Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་གསུམ་པ།


   
   
   
   
   
   
   
   
   
   
རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས།next

རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས།


DKG083_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ཧྲི་ད་ཡ་བཛྲ་ཛི་ཧྭཱ་ན་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་


DKG083_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་ཐོས་པ་དུས་གཅིག་ན། །བཅོམ་ལྡན་འདས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་ཏེ། དེ་ན་འཁོར་ཉེ་བའི་སྲས་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ཀླུ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀ་ནས་འོད་ཟེར་རབ་ཏུ་བཀྱེ་བར་གྱུར་ཏེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་ནད་དང་མི་བདེ་བ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱས་ནས་སླར་བཅོམ་ལྡན་འདས་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་ལངས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཐམས་ཅད་ལ་ནད་དང་། དུག་དང་། རིམས་དང་། དགྲ་དང་། གདོན་དང་། བྱད་སྟེམས་དང་། སྦོད་གཏོང་དང་། ཆར་ཆེས་པ་དང་། ཆར་མི་འབབ་པ་དང་། ལོ་ཏོག་མ་རུངས་པར་བྱེད་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར་ན་དེ་ལ་ཇི་ལྟར་བསྲུང་བ་དང་། བསྐྱབ་པ་དང་སྦ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཉེས་འདོར་བ་ལ་རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་ཡོད་དེ། དེས་སེམས་ཅན་ཐམས་ཅད་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱེད་དོ། །དེ་ངས་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་བཛྲ་བཛྲ་ཧཱུྃ་ཞེས་གསུངས་པས་རྡོ་རྗེ་སྙིང་པོ་ཁྲོ་ཞིང་གཏུམ་པ་གདུག་པའི་ཆ་ལུགས་ཅན་འཐོན་ནས་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མགྲིན་གཅིག་ཏུ་གཟུངས་འདི་བཀའ་སྩལ་ཏོ། །ཉི་མ་ནཱན་ཟླ་ནཱན། ཀླད་པ་ནཱན། ཀུ་ན་ཞི་ཙི་ཏ་ཀུ་ལི་ནཱ་ན། ཡག་ཤ་བཟློག་བྱེར། དེ་ནས་གཟུངས་འདི་གསུངས་མ་ཐག་ཏུ་བགེགས་དང་ལོག་འདྲེན་ཐམས་ཅད་འཇིགས་ཤིང་སྐྲག་ནས་ཁ་སྦུབ་ཏུ་


DKG083_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འགྱེལ་ཏེ་ལྦུ་བར་སྐྱུག་ཅིང་བརྒྱལ་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་ཀྱང་འཇིགས་སྐྲག་ནས་ལུས་འདར་ཞིང་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དགྲ་དང་གདོན་ཐམས་ཅད་བརླག་པར་བྱེད་པའི་གཟུངས་འདི་བརྗོད་པར་བགྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་བུདྡྷ་ཡ། ཙི་ཏྲ་མུ་དྲཱ་ཡཀྵ་བཟློག་བྱེར། དེ་ནས་གཟུངས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁ་སྦུབ་ཏུ་འགྱེལ་ཏེ། གདོན་དང་ལོག་འདྲེན་ཐམས་ཅད་ཁ་སྦུབ་ཏུ་འགྱེལ་ཏེ། ཁྲག་ཏུ་སྐྱུག་ཅིང་དབུགས་དང་བྲལ་བར་གྱུར་ཏོ། །དེ་ནས་ཡང་ཀླུ་མཐའ་ཡས་ཀྱིས་འདི་སྐད་ཅེས་བརྗོད་དོ། །བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པར་བགྱིའོ། །ཆར་དུས་སུ་དབབ་ཅིང་ལོ་ཏོག་ཐམས་ཅད་བསྲུང་བར་བགྱིའོ། །ནད་དང་དགྲ་དང་གདོན་ཐམས་ཅད་གཞོམ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་ལྟར་བགྱིད་པ་ལས་བཟློག་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཀླུའི་རྒྱལ་པོ་མཐའ་ཡས་ཁྱོད་ཀྱིས་ཇི་ལྟར་དམ་བཅས་པ་ལྟར་གྱིས་ཤིག །དམ་ཚིག་རྗེས་སུ་སྲུངས་ཤིག །ཇི་ལྟར་ངའི་བཀའ་བཅག་ན་ངན་སོང་དུ་ལྷུང་བར་གྱུར་ཏ་རེ། ངའི་ཇི་ལྟར་བསྒོ་བ་ཐམས་ཅད་གྱིས་ཤིག །དེ་ནས་གསང་བའི་བདག་པོས་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་བཀླགས་པས་འགྲུབ་པ་དྲག་པོ་རབ་ཏུ་མི་བཟད་པ་འདི་སྨྲས་སོ། །ནཱ་ག་ཤིག །ནཱ་ག་བྱེར། ནཱ་ག་ནཱན།ནཱ་ག་གོ་ལ་ནཱན། །ནཱ་ག་ཧ་ན་ཧ་ན། །མཱ་ར་ཡ་རྦད་ནཱན། ས་གདོན་ནག་པོ་སོད། ས་གདོན་ནག་པོ་སོད། ས་གདོན་ནག་པོ་ནཱན། ཕྱུ་ག་ཙི་ཕཊ། ཙི་ག་ཕྱུ་ཕཊ། ལྕེ་བ་ཏི་ཕཊ། ཨེ་ག་ར་བ། ཙེ་དི་ནཱ་ག་བ་ར་མ། མ་ཧཱ་པ་ལ་ས་ཏ། ཡེ་


DKG083_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གོ་དེ། སད་ཏེ་ནཱན། ཐུམ་རིལ་རྦད། ཆེ་གེ་མོ་མཱ་ར་ཡ་ཛཿརྦད་ནཱན། ནཱ་ག་ཧྲིལ་ཧྲིལ། ནཱ་ག་ཕྲཽཾ་ཕྲོཾ། ནཱ་ག་ཕོབ། བཛྲ་པྲ་བེ་ཤ་ཡ། ས་འདི་སྲུངས་ཤིག་བྱེར་ཡ། བྷྱོར་མ་མ་ཧཱ་ཨ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གཟུངས་འདི་གསུངས་མ་ཐག་ཏུ་ནམ་མཁའ་ལ་གནམ་ལྕགས་དྲག་པོའི་རྡོ་རྗེའི་ཐོག་ཕབ་ནས། དགྲ་དང་། གདོན་དང་། ལོ་ཏོག་མ་རུངས་པར་བྱེད་པ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་གཏུབས་ནས་རྡུལ་ཕྲ་རབ་བཞིན་དུ་བརླག་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ། དྲང་སྲོང་ཆེན་པོ་སའི་དཀྱིལ་འཁོར་གྲུ་བཞི་པ་བྱི་དོར་བྱས་ནས་བའི་རྣམ་ལྔས་བྱུག་པར་བྱའོ། །ཙན་དན་དང་རྒྱ་སྤོས་དྲི་ཞིམ་པོས་བྱུག་པར་བྱའོ། །མེ་ཏོག་སིལ་མ་དགྲམ་མོ། །བུམ་པ་གང་བ་གཞག་གོ །མར་མེ་བུད་དོ། །གཏོར་མ་བཟང་པོ་གཞག་གོ །ལྕགས་སམ་སེང་ལྡེང་གི་ཕུར་པ་གཟུགས་སོ། །དབུས་སུ་རྡོ་རྗེ་སྙིང་པོ་གཞག་པར་བྱའོ། །དེའི་མདུན་དུ་ཀླུ་མཐའ་ཡས་གཞག་གོ །དེ་ནས་མཆོད་པར་འདོད་ན་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་བྱའོ། །ཀླུ་མཆོད་པར་འདོད་ན་འཁར་བའི་སྣོད་དུ་འོ་མ་དང་། ཀླུ་སྨན་སྣ་ཚོགས་དང་། རྩི་སྨན་སྣ་ཚོགས་ཀྱིས་བྱའོ། །ནད་དང་དུག་བསྲུང་བར་འདོད་ན་ཚིལ་ཆེན་དང་། གླ་རྩི་དང་། སྐུད་པ་སྔོན་པོ་དང་། རྨ་བྱའི་སྒྲོས་བྱའོ། །ཀླུ་ནག་པོ་ཆེན་པོ་ལ་ནི་ཚིལ་ཆེན་དང་། གླ་རྩི་དང་། ཚོན་སྐུད་སྣ་ལྔ་དང་། སེང་ལྡེང་གི་ཕུར་པས་བྱའོ། །འབྱུང་པོ་ཐམས་ཅད་ལ་ནི་ཕུར་པ་དང་། ཡུངས་ཀར་གྱིས་བྱའོ། །སྐྱ་རེངས་འཆར་ཀའི་གདོན་ལ་ནི་ཕུར་པ་དང་། ཡུངས་ཀར་དང་། ཡུངས་ནག་དང་། སྐེ་ཚེ་དང་། ཐལ་ཆེན་གྱིས་བྱའོ། །འབྱུང་པོ་ཀུན་དུ་རྒྱུ་བ་ལ་ནི་ཕུར་བུ་ལྔ་དང་། ཐོད་པས་བྱའོ། །གཞན་དག་གསད་པར་འདོད་ན་ཕུར་པ་དང་། གཟུགས་དང་། ཐོད་བས་བྱའོ། །གནོན་པར་འདོད་ན་ཐོད་པ་དང་། དུག་དང་། ཡུངས་ཀར་གྱིས་བྱའོ། །ལོ་ཏོག་གཞོམ་པར་འདོད་ན་ཐོད་པ་དང་། དུག་དང་། ཡུངས་ཀར་དང་།ཚིལ་ཆེན་དང་། ཁྲག་སྣ་ཚོགས་ལ་བྱའོ། །ལོ་ཐོག་བསྲུང་བར་འདོད་ན་ཐལ་ཆེན་


DKG083_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྐེ་ཚེ་དང་། ཕུར་བུས་བྱའོ། །ཀུན་ཏུ་བསྲུང་བ་ཞེས་བྱ་བ་གཞན་གྱི་སྦོད་གཏོང་བཟློག་པར་འདོད་ན་མཆོད་རྟེན་དང་གཟུགས་དང་། ཐོད་པ་དང་། ཡུངས་ཀར་དང་། ཕུར་པས་བྱའོ། །ཐམས་ཅད་ཞི་བར་འདོད་ན་ཐབ་ཁུང་རྙིང་པར་ཙན་དན་ནམ་རྒྱ་ཤུག་ལ་མེ་བཏང་ལ། དཀར་གསུམ་དང་། མངར་གསུམ་དང་། འབྲས་དང་། ཏིལ་དང་། མར་དཀར་ལ་སྦྱིན་སྲེག་བྱ་ཞིང་། ཆེ་གེ་མོ་མཱ་ར་ཡ་ཤཱ་ཏིང་ཀུ་རུ་སྭཱ་ཧཱ་ཞེས་བཟླས་ན་ཐམས་ཅད་བསྲུང་བར་འགྱུར་རོ། །གང་དག་གསད་པར་འདོད་ན་སླ་ངའི་ནང་དུ་སེང་ལྡེང་ངམ་གདུག་པའི་ཤིང་ལ་མེ་བཏང་ལ། གདུག་པའི་རྫས་སྣ་ཚོགས་དང་། སྐེ་ཚེ་དང་། ཏིལ་དང་། མར་ནག་དང་། ཚིལ་ཆེན་དང་། མིང་བྱང་སྤེལ་ཏེ། སྦྱིན་སྲེག་བྱ་ཞིང་། ཆེ་གེ་མོ་ར་ཤ་མཱ་ར་ཡ་རྦད་ཅེས་བཟླས་ན་དགྲ་དང་། གདོན་ཐམས་ཅད་བརླག་པར་འགྱུར་རོ། །བདག་དང་གཞན་བསྲུང་བར་འདོད་ན་རྨ་བྱའི་མཁྲིས་པ་དང་ཀ་ར་དང་། སའི་བདུད་རྩི་ལོ་ལྔ་བརྒྱ་ལོན་པས་བྱའོ། །ཀླུ་ས་བདག་བསྲུང་བར་འདོད་ན་སྤོས་དང་། གུ་གུལ་ནག་པོ་དང་། གླ་རྩི་དང་། མུ་ཟི་དང་། ལྡོང་རོས་དང་། དྲི་ཆེན་དང་། སྦྲང་རྩིས་བྱའོ། །མཆོག་ཏུ་བསྲུང་བར་འདོད་ན་འབྲས་བུ་གསུམ་དང་། བུ་ཆུང་གི་རང་བྱུང་དང་། དྲི་ཆུས་བྱའོ། །ཁྱད་པར་དམ་པ་བསྲུང་བ་ཆེན་པོ་ནི་ཨ་རུ་ར་རྣམ་པར་རྒྱལ་བ་བཅང་ཞིང་གཟུངས་འདི་བརྗོད་པར་བྱའོ། །ཤིག་བྱེར་ནཱན། འགོ་ནཱན་ཧ་ན་ཧ་ན་མཱ་ར་ཡ་རྦད་ནཱ་ན། དྲང་སྲོང་ཆེན་པོ་ཉེས་འདོར་གཟུངས་འདི་ཡིད་ལ་རབ་ཏུ་ཟུང་ཤིག །སེམས་ཅན་ཐམས་ཅད་ལ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་གྱིས་ཤིག །ངའི་བསྟན་པ་རྗེས་སུ་སྲུངས་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དྲང་སྲོང་ཆེན་པོ་ཉེས་འདོར་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།འདི་དང་པོ་སྐ་ཅོག་གིས་བསྒྱུར་ཞིང་། ཕྱིས་གཉན་ལོཙྪ་བ་དར་མ་གྲགས་ཀྱིས་ཀྱང་བསྒྱུར་རོ།། །།


previousརྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས།next