Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


   
   
   
   
   
   
   
དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ།next

དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ།


DKG083_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་བཛྲ་ཙཎྜ་ཙིཏྟ་གུ་ཧྱ་ཏནྟྲ་ཨུཏྟ་རོཏྟ་ར། བོད་སྐད་དུ། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ།བཅོམ་ལྡན་འདས་དཔལ་རྡོ་རྗེ་གཏུམ་པོ་ལ་ཕྱག་འཚལ་ལོ། །དེ་ནས་འཁོར་དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་གཏུམ་པོ་ཞེས་བྱ་བ་འཁོད་པ་སྟན་ལས་ལངས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་མིག་འཛུམས་དང་བཅས་པས་རང་གི་སྤྱོད་པ་ལས་ཤིན་ཏུ་སྤ་གོང་བར་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་བཅོམ་ལྡན་འདས་སླད་མའི་དུས་ན། གདུག་པ་ཅན་གྱི་སེམས་ཅན་ལ་རྣམ་པར་འཚེ་ཞིང་རྣམ་པ་གསུམ་གྱིས་སེམས་ཅན་མ་རུངས་པར་བགྱིད་དེ། རེག་པའི་དུག་གིས་ཀྱང་རབ་ཏུ་ཡང་གཟིར་བར་བགྱིད་དོ། །ཁ་རླངས་ཀྱི་དུག་གིས་ནི་རབ་ཏུ་མྱོས་ཤིང་ཤིན་ཏུ་ཡང་ལྕི་བར་བགྱིད་དོ། །མཐོང་བའི་དུག་གིས་ནི་ཟ་ཞིང་འཕྲུག་ཅིང་ཚ་བར་བྱེད་དོ། །འཕྲོ་བ་ཁ་རླངས་ཀྱི་དུག་ཅན་དང་། རེག་པ་ལུས་ཀྱི་དུག་རྣམས་ཀྱི་གདུང་བ་བསལ་བའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གནོད་


DKG083_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་གསང་བའི་བདག །དུག་གསུམ་དུག་གི་རྩ་བ་ཡང་། །དུག་གསུམ་ལས་ནི་བྱུང་བ་ཡིན། །རྩ་བའི་དུག་ལ་རང་བཞིན་མེད། །དེ་ནི་དུག་གསོ་སྨན་གྱི་མཆོག །སྨན་ཉིད་རང་འབྱུང་གཞན་ལས་མིན། །དེ་ཉིད་རང་དང་གཞན་ལས་གྲོལ། །རྩ་བའི་དུག་ལ་རང་གྲོལ་ན། །དུག་གསུམ་ལ་སོགས་གཞན་དུ་མེད། །དུག་ལྔ་ལས་འཕྲོས་འབྱུང་ལྔའི་དུག །ཀུན་རྫོབ་ཙམ་དུ་འབྱུང་བ་འཇོམས། །དེ་དག་རབ་ཏུ་གཞོམ་པའི་ཕྱིར། །རང་གཞན་རང་གྲོལ་བདུད་རྩི་ཡི། །རྩ་བའི་དུག་སོགས་འཇོམས་པར་བྱེད། །ལྷ་ཡི་སྐུ་དང་སྔགས་ཀྱི་མཐུ། །ཡེ་ཤེས་འབྱུང་བ་ཆེན་པོ་ཡིས། །ལས་ཀྱི་འབྱུང་བ་འཇོམས་པར་བྱེད། །རྫས་ཀྱིས་ཀྱང་ནི་དེ་བཞིན་ནོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་དུག་དང་དུག་འཇོམས་བྱེད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་གནོད་སྦྱིན་གཏུམ་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་བཅོམ་ལྡན་འདས་དུག་ཆེན་པོ་དེ་དག་སྨིན་པ་ལ། གདོན་པའི་ལས་དག་གང་གིས་བགྱི། །ནན་ཏན་གྱིས་ནི་བཀའ་སྩོལ་ཅིག །ཅེས་གསོལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཛྲེ་སརྦ་ཥྚཾ་ཙིཏྟ་རྦད་ནན། མ་ཧཱ་ཀཱ་ལ་ཙིཏྟ་རྦད་ནན། སརྦ་ཤ་ཏྲཱུྃ་མཱ་ར་ཡ་རྦད་ནན། ཞག་གྲངས་ཉི་ཤུ་གཅིག་ཏུ་བྱ། །ནམ་ལངས་ཉི་མ་ཤར་ག་རུ། །སྟོང་ཚར་རེ་སྟེ་དེ་བཞིན་དུ། །སྲོད་དང་ཐོ་རངས་ནམ་གུང་ལ། །མ་ཁྲག་གསུམ་དང་དུག་སྣ་དང་། །དྲག་པོའི་རྫས་རྣམས་དག་གིས་བྲབ། །ནཱ་གའི་གཟུགས་བྱས་རྫ་ཡི་ནང་། །གཟུགས་ནང་ཕུཿལ་སྔགས་ཕྲེང་བསྐོར། །རྫ་ནང་ཐལ་ཆེན་འབྲུབ་ཁུང་དུའོ། །སྔགས་པར་རྩ་བའི་འཁོར་ལོ་ཡིས། །ཁ་ཆོད་སྨེ་གོས་ནག་པོ་དགབ། །དེ་ནས་དྲག་པོའི་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་གདུག་པ་སྲོག་གི་འཁོར་ལོའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསུངས་པ། ནཱ་གའི་གཟུགས་


DKG083_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རེག་བྱ་ནི། །སྔགས་ཀྱི་འབྲུ་བཞིན་སྔགས་བཀོད་དོ། །ཀླུ་རྒྱལ་བཞི་གཟུགས་མཐར་བཞག་ནས། །གདུག་པ་ལས་ཀྱི་འཁོར་ལོ་བསྐོར། །དང་པོའི་ཞི་བ་ཐ་མར་དྲག །དང་པོར་དྲག་ལ་ཐ་མར་ཞི། །ཐོག་མཐའ་གཉིས་ཀ་ཞི་དང་དྲག །ཨོཾ་ནཱ་ག་རཱ་ཛ་ས་མ་ཡ། །ཨ་པ་ལཱ་ཡ་ཙིཏྟ་ཛྭ་ལ་ཡ། ས་མ་ཡ་སྭཱ་ཧཱ། ཉི་ཤུ་གཅིག་གིས་མཐར་དབྱུང་ངོ་ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་དམ་ཚིག་སྲོག་གི་འཁོར་ལོ་འཇམ་པ་དང་རྩུབ་པའི་སྔགས་ཀྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ན་བསྟན་པ་ལ་གནོད་པ་དང་གདུག་པ་ཅན་འདུལ་བ་ཐུན་མོང་གི་ལས་བཀའ་སྩལ་དུ་གསོལ་ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུན་མོང་ཕྱི་རུ་གསད་འདོད་ན། །ཕྲིན་ལས་མི་འགྱུར་འཁོར་ལོ་བསྐོར། །འཁོར་ལོར་གཞུག་དང་གཟུགས་ལ་གདབ། །གསང་བའི་འཁོར་ལོ་ལྟོ་སྦྱར་དུ། །གང་དམིགས་གཟུགས་དེ་ཁྲག་ཏུ་བྲི། །སྙིང་གར་མིང་བྲི་ལྟེ་བ་ལ། །ཤྭ་རཱི་ར་ཏེ་མགོ་བོ་ལ། བྷནྡྷ་བྷནྡྷ་ཞེས་པ་དགོད། །ཡན་ལག་བཞི་པ་ཧ་ན་སྟེ། །མཱ་ར་ཡ་བརླ་གཉིས་དང་ནི་མཚན་མ་ལའོ། །དམིགས་པའི་ས་ནས་ཟག་པའི་རྫས། །བླངས་ཏེ་བོང་བུའི་ཆུས་སྦྲུས་ལ། །ཤ་ཏྲཱུྃ་གཟུགས་བྱ་ཡིག་འབྲུ་རྣམས། །གནས་སུ་བཀོད་དེ་སྔོན་དམར་བཅིང་། །དུག་རྫས་གཏུམ་པའི་རྫས་ཀྱིས་གཏུམ། །བཙོན་ཁང་བསྐུར་ཏེ་ཐུན་རྣམས་དབབ། །ཟླ་བ་གཅིག་ཏུ་གནག་པར་བྱ། །བདུན་བདུན་བསྐོར་བྱ་བར་བར་དུ། །མཆོད་པའི་ལས་བྱ་མཚན་ཐུན་དབབ། །བསྲེག་དང་གནོན་པས་མཐའ་བརྟུལ་བྱ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ཕྲིན་ལས་མི་འགྱུར་བའི་འཁོར་ལོའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱཻ་བཅོམ་ལྡན་འདས་སླད་མའི་དུས་ན། གདུལ་དཀའ་བའི་གདོལ་པ་


DKG083_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་རྣམས་ཀྱི་ལོ་ཏོག་འཇོམས་པའི་ཐབས་བཀའ་སྩལ་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལོ་ཏོག་འཇོམས་པའི་ལས་བྱས་ན། །ནཱ་ག་གཟིར་ཏེ་གཞོམ་པར་བྱ་ཞེས་སྟོབས་ཀྱི་ཡི་གེ་འབྲུ་བཞི་དང་། མི་འགྱུར་བའི་ཡི་གེ་འབྲུ་གསུམ་གསུངས་པ། ཨོཾ་ཧཱུྃ་བཛྲ་མ་ཧཱ་བ་ལ་ཞེས་གཏུམ་པོ་སྟོབས་ཆེན་པོའི་སྔགས་གསུངས་སོ། །ནཱ་ག་ཙིཏྟ་རྦད་ནན། ཞེས་ཀླུའི་སྙིང་གཟིར་དྲུག་པ་གསུངས་སོ། །སརྦ་དུཥྚཱ་ན། ཞེས་ཐམས་ཅད་དབང་དུ་སྡུད་པ་གསུངས་སོ། །ཕོབ་ཤར་ཤར་ཕོབ། ཅེས་ཆུ་འཁྱགས་ཀྱི་སྙིང་པོ་གསུངས་སོ། །གཅིག་ཏུ་དྲིལ་ཞིང་བརྡེག་པར་བྱ། །ནཱ་གའི་གཟུགས་བཅས་སྔགས་བཀོད་ནས། །ཡུངས་ཀར་བརྡེག་ཅིང་ཕུར་བུས་གདབ། །མཛེ་ཐོད་ནང་དུ་ཀླུ་གཟུགས་གཞུག །ཁྲག་ཆེན་བཙན་དུག་གླ་བའི་ཁྲག །ཡུངས་ཀར་ཡུངས་ནག་སྔགས་ཤིང་བརྡེག །ཀླུ་གཟུགས་ནིམ་པའི་ཆུ་ནས་དབྱུང་། །དང་པོ་ཆོ་འཕྲུལ་ཆེ་བར་འདོད། །ཉམ་ཐག་པ་ན་དབབ་ལས་བྱ། །གསད་ཅིང་རོ་རུ་འདུག་པ་ན། །དུས་ལས་ཡོལ་ཏེ་ཕེབས་མི་འགྱུར། །རྟགས་དང་ལྡན་པར་གྱུར་པ་ན། །བདག་ཉིད་ཏིང་འཛིན་ལྡན་པ་ཡིས། །དྲག་པོའི་སྔགས་ཀྱིས་ཀླུ་གཟུགས་བཏུམ། །རྫས་དང་ཐོད་པ་ཆུ་མིག་མནན། །དྲག་པོ་རྒྱུ་བའི་དུས་དང་སྦྱར། །འཇིག་རྟེན་ལྡོག་པར་ཐེ་ཙོམ་མེད། །ཅེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ཆུ་འཁྱགས་ལོ་ཏོག་འཇོམས་བྱེད་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དྲེགས་པ་ཅན་ཐམས་ཅད་ཤིན་ཏུ་ཡང་ཡི་རང་བར་གྱུར། ལྗོན་ཤིང་ལ་དུས་ཀྱི་རླུང་དྲག་པོས་བསྐྱོད་པ་བཞིན་འདར་བཞིན་དུ་འཁོད་དེ། བཀའ་བཞིན་དུ་བགྱིད་དོ་ཞེས་འཛེར་ཅིང་སྤྱན་སྔ་ན་འཁོད་པ་ལས་གནོད་སྦྱིན་གཏུམ་པོས་གསོལ་པ། ཀྱེ་བཅོམ་ལྡན་འདས་སླད་མའི་དུས་ཀྱི་བསྟན་པ་ལ་གནས་པའི་སླད་དུ་ལས་གནད་ལ་དབབ་ཏུ་གསོལ་ཞེས་གསོལ་པས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདུད་རྣམས་ལས་ལ་གཞུག་པ་ནི། །ཁ་རག་ནག་པོ་ཁྲ་མཱ་ཡ་ནྲྀ་མཱ་ར་ཛཱ་མྲྀ་ཁུག་ཛཿ


DKG083_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་རྣམས་ལས་ལ་གཞུག་པ་ནི། །ཨཱ་པི་ཤུ་རཀྵ་ཚལ་པ་ཚལ་པ་ཨ་ནྲྀ་ཏྲྀ་ཛཿཛཿ། ཀླུ་བཙན་ལས་ལ་གཞུག་པ་ནི། །ནཱ་ག་རཱ་ཛ་ཤུལ་ཨ། ཏྲྀ་ཛཿཛཿམཱ་ར་ཡ་ནྲྀ་ལོ་སོད། རྒྱལ་པོ་ལས་ལ་གཞུག་པ་ནི། །ཏྲོ་ཏ་ནི་ཏྲོ་ཏ་ནི། པ་ཏྲ་པ་ཏྲ། ཤཱུ་ལ་ཤཱུ་ལ། དྷ་ཤ་གྲཱི་བ་མཱ་ར་ཡ་ནྲྀ་ཛཿཛཿརྦད། ཀླུ་རྣམས་ལས་ལ་གཞུག་པ་ནི། །ནཱ་ག་གུར་ལིང་། སྙིང་ཁྲག་བམ་རུལ། ནཱ་ག་ར་ར་ཧེ་ས་ཏད་རྦད། པུ་དུ་མ་ཤི་ཁ་ལ་རཀྵ་རྦད། གཉན་ལས་ལ་གཞུག་པ་ནི་ཨུ་ཏ་ཁ་ཁ་ད་ར་སིང་ག་རཀྴ་ཁ་ལ་ནི་དུན་མཱ་ར་ཎ་དུན་རྦད་ཛཿ། དེ་དག་གི་ཕྱག་བརྙན་ལས་ལ་གཟུང་བ་ནི་ཛ་ལ་ཛི་ནྲི་ཧ་ན་ནྲྀ་མ་དུ་མ། སྙིང་ཁ་ལ་ནྲྀ་ཛཿཛཿ། ཛ་ནྲྀ་རྦད་པུ་ཁལ་རཀྵ་རྦད། ལིང་ག་བྱད་གཞུག་རེ་བས་དྲིལ། །རྟ་ནག་ཐོད་པར་བཅུག་ནས་ཀྱང་། །ནུབ་ཀྱི་ཕྱོགས་ཀྱི་བྲག་ནག་རྩར། །མཐུན་པའི་རྫས་དང་མིང་བྱང་སྦྲག །རྟ་ནག་ལུག་ནག་སྙིང་དག་དང་། །ལུག་ནག་མཐིང་ནག་དར་གྱིས་བརྒྱན། །རྟ་ནག་ཐོད་བཅུག་བྲག་རྩར་གཏད། །མཐུན་པའི་མིང་བྲིས་དུག་གིས་བྲབ། །མཐིང་ནག་དར་དྲིལ་མཛོ་ཐོད་གཞུག །བ་དམར་རྟ་དམར་སྙིང་དུང་གཟུགས། །ཐོད་པར་བཤོས་ཆ་དམར་པོར་གཞུག །ཆུ་མིག་བྲག་གི་རྩ་བ་ན། །རྩེ་ན་བྲག་དམར་ཡོད་པར་གཏད། །མིང་རུས་བྲིས་ལ་ཟ་འོག་དྲིལ། །འཇོན་མོ་སྤྲེའུ་ཡི་མགོ་ཅོ་རུ། །རྟ་དང་བྱ་དང་ལུག་དཀར་སྙིང་། །སྤྱན་གཟིགས་དཀོར་འབྲུ་ཟ་འོག་དྲིལ། །ཐོད་པར་བཅུག་སྟེ་ལྷ་ཁང་གི། །ཐེམ་པའི་འོག་ཏུ་མནན་པར་བྱ། །ཤ་ཏྲཱུྃ་སྦལ་ནག་ལྟོ་བར་བྲི། །གླང་དམར་རྭ་རུར་བཅུག་ལ་དྲིལ། །རྩི་སྨན་འབྲུ་དང་རིན་པོ་ཆེ། །བ་དམར་གླང་རུར་བླུག་ནས་ཀྱང་། །ནཱ་ག་གདུག་པའི་ལག་ཏུ་གཏད། །མཛོ་དྲེའི་ཐོད་པར་མིང་བྱང་གཞུག །ཆུ་རྟའི་གཟུགས་དང་རྟ་སྔོན་སྙིང་། །ཐོད་པར་བཅུག་སྟེ་རྒྱ་མཚོར་སྐྱུར། །ཙ་ར་དམར་པོའི་ཐོད་པ་རུ། །ཤ་ཏྲཱུྃ་མིང་གཟུགས་དར་དམར་དྲིལ། །སྔོན་དམར་དོག་པས་དམ་དུ་བཅིང་། །བྱ་དམར་ར་དམར་སྙིང་དང་གཟུགས། །ཐོད་པར་བཤོས་ཆ་དམར་པོ་གཞུག །བྱང་ཕྱོགས་བྲག་དམར་རྩ་རུ་མནན། །བརྣག་པའི་


DKG083_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བྱང་བྲིས་ནས་ཀྱང་། །ཙ་ར་སྔོན་མོའི་ཐོད་པར་གཞུག །མཇོ་ལྟོལ་བ་ལང་དྲེའུའི་ཡང་། །ཐོད་པར་བཅུག་སྟེ་ཆུ་འགྲམ་དང་། །ཤིང་གཅིག་རྩ་རུ་མནན་པར་བྱ། །ཏིང་འཛིན་སྔགས་དང་རྫས་རྣམས་ཀྱིས། །རང་གི་བྱ་བ་ནན་ཏན་བྱོས། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་བསྟན་པ་ལ་གནོད་པ་ཆོམ་ལ་དབབ་པའི་ལེའུ་སྔགས་ཀྱི་ཕོང་བསྟན་པ་སྟེ་དྲུག་པའོ།། །།དེ་ནས་གནོད་སྦྱིན་གཏུམ་པོས་གསོལ་པ། །ཀྱཻ་བཅོམ་ལྡན་འདས་སླད་མའི་དུས་ན་གདུག་པ་ཅན་ཕྱག་བརྙན་བཅས་པའི་སྦྱོར་བའི་མཐུ་ཟློག་པའི་ཐབས་བཀའ་སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་སྦྱོར་བའི་མཐུ་བཟློག་ན། །རང་ལུས་སྦས་ཏེ་དེ་དག་གི། །མིག་གི་འབྲས་བུ་གཅར་བར་བྱ། །རང་ལུས་སྦ་བར་བྱ་བ་ནི། །སྐྱེ་འགྲོ་མིག་གི་འབྲས་བུ་གཅར། །ནག་པོ་ཁ་ཏའི་འབྲས་བུ་དང་། །ཙ་ར་རོག་པོའི་འབྲས་བུ་གཉིས། །མིག་ལ་བསྐུས་ཏེ་ནོར་བུ་བཙལ། །རྙེད་ནས་ལུས་བཅད་རི་ཁྲོད་འགྲིམ། །དེ་དག་རྙེད་པར་མ་གྱུར་ན། །གསེར་དང་དངུལ་རྡོ་ཞ་ཉེའི་རྡོ། །སྤྲ་ཚིལ་དང་ནི་ཨ་རུ་ར། །བ་རུ་ར་དང་པི་པི་ལིང་། །ཕོ་བ་རིས་རྣམས་ཆ་མཉམ་སྟེ། །བཞུ་སྟེ་རྫི་དང་རླངས་ལ་གཟབ། །དེ་དག་གཞན་གྱི་སྦྱོར་བ་ཡིས། །བདག་གམ་གཞན་ལས་འཚེ་གྱུར་ན། །དྲེགས་པ་ཀུན་གྱི་འབྲས་བུ་གཅར། །ལྟོ་འཕྱེའི་ཤ་དང་སྦལ་འདྲའི་ཤ། །ས་ཆུ་དག་ན་གནས་པའི་མི། །གླང་མའི་སྒྲོན་ཤིང་འབྲས་བུ་དང་། །མེ་མ་བཏང་བའི་དུ་བ་དང་། །ཉག་གཅིག་པོ་ཡི་དྲི་ཆེན་དང་། །སེམས་མ་ཆགས་པའི་ཤ་རྣམས་ཀུན། །ལེགས་པར་ནན་ཏན་བྱས་བཅས་ནས། །འཇིག་རྟེན་པ་ཡི་ལྷ་རྣམས་ཀྱི། །རྣམ་པར་དག་པས་མཐོང་མི་འགྱུར། །གདུག་པའི་ཀླུ་རྣམས་འགྲས་པའི་གདོན། །དེ་དག་འབྲས་བུར་གཅར་བ་ནི། །ཕག་ཕོ་རོག་པོའི་དོན་སྙིང་ལྔ། །ལྕེ་བོག་ནག་པོའི་གསེར་ལུམ་དང་། །ཐར་ནུའི་ཐངས་ཉམས་རྙེད་གདུང་སྟེ། །ལུས་ལ་བཅངས་པར་གྱུར་པ་ན། །


DKG083_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་མིག་རྣམ་པར་དག་པ་ཡི། །ཀླུ་ཆེན་བརྒྱད་ཀྱིས་བལྟས་གྱུར་ཀྱང་། །མཐོང་བར་འགྱུར་བ་མ་ཡིན་ནོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ལུས་རྣམ་པར་སྦ་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལྷ་ཡི་དབང་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་གཏུམ་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་སྟོབས་པོ་ཆེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གསང་བའི་བདག་པོ་དང་། དེ་དག་ལ་སོགས་པ་འདུས་པའི་ཚོགས་ཆེན་པོ་རྣམས་རབ་ཏུ་ཡི་རངས་ཏེ། ལན་བརྒྱ་སྟོང་དུ་མར་མཆོད་ཅིང་བསྐོར་ནས་མངོན་པར་བསྟོད་དོ། །དེ་ནས་ལག་ན་རྡོ་རྗེ་བཞི་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་བཞི་པོ་དང་། རྒྱུད་འདི་དག་གང་ན་གནས་པར་ཁྱེད་ཀྱང་རྗེས་སུ་འབྲངས་ལ་རྒྱུད་འདི་འཆད་པ་དུས་གསུམ་དུ་མཆོད་ཅིང་བཀུར་བར་གྱིས་ཤིག །དེའི་དགོས་པ་གང་ཅིའང་རུང་པ་མ་ལུས་པར་སྒྲུབས་ཤིག །ཕྱི་མའི་དུས་ན་ཨོ་ཏྲེ་ཡུལ་དུ་རྒྱས་པར་འགྱུར་གྱིས་དེར་སྲུང་བར་བྱོས་ཤིག་ཅེས་གསུངས་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་བཞུགས་སོ། །དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ་རྫོགས་སོ།། །།རྒྱ་གར་གྱི་སློབ་དཔོན་ཨ་པ་ཡུག་ཏི་ལ་དང་། བོད་ཀྱི་ལོ་ཙྪ་བ་བླ་བན་ཆོས་ཀྱི་བརྩོན་འགྲུས་ཀྱིས་ཞུས་ཏེ་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།


previousདཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མའི་ཕྱི་མ།next