རྣམ་པར་རྒྱུ། །དེ་ཐོབ་ནས་ནི་ལོག་པ་དང་། །ཀུན་ནས་ཉོན་མོངས་རྣལ་འབྱོར་པས། །ངེས་པ་ལ་ནི་དོན་དམ་པ། །ཉིན་ཞག་ཉི་ཤུ་རྩ་བདུན་ལས། །ལས་དང་པོ་པའི་སྦྱོར་བ་ཡིས། །བློ་དང་ལྡན་པ་ལོག་པ་ལས། །དེ་ནས་དགག་པ་དེ་དག་ཀྱང་། །ཡང་དག་རྣལ་འབྱོར་སྟོབས་ཀྱིས་ནི། །སྲོག་དང་རྩོལ་བའི་རྣམ་རྟོག་རྣམས། །ཀུན་ནས་རབ་ཏུ་སྤངས་ནས་ནི། །རླུང་གི་དེ་ཁོ་ན་ཉིད་


DKG081_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ། །རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །ཉིན་ཞག་ཉི་ཤུ་རྩ་བདུན་ལ། །རླུང་གི་དེ་ཁོ་ན་ཉིད་རྟེན། །འཁྲུལ་པའི་རྣལ་འབྱོར་དག་པ་ནི། །དེ་ལ་རྩེ་གཅིག་སེམས་ཀྱིས་ནི། །རྟོག་མེད་དེ་ཁོ་ན་ཉིད་ཀྱིས། །རླུང་གི་དེ་ཉིད་རྣལ་འབྱོར་མཆོག །ཡང་དག་རྩོལ་ལ་བྱས་པ་གསལ། །ཁང་བཟངས་བྱེད་པ་བཞིན་དུ་ནི། །ཐོག་མར་ས་ནི་ཡོངས་སུ་སྦྱང་། །དེ་སྟེང་བགེགས་དང་བྲལ་བྱས་ལ། །གནས་ནི་ལེགས་པར་དག་པར་བྱ། །ཁང་བཟངས་སྐལ་བ་ཉམས་དགའ་བ། །བློ་ལྡན་ཇི་ལྟར་འདོད་པར་བྱ། །དེ་བཞིན་རྣལ་འབྱོར་སྤྱོད་པས་མཆོག །རླུང་གི་དེ་ཉིད་རྣམ་པར་བསྒོམ། །སྔ་མ་བཞིན་དུ་མཉམ་གཞག་ནས། །སྲོག་དང་རྩོལ་བའི་སྦྱོར་བ་དང་། །རྣལ་འབྱོར་མཆོག་གི་ཡེ་ཤེས་ཆེ། །རྣལ་འབྱོར་རིག་པ་བསྒོམ་པར་བྱ། །ཐོག་མར་རླུང་གི་དེ་ཉིད་དང་། །དེ་ནས་སྔགས་ཀྱི་དེ་ཉིད་གསལ། །དེ་ལ་རླུང་གི་འོད་ཟེར་མཆོག །གསལ་བ་ཆེན་པོའི་ཁ་དོག་ལྔ། །དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། །མངོན་པར་བྱང་ཆུབ་རྣམ་པ་ལྔའི། །དེ་ཉིད་མཚན་ཉིད་གོ་འཕང་མཆོག །སྣ་ཡི་རྩེ་མོ་དེ་ཉིད་མཆོག །རླུང་ལྔ་དང་ནི་རང་ངོ་བོ། །རླུང་གི་ཐིག་ལེ་ཞེས་ནི་བཤད། །ཡང་དག་དེ་ཉིད་གསལ་བ་ཡང་། །སྣ་རྩེར་ཡུངས་ཀར་དེ་ཡང་ནི། །རྒྱུད་གཞན་རྣམས་སུ་གསུངས་པ་ནི། །སྣ་རྩེར་ཡུངས་ཀར་དེ་ཡང་ནི། །སྲོག་དང་རྩོལ་བའི་བརྟག་པ་སྟེ། །སྲོག་དང་རྩོལ་བ་ལ་གནས་པ། །འོད་ལྔ་སངས་རྒྱས་རྣམས་སུ་བསྒོམ། །སྟེང་གི་སྣ་ལས་ངེས་འབྱུང་བ། །གཡས་དང་གཡོན་དང་གཉིས་ཀ་ཡང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པདྨར་འགྲོ་འོང་སྟོན། །ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམས་ཇི་བཞིན་གནས་པས་བསྟན། །གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་ཉིད། །པདྨའི་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་


DKG081_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལ་འབྱུང་བར་འགྱུར། །རླུང་གི་དེ་ཉིད་གསལ་བ་འདི། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །རྣལ་འབྱོར་བྱིས་པའི་ཡུལ་མིན་ཞིང་། །རྟོག་གེ་པ་ཡིས་མི་ཤེས་སོ། །དངོས་གྲུབ་ཐམས་ཅད་གསལ་བྱེད་པ། །རྣལ་འབྱོར་ཀུན་གྱི་དངོས་གྲུབ་པ། །དེ་ཉིད་ཀུན་གྱི་གོ་འཕང་གསལ། །རྣལ་འབྱོར་ཀུན་གྱི་དོན་བསྡུས་པ། །རྡོ་རྗེ་སེམས་དཔའི་གོ་འཕང་གསལ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ཉིད་མཆོག་ནི་ཤིན་ཏུ་ཕྲ། །བླ་མའི་ཞལ་ལས་རྟོགས་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རླུང་གི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །བདེ་བ་ཆེན་པོ་གསལ་བའི་ཚིག །རྡོར་སེམས་གོ་འཕང་མི་ཕྱེད་པ། །རང་རིག་པས་ནི་མཆོག་གི་མཆོག །ཀུན་རྟོག་གིས་བརྟགས་ཀྱིས་སྟོང་པ། །བདེ་བ་ཆེན་པོ་ཞེས་འདི་བརྗོད། །ལྷན་ཅིག་སྐྱེས་པའི་དུས་སུ་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །བདེ་དང་སྡུག་བསྔལ་རྣམ་པར་སྤངས། །ཞི་བ་གཉིས་མེད་རྣམ་པར་བྲལ། །དངོས་པོ་ཀུན་གྱི་རང་བཞིན་བདག །བདེ་ཆེན་ཞེས་ནི་འདི་ལ་བརྗོད། །རྡོ་རྗེ་ཡེ་ཤེས་ལྔ་ཡི་དངོས། །སངས་རྒྱས་ལྔ་ཡི་རང་བཞིན་ཅན། །ལྔ་ནི་རྩ་ནས་འབབ་པའི་རྒྱུན། །སྟོང་ཉིད་རྡོ་རྗེའི་གོ་འཕང་གསལ། །རང་བཞིན་མེད་ཅིང་རྟེན་མེད་པ། །གཉིས་མེད་དངོས་པོ་རྣམ་བྲལ་ཞིང་། །ཆ་མེད་ཆ་ནི་རྣམ་པར་སྤངས། །རྟག་ཏུ་རྟོག་པ་ཀུན་ལས་གྲོལ། །འཕོ་བ་མེད་ཅིང་ཞི་བ་དང་། །ཟད་མེད་བདེ་བ་ཐམས་ཅད་གསལ། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །བདེ་བ་ཐམས་


DKG081_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་འཇུག་པ། །སྟོང་པ་སྟོང་པ་ཆེན་པོ་དང་། །ཤིན་ཏུ་སྟོང་པ་མཆོག་གི་མཆོག །སྟོང་པ་དང་གཞན་སྟོང་པའི་གནས། །ནམ་མཁའ་ལྔ་ཡི་ངོ་བོ་ཉིད། །མི་ཆོད་མི་འགྱུར་ངོ་བོ་ཉིད། །མི་ཚིག་པ་དང་མཆོག་ཏུ་འབིགས། །སངས་རྒྱས་ལྔ་ཡི་ཡེ་ཤེས་མཆོག །རང་བཞིན་རྡོ་རྗེ་ཞེས་ནི་བརྗོད། །སྙིང་རྗེ་རྣལ་འབྱོར་ཡང་དག་འདྲེས། །མཆོག་ཏུ་སྐྱེ་བའི་བདེ་བ་འདི། །དེ་ཉིད་གསུམ་པོ་རོ་གཅིག་པ། །རྗོད་དང་བརྗོད་བྱ་རྣམ་པར་སྤངས། །བདེ་ཆེན་ཞེས་བྱའི་འཁོར་ལོར་གནས། །དབང་པོ་རྣམས་ཀྱི་སྤྱོད་ཡུལ་མིན། །མཆོག་ཏུ་གཉིས་མེད་རྣལ་འབྱོར་གྱིས། །ཞི་བ་དགའ་བའི་མཚན་ཉིད་གཅིག །འཁོར་ལོ་བཞི་ཡི་རིམ་གྱིས་ཐོབ། །རྣལ་འབྱོར་བཞི་ཡི་གོ་འཕང་གསལ། །སྟོང་ཉིད་ལྔ་ཡིས་ཀུན་ནས་གང་། །ཆ་བཞི་ཡིས་ནི་རྣམ་བཀག་པ། །རྡོ་རྗེ་མོར་ནི་འཛིན་པ་ནི། །སེམས་དཔའ་ཞེས་བྱར་གཏན་ལ་དབབ། །ནམ་མཁའ་ལྔ་ཡི་ཆ་ཡིས་གང་། །འདི་ནི་རྡོ་རྗེ་སེམས་དཔར་བརྗོད། །དེ་ཉིད་བདེ་ཆེན་གོ་འཕང་སྟེ། །བཞི་བ་དགའ་བ་ཀུན་ལ་ཁྱབ། །དཔའ་བོ་རྣལ་འབྱོར་མ་སྦྱོར་སྐྱེས། །མི་ཕྱེད་དབྱེ་བ་རྣམ་པར་སྤངས། །དེ་ཡི་ངོ་བོ་དེ་ཉིད་དེ། །རང་ཉིད་ཚོར་བ་རིག་པའོ། །ཕ་རོལ་གཞན་གྱི་སྤྱོད་ཡུལ་མིན། །དཔེ་བྲལ་མཚོན་པར་དཀའ་བ་དང་། །རང་གི་བློ་ལ་ཡང་དག་གནས། །རང་རིག་པ་ཞེས་བཤད་པའོ། །གཞོན་ནུ་མ་ཡི་རབ་དགའ་བཞིན། །མཆོག་ཏུ་གསལ་བར་ཉམས་སུ་མྱོང་། །དེ་ཉིད་མཆོག་དང་ཕ་རོལ་འགྲོ། །མཆོག་ནི་ཐུབ་པ་ཀུན་ལ་སོགས། །རྟོག་པ་གསལ་བའི་གོ་འཕང་ནི། །དེ་ནི་མཆོག་དང་བདེ་བ་ཆེ། །དེ་ཉིད་གསུམ་དུ་མཚན་ཉིད་གཅིག །དངོས་དང་དངོས་མེད་ལས་གྲོལ་བདེ་བའི་བདག་ཉིད་འཁོར་བའི་སྡུག་བསྔལ་ལས་ནི་གྲོལ་བར་རྟོགས། །གཉིས་དང་གཉིས་མེད་རྣམ་དཔྱོད་རང་བཞིན་དང་བྲལ་བློ་ནི་ཞི་བའི་བདག་ཉིད་ཅན། །གསུངས་པའི་ཉོན་མོངས་གཅོད་ཅིང་འཇིག་རྟེན་ཀུན་རྟོག་དང་ནི་བྲལ་བ་ཞེས། །ཤེས་དང་ཤེས་བྱའི་རྣམ་རྟོག་དབེན་པ་སྤངས་ཤིང་བདེན་པའི་རང་བཞིན་དང་། །མཐར་གྱུར་ཀུན་ཁྱབ་ཞི་བ་མཆོག་དང་མཆོག་རབ་དེ་ཉིད་འགྲོ་བ་བདེ་ལ་སྩོལ། །དུས་ནི་དུས་ཀྱི་མཐའ་ཞེས་བརྗོད། །


DKG081_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་དུས་སྦྱོར་ཞེས་བྱ་བ། །འཁོར་བ་འཁྲུལ་བའི་རྟོག་སྤངས་ཤིང་། །མྱ་ངན་འདས་བ་ཐོབ་པ་སྤངས། །མཉམ་པའི་ཉམས་ནི་ཆེན་པོར་མྱོས། །མཉམ་ཉིད་ཡེ་ཤེས་མཚན་ཉིད་ཅན། །གཟུང་བ་རྣམས་ཀྱི་ཡུལ་རྣམས་ཞེས། །ཀུན་ནས་གཟུགས་ལ་སོགས་པ་ལས། །འཛིན་པ་དབང་པོ་རྣམ་ཤེས་རྣམས། །མིག་ལ་སོགས་པའི་རང་བཞིན་གྱིས། །དེ་དང་བྲལ་ཞིང་མཆོག་ཏུ་ཕྲ། །ཡེ་ཤེས་བདེ་བ་ཀུན་གྱི་བདག །སྡུག་བསྔལ་ཀུན་ལས་རྣམ་པར་གྲོལ། །གཟུང་དང་འཛིན་པ་རྣམ་པར་སྤངས། །བདེ་བ་སེམས་ནི་ཞི་བ་ཉིད། །སྡུག་བསྔལ་འཁོར་བའི་མཚན་ཉིད་དེས། །དེ་ལས་རྣམ་གྲོལ་འཇིགས་པ་མེད། །མི་གནས་མྱ་ངན་འདས་པ་པོ། །སྟོང་ཉིད་ཡེ་ཤེས་ཆེན་པོའི་བདག །འཁོར་བའི་སྡུག་བསྔལ་མི་འབྱུང་ཞིང་། །ཐུགས་རྗེ་ཞི་བར་མཛད་པའི་ཕྱིར། །མྱ་ངན་འདས་པའི་བདེ་མི་གནས། །ཉན་ཐོས་ཡེ་ཤེས་ཞི་བ་ཉིད། །གཉིས་མེད་མཆོག་དང་བསེ་རུའོ། །དེ་དག་བདེ་བ་རྟོགས་པ་ཡི། །དེ་དང་བྲལ་བའི་བདེ་ཆེན་པོ། །དགང་ཕྱིར་མཆོག་ཏུ་དཀའ་བའི་དུས། །ཉན་ཐོས་ཡེ་ཤེས་ཞེས་བརྗོད་དོ། །དེ་མཐའ་བྲལ་བའི་དགའ་བ་ནི། །རང་རྒྱལ་མྱ་ངན་འདས་པ་དང་། །དེ་ནི་གཉིས་མེད་ཡེ་ཤེས་ཞི། །བདེ་བ་ཡིས་ནི་བྱེ་བྲག་བྱས། །དངོས་པོ་མཁྱེན་པའི་ཡེ་ཤེས་ཆེ། །བྱང་ཆུབ་སེམས་ཀྱང་འཛིན་པར་བྱེད། །རྩ་རྣམས་ཀུན་ལ་བདེ་བ་ནི། །བདེ་བ་ཆེན་པོའི་གོ་འཕང་གནས། །དེ་ཡི་བདག་ཉིད་དེ་ཉིད་ནི། །བདེ་བ་ཆེན་པོ་ཞེས་ནི་བརྗོད། །རྣལ་འབྱོར་གཅིག་པུས་དེ་ཉིད་ནི། །རྟོག་པ་རྣམ་རྟོག་བདག་ཉིད་མིན། །བསྙེན་ནས་བཟླས་པ་སྦྱིན་སྲེག་མིན། །བསམ་གཏན་རླུང་ནི་བགེགས་པས་མིན། །བྱ་བ་མ་ཡིན་ཕྲེང་བས་མིན། །བསྐྱེད་པའི་རིམ་པ་བསྒོམས་པས་མིན། །ཅུང་ཟད་བཞི་པའི་དབང་བསྐུར་གྱིས། །བླ་མ་དམ་པའི་ཞལ་ནས་འཐོབ། །རྣལ་འབྱོར་མ་ཀུན་ཀུན་སྤྱོད་ནི། །མཆོག་གི་ཡེ་ཤེས་བདེ་བ་ཆེ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་བདེ་བ་ཆེན་པོའི་ཚིག་རྣམ་པར་བཤད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྡོ་རྗེ་


DKG081_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་མཉམ་པར་སྦྱོར། །གང་གིས་ཡང་དག་དངོས་གྲུབ་འགྱུར། །ཚེ་འདི་ཉིད་ལ་རྣལ་འབྱོར་པ། །མི་ཕྱེད་རྡོ་རྗེ་ཞེས་ནི་བརྗོད། །དེ་ནི་རླུང་དུ་ཡང་དག་གྲགས། །ཡི་གེ་ཨ་ནི་ཕྱེ་བ་ཡིས། །རྣལ་འབྱོར་ཤེས་པས་རྟག་མཆོག་སྩོལ། །དེ་རྟེན་སྙིང་གའི་པདྨ་ཡིས། །འདབ་མ་བརྒྱད་ཀྱིས་རྣམ་པར་བརྒྱན། །ཆོས་ཀྱི་འཁོར་ལོ་སྐལ་བ་བཟང་། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ཡི་འདབ་མ་ལ་སྐྱེས་པ། །རྣམ་ཤེས་བརྒྱད་ནི་ཀུན་རྫོབ་བོ། །མིག་ལ་སོགས་པ་ཡང་དག་རྟེན། །འགྲོ་བ་གསུམ་དུ་རྣམ་པར་སྤྱོད། །དེ་དག་འཇོམས་པ་རླུང་རྡོ་རྗེ། །བགེགས་མཐར་བྱེད་པ་ཞེས་ནི་བརྗོད། །རྣམ་ཤེས་རྣམས་དང་གང་དེ་ལ། །འཇིག་རྟེན་སྐྱོང་བ་རྣམས་སུ་བརྗོད། །འཇིག་རྟེན་གསུམ་དུ་ཀུན་ནས་ཁྱབ། །འཇིག་རྟེན་པ་ཡི་ལྷ་རྣམས་གནས། །སྐྱོང་བ་ཡང་ནི་ཐམས་ཅད་ཀྱིས། །ཡུལ་ལ་སོགས་པའི་འབྲས་བུ་གནས། །དེ་ལ་རླུང་གིས་ཡང་དག་སྦྱོར། །རྡོ་རྗེ་པདྨོ་ཞེས་ནི་བརྗོད། །རྡོ་རྗེ་སྙིང་རྗེར་ཤེས་པར་བྱ། །པདྨ་ཡང་ནི་སྟོང་པ་ཉིད། །དེ་དག་སྦྱོར་བའི་མཆོག་ཏུ་ཤེས། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །རྡོ་རྗེ་ཉི་མ་ཞེས་ནི་གསུངས། །འོད་ཟེར་ཚོགས་ཀྱི་བདག་ཉིད་ཅན། །དེ་རྣམས་ཀྱིས་ནི་འབྱེད་པ་གང་། །དེ་ནི་པདྨ་ཞེས་སུ་བརྗོད། །དེ་ཡི་རྣལ་འབྱོར་མཆོག་ཏུ་ཤེས། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །བྱང་ཆུབ་སེམས་ཀྱང་རྡོ་རྗེར་འགྱུར། །བདེ་ཆེན་འཁོར་ལོ་པདྨའོ། །དེ་ལའང་དེ་ཡི་སྦྱོར་བ་གང་། །སྦྱོར་བ་མཆོག་ཏུ་རྨད་དུ་བྱུང་། །བླ་མའི་གསུང་ནི་རྡོ་རྗེ་སྟེ། །སློབ་མ་བཟང་གིས་ཐོས་པའི་སྣོད། །པདྨ་དེ་ཡི་གནས་དེ་ལ། །དེ་ཡི་སྦྱོར་བའང་མཆོག་ཏུ་གསལ། །ཞི་གནས་པདྨ་ཞེས་གསུངས་ལ། །དེ་ལ་ལྷག་མཐོང་རྡོ་རྗེའོ། །དེ་གཉིས་གཅིག་གྱུར་རྣལ་འབྱོར་ནི། །སྒོམ་པ་ཡིས་ནི་དེ་ཉིད་མཐོང་། །རྣལ་འབྱོར་མ་ཞལ་པདྨར་གནས། །རྡོ་རྗེ་བདེ་ཆེན་བླ་ན་མེད། །པདྨ་སློབ་མ་བཟང་གི་ཁ། །མན་ངག་གི་ནི་དོན་གྱི་སྣོད། །དེ་གཉིས་རྣལ་འབྱོར་ཀུན་བདག་ཉིད། །ཡང་དག་དེ་ཉིད་དོན་མཐོང་བྱེད། །བློ་ལྡན་རྣམ་རྟོག་བྲལ་བ་ཡི། །རྡོ་རྗེ་ལིངྒ་ཞེས་ནི་བཤད། །རྣམ་རྟོག་བྲལ་བའི་བློ་ལྡན་གྱིས། །བྷ་ག་པདྨ་ཞེས་ནི་བརྗོད། །


DKG081_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་གིས་བརླན་རྣལ་འབྱོར་མ། །དེ་གཉིས་དངོས་གཅིག་ཡང་དག་སྦྱོར། །གཉིས་མེད་ཡེ་ཤེས་མཐོང་བར་བྱེད། །སྟོང་ཕྲག་གཉིས་དང་བདུན་ཁྲི་ཡི། །རྩ་རྣམས་རྡོ་རྗེ་ཞེས་ནི་བརྗོད། །བྱང་ཆུབ་སེམས་ནི་འབབ་པའི་རྩ། །པདྨ་ཞེས་ནི་ཡོངས་སུ་གྲགས། །དེ་ནི་ཀུན་དུ་སྦྱོར་བ་དེས། །དགའ་བ་སྐྱེད་པར་བྱེད་པ་ཡིས། །རྡོ་རྗེ་ཡི་ཡང་ཉམས་དགའི་སྟན། །རང་རིག་རྡོ་རྗེ་འཆང་པདྨ། །དེ་ལ་དེ་གཉིས་མཉམ་སྦྱོར་བ། །སངས་རྒྱས་ཡེ་ཤེས་གོ་འཕང་གསལ། །དབང་བསྐུར་མཆོག་ནི་རྡོ་རྗེ་སྟེ། །བླ་མ་སློབ་མ་སྣོད་བཟང་པོ། །དེ་གཉིས་མཆོག་ཏུ་ཡང་དག་སྦྱོར། །ཡང་དག་དེ་གཉིས་ཀྱི་ནི་རྒྱུ། །ཨེ་ནི་པདྨ་ཞེས་སུ་བརྗོད། །ཡི་གེ་བྃ་ནི་རྡོ་རྗེ་ཉིད། །ཐིག་ལེ་དེ་ཉིད་མི་ཤིགས་པ། །དེ་གཉིས་སྦྱོར་བའི་ངོ་མཚར་ནི། །དེ་ལྟར་སྦྱོར་བ་མཆོག་ཏུ་ཤེས། །རྡོ་རྗེ་པད་སྣོད་སྡོམ་པ་ནི། །རྣལ་འབྱོར་མ་ཡི་མན་ངག་དང་། །བླ་མའི་དྲིན་གྱིས་ཡོངས་སུ་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྡོ་རྗེ་པདྨ་ཡང་དག་པར་སྦྱོར་བ་བཤད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།སྔགས་ཀྱི་དེ་ཉིད་ཡེ་ཤེས་མཆོག །བཤད་ཀྱིས་རྡོ་རྗེ་ཅན་ནི་ཉོན། །སྔགས་ཀྱི་སྤྱོད་པ་སྤྱད་པ་ཡིས། །གང་གིས་དངོས་གྲུབ་མྱུར་འགྲུབ་འགྱུར། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས། །སྔགས་ནི་གཟུངས་བཞིན་བཟླས་བརྗོད་བྱ། །དེ་ཡིས་མྱུར་དུ་དངོས་གྲུབ་འགྱུར། །རླུང་གི་དེ་ཉིད་ཕ་མཐར་ཕྱིན། །རྡོ་རྗེའི་ཕྱག་རྒྱ་གོ་འཕང་ཞི། །ཕྱག་རྒྱ་ཆེན་པོའི་སྡོམ་པའི་དོན། །མཆོག་གི་དེ་ཉིད་ཡེ་ཤེས་ཆེ། །སྔགས་ཀྱི་དེ་ཉིད་བསྟན་པ་ཡིན། །དམིགས་པ་མེད་པའི་གོ་འཕང་གསལ། །རྡོ་རྗེ་སེམས་དཔའ་ངེས་པའི་རྒྱུ། །སྔགས་ནི་ཡོན་ཏན་ཀུན་གྱིས་གསལ། །ལུས་ངག་ཡིད་ཀྱི་སྡོམ་པའོ། །དེ་ཉིད་དེ་སྐྱེས་ཡེ་ཤེས་མཆོག །དེ་ཉིད་ཀུན་གྱི་དོན་བསྡུས་པ། །སྙིང་གའི་པདྨར་མཆོག་ཏུ་གསལ། །དེ་ཉིད་ཡེ་ཤེས་བླ་ན་མེད། །ཟླ་དྲུག་བཟླས་པས་འགྲུབ་པར་ནི། །འགྱུར་ཏེ་གཞན་དུ་མ་ཡིན་ནོ། །རྣལ་འབྱོར་མཆོག་གི་ཐབས་དང་ནི། །རྣལ་འབྱོར་པས་ནི་ཡོངས་སུ་གྲགས། །དམིགས་མེད་ཞེས་ནི་གང་གསུངས་པ། །དེ་ནི་དོན་དམ་པར་ནི་བརྗོད། །སྦྲུལ་སོགས་པ་ཡི་དབྱེ་


DKG081_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིས། །སྔགས་མི་ཟློས་པ་གཉིས་སུ་མེད། །འོན་ཀྱང་མི་ཕྱེད་དེ་ཉིད་གསུམ། །སྔགས་ཀྱི་དོན་དམ་བསྡུས་པའོ། །བཟླས་པའི་དངོས་གྲུབ་མཚུངས་པ་མེད། །ཡང་དག་མཉམ་པར་གཞག་བཟླས་ན། །དངོས་གྲུབ་མཚུངས་པ་མེད་པར་འགྲོ། །རྣམ་དག་གོ་འཕང་བཟང་པོ་གསལ། །གང་ཤེས་དེ་ནི་འགྲོ་བའི་བླ། །སྔགས་དོན་སྔགས་དེ་ཉིད་དང་ནི། །སྔགས་ཀྱི་མན་ངག་ཁ་བརྒྱུད་པ། །སྔགས་ཀྱི་མན་ངག་མི་གསལ་བ། །གང་ཤེས་དེ་ནི་འགྲོ་བའི་བླ། །དེ་ནས་རྡོ་རྗེ་སེམས་དཔའ་ནི། །ཀུན་མཁྱེན་འགྲོ་བའི་བླ་མ་ལ། །རྡོ་རྗེ་སེམས་དཔས་ཡང་ནས་ཡང་། །ཕྱག་བྱས་ནས་ནི་ཡོངས་སུ་ཞུས། །སྔགས་ཀྱི་མཚན་ཉིད་ཇི་ལྟ་བུ། །བཅོམ་ལྡན་འདས་ཀྱིས་མིང་དང་དོན། །རང་བཞིན་ཅི་ཞིག་རབ་གསལ་བ། །སྔགས་ཀྱི་དེ་ཉིད་མན་ངག་ནི། །སྔགས་ཀྱི་སྡོམ་དོན་ཇི་ལྟ་བུ། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྣལ་འབྱོར་གསུམ་གྱི་འབྲས་བདག་ཉིད། །སྔགས་ཀྱི་དོན་དང་མིང་མཆོག་དང་། །གཉིས་མེད་ཡེ་ཤེས་མཚན་ཉིད་ཅན། །དེ་ཁོ་ན་ཉིད་བཤད་ཀྱིས་ཉོན། །སྙིང་པོའི་སྙིང་པོའི་དོན་བསྡུས་པ། །ཐོག་མ་མེད་ཅིང་ཞི་བ་དང་། །དངོས་དང་དངོས་མེད་བདག་ཉིད་གཙོ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །སྔགས་དོན་རིག་པའི་མཚན་ཉིད་ནི། །ཉོན་མོངས་མེད་ཅིང་མི་གསལ་བ། །རང་བཞིན་མེད་པའི་མཆོག་གི་མཆོག །མིང་མེད་རང་བཞིན་མེད་པ་དང་། །རྣམ་པ་མེད་པའི་ཆེན་པོའི་མཆོག །གཉིས་པ་ཐམས་ཅད་རྣམ་པར་སྤངས། །བདེ་བ་ཡང་དག་འཕེལ་བར་བྱེད། །སྐལ་བཟང་བདེ་བ་འཕེལ་བར་བྱེད། །ཐམས་ཅད་ཤེས་ཤིང་ཆ་དང་བྲལ། །གཉིས་མེད་ཡེ་ཤེས་རྣལ་འབྱོར་སྐྱེས། །དེ་ཉིད་དེ་ནི་དོན་དམ་ཡང་། །དེ་ཉིད་དེ་བཞིན་ཉིད་གཞན་མིན། །དེ་ཉིད་རྡོ་རྗེ་འཆང་བའི་དངོས། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །ཁྱབ་པ་ཀུན་འགྲོ་སྟོང་པ་ཉིད། །ཉོན་མོངས་ཐམས་ཅད་རབ་ཏུ་འཇོམས། །དྲི་མེད་དྲི་བྲལ་དགའ་བ་དང་། །རང་རིག་པ་ཡི་གོ་འཕང་མཆོག །དང་པོའི་ལྷ་སྟེ་ཉམས་དགའ་བཟང་། །ཆ་ཡི་ཚོགས་རྣམས་རྒྱས་པར་བྱེད། །མན་ངག་གནས་ཀྱི་བྱེ་བྲག་གིས། །འཁོར་ལོའི་དབྱེ་བས་བཏུ་བར་བྱ། །རྩ་དང་མགྲིན་པ་སྙིང་ག་རྐན། །རྩོལ་བ་ཇི་བཞིན་བརྗོད་པ་ཡི། །དེ་


DKG081_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ནི་ལས་བྱ་བ། །ཞི་བ་ལ་སོགས་གོ་རིམས་བཞིན། །ཇི་བཞིན་དངོས་གྲུབ་ཡེ་ཤེས་དང་། །ཇི་བཞིན་ཉམས་སུ་མྱོང་མཚན་ཉིད། །རང་བཞིན་རྫོགས་པ་ཇི་ལྟ་བུ། །རྒྱུན་གྱི་དབྱེ་བ་ཇི་ལྟ་བུ། །རིག་པ་ཇི་བཞིན་སྦྱོར་ཇི་བཞིན། །འབྲས་བུ་ཇི་ལྟ་བ་བཞིན་གནས། །ཡང་དག་བསམ་གཏན་ཕྱག་རྒྱའི་རིམ། །གཟུགས་རྫོགས་པ་ལ་སོགས་པ་ཡི། །བླ་མ་བརྒྱུད་པས་ཡང་དག་གནས། །རབ་ཏུ་འབད་པས་བསླབ་པར་བྱ། །གསེར་དང་དོ་ཤལ་གོས་དང་ནི། །རིན་ཆེན་སྣ་ཚོགས་ཡོན་ཏན་མཆོག །བྲན་དང་ལས་བྱེད་གྲངས་མེད་དང་། །དད་ཅིང་གུས་པ་ལ་སོགས་ཀྱིས། །ཇི་ལྟར་བཞེད་པ་སྟོན་པ་ལ། །རྙེད་པར་དཀའ་བའི་དངོས་རྣམས་ཀྱིས། །སྔགས་ཀྱི་དོན་སྟོན་བླ་མ་ནི། །དགོངས་པ་ཡོངས་སུ་རྫོགས་པར་བྱ། །ཕྱག་བྱས་དེ་རྗེས་སྔགས་པ་ཡིས། །ཡང་དག་བཟུང་ནས་འབྲས་བུའི་དོན། །མི་ཡི་རུས་པའི་སྨྱུ་གུ་དང་། །ས་གཞི་རིན་ཆེན་རབ་འབར་བ། །ཡང་ན་དུར་ཁྲོད་ཐལ་བ་ནི། །རབ་བརྡལ་དངོས་གྲུབ་སྟེར་བར་བྱེད། །ཐོག་མར་དབང་བསྐུར་བླང་བྱས་ནས། །མདུན་དུ་དཀྱིལ་འཁོར་ལ་སོགས་བྱ། །བགེགས་མཐར་བྱེད་ལ་གཏོར་མ་ནི། །ཆེན་པོ་གཙུག་ལག་ཁང་དུ་སྦྱིན། །སྐུ་གསུང་ཐུགས་ནི་སྒྲུབ་བྱེད་པའི། །མཚུངས་པ་མེད་པའི་སྔགས་བཏུ་བྱ། །དང་པོའི་ཡི་གེ་ཐོག་མར་བྲི། །དབྱངས་ཡིག་ལྔ་པ་ཡང་དག་ལྡན། །སྡེ་ཚན་ཐ་མའི་མཐའ་ཆ་ལྡན། །སྐུ་ཡི་ས་བོན་དུ་ནི་བརྗོད། །ཐོག་མའི་ཡི་གེ་ཉིས་འགྱུར་ལ། །ཨུཥྨ་ཥ་ཡི་ཆ་དང་ལྡན། །མཚུངས་པ་མེད་པའི་སྔགས་བཏུ་བྱ། །གསུང་གི་རྡོ་རྗེ་སྙིང་པོ་མཆོག །ཨུཥྨ་ཥ་ཡི་ཆ་དང་བཅས། །དབྱངས་ཡིག་དྲུག་པར་ཡང་དག་ལྡན། །སྡེ་ཚན་མཐའ་ཡི་མཐའ་ཆར་བཅས། །ཐུགས་ཀྱི་རྡོ་རྗེ་གོ་འཕང་གསལ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ། །འཇིག་རྟེན་གསུམ་ཡང་འགྲུབ་པར་བྱ། །རྣལ་འབྱོར་པ་ཡི་དེ་ཉིད་མཆོག །སྔགས་བཏུ་བ་ནི་བླ་ན་མེད། །དེ་ཉིད་དངོས་གྲུབ་ཐམས་ཅད་བྱེད། །སྔགས་རྣམས་ཀུན་གྱི་དོན་བསྡུས་པ། །སྔགས་ཀྱི་ཐེག་པ་ཀུན་ཡིན་ནོ། །རྒྱུ་དང་མི་རྒྱུ་ས་ཉིད་ལ། །དངོས་གྲུབ་རྣམས་ཀྱི་རྣལ་འབྱོར་མཆོག །རྣལ་འབྱོར་ཡེ་


DKG081_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བླ་ན་མེད། །རྡོ་རྗེ་སེམས་དཔའི་སྙིང་པོ་ནི། །ཡེ་ཤེས་བླ་ན་མེད་པའི་མཆོག །མན་ངག་ཇི་བཞིན་སྔགས་ཟློས་པ། །དངོས་གྲུབ་ཕྱིར་ནི་ལུང་བཞིན་གྱིས། །དེ་ཡི་དངོས་གྲུབ་རྒྱ་ཆེན་འགྲོ། །ཚེ་འདི་ཉིད་ལ་སྔགས་ཤེས་པས། །ཡེ་ཤེས་ཆེན་པོ་ཞེས་བཤད་པའི། །སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་ཆེ། །རབ་གསལ་སྔགས་ནི་མཚུངས་པ་མེད། །འདོད་པ་ཀུན་ལ་ལོངས་སྤྱོད་བྱེད། །གང་ཞིག་སྔགས་ནི་མགུལ་པ་རུ། །རྟག་འཆང་དེ་ཁོ་ན་ཉིད་ཤེས། །རྟོག་པ་ཀུན་ཡང་འགྲུབ་པར་བྱེད། །དཀྱིལ་འཁོར་ཀུན་དུ་ཞུགས་པ་དང་། །དམ་ཚིག་ཐམས་ཅད་ཤེས་པ་དང་། །བློ་བཟང་འཇིག་རྟེན་གསུམ་ཡང་འགྲུབ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྔགས་ཀྱི་དེ་ཁོ་ན་ཉིད་གསུངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །གྲངས་ཀྱི་རིམ་པ་བླ་ན་མེད། །ཇི་ལྟར་གནས་པའི་རླུང་རྣམས་ཀྱི། །རིམ་པ་ཇི་ལྟ་བ་བཞིན་དུ། །གང་གིས་ཐོབ་པ་སྐལ་པ་བཟང་། །སྲོག་ནི་ཐམས་ཅད་བདག་ཉིད་གནས། །གང་གིས་ཡང་དག་ཡོངས་སུ་ཤེས། །རྣལ་འབྱོར་མཆོག་ནི་ཐོབ་པར་བྱེད། །རླུང་གི་མཚན་ཉིད་མི་ཤེས་པ། །འཇིག་རྟེན་གསུམ་དུ་རྣམ་པར་འཁོར། །གོམས་པ་ཐོབ་པ་དེ་ཡང་ནི། །བླ་མ་རྣལ་འབྱོར་དེ་ཤེས་བརྒྱུད། །རླུང་གི་མཚན་ཉིད་ཇི་ལྟ་བུ། །ལོ་ཚིགས་ཀྱི་ནི་མཚན་ཉིད་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །སྤྲིན་གྱི་དཔལ་ལས་གསལ་བ་གང་། །མདོར་བསྡུས་ནས་ནི་དུས་ནི་དྲུག །ལོ་ཚིགས་སུ་ནི་ཡོངས་སུ་གྲགས། །སྦྱོར་བ་གཉིས་ནི་དུས་ཡིན་ཏེ། །དུས་དེ་ཉིན་ཞག་དྲུག་ཅུའོ། །ཉིན་དང་མཚན་དུ་ངེས་པ་ལ། །ཉིན་ཞག་གཅིག་ཅེས་ཡོངས་སུ་གྲགས། །ཉིན་མཚན་ཆུ་ཚོད་དྲུག་ཅུ་སྟེ། །དེ་བཞིན་དབྱུག་གུ་ཙ་ཤའོ། །འབྱུང་དང་རྔུབ་པའི་དུས་དྲུག་ལ། །ཙ་ཤ་ཞེས་ནི་ཡོངས་སུ་གྲགས། །སྐད་ཅིག་མ་དྲུག་ལ་ནི་དབུགས། །དེ་ཉིད་སེ་གོལ་གཏོགས་པའི་ཚད། །ཐང་ཅིག་གསུམ་ལ་སྐད་ཅིག་གོ། །དེ་ལ་ཡུངས་ཀར་བསྐོར་བ་ཙམ། །དབུགས་གསུམ་ལ་ནི་ཐང་ཅིག་གོ། །ཐང་ཅིག་དེ་ནི་ཡུད་ཙམ་མོ། །ཐང་ཅིག་གསུམ་ལ་མིག་བཙུམས་


DKG081_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །དེ་ཡང་མིག་ནི་འཛུམས་པ་ཡི། །ཙམ་གསུམ་ལ་ནི་མིག་བཙུམས་ཏེ། །ཙམ་ནི་ཐལ་མོ་བརྡབས་པའོ། །བདེ་བ་འཆར་བ་དེ་གསུམ་ཙམ། །དེ་ནི་ཐིག་ལེ་འཕོ་བའོ། །སྔགས་པ་གསུམ་ལ་བདེ་བར་གནས། །དེ་ནི་རབ་འགྱེལ་འཇིགས་པར་བརྗོད། །དུས་གསུམ་ལ་ནི་འཇིགས་པར་བཤད། །དུས་ནི་ཕྲ་བ་སྐད་ཅིག་བདག །འདས་པ་དང་ནི་ད་ལྟར་དང་། །མ་འོངས་པ་ཡི་མཚན་ཉིད་དོ། །འདས་པའི་སྐད་ཅིག་གསུམ་དུ་གསུངས། །ད་ལྟར་ཡང་ནི་སྐད་ཅིག་གསུམ། །མ་འོངས་སྐད་ཅིག་གསུམ་དུ་བཤད། །དེ་ལས་སླར་ཡང་སྐད་ཅིག་གསུམ། །དེ་ལྟར་སྐད་ཅིག་གསུམ་གྱི་ཆ། །དེ་ལས་ཆ་གསུམ་དེ་ལས་ཆ། །དེ་སྲིད་གྲངས་ནི་ཇི་སྲིད་དུ། །རྟོག་པ་སྟོང་པ་གཉིས་སུ་མེད། །རྣལ་འབྱོར་མཆོག་ནི་ཐོབ་པར་འགྱུར། །སྲོག་གི་གནས་ནི་བླ་ན་མེད། །ཕྱོགས་དང་དུས་ཀྱི་རྟོག་པ་བྲལ། །རིགས་པའི་མཚན་ཉིད་སྤངས་པ་དང་། །དེ་ཡི་སྲོག་ནི་ཤར་ནས་ཐིམ། །གཉིས་མེད་དེ་ནི་བསྡུས་པའོ། །གཞན་ཡང་བཤད་པར་བྱ་ཡིས་ཉོན། །སྲོག་ནི་ཐིམ་དང་འཆར་བ་ཡི། །གང་ཚེ་སྐད་ཅིག་ལ་སོགས་རྟོགས། །ཀུན་ནས་རབ་ཏུ་མ་ཞི་བ། །དེ་སྲིད་སྲོག་ནི་རླུང་གི་གནས། །གྲོལ་བའི་གནས་ནི་མི་ཤེས་སོ། །བཤང་སྒོ་གསང་བའི་དབུས་ན་གནས། །མིང་ནི་མ་སྐྱེས་ཆ་ཆེན་པོ། །དེ་ཡང་རྣམ་ཤེས་དང་བྲལ་བ། །ཡེ་ཤེས་ལུས་ནི་བདག་མེད་པ། །དེར་ནི་སྐྱེ་བ་མཆོག་གི་མཆོག །སྲོག་ཆགས་རྣམས་ཀྱི་མཆོག་ཏུ་བརྗོད། །རྣམ་པར་ཤེས་པའི་ངོ་བོ་སྟོན། །ཐོག་མར་འབྱུང་བ་བཞི་པོ་ལ། །སྒྲོ་འདོགས་བསྐྱེད་པའི་ངོ་བོར་བྱེད། །དེ་ཚེ་རང་གི་གནས་སུ་ཐིམ། །རྣམ་ཤེས་ལས་ནི་སྐྱེ་བ་རླུང་། །དེ་ལས་མེ་ནི་སྐྱེ་བར་འགྱུར། །མེ་ལས་ཆུ་ནི་འབྱུང་བར་བྱེད། །དེ་ལས་ས་ནི་ཡང་དག་སྐྱེ། །དེ་དག་རྣམས་ལས་ཕུང་པོར་བྱུང་། །དེ་ཕྱིར་སྐྱེ་མཆེད་རྣམས་དང་ནི། །དེ་ལས་རྣམ་ཤེས་རང་བཞིན་མེད། །བརྒྱ་དང་བརྒྱད་ཀྱིས་ལྷག་པའི་རིམ། །ཇི་ལྟར་སྐྱེ་བོ་དེ་ཡི་གནས། །ཐིམ་ནས་འགྲོ་བའི་རང་བཞིན་དུ། །རྒྱགས་པ་བསྐྱེད་པའི་རླུང་ཆེན་པོ། །ཉོན་མོངས་ཡིད་ནི་འདས་ནས་ནི། །སྔགས་ཐོབ་ནས་ནི་རྣམ་རྒྱས་ཏེ། །སྐྱེ་མཆེད་རྣམས་ནི་སྡུད་


DKG081_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད། །དེ་ལས་རྒྱགས་པ་ས་ཆུ་ཡི་རླུང་། །རྒྱགས་པ་བསྐྱེད་པ་ཟ་བའི་ཕྱིར། །ཕུང་པོ་རྣམས་ཀྱང་སྡུད་བྱེད་ཉིད། །རིམ་གྱིས་ལུས་ཆེན་སྒྲ་སྒྲོགས་བྱེད། །དེ་ལས་རྒྱགས་པའི་ཆ་ནི་འབྱུང་། །རྒྱགས་པའི་ཆུ་ནི་སྡུད་བར་བྱེད། །འབྱུང་བ་རྣམས་ཀྱིས་བསྡུས་ནས་ཀྱང་། །གོ་རིམས་ཇི་ལྟ་བ་བཞིན་དུ། །དེ་ལ་རླུང་ནི་བཏང་བཟུང་འབྱུང་། །རྒྱགས་པའི་ཆ་ནི་ཟ་བར་བྱེད། །དེ་ནས་ཀྱང་ནི་རླུང་ནི་སྡུད། །ཁྱབ་ཅིང་ཕྲ་ལ་སྒྲིབ་པར་བྱེད། །དེ་ལས་མི་ཟད་བཏང་བཟུང་དང་། །རྣམ་ཤེས་སྐད་ཅིག་སྒྲིབ་པར་བྱེད། །བསྒྲིབས་ནས་དེ་ལས་རྣམ་ཤེས་ཀྱང་། །བེམས་པོར་སོང་ནས་བརྒྱལ་བར་འགྱུར། །སྐྱེ་མཆེད་ཆ་ནི་སྒྲིབ་པར་བྱེད། །དག་པའི་ཡེ་ཤེས་མཆོག་གི་མཆོག །དེ་ལས་ཐིམ་པར་གྱུར་པའི་སྲོག །རྣམ་ཤེས་དང་ནི་མཚུངས་པར་ལྡན། །དེ་ཉིད་མཆོག་ནི་དེ་ལྟར་བཤད། །སྲོག་ནི་ཐིམ་ཞིང་འཆར་བ་དང་། །ཇི་ལྟ་བ་བཞིན་ཡོངས་སུ་ཤེས། །བླ་མ་བརྒྱུད་པའི་རིམ་པ་འབྱུང་། །རིགས་པ་གཞན་ཡང་བཤད་པར་བྱ། །རྡོ་རྗེའི་སྐུ་ནི་བསྒྲུབ་པའི་ཕྱིར། །འཆི་བ་མེད་པའི་བསྒྲུབ་པ་ནི། །གང་གིས་འཆི་མེད་ལུས་མཆོག་ནི། །ཐོབ་པ་ཡོན་ཏན་རྣམས་ཀྱི་རྟེན། །གང་ཕྱིར་སེམས་ཅན་ཚེ་ཐུང་བས། །འཆི་མེད་གོ་འཕང་བསྒྲུབ་མི་ནུས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །འཆི་བ་མེད་པར་རབ་བསྒྲུབ་བྱ། །བཅོམ་ལྡན་མགོན་པོ་ཡེ་ཤེས་མཆོག །རྣལ་འབྱོར་དེ་ཉིད་ཕ་རོལ་བྱོན། །རྡོ་རྗེ་སེམས་དཔས་ཕྱག་བྱས་ཞུས། །འཆི་བ་མེད་ཉིད་རིགས་པར་ནི། །ཇི་ལྟར་ཡང་དག་ཐིམ་པ་ལགས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །བྱ་བ་ཀུན་བསྒྲུབ་གོ་འཕང་ནི། །འཆི་བ་མེད་པའི་རྣལ་འབྱོར་ཆེ། །ཡང་དག་དེ་ཉིད་རྣམ་ངེས་པ། །སེམས་ཅན་ཚེ་ནི་ཐུང་བ་ཡིས། །དངོས་གྲུབ་འགྲུབ་པ་གང་ཡང་མེད། །དེ་བས་རྣལ་འབྱོར་བཟང་པོ་རྣམས། །ཚེ་རིང་བ་ནི་དགེ་བའོ། །དེ་ལ་ཐོག་མར་རྣལ་འབྱོར་མཆོག །བློ་བཟང་ནང་གི་བདག་ཉིད་བསྒྲུབ། །ལྕེ་ནི་རྐན་གྱི་དབུས་སྦྱར་བ། །བྱས་ནས་དེ་ཁོ་ཉིད་ཚིག་བཟླ། །སེམས་དཔའི་སྐྱིལ་ཀྲུང་བཅས་ནས་ནི། །ཡང་དག་རྣལ་འབྱོར་རྗེས་དྲན་བྱ། །སྣ་རྩེར་དབུགས་ནི་རྒྱུ་བྱ་ཞིང་། །


DKG081_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ནི་གསལ་བར་དགག་པར་བྱ། །རྐན་གྱི་གནས་སོན་ཟླ་བ་ནི། །སྔགས་ཀྱི་རྣལ་འབྱོར་གྱིས་ནི་ཞུ། །ཞུ་བ་རླུང་གི་རྣལ་འབྱོར་གྱིས། །རྟག་ཏུ་རྣལ་འབྱོར་གཙོ་བོས་བཏུང་། །མཚན་ཕྱེད་ཀྱི་ནི་དུས་ཚོད་མཐར། །ཇི་སྲིད་ཐུན་གཅིག་མ་ཆད་པར། །དེ་སྲིད་རྣལ་འབྱོར་པས་སྔགས་བཟླ། །རྡོ་རྗེའི་ལུས་ནི་བྱེད་པར་འགྱུར། །སྡེ་ཚན་གཉིས་པའི་གསུམ་པ་ལ། །དབྱངས་བཅས་པ་དང་ཡང་དག་ལྡན། །ཡན་ལག་མ་ཉམས་རྟག་ཏུ་བཟླ། །སྒྲུབ་པ་པོ་ཡི་སྲོག་ནི་འགུགས། །རྫས་ཀྱང་རྟག་ཏུ་བསྟེན་པར་བྱ། །དེ་ཉིད་ལྔ་ཡི་རིམ་པས་སྐྱེ། །བཟླས་པ་རྫོགས་ནས་རྟག་ཏུ་ནི། །ལུས་ལ་འབྱུང་བའི་དྲི་མ་མེད། །ལྕགས་ལྔའི་རང་བཞིན་སྣོད་དུ་ནི། །བཞག་ནས་ཇི་སྲིད་ཉི་མ་ནི། །འཆར་ཀར་དེ་ནས་དེ་ལ་ཡང་། །ཡོ་ཥི་རག་གཏམ་བདེ་བ་ནི། །བླུགས་ནས་རྟག་ཏུ་རྫས་ཀྱི་མཆོག །བདུད་རྩི་བདུན་པའི་མིང་ཅན་ནོ། །ཉལ་ཀར་ཡང་ནི་དེ་འཐུངས་ན། །རྫས་ཀྱིས་ཚེ་ནི་འཕེལ་བར་བྱེད། །སྔགས་ཀྱི་རྒྱལ་པོ་ཨོྃ་ཨཱཿཧཱུྃ། །དེ་ནས་ལན་བདུན་བཟླ་བར་བྱ། །ལག་གཡས་བ་དན་གྱིས་མཚན་ལ། །སྣོད་བཟངས་དེ་ལ་བཀབ་ནས་སུ། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །ལན་གསུམ་དུ་ནི་དག་པར་བྱ། །དེ་ཕྱིར་བུད་མེད་གཞོན་ནུ་ནི། །རྟག་ཏུ་འཁུར་བ་བཀང་ཞིང་བཏུད། །དེ་ནི་བཟའ་བ་སྦྱིན་པ་ཡང་། །མར་ལ་བཏགས་པའི་འབྲས་དང་ནི། །མ་ཤ་དང་ནི་ཉི་དགའ་དང་། །ར་ཡི་འོ་མ་ཁ་ར་ཀར། །ཏིལ་རྣམས་ཆ་མཉམ་བྱས་ནས་ནི། །མོས་པ་ཡིས་ནི་སྦྱིན་སྲེག་བྱ། །ཉལ་ཀར་དེ་ལ་བཟའ་བ་སྦྱིན། །བླ་ན་མེད་པའི་བཟའ་བ་པོ། །དེ་ལྟར་རིག་པས་ཆོག་ཤེས་ནས། །སུ་ལའང་སྨྲ་བར་མི་བྱའོ། །ཐམས་ཅད་སྔོན་བཞིན་ཞི་བ་ནི། །མྱུར་དུ་དངོས་གྲུབ་སྟེར་བར་བྱེད། །ཟླ་བ་དྲུག་ཏུའང་གང་བསྟེན་པ། །དེ་ནི་རྡོ་རྗེའི་ལུས་སུ་འགྱུར། །བཅུད་ཀྱིས་ལེན་དང་གསེར་འགྱུར་སོགས། །ཚེ་དགུག་པ་ནི་བླ་ན་མེད། །རབ་ཏུ་འབད་པས་བསྟེན་པར་བྱ། །ཕྱག་རྒྱ་ཆེ་དོན་སྒྲུབ་པ་པོས། །རྒས་པ་མེད་ཅིང་སྲིན་ནད་མེད། །སྙོམ་ལས་མེད་ཅིང་ལྐུགས་པ་མེད། །གློ་སྐམ་རླུང་མཁྲིས་ནད་སོགས་མེད། །ནད་དང་འབྲས་དང་འབྲུམ་བུ་དང་། །


DKG081_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་བ་གཡན་པ་འབྲུམ་ཕྲན་མེད། །མཛེ་ནད་མཚན་མར་རྡོལ་བ་མེད། །དུང་དང་པད་དཀར་དཔལ་ལུས་ལྡན། །འཛམ་བུ་ཆུ་བོའི་གསེར་ལྟར་འབར། །རིག་པ་འཛིན་པའི་བུ་མོ་མཆོག །དེ་ནི་རྟག་ཏུ་འགུགས་པར་བྱེད། །དེ་ཡི་མཛའ་ཆེན་ལྷ་རྣམས་ཏེ། །རྣལ་འབྱོར་མ་རྣམས་སེམས་པར་བྱེད། །ལུས་ཀྱི་རང་བཞིན་རྟག་ཏུ་ནི། །ཕྱག་བྱ་བ་དང་མཆོད་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རླུང་གི་གྲངས་ཀྱི་རིམ་པའི་གནས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་གཞན་ཡང་རྩ་རྣམས་ནི། །གྲངས་དང་གནས་ནི་བསྡུས་པ་ཉོན། །འཁོར་ལོའི་གྲངས་ཀྱི་དབྱེ་བ་ཡིས། །ཇི་བཞིན་རྨད་དུ་བྱུང་བའི་མཆོག །འཁོར་ལོ་དྲུག་ལ་རྟེན་བཅུ་དྲུག །ལུས་ལ་ལྷ་ཡི་གཞལ་ཡས་ཁང་། །རྣལ་འབྱོར་ཇི་བཞིན་གནས་ཇི་བཞིན། །མདོར་བསྡུས་ནས་ནི་བཤད་པར་བྱ། །རླུང་གི་འཁོར་ལོར་གནས་པའི་རྩ། །འདབ་དྲུག་རླུང་ནི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །རྩ་གསུམ་གནས་ནི་རིམ་གྱིས་འཆར། །དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང་། །རྩ་ནི་བཅུ་དྲུག་ཡང་དག་བརྗོད། །ཆོས་ཀྱི་འཁོར་ལོར་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པའོ། །དེ་བཞིན་སྤྲུལ་པའི་འཁོར་ལོ་ཡང་། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེར། །རྩ་ནི་སུམ་ཅུ་གཉིས་སུ་བཤད། །དེ་ལྟར་མདོར་བསྡུས་རིམ་པ་ཡང་། །བརྒྱ་དང་སུམ་ཅུ་གཅིག་ལྷག་པར། །རྩ་རྣམས་སུ་ནི་ཡང་དག་བཤད། །གཞན་དག་ཏུ་ནི་རྒྱས་པར་ཡང་། །རྩ་ནི་བདུན་ཁྲི་ཉིས་སྟོང་དུ། །གནས་ཀྱི་དབྱེ་བས་ཕྱེ་བ་ནི། །ངེས་པར་བརྗོད་པ་འབུམ་སྡེར་གསུངས། །རྒྱུད་ནི་ཆུང་ངུའང་འདི་ཉིད་དུ། །སྙིང་པོ་ལས་ནི་སྙིང་པོར་གསུངས། །སྨིན་མའི་དབུས་གནས་རླུང་འཁོར་ལོ། །བྱེ་བ་འཁྱིལ་པ་མི་བཟད་པ། །མི་བཟང་བརྟན་དང་མཚན་ཉིད་ཅན། །རྩ་ཐུང་དྲུག་གི་མཚན་ཉིད་དོ། །འཛིན་པ་རྟོག་མེད་གང་བ་ནི། །རྩ་གསུམ་གྲུ་གསུམ་མེ་དཀྱིལ་འཁོར། །མགྲིན་པའི་འོག་ཏུ་བཤད་པ་ཡིན། །དྲི་མ་དང་བྲལ་གསལ་བ་དང་། །དྲག་པོ་


DKG081_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནི་གསུམ་ཡིན་ནོ། །ཡང་དག་ཞུགས་དང་ཤིན་ཏུ་ཞུགས། །ཤིན་ཏུ་བཟང་དང་བཟང་པོར་འགྲོ། །སྟོབས་ཆེན་དང་ནི་མི་བཟད་ཆེ། །མཛེས་ཆེན་མདུན་དུ་སྐྱེས་པ་ཆེ། །རྒྱགས་པའི་རྟག་དང་རྒྱགས་པའི་ཆ། །རྒྱགས་པའི་ཆུ་དང་རྒྱགས་སྨྱོ་བྱེད། །རྒྱགས་དང་རྒྱགས་པའི་རྒྱུ་མཐུན་དང་། །རྒྱགས་པའི་རླན་དང་རྒྱགས་པ་འཆང་། །རྩུབ་དང་མཁའ་དང་འབྱུང་བརླང་དང་། །དབུགས་མི་བདེ་དང་གཡའ་མཁའ་འགྲོ། །འདབ་ཆགས་ཡན་ལག་ཁྭ་ཡི་གདོང་། །ཟ་ཕོད་མི་བཟད་སྒྲ་སྒྲོགས་དང་། །དྲི་ལྡན་རྡེག་དང་རྔུལ་བ་དང་། །དབྱངས་དང་དབྱངས་སྐྱེས་དང་ནི་སྤྲིན། །ཆུ་བ་མཐོང་དང་རྒྱུན་ལྟར་སྔོ། །ཡུད་ཙམ་གཙོ་བོ་ཡུད་མ་སྐྱེས། །རྒྱབ་ཏུ་ཁ་བལྟས་དབྱུག་པ་དང་། །དབྱུག་སྙེམས་དང་ནི་རྙིང་པ་དང་། །ཚིགས་ཀྱི་ལྟོ་དང་ཚིགས་ཀྱི་ཚིག །ཚིགས་ཀྱི་ཚད་དང་བརྟུལ་བ་དང་། །ཚིགས་ཀྱི་གནས་དང་ཚིགས་ཀྱི་གདོང་། །ཚིགས་འོད་ཚིགས་ཀྱི་ལུ་གུ་རྒྱུད། །དུལ་བྱེད་དུད་འགྲོ་གཟི་བརྗིད་དང་། །དྲི་མེད་དུལ་བའི་སྙེམས་པ་དང་། །ཆུ་འཕྱང་ལྟོ་དང་ཆུ་འཕྱང་ཆགས། །ཆུན་འཕྱང་ཆུན་འཕྱང་ཕྱེད་སྦྲང་བུ། །ཕྲུ་གུ་ཕྲུ་གུ་སྟེར་དྲི་བ། །ལོ་མ་ལོ་མའི་མགྲིན་པ་དང་། །རབ་མཆོག་མ་དང་རབ་གསལ་ཏེ། །དེ་ལྟར་དྲུག་ཅུ་རྩ་བཞིར་བཤད། །ལྟེ་བ་སྤྲུལ་པའི་འཁོར་ལོ་གནས། །བདུད་རྩི་མཆོག་གིས་ཡོངས་སུ་གང་། །རིན་ཆེན་ཆེན་པོ་པདྨ་དང་། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །མགོ་བོ་ཆེ་དང་སྒྲ་ཆེ་དང་། །ཉེས་དགའ་ཆེན་པོ་མྱོས་བ་ཆེ། །འདི་བརྒྱད་ཆོས་ཀྱི་འཁོར་ལོའི་དབུས། །སྙིང་གའི་པདྨར་ཡང་དག་གནས། །ལོངས་སྤྱོད་ལོངས་སྤྱོད་སྟེར་ལྡན་དང་། །ཉི་འགྲོ་གསལ་དང་སྐལ་བ་དང་། །སྒོམ་པ་དང་ནི་ཐལ་བའི་གདོང་། །བཟའ་སྟེར་བཟའ་དང་བཀྲེས་པ་དང་། །བཅུད་ལེན་རོས་ནི་སྐྱུར་བ་དང་། །རོ་འཇིགས་པ་དང་རོ་དང་ནི། །ཁྲུང་ཁྲུང་ལོངས་སྤྱོད་འཁོར་ལོར་གནས། །གྲངས་ནི་བཅུ་དྲུག་ཏུ་ནི་བརྗོད། །དེ་སྟེང་རིམ་རིགས་འདོད་པ་ཅན། །འདོད་ཅན་མ་དང་སྲོག་གི་ལུས། །ཟླ་ཐུང་ཟླ་སྟེར་མཛེས་པ་ནི། །འདོད་ཆགས་མིན་སྨྲ་ཀུ་ཤ་དང་། །


DKG081_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་བི་སྤོ་དང་དག་པ་དང་། །མི་དང་མི་རོ་ནེ་ཙོ་དང་། །གང་ལ་གཉིས་རོ་ལྡན་པ་དང་། །ཀིས་རིང་ཆང་སྟེར་བདུད་རྩི་དང་། །དུང་ཅན་དང་ནི་དུང་རྣ་དང་། །དུག་གི་མིག་དང་དུག་གི་སྣ། །རྒྱགས་དབང་རྒྱགས་པ་བརྐམ་པ་དང་། །རྒྱགས་པས་བརྒྱལ་དང་ངོ་མཚར་རྒྱགས། །སྙེམས་པ་དང་ནི་ཚོགས་ཀྱི་སྟེན། །སུམ་ཅུ་རྩ་གཉིས་ཞེས་ནི་བརྗོད། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །མཆོག་ཏུ་དགའ་བ་སྟེར་བར་བྱེད། །ཕྲ་དང་རེག་བྱ་མཆོག་ཏུ་ཕྲ། །གཟུང་དང་འཛིན་པ་རྣམ་པར་སྤངས། །རང་ཉིད་བདེ་ཆེན་རང་བཞིན་དང་། །གཞན་དག་ལ་ཡང་སྟེར་བར་བྱེད། །དེ་ལྟར་ཡང་དག་རྩ་ཡི་རིམ། །བླ་མའི་ཞལ་ལས་ཤེས་པར་བྱ། །རྩ་ཡི་རིམ་མེད་ངེས་པར་ནི། །ཕུང་པོ་ལ་སོགས་མི་འབྱུང་ངོ་། །ཕུང་པོ་མེད་ན་ཡེ་ཤེས་ཆེ། །རྣལ་འབྱོར་པ་ཡིས་ཐོབ་མི་འགྱུར། །ཕུང་པོ་ལྔ་ཡི་བདག་ཉིད་ལུས། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །དེ་ཉིད་འབྱུང་བ་ལྔ་ཡིས་ནི། །ཡེ་ཤེས་ལྔར་ནི་རྣམ་པར་གནས། །དེ་ཕྱིར་འབད་པ་ཐམས་ཅད་ཀྱིས། །རྩ་ཡི་འཁོར་ལོ་ཤེས་པར་བྱ། །ཇི་ལྟར་ཆུ་ཡི་དབུས་ཀྱི་ཤིང་། །མྱུར་དུ་ཡང་ནི་འཕེལ་ནས་འགྲོ། །དེ་ལས་འབྲས་བུ་སོགས་ལྡན་པ། །སྟེར་བར་འདི་ལ་ཐེ་ཚོམ་མེད། །དེ་བཞིན་ཕུང་པོ་ཤིང་ཞེས་བྱ། །རྩ་ཡི་ཆུ་ཡིས་འཕེལ་ནས་ནི། །འཕེལ་བས་ཡང་དག་འབྲས་བུ་ནི། །ཐམས་ཅད་མཁྱེན་པ་ཉིད་སྟེར་བྱེད། །ལྷ་ཡི་རྣམ་པའི་ངོ་བོ་ཡིས། །རྩ་རྣམས་རང་བཞིན་བསྒོམ་པར་བྱ། །གཉིས་ཕྲད་པ་ལས་རེག་བྱ་གཉིས། །གལ་ཏེ་རྡོ་རྗེ་ལྷག་གྱུར་ན། །དེ་ཚེ་མེ་ནི་ཡང་དག་འབར། །དེ་རྗེས་མེ་ཡི་འཁོར་ལོའི་དབུས། །འཁོར་ལོའི་མིང་ཅན་པདྨ་རྣམས། །རིམ་གྱིས་རིམ་གྱིས་བྱེ་བར་འགྱུར། །འདི་ནི་རྩ་ལས་འབབ་དེ་ལས། །བྱང་ཆུབ་སེམས་ནི་བདེ་བ་ཆེ། །སྤྲུལ་པའི་སྙིང་པོ་ཡང་དག་ཐོབ། །ངོ་བོ་གཅིག་གྱུར་བསྡུས་ནས་ནི། །འབབ་པའི་ཉི་མ་ཟླ་བའོ། །མི་དབང་དཀྱིལ་འཁོར་དབུས་སུ་ཡང་། །གང་ཕྱིར་སྲད་བུའི་རྣམ་པར་གནས། །རྒྱུ་གཅིག་ཏུ་ཡང་ཤེས་ནས་ནི། །དེ་ཉིད་འབྲས་བུ་རྣམ་པ་གཉིས། །


DKG081_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་པ་ཉི་མའི་རྣམ་པ་དང་། །གཡོན་པ་ཟླ་བའི་རྣམ་པར་འབྱུང་། །གང་ཚེ་གཡས་པའི་ཉི་མ་ནི། །དེ་ཚེ་ཁྲག་འགྱུར་བདེ་བའོ། །གང་ཚེ་གཡོན་པའི་ཟླ་བ་གསལ། །བདེ་བ་ཀུན་ཀྱང་དེ་ལྟ་བུའོ། །དེ་གཉིས་ཁོངས་སུ་ཆུད་པའི་མེ། །ཡན་ལག་བདུན་ཉིད་ཡང་དག་གནས། །སྔོན་ལ་རླུང་གི་རྣམ་ཤེས་ནི། །བརྒྱ་ལམ་གང་ཚེ་འཁྲུལ་གྱུར་ན། །ཕ་ཡི་མཁའ་ལ་མཚུངས་པར་གནས། །དེ་ཚེ་ཆགས་པའི་དབང་དུ་འགྱུར། །གསང་གནས་ཟླ་མཚན་ལྡན་པའི་རྩ། །མེ་དང་ཉི་མ་འཆར་བ་ན། །དེ་ཚེ་ལྷག་པར་ཆགས་པས་ནོན། །ཆགས་པ་མཆོག་ཏུ་འདོད་པར་འགྱུར། །རྡོ་རྗེ་པདྨ་འདྲེས་པའི་གདོང་། །འཇུག་པ་ཕ་ཡི་ཁ་ཡི་རླུང་། །དེ་ཚེ་ས་བོན་དུ་ནི་འགྱུར། །ས་བོན་ལས་ནི་སེམས་ཅན་འབྱུང། །དེ་ཕྱིར་རྩ་ལས་ཡང་དག་འཆར། །འབྲས་བུ་ངོ་མཚར་ཅན་ནི་སྐྱེ། །དེ་ཉིད་བྱང་ཆུབ་སེམས་ཀྱང་ནི། །འཛིན་པ་སྲོག་ནི་བསྡུས་པའོ། །ཡེ་ཤེས་མཆོག་དང་དེ་ཉིད་མཆོག །མཆོག་ཏུ་བདེ་བ་རྨད་བྱུང་ཆེ། །ཡེ་ཤེས་རྣལ་འབྱོར་ཐོབ་པ་ཡིས། །མཆོག་ཏུ་བདེ་བ་བླ་ན་མེད། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྩའི་འཁོར་ལོའི་གནས་ཀྱི་རིམ་པར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྣལ་འབྱོར་ལུས་ལ་རིམ་ཇི་བཞིན། །རྩ་རྣམས་རྟག་ཏུ་ཡང་དག་ནི། །རྒྱུད་པ་ཡི་ནི་རིགས་ཀྱིས་སྐྱེ། །གསལ་བ་རུ་ནི་མ་གསུངས་པ། །དད་པའི་བསམ་པ་རྣམ་སྤངས་པ། །སྐྱེ་བོ་སྐལ་བ་མེད་དོན་དུ། །གང་དུའང་གསལ་བར་མ་གསུངས་པ། །སྙིགས་མ་ལྔ་ཞེས་བྱ་བའི་དུས། །སེམས་ཅན་མྱུར་དུ་དངོས་གྲུབ་དོན། །སྣོད་དུ་བྱ་བར་འདོད་པ་ཡིས། །རང་བྱུང་ཡེ་ཤེས་རྨད་བྱུང་བ། །རྣལ་འབྱོར་ལུས་ཀྱི་བདེ་ཆེན་པོའི། །འཁོར་ལོའི་རྩ་ནི་སུམ་ཅུ་གཉིས། །བྱང་ཆུབ་སེམས་ནི་གསལ་འབབ་པའི། །རྩ་རྣམས་ཡང་དག་རྣམ་བཤད་བྱ། །དེ་ནི་བདེ་བ་ཆེན་པོའི་གནས། །དེ་ནི་མཚན་ཉིད་བཤད་པར་བྱ། །ཀ་ཙ་ཊ་ཏ་པའི་སྡེ་ཚན། །ཡ་རལ་ཝ་ཥ་ཤ་ས། །དེ་དག་རིམ་པར་ཤེས་པར་བྱ། །སླར་ཡང་དེ་


DKG081_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

དག་བསྡུས་ནས་ནི། །སྡེ་ཚན་ཙམ་ནི་གཅིག་ཏུ་འགྲོ། །དེ་ཡང་ཞི་བའི་ཡེ་ཤེས་མཆོག །བྱང་ཆུབ་སེམས་ལ་ཐིམ་ནས་འགྲོ། །ཀུན་རྟོག་ཐམས་ཅད་སྤངས་ནས་ནི། །བདེ་བ་ཀུན་གྱི་གཞི་ཡི་མཆོག །ཤེས་དང་ཤེས་བྱ་རྣམ་པར་སྤངས། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །དེ་ལས་འཁོར་ལོ་གསུམ་དབྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ནི་སྟོང་དུ་རབ་ཕྱེ་བ། །སོ་སོར་འཕྲོས་པའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། །རླུང་དང་མཁྲིས་པ་བད་ཀན་ནི། །ཁམས་གསུམ་གྱི་ནི་དབྱེ་བ་ཡིས། །སྟོང་ཕྲག་ཉི་ཤུ་རྩ་བཞིར་ནི། །འཁོར་ལོ་འཁོར་ལོའི་དབྱེ་བ་ཡིས། །རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནི། །ངེས་པའི་མན་ངག་རྗེས་འབྲངས་ནས། །ཕྱག་རྒྱའི་རྣལ་འབྱོར་དེ་ཉིད་མཆོག །ལྷ་ཡི་རིམ་པའི་མཚན་ཉིད་ནི། །རྩ་ནི་སོ་སོར་དབྱེ་བ་ཡིས། །བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ལས་ཡང་ནི་སྡོམ་སྦྱོར་བར། །སོང་ནས་ཕན་ཚུན་ཀུན་ནས་བརྟེན། །སླར་ཡང་བདུན་ཅུ་རྩ་གཉིས་འགྲོ། །བདེ་ཆེན་འཁོར་ལོ་རྩ་ཡི་གནས། །རྩ་ནི་སུམ་ཅུ་རྩ་གཉིས་ལས། །དེ་ཡང་འཁོར་ལོ་སྡོམ་པར་འགྱུར། །འཁོར་ལོ་རེ་རེའི་གཙོ་བོའི་རྩ། །བརྒྱད་བརྒྱད་དུ་ནི་འགྱུར་བར་གསལ། །རྣལ་འབྱོར་ལུས་ཀྱི་རྩ་མཆོག་ཅེས། །རྨད་བྱུང་སུམ་ཅུ་རྩ་གཉིས་ནི། །ཡི་གེ་སུམ་ཅུ་གཉིས་དབྱེ་བས། །རྟག་ཏུ་རྣལ་འབྱོར་གཙོ་བོས་ཐོབ། །ཕུང་པོ་ཁམས་དང་དོན་ཡུལ་ཉིད། །དབང་པོའི་སྒོ་ནི་སྲུང་བའོ། །སུམ་ཅུ་རྩ་གཉིས་དབྱེ་བདག་ཉིད། །གསལ་བ་ཡི་ནི་དཀྱིལ་འཁོར་མཆོག །ལུས་ཀྱི་གཞལ་ཡས་ཁང་དུ་ཡང་། །དེ་ཉིད་ཀྱི་ནི་ནང་བཞུགས་པ། །དེ་བཞིན་གཤེགས་དང་ལྷ་མོ་དང་། །གཟུགས་ལ་སོགས་དང་རྒྱལ་སྲས་རྣམས། །ཁྲོ་བོ་བཅུ་ཞེས་བྱ་བ་ཡི། །དེ་ཉིད་མཆོག་ནི་ཡང་དག་བཞུགས། །སླར་ཡང་ཁྲོ་བོ་རྒྱལ་སྲས་ལ། །ནང་དུ་མི་སྣང་བར་ནི་འགྲོ། །རྒྱལ་སྲས་རྣམས་ནི་གཟུགས་ལ་སོགས། །ལྷ་མོ་རྣམས་ལ་བསྡུས་ནས་ནི། །དེ་རྣམས་ཀྱང་ནི་


DKG081_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ས་སོགས་འགྲོ། །དེ་དག་དེ་བཞིན་གཤེགས་ལྔ་ལ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལ། །དེ་དག་ལ་ཡང་བསྡུས་ནས་འགྲོ། །དེ་ཁོ་ན་ཉིད་བདེ་གཅིག་པུ། །དེ་ལ་ཡང་ནི་ཐིམ་ནས་འགྲོ། །གཟུང་དང་འཛིན་པ་རྣམས་ལས་གྲོལ། །བདེ་བ་ཀུན་རྟེན་པ་ཡི་མཆོག །དེ་ཡང་ཉམས་མྱོང་ཙམ་ལས་སླར། །དེ་ནི་ཡི་གེ་ཙམ་ལ་ཐིམ། །ཡི་གེ་ཙམ་ནི་ཐིག་ལེར་ཐིམ། །ཐིག་ལེ་ཡང་ནི་སྒྲ་ལ་ཐིམ། །སྒྲ་ཡང་སྒྲ་ཙམ་ལ་ནི་ཐིམ། །སྒྲ་ཙམ་འོད་གསལ་བ་ལའོ། །འོད་གསལ་གོ་འཕང་ཡང་དག་པར། །སྤྲོ་དང་བསྡུ་བའི་མཚན་ཉིད་དོ། །རྣམ་པར་ཤེས་དང་ཆོས་དབྱིངས་དང་། །དོན་དམ་པ་དང་བདེ་བ་ཆེ། །གཟུང་དང་འཛིན་པ་ལས་གྲོལ་བ། །བྱང་ཆུབ་སེམས་ནི་དྲི་མ་མེད། །རྡོ་རྗེ་སེམས་དཔའི་ཞི་བ་ཆེ། །གཉིས་མེད་ཡེ་ཤེས་རྨད་དུ་བྱུང་། །དབང་བསྐུར་བཞི་པ་བདེ་བ་དང་། །བཞི་བའི་དགའ་བ་གོ་འཕང་མཆོག །དེ་ལ་སོགས་མིང་བྱེ་བྲག་གིས། །གོ་འཕང་མཆོག་ནི་གསུངས་པ་ཡིན། །སྤྲོ་དང་བསྡུ་བའི་དབྱེ་བ་ཡིས། །རིམ་པ་ཇི་ལྟ་བ་བཞིན་དུ། །དེ་ལྟར་བསྐྱེད་དང་རྫོགས་པ་ཡི། །རིམ་དོན་བླ་མ་བརྒྱུད་ལས་ཤེས། །ཞི་བ་གཉིས་མེད་མཚན་ཉིད་ཅན། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྣལ་འབྱོར་པའི་ལུས་ཀྱི་རྩ་བསྡུས་པའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །སྣ་ཚོགས་ལ་སོགས་སྐད་ཅིག་བདག །ཡང་དག་གཞུང་ལུགས་མཚན་ཉིད་ནི། །དེ་ཉིད་ཇི་ལྟ་བ་བཞིན་ཉོན། །རྣམ་པ་སྣ་ཚོགས་རྣམ་པར་སྨིན། །རྣམ་པར་འཇོམས་དང་མཚན་ཉིད་བྲལ། །སྐད་ཅིག་མ་ནི་བཞི་ཞེས་གསུངས། །རྣམ་པར་ཕྱེ་ནས་སླར་བཤད་བྱ། །རྣམ་པ་སྣ་ཚོགས་མངོན་པར་འདོད། །དེ་ཡི་སྐད་ཅིག་དབྱེ་བར་བྱ། །ཨ་ལིད་ག་ན་དང་། ཙུམྦ་ན་དང་། ཙུ་མ་ཤ་ན་དང་། ཀུ་ཙ་གྲ་ཧ་དང་། བུ་ལ་ཏྲ་ཏྲ་ཧ་ན་དང་། ད་ཤ་ན་དང་། ཁ་ད་ན་དང་། དོ་ལ་དང་། པུ་ཙི་ཙི་དང་། ཀུར་པ་ལ་སོགས་པའི་ཀ་ར་ན་དང་། །རྣམ་པ་སྣ་ཚོགས་སྐད་ཅིག་གོ། །ན་ལི་སྟོང་ཕྲག་བདུན་ཅུ་གཉིས། །ལུས་ནི་བདེ་བ་རྒྱས་


DKG081_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན།མགྲིན་པ་དག་ཏུ་གང་ཕྱིན་པ། །རྣམ་སྨིན་ཞེས་བྱ་སྐད་ཅིག་གོ། །ལྷན་ཅིག་སྐྱེས་བའི་ཡེ་ཤེས་ནི། །རྡོ་རྗེ་ཕྲེང་བའི་མཚན་ཉིད་ཅན། །ཐམས་ཅད་མངོན་པར་བྱང་ཆུབ་པའི། །རྣམ་པ་མེད་པའི་སྐད་ཅིག་གོ། །ན་ལི་ལས་བྱུང་ཤུ་ཀྲ་འདས། །རྣམ་པ་དང་བྲལ་སྐད་ཅིག་གོ། །ཡེ་ཤེས་བཞི་དང་སྟོང་བ་བཞི། །སྐད་ཅིག་མ་ནི་བཞི་ལས་རྟོགས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྐད་ཅིག་མའི་མཚན་ཉིད་རྒྱས་པར་བཤད་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དགའ་བ་བཞི་ཡི་མཚན་ཉིད་ནི། ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །ཇི་ལྟ་བ་ཡི་རིམ་པ་ཡི། །དགའ་བའི་བདེ་བ་དང་པོ་སྟེ། །མཆོག་ཏུ་དགའ་བ་གཉིས་པ་དང་། །དགའ་བྲལ་ཞེས་པ་གསུམ་པ་དང་། །བཞི་པ་ལྷན་ཅིག་སྐྱེས་པར་བཤད། །སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་བཟློག་རིམ་པ་ཞེས་ནི་གསུངས། །དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །བལྟ་དང་དགུག་དང་དེ་བཞིན་བརྡ། །ཁ་ལ་ཙུམྦ་བྱེད་པ་ཡི། །དགའ་བ་ཉམས་སུ་མྱོང་བར་ཤེས། །རྣམ་པ་སྣ་ཚོགས་མཚན་ཉིད་དོ། །རྣལ་འབྱོར་རྣལ་འབྱོར་མ་མཆོག་ཏུ། །དེ་བཞིན་སྐྲ་ལ་འཛིན་པ་དང་། །རྡོ་རྗེ་པདྨར་བཞག་ནས་ནི། །ཉམས་མྱོང་ས་ནི་སྐད་ཅིག་མཆོག །རྣམ་སྨིན་ཞེས་བྱ་སྐད་ཅིག་ཉིད། །དེ་ཉིད་རྒྱུར་ནི་རྣམ་པར་ཤེས། །རྩ་ཡི་དབུས་ན་རབ་གསལ་གནས། །གཏུམ་མོ་ཡང་ནི་རྣམ་རྟོག་འཇོམས། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །མཆོག་གི་ཆ་ནི་ཞུ་བར་བྱེད། །བྲལ་དགའི་གནས་སུ་མྱོང་བ་ནི། །རྣམ་རྟོག་སྐད་ཅིག་མཚན་ཉིད་དོ། །དེ་ལ་རོ་གཅིག་རང་བཞིན་ནི། །རྩ་ནི་གཅིག་གི་རྒྱུན་ལ་རྟེན། །བདེ་བ་ཆེན་པོའི་གོ་འཕང་ཞི། །ལྷན་ཅིག་


DKG081_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་མཚན་ཉིད་ནི། །རྣམ་པ་སྣ་ཚོགས་སྐད་ཅིག་གསུངས། །སྟོང་ཉིད་ཀུན་གྱི་གཞི་ཡི་མཆོག །ཆོས་ཀྱི་འཁོར་ལོ་དེ་ལས་སྟེང་། །རྣལ་འབྱོར་པ་ཡིས་བསྒྲུབ་བྱ་བ། །ཉམས་སུ་མྱོང་བ་མཆོག་དགའ་སྟེ། །རྣམ་སྨིན་སྐད་ཅིག་མཚན་ཉིད་དོ། །ལོངས་སྤྱོད་འཁོར་ལོ་དེ་ལས་ནི། །སྟེང་དུ་བྱེད་པའི་སྐད་ཅིག་ལ། །ཉམས་མྱོང་བྲལ་བའི་དགའ་བ་ནི། །རྣམ་འཇོམས་མཚན་ཉིད་སྐད་ཅིག་གོ། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །དེ་ཐོབ་མཚན་ཉིད་སྐད་ཅིག་མ། །ལྷན་ཅིག་སྐྱེས་དགའི་ཉམས་མྱོང་བ། །མཚན་ཉིད་དང་བྲལ་སྐད་ཅིག་གོ། །རྩ་གསུམ་ཀུན་གྱི་ནམ་མཁའ་ཆེ། །རྣལ་འབྱོར་མ་ཚོགས་ཡང་དག་གཟུགས། །དེ་ལས་རབ་སད་ཉམས་མྱོང་བ། །མཚན་ཉིད་གཅིག་པར་རོ་མཚུངས་པ། །རྣལ་འབྱོར་ཆེན་པོས་ཉམས་སུ་མྱོང་། །སླར་ཡང་མཚན་ཉིད་མེད་པར་འགྲོ། །རབ་ཏུ་སད་པ་ཉམས་སུ་མྱོང་། །སྟོང་ཕྲག་བཅུ་དྲུག་བདག་ཉིད་དོ། །བདེ་ཆེན་གོ་འཕང་མི་ཕྱེད་པ། །གཉིས་མེད་རྡོ་རྗེ་སེམས་དཔའི་གནས། །དེ་ལྟར་འདི་ནི་དགའ་དབྱེ་བ། །གཞན་དུ་གསལ་བར་མ་གསུངས་སོ། །རྣལ་འབྱོར་མ་ཡི་བཀའ་དྲིན་གྱིས། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དགའ་བའི་མཚན་ཉིད་རྣམ་པར་དབྱེ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཐིག་ལེ་གསུམ་ནི་བླ་ན་མེད། །གང་གིས་ཤེས་པ་ཙམ་གྱིས་ནི། །རྣལ་འབྱོར་པ་ཡི་དངོས་གྲུབ་འགྱུར། །རྩ་རྣམས་ཀུན་དུ་འབབ་པ་དང་། །བྱང་ཆུབ་སེམས་ནི་ཞུ་བྱས་པ། །རྡོ་རྗེ་འམ་ནི་པདྨའི་རྩེ། །རླུང་ནི་བཟུང་བའི་སྐད་ཅིག་ལ། །རྐན་དགུག་པ་ཡི་སྦྱོར་བ་དང་། །ཀྵྨི་གྱི་སྔགས་ཀྱི་སྦྱོར་བ་ཡིས། །རྣལ་འབྱོར་མཆོག་ནི་ཐོབ་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་མཆོག །ཆོས་ཀྱི་འཁོར་ལོ་དེ་ཉིད་མཆོག །སྙིང་གའི་པདྨའི་ལྟེ་བ་ལ། །དབུས་སུ་ཧཱུྃ་ནི་བཀོད་ནས་ནི། །ཐམས་ཅད་སྟོང་པའི་མཚན་ཉིད་ནི། །དངོས་དང་དངོས་མེད་རྣམ་པར་གྲོལ། །དེ་ཁོ་ན་ཉིད་ལུས་སྐྱོབ་པ། །ཕྱོགས་ཡུལ་


DKG081_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དང་རྣམ་པར་གྲོལ། །སྟེང་དང་འོག་ནི་རྣམ་པར་སྤངས། །སེམས་བྲལ་རང་གི་ངོ་བོར་གནས། །ངག་གི་དྲ་བ་ཡོངས་སུ་སྤངས། །རྒྱུད་དང་མཚན་མ་དང་བྲལ་ཞིང་། །རྟོག་པའི་སྤྱོད་ཡུལ་རྣམས་དང་བྲལ། །གཉིས་པ་ཀུན་ལས་རྣམ་པར་གྲོལ། །མཆོག་ཏུ་རྟག་ཅིང་ཞི་བའོ། །རླུང་གི་ཐིག་ལེ་རྣལ་འབྱོར་མཆོག །ཁ་དོག་ལྔ་པ་གསལ་བ་ཆེ། །སྣ་རྩེར་སྦྱོར་བའི་རྣལ་འབྱོར་གྱིས། །ཀུན་ནས་ཀྱང་ནི་བསྒོམ་པར་བྱ། །ཡི་གེ་ཨོྃ་ནི་སྔགས་ཀྱི་མཆོག །རྣལ་འབྱོར་བ་ཡིས་བཟླ་བར་བྱ། །སྔ་མ་བཞིན་དུ་ཡེ་ཤེས་ལྔ། །ཞི་བ་ལ་སོགས་དེ་བཞིན་བསྒྲུབ། །བག་ཆགས་རིམ་པའི་མཚན་ཉིད་ནི། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །རྩ་ནི་གསུམ་པོ་འདི་ནི་མཆོག །བསྡུས་ནས་སླར་ཡང་དབྱེ་བ་ནི། །ཕན་ཚུན་དུ་ནི་སོ་སོར་འགྲོ། །རྫས་ཀྱི་ཐིག་ལེ་ཁོང་ཆུད་པ། །ཐིག་ལེ་གཉིས་ཏེ་སྔགས་དང་རླུང་། །སྔགས་ཀྱི་ཐིག་ལེ་དེ་ཉིད་མཆོག །ཐིག་ལེ་གཉིས་ནི་འོད་དང་རྫས། །སླར་ཡང་རླུང་གི་ཐིག་ལེ་ཡང་། །ཐིག་ལེ་གཉིས་ཀྱི་ནང་དུ་འགྲོ། །སྔགས་དང་རྫས་ཀྱི་བདག་ཉིད་ཅན། །རྣལ་འབྱོར་པ་ཡིས་ཡང་དག་ཤེས། །ཟླ་བ་ཉི་མ་མེ་ཡི་རྩ། །གསུམ་ཞེས་བྱ་བའི་མཚན་ཉིད་དོ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་ཞེས་བྱའི་མིང་། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང་། །དེ་ཉིད་དུ་ནི་ཡོངས་སུ་གྲགས། །སྟེང་དང་འོག་ཏུ་ཁྱབ་པ་ཉིད། །སོ་སོར་ལུ་གུ་རྒྱུད་ཚུལ་དུ། །རྩ་རྣམས་ཀུན་ལ་ཁྱབ་ནས་ནི། །ཡང་དག་མན་ངག་རིམ་པས་གནས། །དེ་ལྟར་རྣལ་འབྱོར་མཆོག་ཏུ་ཕྲ། །ཤེས་དང་ཤེས་བྱ་རྣམ་པར་སྤངས། །དངོས་གྲུབ་ཐམས་ཅད་ཀྱི་ནི་གཞི། །རྣལ་འབྱོར་ཆེན་པོའི་རྨད་བྱུང་ཆེ། །གསོ་སྦྱོང་གིས་མིན་བཟླས་པས་མིན། །ཕྲེང་བས་མ་ཡིན་འགོག་པས་མིན། །གྲངས་མིན་དུས་མིན་སྦྱིན་སྲེག་མིན། །འབྱིན་བྱེད་འགོགས་བྱེད་ཀྱིས་ནི་མིན། །ཡེ་ཤེས་ཆེན་པོའི་གོ་འཕང་ཞི། །རྣལ་འབྱོར་གཅིག་བུས་རྟོགས་པར་བྱེད། །མངོན་པར་ཤེས་པ་ལྔ་དང་ནི། །དེ་བཞིན་ཡེ་ཤེས་ལྔ་ཡི་མཆོག །ཐིག་ལེ་གསུམ་ནི་རྣམ་སྒོམ་པ། །ཞི་སོགས་བྱ་བ་ཡང་དག་ནི། །རྣལ་འབྱོར་


DKG081_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གིས་འགྲུབ་པར་འགྱུར། །སྟོང་ཉིད་ཡེ་ཤེས་མཚན་ཉིད་ནི། །ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས། །དམ་ཚིག་སེམས་དཔའ་ཞེས་བྱ་གསུངས། །གནས་དང་གྲངས་ཀྱི་དབྱེ་བ་ཡིས། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཐིག་ལེ་གསུམ་རྣམ་པར་དབྱེ་བའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་གཞན་ཡང་དེ་ཉིད་ཉོན། །དེ་ཉིད་གསུམ་གྱི་གོ་འཕང་མཆོག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྙིང་པོ་བདག་ཉིད་དམ་ཚིག་ནི། །ཡི་གེ་གསུམ་ནི་སྐུ་གསུང་ཐུགས། །སྙིང་པོ་ཡང་ནི་བཤད་པར་བྱ། །དེ་ནི་རྣམ་ཕྱེ་ཁྱོད་ཉོན་ཅིག །དེ་ནི་ཇི་ལྟ་བ་བཞིན་བཤད། །ཨོྃ་ནི་སྐུ་ཡི་རྡོ་རྗེ་ཡི། །སྙིང་པོ་རུ་ནི་ཡང་དག་བཤད། །ཡི་གེ་ཨ་དང་ཡི་གེ་ཨུ། །ཡི་གེ་མ་ཞེས་བྱ་བ་གསུམ། །ཨཱཿནི་ཆོས་འཁོར་པདྨ་ལ། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །སྒྲིབ་མེད་པ་ཡི་རླུང་ཆེན་པོ། །སྲོག་ཏུ་གསུངས་པ་ཐམས་ཅད་བསྡུས། །ཆ་མེད་ཆ་དང་བྲལ་བ་དང་། །དངོས་པོ་དངོས་མེད་དབུས་ན་གནས། །ཐིག་ལེ་འཁོར་ལོའི་ཆ་ལ་ཁྱབ། །ནམ་མཁའི་ཁམས་ཀྱི་ཡི་གེ་མཆོག །སྔགས་རྣམས་ཀུན་གྱི་དོན་གྱི་གནས། །སྔགས་རྣམས་ཐམས་ཅད་རབ་སད་བྱེད། །སྔགས་རྣམས་ཀུན་གྱི་ཕན་བྱེད་ཅིང་། །ངག་གི་འཁོར་ལོ་རབ་སད་བྱེད། །དངོས་སུ་ལན་གསུམ་གྱི་ནི་གཞི། །འབྱུང་བ་ཐམས་ཅད་དབང་དུ་བྱེད། །ཟད་མེད་འཕེལ་བ་མེད་པའི་གནས། །བྱང་ཆུབ་ས་བོན་བདེ་བ་ཆེ། །གཟུགས་མེད་ཁམས་སུ་ཡང་དག་བཤད། །འཁོར་ལོ་བཞི་ཡི་དོན་བསྡུས་པའོ། །ཨུ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡི། །མགྲིན་པའི་མཐའ་ནས་སྤྱི་གཙུག་མཐའ། །ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། །གཟུགས་ཀྱི་ཁམས་ཞེས་བྱ་བར་ཤེས། །གནས་རིས་བཅུ་བདུན་བདག་ཉིད་ཅན། །བདེ་ཆེན་འཁོར་ལོ་ཞེས་བྱར་བཤད། །ཡི་གེ་མ་ནི་ཐིག་ལེ་ཙམ། །གདོང་ཚད་མཐའ་ཡི་སོར་བཞི་ཙམ། །དགའ་བའི་གཙུག་ཏོར་གནས་ན་གནས། །ཟླ་བའི་གཟུགས་དང་འདྲ་བ་ཡི། །བདེ་བ་ཆེན་


DKG081_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་གོ་འཕང་ཞི། །རྩ་ནི་ཀུན་ལ་ཁྱབ་པ་པོ། །མི་ཕྱེད་ལུས་ཀྱི་གོ་འཕང་ནི། །འདོད་པའི་ཁམས་ཞེས་བཤད་པ་ཡིན། །བསྡུས་ན་གནས་རིས་ཉི་ཤུའོ། །དེ་ལྟར་རླུང་ནི་གནས་གསུམ་གྱི། །རྩ་གསུམ་གྱི་ནི་གནས་སུ་འདུས། །ཡི་གེ་ཨོྃ་གྱི་བརྡ་ཤེས་ན། །ཁམས་གསུམ་རྣམ་པར་སད་པར་བྱེད། །རྣམ་པར་སྣང་མཛད་འགྲོ་བའི་གཟུགས། །སྤྲོ་བའི་བདག་ཉིད་ཅན་གྱི་རྒྱུ། །རྣམ་པར་རྟོག་པའི་རླུང་གཉིས་ནི། །སྣ་ཡི་བུ་ག་ནས་ནི་བྱུང་། །ཡང་དག་ཉི་མ་ཟླ་བ་གཉིས། །སྦས་པ་ནང་ནས་རྒྱུ་བར་བྱེད། །མེ་ནི་འབར་བ་རྩེ་མོ་ལ། །སྨིན་མའི་དབུས་སུ་སྲོག་གི་རླུང་། །དེ་ལྟར་གཅིག་པུའང་གསུམ་དུ་བཤད། །གཏན་ལ་ཕབ་སྟེ་དེ་ཉིད་གསུམ། །ཞི་བ་ཁམས་གསུམ་ལ་ཁྱབ་པ། །སྐྱེ་བའི་ས་བོན་རྒྱས་པའོ། །ཡི་གེ་ཨ་ནི་ཡེ་ཤེས་མཆོག །གསུང་གི་རྡོ་རྗེ་སྙིང་པོ་མཆོག །ཨ་ནི་གཉིས་དང་ཡི་གེ་ཧྃ། །རིང་པོར་བྱས་ཏེ་དབྱེ་བ་གསུམ། །ཆོས་ཀྱི་དབྱིངས་ཀྱི་དོན་བསྡུས་པ། །ཡི་གེ་ཨཱཿནི་སྔར་བཤད་ཟིན། །གཉིས་པ་ཡང་ནི་སྲོག་གི་རླུང་། །སྟོང་ཉིད་ཡེ་ཤེས་མིང་ཅན་ཏེ། །སྲོག་དང་རྩོལ་བ་གཉིས་སུ་རིགས། །ཡུལ་དང་དབང་པོ་བསྡུས་པའོ། །ཀུན་གཞི་དང་ནི་ཉོན་མོངས་ཡིད། །གཟུང་དང་འཛིན་པའི་ངོ་བོ་ཉིད། །ངོ་བོ་གཅིག་ཏུ་གྱུར་ནས་ནི། །གསུང་གི་རྡོ་རྗེ་བརྗོད་པའི་མཆོག །ཨཱཿནི་ཆོས་འཁོར་པདྨ་ལས། །མགྲིན་པར་ཡི་གེ་ཨཱཿཉིད་འགྱུར། །སྲོག་ཉིད་དང་ནི་ཐུར་སེལ་དང་། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པ་བཅིངས། །ཨ་ཧྃ་ཁ་ནས་གསལ་བར་བརྗོད། །རོ་འབབ་པ་ཡི་ཁྲུང་ཁྲུང་ནི། །རོ་སྐྱུར་པ་ཞེས་བྱ་བར་གསུངས། །བཀུག་ནས་རྟག་ཏུ་ཁྱབ་པར་བྱེད། །གཟུགས་ཀྱི་ཁམས་ནི་འབར་བའོ། །ཧ་དང་དེ་བཞིན་ཡི་གེ་ཨཱུ། །དེ་ནི་ཡི་གེ་མ་དང་གསུམ། །རྐང་པ་ནས་ནི་མགོ་མཐའི་བར། །འཁོར་ལོ་བཞི་ཡི་དོན་བསྡུས་པ། །ཧ་ནི་ཐུར་སེལ་མིང་ཅན་རླུང་། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨུ་ནི་ཁྱབ་བྱེད་རླུང་། །མགྲིན་པ་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བ་རླུང་གི་འཁོར་ལོ་


DKG081_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དེ་དག་གཅིག་གྱུར་སྙིང་ག་ནས། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །མི་བསྐྱོད་སྙིང་པོ་ཁ་དོག་གནག །གཟུགས་མེད་ཁམས་ཀྱི་མིང་ཅན་ནོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྙིང་པོ་གསུམ་དུ་རབ་ཏུ་བཤད། །ལག་ན་རྡོ་རྗེས་ཐལ་སྦྱར་ནས། །སླར་ཡང་ཐམས་ཅད་མཁྱེན་ལ་ཞུས། །རྡོ་རྗེ་གསུམ་གྱི་སྔགས་དོན་དང་། །གནས་ཀྱི་དབྱེ་བ་འཚལ་ལགས་ན། །འདི་རྣམས་དབུས་ན་བདག་པོ་གང་། །ཇི་ལྟ་བུ་ཞིག་གཙོ་བོས་གསུངས། །གཙོ་བོ་རྡོ་རྗེ་འཆང་བ་ཆེ། །བཅོམ་ལྡན་འདས་ཀྱིས་སླར་གསུངས་པ། །གསང་བའི་མཆོག་ཏུ་གསུངས་པ་ཡི། །སྦས་པའི་དོན་ནི་ཁྱོད་འདྲི་བ། །རྒྱུད་རྣམས་ཀུན་དུ་མ་གསུངས་པ། །རབ་ཏུ་བཤད་ཀྱིས་མཉན་པར་གྱིས། །ཐུགས་ཀྱི་ས་བོན་བདག་པོ་སྟེ། །ཀུན་གྱི་ནང་ན་རྣམ་རྟོག་མེད། །གང་ཕྱིར་གཙོ་བོས་གཞན་རྣམས་ནི། །སྒྲིབ་དང་དེ་བཞིན་འཕྲོག་པ་དང་། །རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །སྣ་ཡི་བུ་ག་ལས་ནི་རྒྱུ། །ལུས་ལ་རྟག་ཏུ་འབྱུང་བར་བྱེད། །འགྲོ་བ་དྲུག་གི་འཁོར་ལོའི་ལམ། །གང་གི་སྟོབས་ཀྱིས་ཁྱབ་པར་བྱེད། །གསུམ་པ་རྣལ་འབྱོར་པ་ཡིས་རྟོགས། །རྣམ་རྟོག་མེད་པར་རྨད་བྱུང་ཆེ། །རླུང་རྣམས་ཐམས་ཅད་འགགས་པས་ན། །སྐྱེས་པ་དེ་ཉིད་རྟོགས་པའོ། །རླུང་ནི་ཐམས་ཅད་འགོག་པ་ཡང་། །ཡང་དག་རིགས་པར་ང་ཡིས་བཤད། །སྤྲུལ་པའི་ཆོས་ཀྱི་འཁོར་ལོའི་དབུས། །རྒྱུད་འདི་པདྨ་གཉིས་སུ་གསུངས། །དྲུག་ཅུ་རྩ་བཞི་བརྒྱད་འདབ་གཉིས། །སྟེང་དང་འོག་ཏུ་ཁ་བལྟས་ནས། །སླར་ཡང་ཁ་སྦྱོར་ཚུལ་དུ་གནས། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །དེ་ཉིད་རྟོག་པ་དང་བཅས་པ། །རླུང་གཉིས་སུ་ནི་གསལ་བར་གསུངས། །སྐུ་དང་གསུང་གི་སྙིང་པོ་གཉིས། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་མཆོག་གི་གནས། །དེ་གཉིས་དབུས་ན་མཆོག་གི་མཆོག །རྣམ་རྟོག་མེད་བ་རླུང་གི་རླུང་། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །རྣམ་རྟོག་གང་ཐོབ་རྟག་ཏུ་ནི། །ལས་ཀུན་བྱེད་ཅིང་མཁས་པར་འགྱུར། །རླུང་གི་རང་བཞིན་བྱེ་བྲག་ནི། །བརྒྱ་དང་བརྒྱད་ལས་གང་རྒྱལ་བ། །


DKG081_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀུན་དུ་ནི་འཕེལ་བར་རིགས། །རྣལ་འབྱོར་བྱིས་པས་མི་ཤེས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །དེ་ཡིས་ཐོབ་པར་རྒྱུད་འདིར་གསུངས། །དེ་ནི་གང་ཚེ་སྐད་ཅིག་ཐོབ། །དེ་ནི་སྐད་ཅིག་མཆོག་ཏུ་གསུངས། །དེ་ཡང་ཇི་ལྟར་ཐོབ་པར་བྱེད། །དེ་ལ་རིགས་པ་རུ་ནི་བརྗོད། །ཐོག་མར་རྣལ་འབྱོར་པ་ཆེན་པོ། །བློ་བཟང་གིས་ནི་ཞི་གནས་བསྒོམ། །བསྐྱེད་པའི་རིམ་པའི་སྦྱོར་བ་ཡིས། །ཁྲོ་བོའི་ཕྱག་རྒྱ་བྱས་ནས་ཀྱང་། །དབང་པོ་ཡི་ནི་སྒོ་དགུ་ལ། །ཐམས་ཅད་དུ་ནི་ཀུན་རྫོབ་པ། །ཧཱུྃ་བཟླས་པ་ནི་མཚུངས་པ་མེད། །མཆོག་ཏུ་རྒྱུན་མི་འཆད་པར་ནི། །ཟླ་བ་གཅིག་ཏུ་བཟླས་བྱས་ན། །དེ་རྗེས་སྐད་ཅིག་དེ་ལ་ཐོབ། །གང་ཕྱིར་དེ་ནི་བཟླས་བྱས་ན། །སྙིང་གའི་པདྨའང་སྟེང་བལྟས་འགྲོ། །དེ་ནས་གསང་བའི་པདྨ་ལས། །ཁ་སྦྱོར་བ་ནི་དེ་བས་ཀྱང་། །རྣམ་པར་རྟོག་པའི་རླུང་གཉིས་ནི། །དེ་ལས་རྣམ་པར་བཅས་ནས་འགྲོ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །སྐུ་གསུང་རྡོ་རྗེ་བཅད་ནས་ནི། །རྣམ་རྟོག་མེད་པའི་བདེ་བ་སྟེར། །སྔགས་ཀྱི་དེ་ཉིད་ཀྱིས་ནི་འཐོབ། །ཨ་བ་དྷཱུ་ཏཱིའི་རྒྱུན་ལ་གནས། །སྨིན་དབུས་རླུང་ནི་བཅད་བྱས་པ། །དེ་ཐོབ་ཐོབ་བྱས་དགའ་བ་ནི། །རྒྱུན་དུ་འཆང་ཞིང་མི་བཟད་པ། །ཆགས་སོགས་བྲལ་ཞིང་ཞི་བ་དང་། །རང་རིག་བདེ་བ་ཆེན་པོའོ། །འདིར་ནི་རྒྱུ་མཚན་བཤད་པར་བྱ། །སྔགས་གྲུབ་པ་ཡི་རྣལ་འབྱོར་པས། །འདར་དང་རྡུལ་དང་བ་སྤུ་ལངས། །རྟག་ཏུ་དགའ་བའི་བསམ་པ་དང་། །གདོང་ནི་ཟངས་མདོག་ཡིད་དུ་འོང་། །ཀུན་གྱིས་མཐོང་དང་དགའ་བ་དང་། །གྲངས་ལྷག་ཆད་པ་ལ་སོགས་དང་། །འཇིག་རྟེན་ཆོས་དང་དེ་བཞིན་གནས། །རྣལ་འབྱོར་སྔགས་ཀྱི་དེ་ཉིད་ནི། །གནོད་པ་ཉིད་དུ་མི་འགྱུར་རོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྐུ་གསུམ་གྱི་སྙིང་པོ་བཤད་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །དེ་ཉིད་གསུམ་གྱི་ཚིག་བསྟན་བྱ། །བདག་ཉིད་སྔགས་སོགས་བྱེད་པ་ཡིས། །ཇི་ལྟ་བ་བཞིན་རིམ་པ་རྣམས། །བདག་གི་དེ་ཉིད་རྣལ་འབྱོར་མཆོག །རྡོ་རྗེ་སེམས་དཔའ་ཉིད་ཀྱི་རྒྱུ། །སངས་རྒྱས་ཀུན་གྱི་རང་བཞིན་བདག །སངས་རྒྱས་ཀུན་གྱི་སྐུ་གཅིག་བུ། །


DKG081_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་མཁྱེན་གོ་འཕང་མི་གསལ་བྱེད། །རིགས་ཀྱི་དབྱེ་བས་རབ་གསལ་བྱེད། །རིགས་ནི་ལྔ་ཡི་རྣམ་པ་གང་། །དེ་ནི་ཕུང་པོའི་མཚན་ཉིད་དོ། །ཕྲ་རགས་ལ་སོགས་དབྱེ་བ་ཡིས། །ཐོགས་བཅས་ཐོགས་མེད་མཚན་ཉིད་དང་། །འབྱུང་བ་ཆེན་པོ་བཞི་ཡི་དངོས། །འདི་ནི་གཟུགས་ཀྱི་ཕུང་བོར་གསུངས། །དེར་ནི་རྣམ་སྣང་ངོ་བོ་དང་། །ཐམས་ཅད་སྤྲོ་བར་བྱེད་པའི་རྒྱུ། །བདེ་དང་སྡུག་བསྔལ་མཆོག་ཏུ་ཞི། །གྲང་དང་དྲོ་བ་མཆོག་གི་མཆོག །གང་གིས་ཤིན་ཏུ་རིག་པ་ནི། །དེ་ནི་ཚོར་བའི་ཕུང་པོར་བཤད། །རིན་ཆེན་འབྱུང་ལྡན་ཉིད་ཀྱི་མཚན། །དེ་བཞིན་གཤེགས་པའི་སྤྲོས་བདག་ཉིད། །གླང་པོ་བོང་བུ་ཅེ་སྤྱང་དང་། །རྟ་དང་རི་དགས་དང་ནི་ཕག །ཕ་དང་མ་དང་ཕ་ཡི་སྤུན། །མཛའ་པོ་སྣག་གི་གཉེན་ཚན་སོགས། །གང་གིས་ཡང་དག་ཤེས་པ་ནི། །འདུ་ཤེས་ཕུང་པོའི་མཚན་ཉིད་ནི། །དེ་བཞིན་གཤེགས་པ་འོད་དཔག་མེད། །དེ་ནི་སྤྲོས་པ་ཀུན་ནས་གསལ། །འགྲོ་བ་ཁྱབ་པར་ཡོངས་སུ་ཤེས། །དགེ་དང་མི་དགེའི་ལས་འབྲས་བུ། །གཞན་ཡང་ལུང་དུ་མ་བསྟན་མིན། །དེ་ཡི་འདུ་བྱེད་དུ་ནི་བཤད། །དོན་ཡོད་སྤྲོ་བའི་རང་བཞིན་ཅན། །འཁོར་བ་དངོས་དང་དངོས་མེད་སོགས། །ཀུན་རྟོག་འབྱུང་བའི་བདག་ཉིད་ཅན། །རྣམ་ཤེས་ཞེས་ནི་རྣམ་པར་ཤེས། །མི་བསྐྱོད་སྤྲོ་བའི་བདག་ཉིད་ཅན། །དེ་ལྟར་ཕུང་པོ་ཡོངས་ཤེས་ན། །ལུང་དང་རིགས་པའི་ཤེས་པ་སྐྱེ། །ཛི་ན་ཛི་ཀ་དང་རཏྣ་དྷྲྀཀ །ཨཱ་རོ་ལི་ཀ་དང་པཱཛྙཱ་དྷྲྀཀ །བཛྲ་དྷྲྀ་ཀ་ཅེས་བྱ་བའི་སྔགས། །ཅི་རིགས་པར་ནི་རིམ་བཞིན་ཤེས། །སྤྱན་ལ་སོགས་པ་བཞི་པོ་གང་། །དེ་ནི་ཁམས་གསུམ་ཡོངས་སུ་བརྟག །སྲ་བ་ལ་སོགས་བཞིར་ཕྱེ་བས། །ས་ཡི་ཁམས་སུ་ཡོངས་སུ་བརྟག །གཏི་མུག་དགའ་བར་མངོན་པར་བརྗོད། །དེ་ཡི་སྤྱན་དུ་ཡོངས་སུ་གྲགས། །ཞུ་བ་ཅི་མཆི་ཁུ་བ་སོགས། །རྫས་ཀྱི་བྱེ་བྲག་ཡང་དག་བསྟེན། །ཆུ་ཡི་ཁམས་སུ་རྣམ་པར་ཤེས། །མཱ་མ་ཀཱི་ཡི་བདག་ཉིད་ཅན། །དྲོ་བ་བཟའ་བཏུང་སྨིན་པ་དང་། །གཟི་བརྗིད་འཕྲོ་བ་ཉིད་ཐམས་ཅད། །མེ་ཡི་ཁམས་སུ་ཤེས་པར་བྱ། །


DKG081_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དཀར་སྤྲོ་བའི་བདག་ཉིད་ཅན། །འབྱུང་བ་རྔུབ་པ་རབ་ཏུ་འཕེལ། །རླུང་རྣམས་ཀྱི་ནི་ཚོགས་ཀྱི་མཆོག །བརྐྱང་བ་དང་ནི་བསྐུམ་པ་དང་། །སྟེང་དང་འོག་ཏུ་བྱེད་པ་དག །དེ་ནི་རླུང་གི་ཁམས་སུ་ཤེས། །སྒྲོལ་མ་སྤྲོ་བའི་བདག་ཉིད་ཅན། །དེ་ལྟར་འབྱུང་བ་བཞི་པོ་ཡང་། །རྣལ་འབྱོར་མཆོག་ཉིད་རྣམ་པར་ཤེས། །མོ་ཧར་ཏི་དྭེ་ཥ་ར་ཏི། །རཱ་ག་ར་ཏི་བཛྲ་ར་ཏི། །དེ་ལྟར་རིམ་པས་སྔགས་རྣམས་ནི། །དེ་དག་མངོན་སུམ་ཆོ་ག་ཡིས། །གཟུགས་ལ་སོགས་པ་ཡུལ་གྱི་ཚོགས། །ལྷ་མོའི་གཟུགས་ཀྱི་མཚན་ཉིད་དུ། །རྣལ་འབྱོར་མཆོག་གིས་རྣམ་པར་ཤེས། །སྟོང་ཉིད་གཅིག་པུ་རྒྱུ་གཅིག་པུ། །སྔོ་སེར་སོགས་ཀྱི་དབྱེ་བ་དང་། །རིང་དང་ཐུང་བའི་རྣམ་པ་ཡིས། །ལྷ་མོ་དེ་གཟུགས་རྡོ་རྗེ་མ། །ཕྱི་རོལ་གཟུང་བའི་རང་བཞིན་ཅན། །འཁར་རྔ་སིལ་སྙན་སྦུབས་རོལ་མོ། །དེ་བཞིན་རྔ་སྙན་པི་བང་དང་། །བསྟོད་དང་སྨད་སོགས་སྒྲ་དག་ནི། །སྒྲ་ཡི་རྡོ་རྗེ་མ་ཞེས་བྱ། །གཟུང་བ་དང་ནི་རང་བཞིན་མཆོག །རྣམ་པར་ཤེས་པ་སད་པར་བྱེད། །དྲི་ང་བ་དང་དྲི་བཟང་དང་། །སྦྱར་བའི་དྲི་ཡི་མཆོག་རྣམས་ནི། །དྲི་རྡོ་རྗེ་མར་དེ་ཤེས་བྱ། །གཟུང་བའི་རྣམ་པར་ཆེར་དམར་བ། །རོ་དྲུག་མཆོག་ཏུ་ལྡན་པ་ནི། །ལན་ཚྭ་སྐྱུར་ལ་སོགས་དབྱེ་ཡིས། །རྡོ་རྗེ་རོ་མར་དེ་ཤེས་བྱ། །ཀུན་ཀྱང་གཟུང་བའི་རྣམ་པའོ། །མིག་སོགས་དབང་པོ་ལ་བརྟེན་པ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། །རིམ་པ་ཇི་ལྟ་བ་བཞིན་དུ། །བྱང་ཆུབ་སེམས་དཔའ་བརྒྱད་དུ་ཤེས། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །མིག་གཉིས་ས་ཡི་སྙིང་པོར་གསུངས། །གཟུགས་ལ་སོགས་པ་ཅི་རིགས་པར། །རང་གི་ངོ་བོ་སྤྲོ་བར་བྱེད། །སྒྲ་ཡི་རྣམ་པ་ཐམས་ཅད་ནས། །བྱེ་བྲག་སོ་སོ་ཅི་རིགས་པར། །སྒྲ་ཡི་རྣམ་པར་ཤེས་པ་ནི། །ཕྱག་ན་རྡོ་རྗེར་ཡང་དག་བཤད། །དྲི་ཡི་བྱེ་བྲག་ལ་སྤྱོད་པ། །སོ་སོར་ཇི་ལྟར་རིགས་པར་ནི། །སྣ་ཡི་རྣམ་ཤེས་མཚན་ཉིད་ནི། །ནམ་མཁའི་སྙིང་པོ་རྣམ་པར་ཤེས། །རོ་ཡི་བྱེ་བྲག་ལ་སྤྱོད་པ། །དབྱེ་བ་སོ་སོའི་གོ་རིམས་བཞིན། །ལྕེ་ཡི་རྣམ་ཤེས་མཚན་ཉིད་ནི། །འཇིག་རྟེན་དབང་ཕྱུག་ཏུ་ནི་ཤེས། །རེག་བྱའི་


DKG081_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་ལ་སྤྱོད་པ། །བྱེ་བྲག་སོ་སོའི་གོ་རིམས་བཞིན། །རེག་བྱའི་རྣམ་ཤེས་མཚན་ཉིད་ནི། །སྒྲིབ་པ་རྣམ་པར་སེལ་བར་ཤེས། །ཡིད་ཀྱི་བྱེ་བྲག་ལ་སྤྱོད་པ། །དབྱེ་བ་སོ་སོའི་གོ་རིམས་བཞིན། །ཡིད་ཀྱི་རྣམ་ཤེས་ཞེས་གསུངས་པ། །འཇམ་དཔལ་ཞེས་བྱའི་མིང་ཅན་ནོ། །རྒྱུས་པ་ཀུན་ལ་ཡང་དག་སྦྱོར། །དབྱེ་བ་སོ་སོའི་གོ་རིམས་བཞིན། །བག་ཆགས་ཡུལ་གྱི་བདག་ཉིད་ཅན། །བྱམས་པ་རུ་ནི་རྣམ་པར་ཤེས། །རྩ་རྣམས་སོ་སོའི་མཚན་ཉིད་ཅན། །བདེ་བ་ཀུན་གྱི་གཞི་ཡི་མཆོག །དངོས་པོ་ཀུན་གྱི་རང་བཞིན་ཅན། །འདི་ནི་ཀུན་དུ་བཟང་པོར་བཤད། །དེ་ལྟར་རྣམ་ཤེས་ཚོགས་བརྒྱད་མཆོག །ཡང་དག་དེ་ཉིད་བླ་ན་མེད། །མིག་སོགས་དབང་པོའི་རྣམ་ཤེས་ནི། །གཟུགས་སོགས་མཐོང་བའི་རང་བཞིན་ནོ། །རྗེ་ངར་དཔུང་པ་བརླ་ཐལ་གོང་། །སྒོ་གཉིས་དང་ནི་ཐམས་ཅད་ཀྱི། །ཤེས་པ་བཅུ་ཡི་མཚན་ཉིད་ནི། །ཁྱབ་པ་རྣམས་སུ་ཡོངས་སུ་ཤེས། །གཤིན་རྗེ་མཐར་བྱེད་ཤེས་མཐར་བྱེད། །པདྨ་མཐར་བྱེད་བགེགས་མཐར་བྱེད། །འདོད་པའི་རྒྱལ་པོ་མི་གཡོ་བ། །དབྱིག་སྔོན་དང་ནི་སྟོབས་པོ་ཆེ། །གནོད་མཛེས་གཙུག་ཏོར་འཁོར་ལོ་སྒྱུར། །དེ་ལྟར་དེ་རྣམས་གནས་དབྱེ་བས། །ཡེ་ཤེས་གསུམ་གྱིས་ཡོངས་སུ་གསལ། །ངོ་བོ་གཅིག་ཏུ་གྱུར་ནས་ནི། །ཡང་དག་དེ་ཁོ་ན་ཉིད་རྟེན། །གང་གིས་དེ་ཉིད་ཆོ་ག་བཞིན། །བླ་མ་བརྒྱུད་པ་ལས་ཤེས་བྱ། །སྔགས་ཀྱི་དེ་ཉིད་རྣལ་འབྱོར་མཆོག །ཡེ་ཤེས་ཆེན་པོ་ལེགས་རྒྱས་པ། །སྐྱེ་མེད་ཟད་མེད་མི་གསལ་དང་། །འགྱུར་བ་མེད་ཅིང་སྒྲིབ་པ་མེད། །གཉིས་མེད་འཇིགས་བྲལ་ཞི་བ་དང་། །བདེ་བ་ཆེན་པོའི་གོ་འཕང་མཆོག །སྦྲུལ་དང་བཏུས་དང་མཐའ་མེད་དང་། །མགོ་མེད་ཡོངས་སུ་དབྱེ་བ་ཡིས། །ཨོཾ་དང་ཧཱུྃ་ཕཊ་སྭཱ་ཧཱའི་མཐའ། །སྦྲུལ་ཞེས་བྱ་བ་མངོན་པར་བརྗོད། །རང་མིང་ཡོན་ཏན་དང་ནི་གཟུགས། །བཏུས་པའི་མཚན་ཉིད་མིང་ཅན་ནོ། །ཨོྃ་ལ་སོགས་པ་ཞབས་མེད་པ། །མཐའ་མེད་ཅེས་བྱའི་མིང་ཅན་ནོ། །སྭཱ་ཡི་མཐའ་ཅན་ཨོྃ་མེད་པ། །མགོ་མེད་ཅེས་ནི་བཤད་པ་ཡིན། །


DKG081_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོད་ལ་ཨོྃ་མེད་པ། །མགོ་མེད་ཅེས་ནི་བཤད་པ་ཡིན། །དེ་ལྟར་མཚན་ཉིད་ཤེས་ནས་ནི། །སྔགས་ཀྱི་དེ་ཉིད་བླ་ན་མེད། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །འདི་ཡི་རྒྱ་ཆེན་དོན་ཤེས་བྱ། །ཡེ་ཤེས་དེ་ཉིད་རྣལ་འབྱོར་མཆོག །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དབང་པོ་ཐམས་ཅད་མཉམ་པར་སྦྱོར། །དངོས་པོ་ཐམས་ཅད་གཅིག་པུའི་ལུས། །ངག་གི་རྣམ་རྟོག་ཀུན་སྤངས་པ། །སྣང་བ་ཐམས་ཅད་རྣམ་སྤངས་པ། །བདག་བྱིན་བརླབ་པའི་རང་བཞིན་ཅན། །ཀུན་ལ་ཁྱབ་པ་རྨད་དུ་བྱུང་། །རང་རིག་པ་ཡི་རྣལ་འབྱོར་མཆོག །སྐད་ཅིག་བཞི་ཡི་མཚན་ཉིད་ནི། །ཆ་བྲལ་ཀུན་འགྲོ་ཁྱབ་པ་དང་། །རྣལ་འབྱོར་བྱིས་པས་མི་ཤེས་ཤིང་། །ཀུན་རྫོབ་ཡོངས་སུ་མི་ཤེས་པ། །དོན་དམ་རང་གི་ངོ་བོ་ནི། །རྫོགས་པའི་རིམ་པས་དབྱེ་བ་དང་། །སྔགས་ཀྱི་དེ་ཉིད་རབ་ཏུ་གསལ། །ཨ་ནི་དེ་ཉིད་མཐའ་ཐིག་ལེར། །ཡང་དག་ཐིམ་པ་རྣམ་པར་བསྒོམ། །ཐིག་ལེ་ཡི་གེ་ཨ་ལ་ཐིམ། །ཨ་ནི་མཐའ་ཡི་ཧ་ཙམ་ལའོ། །ཧ་ཡང་ཡི་གེ་ཧཱུྃ་ལའོ། །ཡི་གེ་ཨཱུ་ནི་ཧྃ་ལའོ། །ཡི་གེ་ཧྃ་ཡང་ཨོྃ་ལ་ཐིམ། །ཡི་གེ་ཨ་ནི་ཐིག་ལེ་ཙམ། །ཐིག་ལེ་ཡང་ནི་སྒྲ་ལ་ཐིམ། །སྒྲ་ཡང་སྒྲ་ཙམ་ལ་ནིའོ། །སྒྲ་ཙམ་མཆོག་ནི་ནམ་མཁའ་ལའོ། །དེ་ཡང་འོད་གསལ་བ་ལ་ཐིམ། །འོད་གསལ་གོ་འཕང་གསལ་བ་ནི། །ཤིན་ཏུ་རྣམ་དག་ཆོས་དབྱིངས་ཏེ། །གཉིས་སུ་མེད་པའི་ཡེ་ཤེས་མཆོག །རབ་ཏུ་སད་ཅིང་རབ་ཏུ་འཆར། །ངག་གི་སྤྱོད་པ་རྣམས་དང་བྲལ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཕུང་པོ་ལྔ་ནི་གཅིག་པུའི་གཞི། །འབྱུང་བ་ལྔ་ནི་ཡང་དག་བསྟེན། །རྣམ་ཤེས་བརྒྱད་ཀྱི་ཚོགས་དབེན་པ། །ཕྱི་ཡི་ཡུལ་དྲུག་བསྡུས་པ་ནི། །རླུང་བཅུས་ཤེས་པ་བཅུ་བསྡུས་པ། །དེ་ལྟར་མཚན་ཉིད་ཀུན་བསྡུས་པའོ། །ཀུན་ནས་སྤྲོ་བའི་རྣལ་འབྱོར་གྱིས། །གང་གིས་བཞུགས་གནས་སྲིད་པ་གསུམ། །དངོས་གྲུབ་ཀུན་བྱེད་དཔལ་དང་ལྡན། །སྐལ་བ་བཟང་པོ་ཀུན་འཕེལ་བ། །རྡོ་རྗེ་དེ་ནི་རྡོ་རྗེ་སེམས། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་


DKG081_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སངས་རྒྱས་ཐུབ་པ་ཆེ། །ཀུན་དུ་བཟང་པོ་འཇམ་དཔལ་དང་། །སྣ་ཚོགས་སྤྲོ་བའི་བདག་ཉིད་ཅན། །སྣ་ཚོགས་ཡོན་ཏན་ཚོགས་ཀྱི་གཞི། །ཀུན་ནས་སྤྲོ་བའི་རྣལ་འབྱོར་ནི། །རྣལ་འབྱོར་ཆེན་པོ་དྲི་མ་མེད། །ཡེ་ཤེས་དེ་ཉིད་གསལ་བ་ནི། །རྟོག་པ་མེད་ཅིང་གནས་པ་མེད། །ཆོས་དབྱིངས་འཕོ་བ་ཞེས་བཤད་དོ། །བསྐྱེད་དང་རྫོགས་པའི་མཚན་ཉིད་དག །སྐྲ་ཡི་རྩེ་མོ་བརྒྱད་སྟོང་འདྲ། །ཤིན་ཏུ་གསལ་ཞིང་འོད་གསལ་བ། །ལུང་དང་རིགས་པའི་དབྱེ་བ་ཡིས། །བླ་མ་བརྒྱུད་པ་ལས་ནི་ཤེས། །དེ་ལྟར་དེ་ཉིད་གསུམ་དེ་མཆོག །ཞལ་ནས་བརྒྱུད་པའི་རིམ་པ་སྐྱེ། །གསང་བ་ཡི་ནི་ཡེ་ཤེས་མཆོག །བཞི་པའི་མཚན་ཉིད་སྐད་ཅིག་མཆོག །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དེ་ཁོ་ན་ཉིད་གསུམ་གྱི་དམ་ཚིག་གཏན་ལ་དབབ་པའི་ལེའུ་སྟེ། ཉི་ཤུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་ཀྱིས་ཉོན། །སྣ་རྩེ་གསུམ་གྱི་མཚན་ཉིད་ནི། །གསང་བ་སྙིང་ག་གདོང་སྣའི་མིང་། །གསུམ་པོ་རྒྱུད་ལས་གསལ་བ་ནི། །འཁོར་ལོ་གསུམ་གྱི་དབྱེ་བ་ཡིས། །རྣལ་འབྱོར་པ་ཡིས་བསྒོམ་པའི་རིམ། །ཤིན་ཏུ་ཆགས་པའི་དབང་སོང་བའི། །སེམས་ཀྱི་བདེ་བ་སྟེར་བར་བྱེད། །རླུང་གི་དེ་ཉིད་སྦྱོར་བ་ཡིས། །རྩ་ཡི་འཁོར་ལོ་སད་པར་བྱེད། །བདེ་བ་ཆེན་པོ་ཀུན་ནས་སྐྱེ། །ཁམས་གསུམ་རོ་གཅིག་གྱུར་ནས་ནི། །དགུག་དབང་ཆོ་ག་བཞིན་དུ་བྱ། །བྱང་ཆུབ་སེམས་ནི་བདེ་བ་ཆེ། །ལྷན་སྐྱེས་སྐད་ཅིག་མཚན་ཉིད་ནི། །རྡོ་རྗེ་རྩེ་མོར་གཟུང་བར་བྱ། །དེ་ཉིད་བདེ་བ་ཆེན་པོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །ཀུན་རྟོག་ཐམས་ཅད་རྣམ་པར་སྤངས། །གསང་བའི་སྣ་རྩེར་རྫས་ཐིག་ལེ། །ཡང་དག་གཟུང་བའི་བདག་ཉིད་ཅན། །ཆགས་ཆེན་སེམས་ནི་གཅིག་པུ་ཡིས། །རྣལ་འབྱོར་མཆོག་ཏུ་ཤེས་པར་བྱ། །པད་འདབ་དྲུག་ཅུ་རྩ་བཞི་ལ། །རྩ་ཡི་འཁོར་ལོ་རིམ་བཞིན་འཆར། །དེ་ཡི་ལྟེ་བ་སྣར་ནི་བཤད། །གསང་བ་བདེ་བ་ཐམས་ཅད་སྟེར། །སྙིང་གའི་པདྨ་འདབ་མ་བརྒྱད། །དེ་ཡང་ལྟེ་བ་སྣར་ནི་བརྗོད། །


DKG081_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་སྡང་ཉིད་ཀྱི་སེམས་ནི་བསྒོམ། །གསང་སྔགས་འབར་བའི་ཡེ་ཤེས་སེམས། །ཡང་དག་སྤྲོ་བར་བྱེད་པའི་རྒྱུ། །ངག་གི་རྟོག་པ་ཀུན་སྤངས་པ། །རྨད་བྱུང་ཆེན་པོ་ཡེ་ཤེས་མཆོག །རྟག་ཏུ་སྔགས་ནི་ནཱ་ད་འབྱུང་། །རྣམ་རྟོག་མེད་པའི་བདེ་བ་ཆེ། །བསམ་གཏན་ལ་སྦྱོར་བདེ་བའི་མཆོག །མན་ངག་ཐོབ་པས་བདེ་བ་རྒྱལ། །ཞེ་སྡང་མྱུར་དུ་དབང་བྱས་ནས། །ཞི་བའི་དེ་ཉིད་རྒྱུ་གཅིག་ནི། །ཟླ་བ་ཉི་མ་མེ་དང་གསུམ། །ལམ་གསུམ་གྱི་ནི་དབུས་ནས་ཁྱབ། །གདོང་གི་སྣ་ནི་ཞེས་བྱར་བཤད། །རླུང་རྣམས་གནས་ཀྱི་མཚན་ཉིད་དང་། །དེ་ལ་གནས་པའི་ཡེ་ཤེས་ཆེ། །ཐིག་ལེ་གཏི་མུག་གིས་གནོན་ཡིས། །བསམ་གཏན་གཏི་མུག་མཆོག་ལས་རྒྱལ། །དངོས་པོ་ཐམས་ཅད་རྣམ་པར་སྤངས། །ཡེ་ཤེས་ལྔ་ཡི་བདག་ཉིད་གསལ། །དེ་ཁོ་ན་ཉིད་ལྔ་བརྟེན་མཆོག །དེ་ཡི་འོད་ཟེར་ཐིག་ལེ་ཙམ། །གདོང་གི་སྣ་རྩེར་ཡང་དག་བརྟེན། །རྣལ་འབྱོར་མཆོག་ནི་བསྒོམ་པར་བྱ། །གཏི་མུག་རྒྱ་མཚོ་ལས་ནི་རྒྱལ། །དེ་ཉིད་དམ་ཚིག་སེམས་དཔའ་ཡི། །མིང་ཅན་དུ་ནི་ཡང་དག་བཤད། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཡེ་ཤེས་ལྔ་ཡི་མཚན་ཉིད་ཅན། །རྣལ་འབྱོར་མཁས་པ་རྣམས་ཀྱིས་ནི། །གཏི་མུག་མུན་པ་རྣམ་འཇོམས་པ། །ཀུན་མཁྱེན་རྟོགས་པའི་མཚན་ཉིད་ནི། །སངས་རྒྱས་ལྔ་ཡི་རིགས་གནས་ན། །སྣ་རྩེ་བུ་ག་ལས་བྱུང་ཞིང་། །རླུང་ལྔ་སྟེང་དུ་ཡང་དག་རྒྱུ། །ལུས་ལ་རྟག་ཏུ་སྤྱོད་པར་འགྱུར། །ཀུན་རྫོབ་སྣར་ནི་རྒྱུ་བ་ཡི། །སྒོ་དེ་ལས་ནི་རྣམ་པར་བྱུང་། །གཡོན་དང་གཡས་དང་གཉིས་ཀ་དང་། །དལ་བར་རྒྱུ་དང་རྣམ་པ་བཞི། །གཡས་པ་ལས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨ་མགོན་པོ་རྒྱུ་བའོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་དང་འདྲེས་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་


DKG081_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཁམས་གསུམ་ལས་ནི་ཡང་དག་བྱུང་། །རྟེན་དང་བརྟེན་པར་བཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །དཀྱིལ་འཁོར་བཞི་པོ་དེ་དག་ནི། །རྣམ་པར་བཞག་པས་རྟག་ཏུ་ཟློས། །སྔགས་བཟླས་པ་ཡི་གྲངས་ཀྱིས་ནི། །ཉིན་མཚན་རྟག་ཏུ་ཟློས་པ་ཡིན། །དེ་ལྟར་རླུང་ནི་སྣ་རྩེར་ནི། །ཁ་དོག་ལྔ་པར་རྣམ་པར་བསྒོམ། །གཉིས་མེད་མཆོག་གི་རྣལ་འབྱོར་གྱིས། །འོད་ཟེར་ཚོགས་ནི་དྲི་མ་མེད། །དེ་ཡིས་ཞི་སོགས་བྱ་བ་ནི། །རིམ་གྱིས་སྦྱོར་བས་འགྲུབ་པར་འགྱུར། །རྡོ་རྗེ་སེམས་དཔར་འགྲོ་བར་འགྱུར། །རྡོ་རྗེ་སེམས་དཔའ་འགྲོ་མགོན་ལ། །དེ་ནས་ལག་ན་རྡོ་རྗེས་ཞུས། །ཐིག་ལེ་གསུམ་གྱི་གཞུང་ལུགས་ནི། །ཁྱོད་ཞབས་བསྙེན་བཀུར་གྱིས་འཚལ་ན། །འདི་ལ་ཅུང་ཟད་ཐེ་ཚོམ་མཆིས། །སྲིད་པ་མཐར་མཛད་གསལ་བར་མཛད། །རྫས་དང་སྔགས་དང་དེ་བཞིན་རླུང་། །ཐིག་ལེ་གསུམ་ནི་བསྒོམས་པ་ན། །རྣལ་འབྱོར་པ་གཅིག་ཉིད་དམ་ནི། །ཡང་ན་རྣལ་འབྱོར་སོ་སོར་བསྒོམ། །དེ་ལ་ཐེ་ཚོམ་ཀུན་གཅོད་གཙོ། །བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས། །ཡུན་རིངས་ཆགས་ཆེན་དབང་སོང་བས། །སྲིད་པ་གསུམ་དུ་སྐྱོབ་པ་རྣམས། །དེ་དག་དགྲོལ་བའི་དོན་དུ་ནི། །རྫས་ཀྱི་ཐིག་ལེ་གསུངས་པ་ཡིན། །ཞེ་སྡང་ཆེན་པོ་དབང་སོང་བ། །མི་གང་མི་སྲུན་པ་ཡི་ལུས། །དེ་རྣམས་མྱུར་དུ་གྲོལ་དོན་དུ། །སྔགས་ཀྱི་ཐིག་ལེར་གསུངས་པ་ཡིན། །གཏི་མུག་ཆེན་པོས་ཀུན་ནས་འཁྲུལ། །སྲིད་པའི་རྒྱ་མཚོ་ལས་སྐྱོབ་གང་། །དེ་དག་དངོས་གྲུབ་བརྒྱད་འབྲས་བུ། །ཐོབ་ཕྱིར་ཡེ་ཤེས་རྒྱ་མཚོ་ནི། །རླུང་གི་ཐིག་ལེར་གསུངས་པ་ཡིན། །ཡང་དག་དེ་ཉིད་སྤྲོས་པ་ནི། །དེ་ལྟར་ཡང་དག་ཐིག་ལེ་གསུམ། །བསམ་པ་ཇི་བཞིན་སྦྱོར་ཇི་བཞིན། །ཚེ་འདི་ཉིད་ལ་གྲུབ་དོན་དུ། །སྒྲིབ་པ་ཐམས་ཅད་དག་པའི་ཕྱིར། །རྩེ་གཅིག་པ་ཡི་


DKG081_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ནི། །ཡེ་ཤེས་གསུམ་གནས་ཉམས་དགའ་བ། །མེ་ཏོག་འབྲས་བུ་ཆུ་ཡིས་བརྒྱན། །སྐྱེ་བོས་དབེན་པའི་རི་ཡི་རྩེར། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །འབད་པ་ཡིས་ནི་བསྒྲུབ་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྣའི་རྩེ་མོ་གསུམ་གཏན་ལ་ཕབ་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་ཡང་དག་བཤད་ཀྱིས་ཉོན། །སྟོང་ཉིད་ཡེ་ཤེས་མཚན་ཉིད་ནི། །ལུས་ལ་གནས་པ་དེ་ཉིད་མཆོག །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཆོས་རྣམས་ཐམས་ཅད་སྣང་བར་བྱེད། །མཚན་ཉིད་སྟོང་པ་ཉིད་དུ་འདོད། །དེ་ལས་ཡེ་ཤེས་བདེ་བ་ཆེ། །འོད་གསལ་བ་ནི་རྣམ་དག་པ། །གང་ཕྱིར་ཨ་བ་དྷཱུ་ཏཱིར་ཞུགས། །ཡང་དག་སྟོང་པ་ཉིད་དུ་འདོད། །ཆོས་རྣམས་རྣམ་རྟོག་སྣང་བ་མཆེད། །ཀུན་རྟོག་ཐམས་ཅད་གཅོད་པར་བྱེད། །རྣམ་རྟོག་རླུང་གི་ངལ་བསོ་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །གཙོ་བོ་ཆེན་པོ་མི་བསྐྱོད་པའི། །འཇིག་རྟེན་ཁམས་ནི་དེ་ཉིད་དོ། །དེར་ནི་རྟག་ཏུ་བཞུགས་པའི་ས། །སྲོག་གི་ཡེ་ཤེས་མིང་ཅན་ཏེ། །གཟུགས་མེད་དྲག་པོ་ཆེན་པོ་ཡི། །ཞི་བའི་རང་བཞིན་མཚན་ཉིད་ཅན། །དེ་ལ་ཡེ་ཤེས་བདེ་བ་ཆེ། །བྱང་ཆུབ་སེམས་ཀྱིས་གང་བ་ཉིད། །དེ་ཉིད་བདེ་ཆེན་གོ་འཕང་གནས། །ཡེ་ཤེས་ཡང་དག་བྱང་ཆུབ་སེམས། །དེ་ལ་སོགས་པ་མིང་གི་སྒྲས། །བརྗོད་བྱ་གཅིག་པུ་བདེ་བ་ཆེ། །དངོས་པོ་གཅིག་དང་ལྡན་པ་ཉིད། །སྟོང་ཉིད་ཡེ་ཤེས་ཞེས་ནི་བརྗོད། །བདེ་བ་ཅན་ཞེས་དེ་ལ་བཤད། །བདེ་བ་དགེ་བའི་ཐོབ་མཚན་ཉིད། །གང་དེ་བདེ་བར་གནས་པ་ནི། །དེ་ནི་བདེ་བ་ཅན་ཞེས་བརྗོད། །ཚེ་དཔག་མེད་པའི་ཞིང་ཁམས་ན། །བདེ་བ་ཀུན་གྱི་གཞི་ཡི་མཆོག །བྱང་ཆུབ་སེམས་ནི་ཚེ་དཔག་མེད། །དེ་ལས་བྱུང་ཞིང་སྐྱེ་བའི་འོད། །དེ་ཕྱིར་འོད་དཔག་མེད་དུ་ཤེས། །བདེ་བ་ཀུན་གྱི་གཞི་ཡི་མཆོག །སྟོང་ཉིད་རྡོ་རྗེ་དབྱིངས་དབང་ཕྱུག །ཡེ་ཤེས་རྡོ་རྗེའི་དབང་ཕྱུག་དང་། །དེ་ཉིད་མཉམ་པར་སྦྱོར་བ་ནི། །སྟོང་ཉིད་ཡེ་ཤེས་ཞེས་ནི་བརྗོད། །ཤེས་


DKG081_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

རབ་པདྨ་ལ་ལ་ནཱ། །ཟླ་མཚན་ཉི་མ་འབབ་པ་ན། །དེ་ཡང་སྟོང་པར་རྣམ་པར་ཤེས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །ཐབས་ཀྱི་རྡོ་རྗེ་ར་ས་ནཱ། །ཟླ་བ་ཤུ་ཀྲ་རབ་ཏུ་འབབ། །དེ་ནི་ཡེ་ཤེས་མཆོག་ཏུ་གསུངས། །བདེ་བ་ཆེན་པོའི་གོ་འཕང་མཆོག །དེ་གཉིས་སྦྱོར་བ་མཆོག་ཏུ་ཤེས། །སྟོང་ཉིད་ཡེ་ཤེས་མི་ཟད་པ། །ཟླ་བ་ཉ་དང་དེ་ཉིད་ཡིན། །རྣལ་འབྱོར་མ་ཡི་ཞལ་ལས་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྟོང་པ་ཉིད་ཀྱི་ཚིག་བཤད་པའི་ལེའུ་སྟེ། ཉི་ཤུ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ལུས་ནི་སྟོང་པ་ཉིད་ཀྱི་གནས། །ལུས་ནི་གང་གིས་ཤེས་པ་ནི། །ལྷ་རྣམས་ཀུན་གྱི་ཕོ་བྲང་མཆོག །ལོངས་སྤྱོད་ཆོས་དང་སྤྲུལ་པ་དང་། །བདེ་བ་ཆེན་པོ་ཡི་ནི་རྟེན། །འཁོར་ལོ་ཡང་ནི་གང་བཤད་པ། །རིམ་པ་ཇི་བཞིན་མ་ལུས་པ། །དེ་ལྟར་རྟག་ཏུ་ཡང་དག་བཞུགས། །ཐིམ་དང་ལོངས་སྤྱོད་བདག་པོ་ནི། །ལྷ་ཉིད་མཆོག་ཏུ་གཉིས་སུ་མེད། །ཡང་དག་ངོ་བོའི་གོ་འཕང་རྟེན། །ཡེ་ཤེས་ཆེན་པོའི་གོ་འཕང་ཕྱིར། །བདེ་བ་ཆེན་པོའི་ཡང་དག་རྟེན། །ཞེ་སྡང་ཆེ་དང་གཏི་མུག་ཆེ། །ཕྲག་དོག་ཆེ་དང་ཆགས་དངོས་ཀྱིས། །ཁྲོ་བོ་ཆེ་དང་རྣམ་པའི་མཆོག །འཁོར་བའི་མདུད་པ་ངེས་གཅོད་པ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའི་དབྱེ་བ་ཡིས། །གཟུགས་དང་སྒྲ་དང་དེ་བཞིན་དྲི། །རོ་དང་རེག་བྱ་ཉིད་དང་ནི། །ཆོས་ཀྱི་དབྱིངས་དང་མིག་བཟངས་དང་། །རྣ་བ་སྣ་དང་ལྕེ་དང་ནི། །ལུས་ཀྱི་རྣམ་ཤེས་ཆོས་དང་ནི། །ཀུན་གཞི་ཉོན་མོངས་ཅན་གྱི་ཡིད། །དད་དང་བརྩོན་འགྲུས་དྲན་ཏིང་འཛིན། །ཤེས་རབ་དབང་པོའི་དབྱེ་བ་ཡིས། །དད་སྟོབས་བརྩོན་འགྲུས་སྟོབས་དང་ནི། །དྲན་པའི་སྟོབས་དང་ཏིང་འཛིན་སྟོབས། །ཤེས་རབ་སྟོབས་ནི་བླ་ན་མེད། །ཇི་བཞིན་གནས་སུ་ཡང་དག་ཤེས། །ལུས་ཀྱི་ལྷ་རུ་གསལ་བ་ཡིན། །སྔོན་བཞིན་མིང་གི་དབྱེ་བ་ཡིས། །སྔགས་ཀྱི་དབྱེ་བས་རིམ་པ་དང་། །སྔགས་དགོད་པ་ཡི་རྣལ་འབྱོར་གྱིས། །རིམ་བཞིན་གནས་ཀྱི་དབྱེ་བ་ཡིས། །ལུང་གིས་རྣམ་པར་ངེས་


DKG081_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའི། །ཡང་དག་གནས་ཀྱི་དབྱེ་བ་དང་། །ལྷ་མོ་རྟག་ཏུ་རྣལ་འབྱོར་པས། །བདག་ལ་བྱིན་རླབས་གོ་འཕང་གནས། །འདོད་པ་ལྔ་ལ་ལོངས་སྤྱོད་ཅིང་། །རབ་ཏུ་འབད་དེ་མཆོད་པ་བྱ། །།རྡོ་ཤིང་ས་ཡི་རང་བཞིན་གྱི། །ཕྱི་རོལ་ལྷ་ལ་ཕྱག་མི་བྱ། །བདག་ལ་བྱིན་རླབས་རིམ་དེ་ཉིད། །གཞན་དུ་སྲིད་པ་གསུམ་ན་མེད། །དེ་ཁོ་ན་ཉིད་རྣལ་འབྱོར་མཆོག །བདག་ལ་བྱིན་རླབས་སྒྲིབ་མེད་པ། །སྔགས་དང་ཕྱག་རྒྱའི་རིམ་པ་སོགས། །ཕྱི་ཡི་དངོས་པོ་མི་བགྲང་སྟེ། །དེ་ཉིད་ཐོབ་པའི་རྣལ་འབྱོར་པ། །རྣལ་འབྱོར་མ་ལ་མཆོག་ཏུ་ནི། །འབད་པས་བྱིན་གྱིས་བརླབ་པར་འདོད། །བདག་བྱིན་རློབ་ཐབས་མཚན་ཉིད་དོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ལུས་ཀྱི་ལྷ་ཡེ་ཤེས་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེ་ནས་གཞན་ཡང་ལྷ་མོ་ཡི། །དེ་རྣམས་ཀྱི་ནི་མིང་བཤད་བྱ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །རྩ་ཡི་རིམ་པའི་གྲངས་ཀྱིས་ནི། །ལས་དང་རྡོ་རྗེ་པདྨ་དང་། །འཁོར་ལོ་ལ་སོགས་རིགས་དབྱེ་བས། །རིམ་པ་བཞི་ཡི་དབྱེ་བ་ཡིས། །རྩ་ཡི་རིམ་པས་ཡང་དག་བཞུགས། །འདིར་ནི་རིགས་ནི་ལྔ་པར་ཡང་། །དེ་ཁོ་ན་ཉིད་ཉམས་མྱོང་མཆོག ། ཚོར་བ་ཉམས་སུ་མྱོང་བ་ཡི། །ཐམས་ཅད་ལ་ནི་ཁྱབ་པར་གནས། །སྤྲུལ་པ་རང་གི་རིགས་ལས་སྐྱེས། །ལྷ་མོ་འདི་དག་ཡང་དག་ཞུགས། །མཁྱེན་མ་གཏུམ་མོ་དཔའ་མོ་མ། །ལས་སྒྲོལ་མ་དང་ཡིད་གཅུགས་མ། །འཁྲུལ་འཁོར་མ་དང་འབུད་མ་དང་། །དེ་བཞིན་རླུང་རྒྱུ་མ་དང་ནི། །སྙིང་སྟོབས་ཡང་དག་སངས་རྒྱས་མ། །རབ་དང་མ་དང་ཡིད་འོང་མ། །གྲུབ་མ་སྤྲུལ་འཚོ་སྒྲ་མ་དང་། །གཏེར་འཛིན་ལྷ་ཡི་དབང་ཕྱུག་མ། །གེ་སར་པདྨ་དྲི་མེད་མ། །རླུང་གི་ལུ་གུ་རྒྱུད་བྱེད་མ། །བཟང་མོ་དང་ནི་ཁྭ་ཡི་གདོང་། །གཉིད་ལོག་མ་དང་མི་འཕེལ་མ། །འཕར་མ་སྔོ་བསངས་དུས་མཚན་མ། །རྩེ་འཇོ་མ་དང་སྐལ་བཟང་འཕེལ། །ན་ར་ཛ་ན་ཁྱི་གདོང་མ། །ཆགས་མ་དགའ་མ་རྣམ་སྒེག་མ། །བརྩོན་འགྲུས་འཕེལ་དང་དཀར་མོ་དང་། །བདུད་རྩི་ལྔ་ནི་འཕེལ་བ་མ། །དངོས་འབེབས་ཤིན་ཏུ་དཔའ་མོ་དང་། །


DKG081_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་རྔ་དང་འདོད་མ་དང་། །སྒྱུ་མ་ཡིད་འོང་མཛའ་མོ་དང་། །སྐྱུར་དང་ཆང་གི་དབང་ཕྱུག་མ། །མི་བཟད་ཆེ་དང་ལས་སྐལ་བཟང་། །མེ་ཏོག་བཟང་མོ་གདུག་རྨོངས་མ། །སྟེང་གཟིགས་ཞལ་དང་རྩེ་གསུམ་མཚན། །མཛེས་མ་དང་ནི་ལྗགས་བསྐྱོད་མ། །རྟག་བམ་མ་དང་གར་མ་དང་། །རི་དགས་མིག་དང་ཆགས་དགའ་མ། །སྣ་ཚོགས་རྨོངས་པར་རོལ་པ་མོ། །དཀར་མོ་འཇིག་རྟེན་གསུམ་པ་མོ། །རོ་བླན་དྲི་མེད་འགྲོ་བསྟུན་མ། །རལ་ག་རྣམས་ནི་ཡང་དག་བཞུགས། །རྟག་ཏུ་བརྒྱད་དང་བརྒྱད་སྤེལ་གྲངས། །ཞལ་གསུམ་ཕྱག་དྲུག་དྲི་མ་མེད། །རིགས་ཀྱི་ཕྱག་རྒྱ་དབྱེ་བ་ཡིས། །མཚོན་ཆ་རྣམས་ཀྱིས་ཡང་དག་བརྒྱན། །དེ་དག་སྣ་ཚོགས་རྡོ་རྗེ་གཡས། །གཡོན་པ་འགྱིང་བས་ཨུཏྤལ། །གཡས་ན་འཁོར་ལོ་རིན་ཆེན་དང་། །དེ་བཞིན་རལ་གྲི་ཆོས་འབྱུང་ནི། །གཡོན་གྱི་ཕྱག་གཉིས་ལ་ནི་འགྱུར། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །ཞལ་ནི་ལྗང་ཁུ་སྤྱན་གསུམ་པ། །དོན་ཡོད་གྲུབ་པའི་ཅོད་པན་ཅན། །ཞལ་རྣམས་བཞད་པར་བསྒོམ་པ་དང་། །བདེ་བ་ཐམས་ཅད་འཕེལ་བར་བྱེད། །རང་གི་མིང་གི་དབྱེ་བ་ཡིས། །ཡི་གེ་གསུམ་དང་རྣམ་པར་སྤེལ། །སྔགས་ཀྱིས་ཀྱང་ནི་ཡང་དག་མཆོད། །འདོད་པའི་དེ་ཉིད་རབ་སྩོལ་མཛད། །ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་དབུས། །ལྷ་འདི་དག་ནི་ཡང་དག་བཞུགས། །རྡོར་དབྱིངས་དབང་ཕྱུག་ལཱ་མ་དང་། །རྡོ་རྗེ་ཕྱག་རྒྱ་སྟོབས་ཆེན་མོ། །རྡོ་རྗེ་སྒེག་མོ་རྡོ་རྗེ་གདོང་། །རྡོ་རྗེ་ཆོས་མ་རྡོ་རྗེ་བཟང་། །རྡོ་རྗེ་རོལ་མོར་ཤེས་པར་བྱ། །ཆོས་ཀྱི་འཁོར་ལོར་དགུ་བདག་ཉིད། །ཞལ་གསུམ་ཕྱག་དྲུག་རྣམ་པ་དང་། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །གཡས་པ་ཡི་ནི་ཕྱག་ན་འཛིན། །གཡོན་ན་རལ་གྲི་པདྨ་དང་། །དྲིལ་བུ་འཛིན་པ་བླ་ན་མེད། །སྐུ་མདོག་སྔོན་པོ་སྤྱན་གསུམ་པ། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །རང་མིང་ཡི་གེ་གསུམ་དང་སྤེལ། །སྔགས་ཀྱིས་དེ་དག་རབ་ཏུ་མཆོད། །ལོངས་སྤྱོད་འདབ་མ་བཅུ་དྲུག་ལ། །པདྨའི་


DKG081_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན་ལྷ་རྣམས་བཞུགས། །པདྨའི་སྒྲོལ་མ་པད་དཀར་མོ། །པདྨ་ཀུ་མུ་ད་འཕེལ་མ། །པདྨའི་སྤྱན་དང་པད་གཙུག་ཕུད། །པདྨའི་ཕྲེང་བ་པད་སྐྱེས་མ། །པད་གདན་པདྨའི་དྲ་བ་མ། །དེ་བཞིན་པདྨའི་འོད་དང་ནི། །པདྨའི་སྤྱན་དང་པད་བཟངས་སམ། །པདྨའི་ནང་བཞུགས་པད་སྐྱེས་མ། །པདྨའི་གེ་སར་པདྨ་མ། །དེ་ལྟར་འདི་ནི་ཡང་དག་བཤད། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་བཞུགས། །གཡས་ན་པདྨ་འཁོར་ལོ་དང་། །རྡོ་རྗེ་ཡང་ནི་འདེབས་པར་མཛད། །གཡོན་ན་རལ་གྲི་དྲིལ་བུ་དང་། །རིན་པོ་ཆེ་ཡིས་རྣམ་པར་སྒེག ། སྤྱན་གསུམ་རྣམ་པར་འཆར་བ་དང་། །པདྨ་དམར་པོའི་མདོག་ལྟར་དམར། །ཉི་མའི་དཀྱིལ་འཁོར་ཉེར་བཞུགས་ཤིང་། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །རང་མིང་ཡི་གེ་གསུམ་དང་བཅས། །འདི་རྣམས་སྔགས་ནི་བླ་ན་མེད། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །པད་འདབ་སུམ་ཅུ་རྩ་གཉིས་ལ། །རྟག་ཏུ་ལྷ་མོ་རྣམས་ནི་བཞུགས། །རབ་ཏུ་སད་པ་འབད་པ་ཅན། །འཁོར་ལོའི་ཤུགས་མ་རྡོ་རྗེ་ལྡན། །རིན་ཆེན་སྒྲོལ་མ་པད་ཞུགས་མ། །སྣ་ཚོགས་ལས་མ་གཏི་མུག་དགའ། །ཞེ་སྡང་རྡོ་རྗེ་དགའ་ཆགས་མ། །རྡོ་རྗེ་ལས་ཆགས་གཟུགས་རྡོ་རྗེ། །སྒྲ་ཡི་རྡོ་རྗེ་རོ་རྡོ་རྗེ། །རེག་བྱ་རྡོ་རྗེ་ཆོས་དབྱིངས་མ། །སྤྱན་འོད་མ་དང་ཐོད་དབྱངས་མ། །སྣ་ཡི་སྣང་བ་རོ་དགའ་མ། །སྐུ་ཡི་རྒྱལ་མཚན་ཡིད་དགའ་མ། །ཁམས་བཅས་མ་དང་རྒྱུ་འབབ་མ། །གཤིན་རྗེ་འཇོམས་པའི་བློ་ཡི་ནི། །བྱེ་བྲག་རྣམ་པར་རྒྱས་མ་དང་། །པདྨའི་རལ་པ་གྱེན་དུ་བརྫེས། །བགེགས་རྣམས་ཐམས་ཅད་འཇོམས་པ་མོ། །སྦས་པའི་མཐིལ་དང་དབྱུག་སྔོན་མ། །ཤིན་ཏུ་བརྟན་མ་སྟོབས་ཆེན་མ། །རང་བྱུང་མ་དང་འཁོར་ལོའི་གཙུག །དེ་ལྟར་རྩ་ཡི་དབུས་ནས་ཤར། །སླར་ཡང་ལྷ་མོ་ཞལ་གསུམ་དང་། །ཕྱག་དྲུག་བདེ་བ་འཕེལ་བ་ཅན། །ཟླ་བའི་དཀྱིལ་འཁོར་ལ་ཡང་བཞུགས། །དྲི་མེད་པདྨ་དཀར་མོའི་མདོག །ཞི་བ་ཞལ་གསུམ་སྤྱན་གསུམ་པ། །གཡས་པའི་ཕྱག་ན་བསྣམས་པ་ནི། །འཁོར་ལོ་ལྕགས་ཀྱུ་རྡོ་རྗེ་རིམ། །དེ་བཞིན་གཡོན་པའི་ཕྱག་གསུམ་ལ། །པདྨ་


DKG081_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་པ་རིན་པོ་ཆེ། །འཆར་དང་འདེབས་དང་སྒེག་པར་མཛད། །པདྨ་དཀར་པོ་འདྲ་བའི་འོད། །སྤྱི་བོར་རྣམ་པར་སྣང་མཛད་འཆང་། །རང་གི་མིང་དང་ཡིག་གསུམ་མིང་། །འདི་དག་སྔགས་ནི་གོ་རིམས་བཞིན། །དེ་ཉིད་མཆོག་ནི་རབ་ཏུ་གསལ། །སྐུ་གསུང་ཐུགས་ཀྱི་སྡོམ་པ་ནི། །དེ་ལྟ་བུ་ཡི་སྡོམ་པ་མཆོག །ལྷ་མོ་རྣམས་ཀྱི་དེ་ཉིད་མཆོག །རྟག་ཏུ་གཉིད་ལོག་ལུས་ལ་གནས། །འདོད་པ་ལྔ་ཡི་ལོངས་སྤྱོད་བསྟེན། །མཆོད་པ་ཉིད་ཀྱིས་ཡང་དག་མཉེས། །རྡོ་རྗེ་པདྨའི་བདེ་བས་མྱོས། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །མཉེས་ནས་སླར་ཡང་གསོ་བར་བྱེད། །དེ་ཡི་ཞི་སོགས་བྱ་བ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བསམ་གཏན་རྣལ་འབྱོར་སོགས་སྤྱོད་དང་། །སྔགས་དབྱིབས་ལ་སོགས་བྱ་བ་ནི། །དགོས་མེད་མཆོག་ཏུ་ཅུང་ཟད་ནི། །བླ་མའི་ལུང་ལས་ཡང་དག་སྐྱེས། །དེ་ཕྱིར་རྡོ་རྗེ་སློབ་དཔོན་ནི། །འབད་པས་དངོས་གྲུབ་ཀྱིས་མཉེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་འཁོར་ལོ་བཞིའི་ལྷ་མོ་བཞི་རིམ་པ་རྣམ་པར་ཕྱེ་བའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །འཆར་དང་ནུབ་པའི་མཚན་ཉིད་ནི། །རྩ་རྣམས་ཀྱིས་ནི་རྣལ་འབྱོར་མཆོག །དངོས་གྲུབ་ཐམས་ཅད་ཀྱི་ནི་གནས། །མདུན་གནས་པ་ཡི་ཡུལ་རྣམས་ལས། །ཡིད་ལ་བྱེད་པས་དེར་མི་འགྲོ། །སྔོན་གྱི་བག་ཆགས་ནང་གནས་པ། །དེ་ཚེ་དབང་པོ་རབ་ཏུ་གསལ། །དེ་ཡིས་དེ་ནི་རབ་ཏུ་སད། །དེ་རྣམས་རྩ་ལ་རིམ་བཞིན་གནས། །རབ་སད་དེ་ཡིས་སད་བྱས་ནས། །ལྷ་མོ་རང་ཡང་འཁོར་ལོ་ལས། །དེ་ཡིས་འཆར་བའི་རིམ་པར་གསུངས། །ནུབ་པ་ཡང་ནི་བཤད་པར་བྱ། །ཡུལ་རྣམས་ཀྱང་ནི་དངོས་བྲལ་མེད། །ཡིད་ལ་བྱེད་ནས་གཞན་དུ་གནས། །བག་ཆགས་ཀྱང་ནི་སད་མི་སད། །རྩ་རྣམས་འཆར་བར་མི་འགྱུར་ཞིང་། །ལྷ་རྣམས་ཡང་དག་སད་པར་ནི། །དེ་ཡི་ཕྱིར་ནི་མི་འགྱུར་ཏེ། །སྙིང་གི་དབུས་ནས་བདེ་བའི་དངོས། །སངས་རྒྱས་ཉི་མ་གསལ་བའི་འོད། །གཟུང་དང་འཛིན་


DKG081_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ཀྱིས་ཀྱང་། །དེ་ནི་འོད་ཟེར་བཅུ་གཉིས་ཏེ། །འོད་འཕེལ་འོད་ཟེར་གཟི་བརྗིད་མ། །གསལ་བ་འབར་མ་འོད་འབར་མ། །མིག་ལ་སོགས་པ་ལ་བརྟེན་ནས། །ཕྱི་རོལ་གཟུགས་སོགས་འཛིན་པའོ། །མུན་སེལ་འོད་མ་སྣང་བ་མོ། །གསལ་མཛེས་གསལ་འོད་ཉི་མ་གསལ། །ཕྱི་རོལ་གཟུགས་སོགས་རྣམ་པའོ། །དྲུག་པོ་འདི་དག་འོག་ཏུ་འདོད། །ལྷ་མོ་རྣམས་ནི་གང་འཆར་བའང། །ཡེ་ཤེས་ཉི་མ་འཆར་བ་ཡིན། །དེ་ཡང་ཡང་དག་ནུབ་པ་ནི། །དེ་ཡང་མཆོག་ཏུ་ནུབ་པའོ། །འཆར་བ་ནུབ་པ་རྣམས་ཆད་པ། །གོ་འཕང་མཆོག་ཏུ་ཤེས་པར་བྱ། །རྣལ་འབྱོར་ཆེན་པོ་ལེགས་པར་སད། །སངས་རྒྱས་ཉི་མ་སྡོམ་པའོ། །འདི་ནི་རྣལ་འབྱོར་དེ་ཉིད་མཆོག །འཆར་དང་ནུབ་པའི་མཚན་ཉིད་དོ། །རྡོ་རྗེ་གསང་བའི་རྗེས་འབྲངས་ནས། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་འཆར་བ་དང་ནུབ་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །དགའ་བ་སྐྱེས་པའི་མཚན་ཉིད་ནི། །གང་གིས་ཡང་དག་ཤེས་པ་ཡིས། །རྡོ་རྗེ་སེམས་དཔའི་གོ་འཕང་མཆོག །དེ་ནི་རྩ་ཡི་འཁོར་ལོ་ལ། །སླར་ཡང་རྒྱས་དང་བསྡུས་པ་ཡིས། །འཁོར་ལོ་བཞི་ཡི་ཡང་དག་སྦྱོར། །རྩ་རྣམས་བརྒྱད་དང་གཉིས་ལྷག་པ། །མཚམས་ཀྱི་རྩ་ཡི་རིམ་པ་ཡང་། །རྩ་ནི་བཅུ་དྲུག་ལ་ཡང་བརྟེན། །བཞི་དང་བཞི་ཡིས་རྟག་ཏུ་ཁྱབ། །དེ་རྣམས་དགའ་བའི་རིམ་པའོ། །ཆུ་ཁམས་ཁོང་དུ་ཆུད་པ་ཅན། །པདྨའི་སྣལ་མ་ལྟ་བུ་ཡི། །དེ་ནས་དེ་ཡིས་ཁྱབ་བྱས་ཤིང་། །བདེ་བ་ཆེན་པོ་ཕན་པར་བྱེད། །འཁོར་ལོ་སོ་སོའི་དབྱེ་བ་ཡིས། །ཆ་བཞི་པ་ཡི་ཡི་གེ་ཧ། །ཤིན་ཏུ་ཕྲ་བའི་ཆ་དག་ཏུ། །ཁྱབ་པ་བརྟེན་གྱི་ཚུལ་དུ་གནས། །རིམ་པ་བཞི་ཡི་དབྱེ་བ་ལས། །རིམ་པ་བཅུ་དྲུག་དབྱེ་བས་འཐོབ། །ཕྲེང་བའི་བདག་ཉིད་རྨད་བྱུང་བའོ། །རོ་གཅིག་པ་ཡི་གོ་འཕང་འཐོབ། །རིམ་གྱིས་སོ་སོར་ཉམས་མྱོང་ལས། །སྣ་ཚོགས་ཆུ་ཡི་སྦྱོར་བ་ལས། །རིམ་གྱིས་རྒྱ་མཚོ་ཆུ་བཞིན་དུ། །སྦྱོར་བ་བཞི་ཡི་འཁོར་ལོའི་དུས། །དགའ་བ་


DKG081_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ནི་དེ་ལ་བརྗོད། །རྣལ་འབྱོར་མ་རྒྱུད་སྤྱོད་པ་ལས། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དགའ་བ་བསྐྱེད་པའི་མཚན་ཉིད་ཀྱི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་གཞན་ཡང་ཡང་དག་ཉོན། །རྡོ་རྗེ་བརྟན་པའི་ལུས་ཀྱིས་ནི། །རྟག་ཏུ་རྩ་རྣམས་ཀྱི་ནི་རྒྱུན། །དེ་ཁོ་ན་ཉིད་ངས་བཤད་བྱ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རྩ་ནི་རྟག་ཏུ་རྨད་བྱུང་བ། །བྱང་ཆུབ་སེམས་ནི་འབབ་པར་ཤེས། །བདེ་བ་ཐམས་ཅད་རབ་ཏུ་འཕེལ། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །ཁྲག་འབབ་པར་ནི་ཤེས་པར་བྱ། །ཉི་མ་འཕོ་བའི་བདག་ཉིད་ཅན། །རྟག་ཏུ་རྨད་དུ་བྱུང་བའི་རྩ། །སྟོང་ཕྲག་ཉི་ཤུ་རྩ་བཞི་ནི། །རླུང་རྒྱུ་བར་ནི་ཤེས་པར་བྱ། །རྒྱ་མཚོ་ཆེན་པོའི་རྒྱུད་ལས་ནི། །ལུས་ཀྱི་གནས་ནི་དབྱེ་བ་ཡིས། །དེ་ཉིད་ཉི་ཤུ་རྩ་བཞིར་བརྗོད། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །གྲངས་ནི་བདུན་ཅུ་རྩ་གཉིས་བརྗོད། །རེ་རེའང་འཁོར་ལོ་སྟོང་སྟོང་ངོ་། །ཐིམ་པ་ལོངས་སྤྱོད་བདག་འདོད་པ། །གཙོ་བོ་ཡང་ནི་བསྡུས་པ་ལས། །གནས་རྣམས་ཀྱི་ནི་གྲངས་སུ་འགྱུར། །སླར་ཡང་བསྡུས་ནས་འགྲོ་བ་ན། །གསུམ་པོ་བརྒྱད་བརྒྱད་དབྱེ་བའང་ནི། །ཉིན་དང་མཚན་མོའི་དབྱེ་བ་དང་། །ཐུན་ཚོད་སྐད་ཅིག་སྦྱོར་བ་ཡིས། །རྩ་རྣམས་གོང་ནས་གོང་དུ་ནི། །ནང་དུ་འགྲོ་བར་ཤེས་པར་བྱ། །གཡོན་པ་བྱང་ཆུབ་ཟླ་བ་འབབ། །གཡས་པ་ཁྲག་དང་ཉི་མ་འབབ། །དབུས་ནི་རླུང་རྒྱུ་བ་ཡིས་ནི། །མི་སད་བྱེད་པར་ཤེས་པར་བྱ། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་ཞེས་བྱའི་མིང་། །དེ་རྣམས་སྤྲོ་བའི་སྦྱོར་བ་ཡིས། །རེ་རེའི་རིམ་གྱིས་ཐུན་བརྒྱད་བརྒྱད། །གསུམ་པོ་ཉི་ཤུ་རྩ་བཞི་འགྲོ། །ཐིམ་དང་ལོངས་སྤྱོད་བདག་པོའི་ཕྱིར། །རིམ་གྱིས་གྲངས་ནི་བདུན་ཅུ་གཉིས། །སླར་ཡང་དེ་སྤྲོ་སྦྱོར་བ་ཡིས། །ཪེ་རེ་འང་སྟོང་སྟོང་དབྱེ་བ་ཡིས། །རྟག་ཏུ་གྲངས་ཉིད་འགྱུར་བ་ནི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་སོ། །གཙོ་བོ་གསུམ་པོ་སླར་ཡང་ནི། །སྦྱོར་བས་གཅིག་པ་ཉིད་དུ་འགྲོ། །དང་པོ་ལས་ནི་རྣལ་འབྱོར་ཕས། །ཕྲ་བ་


DKG081_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཤེས་པར་དཀའ། །བསམ་གྱིས་མི་ཁྱབ་མཆོག་ཏུ་ནི། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །བདེ་བ་ཀུན་གྱི་གཞི་གསང་བ། །སྲོག་གི་རྟེན་གྱི་མཚན་ཉིད་དང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་དང་། །དུས་ཀྱི་རྩ་ནི་རྣམ་པར་བཤད། །རོ་གཅིག་གོ་འཕང་བདག་ཉིད་ཅན། །རྣལ་འབྱོར་མ་ཡི་རྒྱུད་ལས་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྩ་འབབ་པའི་མཚན་ཉིད་ཀྱི་གོ་ཆ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །མཚམས་ཀྱི་རྩ་ཡི་ངོ་བོ་ཉིད། །རྩ་རྣམས་སྡོམ་པ་འཆར་བ་ནི། །གང་གིས་ཤེས་ན་རྟག་ཏུ་ནི། །མཆོག་ཏུ་དགའ་བ་ཉམས་མྱོང་བ། །ལྷ་ཡི་ཡེ་ཤེས་གསལ་བར་བྱེད། །ལྷ་ཡི་སྔགས་སུ་ཡང་དག་སྦྱོར། །ལྷ་ཡི་རྣལ་འབྱོར་དོན་ངེས་པ། །དེ་ཉིད་གསུམ་སྦྱོར་དྲི་མ་མེད། །དེ་གསུམ་ཅིག་ཆར་བདག་ཉིད་སྡོམ། །འཇིག་རྟེན་གསུམ་དུ་ཁྱབ་ཅིང་ཕྲ། །ལུས་ཀུན་ལ་ནི་ཡང་དག་བརྟེན། །ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས། །གང་ཕྱིར་དམ་ཚིག་སེམས་དཔའ་བདེ། །རྣལ་འབྱོར་མཆོག་ཏུ་ཤེས་པར་བྱ། །ཁྱབ་པའི་དེ་ཉིད་རྨད་བྱུང་བ། །མཆོག་རབ་མཆོག་དང་ཕྲ་བ་དང་། །རང་བྱུང་ཡེ་ཤེས་མི་ཟད་པ། །བྱང་སེམས་སུམ་ཅུ་རྩ་གཉིས་འབབ། །རྩ་ནི་ཐམས་ཅད་མཆོག་ཏུ་རྒྱས། །བདེ་བ་ཆེན་པོའི་འཁོར་ལོར་གནས། །ཆ་ཀུན་བདག་ཉིད་རྩ་བ་ནི། །དེ་ཡི་དབུས་སུ་རྩ་གསུམ་སྟེ། །གཙོ་བོ་ཡང་ནི་ཡང་དག་བཤད། །ཟླ་བ་ཉི་མ་མེ་རྒྱུ་བ། །འབྱུང་བ་ཐམས་ཅད་ལ་ནི་ཁྱབ། །ཇི་ལྟར་ཤིང་རྩ་ཅུང་ཟད་ཅིག །ས་ལ་བརྟན་པར་གནས་པ་ན། །སྡོང་བུ་ཡལ་ག་འདབ་ཕྲེའུ། །སོགས་པ་ཡིས་ནི་ཀུན་ནས་ཁྱབ། །དེ་བཞིན་སྐྱེས་བུ་མགོར་ལྡན་པས། །ཕུང་པོ་ཁམས་ལ་སོགས་ཚོགས་ལ། །མཆོག་ཏུ་ཀུན་ནས་ཁྱབ་པའོ། །རྣམ་པར་ཐར་པའི་སྒོ་གསུམ་དངོས། །དེ་ཁོ་ན་ཉིད་གསུམ་སྡོམ་པ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །རང་བཞིན་མཚན་ཉིད་དབྱེ་བ་གསུམ། །མཚན་མོ་ཉིན་མོ་མཚམས་ཀྱིས་ཀྱང་། །དམ་ཚིག་མཚན་ཉིད་རྣམ་པ་


DKG081_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། །སངས་རྒྱས་དམ་ཆོས་དགེ་འདུན་ནི། །གསུམ་ཕྱེ་དམ་ཚིག་མཚན་ཉིད་དང་། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ནི། །རྣམ་གསུམ་དེ་ཉིད་མཚན་ཉིད་དོ། །རྒྱུ་དང་འབྲས་བུ་ཉེ་འཁོར་ནི། །རྣལ་འབྱོར་གསུམ་གྱི་མཚན་ཉིད་དོ། །རླུང་དང་བད་ཀན་མཁྲིས་པ་ནི། །གསུམ་ཕྱེ་ཁམས་ནི་བསྡུས་པའོ། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །འཇིག་རྟེན་གསུམ་པོའི་མཚན་ཉིད་དོ། །རྩ་བ་གསུམ་དང་འབྲས་བུ་གཅིག །རིམ་བཞིན་གྱུར་ནས་ཆོས་འཁོར་འགྲོ། །དེ་ནི་སྤྲུལ་པ་གསུམ་དུ་གསལ། །སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། །གང་ཚེ་དེ་ལ་དེ་སྦྱོར་བ། །དེ་ནི་གཟས་ཟིན་མཚན་ཉིད་དོ། །གང་ཚེ་ཅུང་ཟད་སྦྱོར་བ་ན། །དེ་ཚེ་ཕྱེད་འཛིན་མཚན་ཉིད་དོ། །གང་ཕྱིར་སྲོག་གི་རླུང་བཅོམ་ན། །དེ་ཚེ་འཆི་བའི་མཚན་ཉིད་ཡིན། །རྩ་ཡི་གཙོ་བོའང་ཉིད་རྣམས་ནི། །གསུམ་པོ་ངེས་པ་ཞེས་ནི་བྱ། །རྒྱས་པར་རྣལ་འབྱོར་མ་རྒྱུད་ལས། །རྣལ་འབྱོར་པ་ཡིས་གསལ་པོར་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་མཚམས་ཀྱི་རྩ་གསུམ་གྱི་ངེས་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རླུང་སྐྱེ་བ་ཡི་མཚན་ཉིད་ནི། །དུས་ཀྱི་གླགས་ནི་བཙལ་བ་ན། །ཇི་ལྟར་དངོས་སུ་ཡང་དག་ཤེས། །བག་ཆགས་ཉོན་མོངས་ཅན་གྱི་ཡིད། །རང་གི་ངོ་བོ་གཟུགས་གཞན་མཐོང་། །དོན་ནི་ཤེས་པར་མི་ཤེས་ཤིང་། །རླུང་ཙམ་གཅིག་པུས་རྨོངས་པའོ། །ཀུན་གཞི་རྣམ་ཤེས་བཀུག་ནས་ནི། །བག་ཆགས་ནང་དུ་རྣམ་པར་སྤྱོད། །བག་ཆགས་ཀྱིས་ནི་རྣམ་ཤེས་བཟུང་། །བག་ཆགས་དང་འདྲེས་རིམ་པ་ལས། །ནང་གི་བག་ཆགས་བསྒོས་པ་ཡིས། །དེ་རྣམས་ཟླ་མཚན་དུས་སུ་ནི། །མངལ་གྱི་རྩལ་འཇུག་པ་ན། །རྡོ་རྗེ་ཁུ་ཁྲག་ཞུ་ཐིག་ལེ། །འདྲེས་པ་རུ་ནི་གྱུར་པ་དང་། །ཀུན་གཞི་ལས་ནི་རྣམ་ཤེས་སྐྱེ། །ཇི་ལྟར་ཆང་རོས་མྱོས་པ་བཞིན། །ཀུན་གཞི་རྣམ་ཤེས་བག་ཆགས་ལས། །རྣམ་པར་ཤེས་པའི་རྒྱུན་ནི་སྐྱེ། །ཉོན་མོངས་ཅན་ཉིད་སྲོག་རླུང་ཉིད། །སྐད་ཅིག་གཅིག་ལ་ཡང་དག་འགྲོ། །


DKG081_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར་འཕོ་བའི་དུས་སུ་ནི། །ཉ་ཡི་རྣམ་པ་ལྟ་བུར་འགྱུར། །འཕོ་བ་གཉིས་པའི་དུས་སུ་ནི། །སླར་ཡང་ཁྲག་དང་འདྲེས་པ་ནི། །སྟེང་དང་འོག་གི་དབྱེ་བ་ཡིས། །སྲོག་གི་རླུང་ནི་གཉིས་སུ་འགྲོ། །ཐུར་སེལ་རླུང་གི་འགྲོ་འོང་ལ། །རུས་སྦལ་རྣམ་པར་འཛིན་པར་འགྱུར། །དེ་ནས་འཕོ་བ་གསུམ་པ་ལ། །ཁྲག་དང་ཁུ་བ་ཟོས་པ་ན། །ཐུར་དུ་སེལ་བའི་རླུང་གི་ཚོགས། །བསྐམས་ནས་ཀུན་དུ་རླུང་ནི་འབྱུང་། །སྟེང་དུ་ཁ་བལྟས་ནས་ནི་གནས། །ཕག་རྒོད་འདྲ་བའི་ལུས་འཆང་འགྱུར། །སླར་ཡང་འཕོ་བ་བཞི་པ་ལ། །ཁྲག་དང་ཁུ་བ་བསྒོས་པ་ནི། །གྱེན་དུ་རྒྱུ་བའི་རླུང་བཀུག་ནས། །འོག་ཏུ་ཁ་བལྟས་ནས་ནི་འགྲོ། །སེང་གེའི་རྣམ་པ་ཡིས་ཀྱང་ནི། །ཁྱབ་བྱེད་རླུང་ནི་སྤྲོ་བར་བྱེད། །དེ་ནས་འཕོ་བ་ལྔ་པ་ལ། །ཁྲག་དང་ཁུ་བ་འཕེལ་ནས་ནི། །མཉམ་གནས་རླུང་ནི་འདར་ནས་ནི། །མེ་ཡི་གཟུགས་རེད་རིམ་བཞིན་འགྲོ། །མཉམ་གནས་རླུང་གིས་ཁྱབ་བྱེད་སྤྲོ། །གང་གིས་འགུལ་དང་འདར་བར་འགྱུར། །ཕུང་པོ་ལྔ་ནི་རྫོགས་པ་ན། །དེ་ལྟར་གསུངས་པ་དེ་ལས་སླར། །འཕོ་བ་དྲུག་པའི་དུས་ཚོད་ལ། །ས་ཡི་ཁམས་དང་མིག་གཉིས་དང་། །ཁྱབ་བྱེད་རླུང་གིས་ཀླུ་རླུང་སྤྲོ། །རླུང་གི་དངོས་པོ་འཕེལ་བར་བྱེད། །དེ་ནས་འཕོ་བ་བདུན་པ་ལ། །ཆུ་ཡི་ཁམས་དང་སྣ་བུག་དོད། །ཀླུ་ཡི་རླུང་གིས་རུས་སྦལ་རླུང་། །སྤྲོས་ནས་གཉིས་སུ་མེད་པར་སྤྲོད། །དེ་ནས་འཕོ་བ་བརྒྱད་པ་ལ། །མེ་དང་སྣ་ཡི་བུ་ག་འབྱུང་། །རུས་སྦལ་རླུང་གིས་རྩངས་རླུང་སྤྲོ། །རང་གི་རང་བཞིན་ཤེས་པར་བྱེད། །དེ་ནས་འཕོ་བ་དགུ་པ་ལ། །རླུང་གི་ཁམས་དང་རོ་ནི་ཚོར། །རྩངས་པ་ཞེས་བྱའི་རླུང་ཆེན་པོས། །ལྷ་སྦྱིན་རླུང་ནི་སྤྲོ་བར་བྱེད། །དེ་རྗེས་འཕོ་བ་བཅུ་པ་ལ། །ལྷ་སྦྱིན་རླུང་གིས་གཞུ་རྒྱལ་སྤྲོ། །རླུང་ཀུན་བསྡུས་པའི་མཚན་ཉིད་ཅན། །དགུ་པའི་དབུས་ན་ཁྱབ་པའི་ཁམས། །ཕྲ་ཞིང་ཐོགས་མེད་མཚན་ཉིད་ཅན། །རྩ་དང་རྒྱུ་མ་རྒྱུས་པའི་སྦུབས། །སྒོ་ནི་དགུ་པོ་རྒྱས་པར་བྱེད། །ལུས་ཀྱི་མཆོག་ཏུ་ཚོར་བ་དང་། །གཅིག་ཏུ་རེག་པའི་མཚན་ཉིད་འཛིན། །རབ་སད་མཆོག་ནི་


DKG081_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའ་ལ། །འོད་གསལ་བཟང་པོ་ཡང་དག་གནས། །སངས་རྒྱས་རྣམས་ཀྱི་ཤེས་པ་བཅུ། །དེ་ལྟ་བུ་ཉིད་བཤད་པར་བྱ། །འཕོ་བ་བཅུ་ནི་ས་བཅུ་སྟེ། །རིམ་པ་ཡི་ནི་རྣམ་པར་ཤེས། །མ་ནི་ཤེས་རབ་ཕ་རོལ་ཕྱིན། །བྷ་ག་ཕྱག་རྒྱ་ཆེན་པོར་བརྗོད། །བྱིས་པ་ཡང་དག་རྫོགས་སངས་རྒྱས། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །མགོ་བོའི་སྐྲ་ནི་བྲེགས་པ་དང་། །ཕྲུ་མའི་ཆོས་གོས་དམར་པོ་བགོས། །དཔལ་དང་ལྡན་པ་ཐལ་མོ་སྦྱར། །སྤྱི་བོ་ས་ལ་གཏུགས་པ་ཕྱག །མཚན་ནི་སུམ་ཅུ་རྩ་གཉིས་འཆང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན། །ཡེ་ཤེས་ཆེན་པོ་ལེགས་པར་སད། །འདུ་བྱེད་ཐོབ་པ་གྲོལ་དང་བཅས། །དཔའ་བོ་ཆེན་པོ་རྣམ་རྟོག་མེད། །སྐྱེད་བྱེད་ཤ་ནི་འཇིག་པར་བྱེད། །བདུད་རྩི་ལྔ་ནི་ཡེ་ཤེས་ཆེ། །རྟག་ཏུ་བདུད་རྩི་ལྔ་མྱོང་བྱེད། །དངོས་པོ་ཐམས་ཅད་རྣམ་སྤངས་པ། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །འདི་གཉིས་མཆོག་ནི་གསང་བ་སྟེ། །གང་དུ་ཡང་ནི་མ་གསུངས་སོ། །རླུང་སྐྱེས་པ་ཡི་ངེས་པ་ནི། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རླུང་གིས་བསྐྱེད་པ་སྐྱེས་བུ་སྐྱེ་བ་འཇུག་པའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རླུང་རྣམས་མཆོག་ཏུ་ནུབ་པ་ནི། །གང་གིས་ཡང་དག་ཤེས་པ་ཡིས། །འཆི་བའི་སྐད་ཅིག་མཚན་ཉིད་ནི། །ཕན་ཚུན་དུ་ནི་ཡང་དག་སད། །སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །རླུང་རྣམས་ཡང་དག་སྐྱེ་བ་ནི། །ཕན་ཚུན་ནུབ་པའི་ཉི་མ་བཞིན། །ཐོག་མར་ལོ་བཅུ་ལོན་ནས་ནི། །རྒྱགས་པས་མྱོས་པའི་རླུང་སྐྱེས་ན། །གཞུ་ལས་རྒྱལ་བའི་རླུང་ཟོས་ཏེ། །རིམ་གྱིས་སྒྲ་གཅན་ཟླ་བ་བཞིན། །དེ་རྗེས་ལོ་བཅུ་ཕྱིན་པ་ནི། །རྒྱགས་ཆུ་རླུང་གིས་ཡང་དག་སྐྱེ། །ལྷ་སྦྱིན་ཞེས་བྱའི་རླུང་ནི་ཟ། །རླུང་གི་རིམ་པ་སྔ་མ་བཞིན། །གཞན་ཡང་ལོ་བཅུ་ཕྱིན་པ་ན། རྒྱགས་པའི་ཆུ་རླུང་སྐྱེ་བར་འགྱུར། །རྩངས་པ་ཞེས་བྱའི་རླུང་ནི་ཟ། །དེ་ནས་གཞན་ཡང་ལོ་བཅུ་ཕྱིན། །ལོ་ལས་སྐྱེས་པའི་རིམ་པ་ཡིས། །བཏང་


DKG081_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་རླུང་ནི་ཆེན་པོ་ཡིས། །རུས་སྦལ་རླུང་ནི་ཟ་བར་བྱེད། །ཀླུ་ཡི་རླུང་དང་བཏང་བཟུང་རླུང་། །སྟོབས་དང་གཟི་བརྗིད་མཚུངས་པའི་ཕྱིར། །དུས་གཞན་ལོ་བཅུར་ཕྱིན་པ་ན། །གནོད་པར་བྱེད་པར་མི་ནུས་ཏེ། །སྟོབས་དང་ནུས་པ་མཚུངས་པའི་ཕྱིར། །གང་གིས་གང་ལ་གནོད་པ་ནི། །བྱེད་པ་ཉིད་དུ་མི་ནུས་སོ། །བཅུ་དེ་གཞན་དུ་ཕྱིན་པའོ། །ལོང་བ་བཏང་བཟུང་སྟོབས་ཆེན་ཐོབ། །ཀླུ་ཡི་རླུང་ནི་རིམ་གྱིས་ཟ། །དེ་ནས་བཅུ་པ་གཞན་ཕྱིན་ན། །ཁྲག་དང་ཤ་ནི་རྣམ་པར་འཕེལ། །རྒྱགས་ཤིང་མྱོས་པའི་རིམ་པ་ཡིས། །བཏང་བཟུང་རླུང་ནི་ཟ་བར་བྱེད། །དེ་རྗེས་ལོ་བཅུ་ལོན་པ་ན། །མྱོས་ཆུ་རླུང་ནི་བཀུག་ནས་ནི། །ཚིལ་དང་ཁ་ཆུ་རྣམ་པར་འཕེལ། །དེ་ཡི་བཏང་བཟུང་ཀླུ་ཟ་བྱེད། །དེ་ནས་བཅུ་པ་གཞན་ཕྱིན་པའི། །ལོ་ལ་བཏང་བཟུང་རླུང་སྟོབས་སྐྱེས། །མྱོས་པའི་དུས་རླུང་ཟ་བར་བྱེད། །མེ་དང་རླུང་ནི་འཕེལ་བར་བྱེད། །བཏང་བཟུང་རླུང་ཉིད་རྣམ་གྱུར་ནས། །ལོངས་སྤྱོད་ཆེན་པོ་འཕེལ་གྱུར་ནས། །དེ་ནས་ལོ་བཅུ་གཞན་ལོན་ནས། །རླུང་གིས་ལུས་རྒྱས་ལྕི་བར་འགྱུར། །ཆུ་དང་རླུང་ནི་འདྲེས་པ་ན། །ཁྱབ་ཅིང་སྒྲིབ་བྱས་རིམ་པ་ལས། །དེ་ལས་ལོ་བཅུ་གཞན་དུ་ཕྱིན། །ཆུ་ཤིང་འབྲས་བུ་བཞིན་དུ་མེད། །རྩ་བ་དང་བཅས་མེད་པར་འགྱུར། །ལས་ཀྱི་རྣམ་སྨིན་མཐའ་ཡིས་ནི། །དེ་ལྟར་རིམ་པ་བཅུ་པ་ཡིས། །ཟླ་བའམ་ནི་ཉིན་ཞག་གཞན། །ཚེ་ནི་ཉུང་ངུར་བྱས་ནས་ནི། །སྲོག་ཟད་པར་ནི་ཤེས་པར་བྱ། །མཁའ་འགྲོ་སྡུད་པའི་རྒྱུད་ལས་ནི། །ཤིན་ཏུ་རྒྱས་པར་ཤེས་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རླུང་གི་རིམ་པས་སྲོག་ཟད་པ་རྒྱས་པར་བཤད་པའི་ལེའུ་སྟེ་སུམ་ཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །མཚན་ཉིད་ཆེན་པོ་ཡེ་ཤེས་མཆོག །བསྡུ་བའི་མཁའ་འགྲོ་རྣལ་འབྱོར་མཆོག །སྙིང་པོས་སྙིང་པོའི་དོན་བསྡུས་པ། །གང་ཕྱིར་མཁའ་འགྲོ་མས་བསྡུས་པ། །དེ་ཕྱིར་བསྡུས་པའི་མཁའ་འགྲོ་བརྗོད། །ལྟེ་བའི་དབུས་ན་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་


DKG081_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་མེ་འབྱུང་བ། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །འཆར་བས་ཕུང་པོ་རྣམ་རྟོག་ནི། །བསྲེགས་བྱས་བར་ཆད་མེད་པའི་ལུས། །རྡོ་རྗེ་ཁམས་ཀྱི་རྣམ་རྟོག་ནི། །བསྡུས་ནས་སླར་ཡང་རང་བཞིན་གྱིས། །གཟུང་དང་འཛིན་པའི་རྣམ་རྟོག་ནི། །སྙིང་རྗེས་དེར་ནི་སླར་ཡང་སྡུད། །དེ་ལྟར་གང་ལ་ཕྱེ་ལེབ་བཞིན། །འཆིང་བ་ཐམས་ཅད་སྲེག་པར་བྱེད། །རླུང་གི་དེ་ཉིད་མངོན་སྦྱོར་བས། །སྔགས་ཀྱི་ལུས་ཀྱི་སྦྱོར་བ་ཡིས། །རྣམ་པར་རྟོག་པ་ཙམ་ཡང་ནི། །སྲེག་པ་ཉིད་དུ་ཐེ་ཚོམ་མེད། །མཁའ་འགྲོ་སྡུད་པའི་རྒྱུད་ལས་ནི། །རྣལ་འབྱོར་མཆོག་གི་རིམ་ཤེས་ན། །མཁའ་འགྲོ་ཡེ་ཤེས་རྒྱས་པར་ནི། །རྣལ་འབྱོར་བསྟེན་པས་རིག་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་མཁའ་འགྲོ་མ་སྡུད་པའི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྣམ་རྟོག་རླུང་ནི་རྣམ་པར་གཅོད། །ཉིན་དང་མཚན་དུ་ཤེས་པར་ནི། །བརྒྱ་དང་བརྒྱད་ནི་ལྷག་པར་རྒྱུ། །རླུང་རྣམས་དེ་ནི་རྣམ་རྟོག་ནི། །གང་ཕྱིར་རྣམ་པར་གཅོད་པར་བྱེད། །རྣལ་འབྱོར་དེ་ནི་མཆོག་ཏུ་ཞི། །ཐམས་ཅད་སྟོང་པའི་ངོ་བོར་བྱེད། །ཐེ་ཚོམ་ཐོག་མར་སྦྱོར་བ་དྲུག །རྣལ་འབྱོར་རིག་པས་མཆོག་ཏུ་བསྒྲུབ། །དེ་ནས་དབྱངས་མེད་ཡི་གེ་ཧ། །ཤིན་ཏུ་རྒྱ་ཆེ་བཟླས་པར་བྱ། །གང་ཕྱིར་མདུད་པ་འཇོམས་བྱེད་ཅིང་། །བདེ་བ་སྐྱེ་བ་སྟེར་བར་བྱེད། །དེ་ཡིས་རྣམ་རྟོག་ཐམས་ཅད་ནི། །སྐད་ཅིག་གིས་ནི་གཅོད་པར་བྱེད། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཡི་དབྱེ་བ་བཅྭ་བརྒྱད་ཀྱིས། །དང་པོ་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ལས་དཀྱིལ་འཁོར་རྒྱལ་མཆོག་ནི། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །དེ་ཉིད་དབྱེ་བ་བཞི་བཅུ་དགུ། །བསྐྱེད་པའི་རིམ་པ་བསྡུས་པ་ཡིས། །མངོན་སུམ་བྱེད་པའི་རྣལ་འབྱོར་རོ། །དེ་ལ་རྡོ་རྗེ་བཟླས་རིམ་མཆོག །རྫོགས་རིམ་རྣལ་འབྱོར་ཡན་ལག་ནི། །རྣམ་པར་རྟོག་


DKG081_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཇོམས་བྱེད་པ། །ཕྲ་བའི་དེ་ཉིད་བླ་ན་མེད། །ཆོ་ག་ཇི་བཞིན་རྣལ་འབྱོར་པ། །བློ་དང་ལྡན་པས་སྔོན་བཞིན་བསྒོམ། །སྲིད་པའི་འཆིང་བ་གཅོད་པར་བྱེད། །རྣལ་འབྱོར་ཆེན་པོ་ཡེ་ཤེས་ཆེ། །དེ་ཉིད་ཆེན་པོ་རྨད་འབྱུང་ཆེ། །ངེས་པར་བསྒོམས་པས་ཡང་དག་ནི། །རྣམ་རྟོག་རླུང་ནི་འཇོམས་པར་བྱེད། །དོན་གྱི་རྗེས་འགྲོ་བཟླས་པ་ཡིས། །དངོས་མེད་ངོ་བོ་གཅིག་པ་དང་། །སྟོང་ཉིད་བསྟེན་པ་མངོན་པར་ཞེན། །སྒོམ་པ་ངེས་པར་བརྟན་པར་བྱེད། །སྒྲུབ་པོས་ཡང་དག་བསྒོམས་བྱས་ན། །རྡོ་རྗེ་བཟླས་རིམ་བླ་ན་མེད། །དེ་ཡི་རིམ་བཞིན་ཡེ་ཤེས་མཆོག །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྣམ་པར་རྟོག་པའི་རླུང་གཅོད་པའི་མཚན་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །རྣམ་རྟོག་མེད་པའི་རླུང་ཤར་ན། །གང་ཤེས་རྡོ་རྗེ་སེམས་དཔའ་ཡི། །རང་དངོས་གོ་འཕང་བཟང་པོ་འཐོབ། །རྣམ་རྟོག་མེད་པའི་རླུང་ཆེན་པོ། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་གྱི་རང་བཞིན་བདག །སྒོམ་དང་སྒོམ་མིན་གོ་འཕང་བྲལ། །རྣལ་འབྱོར་ཆེན་པོའི་ཡེ་ཤེས་ཆེ། །གནས་པ་མེད་ཅིང་དྲི་མ་མེད། །ཕྲ་བའི་ཆ་ཀུན་དབུས་ན་གནས། །ཐིག་ལེ་ནཱ་ད་རྣམ་པར་སྤངས། །ཀུན་ལ་ཁྱབ་ཅིང་ཞི་བ་དང་། །བདག་བྱིན་བརླབ་པའི་མཚན་ཉིད་གཅིག །མཚན་གཞི་མཚན་ཉིད་རྣམས་ལས་གྲོལ། །བག་ཆགས་རྣམ་རྟོག་རྣམ་པར་སྤངས། །ཚིགས་དང་མདུད་པའི་ལམ་དང་ནི། །སྒོམ་དང་བསྒོམ་བྱ་རྣམ་པར་སྤངས། །སྟོང་ཉིད་ཡེ་ཤེས་མཚན་ཉིད་དོ། །སྔགས་དང་ཕྱག་རྒྱའི་རྣམ་པའི་ཆ། །རྣམ་པའི་སྤྱོད་པ་རྣམ་པར་སྤངས། །བྱ་བ་སྤྱོད་པ་རྣལ་འབྱོར་གྱི། །རྒྱུད་རྣམས་ལ་ཡང་བཀླག་མི་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་ཆེན་པོ། །བཤད་པར་བྱ་བ་དམ་ཚིག་མཆོག །མན་ངག་ཇི་བཞིན་ཆོ་ག་བཞིན། །ཐོག་མ་ཉིད་དུ་བཤད་པར་རིགས། །དེ་ཡི་རིམ་པའི་རྗེས་འགྲོ་ཤེས། །བླ་མ་བརྒྱུད་པའི་གོ་འཕང་མཆོག །རྣལ་འབྱོར་ཆེན་


DKG081_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྣམ་རྟོག་མེད་པའི་མཚན་ཉིད་ཀྱི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །།དེ་ནས་རྡོ་རྗེ་ཅན་གྱིས་གསུངས། །རྩ་རྣམས་ནུབ་པའི་རྣལ་འབྱོར་ནི། །དེ་ཁོ་ན་ཉིད་བཤད་ཀྱིས་ཉོན། །ཡུལ་དང་དབང་པོ་ཡང་དག་སྦྱོར། །རྩ་རྣམས་ཀྱང་ནི་འཆར་བར་འགྱུར། །ཤར་ནས་སྔོན་བཞིན་སོང་ནས་ནི། །བསྐྱེད་པའི་རིམ་པ་བླ་ན་མེད། །རྣམ་རྟོག་སྐྱེ་བ་དེ་ཡི་ཕྱིར། །བརྒྱ་དང་བརྒྱད་ཀྱིས་ལྷག་པའི་རིམ། །དེ་ལས་སྐྱེ་དང་རྒ་དང་ན། །འཆི་ཞིང་སླར་ཡང་ལྡོག་པར་འགྱུར། །ཡུལ་རྣམས་དངོས་པོ་མེད་པ་ཡིས། །སྦྱངས་པའི་ཡེ་ཤེས་དེ་ཉིད་ཕྱིར། །དེ་ཉིད་འདི་ལ་སྤྱོད་པའི་ཕྱིར། །དངོས་སུ་ཡུལ་རྣམས་དངོས་མེད་ཕྱིར། །དབང་པོ་རྣམས་ནི་སྐྱེ་བ་མིན། །དེ་ལས་གཉིས་གཉིས་ཡང་དག་སྦྱོར། །དངོས་དང་དངོས་མེད་སྟོང་པ་ཉིད། །དེ་ནས་རྩ་རྣམས་ནུབ་འགྱུར་ཏེ། །འཁོར་ལོའི་རིམ་པ་ལ་ཡང་རྟོན། །དེ་རྣམས་ནུབ་པ་ལས་ནི་ཞི། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། །ཀུན་ཀྱང་རྩ་ཡི་འཁོར་ལོར་འགྱུར། །དེ་ཉིད་ཀུན་ཆོས་ནང་དུ་ཁྱབ། །སྟོང་ཉིད་བསྒོམ་པ་རྣལ་འབྱོར་ལས། །ཡུལ་རྣམས་ཀྱི་ནི་ངོ་བོ་ཉིད། །ངེས་པ་རུ་ནི་ཤེས་པ་ཞེས། །རིག་པའི་རྡོ་རྗེ་རྣམ་པར་འཇོམས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྩ་རྣམས་ནུབ་པའི་སྦྱོང་བའི་ལེའུ་སྟེ་སུམ་ཅུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྤྱོད་དྲུག་གོ་འཕང་མཚན་ཉིད་ནི། །ཇི་ལྟ་ཇི་ལྟ་བ་བཞིན་སྦྱོར། །ཇི་ལྟར་འདོད་པའི་ཡན་ལག་བརྟེན། །རྣམ་པ་དྲུག་པོ་དེ་ལས་ཕྱེད། །དེ་བཞིན་བརྒྱད་བརྒྱད་དེ་ལས་ལྷག །བརྒྱད་གཉིས་བརྒྱད་ཕྲག་བཞི་དང་ནི། །དེ་ལྟར་གྲངས་ཀྱིས་སྦྱོར་བ་གསལ། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟོང་ཉིད་རླུང་གི་འཁོར་ལོར་གནས། །ཕྱེད་པ་མ་ཡིན་རྫོགས་པ་མིན། །ཆུ་ཡི་ཟླ་བ་ལྟ་བུར་སྣང་། །སྒྱུ་མ་ཆེན་པོ་འགྲོ་བའི་མ། །ཐམས་ཅད་རྟེན་པའི་མཚན་ཉིད་ནི། །རླུང་གི་འཁོར་ལོ་སྲོག་ཅེས་བཤད། །མཁས་པ་རྣམས་ཀྱི་སྤྱོད་ཡུལ་མིན། །མེ་ཡི་འཁོར་ལོ་


DKG081_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ཁྱབ། །དབུས་ན་ཐིག་ལེ་ལྟ་བུ་ནི། །མི་འགྱུར་ཀུན་དུ་འགྲོ་བ་དང་། །རང་བྱུང་ཀུན་ལ་ཁྱབ་པ་དང་། །བདེ་བ་ཡང་དག་འཕེལ་བར་བྱེད། །དབྱངས་དང་གསལ་བྱེད་རྣམ་པར་སྤངས། །འཇིག་རྟེན་གསུམ་ནི་མ་ལུས་པ། །གཅིག་ཏུ་བྱས་ན་སྐྱེད་པར་བྱེད། །མི་ཤིགས་ནཱ་དའི་གོ་འཕང་ཅན། །རྣམ་པ་ཐམས་ཅད་རྣམ་པར་སྤངས། །སྦྲུལ་གྱི་ལྕེ་ལྟར་གཡོ་བ་དང་། །ཚངས་པ་ལ་སོགས་ཕ་མེས་དང་། །འཇིགས་པ་མ་ཡིན་གཡོ་བ་མིན། །ཡི་གེ་དང་ནི་ཚིག་མ་ཡིན། །འབྱུང་བའི་ཚོགས་ནི་རྣམ་པར་སྤངས། །གྲངས་བྲལ་ཟད་མེད་སྐྱེ་བ་མེད། །ལྟེ་བ་སྤྲུལ་པའི་འཁོར་ལོར་གནས། །ཆོས་ཀྱི་འཁོར་ལོའི་དབུས་གནས་པ། །སྒྲ་ཙམ་དྲི་མ་དང་བྲལ་བ། །ཆགས་བྲལ་ཆགས་པ་མེད་པ་དང་། །བྱ་བ་བྱེད་དང་གནས་མེད་པ། །དཔེ་མེད་གནས་པ་མེད་པ་དང་། །སྲོག་དང་རྩོལ་བ་རྣམ་པར་སྤངས། །ལྷ་ཡི་དབང་ཕྱུག་ཡེ་ཤེས་མཆོག །དེ་ལྟ་བུ་ཡང་རྙེད་པར་དཀའ། །ལོངས་སྤྱོད་འཁོར་ལོ་མཆོག་ཏུ་གནས། །འཆིང་བ་མེད་པའི་རྣམ་པ་མཆོག །མཆོག་ཏུ་ཁོང་དུ་ཆུད་གྱུར་པ། །རྣམ་པ་ཀུན་གྱིས་ཡང་དག་བཞུགས། །རྟེན་ཅིང་འབྲེལ་འབྱུང་རང་བཞིན་གྱི། །ཆང་གི་རོ་ཡིས་མྱོས་པ་བཞིན། །མཆོག་ནི་དང་པོ་མ་ལུས་པ། །དངོས་པོ་ཀུན་གྱི་ནང་ན་གནས། །ཐོག་མ་ཐ་མ་ལྷག་པར་གནས། །མཚན་ཉིད་མེད་ཅིང་སྣང་བ་མེད། །མཚན་ཉིད་ཐམས་ཅད་རྣམ་པར་སྤངས། །ཞི་བ་མི་འཇིགས་བརྗོད་དུ་མེད། །རང་བཞིན་ཉམས་མྱོང་རང་ངོ་བོ། །བདེ་བ་ཆེན་པོའི་འཁོར་ལོར་གནས། །བླ་མ་བརྒྱུད་པ་ལས་ནི་ཐོབ། །དེ་ལྟར་ཡེ་ཤེས་བྱེ་བྲག་ཆེ། །རང་གི་ངོ་བོ་རྣམ་ཤེས་དྲུག །སྟེང་དང་འོག་ཏུ་ཡང་དག་སྦྱོར། །རྣལ་འབྱོར་ཞེས་ནི་རབ་ཏུ་གྲགས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་འཁོར་ལོ་དྲུག་སྒོམ་པའི་ལེའུ་སྟེ་སུམ་ཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །དུས་ཀྱི་མཚན་ཉིད་སྡོམ་པ་ནི། །རྣལ་འབྱོར་གང་གིས་རྣམ་པར་ཤེས། །གྲངས་ཀྱི་རྣལ་འབྱོར་བླ་


DKG081_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད། །དུས་ནི་དུས་ཚོད་ཞེས་ནི་བཤད། །བསམ་དང་བསམ་བྲལ་རང་དངོས་ནི། །དུས་བཟང་དང་ནི་དུས་ངན་དང་། །རྣམ་པ་གཉིས་ལ་ཡང་དག་གནས། །སྣ་ཡི་བུ་ག་ལས་བྱུང་ནས། །ཕྱི་ཡི་སྒོ་ལས་རྟག་ཏུ་འཆར། །ནང་དུ་སྡུད་པར་དུས་བཟང་གསུངས། །འབྱུང་བ་ཡང་ནི་དུས་ངན་འདོད། །དུས་ངན་ལས་ནི་གཞན་པ་མཆོག །དུས་བཟང་མཆོག་སྟེ་རང་ཉིད་ནི། །རྫོགས་ལྡན་དང་ནི་གསུམ་ལྡན་དང་། །གཉིས་ལྡན་དང་ནི་དུས་བཟང་པོ། །རྩོད་པའི་དུས་ནི་ངན་པ་སྟེ། །དེ་ལྟར་གསུངས་པའི་དུས་མཚན་ཉིད། །དགའ་དང་མཆོག་ཏུ་དགའ་བ་དང། །ལྷན་ཅིག་སྐྱེས་པ་དུས་བཟང་སྟེ། །དགའ་དང་བྲལ་བ་ངན་དུས་སོ། །དུས་ཀྱི་མཚན་ཉིད་དེ་ལྟར་བཤད། །འཇུག་པ་དང་ནི་གནས་པའི་དུས། །དུས་བཟང་པོར་ནི་ཡོངས་སུ་གྲགས། །ལྡང་བ་ཡང་ནི་དུས་ངན་ཏེ། །དེ་ལྟར་དུས་ཀྱི་མཚན་ཉིད་དོ། །དུས་ནི་ཁམས་རྣམས་ཐམས་ཅད་དེ། །མཉམ་པ་རོ་གཅིག་གོ་འཕང་མཆོག །ཡེ་ཤེས་རྣམ་ཤེས་རྣམ་སྤངས་ཏེ། །དུས་ནི་གཅིག་ནི་བརྗོད་པ་ཡིན། །དངོས་དང་དངོས་མེད་སྤྲོས་བྲལ་བ། །བཞི་པའི་སྐད་ཅིག་མཚན་ཉིད་ནི། །བརྗོད་བྱ་རྗོད་བྱེད་ལས་གྲོལ་བ། །དུས་གཅིག་ཞེས་ནི་བརྗོད་པ་ཡིན། །ཆགས་དང་ཆགས་བྲལ་ངེས་གྲོལ་བ། །བདེ་བ་ཆེན་པོ་གོ་འཕང་སྤངས། །ཕྱག་རྒྱ་ཆེན་པོའི་དོན་གྱི་གཞི། །དུས་གཅིག་ཞེས་ནི་བརྗོད་པ་ཡིན། །མཚན་ཉིད་མེད་ཅིང་སྣང་བ་མེད། །གྲངས་ནི་རྣལ་འབྱོར་རྣམ་པར་སྤངས། །དེ་ཉིད་དུས་སུ་ངེས་བཤད་དེ། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དུས་དང་དུས་ཚད་རྣམ་པར་བཤད་པའི་ལེའུ་སྟེ་སུམ་ཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་འབྲས་བུ་མཆོག་ཉོན་ཅིག །གང་གིས་དངོས་གྲུབ་མཆོག་ཏུ་འགྲོ། །ཕྱག་རྒྱ་ཆེན་པོ་ཡང་དག་བསྟེན། །གསང་བ་སྦས་པ་ཞེས་ནི་བཤད། །རྣལ་འབྱོར་བྱིས་པས་མི་ཤེས་ཤིང་། །བཞི་པའི་དབང་ཞེས་བྱ་བའི་མིང་། །ཞལ་ནས་བརྒྱུད་


DKG081_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རིམ་པ་རྣམས། །མཆོག་ཏུ་ཞི་བའི་ཡེ་ཤེས་ཆེ། །རྣམ་རྟོག་ཐམས་ཅད་རྣམ་པར་སྤངས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ། །རྣལ་འབྱོར་ཆེན་པོའི་དོན་བསྡུས་པ། །རྣལ་འབྱོར་མ་རྒྱུད་ལས་བསླབས་པ། །མཆོག་ཏུ་རྨད་བྱུང་ངོ་བོ་ཉིད། །ཡེ་ཤེས་ཆེན་པོའི་རོ་འབེབས་པ། །དེ་ཉིད་ཆེན་པོའི་ཡོན་ཏན་ལྡན། །ནམ་མཁའ་མཆོག་ལ་གནས་པའི་ས། །རྡོ་རྗེ་སེམས་དཔའ་རང་ངོ་བོ། །བདེ་བ་རྣམས་ནི་འཕེལ་བར་བྱེད། །བདེ་བ་ཆེན་པོའི་གོ་འཕང་འདས། །ཤེས་དང་ཤེས་བྱ་རྣམ་པར་བྲལ། །སྒོམ་དང་བསྒོམ་བྱ་རྣམ་པར་སྤངས། །སྔགས་དང་རྒྱུད་ཀྱི་བྱ་བས་སྟོང་། །ཀུན་དུ་རྟོག་པ་ཐམས་ཅད་སྤངས། །དངོས་པོ་ཀུན་གྱི་གོ་འཕང་གསལ། །འཇིག་རྟེན་གསུམ་གྱི་རྣམ་པའི་མི། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དམ་ཚིག་ཆེན་པོ་ལ་གནས་པ། །གྲངས་མེད་འཇིག་རྟེན་གསུམ་གཅིག་དངོས། །དངོས་གྲུབ་དེ་ཁོ་ན་ཡི་རྒྱུད། །དེ་ལྟར་གསང་བའི་འབྲས་བུ་གསལ། །གཞན་ནི་གང་དུའང་མ་གསུངས་པ། །རྣལ་འབྱོར་མཆོག་གི་ཡེ་ཤེས་མཆོག །རྣལ་འབྱོར་མ་རྒྱུད་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་གསང་བའི་འབྲས་བུ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་མཆོག །ཆོས་ཀྱི་དབྱིངས་ནས་ཁྱབ་པའི་ཁམས། །ཆོས་ཀྱི་དབྱིངས་ཀྱིས་དེ་ལ་བརྗོད། །ཀུན་ཁྱབ་མཆོག་ཏུ་ཕྲ་བ་དང་། །ཀུན་འགྲོ་རྟག་ཏུ་འཆར་བ་དང་། །ཕུང་པོ་ལྔ་ཉིད་འབྱུང་བ་ལྔ། །ཡུལ་དང་སྐྱེ་མཆེད་རྣམ་ཤེས་དང་། །དེ་དག་ཡང་དག་ལྡན་ཆོས་ཀུན། །བཤད་དེ་གསང་བའི་དབང་ཕྱུག་སྟེ། །དེ་དག་དབུས་ན་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་པ། །ཇི་ལྟར་ཏིལ་གྱི་ཏིལ་མར་དང་། །ཇི་ལྟར་ཤིང་ལ་མེ་བཞིན་དུ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །ཁྱབ་ཀྱང་མཐོང་བ་མ་ཡིན་ནོ། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཆོས་ཀུན་གྱི་ནི་གཞི་ཡི་མཆོག །གཟུང་དང་འཛིན་


DKG081_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་རྟོག་གིས། །ཁྱབ་ཀྱང་མཐོང་བ་མ་ཡིན་ནོ། །སྟོང་ཉིད་ཡེ་ཤེས་རྣལ་འབྱོར་གྱིས། །རྣལ་འབྱོར་པ་ཡིས་གསལ་བར་མཐོང་། །ཆོས་དབྱིངས་བྷ་ག་ཞེས་ནི་བརྗོད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་ག་བརྗོད། །བྷ་ག་ཆོས་རྣམས་སུ་ཡང་བཤད། །དབྱིངས་ནི་བྱང་ཆུབ་སེམས་སུ་གསུངས། །ཁམས་གསུམ་པ་ཡི་འགྲོ་བ་ཡི། །རྒྱུ་ནི་བྷ་ག་ཞེས་བྱར་བཤད། །དབྱིངས་ནི་ཡང་དག་སྦྱོར་དངོས་ཀྱིས། །ཆུ་ཟླ་བཞིན་དུ་ཡང་དག་གནས། །དོན་དམ་གཅིག་པུའི་དེ་ཉིད་ཤེས། །ལག་མཐིལ་སྐྱུ་རུ་བཞག་པ་བཞིན། །མཆོག་གི་དེ་ཉིད་ལྟར་ནི་སྣང་། །རང་རིག་ཤིན་ཏུ་དྲི་མ་མེད། །དངོས་དང་དངོས་མེད་ཟད་ནས་ནི། །རྟག་ཏུ་དེ་ཉིད་མཐོང་ཞིང་སྣང་། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གསལ། །དེ་ལྟར་ཤིན་ཏུ་རྒྱས་པར་བཤད། །གཟུང་དང་འཛིན་པ་དང་བྲལ་བས། །སྦྱོར་བྲལ་ཤེས་པ་རྨད་དུ་བྱུང་། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཆོས་ཀྱི་དབྱིངས་ཀྱི་དོན་བཤད་པའི་ལེའུ་སྟེ་བཞི་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྡོ་རྗེ་ཡི་ནི་མཚན་ཉིད་མཆོག །དེ་ཡི་དོན་དུ་བཤད་ཀྱིས་ཉོན། །ཇི་ལྟ་བ་བཞིན་བཤད་པར་བྱ། །རྡོ་རྗེ་མི་ཕྱེད་ཞེས་ནི་གསུངས། །ཡེ་ཤེས་ལྔ་ཡི་བདག་ཉིད་མཆོག །རྩ་ལྔ་ཡི་ནི་ནམ་མཁར་རྟེན། །རྩེ་མོ་ལྔ་ཡི་རང་ངོ་བོ། །ས་དང་ཆུ་དང་དེ་བཞིན་མེ། །རླུང་དང་ནམ་མཁའ་ཉིད་དང་ནི། །རྩ་ཡི་ནམ་མཁའི་ཆ་ཡི་གཟུགས། །བླ་མ་བརྒྱུད་ལས་ཤེས་པར་བྱ། །ཨྃ་རྃ་ལྃ་བྃ་ཡྃ་ས་བོན། །བརྗོད་པ་རྩེ་ནི་ལྔ་རྣམས་ཏེ། །འབད་པ་ཡིས་ནི་ཤེས་པར་བྱ། །རྡོ་རྗེས་སྐྱེ་བའི་མཚན་ཉིད་ནི། །པདྨ་ལྟེ་བའི་དབུས་གནས་པ། །ཐིག་ལེར་བཤད་པ་འགྲོ་བ་མེད། །དམ་ཚིག་གནས་ནི་ཤེས་པ་དང་། །བདུད་རྩི་མཆོག་གིས་རབ་ཏུ་གང་། །རྣམ་པ་ཀུན་ལྡན་རྣམ་པ་མེད། །དེ་ནི་རྡོ་རྗེར་ཡོངས་སུ་གྲགས། །མེ་ལོང་མཉམ་ཉིད་ཡེ་ཤེས་དང་། །སོ་སོར་རྟོག་དད་


DKG081_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ནན་ཏན། །རྣམ་པར་དག་པ་ཆོས་ཀྱི་དབྱིངས། །ཡེ་ཤེས་ལྔ་ཡི་རང་བཞིན་ནོ། །དེ་ཡི་ངོ་བོ་ཡོངས་སུ་ཤེས། །རྡོ་རྗེ་རང་ཉིད་ཉམས་མྱོང་མཆོག །ནམ་མཁར་ཆེར་གནས་ཞི་བ་དང་། །རྟོག་པ་མེད་ཅིང་ཉོན་མོངས་མེད། །རྡོ་རྗེ་སེམས་དཔའ་ཡང་དག་གཞི། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྡོ་རྗེ་བཤད་པའི་ལེའུ་སྟེ་བཞི་བཅུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རིགས་ཀྱི་དབྱེ་བ་དོན་བསྡུས་པ། །དེ་ཚེ་རིགས་ནི་རྣམ་པ་ལྔ། །རྩ་བའི་རྒྱུད་དུ་གསལ་བར་གསུངས། །རྣལ་འབྱོར་སྤྲོས་པ་དབྱེ་བ་ཡིས། །རྣལ་འབྱོར་ཆེན་པོའི་དམ་ཚིག་གོ། །རྒྱུད་དུ་གྲགས་པ་དབྱེ་བ་ཡི། །མཐར་ཐུག་དེ་ནི་ཡང་དག་གསུངས། །དེ་ཉིད་ལས་ནི་བསྡུས་ནས་ཀྱང་། །རིགས་ཀྱི་དབྱེ་བ་བརྒྱ་རུ་གསུངས། །སྣ་ཚོགས་སྤྲོས་པའི་རྣལ་འབྱོར་གྱིས། །རྡོ་རྗེ་སེམས་དཔའ་ཞེས་ནི་བརྗོད། །གང་གིས་དེ་ཡི་རྣམ་པ་མཐོང་། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །སེམས་ཅན་མོས་པ་སྣ་ཚོགས་དང་། །སྣ་ཚོགས་བསམ་པའི་བྱེ་བྲག་གིས། །སྣ་ཚོགས་ཉོན་མོངས་མནན་ནས་ནི། །འགྲོ་བའི་བླ་མས་གྲོལ་བའི་ཕྱིར། །གཞུང་ནས་གང་གིས་དེ་ཡིས་ནི། །སྣ་ཚོགས་སྤྲོ་བའི་ངོ་བོ་ཉིད། །གྲངས་མེད་པ་ཡི་དབྱེ་བ་ཡིས། །དབྱེ་བ་གྲངས་མེད་སྦྱོར་བ་ཡིས། །དོན་དམ་རིགས་ཀྱི་དབྱེ་བ་ཉིད། །རྒྱུད་གཞན་རྣམས་སུ་གསུངས་པ་ཡི། །སེམས་ཅན་བསམ་པའི་བྱེ་བྲག་གིས། །དེ་ནི་བསྡུས་ན་དབྱེ་བར་འགྱུར། །རྩ་ཡི་འཁོར་ལོའི་རིམ་པ་ཡིས། །སྟོང་ཕྲག་བདུན་ཅུ་རྩ་གཉིས་པའོ། །དེ་ལ་སྟོང་ཕྲག་སུམ་ཅུ་དྲུག །ལུས་ཀྱི་རྫས་དང་གནས་སོགས་ཀྱིས། །རིམ་པའི་དབྱེ་བ་དེ་ལས་ཀྱང་། །སྟོང་ཕྲག་ཉི་ཤུ་རྩ་བཞིའོ། །དེ་རྗེས་བརྒྱ་ཡིས་མཆོག་ཏུ་གང་། །བདུན་ཅུ་རྩ་གཉིས་དྲུག་ཅུ་བཞི། །སུམ་ཅུ་རྩ་དྲུག་བསྡུས་པ་ལས། །ཉི་ཤུ་རྩ་བཞི་དེ་ལས་ཀྱང་། །སུམ་ཅུ་དང་ནི་དགུ་ཡང་ངོ་། །དེ་ལས་ལྔ་དང་དེ་ཕྱིར་གསུམ། །


DKG081_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཡང་བསྡུས་ན་གཅིག་ཉིད་དེ། །རྫོགས་པའི་རིམ་པའི་སྦྱོར་བ་ཡིས། །གཞན་ནས་གཞན་དུ་འདྲེས་ནས་འགྲོ། །དེ་ཡང་འོད་གསལ་གོ་འཕང་ལའོ། །རྣམ་རྟོག་མེད་པའི་བདེ་བ་ཆེ། །གཉིས་མེད་ཡེ་ཤེས་དྲི་མ་མེད། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་མཆོག །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རིགས་ཀྱི་དབྱེ་བའི་དོན་བསྡུས་པ་ཞེས་བྱ་བའི་ལེའུ་སྟེ་བཞི་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཕྱག་རྒྱའི་དབྱེ་བ་བླ་ན་མེད། །ཆོས་དང་ལས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་མངོན་པར་བརྗོད། །ལས་ཀྱི་རྣམ་སྨིན་ངེས་པ་ཡིས། །ཀུན་ནས་རྒྱས་བཏབ་ལྟ་བུར་གནས། །གང་ཡང་འདི་ནི་ལས་གང་གིས། །དེ་འབྲས་ཇི་ལྟ་བ་བཞིན་འགྱུར། །ཆོས་རྣམས་རང་བཞིན་མེད་པ་ཉིད། །རང་བཞིན་གྱིས་ནི་རྒྱས་བཏབ་ནས། །དམ་ཚིག་རང་གི་ཡོན་ཏན་དངོས། །རྒྱལ་སྲས་རྣམས་ཀྱི་རྒྱས་བཏབ་པ། །སྟོང་དང་སྙིང་རྗེ་མི་ཕྱེད་པ། །སངས་རྒྱས་ཞིང་ནི་རྣམ་སྦྱོང་བ། །དེ་བཞིན་གཤེགས་པའི་དམ་ཚིག་ནི། །ཡོངས་སུ་དག་པའི་མཛད་པ་ཡིས། །དེ་ཡི་རང་བཞིན་རང་བཞིན་མེད། །ཕྱག་རྒྱ་ཆེན་པོ་ཞེས་ནི་བརྗོད། །ལས་ཀྱི་ཕྱག་རྒྱ་ཡོངས་ཤེས་ན། །སྔགས་པ་ལས་ནི་ཐོབ་པར་སྐྱེ། །བླ་མས་ཤེས་རབ་དབང་བསྐུར་ན། །ཇི་ལྟར་མཐོང་བའི་མཚན་ཉིད་ནི། །རྡོ་རྗེ་སེམས་དཔའ་རང་དངོས་དོན། །སྙིང་རྗེའི་བསམ་པས་གསལ་བ་ནི། །དེ་ལས་ངེས་པར་ཐོབ་ནས་ནི། །ཆོས་ཉིད་སྒོ་ནས་ངེས་པར་བྱེད། །དེ་ལྟར་དེ་ཉིད་དེ་ཡེ་ཤེས། །དེ་ལྟར་རྣལ་འབྱོར་མ་མཚན་ཉིད། །དམ་ཚིག་ལ་ཞེན་མཁས་པ་དང་། །རླུང་གིས་དེ་ཉིད་ཕ་རོལ་སོན། །དཔལ་ལྡན་འདུས་པའི་དོན་བསླབ་པ། །ངག་འཇམ་ཤེས་རབ་ལྡན་མ་དང་། །མིག་ཡངས་མ་ཡི་བུ་མོ་རྙེད། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །ཇི་བཞིན་རྣལ་འབྱོར་དམ་ཚིག་ལ། །ཕྱག་རྒྱས་ལྷན་ཅིག་སྒྲུབ་པར་བྱེད། །དེ་ནས་དེ་ཉིད་ཐོབ་པ་ན། །ཕྱག་རྒྱ་ཆེན་པོའི་མཚན་ཉིད་དོ། །དེ་ཉིད་བདེ་ཆེན་གོ་འཕང་ནི། །ཀུན་དུ་རྟོག་པ་


DKG081_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སྤངས། །སྟོང་ཉིད་ཡེ་ཤེས་དྲི་མ་མེད། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གསལ། །དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱའི་དབྱེ་བ་བླ་ན་མེད། །རིགས་དང་ཕ་རོལ་ཕྱིན་དབྱེ་བས། །ཕྱག་རྒྱ་དྲུག་ཏུ་ཡང་དག་བཤད། །ཡྃ་རྃ་ལྃ་བྃ་ཨྃ་ཧྃ་དང་། །ལྷ་མོ་རྣམས་ཀྱི་རིམ་པ་ལས། །མཆོད་པའི་རིམ་པ་རོ་གཅིག་པ། །རྟག་ཏུ་ཡང་ནི་མཆོད་པར་བྱ། །གདོལ་པ་མོ་དང་ཁྲུས་མཁན་མོ། །སྨེ་ཤ་ཅན་དང་གར་མཁན་མ། །རོ་བསྲེགས་མོ་དང་བྲམ་ཟེ་མོ། །གྲུབ་འགྱུར་དོན་དུ་རྣལ་འབྱོར་པས། །བདག་ཉིད་རོལ་ཅིང་གནས་པར་བྱ། །ཁྲུས་མཁན་རིན་ཆེན་རིགས་ལས་སྐྱེས། །གདོལ་པ་པདྨའི་རིགས་ལས་སྐྱེས། །དེ་བཞིན་གར་མཁན་ལས་ཀྱི་རིགས། །རོ་བསྲེགས་མ་ནི་འཁོར་ལོའི་རིགས། །སྨེ་ཤ་ཅན་ནི་རྡོ་རྗེའི་རིགས། །ཡེ་ཤེས་ཕྱག་རྒྱ་བྲམ་ཟེ་མོ། །རྡོ་རྗེ་སེམས་དཔའི་རིགས་སུ་བརྗོད། །འདི་ནི་རིགས་ནི་དྲུག་ཏུ་འགྱུར། །བྲམ་ཟེ་མོ་ནི་མ་ཡིན་ཏེ། །ཁྲུས་མཁན་མོ་ནི་སྲིང་མོར་བརྗོད། །གར་མཁན་མོ་ནི་བུ་མོར་ཤེས། །སྨེ་ཤ་ཅན་ནི་ཆུང་མར་གྲགས། །རོ་བསྲེགས་མོ་ནི་མནའ་མ་སྟེ། །སྒྱུག་མོ་གདོལ་བ་མ་ཞེས་བྱ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྣམ་རྟོག་མེད་པས་བརྗོད་པར་བྱ། །གང་ཕྱིར་རྣམ་རྟོག་མེད་གྱུར་ན། །དངོས་གྲུབ་ཀུན་ལ་དུས་ཀུན་དུ། །སེམས་ནི་མ་རུ་གྱུར་ནས་ནི། །སྲིང་མོ་དག་ཏུ་ཡང་དག་བཤད། །ལུས་ནི་བུ་མོར་ཤེས་པར་བྱ། །སྲོག་ནི་ཆུང་མར་རབ་ཏུ་གསལ། །མནའ་མ་ཐུར་དུ་སེལ་བའི་རླུང་། །དབུ་མའི་རླུང་ནི་སྒྱུག་མོར་བརྗོད། །མ་ནི་རྒྱགས་པའི་རྩ་ཡི་ཆ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །སྲིང་མོ་ཁུ་བ་འབབ་པའི་རྩ། །སྤྱི་བོའི་གནས་ན་ཡང་དག་གནས། །བུ་མོ་ཁྲག་རྒྱུ་བ་ཡི་རྩ། །དེ་ནི་ཕྱེད་ཕྱེད་ལྷག་པར་གནས། །ཆུང་མ་གཅིན་ནི་འབབ་པའི་རྩ། །དེ་ཉིད་ཀྱི་ནི་དབུས་ན་གནས། །མནའ་མ་མཆི་མ་འཛག་པའི་རྩ། །མགྲིན་པའི་གནས་སུ་ལྷག་པར་གནས། །མ་ནི་ས་རུ་ཡང་དག་བཤད། །ཆུ་ཡི་ཁམས་ནི་སྲིང་མོར་བརྗོད། །མེ་ནི་བུ་མོར་ཤེས་པར་བྱ། །རླུང་ནི་ཆུང་མར་རབ་ཏུ་གྲགས། །མནའ་མ་ནམ་མཁའ་རུ་ནི་བཤད། །


DKG081_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུག་མོ་ནམ་མཁའ་ཆེན་པོའོ། །མངར་བར་གྱུར་པས་མ་དང་ནི། །སྐྱུར་བ་སྲིང་མོ་རུ་ནི་བརྗོད། །ཁ་བ་རང་གི་བུ་མོ་དང་། །ལན་ཚྭ་ཆུང་མར་ཡོངས་སུ་གྲགས། །བསྐ་བ་སྒྱུག་མོར་ཤེས་པར་བྱ། །ཚ་བ་མནའ་མར་ཡོངས་སུ་གྲགས། །དེ་དག་འབད་པས་འདོད་བྱ་ཞིང་། །དངོས་གྲུབ་འདོད་པས་བསྟེན་པར་བྱ། །ལས་ཀྱི་ཕྱག་རྒྱ་དབྱེ་བ་འདི། །དེ་ཡི་ཡོན་ཏན་བསྟེན་པའི་མཆོག །དམ་ཚིག་དེ་དང་རྟོག་པར་འཇུག །ཕྱག་རྒྱ་ཆེན་པོའི་བདེ་བ་ཆེ། །རྡོ་རྗེ་སེམས་དཔའི་གོ་འཕང་ཞི། །ཡེ་ཤེས་མཆོག་ནི་བླ་ན་མེད། །དེ་ལྟར་ཕྱག་རྒྱའི་གོ་འཕང་གསལ། །རྣལ་འབྱོར་མ་རྒྱུད་སྤྱོད་ཡུལ་ལོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཕྱག་རྒྱའི་དབྱེ་བ་རྒྱས་པར་བཤད་པའི་ལེའུ་སྟེ་བཞི་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་ཡང་དག་བཤད། །ཕུང་སོགས་སྐྱེ་མཆེད་མཚན་ཉིད་ནི། །རྒྱལ་བ་རྒྱལ་ནི་གཟུགས་ཞེས་བཤད། །རྡོ་རྗེ་འཛིན་ནི་རྣམ་ཤེས་དང་། །རིན་ཆེན་འཛིན་ལ་ཚོར་བར་གསུངས། །འཁོར་བ་ལས་བརྒལ་འདུ་ཤེས་གསུངས། །ཤེས་རབ་འཛིན་ནི་འདུ་བྱེད་དང་། །དེ་ལྟར་ཕུང་པོར་རབ་ཏུ་གྲགས། །ས་ནི་གཏི་མུག་དགའ་མར་བཤད། །དེ་བཞིན་ཆུ་ནི་ཞེ་སྡང་དགའ། །མེ་ནི་ཆགས་ལ་དགའ་བ་དང་། །དེ་བཞིན་རླུང་ནི་རྡོ་རྗེ་དགའ། །ནམ་མཁའ་རྡོ་རྗེ་དབྱིངས་དབང་ཕྱུག །གཟུགས་ནི་གཟུགས་ཀྱི་རྡོ་རྗེ་དང་། །སྒྲ་ནི་སྒྲ་ཡི་རྡོ་རྗེ་སྟེ། །དྲི་ནི་དྲི་ཡི་རྡོ་རྗེ་དང་། །རོ་ནི་རོ་ཡི་རྡོ་རྗེར་བཤད། །རེག་བྱའི་རྡོ་རྗེ་རེག་བྱར་འགྱུར། །ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །མིག་གཉིས་ས་ཡི་སྙིང་པོ་དང་། །རྣ་བ་ཕྱག་ན་རྡོ་རྗེ་དང་། །སྣ་ནི་ནམ་མཁའི་སྙིང་པོ་དང་། །ལྕེ་ནི་འཇིག་རྟེན་མགོན་པོ་དང་། །ལུས་ནི་སྒྲིབ་པ་རྣམ་སེལ་བརྗོད། །ཡིད་ནི་ཀུན་དུ་བཟང་པོ་དང་། །རྩ་ནི་བྱམས་པ་རུ་ནི་བརྗོད། །ཡེ་ཤེས་མཆོག་ནི་འཇམ་དཔལ་ཉིད། །ཁྱབ་པ་རུ་ནི་ཡང་དག་བཤད། །དེ་བཞིན་ལུས་ཀྱི་ཆོས་རྣམས་ནི། །ཁྲོ་བོ་བཅུར་ནི་ཡང་དག་བཤད། །དེ་ལྟར་ལུས་ཀྱི་དཀྱིལ་འཁོར་གསུངས། །ཕུང་པོ་ལ་སོགས་སྐྱེ་མཆེད་སོགས། །རྣལ་འབྱོར་གཉིས་མེད་མཆོག་


DKG081_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཕུང་པོ་ལ་སོགས་པ་དང་སྐྱེ་མཆེད་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་ལྔ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཕྱག་རྒྱ་ཆེན་པོའི་དོན་མཚན་ཉིད། །རྣལ་འབྱོར་ཆེན་པོའི་འབྲས་བུ་ཞི། །ཡེ་ཤེས་ཆེན་པོའི་དོན་བསྡུས་པ། །བདེ་བ་ཆེན་པོའི་སྐལ་བ་ཆེ། །རོ་མཆོག་ཆེན་པོའི་བདག་ཉིད་ཅན། །སྒྱུ་མ་ཆེན་མོ་མཆོག་ཏུ་ཕྲ། །ཆེན་པོའི་ཆེན་པོ་ནམ་མཁའ་ཆེ། །ཕྱག་རྒྱ་དེ་བཞིན་གཤེགས་ཡེ་ཤེས། །རྣམ་རྟོག་མེད་པའི་གོ་འཕང་སྟེ། །མི་ཕྱེད་རྡོ་རྗེ་སེམས་དཔའི་གནས། །རྣམ་རྟོག་མེད་པའི་བདེ་བ་ཆེ། །ནམ་མཁའ་བཞིན་དུ་གོས་པ་མེད། །རང་བཞིན་མེད་ཅིང་གཞི་དང་བྲལ། །གཉིས་མེད་བདག་མེད་བརྗོད་དུ་མེད། །རྣལ་འབྱོར་རྣམས་ནི་རང་རིག་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཆའི། །ཀུན་རྟོག་ཆོས་ནི་ཡོངས་སུ་སྤངས། །སྒོམ་དང་བསྒོམ་བྱ་སྙོམས་འཇུག་དང་། །རིམ་པ་གཉིས་ནི་རྣམ་པར་སྤངས། །རྣམ་ཤེས་ཡེ་ཤེས་དང་བྲལ་བ། །སྔགས་དང་བཟླས་བརྗོད་བསྙེན་པ་སྤངས། །དངོས་པོ་ཀུན་གྱི་གནས་ལས་བརྒལ། །ཡེ་ཤེས་ཆེན་པོ་རབ་གསོལ་བ། །དངོས་གྲུབ་ཆེན་པོ་འདིར་ཤེས་བྱ། །ཕྱག་རྒྱ་ཆེན་པོ་བླ་ན་མེད། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཕྱག་རྒྱ་ཆེན་པོའི་དོན་རྣམ་པར་ངེས་པའི་ལེའུ་སྟེ་བཞི་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཉམས་ཀྱི་མཚན་ཉིད་དབྱེ་བ་ནི། །གང་གིས་ཡོངས་ཤེས་རྣལ་འབྱོར་པ། །རྣལ་འབྱོར་ཆེན་པོ་དག་ཤེས་པར། །གྱུར་ནས་ཀྱང་ནི་ཡེ་ཤེས་ཆེ། །དེ་ཉིད་རྣལ་འབྱོར་ཀུན་ལས་བསྒྱིངས། །འདར་དང་རྡུལ་དང་བ་སྤུ་ལངས། །དབྱངས་འགྱུར་བ་དང་ལྡིབས་པ་དང་། །མདོག་འགྱུར་མཆི་འཛག་ཐིམ་པ་དང་། །སྙིང་སྟོབས་ཅན་གྱིས་འདི་བརྒྱད་ཉམས། །དགའ་བ་རྒྱས་པའི་རྩ་ཡི་ཆུ། །རྒྱགས་པའི་ཆ་ཡི་རྩ་དགའ་ནི། །ཁོང་སྟོང་འདར་བར་སྐྱེད་པར་བྱེད། །རྒྱགས་པའི་ཆུ་ཡི་རྩ་སད་ན། །རབ་ཏུ་རྔུལ་བྱེད་སྐྱེད་པར་བྱེད། །དེ་བཞིན་རྒྱགས་པས་གཡེངས་


DKG081_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩ། །ཁོང་སྟོང་བ་སྤུ་ལྡང་བར་བྱེད། །དེ་བཞིན་ན་ས་ར་ཡི་རྩ། །ཁོང་སྟོང་ཚེག་ནི་ལྡིབ་པར་བྱེད། །རུས་སྦལ་ཆེན་པོའི་རྩ་རྒྱས་ན། །ཁ་དོག་འགྱུར་བ་སྐྱེ་བར་བྱེད། །མགོ་བོ་ཆེན་པོའི་རྩ་རྒྱས་ན། །བརྒྱལ་ཞིང་སྡུག་བསྔལ་བཅས་པར་བྱེད། །འུར་འུར་ཆེན་པོའི་རྩ་བྱེ་ན། །བ་སྤུ་ལངས་པ་སྐྱེད་པར་བྱེད། །དགའ་བ་ཆེན་པོའི་རྩ་རྒྱས་ན། །ཁོང་སྟོང་མཆི་མ་འཛག་པར་བྱེད། །མྱོས་པ་ཆེན་པོའི་རྩ་བྱེ་ན། །སྲོག་གི་རླུང་ནི་ཐིམ་པར་བྱེད། །བརྒྱལ་དང་སེམས་མེད་བདེ་བ་ཆེ། །དེ་ནས་དྲན་པ་ཉམས་པར་འགྱུར། །སྒེག་པ་ལ་སོགས་ཉམས་སུ་ཤེས། །སྔར་བཤད་རིམ་པས་སད་པར་བྱེད། །ཛཿཧཱུྃ་བྃ་ཧོཿདེ་བཞིན་དུ། །ཨ་ལ་ལ་ལ་ལ་ཧོ་སྔགས། །རབ་ཏུ་བསྐུལ་བས་རྒྱས་ནས་སུ། །ཉམས་ནི་སོ་སོའི་དབྱེ་བས་ཤེས། །དེ་ལྟར་དེ་ནི་དབྱེ་བརྒྱུད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཉམས་ཀྱི་དབྱེ་བ་བཤད་པའི་ལེའུ་སྟེ་བཞི་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །བདག་ཅེས་བྱ་བ་སྒྲ་ཡི་རྟེན། །གང་གིས་ཡང་དག་ཤེས་པ་ཡིས། །སྲིད་པའི་འཆིང་བའི་མཚན་ཉིད་ནི། །ཨ་ཧྃ་འཁོར་ལོའི་འཆིང་བ་དག །དེ་ནི་ཡོངས་ཟད་གྲོལ་བའོ། །ཨ་ནི་དངོས་པོ་ཀུན་གྱི་མཆོག །ལུས་རྣམས་ཀུན་ལ་ལྷག་པར་གནས། །རྣམ་པ་ཀུན་གྱི་མཆོག་དང་ལྡན། །ཀུན་ཁྱབ་ཀུན་མཁྱེན་ཟད་པ་མེད། །ཐོགས་མེད་སྙིང་སྟོབས་ཞེས་བྱ་བ། །ཐབས་ཅིག་ཏུ་ནི་སྐྱེ་བར་བྱེད། །སྲིད་དང་སྲིད་རྩེ་བརྩེ་བ་མེད། །སྤྲུལ་པའི་སྐུ་ཡི་མཆོག་དང་ནི། །དོན་ཀུན་བྱེད་པ་ལ་མཁས་པ། །དེ་བཞིན་གཤེགས་པའི་དབུགས་འབྱུང་བའོ། །ཧྃ་ནི་དངོས་པོ་དང་བྲལ་བ། །ལུས་ལ་གནས་ཀྱང་ལུས་བསྐྱེད་མིན། །དབང་པོ་ལས་འདས་མི་གསལ་བ། །རྣམ་པ་ཐམས་ཅད་རྣམ་པར་སྤངས། །དངོས་དང་དངོས་མེད་ལས་གྲོལ་ཞིང་། །གང་ལའང་ལྷག་པར་གང་གནས་པ། །དངོས་པོ་ཐམས་ཅད་ནུབ་པ་དང་། །ཆོས་ཀྱི་སྐུ་ཡི་ངོ་བོ་ཉིད། །སེམས་ནི་རྡོ་རྗེ་འཆང་དབུགས་ཕྱུང་། །དོན་ཀུན་


DKG081_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་དང་བྲལ་བ། །སྟོང་པའི་རང་བཞིན་མྱ་ངན་འདས། །ཡེ་ཤེས་སྐུ་ཡི་རང་བཞིན་ཉིད། །རྗོད་དང་བརྗོད་བྱ་རྣམ་པར་གྲོལ། །དེ་ཡང་ཡི་གེ་ཧྃ་དུ་གྲགས། །ཐམས་ཅད་ཨ་ཧྃ་ཀུན་ལ་ཁྱབ། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཨ་ཧྃ་དངོས་པོ་ཐམས་ཅད་ལ། །ཁྱབ་པའི་ས་ནི་ལྷག་པར་གནས། །ཨ་ཧྃ་དང་བྲལ་སྐྱེས་བུ་ནི། །རྩ་བ་བཅད་པའི་ཤིང་བཞིན་ནོ། །ཧྃ་ནི་དཔྲལ་བའི་སྐྲ་མཚམས་ན། །ཨ་ནི་ལྟེ་བར་ཡང་དག་གནས། །འདིར་ནི་ཨ་ལས་ཟླ་བར་བཤད། །འོད་ཟེར་སྟོང་འགྱེད་པ་ཡི་ཧྃ། །འདིར་ཡང་ཨ་ཡི་མིང་ལ་བརྟེན། །རྟེན་པའི་ཧྃ་དུ་རབ་ཏུ་གྲགས། །ཨ་ནི་སྲོག་གི་རླུང་དུ་བཤད། །དེ་བཞིན་ཐུར་སེལ་ཧྃ་དུ་བརྗོད། །དེ་གཉིས་གཅིག་གྱུར་འཁོར་བ་སྟེ། །དེས་ན་ཨ་ཧྃ་ཞེས་པར་གྲགས། །རྣམ་རྟོག་བྲལ་བའི་གནས་པ་ནི། །ཨ་ཧྃ་གང་དུ་གནས་པ་མེད། །གཞན་ནི་འགའ་ཞིག་འདི་ལ་ཡང་། །དོན་དམ་པར་ནི་དམིགས་སུ་མེད། །དེ་ལྟར་ཨ་ཧྃ་ང་ཡིས་བཤད། །རྒྱུད་རྣམས་ཀུན་དུ་རྙེད་པར་དཀའ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཨ་ཧྃ་གི་སྒྲའི་དོན་བཤད་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སྟོང་ཉིད་དབྱེ་བ་བསྡུས་པ་ནི། །རྣལ་འབྱོར་པ་ནི་གང་གིས་ཤེས། །སྟོང་ཉིད་དེ་ནི་ཤེས་པར་འགྱུར། །མི་མཐུན་པ་དང་གཉེན་པོའི་ཕྱིར། །སྟོང་ཉིད་བསྒོམ་པར་ཡོངས་སུ་གསུངས། །ནང་གི་བདག་ཉིད་ཆོས་རྣམས་ནི། །ཀུན་དུ་རྟོག་པའི་གཉེན་པོ་དང་། །ཕྱིན་ཅི་ལོག་ནི་རྣམ་དག་པ། །ཕྱི་ནས་སྟོང་པ་ཉིད་དུ་འདོད། །ཕྱི་རོལ་དམིགས་པ་དང་བྲལ་བ། །ནང་གི་བདག་ཉིད་ཆོས་རྣམས་དང་། །ཕྱི་རོལ་དུ་ཡང་མི་རྟོག་པ། །འདིར་ནི་ཕྱི་དང་ནང་གི་ནི། །སྟོང་པ་ཉིད་དུ་ཡང་དག་བཤད། །སྣོད་ཀྱི་འཇིག་རྟེན་དང་བྲལ་བ། །ཆེན་པོ་སྟོང་པ་ཉིད་དུ་བརྗོད། །ཡེ་ཤེས་གང་གིས་དེ་སྟོང་པར། །མཐོང་བ་དེ་ཡང་སྟོང་པར་བརྗོད། །མེ་ལོང་ཡེ་ཤེས་རྫོགས་པ་ལ། །རྗེས་སུ་དམིགས་པར་བྱེད་ཕྱིར་རོ། །དེ་ཡི་མི་མཐུན་ཕྱོགས་སྟོང་པ། །དངོས་མེད་སྟོང་པ་ཉིད་སྟོང་ཉིད། །དོན་དམ་པར་


DKG081_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྫུན་པའི་དངོས། །ཤེས་པ་དོན་དམ་སྟོང་པ་ཉིད། །འདུས་བྱས་སྦྱིན་པ་ལ་སོགས་ཀྱི། །དགེ་བ་དམིགས་སུ་མེད་པའི་ཕྱིར། །རང་གི་རྣམ་རྟོག་མཚན་ཉིད་སྤྱོད། །འདུས་བྱས་སྟོང་པ་ཉིད་དུ་བཤད། །ཡང་དག་བྱང་ཆུབ་འདུས་མ་བྱས། །རྒྱུ་མཚན་ཡང་ནི་དམིགས་སུ་མེད། །དངོས་དང་དངོས་མེད་རྣམ་པར་སྤངས། །འདུས་མ་བྱས་པའི་སྟོང་ཉིད་གསུངས། །སེམས་ཅན་དོན་དུ་སྨོན་ལམ་སོགས། །རང་དགའ་སོགས་པ་དམིགས་པ་མེད། །ཤིན་ཏུ་སྟོང་པ་ཉིད་དུ་བཤད། །ཀུན་རྟོག་ཐམས་ཅད་རྣམ་པར་སྤངས། །མཐའ་ལས་འདས་པའི་སྟོང་ཉིད་གསུངས། །ཐོག་མཐའ་མེད་པའི་འཇིག་རྟེན་གྱི། །འགྲོ་བའི་ཕྱིར་ནི་སྨོན་ལམ་ཉིད། །རློམ་སེམས་མེད་པར་དེ་བརྗོད་དོ། །ཐོག་མཐའ་མེད་པའི་སྟོང་པ་ཉིད། །མྱ་ངན་འདས་ལ་དམིགས་པ་མེད། །དགེ་བའི་བདག་ཉིད་མི་སྟོང་བ། །རློམ་སེམས་མེད་པ་ཞེས་བཤད་དོ། །དོར་བ་མེད་པ་སྟོང་པ་ཉིད། །འདོད་ཆགས་ལ་སོགས་དྲི་མ་ནི། །བདག་ནི་རང་བཞིན་གྱིས་དག་པའི། །དེ་ལྟར་རློམ་སེམས་མེད་གསུངས་པ། །རང་བཞིན་སྟོང་པ་ཉིད་དུ་གསལ། །མཚན་དང་དཔེ་བྱད་ལ་སོགས་པ། །སྐྲུ་གཟུགས་དེ་ཡི་ཡོན་ཏན་ནི། །གཞན་རྣམས་ལ་ཡང་མི་དམིགས་པ། །རང་གི་མཚན་ཉིད་སྟོང་པ་ཉིད། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཉིད། །སྤྱོད་པ་ལ་ཡང་རློམ་སེམས་མེད། །ཆོས་རྣམས་ཐམས་ཅད་སྟོང་པར་བཤད། །བདག་དང་སྐྱེས་བའི་ཆོས་རྣམས་ནི། །སྒྲོ་བཏགས་དངོས་པོ་མེད་པའི་མཆོག །འཆིང་བ་ཐམས་ཅད་རྣམ་པར་གཅོད། །དངོས་མེད་སྟོང་པ་ཉིད་དུ་གསུངས། །ཇི་ལྟར་སྔོན་གསུངས་སྟོང་པ་ཉིད། །དེ་ལྟར་དངོས་པོ་མེད་ཤེས་པ། །སླར་ཡང་མི་དམིགས་པ་ཉིད་ནི། །དངོས་པོ་མེད་པ་སྟོང་ཉིད་འདོད། །དེ་ལྟར་སྟོང་ཉིད་དབྱེ་བ་ཡང་། །བག་ཆགས་རྣམས་ཀྱི་གཉེན་པོའི་ཕྱིར། །རྒྱུ་ཡི་གཉེན་པོ་མི་མཐུན་ཕྱོགས། །བླ་མ་བརྒྱུད་པ་ལས་ཤེས་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ལེའུ་སྟེ་བཞི་བཅུ་


DKG081_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་བའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སྟོང་པ་ཉིད་ནི་སྐྱེ་བའི་རྒྱུ། །རྣམ་པ་མེད་པའི་ཉམས་མྱོང་དངོས། །ལུས་རྣམས་ལ་ནི་ཁྱབ་པ་དང་། །ཕུང་པོ་ལྔ་ནི་རང་བཞིན་ལུས། །འཁོར་ལོ་དྲུག་ལ་ཁྱབ་པ་དང་། །ཆོས་རྣམས་ཀུན་གྱི་དབུས་གནས་ཕྱིར། །རིང་བ་མ་ཡིན་ཉེ་བ་མིན། །དེ་ནི་ཀུན་རྫོབ་དང་དབྱེར་མེད། །སྟོང་པ་ཉིད་ནི་དོན་དམ་མོ། །རྡོ་རྗེ་ཕྲེང་བ་དེ་ལྟར་བཤད། །སྲོག་གི་རྟེན་གྱི་མཚན་ཉིད་ནི། །སྐུ་མདོག་སྔོན་པོ་ཞལ་གསུམ་པ། །སྤྱན་གསུམ་པོ་ལ་ཕྱག་དྲུག་མཆོག །རྡོ་རྗེ་འཁོར་ལོ་ནོར་བུ་གཡས། །གཡོན་པ་དྲིལ་བུ་པདྨ་དང་། །རལ་གྲི་ཤིན་ཏུ་རྣོན་པོ་དང་། །ཕྱར་བ་གོ་རིམས་བཞིན་དུ་བསྣམས། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །ཟླ་བ་ཉི་མའི་གདན་ལ་བཞུགས། །སྣ་ཚོགས་པད་རྒྱས་གདན་ལ་ནི། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས། །ཧཱུྃ་གི་ས་བོན་རྫོགས་པ་དང་། །རྡོ་རྗེ་ཆེན་པོའི་རིགས་ལས་བྱུང་། །ཀུན་རྟོག་རྣམས་ནི་བསྐྱེད་པའི་རླུང་། །རྣམ་པར་གཅོད་ཅིང་ཐིམ་པར་བྱེད། །གནོད་བྱེད་དེ་དག་སེལ་བར་བྱེད། །གཉིས་པ་ཐམས་ཅད་རྣམ་པར་གཅོད། །སྒྱུ་མ་ཆེན་མོ་སྟོང་བ་ཆེ། །སངས་རྒྱས་ས་ནི་རྨད་དུ་བྱུང་། །སངས་རྒྱས་ཉིད་ཀྱི་འབྲས་སྟེར་བའོ། །འདི་ཡི་སྔགས་ནི་བརྗོད་པར་བྱ། །ཨོྃ་དང་བཛྲ་མཱ་ལེ་དང་། །དེ་བཞིན་ཨཱཿདང་ཧཱུྃ་དང་གཉིས། །ཕཊ་དང་སྭཱ་ཧཱ་ཡང་དག་ལྡན། །སྔགས་མཆོག་བཏུས་པ་བླ་ན་མེད། །རླུང་འཕྲོག་དེ་ཁོ་ན་ཉིད་ཀྱིས། །ཡིད་ཀྱི་རྣམ་རྟོག་སེལ་བར་བྱེད། །ཞི་བའི་གནས་དང་ཆུ་འགྲམ་དང་། །ཤིང་གཅིག་ལམ་གྱི་བཞི་མདོ་དང་། །ཡང་ན་སུམ་མདོར་འབུམ་ཕྲག་བཅུ། །གསལ་བར་ཡང་ནི་བཟླས་པར་བྱ། །དེ་ནི་དངོས་གྲུབ་མཆོག་ཏུ་འགྲོ། །རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས། །དེ་ཡི་ཡོན་ཏན་གསལ་བར་འབྱུང་། །ཞི་བ་ལ་སོགས་འབད་མི་དགོས། །སྐད་ཅིག་གཅིག་ལ་མངོན་པར་རྟོགས། །དེ་ནི་དེ་ཉིད་རིགས་མཆོག་ཤེས། །དཔའ་བོ་གཅིག་བུའི་ཆོ་ག་འདི། །དཔའ་མོ་གཅིག་པུ་ཉིད་བསྒྲུབ་པ། །དེ་ཡི་མཚན་ཉིད་སྒོམ་པ་གང་། །རྣམ་རྟོག་སྤངས་པའི་རྣལ་འབྱོར་


DKG081_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཤིན་ཏུ་རྣམ་དག་མཁའ་ཡི་དངོས། །རང་གི་དངོས་གྲུབ་མཆོག་ཏུ་འགྲོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྟོང་པ་ཉིད་ཀྱི་རྡོ་རྗེའི་ཕྲེང་བ་བསྐྱེད་པའི་མཚན་ཉིད་ཀྱི་ལེའུ་སྟེ་ལྔ་བཅུ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །མཚན་མོ་ཉིན་མོའི་མཚན་ཉིད་ནི། །མཚན་མོ་ཤེས་རབ་ཤེས་པར་བྱ། །འབྱུང་པོ་ཐམས་ཅད་ཐིམ་ནས་འགྲོ། །མཚན་མོའི་ཆ་ནི་ཟླ་བར་འགྱུར། །ཟླ་བ་མྱ་ངན་འདས་མཚན་ཉིད། །ཀུན་རྫོབ་དང་ནི་དོན་དམ་གྱི། །ཤེས་རབ་རྣམ་པ་གཉིས་ཞེས་བྱ། །ཀུན་རྫོབ་ཤེས་བྱར་ཤེས་པར་བྱ། །དོན་དམ་རེག་བྱ་རྣམ་པར་སྤངས། །རེག་བྱ་དང་བྲལ་བདེ་བ་གང་། །བདེ་བ་མཆོག་དེ་ཐོབ་པར་དཀའ། །ཉིན་མོ་སླར་ཡང་ཐབས་སུ་བཤད། །ཐབས་ནི་ཉིན་མོར་གྱུར་པ་དང་། །གང་ཚེ་དངོས་ལས་སྐྱེས་ཉི་མ། །རྟག་ཏུ་བྷ་གའི་བདག་པོར་འགྱུར། །འཁོར་བའི་རྣམ་པ་ཉི་མར་འགྱུར། །ཉི་མ་ལས་ནི་ཟླ་བ་སྐྱེ། །དེ་ལས་གཉིས་མེད་ངོ་བོར་བཤད། །འབར་བའི་ཕྱིར་ནི་ཉི་མར་འགྱུར། །རྣམ་པར་དཔྱད་པའི་དོན་དམ་དང་། །ཆགས་བྲལ་མཆོག་ཏུ་ཕྲ་བ་དང་། །མི་སྣང་བ་དང་སྟོང་པའི་ལུས། །འོད་གསལ་བ་ཡི་གོ་འཕང་ཞི། །གང་དུ་ཡང་དག་མི་གནས་སོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་མཚན་མོ་ཉིན་མོ་རྒྱས་པར་བཤད་པའི་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཨཱ་ལི་ཀཱ་ལིའི་དམ་ཚིག་ནི། །རྒྱུད་རྣམས་གཞན་དུ་མ་གསུངས་པའི། །རྒྱལ་སྲས་རྣམས་ལ་དགོངས་པ་ཡི། །འོད་གསལ་གོ་འཕང་ལས་སྐྱེས་པའི། །སྣང་བ་མཆེད་པའི་མཚན་ཉིད་ནི། །གསལ་བྱེད་སུམ་ཅུ་རྩ་གསུམ་ལྡན། །ཀཱ་ལིའི་དཀྱིལ་འཁོར་རྒྱས་པའོ། །སྣང་བ་མཆེད་པའི་གོ་འཕང་ནི། །སྣང་བ་ལས་བྱུང་ཟད་པ་མེད། །དབྱངས་ནི་བཅུ་དྲུག་དང་ལྡན་པ། །ཨཱ་ལིའི་དཀྱིལ་འཁོར་རྒྱས་པའོ། །དེ་གཉིས་གསང་བའི་སྦྱོར་བ་ལས། །དབུས་སུ་སྐྱེས་པའི་བདེ་བ་ཆེ། །ཨཱ་ལི་ཀཱ་ལིའི་དམ་ཚིག་ཅེས། །དགོངས་པའི་ཚིག་གིས་བྱེ་བྲག་བྱས། །ཤིན་ཏུ་ཕྲ་བའི་ཡེ་


DKG081_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཆོག །བླ་མ་བརྒྱུད་ལས་ཤེས་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཨཱ་ལི་ཀཱ་ལི་རྒྱས་པར་བཤད་པའི་ལེའུ་སྟེ་ལྔ་བཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །མཚམས་ཀྱི་མཚན་ཉིད་བླ་ན་མེད། །སྣང་དང་མི་སྣང་བྲལ་བའི་མཚམས། །ཤེས་རབ་རྡོ་རྗེ་ལས་བྱུང་བ། །གཉིས་མེད་འདྲེས་པའི་དབུས་ན་གནས། །འབགས་ཤིང་གོས་པ་རྣམ་པར་སྤངས། །རྡོ་རྗེ་པདྨ་འཆི་མེད་སྐྱེས། །ཟླ་བ་ཉི་མ་ཡང་དག་འདྲེས། །མཐར་ནི་ཡང་དག་མི་འགྲོ་གང་། །མཚམས་མེད་འཁོར་བ་དག་པར་བྱེད། །རང་གི་ངོ་བོ་རྣམ་པ་མཆོག །ཕྲ་བའི་མཚན་ཉིད་བསམ་མི་ཁྱབ། །སེམས་ཅན་ཀུན་གྱི་མཚམས་ཀྱི་ནི། །རྡོ་རྗེ་འཆང་གི་བཙུན་མོ་དང་། །འཆར་བ་མཆོག་ཏུ་དག་པར་བཤད། །དགའ་བྲལ་ལ་སོགས་རྣམ་པར་སྤངས། །མདུད་པའི་རྩེར་གནས་མཆོག་ཏུ་ཞི། །ཙ་ན་ཀ་ཡི་ཚིག་གུ་ཙམ། །མཚན་མོ་བདག་པོ་དེ་ཤར་བ། །གང་ཕྱིར་སྟེང་གི་གོ་འཕང་གནས། །ལ་ལ་ཐིག་ལེའི་རང་ངོ་བོར། །རྣམ་པ་བཞི་ཡིས་ཡང་དག་གནས། །ལ་ལར་ཐོག་མ་ལ་སོགས་སྤངས། །ལ་ལར་དེ་ཡང་དམིགས་སུ་མེད། །གང་ཕྱིར་རང་གི་བདག་ཉིད་ཅན། །དེ་ཕྱིར་བརྗོད་དུ་མེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་མཚམས་ཀྱི་འཆར་བའི་མཚན་ཉིད་ཀྱི་ལེའུ་སྟེ་ལྔ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །རྣམ་པ་ཉི་ཤུའི་མིང་ཙམ་ནི། །སློབ་དཔོན་ལས་སུ་ཡོངས་སུ་བཤད། །སྔགས་ཀྱི་རྣལ་འབྱོར་ལེགས་རྒྱས་པ། །སྔོན་དུ་བསྙེན་པ་ས་སྦྱང་དང་། །འབྱུང་པོ་བསྐྲད་པ་ཉིད་དང་ནི། །ས་གཟུང་ཉིད་དང་ཐིག་སྐུད་ནི། །སྦྱང་དང་ལྷག་པར་གནས་པ་དང་། །བགེགས་བསྐྲད་དེ་བཞིན་དཀྱིལ་འཁོར་གྱི། །ཐིག་ནི་རབ་ཏུ་གསལ་བ་དང་། །ཕུར་བུས་ཡང་དག་གདབ་པ་དང་། །བུམ་པ་བྱིན་གྱིས་བརླབས་པ་དང་། །བཅོམ་ལྡན་འདས་ཀྱི་ལྷག་གནས་དང་། །ཁྲུས་དང་རབ་ཏུ་སྦྱང་བ་དང་། །མཆོད་པ་རབ་གནས་གཏོར་མ་དང་། །སློབ་མ་ལྷག་པར་གནས་པ་དང་། །


DKG081_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལ་སྦྱིན་སྲེག་ཆོ་ག་བཞིན། །དབང་བསྐུར་བ་དང་གཤེགས་སུ་གསོལ། །དེ་ལྟར་ཆོ་ག་ཉི་ཤུའི་ལས། །གང་གིས་དེ་ཤེས་འགྲོ་བའི་བླ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །བདུད་ལས་སྡིགས་མཛུབ་དེ་ནི་མཆོག །ཡི་གེ་གསུམ་ཟློས་པ་ལ་ཞེ་ན། །རྡོ་རྗེ་ཐེག་པ་ལྷག་པར་གྲོལ། །ཞི་བ་ལ་སོགས་ལས་གང་གིས། །རྟག་ཏུ་ལག་པའི་མཐིལ་ལ་གནས། །དེ་ཡི་ཡང་དག་ཆོ་ག་ཡིས། །ཆོ་ག་མཆོག་ནི་བྱ་བ་ཡིན། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་སོགས། །ཆོ་ག་ལ་སོགས་བརྩམ་པར་བྱ། །བགེགས་མཐར་བྱེད་པའི་སྙིང་པོའི་སྔགས། །ཡི་གེ་ཉི་ཤུ་རྩ་བཞི་མཆོག །སྟོང་ཕྲག་བཅུ་ནི་ཡོངས་སུ་བཟླ། །ཐོག་མར་མཁས་པ་ཇི་བཞིན་དུ། །བགེགས་རྣམས་ཐམས་ཅད་བསལ་བའི་ཕྱིར། །སྔོན་དུ་བསྙེན་པ་ཞེས་ནི་བཤད། །དེ་འོག་ཡི་གེ་གསུམ་ཁྲིར་ནི། །བསམ་པ་ཀུན་གྱིས་བཟླས་བྱས་ན། །ཡིད་ལ་འདོད་པའི་དངོས་གྲུབ་སྟེར། །སློབ་མ་རྣམས་ཀྱི་དངོས་གྲུབ་རྒྱུར། །སྐྱེ་བོས་དབེན་པའི་ཕྱག་དར་བྱས། །ས་བཟུང་ཆུ་ནི་ཉེ་བར་བཅས། །གྲོང་དང་ཧ་ཅང་མི་ཉེ་ཞིང་། །རིང་པོར་ཡང་ནི་བརྩམ་མི་བྱ། །ཤིན་ཏུ་འཇམ་ཞིང་སྲོག་ཆགས་མེད། །རྒྱལ་པོའི་ཕོ་བྲང་ཤིན་ཏུ་རིང་། །ཁང་ཁྱིམ་ཚོང་དུས་ལས་རྒྱང་རིང་། །ཡང་ན་བདེ་གཤེགས་རྟེན་ལ་ནི། །ཐོག་མར་སོར་མོ་རྣམས་ལ་ནི། །བདེ་བར་གཤེགས་པའི་སྔགས་དགོད་བྱ། །ཁྲུ་གང་སོར་ནི་བཞི་པ་ཡིས། །སེང་ལྡེང་ཕུར་པ་བྱས་ནས་ནི། །ཡི་གེ་གསུམ་སྔགས་ཆུ་ཡིས་བཀྲུ། །ཡི་གེ་བརྒྱ་པ་ལན་བདུན་དང་། །ཡི་གེ་གསུམ་གྱི་སྔགས་ཀྱིས་བརྐོ། །ས་ནི་ཆུ་ཡི་མཐར་ཐུག་པ། །ཡང་ན་ཁྲུ་ནི་ཕྱེད་དང་གསུམ། །ཡང་ན་སེམས་ཀྱིས་སྦྱང་བར་བྱ། །དེ་ལ་གནས་པའི་འབྱུང་པོ་ནི། །ཡང་དག་འགྲོར་ནི་འཇུག་པར་བྱ། །ཨོྃ་མ་ཧཱ་ཀྲོ་དྷ་ཛྭ་ལཱརྐ། །ཧཱུྃ་ཕཊ་མཐའ་དང་ཡང་དག་ལྡན། །དེ་ལྟར་ལག་མཐིལ་སྔགས་བཀོད་ལ། །འབྱུང་པོ་རྣམས་ནི་བསྐྲད་པར་བྱ། །ས་ལ་ཐལ་མོ་ལན་གསུམ་དུ། །བརྡབ་པ་བྱས་ནས་སྔགས་བཟླས་ཏེ། །ཨུད་གཙྪད་ལན་གཉིས་བརྗོད། །སརྦ་བྷུ་ཏ་གྲ་ཧ་ཨུ་ད་གཙྪ། །ཡི་གེ་གསུམ་ནི་མཐའ་རུ་


DKG081_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད། །བཛྲ་ས་ཏྭ་བེ་ཤད་དེ། །ལས་ནི་ཐམས་ཅད་པར་གསུངས་པའི། །གཏོར་མ་བྱིན་ནས་འགྲོ་རུ་གཞུག །ས་ནི་ཡོངས་སུ་བཟུང་རྗེས་ལ། །རྡོ་རྗེ་སློབ་དཔོན་གྱིས་བརྩམ་བྱ། །ཚ་སྒོ་མེད་ཅིང་དྲི་མ་བསལ། །མཉམ་ཞིང་ཟུག་རྔུ་མེད་པ་དང་། །མེ་ལོང་ལྟ་བུར་འཇམ་པ་དང་། །མཉམ་པ་ཡང་ནི་མཁས་པས་བྱ། །བ་ཡི་ལྕི་བ་ལ་སོགས་པ། །རྣམ་པ་ལྔ་ཡིས་བྱུག་པར་བྱ། །བྱུགས་ནས་དེ་རྗེས་ཁྲུས་བྱས་ལ། །སློབ་དཔོན་ཁྲོ་བོའི་སྐུ་དང་ནི། །དཀྱིལ་འཁོར་འཇམ་པའི་རྡོ་རྗེ་ཡི། །མཆོག་ཏུ་མི་གཡོ་གཟུགས་ཀྱིས་ནི། །འཇམ་པ་དང་ནི་སུམ་སྒྲིལ་གྱིས། །རས་སམ་ཡང་ན་གསོ་མ་ཡིས། །ཡི་གེ་གསུམ་གྱིས་རྣམ་པར་སྦྱང་། །ཐིག་སྐུད་གྱིས་ནི་ཀུན་ནས་མཉམ། །གྲུ་བཞི་པར་ནི་བྱས་ནས་ཀྱང་། །རྡོ་རྗེ་ཅན་གྱིས་ཁྲུ་གསུམ་གསུམ། །གྲུ་བཞི་པར་ནི་གཟུང་བར་བྱ། །དེ་ཡི་དབུས་སུ་ལྟེ་བའི་ཆ། །སྒྲིབ་པའི་སྐྱོན་ནི་སྤང་བར་བྱ། །སྐུ་གདུང་དང་ནི་རིན་ཆེན་གཞུག །ལེགས་པར་བསངས་ནས་བྱིན་གྱིས་བརླབ། །ཡི་གེ་གསུམ་ཡང་སྭཱ་ཧཱའི་མཐའ། །ཕཊ་ཀྱི་དབུས་སུ་ཡང་དག་སྦྱར། །སྔགས་འདི་ཡང་ནི་བཟླས་པར་བྱ། །བརྒྱ་དང་བརྒྱད་ཀྱིས་ལྷག་པར་གསལ། །ཚངས་པའི་ཐིག་ནི་བཏབ་ནས་ནི། །ཡི་གེ་བརྒྱ་པ་བཟླ་བར་བྱ། །དེ་རྗེས་དེ་ལ་མེ་ཏོག་ཆར། །སྔགས་ནི་བརྗོད་ནས་གཏོར་བར་བྱ། །ཨོྃ་དང་ཨ་མོ་གྷཱ་པདྨོ། །དེ་བཞིན་དུ་ནི་ཕྱི་ནས་སུ། །བྷ་སུ་དྷ་རི་དྷ་ར་གཉིས། །དྷ་ར་ཎི་མཎྜ་ལི་ཧཱུྃ། །ཡི་གེ་བརྒྱ་པའི་སྔགས་དང་ནི། །ལན་གསུམ་བར་དུ་ཐིག་སྐུད་ལ། །ཞབས་བསིལ་ཆུ་ཡིས་བསང་བར་བྱ། །ཡི་གེ་གསུམ་གྱིས་ཐིག་གདབ་བྱ། །ཟུར་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་ཅན་གྱིས་མཚམས་བཞི་པ། །ཐོག་མར་ཤར་དང་བྱང་དང་ནི། །ཇི་སྲིད་ལྷོ་དང་ནུབ་དག་དང་། །མཚམས་སུ་ཡང་དག་ཐིག་སྐུད་དང་། །སླར་ཡང་ཡང་དག་གདབ་པར་བྱ། །ཤར་དང་ལྷོ་ཡི་མཚམས་དང་ནི། །ནུབ་དང་བྱང་གི་མཚམས་སུ་ནི། །ཐིག་སྐུད་གྱིས་ནི་ཚད་གཞལ་བྱ། །ཟུར་བཞི་དང་ནི་ཐིག་སྐུད་བྱ། །སྐོར་ཐིག་གསུམ་ནི་སྒོ་བཞི་པ། །རྡོ་རྗེ་ཕྲེང་བ་གསུམ་གྱིས་མཛེས། །ཚངས་པའི་ཐིག་


DKG081_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཏབ་ནས་ནི། །དེ་ལས་དབང་པོའི་ཕོ་བྲང་ནི། །རྣམ་པ་ཀུན་གྱིས་ཡང་དག་ཐིག །རྒྱལ་བ་ཀུན་གྱི་བཞུགས་གནས་གསལ། །དེ་ལ་རིག་པ་འཛིན་པ་བྲི། །སླར་ཡང་རིན་ཆེན་ཕྱེ་མའམ། །ཚོན་སྣ་ལྔ་རྣམས་མེ་ཏོག་དང། །རྫས་སམ་ལས་ཀྱི་སྦྱོར་བ་ལས། །རིམ་པ་ཇི་ལྟ་བ་བཞིན་དུ། །མཚན་མའི་ཕྱག་རྒྱ་ལ་སོགས་བྲི། །མི་བསྐྱོད་སྐུ་མདོག་ཕྱག་རྒྱ་སོགས། །རིགས་ནི་དབུས་སུ་དགོད་པར་བྱ། །རྒྱལ་བ་རྒྱལ་དང་རིན་ཆེན་འཆང་། །འཁོར་བ་འདས་དང་ཤེས་རབ་འཆང་། །རིམ་བཞིན་སྐུ་མདོག་དབྱེ་བ་ཡིས། །ཤར་ལ་སོགས་པའི་ཕྱོགས་སུ་དགོད། །གཏི་མུག་ཞེ་སྡང་ཆགས་པ་དང་། །རྡོ་རྗེ་དགའ་སོགས་རིམ་པ་བཞིན། །མེ་ལ་སོགས་པའི་མཚམས་རྣམས་སུ། །ཇི་ལྟ་བ་བཞིན་དགོད་པར་བྱ། །སྣ་ཚོགས་པདྨ་ཟླ་བ་ཡི། །གདན་བདུན་གཞན་གྱི་ཉི་མ་གཉིས། །འཁོར་དགའ་ཞེ་སྡང་དགའ་བར་བཅས། །ཀ་ཡི་ཕྲེང་གིས་རྣམ་པར་བརྒྱན། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །གཡོན་ན་ཤེས་རབ་རལ་གྲི་བསྣམས། །གཟུགས་དང་དབྱིབས་རྣམས་ཇི་བཞིན་དུ། །དབུས་ཀྱི་དཀྱིལ་འཁོར་མཆོད་པར་བྱ། །ཕྱི་རོལ་གཟུགས་ཀྱི་རྡོ་རྗེ་སོགས། །མཚམས་ཀྱི་ཆར་ནི་རྣམ་པར་དགོད། །ཤར་ལ་སོགས་པའི་སྣམ་བུ་ལ། །བྱམས་པ་ས་ཡི་སྙིང་པོ་ཤར། །འཇམ་དཔལ་ཕྱག་ན་རྡོ་རྗེ་ལྷོར། །མཁའ་སྙིང་འཇིག་རྟེན་དབང་ཕྱུག་ནི། །ཀུན་ནས་ནུབ་ཏུ་བསྒོམ་པར་བྱ། །སྒྲིབ་པ་རྣམ་པར་སེལ་བ་དང་། །ཀུན་དུ་བཟང་པོ་བྱང་དུ་དགོད། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །གཡོན་ན་རལ་གྲི་དགོད་པ་དང་། །ཕྱག་ན་རྡོ་རྗེ་དྲི་མེད་པའི། །ཉི་མའི་དཀྱིལ་འཁོར་གྱི་ནི་གདན། །ལྷ་མོ་རྣམས་ལ་ཟླ་བའི་གདན། །སྣ་ཚོགས་པདྨའི་སྟེང་ན་གསལ། །རྣམ་པར་སྣང་མཛད་རིགས་ལས་བྱུང་། །མཚན་མའི་ཕྱག་རྒྱ་ལ་སོགས་དགོད། །ཤར་ལ་སོགས་པའི་སྒོ་རྣམས་སུ། །གཤིན་རྗེ་གཤེད་ལ་སོགས་པ་དགོད། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །དེ་བཞིན་རལ་གྲི་གཡོན་ན་འཛིན། །མི་གཡོ་ལ་སོགས་མཚམས་རྣམས་སུ། །གཤིན་རྗེ་གཤེད་ཀྱི་རང་ངོ་བོ། །ཞལ་གསུམ་


DKG081_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་དྲུག་རྣམ་པ་ཅན། །གཡོན་ན་རལ་གྲི་རྣམ་པར་བསམ། །གང་ཕྱིར་ཤེས་རབ་རང་བཞིན་གཡོན། །དེ་བཞིན་གཡོན་ནས་རལ་གྲི་བརྗོད། །གནོད་མཛེས་དེ་བཞིན་གཙུག་ཏོར་ནི། །འོག་དང་སྟེང་དུ་རྣམ་པར་དགོད། །ཁྲོ་བོ་རྣམས་ནི་ཉི་མར་བཞུགས། །དེ་བཞིན་སྣ་ཚོགས་པདྨའི་གདན། །དེ་བཞིན་ཕྱག་རྒྱ་དབྱུག་ལ་སོགས། །ཉེ་བར་མཚོན་ནས་དགོད་པར་བྱ། །དེ་བཞིན་གཤེགས་པ་རྣམ་དག་པའི། །རི་མོ་ལྔ་ནི་རྣམ་པར་དགོད། །དེ་ལ་རྡོ་རྗེ་འབར་བའི་ཕྲེང་། །ར་བ་ཡིས་ནི་ཡོངས་སུ་བསྐོར། །རིན་ཆེན་དྲ་བ་རྔ་མ་དང་། །ལྷ་མོ་རྣམས་ཀྱི་སྣམ་བུ་ཡིས། །ཀ་བ་རྟ་བབས་འཁོར་ལོར་མཚན། །རི་དགས་རྣམས་ཀྱི་མཚན་པས་བརྒྱན། །གདུགས་དང་རྒྱལ་མཚན་བ་དན་སོགས། །རྔ་ཡབ་མེ་ལོང་ལ་སོགས་ཀྱིས། །བརྒྱན་པ་རུ་ནི་རྣམ་པར་བཤད། །སངས་རྒྱས་རྣམས་ཀྱིས་ཡང་དག་བརྟེན། །སློབ་དཔོན་མཆོག་གི་དཀྱིལ་འཁོར་ནི། །རང་གི་ལུས་ཀྱི་གཟུགས་བརྙན་ནོ། །རྡོ་རྗེ་སློབ་དཔོན་གྱིས་བྱ་བ། །བགེགས་བསྐྲད་པ་ནི་སྔོན་སོང་བས། །སུམྦྷའི་སྒྲ་དང་ནི་སུམྦྷ། །ཐོག་མར་ཨོྃ་དང་ངོ་མཚར་ཆེ། །ཧཱུྃ་གཉིས་ཕཊ་ཀྱི་མཐའ་དང་ལྡན། །ཤར་གྱི་སྒོ་རུ་དགོད་པར་བྱ། །ཨོྃ་དང་གྲྀཧྞ་གྲྀཧྞ་ཞེས། །ཧཱུྃ་གཉིས་ཕཊ་དང་ཡང་དག་ལྡན། །བློ་དང་ལྡན་པས་ལྷོ་རུ་དགོད། །ཨོྃ་དང་གྲྀཧྞཱ་པ་ཡ་གཉིས། །ཧཱུྃ་གཉིས་ཕཊ་ཀྱི་མཐའ་དང་ལྡན། །ནུབ་ཏུ་ཡང་དག་སྤྲོ་བར་བྱ། །ཨོྃ་ཨཱ་ན་ཡ་ཧོ་བྷ་ག །བཱན་དང་བིདྱཱ་རཱ་ཛ་དང་། །ཧཱུྃ་གཉིས་དང་ནི་ཕཊ་མཐར་དགོད། །དེ་རྗེས་ཡང་ནི་བྱང་དུ་དགོད། །འདི་ཡིས་གདུག་པ་བཀུག་ནས་ནི། །དེ་ནས་སྔགས་པས་ཕུར་པ་གདབ། །སེང་ལྡེང་ལས་ནི་བྱས་པ་ཡི། །ཕུར་བུ་སོར་ནི་བཅུ་གཉིས་ཚད། །ཟུར་གསུམ་ཡི་གེ་གསུམ་གྱིས་མཚན། །ཡི་གེ་བརྒྱ་པ་སོ་སོར་བཟླས། །སྔགས་ཀྱི་ཆུ་ཡིས་བསངས་ནས་ནི། །ཕྱོགས་དང་མཚམས་སུ་དགོད་པར་བྱ། །ཨོྃ་དང་ཡི་གེ་གྷ་ལན་གཉིས། །དེ་བཞིན་གྷཱ་ཏ་ཡ་ནི་གཉིས། །སརྦ་དཥྚཱཾ་ཕཊ་ཞེས་དང་། །དེ་བཞིན་ཀཱི་ལ་ཡ་གཉིས་དང་། །སརྦ་པཱ་པཾ་ཕཊ་དང་ནི། །ཧཱུྃ་གསུམ་བཛྲ་ཀཱི་ལ་ཡ། །བཛྲ་དྷ་ར་ཨཱཛྙཱ་པ་


DKG081_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཏི། །ཀཱ་ཡ་བཱཀྩིཏྟ་བཛྲ་དང་། །ཀཱི་ལ་ཡ་ཧཱུྃ་ཕཊ་ཡི་གེའི། །མཐའ་ཅན་གྱི་ནི་ཕུར་བུས་གདབ། །ཨོྃ་དང་བཛྲ་མུཏྒ་ར། །བཛྲ་ཀཱི་ལ་ཡ་ཨཱ་ཀོ་ཊ། །ཡ་དང་ཧཱུྃ་གཉིས་ཕཊ་མཐའ་དང་། །སྔགས་དང་ཕུར་བུས་བརྡུང་བ་བརྗོད། །དེ་རྗེས་བགེགས་ནི་འཇུག་ལ་སོགས། །བསྐྲད་དོན་རྡོ་རྗེ་ར་བ་དང་། །སྟེང་དུ་མདའ་ཡི་དྲ་བ་དང་། །འོག་ཏུ་སྣ་ཚོགས་རྡོ་རྗེ་དང་། །གཙུག་ཏོར་གནོད་མཛེས་སྔགས་ཀྱིས་ནི། །བྱིན་གྱིས་བརླབ་པའི་ཆོ་ག་ཡིས། །བུམ་པ་བཅུ་འམ་ཡང་ན་དྲུག །རིན་ཆེན་ལས་བྱས་རྣམ་དག་པ། །སྨན་ལྔ་དང་ནི་འབྲས་བུ་ལྔ། །འབྲུ་ལྔ་ལ་སོགས་ཀྱིས་གང་བ། །རིན་ཆེན་ལྔ་དང་སྣ་མ་སོགས། །ལོ་མ་ལྔ་ཡིས་རྣམ་པར་བརྒྱན། །གུར་གུམ་གླ་རྩི་ག་པུར་དང་། །ཙནྡན་ཆུ་ཡིས་གང་བར་བྱ། །མེ་ཏོག་ལ་སོགས་ཀྱིས་མཆོད་བྱ། །རང་རང་སྔགས་ཀྱིས་བྱིན་གྱིས་བརླབ། །བཛྲ་དྷྲྀག་དང་ཛི་ན་ཛིག །རཏྣ་དྷྲྀག་དང་ཨཱ་རོ་ལིཀ།།དེ་བཞིན་པྲཛྙཱ་དྷྲྀཀ་སྔགས་དང་། །ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས། །འོག་མིན་འཇིག་རྟེན་ཁམས་ནས་ནི། །བུམ་པ་རང་གིས་བསྐུར་བྱས་པ། །དེ་ནས་སྤྱན་དྲངས་ནས་ནི་གཞུག །དེ་ནས་ལྷ་མོའི་གཟུགས་སྤྲོས་ནས། །དེ་རྗེས་གཞན་ལ་དགོད་པར་བྱ། །ཨོྃ་དང་རུ་རུ་སྥུ་རུ་དང་། །དེ་ནས་ཛྭ་ལ་ཏིཥྛ་གསལ། །དེ་བཞིན་སིད་དྷ་ལོ་ཙ་ནི། །སརྦ་ཨརྠ་སཱ་དྷ་ནེ། །སྭཱ་ཧཱ་ཞེས་ནི་དེ་ལ་བཟླས། །སྤྱན་གྱི་རྣམ་པ་རྫོགས་ནས་ནི། །བུམ་པའི་དབུས་སུ་མཆོད་པར་བྱ། །ཨོྃ་དང་ཤཾ་ཀ་རེ་དང་ཡང་། །དེ་ལས་ཤཱནྟིཾ་ཀུ་རུ་དང་། །དེ་བཞིན་གྷུཊྚི་གྷུཊྚེ་དང་། །གྷུཊྚི་ནེ་དང་གྷུཊྚི་ནེ། །གྷཱ་ཏ་ཡ་ནི་ལན་གཉིས་བརྗོད། །སྭཱ་ཧཱའི་མཐའ་ཅན་སྔགས་བརྗོད་བྱ། །མཱ་མ་ཀཱི་ཡི་རྣམ་པ་རྫོགས། །བུམ་པའི་དབུས་སུ་མཆོད་པར་བྱ། །ཨོྃ་དང་ཀ་ཊེ་བི་ཀ་ཊེ། །ནི་ཀ་ཊེ་ཀ་ཊཾ་ཀ་ཊེ། །ཀ་རོ་ཊ་བཱིརྱེ་སྭཱ་ཧཱ། །གོས་དཀར་རྣམ་པར་རྫོགས་ནས་ནི། །བུམ་པའི་དབུས་སུ་མཆོད་པར་བྱ། །ཨོྃ་དང་ཏཱ་རེ་ཏུཏྟཱ་རེ། །ཏུ་རེ་སྭཱ་ཧཱ་དགོད་པར་བྱ། །སྒྲོལ་མའི་རྣམ་པ་རྫོགས་ནས་ནི། །བུམ་པའི་དབུས་སུ་མཆོད་པར་བྱ། །གཤིན་རྗེ་གཤེད་སོགས་གཞན་རྣམས་


DKG081_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གཅིག་ལ་ལས་ནི་ཐམས་ཅད་པ། །ཨོཾ་ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་ཧཱ་དཾཥྚྲོ་ཏ་ཀ་ཊ་བྷཻ་ར་ཝཱ་ཡ། ཨ་སི་མུ་ས་ལ། །བ་ར་ཤུ་པཱ་ཤ་ཧསྟཱ་ཡ། །ཨོྃ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྠ་ཏིཥྠ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱན། མ་ཧཱ་ག་ཎ་པ་ཏི། །ཛཱི་བི་ཏ་ཨནྟ་ཀ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདི་ལན་བདུན་བར་དུ་ནི། །ལས་ནི་ཐམས་ཅད་པ་ཡིན་ཏེ། །སྙིང་པོའི་སྔགས་ནི་བཟླས་བྱས་ལ། །རིགས་ཀྱི་དབང་ཕྱུག་མཆོད་པར་བྱ། །ཡི་གེ་བརྒྱ་པའི་སྔགས་ཀྱིས་ནི། །ལན་བདུན་བར་དུ་བསྒོམ་པར་བྱ། །བརྒྱ་དང་རྩ་བརྒྱད་རིམ་པ་ཡིས། །ཡི་གེ་གསུམ་ཡང་བཟླས་པ་ནི། །དེ་ནས་རང་ལྷའི་རྣལ་འབྱོར་གྱིས། །མཆོད་ཡོན་སྣོད་དུ་མཆོད་པར་བྱ། །དེ་ནས་དུ་གུ་ལ་རས་ནི། །ག་པུར་ཨ་ག་རུས་བདུགས་པ། །བཀབ་ནས་རང་རང་སྔགས་དང་ནི། །དེ་ལ་རིམ་བཞིན་ལྷག་གནས་བྱ། །ཞལ་གསུམ་ཕྱག་དྲུག་རྣམ་པ་ཅན། །སྤྲིན་བྲལ་ནམ་མཁའ་ལྟ་བུའོ། །དེ་ལྟ་བུ་ཡི་སྐུ་མདོག་ཕྱག །རང་སྣང་བ་ཡི་སྐུ་ལ་འཁྱུད། །ཨཱ་ལི་ཀཱ་ལི་ལས་བྱུང་བ། །སྣ་ཚོགས་པདྨའི་གདན་ལ་བཞུགས། །གཞལ་ཡས་ཁང་དབུས་ཉམས་དགའ་བའི། །འོག་མིན་ཞིང་ཁམས་ན་བཞུགས་པའི། །དཀྱིལ་འཁོར་འཁོར་དང་བཅས་པར་ནི། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །བསྒོམས་ནས་དེ་ལས་འོད་ཟེར་སྤྲོ། །ཁ་དོག་ལྔ་དང་ལྕགས་ཀྱུ་ཡི། །དེ་ཡི་སྤྱན་དྲངས་སློབ་དཔོན་གྱིས། །སྔགས་བརྗོད་ནས་ནི་སྤྱན་དྲང་བྱ། །ཨེ་ཧྱེ་ཧི་དང་བྷ་ག་བཱ་ན། །ས་མ་ཡ་མ་ནུ་སྨྲ་ར། །ཏིཥྛ་གཉིས་དང་ས་མ་ཡ། །དེ་ལ་ཨ་ནུ་སྨ་ར་གཉིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། །སྭཱ་ཧཱའི་མཐའ་ཅན་ལན་གསུམ་བརྗོད། །འཇམ་པའི་རྡོ་རྗེ་སྤྱན་དྲང་བྱ། །དཀྱིལ་འཁོར་བ་དང་ཡང་དག་ལྡན། །དཀྱིལ་འཁོར་དབུས་སུ་སྤྱན་དྲང་བ། །རང་གི་གདན་གྱི་དབྱེ་བ་ལ། །བཞུགས་ཤིང་ཡང་དག་མཆོད་པར་བྱ། །རང་རང་སྔགས་དང་རིམ་ཇི་བཞིན། །ལྷ་ཡི་མེ་ཏོག་སོགས་ཀྱིས་མཆོད། །འཁོར་ལོ་


DKG081_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ནི་མཆོད་པར་བྱ། །བདག་མིང་འདི་ཞེས་བགྱི་བ་འདིར། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྲོང་། །ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཐུགས་ཀྱིས་བརྩེ་བར་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག ། ཨོྃ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། །བཱུ་ཛོ་པ་སྦྲཱ་ན་ཡཱ་ཨཱཏྨ་ནཾ་ནི་ཪྱཱ་ཏ་ཡཱ་མི། བླ་མས་ཡི་གེ་གསུམ་ནི་བརྗོད། །ལྷ་ཡི་རྣམ་པར་བྱས་ནས་ནི། །དེ་རྗེས་བདག་ལ་མཆོད་པར་བྱ། །ཨོྃ་སརྦ་ཏ་ཐཱ་ག་ཏ། །པཱུ་ཛཱ་བཛྲ་སྭ་བྷཱ་བ། །ཨཱཏྨ་ཀོ྅་ཧཾ་ཞེས་ནི་བརྗོད། །རང་ལྷའི་ང་རྒྱལ་བྱས་ནས་ནི། །ཇི་ལྟར་བསྐྱེད་པའི་ཡུལ་རྣམས་དང་། །གནོད་བྱེད་ཁ་ན་མ་ཐོ་མེད། །ཞེ་སྡང་ཆེན་པོའི་རིགས་ལས་བྱུང་། །དཀྱིལ་འཁོར་དབང་ཕྱུག་མཆོད་བྱ་ཞིང་། །དེ་ནས་ལྷ་རྣམས་ལྷག་གནས་བྱ། །ཡིད་འཕྲོག་སྣ་ཚོགས་ལྷ་ཡི་གོས། །ག་པུར་ཨ་ཀ་རུ་ཡིས་བདུག ། སྔགས་ཀྱིས་དག་བྱས་དགབ་པར་བྱ། །ཨོྃ་དང་ཏིཥྛ་བཛྲ་ཧོཿ། །བརྗོད་ནས་དཀྱིལ་འཁོར་ལྷག་གནས་བྱའོ། །ཨོྃ་དང་སྥ་ར་བཛྲ་ཧོཿ། །བློ་དང་ལྡན་པས་སྔགས་འདི་བརྗོད། །མེ་ཏོག་སྤར་བས་གཏོར་ནས་ནི། །ལྷག་གནས་དེར་ནི་གཤེགས་པར་བྱ། །རྣམ་པ་ཀུན་དང་ཡང་དག་ལྡན། །དཀྱིལ་འཁོར་མཆོག་ནི་མཐོང་བར་བྱ། །རིགས་ལྔའི་རང་བཞིན་བཟང་པོ་ཡིས། །བཅོམ་ལྡན་གཟུགས་བརྙན་བསྒོམས་ནས་ནི། །མེ་ལོང་སོགས་ལ་ཁྲུས་བྱ་ཞིང་། །དེ་བཞིན་རྫས་དང་འོ་མ་སོགས། །ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །དེ་བཞིན་བདག་གི་སྐུ་ཁྲུས་གསོལ། །ཅོད་པན་དབང་ཕྱུག་རྡོ་རྗེ་སེམས། །དབུས་སུ་ཡི་གེ་གསུམ་དང་སྤེལ། །སྭཱ་ཧཱའི་མཐའ་ཅན་བརྗོད་པར་བྱ། །ལས་ཀྱི་དེ་ཉིད་ཆོ་ག་ཤེས། །དེ་རྗེས་སྦྱར་བའི་གཏོར་མ་བྱ། །ཨོྃ་སརྦ་ཨཱ་བ་ར་ཎ། །ཤུདྡྷ་སརྦ་པཱ་པཾ་དང་། །བི་ཤུདྡྷ་བཛྲ་ཧཱུྃ་ཕཊ། །སྭཱ་ཧཱའི་མཐའ་ཅན་སྔགས་བརྗོད་བྱ། །པདྨ་བསྐོར་བའི་ཕྱག་རྒྱ་དང་། །ཡུངས་ཀར་དཀར་པོ་བསྲེགས་བྱས་ནས། །ཉོན་མོངས་པ་ནི་སེལ་བར་བྱེད། །འཁྱུད་ཅིང་བསྐོར་བས་དོར་བར་བྱ། །དེ་ནས་ཆོ་ག་


DKG081_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ལེགས་མཆོད། །སིལ་སྙན་གླུ་ལ་སོགས་པ་དང་། །བཅོམ་ལྡན་འདས་ལ་དབུལ་བར་བྱ། །རང་རང་སྔགས་དང་གོ་རིམས་བཞིན། །ཨོྃ་སརྦ་ཏ་ཐཱ་ག་ཏ། །བུཥྤ་པཱུ་ཛཱ་མེ་གྷ་དང་། །ས་མུ་དྲ་དང་སྥ་ར་ཎ། །ས་མ་ཡ་དང་ཤྲི་ཡེ་ཨཱཿ། །ཧཱུྃ་གི་སྔགས་ནི་རྗེས་སུ་བརྗོད། །རྫས་རྣམས་ཀུན་ལ་རང་མིང་ནི། །གཟུགས་ལ་སོགས་པ་སྔ་མ་བཞིན། །ཆོ་ག་བཞིན་དུ་ཡང་དག་བརྗོད། །རྡོ་རྗེ་སེམས་དཔའ་ལེགས་བསྒྱིངས་པ། །རྡོ་རྗེ་སློབ་དཔོན་ཆོ་ག་ཤེས། །སྔགས་འདི་ཡིས་ནི་རབ་གནས་བྱ། །ཨོྃ་དང་སུ་པྲ་ཏིཥྛ་དང་། །བཛྲ་སྭཱ་ཧཱའི་མཐའ་ཅན་བཟླས། །ཡི་གེ་གསུམ་གྱི་སྙིང་པོ་ནི། །སྐུ་གསུང་ཐུགས་ལ་བཀོད་ནས་ནི། །མེ་ཏོག་ཆར་ནི་དབབ་པར་བྱ། །སློབ་དཔོན་སློབ་མའི་ཚོགས་དང་བཅས། །གླུ་ཡིས་ཡང་དག་བསྐུལ་ནས་ནི། །སད་པ་ན་ནི་ཕྱག་ཀྱང་བྱས། །ལས་ཀུན་བདག་ཉིད་རྣལ་འབྱོར་བདག །གཏོར་མ་དོན་ཀུན་གྲུབ་པར་བྱེད། །ལས་ལ་བྱང་ཞིང་མཁས་པ་དང་། །ཆོ་ག་བཞིན་དུ་བསྒྱིངས་བཅས་དང་། །ཆང་དང་སྣ་ཚོགས་ཤ་དང་ནི། །དེ་བཞིན་ལ་དུ་འོ་མ་དང་། །འབྲས་ཆན་ཕྱེ་ཡི་ཁུར་བ་དང་། །སྲན་ཁུར་བྱེ་བ་མང་པོ་དང་། །མཆོད་ཡོན་མེ་ཏོག་སོགས་ཀྱིས་མཆོད། །སྣོད་བཅུ་ཆུ་ཡིས་གང་བ་ལའོ། །གསུངས་པའི་ཁྲོ་བོ་བཅུ་སྔགས་ཀྱིས། །སྔ་མ་བཞིན་དུ་ཆོ་ག་ཡིས། །དེ་དབུས་འབྱུང་པོ་ཀུན་ལ་ནི། །ངོ་མཚར་ཆེན་པོའི་གཏོར་མ་སྦྱིན། །སྔ་མ་བཞིན་དུ་ཆོ་ག་ཡིས། །ཏིལ་བསྲེགས་བཟའ་བས་ཁྱད་པར་དུ། །བློ་དང་ལྡན་པས་སྔགས་བཟླས་བྱ། །འདི་ནི་དོན་ཀུན་སྒྲུབ་བྱེད་པ། །ཨོྃ་བྲཧྨ་དེ་བ་ཏཱ་སརྦ། ཨིནྡྲ་ད་ཤ་ལོ་ཀ་རཀྵ་ཀ། ནཱ་ག་གན་དྡརྦྦ་ཀུཾ་བྷཱཎྜ། ཡཀྵ་བྷཱུ་ཏ་ག་ཎཱཿ། ཏ་ཐཱ་བྲེ་ཏ་ཨུཏྒ་ཏ། པི་ཤཱ་ཙི་ཨ་པ་སྨཱ་ར། ཌཱ་ཀི་ནཱི་གྲ་ཧ། །བིགྷྣཱཾ་མཱ་ཏྲྀ་ག་ཎཱ། སརྦྦ་ཏ་ཐཱ་ག་ཏ་ཨག་ནི་མ་ར་གྲ་ཧཱ། །ཨོྃ་ཛོ་བྷཀྵ་མ་ཧཱ་ཏེ་ཛ། མ་ནུཥྲྱནཱ་མ། བི་ཧིཾ་ས་ཀ། །མུ་དྲཱ་མནྟྲ་ཨ་དྷི་དྷོ་བྷྱཿཙ། གྲ་ཧཱ་ནཀྵ་ཏྲ་མ་ནུ་ཥྱ། ཨི་མཾ་བ་ལིཾ། པྲ་གྲྀ་ཧྣནྟུ། སིདྡྷི་མྨེ་པྲ་ཡཙྪནྟུ་མེ་སན་དྷ། ས་ཏྱ་མ་ནེ་ཥུ་ཀར་མེ་ཥུ། སཏ་ས་ཧ་ཡ་བྷ་བན་ཏུ་ཙེ། དྷཱ་ན་དྷཱ་ན། སུ་པར་ནཉྩ། དྷ་ཌཱནྟུ་མ་མ་ཏོ་ཥི་ཏ། ཨི་ཏི་ཨུ་པཱ་ཏྲཱ་ཎ་ཏྲོ་ཥ་ཎི་སཏྭཱ་ཏ་ནཱ་མ་ནཱ་ཤ་ཡནྟུ་ཙེ། ཐོག་མར་ཨོྃ་


DKG081_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཨཱཿཧཱུྃ་ཕཊ། །སྭཱ་ཧཱའི་མཐའ་ཅན་ལས་ཀུན་བྱེད། །དེ་ལྟར་སྔགས་འདི་སྣོད་ལ་བཟླས། །རྡོ་རྗེ་སེམས་དཔའ་རྣམ་པར་རོལ། །སློབ་མ་ལྷག་པར་གནས་པར་བྱ། །མཚན་ཉིད་ཡོན་ཏན་གྱིས་བརྒྱན་པ། །ཙནྡན་ག་པུར་གླ་རྩི་ཡི། །ཆུ་ཡིས་ཀྱང་ནི་ཁྲུས་བྱས་ཏེ། །དད་པའི་ཆུ་ནི་འཆང་བ་ཡིས། །སེམས་ཀྱི་དྲི་མ་རྣམ་པར་འཁྲུད། །བདོག་བ་ཐམས་ཅད་གཏོང་བར་བྱེད། །གོས་གཙང་བ་ནི་མཆོག་ཏུ་བགོ། །ཁང་པ་བརྩེགས་མ་བྱས་ནས་ནི། །རས་ཀྱི་ཡོལ་བ་ཀུན་ནས་བྲེ། །ཡི་གེ་གསུམ་དང་ཡང་དག་ལྡན། །རྡོ་རྗེ་ཅན་གྱིས་སྔགས་ཆུ་ནི། །ལན་བདུན་གདོང་ལ་གཏོར་བ་ཡིས། །ལས་སྐྱེས་དྲི་མ་སྦྱོང་བར་བྱེད། །དེ་ནས་ས་ཡི་སྙིང་པོ་སོགས། །མིག་ལ་སོགས་ལ་རྣམ་པར་དགོད། །སོར་མོ་དབུ་མ་གཉིས་ཀྱིས་ནི། །དབང་པོ་སོ་སོ་ལ་རེག་པས། །སྔགས་བརྗོད་བྱ་ཞིང་བྱིན་གྱིས་བརླབ། །ལུས་ཀྱི་དཀྱིལ་འཁོར་རྣལ་འབྱོར་གྱིས། །ཨོྃ་དང་ཙཀྵུ་ཙཀྵུཿདང་། །ས་མནྟ་དང་ཅཀྵུཿབཟླས། །མཻ་ཏྲི་སཏྭ་ལོ་ཙ་ནེ། །སརྦ་ཨརྠ་སཱ་དྷ་ནི། །སྭཱ་ཧཱའི་མཐའ་དང་སྔགས་འདི་བརྗོད། །མཐེ་བོ་གུང་མོ་ཡང་དག་སྦྱར། །ཞབས་བསིལ་ཆུ་དང་མཉེས་ནས་ནི། །སྔགས་དེ་ལན་གསུམ་བཟླས་པར་བྱ། །སློབ་མའི་མིག་ལ་སོ་སོར་ནི། །མཐེ་བོའི་ཕྱག་རྒྱས་རེག་པར་བྱ། །ཁྲུ་གང་བ་ལ་སོར་བཞི་པའི། །སྐུད་པ་ཞགས་པ་འདྲ་པ་ལ། །ཡི་གེ་བརྒྱ་པའི་སྔགས་ལན་གསུམ། །བཟླས་ནས་ཞབས་བསིལ་ཆུས་བསང་བྱ། །སྐུད་པ་ལན་གསུམ་དཀྲིས་པ་ནི། །རྡོ་རྗེ་གསུམ་ནི་མདུད་པར་ལྡན། །དཔུང་བ་གཡོན་པར་བཅིངས་པ་ནི། །སྔགས་འདི་ལན་གསུམ་བརྗོད་པར་བྱ། །ཨོྃ་དང་ལོ་ཙ་ནེ་ཡི་སྒྲ། །ཡ་ཏ་ཏྭད་ཏཾ་སཾ་པྲ་ཏཾ། །མི་བྷ་བི་ཤུདྡཱི་ཡི་སྒྲ། །རྃ་དང་རཏྣ་ཏྲ་ཡཱ་ཡ། །སིདྡྷི་ན་ནི་ད་ད་ཤ། །ཡ་སྭཱ་ཧཱ་ཡི་སྔགས་འདི་ནི། །ཐེག་པ་བླ་མེད་ལན་བདུན་བཟླས། །སློབ་མ་ལ་ནི་མེ་ཏོག་གཏོར། །དེ་ནས་རྡོ་རྗེ་འཆང་གིས་ནི། །སོར་ནི་བཅུ་གཉིས་གཞལ་བ་ཡི། །ཟུར་ནི་གསུམ་དུ་ཡོངས་སུ་བྱ། །ཡི་གེ་གསུམ་གྱིས་བྱིན་བརླབ་བསྒོམ། །སློབ་མའི་ལག་ཏུ་གཏད་


DKG081_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ཨོྃ་དང་པྲ་ཏི་བཛྲ་དང་། །ས་མནྟ་དང་ཨི་ཤྭ་རི། །ཨཱཿཧཱུྃ་སྭཱ་ཧཱའི་མཐའ་ཅན་སྔགས། །བཟླས་ནས་སློབ་མས་དོར་བར་བྱ། །སར་འབབ་པ་ཡི་ཕུར་བུ་སྟེ། །ཕྱོགས་ནི་གང་དུ་ལྟ་བ་ཉིད། །སློབ་དཔོན་དང་ནི་སློབ་མ་ཡིས། །དེ་ཡི་ཕྱོགས་བལྟས་ཉལ་བར་བྱ། །ནམ་ལངས་ཡང་དག་བླ་མ་ལ། །ཇི་ལྟར་མཐོང་བའི་དོན་ཀུན་ཞུ། །དེ་ལ་དམིགས་ནས་སྦྱིན་སྲེག་ནི། །ཞི་བ་ལ་སོགས་རབ་དབྱེ་བས། །ལས་ནི་ཐམས་ཅད་པ་ཉིད་དམ། །བགེགས་ཞི་བ་ཡི་དོན་དུ་བྱ། །རྡོ་རྗེ་སེམས་དཔའ་བསྒྱིངས་བཅས་པས། །རྣལ་འབྱོར་ཇི་བཞིན་ཆོ་ག་བཞིན། །སྔར་བཞིན་འདིར་ཡང་གཏོར་མ་ནི། །བགེགས་རྣམས་ཞི་ཕྱིར་སྦྱིན་པར་བྱ། །དེ་ནས་གསོལ་འདེབས་སློབ་མ་ནི། །རྡོ་རྗེ་སློབ་དཔོན་ཐུགས་རྗེས་ཁྱབ། །ཐལ་མོ་སྦྱར་བར་བྱས་ནས་ནི། །མདུན་དུ་འདུག་ནས་ཕྱག་བྱས་ཏེ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །སྡོམ་པ་རྣམས་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་བླ་མས་དེ་ལ་ཡང་། །བྱ་དང་མི་བྱ་གསུངས་པ་ནི། །སེམས་ཅན་ལས་ཀྱི་སྲད་བུས་གདབ། །རྡུལ་ཚོན་བཀྱེ་བའི་རིམ་པ་དགྱེ། །འགྲོ་བ་འདི་དག་དཀྱིལ་འཁོར་ཏེ། །རང་བཞིན་དག་པ་གཉིས་མེད་པའོ། །ཐོག་མར་དཀྱིལ་འཁོར་རྣལ་འབྱོར་བདག །རྡོ་རྗེ་སློབ་དཔོན་རང་ཉིད་བསྒོམ། །སློབ་མ་བདག་ཉིད་འདྲར་དམིགས་ནས། །དེ་འོག་ཐམས་ཅད་རབ་བསྒྲུབ་བྱ། །བླ་མ་བཟང་ལ་དབང་བསྐུར་ཕྱིར། །སློབ་མས་དེ་རྗེས་གསོལ་བ་གདབ། །འདི་ནས་འཁོར་བའི་རྒྱ་མཚོ་ལ། །ཉོན་མོངས་ཆུ་སྲིན་ན་ཀྲས་ཁྱབ། །ལས་ཀྱི་རླུང་གིས་དབའ་ཀློང་འཁྲུགས། །བདག་བྱིན་ཐུགས་རྗེའི་རྒྱ་མཚོ་ཀྱེ། །མི་ཤེས་ལིང་ཏོག་གིས་བསྒྲིབས་མིག །ཉོན་མོངས་དབང་དུ་བྱ་བ་ནི། །བདེ་བ་སྡུག་བསྔལ་འཇིགས་ལས་སྐྱོབ། །ཐུགས་རྗེའི་རྒྱ་མཚོས་བདག་སྐྱབས་མཛོད། །དེ་འདྲ་ཚིག་གསན་རྡོ་རྗེ་ཅན། །ཐུགས་རྗེའི་


DKG081_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ནི་ཡོངས་སུ་གང་། །སློབ་མ་ལ་ནི་ཡོངས་སུ་གསུངས། །བུ་ཁྱོད་དུས་འདི་ནས་བཟུང་སྟེ། །རྡོ་རྗེ་ཐེག་པའི་གཞུང་ལུགས་བསྟན། །རྣལ་འབྱོར་མཆོག་ནི་ཁྱོད་ཀྱིས་ཟུང་། །རྡོ་རྗེ་སེམས་དཔའི་སྤྱོད་པའི་གནས། །བུ་ཁྱོད་འདི་ནི་བདུད་རྩི་སྟེ། །སྲུངས་ཤིག་མ་སྲུང་ན་ནི་སྲེག །བསྲུངས་ན་དངོས་གྲུབ་ཀུན་འགྲུབ་འགྱུར། །ཉོན་མོངས་ཐམས་ཅད་སེལ་བའི་ཀླུང་། །ཨོྃ་དང་པཉྩ་ཨ་མྲྀ་ཏ། །ཨུ་ད་ཀ་དང་ཨཱཿཧཱུྃ་ཋ། །སློབ་མས་བདུད་རྩི་ལྔ་བཏུང་བྱ། །རྡོ་རྗེ་ཡེ་ཤེས་རྨད་བྱུང་བའོ། །གསང་བ་དྲན་ན་སྐྱོན་འགྱུར་ཕྱིར། །རྡོ་རྗེ་སློབ་མ་ལ་ནི་དབབ། །དྲི་ཆེན་དྲི་ཆུ་ལ་སོགས་པ། །མཚལ་ཆེན་འབབ་པའི་བུ་མོའི་གོས། །ཁྲག་དང་ཁུ་བས་ཡང་དག་བསྒོས། །གུ་གུལ་དང་ནི་རྣམ་པར་བསྲེས། །ཡི་དགས་མེ་ནི་བླངས་ནས་སུ། །པདྨའི་སྣོད་དུ་བཞག་ནས་ནི། །དེར་ནི་ཐམས་ཅད་གཞུག་པར་བྱ། །ཁྲོ་བོ་རྡོ་རྗེ་གསུམ་བདག་ཉིད། །གཡས་བརྐྱང་བ་ཡི་གནས་པས་གནས། །རྡོ་རྗེ་འཆང་དབང་སློབ་མ་ལ། །རྨད་བྱུང་ཆེན་པོའི་བདུག་པས་བདུགས། །འབབ་པར་འགྱུར་བར་ཐེ་ཚོམ་མེད། །ཨོྃ་ཏིཥྛ་མ་ཧཱ་ཀྲོ་དྷ། །དེ་བཞིན་ཨཱ་བེ་ཤ་ཡ་ཧཱུྃ། །རྣལ་འབྱོར་པ་ཡིས་སྔགས་འདི་བརྗོད། །སློབ་མ་ལ་ནི་གསལ་བར་དབབ། །བཛྲ་ས་ཏྭ་ཧི་མ་ཧེ། །བིདྱ་རཱ་ཛ་ཡ་བིདྱ་མ་ཧེ། །དེ་ལྟར་སྔགས་ནི་འདི་ཡིས་ཀྱང་། །སླར་ཡང་སློབ་མ་དབང་བསྐུར་ནས། །རང་བཞིན་གྱིས་དག་རང་གི་ལུས། །དཀྱིལ་འཁོར་མཆོག་འདི་མཐོང་བ་ན། །དེ་བཞིན་གཤེགས་དང་ལྷ་མོ་དང་། །རྒྱལ་བའི་སྲས་ཀྱི་ཡང་དག་གཞི། །ཁྲོ་བོ་ཁྱབ་པའི་གསང་བའི་མཆོག །རྡོ་རྗེ་སེམས་དཔའ་རྟེན་དང་ནི། །ཕྱི་དང་ནང་གི་དཀྱིལ་འཁོར་ནི། །གཉིས་པོ་དེ་ལ་བསྟན་པར་བྱ། །སླར་ཡང་སློབ་མས་གསོལ་བ་གདབ། །བདག་ལ་དབང་བསྐུར་མཛད་དུ་གསོལ། །རྣམ་རྒྱལ་བུམ་པ་བླངས་ནས་ནི། །པདྨའི་སྣོད་ནི་བཟང་པོ་ལ། །དེ་ཡི་དབུས་སུ་བློ་བཟང་པོ། །ཧཱུྃ་རྡོར་ལས་བྱུང་མི་བསྐྱོད་བསྒོམ། །རང་ཉིད་ཡེ་ཤེས་ས་བོན་གྱི། །འོད་ཟེར་ཡང་དག་བསྐུལ་བས་བྱུང་། །སླར་ཡང་ཡེ་ཤེས་སེམས་དཔའ་བསྒོམ། །མི་བསྐྱོད་པ་ཡི་རྣམ་པ་མཆོག །


DKG081_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་ངོ་བོ་དེ་ཉིད་ཀྱིས། །རྣམ་པར་ཤེས་པའི་ཕུང་པོ་བསྒོམ། །སློབ་མའི་མགོ་བོར་ལག་པ་བཞག །རྡོ་རྗེ་སློབ་དཔོན་ཐུགས་རྗེས་ཁྱབ། །ཨོྃ་དང་མ་ཧཱ་ས་ཏྭ་དང་། །དེ་བཞིན་ཨཱི་ཤྭ་ར་ཏཾ་དང་། །ཨ་བྷིཥཱི་ཉྩ་མི་སྭཱ་ཧཱ། །ཨོྃ་སརྦ་ཏ་ཐཱ་ག་ཏ། །ཨ་བྷི་ཥེ་ཀ་ས་མ་ཡ། །ཤྲི་ཡེ་ཨཱཿཧཱུྃ་དེ་ནས་བཟླ། །ཆུ་ཡི་གཏིང་ནས་སློབ་མ་ལ། །དབུ་རྒྱན་དབང་བསྐུར་དོན་དུ་ནི། །ཅོད་པན་འཇིག་རྟེན་གསུམ་རྒྱལ་པོ། །སེམས་ཅན་ཀུན་གྱི་དོན་སྒྲུབ་པ། །སྙིང་རྗེས་ཁྱབ་པ་ངས་བྱིན་གྱིས། །རྡོ་རྗེ་སེམས་དཔའི་ཡོན་ཏན་གནས། །ས་བོན་ཏྲྃ་ལས་བྱུང་བ་ཡི། །རིན་ཆེན་འབྱུང་ལྡན་བསྒོམས་ནས་ནི། །རི་མོ་དར་སོགས་ཅོད་པན་ཡང་། །སློབ་མའི་མགོ་ལ་སྦྱིན་པར་བྱ། །ཨོྃ་སརྦ་ཏ་ཐཱ་ག་ཏ། །རཏྣ་མུ་ཀུ་ཊ་སྒྲ་དང་། །དེ་བཞིན་སྒྲ་དང་པཱུ་ཛ་ཡ། །ཨ་ཏིཥྛ་དང་ཨཱཿཧཱུྃ་དང་། །སྔགས་འདི་དག་ནི་བརྗོད་ནས་ནི། །མེ་ཏོག་མགོ་ལ་སྦྱིན་པར་བྱ། །སློབ་མ་རྡོ་རྗེ་དབང་བསྐུར་ཕྱིར། །སླར་ཡང་བླ་མ་ལ་གསོལ་གདབ། །ཡེ་ཤེས་ལྔ་ཡི་རང་བཞིན་དངོས། །རྡོ་རྗེ་བརྟུལ་ཞུགས་ངས་བྱིན་གྱིས། །གང་གིས་མ་རིག་སྒོ་ང་འབྱེད། །ཡེ་ཤེས་ཐོབ་འགྱུར་ང་ཡིས་བྱས། །ཧྲཱིཿལས་པདྨ་རྫོགས་པར་ནི། །འོད་དཔག་མེད་དུ་རྣམ་པར་བསྒོམ། །རྡོ་རྗེ་ལག་པ་གཡས་པར་སྦྱིན། །སློབ་མ་ལ་ནི་འདི་སྐད་བརྗོད། །ངས་ཁྱོད་དེ་རིང་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་དེ། །ཀུན་དུ་བཟང་པོའི་བརྟུལ་ཞུགས་བརྟན། །དངོས་གྲུབ་བཟང་ཕྱིར་རྡོ་རྗེ་ཡོང་། །ཁྃ་ལས་བྱུང་བའི་རལ་གྲིའམ། །དོན་ཡོད་གྲུབ་པའི་རང་ངོ་བོ། །རྫོགས་པར་ལག་པ་གཡོན་པར་ནི། །སློབ་མ་བསྒྱིངས་པའི་ཕྱག་རྒྱ་འཛིན། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་སྒྲ་ཡི་རྗེས་འགྲོར་བརྗོད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །བྱང་ཆུབ་མཆོག་ནི་རྒྱལ་བའི་གཞི། །རྡོ་རྗེ་དྲིལ་བུ་བཟུང་རྗེས་ལ། །རྡོ་རྗེ་སེམས་དཔའ་རང་ངོ་བོ། །རང་བཞིན་ཡོན་ཏན་རྣམས་ཀྱིས་གང་། །བདག་པོ་ཡི་ནི་རྣལ་འབྱོར་འགྱུར། །རྣམ་པར་སྣང་མཛད་རང་ངོ་བོ། །སློབ་མའི་མགོ་ལ་ལག་བཞག་སྟེ། །རྡོ་རྗེ་ཅན་གྱིས་མིང་དབང་བསྐུར། །གཟུགས་ཀྱི་ཕུང་པོ་རྣམ་པར་བསྒོམ། །ཨོྃ་སརྦ་ཏ


DKG081_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱ་ག་ཏ། །ཆེ་གེ་མོ་ཞེས་བཛྲ་ས་ཏྭཾ། །ཨ་བྷི་ཥཱིཉྩ་མི་སྭཱ་ཧཱ། །ཕུང་པོ་ལྔ་ཡི་རྣམ་དག་པས། །ཐོག་མར་ཆུ་ནས་མིང་གི་མཐར། །དབང་བསྐུར་བ་ནི་མཆོག་ཏུ་ཤེས། །རྨད་བྱུང་ཆེན་པོ་བཤད་པར་བྱ། །སངས་རྒྱས་ལྔ་ནི་དག་པ་འདི། །དབང་བསྐུར་ལྔ་ནི་ཐོབ་བར་འགྱུར། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་སེམས་དཔའ་ཡི། །སློབ་མ་འདོད་དོན་སྔགས་དབང་སྦྱིན། །སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །ངས་བྱིན་དངོས་གྲུབ་སྟེར་བར་བྱེད། །དེ་ནས་ཡི་གེ་དྲུག་སྔགས་ཕཊ། །སྭཱ་ཧཱའི་མཐའ་ཅན་ཡི་གེ་གསུམ། །ཁ་ནི་དམ་ཚིག་གིས་བཀང་ནས། །སྔགས་ཀྱི་སྐུ་ཡིས་དག་པ་དང་། །བླ་མའི་ཞལ་ལས་ཡང་དག་བརྗོད། །བླ་མས་དངོས་གྲུབ་སྦྱིན་བྱའི་ཕྱིར། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དེ་ནས་སློབ་མ་སྤྱོད་བརྟུལ་ཞུགས། །སྣ་ཚོགས་བསམ་པའི་བྱེ་བྲག་གིས། །གང་གི་སྤྱོད་པ་རྣམ་དག་པ། །འདོད་ལ་ཐུགས་རྗེའི་གཙོ་བོ་ཡིས། །སེམས་ཅན་དོན་ནི་བྱེད་པའི་ཐབས། །ང་ཡིས་སྤྱོད་པའི་བརྟུལ་ཞུགས་སྦྱིན། །དེ་ནས་གླེགས་བམ་དུང་ལ་སོགས། །མདའ་གཞུ་རལ་གྲི་འཁོར་ལོ་དང་། །སྔོན་བཞིན་སྔགས་ཀྱིས་དག་པར་བྱེད། །སློབ་མའི་ལག་ཏུ་རིམ་བཞིན་སྦྱིན། །འདི་ནི་ཀུན་བཟང་སྤྱོད་བརྟུལ་ཞུགས། །བསམ་པ་སྣ་ཚོགས་རྣམ་དག་བྱེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །སེམས་ཅན་ཀུན་གྱི་དོན་གྱིས་བྱོས། །ཨོཾ་སརྦ་ཏ་ཐཱ་ག་ཏ། །དེ་བཞིན་དྷྲཱི་ཊ་ར་ཏྭྃ་དང་། །དྷ་ཪྱ་མི་ཨཱཿཧཱུྃ་དང་། །དེ་ལྟར་སྔགས་འདི་དགོད་པར་བྱ། །དེ་ནས་ལུང་བསྟན་ཐོབ་དོན་དུ། །བསམ་པ་དང་བས་བླ་མ་ལ། །ད་ལྟར་སངས་རྒྱས་རིགས་སུ་འཇུག །ཁྱེད་ཀྱིས་བདག་ལ་ལུང་བསྟན་གསོལ། །དོན་ཡོད་རྡོ་རྗེ་ཞེས་བྱ་ཁྱོད། །རིགས་ཀྱི་དབང་ཕྱུག་ལུང་བསྟན་བྱ། །དེ་ནས་སློབ་མ་དབུགས་དབྱུང་འདོད། །བླ་མའི་ཞལ་སྔ་ནས་ནི་སྐྱེ། །མགོན་པོ་ཡང་དག་བདག་དབུགས་ཕྱུང་། །བྱང་ཆུབ་སྤྱོད་པའི་བརྟུལ་ཞུགས་བརྟན། །དེ་ནས་རྡོ་རྗེ་ཆོས་གོས་མཐའ། །གཡོན་པའི་ལག་


DKG081_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པས་བཟུང་ནས་ནི། །གཡས་པ་མི་འཇིགས་སྦྱིན་བྱས་ལ། །དབུགས་དབྱུང་བ་ཡི་མཆོག་བྱ་བ། །ང་ཡིས་རྡོ་རྗེ་གསུང་བདག་ཁྱོད། །སངས་རྒྱས་ཀུན་གྱི་གོ་འཕང་མཆོག །རྡོ་རྗེ་སེམས་དཔའ་མངོན་པར་བརྗོད། །ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །དཔལ་ལྡན་ཡོན་ཏན་འབྱུང་གནས་བདག །བདུད་ཀྱི་སྟོབས་ནི་ཀུན་ལས་རྒྱལ། །གྲོང་ཁྱེར་མཆོག་ཏུ་ཁྱོད་ཞུགས་སོ། །དེ་ནས་སློབ་མ་དོན་འདོད་ལ། །ཕྱིར་མི་ལྡོག་པའི་དབང་བསྐུར་བྱ། །ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །དེ་ནས་ཡེ་ཤེས་རྡོར་དབང་ཕྱུག །ཡེ་ཤེས་སེམས་དཔའི་འོད་ཟེར་གྱིས། །སྤྱན་དྲངས་སངས་རྒྱས་ལྔ་ལ་སོགས། །ལྷ་མོའི་འཁོར་ལོ་རིམ་བཞིན་འབྱུང་། །དེ་ཡིས་ཡེ་ཤེས་ཆུས་བཀང་པའི། །བུམ་པ་ཕྱག་བསྣམས་དེ་བཞིན་གཤེགས། །རྡོ་རྗེ་འཛིན་དང་རྒྱལ་བ་རྒྱལ། །རིན་ཆེན་འཛིན་དང་འཁོར་བ་སྒྲོལ། །ཤེས་རབ་འཆང་ནི་རིམ་པ་བཞིན། །གཏི་མུག་ཞེ་སྡང་འདོད་ཆགས་ལ། །དེ་བཞིན་རྡོ་རྗེ་དགའ་མ་སོགས། །གཤིན་རྗེ་མཐར་བྱེད་ཤེས་མཐར་བྱེད། །པདྨ་མཐར་བྱེད་བགེགས་མཐར་བྱེད། །འདི་ཡིས་ཀུན་ནས་དབང་བསྐུར་བས། །རྡོ་རྗེ་སློབ་མ་རྣམ་པར་བསམ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །གསང་བ་གསུམ་གྱི་གནས་ལས་བྱུང་། །སངས་རྒྱས་ཀུན་ནི་ང་ཡིས་སྦྱིན། །དེ་ནས་དེ་བཞིན་གཤེགས་ལྷ་མོ། །ཁྲོ་བོ་རང་གི་གནས་སུ་དགོད། །འཇམ་དཔལ་རྣམ་པར་བསྒོམས་ནས་ནི། །ཡེ་ཤེས་རྡོ་རྗེས་རྣམ་པར་བརྒྱན། །ཨོྃ་དང་སུ་པྲ་ཏིཥྛ་དང་། །བཛྲ་སྭཱ་ཧཱ་ཞེས་ནི་དགོད། །བློ་བཟང་གིས་ནི་སྔགས་བརྗོད་ནས། །སློབ་མ་ལ་ནི་མེ་ཏོག་གཏོར། །དེ་ནས་མེ་ཏོག་སོགས་ཀྱིས་མཆོད། །སློབ་མའི་དཀྱིལ་འཁོར་འཁོར་ལོ་འདྲ། །ཐུགས་རྗེས་ཁྱབ་པའི་བླ་མ་ཡིས། །དེ་ནས་སློབ་མ་རྗེས་གནང་བྱ། །དེ་ཉིད་ཤེས་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅི་ཡང་མེད། །དཔལ་ཆེན་ཁྱོད་ཀྱིས་བཀའ་དྲིན་གྱིས། །ད་ནི་འདོད་ཡོན་ལྔ་ལ་སྤྱོད། །སྒྱུ་མ་རྨི་ལམ་འདྲར་ཤེས་ནས། །རྟེན་འབྲེལ་ལས་བྱུང་ཆོས་རྣམས་ནི། །


DKG081_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་བརྙན་ལྟ་བུར་ཤེས་ནས་ནི། །སེམས་ཅན་དོན་ནི་མཉམ་མེད་བྱོས། །བྱ་བ་བྱས་པའི་སློབ་མ་ནི། །ཅི་བདེ་བར་ནི་བསྒྲུབ་པར་གྱིས། །དེ་ནས་བླ་མ་ལ་ཡོན་དབུལ། །བསྟོད་ཅིང་ཀུན་ནས་ཕྱག་ཀྱང་བྱ། །སྐྱེ་བོ་བཟང་དང་ལྷན་ཅིག་ཏུ། །དེ་ནས་བླ་མ་གསང་དོན་གཉེར། །ཐུར་དུ་ཁ་བལྟས་ཁ་སྦྱར་ཏེ། །ཇི་ལྟར་བདག་ཉིད་ཆེན་པོ་ཁྱེད། །བདག་ཀྱང་དེ་དང་འདྲ་བར་མཛོད། །དེ་ནས་རིགས་ལྔ་ལས་བྱུང་བའི། །ལས་དང་ཆོས་སོགས་དབྱེ་བ་ཡིས། །སྔགས་ཀྱི་ཐེག་པས་ལྷག་པར་གྲོལ། །སྐལ་ལྡན་བུད་མེད་ཕྱག་རྒྱར་བཤད། །སྐྱེ་བོས་དབེན་པའི་མཚན་ཕྱེད་ན། །རོ་ཡི་གཞི་ཡི་གནས་སོང་ནས། །ཐུགས་རྗེ་ཆེན་པོས་ཁྱབ་པ་ཡི། །རྡོ་རྗེ་སློབ་དཔོན་ཡོན་ཏན་འབྱུང་། །ཇི་ལྟར་དེ་ལྟར་རྙེད་ཕྱག་རྒྱ། །སྙོམས་འཇུག་ལ་ནི་གང་བྱུང་བའི། །བླ་ན་མེད་པའི་རང་བཞིན་གྱི། །སངས་རྒྱས་ཐམས་ཅད་འདུས་པ་ནི། །རྣལ་འབྱོར་མ་ཡི་ཡང་དག་ལྟུང་། །ཀུན་རྫོབ་བྱང་ཆུབ་སེམས་གང་ཡིན། །གསང་བ་དེ་ཡིས་དབང་བསྐུར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དམ་ཚིག་ཆེན་པོ་རྣམ་བྱུང་བ། །ཁམས་ལྔ་ལས་བྱུང་བཅུད་ཀྱིས་ལེན། །བདེ་བ་ཆེན་པོས་མྱོང་བར་གྱིས། །སློབ་མ་རྟོག་པ་དང་བྲལ་བས། །པདྨ་ལ་གནས་དེ་མྱང་གྱིས། །འདས་པའི་རྡོ་རྗེ་འཆང་བ་ཡིས། །རྒྱལ་སྲས་ཇི་ལྟར་དབང་བསྐུར་བ། །བྱང་ཆུབ་སེམས་ཀྱི་ཆུ་ཡིས་ནི། །བུ་ཁྱོད་དེ་བཞིན་དབང་བསྐུར་བྱ། །དེ་ནས་ཤེས་རབ་དབང་བསྐུར་ཕྱིར། །བླ་མས་དོན་འདོད་སློབ་མ་ལ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །བདག་ལ་ཁྱེད་ཀྱིས་དབང་བསྐུར་སྩོལ། །དེ་ནས་སློབ་དཔོན་བདག་ཉིད་ཆེ། །ཕྱག་རྒྱ་ཡང་དག་བྱིན་གྱིས་རློབ། །མཆོག་ནི་ཐོབ་པར་བྱ་བའི་ཕྱིར། །དེ་འོག་སློབ་མ་ལ་ནི་སྦྱིན། །ལྷ་མོ་ཕྱག་རྒྱ་ཆེན་པོ་འདི། །དཔག་མེད་བདེ་བ་རབ་སྟེར་བ། །བུ་ཡིས་ཀུན་ནས་བླངས་ནས་ནི། །བླ་ན་མེད་པའི་མཆོད་པ་གྱིས། །དེ་ནས་ཤེས་རབ་ཡེ་ཤེས་དེའི། །སྒྲུབ་པོ་མཆོག་ཏུ་འདོད་པའི་དོན། །ལྷ་མོའི་ཡེ་ཤེས་དེ་ཉིད་མཆོག །དངོས་གྲུབ་དོན་དུ་ང་ཡིས་སྦྱིན། །ལྷ་མོས་དེ་ལ་བཀའ་བསྒོ་བ། །དཔའ་བོའི་བུ་ནི་བླ་ན་མེད། །དཔའ་


DKG081_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཁྱོད་ནི་སྤྲོའམ་ཅི། །བྱང་ཆུབ་སེམས་ནི་ཟ་ནུས་སམ། །ཡང་དག་དེ་ནི་ངེས་པར་ནི། །ཇི་ལྟར་འདོད་པ་བཞིན་དུ་སྨྲོས། །ཇི་ལྟར་གསུངས་པའི་དམ་ཚིག་མཆོག །ལྷ་མོ་ཅི་ཕྱིར་བདག་མི་ནུས། །དེ་ནས་ལྷ་མོ་དེ་དགྱེས་ནས། །སྐྲ་བཀྲོལ་གོས་ནི་བོར་ནས་ཀྱང་། །པདྨ་དག་ནི་འབྱེད་བྱེད་ཅིང་། །བྷཉྫ་མོ་ཀྵ་ཧོ་ཞེས་གསུངས། །བྷ་གའི་པདྨའི་དབུས་གནས་པ། །བདེ་བ་ཀུན་དུ་རྒྱུ་བའི་རྩ། །སོར་མོས་བསྐུལ་ནས་དགའ་བར་བྱ། །ཛི་ཧྭས་ཀྱང་ནི་རོལ་བར་བྱ། །ལྷན་ཅིག་སྐྱེས་པའི་བདེ་བྱེད་པ། །འདི་ཉིད་རིག་པ་བཟང་བསྟེན་ན། །མཆོག་ཏུ་དགའ་བས་ཉམས་མྱོང་ནས། །ལྷུང་བའི་བདེ་བས་དེ་མྱང་བྱ། །དེ་ནས་བཅོམ་ལྡན་མ་དགྱེས་ནས། །བྷཉྫ་མོཀྵའི་སྔགས་གསུང་ཞིང་། །རྐང་པ་གཡོན་པ་མགོ་ལ་བཞག །བཀའ་ཡིས་དེ་ཉིད་ཡང་དག་བསྟན། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་བཞིན་དུ་སེམས་ཅན་གྱི། །བླ་ན་མེད་པའི་དོན་བྱོས་ཤིག །བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །མན་ངག་ལས་ནི་འདི་མི་ཤེས། །རིག་པ་འདི་ནི་དོར་བྱས་ན། །ཐབས་གཞན་གྱིས་ནི་སངས་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱི་མཆོག་གི་མཆོག །རིག་པའི་བརྟུལ་ཞུགས་བུ་ཡིས་སྤྱོད། །དེ་ལྟར་འདི་ནི་བྱང་ཆུབ་མཆོག །རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་མ། །རིམ་པ་བཞིན་དུ་ཡོངས་ཤེས་བྱ། །རྡོ་རྗེ་སེམས་དཔའི་གོ་འཕང་རྟེན། །བདག་ལ་གོ་འཕང་མཆོག་སྩོལ་ལགས། །ཏིང་འཛིན་ཀུན་གྱིས་འབྲས་བུ་གསལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་གསོལ། །སླར་ཡང་གཤེགས་པར་མཛད་པའི་ཕྱིར། །རང་གི་གནས་གཤེགས་བཛྲ་མུཿ། །དེ་ནས་ལྷག་མའི་གཏོར་མ་སྦྱིན། །འཁོར་ལོ་ལྷག་པར་འབྱུང་བའི་རིམ། །ཨུ་ཙྪིཥྚ་ཀྵེ་ཏྲ་པ་ལ། །ཨ་ཏི་ཙཀྲ་ཨུ་ཙྪིཥྚ། །སུ་བྷོ་ཛ་ནྃ་བི་བ་གཉིས། །བྷུཀྵ་གཉིས་དང་སརྦ་དང་། །སིད་དྷིཾ་པྲ་ཡཙྪ་མེ་དང་། །ཨོྃ་སྔོན་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། །དེ་ཡི་རྗེས་ལ་བརྗོད་པར་བྱ། །རྡོ་རྗེ་དྲིལ་བུ་འཆང་འགྱུར་བ། །གཡོན་བརྐྱང་བ་ཡི་གནས་པས་གནས། །ཁམས་གསུམ་རྣམ་རྒྱལ་རང་བཞིན་དང་། །རྡོ་རྗེ་སློབ་དཔོན་རང་བཞིན་ནི། །ཁམས་


DKG081_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྣམ་རྒྱལ་རང་བཞིན་འཆང་། །དེ་ལྟར་ཆོ་ག་ཉི་ཤུ་ལས། །བསྐྱེད་པའི་རིམ་པའི་མཚན་ཉིད་བསྟན། །དེ་ཉིད་མང་དུ་ཤེས་པ་ཡིས། །བླ་མ་དགེ་བའི་ལས་བཟང་པོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཆོ་ག་ཉི་ཤུའི་ལས་རྒྱས་པའི་ལེའུ་སྟེ་ལྔ་བཅུ་བཞི་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དེ་ཡི་རྒྱུ་མཚན་འབྲས་བུ་ནི། །ལས་ནི་ཆོ་ག་ཉི་ཤུར་བཤད། །དབང་ཕྱུག་ཆེན་པོའི་རྒྱུ་མཚན་ཅི། །དེ་ཡི་འབྲས་བུ་ཅི་ཞིག་འགྱུར། །ཆེན་པོའི་ཆེན་པོ་ཇི་སྐད་གསུངས། །དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ལས་ཀྱི་རྒྱུ་མཚན་འབྲས་བུ་དང་། །སྔོན་དུ་བསྙེན་པའི་ལས་ཀྱིས་ནི། །རྒྱུ་མཚན་འཇིག་རྟེན་དངོས་གྲུབ་བརྒྱད། །སེར་སྣ་ལ་སོགས་བསལ་བའི་ཕྱིར། །སངས་རྒྱས་མཆོད་པ་རྣམ་བསྒོམ་ཞིང་། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་རབ་ཏུ་རྫོགས། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །གསང་བ་ལ་སོགས་ལ་གནས་པ། །སྐྱེ་བོ་ཆགས་པའི་རྒྱུ་མཚན་ནོ། །ཀུན་དུ་སྤྱོད་པའི་ཆོས་རྣམས་ཀྱིས། །མཉམ་ཉིད་ཡེ་ཤེས་རྒྱུ་ཡིས་ནི། །བླ་མ་དད་པས་མཆོད་པ་ནི། །རྡོ་རྗེ་སེམས་དཔའི་གོ་འཕང་དོན། །ཆུ་སོགས་མིང་ནི་མཐར་ཐུག་པ། །ཡེ་ཤེས་ལྔ་ཡི་རྣམ་དག་ཕྱིར། །སྤྱོད་པ་ཕྱིར་མི་ལྡོག་པའི་མཐའ། །སེམས་ཅན་བསམ་པ་རྣམ་དག་ཕྱིར། །ཤེས་རབ་བརྟུལ་ཞུགས་སོགས་ཀྱི་མཐའ། །དཔེ་ཡིས་བདེ་བ་བསྟན་པའི་ཕྱིར། །དཀྱིལ་འཁོར་ས་ཚོན་ཕྲ་རབ་དང་། །མཚུངས་པ་དེ་བཞིན་གཤེགས་པ་ཀུན། །མཆོད་པ་ཉིད་དུ་འགྱུར་བ་དང་། །དེ་ལྟར་འབྲས་བུ་འཁོར་ལོ་འཇུག །སངས་རྒྱས་ཐམས་ཅད་མཆོད་པ་ནི། །ལས་ཀྱི་སྒྲིབ་པ་དག་པར་འགྱུར། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །དབང་བསྐུར་བ་ནི་ཐོབ་པ་དང་། །དངོས་པོའི་ངོ་བོ་ཇི་བཞིན་དུ། །ཤེས་རབ་ཡེ་ཤེས་ཀྱིས་ནི་ཐོབ། །བླ་མ་ཡིས་ནི་སྒྲུབ་པ་ཡང་། །མཆོད་པ་དེ་ཡི་གོ་འཕང་མཆོག །དེ་ལྟར་ཡུན་མི་རིང་བར་འཐོབ། །དག་པའི་སྤྱོད་པ་བརྟུལ་ཞུགས་མཆོག །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་


DKG081_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་མངོན་པར་རྟོགས་པ་ལས་ཆོ་ག་ཉི་ཤུ་པའི་རྒྱུ་མཚན་དང་འབྲས་བུ་བསྟན་པའི་ལེའུ་སྟེ་ལྔ་བཅུ་ལྔ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔས་གསུངས། །མཆོད་པའི་ཆོ་ག་བླ་ན་མེད། །གཉིས་མེད་མཉམ་པའི་རྣལ་འབྱོར་གྱིས། །ལུས་ལ་མཆོད་པའི་ཆོ་གའི་རིམ། །རྡོ་ཤིང་ས་དང་གསེར་གྱི་ནི། །སྐུ་གཟུགས་ལ་ནི་ཕྱག་མི་བྱ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །དེ་ནས་ནམ་ཡང་མི་བྱའོ། །དྲི་ཆེན་རྡོར་ཆུ་དཀོན་མཆོག་སོགས། །བདག་ཉིད་ལྔ་ནི་རྟག་ཏུ་མཆོད། །དེ་ཕྱིར་དེ་ལ་མངོན་ཞུགས་པའོ། །ཐུགས་ཀྱི་རྡོ་རྗེ་རང་ཉིད་གཙོ། །སེམས་དེ་ཡང་ནི་དེ་དངོས་མེད། །གང་ཕྱིར་སྟོང་ཉིད་མཚན་ཉིད་ནི། །སྟོང་ཉིད་ཀྱང་ནི་རྣམ་པ་མེད། །དེ་ཕྱིར་ཐམས་ཅད་ནམ་མཁའ་འདྲ། །དེ་ལྟར་རྣམ་དག་རྣམ་ཤེས་ཀྱང་། །རྩ་ནི་གསུམ་ལའང་མཆོད་པར་བྱ། །གང་ཕྱིར་སེམས་ཀྱི་རང་བཞིན་ཀུན། །སེམས་ལས་གཞན་པ་ཡོད་མ་ཡིན། །རང་ཉིད་རྡོ་རྗེ་སེམས་དཔའ་དང་། །སེམས་ཀྱི་རང་བཞིན་ལ་ནི་གནས། །ལྷ་ཡི་གཟུགས་ནི་བླ་མེད་པ། །སེམས་མ་གཏོགས་པ་གཞན་ནི་མེད། །དེ་ཕྱིར་དེ་ལྟར་རྣམ་དཔྱོད་པ། །རང་ལུས་གཅིག་བུ་རྟག་ཏུ་མཆོད། །རིགས་ལྔ་དག་ཏུ་རྟག་སྤྱོད་པས། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །འདོད་དང་མི་འདོད་དབྱེ་བ་དང་། །བཏུང་དང་མི་བཏུང་རྣམ་པར་སྤངས། །རྣལ་འབྱོར་སྐལ་ཡོད་སྐལ་མེད་ཅེས། །ནམ་ཡང་སྨྲ་བར་མི་བྱའོ། །ཕྱག་རྒྱའི་རྣམ་པ་སྔོན་པོ་སོགས། །དེ་བཞིན་གཟུགས་ལའང་དབྱེ་བ་གསུམ། །གཟུགས་རྡོ་རྗེ་མ་བཀུག་ནས་སུ། །ས་སྙིང་ལ་ནི་དབུལ་བར་བྱ། །ཡང་དག་གླུ་དང་བརྗོད་བྲལ་དབྱངས། །དེ་བཞིན་སྒྲ་ལའང་དབྱེ་བ་གསུམ། །སྒྲ་རྡོ་རྗེ་མ་ཡང་དག་དགུག །ཕྱག་ན་རྡོ་རྗེ་ལ་ནི་དབུལ། །ག་པུར་ཨ་གར་ཛཱ་ཏི་སོགས། །དེ་བཞིན་དྲི་ཡང་དབྱེ་བ་གསུམ། །དྲི་རྡོ་རྗེ་མ་ཡང་དག་དགུག །ནམ་མཁའི་སྙིང་པོ་ལ་ཡང་དབུལ། །འོ་བྱེད་པ་དང་འཇིབ་པ་དང་། །རོ་དྲུག་དེ་བཞིན་དབྱེ་བ་གསུམ། །རྡོ་རྗེ་རོ་མ་ཡང་དག་དགུག །འཇིག་རྟེན་དབང་ཕྱུག་ལ་ནི་དབུལ། །རྡོ་རྗེ་པདྨ་ཡང་དག་སྦྱོར། །གོས་དང་འཁྱུད་པའི་དབྱེ་བ་གསུམ། །རེག་བྱ་རྡོ་རྗེ་ཡང་


DKG081_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

དག་དགུག །སྒྲིབ་སེལ་ལ་ནི་དབུལ་བར་བྱ། །ཕྱི་ཡི་ཆོས་རྣམས་འདི་དག་ཀུན། །བརྟགས་པ་དང་ནི་མ་བརྟགས་པའང་། །ཆོས་དབྱིངས་རྡོ་རྗེ་ཡང་དག་དགུག །འཇམ་པའི་རྡོ་རྗེ་ལ་ནི་དབུལ། །དེ་བཞིན་ཕྱི་དང་ནང་དང་ནི། །གཉིས་ཀ་ཡང་ནི་མི་དམིགས་པ། །གཟུགས་ལ་གསུམ་དུ་བྱས་ནས་ནི། །ལྷ་རྣམས་ལ་ནི་དབུལ་བར་བྱ། །ཡུལ་ནི་ལྔ་ནི་ངེས་གནས་ཏེ། །རྒྱུད་ལྔར་ངེས་པར་འབྱུང་བ་ནི། །རྨི་ལམ་རླུང་དང་ལྡན་པ་རུ། །འདོད་པ་ལྔ་རྣམས་སྤྱོད་པར་བྱེད། །དབང་པོ་གང་དང་གང་ལམ་གྱིས། །སྒྲུབ་པ་པོ་ནི་ཡུལ་འཐོབ་བོ། །དེ་དག་ཐམས་ཅད་ཐུགས་རྗེ་ཆེ། །མཉེས་པའི་ཕྱིར་ནི་དབུལ་བར་བྱ། །ཡང་དག་དགའ་བའི་མེ་ཏོག་གིས། །རྡོ་རྗེ་ཉི་མ་པདྨ་འབྱུང་། །མེ་ཏོག་བདག་ཉིད་ལ་མཆོད་པ། །རྡོ་རྗེ་གསུམ་གྱི་དམ་ཚིག་མཆོག །རྣམ་རྟོག་ཚུལ་གྱི་ཡུལ་མིན་ཞིང་། །དེ་ལྟར་གཏུམ་མོའི་མེ་ཡིས་ནི། །ངེས་པར་བསྲེགས་པ་དེ་ནི་སྤོས། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །རྡོ་རྗེ་པདྨ་ཡང་དག་པར། །ཞུགས་པ་ལ་སོགས་རིམ་ལས་བྱུང་། །རྣལ་འབྱོར་པ་ཡི་མི་ཤིགས་སྒྲ། །ཐུགས་རྡོ་རྗེ་ལ་དབུལ་བར་བྱ། །ཡི་གེ་ཧཱུྃ་ལས་ཡང་དག་བྱུང་། །སྔགས་ཀྱི་འོད་ཟེར་ཤིན་ཏུ་གསལ། །མར་མེ་འབར་བའི་ཡང་དག་འོད། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །བདེ་བ་ཆེན་པོ་ནམ་མཁར་གནས། །བྱང་ཆུབ་སེམས་ནི་སད་པ་དང་། །དེ་ཉིད་ཀྱིས་ཀྱང་བྱུགས་པ་ནི། །ཐུགས་ཀྱི་རྡོ་རྗེ་ལ་དབུལ་བྱ། །འདིར་ནི་གང་དང་གང་ལོངས་སྤྱོད། །དབང་པོ་ཐམས་ཅད་ཡང་དག་བསྟེན། །དེ་དག་ཐམས་ཅད་ཐུགས་རྡོ་རྗེ། །བཟའ་བའི་སྣོད་དུ་མཆོད་པར་བྱ། །དགོད་དང་སྒེག་དང་རྩེ་འཇོ་ནི། །སྣ་ཚོགས་ཀྱིས་ནི་སེམས་དགའ་བྱེད། །རྣམ་པར་ཐར་པའི་སྒོ་དག་དང་། །ཐུགས་ཀྱི་རྡོ་རྗེ་ལ་ནི་དབུལ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ནང་གི་བདག་ཉིད་མཆོད་པའི་ཆོ་གའི་རྣམ་པར་དབྱེ་བའི་ལེའུ་སྟེ་ལྔ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ལྷ་མོ་ཡི་ནི་མཚན་ཉིད་མཆོག །རྣལ་འབྱོར་བདེ་ལ་རྟོག་པ་རྣམས། །རྩ་དབྱེ་བ་ཡི་རང་བཞིན་གྱིས། །རྟག་ཏུ་ལུས་ཀྱི་རྩེ་འཇོ་བྱ། །དེ་ཡི་ལྷ་རྣམས་སུ་ནི་བཤད། །


DKG081_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བདེ་བ་ཀུན་གྱིས་དགའ། །ཀུན་ནས་རྣམ་པར་སྒེག་པའི་ལུས། །བདེ་བ་ཆེན་པོས་ཀུན་དུ་ཁྱབ། །ལྷ་ཉིད་དུ་ནི་ཡང་དག་བརྗོད། །དགའ་དང་མཆོག་ཏུ་དགའ་བ་དང་། །བྲལ་བ་ལྷན་ཅིག་སྐྱེས་སྐད་ཅིག །ཆར་པ་དང་ནི་རྩེ་འཇོ་དང་། །ཀུན་ནས་ལྷག་པར་སྒེག་པ་དང་། །བརྒྱལ་དང་སད་པར་གྱུར་པ་དང་། །དེ་རྣམས་ལྷ་མོ་རུ་ནི་བཤད། །ཕྱི་རོལ་དུ་ནི་བྱུང་བ་ན། །གང་ཕྱིར་ཡང་དག་སྦྱོར་བར་འགྱུར། །ལུས་ཀྱི་རྩ་རྣམས་ཡང་དག་སད། །དེ་ཕྱིར་རྣལ་འབྱོར་མར་ནི་བཤད། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ལྷ་མོའི་མཚན་ཉིད་ཀྱི་ལེའུ་སྟེ་ལྔ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །ཨེ་བྃ་ཞེས་བྱ་ཡི་གེ་གཉིས། །ཨེ་ནི་སྟོང་པ་ཉིད་དུ་བཤད། །དེ་བཞིན་བྃ་ནི་ཐུགས་རྗེ་དང་། །ཐིག་ལེ་དེ་གཉིས་སྦྱོར་ལས་བྱུང་། །དེ་ནི་རྣལ་འབྱོར་རྨད་མཆོག་བྱུང་། །ཨེ་བྃ་གཉིས་ནི་སངས་རྒྱས་དང་། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །རྒྱལ་པོ་ཆེན་པོ་ཕྱག་རྒྱ་གཉིས། །རྒྱུད་རྣམས་སུ་ནི་ཐོག་མར་གསུངས། །ཨེ་ནི་བྷ་གའི་མཚན་ཉིད་དོ། །པདྨའི་རྟེན་དུ་ཤེས་པར་བྱ། །རྟེན་པ་རྡོ་རྗེ་ཞེས་ནི་གསུངས། །བརྟན་པ་རྡོ་རྗེ་འཆང་བ་ཡི། །དེ་ལ་གནས་པའི་ཐིག་ལེའི་གཟུགས། །སྣ་ཚོགས་སྤྲུལ་པ་སྟོན་པར་བྱེད། །བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཨེ་ནི་གསང་བའི་མཁའ་དབྱིངས་སམ། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །རྡོ་རྗེ་སེམས་དཔའ་བྃ་རྡོ་རྗེ། །རྡོ་རྗེ་འཇིགས་བྱེད་དབང་ཕྱུག་དང་། །ཧེ་རུ་ཀ་དང་དུས་འཁོར་ལོ། །དང་པོ་སངས་རྒྱས་ལ་སོགས་མཚན། །ཨེ་བྃ་དེ་བཞིན་གཤེགས་པའི་རྒྱ། །གཉིས་སུ་མེད་པའི་བདེ་མཆོག་དང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་། །གང་ལ་དེ་ཉིད་མངོན་པར་བརྗོད། །དེ་ལ་དེ་བཞིན་གཤེགས་པའི་རྒྱ། །གཉིས་མེད་ཡེ་ཤེས་མཚན་མ་ནི། །རྒྱུད་ཀུན་གྱི་ནི་གླེང་གཞིར་གསུངས། །རྒྱུད་ཀུན་གྱི་ནི་དོན་བསྡུས་པ། །སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །གང་ལ་དེ་ཉིད་མངོན་པར་བརྗོད། །ཨེ་བྃ་ཞེས་བྱའི་ཡི་གེ་གཉིས། །གང་ལ་འདི་ཉིད་མེད་པ་ནི། །དེ་ལ་དེ་ཁོ་ན་ཉིད་


DKG081_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །གང་ལ་དེ་ཉིད་ཡོངས་ཤེས་པ། །བཙོ་མའི་གསེར་ལྟར་གསལ་པོར་ནི། །རྒྱུད་ནི་ལེགས་བཤད་དེ་ཉིད་ཤེས། །སྔགས་ཀྱི་སྤྱོད་པ་ལ་གནས་པར། །དེ་ལྟར་འདི་ནི་དེ་ཉིད་མཆོག །ཨེ་པྃ་དོན་ནི་རྣམ་པར་ངེས། །ཆོས་ཀྱི་ཕྱག་རྒྱ་ཡི་གེ་གཉིས། །དང་པོའི་ངག་ཏུ་ཡང་དག་བཤད། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཨེ་བྃ་ཞེས་བྱ་བ་དང་པོའི་ངག་བཤད་པ་དང་རྒྱུ་མཚན་བསྟན་པའི་ལེའུ་སྟེ་ལྔ་བཅུ་བརྒྱད་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཨེ་བྃ་ལ་སོགས་དོན་རྒྱས་པ། །གང་གིས་ཡང་དག་ཡོངས་སུ་ཤེས། །ཆོས་ཀྱི་དེ་ནི་ཡང་དག་རྟོགས། །ཨེ། ཨེ་ནི་ཤེས་རབ་དམ་པ་སྟེ། །འདོད་ཆགས་བྲལ་སོགས་སྐད་ཅིག་བདག །སྲིད་པ་གསུམ་ན་ཡོངས་ཤེས་པ། །འདི་ནི་རྩ་བར་རྣམ་པར་བསྟན། །བྃ། འོད་མ་བསྒྲེང་བ་ལྟར་མཛེས་ཤིང་། །ཆགས་ལ་སོགས་པ་རབ་བསྐྱེད་ལྡན། །སྣང་བ་གསལ་བ་རྣམ་པར་ཤེས། །མིང་ནི་ཐབས་ཤེས་བྱ་བ་ཡིན། །མ། རིག་ཆེན་རང་ཉིད་རྩ་བ་སྟེ། །མ་རིག་པ་ནི་ཟློག་པ་ཡིན། །མ་རིག་པ་ལས་འདི་འབྱུང་བས། །དེ་བས་སྣང་བ་འབྱུང་བའོ། །ཡཱ། འགྲོ་བ་རྣམ་ཤེས་གསུམ་དང་པོའི། །དེ་མིང་སྣང་བ་གསལ་བ་སྟེ། །དེ་ནི་སྟོང་པ་ཆེར་འགྱུར་ལ། །དེ་ཡང་འོད་གསལ་བར་འགྲོའོ། །ཤྲུ། སྣང་བ་གསུམ་གྱི་མཚན་ཉིད་ཅན། །གང་འདི་རྣམ་ཤེས་གསུམ་ཐོབ་པ། །སེམས་ཅན་ཁམས་ནི་མ་ལུས་པའི། །རང་བཞིན་རྩ་བ་འདི་ཡིན་ནོ། །ཏྃ། དེ་ནི་རེ་རེའི་དོན་སྣང་བ། །རླུང་གིས་བླངས་ནས་འཛིན་བྱེད་པ། །ལྃ། རླུང་དང་ལྡན་པའི་རྣམ་ཤེས་ནི། །ཀུན་དུ་འགྲོ་ལ་གནས་པར་འགྱུར། །ཨེ། འདི་ནི་རླུང་ཁམས་ཆེན་པོ་སྟེ། །རྣམ་ཤེས་གསུམ་གྱི་བཞོན་པ་ཡིན། །དེ་ཡིས་རང་བཞིན་དག་ཏུ་ནི། །ཇི་ལྟ་ཇི་ལྟར་འགྲོ་བར་འགྱུར། །ཀ། སྲ་བའི་ས་ཁམས་ཆུ་ཉིད་དང་། །དེ་བཞིན་མེ་དང་རླུང་དག་ནི། །རྣམ་པར་ཤེས་པར་བླངས་ནས་སུ། །སྲིད་གསུམ་གནས་སུ་སྐྱེ་བར་འགྱུར། །སྨི། འདི་ནི་ཕུང་པོ་ལྔ་རྣམས་སུ། །འབྱུང་བ་འདུས་བྱས་མཚན་ཉིད་ནི། །གཟུགས་ཚོར་འདུ་ཤེས་འདུ་བྱེད་དང་། །རྣམ་ཤེས་ཉིད་ནི་ལྔ་པའོ། །ས། མཉམ་


DKG081_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སོ་སོར་རྟོག་པ་དང་། །བྱ་བ་གྲུབ་པ་ཉིད་དང་ནི། །མེ་ལོང་དང་ནི་ཆོས་ཀྱི་དབྱིངས། །འདི་ནི་ཡེ་ཤེས་ལྔ་པོ་ཡིན། །མ། ཡིད་ཀྱི་སྐྱེ་མཆེད་ཉིད་དང་ནི། །མིག་དང་དེ་བཞིན་རྣ་བ་དང་། །སྣ་དང་ལྕེ་དང་ལུས་རྣམས་ཏེ། །འདི་ནི་སྐྱེ་མཆེད་རྣམས་འབྱུང་བའོ། །ཡེ། གང་ཡང་ཁམས་གསུམ་སེམས་ཅན་རྣམས། །སྲོག་དང་རྩོལ་བ་ལ་བརྟེན་པ། །གསང་སྔགས་རྒྱལ་པོ་ཟློས་བཞིན་དུ། །མི་ཤེས་བསམ་གཏན་ཀློག་པ་སྤངས། །བྷ། འདི་ལས་རང་བཞིན་ཆགས་པ་དང་། །ཆགས་མེད་ལ་སོགས་པར་ཡང་འགྱུར། །དེ་ལས་དགེ་དང་མི་དགེའི་ལས། །དེ་ལས་སྐྱེ་བ་འབྱུང་བ་ཡིན། །ག། འགྲོ་བ་འབྱུང་བའི་ཕུང་པོ་རྣམས། །སངས་རྒྱས་ལྔ་ཡི་བདག་ཉིད་དེ། །མངོན་པར་བྱང་ཆུབ་རྣམ་ལྔ་ཞེས། །མིང་གིས་རབ་ཏུ་བསྐུལ་བ་ཡིན། །བཱན། རླུང་དང་ཆུ་དང་མེ་དང་ས། །སྤྱན་ལ་སོགས་པ་བཞི་པོ་སྟེ། །ཡེ་ཤེས་བདག་ཉིད་ཅན་གསུམ་དུ། །ཤེས་བྱ་སངས་རྒྱས་བྱང་ཆུབ་སྟེར། །ས། ཐམས་ཅད་དེ་བཞིན་གཤེགས་པའི་སྐུར། །ཕྱག་རྒྱ་བཞིས་ནི་རྒྱས་བཏབ་ཅིང་། །མིག་ལ་སོགས་པའི་བདག་ཉིད་དེར། །ས་སྙིང་ལ་སོགས་རྒྱལ་སྲས་སོ། །ཧ། རོལ་པས་དགའ་བ་གང་ཡིན་པའི། །ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་རྣམས། །དེ་ཡི་ཕྱོགས་མཚམས་ངོ་བོ་རུ། །དཔུང་པ་ཡན་ལག་རྣམས་སུ་བརྟག །ཏ། དེ་དང་དེ་ཡི་རིགས་ལས་བྱུང་། །ལྷ་དང་ལྷ་མོ་ཐ་དད་པ། །དེ་ནི་ཡོད་མིན་དེ་དག་ཀྱང་། །འགྲོ་བའི་དོན་ཕྱིར་སྟོན་པ་ཡིན། །ཐཱ། འདི་ལས་གཉིས་མེད་མཐོང་བ་ཡི། །རྣལ་འབྱོར་པ་ནི་ཡེ་ཤེས་གསུམ། །མཐོང་ཕྱིར་དམན་དང་བར་མ་དང་། །དམ་པའི་ཡུལ་ལ་གཞག་པར་བྱ། །ག། དབང་པོ་རང་ཉིད་རང་ཡུལ་ལ། །འགྲོ་བར་འགྱུར་བ་དེ་དང་དེ། །དབང་པོའི་སྤྱོད་ཡུལ་གང་དང་གང་། །དེ་དང་དེ་སྣང་ཙམ་ཉིད་དོ། །ཏ། དབང་པོ་དེ་ཡི་ལམ་ནས་ནི། །སྒྲུབ་པ་པོས་ནི་ཡུལ་ཐོབ་པ། །དེ་བཞིན་དེ་ལས་མ་གསུངས་པར། །ཚིམ་པར་བྱ་ཕྱིར་དབུལ་བར་བྱ། །ཀཱ། སྐུ་གསུམ་དག་ནི་ཐ་དད་པར། །སྐྱོབ་པ་ཡིས་ནི་ཡང་དག་བསྟན། །རྫོགས་པའི་རིམ་གྱིས་སྦྱོར་བ་ཡིས། །གཅིག་ཏུ་ཡང་ནི་འགྱུར་བ་ཡིན། །ཡ། གང་ཞིག་སངས་རྒྱས་སྐུ་མཚན་ཉིད། །ཀུན་རྫོབ་བདེན་པར་གསུངས་པ་


DKG081_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དེ་ཉིད་རྫོགས་རིམ་སྦྱོར་བ་ཡིས། །འོད་གསལ་བར་ནི་རྣམ་དག་འགྱུར། །བཱཀ། ཚིག་གི་ལམ་གྱི་ཡུལ་འདི་ཉིད། །གཙོ་བོ་ཡེ་ཤེས་སྐུ་རང་བཞིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇའ་ཚོན་བཞིན་དུ་སྣང་བ་ཡིན། །ཙིཏ། །སེམས་དང་སེམས་བྱུང་མ་རིག་པ། །ཤེས་རབ་ཐབས་དང་ཉེར་ཐོབ་དང་། །སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་ཆེན་ཞེས་ཀྱང་རབ་ཏུ་བརྗོད། །ཏ། རང་བཞིན་སྣང་བའི་དབྱེ་ཤེས་ན། །དེ་ནས་སྤྱོད་པ་རབ་ཏུ་བྱ། །ལས་ཀྱི་ལུས་ནི་ཡོངས་སྤངས་ནས། །རྡོ་རྗེ་སྐུ་ཉིད་ཐོབ་པར་འགྱུར། །ཧྲྀ། ཐུགས་ལ་འཇིག་རྟེན་པ་རྣམས་ཀྱི། །དོན་སྤྱོད་བཞག་ནས་དེ་བཞིན་གཤེགས། །ཀུན་རྫོབ་ཏུ་ནི་སྦུལ་སྐུར་གནས། །ཇི་ལྟ་ཇི་ལྟར་འདོད་པ་སྤྱོད། །ད། ཡིད་བཞིན་ནོར་བུ་མཆོག་བཞིན་དུ། །འདོད་པ་ཐམས་ཅད་སྟེར་བར་འགྱུར། །སངས་རྒྱས་རྣམས་ཀྱི་ཕུན་ཚོགས་ཀྱང་། །སྟོབས་ཀྱིས་བླངས་ནས་སྤྱོད་པར་འགྱུར། །ཡ། རྣལ་འབྱོར་དབང་པོ་གང་གང་འདོད། །དེ་ནི་སྒྲིབ་པ་མེད་པར་བྱ། །མཉམ་པར་མ་བཞག་རྣལ་འབྱོར་གྱིས། །རྟག་ཏུ་མཉམ་པར་འཇོག་པར་འགྱུར། །བ། རྡོ་རྗེ་པདྨོ་མཉམ་སྦྱོར་བས། །ཡེ་ཤེས་གསུམ་གྱི་ཆ་རིག་པ། །བློ་ལ་གོས་དང་མ་གོས་པ། །དེར་ནི་བདེ་བས་རྟག་ཏུ་གནས། །ཛྲ། སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །དངོས་དག་ཀུན་ལས་རྣམ་པར་རོལ། །སངས་རྒྱས་མཛད་པ་བྱེད་བཞིན་དུ། །གཏན་ལ་ཕབ་པའི་གཞི་ལ་གནས། །ཡོ། རྣལ་འབྱོར་ལྷག་པའི་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་རང་ཉིད་འགྱུར། །རྡོ་རྗེ་ཅན་དང་མཁའ་འགྲོ་མ། །གང་ཡང་རྣལ་འབྱོར་དེ་རང་ཉིད། །ཥཱི། དགག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤངས་ཏེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཅེས་གོས་མི་འགྱུར། །བྷ། ཡོན་ཏན་བརྒྱད་དང་ཉེར་ལྡན་པས། །སེམས་ཅན་ཐམས་ཅད་རིགས་འགྱུར་ཞིང་། །འཇིག་རྟེན་ཁམས་ནི་མ་ལུས་པར། །བདག་ཉིད་ཡེ་ཤེས་ལུས་ཀྱིས་སྤྱོད། །གེ། གཙོ་བོ་གང་དུ་སྤྱོད་པ་ཡི། །དེ་ཡི་ཁྱིམ་ནི་ནམ་མཁའ་ཉིད། །བདེ་བ་ཆེན་པོའི་ཏིང་འཛིན་གྱིས། །དེ་ཉིད་དུ་ནི་རྟག་ཏུ་རོལ། །ཥཱ། འདི་ལ་སྣང་བ་དབྱེ་བ་ལ། །ཐུན་མཚམས་ཉིན་མོ་མཚན་མོ་ཡི། །འཇིག་


DKG081_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཐ་སྙད་བྱས་པ་ཡིས། །ཡེ་ཤེས་གསུམ་ནི་མཐོང་ཕྱིར་རོ། །བི། སྣ་ཚོགས་པ་ཡི་ཐ་སྙད་དག །འཇིག་རྟེན་པས་ནི་ཡོངས་བརྟགས་པ། །ལམ་གསུམ་གྱི་ནི་དབྱེ་བ་ཡིས། །ཡེ་ཤེས་གསུམ་ལས་བྱུང་བའོ། །ཛ། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་ནི་རྣམ་འཕྲུལ་ལོ། །ཧ། དགོད་དང་རྩེད་མོ་བྱེད་པ་དང་། །གར་གྱི་ཉམས་དགུར་ལྡན་པ་དང་། །སྔགས་དང་ཕྱག་རྒྱ་རྣམ་རྟོག་པ། །རྡོ་རྗེ་སེམས་དཔའི་སྤྱོད་པའོ། །ར། བདག་བྱིན་རླབས་ཆེན་མ་གཏོགས་པ། །རིན་ཆེན་གཞན་དག་འདི་ན་མེད། །མེ་ཡིས་སྦྱངས་པའི་ནོར་བུ་བཞིན། །རང་བཞིན་འོད་གསལ་རྣམ་པའོ། །འདི་སྐད་ལ་སོགས་དང་པོའི་ངག །མཆོག་ཏུ་གསུངས་པའི་དོན་རྒྱས་པ། །གསང་བ་འདུས་པའི་རྩ་བའི་མདོ། །དེ་ཉིད་བཤད་པ་བསྡུས་པ་ནི། །རིམ་པ་ཇི་ལྟ་བ་བཞིན་ཤེས། །སྒྲུབ་པོའི་དེ་ཉིད་ཤེས་པ་ནི། །ཡེ་ཤེས་མཆོག་གི་མཚན་ཉིད་ཀྱིས། །གང་དུ་གསལ་བར་མ་གསུངས་སོ། །རིམ་པ་འདི་ཡིས་རྣལ་འབྱོར་པས། །དཔལ་ལྡན་འདུས་པ་རྒྱས་བཏབ་པ། །དེ་ལྟར་རིམ་པ་འདི་ཡིས་ཤེས། །སེམས་ཅན་ཀུན་ལ་ཕན་སྐྱེད་པའོ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཨེ་བྃ་མ་ཡཱ་ཞེས་བྱ་བ་དང་པོའི་ངག་བཤད་པའི་ལེའུ་སྟེ་ལྔ་བཅུ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ནང་གི་བདག་ཉིད་སྦྱིན་སྲེག་མཆོག །ནང་དུ་རྒྱུ་བའི་འབྱུང་བ་རྣམས། །གང་གིས་ཐིམ་པར་གྱུར་པ་དང་། །རྣམ་རྟོག་བག་ཆགས་ས་བོན་ནི། །ཕུང་པོ་ལྔ་ཡི་བུད་ཤིང་དང་། །རྣལ་འབྱོར་ཡེ་ཤེས་ཆེན་པོའི་མེས། །རྟག་ཏུ་སྦྱིན་སྲེག་རྨད་བྱུང་བྱ། །ལྟེ་དབུས་གནས་པའི་སྒྲ་ཙམ་ནི། །སྒྲ་ཙམ་ཕྱི་རོལ་གསང་པདྨ། །དེ་ལ་རང་རྒྱུད་རླུང་གིས་ནི། ཡོངས་སུ་བསྐུལ་བའི་མེ་ཡིས་ནི། །དབང་པོ་གཉིས་ནི་ཡང་དག་སྦྱོར། །གཟི་བརྗིད་གསལ་བར་རབ་ཏུ་འབར། །གང་ཚེ་མར་གང་གསང་པདྨ། །དེ་ལ་འདི་ནི་སྣོད་དུ་བརྗོད། །ཧཾ་ནི་བླུགས་གཟར་ཞེས་བྱར་གསུངས། །རྡོ་རྗེ་དགང་གཟར་དུ་ནི་བརྗོད། །བྷ་ག་ཐབ་ཁུང་ཞེས་ནི་


DKG081_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །དབང་པོ་ལྔ་ཡི་བསྲེག་རྫས་དང་། །ཕུང་པོ་ཡམ་ཤིང་དུ་ནི་གྱུར། །མར་ནི་བྱང་ཆུབ་སེམས་སུ་བཤད། །གནམ་སྟོང་ནས་བརྩམས་ཉ་ཡི་བར། །ཇི་སྲིད་བྱེད་པ་གཤེགས་སུ་གསོལ། །མེ་ཐབ་ཐིག་ལེ་ཙམ་དུ་གསུངས། །བླུགས་གཟར་ནམ་ཡང་མི་འཕོ་བ། །སངས་རྒྱས་གཏི་མུག་དགའ་ལ་སོགས། །གཟུགས་རྡོ་རྗེ་སོགས་རྒྱལ་སྲས་རྣམས། །ཁྲོ་བོའི་རྒྱལ་པོ་བཅུ་ལ་ནི། །རྟག་ཏུ་སྦྱིན་སྲེག་གིས་ཚིམ་བྱ། །རྡོ་རྗེ་སེམས་དཔའི་མཆོད་པ་གང་། །དེ་ཡང་དགང་བླུགས་སུ་ནི་བརྗོད། །ཧུྃ་ཕཊ་ཡང་དག་ལྡན་སྔགས་ཀྱིས། །ཆོ་ག་བཞིན་དུ་སྲེག་བླུགས་དབུལ། །དེ་ཡིས་ལུས་གནས་མཉེས་འགྱུར་ན། །ལྷ་ཡི་དམ་ཚིག་བླ་ན་མེད། །ཡིད་ལ་ཇི་ལྟར་འདོད་པ་རྣམས། །དེ་ལྟར་དངོ་གྲུབ་སྩལ་ནས་ནི། །སྦྱིན་སྲེག་འདི་ནི་མཆོག་ཏུ་གསུངས། །དངོས་གྲུབ་ཀུན་གྱི་འབྲས་བུ་སྩོལ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ནང་གི་བདག་ཉིད་ཀྱི་སྦྱིན་སྲེག་གི་ལེའུ་སྟེ་དྲུག་ཅུ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །བདུད་རྩི་ལྔ་ནི་བཟའ་བ་ནི། །དངོས་གྲུབ་ཀུན་བྱེད་དེ་ཉིད་མཆོག །ཇི་ལྟར་རིགས་པའི་རིམ་པ་བཞིན། །རྣམ་སྣང་མཛད་དང་མི་བསྐྱོད་དང་། །དོན་ཡོད་གྲུབ་དང་འོད་དཔག་མེད། །རིན་ཆེན་རྒྱལ་མཚན་ལྔ་པོ་ནི། །བདུད་རྩི་ལྔ་ཡི་མཚན་ཉིད་དོ། །ཁྲག་ནི་རིན་ཆེན་དབང་ཕྱུག་དང་། །བྱང་ཆུབ་སེམས་ནི་འོད་དཔག་མེད། །དེ་བཞིན་དོན་ཡོད་གྲུབ་པ་ཤ། །མི་བསྐྱོད་དེ་བཞིན་རྡོ་རྗེ་ཆུ། །དྲི་ཆེན་རྣམ་སྣང་མཛད་དུ་བཤད། །དེ་དག་བདུད་རྩི་ལྔ་ནི་མཆོག །བས་མཐའ་ཉམས་དགའ་སྐྱེ་བོས་དབེན། །སྐྲ་ཡི་ཚེར་མ་རྣམ་པར་སྤངས། །དེ་ལ་ཁང་པ་བྱ་བ་ནི། །ཁང་པ་གཉིས་བརྩེགས་སྒོ་དང་བཅས། །ས་འོག་ཁང་པ་གཅིག་བྱ་ཞིང་། །གཞན་དག་དེ་ཡི་སྟེང་དུ་བྱ། །གཞན་ནི་གསངས་ནས་བྱ་བ་སྟེ། །འཇིག་རྟེན་པ་ནི་གཅིག་ཏུ་ཤེས། །སྒྲུབ་པོས་དེ་ཉིད་ཀུན་ཤེས་ཤིང་། །སྔགས་ཤེས་བསམ་པ་རྒྱ་ཆེ་བ། །བརྟན་ཞིང་སྙིང་རྗེ་མཁས་པ་དང་། །ཡུལ་ལ་ཕྲག་དོག་རྣམ་པར་སྤངས། །སྒྲུབ་པོ་གཙོ་བོའི་ཡོན་ཏན་གང་། །དེ་ལྟ་བུ་


DKG081_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་སྒྲུབ་གྲོགས་མཆོག །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །བརྩོན་ཞིང་བརྐམ་ཆགས་མེད་པ་དང་། །ཁྲོ་མེད་དང་བཅས་དཔའ་བ་དང་། །མང་དུ་ཐོས་ཤིང་ཡོད་པར་ལྟ། །ཐོག་མ་གཉིས་ཀ་ཡི་ནི་ལུས། །འབྲས་བུ་སོགས་ཀྱིས་དག་བྱ་བ། །གནོད་མཛེས་སྐུལ་བྱེད་འབུམ་ཕྲག་གཅིག །དེ་རྗེས་སྔགས་པས་བཟླ་བར་བྱ། །ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ། །ཨོྃ་གྲྀཧྞ་གྲྀཧྞ་ཧཱུྃ་ཧཱུྃ་ཕཊ། ཨོྃ་གྲྀཧྞཱ་བ་ཡ་གྲྀཧྞཱ་པ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨན་ཡ་ཧོ། བྷ་ག་བཱ་ན་བིདྱཱ་རཱ་ཛ་ཧཱུྃ་ཧཱུྃ་ཕཊ། དེ་ནས་ཟླ་གཅིག་ཡི་གེ་གསུམ། །སྒྲུབ་པོས་མི་སྨྲ་བཟླས་པར་བྱ། །ཀུན་དུ་བཟང་པོ་འགྲོ་བའི་གཙོ། །དེ་ནི་སྐད་ཅིག་རྨི་ལམ་མཐོང་། །དེས་ནི་བཀའ་ཡིས་བསྒོ་བ་ནི། །ཀ་ནྱ་མཆོག་ནི་བསྟེན་གྱིས་ལ། །སེམས་ཅན་དོན་ནི་མཚུངས་མེད་བྱོས། །ཇི་ལྟར་དེ་ཉིད་རྡོ་རྗེ་འཆང་། །བུ་མོ་སྐལ་ལྡན་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །བརྐམ་ཆགས་མེད་ཅིང་ཆགས་བཅས་སེམས། །སྒེག་པས་མྱོས་ཤིང་བསྒྱིངས་དང་བཅས། །ནུ་རྒྱས་སྔོ་བསངས་ཉམས་དགའ་བ། །རྣམ་རྟོག་མེད་ཅིང་མང་དུ་ཐོས། །སྒྲུབ་པོས་དེ་སྲིད་འདོད་པར་བྱ། །ཇི་སྲིད་ཁུ་བ་དང་བཅས་གྱུར། །དེ་ནས་གདོང་ནི་པདྨ་གཉིས། །གཉིས་ཀ་འབྱུང་བ་བླངས་ནས་ནི། །པདྨའི་སྣོད་དེར་གཞག་པར་བྱ། །མཚན་ཉིད་བཟང་པོར་ཞག་བདུན་དུ། །གླང་པོ་རྟ་ཁྱི་བ་ལང་མི། །དཔྱིད་ཟླ་ཐ་ཆུངས་གཉིས་ཀ་ཤར། །སྐྱེ་གནས་ནས་ནི་བླངས་ནས་ནི། །དེ་བཞིན་དེ་རུ་རིམ་པ་བཞིན། །པད་སྣོད་དེ་ཉིད་ལ་ནི་དེར། །ཞག་བདུན་བར་དུ་གཞག་པར་བྱ། །ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ། །ཡི་གེ་གསུམ་ནི་སྔགས་བཟླས་བྱ། །འདུ་འཛི་མེད་ཅིང་དབེན་པའི་གནས། །ཙནྡན་བཟང་པོ་བྱུགས་ནས་ནི། །ཛཿཧཱུྃ་བྃ་ཧོཿའི་སྔགས་བཀོད་པའི། །པདྨོའི་སྣོད་ལ་གཞག་པར་བྱ། །ར་ཡི་འོ་མ་ཏིལ་གྱི་མར། །མར་དང་ལི་ཁ་དཀར་པོ་དང་། །ཆ་བསྙམས་བསྐོལ་བ་བྱས་ནས་ནི། །དེ་དང་ལྷན་ཅིག་སྣོད་བཞག་བསྲེ། །རྒྱ་ཤུག་ཚིག་གུ་ཚད་ཙམ་གྱིས། །བློ་དང་ལྡན་པས་རིལ་བུ་བྱ། །གྲིབ་མ་ལ་ནི་བསྐམ་བྱས་ནས། །རིམ་གྱིས་བསྐྱེད་ཅིང་བཟའ་བར་བྱ། །རྡོ་རྗེ་མིང་སྲིང་སྤུན་དང་ནི། །རྣལ་


DKG081_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་དང་ལྷན་ཅིག་བཟའ། །ཟླ་བ་གཅིག་ནས་དེ་ནས་ལྷག །མཛའ་བོ་རྣམས་དང་ཡང་དག་བསྒོ། །མར་ངོའི་ཚེས་བརྒྱད་ཚེས་བཅུ་འམ། །ཡང་ན་བཅུ་བཞི་ནས་བརྩམས་ཏེ། །དེ་ལ་གཏོར་མ་བྱ་བ་ནི། །ལས་ཀུན་ལ་ནི་བླ་ན་མེད། །དེ་ལས་ཀྱང་ནི་དངོས་གྲུབ་སྐྱེ། །ཕྱག་རྒྱ་ཆེན་པོ་མངོན་རྫོགས་དང་། །དངོས་གྲུབ་རྒྱས་དང་ཞི་བ་སོགས། །དེ་ཡིས་འབད་མི་དགོས་པར་འཐོབ། །རླུང་གི་དེ་ཉིད་ཡང་དག་སློབ། །མཁའ་སྤྱོད་ཉིད་ནི་ཐོབ་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་བདུད་རྩི་ལྔ་བཟའ་བའི་ཆོ་གའི་ལེའུ་སྟེ་དྲུག་ཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཚོགས་ཀྱི་འཁོར་ལོ་ཆོ་ག་མཆོག །གང་གིས་མཆོད་པ་ལས་བྱུང་བ། །རྒྱལ་སྲས་རྣམས་ཀྱི་དངོས་གྲུབ་མཆོག །རྣལ་འབྱོར་ཆེ་དང་ལྷན་ཅིག་ཏུ། །སྒྲུབ་པའི་ཕྱིར་ནི་ཡང་དག་གནས། །ཕྱག་རྒྱ་བརྡ་ནི་ཡོངས་ཤེས་ཤིང་། །དེ་དང་དམ་ཚིག་ལ་ནི་འཇུག །དེ་རྣམས་ཚོགས་ནི་རབ་མཆོག་དང་། །ཚོགས་ཀྱི་འཁོར་ལོ་ཞེས་ནི་བརྗོད། །ཀུན་ཀྱང་དམ་ཚིག་ལ་གནས་པ། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །བླ་མ་ལ་དད་དམ་ཚིག་གནས། །གཏོང་སོགས་ཡོན་ཏན་རྣམས་ཀྱིས་བརྒྱན། །ཐབས་ཞེས་བྱ་བ་བགེགས་མེད་ན། །ཚོགས་ཀྱི་འཁོར་ལོ་ལ་ནི་འཇུག །གཞན་དུ་སྐྱོན་ནི་འབྱུང་འགྱུར་ཏེ། །འཁོར་ལོ་ལ་ཡང་འགྲུབ་མི་འགྱུར། །ཤེས་རབ་ཀྱང་ནི་ཐབས་དང་མཚུངས། །མཛའ་བོ་བཟང་དང་རབ་ཏུ་མཁས། །ལོ་ནི་ཉི་ཤུ་རྩ་ལྔ་ལོན། །ལྷག་མ་ཡོངས་སུ་སྤངས་ནས་ནི། །ཐབས་དང་སོ་སོར་ཤེས་རབ་དང་། །ཀུན་ལ་གཅིག་ནི་ཕན་ཡོན་མེད། །ཐོག་མ་ཡིད་འོང་ཉམས་དགའ་བར། །མེ་ཏོག་གི་ནི་དཀྱིལ་འཁོར་བྱ། །དེ་ཉིད་སྣ་ཚོགས་མཆོད་པ་ནི། །ལེགས་པར་མཉམ་པར་བཞག་ནས་མཆོད། །གཙོ་བོ་དངོས་པོ་ཀུན་གྱིས་ནི། །རྡོ་རྗེ་སེམས་དཔའ་བཞིན་དུ་མཆོད། །ཚོགས་ཀྱི་མཆོད་པ་བྱས་རྗེས་ལ། །དཀྱིལ་འཁོར་ལུགས་འབྱུང་ལུགས་བཟློག་པས། །དད་པ་དངོས་པོས་ཀུན་ནས་ནི། །མཉམ་པས་བལྟ་


DKG081_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བས་བསྒོམས་ནས་ནི། །བསྟན་བཅོས་ཉམས་མྱོང་འཇིག་རྟེན་དང་། །འགལ་བ་དེ་ནི་གཞུག་མི་བྱ། །གཞན་ཡང་བསྟན་བཅོས་ལས་གསུངས་པ། །མཚན་ཕྱེད་ནི་ནི་དགུག་པར་བྱ། །སློབ་དཔོན་མགོན་ལ་ཡང་དག་མཆོད། །ཇི་ལྟར་གདན་སྟེངས་བཞུགས་གསོལ་ནས། །གདན་ནི་རྡོ་རྗེ་སེམས་དཔའ་ཡི། །ཕྱག་རྒྱ་ཆེན་པོ་ཡང་དག་ལྡན། །རྡོ་རྗེ་སློབ་དཔོན་དེ་ཉིད་ཀྱང་། །མཁྱེན་པ་འཁོར་ལོའི་དབུས་ན་བཞུགས། །དཀྱིལ་འཁོར་པ་ནི་གཞན་རྣམས་དང་། །དེ་བཞིན་འཁོར་ལོ་གནས་པ་གཞན། །དཀྱིལ་འཁོར་པ་བཞིན་ཤེས་པར་བྱ། །ཚོགས་ཀྱི་འཁོར་ལོར་གཏམ་སྨྲ་དང་། །རྩོད་དང་དེ་བཞིན་སྒྲུབ་པ་དང་། །མཆིལ་སྣབས་དོར་ཞིང་དགོད་པ་དང་། །རྐང་པ་ལ་སོགས་རྐྱོང་བ་དང་། །ཡང་དང་ཡང་དུ་ལྡང་བ་ནི། །དེ་ལ་དུས་ཀུན་དུ་མི་བྱ། །ཕྱག་རྒྱ་བརྡ་ཡི་ཚོགས་རྣམས་ཀྱིས། །བྱ་ཞིང་བྱ་བར་ཤེས་པར་བྱ། །ཤེས་བཞིན་དུ་ནི་གར་དང་གླུ། །ཚོགས་ཀྱི་དཀྱིལ་འཁོར་དུ་ནི་བྱ། །གཙོ་བོ་ལ་ནི་སྣོད་ཀྱི་མཆོག །དུམ་བུ་གཅིག་པ་མཚན་ཉིད་བཟང་། །དེ་མེད་དུམ་བུ་གསུམ་པ་ལ། །མེ་ཏོག་སྣ་ཚོགས་རྣམས་ཀྱིས་མཆོད། །ལྷ་ཡི་ཆང་ལ་སོགས་པ་གང་། །ལེགས་པར་མཉམ་པར་གཞག་སྟེ་དབུལ། །ཚོགས་རྣམས་ལ་ཡང་སོ་སོར་སྣོད། །མེ་ཏོག་ཚོགས་ཀྱིས་ཡོངས་གང་བ། །ཐོག་མར་གཏོར་མ་ཆེན་པོ་སྦྱིན། །སྔོན་བཞིན་བཟའ་བ་ལ་སོགས་ལྡན། །གང་གིས་དགའ་བ་རྣམས་ཉམས་པ། །དེ་འདྲ་བཏུང་བར་མི་བྱའོ། །ཡང་དང་ཡང་དུ་ཕྱག་བྱས་ནས། །ཕྱག་རྒྱ་བཅིངས་ནས་བཏུང་བར་བྱ། །དེ་ནས་བཟའ་བ་ཐམས་ཅད་ནི། །སྦྱང་བྱ་སོགས་ཀྱིས་ཡང་དག་སྦྱངས། །ཨོྃ་དང་ཨཱཿདང་ཧཱུྃ་གིས་ནི། །སྦྱང་དང་སད་དང་རྟོགས་པར་བྱ། །གུར་གུམ་ཙནྡན་དཔའ་བོ་དང་། །གངས་དང་རི་དགས་ལྟེ་བ་དང་། །འདི་ནི་དག་བྱེད་བདུད་རྩི་ལྔ། །བཟའ་བ་འདི་རྣམས་རབ་ཏུ་སྤྱོད། །སྦོམ་པོ་མིང་མེད་སྦྱོར་བ་ཡིས། །དཔའ་བོ་རྣལ་འབྱོར་མ་རིམ་བཞིན། །རང་གི་ལྕེ་ཡིས་མྱང་བར་བྱ། །དཔའ་བོ་དབུས་སུ་དུས་ཀུན་དུ། །ཁ་ལ་དཔའ་བོ་རྣམ་པར་དགོད། །བླ་ན་མེད་པའི་མཆོད་པ་བྱ། །པདྨའི་ལྟེ་


DKG081_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དབུས་ལ་ནི། །དཔའ་བོ་རྣམས་ཀྱི་གདན་དུ་བརྗོད། །གལ་ཏེ་དཔའ་བོས་མ་ཤེས་ན། །དཔའ་བོ་དོན་གྱི་མཚན་ཉིད་རྣམས། །དངོས་གྲུབ་ཐམས་ཅད་སྩོལ་བ་ཡི། །འཁོར་ལོ་དེ་ཡི་འབྲས་བུ་མེད། །དེ་ལྟའི་འབྲས་བུ་ཅུང་ཟད་གང་། །ཕྱི་ནང་བདག་ཉིད་ཡང་དག་སྤྱོད། །དེ་ཡིས་རྣམ་དག་དངོས་གྲུབ་འགྱུར། །ཚོགས་ཀྱི་འཁོར་ལོའི་འབྲས་བུ་སྟེར། །རྣལ་འབྱོར་མ་དང་ལྷན་ཅིག་འདྲེས། །རབ་ཏུ་བཤད་ཀྱིས་དེ་ཉིད་ཉོན། །འདུལ་བའི་མཁའ་འགྲོ་མ་འགའ་ཞིག །སེམས་རྟོག་མེད་པའི་ཕྱིར་འོངས་ནས། །དེ་ལ་དེ་ཚེ་སྨྲ་བ་ཡང་། །སྒྲུབ་པ་པོས་ནི་མི་བྱ་ཞིང་། །ཚིག་ཙམ་གྱིས་ནི་ལན་མི་གདབ། །བདེ་བར་འོངས་སམ་ཕྱག་རྒྱས་བྱ། །དེ་ལ་ཅུང་ཟད་བྱ་སྨྲ་གང་། །སློབ་དཔོན་རང་ཉིད་ཀྱིས་ནི་བྱ། །ཡང་ན་བྱ་བ་ཐམས་ཅད་ནི། །ལས་ཀྱི་རྡོ་རྗེས་ཡང་དག་སྦྱར། །གང་ཕྱིར་རང་ཉིད་རྡོ་རྗེ་སེམས། །ལས་ཀྱི་རྡོ་རྗེ་གཞན་དགའ་མིན། །སྣ་ཚོགས་གཟུགས་ཀྱི་རྣལ་འབྱོར་མ། །ཡང་དང་ཡང་དུ་དགུག་པར་བྱ། །དེ་ལ་གཡོ་བའི་སྤྱོད་པ་མེད། །སློབ་དཔོན་དཔའ་བོ་བཞིན་དུ་སྤྱོད། །གང་ཡང་སྐྱོན་གྱི་སྤྱོད་པས་ནི། །དེ་ཡི་ལུས་ནི་ལྟུང་བར་འགྱུར། །ཤིན་ཏུ་དགའ་བ་ཡང་དག་སྐྱེས། །བཀའ་བསྒོ་གར་གྱི་སྤྱོད་པ་བྱ། །རྡོ་རྗེ་བཅིང་བ་དེ་ཡང་བྱ། །ལྷ་རྣམས་ཇི་ལྟར་མཉེས་པ་ཉིད། །མའམ་སྲིང་མོ་བུ་མོའམ། །གལ་ཏེ་མཆོད་པར་འདོད་པ་ན། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །རྟོག་པ་མེད་པས་བསྟན་པར་བྱ། །རབ་མཆོག་དེ་ཡི་དངོས་གྲུབ་ནི། །ཐོབ་པར་འདི་ལ་ཐེ་ཚོམ་མེད། །ལྷག་མའི་གཏོར་མ་བླངས་ནས་ནི། །དགོན་པ་ཆེན་པོར་སོང་ནས་དོར། །[ཀྡྨཱིཾ་]ཨུ་ཙྪིཥྚ་ཀྵེ་ཏཱ་པཱ། །ལཱ་ཡ་སྭཱ་ཧཱ་སྔགས་བརྗོད་བྱ། །གལ་ཏེ་དེ་ལྟར་རབ་བྱེད་པའི། །རྣལ་འབྱོར་པ་ཡིས་སླར་ཡང་མཐོང་། །དེ་ལྟར་དེ་ནི་ཡོངས་ཤེས་ནས། །རྣལ་འབྱོར་པ་ཡི་མཚན་ཉིད་མཆོག །གང་གིས་གདོང་ནི་འབར་བའི་འོད། །ཟླུམ་ཞིང་འཇམ་ལ་མཛེས་པ་དང་། །སྨིན་མ་རིང་བ་དེ་ཤེས་བྱ། །འོད་དཔག་མེད་ཀྱི་རིགས་ལས་བྱུང་། །དེ་ལས་པདྨའི་


DKG081_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བསྟན། །རུས་སྦལ་ཕྱག་རྒྱ་ལན་ཡིན་ནོ། །མཆུ་རླེ་མིག་དཀྱུས་རིང་བ་དང་། །ཁ་དོག་སེར་མོ་ཡིད་འཕྲོག་མ། །འདི་ཡི་དཔྲལ་བར་རི་མོ་གསུམ། །ཇི་སྲིད་སྐྲ་མཚམས་བར་དུ་གནས། །གཡུལ་དུ་འཆི་བ་རྣམས་ཀྱིས་ནི། །གཏམ་དག་ལ་ནི་རབ་ཏུ་ཉན། །འདི་འདྲའི་ཉན་པ་མ་མཐོང་ནས། །མདུང་གི་ཕྱག་རྒྱ་བསྟན་པར་བྱ། །རྐང་བ་གཡོན་པ་བསྐུམ་པ་དང་། །དེ་ནི་གར་བྱེད་རབ་ཏུ་སྟོན། །གཡོན་པ་ཡོངས་སུ་བསྐོར་ནས་ནི། །ཕྱག་རྒྱའི་ལན་ནི་བསྟན་པར་བྱ། །སྣ་ཚོགས་པ་ཡི་གོས་ལ་དགའ། །རིན་ཆེན་འབྱུང་ལྡན་རིགས་ལས་བྱུང་། །ཁ་དོག་གནག་ཅིང་གོས་ཀྱང་གནག །སྐྲ་ནི་འཁྱིལ་ཅིང་དར་གྱིས་བཅིངས། །དཔྲལ་བར་གཞུ་ཡི་རྣམ་པ་ཡི། །དེ་འདྲའི་མཚན་མ་མཐོང་ན་ནི། །རྟག་ཏུ་དེ་ཡི་སེམས་གཡོ་བ། །མ་མོ་ཞེས་ནི་རབ་ཏུ་གྲགས། །དྲིལ་བུའི་ཕྱག་རྒྱ་བསྟན་པར་བྱ། །དེ་ཡི་གཡོན་པས་ཕྱག་རྒྱ་སྟོན། །མི་བསྐྱོད་རིགས་ལས་བྱུང་བར་ཤེས། །མཚན་མོ་འོངས་ནས་འགྲོ་བ་མཆོག །ཐུང་ངུ་ལྟོ་སྦོམ་ཁ་དོག་དཀར། །བྱིན་པ་སྦོམ་ཞིང་ཤིན་ཏུ་མཛེས། །ས་སྤྱོད་མར་ནི་ཤེས་པར་བྱ། །དུང་གི་ཕྱག་རྒྱ་ལན་ཡིན་ནོ། །རྣམ་པར་སྣང་མཛད་རིགས་ལས་བྱུང་། །མིག་ཡངས་རྫི་མ་སྟུག་པ་དང་། །ཡན་ལག་ཀུན་ལ་བ་སྤུས་ཁྱབ། །སྔོ་བསངས་མིག་ནི་དམར་བ་དང་། །ཡན་ལག་ཕྲ་ཞིང་དཔུང་པ་རིང་། །དེ་ནི་མཁའ་འགྲོ་མ་རུ་གྲགས། །དོན་ཡོད་གྲུབ་པའི་རིགས་ལས་བྱུང་། །དེ་འདྲ་བ་ནི་རབ་མཐོང་ན། །བ་དན་གྱི་ནི་ཕྱག་རྒྱ་དང་། །གཡོན་པའི་ཕྱག་རྒྱ་ལན་ཡིན་ནོ། །དེ་ལྟར་འབད་པས་ཤིས་ནས་ནི། །མཁས་པས་མཚན་མོ་སོང་ནས་ནི། །དེ་ལ་ཅུང་ཟད་འཇིགས་མི་བྱ། །གང་ཕྱིར་དེ་ཉིད་མཆོད་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་། རྣལ་འབྱོར་མ་དང་འདྲེས་པའི་ལེའུ་སྟེ་དྲུག་ཅུ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །གསང་བའི་ཚིག་ནི་བཤད་པ་ནི། །རྡོ་རྗེའི་གནས་སོགས་གནས་རྣམས་སུ། །རིགས་


DKG081_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལས་བྱུང་རྣལ་འབྱོར་མ། །མཚན་མོ་འདུ་བའི་དམ་ཚིག་ནི། །འདི་འདྲ་བ་ཡི་ཚིག་རྣམས་དང་། །དེ་ལྟ་བུ་ཡི་གསང་བ་ནི། །བཤད་ཀྱིས་དད་པ་ཡིས་ནི་ཉོན། །སྃ་པོ་དང་ཀྃ་ཆང་འཐུང་བ། །བྲི་རྃ་ཤ་རུ་རྣམ་པར་བརྗོད། །ནི་ལནཱ་བླ་ཏྲྃ་ཐོད་པ། །གུ་ལང་མི་ཡི་ཐོད་པས་བརྒྱན། །ཀུན་དུ་རྃ་འདོད་ཡང་དག་སྤྱོད། །ཚ་དྲུྃ་རོ་དྲུག་བཟའ་བ་པོ། །སུྃ་སུ་ཊཱྃ་དབང་གཉིས་སྦྱོར་བ། །ཨ་ལོ་ཀྃ་ཡོད་པ་ཡི་མིང་། །ཤྃ་རིམ་ག་སྐམ་སྐལ་ཡོད་ཤེས། །ཙ་ཀྲ་ཀ་ནི་སྐལ་མེད་བརྗོད། །ཏུྃ་ཤཱྃ་རྃ་ནི་ཁུ་ཚུར་ཤེས། །མེ་ཀ་མ་ཏྲྃ་གཅིག་ཏུ་བརྗོད། །ཙནྡྲ་མ་ནི་ཁྲག་ཏུ་བཤད། །ག་ནྃ་བཤང་བར་ཡོངས་སུ་གྲགས། །གྷ་ནྃ་ཤ་ཆེན་དུ་ནི་བཤད། །ནི་ཛྃ་དྷ་དུ་ར་རུ་བརྗོད། །བྷ་ས་ནྃ་ནི་ཆུ་རུ་བཤད། །བ་ཀྵྃ་ཡན་ལག་རབ་ཏུ་བཤད། །ཤུ་པྃ་བཟང་པོ་ཞེས་ནི་བརྗོད། །ཧོ་ནི་ཚིམ་པ་ཞེས་ནི་གྲགས། །མརྒ་ལྟོགས་པ་རུ་ནི་བརྗོད། །གྷྲི་ཏྃ་ལམ་དུ་བཤད་པ་དང་། །བྱོ་མ་གྃ་ནྃ་ཕ་རོལ་དཔུང། །ཀ་མ་ཡ་ནི་གྱིས་ཤིག་བརྗོད། །ན་ག་རྃ་ནི་བདག་ལུས་བརྗོད། །བ་ཏ་ཀ་ནི་ཉོས་ཞེས་བརྗོད། །ཨ་ཛྃ་ཡ་ནི་མེ་ཞེས་བརྗོད། །ཤ་ཁམ་ཟ་བ་ཞེས་ནི་བརྗོད། །ར་གམ་འདོར་ནི་ཆོ་ག་བརྗོད། །ཤ་ཏ་ཀྃ་མི་བཟའ་བར་བརྗོད། །ཅི་འདྲ་བ་ནི་སྔགས་ཞེས་བརྗོད། །ཤ་རྃ་ཁྱི་འཚེད་ཤ་ཞེས་བརྗོད། །རྃ་པ་ཀ་ནི་བླ་མར་བཤད། །ཀ་ཡ་འདིར་ནི་རྒྱལ་རིགས་བརྗོད། །ར་གྃ་རྗེ་རིགས་ཞེས་ནི་བཤད། །བེ་རྃ་རྒྱ་ནི་དམངས་རིགས་བརྗོད། །ཙ་བྃ་རིགས་ངན་ཞེས་ནི་བརྗོད། །ཤ་རྃ་སྨེ་ཤ་ཅན་དུ་བརྗོད། །བྷ་བ་ཙ་ཀྲྃ་ཀོ་ལྤགས་མཁན། །ཁད་ཀོམ་རོ་སྲེག་མ་རུ་བཤད། །ས་མུན་ཏྲ་ནི་རྒྱལ་པོར་བརྗོད། །མི་རྃ་མ་ཡི་རིང་དུ་བརྗོད། །བྷ་ར་ཧ་གང་ཞེས་ནི་བཤད། །བིམྑྱ་ཕག་ཅེས་བརྗོད་པར་བྱ། །པ་ལྃ་ཤ་ནི་ཉ་ཞེས་བརྗོད། །དི་ན་མར་སྐྱེས་སུ་ནི་བཤད། །ནག་ཏུྃ་སྦྱིན་སྲེག་ཏུ་ནི་བཤད། །མརྟ་ཨཧྣ་ནི་འདབ་ཆགས་བརྗོད། །ཧི་ར་ཕྱུ་ནི་མེ་ཏོག་བརྗོད། །ཤ་དྲུལ་ལྃ་ནི་སྤོས་སུ་བཤད། །མཱ་ལ་ཏྲི་ནི་དྲི་རུ་བཤད། །ཤ་ཀུ་ནི་ཀ་མར་མེར་བརྗོད། །ཀ་ཤི་


DKG081_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཀྃ་ནི་གོས་སུ་བཤད། །ཀེ་སེ་ར་ནི་གདོང་དུ་བརྗོད། །བྃ་ཏྲྃ་དཔྲལ་བ་ཞེས་སུ་བཤད། །མ་ལ་སྨིན་མར་ཡང་དག་གྲགས། །ཀོ་བལ་ཡྃ་ནི་མིག་ཏུ་ཤེས། །ཨ་ད་ར་ནི་སོ་རུ་བརྗོད། །པལ་ལ་པོ་ནི་མཆུ་རུ་ཤེས། །པ་ཤ་མགྲིན་པ་རུ་ནི་གྲགས། །ཧཱུྃ་སོ་འཕྲག་པ་རུ་ནི་བཤད། །ཨ་གུ་རོ་ནི་དཔུང་པར་བརྗོད། །སོ་སོ་རུ་ནི་ལག་པར་བཤད། །ཤྲི་པང་ལེ་ནི་ནུ་མར་བརྗོད། །ཛ་ཏིྃ་ཕ་ལྃ་རྐང་པར་བརྗོད། །ད་ལ་ནྃ་ནི་ལྟེ་བར་བརྗོད། །པདྨ་ཛ་ལམ་གསང་བའི་གནས། །ཀ་ཏྃ་བ་ཀྃ་བརླ་གཉིས་སོ། །བེ་སྃ་རྗེ་ངར་དུ་ནི་བཤད། །ཚཱ་ག་ན་ནི་རྐང་པར་བརྗོད། །པ་ར་ཨ་ཀ་ཀེ་ས་ར། །སེན་མོ་ཞེས་ནི་ཡད་དག་བཤད། །པདྨ་གར་ནི་ག་ནི་སྣང་། །ཤ་ཀྲ་ཀུ་སུ་ལྃ་མལ་སྟན། །ཤག་ཏུ་བུ་ཞེས་བྱ་བར་བརྗོད། །ན་ལ་ནི་ནཱ་ལམ་སྟོན་མེད། །གོ་བག་ཥྨ་ལམ་ཐམས་ཅད་བརྗོད། །སཱ་ག་རྃ་ནི་རྒས་པར་བཤད། །ས་ལྃ་རོ་ནི་ཞིམ་པོར་བརྗོད། །ཨ་ཀྵོ་རྃ་རིམ་མི་ཞིམ་བཤད། །མྲྀ་གྃ་མི་སྨྲ་བར་ནི་བཤད། །པ་གོ་ལ་མུ་དྃ་གླུ་ལེན། །མི་ཏྲ་གར་ཞེས་བྱ་བར་བརྗོད། །ཤ་བྟ་ཚུལ་འཆོས་སུ་ནི་བཤད། །སྤར་ཤ་ཞགས་པར་རབ་ཏུ་གྲགས། །ར་ས་སྒེག་མོའི་རོ་འབེབས་མ། །རུ་པྃ་རི་ཡི་རྩེ་མོའོ། །ཏྭ་ནེ་ཧ་ནི་བསད་པར་བཤད། །པཱ་རཱ་པ་ཏ་འཆི་བར་བརྗོད། །ཏ་མ་ལཱ་ཀོ་སེ་མ་ཡུལ། །ཕ་ལྃ་གྲོང་ཁྱེར་དུ་ནི་བརྗོད། །པྲ་ན་གྲོང་དུ་བཤད་པ་ཡིན། །ཐྱ་ནྱ་སྲོག་ཅེས་བྱ་བར་བཤད། །ཀུ་རུ་ཏ་ར་མཁས་པར་བཤད། །ན་ཡ་ན་ནི་རྣམ་ཤེས་བརྗོད། །ཨ་བི་ན་པྃ་དགོད་པར་བཤད། །རུ་ཏི་ར་ནི་འཆང་བར་བརྗོད། །ཀུ་མུ་ར་ནི་ཉིན་མོར་བཤད། །ཀན་ཉ་མཚན་མོར་རབ་ཏུ་གྲགས། །ད་ས་ཉི་མ་ཕྱེད་དུ་བཤད། །ད་པི་མཚན་གྱི་ཆ་རུ་གྲགས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་གསང་བའི་ཚིག་བཤད་པའི་ལེའུ་སྟེ་དྲུག་ཅུ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །སྐུ་ནི་མགོ་བོར་གནས་པ་སྟེ། །སུམ་ཅུ་རྩ་གཉིས་བྱང་སེམས་འབབ། །


DKG081_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སོ་སོར་རབ་ཕྱེ་བས། །སྐུ་ཡི་འཁོར་ལོ་རུ་ཞེས་བྱ། །ཡི་གེ་ཕྱི་མོའི་དབྱེ་བ་ཡིས། །གསུང་ལ་གནས་པར་རབ་ཏུ་ཤེས། །ཆགས་སོགས་བག་ཆགས་དབྱེ་བ་ཡིས། །ཐུགས་ཀྱི་འཁོར་ལོ་རུ་ནི་ཤེས། །སྐུ་གསུང་ཐུགས་ཀྱི་བཤད་པ་ནི། །སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག །རྡོ་རྗེ་སློབ་དཔོན་སྐུ་ལ་ནི། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་སྐུ་ཡི་རྡོ་རྗེ་ནི། །གཟུགས་ཕུང་ལ་ནི་ཡང་དག་བཞུགས། །དེ་རྗེས་ནམ་མཁའ་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་རྣམས་ཀྱི་ནི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་འདིའི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། །ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །མི་བསྐྱོད་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་མིག་དབང་པོ་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་པོ། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་བུག་གཉིས་ལ་ནི། །དེ་བཞིན་གཤེགས་པ་ནམ་མཁའི་མཛོད། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །དེ་ཡི་ལྕེ་ཡི་དབང་ལ་གནས། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་བརྟགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་དུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་པ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེའི་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །དེ་


DKG081_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་གཞན་མི་ཐུབ། །ཁ་ཡི་པདྨར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་བ། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱིག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །རང་གི་མགོ་སྟེངས་བཞུགས་པ་ནི། །དེ་བཞིན་གཤེགས་པ་འཁོར་ལོས་སྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདིར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །སྐུ་ཡི་དཀྱིལ་འཁོར་ཞེས་བརྗོད་པ། །རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ། །རྡོ་རྗེ་སེམས་དཔའི་དབྱེ་བ་ཡིས། །རྫོགས་པའི་སངས་རྒྱས་མ་ལུས་འདི། །ལུས་པ་མེད་པ་སངས་རྒྱས་སྐུ། །སྐྱེ་བ་འདི་ལ་རྣལ་འབྱོར་པ། །མྱ་ངན་འདས་པ་མྱུར་དུ་འཐོབ། །ཁྱོད་ཀྱི་དགེ་བ་ཡོངས་སྦྱིན་པ། །དེ་བས་རྡོ་རྗེ་སློབ་དཔོན་གྱི། །ལུས་ལ་རྒྱལ་བ་ཐམས་ཅད་བཞུགས། །མཐོང་ན་དོན་ནི་ཡོད་པ་ཀྱེ། །ཕྱི་མའི་དུས་ན་སེམས་དཔའ་ཆེ། །དེ་བས་སེམས་ཅན་ཐམས་ཅད་ཀྱི། །ལྷ་ཡི་མཆོད་པའི་ཡོ་བྱད་ཀྱིས། །རབ་ཏུ་འབད་དེ་བླ་མ་བསྟེན། །དེ་ནས་མཐོང་བ་དོན་ཡོད་བཅས། །བྱང་ཆུབ་སེམས་དཔའ་གྲགས་པ་ཆེ། །དགའ་ཞིང་མགུ་བས་ཕྱག་བྱས་ནས། །བཅོམ་ལྡན་འདས་ལ་མཆི་མ་བླགས། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་བཞུགས། །ལེགས་སོ་བྱ་བ་བྱིན་ནས་ནི། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་དང་། །རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་དང་། །ཨོ་ཨཽ་ཨཾ་ཨཿདབྱངས་ཞེས་བྱ། །ཀ་ཙ་ཊ་ཏ་པ་སྡེ་ཚན། །ཡ་ར་ལ་ཝ་ཤ་ཥ་ས། །ཧ་དང་གསུང་གི་དཀྱིལ་འཁོར་ཤེས། །ངག་ཀུན་རབ་ཏུ་སྤྲོ་དང་ལྡན། །འདོད་ཆགས་ལ་སོགས་བག་ཆགས་ཀྱང་། །གྲངས་ནི་ཉི་


DKG081_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་བརྒྱད་ཀྱིས་སོ། །ཐུགས་ཀྱི་དཀྱིལ་འཁོར་ལེགས་རྒྱས་པ། །དཔལ་མཆོག་ལས་ནི་ཤེས་པར་བྱ། །དེ་ལྟར་འདུས་པའི་རྣལ་འབྱོར་རྣམས། །རྡོ་རྗེ་གསུམ་ནི་དམ་ཚིག་མཆོག །མཆོག་ཏུ་རྨད་བྱུང་རྒྱས་པ་ནི། །སྒྲུབ་པའི་དབང་པོས་ཡང་དག་ཤེས། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བཤད་པའི་ལེའུ་སྟེ་དྲུག་ཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སངས་རྒྱས་དམ་ཆོས་དགེ་འདུན་དང་། །བླ་མ་སྟོན་པ་སློབ་དཔོན་དང་། །རྡོ་རྗེ་འཆང་དང་སློབ་མ་ཡི། །མཚན་ཉིད་ཐམས་ཅད་བསྡུས་པ་ནི། །དྲི་མེད་སེམས་ནི་སངས་རྒྱས་འགྱུར། །ཆོས་ནི་ངག་ཏུ་ཡང་དག་གསུངས། །སྐུ་ནི་དགེ་འདུན་ཞེས་བྱ་སྟེ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱི་གནས། །སངས་རྒྱས་ཡི་གེ་ཧཱུྃ་དུ་བཤད། །གསུང་ནི་ཡི་གེ་ཨཱཿརུ་བརྗོད། །དགེ་འདུན་ཞེས་བྱ་ཡི་གེ་ཨོཾ། །ཀུན་ནས་འཕྲོ་བའི་བདག་ཉིད་དོ། །སངས་རྒྱས་ཨ་བ་དྷཱུ་ཏཱིར་འགྱུར། །ཆོས་ཀྱང་ལ་ལ་ནཱ་རུ་བརྗོད། །དགེ་འདུན་ར་ས་ནཱ་རུ་བརྗོད། །འདི་ནི་གསུམ་པོའི་མཚན་ཉིད་དོ། །གཟུགས་མེད་ཁམས་ནི་སངས་རྒྱས་འགྱུར། །གཟུགས་ཀྱི་ཁམས་ནི་ཆོས་དང་ནི། །འདོད་ཁམས་དེ་བཞིན་དགེ་འདུན་ཏེ། །དེ་ལྟར་ཁམས་གསུམ་མཚན་ཉིད་མཆོག །སྙིང་པོར་གྱུར་པ་རང་སྲོག་ལས། །ཁམས་གསུམ་ན་ནི་གཞན་མེད་དེ། །སྒྱུ་མ་རླུང་གི་ཁམས་གསུམ་པ། །རྨི་ལམ་རྨི་བ་བཞིན་དུ་མཐོང་། །ཁམས་གསུམ་བདག་ཉིད་དེ་བཞིན་ཉིད། །གཅིག་པུར་མྱུར་བར་མཐོང་བར་འགྱུར། །བྱིན་གྱིས་བརླབས་ནས་དེ་བཞིན་ཉིད། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ། །དམ་པའི་ཆོས་ནི་ཆོས་ཀྱི་སྐུ། །དགེ་འདུན་སྤྲུལ་པའི་སྐུར་ནི་འགྱུར། །དེ་ནི་སྐུ་གསུམ་བདག་ཉིད་ཅན། །སྣང་བ་སངས་རྒྱས་ཀྱི་ནི་གཟུགས། །ཆོས་ནི་སྣང་བ་ཐོབ་པའོ། །དགེ་འདུན་སྣང་བ་མཆེད་པར་འགྱུར། །དེ་ནི་སྣང་བ་གསུམ་མཚན་ཉིད། །ཞི་བ་ལ་སོགས་ལས་ལ་བྱང་། །སྔགས་དང་རྣལ་འབྱོར་ཆེ་རྣམས་


DKG081_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས། །ཆོ་ག་ཉི་ཤུ་བྱ་བ་བསླབས། །དེ་ནི་བླ་མར་མངོན་པར་བརྗོད། །ཚུལ་ཁྲིམས་དག་ཅིང་སྦྱིན་པ་གཏོང་། །བཟོད་དང་བརྩོན་འགྲུས་མཆོག་ཏུ་ལྡན། །ཉིན་དང་མཚན་དུ་སྒོམ་ལ་ཞེན། །ཤེས་རབ་ལྡན་ཞིང་བཟོ་ལ་མཁས། །བླ་མའི་སྤྱིར་ནི་ཡོན་ཏན་ཚོགས། །དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ནང་གི་གསང་འདུས་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ལ་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་རྗེས་སུ་བསླབ། །དེ་ནི་སྟོན་པར་ཡོངས་སུ་གསུངས། །དེ་སྐད་སྨྲས་པ་དེ་བཞིན་བྱེད། །རྟོག་པ་རྣམས་དང་དཀྱིལ་འཁོར་ཚོགས། །དམ་པའི་དོན་གྱི་བྱ་བ་དང་། །སླར་ཡང་སྣང་བ་གསུམ་དང་ནི། །རྣལ་འབྱོར་མཆོག་གི་སྤྱོད་པ་ལ། །སློབ་ཅིང་གཞན་ཡང་སློབ་ཏུ་འཇུག །དེ་ནི་སློབ་དཔོན་ཞེས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ནས། །དཀྱིལ་འཁོར་ལ་སོགས་བྱ་བ་ཤེས། །སློབ་མ་རྗེས་སུ་ནུས་པ་དང་། །གསང་བའི་དབང་ནི་བསྐུར་བ་དང་། །ཤེས་རབ་སྙིང་རྗེ་ཡང་དག་ལྡན། །རྒྱུད་ཀྱི་མན་ངག་ལ་མི་འཇིགས། །ཟབ་ཅིང་རྒྱ་ཆེར་ཡང་དག་ལྡན། །རྡོ་རྗེ་སེམས་དཔའ་གཉིས་པ་མཆོག །ཚར་གཅོད་ཕན་འདོགས་པ་ལ་མཁས། །དེ་ནི་རྡོ་རྗེ་འཆང་དུ་བཤད། །དད་ཅིང་བླ་མ་ལ་ཡང་གུས། །རྟག་ཏུ་དགེ་བའི་ལས་ལ་གནས། །གཉིས་མེད་སྒྱུ་ཡང་མེད་པ་དང་། །རྟོག་པ་ངན་པ་རྣམ་པར་སྤངས། །ལུང་ནི་མང་དུ་ཐོས་པ་དང་། །གསོད་པ་དང་ནི་འཚེ་བ་སྤངས། །སེམས་ཅན་རྣམས་ནི་འདོན་པའི་བློས། །ཀུན་དུ་བརྩོན་དང་ཡང་དག་ལྡན། །དེ་ལ་སོགས་པའི་ཡང་དག་ལྡན། །དད་པ་ཆེན་པོའི་སློབ་མ་བཟང་། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །གང་ལ་དེ་ཉིད་ངེས་ཤེས་བྱ། །གོང་ན་མེད་པའི་སྤྱོད་རབ་མཆོག །སྔགས་དང་རྣལ་འབྱོར་རིམ་པ་སོགས། །ཡེ་ཤེས་ལྔ་ནི་རྣམ་དག་དང་། །སངས་རྒྱས་ལྔ་ནི་རང་བཞིན་ཉིད། །མངོན་པར་བྱང་ཆུབ་རྣམ་ལྔ་ཡིས། །སྣང་བ་གསུམ་གྱི་མཚན་ཉིད་དང་། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །སྐུ་གསུམ་རྣམ་པར་བསྒོམ་པ་དང་། །བདེ་ཆེན་


DKG081_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་མཚན་ཉིད་ནི། །དགའ་བ་ལ་སོགས་དབྱེ་བ་དང་། །དེ་བཞིན་སྒེག་སོགས་ཉམས་དང་ནི། །རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོ་སྦྱོར་བ་མདོར་བསྡུས་པས། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག། །ལས་ཀྱི་རྒྱལ་པོ་རྣལ་འབྱོར་མཆོག །འཇུག་དད་གནས་དང་ལྡང་བ་ནི། །རྫོགས་པའི་རིམ་པའི་རྣལ་འབྱོར་དང་། །བདེ་གཉིས་དབུགས་འབྱུང་གཉིས་ལ་སོགས། །གང་ལ་རྒྱས་བཤད་དེ་ཉིད་རྒྱུད། །རྣལ་འབྱོར་ཆེན་པོའི་རྒྱུད་དུ་བརྗོད། །ཡོན་ཏན་ཇི་ལྟ་བུ་ཡི་རྒྱུད། །ཐོས་སོགས་ཡོན་ཏན་མཆོག་གི་ནི། །རྟེན་དང་སྣོད་ཅེས་བྱ་བར་གསུངས། །མཚན་རྣམས་ཀུན་གྱིས་བརྒྱན་པ་དང་། །ཇི་ལྟར་སེང་གེའི་འོ་མ་ནི། །ས་ཡི་སྣོད་དུ་བཞག་མི་བྱ། །དེ་བཞིན་རྣལ་འབྱོར་ཆེན་པོའི་རྒྱུད། །སྣོད་མིན་དག་ལ་སྦྱིན་མི་བྱ། །སློབ་མ་སྐད་ཅིག་དེ་ལ་འཆི། །འདི་དང་ཕ་རོལ་དུ་ནི་ཕུང་། །སྣོད་མིན་མན་ངག་རབ་བཤད་ན། །སློབ་དཔོན་དངོས་གྲུབ་ཉམས་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས། སངས་རྒྱས་དང་དམ་པའི་ཆོས་དང་དགེ་འདུན་ལ་སོགས་པའི་མཚན་ཉིད་ཀྱི་ཚིག་རྒྱས་པའི་ལེའུ་སྟེ་དྲུག་ཅུ་ལྔ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེས་གསུངས། །སློབ་མའི་བྱ་བའི་སྤྱོད་པ་ནི། །ཞི་བ་ལ་སོགས་བྱ་བ་ཡང་། །སྔགས་དང་རྣལ་འབྱོར་རིམ་པ་ཡི། །ལྷམ་དང་གདུགས་དང་གཙུག་ཏོར་དང་། །སོ་རྩི་ལ་སོགས་མྱང་བ་དང་། །སྣབས་ཀྱི་གོང་བུ་མཆིལ་མ་སོགས། །འདོར་ཞིང་རྐང་པ་རྐྱོང་བ་དང་། །གཞན་དུ་ལྟ་དང་སྤྱི་བརྟོལ་སྨྲ། །ནོར་གྱིས་སྙེམས་དང་ངར་འཛིན་དང་། །རྒྱན་ལ་སོགས་པ་བལྟབ་པ་དང་། །བག་མེད་པར་ནི་སྨྲ་བ་དང་། །བླ་མའི་གྲིབ་མ་འགོམ་པ་དང་། །དེ་ལ་སོགས་པ་སྐྱོན་གྱི་ཚོགས། །བླ་མའི་མདུན་དུ་རྣམ་པར་སྤངས། །འཇིགས་པས་ཐལ་མོ་སྦྱར་ནས་ནི། །སྤྱི་བོར་ཕྱག་རྒྱ་བཀའ་ལུང་ནོད། །རབ་བདོག་ཀུན་གཏོད་དམ་བཅས་པས། །ངོ་ཚ་བཅས་ཤིང་གདོང་སྨད་པས། །སློབ་མས་


DKG081_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མའི་མདུན་གནས་བྱ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །བླ་མའི་མདུན་དུ་སློབ་མ་རྣམས། །དེ་ལྟ་བུ་སོགས་སྤྱོད་ཅེས་བྱ། །དམ་ཚིག་སྡོམ་པ་སྔར་བཤད་པ། །དེ་རྣམས་སློབ་མའི་སྤྱོད་པའོ། །དེ་ཡི་ཞི་སོགས་བྱ་བ་ནི། །བླ་མས་བསྟན་པར་བྱ་བའི་རིགས། །དེ་ལ་མདོར་བསྡུས་བཤད་པར་བྱ། །ཐུན་མོང་ཆོ་གའི་མཚན་ཉིད་ནི། །ཞི་བ་དང་ནི་རྒྱས་པ་གཉིས། །ཟླ་བ་ཡར་གྱི་ངོ་ལ་བྱ། །དབང་དང་མངོན་སྤྱོད་ཀྱི་ནི་ལས། །ཟླ་བ་མར་གྱི་ངོ་ལ་བརྩམ། །བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་པ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །གསོད་པ་ཉིད་ལ་མེ་ཡི་ཕྱོགས། །སྡང་བར་བྱ་ལ་བདེན་བྲལ་དུ། །གནས་ནས་བསྐྲད་ལ་རླུང་གི་ཕྱོགས། །རེངས་པ་ལ་ནི་དབང་ལྡན་ཕྱོགས། །ཞི་བའི་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོ་བྱ། །དབང་དང་དགུག་པ་ལ་ནི་དམར། །ཁ་དོག་ནག་པོ་གསོད་པ་ལའོ། །བྱམས་པའི་སེམས་ཀྱིས་ཞི་བ་ལ། །དགའ་བའི་སེམས་ཀྱིས་རྒྱས་པ་ལ། །ཆགས་པའི་སེམས་ཀྱིས་དབང་དག་ལ། །ཁྲོ་བའི་སེམས་ཀྱིས་གསོད་པའོ། །ཞི་ལ་ཕལ་ཆེར་ཐོ་རངས་བྱ། །དེ་བཞིན་རྒྱས་པ་སྔ་དྲོ་བྱ། །དབང་དང་མངོན་སྤྱོད་དག་གི་ལས། །ཉི་མ་གུང་དང་མཚན་ཕྱེད་ལའོ། །དེ་ལྟར་རིགས་པར་ཡང་དག་བཤད། །སྔགས་ཀྱི་རྒྱུད་གསུངས་མཚན་ཉིད་ཀྱིས། །ཞི་བ་ལ་སོགས་དངོས་གྲུབ་བརྒྱད། །བློ་ལྡན་ཆོ་ག་བཞིན་དུ་བསྒྲུབ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས། སློབ་མའི་སྤྱོད་པ་རྣམ་པར་དག་པ་དང་། ཞི་བ་ལ་སོགས་པའི་ལས་ཀྱི་འབྲས་བུ་བསྟན་པའི་ལེའུ་སྟེ་དྲུག་ཅུ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་ཀྱིས་ཉོན། །ཁྲོ་བོ་བཟླས་པའི་མཚན་ཉིད་ནི། །གང་གིས་རྣལ་འབྱོར་དངོས་གྲུབ་བརྒྱད། །ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཁྲོ་བོའི་སེམས་ཀྱི་བཟླས་པ་ནི། །ཁྲོ་བོའི་བཟླས་པ་ཞེས་ནི་བརྗོད། །ཡང་ན་ཁྲོ་བོའི་རྒྱལ་པོ་རྣམས། །སྔགས་བཟླས་པ་ཡི་སྦྱོར་བ་ཡིས། །ཁྲོ་བོའི་བཟླས་པ་དེ་ཤེས་བྱ། །དངོས་གྲུབ་བརྒྱད་ཀྱི་འབྲས་བུ་


DKG081_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །འཇིགས་སུ་རུང་བའི་དུར་ཁྲོད་དུ། །འཇིགས་པ་འཇིགས་པར་བྱེད་པའི་གནས། །སྐྱེས་བུ་ཐོད་པའི་ཁྲག་གིས་གོས། །རྨ་མེད་པ་ཡི་མཚན་ཉིད་བླང་། །སྐྱེས་བུའི་ཁུ་བ་ཟླ་མཚན་དང་། །བསྲེས་ནས་བྲི་བར་བྱ་བ་ནི། །དེ་ན་བསྒྲུབ་བྱའི་རྣམ་པ་དང་། །གསལ་དང་འཇིགས་པ་སྐྲག་པ་དང་། །གཡོན་བརྐྱང་བ་ཡིས་མནན་ནས་ནི། །ཞག་བདུན་བར་དུ་དུས་གསུམ་དུ། །གཤིན་རྗེའི་གཤེད་ཀྱི་སྔགས་འདིས་ནི། །དངོས་གྲུབ་རྒྱུར་ནི་བཟླས་པར་བྱ། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོྃ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་དུཥྚ་སཏྭ་དམ་ཀ།ཨ་སི་མུ་ས་ལ་པ་ར་ཤུ་པཱ་ཤ་ཧ་སྟ། ཁཌྒ་བཱ་མ་ཏ་ར་ཙ་ནི་ཧཥྛ། ཙ་ཏུར་མུ་ཁ། ཙ་ཏུར་བྷུ་ཛ། ཥ་ཌ་ཙ་ར་ཎ། ཨཱ་གཙྪ་ཨཱ་གཙྪ། སརྦ་དུཥྚ་པྲཱ་ཎ་ཨ་པ་ཧ་རི་ཎེ། མ་ཧཱ་བིགྷ་ནཱཾ་གྷཱ་ཏ་ཀ། བིཀྲྀ་ཧ་ཨཱ་ནན། སརྦ་བྷཱུ་ཏ་བྷ་ཡྃ་ཀ་ར། ཨཊྚ་ཨཊྚ་ཧཱ་ས་ནཱ་དི་ནེ། བྱཱ་གྷྲ་ཙ་རྨཱ་ནི་བཱ་ས་ན། ཀུ་རུ་ཀུ་རུ། སརྦ་ཀརྨཱ་ཎི། ཙྪིནྡ་ཙྪིནྡ། སརྦ་མན་ཏྲཱན། བྷིན་དྷ་བྷིན་དྷ། པ་ར་མུ་དྲཱ་ན། ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། སརྦ་བྷཱུ་ཏཱ་ན། མ་ཐ་མ་ཐ། ནི་ར་མ་ཐ་ནི་ར་མ་ཐ། སརྦ་དུཥྚཱ་ན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜལ་མ་དྷྱེ། བཻ་བ་ཤྭ་ཏ། ཛཱི་བི་ཏ་ཨནྟ་ཀ་ར། ཀུ་རུ་ཀུ་རུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ་མཱ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར། ཧཱུྃ་ཧཱུྃ། ཏརྫ་ཡ། བྷེ་གཱ་ནཱཾ། ཕཊ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཀཱ་ར་ཀཱ་ར། སརྦཱ་ཤ་པ་རི་པཱུ་རཱ་ཡ་ཧེ་ཧེ་བྷ་ག་བཱན། ཀིཉྫི་རཱ་ཡ་སིན། ནམ་ཿསརྦཱ་རྠ་སཱ་དྷ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཐོག་མར་ཁྲོ་བོའི་བཟླས་པ་འདི། །དབང་དུ་བྱ་དང་དགུག་པའི་མཆོག །བསྐྲད་པ་རབ་ཏུ་བཤད་པར་བྱ། །ཁྲོ་བོ་གཉིས་པའི་བཟླས་པ་ཡང་། །སྐྱེ་ཚེ་ལན་ཚྭ་ཡུངས་མར་དང་། །དུག་དང་དྷ་དུ་རའི་ཁུ་བ། །སྡིགས་མཛུབ་ཁྲག་དང་བསྲེས་ནས་སུ། །དུར་ཁྲོད་རས་དང་བྱ་བ་ནི། །ཟླ་བ་ཕྱེད་པ་ལྟ་བུ་མཆོག །རླུང་གི་དཀྱིལ་འཁོར་བྲི་བར་བྱ། །ལོགས་གཉིས་རྡོ་རྗེས་མཚན་པར་བྱ། །དེ་དབུས་བསྒྲུབ་བྱའི་མིང་བྲིས་ལ། །གཡོན་བརྐྱང་བར་ནི་གནས་ནས་ནི། །


DKG081_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་འདི་ཡོངས་སུ་བཟླ་བར་བྱ། །སྔར་བཞིན་བསྒྲུབ་བྱའི་མིང་བཀུག་ནས། །མཚན་ཕྱེད་ཀྱི་ནི་དུས་སུ་ནི། །ཀུན་ནས་ཞག་བདུན་བསྒྲུབ་པར་བྱ། །བསྐྲད་པར་ཡང་ནི་འགྲུབ་པར་འགྱུར། །ན་མཿས་མནྟ་ཀཱ་ལ་བཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷཱ་ཡ། མ་བཱ་དཾ་ཥྚོ་ཏ་ཀ་ཊ་བྷེེ་ར་ཝཱ་ཡ། །ཨ་སི་མུ་ས་ལ་བར་ཤུ་པཱ་ཤ་ཧ་སྟཱ་ཡ། །ཨོྃ་ཨ་མྲྀ་ཏ་ཀུ་ཎྜ་ལི། ཁ་ཁ་ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫ་གརྫ། སྥོ་ཊ་སྥོ་ཊ། །བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷ་ནཱཾ་བི་ནཱ་ཡ་ཀཱནྨ་ཧཱ་ག་ཎ་པ་ཏི། ཛཱི་བི་ཏཱ་ནྟི་ཀ་རཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། སྔགས་འདིས་གདུག་པའི་སེམས་ཅན་ནི། །བསྐྲད་པའི་དོན་དུ་བྱས་པ་ཡིན། །ཞི་བའི་ལས་ནི་བཤད་བྱ་བ། །གཞན་གྱིས་མི་ཐུབ་མིང་དང་ནི། །ཁྲོ་བོ་གསུམ་པ་བཟླས་ནས་ནི། །མེ་དང་སྦྲུལ་སོགས་ཞི་བར་བྱེད། །ལག་པ་གཉིས་ལ་ཉི་མ་གཉིས། །དེ་ལ་ཧཱུྃ་གཉིས་བསྒོམ་པར་བྱ། །བསྒྲུབ་པའི་མགོ་ལ་ལག་གཉིས་ཀྱིས། །བྲབས་ལ་དེ་ལ་ཞུགས་ནས་ནི། །བསྒྲུབ་བྱའི་སྙིང་ལ་དེ་གཉིས་ཀྱིས། །འབྱུང་པོ་བསྲེག་པར་བསམ་པར་བྱ། །མེ་དང་འབྱུང་པོ་འཇིགས་བྱེད་པའི། །འདི་ཡི་སྔགས་ནི་བཤད་པར་བྱ། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོྃ་ཨ་པ་རཱ་ཇཱི་ཏི་རི་ཛི་ཧཱུྃ་ཕཊ། ཆེ་གེ་མོ་འབྱུང་པོའི་གདོན་ལས་གྲོལ་བར་མཛོད་ཅིག །དྷྲཱྀཿདུག་སེལ་བའི་སྔགས་ཀྱིས་ནི། །བཞི་པ་བཤད་ཀྱིས་དེ་ཉོན་ཅིག །ཁྲོ་བོ་རྟ་མགྲིན་བཟླས་པས་ནི། །ཡང་དག་མི་མཚུངས་པ་ཡི་མཆོག །བསྒྲུབ་བྱ་སེམས་དཔའ་སུམ་བརྩེགས་བསྒོམ། །སྙིང་གར་ཟླ་གནས་ཡེ་ཤེས་སེམས། །དེ་ཡི་འོད་ཟེར་གྱིས་རབ་གང་། །བསྒྲུབ་བྱའི་ལུས་ལ་མཆོག་ཏུ་བསམ། །རབ་ཏུ་འབར་བ་དེ་ཡིས་དུག །དེ་ནས་ལག་གཡས་བསམ་པ་ནི། །ཟླ་བ་ཧཾ་གིས་རྣམ་པར་བརྒྱན། །ཁ་དོག་དཀར་པོར་སོར་མོར་དགོད། །དེ་ལྟར་སྒྲུབ་པ་པོ་ལ་བྱ། ཧཱུྃ་དྷྲཱྀཿཛི་ཀྵཱིྃ་སཱ་དྷ་དགོད། །ལས་རྣམས་ཀུན་ནི་འགྲུབ་པར་བྱེད། །བསྒྲུབ་བྱའི་མགོ་བོ་ནས་བརྩམས་ཏེ། །རྐང་པའི་མཐའ་ཡི་བར་དུ་བསྒོམ། །ཆུ་རྒྱུན་རྒྱུན་མི་འཆད་


DKG081_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། །དུག་ནི་འོག་བཏང་རིམ་པ་ཡིས། །འདིར་ནི་སྔགས་འདི་བཟླས་བྱ་སྟེ། །རྟ་མགྲིན་དུ་ནི་མངོན་པར་བརྗོད། །ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ། ཏ་རཱུ་ལ་བི་རཱུ་ལ། སརྦ་བི་ཥ་གྷཱ་ཏ་ཀ་ཏ་ཀ་ཛྭཱ་ལི་ཏ་བི་སྥུ་ལིངྒ། ཨཊྚཱ་ཊྚ་ཧཱ་ས་ནཱ་ད་ས་ཧཱི་ཏ། ཀ་ས་རི་ས་ཧོ་བ་ཏཾ་ཨད་དེ་བ་བཛྲ་ཁུ་ར་གྷ་ཏ་ན། ཙ་ཏ་པ་སུ་དྷ་ཏ་ལ་ནི་ཤྭཱ་ས་མ་རུ་ཏ་ཨུཏ་ཀྵི་པྟ་དྷ་ར་ཎི་དྷ་ར། པི་ཥ་ན་ཨཊྚ་ཧཱ་ས་ཨ་པ་རི་མི་ཏཱ་བ་ལ་པ་རཱ་ཀྲ་མ་ཨཱཪྱ་ག་ཎ་བྷཱི་ཏ། བུདྡྷ་བུདྡྷ། ཧ་ཡ་གྲཱི་བ་ཁ་ཁ། ཙྪིནྡ་ཙྪིནྡ། ཨཱ་བེ་ཤ་ཡ། སརྦ་གྲ་ཧེ་ཥྭ། པྲ་ཏི་ཧ་ཏོ་བྷ་བ། བཛྲ་དཾཥྚྲི་ཀིཉྩི་རཱ་ཡ་སི་ཨི་དཾ་དུཥྚ་གྲ་ཧཾ་དཾཥྚ་སརྦྦཾ་བཱ། དྷུ་ན་དྷུ་ན། མཱ་ཐ་མཱ་ཐ། མརྡ་མརྡ། བུདྡྷ་དྷརྨ་ར་དྷ། བུདྡྷ་དྷརྨ་སཾ་གྷ་ཨ་ནུ་ཛྙཱ་ན་ཀརྻཾ་ཀུ་རུ་སྭཱ་ཧཱ། ཆེ་གེ་མོའི་དུག་ལ་སོགས་པ་སེལ་བར་མཛོད་ཅིག་ཧཱུྃ་ཞེས་བྱ་བ་དང་སྔགས་སྤེལ་ལོ། །རྩ་བའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །ལྷག་མ་རྒྱས་པར་ཤེས་པར་བྱ། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་ཁྲོ་བོའི་བཟླས་པ་དང་ཞི་བ་ལ་སོགས་པའི་དངོས་གྲུབ་བརྒྱད་ཀྱི་ལེའུ་སྟེ་དྲུག་ཅུ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་པར་བྱ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་མཆོག །དངོས་གྲུབ་ལ་སོགས་མཚན་ཉིད་ནི། །ས་སྙིང་ཕྱག་ན་རྡོ་རྗེ་དང་། །འཇམ་དཔལ་སྒྲིབ་པ་སེལ་བ་དང་། །བྱམས་པ་ལྔ་པོ་འདི་དག་དང་། །ཡི་གེ་གསུམ་དང་རྣམ་པར་སྤེལ། །མིག་དང་རྣ་བ་ཡིད་དང་ལུས། །རྩ་ཡི་འཁོར་ལོ་བྱིན་གྱིས་བརླབ། །མཚན་གསུམ་ཉིན་མོ་དེ་དང་འདྲ། །མངོན་ཤེས་ལྔ་ཉིད་ཐོབ་པར་བྱེད། །བཞི་པ་ཡི་ནི་དབང་བསྐུར་བས། །བློ་ལྡན་དེ་ཉིད་མཐོང་བར་འགྱུར། །སྣང་བ་མཚན་མོའི་ཆ་རུ་འགྱུར། །ཉིན་མོ་སྣང་བ་མཆེད་པའོ། །མཚམས་ནི་སྣང་བ་ཐོབ་པའོ། །དེ་ལྟར་སྣང་ལ་སོགས་མཚན་ཉིད། །མཚན་མིན་མཚམས་དང་ཉིན་མོ་མིན། །ཀུན་རྟོག་རླུང་ནི་སྤོང་བར་བྱེད། །དེ་ནི་སྐད་ཅིག་མངོན་བྱང་ཆུབ། །མཚན་ཉིད་སྐད་ཅིག་མར་ནི་བརྗོད། །ཐ་མར་འབྱུང་དང་ཐོག་མར་འབྱུང་བའམ། །དབུས་མི་འབྱུང་བའང་དབུས་སུ་འབྱུང་


DKG081_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

བའམ། །མཐའ་མིན་འབྱུང་བའང་མཐར་ནི་འབྱུང་བའམ། །དེ་ནི་ཐམས་ཅད་སྟོང་པའི་སྐད་ཅིག་གཅིག་ཏུ་གསུངས། །གང་དུ་འགྲོ་བ་དང་ནི་འོང་མེད་ཅིང་། །ཟད་མེད་འཕེལ་མེད་དངོས་དང་དངོས་མེད་མིན། །ངོ་མཚར་གཟུགས་ཅན་ཡིན་ཞིང་ངོ་མཚར་མིན། །གནས་པར་འགྱུར་མིན་མྱུར་དུ་འགྲོ་བ་མིན། །གང་ཞིག་ཡོད་དང་མེད་པའི་ཐ་སྙད་རྣམས་དང་བྲལ། །བསོད་ནམས་གཟུགས་མིན་སྡིག་པའི་གཟུགས་མ་ཡིན། །བསོད་ནམས་སྡིག་གི་བདག་མིན་མཆོག་གྱུར་པ། །དེ་ནི་ཐམས་ཅད་སྟོང་པའི་སྐད་ཅིག་གཅིག་ཏུ་གསུངས། །སྐད་ཅིག་གཅིག་ལ་མངོན་བྱང་ཆུབ། །མཚན་ཉིད་འདི་ནི་སྐད་ཅིག་མཆོག །རྡོ་རྗེ་རྩེ་མོ་བྱང་སེམས་ནི། །འཛིན་པས་ལུས་ཀྱི་བརྟན་པ་ཉིད། །དེ་ཡིས་དེ་ཉིད་བྱང་སེམས་ནི། །རླུང་གི་དེ་ཉིད་རབ་སྦྱོར་བས། །རིགས་པས་སྟེང་དུ་བྱེད་པ་ནི། །རྒས་པ་མེད་པར་ཐེ་ཚོམ་མེད། །ཧཱུྃ་ཧོཿརིམ་བཞིན་ཤེས་པ་ནི། །འཛིན་པ་སྟེང་དུ་རྣམ་པར་སྤེལ། །སྔར་བཤད་པ་ཡི་བདུད་རྩི་ལྔ། །འདི་ནི་བཅུད་ཀྱིས་ལེན་དུ་བརྗོད། །འདི་ཉིད་ཀྱིས་ནི་གྲུབ་པར་བྱེད། །ལྕགས་ཀྱི་གསེར་འགྱུར་བྱས་ནས་ནི། །རྡོ་རྗེ་ཕྱག་རྒྱ་དངོས་གྲུབ་ཆེ། །ཟུང་དུ་འཇུག་པས་ཐོབ་པར་འགྱུར། །བསྐྱེད་པའི་རིམ་པའི་སྦྱོར་བ་དང་། །དེ་བཞིན་རྫོགས་པའི་རིམ་པ་ཡང་། །གང་ལ་དེ་གཉིས་གཅིག་འགྱུར་བ། །དེ་ནི་ཟུང་དུ་འཇུག་པར་བཤད། །འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ནི། །གང་དུ་དངོས་པོ་གཅིག་འགྱུར་བ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཀུན་རྫོབ་དང་ནི་དོན་དམ་དག །རྟོག་པ་གཉིས་དང་རྣམ་པར་བྲལ། །གང་དུ་ཡང་དག་འདྲེས་གྱུར་པ། །དེ་ནི་ཟུང་དུ་འཇུག་པར་བཤད། །རྡོ་རྗེ་བཟླས་པའི་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་འཐོབ་པར་འགྱུར། །བདག་ལ་བྱིན་བརླབས་རིམ་པས་ཀྱང་། །དངོས་གྲུབ་བརྒྱད་ནི་ཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་རིམ་པ་ཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །


DKG081_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་པ་ཡིས་ཐེ་ཚོམ་མེད། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེར། །ཟུང་དུ་འཇུག་པའི་ཏིང་འཛིན་གྱིས། །རྣམ་རྟོག་མེད་པར་ཞུགས་ནས་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ལུས་ནི་གཞལ་ཡས་ཁང་དུ་འགྱུར། །སངས་རྒྱས་ཀུན་གྱིས་ཡང་དག་བརྟེན། །ཟུར་བཞི་པ་ཡི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་རྩེ་བཞི་ཡི་དབྱིབས་ཀྱིས་ནི། །རྟ་བབས་བཞི་ནི་བརྗོད་པར་བྱ། །དྲ་བ་ཆུ་བར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲ་བ་ཕྱེད། །ཆ་ནི་ཟླ་བ་ཕྱེད་པ་དང་། །བུམ་པ་ལྟོ་བར་ཡང་དག་ཤེས། །རྗེ་ངར་བརླ་དཔུང་ལག་ངར་ནི། །ཀ་བ་བརྒྱད་དུ་ཡང་དག་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་རོལ་མོ་དང་། །སྣ་ཡི་རྣམ་ཤེས་མེ་ཏོག་ཕྲེང་། །རིན་ཆེན་ཕ་གུ་ལྕེ་རྣམ་ཤེས། །ལུས་ཀྱི་རྣམ་ཤེས་རས་འཕན་དང་། །ཡིད་ཀྱི་རྣམ་ཤེས་རི་དགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང་། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། །ལྕེ་ནི་དྲིལ་བུ་རུ་ནི་གསུངས། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པདྨར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་བརྟེན། །ཡེ་ཤེས་ལྔ་ནི་རྣམ་དག་པ། །རེ་ཁཱ་ལྔར་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་རྣམ་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་དབྱེ། །དེ་དག་གཞལ་ཡས་ཁང་དུ་བསྒོམ། །དང་པོ་སྦྱོར་བར་ཤེས་པར་བྱ། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །རིགས་ཀྱི་དབྱེ་བ་རང་ངོ་བོ། །དེ་ཉིད་ཕྱི་རོལ་གནས་པར་བརྗོད། །དཀྱིལ་འཁོར་རྣམ་པར་དག་པའོ། །ཁམས་བཞིའི་རང་བཞིན་བདག་ཉིད་ནི། །གཟུགས་ཀྱི་ཕུང་པོ་མདོར་བསྡུས་ན། །གཟུགས་ཀྱི་ཕུང་པོ་རྣམས་དང་ནི། །མིག་གི་རྣམ་ཤེས་ས་སྙིང་པོ། །ཕྱི་རོལ་གཟུགས་ཀྱི་རྡོ་རྗེར་བཤད། །བྱམས་པ་རྩ་རྒྱུས་དབུས་ན་བཞུགས། །དེ་བཞིན་ཁྲོ་བོའི་རྒྱལ་པོ་གཉིས། །ཤར་


DKG081_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷོ་ཡི་མཚམས་སུ་ནི། །མེ་ལོང་ཡེ་ཤེས་སུ་ནི་བཤད། །རྣམ་པར་སྣང་མཛད་རྣམ་དག་ཉིད། །བདེ་དང་སྡུག་བསྔལ་འཇིགས་དང་སྐྱོ། །ཚོར་བའི་མཚན་ཉིད་དུ་ནི་འདོད། །ཚོར་བ་ཆུ་ཡི་ཁམས་དང་ནི། །ཕྱི་རོལ་སྒྲ་ནི་རྡོ་རྗེ་དང་། །རྣ་བ་ཕྱག་ན་རྡོ་རྗེར་བཤད། །རིགས་ནི་གཉིས་པོ་འདྲེས་པ་ཉིད། །དྲི་ཡི་རྡོ་རྗེ་ཕྱི་རོལ་འགྱུར། །སྣ་ཡི་རྣམ་ཤེས་མཁའ་སྙིང་བོ། །ཁྲོ་བོ་གཉིས་པོ་རྣམ་པར་ཤེས། །མཉམ་ཉིད་རིན་ཆེན་འབྱུང་བ་དང་། །དངོས་དང་དངོས་མེད་སོགས་འདུ་ཤེས། །སྔ་མ་རྗེས་དྲན་མཚན་ཉིད་ཅན། །འདུ་ཤེས་ཕུང་པོ་མེ་ཁམས་དང་། །ཕྱི་རོལ་དྲི་ཡི་རྡོ་རྗེ་དང་། །ལྕེ་ཡི་རྣམ་ཤེས་འཇིག་རྟེན་མགོན། །དེ་བཞིན་ཁྲོ་བོའི་རྒྱལ་པོ་གཉིས། །དེ་ནི་སོ་སོར་རྟོག་ཡེ་ཤེས། །འོད་དཔག་མེད་ཀྱི་རིགས་ལས་བྱུང་། །དགེ་དང་མི་དགེའི་ལས་རྣམས་ཀྱིས། །བག་ཆགས་འདུ་བྱེད་མཚན་ཉིད་ནི། །འདུ་ཤེས་ཕུང་པོ་རླུང་གི་ཁམས། །ཕྱི་རོལ་རོ་ཡི་རྡོ་རྗེ་དང་། །ལུས་ཀྱི་རྣམ་ཤེས་སྒྲིབ་རྣམ་སེལ། །ཀུན་བཟང་ཚིགས་ཀྱི་མཚམས་དབུས་བཞུགས། །དེ་བཞིན་ཁྲོ་བོའི་རྒྱལ་པོ་གཉིས། །བྱ་བ་ནན་ཏན་གྲུབ་ཡེ་ཤེས། །དོན་ཡོད་གྲུབ་པའི་རིགས་ལས་བྱུང་། །དངོས་པོ་ཀུན་གྱི་རང་བཞིན་ནི། །ཡེ་ཤེས་མཚན་ཉིད་རྣམ་ཤེས་བརྗོད། །རྣམ་པར་ཤེས་པ་ནམ་མཁའི་ཁམས། །ཡིད་ཀྱི་རྣམ་ཤེས་འཇམ་རྡོ་རྗེ། །དེ་བཞིན་ཁྲོ་བོའི་རྒྱལ་པོ་གཉིས། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས། །མི་བསྐྱོད་པ་ཡི་རིགས་ལས་བྱུང་། །མངོན་པར་བྱང་ཆུབ་རྣམ་པ་ལྔ། །གཞལ་ཡས་ཁང་ན་འདི་དག་བཞུགས། །དེ་ཉིད་ཁམས་ཀྱི་དབྱེ་བ་ཡིས། །རིམ་པ་ཇི་བཞིན་བཤད་པར་བྱ། །སྐྲ་རུས་ཕྱི་ས་མཆིལ་མ་སྙིང་། །ས་ནི་རྣམ་སྣང་བདག་ཉིད་དོ། །སྤུ་དང་རྣག་དང་ཉེ་བའི་སྙིང་། །སེན་མོ་ཆུ་ཡི་ཁམས་སུ་ཤེས། །རིན་ཆེན་འབྱུང་ལྡན་བདག་ཉིད་ཀྱི། །རིགས་ཀྱི་རྟེན་དུ་ཤེས་པར་བྱ། །སོ་དང་པགས་པ་ཤ་དང་སྙིང་། །མེ་ཡི་ཁམས་ཞེས་བྱ་བར་བརྗོད། །འོད་དཔག་མེད་ཀྱི་རང་བཞིན་དང་། །རིགས་ཀྱི་དབྱེ་བར་ཤེས་པར་བྱ། །


DKG081_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་པ་ཤ་དང་རྩིབ་ལོགས་སྙིང་། །རླུང་ནི་དོན་ཡོད་གྲུབ་པའོ། །དྲི་མ་རྒྱུས་པ་མཁྲིས་པ་སྙིང་། །དེ་ནི་ནམ་མཁའི་ཁམས་སུ་གྲགས། །མི་བསྐྱོད་པ་ཡི་རང་བཞིན་དང་། །སྙིང་ནི་རྣམ་ཤེས་ལྔ་ཞེས་བྱ། །རེ་རེ་ལ་ཡང་སོ་སོར་ནི། །རྣམ་པ་ལྔ་ནི་སྤྲོ་བ་ཤེས། །དེ་བཞིན་གཤེགས་པའི་ཕུང་པོ་ལྔ། །ནང་གི་བདག་ཉིད་རྫས་བྱེ་བ། །ཤ་རྩ་རྒྱུས་པ་ཤ་ཁམ་ཚད། །ཀླད་པ་དང་ནི་ཀླད་རྒྱས་དང་། །རུས་པ་རྐང་དང་སྙེ་མ་དང་། །མཁལ་མ་སྙིང་དང་ལྟོ་བ་དང་། །གློ་བ་མཚེར་པ་གཅིན་དང་ནི། །བཤང་བ་ཕོ་བ་ལོང་ཀ་དང་། །ཞག་དང་ཆུ་སེར་རྣག་དང་ནི། །ཁྲག་དང་མཁྲིས་པ་བད་ཀན་དང་། །ངར་སྣབས་སྐྲ་དང་ཁ་སྤུ་དང། །སེན་མོ་སྤུ་དང་པགས་པ་དང་། །ལག་པ་རྐང་མིག་ཡན་ལག་སོགས། །མཚོག་མ་དཔུང་བ་ཞེས་ནི་བརྗོད། །དེ་དག་རིམ་པར་ཤེས་པར་བྱ། །གཞལ་ཡས་ཁང་ནི་རྣམ་དག་པས། །དེ་ལ་གནས་ཀྱི་དབྱེ་བ་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །པཱུ་ལླི་ར་ནི་མགོ་བོར་ཤེས། །སྤྱི་གཙུག་ཛཱ་ལན་དྷ་ར་དང་། །རྣ་བ་གཡས་པར་ཨོ་ཌྱན་དང་། །སྤྱི་བོའི་རྒྱབ་ནི་ཨརྦུ་ད། །གོ་དཱ་བ་རི་རྣ་བ་གཡོན། །རཱ་མེ་ཤྭ་རི་སྨིན་མའི་དབུས། །མིག་གཉིས་དེ་བི་ཀོ་ཊི་དང་། །མཱ་ལ་ཝེ་ནི་དཔུང་པའི་རྩ། །ཀཱ་མ་རཱུ་པ་མཆན་ཁུང་གཉིས། །ཨོ་ཌེ་ནུ་མ་གཉིས་སུ་གྲགས། །ཀོ་ས་ལ་ནི་ལྟེ་བར་ཤེས། །ཏྲི་ས་ཀཱུ་ནེ་སྣ་ཡི་རྩ། །ཁ་ཡི་པདྨ་ཀ་ལིང་ག། །མགྲིན་པ་ལམ་པཱ་ཀར་ནི་བརྗོད། །སྙིང་ནི་ཀཱཉྩིར་ཤེས་པར་བྱ། །ཧི་མ་ལ་ཡ་མདོམས་སུ་ཤེས། །མཚན་མ་གྲྀ་ཧ་དེ་ཝ་དང་། །བྲེ་ཏ་པུ་རི་བཤང་བའི་ལམ། །བརླ་གཉིས་སུ་ཝརྞྞ་དྭཱི་པ། །སཽ་རཥྚྭ་ནི་བྱིན་པ་གཉིས། །རྐང་པའི་བོལ་ནི་སིན་དྷཱའི་ཡུལ། །སོར་མོ་རྣམས་ལ་ནཱ་ག་ར། །མཐེ་བོང་གཉིས་ནི་མ་རུར་ཤེས། །ཀུ་ལུ་ཏཱ་ནི་རྐང་པའི་མཐིལ། །དེ་ལྟར་གནས་ཀྱི་རྣམ་དག་དང་། །ས་བཅུ་རྣམ་པར་དག་པ་ཉིད། །དེ་ཉིད་དང་ལྡན་ཤེས་པར་བྱ། །ཐིམ་དང་ལོངས་སྤྱོད་བདག་པོ་ཉིད། །འཇུག་པ་ལ་སོགས་བྱེ་བྲག་གིས། །རིམ་གྱིས་རྡོ་རྗེ་


DKG081_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཉིད། །དེ་ནས་གཞན་ཡང་རབ་བཤད་པ། །རླུང་རྣམས་ཀྱི་ནི་མཚན་ཉིད་མཆོག །སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །མདོམས་ན་གནས་པའི་ཐུར་སེལ་ནི། །རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟོད་དུ་རྒྱུ་བ་ལྐོག་མཐར་གནས། །འོད་དཔག་མེད་པའི་རང་བཞིན་ནོ། །མེ་དང་མཉམ་གནས་ལྟེ་བར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། །རྣམ་སྣང་མཛད་ཀྱིས་བྱིན་གྱིས་བརླབས། །དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུན་འདི་དང་། །དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །སྲོག་དང་རླུང་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་རླུང་། །རྟག་ཏུ་རྣལ་འབྱོར་བས་ཤེས་བྱ། །དགོད་དང་ཟ་དང་ལྷག་པ་དང་། །ཀུན་དུ་འཐུང་དང་འཇིབ་པ་དང་། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱར་བརྗོད། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་བ་ལ་སོགས་པ། །ཤེས་ནས་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །དེ་བཞིན་འགྲོ་དང་ལྡོག་པ་སོགས། །ཚིགས་ཀུན་དུ་ནི་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །རླུང་གི་མཚན་ཉིད་བཤད་པ་ནི། །དེ་ནས་དེ་ཡི་འཇིགས་པར་བརྗོད། །སྔ་མ་བཞིན་དུ་བཏང་བཟུང་སོགས། །ཕན་ཚུན་དུ་ནི་གནོད་པར་བྱེད། །གཞན་ནི་གཞན་ལ་འཚེ་བ་ཡིན། །སྟོབས་ནི་ཐོབ་པའི་རང་བཞིན་གྱིས། །གཅིག་ནི་གཅིག་ལ་ཐིམ་པར་འགྲོ། །ཇི་ལྟར་ཟླ་བ་གཟས་བཟུང་ལ། །རླུང་རྣམས་རིམ་གྱིས་ཉམས་འགྱུར་བ། །སྔ་མ་བཞིན་དུ་གོང་ནས་གོང་། །རང་གི་བདག་ཉིད་ལ་ཐིམ་པར། །བཏང་བཟུང་སླར་ཡང་འགྲོ་བར་བྱེད། །ཇི་ལྟར་མེས་བསྲེགས་དངོས་མེད་དང་། །རྒྱུ་མེད་པར་ནི་ཐིམ་པར་འགྲོ། །སླར་ཡང་སྲོག་གི་རླུང་ཤར་བ། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེས། །


DKG081_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་ལ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །དེ་ནས་སེམས་དཔའ་ཆེན་པོ་ཀུན། །དེ་ཉིད་མིག་སྨན་ཐུར་མ་ཡིས། །ཐམས་ཅད་འཁྲུལ་པའི་ལོང་བ་བསལ། །ཡང་དག་དངོས་པོ་ཉིད་ནི་མཐོང་། །དེ་ནས་ཡང་ཡང་ཕྱག་བྱས་ཏེ། །མཆི་བཅས་མིག་གིས་བཅོམ་ལྡན་ལ། །ལན་གསུམ་དུ་ནི་བསྐོར་བྱས་ནས། །རྡོ་རྗེ་འཆང་ལ་ཡང་དག་བསྟོད། །ཨེ་མའོ་ཀུན་འགྲོ་ཀུན་དབང་ཕྱུག །ནམ་མཁའ་དང་ནི་མཚུངས་པ་བརྙེས། །ཨེ་མའོ་དམ་ཚིག་དེ་ཉིད་གསུམ། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཁམས་གསུམ་ལས་ནི་རྣམ་པར་གྲོལ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འདོད་པ་རྣམས་ཀྱིས་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་རྟེན་ཅིང་། །སྲིད་དང་མྱ་ངན་འདས་ལས་གྲོལ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་པ་མེད་ཅིང་གོས་པ་མེད། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ། །འཇིག་རྟེན་གསུམ་ལས་རྒྱལ་གྱུར་པ། །འཇིག་རྟེན་གསུམ་འདི་རྣམ་པར་གཡོས། །བདུད་རྣམས་བཅོམ་པར་མཛད་ནས་ནི། །འཇིག་རྟེན་གསུམ་ནས་ལྷ་ལས་རྒྱལ། །ཁྲོ་བོ་བཅུ་ནི་ཀུན་ནས་ནི། །འཇིག་རྟེན་གསུམ་རྒྱལ་གཙོ་བོ་ཡིས། །འདི་ལྟར་བཀའ་ནི་བསྒོ་བར་འགྱུར། །ས་ཡི་ཆ་ནི་གང་ན་འདི། །རྡོ་རྗེ་ཕྲེང་བར་མངོན་བརྗོད་པའི། །རྣལ་འབྱོར་ཆེན་པོའི་དམ་ཚིག་རྒྱུད། །དུས་ཀུན་དུ་ནི་སྤྱོད་འགྱུར་ཞིང་། །རྒྱུན་དུ་དེ་ཉིད་རང་ཉིད་ཀྱིས། །ཁྲོ་བོ་བཅུ་ཡིས་དེ་ལས་ནི། །རྟག་ཏུ་ཕུར་བུས་བགེགས་ཀུན་ལ། །བསྲུང་བའི་དོན་དུ་ཡུལ་འཁོར་དང་། །རང་རང་ཕྲེང་བའི་སྔགས་ཀྱིས་ནི། །དེ་རྣམས་ལ་ནི་གཏོར་མ་དབུལ། །སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། །སྣ་ཚོགས་སྤྲུལ་


DKG081_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྟན་ནས་ནི། །རྡོ་རྗེ་སེམས་དཔའ་དུས་ཀུན་དུ། །ཉིན་དང་མཚན་དུ་བཞུགས་པར་འགྱུར། །རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་དངོས་གྲུབ་ཐམས་ཅད་བསྡུས་པའི་ལེའུ་སྟེ་དྲུག་ཅུ་བརྒྱད་པའོ།། །།རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་མངོན་པར་རྟོགས་པ་ལས་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ་རྫོགས་སོ།། །།ཐུགས་དམ་སའི་སྙིང་པོ་ཐོ་ལིང་སྙིང་པོ་དཔལ་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་རྒྱ་གར་གྱི་མཁན་པོ་སུ་ཛ་ན་ཤྲཱི་ཛྙཱ་ན་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་བོད་ཀྱི་ལྷ་བཙན་པོ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།