Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་ལྔ་པ།


   
   
   
   
   
   
   
དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།
   
   


 
previousདཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།next

དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།


DKG085_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་པ་ར་མཱ་དི་ནཱ་མ་མ་ཧཱ་ཡཱ་ན་ཀ་ལཱ་རཱ་ཛཱ། བོད་སྐད་དུ། དཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་། དམ་ཚིག་དང་མཁྱེན་པའི་བྱེ་བྲག་རྣམ་པ་ཐ་དད་པ་ཐམས་ཅད་དང་ལྡན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ཐམས་ཅད་ཀྱི་ཅོད་པན་གྱིས་ཁམས་གསུམ་དུ་དབང་བསྐུར་བ་བརྙེས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ། རྣལ་འབྱོར་ཅན་ཆེན་པོའི་དབང་ཕྱུག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་མཉམ་པ་ཉིད་ཐུགས་སུ་ཆུད་པ་སྣ་ཚོགས་ཀྱི་བྱ་བ་མཛད་དེ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་སྐོང་བའི་ཕྲིན་ལས་མཛད་པ་ཐུགས་རྗེ་ཆེ་བ། རྣམ་པར་སྣང་མཛད་ཆེན་པོ་རྟག་པ། དུས་གསུམ་གྱི་མཉམ་པ་ཉིད་ལ་བཞུགས་པ། སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་། བསྔགས་པ། བསྟོད་པ། ནོར་བུ་ཆེན་པོ་དང་། རིན་པོ་ཆེས་སྤྲས་པ། ཁ་དོག་སྣ་ཚོགས་པའི་དྲིལ་བུ་བཏགས་པ། དར་གྱི་བ་དན་དང་མེ་ཏོག་གི་ཕྲེང་བ་དང་རྔ་མ་དང་དྲ་བ་དང་དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་པའི་འདོད་པའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་བརྒྱད་དང་། ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་སེམས་


DKG085_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ཆེན་པོ་ནམ་མཁའི་མཛོད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱད་དང་ཐབས་ཅིག་སྟེ། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཡང་དག་པར་སྟོན་ཏེ། འདི་ལྟར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རེག་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྡུག་པའི་འཆིང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལྟ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དགའ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྲེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། ། བསྙེམས་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རྒྱན་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ཡིད་ཚིམ་པར་བྱེད་པ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྣང་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །ལུས་བདེ་བ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །གཟུགས་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །སྒྲ་རྣམ་པར་དག་


DKG085_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དྲི་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །རོ་རྣམ་པར་དག་པའི་གནས་དེ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ། །བཛྲ་ཧཱུྃ། ལག་ན་རྡོ་རྗེ་སུ་ལ་ལས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་གནས་བསྒྲུབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་ཐོས་ན་ཡང་། དེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཆོད་པ་དང་། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་ཆེན་པོ་བསགས་ཀྱང་། སེམས་ཅན་དམྱལ་བ་ལ་སོགས་པ་ངན་སོང་རྣམས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ། །སྡིག་པ་ཡང་བྱས་མ་ཐག་ཏུ་སྡུག་བསྔལ་མེད་པར་བྱང་བར་འགྱུར་རོ། །སུ་ཞིག་འཛིན་པའམ་ཉིན་རེ་བཞིན་ཀློག་པ་དང་། ཁ་ཏོན་དུ་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཚེ་འདི་ཉིད་ལ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པས་ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་འགྱུར་རོ། །ཆོས་ཐམས་ཅད་ལ་དགའ་བ་དང་། མགུ་བ་དང་། མཆོག་ཏུ་དགའ་བ་མྱོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་བཅུ་དྲུག་གིས་དེ་བཞིན་གཤེགས་པ་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་དཀྱིལ་འཁོར་ཐམས་ཅད་པ། རྡོ་རྗེ་དབྱིངས་མཐའ་དག་གིས་སེམས་པའི་མཆོག །ཁམས་གསུམ་པོ་མཐའ་དག་ན་འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་འདུལ་བར་སྤྱོད་པ། དོན་ཐམས་ཅད་གྲུབ་པ། ལག་ན་རྡོ་རྗེ་མཐའ་ཡས་པ་ཐམས་ཅད་པ་དམ་ཚིག་ཆེན་པོ་བ། །རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་དོན་འདི་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལག་པ་གཡོན་པ་རྡོ་རྗེ་བསྒྱིངས་ཏེ་


DKG085_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མའི་རྡོ་རྗེ་ཆེན་པོ་གསོར་ནས་རང་གི་སྙིང་གར་སྟོད་པའི་ཚུལ་གྱིས་འཛིན་ཅིང་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འཛིན་པ་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་རྗེས་སུ་མཉེས་པ་བརྟན་པོས་མཉེས་པར་བྱས་ཏེ་བཀུག་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། དམ་ཚིག་གིས་བཅིངས་ནས་དབང་དུ་བྱས་ཏེ་དངོས་གྲུབ་ཐམས་ཅད་གྲུབ་བོ། ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བདེ་བ་ཆེན་པོའི་བསྙེམས་པའི་ཕྱག་རྒྱ་བཅིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་སོ། །དེ་ནས་ཕྱག་ན་རྡོ་རྗེ་གསང་བ་ཆེན་པོ་རྡོ་རྗེའི་དམ་ཚིག་འབྱུང་བ་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་དབྱིངས་ཀྱི་བྱིན་གྱིས་བརླབས་པ་ཆེན་པོ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །དེ་ཉིད་དང་པོ་དམ་ཚིག་ཆེ། །རྡོ་རྗེ་བྱིན་བརླབས་ཞེས་བྱའོ། །གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །ཁྱམས་རྣམས་ཀྱིས་ནི་ཡོངས་བསྐོར་བ། །རྟ་བབས་བཞི་དང་ཡང་དག་ལྡན། །འོད་ཟེར་འབར་བ་འཁྲིགས་པའི་འོད། །དཀྱིལ་འཁོར་གྱི་ནི་གྲྭ་རྣམས་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །ཟླ་བ་ཕྱེད་ལ་རབ་གནས་པའི། །རིན་ཆེན་ཀུན་གྱིས་ཉེ་བར་མཛེས། །རྩེ་མོ་སྣ་ཚོགས་བ་དན་ནི། །དྲིལ་བུ་མཆོག་བཏགས་རླུང་གིས་བསྐྱོད། །མེ་ཏོག་ཆུན་འཕྱང་མེ་ལོང་སྤྲས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་དང་མཉམ་པ་རུ། །རྡོ་རྗེ་ཐིག་གིས་ཐིག་བཏབ་ལ། །རྡོ་རྗེ་འཁོར་ལོ་ཞེས་བྱར་བཤད། །དེ་ཡི་དབུས་སུ་ཅི་རིགས་པར། །སངས་རྒྱས་སྐུ་ནི་གཞག་བྱ་སྟེ། །འཛུམ་བཅས་ཟླ་བའི་མདོག་ཅན་ལ། །རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག །རྡོ་རྗེ་ཕྲེང་སོགས་ཀྱིས་སྤྲས་


DKG085_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །སྣ་ཚོགས་འབར་བ་འཁྲིགས་པའི་འོད། །པདྨའི་གདན་ལ་བཞུགས་པར་ནི། །ལུགས་མའམ་མངོན་པར་འདུས་བྱས་པའོ། །རང་གི་སྙིང་པོ་ཀུན་བཟླས་ཏེ། །དེ་ཚེ་དཀྱིལ་འཁོར་བརྟག་པར་བྱ། །རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས། །སྙིང་པོ་ཉིད་ཀྱིས་ཡང་དག་དགོད། །རྡོ་རྗེ་ཤུགས་ཀྱིས་རྒལ་ནས་ནི། །དཀྱིལ་འཁོར་ཐམས་ཅད་ཡང་དག་བསྡུས། །གཞག་གམ་ཡང་ན་བྲི་བར་བྱ། །ཚོགས་རྣམས་ཀུན་དུ་སྟོན་པའོ། །མདུན་དུ་རྡོ་རྗེ་སེམས་དཔའ་ནི། །སངས་རྒྱས་ཀུན་གྱི་དབུ་རྒྱན་ཅན། །རྡོ་རྗེ་མཚོན་ནི་གསོར་བར་བརྩོན། ། དམར་སྐྱ་དག་ནི་ངེས་པར་དགོད། །སངས་རྒྱས་ཀྱི་ནི་གཡས་ལོགས་སུ། །རྡོ་རྗེ་ཀཱི་ལི་ཀཱི་ལ་ནི། །ཡན་ལག་ཀུན་གྱིས་ཡོངས་འཁྱུད་པ། །རྡོ་རྗེའི་གཟུགས་ཅན་ཉི་མའི་འོད། །རྒྱབ་ཏུ་རྡོ་རྗེ་འདོད་པ་ནི། །ཆུ་སྲིན་གྱི་ནི་རྒྱལ་མཚན་ཐོགས། །སྔོ་སྐྱའི་མདོག་ཅན་ཅི་རིགས་པར། །བློ་དང་ལྡན་པས་གཞག་པར་བྱ། །གཡོན་དུ་རྡོ་རྗེ་བསྙེམས་པ་ནི། །བསྙེམས་པའི་རྡོ་རྗེ་གཉིས་ཀྱིས་ནི། །རྡོ་རྗེ་བསྙེམས་པ་གཉིས་འཛིན་པ། །བཙོ་མའི་གསེར་དང་འདྲ་བར་དགོད། །སངས་རྒྱས་ཀྱི་ནི་མཚམས་རྣམས་སུ། །མེ་ཏོག་ལ་སོགས་ཀྱིས་མཚན་ཅིང་། །ཐལ་མོ་སྤྱི་བོར་ལེགས་འཇོག་པའི། །མཆོད་པ་ཆེན་པོ་གཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་མཚམས་རྣམས་སུ། །ལྷ་མོའི་ཚོགས་རྣམས་དགོད་པར་བྱ། །སྒོ་ཡི་དབུས་ནི་ཐམས་ཅད་དུ། །གཟུགས་མཚན་ལ་སོགས་བསྡུས་པ་དགོད། །སངས་རྒྱས་དཀྱིལ་འཁོར་ཅན་བརྒྱད་ནི། །རྡོ་རྗེ་འཛིན་སོགས་བྲི་བར་བྱ། །རྡོ་རྗེ་འཁོར་ལོ་ཐམས་ཅད་དུ། །སངས་རྒྱས་རྡོ་རྗེ་འཛིན་གྱིས་བསྐོར། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །འདོད་པའི་དབང་ཕྱུག་བྲི་བྱ་སྟེ། །མདུན་དུ་འཇིག་རྟེན་གསུམ་རྒྱལ་པོ། །འདོད་པའི་ཚངས་པ་ཞི་བྱེད་མཆོག །དེ་ནས་དཀྱིལ་འཁོར་ཆེན་པོ་འདིར་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་འབྱུང་སྟེ། དེ་ལ་དང་པོ་ཉིད་དུ་ཅི་སྐད་བཤད་པའི་ཆོ་ག་འདིར་ཞུགས་པའི་སློབ་དཔོན་ནི། རྡོ་རྗེ་ཆེན་པོའི་སློབ་དཔོན་དང་། དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་། དམ་ཚིག་ཐམས་ཅད་ཤེས་པ་དང་། ཆོས་ཐམས་ཅད་རིག་པ་དང་། ལས་ཐམས་ཅད་སྒྲུབ་


DKG085_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། དངོས་གྲུབ་ཐམས་ཅད་གྲུབ་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་ཐམས་ཅད་ཐོབ་པ་དང་། ཐམས་ཅད་ཤེས་པ་དང་ལྡན་པ་དང་། མཆོད་པ་ཐམས་ཅད་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་འདིའི་དབང་དུ་འགྱུར་བ་དང་། འགྲུབ་པར་འགྱུར་བ་དང་། འདིའི་ཕྱག་རྒྱ་ཐམས་ཅད་ཀྱང་རང་ཉིད་ཀྱིས་བཅིངས་པས་འགྲུབ་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ཀྱི་ལམ་ལ་ཉེས་པ་དང་བཅས་ཀྱང་ཉམས་པར་མི་འགྱུར་ཞིང་། བྱིན་གྱིས་བརླབ་པར་རྟོག་པར་འགྱུར་རོ། །མ་བསླབས་པར་ཡང་ཐམས་ཅད་ཤེས་པར་འགྱུར་རོ། །མཆོད་པ་ལ་སོགས་པའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །མདོར་བསྡུས་ན་ཚེ་འདི་ཉིད་ལ་དངོས་གྲུབ་ཀྱི་མཆོག་ཅི་ལྟར་མངོན་པར་འདོད་པ་དེ་ལྟ་བུར་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་འཐོབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདིའི་སྙིང་ལ་བཞུགས་ཤིང་དོན་ཡོད་པའི་ཕྱིར་བཀུག་ཅིང་དམ་ཚིག་གིས་བཅིངས་ལ་དབང་དུ་བྱས་ཏེ། རྗེས་སུ་མཉེས་པས་བདག་ཉིད་སློབ་དཔོན་དུ་གྱུར་ནས་འཇུག་ཅིང་བསྒྲུབས་ན་འགྲུབ་པར་འགྱུར་རོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། དང་པོའི་རྡོ་རྗེའི་ལྟ་བས་བལྟས་ཏེ་སྙིང་པོ་ལན་ཅིག་བརྗོད་ནས་དཀྱིལ་འཁོར་ཆེན་པོ་བསྒྲུབ་པར་བྱའོ། །དེ་ནས་རྡོ་རྗེ་རྣམ་པར་སྒེག་པའི་ཕྱག་རྒྱས་བཟླས་བརྗོད་ལན་ཅིག་བྱས་ལ་ཕྱག་བྱས་ནས་གོས་དམར་པོ་གྱོན་ལ། མེ་ཏོག་གི་ཕྲེང་བ་ཐོགས་ཏེ་གདོང་དྲིས་བྱུགས་པ་དང་རྡོ་རྗེ་ཐལ་མོས་རྡོ་རྗེའི་གར་བྱེད་ཅིང་སྐོར་བས་སྙིང་གར་མེ་ཏོག་ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ། །ཞུགས་ནས་ཀྱང་ཡང་རྣམ་པར་སྒེག་པ་དང་སྐོར་བས་གདུང་ཅིང་སྙིང་པོ་ཡང་བཟླས་བརྗོད་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེའི་ལྟ་བས་བལྟས་ཏེ་དེ་བཞིན་དུ་འདུག་ནས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་བདག་ཉིད་ལ་དགྱེས་པས་མཐོང་བ་སྩོལ་བར་འགྱུར་ཞིང་སྨིན་མ་བསྐྱོད་ལ་སྐུ་ཐམས་ཅད་དམ་ཡན་ལག་རྣམས་བསྐྱོད་ཅིང་ཁ་དོག་དམར་པོར་འགྱུར་རོ། །འོད་ཟེར་གྱི་རང་


DKG085_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཞལ་ལམ། སྐུ་ཐམས་ཅད་སྟོན་པར་འགྱུར་རོ། །ཆོ་འཕྲུལ་དཔག་ཏུ་མེད་པ་ཡང་སྟོན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་བདག་ཉིད་མཐོང་བ་སྩོལ་བའམ་དངོས་གྲུབ་མཆོག་ཀྱང་སྩོལ་བར་འགྱུར་རོ། །དེ་ནས་བརྩམས་ཏེ་ཉིན་རེ་ཞིང་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ། །གང་དུ་ཞུགས་པ་ཙམ་ཉིད་ཀྱིས་མི་ཚུགས་པ་དང་། མི་གསོད་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་། བྱ་བ་ཐམས་ཅད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྒྲུབ་པར་མཛད་དོ། །དེ་ནས་དེ་ཡང་དག་པར་མཆོད་དེ་རྡོ་རྗེའི་མིང་གིས་དབང་བསྐུར་ཞིང་། དཔའ་བོའི་རྡོ་རྗེ་བཅོམ་ལྡན་འདས་ལ་མནོས་ལ། སྙིང་པོ་བཟླས་ན་བཅོམ་ལྡན་འདས་མཐོང་བ་སྩལ་ནས། རང་ཉིད་ཀྱིས་སྩོལ་ཅིག་ཅེས་བརྗོད་ལ་རང་གིས་བླང་བར་བྱའོ། །དེ་ནས་སྐད་ཅིག་དེ་ཉིད་ལ་དངོས་གྲུབ་མཆོག་ཡིད་ལ་འདོད་པ་འགྲུབ་པར་འགྱུར་རོ། །ཡང་ན་བདག་ཉིད་ཀྱིས་ཟླ་བ་དྲུག་གིས་ཡིད་ལ་འདོད་པའི་དངོས་གྲུབ་མཆོག་འགྲུབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་སོ། །དེ་ནས་རྡོ་རྗེ་མིང་གི་དབང་བསྐུར་བ་ལ་སོགས་པ་ཡང་དེ་བཞིན་ནོ། །དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་ཡང་བྱས་ནས་ཡང་ཇི་ལྟར་འདོད་པའི་ཆོ་གས་བསྒྲུབས་ལ་འབྱུང་བར་བྱ་ཞིང་དཀྱིལ་འཁོར་ཆེན་པོའི་གསང་བ་བསྒྲུབ་པ་ལན་ཅིག་བྱའོ། །དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་དང་པོར་རྡོ་རྗེ་སློབ་དཔོན་གྱིས་དང་པོའི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ། །ཞུགས་ནས་དེ་བཞིན་དུ་ཕྱག་བྱས་ལ་སྙིང་པོས་ཅི་ལྟར་མངོན་པར་འདོད་པའི་ཚིག་དང་། བཅོམ་ལྡན་འདས་བསྒྲུབས་པས་ཕྱག་རྒྱ་ཆེན་པོས་བསྒྲུབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་བསྒྲུབས་པས་མཚན་མ་དེ་ཉིད་འབྱུང་སྟེ་ཤེས་ནས་ཕྱག་རྒྱ་ཆེན་པོ་ཉིད་འགྲུབ་པར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཏེ། ཞུགས་པ་འདིས་ནི་རྡོ་རྗེ་སློབ་དཔོན་བདག་ཉིད་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་བླང་བ་ལ་སོགས་པ་བྱས་ནས། རྡོ་རྗེ་སློབ་མ་ལ་ཆོ་ག་རྒྱས་པ་འདི་བཞིན་དུ་བྱས་ཏེ།


DKG085_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་བཅིང་བ་ཡང་བསླབ་པར་བྱའོ། །གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དམ་ཚིག་ལ་མོས་པ་དེ་རྣམས་ལ་ཡང་རང་གི་ལྷག་པའི་ལྷའི་འཇུག་པའི་ཆོ་ག་རྒྱས་པ་དང་། དེ་བཞིན་དུ་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་ལྷ་གཞན་དག་ལ་དད་པ་རྣམས་ལ་དེ་བཞིན་དུ་འཇུག་པའི་ཆོ་ག་རྒྱས་པར་བྱས་ནས་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ནས་ཅི་ལྟར་ཞུགས་པ་རྣམས་ཟས་དང་། རོ་བཅུད་དང་གནས་པ་ལ་སོགས་པ་ཐམས་ཅད་ཀྱིས་ཡང་དག་པར་ཚིམ་པར་བྱས་ལ་ཅི་ལྟར་ཤེས་པའི་གར་དང་གླུ་དང་དགོད་པ་དང་བུ་དང་བུ་མོ་དང་མཛའ་བཤེས་དང་ཉེ་དུ་དང་གཉེན་མཚམས་དང་བཅས་པས་ཀྱང་མཆོད་པར་བྱའོ། །དེ་ལ་འདིར་ནི་སྣོད་དང་སྣོད་མ་ཡིན་པ་བརྟག་པར་མི་བྱ་སྟེ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་འདི་དང་། འདོད་པའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་རྡོ་རྗེ་སྦྱོར་བས་རྡོ་རྗེ་ཆོས་ཀྱི་མཉམ་པ་ཉིད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་ཡིན་པའི་ཕྱིར་རོ། །དཀྱིལ་འཁོར་ཆེན་པོའོ། །དེ་ནས་ཆོ་ག་འབྱུང་སྟེ། ཟླ་བ་ཉ་ནས་བརྩམས་ནས་ཕྱག་ན་རྡོ་རྗེའི་སྤྱན་སྔར་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ཅི་ལྟར་སྐྱོ་བར་མ་གྱུར་པར་དང་པོ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་རྡོ་རྗེའི་ཚིག་གིས་བརྗོད་ཅིང་ཅི་སྲིད་ཟླ་བ་གཅིག་གི་བར་དེ་སྲིད་དུ་བཟླས་བརྗོད་བྱས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ། །དེ་ནས་བརྩམས་ཏེ་ཕྱག་ན་རྡོ་རྗེའི་བཀའ་ཅི་ལྟ་བ་བཞིན་དུ་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་རས་རིས་འདྲི་བའམ་འདྲིར་གཞུག་པར་འདོད་ན། དང་པོར་རྡོ་རྗེ་བྲི་བའི་ཕྱག་རྒྱས་བྲིས་ལ་དེའི་འོག་ཏུ་ནི་ཅི་བདེར་བྱའོ། །དཀྱིལ་འཁོར་ཐམས་ཅད་དུ་ཡང་དེ་ཉིད་ཀྱིས་དང་པོ་བརྩམ་པར་བྱ་སྟེ། དབུས་སུ་བཅོམ་ལྡན་འདས་ཆོ་ག་ཅི་ལྟ་བ་བཞིན་དུ་བྲི་ཞིང་། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་སེམས་དཔའ་ཆེན་པོ་བརྒྱད་བྲི་བར་བྱའོ། །དེ་ནས་ཟླ་བ་ཉ་ནས་བརྩམས་ཏེ་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེ་བཞིན་དུ་སྔོན་དུ་བསྙེན་པའི་ཚུལ་ལྟར་བཟླས་ནས་ཟླ་བ་ཉའི་མཚན་མོ་ཐོག་ཐག་ཏུ་ཅི་ལྟ་བ་བཞིན་དུ་སྐྱོ་བར་མ་གྱུར་པས་ཕྱག་རྒྱ་མ་བཀྲོལ་


DKG085_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཟླས་བརྗོད་བྱའོ། །དེ་ནས་ནང་པར་བཅོམ་ལྡན་འདས་ཀྱི་ཞལ་འཛུམ་ཞིང་ཟླ་བ་དང་མཉམ་པའི་མདངས་ཅན་མཐོང་བ་སྩོལ་ཅིང་། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པའི་དངོས་གྲུབ་མཆོག་རྣམས་སྩོལ་བར་འགྱུར་རོ། །ཆོ་ག་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་དང་། ཕྱོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་། རྡོ་རྗེ་འཆང་ཐམས་ཅད་བྲི་བར་བྱའོ། །དེ་ནས་དེ་བཞིན་དུ་བསྒྲུབས་པས་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་འགྲུབ་བོ། །རས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བསྙེམས་པ་དང་བཅས་པ་བྲིས་ལ། དེའི་སྤྱན་སྔར་དང་པོའི་ཕྱག་རྒྱ་ཆེན་པོས་གནས་ནས་བཟླས་བརྗོད་འབུམ་བྱས་ཏེ། འབུམ་རྫོགས་ན་ཕྱག་ན་རྡོ་རྗེ་ཉིད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དཔའ་བོ་གཅིག་པུ་བྲིས་ནས་ཡང་མཐར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཀླགས་པ་ཙམ་གྱིས་འགྲུབ་པའི་ལས་རྣམས་དཀྱིལ་འཁོར་དུ་ཞུགས་པ་ཙམ་གྱིས་འགྲུབ་པར་འགྱུར་བ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་འདོད་ཆགས་ལ་སོགས་པ་བདེ་བ་ཐམས་ཅད་ཕུལ་བས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་མཉེས་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་འོ་བྱེད་པས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་དཔག་ཏུ་མེད་པའི་བཟླས་པས་སོ། །རྡོ་རྗེ་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་ནི་རང་གི་སྙིང་པོ་བཟླས་པས་སོ། །ལྷ་ལ་སོགས་པ་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་ཐམས་ཅད་དུ་འབུམ་བཟླས་པས་སོ། །བདག་བསྲུང་བ་ལ་ནི་ཡུངས་ཀར་ལ་ལན་ཅིག་བཟླས་པས་སོ། །གཞན་བསྲུང་བ་ལ་ནི་རྡོ་རྗེ་སྐོར་བས་སོ། །ཐམས་ཅད་བསྲུང་བ་ལ་ནི་ཡིད་ཀྱིས་ལན་ཅིག་གོ། །མཚམས་དང་ཕྱོགས་དང་དཀྱིལ་འཁོར་ཐམས་ཅད་བཅིང་བ་ལ་ནི་བལྟ་བའམ་ཡུངས་ཀར་ལ་སོགས་པས་སོ། །སེམས་ཅན་ཐམས་ཅད་རེངས་པར་བྱ་བ་ལ་ནི་དབུགས་མི་འབྱིན་པར་བཟླས་པས་སོ། །སེམས་ཅན་ཐམས་ཅད་རྨུགས་པར་བྱ་བ་ལ་ནི་


DKG085_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཙིར་བས་སོ། །སེམས་ཅན་ཐམས་ཅད་རྨོངས་པར་བྱ་བ་ལ་ནི་མིག་བཙུམས་ནས་བཟླས་པས་སོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་དྲལ་བས་སོ། །སེམས་ཅན་ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ། །སྙིང་ཐམས་ཅད་འདྲེན་ཅིང་འབྱིན་པ་ལ་ནི་ཡིད་ཀྱིས་བཟླས་པས་སོ། །སེམས་ཅན་ཐམས་ཅད་ཟ་བ་ལ་ནི་ལྡང་ཞིང་མྱུར་བར་ཟློས་པས་སོ། །སེམས་ཅན་ཐམས་ཅད་སྐྲག་པར་བྱ་བ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱས་སོ། །ནོར་ཐམས་ཅད་དགུག་པ་ལ་ནི་གསེར་གྱིས་བཟླས་པས་སོ། །ནོར་དང་འབྲུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱས་སོ། །ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པི་བང་བརྡུང་བ་དང་བཅས་པའི་ཀ་ཀ་ལའི་གླུ་ལེན་པས་བཟླས་བརྗོད་བྱའོ། །ཐམས་ཅད་འབིགས་པ་དང་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་མདའི་ཕྱག་རྒྱས་སོ། །ཐམས་ཅད་ཕྱགས་པར་བྱ་བ་ལ་ནི་ཕྱོགས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་མཉེས་པས་སོ། །གདུག་པའི་འཆིང་བ་བརྟན་པར་བྱ་བ་ལ་ནི་སྙིང་བརྟན་པོར་ངེས་པར་འཚིར་བས་སོ། །མ་རུངས་པ་རབ་ཏུ་བསྒྲུབ་པ་ལ་ནི་རྡོ་རྗེ་བསྙེམས་པས་སོ། །རྒྱན་ཐམས་ཅད་དབྲོག་པ་ལ་ནི་འབར་བའི་བལྟ་བས་དབྲོག་པས་སོ། །ཐམས་ཅད་ཡིད་ཚིམ་པ་ལ་ནི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་པས་སོ། །མུན་པ་སྣང་བར་བྱ་བ་ལ་ནི་རྡོ་རྗེ་ཁ་ཤར་དུ་བལྟས་ཏེ་བསྐོར་བས་སོ། །ལུས་བདེ་བར་བྱ་བ་ལ་ནི་རང་གི་མཚན་གྱི་བཟླས་པས་སོ། །གཟུགས་ཐམས་ཅད་སྣང་བར་བྱ་བ་ལ་ནི་རྡོ་རྗེ་གཟུགས་ཀྱི་མཆོག་གི་ཕྱག་རྒྱས་སོ། །སྒྲ་ཐམས་ཅད་ཐོས་པར་བྱ་བ་ལ་ནི་རྡོ་རྗེ་པི་བང་གིས་སོ། །དྲི་ཞིམ་པོ་སྣ་ཚོགས་པའི་ཕྱིར་ནི་སྣའི་དབུགས་འབྱིན་པའི་གླུ་ཡིས་སོ། །ཟས་དང་སྐོམ་ཐམས་ཅད་དང་བཅུད་ཐམས་ཅད་སྤོ་བ་ལ་ནི་རྡོ་རྗེ་སྤོ་བར་བྱའོ། །དབབ་པ་ཐམས་ཅད་ལ་ནི་མཉམ་པའི་ཐལ་མོ་དང་སེ་གོལ་དང་གླུའི་བཟླས་པས་སོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་བདག་ཉིད་གར་བྱེད་ཅིང་བཟླས་པས་སོ། །ཐམས་ཅད་གླུ་ལེན་དུ་གཞུག་པ་ལ་ནི་ལྕེ་བསྐྱོད་ཅིང་བཟླས་པས་སོ། །ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་མཆུ་ཡིས་སོ། །ཐམས་ཅད་བབས་ནས་ལན་


DKG085_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ལ་ནི་རྡོ་རྗེ་འབེབས་པས་སོ། །གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་མྱུ་གུའི་ཕྱག་རྒྱས་སོ། །གདོན་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་ཚོགས་ཀྱི་བདག་པོ་རབ་ཏུ་དགའ་བའི་ཁྲོ་བོས་བཟླས་པས་སོ། །རིམས་ནད་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་རྡོ་རྗེའི་རིགས་ཀྱི་གདོན་གྱིས་སོ། །རིམས་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེའི་ལྟ་བས་བསལ་བས་སོ། །དུག་ཐམས་ཅད་སྤར་བ་ལ་ནི་རྡོ་རྗེ་ལྟ་བའི་དུག་གི་ཕྱག་རྒྱས་སོ། །དུག་ཐམས་ཅད་གཞིག་པ་ལ་ནི་རྨ་བྱའི་ཆུན་པོས་སོ། །དུག་ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་བདུད་རྩིས་ཕྱག་རྒྱས་སོ། ། བདུད་ལ་སོགས་པ་མ་རུངས་པ་ཐམས་ཅད་བརླག་པ་ལ་ནི་འཁྲུགས་པས་དཔག་ཏུ་མེད་པར་བཟླས་པས་སོ། །མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་གསོར་བའི་ཕྱག་རྒྱས་སོ། །ཕྱག་རྒྱ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཕེན་པས་སོ། །མཁའ་འགྲོ་མ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། གདུལ་བ་ལ་ནི་རྡོ་རྗེ་ཁ་ཊྭཱྃ་གའི་ཕྱག་རྒྱ་འཛིན་པས་སོ། །མ་མོ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་། དམ་ཚིག་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་དང་། གསང་བ་གཞིག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཡི་གེ་ཕཊ་ཀྱིས་སོ། །མ་མོ་དང་མཁའ་འགྲོ་མ་ཐམས་ཅད་མངག་གཞུག་མར་བྱ་བ་ལ་ནི་མ་མོའི་གནས་སུ་ཁྲོས་པས་བཟླས་བརྗོད་འབུམ་བྱའོ། །བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ལ་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་རྒྱངས་ཀྱིས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་ལ་ཡོངས་སུ་བཟླས་ལ་འཕང་ངོ་། །འཐབ་པ་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱས་སོ། །ཐམས་ཅད་བཅིང་བ་ལ་ནི་གོས་ལ་མདུད་པ་བྱའོ། །ཐམས་ཅད་དགྲོལ་བ་ལ་ནི་ཡི་གེ་མུ་ཡིས་སོ། །རོ་ལངས་དང་འཁྲུལ་འཁོར་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་འཇིགས་བྱེད་ཀྱིས་སོ། །ལྕགས་སྒྲོག་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཁབ་ལོང་གིས་སོ། །མེ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་མེ་ཤེལ་གྱིས་སོ། །ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་སོ། །ནམ་མཁའ་ལས་ཟས་དང་སྐོམ་དང་གོས་དང་རྒྱན་ཐམས་ཅད་ལ་སོགས་པ་ཡོ་བྱད་


DKG085_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་འབྱུང་བ་ལ་ནི་ནམ་མཁའ་ལ་ལྟ་ཞིང་བཟླས་བརྗོད་འབུམ་བྱའོ། །ནམ་མཁའ་ལས་སངས་རྒྱས་ཀྱི་སྐུ་ལ་སོགས་པ་གཟུགས་ཐམས་ཅད་སྟོན་པ་ལ་ནི་སངས་རྒྱས་རྗེས་སུ་དྲན་པ་ལ་ནམ་མཁར་ལྟ་ཞིང་བཟླས་པས་སོ། །ནམ་མཁའ་ལས་ཡི་གེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་ལུང་བསྒོ་བའི་བདེན་པར་སྟོན་པ་ལ་ནི་ཡི་གེ་ཨ་བྲིས་ལ་བཟླས་བརྗོད་འབུམ་བྱས་པས་སོ། །པྲ་སེ་ན་ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ལུང་བསྒོ་བ་བདེན་པར་སྟོན་པ་ལ་ནི་རྡོ་རྗེ་པྲ་སེན་ཐམས་ཅད་དབབ་པས་སོ། །དེ་བཞིན་དུ་མིག་གིས་བདེན་པ་ཐམས་ཅད་མཐོང་བ་ལ་ནི་རང་གི་མིག་ལ་བཟླས་པ་འབུམ་བྱས་པས་སོ། །རྣ་བས་ཐོས་པར་བྱ་བ་ལ་ནི་རང་གི་རྣ་བ་ལ་བཟླས་པ་འབུམ་བྱས་པས་སོ། །སྣས་མནམ་པར་བྱ་བ་ལ་ནི་སྣལ་བཟླས་པས་སོ། །ལྕེས་རང་ཉིད་སྨྲ་བ་ལ་ནི་ལྕེ་ལ་བཟླས་པས་སོ། །ལུས་ཀྱིས་རེག་པར་བྱ་བ་ལ་ནི་ལུས་ལ་བཟླས་པས་སོ། །ཡིད་ཀྱིས་ཤེས་པར་བྱ་བ་ལ་ནི་ཡིད་ལ་འབུམ་བཟླས་པས་སོ། །རྨད་དུ་བྱུང་བ་ཐམས་ཅད་བསྟན་པ་ལ་ནི་སངས་རྒྱས་ཀྱི་སྐུ་བསྒྲུབས་པས་སོ། །སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྨ་བྱའི་སྒྲོའི་ཆུན་པོ་ལ་འབུམ་བཟླས་པས་སོ། །ཐམས་ཅད་གཡོག་པར་བྱ་བ་ལ་ནི་ཞི་བའི་གནས་སུ་འབུམ་བཟླས་པས་སོ། །ཐམས་ཅད་ལ་ལན་ལྡོན་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེས་སོ། །རྫུ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྫུ་འཕྲུལ་གྱི་ཕྱག་རྒྱས་སོ། །ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །རང་གི་ལུས་ལ་སོགས་པ་དངོས་པོ་ཐམས་ཅད་ལས་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྫུ་འཕྲུལ་རྣམ་པར་འཕྲུལ་པས་སོ། །ལྷ་ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་སྐོར་བས་སོ། །ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་ཀླུའི་རྒྱལ་པོའི་མཚོར་བཟླས་བརྗོད་བྱའོ། །གནོད་སྦྱིན་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེའི་བཀའ་བསྒོ་བས་སོ། །འབྱུང་པོ་ཐམས་ཅད་གདུལ་བ་ལ་ནི་ལྷ་ཆེན་པོ་མནན་ནས་ཁྲོས་པས་བཟླས་བརྗོད་བྱའོ། །སེར་བ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱས་སོ། །གློག་


DKG085_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འབབ་པ་ཐམས་ཅད་བཟློག་པ་ལ་ནི་རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱས་སོ། །ཆར་དབབ་པ་ལ་ནི་ཀླུའི་མཚོར་བཟླས་བརྗོད་བྱའོ། །ཆར་གཅད་པ་ལ་ནི་དྲི་མ་མེད་པའི་ཆུའི་སྦྱིན་བླུག་བྱའོ། །སྤྲིན་བསྐྱེད་པ་ལ་ནི་ཀླུ་བྲིས་ནས་བདུག་པས་བདུག་པར་བྱའོ། །སྤྲིན་བཤིག་པ་ལ་ནི་རྡོ་རྗེ་ནམ་མཁའི་སྤྱན་གྱིས་སོ། །ཆུ་མེད་པའི་ཕྱོགས་སུ་ཤིན་ཏུ་བསིལ་བའི་ཆུའི་ཚོགས་རྟག་ཏུ་འབྱུང་བ་ལ་ནི་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ། །གཏེར་ཐམས་ཅད་ཤེས་པར་བྱ་བ་ལ་ནི་སྣོད་དུ་ཆུ་བླུག་པར་བྱའོ། །གཏེར་ཐམས་ཅད་བརྐོ་བ་ལ་ནི་རྡོ་རྗེ་འཇོར་གྱིས་སོ། །གཏེར་ཐམས་ཅད་རྙེད་པ་ལ་ནི་རྡོ་རྗེ་ནོར་གྱིས་སོ། །རྒྱལ་སྲིད་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ། །སའི་བདག་པོར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དབང་བསྐུར་བའི་ཕྱག་རྒྱས་སོ། །དཀྱིལ་འཁོར་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་སོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱས་སོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱས་སོ། །དངོས་གྲུབ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་བསྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱས་སོ། །མ་གྲུབ་པ་ཐམས་ཅད་གྲུབ་པར་སྟོན་པ་ལ་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱས་སོ། །རྡོ་རྗེ་རིག་པ་འཛིན་པ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་རིག་པ་འཛིན་གྱི་ཕྱག་རྒྱས་སོ། །རྡོ་རྗེ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱས་སོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒྲུབ་པ་ལ་ནི་ཐུགས་ཀྱི་རྡོ་རྗེས་སོ། །རྡོ་རྗེ་འཛིན་པ་ཉིད་བསྒྲུབ་པ་ལ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་སོ། །སངས་རྒྱས་ཉིད་བསྒྲུབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཐམས་ཅད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་སེམས་དཔའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞི་བའི་ཆོས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བསྒྲུབ་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་རྡོ་རྗེ་


DKG085_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །དོན་གཅིག་པ་ཉིད་ཀྱི་ཕྱིར་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ངོ་བོ་ཉིད་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ཐམས་ཅད་ལ་རྣམ་པར་མི་རྟོག་པ་ཉིད་ཀྱི་ཕྱིར་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ། །ལག་ན་རྡོ་རྗེ་གང་ལ་ལ་ཆོས་མངོན་པར་བསྒྲུབ་པ་བཞི་པོ་འདི་དག་ཉན་པ་དང་འཛིན་པ་དང་ཀློག་པ་དང་། སྒོམ་པ་དེ་སྡིག་པ་ཐམས་ཅད་ལ་སྤྱོད་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་ངན་སོང་ཐམས་ཅད་ལས་ཡང་དག་པར་འདས་པར་འགྱུར་རོ། །དེ་ནས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པའི་དོན་གྱི་གནས་འདི་ཉིད་རྒྱ་ཆེར་སྟོན་ཅིང་བཞིན་འཛུམ་པ་དང་བཅས་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་སྙིང་པོ་འདི་གསུངས་སོ། །ཨཿ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་འདུས་པར་མཛད་ནས། བཅོམ་ལྡན་འདས་ཀྱི་ཕྱོགས་ཐམས་ཅད་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་པ་དང་། སེམས་དཔའ་ཆེན་པོ་བརྒྱད་ཕྱིའི་དཀྱིལ་འཁོར་དུ་ཕྱོགས་བརྒྱད་དུ་བཞད་པ་ཆེན་པོས་བཞད་ཅིང་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྡོ་རྗེ་ཞེས་བྱ་བའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ་དེའི་དབུས་སུ་ཐིག་གསུམ་གྱི་འཁོར་ལོ་བྲིས་ནས་བཅོམ་ལྡན་འདས་ཀྱི་ཐད་ཀར་སྣ་ཚོགས་པདྨ་རབ་ཏུ་གནས་པ་དེའི་འཁོར་ལོའི་ལྟེ་བ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྟག་པ་ཆེན་པོ་ས་ལ་སོགས་པ་ལས་བྱས་པ་གཞག་པར་བྱའོ། །


DKG085_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱོགས་ཐམས་ཅད་དུས་ལ་སོགས་པ་ལས་བྱས་པའི་དེ་བཞིན་གཤེགས་པ་བརྒྱད་གཞག་གམ་བྲི་བར་བྱའོ། །དེ་ནས་ཚོན་གྱི་ཐིག་ལེ་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་འཛིན་པ་དང་བཅས་པ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཕྱོགས་བཞི་དང་མཚམས་རྣམས་སུ་བྱང་ཆུབ་སེམས་དཔའ་བརྒྱད་ཅི་ལྟ་བ་བཞིན་བཞག་ནས། བུམ་པ་གང་བ་བཞི་སྒོ་རྣམས་སུ་དགོད་པར་བྱ་ཞིང་། བྱང་ཆུབ་ཀྱི་མཚན་མ་རྣམས་གཞག་པར་བྱ་སྟེ། ཤར་ནས་བརྩམས་ཏེ་ནེའུ་གསིངས་དང་བཅས་པའི་དུམ་བུ་དང་། རོ་དྲུག་གིས་ཡོངས་སུ་གང་ཞིང་དབྱིག་དང་གསེར་དང་རིན་པོ་ཆེ་དང་། གོས་ལ་སོགས་པས་ཡོངས་སུ་བཀང་བའི་སྣོད་དང་། འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་དང་། སངས་རྒྱས་ཀྱི་སྐུ་གཟུགས་དགོད་དོ། །དེ་ནས་དེ་བཞིན་དུ་གོས་གྱོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་ཞུགས་ན་བདག་ཉིད་སློབ་དཔོན་མེད་པར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ། །དེ་ནས་བརྩམས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་དང་དངོས་གྲུབ་ཐམས་ཅད་ལ་མི་ཚུགས་པ་དང་། མི་སོད་པ་དང་། སྒྲིབ་པ་ཐམས་ཅད་དང་བྲལ་བ་འཐོབ་པར་འགྱུར་རོ། །དེ་ནས་སློབ་མ་ཡང་དེ་བཞིན་དུ་གཞུག་གོ། །ཞུགས་ནས་རྡོ་རྗེ་རྩེ་ལྔ་པ་བྱིན་ལ་རྡོ་རྗེ་མིང་གིས་དབང་བསྐུར་བ་ཡང་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་འདི་དག་བྱ་བར་བསྒོ་བར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། བསྟན་པ་ཐམས་ཅད་བསྲུང་བའི་ཕྱིར། །རྣམ་པར་མི་རྟོག་སྦྱོར་བ་ཡིས། །ཅི་བདེ་བར་ནི་ཐམས་ཅད་ཀྱིས། །ཞེས་བྱའོ། །དེ་ནས་མཚན་མ་བཞི་འབྱོར་པ་ཅི་ལྟ་བས་སྐལ་བ་ཅི་ལྟ་བ་བཞིན་དུ་སྦྱིན་པར་བྱའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་ནི། རས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཛུམ་པ་དང་བཅས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་ཕྱག་རྒྱ་ཡོངས་སུ་འཛིན་པར་བྱའོ། །གཞན་ཐམས་ཅད་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱའོ། །དེ་ནས་དེ་བཞིན་དུ་སེམས་


DKG085_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མཆོག་བསྒྲུབ་པ་དང་། དངོས་གྲུབ་མཆོག་རྣམས་ཀྱང་དེ་བཞིན་ནོ། །གཞན་ཡང་རས་ལ་བཅོམ་ལྡན་འདས་དཔའ་བོ་གཅིག་པུ་བྲིས་ཏེ། འདིའི་མདུན་དུ་རྡོ་རྗེ་ཚིག་གིས་བཟླས་བརྗོད་འབུམ་བྱས་ནས་ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་མཚན་མོ་ཐོག་ཐག་བཟླས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་ཅིང་དངོས་གྲུབ་ཐམས་ཅད་གྲུབ་པའི་བྱང་ཆུབ་སེམས་དཔར་འགྱུར་ལ། དེ་ནས་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ནས་མ་བསྒྲུབས་པས་ཀྱང་དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ།དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ལ་ནི། ཅི་སྙེད་པའི་དེ་བཞིན་གཤེགས་པའི་བདེ་བ་ཐམས་ཅད་ཕུལ་བས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཆོད་པ་ལ་ནི། བདག་ཕུལ་བས་སོ། །དཀོན་མཆོག་གསུམ་མཆོད་པ་ལ་ནི། མེ་ཏོག་ལ་སོགས་པ་ལ་བཟླས་པས་སོ། །སེམས་ཅན་ཐམས་ཅད་མཆོད་པ་ལ་ནི། ཐམས་ཅད་ལ་བྱམས་པའི་བཟླས་པས་སོ། །ཆོས་ཐམས་ཅད་བསྡུ་བ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་བཞི་པོ་གདོན་པས་སོ། ། བདུད་ཐམས་ཅད་འདུལ་བ་ལ་ནི་བརྟན་ཞིང་ངེས་པའི་བཟླས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པ་ལ་ནི་རྒྱན་ཐམས་ཅད་ཕུལ་ཞིང་རང་ཉིད་བཅིངས་པས་སོ། །ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་པདྨ་ལ་བལྟ་བས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཐོབ་པ་ལ་ནི་ཐམས་ཅད་རྡོ་རྗེའི་ལས་ཀྱི་མཆོག་གིས་སོ། །སངས་རྒྱས་ཉིད་རབ་ཏུ་འཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱ་ཆེན་པོས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་རྫོགས་སོ། །དེ་བཞིན་གཤེགས་པའི་རྟོག་པའོ།། །།དེ་ནས་མ་རུངས་པ་ཐམས་ཅད་འདུལ་བ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་


DKG085_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་འདི་གསུངས་སོ། །འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དོ། །ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་ཀྱིས་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དོ། །གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་དོ། །ཆོས་ཐམས་ཅད་སྤྲོས་པ་མེད་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ལག་ན་རྡོ་རྗེ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཛིན་པ་དང་ཀློག་པ་དང་སྒོམ་པ་དེས་འདུལ་བའི་དབང་གི་ཕྱིར་ཁམས་གསུམ་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་བསད་ཀྱང་ངན་སོང་དུ་སྐྱེ་བར་མི་འགྱུར་ཏེ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཆོས་ཉིད་འདིའི་དོན་རྒྱ་ཆེར་སྟོན་ཅིང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ནས། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཏེག་སྟེ་འབར་བར་བལྟ་ལ་པདྨའི་གདོང་ཁྲོ་ཞིང་དགོད་དེ། མཆེ་བ་གཙིགས་ནས་རྐང་པ་གཡས་པ་བསྐུམ་པའི་ཚུལ་དུ་གནས་པས་གནས་ནས་རྡོ་རྗེ་ཧཱུྃ་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧཱུྃ། དེ་ནས་འདི་གསུངས་བ་ཙམ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་འདོད་པའི་དབང་ཕྱུག་ལ་སོགས་པ་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཡང་དག་པར་བཀུག་སྟེ་ལྷུང་བར་མཛད་ནས་དཀྱིལ་འཁོར་དུ་བཅུག་ནས་རྣམ་པར་རྒྱལ་བར་མཛད་ལ་བཅིངས་ཏེ། དབང་དུ་བྱས་ནས་བཏུལ་ཞིང་རྗེས་སུ་བཏུལ་ཏེ། བསླད་ནས་ཡང་དམ་ཚིག་གིས་བཅིངས་ནས་འཇིག་རྟེན་གསུམ་གྱི་བདག་པོ་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་ཞབས་གཉིས་སུ་ཕབ་ནས་མནན་པར་མཛད་དོ། །དེ་ནས་དེ་རྣམས་ཀྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་དུ་སྒྲ་ཆེན་པོ་བསྒྲགས་ཏེ། ཀྱེ་རྡོ་རྗེ་འཆང་ཆེན་པོ་ཡོངས་སུ་སྐྱོབ་པར་མཛོད་ཅིག །བདག་ཅག་རྣམས་མ་གཟིར་ཅིག །འདིར་ཁྱོད་ལ་བདག་ཅག་སྐྱབས་སུ་མཆིའོ། །དམ་ཚིག་དང་བཀའ་བསྒོ་བ་ཡང་བསྒྲུབ་པར་བགྱིའོ། །མ་མོ་ཐམས་ཅད་ཀྱང་བཏུལ་ཞིང་དམ་ལ་བཏགས་ནས་


DKG085_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཡང་རྣམ་པར་བཤིག་སྟེ། ཕྱག་རྒྱ་ཐམས་ཅད་དང་དམ་ཚིག་ཀྱང་དྲལ་ཞིང་རྣམ་པར་བཤིགས་པ་དང་། གདོན་ཐམས་ཅད་ཀྱང་བཟློག་ཅིང་། །ནད་ཐམས་ཅད་དང་རིམས་དང་གནོད་པ་དང་དུག་དང་ངན་འགྲོ་རྣམས་དྲལ་ཞིང་རྣམ་པར་བཤིགས་པས་སྒྲ་ཆེན་པོ་སྒྲོགས་ཤིང་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་ཚིག་རྣམས་ཀྱིས་བཅོམ་ལྡན་འདས་ཉིད་ལ་སྐྱབས་སུ་སོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་རྣམ་པར་བཞད་ནས། དེ་རྣམས་དཀྱིལ་འཁོར་དུ་བཅུག་སྟེ། དམ་ཚིག་གིས་བཅིངས་ནས། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་ནས་རང་གི་མཚན་མ་རྣམས་རྡོ་རྗེས་བྱིན་གྱིས་བརླབས་ཏེ། རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་རྗེས་སུ་སྩལ་ནས། སེམས་ཅན་མ་ལུས་པའི་དོན་དུ་ཕྱིའི་རྡོ་རྗེའི་རིགས་སུ་རབ་ཏུ་བཞག་གོ། །དེ་ནས་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་ལས་ཕྱག་ན་རྡོ་རྗེ་དང་འདྲ་བའི་དངོས་པོའི་བདག་ཉིད་ཅན་ཁ་དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་བསྣམས་པ། རྣམ་པར་འགྱུར་བའི་རྡོ་རྗེའི་མཆེ་བ་གཙིགས་པ། ཚེམས་ཀྱིས་སྒྲོས་གནོན་པ་སྨིན་མ་མི་བཟད་ཅིང་ཁྲོ་གཉེར་བསྙེར་བ། སྤྱན་དང་དབུ་སྐྲ་དང་ཨག་ཙོམ་འབར་བ་ཞལ་འཇིགས་པ། རྡོ་རྗེ་དང་ལྕགས་ཀྱུ་དང་ཞགས་པ་དང་མཚོན་ཆ་མདའ་དང་དབྱིག་པ་དང་རལ་གྲི་དང་ཁ་ཊྭཱྃ་ག་དང་གྲི་རིང་དང་ཆུ་གྲི་ཕྱག་ན་བསྣམས་པ། ཁྲོ་བོ་ཆེན་པོ་ཧཱུྃ་མཛད་ལས་ཕྱུང་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། །ལྷ་ལ་སོགས་པ་དེ་རྣམས་ཀྱང་རང་གི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་ནས། ། ཕྱིའི་དཀྱིལ་འཁོར་དུ་བཞག་གོ། །གདོན་ལ་སོགས་པ་དེ་དག་ཀྱང་དཀྱིལ་འཁོར་གྱི་ཕྱི་རིམ་ན་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཐབས་ཀྱི་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་པ་རྡོ་རྗེའི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེའི་དཀྱིལ་འཁོར་དམ་པ་སྟེ། །ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱ། །འདུལ་བ་ཆེན་པོ་འདུལ་བྱེད་པ། །དཀྱིལ་འཁོར་དང་པོའི་སྦྱོར་བ་


DKG085_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་གི་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་དག་དང་མཚུངས། །དེ་ཡི་དབུས་སུ་ཁྲོ་བོ་ཆེ། །ཕྱག་ན་རྡོ་རྗེ་གཞག་པར་བྱ། །སངས་རྒྱས་ཕྲེང་ལ་སོགས་པས་སྤྲས། །ཨུཏྤལ་སྔོན་པོའི་མདོག་འདྲ་བ། །ཞལ་ནི་ཅུང་ཟད་མཆེ་བ་གཙིགས། །ཁྲོ་བཅས་བཞད་པའི་ཞལ་མངའ་བ། །གཡོན་བརྐྱང་བ་ཡིས་ལེགས་བཞུགས་ལ། །རྡོ་རྗེ་ཧཱུྃ་མཛད་བསྡུས་པས་སོ། །གཡོན་གྱི་ཞབས་ཀྱིས་ལེགས་གནོན་པ། །དེ་ཡི་བྱ་བ་དབང་ཕྱུག་ཆེ། །གཡས་ནི་དཀའ་ཐུབ་ཟློག་མ་ཡི། །ནུ་མའི་སྟེང་དུ་རབ་ཏུ་འཇོག ། འབར་ཕྲེང་འཁྲིགས་པའི་འོད་ལྡན་པ། །ས་སོགས་བཅས་པའི་ཁམས་རྣམས་ཀྱིས། །ཁྲོ་བོ་ཀུན་དུ་གཞག་པར་བྱ། །འབར་ཕྲེང་འཁྲིགས་པའི་འོད་ལྡན་པའི། །འཁོར་ལོ་དེ་ཡང་མཁས་པ་ཡིས། །འབར་ཕྲེང་འཁྲིགས་པའི་འོད་ཅན་བྲི། །ཕྱི་ཡི་དཀྱིལ་འཁོར་གནས་རྣམས་སུ། །ཕྱི་ཡི་དཀྱིལ་འཁོར་ཚོགས་རྣམས་སུ། །ཁྲོ་བོའི་མཚན་མ་བཞི་པོ་ནི། །གཞུ་དང་མདའ་དང་རལ་གྲི་དང་། །འཁོར་ལོ་དེ་བཞིན་རྩེ་གསུམ་བསྒྲེང་། །སྒོ་རྣམས་ཀུན་དུ་བྲི་བར་བྱ། །ཕྱི་རོལ་གནས་པའི་གདོན་རྣམས་ཀྱི། །སྣ་ཚོགས་གཏོར་མས་བཀང་བ་དང་། །བ་དན་སྔོན་པོ་དྲིལ་བཏགས་ཤིང་། །རྩེ་མོ་ཁ་དོག་སྣ་ཚོགས་པའོ། །དེ་ནས་འདིར་འཇུག་པ་ལ་ནི་ཡན་ལག་ཐམས་ཅད་རས་སྔོན་པོ་ཟུང་གིས་གཡོགས་ཤིང་ཁྲོས་པས་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་དང་བཅས་པས་འཛིན་པར་གྱུར་པས་ཞུགས་ན། བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་རིགས་ཀྱི་སློབ་དཔོན་དུ་བྱིན་གྱིས་རློབ་པ་མཛད་དོ། །དེ་ནས་བརྩམས་ཏེ་སྡིག་པ་ལ་སོགས་པ་རྣམ་པར་གྲོལ་ཞིང་། མི་སོད་པ་དང་མི་ཚུགས་པ་དང་མུ་སྟེགས་ཐམས་ཅད་ལ་ཚར་གཅོད་པ་དང་ཕན་འདོགས་ནུས་ཤིང་ཐམས་ཅད་ལས་རྒྱལ་བ་དང་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་ལ་སྙིང་པོ་བྱིན་ཏེ་དཀྱིལ་འཁོར་ཐམས་ཅད་དུའང་བྱའོ། །དེ་ནས་རྡོ་རྗེ་རྣོན་པོ་རྩེ་བཞི་པ་འབར་བ་བྱིན་ལ་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ནས་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པར་བྱ་སྟེ། འདི་ནི་གདུག་པ་འདུལ་བྱེད་བའི། །ལག་ན་རྡོ་རྗེའི་རྡོ་རྗེ་སྟེ། །མ་རུངས་ཐམས་ཅད་འདུལ་བ་


DKG085_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །དེ་ནས་དེ་བཞིན་དུ་འབྱུང་བར་བྱའོ། །རྡོ་རྗེའི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་ལ་ནི་རས་ལ་བཅོམ་ལྡན་འདས་ཁྲོ་བོའི་དབང་ཕྱུག་བྱས་ལ། རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་གས་ཀྱང་སེམས་དཔའ་ཆེན་པོ་ཐམས་ཅད་བྱའོ། །ཕྱོགས་ཐམས་ཅད་དུ་ནི་ལྷ་ལ་སོགས་པ་དང་མ་མོ་རྣམས་བྲི་བར་བྱ་སྟེ། དེ་ནས་བསྒྲུབ་པ་ཆེན་པོ་ལ་ཡང་དེ་བཞིན་ཏེ། དེ་བཞིན་དུ་དངོས་གྲུབ་མཆོག་རྣམས་ལ་ནི་རས་ལ་བཅོམ་ལྡན་འདས་ཅི་ལྟ་བ་བཞིན་དུ་བྱས་ནས། དེའི་མདུན་དུ་ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་འབུམ་བྱའོ། །དེ་ནས་ཡི་གེ་ཧཱུྃ་ཙམ་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མ་བསྒྲུབས་པར་ཡང་ལས་ཐམས་ཅད་དང་། དེ་བཞིན་དུ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགྲོལ་བ་དང་། དབང་དུ་བྱ་བ་དང་། ལྐུགས་པར་བྱ་བ་དང་། རེངས་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། གཉིད་མེད་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ་དང་། བརྡེག་པ་དང་། །གསང་པ་དང་། གསོ་བར་བྱ་བ་ལ་སོགས་པ་ཡང་ལན་ཅིག་བཟླས་པས་བྱེད་པར་འགྱུར་རོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མཐར་བྱེད་ཀྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་ཁྲོ་བོའི་ལྟ་བའི་བཟླས་པས་སོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ཁྲོས་པས་གཞིག་པར་བྱའོ། །ཐམས་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་དང་ཁྲོས་པས་ཕྱོགས་དེར་བརྡེག་པར་བྱའོ། །ནད་ཐམས་ཅད་དབུག་པ་ལ་ནི་རྡོ་རྗེ་ཕྲ་མོ་འབིགས་བྱེད་ཀྱིས་སོ། །ཐམས་ཅད་ཀྱི་སྙིང་འབྱིན་པ་ལ་ནི་ཁྲོས་པའི་ཡིད་ཀྱིས་དབྱུང་བར་བྱའོ། །གདུག་པ་ཐམས་ཅད་ཚར་གཅད་པ་ལ་ནི་ཁྲོས་པས་རྡོ་རྗེ་བསྐོར་བར་བྱའོ། །གདུག་ཅིང་ཁྲོས་པ་དགོས་པ་ལ་ནི་ཁྲོས་པས་ལྕགས་ཕྱེའི་སྦྱིན་སྲེག་གིས་སོ། །བདུད་ཐམས་ཅད་བརླག་པ་ལ་ནི་རང་གི་ས་བོན་གྱི་སྦྱིན་སྲེག་གིས་སོ། །གནོད་སྦྱིན་ཐམས་ཅད་བསྐྲད་པ་ལ་ནི་ཧ་ཧ་ཞེས་དགོད་ཅིང་བཟླས་པས་སོ། །ཀླུ་ཐམས་ཅད་གདོན་པ་ལ་ནི་རྡོ་རྗེས་ལ་བརྡེབས་ཤིང་བཟླས་པས་སོ། །ལྷ་ཐམས་ཅད་ལྟུང་བར་


DKG085_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལ་ནི་ལྷ་མོ་རྡོ་རྗེ་ལྟུང་བྱེད་ཀྱིས་སོ། །ལྷའི་བདག་པོ་ཐམས་ཅད་དབང་དུ་བྱ་བ་དང་། གདུལ་བ་དང་། བསྣུན་པ་དང་།གསོད་པ་དང་། གདུལ་བར་བྱ་བ་ལ་ནི་རྡོ་རྗེ་སྲིད་པ་གསུམ་པོ་གདུལ་བར་བྱེད་པས་སོ། །རྣམ་ཐོས་སྲས་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྣམ་ཐོས་སྲས་མནན་ནས་ཁྲོས་པས་བཟླས་བརྗོད་བྱའོ། །ལུས་ངན་པོ་མནན་ནས་དཔལ་དབྲོག་པར་བྱ་བ་ལ་ནི་རྡོ་རྗེ་སྐྱེས་བུས་སོ། །འདོད་པའི་ལྷ་དབང་དུ་བྱ་བ་ལ་ནི་འདོད་པའི་ལྷའི་མདུན་དུ་ཁྲོས་པས་བཟླས་བརྗོད་བྱའོ། །ཚངས་པ་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱས་སོ། །ཁྱབ་འཇུག་གཞིག་པ་ལ་ནི་རྡོ་རྗེ་འཁོར་ལོ་དྲལ་བས་སོ། །དབང་ཕྱུག་ཆེན་པོ་གདུལ་བར་བྱ་བ་ལ་ནི་རྡོ་རྗེ་ཏྲི་ཤཱུ་ལ་དྲལ་བས་སོ། །མ་མོ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོས་སོ། །ཕྱིའི་དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱ་དང་དམ་ཚིག་དང་ཆོས་དང་གསང་བའི་དངོས་གྲུབ་རྣམ་པར་གཏོར་ཞིང་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་གདུག་པའི་དམ་ཚིག་འཇིགས་པར་བྱེད་པས་སོ། །རི་དང་ཤིང་དང་ཁྱིམ་དང་གཙུག་ལག་ཁང་དང་གྲོང་ཁྱེར་དང་མཆོད་རྟེན་དང་ལྷའི་ཁང་པ་དང་། སྐྱེས་པ་དང་བུད་མེད་དང་གླང་པོ་དང་བཅས་པའི་རྟ་ལ་སོགས་པ་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་མིག་ལ་རེག་པས་སོ། །ལྟུང་བ་ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་ཁྲོ་བོ་བསླང་བས་སོ། །ཐམས་ཅད་སྤོ་བ་ལ་ནི་རྡོ་རྗེ་ཁྲོས་པའི་རྣལ་འབྱོར་མས་སོ། །ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་དང་དབྲོག་པས་སོ། །འཇིགས་པ་ཐམས་ཅད་བསྐྱེད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ལྟ་བས་སོ། །དཔུང་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མོས་སོ། །གཞན་གྱི་དཔུང་ཐམས་ཅད་གཞོམ་པ་དང་གནོན་པ་དང་རྨོངས་པར་བྱ་བ་དང་ལོང་བར་བྱ་བ་དང་རྒྱས་གདབ་པ་དང་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོས་སོ། །རྒྱལ་པོ་ལ་སོགས་པ་མི་ཆེན་པོ་ཐམས་ཅད་གསད་པ་ལ་ནི་དོང་ཀའི་ཤིང་ལ་རང་གི་ཁྲག་གིས་སྦྱིན་སྲེག་བྱས་པས་སོ། །ལྷ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་ཕུར་བུས་གདབ་པས་སོ། །ལྷའི་བདག་པོ་ཐམས་ཅད་བསྲེག་པ་ལ་ནི་ལྷ་ཐམས་ཅད་ཀྱི་གཟུགས་བརྙན་གྱི་ཡམ་ཤིང་གིས་


DKG085_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །རང་གི་ཁྲག་གི་རྒྱུན་དབབ་པས་ས་ཐམས་ཅད་ནུབ་པར་བྱ་བ་ལ་ནི་རྡོ་རྗེ་ཁྲོ་བོས་འོག་གི་ཕྱག་རྒྱས་སོ། །ཁམས་གསུམ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་འཇིགས་པའི་ཕྱག་རྒྱས་སོ། །འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་གི་རྡོ་རྗེ་ཁྲོ་བོས་སོ། །ཁམས་གསུམ་ཐམས་ཅད་དབབ་པ་དང་དགུག་པ་དང་གཞུག་པ་དང་། དབང་དུ་བྱ་བ་དང་། ངེས་པར་གནོན་པ་ལ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོའི་ཕྱག་རྒྱས་སོ། །ཁམས་གསུམ་པོ་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་དང་དགུག་པ་དང་གཞུག་པ་དང་བཅིང་བ་དང་རྒྱས་གདབ་པ་དང་དབང་དུ་བྱ་བ་དང་གནོན་པར་བྱ་བ་དང་བསྒྲུབ་པ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཁྲོ་བོ་རྡོ་རྗེའི་དམ་ཚིག་གི་ཁྲོ་བོས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཁམས་གསུམ་རྣམ་པར་རྒྱལ་བའི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ངོ་བོ་ཉིད་དག་པའི་ཆོས་ཉིད་ཐོབ་པས་ཡང་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཀྱང་འཇིག་རྟེན་ན་ཞེ་སྡང་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །དྲི་མ་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་འཇིག་རྟེན་ན་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཆོས་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་སེམས་ཅན་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། །ཤེས་པ་ཐམས་ཅད་རྣམ་པར་དག་པས་འཇིག་རྟེན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་རོ། །ལག་ན་རྡོ་རྗེ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་འཛིན་པ་དང་ཀློག་པ་དང་སྒོམ་པ་དེ་འདོད་ཆགས་དང་དྲི་མ་ཐམས་ཅད་ཀྱི་ནང་ན་འདུག་ཀྱང་པདྨོ་ལྟ་བུར་འདོད་ཆགས་ཀྱི་ཉེས་པ་རྣམས་དང་དྲི་མ་རྣམས་དང་གློ་བུར་གྱི་ཉོན་མོངས་པ་རྣམས་ཀྱིས་གོས་པར་མི་འགྱུར་ཏེ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་


DKG085_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འཚང་རྒྱ་བར་ཡང་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དོན་གྱི་གནས་འདི་ཉིད་ཡང་རྒྱ་ཆེར་སྟོན་ཅིང་བཞིན་རབ་ཏུ་འཛུམ་དམུལ་ཏེ། པདྨའི་འདབ་མ་ཁ་འབྱེད་པས་འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ལ་བལྟ་ཞིང་འགྲོ་བ་ཐམས་ཅད་ཀྱི་ཕྱིར་པདྨའི་གཟུགས་སྣ་ཚོགས་ཞེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཧྲཱིཿ། དེ་ནས་འདི་གསུངས་པ་ཙམ་གྱིས་པདྨ་ཆེན་པོ་དེ་ལས་དེ་བཞིན་གཤེགས་པ་ལ་སོགས་པའི་གཟུགས་བརྙན་ཐམས་ཅད་བཅོམ་ལྡན་འདས་དང་འདྲ་བའི། པདྨས་མཚན་པའི་གཟུགས་ཅན་ངེས་པར་བྱུང་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རིམ་པ་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཆོས་ཐམས་ཅད་ལ་གཟིགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འགྲོ་བ་ཐམས་ཅད་འདུལ་བ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བའི་ནང་དུ་གཉིས་པ་ནི་ཟུར་བཞི་པ་ལ་དེ་བཞིན་དུ་སྒོ་དང་མཚམས་སུ་བཅས་པར་བྲིའོ། ། དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་དུ་ཐིག་བཞིས་ཐིག་བཏབ་པ་ལ་ཚོན་དམར་པོས་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་དགོད་པར་བྱའོ། །དེའི་མདུན་དུ་བཅོམ་ལྡན་འདས་པདྨ་ཆེན་པོ་ཆགས་པ་སྐུ་མདོག་དམར་པོ་པདྨའི་གཟུགས་འཛིན་པ། པདྨ་ཆེན་པོ་དང་མདའ་དང་གཞུ་བསྣམས་པ། གཡས་སུ་བཅོམ་ལྡན་འདས་པདྨ་ཆེན་པོའི་གཏུམ་པོའི་དབང་ཕྱུག་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པ་གཞག་པར་བྱའོ། །རྒྱབ་ཏུ་པདྨ་ཆེན་པོ་ཁྱབ་འཇུག་གི་གཟུགས་འཛིན་པ་སྐུ་མདོག་ནག་པོ་གཞག་པར་བྱའོ། །གཡོན་དུ་པདྨ་ཆེན་པོ་མི་མཇེད་ཀྱི་བདག་པོ་ཚངས་པའི་གཟུགས་འཛིན་པ་སྐུ་མདོག་དཀར་པོ་གཞག་པར་བྱའོ། །གཡས་ཀྱི་མཚམས་སུ་པདྨ་ཆེན་པོ་ས་འཛིན་པ་གཞག་པར་བྱའོ། །མཚམས་གཉིས་པར་པདྨ་ཆེན་པོ་རྒྱ་མཚོ་ཆུ་ལྷའི་གཟུགས་འཛིན་པ་གཞག་པར་བྱའོ། །གསུམ་


DKG085_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པར་པདྨ་ཆེན་པོ་ཉི་མའི་གཟུགས་ཅན་གཞག་པར་བྱའོ། །བཞི་པར་པདྨ་ཆེན་པོ་རླུང་གི་གཟུགས་འཛིན་པ་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ཤྲཱི་ཧཱི་གཱིདྷཱི་ལྷ་མོ་བཞི་གཞག་པར་བྱ་སྟེ་ཐམས་ཅད་ཀྱང་གཡས་ན་རང་གི་མཚན་མ་འཛིན་པ་གཡོན་པ་པདྨ་འཛིན་པར་བྱའོ། །སྒོ་རྣམས་སུ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་མྱ་ངན་ལས་འདས་པའི་མཚན་མ་རྣམས་གཞག་པར་བྱ་སྟེ་འདི་ལྟ་སྟེ་བུད་མེད་ཀྱི་གཟུགས་དང་སྦྲུལ་གྱི་གཟུགས་དང་། ཕག་གི་གཟུགས་དང་། པདྨའི་གཟུགས་ཞེས་བྱའོ། །དེ་ནས་གོས་དཀར་པོ་བགོས་ཏེ་གོས་དཀར་པོས་གདོང་གཡོགས་ལ། པདྨ་ཆེན་པོའི་ཕྱག་རྒྱ་ཆེན་པོ་མེ་ཏོག་དང་བཅས་པ་བཅིངས་ཏེ་ཞུགས་ལ་མེ་ཏོག་དོར་བར་བྱ་སྟེ་གང་དུ་བབས་པ་དེ་དེས་བསྒྲུབ་པར་བྱའོ། །དེ་ནས་པདྨ་བླངས་ལ་པདྨའི་མིང་གིས་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་བརྗོད་པར་བྱ་ཞིང་། པདྨའི་འདབ་མ་ལ་བལྟ་བར་བྱ་སྟེ། ཅི་ལྟར་པདྨ་དམར་པོ་འདི། །ཚོན་གྱི་ཉེས་པས་མི་གོས་ཏེ། །འདམ་གྱི་ནང་ན་དག་པ་ལྟར། །འདོད་ཆགས་ཞེ་སྡང་སོགས་དེ་བཞིན། །དེ་ལྟར་ཆོས་རྣམས་བསྒོམས་ན་ནི། །བློ་ལྡན་ཉོན་མོངས་བཅས་གྱུར་ཀྱང་། ། ཉོན་མོངས་ཀུན་ལས་རྣམ་གྲོལ་ནས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་བྱ་བའི་ཏིང་ངེ་འཛིན་འདི་ལ་གཟིགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་ཐོབ་པར་འགྱུར་ཏེ། དེ་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཅེས་མཚན་བཏགས་སོ། །དེ་ནས་བརྩམས་ཏེ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཤིན་ཏུ་ཡོངས་སུ་དག་པ་དང་བཀྲ་ཤིས་ཤིང་དངོས་གྲུབ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་རྗེས་སུ་མྱོང་བར་འགྱུར་ཞིང་། མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་ཏེ། སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །བསྒྲུབ་པ་ལ་ནི་དེ་བཞིན་དུ་རས་ཀྱི་རི་མོ་གཉིས་ཀྱིས་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་མ་བསྒྲུབས་ཀྱང་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པདྨ་ལ་ལན་སྟོང་བཟླས་ཏེ་སྦྱིན་པར་བྱའོ། །ཐམས་ཅད་གསད་པ་ལ་ནི་པདྨ་ཆེན་པོའི་ཁྲོ་


DKG085_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཕྱག་རྒྱས་སོ། །ཐམས་ཅད་རྨོངས་པར་བྱ་བ་ལ་ནི་པདྨ་ཆེན་པོ་ཕག་གིས་སོ། །ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པར་བྱ་བ་ལ་ནི་པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱས་སོ། །ས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བྱ་བ་ལ་ནི་ས་ལ་སྐྱིལ་མོ་ཀྲུང་བཅས་པས་བཟླས་བརྗོད་འབུམ་བྱས་ནས་མཐར་མཚན་མོ་ཐོག་ཐག་བཟླས་བརྗོད་བྱའོ། །ཆུ་ཐམས་ཅད་དབབ་པ་ལ་ནི་ཀླུ་བྲིས་ནས་དེའི་སྟེང་དུ་འདུག་སྟེ་བཟླས་བརྗོད་འབུམ་བྱའོ། །ཐམས་ཅད་སྣང་བར་བྱ་བ་ལ་ནི་མུན་པར་ཉི་མ་ཆེན་པོའི་འོད་ཀྱིས་སོ། །རླུང་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་ལ་ནི། པདྨ་ཆེན་པོ་རླུང་གི་མཆོག་གིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཉོན་མོངས་པ་ཐམས་ཅད་རྣམ་པར་དག་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འགྲོ་བ་འདུལ་བའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁམས་གསུམ་ཐམས་ཅད་ཀྱི་དབང་པོས་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ལས་བྱུང་བ། ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ། དབང་བསྐུར་བ་སྦྱིན་པ་ནི་ཁམས་གསུམ་ཐམས་ཅད་ཀྱི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །ནོར་སྦྱིན་པ་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་སྦྱིན་པ་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཐོབ་པར་འགྱུར་རོ། །ཟང་ཟིང་སྦྱིན་པ་ནི་ལུས་དང་ངག་དང་། སེམས་ཀྱི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་བཞིན་རབ་ཏུ་འཛུམ་པ་དང་བཅས་ཏེ། རང་གི་མགོ་ལ་རྡོ་རྗེ་རིན་པོ་ཆེས་དབང་བསྐུར་བའི་ཕྲེང་བ་འཆིང་ཞིང་དོན་ཡོད་པ་འདི་ཉིད་རྒྱ་ཆེར་སྟོན་ཏེ། དབང་བསྐུར་བ་ཐམས་ཅད་ཀྱི་དམ་ཚིག་རིན་པོ་ཆེ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཏྲཱྃ། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་རིན་པོ་ཆེ་དེ་ལས་ཐམས་ཅད་དབང་བསྐུར་བ་ལ་སོགས་པ་ཡོ་བྱད་དང་གཏེར་ཐམས་ཅད་བྱུང་སྟེ། བཅོམ་ལྡན་འདས་དང་


DKG085_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་གཟུགས་ཉིད་ཀྱིས་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ནམ་མཁའི་སྙིང་པོ་དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། ནོར་བུ་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ནི་དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་པ་རིན་པོ་ཆེའི་ཀ་བ་བརྒྱད་ལ་གནས་པ་དཀྱིལ་འཁོར་བརྒྱད་པའི་ཚུལ་ལས། རིན་པོ་ཆེའི་ལྕུག་མས་ཡོངས་སུ་བསྐོར་བ་རྡོ་རྗེ་རིན་པོ་ཆེའི་ར་བ་དང་ལྕོག་དང་། མེ་ཏོག་གི་ཕྲེང་བ་དང་བ་དན་དང་གདུགས་དང་རྔ་ཡབ་ཀྱིས་ཉེ་བར་མཛེས་པ་བྲི་བར་བྱའོ། །དེའི་དབུས་སུ་བཅོམ་ལྡན་འདས་རྟའི་ཁྲི་ལ་བཞུགས་པ་དབང་བསྐུར་བའི་ཕྲེང་བ་རང་ཉིད་འཆིང་བར་མཛད་ཅིང་ཞལ་རྣམ་པར་བཞད་པ་མ་རྒད་ཀྱི་མདོག་ཅན་གཞག་པར་བྱའོ། །དེའི་མདུན་དུ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་འཛིན་པ་གཞག་པར་བྱའོ། །གཡས་སུ་རིན་པོ་ཆེ་ཆེན་པོའི་ནོར་སྦྱིན་པ་དབྱིག་གི་གཏེར་འཛིན་པ་གཞག་པར་བྱའོ། །རྒྱབ་ཏུ་ཆོས་ཆེན་པོའི་རིན་པོ་ཆེའི་གླེགས་བམ་འཛིན་པ་གཞག་པར་བྱའོ། །གཡོན་དུ་རིན་པོ་ཆེ་ཆེན་པོ་རོ་མྱོང་བ་ཟས་དང་སྐོམ་ཐམས་ཅད་འཛིན་པ་གཞག་པར་བྱའོ། །མཚམས་རྣམས་སུ་མཆོད་པའི་ལྷ་མོ་རྣམས་རིན་པོ་ཆེའི་གདུགས་དང་རྒྱལ་མཚན་དང་རྔ་དང་སྲོག་ཤིང་རྣམས་འཛིན་པ་གཞག་པར་བྱའོ། །ཕྱི་རོལ་གྱིམཚམས་སུ་བུམ་པ་གང་བ་རྣམས་སོ། །སྒོ་རྣམས་སུ་ནི་དབང་བསྐུར་བ་ལ་སོགས་པའི་མཚན་མ་རྣམས་གཞག་པར་བྱའོ། །ཕྱི་རོལ་དུ་ནི་གདུགས་དང་རྒྱལ་མཚན་དང་བ་དན་དང་བླ་རེ་རྣམས་ཀྱིས་ཀུན་དུ་ཁྱབ་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་འཛིན་པས་ཞུགས་ནས། དེ་ནས་བརྩམས་ཏེ་ནོར་ཐམས་ཅད་འགྲུབ་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་ཞུགས་ནས་ཀྱང་དབང་བསྐུར་བའི་ཕྲེང་བ་བཅིངས་ཏེ། རིན་པོ་ཆེ་


DKG085_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་ནས་རིན་པོ་ཆེའི་མིང་གི་དབང་བསྐུར་བས་དབང་བསྐུར་ལ་སྦྱིན་པ་ཐམས་ཅད་ཕུལ་ནས་སླར་དབྱུང་བར་བྱའོ། །སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ། །རྡོ་རྗེ་རིན་པོ་ཆེའི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པར་ཡང་དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བའི་ཕྲེང་བས་སོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་ནི་ཉིན་རེ་ཞིང་ཉི་མ་འཆར་ཀར་བཟླས་བརྗོད་དཔག་ཏུ་མེད་པ་བྱས་པས་སོ། །ཆོས་ཐམས་ཅད་ཀྱི་དོན་ཤེས་པ་ལ་ནི་དྲི་མ་མེད་པའི་ནམ་མཁའ་ལ་བལྟ་ཞིང་བཟླས་བརྗོད་བྱའོ། །ཟས་དང་སྐོམ་ཐམས་ཅད་ལ་སོགས་པ་དང་། རོ་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་ནམ་མཁའ་ལས་ཡིད་ལ་འདོད་པ་བཞིན་དུ་ཉིན་རེ་ཞིང་། བཅོམ་ལྡན་འདས་ཀྱིས་བཟླས་བརྗོད་སྟོང་བྱས་པས་སོ། །ཤིན་ཏུ་མཐོན་པོ་ཐོབ་པར་བྱ་བ་ལ་ནི་གདུགས་བཟུང་ནས་བཟླས་བརྗོད་འབུམ་བྱའོ། །རྣམ་པར་རྒྱལ་བ་ཆེན་པོ་ཐོབ་པ་ལ་ནི། རིན་ཆེན་རྒྱལ་མཚན་མཆོག་གིས་སོ། །གྲགས་པ་དང་སྙན་པ་ཆེན་པོ་དང་། མིང་ཐོབ་པར་བྱ་བ་ལ་ནི་ཉིན་རེ་ཞིང་ཁ་ཐམས་ཅད་དུ་བལྟས་ནས་བཟླས་བརྗོད་བྱའོ། །བདག་པོ་ཆེན་པོ་ཐོབ་པ་ལ་ནི་རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རིན་པོ་ཆེའི་རིགས་ཀྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཐོབ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་འཛིན་པ། དེ་བཞིན་གཤེགས་པ་རྟག་པས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཆོས་ཐམས་ཅད་ཐོབ་པར་


DKG085_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་པར་འགྱུར་རོ། །སུ་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་ཀློག་པ་དང་ལུང་དབོག་པ་དང་སྒོམ་པ་དེས་དངོས་གྲུབ་ཐམས་ཅད་དང་ཕུན་སུམ་ཚོགས་པ་ཐམས་ཅད་དང་ཤེས་པ་ཐམས་ཅད་དང་དགོས་པ་ཐམས་ཅད་དང་ལུས་དང་ངག་དང་སེམས་ཐམས་ཅད་རྡོ་རྗེར་རྡོ་རྗེའི་དངོས་གྲུབ་དམ་པ་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པས་དོན་གྱི་གནས་འདི་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་གསུངས་སོ། །ཨཿ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དངོས་གྲུབ་མཆོག་གི་རྒྱུས་རྒྱས་གདབ་བོ། །བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱིས་ཀྱང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ལས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་ཕྱུང་ནས་ཀྱང་། །དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་གསུངས་སོ། །ཕྱི་ཡི་དཀྱིལ་འཁོར་དང་པོའི་སྦྱོར་བས་བྲིས་ལ། ནང་དུ་རྡོ་རྗེའི་ཐིག་གིས་འཁོར་ལོ་བྲིའོ། །དེ་བཞིན་དུ་དེའི་དབུས་སུ་དཀྱིལ་འཁོར་བརྒྱད་


DKG085_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐིག་བཏབ་ལ། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཕྱག་གཉིས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ། ཞལ་རྣམ་པར་བཞད་པ་གཞག་པར་བྱའོ། །དེའི་མདུན་དུ་རྡོ་རྗེའི་སྐུའི་མཆོག་ཅེས་བྱ་བ་རྡོ་རྗེ་བསྙེམས་པར་འཛིན་པའོ། །གཡས་སུ་རྡོ་རྗེ་ལྗགས་ཞེས་བྱ་བ་རྡོ་རྗེ་ལྕེའི་མཆོག་འཛིན་པའོ། །རྒྱབ་ཏུ་ཏིང་ངེ་འཛིན་རྡོ་རྗེ་ཞེས་བྱ་བ་རྡོ་རྗེ་འཛིན་པའོ། །གཡོན་དུ་རྡོ་རྗེ་རྡོ་རྗེ་ཞེས་བྱ་བ་བསྙེམས་པར་འཛིན་པའོ། །ཤར་ལྷོའི་མཚམས་སུ་ཕྱག་རྒྱའི་ཁུ་ཚུར་ཞེས་བྱ་བ་དང་། གཉིས་པ་ལ་ནི་ནོར་གྱི་ཁུ་ཚུར་ཞེས་བྱ་བ་དང་། གསུམ་པ་ལ་ནི་ཆོས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་། བཞི་པ་ལ་ནི་ལས་ཀྱི་ཁུ་ཚུར་ཞེས་བྱ་བ་དང་། རང་གི་ཕྱག་རྒྱ་དང་ཕྱག་མཚན་ཡང་འཛིན་པར་བྱའོ། །སྒོ་རྣམས་སུ་ནི་རྡོ་རྗེ་བསྙེམས་མ་ལ་སོགས་པའི་ཕྱག་རྒྱའི་ལྷ་མོ་རྣམས་བྲི་བར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་ཡོངས་སུ་བཟུང་ལ་རང་ཉིད་ཞུགས་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སློབ་དཔོན་དུ་འགྱུར་རོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དོན་ཡོད་པས་ཐོབ་པར་འགྱུར་རོ། །ཕྱག་རྒྱ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབང་ཕྱུག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མྱུར་བ་མྱུར་བར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། ། དེར་ཞུགས་ནས་ཕྱག་རྒྱ་བཅིངས་པ་བཅོམ་ལྡན་འདས་ལས་བསླེབ་པར་བྱ་ཞིང་། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །གཟུགས་བརྙན་ལྟ་བུར་སྦྱོར་བ་ཡིས། །ཕྱག་རྒྱ་ཀུན་ཞེས་བྱ་བར་བསྒྲགས། །དམ་ཚིག་དངོས་གྲུབ་ཀུན་སྟེར་བའོ། །སློབ་མ་བཞུགས་པ་ཡང་དེ་བཞིན་ནོ། །ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་རྣམས་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པའི་ལས་རྣམས་ཀྱང་དེ་བཞིན་ནོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པ་ལ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་ཆེན་པོའི་ཁུ་ཚུར་གྱིས་སོ། །དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་གྱིས་སོ། །སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་རྡོ་རྗེ་ཆགས་པ་ཆེན་པོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་


DKG085_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་བྱ་བ་ལ་ནི་རྡོ་རྗེ་བཞད་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བསྡམ་པར་བྱ་བ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་ལྐུགས་པར་བྱ་བ་ལ་ནི་རྡོ་རྗེ་ཞལ་ཞལ་གྱི་ཁུ་ཚུར་གྱིས་སོ། ། ཐམས་ཅད་བཙིར་བ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་བཟའ་བ་ལ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་ངེས་པར་བཙིར་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་དྲལ་བ་ལ་ནི་རྡོ་རྗེ་དྲལ་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁུ་ཚུར་གྱིས་སོ། །ཐམས་ཅད་གར་བྱེད་དུ་གཞུག་པ་ལ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་སྨྲར་གཞུག་པ་ལ་ནི་རྡོ་རྗེ་བརྡུང་བའི་ཁུ་ཚུར་གྱིས་སོ། །ཐམས་ཅད་རེངས་པར་བྱ་བ་ལ་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་གྱིས་སོ། །གཞན་གྱི་དཔུང་ཐམས་ཅད་ལྐུགས་པ་དང་འཕྱེ་བོར་བྱ་བ་ལ་ནི་རྡོ་རྗེ་ཆེན་པོ་འཕྱེ་བོའི་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་དགྲོལ་བ་ལ་ནི་རྡོ་རྗེ་ཐར་པའི་ཁུ་ཚུར་གྱིས་སོ། །རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱས་གཞིག་པ་ལ་ནི་རྡོ་རྗེ་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ། །གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་དབྱེ་བ་ལ་ནི་ཧཱུྃ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་རྡོ་རྗེར་བྱ་བ་ལ་ནི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་མ་མོའི་ཁུ་ཚུར་གྱིས་སོ། ། ཐམས་ཅད་ཕྱེ་མར་བྱ་བ་ལ་ནི་རྡོ་རྗེ་བཟང་པོའི་ཁུ་ཚུར་གྱིས་སོ། །ཐམས་ཅད་རྣམ་པར་གཞིག་པར་བྱ་བ་ལ་ནི་རྡོ་རྗེ་གདུག་པའི་ཁུ་ཚུར་གིས་སོ། །ཐམས་ཅད་གཞིག་པ་དང་རྣམ་པར་གཞོམ་པ་ལ་ནི་དབང་པོའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །ཆུའི་ནང་དུ་གནས་ཤིང་ཆགས་པ་ལ་ནི་རྡོ་རྗེ་གནོན་པོའི་ཁུ་ཚུར་གྱིས་སོ། །གཟུགས་མང་པོར་སྟོན་པ་ལ་ནི་རྡོ་རྗེ་སྣ་ཚོགས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །མི་སྣང་བའི་དངོས་གྲུབ་ལ་ནི་མི་སྣང་བའི་རྡོ་རྗེ་ཁུ་ཚུར་གྱིས་སོ། །རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བ་ལ་ནི་རྡོ་རྗེ་ནམ་མཁའི་ཁུ་ཚུར་གྱིས་སོ། །ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་


DKG085_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ། །རིག་པ་འཛིན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་རལ་གྲིའི་ཁུ་ཚུར་གྱིས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་དངོས་གྲུབ་ལ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་གྱིས་སོ། །ཐམས་ཅད་མཁྱེན་པ་གྲུབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ། །ནོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་གྱིས་སོ། །ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་ལ་ནི་རྡོ་རྗེ་ཕྱག་རྒྱའི་ཁུ་ཚུར་གྱིས་སོ། །ལས་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་སོ། །དཀྱིལ་འཁོར་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་གྱིས་སོ། ། རང་ཉིད་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དངོས་གྲུབ་རྣམས་སྟོན་པ་ལ་ནི་རྡོ་རྗེ་ལྕགས་ཀྱུའི་མཆོག་གི་ཁུ་ཚུར་གྱིས་སོ། །རྡོ་རྗེ་འཛིན་པ་ཉིད་ལ་ནི་རྡོ་རྗེ་བསྙེམས་པའི་ཁུ་ཚུར་གྱིས་སོ། །སངས་རྒྱས་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱག་རྒྱ་ཐམས་ཅད་ཀྱི་ཁུ་ཚུར་གྱི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །ཁུ་ཚུར་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ། །མཚན་མ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་མཚན་མ་མེད་པའོ། །སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ། །དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པས་དོན་འདི་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་འཛུམ་བཞིན་དུ་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་གསུངས་སོ། །ཨ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པར་མཛད་ནས། དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་


DKG085_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ཨ་ལ་སོགས་པའི་ཡི་གེའི་ཕྲེང་བ་གོ་རིམས་བཞིན་དུ་བྲི་བར་བྱའོ། །དེ་ནས་དཀྱིལ་འཁོར་བརྒྱད་པའི་ཚུལ་གྱིས་ཐིག་བཏབ་ལ། དེའི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུ་གཞོན་ནུའི་ཆ་ལུགས་འཆང་ཞིང་འཛུམ་པ་དང་བཅས་པ་ནམ་མཁའི་མདོག་ཅན་ཕྱག་བཞི་དང་རལ་གྲིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་པར་གཞག་པར་བྱའོ། །དེའི་མདུན་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུ་རྣམས་གཞག་པར་བྱའོ། །ཕྱིའི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟར་ཐོབ་པ་བཞིན་དུ་གཞག་པར་བྱའོ། །སྒོ་རྣམས་སུ་ནི་མཚན་མ་བཞི་གཞག་པར་བྱའོ། །འདི་ལྟ་སྟེ་རལ་གྲི་དང་མདུང་དང་ལྷུང་བཟེད་དང་གླེགས་བམ་རྣམས་སོ། །དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་དེ་བཞིན་དུ་ཆོས་ཀྱི་སློབ་དཔོན་དུ་བྱིན་གྱིས་བརླབ་པོ། །དེ་ནས་རལ་གྲི་བླངས་ཏེ་རལ་གྲིའི་མིང་གིས་དབང་བསྐུར་བས་དབང་བསྐུར་ལ་འདི་སྐད་ཅེས་ཆོས་འདི་བཤད་པར་བྱ་སྟེ། རལ་གྲི་འདི་ནི་རྟག་ཟུང་ལ། །ཤེས་རབ་ཚུལ་འདི་བཀར་སྨྲ་ཞིང་། །ནམ་མཁར་སངས་རྒྱས་སྦྱོར་བ་ཡིས། །འདེབས་ན་མྱུར་དུ་འགྲུབ་པར་འགྱུར། །སངས་རྒྱས་བསྟན་པ་བསྲུང་ཕྱིར་དང་། །སེམས་ཅན་མང་པོ་བསྲུང་བའི་ཕྱིར། །འདིས་བསད་སྡིག་པར་མི་འགྱུར་ཞིང་། །བསོད་ནམས་དག་ཀྱང་ཐོབ་པར་འགྱུར། །སློབ་མ་རྣམས་ལའང་དེ་བཞིན་ཏེ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་དངོས་གྲུབ་རྣམས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཆོས་ཀྱི་དཀྱིལ་འཁོར་རོ། །སྒྲུབ་པ་ཡང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དེ་བཞིན་དུ་ལས་རྣམས་འགྲུབ་པར་འགྱུར་བ་ནི། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཐོབ་པ་ལ་ནི་ཐམས་ཅད་ནམ་མཁའ་བསྒོམས་པས་སོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པ་


DKG085_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི་མཚན་མ་དང་བྲལ་བའི་ཏིང་ངེ་འཛིན་བསྒོམས་པས་སོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་སྨོན་པ་མེད་པ་བསྒོམས་པས་སོ། །རང་བཞིན་གྱིས་འོད་གསལ་བ་ཆོས་ཀྱི་ཡེ་ཤེས་ཐོབ་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་སོ། །ཉོན་མོངས་པ་ཐམས་ཅད་གཅོད་པ་ལ་ནི་ཆོས་བསྒོམས་པས་སོ། །ཡི་གེ་ཐམས་ཅད་ཀྱི་ངེས་པའི་ཚིག་གི་ཡེ་ཤེས་ལ་ནི་སྤྲོས་པ་མེད་པའི་ཡེ་ཤེས་བསྒོམས་པས་སོ། །གནས་ཐམས་ཅད་དུ་ཡི་གེས་ཆོས་ཀྱི་བྱ་བ་མཐོང་བ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ངོ་བོ་ཉིད་བསྒོམས་པས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཐོབ་པ་ལ་ནི་རྡོ་རྗེའི་རལ་གྲིའི་ཕྱག་རྒྱས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། འཁོར་ལོ་ཆེན་པོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །འཇམ་དཔལ་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་འདུས་པའི་དེ་བཞིན་གཤེགས་པས་ཡང་འཁོར་ལོ་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །རྡོ་རྗེ་མཉམ་པ་ཉིད་ལ་འཇུག་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །དོན་གྱི་མཉམ་པ་ཉིད་ལ་འཇུག་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་དམ་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པར་འགྱུར་རོ། །ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ནི་འཁོར་ལོ་ཐམས་ཅད་ལ་འཇུག་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོས་ཉིད་ཀྱི་དོན་འདི་རྒྱ་ཆེར་སྟོན་ཅིང་། བཞིན་རབ་ཏུ་འཛུམ་ནས་རྡོ་རྗེའི་འཁོར་ལོ་བསྐོར་ཞིང་རྡོ་རྗེ་འཁོར་ལོ་ཐམས་ཅད་ལ་འཇུག་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཅན་ཁམས་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་ནས། བཅོམ་ལྡན་འདས་ཀྱི་ཐུགས་ལས་དཀྱིལ་འཁོར་


DKG085_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་དམ་ཚིག་གི་སེམས་དཔའ་རྣམས་ངེས་པར་བྱུང་ནས་དཀྱིལ་འཁོར་གྱི་ཚུལ་གྱིས་ཅི་ལྟ་བ་བཞིན་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁྲོ་བོའི་འཁོར་ལོ་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ་འཇུག་པའི་དམ་ཚིག་ཅེས་བྱ་བའི་འཁོར་ལོའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྱས་ཏེ། ནང་གི་དཀྱིལ་འཁོར་དུ་རྡོ་རྗེ་འཁོར་ལོ་བྲིས་ལ། དབུས་སུ་རྡོ་རྗེའི་འཁོར་ལོ་བསྐོར་བ་གཞག་པར་བྱའོ། །ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་ཐམས་ཅད་དུ་དཀྱིལ་འཁོར་དང་པོའི་ཚུལ་དུ་གཞག་པར་བྱའོ། །ཕྱིའི་མཚམས་རྣམས་སུ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་བཞི་བྲི་བར་བྱའོ། །སྒོ་རྣམས་སུ་མཚན་མ་བཞི་གཞག་པར་བྱ་སྟེ་འདི་ལྟ་སྟེ། རྡོ་རྗེ་སེམས་དཔའི་སྐུ་དང་རྡོ་རྗེ་ཁྲོ་བོའི་སྐུ་དང་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་དང་ནམ་མཁའི་སྙིང་པོའི་སྐུ་རྣམས་སོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་ཐམས་ཅད་དུ་སངས་རྒྱས་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་དུ་འགྲུབ་པར་འགྱུར་རོ། ། དེ་ནས་འཁོར་ལོ་བླངས་ལ་འཁོར་ལོའི་མིང་གི་དབང་བསྐུར་བ་བླང་བར་བྱ་ཞིང་། གསང་བའི་དཀྱིལ་འཁོར་བཞིའི་ཐིག་བཏབ་པའི་རིགས་རྣམས་སུ་འཇུག་པར་བྱའོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་རོ། །སྒྲུབ་པ་ཡང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་ཏེ། རང་གི་ཁར་བཅུག་ལ་གཞག་པར་བྱའོ། །དཀྱིལ་འཁོར་ཆེན་པོར་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོ་ཆེན་པོས་སོ། །དེ་བཞིན་དུ་ཕྱག་རྒྱའི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ཕྱག་རྒྱས་སོ། །དེ་བཞིན་དུ་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་དམ་ཚིག་ཆེན་པོའི་འཁོར་ལོས་སོ། །ལས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་འཁོར་ལོས་སོ། །དེ་བཞིན་དུ་རྗེས་སུ་ཆགས་པར་བྱ་བ་དང་དབང་དུ་བྱ་བ་དང་དོན་ཐོབ་པ་དང་རྒྱས་གདབ་པ་དང་གཅད་པ་དང་


DKG085_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དང་མཆོད་པ་དང་གདུག་པ་འདུལ་བའི་ལས་རྣམས་ལ་ནི་སེམས་དཔའ་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱ་གཡོན་ན་འཁོར་ལོ་དང་བཅས་པ་རྣམས་ཀྱིས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དཀྱིལ་འཁོར་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་འཁོར་ལོའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་སྣོད་ཀྱི་མཆོད་པ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དམ་པའི་ཆོས་ཡོངས་སུ་འཛིན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེར་འདྲི་བ་དང་ཡི་གེར་འདྲིར་འཇུག་པ་དང་འཛིན་པ་དང་ཀློག་པ་དང་རྗོད་པ་དང་སྟོན་པ་དང་མཉན་པ་དང་སེམས་པ་དང་སྒོམ་པ་དང་མཆོད་པ་བྱེད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་མཛོད་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་ལས་ཐམས་ཅད་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཨོྃ། དེ་ནས་འདི་གསུངས་པ་ཙམ་གྱིས་ནམ་མཁའ་ཐམས་ཅད་ལས་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནམ་མཁའི་ཁམས་མ་ལུས་པར་སྤྲོས་པར་གྱུར་ནས། བཅོམ་ལྡན་འདས་ནམ་མཁའི་མཛོད་ཀྱི་བྱང་ཆུབ་སེམས་དཔའི་ཚུལ་གྱིས་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་མཛོད་མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་མཆོད་པའི་མཆོག་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །ཕྱིའི་དཀྱིལ་འཁོར་ཅི་ལྟ་བ་དེ་བཞིན་དུ་ནང་དུ་རིན་པོ་ཆེའི་ཀ་བ་བརྒྱད་བྱས་ལ་


DKG085_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ། ཞལ་འཛུམ་པ་སྐུ་དང་ཡན་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ཅན་གཞག་པར་བྱའོ། །དེའི་ཕྱོགས་ཐམས་ཅད་དུ་དམ་ཚིག་སེམས་དཔའ་རྣམས་གཞག་པར་བྱའོ། །འདི་ལྟ་སྟེ་ཕྱག་ན་རྡོ་རྗེ་དང་འཇིག་རྟེན་དབང་ཕྱུག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་པོ་བྱང་ཆུབ་ཀྱི་སེམས་དང་ཏིང་ངེ་འཛིན་དང་དབང་བསྐུར་བ་དང་ཕྱག་རྒྱ་ཡོངས་སུ་འཛིན་པ་དང་སྟོང་པ་ཉིད་དུ་སྨྲ་བ་དང་དཀྱིལ་འཁོར་འདྲི་བ་དང་མཆོད་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་ནི་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་ན་འཛིན་པའི་ཚུལ་གྱིས་ཅི་ལྟ་བ་བཞིན་དུ་གཞག་གོ། །ཕྱིའི་མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པ་རྣམས་དང་། སྒོ་རྣམས་སུ་ནི་དབྱིག་དང་གསེར་དང་མུ་ཏིག་དང་རིན་པོ་ཆེ་སྟེ་མཚན་མ་བཞི་གཞག་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེ་ཐམས་ཅད་ཀྱིས་མཆོད་པ་ཐམས་ཅད་འཐོབ་པར་འགྱུར་རོ། །ཞུགས་ནས་སྣ་ཚོགས་རྡོ་རྗེ་བླངས་ལ་སྣ་ཚོགས་རྡོ་རྗེའི་མིང་གིས་དབང་བསྐུར་བས་དབང་བསྐུར་ནས་མཆོད་པ་རྣམ་པ་བཞི་བྱས་ཏེ། འདི་ལྟ་སྟེ་ལུས་ཀྱི་ལས་ཐམས་ཅད་དང་ཕྱག་བྱ་བ་དང་ངག་དང་ཡིད་དང་སེམས་ཀྱིས་ཆོས་ཀྱི་དབྱིངས་སུ་སྤྲོས་པས་མཆོད་པའི་ཆོ་ག་རྒྱས་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞིང་རྡོ་རྗེ་དང་ཕྱག་རྒྱས་མཆོད་པ་གཅིག་ཏུ་བྱས་པའོ། །སློབ་མ་རྣམས་ཀྱི་གཞུག་པའི་ལས་ཀྱང་དེ་བཞིན་ནོ། །ལས་ཀྱི་དཀྱིལ་འཁོར་རོ། །དེ་ནས་སྒྲུབ་པ་དང་དངོས་གྲུབ་དག་ཀྱང་དེ་བཞིན་ནོ། །དེ་ནས་མ་བསྒྲུབས་པར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་ལ་ནི་རང་གི་སྙིང་གར་རྡོ་རྗེ་བསྒོམས་པས་སོ། །ཏིང་ངེ་འཛིན་གྱི་མཆོད་པ་ལ་ནི་ཐམས་ཅད་དག་པར་བསྒོམས་པས་སོ། །དབང་བསྐུར་བའི་མཆོད་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་ཀྱིས་སོ། །ཕྱག་རྒྱའི་མཆོད་པ་ལ་ནི་སྣ་ཚོགས་རྡོ་རྗེ་ཐམས་ཅད་ཀྱིས་སོ། །སྟོང་པ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན་པས་སོ། །དཀྱིལ་འཁོར་གྱི་མཆོད་པ་ལ་ནི་རྡོ་རྗེ་འཁོར་ལོ་སྣ་ཚོགས་ཀྱིས་སོ། །མཆོད་པ་ཐམས་ཅད་ལ་ནི་སྣ་ཚོགས་རྡོ་རྗེས་སོ། །གདུག་པ་འདུལ་བའི་མཆོད་པ་ལ་ནི་ཁྲོ་བོས་སོ། །མེ་ཏོག་ལ་སོགས་པ་དོར་བ་ལ་ནི་བཟླས་


DKG085_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། སྣ་ཚོགས་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །ནམ་མཁའི་མཛོད་ཀྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདུག་པ་ཐམས་ཅད་འདུལ་ནུས་པས་ཡང་། ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པས་སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་པས་ཁྲོ་བ་མཉམ་པ་ཉིད་དོ། །སེམས་ཅན་ཐམས་ཅད་དུལ་བ་ཉིད་པས་ཁྲོ་བ་དུལ་བ་ཉིད་དོ། །སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ། །སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་པས་ཁྲོ་བ་རྡོ་རྗེ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ།། །།དེ་ནས་བྱང་ཆུབ་སེམས་དཔའ་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པ་དོན་དེ་ཉིད་རྒྱ་ཆེར་སྟོན་ཏེ། བཞིན་རབ་ཏུ་འཛུམ་ཞིང་རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཀྱིས་རྡོ་རྗེ་ཁྲོ་བོའི་གད་མོ་ཞེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཉ། དེ་ནས་འདི་གསུངས་པ་ཙམ་གྱིས་གདུག་པ་ཐམས་ཅད་འདུལ་བའི་སེམས་དཔའ་རྣམས་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཐུགས་ལས་བྱུང་སྟེ། དང་པོའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་ཐབས་ཐམས་ཅད་ཀྱིས་འདུལ་བ་ཁྲོ་བོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། གདུག་པ་ཐམས་ཅད་འདུལ་ཞིང་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་གནོད་སྦྱིན་གྱི་དཀྱིལ་འཁོར་འདི་གསུངས་སོ། །ཕྱི་ཡི་དཀྱིལ་འཁོར་ཚུལ་དུ་ནི། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་རིམ་ཉིད་དུ་ནི། །དཀྱིལ་འཁོར་བཟང་པོ་གྲུ་བཞི་པ། །སྒོ་བཞི་པ་ལ་ཐིག་བཞིར་ལྡན། །ཚོན་སྣ་ལྔས་ནི་རྣམ་པར་བྲི། །ཀ་བ་བརྒྱད་ནི་མདུན་གནས་པར། །འབར་བའི་དཀྱིལ་འཁོར་ཡང་དག་ལྡན། །དེ་ཡི་དབུས་སུ་ཅི་རིགས་པར། །རྡོ་རྗེ་གནོད་སྦྱིན་གཞག་བྱ་སྟེ། །རྡོ་རྗེ་མཆེ་བ་གཙིགས་པ་དང་། །འབར་བའི་ཕྲེང་བ་འཁྲིགས་པའི་འོད། །འཇིགས་བྱེད་ཁ་དོག་སྔོ་བ་དང་། །ཧ་ཧ་ཞེས་


DKG085_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞད་གསལ་བའི་ཞལ། །དེ་ཡི་ཀུན་དུ་གནོད་སྦྱིན་ནི། །ཤིན་ཏུ་འཇིགས་པ་གཞག་པར་བྱ། །དེ་ཉིད་དང་པོ་ལ་སོགས་མཆོག །ཕྱག་ན་རྡོ་རྗེ་སོགས་མཚན་འཆང་། །ཕྱི་ཡི་དཀྱིལ་འཁོར་མཚམས་རྣམས་སུ། །མཆེ་བའི་ཕྱག་རྒྱ་བྲི་བར་བྱ། །སྒོ་ཡི་གནས་ནི་ཐམས་ཅད་དུ། །རྡོ་རྗེའི་མཚན་མ་གཞག་པར་བྱ། །དེ་ནས་འཇུག་པ་ལ་སོགས་པ་འབྱུང་སྟེ། རྡོ་རྗེ་མཆེ་བའི་ཕྱག་རྒྱ་དང་། ཧ་ཧ་ཞེས་བཞད་པ་དང་བཅས་པས་ཞུགས་ནས་གདུག་པ་ཐམས་ཅད་འདུལ་ནུས་ཤིང་མྱུར་དུ་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་ཞུགས་ནས་རྡོ་རྗེ་མཆེ་བ་བླངས་ནས་རྡོ་རྗེ་མིང་གིས་དབང་བསྐུར་ལ་རྡོ་རྗེས་གནོད་སྦྱིན་ཉིད་ལ་བསྣུན་ནོ། །དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཞལ་ནས་ཧ་ཧ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་སྲུང་བ་པོ་གནོད་སྦྱིན་གྱི་བདག་པོ་ཕྱག་ན་རྡོ་རྗེ་གཏུམ་པོར་བདག་གྲུབ་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱ་ཞིང་བསྒྲུབ་པར་བྱའོ། །དེ་ནས་མཆོད་ལ་དེ་བཞིན་དུ་ཡང་དག་པར་ཚིམ་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ལན་ཅིག་བརྗོད་ལ་སླར་དབྱུང་བར་བྱའོ། །དེ་བཞིན་དུ་ཕྱག་རྒྱ་བཅིང་བ་ལ་སོགས་པའི་ཆོ་ག་རྒྱས་པ་ནི་དང་པོ་ལ་སོགས་པའི་དཀྱིལ་འཁོར་ཐམས་ཅད་དུ་བྱའོ། །ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་རོ། །སྒྲུབ་པ་དང་དངོས་གྲུབ་ཀྱང་དེ་བཞིན་ནོ། །མ་བསྒྲུབས་པར་ཡང་དང་པོ་ཅི་ལྟ་བ་བཞིན་ནོ། །གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ། །སེམས་ཅན་ཐམས་ཅད་གདུལ་བ་ལ་ནི་ཁྲོ་བས་ཧ་ཧ་ཞེས་དགོད་ཅིང་འདུལ་བས་སོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་འདོད་ཆགས་དང་བྲལ་བ་ལས་ལྟུང་བར་བྱ་བ་ལ་ནི་ཆོས་གོས་དང་སྣམ་སྦྱར་གྱི་སྦྱིན་སྲེག་གིས་སོ། །དབང་བསྐུར་བ་ཐམས་ཅད་དབྲོག་པ་ལ་ནི་ཁམས་ཐམས་ཅད་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་སོ། །ཐམས་ཅད་རྒྱས་གདབ་པ་ལ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ། །ཐམས་ཅད་བཅད་པ་ལ་ནི་གཟུགས་བརྙན་བྱས་ནས་གཏུབ་པས་སོ། །མ་རུངས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམ་པར་གཞིག་པ་ལ་ནི་རྡོ་རྗེ་བཟུང་ནས་འཇུག་པར་བྱའོ། །མཆོད་པ་


DKG085_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྣམ་པར་གཞིག་པ་ལ་ནི་ཁྲོས་ནས་བཟླས་བརྗོད་བྱའོ། །ཐམས་ཅད་སྐྲག་པར་བྱ་བ་ལ་ནི་འཇིགས་བྱེད་ཀྱི་ལྟ་བས་བལྟ་བར་བྱའོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། རྡོ་རྗེ་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རྡོ་རྗེ་གནོད་སྦྱིན་གྱི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་གནས་པས་ཡང་ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ། །ཐམས་ཅད་དོན་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཉིད་དོ། །ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ། ། དེ་ནས་བཅོམ་ལྡན་འདས་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཡོད་པའི་དམ་ཚིག་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་འདི་སྨྲས་སོ། །ཧཱུྃ། དེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དཀྱིལ་འཁོར་ཐམས་ཅད་ཐུགས་ལས་བྱུང་སྟེ། དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་དེར་ཞུགས་པར་གྱུར་ཏོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ངེས་པར་བཏུད་དེ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་ཆེན་པོ་བྲིས་ལ། དཀྱིལ་འཁོར་གྱི་གནས་བརྒྱད་དུ་རྡོ་རྗེ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་དཀྱིལ་འཁོར་སོ་སོར་གཞག་གོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། དེའི་དབུས་སུ་རྡོ་རྗེའི་འཁོར་ལོ་བྲིས་ནས། འཁོར་ལོའི་གནས་རྣམས་སུ་


DKG085_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཆེན་པོ་ལ་སོགས་པ་བྲི་པར་བྱའོ། །ཐམས་ཅད་ཀྱང་དཀྱིལ་འཁོར་བརྒྱད་པའི་ཐིག་བཏབ་ཅིང་། སེམས་དཔའ་ཆེན་པོ་གཞག་པར་བྱའོ། །ཕྱིའི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཅི་ལྟར་རྗེས་སུ་མཐུན་པར་བྲི་བར་བྱའོ། །སྒོ་རྣམས་སུ་ནི་རིགས་བཞིའི་མཚན་མ་རྣམས་གཞག་པར་བྱའོ། །དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་རྒྱས་པར་བྱའོ། །དམ་ཚིག་ཆེན་པོའི་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ་རྫོགས་སོ། །རིགས་བསྡུས་པའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྣང་མཛད་ཀྱིས་ཡང་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ། །ཐམས་ཅད་རྡོ་རྗེའི་སྙིང་པོས་དབང་བསྐུར་བ་ཉིད་པས། སེམས་ཅན་ཐམས་ཅད་ནི་རྡོ་རྗེའི་སྙིང་པོ་ཅན་ནོ། །ངག་ཐམས་ཅད་རབ་ཏུ་བྱུང་བས་སེམས་ཅན་ཐམས་ཅད་ནི་ཆོས་ཀྱི་སྙིང་པོ་ཅན་ནོ། །སེམས་ཅན་ཐམས་ཅད་ཀྱི་བྱ་བ་བྱེད་པ་ལ་སྦྱོར་བས་སེམས་ཅན་ཐམས་ཅད་ནི་ལས་ཀྱི་སྙིང་པོ་ཅན་ནོ། །དེ་ནས་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱིས་ཅ་ཅོའི་སྒྲ་ཕྱུང་ནས། ཆོས་ཉིད་ཀྱི་དོན་རྒྱ་ཆེར་སྟོན་ཅིང་སྙིང་པོ་ཕུལ་ཏེ། དེ་ནས་རྡོ་རྗེའི་དབང་ཕྱུག་ཆེན་པོས་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །ཏྲི། དེ་ནས་དཀྱིལ་འཁོར་བཤད་པར་བྱ་སྟེ། ཀུན་ནས་ཟླུམ་པོ་ཐིག་གསུམ་པ་དཀྱིལ་འཁོར་ཆེན་པོ་སྒོ་བཞི་པ། མཚམས་རྣམས་སུ་མདུང་རྩེ་གསུམ་པ་བྲི་བར་བྱའོ། ། དེའི་དབུས་སུ་དབང་ཕྱུག་ཆེན་པོ་བྲི་བར་བྱའོ། །དེའི་ལོགས་ཐམས་ཅད་དུ་ཚོགས་བརྒྱད་པོ་བྲི་བར་བྱ་སྟེ། འདི་ལྟ་སྟེ་ནག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་། དྲིལ་ཆེན་དང་། གར་གྱི་དབང་ཕྱུག་རྣམས་ནི་ཕྱོགས་རྣམས་སུའོ། །མཚམས་རྣམས་སུ་ནི་ཐོད་པ་བཟང་པོ་དང་། གཏུམ་


DKG085_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དབང་ཕྱུག་དང་། ལག་ན་ཁ་ཊྭཱྃ་ག་དང་། བ་གླང་རྣ་བའི་དབང་ཕྱུག་གོ། །ཐིག་གི་མཚམས་རྣམས་སུ་ནི། མ་མོའི་ཚོགས་ཐམས་ཅད་གནས་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །སྒོ་རྣམས་སུ་ནི་དབྱུག་པའི་དབང་ཕྱུག་དང་། མགོའི་དབང་ཕྱུག་དང་། དྲིལ་རྣ་དང་། དྲག་པོ་ཆེན་པོའོ། །ཕྱི་རོལ་དུ་ནི་འབྱུང་པོ་རྣམས་དང་། ཡི་གེ་རྣམས་བྲི་བར་བྱའོ། །དེ་ནས་སློབ་དཔོན་ཐལ་བ་གཙང་མས་ལུས་བསྐུས་ཤིང་གོས་གཙང་མ་བགོས་ཏེ། མདུང་རྩེ་གསུམ་གྱི་མཚན་མ་གཞག་པར་བྱའོ། །ཞུགས་ནས་ཀྱང་སྙིང་པོ་བཟླས་པར་བྱའོ། །དེ་ནས་སློབ་མ་དེ་བཞིན་དུ་བཅུག་ལ་ལག་པར་མདུང་རྩེ་གསུམ་པ་བྱིན་ནས་ཆོས་བཤད་པར་བྱའོ། །སེམས་ཅན་ཀུན་ལ་ཕན་ཕྱིར་དང་། །བསྟན་པ་ཐམས་ཅད་བསྲུང་ཕྱིར་དང་། །འདོད་ཀུན་བདག་པོ་ཉིད་ཀྱི་ཕྱིར། །དྲག་པོའི་ལས་ལ་གནས་པར་གྱིས། །དེ་ནས་ཕྱག་རྒྱའི་ཡེ་ཤེས་བསླབས་ཏེ་གཏོར་མ་སྦྱིན་པར་བྱའོ། །དེ་ནས་བརྩམས་ཏེ་འཇིགས་པ་མེད་པར་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་རྗེས་སུ་མྱོང་ནས། དྲག་པོའི་འཇིག་རྟེན་དུ་མཆོད་པར་འགྱུར་རོ། །དཀྱིལ་འཁོར་ཆེན་པོ་ཞི་བའི་མདུང་ཐུང་གིས་མཚན་མ་ཞེས་བྱའོ། །དེ་ནས་མ་མོ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། དང་པོ་མགྲིན་གཅིག་ཏུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་གསད་པ་དང་བསྒྲུབ་པའི་དམ་ཚིག་ཅེས་བྱ་བ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །བྷྱོ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ་བྱང་གི་སྒོ་ཅན་གྱི་དཀྱིལ་འཁོར་ཐིག་བཏབ་ལ། དབུས་སུ་ནག་པོ་ཆེན་པོ་གར་བྱེད་བཞིན་པ་གཞག་པར་བྱའོ། །དེའི་ཕྱོགས་དང་མཚམས་སུ་མ་མོ་བརྒྱད་བྲི་བར་བྱ་སྟེ། འདི་ལྟ་སྟེ་དྲག་མོ་དང་། ཚངས་པ་མོ་དང་། ཁྱབ་འཇུག་མོ་དང་། གཞོན་ནུ་མོ་དང་། ནག་མོ་དང་། ནག་མོ་ཆེན་མོ་དང་། ཤ་ཟ་མོ་དང་སྲིན་མོའོ། །དཀྱིལ་འཁོར་གྱི་ཕྱིའི་མཚམས་རྣམས་སུ་ནི་དྲག་པོའི་མཁའ་འགྲོ་མ་བཞི་བྲི་བར་བྱ་སྟེ། ཞི་བ་མོ་དང་། བེ་རུཎྚ་དང་། གཏུམ་མོ་དང་། འཇིགས་བྱེད་མ་རྣམས་སོ། །དེ་རྣམས་ཀྱི་མཚན་མ་ནི་མདུང་


DKG085_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་པ་དང་། ཕྲེང་བ་དང་། འཁོར་ལོ་དང་། དྲིལ་བུ་དང་ཐོད་པ་ཁྲག་དང་བཅས་པ་དང་། འཁར་གསིལ་དང་། མཆེ་བ་དང་། ཁ་ཊྭྭཱྃ་གའོ། །སྒོ་སྲུང་རྣམས་ཀྱི་ནི་ཐོད་པ་དང་། རུས་པའི་ལུ་གུ་རྒྱུད་དང་བྱ་རྒོད་དང་བྱི་ལའོ། །དེ་ནས་ཕྱག་རྒྱའི་སློབ་དཔོན་ཆོས་སྤྱོད་པ་གཙང་བ་གོས་གཙང་མ་བགོས་པ། ཐམས་ཅད་ཟ་བའམ་ཐམས་ཅད་སྤྱད་པ་ལ་ཡང་སྨད་པ་མེད་དེ། ཞི་བའི་ཕོ་ཉའི་ཕྱག་རྒྱས་ཞུགས་ལ་སྙིང་པོ་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ནས་བྷྱོ་ཆེན་པོ་ཐོས་པར་འགྱུར་རོ། །དེ་ནས་སློབ་དཔོན་མ་གཏོགས་པ་གཞན་ཐམས་ཅད་ཅི་ལྟར་འོངས་པ་ཞུགས་པར་འགྱུར་ཞིང་ཐོབ་པར་འགྱུར་ཏེ། གདུག་པའི་དམ་ཚིག་ནི་མ་གཏོགས་སོ། །དེ་ནས་སློབ་མ་ལག་ན་མེ་ཏོག་ཐོགས་པས་རས་ཀྱིས་མིག་བཀབ་ལ། ནག་པོ་ཆེན་པོའི་ཕྱག་རྒྱས་བཅུག་སྟེ། རྣ་བར་དམ་ཚིག་ཆེན་པོ་བྷྱོ་ཞེས་བྱ་བ་དང་སྦྱར་རོ། །དེ་ནས་སྐྲག་ནས་མེ་ཏོག་དོར་རོ། །དེ་ནས་གང་དུ་ལྷུང་བ་དེ་ལྷག་པའི་ལྷར་བསྒྲུབ་པར་བྱའོ། །གལ་ཏེ་ལྷུང་བར་མ་གྱུར་ན་ཡང་དོར་དུ་གཞུག་གོ། །དེ་ནས་ནི་འཇིགས་པར་བྱེད་ནུས་ཤིང་རྣལ་འབྱོར་ཡང་སོ་སོར་ཐོབ་པར་འགྱུར་རོ། །དེ་ནས་གདོང་གཡོགས་བཀྲོལ་ལ་དཀྱིལ་འཁོར་བསྟན་པར་བྱའོ། །བདུག་པ་ལ་སོགས་པའི་ཕྱག་རྒྱས་མཆོད་ནས་སྙིང་པོ་དང་རང་རང་གི་མཚན་མ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་བསྟན་པར་བྱ་སྟེ། སེམས་ཅན་ཐམས་ཅད་རྒྱས་བཏབ་ཅིང་། །དམ་ཚིག་སྡང་རྣམས་བཟའ་བར་བྱ། །སྔགས་རྣམས་བསྟན་པར་མི་བྱ་སྟེ། །དམ་ཚིག་རྣལ་འབྱོར་གྲུབ་སྟེར་བྱའོ། །དྲག་པོའི་དམ་ཚིག་མདུང་རྩེ་དང་། །མ་མོ་རྣམས་ཀྱི་རྒྱས་འདེབས་པས། །གལ་ཏེ་འདས་ན་ཁྱོད་ཀྱི་སྙིང་། །རྟག་ཏུ་འཇིག་པར་བྱེད་པར་འགྱུར། །དེ་ནས་བརྩམས་ཏེ་གང་ཤ་ཆེན་པོ་ཟ་བ་ནི་དེ་རིང་པོ་མི་ཐོགས་པར་རྣལ་འབྱོར་འགྲུབ་པར་འགྱུར་རོ། ། གང་ཟ་བར་མི་འགྱུར་བ་དེའི་དངོས་གྲུབ་མེད་དོ། །གལ་ཏེ་དམ་ཚིག་ལས་འདས་པར་མ་གྱུར་ན་ཚོགས་ཐམས་ཅད་ཀྱིས་ཀྱང་མི་གསོད་པར་འགྱུར་རོ། །ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱ་སྟེ། ཕྱག་རྒྱའི་གར་དང་མཆོད་པ་བྱས་ནས་གཏོར་མ་བྱིན་ཞིང་། བཟའ་བ་དང་བཏུང་བ་དང་ལོངས་སྤྱོད་


DKG085_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པས་ཚིམ་པར་བྱས་ནས་ཕྱིར་འབྱུང་བར་བྱའོ། །དངོས་གྲུབ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བའི་ཕྱག་རྒྱའི་དཀྱིལ་འཁོར་རོ། །དེ་ནས་སྦྲང་རྩིར་བྱེད་པ་ལ་སོགས་པ་མིང་པོ་གསུམ་གྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། མགྲིན་གཅིག་ཏུ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །སྭ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཟུར་བཞི་པ་དང་སྒོ་བཞི་པར། །ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ། །དེ་ཡི་ནང་དུ་དཀྱིལ་འཁོར་ནི། །གཞུ་ཡི་དབྱིབས་ཅན་བྲི་བར་བྱ། །དེ་ཡི་དབུས་སུ་མིང་པོ་ནི། །མཆོག་གསུམ་དག་ནི་གཞག་པར་བྱ། ། སྦྲང་རྩི་བྱེད་དང་རྒྱལ་བྱེད་དང་། །དེ་བཞིན་དོན་རྣམས་ཐམས་ཅད་ནི། །འགྲུབ་པར་བྱེད་ཅེས་བྱ་བའོ། །གོ་ཆ་ཡ་ལད་བགོས་པ་དང་། །དེ་བཞིན་ཐོད་པ་མཚན་མ་འཛིན། །ལྷ་མོའི་གོས་དང་ཕྲེང་བ་འཆང་། །ཅུང་ཟད་དགོད་ཅིང་ཁྲོ་བ་དང་། །སེང་གེའི་ཁྲི་ལ་འདུག་པ་དང་། །འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པའོ། །དངོས་གྲུབ་ཀུན་སྟེར་དག་པ་སྟེ། །གསུམ་ནི་སྲིད་གསུམ་དག་དང་མཚུངས། །སྒོ་དང་མཚམས་ནི་ཐམས་ཅད་དུ། །ཚོགས་ལ་སོགས་པ་ལེགས་པར་བཞག །གྲུབ་དང་འཕེལ་ཆེན་གནོད་སྦྱིན་དང་། །གཏུམ་དང་ཁྲོ་མཆོག་གསོད་པའོ། ། ཕྱི་རོལ་བ་དན་རྩེ་མོ་ལ། །དྲིལ་བུ་ཕྲེང་བཅས་ཐམས་ཅད་དུ། །བུམ་པ་གང་བ་རོ་མཆོག་བཅས། །འབྱུང་པོ་མ་ལུས་གཏོར་མར་བཅས། །གླུ་རྣམས་གླུ་རུ་ལེན་པ་དང་། །རོལ་མོ་རྡུང་བར་བྱེད་པ་དང་། །དེ་བཞིན་སློབ་དཔོན་གར་བྱེད་པས། །ཕྱག་རྒྱ་ཀུན་གྱིས་འཇུག་པར་བྱ། ། ཞུགས་ནས་སྒྲུབ་ལ་དད་པ་ཡིས། །ཡང་ནས་ཡང་དུ་འདུད་བྱ་ཞིང་། །མེ་ཏོག་ཀུན་གྱིས་མཆོད་པ་ཡིས། །བསྒྲུབ་དང་དེ་ཉིད་དག་ཀྱང་བརྗོད། །འཇིག་རྟེན་གསུམ་པོ་སྲིད་གསུམ་མཆོག །ངན་སོང་གསུམ་མཆོད་གསུམ་རྣམ་གསུམ། །ལེགས་ལྡན་སྦས་པས་གྲུབ་པ་ནི། ། དངོས་གྲུབ་ཀུན་ལ་རྟག་ཏུའོ། །དེ་ནས་སྙིང་པོ་ལན་ཅིག་བརྗོད་ཅིང་ཕྱག་རྒྱ་ཐམས་ཅད་ཀྱི་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ལ་དགུག་པར་བྱའོ། །དེ་ནས་དྲིལ་བུ་དང་བཅས་པའི་ཕྲེང་བ་རྣམས་གཡོའོ། །ཐམས་ཅད་ཕབ་ནས་དེ་བཞིན་དུ་གཞུག་པར་བྱའོ། །དེ་ནས་དམ་ཚིག་འདི་བརྗོད་


DKG085_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པརབྱའོ། །གལ་ཏེ་དམ་ཚིག་འདས་གྱུར་ན། །ཕ་གསོད་འགྲོ་བ་གང་ཡིན་དང་། །མ་གསོད་པ་ཡི་འགྲོ་བ་གང་། །འགྲོ་བ་དེར་ནི་འགྲོ་བར་འགྱུར། །རྟག་ཏུ་དམ་པ་བསྟེན་པར་བྱ། །དམ་པ་མིན་པ་ཡོངས་སུ་སྤང་། །གཞན་ལ་དེ་ཉིད་བསྟན་མི་བྱ། ། རྟག་ཏུ་མིང་པོ་གསུམ་པོ་བསྒྲུབ། །འདི་ནི་དམ་ཚིག་གོ། །དེ་ནས་གླུ་དང་གར་དང་། རོལ་མོ་དང་། དགོད་པ་དང་། དགའ་བ་དང་། ཟ་བ་དང་མགུ་བས་མེལ་ཚེ་བྱའོ། །ཕྱག་རྒྱ་དང་གར་ཕྱི་རོལ་མོའི་མཆོད་པ་ཡང་བྱས་ལ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་དང་བཅས་པས་བྱུང་བ་དང་། འབྱུང་བར་འགྱུར་བའི་ཡེ་ཤེས་བརྗོད་པར་བྱའོ། །དེ་ནས་བརྩམས་ཏེ་དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། འབྱོར་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །དམ་ཚིག་གི་དཀྱིལ་འཁོར་རོ། །དེ་ནས་སྲིང་མོ་བཞེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་འདི་ཕུལ་ལོ། །ཧཱུྃ། དེ་ནས་འདིའི་དཀྱིལ་འཁོར་བཤད་པར་བྱ་སྟེ། །དཀྱིལ་འཁོར་ཀུན་ནས་ཟླུམ་པོར་ཐིག་བཏབ་ལ། ཐིག་བཞི་ལ་འཁོར་ལོ་བཞི་པ་བྱས་ལ་དཀྱིལ་འཁོར་དེ་རྣམས་སུ་སྒོ་བཞིར་བལྟ་བའི་ལྷ་མོ་བཞིའི་གཟུགས་བརྙན་གཞག་པར་བྱ་སྟེ། འདི་ལྟ་སྟེ་དགའ་བ་མོ་ནི་ཤར་དུ་ལྟ་བ། མདའ་དང་གཞུ་ཐོགས་པ་ལ་བརྩོན་པ། སྒེག་མོ་མདོག་དམར་བའོ། །གསོད་མ་ལྷོ་ཕྱོགས་སུ་ལྟ་བ་ལག་ན་རལ་གྲི་དང་ཕུབ་ཐོགས་པ་མདོག་ནག་པོའོ། །ཕག་མོ་ནུབ་ཏུ་ལྟ་བ་ལག་ན་གསེར་གྱི་གཏེར་ཐོགས་པ། གསེར་གྱི་མདོག་ཅན་ནོ། ། གྲུབ་པ་མོ་ཞི་བ་མོ་ཞེས་བྱ་བ་བྱང་དུ་ལྟ་བ། ལག་ན་གྲི་དང་། ཤ་ཁར་ཐོགས་པ་མདོག་དཀར་མོའོ། །ཕྱི་རོལ་གྱི་སྒོ་བཞིར་མཚན་མ་དགོད་པ་གཞག་པར་བྱའོ། །དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་། ལག་པ་གཡོན་པ་ཁ་ཊྭཱྃ་ག་དང་བཅས་པས་འཇུག་པར་བྱའོ། །ཞུགས་ནས་སྙིང་པོ་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་དང་གར་གྱི་མཆོད་པ་བསྟབ་པར་བྱའོ། །དེ་ནས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །མཁའ་འགྲོ་མ་ལ་སོགས་པ་གདོན་ཐམས་ཅད་ཀྱིས་མི་ཚུགས་པ་དང་། འདི་


DKG085_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ནོར་རྣམས་ཀྱང་བསྐྱེད་པར་འགྱུར་རོ། །ཅི་ལྟར་མངོན་པར་འདོད་པ་ཐམས་ཅད་ཀྱིས་མཉེས་པར་བྱེད་པ་དང་། གཏེར་ཐམས་ཅད་འབྱིན་པ་དང་།དངོས་གྲུབ་ཐམས་ཅད་བསྒྲུབ་པར་ནུས་པར་འགྱུར་རོ། །སློབ་མ་གཞུག་པ་ཡང་དེ་བཞིན་ནོ། །དེ་རྣམས་དང་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །ལས་ཀྱི་དཀྱིལ་འཁོར་རོ། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་རྟོག་པ་རྫོགས་སོ། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་བཞིའི་རྟོག་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཐའ་ཡས་མུ་མེད་པས་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པས་ཡང་ཆོ་ག་འདི་མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་མཐར་ཐུག་པ། བྱིན་གྱིས་བརླབ་པ་རྡོ་རྗེ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་ཉིད་པས་རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས་ཆོས་ཐམས་ཅད་དུ་མ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་པས་ལས་ཐམས་ཅད་མཐར་ཐུག་པ་མེད་པ་ཉིད་དོ། །གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཉན་པ་དང་། འཆང་བ་དང་ཀློག་པ་དང་སྟོན་པ་དང་རྗོད་པ་དང་སྒོམ་པ་དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཐུག་པ་མེད་པའི་མཐར་ཕྱིན་ཏེ། སྒྲིབ་པ་ཐམས་ཅད་ཟད་ནས་དེ་བཞིན་གཤེགས་པའམ་རྡོ་རྗེ་འཛིན་པར་མྱུར་དུ་འགྱུར་རོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་དོན་ཡོད་པ་དང་ཐོགས་པ་མེད་པར་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར། ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །སེམས་ཅན་ཆེན་པོ་ལེགས་སོ་ལེགས། །བདེ་བ་ཆེན་པོ་ལེགས་སོ་ལེགས། །ཐེག་པ་ཆེན་པོ་ལེགས་སོ་ལེགས། །བློ་གྲོས་ཆེན་པོ་ལེགས་སོ་ལེགས། །ཆོ་ག་འདི་ནི་ལེགས་པར་སྨྲས། །སངས་རྒྱས་


DKG085_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཛིན་ཀུན་གྱིས། །འབྲས་བུ་ཡོད་ལ་འདུལ་བའི་མཆོག །རྡོ་རྗེའི་མདོ་འདི་བྱིན་གྱིས་བརླབས། །ཆོ་གའི་རྒྱལ་པོ་བླ་ན་མེད། །གང་རྣམས་འདི་དག་འཛིན་པ་ནི། །བདུད་ལ་སོགས་པ་ཐམས་ཅད་ཀྱིས། །དེ་དག་མི་སོད་མི་ཚུགས་སོ། ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དངོས་གྲུབ་དམ་པ་ཐམས་ཅད་ཀྱང་། །སངས་རྒྱས་ཀུན་གྱིས་གསུངས་པ་བཞིན། རིང་པོར་མི་ཐོགས་འཐོབ་པར་འགྱུར། །དེ་སྐད་གསུངས་ནས་གསང་གྲུབ་ཕྱིར། །རྡོ་རྗེ་ཅན་གྱིས་བཤད་པ་ལ། །ཀུན་མཆོག་སངས་རྒྱས་མཁའ་བཅས་པ། །ཐམས་ཅད་ཀྱིས་ནི་མངོན་པར་བསྟོད། །བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲད་དྷཱ་ཀ་ར་བ་རྨ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།


previousདཔལ་མཆོག་དང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་རྟོག་པའི་རྒྱལ་པོ།next