Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་དྲུག་པ།


   
   
   
   
   
རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།
   


 
previousརྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།next

རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།


DKG086_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་བཻ་རོ་ཙ་ན་ཨ་བྷི་སཾ་བོ་དྷི་བི་ཀུརྦྦ་ཏི་ཨ་དྷིཥྛཱ་ན་བཻ་པུལྱ་སཱུ་ཏྲ་ཨིནྡྲ་རཱ་ཛཱ་ནཱ་མ་དྷརྨྨ་པཪྱཱ་ཡ། བོད་སྐད་དུ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས།བམ་པོ་དང་པོ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བྱིན་གྱིས་རློབ་པ། རྡོ་རྗེ་ཆེན་པོ་རྒྱ་ཆེ་བ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། རྡོ་རྗེ་འཛིན་ཐམས་ཅད་འདུ་བ། དེ་བཞིན་གཤེགས་པའི་མོས་པས་རྣམ་པར་རོལ་པ། མཐའ་དང་དབུས་མེད་ཅིང་རྩེ་མོ་མཐོ་བ། རིན་པོ་ཆེའི་རྒྱལ་པོས་ཤིན་ཏུ་ལེགས་པར་བརྒྱན་པ་འབྱུང་བའི་ཁང་བཟངས་ཆེན་པོ་རིན་པོ་ཆེའི་རྒྱལ་པོའི་ནང་ན། བྱང་ཆུབ་སེམས་དཔའི་ལུས་ཀྱི་སེང་གེའི་ཁྲི་ལ་བཞུགས་ཏེ། འདི་ལྟ་སྟེ། རྡོ་རྗེ་འཛིན་ནམ་མཁའ་དྲི་མ་མེད་པ་དང་། ནམ་མཁའ་ལ་རྣམ་པར་འགྲོ་བ་དང་། ནམ་མཁའ་འབྱུང་བ་དང་། གོས་སྣ་ཚོགས་གྱོན་པ་དང་། སྣ་ཚོགས་སུ་རྒྱུ་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་ལ་གནས་པ་དང་། སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡོངས་སུ་སྐྱོབ་པའི་རྡོ་རྗེ་དང་། སྲེད་མེད་ཀྱི་བུའི་སྟོབས་ཅན་དང་། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས་ཅན་དང་། རྡོ་རྗེ་བཟང་དང་། རྡོ་རྗེ་མཆོག་གི་ཤུགས་འཆང་བ་དང་། དྲི་མ་མེད་པའི་རྡོ་རྗེ་དང་། རྡོ་རྗེ་མཆོག་འཆང་བ་དང་། དེ་བཞིན་གཤེགས་པའི་གོ་ཆ་དང་། དེ་བཞིན་གཤེགས་པའི་གོ་འཕང་དུ་འབྱུང་བ་དང་། སྤྲོས་པ་མེད་པ་ལ་གནས་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ངེས་པར་སྐྱེས་པ་དང་། དྲི་མ་མེད་པའི་མིག་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་། དེ་དག་ལ་སོགས་ཏེ། སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་


DKG086_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྡུལ་སྙེད་ཀྱི་རྡོ་རྗེ་འཛིན་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སོགས་པ་དག་གིས་ཀྱང་བསྐོར་ཅིང་མདུན་གྱིས་བལྟས་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་ཉི་མ་དུས་གསུམ་ལས་འདས་པར་བྱིན་གྱིས་བརླབས་ནས། སྐུ་དང་། གསུང་དང་། ཐུགས་མཉམ་པ་ཉིད་ཀྱི་གཞི་ཞེས་བྱ་བའི་ཆོས་ཀྱི་སྒོའི་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་དང་། གསང་བ་པའི་བདག་པོ་ལ་སྩོགས་པ་རྡོ་རྗེ་འཛིན་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས་སྐུ་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་སོ། །དེ་བཞིན་དུ་གསུང་དང་ཐུགས་མཉམ་པ་ཉིད་བཀོད་པ་མི་ཟད་པའི་མཛོད་རྣམ་པར་བསྒྱིངས་པ་ལ་ཞུགས་ཏེ། འོན་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའམ་གསུང་ངམ་ཐུགས་ལ་ནི་འཇུག་པའམ་ལྡོག་པ་མི་དམིགས་སོ། །ཐམས་ཅད་དུ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་ཕྲིན་ལས་ཐམས་ཅད་དང་། གསུང་གི་ཕྲིན་ལས་ཐམས་ཅད་དང་། ཐུགས་ཀྱི་ཕྲིན་ལས་ཐམས་ཅད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཀུན་ཏུ་གསང་སྔགས་ཀྱི་ཚུལ་གྱི་ཚིག་འདི་དག་གིས་ཆོས་སྟོན་པར་མཐོང་བ་ནི་འདི་ལྟ་སྟེ། སེམས་ཅན་ལས་ཀྱི་ཚེ་རྣམ་པར་བསྐྱེད་པ་རྣམས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ས་བཅུའི་བར་ལ་གནས་པ་འདི་ཉིད་ལ་ཡོངས་སུ་རྫོགས་པར་བྱ་བ་དང་། ལས་ཀྱི་ཚེ་བཀག་པ་རྣམས་ཀྱང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་འཛིན་པའི་ལུས་འདྲ་བ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ཕྱག་ན་པདྨའི་ལུས་འདྲ་བ་ཕྱོགས་བཅུ་ན་གསང་སྔགས་ཀྱི་ཚུལ་གྱི་ཚིག་རྣམ་པར་དག་པའི་ཚིག་དག་གིས་ཆོས་སྟོན་པ་དག་ཀྱང་མཐོང་ངོ་། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་འདུས་པ་དེ་ཉིད་ན་འདུག་པ་དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཐམས་ཅད་མཁྱེན་


DKG086_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་རྣམས་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་དག་གིས་སྟོན་ཅིང་། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ། ཁ་ཅིག་ལ་ནི་ལྷར་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་ནས་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅིར་སྐྱེ་བར་བྱ་བའི་བར་དུ་ཆོས་སྟོན་པ་ལགས། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བདག་གིས་ནི་སངས་རྒྱས་ཀྱི་གཟུགས་སུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགས་སུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས་སུ། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས་སུ། ལ་ལས་ནི་ཚངས་པའི་གཟུགས་སུ། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས་སུ། ལ་ལས་ནི་རྣམ་ཐོས་ཀྱི་བུའི་གཟུགས་སུ་ནས། ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དག་དང་། སྤྱོད་ལམ་སྣ་ཚོགས་སུ་མཐོང་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡང་འདི་ལྟར་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བའི་རོར་རོ་གཅིག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན་ནམ་མཁའི་ཁམས་ནི་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག་རྣམ་པར་མི་རྟོག་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། མི་རྟོག་རྣམ་པར་མི་རྟོག་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་གསོས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་གསོས་སུ་གྱུར་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། མེའི་ཁམས་ནི་བུད་ཤིང་ཐམས་ཅད་སྲེག་པས་


DKG086_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་ཡང་ཡོངས་སུ་བས་པར་མི་འགྱུར་ལགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མི་ཤེས་པའི་བུད་ཤིང་ཐམས་ཅད་སྲེག་པས་ནམ་ཡང་ཡོངས་སུ་བས་པར་མི་འགྱུར་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། རླུང་གི་ཁམས་ནི་རྡུལ་ཐམས་ཅད་སེལ་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་མི་ཤེས་པའི་རྡུལ་ཐམས་ཅད་སེལ་བར་མཛད་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་བགྱི་ན། ཆུའི་ཁམས་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་སིམ་པར་བགྱིད་པ་ལགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ལྷ་དང་བཅས་པའི་འཇིག་རྟེན་རབ་ཏུ་སིམ་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས་ཡེ་ཤེས་འདིའི་རྒྱུ་ནི་གང་ལགས། རྩ་བ་ནི་གང་ལགས། མཐར་ཐུག་པ་ནི་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ལག་ན་རྡོ་རྗེ་གང་ཁྱོད་ང་ལ་དོན་འདི་འདྲི་བ་ནི་ཡང་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །རྩ་བ་ནི་སྙིང་རྗེ་ཆེན་པོའོ། །མཐར་ཐུག་པ་ནི་ཐབས་སོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པ་སྟེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། གསང་བ་པའི་བདག་པོ་དེ་ལ་ནི་ཆོས་རྡུལ་ཙམ་ཡང་མེད་ཅིང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དེ་ནི་ནམ་མཁའི་མཚན་ཉིད་དེ། དེ་ལ་བྱང་ཆུབ་པར་བྱེད་པ་ཡང་མེད་ལ། བྱང་ཆུབ་པར་བྱ་བའང་འགའ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ལ་མཚན་ཉིད་མེད་པའི་ཕྱིར་ཏེ། གསང་བ་པའི་བདག་པོ་ཆོས་ཐམས་ཅད་ཀྱང་མཚན་ཉིད་མེད་པ་འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་དོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་ནི་གང་ནས་ཡོངས་སུ་བཙལ་བར་བགྱི། གང་གིས་ནི་བྱང་ཆུབ་


DKG086_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་ནི་རང་གི་སེམས་ལས་ཡོངས་སུ་བཙལ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་རང་བཞིན་གྱིས་ཡོངས་སུ་དག་པ་ཡིན་ཏེ། དེ་ནི་ནང་ན་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀའི་བར་ན་ཡང་མི་དམིགས་སོ། །གསང་བ་པའི་བདག་པོ་སེམས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གཟིགས། གཟིགས་པར་མི་འགྱུར་ཏེ། སྔོན་པོར་མ་ཡིན། སེར་པོར་མ་ཡིན་དམར་པོར་མ་ཡིན། དཀར་པོར་མ་ཡིན། ཁ་དོག་ལེ་བརྒན་དུ་མ་ཡིན། ཤེལ་གྱི་ཁ་དོག་ཏུ་མ་ཡིན། ཐུང་ངུར་མ་ཡིན། རིང་པོར་མ་ཡིན། ཟླུམ་པོར་མ་ཡིན། གྲུ་བཞིར་མ་ཡིན། སྣང་བར་མ་ཡིན། མུན་པར་མ་ཡིན། སྐྱེས་པར་མ་ཡིན། བུད་མེད་དུ་མ་ཡིན། མ་ནིང་དུ་མ་ཡིན་ནོ། །གསང་བ་པའི་བདག་པོ་སེམས་དེ་ནི་འདོད་པའི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་ཀྱི་ཁམས་ཀྱི་རང་བཞིན་མ་ཡིན། གཟུགས་མེད་པའི་ཁམས་ཀྱི་རང་བཞིན་མ་ཡིན་ནོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པའི་འགྲོ་བ་སེམས་ཅན་རིས་མཐུན་པའི་རང་བཞིན་མ་ཡིན་ནོ། །གསང་བ་པའི་བདག་པོ་སེམས་དེ་ནི་མིག་ལ་མི་གནས། རྣ་བ་མ་ཡིན། སྣ་ལ་མ་ཡིན། ལྕེ་ལ་མ་ཡིན། ལུས་ལ་མ་ཡིན། ཡིད་ལ་མི་གནས་སོ། ། དེ་ཅིའི་ཕྱིར་ཞེ་ན། སེམས་དེ་ནི་ནམ་མཁའི་མཚན་ཉིད་དེ། དེའི་ཕྱིར་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་རང་བཞིན་གང་ཡིན་པ་དེ་ནི་སེམས་ཀྱི་རང་བཞིན་ནོ། །སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ། གསང་བ་པའི་བདག་པོ་དེ་ལྟར་ན་སེམས་དང་། ནམ་མཁའི་དབྱིངས་དང་། བྱང་ཆུབ་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དེ་ཡང་སྙིང་རྗེའི་རྩ་བ་ཅན། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་གཟུང་བ་སྟེ། གསང་བ་པའི་བདག་པོ་དེ་བས་ན་རྣམ་གྲངས་འདིས་ཀྱང་འདི་ལྟར་ང་


DKG086_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའི་འཁོར་གྱི་ནང་དུ་ཆོས་གང་དང་གང་སྟོན་པ་དེ་ཐམས་ཅད་ནི། བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པར་བྱ་བ་དང་། སེམས་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ཡིན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་བྱང་ཆུབ་ཡོངས་སུ་ཤེས་པར་འདོད་པས་རང་གི་སེམས་ཉིད་ཡོངས་སུ་ཤེས་པར་བྱའོ། །གསང་བ་པའི་བདག་པོ་ཅི་ལྟར་རང་གི་སེམས་ཡོངས་སུ་ཤེས་པར་བྱ་ཞེ་ན། འདི་ལྟ་སྟེ། རྣམ་པར་རམ། ཁ་དོག་ཏུའམ། དབྱིབས་སུའམ། ཡུལ་དུའམ། གཟུགས་སུའམ། ཚོར་བར་རམ། འདུ་ཤེས་སུའམ། འདུ་བྱེད་དུའམ། རྣམ་པར་ཤེས་པར་རམ། བདག་ཏུའམ། བདག་གིར་རམ། གཟུང་བར་རམ། འཛིན་པར་རམ། དག་པར་རམ། མ་དག་པར་རམ། ཁམས་སུའམ། སྐྱེ་མཆེད་དུའམ། རྣམ་པ་ཐམས་ཅད་ཀྱི་བར་དུ་ཡོངས་སུ་བཙལ་ཀྱང་མི་དམིགས་པ་ཡིན་ཏེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པའི་སྒོ་ཞེས་བྱ་བ་ཆོས་སྣང་བའི་སྒོ་ཆོས་སྣང་བའི་ཚུལ་དང་པོ་སྟེ། གང་ལ་གནས་ན་བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུས་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འཐོབ་ཅིང་། དེ་ཐོབ་པས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཐམས་ཅད་དང་ལྷན་ཅིག་འགྲོགས་པ་ཐོབ་པར་འགྱུར། མངོན་པར་ཤེས་པ་ལྔ་དག་ཀྱང་ཐོབ་པར་འགྱུར། སྐད་དང་སྒྲ་དང་དབྱངས་མཐའ་ཡས་པའི་གཟུངས་ཀྱང་ཐོབ་པར་འགྱུར། སེམས་ཅན་གྱི་བསམ་པ་རྗེས་སུ་ཤེས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་འཁོར་བ་ན་ཡོངས་སུ་མི་ཉམས་པའི་ཆོས་ཅན་དུ་འགྱུར། སེམས་ཅན་གྱི་དོན་བྱ་བ་དག་ལ་ཡོངས་སུ་མི་སྐྱོ་བར་འགྱུར། འདུས་མ་བྱས་ཀྱི་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དང་། ལོག་པར་ལྟ་བ་རྣམ་པར་སྤངས་པ་དང་། ཡང་དག་པར་ལྟ་བ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་བ་ཡིན་ནོ། །གསང་བ་པའི་བདག་པོ་གཞན་ཡང་སྒྲིབ་པ་ཐམས་ཅད་སྤོང་བའི་ཏིང་ངེ་འཛིན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། མོས་པའི་སྟོབས་སྐྱེས་པས་ཚེགས་ཆུང་དུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་


DKG086_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་དེ། གསང་བ་པའི་བདག་པོ་མདོར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཡོངས་སུ་ཞུས་པ། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཞེས་བགྱི་བ་ལགས། བྱང་ཆུབ་འབྱུང་བའི་སེམས་སྐྱེས་པའི། །མཚན་ཉིད་ཇི་ལྟར་འཚལ་བར་བགྱི། །སེམས་མཁྱེན་པ་ནི་རྣམས་ཀྱི་མཆོག །དཔའ་ཆེན་ཡེ་ཤེས་ལས་བྱུང་བ། །ཇི་སྙེད་ཅིག་ལས་འདས་ནས་ནི། །སྐྱེ་བར་འགྱུར་བ་བསྟན་དུ་གསོལ། །མགོན་པོ་སེམས་ཀྱི་མཚན་ཉིད་དང་། །དུས་ཀྱང་རྒྱ་ཆེར་བཤད་དུ་གསོལ། །དེ་དག་བསོད་ནམས་ཅི་འདྲ་དང་། །སྤྱོད་པ་ཅི་འདྲར་འགྱུར་བ་དང་། །སེམས་ལ་སེམས་ཀྱི་ཁྱད་པར་ཡང་། །ཐུབ་པ་ཆེན་པོས་བསྟན་དུ་གསོལ། །དེ་སྐད་གསོལ་ནས་དེ་ཡི་ཚེ། །བཅོམ་ལྡན་རྣམ་པར་སྣང་ཆེན་གྱིས། །ཕྱག་ན་རྡོ་རྗེ་ཆེར་འབྱུང་ལ། །ལེགས་སོ་བུ་ཞེས་འདི་སྐད་གསུངས། །ཐེག་པ་ཆེན་པོའི་གོ་འཕང་མཆོག །སེམས་ཀྱི་རྒྱུད་ཀྱི་མཚན་ཉིད་ནི། །རྫོགས་སངས་རྒྱས་ཀྱི་གསང་བའི་མཆོག །རྟོག་གེ་ཀུན་གྱིས་མི་ཤེས་པ། །ཐམས་ཅད་ཁྱོད་ལ་བཤད་པར་བྱ། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །སེམས་ནི་བརྒྱ་རྩ་དྲུག་ཅུ་ལས། །འདས་ནས་བྱང་ཆུབ་ཉིད་ཀྱི་ཕྱིར། །བསོད་ནམས་ཆེས་འབྱུང་སྙིང་པོ་སྟེ། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །ནམ་མཁའ་ལྟ་བུར་དཔག་མེད་ཅིང་། །གོས་པ་མེད་དེ་ཅི་བཞིན་གནས། །ཆོས་ཀུན་གྱིས་ནི་མི་སྒུལ་ཏེ། །གཟོད་ནས་ཞི་ཞིང་མཚན་ཉིད་མེད། །དཔག་མེད་ཡེ་ཤེས་ཀྱིས་བསྒྲུབས་པ། །ཡང་དག་རྫོགས་སངས་རྒྱས་སྟོན་པ། །མཆོད་དང་སྤྱོད་པས་བསྒྲུབས་པའི་ཕྱིར། །བྱང་ཆུབ་ཕྱིར་ནི་དང་པོར་འདོད། །གསང་བ་པའི་བདག་པོ་དེ་ལ་འཁོར་བ་ཐོག་མ་མེད་པ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་མངོན་པར་ཞེན་པས་བདག་གི་ཁྱད་པར་གྲངས་མེད་པ་རབ་ཏུ་བརྟགས་ཏེ། གསང་བ་པའི་བདག་པོ་དེ་ལ་བདག་གི་ངོ་བོ་ཉིད་ལ་མ་དཔྱད་པར་བདག་གོ་ཞེས་ངར་འཛིན་པ་ཀུན་ནས་བསླང་ངོ་། །གཞན་དག་ནི་དུས་ལས་བྱུང་བ་དང་། འཛིན་པ་པོས་སྤྲུལ་པ་དང་། ངེས་པར་


DKG086_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་དང་འདི་ལྟ་སྟེ། དབང་ཕྱུག་དང་། འབྱིན་པ་པོ་དང་། དུས་དང་། གཙོ་བོ་དང་། བྱེད་པ་པོ་དང་། བྱེད་པ་པོ་མ་ཡིན་པ་དང་། རྣལ་འབྱོར་དང་། ཚད་མ་དང་། དག་པ་དང་། མ་དག་པ་དང་། ནང་གི་བདག་དང་། སྐྱེས་བུ་དང་། ཁྱབ་བདག་དང་། སྲོག་དང་། གང་ཟག་དང་། རྣམ་པར་ཤེས་པ་དང་། ཀུན་གཞི་དང་། ཤེས་པ་པོ་དང་། མཐོང་བ་པོ་དང་། གཟུང་བ་དང་། འཛིན་པ་དང་། ཤེས་པ་དང་། ཤེས་བྱ་དང་། ཁོང་དུ་ཆུད་པར་བྱ་བ་དང་། ཤེད་ལས་སྐྱེས་པ་དང་། ཤེད་བུ་དང་། བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པར་རྟོག་སྟེ། གསང་བ་པའི་བདག་པོ་བདག་གི་ཁྱད་པར་དེ་ལྟ་བུ་ལ་སོགས་པ་རྣལ་འབྱོར་འདོད་པའི་རྣལ་འབྱོར་པ་དག་གིས་ཐར་བར་འདོད་པས་སྔོན་བརྟགས་པ་ཡིན་ནོ། །གསང་བ་པའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཕྱུགས་དང་མཚུངས་པ་རྣམས་ལས་བརྒྱ་ལམ་ན། རེས་འགའ་ཞིག་ཆོས་ཀྱི་འདུ་ཤེས་འབྱུང་བ་ནི་འདི་ལྟ་སྟེ། སྨྱུང་བར་གནས་པ་ལ་གནས་པར་བྱའོ། །ཞེས་དེ་ཙམ་ཞིག་སེམས་ལ་བྱས་ཏེ། མགུ་བ་བསྐྱེད་ནས་ཕྱི་ཕྱིར་ཞིང་དེ་ཉིད་ལ་གོམས་པར་བྱེད་དེ། གསང་བ་པའི་བདག་པོ་དེ་ནི་དགེ་བའི་ལས་སྐྱེ་བའི་ས་བོན་ལྟ་བུ་སྟེ་སེམས་དང་པོའོ། ། དེ་རྒྱུ་དེ་ཉིད་ཀྱི་མཚན་མ་དང་བཅས་པའི་ཉི་མ་དེ་དང་དེ་དག་ལ་ཕ་མ་དང་། བུ་དང་། བུ་མོ་དང་། མཛའ་བཤེས་དང་། ཉེ་དུ་དག་ལ་སྦྱིན་པ་སྦྱིན་པར་བྱེད་དེ། འདི་ནི་མྱུ་གུ་ལྟ་བུ་སྟེ་གཉིས་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་མི་ཤེས་པ་དག་ལ་ཡང་སྦྱིན་པར་བྱེད་དེ། འདི་ནི་སྡོང་བུ་ལྟ་བུ་སྟེ་གསུམ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་སྣོད་དུ་རུང་བ་ཡོངས་སུ་ཚོལ་ཞིང་སྦྱིན་པར་བྱེད་དེ། འདི་ནི་ལོ་མ་ལྟ་བུ་སྟེ་བཞི་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་བླ་མའམ་རོལ་མོ་མཁན་ལ་དགའ་བཞིན་དུ་སྦྱིན་པར་བྱེད་དེ། འདི་ནི་མེ་ཏོག་ལྟ་བུ་སྟེ་ལྔ་པའོ། །གཞན་ཡང་སྦྱིན་པ་དེ་ཉིད་ཡིད་དགའ་བ་དག་ལ་སྦྱིན་པར་བྱེད་དེ། འདི་ནི་འབྲས་བུ་ལྟ་བུ་སྟེ་དྲུག་པའོ། །གསང་བ་པའི་བདག་པོ་གཞན་ཡང་མཐོ་རིས་སུ་སྐྱེ་བར་བྱ་བའི་ཕྱིར་ཚུལ་ཁྲིམས་བསྲུང་སྟེ། འདི་ནི་གསོས་སུ་གྱུར་པ་སྟེ་བདུན་པའོ། །གསང་བ་པའི་བདག་པོ་གཞན་ཡང་སེམས་དེ་ལྟ་བུ་ཉིད་ཀྱིས་


DKG086_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་རྒྱུ་བ་ན། དགེ་བའི་བཤེས་གཉེན་ལ་ལ་ཞིག་ལས་ཚིག་འདི་སྐད་ཐོས་ཏེ། ལྷ་འདི་དག་ནི་ལྷ་ཆེན་ཏེ། །ཐམས་ཅད་ལ་ནི་བདེ་བ་སྟེར། །དེ་ལ་ཁྱོད་ཀྱིས་གུས་མཆོད་དང་། །ཐམས་ཅད་འབྱོར་པ་ཉིད་དུ་འགྱུར། །དེ་དག་ཀྱང་ནི་འདི་ལྟ་སྟེ། །དབང་ཕྱུག་དང་ནི་ཚངས་པ་དང་། །དེ་བཞིན་ཁྱབ་འཇུག་བདེ་བྱེད་དང་། །དྲག་པོ་སྐེམ་བྱེད་དེ་བཞིན་དུ། །ཉི་མ་ཟླ་བ་ཆུ་ལྷ་ཉིད། །ལུས་ངན་ནོར་སྦྱིན་བརྒྱ་བྱིན་དང་། །མིག་མི་བཟང་དང་སྣ་ཚོགས་འབྱུང་། །གཤིན་རྗེ་དུས་མཚན་མྱ་ངན་འདས། །འཇིག་རྟེན་གཙོ་ཞེས་བྱ་བ་དང་། །མེ་དང་རྣམ་པར་འདུད་པའི་བུ། །དེ་བཞིན་ལྷ་མོ་དཀའ་ཐུབ་ཟློག །པདྨ་དང་ནི་འཇོག་པོ་ཀླུ། །ནོར་ལྡན་དང་ནི་དུང་ཞེས་བྱ། །ཀརྐོ་ཊ་ཀ་པདྨ་ཆེ། །རིགས་ཅན་དང་ནི་གདེངས་ཀ་མང་། །རྟག་ཏུ་མཐའ་ཡས་ཐོག་མའི་ལྷ། །དེ་བཞིན་ལྷ་དང་དྲང་སྲོང་མཆོག །རིག་བྱེད་རིག་བྱེད་སྐྱེས་བུ་ཡིན། །མཁས་པས་མཆོད་པ་གྱིས་ཤིག་ཅེས། །དེ་ལས་དེ་འདྲའི་ཚིག་ཐོས་ནས། །ཡིད་ནི་ཡང་དག་མགུ་གྱུར་ཏེ། །དེ་ཚེ་རབ་ཏུ་གུས་ལྡན་པས། །དེ་དག་ལ་ནི་ནན་ཏན་བྱེད། །གསང་བ་པའི་བདག་པོ་འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་འཁོར་བ་ན་ཀུན་ཏུ་འཁྱམ་པ་རྣམས་ཀྱི་དབུགས་འབྱིན་པའི་མཆོག་ཡིན་ཏེ། འདི་ནི་སྟོབས་སུ་གྱུར་པ་སྟེ། སེམས་བརྒྱད་པར་རྒྱལ་བ་རྣམས་ཀྱིས་བཤད་དོ། །གསང་བ་པའི་བདག་པོ་གཞན་ཡང་ཁྱད་པར་རྟོགས་པ་ཅི་སྐད་དུ་ཡོངས་སུ་བསྒྲགས་པའི་ཁྱད་པར་དེ་དང་དེ་དག་ལ་ཁྱད་པར་དུ་གནས་པ་རྣམས་ལ་འབའ་ཞིག་པ་ཉིད་ཀྱི་དོན་དུ་བློ་སྐྱེ་ཞིང་། དེ་ཡང་ཡོད་དོ་ཡོད་དོ་ཞེས་སྟོང་པ་ཉིད་ཁོ་ན་ལ་དངོས་པོར་སེམས་ཏེ། གསང་བ་པའི་བདག་པོ་དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ། །སྟོང་པ་ཉིད་ནི་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། གཉི་ག་ཡང་མ་ཡིན་ཏེ། དེ་ལ་རྟོག་པའམ། མི་རྟོག་པ་ཡང་མེད་ན། དེ་ལ་ཅི་ལྟར་སྟོང་པ་ཞེས་བརྟག་པར་བྱ། གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་མྱ་ངན་འདས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིག་པས་སྟོང་ཉིད་ཤེས་པར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ། བཅོམ་ལྡན་


DKG086_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འདས་སེམས་ཀྱི་ཁྱད་པར་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་སེམས་ཀྱི་ཁྱད་པར་གྱི་མཚན་ཉིད་ཉོན་ཅིག །གསང་བ་པའི་བདག་པོ་དེ་ལ་སེམས་འདི་ནི་འདོད་ཆགས་ཀྱི་སེམས་དང་། འདོད་ཆགས་དང་བྲལ་བའི་སེམས་དང་། ཞེ་སྡང་གི་སེམས་དང་། བྱམས་པའི་སེམས་དང་། གཏི་མུག་གི་སེམས་དང་། ཤེས་རབ་ཀྱི་སེམས་དང་། གཏན་ལ་ཕབ་པའི་སེམས་དང་། ཐེ་ཙོམ་གྱི་སེམས་དང་། མུན་པར་གྱུར་པའི་སེམས་དང་། སྣང་བར་གྱུར་པའི་སེམས་དང་། སྡུད་པའི་སེམས་དང་། འཐབ་པའི་སེམས་དང་། རྩོད་པའི་སེམས་དང་། མི་རྩོད་པའི་སེམས་དང་། ལྷའི་སེམས་དང་། ལྷ་མ་ཡིན་གྱི་སེམས་དང་། ཀླུའི་སེམས་དང་། མིའི་སེམས་དང་། བུད་མེད་ཀྱི་སེམས་དང་། དབང་ཕྱུག་གི་སེམས་དང་། ཚོང་པའི་སེམས་དང་། ཞིང་པའི་སེམས་དང་། ཆུ་བོའི་སེམས་དང་། ལྟེང་ཀའི་སེམས་དང་། ཁྲོན་པའི་སེམས་དང་། ཀུན་ཏུ་བསྲུང་བའི་སེམས་དང་། སེར་སྣའི་སེམས་དང་། ཁྱིའི་སེམས་དང་། བྱི་ལའི་སེམས་དང་། ནམ་མཁའ་ལྡིང་གི་སེམས་དང་། བྱི་བའི་སེམས་དང་། གླུའི་སེམས་དང་། གར་གྱི་སེམས་དང་། སིལ་སྙན་གྱི་སེམས་དང་། ཁྱིམ་གྱི་སེམས་དང་། སེང་གེའི་སེམས་དང་། འུག་པའི་སེམས་དང་། བྱ་རོག་གི་སེམས་དང་། སྲིན་པོའི་སེམས་དང་། ཚེར་མའི་སེམས་དང་། ས་འོག་གི་སེམས་དང་། རླུང་གི་སེམས་དང་། ཆུའི་སེམས་དང་། མེའི་སེམས་དང་། འདམ་གྱི་སེམས་དང་། རྙོག་པའི་སེམས་དང་། ཚོན་རྩིའི་སེམས་དང་། ཤིང་ལེབ་ཀྱི་སེམས་དང་། འཁྲུལ་པའི་སེམས་དང་། དུག་གི་སེམས་དང་། ཞགས་པའི་སེམས་དང་། ལྕགས་སྒྲོག་གི་སེམས་དང་། སྤྲིན་གྱི་སེམས་དང་། ཞིང་གི་སེམས་དང་། ལན་ཚྭའི་སེམས་དང་། སྤུ་གྲིའི་སེམས་དང་། རི་རབ་ལྟ་བུའི་སེམས་དང་། རྒྱ་མཚོ་ལྟ་བུའི་སེམས་དང་། ཕུག་ལྟ་བུའི་སེམས་དང་། སྐྱེ་བར་གྱུར་པའི་སེམས་སོ། །གསང་བ་པའི་བདག་པོ་དེ་ལ་འདོད་ཆགས་ཀྱི་སེམས་གང་ཞེ་ན། ཆགས་


DKG086_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅན་ཆོས་ཀུན་ཏུ་སྟེན་པའོ། །འདོད་ཆགས་དང་བྲལ་བའི་སེམས་གང་ཞེ་ན། འདོད་ཆགས་དང་བྲལ་བའི་ཆོས་ཀུན་ཏུ་སྟེན་པའོ། །ཞེ་སྡང་གི་སེམས་གང་ཞེ་ན། སྡང་བས་ཆོས་ཀུན་ཏུ་སྟེན་པའོ། །བྱམས་པའི་སེམས་གང་ཞེ་ན།བྱམས་པ་དང་ལྡན་པས་ཆོས་སྟེན་པའོ། ། གཏི་མུག་གི་སེམས་གང་ཞེ་ན། གང་མི་དཔྱོད་པར་ཆོས་སྟེན་པའོ། །ཤེས་རབ་ཀྱི་སེམས་གང་ཞེ་ན། ཁྱད་པར་ལས་ཁྱད་པར་གཞན་རྟོགས་པར་བྱ་སྟེ་ཆོས་སྟེན་པའོ། །གཏན་ལ་ཕབ་པའི་སེམས་གང་ཞེ་ན། བཀའ་དང་བླ་མའི་ཚིག་བཞིན་བྱེད་པ་ཉིད་དོ། །ཐེ་ཚོམ་གྱི་སེམས་གང་ཞེ་ན། ཅི་ལྟར་ཡོངས་སུ་གཟུང་བ་ངེས་པ་དག་ལ་སོམ་ཉི་སྟེན་པ་ཉིད་དོ། །མུན་པར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་མེད་པ་ལ་སོམ་ཉིར་འདུ་ཤེས་པའོ། །སྣང་བར་གྱུར་པའི་སེམས་གང་ཞེ་ན། སོམ་ཉི་མེད་པ་ལ་སོམ་ཉི་མེད་པར་སྟེན་པའོ། །སྡུད་པའི་སེམས་གང་ཞེ་ན། དུ་མ་གཅིག་ཏུ་བྱེད་པའོ། །འཐབ་པའི་སེམས་གང་ཞེ་ན། ཕན་ཚུན་རྩོད་པ་ཉིད་དོ། །རྩོད་པའི་སེམས་གང་ཞེ་ན། གང་བདག་ཉིད་དང་བདག་ཉིད་དུ་རྩོད་པའོ། །མི་རྩོད་པའི་སེམས་གང་ཞེ་ན། མཉམ་པས་མཚུངས་པར་ལྟ་བའོ། །ལྷའི་སེམས་གང་ཞེ་ན། ཡིད་ཀྱིས་བདག་ཉིད་ལ་རློམ་སེམས་སུ་བྱེད་པའོ། །ལྷ་མ་ཡིན་གྱི་སེམས་གང་ཞེ་ན། གང་འཁོར་བ་ཉིད་ལ་སྨོད་པའོ། །ཀླུའི་སེམས་གང་ཞེ་ན། གང་ལོངས་སྤྱོད་ཆེན་པོ་ཉིད་དུ་བྱ་བའི་ཕྱིར་སེམས་པའོ། །མིའི་སེམས་གང་ཞེ་ན། དེ་ཉིད་ཀྱི་དོན་དུ་སེམས་པའོ། །བུད་མེད་ཀྱི་སེམས་གང་ཞེ་ན། འདོད་པ་ཁོ་ནའི་ཕྱིར་ཆོས་སྟེན་པའོ། །དབང་ཕྱུག་གི་སེམས་གང་ཞེ་ན། གང་བདག་གིས་ཐམས་ཅད་བསམས་སོ་སྙམ་དུ་རློམ་སེམས་སུ་བྱེད་པའོ། །ཚོང་པའི་སེམས་གང་ཞེ་ན། གང་བསྡུ་བ་བྱས་ཏེ་རྣམ་པར་སྤེལ་ནས་ཕྱིས་སྟེན་པའོ། །ཞིང་པའི་སེམས་གང་ཞེ་ན། གང་ཐོས་པ་རྣམ་པ་དུ་མ་ཚོལ་ཞིང་ཕྱིས་སྟེན་པའོ། །ཆུ་བོའི་སེམས་གང་ཞེ་ན། གང་མཐའ་གཉིས་ལ་ལྟོས་ཤིང་སྟེན་པའོ། །ལྟེང་ཀའི་སེམས་གང་ཞེ་ན། གང་སྲེད་པས་སྟེན་པའོ། །ཁྲོན་པའི་སེམས་གང་ཞེ་ན། གང་མི་ཟབ་པ་ལ་ཟབ་པར་སེམས་པའོ། །ཀུན་ཏུ་བསྲུང་


DKG086_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་གང་ཞེ་ན། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་སྙམ་དུ་སེམས་པའོ། །སེར་སྣའི་སེམས་གང་ཞེ་ན། བདག་ཉིད་བསྟེན་ཅིང་གཞན་ལ་མི་སྟེར་བའོ། །བྱི་ལའི་སེམས་གང་ཞེ་ན། གང་མཆོད་པ་ལ་ལྟོས་ཏེ་སྟེན་པའོ། །ཁྱིའི་སེམས་གང་ཞེ་ན། གང་ཆུང་དུས་ཀྱང་མགུ་བར་འགྱུར་བའོ། །ནམ་མཁའ་ལྡིང་གི་སེམས་གང་ཞེ་ན། གང་ཕྱོགས་འཛིན་པས་ཆོས་ལ་སྟེན་པའོ། །བྱི་བའི་སེམས་གང་ཞེ་ན། འཆིང་བ་ཐམས་ཅད་གཅད་པའི་ཕྱིར་སེམས་པའོ། །གླུའི་སེམས་གང་ཞེ་ན། བདག་གིས་དབྱངས་སྒྲ་སྣ་ཚོགས་ཀྱི་གླུས་སེམས་ཅན་རྣམས་གཟུང་བར་བྱའོ་སྙམ་པའོ། །གར་གྱི་སེམས་གང་ཞེ་ན། བདག་གིས་རྫུ་འཕྲུལ་སྣ་ཚོགས་ཀྱིས་གཞན་དག་ཡང་དག་པར་འཛིན་པ་གཞུག་གོ་སྙམ་དུ་སེམས་པའོ། །སིལ་སྙན་གྱི་སེམས་གང་ཞེ་ན། བདག་གིས་ཆོས་ཀྱི་རྔ་བརྡུང་ངོ་སྙམ་པའོ། །ཁྱིམ་གྱི་སེམས་གང་ཞེ་ན། བདག་གི་ལུས་ཀུན་ཏུ་བསྲུང་བའི་ཕྱིར་སྟེན་པའོ། །སེང་གེའི་སེམས་གང་ཞེ་ན། གང་ཐམས་ཅད་ཟིལ་གྱིས་གནོན་པ་སྟེན་པའོ། །འུག་པའི་སེམས་གང་ཞེ་ན། གང་མཚན་མོ་སེམས་པའོ། །བྱ་རོག་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་སྐྲག་པས་སེམས་པའོ། །སྲིན་པོའི་སེམས་གང་ཞེ་ན། དགེ་བས་མི་དགེ་བ་རྣམས་སྒྲུབ་པའོ། །ཚེར་མའི་སེམས་གང་ཞེ་ན། གང་ཐམས་ཅད་དུ་འགྱོད་པ་སེམས་པའོ། །ས་འོག་གི་སེམས་གང་ཞེ་ན། སའི་འོག་གི་དོན་དུ་སེམས་པའོ། །རླུང་གི་སེམས་གང་ཞེ་ན། གང་ཐམས་ཅད་དུ་ཐམས་ཅད་སྒྲུབ་པའོ། །ཆུའི་སེམས་གང་ཞེ་ན། གང་མི་དགེ་བ་ཐམས་ཅད་བཀྲུ་བའི་ཕྱིར་སྟེན་པའོ། །མེའི་སེམས་གང་ཞེ་ན། གང་དཀའ་ཐུབ་ཉིད་ཀྱིས་གདུང་བར་བྱེད་པའོ། །འདམ་གྱི་སེམས་གང་ཞེ་ན། གང་བདག་གི་ཉེས་པས་གཞན་ལ་སྐུར་བའོ། །རྙོག་པའི་སེམས་གང་ཞེ་ན། གང་ཕ་རོལ་གྱི་ཉེས་པ་འཛིན་པས་སེམས་ལ་རྙོག་པ་སྐྱེད་པའོ། །ཚོན་རྩིའི་སེམས་གང་ཞེ་ན། གང་དེ་ལ་ཆགས་པ་ཉིད་དུ་སྟེན་པའོ། །ཤིང་ལེབ་ཀྱི་སེམས་གང་ཞེ་


DKG086_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ན་གང་དགེ་བའི་གཞན་སྤོང་བས་སྟེན་པའོ། །ནོར་བའི་སེམས་གང་ཞེ་ན། གཞན་བཟུང་ཞིང་གཞན་ཁོ་ནར་སེམས་པའོ། །དུག་གི་སེམས་གང་ཞེ་ན། གང་ཤིན་ཏུ་དངོས་པོ་མེད་པ་ཉིད་སེམས་པའོ། །ཞགས་པའི་སེམས་གང་ཞེ་ན། གང་ཐམས་ཅད་དུ་བདག་ཉིད་བཅིངས་ཤིང་འདུག་པའོ། །ལྕགས་སྒྲོག་གི་སེམས་གང་ཞེ་ན། གང་རྐང་པ་གཉིས་ལ་འདུག་སྟེ་སེམས་པའོ། །སྤྲིན་གྱི་སེམས་གང་ཞེ་ན། གང་ཆུ་དག་ལ་སེམས་པའོ། །ཞིང་གི་སེམས་གང་ཞེ་ན། རང་གི་ལུས་ཉིད་ཡོངས་སུ་སྦྱོང་བར་བྱེད་པའོ། །ལན་ཚྭའི་སེམས་གང་ཞེ་ན། གང་ཞིག་གང་གིས་སེམས་པར་བྱེད་པ་དེ་ལ་ཡང་སེམས་པའོ། །སྤུ་གྲིའི་སེམས་གང་ཞེ་ན། གང་རབ་ཏུ་བྱུང་བ་ཙམ་ལ་སྟེན་པའོ། །རི་རབ་ལྟ་བུའི་སེམས་གང་ཞེ་ན། གང་མཐོ་བར་གྱུར་ནས་སེམས་པའོ། །རྒྱ་མཚོ་ལྟ་བུའི་སེམས་གང་ཞེ་ན། གང་རང་གི་ལུས་ཉིད་ལ་མཆོག་ཏུ་འཛིན་ཅིང་འདུག་པའོ། །ཕུག་ལྟ་བུའི་སེམས་གང་ཞེ་ན། གང་སྔར་ངེས་པར་གྱུར་ལ་ཕྱིས་དེ་ཉིད་ཀྱིས་འགྱུར་བར་སྟེན་པའོ། །དེ་ལ་སྐྱེ་བར་གྱུར་པའི་སེམས་གང་ཞེ་ན། གང་གི་སེམས་འདུ་བྱེད་གང་ཁོ་ན་དང་སྐྱེས་པ་དེ་ཁོ་ན་དང་ལྷན་ཅིག་ཏུ་འགྲོ་བའོ། །གསང་བ་པའི་བདག་པོ་དེ་ལྟར་ན་གཅིག་གཉིས་གསུམ་བཞི་ལྔ་གཉིས་སུ་བསྒྱུར་བ་བྱས་པས། འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུ་བསྐལ་པ་གསུམ་གྱིས་འདས་ནས། འཇིག་རྟེན་ལས་འདས་པའི་སེམས་སྐྱེ་སྟེ། འདི་ལྟ་སྟེ། འདི་ནི་ཕུང་པོ་ཙམ་ཉིད་དེ། །བདག་ནི་ནམ་ཡང་ཡོད་མ་ཡིན། །དབང་པོའི་གྲོང་ཁྱེར་ཁམས་རྣམས་ཀྱིས། །འཇིག་རྟེན་དོན་མེད་རྣམ་པར་ཉམས། །ཡན་ལག་བཅུ་གཉིས་རྟེན་འབྲེལ་འདི། །ཉོན་མོངས་ལས་ཀྱིས་ཀུན་ནས་བསླང་། །མ་རིག་ས་བོན་ལས་བྱུང་བ། །བྱེད་པོ་ལ་སོགས་རྣམ་པར་སྤངས། །དེ་ལྟར་ཞི་ཞིང་ཤིན་ཏུ་ཟབ། །རྟོག་གེ་ཀུན་གྱིས་ཤེས་པར་དཀའ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པའོ། །གསང་བ་པའི་བདག་པོ་དེ་ལ་འཇིག་རྟེན་ལས་འདས་པའི་སེམས་ལ་གནས་པ་རྣམས་ལ་ཡང་ཕུང་པོ་ལ་ཡོད་དོ་སྙམ་པའི་བློ་ཉེ་བར་


DKG086_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེའོ། །ནམ་ཕུང་པོ་དག་ལ་འདོད་ཆགས་དང་བྲལ་བར་སྐྱེད་པ་དེའི་ཚེ་ལྦུ་བ་དང་། ཆུའི་ཆུ་བུར་དང་། སྒྱུ་མ་དང་། སྨིག་རྒྱུ་དང་མཚུངས་པར་འཇིག་པས་རྣམ་པར་གྲོལ་བར་འགྱུར་ཏེ། འདི་ལྟ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་ཉིད་ཀྱི་རང་གི་ངོ་བོ་ཞི་བའི་དབྱིངས་རྟོགས་པར་འགྱུར་རོ། །གསང་བ་པའི་བདག་པོ་འཇིག་རྟེན་ལས་འདས་པའི་སེམས་ཕྱིན་ཅི་ལོག་དང་། ཕྱིན་ཅི་མ་ལོག་པའི་སེམས་ཀྱི་ཁྱད་པར་བརྒྱད་དང་འབྲེལ་པ། ལས་དང་ཉོན་མོངས་པའི་དྲ་བ་དང་བྲལ་བ་འདི་ནི་རྣལ་འབྱོར་པ་དག་བསྐལ་པ་གཅིག་གིས་འདའ་བར་བྱེད་དོ། །གསང་བ་པའི་བདག་པོ་གཞན་ཡང་ཐེག་པ་ཆེན་པོས་བགྲོད་པ་གཞན་གྱི་དྲིང་མི་འཇོག་པ་རྣམས་ལ་ཆོས་ལ་བདག་མེད་པའི་སེམས་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་སྔོན་སྤྱད་པ་སྤྱོད་ཅིང་ཕུང་པོའི་གནས་རྣམ་པར་འཇིག་པ་ན་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། བྲག་ཅ་དང་། མགལ་མེའི་འཁོར་ལོ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུའི་འདུ་ཤེས་སྐྱེས་སོ། །གསང་བ་པའི་བདག་པོ་དེའི་ཕྱིར་དེ་དག་གི་སེམས་ཀྱི་དབང་དུ་བྱས་པས་ཆོས་ལ་བདག་མེད་པ་ཉིད་ཀྱང་སྤང་བར་བྱ་སྟེ། རང་གི་སེམས་ནི་གཟོད་མ་ནས་མ་སྐྱེས་པའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ངོ་བོ་ཉིད་ཡོངས་སུ་ཤེས་པའི་ཕྱིར་སེམས་ལ་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་མི་དམིགས་ཏེ། རྣལ་འབྱོར་པ་དག་འདི་ཡང་བསྐལ་པ་གཉིས་ཀྱིས་འདའ་བར་བྱེད་དོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ་རྣམས་ལ་ཤེས་རབ་དང་ཐབས་དཔག་ཏུ་མེད་པས་ཡོངས་སུ་བཟུང་བ། ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱག་བྱས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ལས་ཡང་དག་པར་འདས་པ། བརྒྱ་བྱིན་དང་། ཚངས་པའི་དབང་པོ་དང་། ཉེ་


DKG086_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་སོགས་པས་ཕྱག་བྱས་པ་འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་རྫས་མེད་པ། མཚན་ཉིད་མེད་པ། མཚན་མ་མེད་པ། སྤྲོས་པ་ཐམས་ཅད་ལས་འདས་པ། ནམ་མཁའ་ལྟར་དཔག་ཏུ་མེད་པ། ཆོས་ཐམས་ཅད་ཀྱི་གོ་སྐབས་སུ་གྱུར་པ། འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་དང་བྲལ་བ། ལས་དང་བྱ་བ་མེད་པ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་བྲལ་བ་ཤིན་ཏུ་ངོ་བོ་ཉིད་མེད་པའི་སེམས་སྐྱེ་སྟེ། གསང་བ་པའི་བདག་པོ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས་སོ། ། དེ་དག་ཉོན་མོངས་ལས་ལས་གྲོལ། །ལས་དང་ཉོན་མོངས་ལྡན་པའང་ཡིན། །དེ་དག་འཇིག་རྟེན་སྦྱིན་གནས་ཏེ། །དེ་དག་རྟག་མཆོད་རི་མོར་བྱ། །གསང་བ་པའི་བདག་པོ་གཞན་ཡང་། མོས་པ་ཡིས་ནི་སྤྱོད་པའི་ས། །སེམས་གསུམ་རྣམ་པར་སྒོམ་པ་སྟེ། །ཕ་རོལ་ཕྱིན་རྣམས་སྤྱོད་པ་དང་། །བསྡུ་བ་དག་ནི་བཞི་པོ་ཡིས། །མོས་པའི་ས་ནི་མཚུངས་པ་མེད། །དཔག་ཏུ་མེད་ཅིང་བསམ་མི་ཁྱབ། །དཔག་མེད་ཡེ་ཤེས་འབྱུང་བ་ནི། །སེམས་བཅུ་དག་གིས་འཐོབ་པར་འགྱུར། །ངས་གང་ཅུང་ཟད་བརྗོད་པ་ནི། །ཐམས་ཅད་འདི་ཡིས་འཐོབ་པར་འགྱུར། །དེ་ཕྱིར་ཐམས་ཅད་མཁྱེན་པ་ཡིས། །མོས་པ་ཞེས་ནི་བྱ་བར་བཤད། །བློ་ལྡན་བསྐལ་པ་གཅིག་གིས་ནི། །ས་ལས་ཡང་དག་འདའ་བར་འགྱུར། །འདི་ཡི་ཡང་ནི་བཞི་ཆ་ཡིས། །མོས་པ་ལས་ཀྱང་འདའ་བར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །མགོན་པོ་ཁྱབ་བདག་ཁྱོད་ཀྱིས་ནི། །སེམས་ཀྱི་མཚན་ཉིད་བསྟན་ལགས་ན། །དབུགས་འབྱིན་རྣམ་པ་དུ་ཐོབ་ནས། །མཆོག་སྐྱེས་དེ་དག་དབུགས་ཕྱིན་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ཕྱག་ན་རྡོ་རྗེ་ལ། །ཡིད་བསྡུས་འདི་ནི་ཉོན་ཅེས་གསུངས། །གསང་བ་པའི་བདག་པོ་དེ་ལ་ནམ་བྱིས་པ་སོ་སོའི་སྐྱེ་བོ་དག་མི་དགེ་བའི་ལས་སྤངས་ཏེ་དགེ་བའི་ལས་བྱེད་པ་དེའི་ཚེ་དགེ་བས་དབུགས་ཕྱིན་པ་ཡིན་ནོ། །ནམ་བདག་གི་དེ་ཁོ་ན་ཉིད་


DKG086_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དེའི་ཚེ་བདག་ལ་བརྟེན་ནས་དབུགས་ཕྱིན་པ་ཡིན་ནོ། །ནམ་ཕུང་པོ་ཡོངས་སུ་གཟུང་བ་བྱས་ཏེ་རང་གི་ངོ་བོ་ཉིད་ལ་རྣམ་པར་དཔྱད་ནས་བདག་ལ་བརྟེན་པ་ཡོངས་སུ་གཏོང་བ་དེའི་ཚེ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ། ། ནམ་ཕུང་པོ་རྣམས་སྤངས་ནས་ཆོས་ཀྱི་དམིགས་པ་ལ་གནས་པ་དེའི་ཚེ་ཆོས་ཀྱི་དབུགས་ཕྱིན་པ་ཡིན་ནོ། །ནམ་ཆོས་རྣམས་སྤངས་ནས་མི་སྐྱེ་བ་ལ་གནས་པ་དེའི་ཚེ་ཆོས་ལ་བདག་མེད་པས་དབུགས་ཕྱིན་པ་ཡིན་ནོ། །ནམ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཐམས་ཅད་དང་། གཟུང་བ་དང་། འཛིན་པ་དང་། བདག་དང་སྲོག་ལ་སོགས་པ་དང་། ཆོས་དང་མི་སྐྱེ་བདག་ཀྱང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡང་ངོ་བོ་ཉིད་མེད་དོ་ཞེས་སྟོང་པའི་ཡེ་ཤེས་སྐྱེས་པ་དེའི་ཚེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མཉམ་པ་ཉིད་ཀྱིས་དབུགས་ཕྱིན་པ་ཡིན་ནོ། །གསང་བ་པའི་བདག་པོ་དེའི་ཚེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བཞི་བཅུས་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་བསྒོམས་ཏེ་གསང་སྔགས་ཀྱི་ཚུལ་རྟོགས་པར་ཁོང་དུ་ཆུད་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་དང་། གཟུགས་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་དང་། ཆུ་ཟླ་དང་། ཆུའི་ཆུ་བུར་དང་། འཁྲུལ་པ་དང་། མགལ་མེའི་འཁོར་ལོ་ལྟ་བུར་རྣམ་པར་བསྒོམ་མོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་སོ་སོར་བརྟག་པར་བྱ་སྟེ། དེ་ལ་སྒྱུ་མ་གང་ཞེ་ན། འདི་ལྟ་སྟེ། སྨན་དང་སྔགས་ཀྱི་སྦྱོར་བ་བྱེད་པ་དག་གི་སྦྱོར་བ་ལས་དངོས་པོ་རྣམ་པ་ཐ་དད་པ་སྣ་ཚོགས་མིག་དང་ཡིད་འཕྲོག་པ་སྔོན་མ་མཐོང་བ་དག་ཀྱང་སྟོན་ཏེ། དེ་དག་ནི་ཕན་ཚུན་ཕྱོགས་བཅུར་འགྲོ་བ་དང་འོང་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྒྱུ་མ་ནི་རང་བཞིན་གྱིས་སྟོང་པའི་ཕྱིར་ཏེ། དེ་བཞིན་དུ་གསང་སྔགས་སྦྱོར་བར་བྱེད་པ་དག་གི་སྦྱོར་བ་ལས་ཐམས་ཅད་འབྱུང་ངོ་། །གསང་བ་པའི་བདག་པོ་གཞན་ཡང་སྨིག་རྒྱུ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ཡང་འདུ་ཤེས་ཀྱི་


DKG086_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་སྙད་དུ་འདོགས་ཤིང་ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ། །དེ་བཞིན་དུ་འདུ་ཤེས་འདི་ཡང་གསང་སྔགས་སོ་ཞེས་ཐ་སྙད་དུ་འདོགས་ཤིང་ཐ་སྙད་ཀྱང་སྒྲུབ་པར་བྱེད་དོ། །གསང་བ་པའི་བདག་པོ་གཞན་ཡང་རྨི་ལམ་ན་བདག་ཉིད་ཉིན་གཅིག་དང་། སྐད་ཅིག་དང་། ཡུད་ཙམ་དང་། ལོ་ལ་སོགས་པར་འདུག་ཅིང་བདེ་བ་དང་སྡུག་བསྔལ་རྣམ་པ་མང་པོ་མྱོང་བར་མཐོང་ལ། སད་ན་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གསང་སྔགས་ཀྱི་ཚུལ་འདི་ཡང་རྨི་ལམ་ལྟ་བུར་ཁོང་དུ་ཆུད་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་དངོས་གྲུབ་འབྱུང་བ་ནི་གཟུགས་བརྙན་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་གདོང་དང་མེ་ལོང་ལ་བརྟེན་ནས་བཞིན་གྱི་གཟུགས་བརྙན་འབྱུང་བ་ལྟར། གསང་སྔགས་ཀྱི་དངོས་གྲུབ་ཀྱང་དེ་དང་འདྲ་བར་རིག་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་གྲུབ་པའི་གནས་ནི། དྲི་ཟའི་གྲོང་ཁྱེར་ལྟ་བུར་བལྟའོ། །གསང་བ་པའི་བདག་པོ་གཞན་ཡང་གསང་སྔགས་ཀྱི་སྒྲ་ནི་བྲག་ཅ་ལྟ་བུར་རིག་པར་བྱ་སྟེ། དཔེར་ན་སྒྲ་ལ་བརྟེན་ནས་བྲག་ཅ་འབྱུང་བ་ལྟར་གསང་སྔགས་ཀྱི་ཚུལ་འདི་ཡང་དེ་དང་འདྲ་བར་རིག་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་ཟླ་བ་ཤར་ན་ཆུའི་ནང་དུ་གཟུགས་བརྙན་མཐོང་ནས་ཆུ་ཟླ་ཞེས་བརྗོད་པ་དེ་བཞིན་དུ་སྔགས་པ་དེ་ཉིད་ཀྱང་ཆུ་ཟླ་བཞིན་དུ་རིག་སྔགས་འཆང་ཞེས་བརྗོད་དོ། །གསང་བ་པའི་བདག་པོ་གཞན་ཡང་། ཅི་ལྟར་ཆར་པ་བབ་པ་ན། ཆུ་ཡི་ཆུ་བུར་རྣམས་འབྱུང་བ། །དེ་བཞིན་གསང་སྔགས་གྲུབ་པ་ཡི། །སྤྲུལ་པ་རྣམ་པ་སྣ་ཚོགས་འདོད། །གསང་བ་པའི་བདག་པོ་གཞན་ཡང་། །སེམས་ཅན་མེད་ཅིང་སྲོག་དང་ནི། །བྱེད་པ་པོ་ཡང་མེད་པ་སྟེ། །དངོས་པོ་ཐམས་ཅད་སྟོང་པ་ལ། །འཁྲུལ་པ་ཁོ་ན་སྣང་བར་ཟད། །གསང་བ་པའི་བདག་པོ་གཞན་ཡང་། ཅི་ལྟར་འགའ་ཞིག་བདག་ཉིད་ཀྱི། །ལག་ན་མགལ་མེ་ཐོགས་ནས་ནི། །བསྐོར་ན་འཁོར་ལོ་ལྟར་སྣང་བ། །དེ་བཞིན་སྟོང་པ་དག་ལས་འབྱུང་། །གསང་བ་པའི་བདག་པོ། འདི་ནི་ཐེག་པ་ཆེན་པོའི་གཞི། མི་མཉམ་པ་དང་མཉམ་པའི་གཞི། ངེས་པའི་གཞི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི།


DKG086_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གྱིས་ཐེག་པ་ཆེན་པོ་ལ་འཛེག་པའི་གཞི་སྟེ། ཡེ་ཤེས་སྣ་ཚོགས་ཆེར་འབྱུང་བ། །ནོར་གྱི་དབྱིག་འདི་ཤེས་ན་ནི། །ཀུན་གྱི་སེམས་ཀྱི་བྱེ་བྲག་ཀྱང་། །ཅི་བཞིན་ཡང་དག་རབ་ཏུ་ཤེས། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། སེམས་ཀྱི་ཁྱད་པར་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ། སེམས་ཀྱིས་ལས་ཡང་དག་པར་འདས་པ། བཅོམ་ལྡན་འདས་ཀྱིས་ཐབས་དང་ཚུལ་སྣ་ཚོགས་དག་གིས་བསམ་པ་དང་མོས་པ་ཅི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པ་དེ་ནི་ངོ་མཚར་ཆེ་ལགས་སོ། །བཅོམ་ལྡན་འདས་ཡང་གསང་སྔགས་སྤྱོད་པའི་ཚུལ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཡོངས་སུ་རྫོགས་པར་བགྱི་བ་བཤད་དུ་གསོལ། དེ་ནི་མ་འོངས་པའི་དུས་ན་སེམས་ཅན་མང་པོ་དག་གི་དོན་དང་ཕན་པ་དང་བདེ་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་དཀྱིལ་འཁོར་སྤྱོད་པའི་ཚུལ་བསྟན་པའི་ཆོས་ཀྱི་རྣམ་གྲངས། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་ཉོན་ཅིག །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆོས་ཀྱི་དབྱིངས་ཀྱི་དགོངས་པ་མ་རྫོགས་ཤིང་། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་དམ་བཅའ་བ་མཛད་པས། དེ་བཞིན་གཤེགས་པས་ཐམས་ཅད་དང་ཐབས་ཅིག་ཡང་དག་པར་མོལ་ནས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་ཡན་ལག་ཐམས་ཅད་ནས་དེ་བཞིན་གཤེགས་པའི་སྐུས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ས་བཅུ་པའི་བར་དུ་སེམས་ཅན་ལ་ཕན་


DKG086_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་མཛད་པ་རྣམས་བྱུང་ངོ་། །བྱུང་ནས་ཀྱང་ཕྱོགས་བཅུ་ཀུན་ཏུ་བསྐོར་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་སྐུའི་ནང་རང་གི་གནས་སུ་ཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་དཀྱིལ་འཁོར་རྣམ་པར་དགོད་པ་ཉོན་ཅིག །རེ་ཞིག་དང་པོར་སློབ་དཔོན་ཡིད་བྱང་ཆུབ་ཀྱི་སེམས་ལ་ཞུགས་པ། ཤེས་རབ་དང་ལྡན་པ། བརྟན་པ་སྙིང་རྗེ་ཅན། སྒྱུ་རྩལ་དག་ལ་མཁས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་རྟག་ཏུ་མཁས་པ། ཐེག་པ་གསུམ་གྱི་ཁྱད་པར་ཤེས་པ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་མཁས་པ། བསམ་པ་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་དཀྱིལ་འཁོར་བྲི་བའི་ལས་བྱེད་པར་གནང་ཞིང་དབང་བསྐུར་བ། རིགས་བཙུན་གསང་སྔགས་སྤྱོད་པ་ལ། །མངོན་པར་བརྩོན་ཞིང་གཏན་ལ་ཕབ། །སྦྱོར་ལ་མཁས་ཤིང་ཟུང་ཐུབ་ལ། །བྱང་ཆུབ་སེམས་ལ་རྣམ་པར་གནས། །གསང་བ་པའི་བདག་པོ་སློབ་དཔོན་དེ་ལྟ་བུ་ནི་རྒྱལ་བའི་སྲས་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རབ་ཏུ་བསྔགས་སོ། །གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་ལ་གཞན་གྱིས་གསོལ་བ་བཏབ་ཀྱང་རུང་། ཡང་ན་བདག་གིས་སེམས་ཅན་དག །སྣོད་དུ་རུང་ཞིང་ཉེས་བྲལ་བ། །མོས་མང་བརྟན་ལ་དད་པ་ཅན། །གཞན་ལ་ཕན་དགའ་མཐོང་ནས་ནི། །དེ་ལྟ་བུ་ཡི་སློབ་མ་དེ། །ཤེས་ནས་སློབ་དཔོན་བདག་ཉིད་ཀྱིས། །མ་གསོལ་བར་ནི་དེ་བོས་ཏེ། །ཕན་འདོད་ཕྱིར་ནི་འདི་སྐད་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱིས། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གང་འདས་དང་། །དེ་བཞིན་གང་དག་མ་བྱོན་དང་། །ད་ལྟར་བྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་དག །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་མཆོག་བཟང་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་མཚན་མེད་བརྙེས། །གསང་སྔགས་


DKG086_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་མཉམ་མེད་དེ། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །སྙིང་རྗེ་གྱུར་པའི་ཡིད་ཀྱིས་ནི། །དེ་ལྟར་ལན་མང་གཟེངས་བསྟོད་དེ། །སློབ་མ་དེ་བརྟན་ཤེས་ནས་ནི། །ས་གཞི་ལེགས་པར་ཡོངས་བརྟག་བྱ། །མེ་ཏོག་འབྲས་བུ་ལྡན་པའི་རི། །གཙང་ཞིང་ཡིད་འོང་ཆུ་ཡི་གནས། །དེ་དག་དཀྱིལ་འཁོར་བྲི་བ་ཡི། །ལས་ལ་སངས་རྒྱས་ཀུན་གྱིས་བསྔགས། །གང་ན་འབབ་ཆུ་མང་པོ་དག ། ངང་པ་བཞད་ཀྱིས་བརྒྱན་ཡོད་པ། །དེར་ནི་སྔགས་པ་བློ་ཅན་གྱིས། །སྙིང་རྗེ་འབྱུང་བའི་དཀྱིལ་འཁོར་བྲི། །སངས་རྒྱས་རྣམས་དང་རང་མགོན་དང་། །དེ་བཞིན་རྒྱལ་བའི་ཉན་ཐོས་ཀྱིས། །ས་ཕྱོགས་གང་དག་བསྙེན་པ་ནི། །དེ་དག་ཐུབ་པས་རྟག་ཏུ་བསྔགས། །ཕྱོགས་གཞན་རྣམ་པ་སྣ་ཚོགས་པ། །ལྷ་ཁང་ཀུན་དགའ་བཟང་པོ་དང་། །ཁྱིམ་དང་ཡང་ཐོག་ཉམས་དགའ་དང་། །མཚེའུ་དང་སྐྱེད་མོས་ཚལ་མཛེས་དང་། །མཆོད་རྟེན་གྲ་གང་བ་ལང་ལྷས། །འབབ་ཆུ་འདུས་པའི་མདོ་དག་དང་། །ལྷ་ཡི་གནས་རྣམས་ཐམས་ཅད་དང་། ། དེ་བཞིན་ཁང་པ་སྟོང་པར་ཡང་། །སློབ་མ་དག་ལ་ཕན་འདོད་ཕྱིར། །ནན་ཏན་དུ་ནི་དཀྱིལ་འཁོར་བྲི། །ཡང་ན་ཡིད་དུ་འོང་བའི་ས། །གང་ཡང་རུང་བར་བྲི་བར་བྱ། །གསང་བ་པའི་བདག་པོ་དེ་ལ་ས་གཞི་ཡོངས་སུ་སྤྱད་པར་བྱ་བ་ནི། རྡོ་དང་། བོང་པ་དང་། གྱོ་མོ་དང་། གསེག་མ་མེད་ཅིང་སྐྲ་དང་། ཕུབ་མ་དང་། སོལ་བ་དང་། ཐལ་བ་དང་། ཚེར་མ་དང་། རུས་པ་དང་། སྡོང་དུམ་དང་། ཟུག་རྔུ་བསལ་བ། གྲོག་སྦུར་དང་། སྲིན་བུ་དང་། སྲོག་ཆགས་མེད་ཅིང་ཉེས་པ་ཐམས་ཅད་སྤངས་པའི་གནས་ནི་ལྷ་རྣམས་ལ་རབ་ཏུ་ཤིས་སོ། ། དེ་ལ་ཚེས་གྲངས་དང་། རྒྱུ་སྐར་དང་། གཟའ་དང་། བྱེད་པ་དང་། ཡུད་ཙམ་བཟང་པོའི་མཚན་མ་དང་ལྡན་པའི་ཉི་མ་ལ་སྔ་དྲོའི་དུས་ཀྱི་ཚེ་ལྟས་བཟང་པོས་མཚོན་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། སའི་ལྷ་མོ་ལ་སྦྲན་པའི་ཚིགས་སུ་བཅད་པ་གཉིས་བསྒྲག་


DKG086_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་གྱི་ཁྱད་པར་གྱི། །ས་དང་ཕ་རོལ་ཕྱིན་དག་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་ལས་ནི། །རྒྱལ་བར་བྱ་སྟེ་དཀྱིལ་འཁོར་བྲི། །ས་ལ་ལག་པས་རེག་བྱས་ཤིང་། །དེ་ལྟར་ལན་མང་སྦྲན་ནས་ནི། །པུས་མོ་གཉིས་ནི་སར་བཙུགས་ནས། །མེ་ཏོག་སྤོས་ཀྱིས་མཆོད་པ་བྱ། །མཆོད་ནས་སྔགས་པས་དེ་ནས་ནི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །དེ་ནས་ཆོ་ག་འདི་དག་གིས། ། མཁས་པས་ས་གཞི་སྦྱང་བར་བྱ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །སངས་རྒྱས་མཚན་མ་མི་མངའ་སྟེ། །ཆོས་ཀྱི་སྐུ་ལ་རྣམ་པར་བཞུགས། །མཚན་མེད་འདུས་མ་བྱས་པ་ཡི། །མཚུངས་པ་མེད་པའི་ཆོས་སྟོན་ན། །དཔའ་བོ་ཆེན་པོ་ཅི་སླད་དུ། །མཚན་མར་བཅས་པའི་ཆོ་ག་འདི། །གསང་སྔགས་སྤྱད་པ་བསྟན་པར་མཛད། །འདི་ནི་ཆོས་ཉིད་ཚུལ་མ་ལགས། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །དེ་ཚེ་ཕྱག་ན་རྡོ་རྗེ་ལ། །ཆོས་ཀྱི་མཚན་ཉིད་འདི་ཉོན་གསུངས། །ཆོས་ནི་རྟོག་དང་བྲལ་བ་སྟེ། །ཀུན་རྟོག་ཐམས་ཅད་སྤངས་པ་ཡིན། །དེ་ལ་སེམས་དང་སེམས་བྱུང་གི། །རྟོག་པ་རབ་ཏུ་སྤོང་བར་འགྱུར། །ང་ཡིས་ཆོས་མངོན་སངས་རྒྱས་པ། །དེ་ནི་མཁའ་ལས་བྱུང་བ་སྟེ། །ལོག་པར་རྟོག་པའི་སྤྱོད་ཡུལ་བ། །བྱིས་པ་རྣམས་ཀྱིས་མི་ཤེས་སོ། །ཡུལ་དུས་མཚན་མ་ལ་སོགས་པ། །མུན་གྱིས་བསྒྲིབས་པ་རྣམས་འདོད་དེ། །དེ་དག་གཟུང་བར་བྱ་བའི་ཕྱིར། །ཆོ་ག་འདི་ཡང་བརྗོད་པ་ཡིན། །ཡུལ་མེད་དུས་ཀྱང་མེད་པ་སྟེ། །བྱ་བ་མེད་ཅིང་བྱེད་པ་ཡང་། ། ཆོས་རྣམས་ཀུན་ལ་ཡོང་མེད་དེ། །ཆོས་རྣམས་ཉི་ཚེ་འབའ་ཞིག་གོ། །གསང་བའི་བདག་པོ་འོན་ཀྱང་ནི། །སེམས་ཅན་དག་ནི་བློ་ཞན་ཅིང་། །བྱ་བ་ཙམ་གྱིས་རྨོངས་པ་དག །དངོས་པོའི་དོན་ལ་ཆགས་པ་རྣམས། །མ་འོངས་དུས་ན་འབྱུང་བར་འགྱུར། །འདི་ལྟའི་ཚུལ་


DKG086_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མི་ཤེས་པས། །ཡུལ་དང་དུས་དང་བྱ་བ་ལས། །དགེ་དང་མི་དགེའི་མཚན་མ་ཡིས། །རྨོངས་པ་འབྲས་བུ་འདོད་བྱེད་དེ། །སེམས་དཔའ་ཆེན་པོ་དེ་དག་ཕྱིར། །ཆོ་ག་འདི་ནི་བརྗོད་པ་ཡིན། །གསང་བ་པའི་བདག་པོ་དེ་ལ་ཅི་སྐད་བསྟན་པའི་གནས་གང་ཡང་རུང་བར་ས་གཞི་རབ་ཏུ་འཐས་པར་བཅགས་ཏེ། བའི་ལྕི་བ་ས་ལ་མ་ལྷུང་བ་དང་བའི་གཅིན་དུ་བསྲེས་པས་བྱུག་གོ། །དེ་ནས་སྔགས་འདིས་བསང་གཏོར་བྱས་ཏེ་བསྔགས་སོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ས་མེ། ག་ག་ན། ས་མ་ཏཱ་ནུ་ག་ཏེ། པྲ་ཀྲྀ་ཏི། བི་ཤུདྡྷེ། དྷརྨྨ་དྷཱ་ཏུ་བི་ཤོ་དྷ་ནི་སྭཱཧཱ། དེ་ཡི་འོག་ཏུ་སྔགས་པ་ནི། །ལངས་ནས་དེ་ཡི་དབུས་སུ་ང་། །པདྨ་དཀར་པོའི་གདན་ལ་བཞུགས། །ཐོར་ཚུགས་དང་ནི་དབུ་རྒྱན་འཆང་། །འོད་ཟེར་ཁ་དོག་སྣ་ཚོགས་པས། །ཀུན་ནས་ཡོངས་སུ་བསྐོར་བར་བསམ། །དེ་ནས་རྫོགས་པའི་སངས་རྒྱས་བཞི། །བློ་དང་ལྡན་པས་ཕྱོགས་སུ་བསམ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །ཉི་མ་འཆར་ཀ་ལྟ་བུར་བསམ། །ལྷོ་རུ་རྒྱལ་བ་དཔའ་བོ་ནི། །མེ་ཏོག་ཀུན་རྒྱས་ཞེས་བྱ་བ། །གསེར་གྱི་ཁ་དོག་འབར་བར་བཅས། །ཉེས་པ་བཅོམ་པ་ཏིང་འཛིན་གནས། །བྱང་ཕྱོགས་སུ་ནི་མི་འཁྲུགས་པ། །ནད་དང་བྲལ་བ་ཏིང་འཛིན་གནས། །ནུབ་ཕྱོགས་འོད་དཔག་མེད་པ་སྟེ། །རྒྱལ་བ་ལྔ་པོ་འདི་རྣམས་ནི། །བསམས་ཏེ་དེ་ནས་སྔགས་པ་ཡིས། །རྒྱལ་བའི་གནས་དབུས་འདུག་ནས་སུ། །མི་གཡོ་བདག་ཉིད་ཆེན་པོའམ། །ཡང་ན་འཇིག་རྟེན་གསུམ་རྒྱལ་གྱི། །གསང་སྔགས་དོན་ཀུན་སྒྲུབ་པ་ཡིས། །ས་ནི་ཡོངས་སུ་གཟུང་བར་བྱ། །དབུས་སུ་དཀྱིལ་འཁོར་བཟང་པོ་དག །ཙནྡན་དག་གིས་བྱ་བ་ནི། །དང་པོ་གཅིག་ནི་ང་ཡི་ཡིན། །གཉིས་པ་སྐྱོབ་པ་ཐམས་ཅད་ཀྱིའོ། །གསུམ་པ་དེ་དང་མཉམ་བྱ་བ། ། ཐེ་ཙོམ་མེད་པར་ཡུམ་གྱི་ཡིན། །བཞི་པ་ལག་ན་པདྨའི་སྟེ། །ལྔ་པ་ཕྱག་ན་རྡོ་རྗེའི་ཕྱིར། །དྲུག་པ་མི་གཡོ་མགོན་གྱི་སྟེ། །མ་ཟད་འོག་ཏུ་ལེགས་པར་བྱ། །དེ་བཞིན་གཤེགས་རྣམས་རྗེས་དྲན་ནས། །མེ་ཏོག་སྤོས་ལ་སོགས་ཕུལ་ཏེ། །མཉམ་པར་བཞག་ནས་གུས་


DKG086_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་རུ། །ཚིག་ཏུ་འདི་སྐད་སྨྲ་བར་བྱ། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །སྲས་བཅས་སང་གི་གདུགས་འདས་ནས། །ས་གཞི་ཡོངས་སུ་གཟུང་བ་མཛོད། །དེ་སྐད་ཀྱི་ནི་ཚིག་སྨྲས་ནས། །གསང་སྔགས་འདི་ནི་བརྗོད་པར་བྱ། །ན་མཿས་མནྟ་བུདྡྷཱ་ནཱྃ། སརྦྦ་ཏ་ཐཱ་ག་ཏཱ་དྷིཥྛཱ་ནཱ་དྷིཥྛ་ཏེ། ཨ་ཙ་ལེ། བི་མ་ལེ་སྨ་ར་ཎེ། པྲ་ཀྲྀ་ཏི་པ་རི་ཤུདྡྷེ་སྭཱ་ཧཱ། དེ་ནས་སྔགས་པ་ལངས་ནས་སུ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་ནི། །ནུབ་ཀྱི་ཕྱོགས་སུ་གནས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། ། བྱང་ཆུབ་སེམས་ནི་སེམས་བྱེད་ཅིང་། །དེ་ཉིད་དུ་ནི་ཉལ་བར་བྱ། །དེ་ནས་སྔགས་པས་རྨི་ལམ་བལྟ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་ནམ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས། །སེམས་ཅན་རྣམས་ལ་ཕན་བྱའི་ཕྱིར། །དཀྱིལ་འཁོར་བྲི་བའི་ལས་རྣམས་ལ། །བདག་ཉིད་ཀུན་རྩོལ་འབད་པའམ། །བདག་ཉིད་ལ་ནི་འདི་སྐད་དུ། །སེམས་ཅན་ཆེན་པོ་བུ་ཁྱོད་ལེགས། །དཀྱིལ་འཁོར་མྱུར་དུ་བྲིས་ཤིག་ཅེས། །སྤྲོ་བ་བསྐྱེད་པ་མཐོང་ཡང་རུང་། །དེ་ནས་དེ་ཡི་ཕྱི་དེ་ཉིན། །སློབ་མ་དད་ཅིང་རིགས་བཙུན་པ། ། དེ་བཞིན་དཀོན་མཆོག་གསུམ་ལ་དད། །ཟབ་མོ་ཡི་ནི་བློ་དང་ལྡན། །སྤྲོ་བ་ཆེ་ཞིང་ཚུལ་ཁྲིམས་ལྡན། །བཟོད་དང་ལྡན་ཞིང་སེར་སྣ་མེད། །དཔའ་ལ་ཡི་དམ་བརྟན་པ་ནི། །བཅུའམ་བརྒྱད་དམ་བདུན་ནམ་ལྔ། །གཅིག་གཉིས་བཞི་ལས་ལྷག་ཀྱང་རུང་། ། དཔྱད་མི་དགོས་པར་གཟུང་བར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་འདས་དཀྱིལ་འཁོར་འདིའི་མིང་ཅི་ལགས། ཅིའི་སླད་དུ་དཀྱིལ་འཁོར་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དཀྱིལ་འཁོར་འདི་ནི་སངས་རྒྱས་འབྱུང་བ་སྟེ། དཀྱིལ་ནི་སྙིང་པོ་ཞེས་བྱའོ། །འཁོར་ནི་རྫོགས་པ་སྟེ། དེའི་གོང་ན་སྙིང་པོར་གྱུར་པ་གཞན་མེད་པས། དེ་བས་ན་དཀྱིལ་འཁོར་ཞེས་བྱའོ། །གསང་བ་པའི་བདག་པོ་འོན་ཀྱང་དཀྱིལ་འཁོར་རྒྱས་པ་འདི་ནི། སེམས་ཅན་གྱི་ཁམས་


DKG086_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

མ་ངེས་པ་ཡོངས་སུ་བསྐྱབ་པའི་ཕྱིར་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་སྟེ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་གྲངས་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡང་དག་པར་བསྒྲུབས་པ་བྱིན་གྱིས་བརླབས་སོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་གཅིག་གི་ཕྱིར་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། གཉིས་ཀྱི་ཕྱིར་མ་ཡིན། གསུམ་གྱི་ཕྱིར་མ་ཡིན། འོན་ཀྱང་ཐུགས་རྗེ་ཆེན་པོའི་དབང་དུ་གྱུར་བ་དག་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་བསྐྱབ་པའི་ཕྱིར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་དག་གིས་སེམས་ཅན་གྱི་ཁམས་རྣམ་པ་དུ་མ་ལ་བསམ་པ་ཇི་ལྟ་བ་བཞིན་དུ། སེམས་ཅན་རྣམས་ལ་ཆོས་འཆད་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ་རྣམས་ནི་གསང་སྔགས་སྤྱོད་པའི་ཚུལ་མཐོང་ངམ་ཐོས་ན་སེམས་ལ་དགའ་བའམ། དང་བ་ཅུང་ཟད་ཀྱང་ཡང་དག་པར་མི་སྐྱེ་ཡི། གསང་བ་པའི་བདག་པོ་གང་དག་གིས་སྔོན་ཐེག་པ་ཆེན་པོ་གསང་སྔགས་སྤྱད་པའི་ཚུལ་སྒོ་མཐའ་ཡས་སྒྲུབ་པ་ལ་གོམས་པར་བྱས་པ་དེ་དག་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་རྣམས་ཉིད་ཀྱི་དོན་གྱི་ཕྱིར་གྲངས་ཀྱི་ཚད་འདི་བྱས་སོ། །འོན་ཀྱང་སློབ་དཔོན་སྙིང་རྗེ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅའ་བ་ཁོ་ནར་བྱ་སྟེ། དེས་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུར་འགྱུར་བར་བྱ་བའི་ཕྱིར་སེམས་ཅན་ཚད་མེད་པ་རྣམས་ཡོངས་སུ་གཟུང་བར་བྱའོ། །དེ་ནས་དེ་དག་བོས་ལ་གསུམ་ལ་སྐྱབས་སུ་གཏང་བར་ཡང་བྱའོ། །སྡིག་པ་མི་བྱ་བ་རྣམས་ཀྱང་བསྒོ་བར་བྱའོ། །དེ་ནས་དེ་དག་ལ་སྤོས་དང་མེ་ཏོག་ལ་སོགས་པ་སྦྱིན་ནོ། །དེ་དག་དུས་གསུམ་དུ་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་སྡོམ་པ་ཡང་འཛིན་དུ་གཞུག་གོ། །འཛིན་དུ་བཅུག་ནས་སྔགས་པ་ཡིས། །དེ་ནས་སོ་ཤིང་དག་ཀྱང་སྦྱིན། །རྩེ་གཅིག་མཉམ་པར་བཞག་པ་དག །ཤར་རམ་བྱང་དུ་ཁ་བསྟན་ཏེ། །ཨུ་དུམ་བཱ་ར་ཨ་


DKG086_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཤྭཏྠ། །ཤིན་ཏུ་བཟང་པོ་བསྲུང་བྱས་ཤིང་། །མེ་ཏོག་དྲི་ལ་སོགས་བསྐུས་པའི། །སོ་ཤིང་དག་ནི་འཆར་གཞུག་གོ། །སེམས་ཅན་སྣོད་རུང་སྣོད་མི་རུང་། །བོར་བ་ཉིད་ལས་བརྟག་པར་བྱ། །དེ་ནས་ལག་པ་གཡོན་པ་ལ། །སྐུད་པ་མདུད་པ་གསུམ་ལྡན་པ། །བདག་ཉིད་མཉམ་པར་བཞག་པ་ཡིས། །ལེགས་པ་རུ་ནི་བཅིང་བར་བྱ། །དེ་ལྟར་ཡོངས་སུ་གཟུང་ལྡན་པའི། །སློབ་མ་ཉེས་པ་མེད་རྣམས་ལ། །བསམ་པ་བརྟན་པར་བྱ་བའི་ཕྱིར། །འདི་ལྟར་སྤྲོ་བ་བསྐྱེད་པར་བྱ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །གལ་ཏེ་རྨི་ལམ་དག་ཏུ་ནི། །གཙུག་ལག་ཁང་དང་ཀུན་དགའ་བཟང། །ཁང་པ་བཟང་པོ་སྣ་ཚོགས་དང་། །དེ་བཞིན་དུ་ནི་ཡང་ཐོག་དང་། །རལ་གྲི་ཡིད་བཞིན་ནོར་བུ་དང་། །གདུགས་དང་མེ་ཏོག་སྣ་ཚོགས་དང་། །བུད་མེད་བཟང་མོ་གོས་དཀར་ཅན། །སྡུག་པའི་གཉེན་དང་བུ་དག་དང་། །གླེགས་བམ་དེ་བཞིན་བྲམ་ཟེ་དང་། །སངས་རྒྱས་དང་ནི་རང་སངས་རྒྱས། །དེ་བཞིན་རྒྱལ་བའི་ཉན་ཐོས་དང་། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །གལ་ཏེ་འབྲས་བུ་ཐོབ་པ་དང་། །མཚོ་དང་རྒྱ་མཚོ་ལས་རྒལ་མཐོང་། །དེ་བཞིན་དུ་ནི་ནམ་མཁའ་ལས། །བཀྲ་ཤིས་ཡིད་དུ་འོང་བའི་ཚིག །འདོད་པའི་འབྲས་བུ་འབྱུང་བར་གྲག །དེ་ལ་སོགས་པའི་རྨི་ལམ་ནི། །བཟང་པོ་ཞེས་ནི་བྱ་བར་བརྟག །མཁས་པས་དེ་ལས་བཟློག་པ་ཡི། །རྨི་ལམ་ངན་པར་ཤེས་པར་བྱ། །བརྟུལ་ཞུགས་བཟང་པོ་ཁྱོད་རྣམས་ཀྱིས། །ནང་པར་ཐམས་ཅད་ང་ལ་ཟློས། །སློབ་མ་དེ་དག་རྣམས་ལ་ནི། །དེ་སྐད་བསྒོ་ནས་ཆོས་ཀྱང་བཤད། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི།


DKG086_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

།དེ་བཞིན་གཤེགས་པ་རྣམས་སུ་འགྱུར། །ཡོད་དང་མེད་ལས་རྣམ་པར་འདས། །ནམ་མཁའ་བཞིན་དུ་དྲི་མ་མེད། །ཟབ་མོ་རྟོག་གེ་ཐམས་ཅད་ཀྱིས། །རབ་ཏུ་མི་རྟོགས་གནས་མེད་པ། །སྤྲོས་པ་ཀུན་དང་བྲལ་བ་སྟེ། །སྤྲོས་པ་རྣམས་ཀྱིས་རྣམ་པར་སྤྲོས། །ལས་དང་བྱ་བ་ལ་སོགས་བྲལ། །བདེན་པ་གཉིས་ལ་གནས་པ་ཡི། །ཐེག་པ་རབ་ཀྱི་མཆོག་འདི་ནི། །ཚུལ་ལ་གནས་ན་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་འཛིན་སྤྲོས་པ་མེད་པར་གནས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དུས་གསུམ་དུ་སྒྲིབ་པ་མ་མཆིས་པའི་ཡེ་ཤེས་ཀྱི་སྡོམ་པ་གང་ལ་བྱང་ཆུབ་སེམས་དཔའ་རྣམས་གནས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཛིན་སྤྲོས་པ་མེད་པར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ལུས་དང་། ངག་དང་། ཡིད་གཅིག་ཏུ་འཇུག་ཅིང་ཆོས་ཐམས་ཅད་ལ་རྩོམ་པ་མེད་ཅིང་བྱ་བ་མེད་པའི་སྡོམ་པ་གང་ཡིན་པ་དེ་རིགས་ཀྱི་བུ་ཉོན་ཅིག །དེ་ཡང་གང་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གི་ལུས་ཡོངས་སུ་གཏོང་བ་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་བདག་གིས་ལུས་ཡོངས་སུ་གཏོང་བ་དེས་ནི་དངོས་པོ་གསུམ་ཡོངས་སུ་བཏང་བ་ཡིན་ཏེ། དངོས་པོ་གསུམ་ཡོངས་སུ་བཏང་བ་དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ལུས་དང་། ངག་དང་། ཡིད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔས་ལུས་དང་ངག་དང་ཡིད་གསུམ་གྱི་སྡོམ་པས་བསྡམ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ནི་ལུས་དང་ངག་དང་ཡིད་ཡོངས་སུ་མ་བཏང་བར་བསླབ་པ་འཛིན་པར་མི་བྱེད་དོ། །དེ་ནས་ཕྱི་དེ་ཉིན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་བྱས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་བུམ་པ་སྤོས་ཆུས་བཀང་བ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བས་མངོན་པར་བསྔགས་ཏེ་སྒོ་དང་པོར་བཞག་ལ་མཁས་པས་སྐྱེ་བོ་ཀུན་ལ་དེས་བསང་གཏོར་


DKG086_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་སེམས་སྦྱང་བའི་ཕྱིར་སྤོས་ཆུ་གཙང་མ་བླུད་དོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །དཀྱིལ་འཁོར་གྱི་ནི་སློབ་དཔོན་དག །གསང་སྔགས་སྒྲུབ་ལ་འབད་པ་ན། །གང་གི་དུས་སུ་དཀྱིལ་འཁོར་དུ། །སེམས་དཔའ་ཆེན་པོ་བྱིན་རློབ་པའི། །དུས་དང་ཚོད་ནི་ཀུན་མཁྱེན་པ། །སྨྲ་བའི་མཆོག་གིས་བཀའ་སྩོལ་ཅིག །དེ་སྐད་གསོལ་ནས་བཅོམ་ལྡན་གྱིས། །རྡོ་རྗེ་འཛིན་ལ་བཀའ་སྩལ་པ། །དཀྱིལ་འཁོར་དོན་དུ་གཉེར་བ་ལ། །རྟག་ཏུ་མཚན་མོ་བྲེ་བར་བྱ།། །།བམ་པོ་གཉིས་པ། ལག་ན་རྡོ་རྗེ་དེ་སློབ་དཔོན་གྱིས་སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ལ་ཚོན་སྣ་ཚོགས་སྲད་བུ་ཐོགས་ཏེ། བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ། ཤར་དུ་སྲད་བུ་བྲེ་བ་ནི། །ལྟེ་བའི་ཐད་ཀར་བཟུང་ནས་སུ། །བར་སྣང་ལ་ནི་གཟུང་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་སུ། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །དེ་ནས་སྲད་བུ་གཉིས་པ་ནི། །རང་གིས་བླངས་ནས་དེ་ཉིད་དུ། །དེ་བཞིན་གཤེགས་པ་རྗེས་དྲན་ཅིང་། །ཤར་ཕྱོགས་བལྟས་ཏེ་བྲེ་བར་བྱ། །དེ་ནས་ལྷོ་ཕྱོགས་སོང་ནས་ནི། ། བྱང་ཕྱོགས་སུ་ནི་བྲེ་བར་བྱ། །བློ་ཅན་དེ་ནས་སླར་ལོག་ནས། །བདེན་བྲལ་ཕྱོགས་སུ་གནས་ནས་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །དེ་ནས་གཡས་སུ་བསྒྱུར་བར་བྱ། །བསྒྱུར་ཏེ་དེ་རུ་འདུག་ནས་ནི། །ལྷོ་ཕྱོགས་སུ་ནི་བྲེ་བར་བྱ། །དེ་ནས་གནས་དེ་བཏང་ནས་སུ། །མེ་ཡི་ཕྱོགས་སུ་གནས་ནས་ནི། །སྔགས་པས་གསང་སྔགས་ཆོ་གར་གནས། །ཤར་དུ་སྲད་བུ་བྲེ་བར་བྱ། །དེ་ནས་དེ་བཞིན་དབང་ལྡན་ཕྱོགས། །སོང་ནས་ནུབ་ཏུ་ཁ་བལྟས་ཏེ། །རླུང་གི་ཕྱོགས་ཀྱི་བར་དུ་ནི། །བྱང་ཕྱོགས་སུ་ནི་བྲེ་བར་བྱ། །སྔགས་པ་ཡིས་ནི་དེ་ལྟ་བུར། ། ཀུན་ནས་གྲུ་བཞི་ལྷམ་པར་བྱ། །དེ་ནས་དབུས་སུ་ཞུགས་ནས་སུ། །དེ་ལ་ཆ་ནི་གསུམ་དུ་བརྟག །ས་རྣམས་ཐམས་ཅད་ཀུན་ཏུ་ཡང་། །ཆ་གསུམ་དག་ཏུ་བརྟགས་ནས་ནི། །ཆ་རྣམས་ཀྱང་ནི་རེ་རེ་ལ། །ཆ་གསུམ་དུ་ནི་རབ་ཏུ་བརྟག །ཆ་གཅིག་ཅིག་ནི་བསྐོར་བ་ཡི།


DKG086_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་བྱས་ཏེ་ལྷག་མ་ཡི། །ཆ་གཉིས་པོ་ནི་ལྷ་ཉིད་ཀྱི། །གནས་སུ་ངེས་པར་བྱ་བ་ཡིན། །བློ་དང་ལྡན་པས་ཕྱོགས་བཞི་རུ། །སོ་སོའི་ཕྱོགས་ཆར་སྒོ་ཁྱུད་ནི། །སྡོམ་བརྩོན་ཅན་གྱིས་ནན་ཏན་དུ། །ལྷ་རྣམས་གཙོ་བོའི་གནས་སུ་བྱ། །དེ་ལྟར་རིམ་པས་ལེགས་ཕྱེ་བ། །འདི་དག་ཐམས་ཅད་བྱས་ནས་ནི། །དབུས་སུ་པདྨ་དཀར་པོ་མཆོག །དེ་ནི་སྙིང་པོ་ཞེས་སུ་བསྒྲགས། །དཀྱིལ་འཁོར་སྙིང་པོ་འབྱུང་བ་ཀུན། །དེས་ནི་སྙིང་པོ་ཅན་དུ་བྱས། །དེ་ཡི་ཚད་ཀྱང་སོར་བཅུ་དྲུག །ཡན་ཆད་དུ་ནི་བཤད་པ་ཡིན། །འདབ་མ་བརྒྱད་པ་ལེགས་པར་རྫོགས། །ཟེ་བར་ལྡན་པ་ཤིན་ཏུ་བཟང། །འདབ་མའི་བར་ནི་ཐམས་ཅད་དུ། །ཀུན་ནས་རྡོ་རྗེ་བྲི་བར་བྱ། །དེ་ཡི་སྙིང་པོའི་དབུས་སུ་ནི། །རྒྱལ་མཆོག་གཙོ་བོ་གསེར་གྱི་མདོག །འབར་བཅས་ཐོར་ཚུགས་དབུ་རྒྱན་ཅན། །འོད་ཟེར་དག་གིས་ཀུན་ནས་བསྐོར། །མགོན་པོ་ནད་དང་བྲལ་བ་ནི། །ཏིང་ངེ་འཛིན་དུ་གནས་པར་བྲི། །དེ་ཡི་ཤར་དུ་བློ་ལྡན་གྱིས། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་ནི། །གྲུ་གསུམ་ཐམས་ཅད་ཐལ་ཀར་ཉིད། །པདྨའི་སྟེང་ན་ཁོར་ཡུག་ཏུ། །འོད་ཟེར་དཀར་པོས་ཡོངས་བསྐོར་བ། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །དེ་ཡི་བྱང་དུ་མཁས་རྣམས་ཀྱིས། །སྐྱོབ་པ་དག་ནི་ཀུན་གྱི་ཡུམ། །གསེར་གྱི་མདོག་ཅན་འབར་དང་བཅས། །ན་བཟའ་དག་ནི་དཀར་པོ་མནབས། །ཀུན་ཏུ་རྣམ་པར་སྣང་མཛད་པ། །ཏིང་ངེ་འཛིན་དུ་གནས་པར་བྲི། །མགོན་པོ་ཡི་ནི་བྱང་ཕྱོགས་སུ། །སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་སྟན་ལ་འདུག །དུང་དང་ཀུནྡ་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །བཞིན་ནི་བག་ཙམ་འཛུམ་པ་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །སྔོ་བསངས་མོ་ལ་སྣ་ཚོགས་གཟུགས། །བུད་མེད་དར་ལ་བབ་པའི་ཚད། །ཐལ་སྦྱར་མེ་ཏོག་ཨུཏྤལ་ཐོགས། །འོད་ཟེར་དག་གིས་ཀུན་བསྐོར་ཅིང་། །གོས་ནི་དཀར་པོ་གྱོན་པར་བྲི། །གཡོན་དུ་ལྷ་མོ་ཁྲོ་གཉེར་ཅན། །སྔགས་དེའི་ཕྲེང་བ་ལག་ན་འཆང་། །མིག་གསུམ་


DKG086_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཐོར་ཚུགས་ཅན། །ཁ་དོག་མདོག་ནི་དཀར་མོ་ལ། །འོད་ཟེར་དཀར་པོ་སེར་པོ་དང་། །དམར་པོ་རྣམས་ཀྱིས་བསྐོར་བར་བྲི། །ཁྲོ་གཉེར་ཅན་དང་ཉེ་བར་ནི། །མཐུ་ཆེན་ལག་ན་པདྨ་ཐོགས། །བརྩེ་བ་ཆེན་པོ་གོས་དཀར་གྱོན། །འོད་ཟེར་དག་གིས་བསྐོར་བ་ཡི། ། དཔའ་བོ་ཡང་དག་བྲི་བྱ་སྟེ། །དེ་ཡི་པདྨ་ཁ་མ་བྱེ། །དེ་ཡི་དྲུང་དུ་བློ་ཅན་གྱིས། །རིག་སྔགས་ལྷ་མོ་གྲགས་ལྡན་མ། །གསེར་གྱི་ཁ་དོག་ལྟ་བུ་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་སྟེ། །ལག་པ་གཡོན་པས་པྲི་ཡང་ཀུའི། །སྙེ་མ་ཡིད་འོང་འཛིན་པར་བྲི། །སྒྲོལ་མ་ཡི་ནི་ཉེ་འཁོར་དུ། །བློ་དང་ལྡན་པས་གོས་དཀར་མོ། །ཐོར་ཚུགས་ཅན་ལ་གོས་དཀར་གྱོན། །ལག་ན་པདྨ་ཐོགས་པར་བྲི། །དེ་ཡི་འོག་ཏུ་སྔགས་པ་ཡིས། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཁ་དོག་ཉི་མ་འཆར་ཀ་བཞིན། །པདྨ་དཀར་པོས་རྣམ་པར་བརྒྱན། ། འབར་བའི་ཕྲེང་ཅན་མི་བཟད་ཅིང་། །སྤུ་དག་སེང་གེ་ལྟར་འདུག་པ། །སྤྱན་རས་གཟིགས་དབང་བློ་ལྡན་གྱི། །རྟ་མགྲིན་ཅན་ཞེས་གྲགས་པ་བྲི། །སངས་རྒྱས་རྣམས་ཀྱི་ལྷོ་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་ཀྱི། །ཕྱག་རྒྱ་ཡིད་བཞིན་ནོར་བུ་ཞེས། ། གྲགས་པ་སྐལ་བ་ཆེན་པོ་ཅན། །རེ་བ་ཐམས་ཅད་རྫོགས་བྱེད་པ། །པདྨ་དཀར་ལ་འདུག་པར་བྲི། །མགོན་པོ་རྣམ་སྣང་མཛད་ཆེན་གྱི། །ལྷོ་ཡི་ཕྱོགས་སུ་རྡོ་རྗེ་འཛིན། །རེ་བ་ཐམས་ཅད་སྐོང་བྱེད་པ། །མདོག་ནི་པྲི་ཡང་ཀུ་ལྟ་བུ། །ལྗང་སེར་རམ་ནི་མ་རྒད་ལྟར། །སྔོ་བསངས་མགོན་པོ་དབུ་རྒྱན་ཅན། །སེམས་དཔའ་ཆེན་པོ་རྒྱན་ཀུན་གྱིས། །རྣམ་པར་བརྒྱན་ཅིང་མཐའ་ཡས་པར། །འཇུག་པ་རྒྱ་ཆེན་རྡོ་རྗེར་བཅས། །འོད་ཟེར་དག་གིས་བསྐོར་བར་བྲི། །དེ་ཡི་གཡས་སུ་ལྷ་མོའི་མིང་། །མཱ་མ་ཀཱི་ཞེས་བྱ་བ་དེ། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ལག་ན་རྡོ་རྗེ་ཐོགས་པ་བྲི། །དེ་ཡི་འོག་ཏུ་ལྷ་མོ་ནི། །རྡོ་རྗེ་རྩེ་མོ་སྟོབས་ཆེན་དེ། །ཕོ་ཉ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །བཞིན་ནི་བག་ཙམ་འཛུམ་པར་བྲི། །གཡོན་རོལ་དུ་ནི་སྔགས་པ་ཡིས། །རྡོ་རྗེ་ལུ་གུ་རྒྱུད་ཅེས་པ། །ལག་ན་རྡོ་རྗེ་ལུ་གུ་རྒྱུད། །རང་གི་ཕོ་


DKG086_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་རྣམས་ཀྱིས་བསྐོར། །པྲི་ཡང་ཀུ་ལྟར་ལྗང་སེར་མདོག །རྡོ་རྗེའི་མཚན་མས་ལེགས་མཚན་བྲི། །ལག་ན་རྡོ་རྗེའི་འོག་ལོགས་སུ། །ཁྲོ་ཟླ་གཙོ་བོ་ཞེས་བྱ་བ། །བགེགས་ཆེན་དགྲ་ནི་ཞི་བྱེད་པ། །ཁྲོ་བོ་འཇིག་རྟེན་གསུམ་དུ་གྲགས། །མིག་གསུམ་མཆེ་བ་བཞི་པ་སྟེ། །ཁ་དོག་དབྱར་གྱི་ཆར་སྤྲིན་འདྲ། །རབ་ཏུ་རྒོད་པའི་སྒྲ་ཡང་འབྱིན། །རྡོ་རྗེའི་རྒྱན་གྱིས་རྣམ་པར་བརྒྱན། །འཁོར་ནི་མཐའ་ཡས་ཁྲོ་བོ་ཡི། །དབང་ཕྱུག་རྣམས་ཀྱིས་ཡོངས་བསྐོར་བ། །ལག་པ་སྟོང་ཕྲག་བརྒྱ་དག་ནི། །མཚོན་ཆ་སྣ་ཚོགས་ཐོགས་ཤིང་གདེངས། །ཁྲོ་བོ་ཆེན་པོ་འདི་འདྲ་བ། །པདྨའི་སྟེང་ན་འདུག་པར་བྲི། །དེ་ཡི་ནུབ་ཏུ་སོང་ནས་ནི། །རྡོ་རྗེ་འཛིན་པ་མང་པོ་དག །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །ཁ་དོག་སྣ་ཚོགས་སྟོབས་པོ་ཆེ། །འོད་ཟེར་དག་གིས་ཡོངས་བསྐོར་བ། །སེམས་ཅན་ཀུན་དོན་བྱེད་པར་བྲི། །གསང་སྔགས་མགོན་པོའི་འོག་ལོགས་སུ། །བདེན་བྲལ་གྱི་ནི་ཕྱོགས་ཀྱི་ཆར། །མི་གཡོ་ཞེས་བྱ་ལག་ན་ནི། །རལ་གྲི་ཞགས་པ་ལེགས་པར་ཐོགས། །ཟུར་ཕུད་སྤྱི་བོའི་གཡོན་དུ་འཕྱང་། །རབ་ཏུ་བརྒྱན་ཅིང་མིག་གཅིག་ཡོ། །རང་གི་འོད་ཀྱི་ནང་ན་གནས། །ཁྲོ་དང་བཅས་པས་བྲག་ལ་འདུག །བཞིན་ནི་ཁྲོ་གཉེར་རབ་ཏུ་བསྙེར། །བྱིས་པའི་གཟུགས་ཅན་མཁྲང་བག་ཅན། །བྲིས་ནས་བློ་ལྡན་རླུང་ཕྱོགས་སུ། །སོང་ནས་བཅོམ་ལྡན་འདས་ཀྱི་ནི། །ཁྲོ་བོ་འཇིག་རྟེན་གསུམ་ལས་རྒྱལ། །འབར་བའི་ཕྲེང་ཅན་མི་བཟད་པ། །ལག་ན་རྡོ་རྗེ་རྩེ་བྲན་རྒྱན། །བཀའ་ལུང་ནོད་པ་ལྟར་འདུག་ཅིང་། །ཟད་པའི་དུས་དང་འདྲར་གནས་པ། །ནན་ཏན་དུ་ནི་བྲི་བར་བྱ། །དེ་ལྟར་ནང་དུ་བྲི་བ་ནི། །རྒྱས་དང་བཅས་པར་བཤད་པ་ཡིན། །དེ་ནས་སྔགས་པ་ཕྱིར་བྱུང་ནས། །ངེས་པར་གཉིས་པའི་ཆ་དག་ལ། །ཤར་གྱི་ཕྱོགས་ཀྱི་ནང་དུ་ནི། །ཆ་ནི་གཉིས་སུ་ཕྱེ་བ་ལ། །སྒོ་ཁྱུད་ཀྱི་ནི་ནང་རོལ་དུ། །སྔགས་པས་རྒྱལ་བ་ཤཱཀྱ་ཐུབ། །གསེར་གྱི་ཁ་དོག་འབར་དང་བཅས། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །མགོན་པོ་ན་བཟའ་ངུར་སྨྲིག་མནབས། །ཁྱབ་བདག་བསྟན་པའི་དོན་


DKG086_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། །པདྨ་དཀར་པོའི་སྟན་ལ་བཞུགས། །ཆོས་འཆད་ཚུལ་དུ་བཞུགས་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དང་། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །དེ་ཡི་གཡས་སུ་ལྷ་མོ་ནི། །རིག་སྔགས་མཛོད་སྤུ་ཞེས་གྲགས་པ། །པདྨའི་སྟེང་ན་འདུག་པ་སྟེ། །དུང་ཟླ་ཀུནྡ་ལྟ་བུའི་མདོག །ལག་ན་ཡིད་བཞིན་ནོར་བུ་ཐོགས། །རེ་བ་ཀུན་རྫོགས་བྱེད་པ་བྲི། །དེ་ནས་སྔགས་པས་གཡོན་རོལ་དུ། །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །གཙུག་ཏོར་གཟི་ཅན་བརྩོན་འགྲུས་ཆེ། །གདུགས་དཀར་པོ་དང་རྒྱལ་བའི་གཙུག །གཙུག་ཏོར་རྣམ་པར་རྒྱལ་ཉིད་དང་། །གཟི་བརྗིད་ཕུང་པོ་སྐལ་ཆེན་དང་། །རྣམ་པར་འཐོར་ཞེས་རྣམ་གྲགས་པ། །ལྔ་པོ་ཡང་དག་བྲི་བར་བྱ། །ཤཱཀྱ་ཏོག་ནི་མཐུ་ཆེན་གྱི། །གཙུག་ཏོར་ལྔ་པོ་འདི་དག་ནི། །གནས་ནི་ལྔ་རྣམས་ཉིད་དུ་ནི། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །དེ་ཡི་བྱང་དུ་སོང་ནས་སུ། །གནས་གཙང་རྣམས་ནི་བྲི་བར་བྱ། །དབང་ཕྱུག་ཀུན་ཏུ་མེ་ཏོག་དང་། །འོད་ཀྱི་ཕྲེང་བ་ཉིད་དང་ནི། །ཡིད་མགྱོགས་དང་ནི་རྣམ་གྲགས་ཏེ། །དེ་དག་ཐམས་ཅད་ལེགས་པར་བྲི། །མཛོད་སྤུ་ཡི་ནི་གཡས་ལོགས་སུ། །གཙུག་ཏོར་ཆེན་པོ་ཆེར་འབྱུང་དང། །དེ་བཞིན་གྱེན་དུ་འབྱུང་ཉིད་དང་། །སྒྲ་དབྱངས་མཐའ་ཡས་པ་ཡང་སྟེ། །གཙུག་ཏོར་གསུམ་པོ་ཁོ་ན་ནི། །བསྒྲིམས་ཏེ་ཡང་དག་བྲི་བར་བྱ། །གཙུག་ཏོར་ལྔ་པོ་སྟོབས་ཆེན་རྣམས། །དཀར་པོ་སེར་སྐྱ་སེར་པོར་བྱ། །གསུམ་པོ་གཞན་ནི་དཀར་པོ་དང་། །སེར་པོ་དང་ནི་དམར་པོར་བྱ། །ཀུན་ཀྱང་འོད་ཟེར་མང་པོ་ཅན། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །དེ་དག་སྨོན་ལམ་སྟོབས་ཆེན་དེ། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །དེ་ནས་སྔགས་པས་མེ་ཕྱོགས་སུ། །མེ་ནི་དྲང་སྲོང་ཆེ་རྣམས་དང་། །བཅས་ཤིང་མེ་ཡི་ནང་ན་འདུག །ཐལ་བའི་སོར་རིས་གསུམ་གྱིས་མཚན། །དཔའ་བོ་ཐམས་ཅད་རབ་ཏུ་དམར། །སྙིང་ག་སུམ་མདོ་རིས་མཚན་ཅིང་། །མེ་ལྕེ་འབར་བའི་དབུས་ན་འདུག།


DKG086_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བགྲང་ཕྲེང་གུནྡེ་ཐོགས་པར་བྲི། །དེ་ནས་ལྷོ་ཡི་ཕྱོགས་ཀྱི་ཆར། །གཤིན་རྗེའི་གཙོ་བོ་ལག་པ་ན། །དབྱུག་པ་ཐོགས་ཤིང་མ་ཧེ་ཞོན། །ཁ་དོག་དབྱར་གྱི་ཆར་སྤྲིན་འདྲ། །མ་མོ་རྣམས་དང་དུས་མཚན་དང་། །འཆི་བདག་རྣམས་ཀྱིས་བསྐོར་བར་བྲི། །བདེན་བྲལ་ཕྱོགས་སུ་བདེན་བྲལ་ནི། །ལག་ན་རལ་གྲི་འཇིགས་པ་བྲི། །དེ་ནས་ཀྱང་ནི་བློ་ལྡན་པ། །མྱུར་དུ་བྱང་གི་ཕྱོགས་སོང་སྟེ། །ལྷ་ཡི་རྒྱལ་པོ་རི་རབ་ལ། །འདུག་ཅིང་ལྷ་རྣམས་ཀྱིས་བསྐོར་བ། །ལག་ན་རྡོ་རྗེ་ཅོད་པན་ཅན། །རྒྱན་ཀུན་གྱིས་ནི་བརྒྱན་པར་བྲི། །དེ་ནས་དེ་ཡི་ཤར་དུ་ནི། །ཆུ་ལྷ་ལག་ན་ཞགས་ཐོགས་བྲི། །དེ་ཡི་ཡང་ནི་ཤར་ཕྱོགས་སུ། །ཉི་མ་ཤིང་རྟའི་སྟེང་འདུག་བྲི། །དེ་ཡི་གཡས་དང་གཡོན་དུ་ནི། །རྒྱལ་དང་རྣམ་པར་རྒྱལ་བ་བྲི། །དེ་ཡི་གཡས་སུ་ཚངས་པ་ནི། །གདོང་བཞི་པ་ལ་ཐོར་ཚུགས་ཅན། །ཨོཾ་ཞེས་བྱ་བ་ལྷུར་ལེན་པ། ། ངང་པ་པདྨའི་སྟེང་འདུག་བྲི། །དེ་ཡི་ནུབ་ཏུ་བྲི་བ་ནི། །ས་ཡི་ལྷ་དང་དབྱངས་ཅན་དང་། །ཁྱབ་འཇུག་སྐེམ་བྱེད་དེ་བཞིན་རླུང་། །བདེ་བྱེད་དེ་བཞིན་ཟླ་བ་སྟེ། །ནུབ་ཀྱི་ཕྱོགས་སུ་གནས་ནས་ནི། །རབ་ཏུ་ནན་ཏན་བྱས་ཏེ་བྲི། །བྲིས་ནས་སྔགས་པས་དེ་ནས་ནི། །ཡིད་ལ་འཁྲུལ་པ་མེད་པ་རུ། །གསང་སྔགས་མགོན་པོའི་འོག་ལོགས་སུ། །ཁྲོ་ཆེན་གཞན་གྱིས་མི་ཐུབ་ཅེས། །བྱ་བ་ཉིད་དང་ལྷ་མོ་ནི། །གཞན་གྱིས་མི་ཐུབ་མ་དང་ནི། །ས་བདག་ལག་ན་བུམ་པ་ཐོགས། །གུས་པར་ཡང་དག་གནས་པར་བྲི། །ཀླུ་ཆེན་དགའ་བོ་བསྙེན་དགའ་དག །ཤཱཀྱ་སེང་གེ་སྐྱོབ་པ་ཡི། །སྒོ་དྲུང་གཉིས་སུ་མངོན་ཕྱོགས་པར། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །གཞན་ཡང་ཤཱཀྱ་ཐུབ་པ་ཡི། །རྒྱུད་རྣམས་ཀུན་ལས་དཀྱིལ་འཁོར་དུ། །སྔགས་དང་ཕྱག་རྒྱ་གང་བཤད་པ། །དེ་དག་ཀྱང་ནི་མཁས་པས་བྲི། །སྔགས་པ་དེ་ནས་ཕྱིར་བྱུང་ནས། །ཆ་གསུམ་པ་ནི་ངེས་པ་ལ། །རྡོ་རྗེ་དམ་པ་སྦྱིན་པ་ནི། །གུར་གུམ་ལྟ་བུའི་མདོག་ཅན་ཏེ། །སྤྱི་བོ་ཟུར་ཕུད་ལྔ་དང་ལྡན། །བྱིས་པ་གཞོན་ནུའི་གཟུགས་ཅན་ལ། །ཨུཏྤལ་སྔོན་པོ་རྡོ་རྗེ་ཅན། །ལག་པ་གཡོན་ན་ཐོགས་པ་སྟེ། །པདྨ་དཀར་པོའི་སྟན་


DKG086_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུག །རབ་ཏུ་འཛུམ་པའི་བཞིན་དུ་གནས། །འོད་ཟེར་མཚན་ཉིད་བཟང་པོ་ཡིས། །ཀུན་ཏུ་འཁོར་བར་སྔགས་པས་བྲི། །དེ་ཡི་བྱང་དུ་གཞོན་ནུ་ནི། །དྲ་བའི་འོད་ཅན་ལག་པ་ན། །རིན་ཆེན་དྲ་བ་ཐོགས་པ་སྟེ། །སྣ་ཚོགས་པ་ཡི་རྒྱན་གྱིས་བརྒྱན། །པདྨ་དམར་པོའི་སྟན་ལ་འདུག །རྒྱལ་བའི་སྲས་ལ་བལྟ་བ་བྲི། །རྡོ་རྗེ་དམ་པ་སྦྱིན་པ་ཡི། །གཡོན་དུ་ཕོ་ཉ་མོ་ལྔ་བྲི། །སྐྲ་ཅན་དང་ནི་ཉེ་སྐྲ་ཅན། །སྣ་ཚོགས་མ་དང་ནོར་ཅན་མ། །དེ་བཞིན་འགུགས་མ་ཞེས་བྱ་བ། །འདི་དག་བློ་ལྡན་ཕོ་ཉ་མོའོ། །དེ་དག་གི་ནི་འོག་ཟད་དུ། ། ཕྱག་བརྙན་མ་ནི་ལྔ་རྣམས་དང་། །གཞོན་ནུ་དྲ་བའི་འོད་ཅན་གྱི། །འཁོར་གཉིས་པོ་ཡང་བྲི་བར་བྱ། །དེ་ནས་སྔགས་པས་ལྷོ་ཕྱོགས་སུ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །སྒྲིབ་པ་ཐམས་ཅད་རྣམ་སེལ་གཙོ། །ཡིད་བཞིན་ནོར་བུ་ཐོགས་པ་བྲི། །དེ་ཡི་ཆ་གཉིས་བོར་ནས་ནི། །དཔའ་བོ་ངོ་མཚར་ཅན་དང་ནི། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ངན་སོང་ཐམས་ཅད་སྤོང་བ་དང་། །དེ་བཞིན་སྐྱོང་སེམས་བློ་གྲོས་དང་། །བློ་ཅན་སྙིང་རྗེས་གདུངས་པ་དང་། །བྱམས་པ་མངོན་དུ་འབྱུང་བ་དང་། །གདུང་བ་ཐམས་ཅད་ཞི་བྱེད་དང་། །དེ་བཞིན་བློ་གྲོས་བསམ་ཡས་ཏེ། །མཁས་པས་བརྒྱད་པོ་བྲི་བར་བྱ། །བྱང་གི་ཕྱོགས་སུ་སོང་ནས་ནི། །ས་ཡི་སྙིང་པོ་འབར་དང་བཅས། །བཟོད་དང་དེས་པ་ཕུན་ཚོགས་བྲི། །དེ་ཡི་སྟན་ནི་མཁས་པ་ཡིས། །འབྱུང་ཁུངས་ཀུན་དང་ལྡན་པ་ཡིས། ། རིན་ཆེན་ཀུན་གྱིས་ཉེར་བརྒྱན་པ། །དེ་ཡི་སྟེང་ན་རིན་ཆེན་བཞིའི། །པདྨ་ཡང་དག་གནས་པ་ནི། །ཡིད་དུ་འོང་བ་བསམ་བྱ་སྟེ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་པོ། །དེ་ཡི་སྟེང་ན་འདུག་པར་བྲི། །དེ་ཡི་འཁོར་ནི་ཡོན་ཏན་གཙོ། །མཐའ་ཡས་ཤིན་ཏུ་གྲངས་མེད་དེ། །དེ་ཡི་ནང་ན་བྱང་ཆུབ་སེམས། །རིན་ཆེན་འབྱུང་གནས་རིན་ཆེན་ལག །ས་འཛིན་ཉིད་དང་ལག་ན་ནི། །རིན་ཆེན་ཕྱག་རྒྱ་ཅན་དང་ནི། །ལྷག་པའི་བསམ་པ་བརྟན་པ་ཉིད། །གྲགས་ཆེན་འདི་དག་བྲི་བར་བྱ། །དེ་བཞིན་སྔགས་པས་ནུབ་ཕྱོགས་སུ། །དཔའ་


DKG086_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ནམ་མཁའི་སྙིང་པོ་ནི། །གཟི་བརྗིད་ཆེན་པོ་གོས་དཀར་གྱོན། །ལག་ན་རལ་གྲི་ཐོགས་བསམ་སྟེ། །རྒྱལ་སྲས་པདྨའི་སྟན་སྟེང་ན། །ལེགས་པར་འདུག་པར་བྲི་བར་བྱ། །བདག་ཉིད་ཆེན་པོ་དེའི་འཁོར་དུ། །གྲགས་པ་དག་ཀྱང་བྲི་བར་བྱ། །དེའི་འཁོར་དཔའ་བོ་ཆེན་པོ་ནི། །ནམ་མཁའ་དྲི་མེད་བློ་གྲོས་མཁའ། །བློ་གྲོས་རྣམ་དག་ཉིད་དང་ནི། །སྤྱོད་པ་ཡི་ནི་བློ་གྲོས་དང་། །བློ་བརྟན་པ་ཞེས་བྱ་བ་སྟེ། །དེ་དག་རབ་ཏུ་བསྒྲིམ་བྲི་ཞིང་། །རྟག་ཏུ་དཔའ་བོ་འདི་རྣམས་དང་། །ལྷན་ཅིག་གོ་རིམས་བཞིན་དུ་བསམ། ། དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་ལ་བལྟས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རིང་ཞིག་ཏུ་མིག་མི་འཛུམས་པར་བལྟས་ཏེ། ཆེད་དུ་གླེང་པ་འདི་གླེང་ཞིང་ཚིག་ཏུ་སྨྲས་པ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། ། ཨུ་དུམ་བཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་བགྱིས་པར་གྱུར་པ་གང་། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་ལགས་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་འཚལ། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་བཅད། །དེའི་ཚེ་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། རྡོ་རྗེ་འཛིན་དེ་དག་གིས་མགྲིན་གཅིག་ཏུ་མཐུན་པར་ཚིག་སྨྲས་པ།གསང་སྔགས་སྤྱོད་པའི་དབང་གྱུར་པ། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ཀྱི་ཡིད་ལ་གང་བསམ་པ། །མཉམ་མེད་ཐམས་ཅད་མཁྱེན་ལ་ཞུས། །སྔགས་རྒྱུད་རྟོགས་པར་ཤེས་པ་ཡི། །བྱང་ཆུབ་སེམས་དཔའ་གཞན་རྣམས་དང་། །སྔགས་སྤྱད་འབྲས་བུ་ལ་གནས་པ། །བདག་ཅག་ཐམས་ཅད་དབང་དུ་གྱུར།།


DKG086_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཚོན་ཞེས་བགྱི་བ་དེ་གང་ལགས། །ཅི་སླད་འདི་ནི་ཚོན་ཞེས་བགྱི། །ཚོན་ནི་ཇི་ལྟར་དགྱེ་བར་བགྱི། །གང་ཞིག་ཐོག་མར་གཏང་བར་བགྱི། །རྟ་བབས་རྣམས་དང་དེ་བཞིན་དུ། །སྒོ་ཁྱུད་རྣམས་ཀྱི་ཚད་དང་ནི། །སྒོ་ཡི་ཚད་ཀྱང་ཅི་འདྲར་བགྱི། །མགོན་པོ་ཡིས་ནི་བཤད་དུ་གསོལ། །ལྷ་བཤོས་མེ་ཏོག་བྱུག་སྤོས་དང་། །བུམ་པ་རྣམས་ཀྱང་རྒྱས་པར་གསུངས། །སློབ་མ་ཅི་ལྟར་གཟུད་པ་དང་། །དེ་ནི་ཅི་ལྟར་དབང་བསྐུར་དང་། །བླ་མ་ལ་ནི་ཡོན་དབུལ་དང་། ། སྦྱིན་སྲེག་གནས་ཀྱང་བདག་ལ་གསུངས། །གསང་སྔགས་མཚན་ཉིད་ཅི་འདྲ་ལགས། །ཏིང་ངེ་འཛིན་དུ་བཞེད་པ་གང་། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀུན་དབང་ཕྱུག་ཐུབ་པ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །ཡིད་གཅིག་ཏུ་ནི་ཚུར་ཉོན་ཅིག ། ཐེག་ཆེན་འབྲས་བུ་འབྱུང་བ་ཡི། །གསང་སྔགས་སྤྱོད་པའི་ཚུལ་གྱི་མཆོག །སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ནི། །གང་དག་དྲིས་པ་བཤད་པར་བྱ། །སེམས་ཅན་ཁམས་ནི་ཞེན་བྱེད་ཅིང་། །འདི་ནི་ཆོས་དབྱིངས་རོ་ཡིན་པར། །སངས་རྒྱས་རྣམས་ཀྱིས་སྔོན་གསུངས་ཏེ། །དེ་ཕྱིར་འདི་ནི་ཚོན་ཞེས་བྱ། །ཚོན་ནི་ནང་ནས་དགྱེ་བར་བྱ། །ཕྱི་རོལ་ནས་ནི་ཚོན་མི་དགྱེ། །དཀར་པོ་ཐོག་མར་གཏང་བར་བྱ། །དེ་ཡི་འོག་ཏུ་དམར་པོ་སྟེ། །དེ་ནས་སེར་པོ་གཏང་བར་བྱ། །དེ་ཡི་འོག་ཏུ་ལྗང་གུ་གཏང་། །ཀུན་གྱི་ནང་རོལ་ནག་པོ་སྟེ། ། ཚོན་གྱི་ཆོ་ག་དེ་ལྟར་བཤད། །རྟ་བབས་རྣམས་ཀྱི་ཚད་ཀྱང་ནི། །དཀྱིལ་འཁོར་དབུ་མ་དང་མཉམ་མོ། །སྒོ་ཁྱུད་དག་ཀྱང་དེ་དང་མཉམ། །པདྨ་སོར་ནི་བཅུ་དྲུག་བཤད། །དང་པོའི་སྒོ་ནི་སྙིང་པོ་ཡི། །དཀྱིལ་འཁོར་དང་ནི་མཉམ་ཞེས་བྱ། །འཇིགས་མེད་དག་གི་རིམ་གྱིས་ནི། །བསྐྱེད་དེ་དེ་ལས་ལྷག་ཤེས་བྱ། །སྒོ་རྣམས་ཀྱི་ནི་བར་བར་དུ། །སྒོ་སྲུང་རྣམས་ནི་གཞག་པར་བྱ། །ཏིང་ངེ་འཛིན་ནི་མདོར་ན་སེམས། །ཡང་དག་མགུ་བ་ཡིན་པར་བཤད། །སེམས་དཔའ་ཆེན་པོ་ཁྱད་པར་ནི། །ཡིད་གཅིག་བསྡུས་ལ་མཉན་པར་གྱིས། །


DKG086_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀུན་གྱི་ཏིང་འཛིན་ནི། །སྟོང་པ་ཉིད་ཅེས་རྒྱལ་བས་གསུངས། །དེ་ནི་སེམས་ཡོངས་ཤེས་པ་ལས། །ཐོབ་པར་འགྱུར་གྱི་གཞན་ལས་མིན། །དེ་དག་ཉིད་ནི་སྤངས་པ་སྟེ། །རྫོགས་སངས་རྒྱས་ཀྱི་ཡིན་པར་འདོད། །སྟོང་པ་ཆེན་པོ་ཞེས་བྱ་སྟེ། ། ཀུན་མཁྱེན་ཡེ་ཤེས་རྫོགས་བྱེད་པའོ། །དེ་བས་རྣམ་པ་ཐམས་ཅད་དུ། །སྟོང་ཉིད་རྟག་ཏུ་དྲན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་དང་ཐབས་ཅིག་ཏུ་ཡང་དག་པར་མོལ་ནས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་སོ་སོའི་ཚུལ་དུ་གསུངས་སོ། །དེའི་ཚེ་ཡང་སངས་རྒྱས་ཐམས་ཅད་དང་རྒྱུད་གཅིག་པའི་སྟོབས་ཀྱི་ཤུགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། བྱང་ཆུབ་སྙིང་པོར་འདུག་ནས་སུ། །བདུད་ནི་རྣམ་པ་བཞི་བཅོམ་པས། །དེ་ནས་དཔའ་བོ་ཆེན་པོ་ཞེས། །ཚངས་ལ་སོགས་པ་ལྷ་ཚོགས་རྣམས། །འཇིགས་པ་ཐམས་ཅད་མེད་པའི་སྒྲ། །དགའ་བཞིན་དུ་ནི་སྒྲོགས་པར་བྱེད། །དེ་ཕྱིན་ཅད་ནི་ང་དཔའ་བོ། །དཔའ་བོ་ཆེན་པོ་ཞེས་སུ་གྲགས། །སྐྱེ་བ་མེད་པ་ངས་རྟོགས་པ། །ཚིག་གི་སྤྱོད་ཡུལ་རྣམས་སྤངས་ཤིང་། །ཉེས་པ་ཐམས་ཅད་མེད་པ་སྟེ། །རྒྱུ་དང་རྐྱེན་དང་བྲལ་བ་ཡིན། །སྟོང་པའི་ཡེ་ཤེས་མཁའ་འདྲ་བ། །མུན་པ་ཀུན་དང་བྲལ་གྱུར་ཅིང་། །ཤིན་ཏུ་དྲི་མེད་དེ་ཁོ་ན། །ཅི་ལྟར་འབྱུང་བ་ང་ལས་བྱུང་། །ཀུན་མཁྱེན་ཙམ་གྱི་ཚུལ་དུ་གནས། །ཀུན་མཁྱེན་སངས་རྒྱས་མཚན་ཉིད་དོ། །ང་ཡི་དེ་ཉིད་དམ་པ་འདི། །འཇིག་རྟེན་སྣང་བར་བྱེད་པ་སྟེ། །བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་ནི། །ཡིག་འབྲུ་རྣམས་སུ་བསྟན་ནས་སུ། །སེམས་ཅན་རྣམས་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཐམས་ཅད་རབ་ཏུ་བཤད། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ངོ་མཚར་གྱུར་ནས་མིག་གདངས་ཏེ། །ཐམས་ཅད་མཁྱེན་ལ་མགོ་བོ་ཡིས། །ཕྱག་འཚལ་ནས་ནི་ཚིག་འདི་སྨྲས། །སངས་རྒྱས་ཀུན་གྱི་ཐབས་དང་ནི། །ཤེས་རབ་བསམ་ཡས་


DKG086_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་མཚར་ཆེ། །སྤྲོས་པ་ཀུན་དང་བྲལ་བ་ཡི། །ཆོས་རྟོགས་ནས་ནི་རང་བྱུང་རྣམས། །འཇིག་རྟེན་ཀུན་གྱི་རེ་བ་ཀུན། །ཡོངས་སུ་རྫོགས་པར་བྱེད་པ་སྟོན། །གསང་སྔགས་མཚན་ཉིད་དེ་ལྟ་བུ། །བདེན་པ་གཉིས་ལ་ལེགས་གནས་པ། །སེམས་ཅན་ཀུན་གྱིས་ཤེས་ན་ནི། །འཇིག་རྟེན་ཀུན་གྱི་མཆོད་གནས་འགྱུར། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཚིགས་སུ་བཅད་པ་དེ་དག་གསོལ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མིག་མི་འཛུམས་པའི་ལྟ་བས་བལྟས་ནས་ཅང་མི་སྨྲ་བར་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་སངས་རྒྱས་ཀྱི་ས་ལ་གནས་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ནི། དོགས་པ་དང་ནི་བྲལ་བ་རུ། །འཇིག་རྟེན་མཚན་ཉིད་ཤེས་ནས་ནི། །དགོས་པའི་ས་ལ་གནས་དེ་རྣམས། །སངས་རྒྱས་ས་ལ་གནས་པ་ཡིན། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་ས་བརྒྱད་པའི་དབང་ཕྱུག་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ནི། ཆོས་རྣམས་ཐམས་ཅད་མི་དམིགས་ཤིང་། ། སྲིད་དང་སྐྱེ་བ་རྣམ་སྤངས་པའི། །འཇིག་རྟེན་སྒྱུ་མ་ལྟར་ཤེས་ནས། །འཇིག་རྟེན་འཇིག་རྟེན་དབང་དུ་འདོད། །གསང་བ་པའི་བདག་པོ་གཞན་ཡང་ཉན་ཐོས་དམིགས་པ་དང་བཅས་པའི་ས་ལ་གནས་པ་རྣམས་སྐྱེ་བ་དང་འཇིག་པར་རྟོགས་ནས། མཐའ་གཉིས་བཤིག་པས་རྒྱུ་མི་དམིགས་པའི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ཡེ་ཤེས་མི་སྤྱོད་དེ། འདི་ནི་ཉན་ཐོས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ་རང་སངས་རྒྱས་རྒྱུ་དང་འབྲས་བུ་རྣམ་པར་བཤིག་ནས་བརྗོད་དུ་མེད་པའི་ཆོས་ཀྱི་ཚུལ་ལ་གནས་པ་རྣམས་ནི་ཆོས་ཐམས་ཅད་བརྗོད་དུ་མེད་དོ་སྙམ་པའི་ཡེ་ཤེས་འཇུག་སྟེ། ངག་ཤིན་ཏུ་འགོག་པའི་ཏིང་ངེ་འཛིན་ལ་ཡང་དག་པར་རིག་པར་བྱེད་པ་འདི་ནི་རང་སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ་གཞན་ཡང་འཇིག་རྟེན་པ་རྣམས་རྒྱུ་ལས་འབྲས་བུ་དང་། ལས་ལས་འབྱུང་བའམ་ལྡོག་


DKG086_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྟོག་ཅིང་གཞན་གྱི་དབང་གིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཀུན་ཏུ་སྐྱེ་བར་འགྱུར་ཏེ། འདི་ནི་འཇིག་རྟེན་པ་རྣམས་ཀྱི་ཏིང་ངེ་འཛིན་གྱི་ཚུལ་ལོ། །གསང་བ་པའི་བདག་པོ། འདི་ནི་ཏིང་ངེ་འཛིན་གྱི་ཚུལ། །ཡིན་ཏེ་དེ་ལ་གནས་པ་ཡི། །སངས་རྒྱས་དང་ནི་རང་སངས་རྒྱས། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །ཉན་ཐོས་དེས་པ་སྡིག་བཅོམ་པར། །གྲགས་པ་གང་དག་ཡིན་པ་དང་། །འཇིག་རྟེན་པ་ཡི་ལྷ་གང་ཡིན། །གསང་སྔགས་སྤྱད་པའི་ཆོ་གའི་ཚུལ། །སེམས་ཅན་རྣམས་ལ་ཕན་འདོད་པས། །དཔའ་བོ་དེ་ཚེ་འཆད་པར་བྱེད། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་མཚན་ཉིད་ཉོན་ཅིག །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་ལ། །རྫོགས་སངས་རྒྱས་ཀྱི་གསང་སྔགས་ནི། །ཚིག་དང་མིང་དང་བརྡ་ཡིས་མཚན། །ཚིག་དེ་དབང་དུ་གྱུར་པས་ན། །གསང་སྔགས་དོན་རྣམས་ཐམས་ཅད་སྒྲུབ། །ཁ་ཅིག་སྐུལ་བའི་ཚིག་དང་ལྡན། །ཁ་ཅིག་རང་མིང་ཐོག་མར་སྨོས། །ཧཱུྃ་དང་ཕཊ་དང་ལྡན་པ་ནི། །གཙུག་ཏོར་རྣམས་ཀྱི་ཡིན་པར་བསྒྲགས། །ཟུང་ཟོ་ཆོམས་ཤིག་ཅེས་པ་དང་། །སྣུན་སོད་དྲོལ་ཅིག་ཅེས་པ་ནི། །ཕྱག་བརྙན་རྣམས་དང་ཁྲོ་བོ་ཡི། །གསང་སྔགས་ཡིན་པར་འདྲེན་པས་གསུངས། ། ན་མཿསྭཱ་ཧཱ་ལ་སོགས་ལྡན། །ཏིང་ངེ་འཛིན་ནི་རྟོགས་པས་མཚན། །ཞི་བའི་ཡི་གེ་རྣམ་པར་དག །རེ་བ་ཐམས་ཅད་རྫོགས་བྱེད་པའི། །གསང་སྔགས་སངས་རྒྱས་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་སྐྱོབ་པའི་ཡིན། །ཉན་ཐོས་རྣམས་ཀྱི་གསང་སྔགས་ནི། །གཅིག་པོ་གཞི་ནི་གཅིག་ལ་གནས། །རང་སངས་རྒྱས་ཀྱིའང་དེ་བཞིན་ཏེ། །ཁྱད་པར་དག་ནི་བཤད་བྱ་ན། །ཏིང་ངེ་འཛིན་གྱི་ཁྱད་པར་ལས། །ལས་ཚེ་རྣམ་པར་སྦྱང་ཞེས་བྱ། །གསང་བ་པའི་བདག་པོ་གཞན་ཡང་གསང་སྔགས་རྣམས་ཀྱི་མཚན་ཉིད་ནི། སངས་རྒྱས་ཐམས་


DKG086_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་མ་བྱས། བྱེད་དུ་མ་བཅུག །རྗེས་སུ་ཡི་རང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་ཡེ་ནས་གནས་པ་སྟེ། དེ་ཡང་འདི་ལྟར་གསང་སྔགས་རྣམས་ཀྱི་གསང་སྔགས་ཀྱི་ཆོས་ཉིད་དོ། །གསང་བ་པའི་བདག་པོ་དེ་ལ་གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ཆོས་ཉིད་དེ་ཚུལ་སྣ་ཚོགས་དང་དགོངས་པ་སྣ་ཚོགས་ཀྱིས། སེམས་ཅན་བསམ་པ་སྣ་ཚོགས་པ་རྣམས་ལ་ཚིག་སྣ་ཚོགས་པ་རྣམས་ཡིག་འབྲུ་སྣ་ཚོགས་དང་། ཡུལ་གྱི་ངེས་པའི་ཚིག་ཏུ་བརྗོད་པ་སྣ་ཚོགས་དང་། དབྱངས་སྣ་ཚོགས་སུ་གོ་བ་རྣམས་སུ་བྱིན་གྱིས་བརླབས་ཏེ། གསང་སྔགས་ཀྱི་ཚུལ་འཆད་དོ། །ཅི་ལྟར་ན་དེ་བཞིན་གཤེགས་པ་རྣམས་གསང་སྔགས་ཀྱི་ཚུལ་ཡིག་འབྲུ་དག་ཏུ་བྱིན་གྱིས་རློབ་ཅེ་ན། གསང་བ་པའི་བདག་པོ་དེ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་ཡང་དག་པར་བསྒྲུབས་པའི་བདེན་པའི་ཚིག་གང་ཡིན་པ་དང་། འཕགས་པའི་བདེན་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་དང་། ཚངས་པའི་གནས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་གང་དག་ཡིན་པ་དང་། གསང་བ་པའི་བདག་པོ་མདོར་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ཡིན་པ་དེ་ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ཉིད་ཀྱི་བསོད་ནམས་དང་། ཡེ་ཤེས་ཀྱི་སྟོབས་དང་། སྔོན་གྱི་སྨོན་ལམ་མཁྱེན་པའི་སྟོབས་དང་། ཆོས་ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་ཀྱི་བྱིན་གྱིས་བརླབས་ནས། སེམས་ཅན་རྣམས་ལ་སྐལ་བ་ཅི་ལྟ་བ་བཞིན་དུ་གསང་སྔགས་ཀྱི་ཆོ་ག་ཡང་དག་པར་རབ་ཏུ་སྟོན་ཏོ། །གསང་སྔགས་ཀྱི་ཆོ་ག་དེ་ཡང་གང་ཞེ་ན། གཟོད་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །དགོངས་པ་དང་བྲལ་བའི་ཕྱིར་ཀ་


DKG086_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ནམ་མཁའ་དང་འདྲ་བར་དམིགས་སུ་མེད་པའི་ཕྱིར་ཁ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །འགྲོ་བ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ག་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །གཅིག་ཏུ་འཕུངས་པ་དམིགས་སུ་མེད་པའི་ཕྱིར་གྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །འཆི་འཕོ་ཐམས་ཅད་དང་བྲལ་བའི་ཕྱིར་ཙ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །གྲིབ་མ་ཐམས་ཅད་དང་མཚུངས་པའི་ཕྱིར་ཚ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །སྐྱེ་བ་དམིགས་སུ་མེད་པའི་ཕྱིར་ཛ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །དྲི་མ་དམིགས་སུ་མེད་པའི་ཕྱིར་ཛྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ང་རྒྱལ་དམིགས་སུ་མེད་པའི་ཕྱིར་ཊ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །བསྐྱེད་པ་དམིགས་སུ་མེད་པའི་ཕྱིར་ཋ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །འཁྲུག་པ་དམིགས་སུ་མེད་པའི་ཕྱིར་ཌ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །བསླུ་བ་དང་ཡོངས་སུ་བྲལ་བའི་ཕྱིར་ཌྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །དེ་བཞིན་ཉིད་དམིགས་སུ་མེད་པའི་ཕྱིར་ཏ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །གནས་དམིགས་སུ་མེད་པའི་ཕྱིར་ཐ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །འདུལ་བ་དམིགས་སུ་མེད་པའི་ཕྱིར་ད་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཁམས་དམིགས་སུ་མེད་པའི་ཕྱིར་དྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །དོན་དམ་པའི་བདེན་པ་དམིགས་སུ་མེད་པའི་ཕྱིར་པ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ལྦུ་བ་དང་འདྲ་བར་སྙིང་པོ་མེད་པའི་ཕྱིར་ཕ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ངག་གི་ལམ་དང་བྲལ་བའི་ཕྱིར་བ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །སྲིད་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་བྷ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །འཆི་བ་དམིགས་སུ་མེད་པའི་ཕྱིར་མ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །ཐེག་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ཡ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རྡུལ་ཐམས་ཅད་དང་བྲལ་བའི་ཕྱིར་ར་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །མཚན་ཉིད་མི་དམིགས་པའི་ཕྱིར་ལ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རང་བཞིན་གྱིས་ཞི་བའི་ཕྱིར་ཤ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རང་བཞིན་གྱིས་བླུན་པ་ཉིད་ཀྱི་ཕྱིར་ཥ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །བདེན་པ་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་ས་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །རྒྱུ་


DKG086_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་སུ་མེད་པའི་ཕྱིར་ཧ་ནི་ཆོས་ཐམས་ཅད་ཀྱི་སྒོའོ། །གསང་བ་པའི་བདག་པོ་ང་དང་ཉ་དང་ཎ་དང་ན་དང་མ་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་སྒྱུར་བ་སྟེ། མཐུ་ཐམས་ཅད་དང་ལྡན་པ། རབ་ཏུ་མྱུར་བར་དགོས་པའི་དོན་རབ་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ། །གསང་བ་པའི་བདག་པོ་གསང་སྔགས་ཀྱི་ཚུལ་ཏིང་ངེ་འཛིན་གྱི་སྒོ་འདི་ནི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་སྨིན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ། དུས་གསུམ་ལས་ཤིན་ཏུ་འདས་པ། ནམ་མཁའ་ལྟར་དྲི་མ་མེད་པ་སྟེ། བསམ་ཡས་སེམས་ཀྱི་ས་ལ་གནས། །ལས་དང་བྱ་བ་དག་ལས་བྱུང་། །སྤྱད་པའི་ས་ནི་རྗེས་ཐོབ་ནས། །བསམ་ཡས་འབྲས་བུ་སྦྱིན་པར་བྱེད། །འདི་ནི་དེ་ཉིད་དམ་པ་སྟེ། །སངས་རྒྱས་ཀུན་གྱིས་རབ་ཏུ་བསྟན། །གསང་སྔགས་ཆོ་ག་འདི་ཤེས་ནས། །སྔགས་པས་དངོས་གྲུབ་ཐོབ་པར་འགྱུར། །སྒྲ་ཞེས་བྱ་བ་དེ་ཉིད་མཆོག །གསང་སྔགས་རྣམས་ཀྱི་གསང་སྔགས་མཚན། །སྔགས་པས་ཡིད་ལ་སེམས་ན་ནི། །འཆི་འཕོ་མེད་པའི་གནས་འཐོབ་བོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་མཚན་ཉིད་ཀྱི་ཚུལ་བསམ་གྱིས་མི་ཁྱབ་པའི་ཆོས་ཀྱི་རྣམ་གྲངས་བསྟན་པ། བཅོམ་ལྡན་འདས་ངོ་མཚར་ལགས་སོ། །དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་ཏེ། བཅོམ་ལྡན་འདས་གང་དག་གསང་སྔགས་ཀྱི་ཚུལ་འདི་ལ་དད་པའི་སེམས་ཅན་དེ་དག་ཀྱང་ཐུན་མོང་མ་ལགས་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ། །བཅོམ་ལྡན་འདས་གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཀྱི་ཆོ་ག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་ནས་སྔགས་པ་དེ་ཡིས་སུ། །མེ་ཏོག་སེར་པོ་དཀར་པོ་དམར། །ཡིད་དུ་འོང་བས་ནན་ཏན་དུ། །ལྷ་རྣམས་ལ་ནི་མཆོད་པ་བྱ། །པདྨའམ་ཡང་ན་ཨུཏྤ་


DKG086_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ནཱ་ག་གེ་སར་པུ་ན་ག །ཙམ་པ་ཨ་ཤོ་ཏི་ལ་ཀ་།པ་ཏ་ལ་དང་ས་ལའང་རུང་། །དེ་ལ་སོགས་པའི་མེ་ཏོག་རྣམས། །ཡིད་དུ་འོང་ཞིང་བལྟ་ན་སྡུག །བཀྲ་ཤིས་པ་ལ་སྔགས་པ་ཡིས། །མཁས་པས་ནན་ཏན་མཆོད་པར་བྱ། །ཙནྡན་ཏ་གར་སྤྲྀ་ཀ་དང་། ། གུར་ཀུམ་དང་ནི་རུ་རྟའང་རུང་། །སྤོས་མཆོག་རབ་ཏུ་བཟང་པོ་ནི། །སྣ་ཚོགས་ཡིད་དུ་འོང་བ་དབུལ། །ཨ་ག་རུའམ་སྒྲོན་ཤིང་ངམ། །ག་པུར་དང་ནི་ཙནྡན་དང་། །སཱ་ལའི་ཐང་ཆུ་བཀྲ་ཤིས་པའམ། །ཤི་རི་བ་ས་ཀ་ཡང་རུང་། །གཞན་ཡང་བདུག་སྤོས་སྣ་ཚོགས་པ། །བཀྲ་ཤིས་འཇིག་རྟེན་རྣམ་གྲགས་པ། །ཡིད་འོང་སྔགས་པས་ཆོ་ག་བཞིན། །ལྷ་རྣམས་ལ་ནི་དབུལ་བར་བྱ། །དེ་ནས་གཞན་ཡང་སེམས་དཔའ་ཆེ། །ལྷ་བཤོས་ལས་ཀྱི་ཆོ་ག་ཉོན། །འོ་ཐུག་འབྲས་ཆན་ཞོ་སྦྱར་ནས། །ལ་ཕུག་དང་ནི་ཁུར་སྐྱ་དང་། །གོར་བོད་ཀ་ར་ཡིད་འོང་དང་། །ཁཎྜའི་བཅའ་བ་བཟང་པོ་དང་། །པུ་རི་ཀ་དང་ཀ་རི་ཀ །དེ་བཞིན་མ་ཐུ་ཤི་ར་དང་། །ཕེ་ན་ཨ་ཤོག་བར་ཏི་དང་། །པར་པ་ཏ་ཡང་དབུལ་བར་བྱའོ།དེ་ལ་སོགས་པའི་བཟའ་བ་དང་། །ཤིང་ཏོག་རྣམས་ནི་སྣ་ཚོགས་དང་། །ཧྭགས་དང་ལི་ཁ་ར་རྣམས་དང་། །བུ་རམ་སྦྲང་རྩི་མར་དག་དང་། །བཏུང་བ་རྣམ་པ་སྣ་ཚོགས་དང་། །ཞོ་དང་འོ་མ་རྒྱས་པར་དབུལ། །མར་མེ་རྣམ་པ་སྣ་ཚོགས་པ། །གཙང་ཞིང་ཤིན་ཏུ་བཟང་པོ་ཡི། །འབྲུ་མར་རབ་ཏུ་དྲི་ཞིམ་པས། །རབ་ཏུ་བཀང་སྟེ་དབུལ་བར་བྱ། །ཕྱོགས་སུ་གདུགས་དང་བ་དན་རྣམས། ། ཁ་དོག་སྣ་ཚོགས་རབ་ཏུ་བསྒྲེང་། །རྟ་བབས་བཟང་པོ་རྣམས་ཀྱང་ནི། །དྲིལ་བུ་དང་བཅས་རབ་ཏུ་དབུལ། །ཡང་ན་ཡིད་ཀྱི་མཆོད་པ་ནི། །ཐམས་ཅད་ནན་ཏན་བསྐྱེད་དེ་བྱ། །དེ་ནས་བུམ་པ་བརྒྱད་དམ་ནི། །བཅུ་དྲུག་རྒྱས་པར་བླངས་ནས་སུ། །སྨན་དང་རིན་ཆེན་ཐམས་ཅད་བླུགས། །སྤོས་ཀྱི་ཆུས་ནི་རབ་ཏུ་བཀང་། །ལྡུམ་བུ་དག་གིས་ཁ་བརྒྱན་ཏེ། །དེ་བཞིན་འབྲས་བུས་ཁ་ཡང་དགང་། །མེ་ཏོག་སྤོས་ལ་སོགས་པས་བརྒྱན། །ཤིན་ཏུ་བཟང་པོ་བསྲུང་བ་བྱས། །མགྲིན་པ་རས་ཀྱིས་བཅིངས་པ་རྣམས། །མཁས་པས་རྣམ་པར་དགོད་


DKG086_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །ལྷ་ཡི་གཙོ་བོ་རྣམས་ལ་ནི། །རས་ནི་ཟུང་རེ་ཟུང་རེ་དབུལ། །སེམས་དཔའ་ཆེན་པོ་ཕལ་རྣམས་ལ། །ཡ་རེ་དབུལ་བར་རབ་ཏུ་བསྒྲགས། །མཆོད་པ་དེ་ལྟར་བྱས་ནས་ནི། །སློབ་མ་དཀྱིལ་འཁོར་དྲུང་བཀུག་སྟེ། །སྔགས་པས་ཆུ་ཡིས་བསང་གཏོར་བྱ། ། དྲི་དང་མེ་ཏོག་སྦྱིན་པར་བྱ། །དེ་བཞིན་གཤེགས་པ་དྲན་བྱས་ནས། །བྱང་ཆུབ་སེམས་ཀྱང་འཛིན་དུ་གཞུག །དེས་ན་རྒྱལ་བའི་རིགས་དགེ་ལ། །ཐམས་ཅད་རབ་ཏུ་སྐྱེས་པར་འགྱུར། །ཆོས་ཀྱི་དབྱིངས་ལས་བྱུང་བ་ཡི། །ཕྱག་རྒྱ་དེ་དག་རྣམས་ལ་བཅིང་། །ཆོས་ཀྱི་འཁོར་ལོའང་བཅིངས་ནས་ནི། །རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས། །དེ་ནས་སངས་རྒྱས་ཀུན་གྱི་ནི། །དམ་ཚིག་སྡོམ་བརྩོན་ཅན་གྱིས་བཅིངས། །དེ་ཚེ་སྔགས་ཀྱི་ཆོ་ག་བཞིན། །རས་ལ་ལན་གསུམ་གདབ་པར་བྱ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །དེ་དག་གི་ནི་གདོང་ཡང་དགབ། ། དམ་ཚིག་ལན་གསུམ་བཟླས་ནས་ནི། །སྤྱི་བོར་ཡི་གེ་ར་ཞེས་པ། །ཀླད་ཀྱི་ཀོར་བཅས་བརྗིད་དང་ལྡན། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །ཟླ་བ་འཆར་ཀ་ལྟ་བུ་ཡི། །ཁ་དོག་དཀར་པོ་གཞག་པར་བྱ། །སྐྱོབ་པ་ཀུན་གྱི་སྤྱན་སྔར་ནི། །དེ་ནས་མེ་ཏོག་འདོར་དུ་གཞུག །མེ་ཏོག་གང་ལ་བབ་པ་དེ། །སྔགས་པས་དེ་ལ་སྦྱིན་པར་བྱ། །དཀྱིལ་འཁོར་དང་པོའི་སྒོ་དྲུང་དུ། །སྒོ་ཁྱུད་ཀྱི་ནི་དབུས་ཀྱི་ཆ། །དཀྱིལ་འཁོར་གྱི་ནི་སྒོ་གཉིས་ཀྱི། །བར་དུ་སློབ་མ་གཟུང་བར་བྱ། །དེར་གནས་པ་ལ་ཆོ་ག་ཀུན། །རིམ་པ་བཞིན་དུ་ལེགས་པར་བྱ། །སློབ་མ་སྡིག་དང་བྲལ་བ་ཀུན། །དེ་ལྟར་ལེགས་པར་བཙུད་ནས་ནི། །དེ་དག་ཞི་བར་བྱ་བའི་ཕྱིར། །སྦྱིན་སྲེག་ཆོ་ག་བཞིན་དུ་བྱ། །སྙིང་པོའི་དཀྱིལ་འཁོར་གྱི་ནི་མདུན། །དཀྱིལ་འཁོར་གཉིས་པའི་རྒྱབ་རོལ་གྱི། །དཀྱིལ་འཁོར་གྱི་ནི་དབུས་ཀྱི་ཆར། །མ་ཡེངས་པ་ཡི་སེམས་ཀྱིས་བྱ། ། མེ་ཐབ་ཁྲུ་གང་ཙམ་གྱི་ནི། །ཚད་དུ་རབ་ཏུ་བསྒྲགས་པ་ཡིན། །ཁ་རན་སོར་བཞི་ཚད་དུ་བྱ། །དབུས་སུ་རྡོ་རྗེ་རབ་ཏུ་བརྟག །དེ་ནས་སྔགས་པའི་གཡས་ལོགས་སུ། །སྦྱིན་སྲེག་གི་ནི་ཡོ་བྱད་གཞག །གཡོན་གྱི་ཕྱོགས་སུ་སློབ་མ་རྣམས། །ཙོག་ཙོག་པོར་ནི་འཁོད་དུ་གཞུག།


DKG086_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

སྡོམ་བརྩོན་བདག་ཉིད་ས་སྟེང་དུ། །ཀུ་ཤ་བཏིང་བའི་སྟན་ལ་འདུག །ཡང་ན་ཚོན་རྩི་དམར་པོ་མཆོག །རབ་ཏུ་བཟང་པོ་བླངས་ནས་སུ། །དེ་ཡིས་མེ་ཡི་གནས་རྣམས་ཀུན། །སྔགས་པས་མདོ་རུ་བྲི་བར་བྱ། །ཀུ་ཤ་དག་གིས་གཡས་ཕྱོགས་ནས། །ཐམས་ཅད་ཁོར་ཡུག་དགྲམ་པ་ནི། །མང་པོས་བསྐོར་བའི་ཚུལ་དུ་དགྲམ། །སྤོས་ཀྱི་ཆུ་ཡིས་བསང་གཏོར་བྱ། །དེ་ནས་སེམས་ཅན་ཕན་བྱེད་པའི། །མེ་ནི་ཐབ་ཁུང་ནང་བསམས་ཏེ། །བརྟུལ་ཞུགས་བཟང་པོས་དགང་བླུགས་མཆོག །གསང་སྔགས་འདི་ཡིས་སྦྱིན་པར་བྱ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨགྣ་ཡེ་སྭཱ་ཧཱ། དེ་ནས་སློབ་མ་རེ་རེ་ནས། །མཁས་པས་ལག་པ་གཡོན་པ་ཡིས། །གཡས་པའི་མཐེ་བོང་བཟུང་ནས་སུ། །མཉམ་པར་བཞག་པས་སྦྱིན་སྲེག་བྱ། །ཡིད་ནི་མཉམ་པར་བཞག་ནས་སུ། །སྲེག་བླུགས་རེ་རེ་ལས་ཀྱང་ནི། །གསང་སྔགས་ཆོ་ག་བཞིན་ཟློས་ཤིང་། །ཉི་ཤུ་རྩ་གཅིག་སྦྱིན་སྲེག་བྱ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨོཾ་མ་ཧཱ་ཤཱནྟ་ག་ཏ་ཤཱནྟི་ཀ་ར་པྲ་ཤ་མ་དྷརྨྨ་ནི་ར་ཛཱ་ཏ། ཨ་བྷཱ་བ་སྭ་བྷཱ་བ་དྷརྨྨ་ས་མ་ཏཱ་པྲཱཔྟེ་སྭཱ་ཧཱ། སྦྱིན་སྲེག་རྗེས་ལ་སྔགས་པ་ཡིས། །སློབ་མ་རྣམས་ལ་ཡོན་བསླང་བ། ། གསེར་དང་དངུལ་དང་རིན་ཆེན་དང་། །རྟ་དང་དེ་བཞིན་གླང་པོ་དང་། །རྔ་མོ་བ་ལང་མ་ཧེ་གོས། །གཞན་ཡང་དངོས་པོ་ཅི་ཡང་རུང་། །དེ་ཚེ་སློབ་མས་གུས་པར་ནི། །དད་པ་རབ་ཏུ་ལྡན་པ་ཡིས། །སེམས་ལ་དགའ་བ་བསྐྱེད་ནས་སུ། །བླ་མ་ལ་ནི་ཡོན་དབུལ་ལོ། །ཡང་ན་ཅི་ནས་བླ་མ་དེ། །རབ་ཏུ་མགུ་བར་འགྱུར་བར་བྱ། །དེ་ལྟར་བྱས་ནས་བདག་བསྲུང་སྟེ། །སློབ་མ་དེ་བོས་བསྒོ་བ་ནི། །འདི་ནི་བསོད་ནམས་ཞིང་ཡིན་ཞེས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྐྱོབ་པ་རྣམས་ནི་ཀུན་གྱིས་གསུངས། །རྣམ་དག་ཡོན་ཏན་རྒྱས་པ་ཡི། །དགེ་འདུན་ལ་ནི་ཀུན་གྱིས་བྱིན། །དགེ་འདུན་ལ་ཕུལ་འབྲས་བུ་ཆེ། །སྐྱེས་བུ་མཁས་པ་གང་དག་གིས། །དགེ་འདུན་ལ་ནི་ཡོན་ཕུལ་ན། །ལོངས་སྤྱོད་ཆེན་པོ་མི་ཟད་པ། །འཇིག་རྟེན་འཐད་པ་སྐྱེ་བར་འགྱུར། །དེ་བས་ཐམས་ཅད་མཐུན་པར་ནི། །སེམས་ལ་དགའ་བ་བསྐྱེད་ནས་སུ། །སངས་རྒྱས་བསྔགས་པའི་


DKG086_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་ལ། །ཅི་ནུས་པར་ནི་མཆོད་སྟོན་བྱ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དབང་བསྐུར་བ། །སྔོན་གྱི་སངས་རྒྱས་ཀྱིས་བཤད་པ། །རྒྱས་པ་རུ་ནི་བཤད་པར་བྱ། །ཡིད་གཅིག་བསྡུས་ཏེ་ལེགས་པར་ཉོན། །གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་གྱིས་རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་བར་ཁྲུ་དོ་བོར་ནས་ཕྱི་རོལ་གྱི་ས་ལ་དཀྱིལ་འཁོར་གཉིས་པ་གྲུ་བཞི་པ་སྒོ་གཅིག་པ་བྲིའོ། །གྲྭ་བཞིར་རྡོ་རྗེ་འཛིན་པ་བཞི་དགོད་དེ། བཞི་གང་ཞེ་ན། འདི་ལྟ་སྟེ། སྤྲོས་པ་མེད་པར་གནས་པ་དང་།ནམ་མཁའ་དྲི་མ་མེད་པ་དང་། དྲི་མ་མེད་པའི་མིག་དང་། གོས་སྣ་ཚོགས་གྱོན་པ་རྣམས་སོ། །དབུས་སུ་པདྨ་ཆེན་པོ་འདབ་མ་བརྒྱད་པ་ཟེ་བ་དང་བཅས་པ་གཞག་སྟེ། འདབ་མ་བཞི་ལ་བྱང་ཆུབ་སེམས་དཔའ་གྲོགས་སུ་གྱུར་པ་སྔོན་གྱི་སྨོན་ལམ་གྱི་མཐུ་ཅན་བཞི་བྲི་བར་བྱ་སྟེ། འདི་ལྟ་སྟེ། གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། དྲན་པ་དང་ཤེས་བཞིན་ཅན་དང་། ཕན་པའི་ལྷག་པའི་བསམ་པ་ཅན་དང་། སྙིང་རྗེ་ཅན་ནོ། །འདབ་མ་གཞན་རྣམས་ལ་ནི་ཕྱག་བརྙན་བཞི་བྲི་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། སེམས་ཀྱི་ཁྱད་པར་ལ་སྤྱོད་པ་དང་། འདོད་པ་ཡོངས་སུ་རྫོགས་བྱེད་དང་། མ་ཆགས་པ་དང་། རྣམ་པར་གྲོལ་བའོ། །དབུས་སུ་ནི་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་གཟུགས་གཞག་གོ། །དེ་ནས་རིན་པོ་ཆེའི་བུམ་པ་བཞི་རིན་པོ་ཆེ་དང་། སྨན་ཐམས་ཅད་བླུགས་པ། ཀུན་ཏུ་བཟང་པོ་དང་། །བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་ཐམས་ཅད་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །པདྨ་འདབ་མ་དེ་ལ་ནི། །སྔགས་པ་བདག་གིས་དེ་བཞག་ནས། །སྤོས་དང་མེ་ཏོག་གིས་མཆོད་དེ། །མར་མེ་མཆོད་ཡོན་སྦྱིན་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང་། །རྔ་སྒྲ་ཡིད་དུ་འོང་བ་དང་། །བཀྲ་ཤིས་རྒྱ་ཆེན་སྙན་པ་ཡི། །ཚིག་གིས་ལེགས་པར་མངོན་དགའ་བྱ། །སྐྱོབ་པ་རྣམས་ཀྱི་སྤྱན་སྔ་རུ། །དེ་ནི་བསྒྲིམས་ཏེ་དབང་བསྐུར་རོ། །སྤོས་དང་མེ་ཏོག་བཟང་པོ་ཡིས།


DKG086_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡང་ནི་མཆོད་པ་བྱ། །དེ་ནས་གསེར་གྱི་ཐུར་མ་ནི། །ཐོགས་ཏེ་མདུན་དུ་འདུག་ནས་སུ། སློབ་མའི་སྙིང་ལ་འབབ་པའི་ཚིག །འདི་སྐད་ཅེས་ནི་སྨྲ་བར་བྱ། །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །དེ་ནས་མེ་ལོང་བླངས་ནས་སུ། །ཆོས་ཀྱི་མཚན་ཉིད་བཤད་པར་བྱ། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དང་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་བྱུང་བ་སྟེ། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་མཚན་ཉིད་བཤད་པར་བྱ། །དེ་ལྟར་ཆོས་འདི་ཤེས་ནས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །དེ་ནས་རྐང་པའི་བར་འོག་ཏུ། །ཆོས་ཀྱི་འཁོར་ལོ་གཞག་པར་བྱ། །དེ་ནས་ལག་པ་གཡས་པར་ཡང་། །ཤིན་ཏུ་བཟང་པོའི་དུང་བྱིན་ཏེ། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ཏུ་རྒྱས་པར་བུས་ནས་སུ། །དེ་རིང་ཕན་ཅད་འཇིག་རྟེན་ལ། །སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར། །སོམ་ཉི་ཡིད་གཉིས་མི་བྱ་ཞིང་། །དོགས་པ་མེད་པའི་སེམས་ཀྱིས་ཁྱོད། །གསང་སྔགས་སྤྱད་པའི་ཚུལ་གྱི་མཆོག །འཇིག་རྟེན་འདི་ལ་རབ་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་བྱས་པ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱོད་ལ་རྣམ་པ་ཀུན་ཏུ་སྲུང་། །དེ་ནས་སློབ་མ་དེ་བསླང་ལ། །སྔགས་པ་སྙིང་རྗེར་གྱུར་པ་ཡི། །ཡིད་ཀྱིས་ནང་དུ་བཅུག་ནས་ནི། །དེ་ལ་དམ་ཚིག་བསྟན་པར་བྱ། །དེ་རིང་ཕན་ཅད་བུ་ཁྱོད་ཀྱིས། །དམ་པའི་ཆོས་དང་བྱང་ཆུབ་སེམས། །སྲོག་གི་ཕྱིར་ཡང་ད་ཕྱིན་ཆད། །ཡོངས་སུ་གཏང་བར་མི་བྱའོ། །ཁྱོད་ཀྱིས་སེར་སྣ་དང་ནི་གང་། །སེམས་ཅན་གནོད་པ་མི་བྱའོ། །དམ་ཚིག་འདི་དག་སངས་རྒྱས་ཀྱིས། །བརྟུལ་ཞུགས་བཟང་པོ་ཁྱོད་ལ་བཤད། །ཅི་ལྟར་རང་གི་སྲོག་བསྲུང་བ། །དེ་ལྟར་ཁྱོད་ཀྱིས་འདི་དག་སྲུངས། །སློབ་མས་བླ་མའི་རྐང་པ་ལ། །དད་ཅིང་གུས་པས་ཕྱག་བྱས་ནས། །ཤིན་ཏུ་ངེས་པའི་ཡིད་ཀྱིས་ནི། །དེ་དག་ཐམས་ཅད་ཁས་བླང་


DKG086_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་འདིའི་དམ་ཚིག་ལ་ཞུགས་པར་གྱུར་པ་དེའི་བསོད་ནམས་ཅི་ཙམ་ཞིག་མངོན་པར་འདུས་བགྱིས་པར་རིག་པར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་དེ་བཞིན་གཤེགས་པ་ལས་བྱུང་བའི་བསོད་ནམས་མངོན་པར་འདུས་བྱས་པ་ཅི་ཙམ་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་མངོན་པར་འདུས་བྱས་པ་ཡང་དེ་ཙམ་དུ་རིག་པར་བྱའོ། །གསང་བ་པའི་བདག་པོ་རྣམ་གྲངས་འདིས་ཀྱང་ཁྱོད་ཀྱིས་འདི་ལྟར་བལྟ་སྟེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པའི་ཞལ་དང་ཐུགས་ལས་སྐྱེས་པའི་སྲས་ཡིན་པར་རིག་པར་བྱའོ། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཕྱོགས་གང་ན་གནས་པ་དེར་དེ་བཞིན་གཤེགས་པ་དེས་ཆེན་པོ་དགོངས་མི་དགོས་པར་འགྱུར་རོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལ་མཆོད་པར་འདོད་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་དག་ལ་མཆོད་པར་བྱའོ། །དེ་བཞིན་གཤེགས་པ་ལ་བལྟ་བར་འདོད་པ་རྣམས་ཀྱིས་དེ་དག་ལ་བལྟ་བར་བྱའོ། །དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་དེང་སླན་ཅད་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་རྣམས་ལ་རིམ་གྲོར་བགྱི་ཞིང་མཆོད་པར་བགྱིའོ། །བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཉིད་སངས་རྒྱས་བཅོམ་ལྡན་འདས་རྣམས་སུ་བལྟ་བར་བགྱི་བ་ལགས་སོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ལ་གཟིགས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་འཛིན་དེ་རྣམས་དང་། ཐམས་ཅད་དང་ལྡན་


DKG086_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་གསུང་གི་འཁོར་ལོའི་དཀྱིལ་འཁོར་མཐའ་ཡས་པར་འཇུག་པ་རྒྱ་ཆེན་པོ་ལས་བྱུང་བ་སྣ་ཚོགས་ཀྱི་གཟུགས་ཀྱི་ནོར་བུ་དང་འདྲ་བ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་བསགས་པ། ཐོགས་པ་མེད་པའི་རྟོག་པ་ལ་གནས་པ། དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་དང་ལྡན་པ་དག་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་འཛིན་དེ་རྣམས་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་མགྲིན་གཅིག་ཏུ་ཚིག་སྨྲས་པ། བཅོམ་ལྡན་འདས་དེའི་དུས་ལ་བབ་བོ། །བདེ་བར་གཤེགས་པ་དེའི་ཚོད་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ལྗགས་ཀྱི་དབང་པོ་འདོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་རྣམ་པར་སྤྲུལ་པས་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཀུན་ཏུ་གཡོགས་ནས། ཆོས་ཀྱི་རྒྱལ་མཚན་གྱི་ཏོག་རྒྱ་ཆེན་པོ་ཡོངས་སུ་དག་པའི་རྩེ་མོ་ལ་བལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཁྱབ་པ། སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ཡོངས་སུ་བསྐྱབ་པའི་སྒྲ་འབྱིན་པ། རིག་སྔགས་ཀྱི་རྒྱལ་མོ་སྟོབས་ཆེན་མོ་བསྲུང་བ་ཆེན་མོ་འདི་གསུངས་སོ། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿསརྦྦ་བྷ་ཡ་བི་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦྦ་ཐཱ་ཁཾ་རཀྵ་མ་ཧཱ་བ་ལེ་སརྦྦ་ཏ་ཐཱ་ག་ཏ་པུ་ཎྱ་ནིར་ཛཱ་ཏེ། ཧཱུྃ་ཧཱུྃ་ཏྲ་ཏ་ཏྲ་ཏ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། སངས་རྒྱས་མཁས་པ་ཐམས་ཅད་ཀྱིས། །རིག་སྔགས་འདི་གསུངས་མོད་ལ་ནི། །དེ་ཚེ་སངས་རྒྱས་ཞིང་འདི་དག །རྣམ་པ་དྲུག་ཏུ་གཡོས་པར་གྱུར། །བྱང་ཆུབ་སེམས་དཔའ་དེ་ཀུན་གྱིས། །ངོ་མཚར་གྱུར་པའི་མིག་གདངས་ནས། །སངས་རྒྱས་ཀུན་གྱི་སྤྱན་སྔར་ནི། །ཡིད་དུ་འོང་བའི་ཚིག་སྨྲས་པ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱིས། །བསྲུང་བ་རབ་ཏུ་སྟོབས་ཆེན་འདི། །སེམས་ཅན་ཐམས་ཅད་བསྲུང་བ་དང་། །བསྐྱབ་ཅིང་སྦ་བའི་ཕྱིར་གསུངས་ཏེ། །གང་གི་སྙིང་ལ་


DKG086_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་གནས་པ། །དེ་དག་ལ་ནི་འཇིགས་པ་མེད། །གསང་སྔགས་མཐུ་ཆེན་དྲན་བྱས་ན། །བགེགས་དང་ལོག་འདྲེན་ཐམས་ཅད་དང་། །སྲིན་པོ་འཇིགས་པའི་གཟུགས་ཅན་ནི། །དེ་དག་ཐམས་ཅད་འཇིག་པར་འགྱུར། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། དེའི་ཚེ་ཆོས་ཀྱི་དབྱིངས་ཀྱི་མཛོད་ཀྱི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དམ་ཚིག་ལ་འཇུག་པའི་རིག་སྔགས་འདི་བྱུང་ངོ་། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ས་མེ། ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། དེ་ནས་དེ་མ་ཐག་ཏུ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་དམ་ཚིག་ལ་འཇུག་པའི་རིག་སྔགས་ཀྱི་སྒྲ་གང་ཞིག་ཐོས་ནས་མཁས་པ་རྣམས་ཆོས་ཐམས་ཅད་ལས་འདའ་བར་མི་འགྱུར་བ་གྲག་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་ཀུན་ཏུ་འབྱུང་བའི་གསང་སྔགས་གསུངས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧྃ། ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་པའོ། །ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཨཱཏྨ་ཀོ྅ཧྃ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པའོ། །ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཀ་བ་ཙ་ཧཱུྃ། རྡོ་རྗེ་གོ་ཆའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་ཙཀྵུར་བྱ་བ་ལོ་ཀཱ་ཡ་སྭཱ་ཧཱ། དེ་བཞིན་གཤེགས་པའི་སྤྱན་ནོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བི་ཤུདྡྷ་གནྡྷོདྡྷ་བ་སྭཱ་ཧཱ། བྱུག་སྤོས་ཀྱི་སྔགས་སོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་མཻ་ཏྲྱ་བྷྱུད་ག་ཏ་སྭཱ་ཧཱ། མེ་ཏོག་གི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། དྷརྨྨ་དྷཱ་ཏྭ་ནུ་ག་ཏ་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཏ་ཐཱ་ག་ཏ་ར་ཙི་སྥ་ར་ཎ་ཨ་བ་བྷཱ་ས་ག་ག་ནོཏྟ་རེ་བྷྱཿསྭཱ་ཧཱ། མར་མེའི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་ས་མ་ས་མ་སྭཱ་ཧཱ། མཆོད་ཡོན་གྱི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་ནཱནྡ་སྥ་ར་ཎ་བི་ཤུདྡྷ་དྷརྨྨ་ནིར་ཛ་ཏ་སྭཱ་ཧཱ། གཙུག་ཏོར་གྱི་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། པྲ་ཙཎྜ་བཛྲ་ཛྭ་ལ་བི་སྥུ་ར་ཧཱུྃ། དེ་བཞིན་གཤེགས་པའི་གོ་ཆའོ། །ན་མཿས་མནྟ་བུད་དྷཱ་


DKG086_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ནཱཾ། ཛྭཱ་ལ་མཱ་ལིན་ཏ་ཐཱ་ག་ཏ་ར་ཙི་སྭཱ་ཧཱ། ཀུན་ཏུ་འབར་བའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་ཏ་ཐཱ་ག་ཏ་ཛི་ཧྭ་སྱ་དྷརྨྨ་པྲ་ཏིཥྛི་ཏ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ལྗགས་ཀྱིའོ། །དཀྱིལ་འཁོར་དུ་དགོད་པའི་སྔགས་ཀྱི་མཛོད་དོ།། །།བམ་པོ་གསུམ་པ། དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་ཞུས་པ། བཅོམ་ལྡན་འདས་ཅི་ལྟར་ན། དཀྱིལ་འཁོར་བྲི་བའི་ཚེ་ན་ནི། །བགེགས་རྣམས་ཞི་བར་འགྱུར་བ་ལགས། །གསང་སྔགས་སྒྲུབ་པའི་ཚེ་ན་ཡང་། །ལོག་འདྲེན་རྣམས་ནི་མ་མཆིས་འགྱུར། །གསང་སྔགས་རྣམས་ཀྱང་ཅི་ལྟར་བསྒྲུབ། །དེ་ཡི་འབྲས་བུ་ཅི་འདྲར་འགྱུར། །དེ་སྐད་གསོལ་ནས་དེ་ཡི་ཚེ། །བཅོམ་ལྡན་རྣམ་སྣང་མཛད་ཆེན་གྱིས། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཁྱོད་ཀྱིས་ཡོངས་སུ་དྲིས་པ་གང་། །ཐམས་ཅད་ཁྱོད་ལ་བསྟན་པར་བྱ། །སྔོན་ཅད་སེར་སྣ་བསྟེན་པའི་ཕྱིར། །བགེགས་ནི་རང་གི་སེམས་ལས་བྱུང་། །དེ་ཡི་རྒྱུ་ནི་གཞིག་པའི་ཕྱིར། །གང་དུ་སེམས་དང་སེམས་བྱུང་བའི། །རྟོག་པ་ཐམས་ཅད་སྤོང་བ་དང་། །རྣམ་པར་རྟོག་པ་ལས་བྱུང་བའི། །སྤྲོས་པ་ཐམས་ཅད་འགག་འགྱུར་བའི། །བྱང་ཆུབ་སེམས་ཞེས་བཤད་པ་ཡིན། །སྔགས་པས་བྱང་ཆུབ་སེམས་དྲན་ཞིང་། །མི་གཡོ་བ་ནི་ཡིད་ལ་བཟླས། །དེ་ཡི་ཕྱག་རྒྱ་བཅིངས་ན་ནི། །བགེགས་རྣམས་ཐམས་ཅད་འཇིག་པར་འགྱུར། །གསང་བ་པའི་བདག་པོ་དེ་ལ་རླུང་བཅིང་བ་འདི་ཉོན་ཅིག །ཨ་ཞེས་བྱ་བར་བདག་བསྒྱུར་ཏེ། །ཧ་ཞེས་བྱ་བར་ཡིད་ལ་བཟླས། །རླུང་གི་ཕྱོགས་སུ་གནས་ནས་ནི། །ས་ལ་སྤོས་ཀྱི་ཐིག་ལེ་དག །བདུན་ཉིད་ལེགས་པར་བྱས་ནས་སུ། །ཁམ་ཕོར་གྱིས་ནི་དགབ་པར་བྱ། །ཁམ་ཕོར་རི་རབ་ཆེན་པོ་རུ། །ཡང་དང་ཡང་དུ་བསམ་པར་བྱ། ། དེ་ཡི་སྟེང་དུ་ཨ་ཞེས་པ། །ཀླད་ཀོར་བཅས་པ་རྒྱས་པར་བསམ། །རླུང་བཅིང་ཆེན་པོ་དེ་ལྟ་བུ། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཤད། །སེམས་དཔའ་ཆེན་པོ་ཆུ་ཡི་ཡང་། །ཡིད་གཅིག་བསྡུས་ཏེ་མཉན་པར་གྱིས། །སྔགས་པས་ར་ཞེས་བྱ་བ་ནི། །ཐམས་ཅད་དམར་པོ་


DKG086_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཆེན་བསམ། །འབར་བའི་ཕྲེང་ཅན་མི་བཟད་པ། །ཁྲོ་བོ་ལག་ན་རལ་གྲི་ཐོགས། །ས་ལ་སྤྲིན་གྱི་གཟུགས་བྲིས་ནས། །རལ་གྲིའི་ཕྱག་རྒྱས་གདབ་པར་བྱ། །ཕྱོགས་ཀུན་ནས་ནི་ལངས་པའི་སྤྲིན། །དེ་མ་ཐག་ཏུ་འཇིག་པར་འགྱུར། །ཡང་ན་སྔགས་པ་མི་གཡེང་བས། ། དེ་དག་ཕུར་བུས་གདབ་བྱ་སྟེ། །མཁས་པ་རྡོ་རྗེར་གྱུར་ནས་སུ། །ཐམས་ཅད་རྡོ་རྗེ་ཕུར་བུས་བཏབ། །ཡང་ན་བགེགས་རྣམས་ཐམས་ཅད་ནི། །ཞི་བར་བྱ་བ་ཡང་བཤད་དེ། །སྔགས་པ་དཀྱིལ་འཁོར་དབུས་གནས་ནས། །མི་གཡོ་སྟོབས་ཆེན་གསང་སྔགས་ནི། །ཤིན་ཏུ་མི་བཟད་གསང་སྔགས་ཀྱི། །དཀྱིལ་འཁོར་དག་ལ་གནས་པར་བསམ། །དེ་ཡི་གཟུགས་བརྙན་བྱས་ནས་ནི། །རྐང་པ་གཡོན་པས་སྤྱི་བོར་གཟེར། །འོན་ཏང་དེ་ནི་ཞིར་འགྱུར་བའམ། །དོགས་པ་མེད་པར་འཆི་བར་འགྱུར། །དེ་ཡི་གཟུགས་བརྙན་བྱས་ནས་སུ། ། སྐེ་ཙེ་དུག་ཁྲག་བསྲེས་པ་ཡིས། །བྱུགས་ནས་སྔགས་པས་བསྐམས་ནས་ནི། །གདོན་དེ་མྱུར་དུ་འཚིག་པར་འགྱུར། །དེ་ནི་མེ་ལ་བསྐམས་པ་དང་། །དུག་གིས་བསྐུས་ན་ངེས་པར་ནི། །ཚངས་པའམ་འོན་ཏེ་བརྒྱ་བྱིན་ཡང་། །དེ་ཡི་མོད་ལ་མྱུར་དུ་འཚིག །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་བདག་གིས་འདི་ལྟར་མཇལ་ཏོ། །བཅོམ་ལྡན་འདས་རང་གི་དཀྱིལ་འཁོར་གྱི་གནས་ལ་གནས་ན་ལྷ་རྣམས་བྱིན་གྱིས་རློབ་པར་བྱེད་དོ། །དེ་ཉིད་དུ་གནས་ན་དེ་བཞིན་གཤེགས་པའི་བཀའ་ལས་ཀྱང་འགལ་བར་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་རང་གི་རིགས་ལ་གནས་པ་དེ་ནི་གསང་སྔགས་ཐམས་ཅད་ཀྱི་དམ་ཚིག་ལགས་སོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་རང་གི་གནས་ལ་གནས་ནས་ཀྱང་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་དེ་བཞིན་ཏེ། ཅི་སྐད་སྨྲས་པ་དེ་བཞིན་ནོ། །གསང་བ་པའི་བདག་པོ། གཞན་ཡང་གང་གིས་ཁ་དོག་གང་གསུངས་


DKG086_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཉིད་དེ་ཡི་དཀྱིལ་འཁོར་ཏེ། །ལྷ་ཡི་གཟུགས་ནི་དེ་ལྟ་བུར། །སྔོན་གྱི་སངས་རྒྱས་རྣམས་ཀྱིས་བསྟན། །དེ་ལ་གསང་བ་པའི་བདག་པོ་མ་འོངས་པའི་དུས་ན་སེམས་ཅན་བློ་ཞན་པ་མ་དད་པ་གང་དག་བསྟན་པ་འདི་ལ་དད་པར་མི་འགྱུར་ཞིང་ཡིད་གཉིས་དང་སོམ་ཉི་མང་བ། ཐོས་པ་ཙམ་སྙིང་པོར་འཛིན་པ། སྒྲུབ་པ་ལ་མི་ཕྱོགས་པ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་བདག་ཉིད་ཀྱང་མ་རུང་ལ་གཞན་ཡང་ཕུང་བར་བྱེད་པ་ཡིན་ནོ། །འདི་སྐད་དུ་འདི་ནི་ཕྱི་རོལ་པ་རྣམས་ལ་ཡོད་དེ། སངས་རྒྱས་རྣམས་ཀྱིས་གསུངས་པ་ནི་མ་ཡིན་ནོ་ཞེས་སྨྲ་བར་འགྱུར་གྱི། མི་བླུན་པོ་དེ་དག་གིས་འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། ཆོས་ཐམས་ཅད་ལ་མངའ་བརྙེས་པ། སེམས་ཅན་གྱི་དོན་རྟོགས་པར་ཐུགས་སུ་ཆུད་པ་དེས། སྔོན་སེམས་ཅན་རྣམས་ལ་ཕན་པར་བཞེད་ནས། འདི་དག་ཐམས་ཅད་བཤད་དོ་ཞེས་བྱ་བར་ནི་མི་ཤེས་སོ། །ཆོས་རྣམས་ཀྱི་ནི་ཆོས་ཀྱི་མཚན། །བླུན་པོ་དེས་ནི་དེ་མི་ཤེས། །ཆོས་རྣམས་ཀུན་གྱི་མཚན་ཉིད་ནི། །སྟོང་པ་ཉིད་དུ་ཡང་དག་གསུངས། །སྔགས་པ་རྟག་ཏུ་དེར་གནས་ནས། །རབ་ཏུ་ངེས་པར་ལས་བྱའོ། །བགེགས་ཞི་བར་བྱ་བའི་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་དེ་དག་དང་། ཀུན་ཏུ་བཟང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ནས། སྙིང་རྗེ་ཆེན་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོ་འདིར་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྒོ་ཅི་ལྟར་རྟོགས་པ་རང་རང་གི་ཚིག་ཏུ་བརྗོད་པའི་ཚིག་གིས་གསང་སྔགས་རྣམས་སྨྲ་བར་འདོད་ནས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་བོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་དང་། རྡོ་རྗེ་འཛིན་དེ་དག་ལ་མི་ཉམས་པའི་ཆོས་ཉིད་དུ་བྱིན་གྱིས་བརླབས་ནས་བཀའ་སྩལ་པ། རིགས་ཀྱི་བུ་དག་ཆོས་ཀྱི་དབྱིངས་ཅི་ལྟར་རྟོགས་པ་བཞིན་སེམས་ཅན་གྱི་ཁམས་རྣམ་པར་སྦྱོང་བའི་གསང་སྔགས་ཀྱི་ཚིག་རྣམས་སྨྲོས་ཤིག །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་སངས་རྒྱས་ཀྱི་རྒྱན་གྱི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་


DKG086_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་ཐོགས་པ་མེད་པའི་གསང་སྔགས་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ས་མནྟཱ་ནུ་ག་ཏི་བ་ར་ཛ་དྷརྨྨ་ནིར་ཛཱ་ཏ་མ་ཧཱ་མ་ཧཱ་སྭཱ་ཧཱ། ཀུན་ཏུ་བཟང་པོའིའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་བྱམས་པ་ཆེན་པོ་ཀུན་ཏུ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཛ་ཏན་ཛ་ཡཱ་སརྦྦ་སཏྭ་ཨཱ་ཤ་ཡཱ་ནུ་ག་ཏ་སྭཱ་ཧཱ། བྱམས་པའི་འོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་རྣམ་པར་དག་པའི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨཱ་ཀཱ་ཤ་ས་མ་ཏཱ་ནུ་ག་ཏ་བི་ཙི་ཏྲྃ་བ་ར་དྷ་ར་སྭཱ་ཧཱ། ནམ་མཁའི་སྙིང་པོའིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྙིང་རྗེ་ཆེན་པོའི་སྙིང་སྟོབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨཱ་ས་ཏཱ་ཧྲྀ་ཏ་ཨངྦྷུད་ག་ཏ་ཏྲཱྃ་ཏྲཱྃ་རཱྃ་རཱྃ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་ཀུན་ཏུ་སྤྱན་རས་གཟིགས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་འཁོར་དང་བཅས་པ་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏ་ཀཱ་རུ་ཎཱ་མཱ་ཡཱ་ར་ར་ར་ཧཱུྃ་ཛཿསྭཱ་ཧཱ། སྤྱན་རས་གཟིགས་དབང་ཕྱུག་གིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཛཾ་ཛཾ་ས་སྭཱ་ཧཱ། མཐུ་ཆེན་ཐོབ་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཀཱ་རུ་ཎོངྦྷ་བེ་ཏཱ་རེ་ཏཱ་རི་ཎི་སྭཱ་ཧཱ། ལྷ་མོ་སྒྲོལ་མའིའོ། །ན་མཿ ས་མནྟ་བུད་དྷཱ་ནཱཾ། སརྦྦ་བྷ་ཡ་ཏྲཱ་ས་ནི་ཧཱུྃསྥོ་ཊ་ཡ་སྭཱ་ཧཱ། ཁྲོ་གཉེར་ཅན་མའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་བི་ཤ་ཡ་སཾ་བྷ་བེ། པདྨ་མཱ་ལི་ནི་སྭཱ་ཧཱ། གོས་དཀར་ཅན་མའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ་ཁ་ད་བནྡྷ་སྥོ་ཊ་ཡ་སྭཱ་ཧཱ། རྟ་མགྲིན་གྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་རྡོ་རྗེ་མི་ཤིགས་པ་རྟོག་པའི་ཡུལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་སྔགས་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧ་ཧ་ཧ་སུ་ཏ་ནུ་སྭཱ་ཧཱ། སའི་སྙིང་པོའིའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སངས་རྒྱས་ཀྱི་


DKG086_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱི་རླབས་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་སྨྲས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་ཧེ། ཀུ་མཱ་ར་ཀ །བི་མུཀྟི། ས་ཐ་སྠི་ཏི། སྨ་ར་སྨ་ར། པྲ་ཏི་ཏ་ན་སྭཱ་ཧཱ། འཇམ་དཔལ་གྱིའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་མི་ཕམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་སྙིང་པོ་འཁོར་དང་བཅས་པ་སྨྲས་པ། ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། ཕྱག་ན་རྡོ་རྗེའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ཊ་ཏྲི་ཊ། ཛ་ཡནྟི་སྭཱ་ཧཱ། མཱ་མ་ཀཱིའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ་བནྡྷ་ཡ་བནྡྷ་ཡ། མོ་ཊ་ཡ་མོ་ཊ་ཡ། བཛྲོངྦྷ་བེ་སརྦྦ་ཏྲ་ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ཀྱིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཁྲོ་ཟླ་གཙོ་བོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། སརྦྦ་དྷ་རྨྨ་ནི་རྦྷེད་ནི་བཛྲ་སུ་ཙི་བ་ར་དེ་སྭཱ་ཧཱ། རྡོ་རྗེ་རྩེ་མོའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཛཾ་ཛཾ་སྭཱ་ཧཱ། རྡོ་རྗེ་འཛིན་པ་ཀུན་གྱིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧེ་ཧེ་ཀིཉྩི་རཱ་ཡ་སི་གྲྀཧྞ་གྲྀཧྞ་ཁཱ་ད་ཁཱ་ད་པ་རི་པཱུ་ར་ཡ་ས་པྲ་ཏི་ཛྙཱ་ན་སྭཱ་ཧཱ། ཕྱག་བརྙན་ཐམས་ཅད་ཀྱིའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རིན་པོ་ཆེའི་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཉིད་ཀྱི་སྙིང་པོ་འཁོར་དང་བཅས་པ་དག་གསུངས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཀླེ་ཤ་ནི་ཤུད་དྷཱ་ན་སརྦྦ་དྷརྨྨ་བ་ཤི་ཏ་པྲཱ་པྟ་ག་ག་ན། ས་མ་ས་མ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བ་ར་དེ་བ་ར་པྲཱཔྟེ་ཧཱུཾ། མཛོད་སྤུའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བྃ་བྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཙུག་ཏོར་ཐམས་ཅད་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱྃ། །དྷྲིཾ་དྷྲིཾ་རིཾ་རིཾ་ཛྲི་ཛྲི་སྭཱ་ཧཱ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པ་རཱ་ཛི་ཏ་ཛཱ་ལ་ན་ཏི་ཛྷ་ཊི་ཏ་སྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། པྲི་ཐི་བྱཻ་སྭཱ་ཧཱ། སའི་འོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། བིཥྞ་བེ་སྭཱ་ཧཱ། ཁྱབ་འཇུག་གིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། རུ་དྲཱ་ཡ་སྭཱ་ཧཱ། དྲག་པོའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བཱ་ཡ་བེ་སྭཱ་ཧཱ། རླུང་ལྷའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ས་ར་སྭ་ཏྱཻ་སྭཱ་ཧཱ། དབྱངས་ཅན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། རཱཀྵ་སཱ་དྷི་པ་


DKG086_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡེ་སྭཱ་ཧཱ། བདེན་བྲལ་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བཻ་བ་སཏྭཱ་ཡ་སྭཱ་ཧཱ། གཤིན་རྗེའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མྲྀ་ཏ་ཡེ་སྭཱ་ཧཱ། འཆི་བདག་གིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཀཱ་ལ་རཱ་ཏྲི་ཡེ་སྭཱ་ཧཱ། དུས་མཚན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མཏྲི་བྷྱཿསྭཱ་ཧཱ། མ་མོ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཤ་ཀྲཱ་ཡ་སྭཱ་ཧཱ། བརྒྱ་བྱིན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པཱཾ་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨཱ་དི་ཏྱཱ་ཡ་སྭཱ་ཧཱ། ཉི་མའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། པྲ་ཛ་པ་ཏ་ཡེ་སྭཱ་ཧཱ། ཚངས་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཙནྡྲཱ་ཡ་སྭཱ་ཧཱ། ཟླ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མེ་བྷ་ཤ་ནི་ཡེ་སྭཱ་ཧཱ། དགའ་བོ་དང་བསྙེན་དགའ་བོའིའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྟན་པ་དོན་ཡོད་པར་གྲུབ་པར་བཞེད་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་རིག་སྔགས་ཀྱི་རྒྱལ་མོ་གསུངས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་བ་ར་ལཀྵ་ཎེ་ག་ག་ན་ས་མ་སརྦྦོ་ད་ག་ཏ་ཏི་ས་ར་སཾ་བྷ་བེ་ཛྭ་ལ་ན་མོ་ཨ་མོ་གྷཱ་ནཱན་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ནམ་མཁའི་སྤྱན་གྱིའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བགེགས་ཐམས་ཅད་ཞི་བར་བྱ་བའི་ཕྱིར་གཟི་བརྗིད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བགེགས་ཆེན་པོ་འཇོམས་པའི་གསང་སྔགས་འདི་གསུངས་སོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུྃ། ཏྲག་ཧ་མཱ། འཕགས་པ་མི་གཡོ་བའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧ་ཧ་ཧ། བིསྨ་ཡེ། སརྦྦ་ཏ་ཐཱ་ག་ན་བི་ཥ་ཡ་སཾ་བྷ་ཡ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ་ཛ་སྭཱ་ཧཱ། ཁམས་གསུམ་ལས་རྣམ་པར་རྒྱལ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཏུ་པྲ་ཏྱ་ཡ་བི་ག་ཏེ་དྷརྨྨ་ནི་རཱ་ཛ་ཏ་ཧཱུྃ། ཉན་ཐོས་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ།ཐ། རང་སངས་རྒྱས་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་བུདྡྷ་བོ་དྷི་སཏྭ་ཧྲྀ་ད་ཡཾ་ནི་བེ་ཤ་ནི་ན་མཿསརྦྦ་བིདྱཱ་སྭཱ་ཧཱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱིའི་སྙིང་པོའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ལོ་ཀ་ལོ་


DKG086_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཀ་རཱ་ཡ། སརྦྦ་དེ་བ། ནཱ་ག །ཡཀྵ། གནྡྷར་བཱ། ཨ་སུ་ར། ག་རུ་ཌ། ཀིན་ར། མ་ཧོ་ར་ག་ཧྲྀ་ད་ཡན། ནྱ་ཀ་རི་ཥ་ཡ་བི་ཙི་ཏྲ་ག་ཏི་སྭཱ་ཧཱ། ལྷ་ལ་སོགས་པ་སྤྱིའི་སྙིང་པོའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦ་ཐཱ། བཱི་མ་ཏི། བི་ཀི་ར་ཎ། དྷརྨྨ་དྷཱ་ཏུ་ནིར་ཛཱ་ཏ་སཾ་སཾ་ཧ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། དུནྡཱནྟ་མ་ཧཱ་རོ་ཥ་ཎ་ཁཱ་ཊ་ཡ་སརྦྦཱན་ཏ་ཐཱ་ག་ཏ་ཨཱ་ཛྙཱཾ་ཀུ་རུ་སྭཱ་ཧཱ། སྒོ་སྲུང་གདུལ་དཀའ་བ་ཞེས་བྱ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་མ་ཧཱ་པྲ་ཙནྜ་ཨ་བྷི་མུ་ཁ་གྲིཧྞ་ཁཱ་ད་ཡ། ཀིཉྩི་རཱ་ཡ་སི་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། སྒོ་སྲུང་མངོན་དུ་ཕྱོགས་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཏྲ་ཨ་ནུ་ག་ཏེ། བནྡྷ་སཱི་མཱཾ། མ་ཧཱ་ས་མ་ཡ་ནིར་ཛཱ་ཏེ་སྨ་ར་ཎེ། ཨ་པྲ་ཏི་ཧ་ཏེ། དྷ་ཀ་དྷ་ཀ །ཙ་ར་ཙ་ར། བྷནྡྷ་བྷནྡྷ། ད་ཤ་དི་ཤན་སརྦྦ་ཏ་ཐཱ་ག་ཏ། ཨ་ནུ་ག་ཏེ། པྲ་བ་ར་དྷརྨྨ་ལབྔྷ་བི་ཛ་ཡེ་བྷ་ག་བ་ཏི་བི་ཀུ་རི་བི་ཀུ་ལེ་ལེ་ལུ་བུ་པྲི་སྭཱ་ཧཱ། མཚམས་ཆེན་མོ་གཅོད་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ། བྱང་ཆུབ་ཀྱིའོ། །ཨཱ་སྤྱོད་པའི་འོ། །ༀ་རྫོགས་པར་སངས་རྒྱས་པའི་འོ། །ཨ་མྱ་ངན་ལས་འདས་པའི་འོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའིའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཧཱཾ། འཕགས་པ་མི་གཡོ་མགོན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ས། སྤྱན་རས་གཟིགས་དབང་ཕྱུག་གིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བ། ཕྱག་ན་རྡོ་རྗེའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མཾ། འཇམ་དཔལ་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག། ནམ་མཁའི་སྤྱན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། རཾ། ཆོས་ཀྱི་དབྱིངས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཁཱཾ། དཔའ་བོ་ཆེན་པོའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཛཾ། ཆུའི་དབང་པོའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏཾ། ལྷ་མོ་སྒྲོལ་མའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧྲཱིཿ། ཁྲོ་གཉེར་ཅན་མའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། པཾ། གོས་དཀར་ཅན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སཾ། མཐུ་ཆེན་ཐོབ་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཾ།


DKG086_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཡཾ། གྲགས་འཛིན་མའིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སཾ། ཕྱག་ན་རིན་ཆེན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཛཱ། དྲ་བའི་འོད་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བྷ། ཤཱཀྱ་ཐུབ་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱྃ་ནྱྃ་རུྃ། གཙུག་ཏོར་གསུམ་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ལཾ། གདུགས་དཀར་པོའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཤཾ། གཙུག་ཏོར་རྒྱལ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སཾ། གཙུག་ཏོར་རྣམ་པར་རྒྱལ་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏྲིཾ། གཟི་བརྗིད་ཕུང་པོའི་འོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ། རྣམ་པར་འཐོར་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ། གཞན་གྱིས་མི་ཐུབ་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བཱི། སའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཀི་ལི། སྐྲ་ཅན་མའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། དི་ལི། ཉེ་སྐྲ་ཅན་མའི་འོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། མི་ལི། སྣ་ཚོགས་མའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧི་ལི། ནོར་ལྡན་མའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧ་ས་ནཱཾ། ངོ་མཚར་ཅན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ར་ས་ནཱཾ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། དརྴ་ནཱཾ། ངན་སོང་ཐམས་ཅད་སྦྱོང་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བི་ཧ་ས་ནཱཾ། ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཋཾ། བྱམས་པ་ཆེན་པོ་མངོན་པར་འབྱུང་བའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཡཾ། སྙིང་རྗེ་གདུངས་པའི་འོ། །ན་མཿ ས་མནྟ་བུད་དྷཱ་ནཱཾ། ཨི། གདུང་བ་ཐམས་ཅད་ཞི་བར་བྱེད་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨཾ། བསམ་གྱིས་མི་ཁྱབ་པའི་བློ་གྲོས་ཅན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏྲྃ། རིན་ཆེན་འབྱུང་གནས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཥཾ། ཕྱག་ན་རིན་ཆེན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཊཾ། ས་འཛིན་གྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨྃ། གཟུངས་ཐོབ་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཌྷཾ། ཕྱག་ན་རིན་ཆེན་ཕྱག་རྒྱའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ནཾ། བསམ་པ་བརྟན་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱཾ། ནམ་མཁའ་དྲི་མེད་ཀྱིའོ།།


DKG086_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿས་མནྟ་བུད་དྷཱ་ནཱཾ། རཱཾ། ནམ་མཁའི་བློ་གྲོས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག་ཏཾ། བློ་གྲོས་རྣམ་པར་དག་པའི་འོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ངྷཱིྃ། སྤྱོད་པའི་བློ་གྲོས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ། བརྟན་པའི་བློ་གྲོས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ་།ངྷྲིྃ་ཤྲིྃ་ཧྃ་བྲྃ། ཕྱག་བརྙན་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཀྵ་ད་ཧ་ར་ཡྃ་ཀྃ །བྱང་ཆུབ་སེམས་དཔའ་ཇི་སྐད་གསུངས་པ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མ་ནོ་མཱ་ཡེ་དྷརྨྨ་སཾ་བྷ་བེ་བི་བྷ་བེ་ཀ་ཋ་ནེ་སཾ་ས་ནེ། གནས་གཙང་མ་པ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཀྲྃ་ཀེ་རི། སྲིན་པོ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧྲཱིཿཧ། མཁའ་འགྲོ་མ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཡཀྵ་བཱིརྱ་དྷ་རི། གནོད་སྦྱིན་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མི་ཙི་མི་ཙི། ཤ་ཟ་མོ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། གུྃ་གུྃ་ཨིྃ་ཨིྃ། འབྱུང་པོ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ར་ཊྃ་ར་ཊྃ། བྲྃ་ཊྃ་བྲྃ་ཊྃ། ལྷ་མ་ཡིན་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག་ར་ལཾ་བི་ར་ལཾ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧ་ས་ནཱཾ། བཱི་ཨ་ས་ནཱཾ། མིའམ་ཅི་རྣམས་ཀྱིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཏི་ཙ་ལཱ་ར་ན་མ་ནོ་མཻ། མི་རྣམས་ཀྱིའོ། །གསང་བ་པའི་བདག་པོ་ངས་དེ་ལ་སོགས་པ་ཐམས་ཅད་ཀྱི་གསང་སྔགས་བཤད་དེ། དེ་ལ་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་དེས་པས་མཉན་པར་གྱིས། །ཨ་ཞེས་བྱ་བ་སྔགས་ཀུན་གྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །དེ་ལ་གསང་སྔགས་ཀུན་གནས་ཏེ། །དེ་ལྟར་སྔགས་རྣམས་རྣམ་པར་ངེས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། སྤྱིའི་གསང་སྔགས་ཀྱི་མཛོད་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་སྔགས་ཅི་ལྟར་སྒྲུབ་པ་དང་། བསྒྲུབས་པའི་འབྲས་བུ་གང་ཡིན་པ་འདི་ཉོན་ཅིག །ཡི་གེ་དང་ནི་ཡི་གེར་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་པ། །ཤིན་ཏུ་བསྡམས་པས་ཡིད་ལ་ནི། །བཟླས་བརྗོད་འབུམ་


DKG086_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་གཅིག་བྱའོ། །ཡི་གེ་བྱང་ཆུབ་སེམས་ཡིན་ཏེ། །གཉིས་པ་སྒྲ་ཞེས་བྱ་བ་ཡིན། །གཞི་ནི་རང་གི་ལྷ་གཞག་པ། །རང་གི་ལུས་ཀྱི་གནས་ལ་བྱ། །གཞི་གཉིས་པ་ནི་རྫོགས་སངས་རྒྱས། །རྐང་གཉིས་མཆོག་ཏུ་ཤེས་པར་བྱ། །ཟླ་བའི་དཀྱིལ་འཁོར་རྣམ་དག་པ། ། སྔགས་པས་དེ་ལ་གནས་པར་བསམ། །ཡི་གེ་རྣམས་ནི་གོ་རིམས་བཞིན། །དེ་ཡི་དབུས་སུ་ལེགས་པར་དགོད། །སླར་སྡུད་པ་ཡི་ཚིག་གིས་ནོན། །སྲོག་དང་རྩོལ་བ་རྣམ་པར་སྦྱངས། །སྲོག་ཅེས་བྱ་བ་རླུང་དུ་བཤད། །རྩོལ་བ་དྲན་པ་ཞེས་བྱ་སྟེ། །དེ་གཉིས་བསྡམས་པ་བྱས་ནས་སུ། །སྔོན་དུ་བསྙེན་པ་ལེགས་པར་བྱ། །དེ་ནས་སྔགས་པས་ཟླ་གཅིག་ཏུ། །ཤིན་ཏུ་བསྡམས་ཏེ་བཟླས་བརྗོད་བྱ། །གསང་སྔགས་སྔོན་དུ་སྤྱད་པ་ནི། །གཞི་གཅིག་ནས་ནི་གཅིག་ཏུ་འཇུག །གྲགས་ཆེན་སངས་རྒྱས་ཐམས་ཅད་ཀྱིས། །སྔར་སྤྱད་པ་ཞེས་བཤད་པ་ཡིན། །དེ་ཕྱིན་ཅད་ནི་གང་ཅུང་ཟད། །མེ་ཏོག་སྤོས་ལ་སོགས་དབུལ་ཞིང་། །སངས་རྒྱས་ཉིད་དུ་འགྱུར་བྱའི་ཕྱིར། །དེ་ཚེ་བྱང་ཆུབ་ཏུ་ཡང་བསྔོ། །སྔགས་པས་འཇིགས་མེད་དེ་ལྟ་བུ། །ཟླ་གཉིས་པ་ལ་བཟླས་བརྗོད་བྱ། །དེ་ནས་ཟླ་བ་ཉ་བའི་ཚེ། །མི་དེ་སྒྲུབ་ལ་འཇུག་པར་བྱ། །རི་རྩེ་དང་ནི་བ་ལང་ལྷས། །དེ་བཞིན་འབབ་ཆུའི་མདོ་དག་དང་། །ལམ་གྱི་བཞི་མདོ་མཚན་གཅིག་དང་། །མ་མོའི་གནས་སམ་ཞི་གནས་སུ། །དཀྱིལ་འཁོར་ནན་ཏན་བྲི་བྱ་བ། །ཐམས་ཅད་རྡོ་རྗེའི་ཁང་པར་བྱས། །དེས་ནི་དེར་གནས་བསྲུང་བྱས་ནས། །སྒྲུབ་པ་ལ་ནི་ནན་ཏན་བྱ། །དེར་ནི་མཚན་མོ་ནམ་ཕྱེད་དམ། །ཡང་ན་ཉི་མ་འཆར་བའི་ཚེ། །འདི་ལྟའི་ལྟས་རྣམས་འབྱུང་འགྱུར་ཏེ། །བློ་དང་ལྡན་པས་དེ་ཤེས་བྱ། །ཧཱུྃ་ཞེས་པ་དང་རྔ་སྒྲ་དང་། །དེ་བཞིན་ས་ནི་གཡོ་བ་དང་། །ཡིད་དུ་འོང་བའི་ཚིག་ཀྱང་རུང་། །དེ་ནི་ནམ་མཁའ་ལས་གྲག་ན། །མཚན་མ་དག་ནི་དེ་རྣམས་ཀྱིས། །ཡིད་བཞིན་རྗེས་གྲུབ་ཤེས་བྱ་སྟེ། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །དེ་ཡི་འབྲས་བུར་ཡང་དག་བཤད། །དེ་ལྟར་སྔགས་ཀྱི་ཚུལ་གནས་པ། །དེ་ནི་ངེས་པར་སངས་


DKG086_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །སྔགས་ཉིད་རྟག་ཏུ་དྲན་པར་བྱ། །སྔོན་གྱི་སངས་རྒྱས་མཐུ་ཆེན་གྱིས། །དེ་ནི་དྲན་པར་བྱ་བའང་བཤད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དུས་གསུམ་མཐའ་ཡས་པའི་སྒོ་ངེས་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་ཀྱི་ཚིག་རྣམས་གསུངས་སོ། །མཁའ་ལྟར་དྲི་མེད་ངོ་བོ་ཉིད་མེད་པ། །རྣམ་མང་ཡེ་ཤེས་སྣ་ཚོགས་སྦྱིན་པར་བྱེད། །ངོ་བོ་ཉིད་ཀྱིས་རྟག་ཏུ་སྟོང་པ་ཉིད། །རྐྱེན་ལ་རག་ལས་ཟབ་ཅིང་བལྟ་བར་དཀའ། །ཁྱད་པར་འགྲོ་བ་རྣམས་ལ་རྟག་པ་རུ། །རྣམ་པར་བསམས་པའི་འབྲས་བུ་མཆོག་སྦྱིན་བྱེད། །ཇི་ལྟར་ནམ་མཁའ་ཆགས་མེད་སྤྱོད་ཡུལ་ཅན། །འགྲོ་བ་ཀུན་གྱི་གནས་སུ་གྱུར་པ་ལྟར། །དེ་བཞིན་རྣམ་པར་དག་པའི་ཆོས་ཉིད་འདི། །སྲིད་གསུམ་མ་ལུས་འབྱོར་པ་འབྱུང་བར་བྱེད། །མཆོག་སྐྱེས་མཁས་པ་གང་ཞིག་འདིར་སྤྱོད་ན། །རྒྱལ་བ་ཀུན་དང་སྤྱོད་ཡུལ་གཅིག་པར་འགྱུར། །རྒྱལ་བས་ཅི་སྐད་གསུངས་པའི་ཆོས་ཉིད་ནི། །ཤིན་ཏུ་རྣམ་དག་ཐམས་ཅད་སྣང་བྱེད་པ། །དེ་ལས་གོ་འཕང་རྙེད་དཀའ་གཞན་མེད་དོ། །ཡངས་པའི་ཆོས་ནི་ཟབ་ལ་འགྲིབ་མེད་ཅིང་། ། མཉམ་མེད་འཇིག་རྟེན་ཕན་བྱེད་དེ་ལ་ནི། །རྣམ་རྟོག་རྣམ་པར་སྤངས་ཏེ་སྤྱད་པར་གྱིས། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། ཐམས་ཅད་དང་ལྡན་པའི་འཁོར་ཚོགས་པ་ལ་གཟིགས་ནས་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་གང་གིས་ན་སེམས་ཅན་རྣམས་མཐོང་བའི་ཆོས་ཁོ་ན་ལ་དགའ་བ་དང་མགུ་བ་ཐོབ་ནས་བདེ་བ་ལ་རེག་པར་འགྱུར་བ་རང་རང་གི་ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་སུ་གྱུར་པ། དངོས་གྲུབ་སྒྲུབ་པའི་ཚིག་རྣམས་སྟོན་ཅིག །དེ་སྐད་ཅེས་


DKG086_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ་དང་། རྡོ་རྗེ་འཛིན་རྣམས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ནས། ཆོས་ཀྱི་རྗེས་བཀའ་ཅི་སྐད་སྩལ་པ་བཞིན་འཚལ་ལོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཉིད་ལ་གསོལ་བ་བཏབ་པ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་དངོས་གྲུབ་སྒྲུབ་པའི་ཚིག་རྣམས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་དུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གང་བདག་ཅག་རང་གིས་རྟོགས་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤད་པ་དེ་ནི་རབ་ཏུ་དཀའ་ལགས་སོ། །དེ་ལྟར་ལགས་པས་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་བཅོམ་ལྡན་འདས་ཉིད་ཀྱིས་ལེགས་པར་རབ་ཏུ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེ་འཛིན་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པས་བསྟན་པའི་ཆོས་འདུལ་བ་འདི་ལ་ཕན་ཡོན་ཆེ་བའི་ཆོས་གཅིག་ཡོད་པ་ནི་འདི་ལྟ་སྟེ། ངོ་ཚ་ཤེས་པའོ། །ངོ་ཚ་ཤེས་པ་དང་ལྡན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ནི་མཐོང་བའི་ཆོས་འདི་ལ་ཆོས་གཉིས་རབ་ཏུ་མྱུར་བར་འབྱུང་སྟེ། གཉིས་གང་ཞེ་ན། མི་བྱ་བའི་ལས་མི་བྱེད་པ་དང་། དམ་པ་རྣམས་ཀྱིས་བསྔགས་པའོ། །ཡང་གཉིས་ཏེ། ཁོང་དུ་མ་ཆུད་པ་ཁོང་དུ་ཆུད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་འགྲོགས་པ་ཐོབ་པར་འགྱུར་བའོ། །ཡང་གཉིས་ཏེ། ཚུལ་ཁྲིམས་ལ་རབ་ཏུ་གནས་པར་འགྱུར་བ་དང་། ལྷ་དང་མི་རྣམས་སུ་སྐྱེ་བ་འཐོབ་པར་འགྱུར་རོ། །དེ་ལྟ་བས་ན་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། འདི་ལྟ་སྟེ། སྒྲུབ་པར་སྦྱོར་བའི་ཚིག་གང་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་གསང་སྔགས་རྣམས་ལས་མྱུར་དུ་གསང་སྔགས་ཀྱི་དངོས་གྲུབ་འཐོབ་པར་འགྱུར་བ། གསང་སྔགས་སྒྲུབ་པ་འགྲུབ་པར་སྦྱོར་བའི་ཚིག་རྣམས་བཤད་དོ། །དེ་ལ་དང་པོར་རེ་ཞིག་དཀྱིལ་འཁོར་མཐོང་བ། བླ་མས་གསང་སྔགས་བསྒྲུབ་པར་གནང་། བྱང་ཆུབ་ཏུ་སེམས་བསྐྱེད་པ། དད་པ་ཅན་སེར་སྣ་མེད་པ།


DKG086_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཅན་དུལ་བ་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དབྱེ་བ་ལ་མཁས་པ། སྡོམ་པ་བཟུང་བ། རང་གི་བསླབ་པ་ལ་གནས་པ། །ཐབས་ལ་མཁས་ཤིང་རབ་ཏུ་བརྟན། །དུས་དང་དུས་མ་ཡིན་པའང་ཤེས། །འཇིགས་པ་མེད་ཅིང་མཁས་ལ་གཏོང་། །བཟོད་དང་ལྡན་ཞིང་བྱམས་པའི་ཡིད། །གསང་སྔགས་སྤྱོད་ལ་རབ་ཏུ་བརྩོན། །གསང་སྔགས་དེ་ཉིད་དོན་ལ་མཁས། །བསམ་གཏན་བྱེད་ལ་དགའ་བ་ཡིན། །སྒྲུབ་པ་པོ་ནི་སྒྲུབ་ལ་ཤིས། །གསང་བ་པའི་བདག་པོ་དེ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་མྱོས་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཡོད་དེ། དེས་འདོད་པ་ན་སྤྱོད་པའི་ལྷའི་བུ་ཐམས་ཅད་མྱོས་པས་བརྒྱལ་བར་བྱེད་ཅིང་། མེ་ཏོག་མང་པོ་སྣ་ཚོགས་དང་ལྡན་པའི་ས་ཕྱོགས་ཉམས་དགའ་བ་རྣམས་ཀྱང་སྟོན་ལ། ཡོངས་སུ་སྤྱད་པ་དང་ཉེ་བར་སྤྱད་པ་རྣམ་པ་ཐ་དད་པ་སྣ་ཚོགས་རྣམས་ཀྱང་མངོན་པར་སྤྲུལ་ནས། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་སྦྱིན་ལ། བདག་ཉིད་ཀྱང་ཡོངས་སུ་སྤྱོད་དོ། །འདི་ལྟ་སྟེ། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་ཞེས་བྱ་བའི་རིག་སྔགས་ཡོད་དེ། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སེམས་ཅན་གྱི་དགོས་པ་བྱེད་ཅིང་། ཉེ་བར་སྤྱད་པ་དང་། ཡོངས་སུ་སྤྱད་པ་ཐམས་ཅད་ཀྱང་མངོན་པར་སྤྲུལ་ནས། གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་ཡང་སྦྱིན་ལ་བདག་ཉིད་ཀྱང་ཀུན་ཏུ་སྤྱོད་དོ། །འདི་ལྟ་སྟེ། དཔེར་ན་མིག་འཕྲུལ་མཁན་ནི་གསང་སྔགས་རྣམས་ཀྱིས་ཀུན་དགའི་ར་བ་དང་། མཚོ་དང་། འབབ་ཆུ་དང་། མི་ལ་སོགས་པ་རྣམ་པ་ཐ་དད་པ་སྣ་ཚོགས་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན། ལྷ་མ་ཡིན་རྣམས་ནི་གསང་སྔགས་ཀྱི་སྒྱུ་མ་རྣམས་སྟོན་ཏོ། །འདི་ལྟ་སྟེ་དཔེར་ན། གསང་སྔགས་དག་གིས་ནི་དུག་དང་རིམས་ལ་སོགས་པ་མེད་པར་འགྱུར་རོ། །འདི་ལྟ་སྟེ་མ་མོ་ཞེས་བྱ་བའི་ལྷ་མོ་རྣམས་ནི་གསང་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་གཏོང་ངོ་། །འདི་ལྟ་སྟེ་དཔེར་ན། གསང་སྔགས་ཀྱིས་ནི་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་པར་འགྱུར་རོ། །རིགས་ཀྱི་བུ་དག་དཔེའི་ཚིག་འདི་རྣམས་ཀྱིས་གསང་སྔགས་ཀྱི་མཐུ་ལ་མངོན་པར་དད་པར་


DKG086_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །གསང་སྔགས་ཀྱི་མཐུ་དེ་ཡང་གང་ཞེ་ན། གསང་སྔགས་རྣམས་ལས་བྱུང་བ་ཡང་མ་ཡིན། རྫས་ལས་འཇུག་པ་ཡང་མ་ཡིན། སྦྱོར་བ་པོས་ལས་དམིགས་པ་ཡང་མ་ཡིན་མོད་ཀྱི། རིགས་ཀྱི་བུ་དག་འོན་ཀྱང་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱི་ཆོས་ཉིད་འབྱུང་བ་ལས་འདའ་བར་ཡང་མི་འགྱུར་ཏེ། དུས་གསུམ་ལས་འདས་པའི་ཕྱིར་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པའི་ཕྱིར་རོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཆོས་ཉིད་ཀྱིས་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་རྟོགས་པར་ཁོང་དུ་ཆུད་པས་རྟག་ཏུ་རྒྱུན་མི་འཆད་པར་གསང་སྔགས་ཀྱི་ཚུལ་གྱི་རྗེས་སུ་འཇུག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་དུས་གསུམ་དུ་ཆགས་པ་མེད་པའི་སྟོབས་ཀྱི་གཞི་བྱིན་གྱིས་རློབ་པ། དེ་བཞིན་གཤེགས་པའི་གནས་བསམ་གྱིས་མི་ཁྱབ་པའི་རྒྱན་རྣམ་པར་དག་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་ཆོས་ཀྱི་དབྱིངས་མ་ལུས་པ་ཅི་སྙེད་ཡོད་པ་རྣམ་པར་རིག་པར་བྱེད་པའི་སྒྲ་རྣམས་ལས་ཆོས་ཀྱི་དབྱིངས་ཀྱི་གནས་ཀྱི་སྟོབས། མི་མཉམ་པ་དང་མཉམ་པའི་སྟོབས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མོས་པ་ལས་བྱུང་བ། གནས་སྐབས་བཞི་དབྱངས་གཅིག་ལས་བྱུང་བས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱས་ཏེ། ནམ་མཁའ་དང་མཉམ་པར་གྱུར་ནས་བྱུང་བ། ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སརྦྦ་ཐཱ། ཨ་ཨཱ་ཨྃ་ཨཿ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་དེ་དག་བྱུང་མ་ཐག་ཏུ། དེ་ནས་ཡང་ཆོས་ཀྱི་དབྱིངས་ཐམས་ཅད་ངེས་པར་སྒྲོགས་པའི་སྒོ་དག་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོའི་ཚིག་གིས་མཚན་པ་རྣམ་པར་རིག་པའི་དབྱངས་ཀྱི་སྒྲ་གཅིག་ནས་གཅིག་ཏུ་མངོན་པར་གྲག་གོ། །བྱང་ཆུབ་སེམས་དཔས་དེ་ཐོས་ནས། །ངོ་མཚར་གྱུར་པའི་མིག་ཕྱེ་སྟེ། །ཀུན་མཁྱེན་བསྙུན་དང་བྲལ་བ་ལ། །ཚིག་སྙན་འདི་སྐད་ཅེས་གསོལ་ཏོ། །ཨེ་མའོ་གསང་སྔགས་སྤྱད་པ་ལས། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །གང་གིས་འདི་ཀུན་ཁྱབ་པ་ཡི། །ཡེ་


DKG086_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཡངས་པ་ཆེན་པོ་བྱུང་། །དེ་བས་རྣམ་པ་ཐམས་ཅད་དུ། །སངས་རྒྱས་བསྔགས་པའི་སྙིང་པོ་ལ། །ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་མངོན་པར་བརྩོན་པར་བྱ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྙིང་པོ་རྣམས་སྒྲུབ་པ་བྱུང་སྟེ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ངམ། ཕུག་གམ། ཡིད་གང་དུ་དབེན་པ་དེར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་། ནམ་མཚན་མ་མ་བྱུང་གི་བར་དེ་སྲིད་དུ་འདུག་པར་བྱའོ། །དེ་ནས་སྙིང་པོ་དེ་དག་ལས་གང་རུང་བ་ཅིག་གཟུང་སྟེ། ཐེ་ཙོམ་མེད་པར་གྱུར་གྱི་བར་དུ་གཞི་བསྒྲུབ་པར་བྱའོ། །དེ་ནས་སྙིང་པོ་སྙིང་གར་བཞག་ནས་ཡིད་བསྒྲུབ་པར་བྱ་སྟེ། ཤིན་ཏུ་རྣམ་པར་དག་པ། དྲི་མ་མེད་པ་བརྟན་པ་རབ་ཏུ་མི་གཡོ་བ། རྣམ་པར་མི་རྟོག་པ། མེ་ལོང་ལྟ་བུ། རབ་ཏུ་ཕྲ་བ་ལ་མངོན་པར་བལྟ་ཞིང་རྟག་ཏུ་གོམས་པའི་སྦྱོར་བས་རང་གི་ལུས་རང་གི་ལྷའི་ལུས་སུ་མཐོང་གི་བར་དུ་བྱའོ། །གཞི་གཉིས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ལོང་གི་དཀྱིལ་འཁོར་དེ་ཉིད་ཀྱི་ནང་ན་པདྨའི་རྒྱལ་པོ་ཆེན་པོ་ལ་བཞུགས་པ་ཕུག་ན་བཞུགས་པ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། ཐོར་ཚུགས་དང་དབུ་རྒྱན་དང་འོད་ཟེར་མཐའ་ཡས་པས་བསྐོར་བ། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་བཞིན་གཟོད་མ་ནས་ཞི་བ་སྟེ། དེ་ལ་སྒྲ་གནས་པར་བསམ་ཞིང་། མཉམ་པར་གཞག་པས་བཟླས་བརྗོད་བྱ། །དེ་ནས་སྔོན་དུ་བསྙེན་པ་ནི། །འབུམ་ཕྲག་གཅིག་ཏུ་བྱ་བར་བཤད། །དེ་ནས་ཟླ་བ་གཉིས་པ་ལ། །མེ་ཏོག་དྲི་ལ་སོགས་པ་དབུལ། །སེམས་ཅན་རྣམས་ལ་རྣམ་མང་པོའི། །ཕན་པ་ཉེ་བར་སྒྲུབ་བྱེད་ཅིང་། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ལ་བཟླས་བརྗོད་བྱ། །དེ་ལ་དེ་རུ་སྦྱོར་བ་འདི། །མཉམ་པར་བཞག་པས་བསམ་པར་བྱ། །བདག་གི་བསོད་ནམས་མཐུ་ཡིས་ནི། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཐམས་ཅད་ནད་ཀྱང་མེད་པར་ཤོག །ཡང་ན་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་ན་སེམས་ཅན་ཐམས་ཅད་ཀྱང་། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་


DKG086_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་ཤོག །དུད་འགྲོ་གཅིག་ལ་གཅིག་ཟ་བའི། །སྡུག་བསྔལ་ནམ་ཡང་འབྱུང་མ་གྱུར། །ཡི་དགས་རྣམས་ལ་ཟས་སྐོམ་སོགས། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་མྱུར་དུ་ཞི་བར་གྱུར། །སེམས་ཅན་སྡུག་བསྔལ་ཐམས་ཅད་ལ། །སྙིང་རྗེ་ཆེན་པོ་བསྐྱེད་ནས་ནི། །བསྒྲུབ་པ་དེ་དང་གཞན་དག་ཀྱང་། །དེས་ནི་ཡང་དང་ཡང་དུ་བསམ། །ཅི་ལྟར་བསམས་པ་འགྲུབ་བྱའི་ཕྱིར། །བྱིན་གྱིས་བརླབས་ཀྱི་གནས་གསུམ་གྱིས། །དེ་དག་ཐམས་ཅད་བྱིན་བརླབ་ཅིང་། །ཡིད་ལ་སྔགས་ཀྱང་བཟླས་བརྗོད་བྱ། །བདག་གི་བསོད་ནམས་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །སེམས་ཅན་རྣམས་ལ་ཕན་འདོགས་པས། །དོན་རྣམས་གང་དག་བསམས་པ་ཀུན། །སེམས་ཅན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་སྟོབས་ནམ་མཁའ་དང་འདྲ་བ་ནམ་མཁའི་མཛོད་འབྱུང་བ་གསུངས་སོ། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུཊྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདི་ལན་གསུམ་བཟླས་ན་ཅི་ལྟར་བསམས་པའི་དོན་ཐམས་ཅད་ཐོགས་པ་མེད་པར་འབྱུང་བར་འགྱུར་རོ། །དེ་ནས་ཟླ་བ་ཉ་བའི་ཚེ། །མི་དེ་སྒྲུབ་ལ་འཇུག་པར་བྱ། །རི་རྩེ་དང་ནི་བ་ལང་ལྷས། །ཆུ་མདོའམ་ཡང་ན་དུར་ཁྲོད་དམ། །ལམ་གྱི་བཞི་མདོའམ་ཤིང་གཅིག་དྲུང་། །མ་མོའི་གནས་སམ་ཞི་གནས་སུ། །བགེགས་རྣམས་ཐམས་ཅད་མྱོས་འགྱུར་བའི། །དཀྱིལ་འཁོར་དེས་པས་མཉན་པར་གྱིས། །ཀུན་ཏུ་གྲུ་བཞི་ལྷམ་པ་སྟེ། །སྒོ་གཅིག་པ་ལ་མུ་རན་ཅན། །ཐམས་ཅད་ཁ་དོག་སེར་པོ་ཡིས། །རྡོ་རྗེའི་དཀྱིལ་འཁོར་མཆོག་བྲིས་ནས། །རྡོ་རྗེ་སྦྲེལ་བའི་ཚུལ་གྱིས་སུ། །རྡོ་རྗེ་ཕན་ཚུན་འབྲེལ་བར་བྱ། །སྒོར་ནི་སྒོ་སྲུང་གཉིས་བྲི་བ། །གདུལ་དཀའ་དང་ནི་མངོན་ཕྱོགས་གཉིས། །མིག་དམར་ཁྲོ་དང་བཅས་པ་ལ། །ཁྲོས་ཤིང་སྡིགས་པར་བྱེད་པ་བྲི། །མདུང་རྩེ་


DKG086_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ས་གྲྭ་རྣམས་སུ། །ནན་ཏན་དུ་ནི་བྲི་བར་བྱ། །དབུས་སུ་རྡོ་རྗེའི་གདན་ཡིད་འོང་། །ཁ་ནི་ཀུན་ཏུ་བལྟ་བ་བྲི། །དེའི་སྟེང་པདྨ་ཆེན་པོ་ནི། །འདབ་མ་བརྒྱད་པ་གེ་སར་བཅས། །རྒྱལ་བ་ཀུན་ལ་ཕྱག་བྱས་ནས། །སྨོན་ལམ་ཉེ་བར་སྒྲུབ་བྱེད་ཅིང་། །ཕྱག་ན་རྡོ་རྗེ་བློ་ཅན་གྱི། །རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་སུ། །དེར་ནི་བསྲུང་བྱས་དེར་འདུག་སྟེ། །སྦྱངས་པའི་རྫས་ནི་བླངས་ནས་སུ། །ནང་གི་བདག་ཉིད་རྣམ་དག་པས། །མཚན་གཅིག་ཐལ་བྱུང་བཟླས་བརྗོད་བྱ། །དེར་ནི་ནམ་གྱི་ཕྱེད་དུས་སམ། །ཡང་ན་ཉི་མ་འཆར་བའི་ཚེ། །རྫས་དེ་ཡོངས་སུ་འགྱུར་བ་ནི། །འབར་ཕྲེང་ཅན་གྱི་གཟི་བརྗིད་བཞིན། །སྔགས་པ་རང་གིས་དེ་བླངས་ན། །ནམ་མཁའ་ལ་ནི་འགྲོ་བར་འགྱུར། །བསྐལ་པར་གནས་ཤིང་གཟི་བརྗིད་ཆེ། །རྒྱལ་སྲས་དེ་ནི་འདོད་ན་འཆི། །འཇིག་རྟེན་ཁམས་ནི་གཞན་དུའང་འགྲོ། །གཙོ་བོ་སྣ་ཚོགས་གཟུགས་འཆང་བ། །རྫས་ལས་བྱུང་བའི་སྔགས་བསྒྲུབས་པས། །དཔལ་ལྡན་མཆོད་པ་རབ་ཏུ་བྱེད། །འདི་ནི་ཉམས་པར་མི་འགྱུར་བའི། །རྫས་ཀྱི་དངོས་གྲུབ་ཡིན་པར་བཤད། །གསང་བ་པའི་བདག་པོ་དེ་ལ་བརྟག་པ་འདི་རྒྱུ་མཚན་དུ་མཛད་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་ཐུགས་སུ་ཆུད་པ་རྣམས་ཀྱི་བརྟག་པ་དེ་ཉིད་རང་བཞིན་གྱིས་སྟོང་པར་མཁྱེན་ཀྱང་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་འདུས་མ་བྱས་པ་གདགས་པར་བཏགས་ཏེ། ཡོངས་སུ་བསྒྱུར་བའི་ཚུལ་དུ་མཐོང་བའི་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར། ཆོས་ཀྱི་དབྱིངས་ཀྱི་མཐུ་རླབས་པོ་ཆེ་སེམས་ཅན་རྣམས་ལ་ངེས་པར་སྟོན་ཏེ། དེས་དེ་རྣམས་ཡིད་རབ་ཏུ་དགའ་ཞིང་ཚེ་རིང་པོ་ཡང་རབ་ཏུ་ཐོབ་ནས། འདོད་པའི་ཡོན་ཏན་ལྔ་དག་གིས་རྩེ་དགའ་ཡོངས་སུ་སྤྱོད་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་ཅིང་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་ལམ་འདི་གྲུབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་དོན་གྱི་དབང་འདི་གཟིགས་ནས། གསང་སྔགས་སྤྱད་པའི་ཚུལ་གྱི་ཆོ་ག་ཐུགས་དགྱེས་བཞིན་དུ་འཆད་


DKG086_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ཅིའི་ཕྱིར་ཞེ་ན། གང་བསྐལ་པ་དུ་མར་སྩོལ་ཞིང་འབད་དེ་བྱ་དཀའ་བ་རྣམས་བརྩམས་ཀྱང་འཐོབ་པར་མི་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་ཚེ་འདི་གཅིག་ཁོ་ན་ལ་འཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་བཞིན་གཤེགས་པའི་རྒྱལ་མཚན་ནམ། རལ་གྲིའམ། གདུགས་སམ། མཆིལ་ལྷམ་མམ། ཡིད་བཞིན་གྱི་ནོར་བུའམ། ལིག་བུ་མིག་གམ། གིའུ་ཝང་བླངས་ཏེ། བཟླས་བརྗོད་སུམ་འབུམ་བྱས་ལ་དེ་ལྟར་བསྒྲུབས་ན་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་གཞན་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐབས་དང་ལྡན་པས་ཡིད་ལ་འདོད་པའི་དངོས་པོ་རྣམས་བསྒྲུབས་ན། དེ་དག་རང་གི་སེམས་ཀྱི་དབང་ཙམ་ཁོ་ནས་ཡོངས་སུ་འགྲུབ་པར་འགྱུར་རོ། །གསང་བ་པའི་བདག་པོ་གང་དག་རྒྱུ་ལས་འབྲས་བུ་མངོན་པར་འདོད་པའི་མི་བླུན་པོ་དེ་དག་ནི། གསང་བ་པའི་བདག་པོ་གསང་སྔགས་རྣམས་ཀྱི་གསང་སྔགས་མཚན་ཉིད་རབ་ཏུ་མི་ཤེས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་ནི་བྱེད་པར་མ་གསུངས་ཏེ། །འབྲས་བུའང་དེ་ལ་ཡོད་མ་ཡིན། །རྒྱུ་ནི་རྒྱུ་ཡིས་སྟོང་པ་ན། །དེ་ནི་ཅི་ལྟར་རྒྱུར་ཡང་འགྱུར། །དེ་བས་གསང་སྔགས་འབྲས་བུ་ནི། །རྒྱུ་དང་ལས་བྲལ་ཤེས་པར་བྱ། །གང་ཚེ་མཚན་མ་མེད་པ་ཡི། །ཏིང་འཛིན་ཅི་ལྟ་བཞིན་རེག་པ། །དེ་ཚེ་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་བྱུང་བ་འཐོབ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཞི་རྣམས་དངོས་གྲུབ་ཏུ་བསྒྲུབ་པའི་ཚིག་གང་གིས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་མཐོང་བའི་ཆོས་ཉིད་ལ་རབ་ཏུ་དགའ་ཞིང་བདེ་བ་ལ་རེག་པར་གནས་ལ། ཆོས་ཀྱི་དབྱིངས་ལས་ཀྱང་འགལ་བར་མི་འགྱུར་བ་དེ་ཡང་བཤད་དུ་གསོལ། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། ཆོས་ཀྱི་དབྱིངས་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ལགས་ཏེ། དེ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DKG086_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱིས་བསྟན་ཏོ། །བཅོམ་ལྡན་འདས་དེ་ལྟ་ལགས་པས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ན་ཆོས་ཀྱི་དབྱིངས་དབྱེར་མེད་པ་རྟོགས་པར་ཁོང་དུ་ཆུད་པར་བགྱི་འཚལ་ལོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ་གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་ཡོངས་སུ་དྲི་བར་སེམས་པ་དེ་ནི་ཡང་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་ལ་ཨ་ཞེས་བྱ་བའི་སྒྲུབ་པ་འབྱུང་སྟེ། གཙུག་ལག་ཁང་ངམ་ཕུག་གམ། གནས་གང་ཡང་རུང་སྟེ་ཡན་ལག་ཐམས་ཅད་དུ་ཨ་ཞེས་བྱ་བ་གཞག་ལ་བཟླས་བརྗོད་སུམ་འབུམ་བྱའོ། །དེ་ནས་ཟླ་བ་ཉ་བའི་ཚེ་ཅི་འབྱོར་པས་མཆོད་པ་བྱས་ལ་ཅི་སྲིད་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའམ། འཇམ་དཔལ་ལམ། རྡོ་རྗེ་འཛིན་ཆེན་པོ་གང་ཡང་རུང་བ་ཞིག་འོངས་ཏེ།མགོ་ལ་ཉུག་གམ་ལེགས་སོ་ཞེས་ཟེར་གྱི་བར་དུ་བཟླས་བརྗོད་བྱའི། དེ་ནས་ཕྱག་བྱས་ཏེ་མཆོད་ཡོན་ཕུལ་ན་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་བཞིན་དུ་སེམས་ཡང་བ་དང་། ལུས་ཡང་བ་གོམས་པར་བྱ་ཞིང་བཟླས་བརྗོད་བྱས་ན་དེའི་ལུས་རྣམ་པར་དག་པ་དང་། སེམས་རྣམ་པར་དག་པར་འགྱུར་རོ། །ཨ་ཞེས་བྱ་བ་རྣམ་པར་བཞག་སྟེ། བཟླས་བརྗོད་བྱས་ན་རྣ་བ་རྣམ་པར་དག་པར་འགྱུར་རོ། །འོན་ཏེ་སྲོག་གཟུང་བར་འདོད་ན་ཨ་ཞེས་བྱ་བ་སྲོག་དང་ལྷན་ཅིག་ཏུ་བྱས་ལ་དུས་གསུམ་དུ་བསམ་པ་བྱས་ན་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་ཉིད་ཀྱི་སྟེང་དུ་ཀླད་ཀོར་གཞག་ན་གནས་པ་དང་འགྲོ་བའི་དུག་ཐམས་ཅད་འབྱིན་ཏོ། །དེ་ནས་གཟི་ཅན་དབང་དུ་བྱ་བར་འདོད་ན། ཨ་ཞེས་བྱས་པ་བདག་ཏུ་བྱས། །པ་ལས་དེ་བཞིན་མི་དབང་པོ། །གཅིག་ལ་པདྨ་གཞག་པར་བྱ། །གཞན་ལ་ཡང་ནི་དུང་བཞག་


DKG086_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །གཅིག་ལ་གཅིག་ནི་གདོང་བལྟས་ན། །དེ་ཡི་མོད་ལ་དབང་དུ་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བ་ཞེས་བྱ་བ། ལས་དང་བྱ་བས་རྣམ་པར་རོལ་པ་སྤྱོད་པའི་རོལ་མོ་རིམ་པར་ཕྱེ་བ་རྒྱས་པ་ཁམས་བཞི་ཡང་དག་པར་བསྡུ་བར་བསྡུས་པ། སེམས་ཀྱི་རྒྱལ་པོ་ལ་གནས་པ། ནམ་མཁའ་ལྟར་ཀུན་ཏུ་ཁྱབ་པ། མཐོང་བ་དང་མ་མཐོང་བའི་འབྲས་བུ་མང་བ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངོན་སུམ་པ། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། ལས་སྣ་ཚོགས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ་ཡོད་ཀྱིས། དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །ལག་ན་རྡོ་རྗེ་དེ་ལ་སྤྱོད་པའི་རོལ་མོ་ལས་དང་བྱ་བ་མངོན་པར་འགྲུབ་པའི་འབྲས་བུ་ཕལ་ཆེ་བ། ལུས་ཅན་ཀུན་ཀྱི་མངོན་སུམ་པ་གང་ཞེ་ན། ཆོ་ག་ཤེས་པས་ཐོག་མར་ནི། །བདག་གི་དེ་ཉིད་རིམ་བཞིན་བྱ། །སྔགས་པ་སྔ་མ་བཞིན་འདུག་ལ། །དེ་བཞིན་གཤེགས་པ་དྲན་བྱས་ཏེ། །བདག་ཉིད་ཨ་ཞེས་བྱ་བ་ནི། །ཀླད་ཀོར་བཅས་དང་རྒྱས་བྱས་པ། །ཐམས་ཅད་ཤིན་ཏུ་སེར་ཞིང་བཟང་། །གྲུ་བཞི་རྡོ་རྗེས་མཚན་བྱས་ཏེ། །སྔགས་པས་དེར་གནས་རྫོགས་པ་ཡིས། ། སངས་རྒྱས་ཀུན་གྱི་གཙོ་བོ་བསམ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །བདག་གི་དེ་ཉིད་ཡིན་པར་གསུངས། །ནམ་ཞིག་སྔགས་པས་བདག་གི་ནི། །དེ་ཉིད་དོགས་པ་མེད་གྱུར་པ། །དེ་ཚེ་འཇིག་རྟེན་ཐམས་ཅད་ལ། །ཕན་པ་བྱེད་པ་ཉིད་དུ་འགྱུར། །ངོ་མཚར་སྣ་ཚོགས་དག་དང་ལྡན། །མིག་འཕྲུལ་ཅན་གྱི་གནས་ལ་འདུག །སྔགས་པ་ནམ་ཞིག་མཉམ་བཞག་ན། །སྲིད་པ་རབ་ཏུ་དོག་པ་ན། །ཐོག་མེད་དུས་ནས་མི་ཤེས་པས། །བསགས་པའི་ལས་དེ་ཀུན་ཟད་འགྱུར། །བླ་ན་མེད་པའི་བྱང་ཆུབ་སེམས། །སེམས་དེ་ནམ་ཞིག་སྒོམ་བྱེད་པ། །དེ་ཚེའང་


DKG086_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་པ་རྣལ་འབྱོར་པ། །ཆུ་ཡིས་པདྨ་ལྟ་བུར་ནི། །དགེ་དང་མི་དགེ་འབྲས་འབྱུང་བའི། །ལས་ཀྱི་རྟོག་པས་མི་གོས་ན། །འདི་བདག་ཉིད་ནི་རྒྱལ་མཆོག་ཏུ། །བསྒྱུར་ན་སྨོས་ཀྱང་ཅི་ཞིག་དགོས།། །།བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བདུད་བཞི་ལས་རྒྱལ་བ་རྡོ་རྗེ་རྣམ་པར་རོལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྡོ་རྗེའི་ཡི་གེའི་ཚིག་བདུད་བཞི་ལས་རྒྱལ་བར་བྱེད་པ། རྒྱུད་དྲུག་ལས་རྣམ་པར་གྲོལ་བར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱེད་པ་འདི་རྣམས་གསུངས་སོ། ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བཱི་ར་ཧཱུྃ་ཁྃ། དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་འཛིན་དེ་དག་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་དེ་དག་ཐམས་ཅད་ངོ་མཚར་དུ་གྱུར་ནས། མིག་མི་འཛུམས་པར་ཐམས་ཅད་མཁྱེན་པ་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚིག་འདི་སྐད་ཅེས་བརྗོད་དོ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །སངས་རྒྱས་ཀུན་གྱི་ནོར་གྱི་དབྱིག །འདིས་ནི་གང་དག་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །རང་སངས་རྒྱས་དང་ཉན་ཐོས་པ། །མཁས་པས་དེ་དག་འཇིག་རྟེན་འདིར། །སངས་རྒྱས་ཡེ་ཤེས་བླ་མེད་པ། །དཔེ་མེད་ཡེ་ཤེས་ཐོབ་ནས་སུ། །རྫུ་འཕྲུལ་སྣ་ཚོགས་རྣམ་འཕྲུལ་པས། །ས་སྟེང་ཀུན་ཏུ་རྣམ་པར་སྤྱོད། །དེ་བས་འདི་དག་སོ་སོ་ཡི། །ཆོ་ག་རྒྱས་པ་དག་དང་ལས། །སྣ་ཚོགས་དགོད་པ་ཐམས་ཅད་ཀྱང་། །བསྟན་པ་འདི་ལ་བཤད་དུ་གསོལ། །དེས་ནི་གསང་སྔགས་སྤྱོད་པ་ཡི། །ཐེག་ཆེན་བླ་ན་མེད་པ་ལ། །སེམས་ཅན་རྣམས་ནི་དགའ་བཞིན་དུ། །མཐོང་བའི་ཆོས་ལ་གནས་པར་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་གྱིས། །འཇམ་པའི་གསུང་གིས་བཀའ་སྩལ་པ། །ཁྱེད་རྣམས་མཐུན་པར་རྩེ་གཅིག་ཏུ། །མཉམ་པར་ཞོག་ལ་འདི་ཉོན་ཅིག །དེའི་ཚེ་ས་གཞི་རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་ཏེ། ཉིད་ཀྱི་སྐུ་ལས་བྱང་ཆུབ་ཀྱི་སྙིང་པོ་ཉེ་བར་བསྟན་པར་བཞེད་ནས་གསུངས་པ། ཨ་ནི་མཆོག་ཏུ་ཤེས་བྱ་བ། །དབང་ཆེན་དཀྱིལ་འཁོར་ལྡན་པ་སྟེ། །


DKG086_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་རོལ་དང་ནི་ནང་དུ་ཡང་། །རྡོ་རྗེ་དཀྱིལ་འཁོར་ཤེས་པར་བྱ། །དེར་འདུག་ནས་ནི་ཐམས་ཅད་བསམ། །རྣལ་འབྱོར་གནས་ཞེས་བཤད་པ་ཡིན། །ཨ་ནི་སྲོག་གི་དམ་པ་སྟེ། །འགུགས་པར་བྱེད་པའི་མཆོག་ཏུ་བཤད། །ནམ་ཞིག་ཀླད་ཀོར་གྱིས་མནན་ན། །ལུས་ཅན་ཀུན་གྱི་སེལ་བར་འགྱུར། །སྔགས་པས་ནམ་ཞིག་ཟླ་གཅིག་ཏུ། །རྡོ་རྗེ་ཅན་གྱིས་རྒྱ་བཅིངས་ནས། །དུས་གསུམ་བཟླས་བརྗོད་བྱས་ན་ནི། །མི་ཤེས་གྲོང་ཁྱེར་འཇོམས་པར་འགྱུར། །ལྷ་དང་ལྷ་མིན་རྣམས་ཀྱིས་ཀྱང་། །མི་ཕྱེད་ཤིན་ཏུ་བརྟན་པར་འགྱུར། །བདག་ཉིད་རྙེད་པ་གྲུབ་བྱའི་ཕྱིར། །རྒྱས་པའི་ལས་ནི་གང་ཅུང་ཟད། །དེ་ཀུན་རྟག་ཏུ་སྔགས་པ་ཡིས། །དཀྱིལ་འཁོར་གྱི་ནི་དབུས་སུ་བྱ། །གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དབུ་རྒྱན་འཆང་བ་ཡི། །རྫོགས་པའི་སངས་རྒྱས་ཏིང་འཛིན་ཞུགས། །དབང་ཆེན་གྱི་ནི་གཞི་ཞེས་བྱ། །རྡོ་རྗེ་པདྨ་རལ་གྲི་དང་། །དེ་བཞིན་དང་པར་བཤད་པ་དང་། །གསེར་དག་དང་ནི་ས་དག་དང་། །ཡང་ན་ཡིད་བཞིན་ནོར་བུའང་རུང་། །དེ་ལ་སོགས་པའི་རྫས་རྣམས་ནི། །དབང་ཆེན་དུ་ནི་བསྒོམས་ཏེ་བསྒྲུབ། །མནན་པ་དག་ཀྱང་བཤད་པར་བྱ། །འདི་ནི་ཁྱོད་ཀྱིས་མཉམ་བཞག་ཉོན། །སྔགས་པས་མདོར་ན་རི་རབ་ནི། ། རྩེ་མོ་བརྒྱད་པ་བསམ་པར་བྱ། །དེ་ཡི་སྟེང་དུ་པདྨ་གཞག །དེ་ཡི་རྗེས་ལ་རྡོ་རྗེའོ། །དེའི་སྟེང་རྣལ་འབྱོར་པ་ཡིས་ནི། །ཡི་གེ་དམ་པ་གཙོ་བོ་སྟེ། །དེ་ཡིས་སྤྱི་བོར་མནན་ན་ནི། །དེ་ནི་མི་གཡོ་གནས་པར་འགྱུར། །སྨན་ལ་ཡང་ནི་ལན་བརྒྱ་རུ། །བཟླས་བརྗོད་བྱས་ཏེ་མིས་འཐུངས་ན། ། སྔོན་གྱི་ལས་ལས་བྱུང་བ་ཡི། །དེ་ཡི་ནད་རྣམས་འབྱང་བར་འགྱུར། །དེ་ནས་གཞན་ཡང་དེས་པ་ཡིས། །བ་ཞེས་བྱ་བ་དམ་པ་ཉོན། །གངས་དང་འོ་མ་དུང་འདྲ་བ། །ལྟེ་བའི་དབུས་ནས་བྱུང་བ་སྟེ། །པདྨ་དཀར་པོ་འདབ་མ་ནི། །དེ་ཡི་དབུས་ན་རབ་ཏུ་གནས། །མགོན་པོ་དམ་པ་རབ་ཏུ་ཞི། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དེ་ཡི་དཀྱིལ་འཁོར་ངོ་མཚར་ཅན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད། །ཀུན་ཏུ་དཀར་པོ་བསམ་པར་བྱ། །ཁྱུད་ཀོར་རིམ་པ་དགུས་ཀྱང་བསྐོར། །གདུང་བ་ཐམས་ཅད་ཞི་བྱེད་པ། །སྨུག་ཟིལ་འདུས་པའི་ནང་ན་གནས། །འོ་


DKG086_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མ་མུ་ཏིག་ཕྲེང་དཀར་དང་། །ཤེལ་དང་ཟླ་བའི་འོད་འདྲ་བའི། །ཆུ་རྒྱུན་རྣམས་ཀྱིས་ཁོར་ཡུག་ཏུ། །ཀུན་ནས་རབ་ཏུ་འབབ་པ་བཞིན། །སྔགས་པས་ཡིད་ལ་བསམས་ན་ནི། །གདུང་བ་ཀུན་ལས་ཐར་བར་འགྱུར། །མཉམ་པར་གཞག་པས་དངོས་འདི་རྣམས། ། དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །མར་སར་འོ་མ་མུ་ཏིག་ཕྲེང་། །དེ་བཞིན་ཁྱུ་མཆོག་ཤེལ་ཀྱང་རུང་། །ཞོ་འམ་ཡང་ན་ཆུ་ཡང་རུང་། །དེ་ལ་སོགས་པའི་རྫས་རྣམས་ནི། །དངོས་གྲུབ་སྣ་ཚོགས་གྲུབ་ཕྱིར་བསྒྲུབ། །ཚེ་ནི་རིང་བར་འགྱུར་བ་དང་། །གཟུགས་ནི་ངོ་མཚར་ཆེར་འགྱུར་དང་། །ནད་རྣམས་ཀུན་ལས་ཐར་བ་དང་། །སྐལ་བ་བཟང་པོ་མཆོག་འགྱུར་དང་། །ཡིད་རྣོ་འཛིན་པར་ནུས་པ་དང་། །ཤེས་རབ་ཤིན་ཏུ་དྲི་མེད་པ། །སྒྲུབ་པའི་རྫས་ནི་འདི་རྣམས་ཀྱིས། །དེ་དག་ཐམས་ཅད་མྱུར་དུ་འགྲུབ། །དཀྱིལ་འཁོར་དཔལ་དང་ལྡན་པ་འདི། །ཞི་བར་བྱེད་པར་བཤད་པ་ཡིན། །ཀླད་ཀྱི་ཀོར་དང་བཅས་བྱས་ན། །སེལ་བར་བྱེད་པའི་མཆོག་ཏུ་འགྱུར། །ར་ཞེས་བྱ་བ་ཡང་དག་མཆོག །འོད་ཅན་རྣམས་ཀྱི་འོད་ཅེས་བྱ། །དེས་ནི་ལས་རྣམས་གང་ཅུང་ཟད། །མཚམས་མེད་ལྔ་ལས་བྱུང་བ་ཡང་། །རྣལ་འབྱོར་ཤིན་ཏུ་མཉམ་གཞག་ནས། ། བསམས་ན་དེ་ཀུན་ཟད་པར་འགྱུར། །ཡིད་འོང་ཐམས་ཅད་རབ་ཏུ་དམར། །གྲུ་གསུམ་པ་ཡི་ཚུལ་དུ་གནས། །ཞི་བ་འབར་བའི་ཕྲེང་བས་འཁྲིགས། །སུམ་མདོའི་རིས་མཚན་སྙིང་གར་གཞག །རྣལ་འབྱོར་པ་ནི་དེར་འདུག་ནས། །ར་ནི་ཀླད་ཀོར་བཅས་པར་བསམ། །མི་འཇིགས་པས་ནི་ཅི་རིགས་པར། །དངོས་པོ་དེ་དག་དེས་སྒྲུབ་བོ། །ཉི་མ་དང་ནི་གཟའ་ཀུན་དང་། །དེ་བཞིན་བསྒྲིམས་ཏེ་མེ་དང་ནི། །དབང་དུ་བྱ་བའི་རྫས་རྣམས་དང་། །ཡང་ན་འཁོན་པར་འགྱུར་བ་དང་། །བསྐམ་པ་དང་ནི་གསད་པ་དང་། །དེ་བཞིན་དགར་དང་གནོད་པ་དག །མེ་དང་ལྷན་ཅིག་འདི་སྦྱར་ན། །དེ་དག་ཐམས་ཅད་བྱེད་པར་འགྱུར། །ཧ་ཞེས་བྱ་བ་དམ་པ་མཆོག །རླུང་ནི་ཐམས་ཅད་ཡང་དག་འབྱུང་། །རྒྱུ་དང་ལས་དང་འབྲས་བུ་དང་། །གང་གིས་ས་བོན་རྣམས་སྐྱེ་བ། །འདི་ནི་ཀླད་ཀོར་བཅས་སྦྱར་ན། །དེ་དག་ཐམས་ཅད་འཇིག་པར་བྱེད། །དེ་ཡི་གཟུགས་


DKG086_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བཤད་པ་ནི། །ཁ་དོག་ནག་ལ་འོད་པོ་ཆེ། །མི་བཟད་འབར་བའི་ཕྲེང་བས་འཁྲིགས། །ཀུན་ཏུ་ཡང་ནི་རྣམ་པར་འཕྲོག །མཁས་པས་སྨིན་མའི་མཚམས་སུ་ནི། །དཀྱིལ་འཁོར་ལ་ནི་གནས་པར་བསམ། །དེ་ནི་མཐིང་ག་ཟླ་གམ་འདྲ། །ཏོག་དང་བཅས་པར་བ་དན་གཡོ། །ཡི་གེ་རབ་ཏུ་མི་འགྱུར་བ། །སྔགས་པས་དེར་གནས་བསམ་པར་བྱ། །དཀྱིལ་འཁོར་དེ་ཡི་དབུས་སུ་ནི། །གང་གིས་མཐོང་བ་ཁོ་ན་ལ། །སེམས་ཅན་རྣམས་ཀྱི་དོན་བྱེད་པའི། །དངོས་པོ་རྣམས་ནི་དེ་ཚེ་བསྒྲུབ། །མཁའ་ལ་འགྲོ་བ་ཉིད་དང་ནི། །ཡང་ན་རྫུ་འཕྲུལ་རྐང་པ་དང་། །ལྷ་ཡི་མིག་དང་རྣ་བ་དང་། །སྔགས་པས་དེ་བཞིན་འཐོབ་པ་དང་། །མི་སྣང་བ་ལ་སོགས་ཀུན་དང་། །དབྱེ་བ་དག་ཀྱང་གང་གསུངས་པ། །སྔགས་པ་མཉམ་པར་གཞག་པ་ཡིས། །དཀྱིལ་འཁོར་གནས་ན་དེ་ཀུན་བྱེད། །འདི་ནི་སྙིང་པོ་བྱང་ཆུབ་འདིར། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །རྒྱུ་ཀུན་དམིགས་སུ་མེད་སྒོ་ནས། །བདུད་ལས་རྣམ་པར་རྒྱལ་བར་བྱེད། །རྒྱུ་མེད་པས་ན་འབྲས་བུའང་མེད། །ལས་ཀྱང་ཡོད་པ་མ་ཡིན་ཏེ། །དངོས་པོ་དེ་གསུམ་མེད་པས་ན། །སྟོང་པའི་ཡེ་ཤེས་ཐོབ་པར་འགྱུར། །རྫོགས་པའི་སངས་རྒྱས་མཐུ་ཆེན་གྱིས། །དེའི་གཟུགས་ཡང་དག་བཤད་པ་ནི། །ཀླད་ཀོར་བཅས་པར་ལྡན་པ་སྟེ། །ཁྃ་ནི་སྟོང་པའི་མཆོག་ཅེས་བྱ། །རལ་གྲི་ཕྱག་རྒྱར་ལྡན་པ་ཡིས། །བསྒྲུབ་པར་བྱ་བ་ངེས་པར་བསྒྲུབ། །རལ་གྲི་ཞགས་པ་འཁོར་ལོ་དང་། །ལྕགས་མདའ་དེ་བཞིན་ཐོ་བ་སྟེ། །རྫས་དེ་རྣམས་དང་ལྡན་ན་ནི། །གོ་འཕང་དམ་པ་སྒྲུབ་པར་བྱེད། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ནམ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་བདག་ཉིད་ཨ་ཞེས་བྱ་བའི་རང་གི་ངོ་བོར་བསྒྱུར་ནས། ཕྱི་དང་ནང་དུ་བཅས་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་གྱུར་ཅིང་། བོང་བ་དང་རྡོ་བ་དང་གསེར་དུ་མཚུངས་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉེས་པ་རྣམས་དང་། སྡིག་པའི་ལས་རྣམ་པར་སྤངས་པ། དེ་ཚེ་དེ་ནི་


DKG086_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དག་འགྱུར་བ། །ཐུབ་པ་རྫོགས་པའི་སངས་རྒྱས་བཞིན། །དེས་ནི་ལས་རྣམས་ཐམས་ཅད་ནུས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་ནས་གཞན་སྔགས་རྣལ་འབྱོར་ལ། །གཞོལ་ཞིང་ཆོ་ག་ཤེས་པ་ཡིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བ་ཞེས་བྱ་བའི་ལས་བྱའོ། །སྙིང་རྗེ་ལས་བྱུང་སེམས་ཀྱིས་ནི། །འཇིག་རྟེན་སྡུག་བསྔལ་ལ་དམིགས་ནས། །མགོན་པོ་དེ་ཡིས་བདག་ཉིད་ཀྱི། །ལུས་ནི་ཐམས་ཅད་ཉིད་དུ་ཡང་། །གངས་དང་བ་ཡི་འོ་མ་ལྟར། །དཀར་བའི་རྒྱུན་གྱིས་ཡོངས་སུ་དགང་། །དེ་ཚེ་ངེས་པ་བསྐྱེད་ནས་སུ། །ཡན་ལག་རྣམས་ནི་ཐམས་ཅད་ཀྱི། །བ་སྤུའི་བུ་ག་ཀུན་ནས་ཀྱང་། །ཤིན་ཏུ་དྲི་མེད་ཆུ་རྒྱུན་དབྱུང་། །ཆུ་ཡིས་ས་ནི་མ་ལུས་པ། །འདི་དག་ཡོངས་སུ་དགང་བར་བྱ། །གང་གིས་ཆུ་འདི་འཐུངས་པའམ། །ལག་པས་ཀྱང་ནི་རེག་ཀྱང་རུང་། །དེ་ཀུན་ངེས་པར་བྱང་ཆུབ་ཏུ། །འགྱུར་ཏེ་འདི་ལ་དོགས་པ་མེད། །ཡན་ལག་ཀུན་ཏུ་ར་ཞེས་པ། །འབར་བའི་ཕྲེང་བ་ཞི་བས་འཁྲིགས། །ཀུན་ཏུ་རྣམ་པར་འཕྲོ་བ་ནི། །ཤིན་ཏུ་མཉམ་པར་བཞག་པས་བསམ། །དེ་ཚེ་རྣལ་འབྱོར་པ་ཡིས་ཕྱིར། །འབར་བ་ཀུན་ཏུ་སྣང་བྱེད་པ། །བཏང་ན་ར་ཡིས་རྣམ་སྤྲུལ་པས། །སྔགས་པ་འདོད་པ་བཞིན་དུ་བྱེད། །ར་ཞེས་བྱ་བ་རོ་སྟོད་དུ། །བ་ཞེས་བྱ་བ་ལྟེ་བ་ཁུང་། །འབར་བ་དང་ནི་ཆུ་འབབ་པ། །དེ་ཚེ་ཅིག་ཆར་སྟོན་པར་འགྱུར། །དམྱལ་བ་གྲང་བའི་སྡུག་བསྔལ་རྣམས། །རས་ནི་ཤིན་ཏུ་ཞི་བར་བྱེད། །སྔགས་པ་སྔགས་ཀྱི་ཚུལ་གནས་པས། །བས་ཀྱང་ཚ་ལ་སོགས་པ་ཞི། །ཧ་ཞེས་བྱ་བ་བ་དན་བཅས། །ར་ཞེས་བྱ་བའི་འོག་ཏུ་གཞག །སྡིག་དང་ལྡན་པའི་མི་རྣམས་ཀྱང་། །དེ་ཡིས་ལས་རྣམས་མྱུར་དུ་བསྒྲུབ། །སྔགས་པ་དབང་ཆེན་ལ་འདུག་ནས། །ཆུ་ཡི་ལས་ནི་བརྩམ་པར་བྱ། །སེལ་བ་ལ་སོགས་ཐམས་ཅད་ཀྱང་། །བྱེད་འགྱུར་འདི་ལ་ཐེ་ཙོམ་མེད། ། རླུང་ནི་ཀུན་ཏུ་འགྲོ་བར་གསུངས། །ཐམས་ཅད་འཇིག་པར་བྱེད་པའང་དེ། །རྣམ་པ་སྣ་ཚོགས་ཐ་དད་པའི། །ལས་རྣམས་དབྱེ་བ་ལས་བྱུང་བ། །གཟུགས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །ཆོ་ག་འདི་ཡིས་རབ་ཏུ་བྱ། །ཡིད་ཡོངས་སུ་སྦྱོང་ཞིང་བཟླས་བརྗོད་བྱས་ན་ཡིད་རྣམ་པར་དག་པར་འགྱུར་


DKG086_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ལུས་ཡང་བར་གོམས་པར་བྱེད་ཅིང་འཆག་བཞིན་དུ་བཟླས་བརྗོད་བྱས་ན་རྫུ་འཕྲུལ་ཀྱི་རྐང་པ་འཐོབ་པར་འགྱུར་རོ། །ཙོག་པུར་འདུག་ལ་ཨ་ཞེས་བྱ་བ་རྣམ་པར་བཞག་སྟེ། ཟླ་བ་གཅིག་ཏུ་བཟླས་བརྗོད་བྱས་ན་ལྷའི་རྣ་བ་འཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ་དངོས་གྲུབ་ཀྱི་གོ་འཕང་དེ་ལྟ་བུ་ལ་སོགས་པ་དག་ནི་ཡིད་ལས་བྱུང་བ་ཡིན་ནོ། །གསང་བ་པའི་བདག་པོ་རྣམ་པར་བསམས་པ་ཙམ་ཁོ་ནས་དངོས་པོ་གཟུགས་ཅན་མ་ཡིན་པ་རྣམས་ཀྱི་འདུ་བྱེད་རྣམ་པ་ཐ་དད་པ་སྣ་ཚོགས་རྣམས་ལས་ཐམས་ཅད་ཀྱི་ས་བོན་གྱི་བྱ་བ་ཚིག་ཏུ་བརྗོད་པ་ཙམ་ལས་འབྱུང་བ་ལ་ལྟོས། གསང་བ་པའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་མཐུན་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མཐུན་པ་སེམས་ཅན་ཡང་དག་པར་མགུ་བར་མཛད་པ་སྟེ། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དང་གསང་སྔགས་སྤྱད་པ་སྤྱོད་པ་རྣམས་ཀྱི་མདུན་ན་གཟུགས་བརྙན་ལྟ་བུར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་ནི་རྣམ་པར་མི་རྟོག་ཅིང་ཡིད་ཀྱི་ཡུལ་ལས་ཡང་དག་པར་འདས་པ། དུས་དང་ཡུལ་དང་བྱ་བ་དང་ལས་དང་ཆོས་དང་ཆོས་མ་ཡིན་པ་རྣམས་སྤངས་ཀྱང་། གསང་སྔགས་སྤྱོད་པ་ལས་བྱུང་བའི། །ཐམས་ཅད་མཁྱེན་པའི་གོ་འཕང་སྩོལ། །དེ་བས་ཀུན་མཁྱེན་དངོས་གྲུབ་དང་། །གོ་འཕང་མཆོག་ཀྱང་བསྒྲུབ་པར་བྱ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །ངོ་མཚར་གྱུར་ནས་མིག་བགྲད་དེ། །དེ་ཚེ་རྡོ་རྗེ་འོད་ཟེར་ནི། །མེ་སྟག་འཕྲོ་བ་འདྲར་གསོར་ཞིང་། །སངས་རྒྱས་ཞིང་ནི་འདི་ཐམས་ཅད། །ཀུན་ཏུ་སྣང་བར་བྱས་ནས་སུ། །ཆོས་ཀུན་དབང་ཕྱུག་ཐུབ་པ་ལ། །ཚིག་སྙན་འདི་སྐད་ཅེས་གསོལ་ཏོ། །སྔགས་ཀྱི་འཇུག་པ་བཤད་ལགས་ན། །འཇུག་པ་དེ་ཡང་མ་རྟོགས་ན། །གསང་སྔགས་གང་ནས་འོང་བ་དང་། །གང་དུ་འགྲོ་བ་གཙོ་ཁྱོད་ཀྱིས། །དེ་ཀུན་བདག་ལ་བཤད་དུ་གསོལ། །གོ་འཕང་དམ་པ་ཁྱོད་ལས་མེད། །ཁྱོད་ནི་ཅི་ལྟར་ཆུ་རྣམས་ཀྱི། །རྒྱ་མཚོ་བཞིན་དུ་ཆོས་ཀུན་གནས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། སེམས་དཔའ་ཆེན་པོ་དཀྱིལ་འཁོར་གྱི། །གནས་ནི་ཡིད་


DKG086_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཤད་པ་ཡིན། །སྙིང་ནི་གསང་སྔགས་གནས་ཡིན་པར། །ཤེས་ན་འབྲས་བུ་ཐོབ་པར་འགྱུར། །དཀར་པོ་སེར་པོ་དམར་པོ་གང་། །ཡིད་ཀྱིས་སེམས་པར་བྱེད་པ་སྟེ། །དེ་ལ་ཡོངས་སུ་གཅོད་པ་གང་། །དེ་ནི་སེམས་ཀྱི་བྱེད་པ་ཡིན། །སེམས་ནི་མགུ་ནས་ངེས་གྱུར་པ། །དེ་ནི་སྙིང་ཞེས་བཤད་པ་ཡིན། །དེར་གནས་པ་ཡི་གསང་སྔགས་རྣམས། །འབྲས་བུ་རྒྱ་ཆེར་སྟེར་བར་འགྱུར། །དེ་རུ་པདྨ་བསམ་པ་ནི། །འདབ་མ་བརྒྱད་པ་ཟེ་བར་བཅས། །ཨ་ཞེས་བྱ་བ་འབར་ཕྲེང་འཁྲིགས། །བཟང་པོ་དེ་རུ་གནས་པ་ནི། །ཞི་བ་ཀུན་ཏུ་རྣམ་པར་གཡོ། །གཙོ་བོ་སྣ་ཚོགས་གཟུགས་མངའ་བ། །གློག་སྟོང་དག་ནི་འཁྱུག་པ་བཞིན། །སྣང་བ་ཀུན་ཏུ་སྟོན་པ་ནི། །མེ་ལོང་ཕུག་ན་གནས་པ་བཞིན། །ཆུ་ཡི་ཟླ་བའི་རྣམ་པ་བཞིན། །ཐམས་ཅད་ན་ཡང་མདུན་ན་གནས། །སྔགས་པ་གསང་སྔགས་གནས་འདུག་པས། །ཡིད་ནི་དེ་ལྟར་ཤེས་ནས་སུ། །དེ་ནས་སྔགས་པས་སྟོང་དུ་ཡང་། །ཀླད་པའི་རྒྱས་ཀྱི་དབུས་སུ་ནི། །ཀླད་ཀོར་བཅས་པའི་མཚན་མ་ཅན། །ཨ་ཞེས་བྱ་བ་དེར་བསམས་ཏེ། །ཤེལ་དང་ཟླ་བ་གངས་འདྲ་བ། །དྲི་མེད་དག་པ་མཐོང་བ་ནི། །ཞི་བ་ཆོས་ཀྱི་རང་བཞིན་སྐུ། །ཐམས་ཅད་ཀྱི་ནི་གཞི་ཞེས་བྱ། །དེ་ལས་གསང་སྔགས་དངོས་གྲུབ་ནི། །སྣ་ཚོགས་གཟུགས་ཅན་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་གནས་མཐོང་ན། །མཐོ་རིས་དང་ནི་བྱང་གྲོལ་འཐོབ། །ར་ཞེས་བྱ་བ་མར་མེ་བཞིན། །འབར་བ་མིག་ཏུ་བཞག་ནས་སུ། །མགྲིན་པ་ཅུང་ཟད་དགུ་པོར་བྱས། །ལྕེ་ཡང་དཀན་ལ་སྦྱར་ནས་ནི། །སྙིང་གའི་དབུས་སུ་རྣམ་བལྟ་ཞིང་། །མཉམ་པར་བཞག་སྟེ་ཡིད་ལ་བལྟ། །དྲི་མེད་ཤིན་ཏུ་རྣམ་དག་པ། །རྟག་ཏུ་མེ་ལོང་བཞིན་དུ་གནས། །དེ་ཉིད་ཡིད་ཀྱི་ཡང་དག་པར། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་གསུངས། །ཡིད་ཀྱིས་སྣང་བྱས་ལམ་ལ་ནི། །རྣམ་པར་ཤེས་པ་སྣང་བར་འགྱུར། །དེ་ནས་སྔགས་པས་རྫོགས་སངས་རྒྱས། །རྐང་གཉིས་གཙོ་བོ་མཐོང་བར་འགྱུར། །དེ་མཐོང་སྔགས་པས་དངོས་གྲུབ་ནི། །རབ་ཏུ་རྟག་པར་ཐོབ་པར་འགྱུར། །དེ་ནས་གོང་དུ་བསྒྱུར་ནས་སུ། །ཡི་གེ་ཡོངས་སུ་བསམ་པ་ནི། །ལ་ཞེས་བྱ་བ་ཀླད་ཀོར་


DKG086_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །མིག་གི་གནས་སུ་བསམ་པར་བྱ། །འདི་ཀུན་སྟོང་པར་མཐོང་ན་ནི། །གོ་འཕང་མི་ཉམས་ཐོབ་པར་འགྱུར། །ཡེ་ཤེས་རླབས་པོ་ཆེ་འམ་ནི། །ཡང་ན་མངོན་ཤེས་ལྔ་པོ་དང་། །རིག་སྔགས་འཆང་འགྱུར་དངོས་གྲུབ་དང་། །ཚེ་རིང་གཞོན་ནུར་འགྱུར་བ་གང་། །གལ་ཏེ་ཐོབ་པར་འདོད་ན་ནི། །ཅི་སྲིད་འདི་ནི་མ་བསྙེན་པར། །དེ་སྲིད་ཐོབ་པར་མི་འགྱུར་རོ། །གསང་སྔགས་ཡེ་ཤེས་ལས་བྱུང་བ། །འདི་ནི་དེ་ཉིད་ཡེ་ཤེས་མཆོག །བྱང་ཆུབ་སེམས་དཔའ་སྐྱོབ་པ་དང་། །སངས་རྒྱས་ཀུན་གྱི་ནོར་གྱི་དབྱིག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་དེས་པ་དག་དང་ནི་། །སངས་རྒྱས་ཡེ་ཤེས་མཆོག་གྱུར་པ། །ཡེ་ཤེས་དཔེ་མེད་ཐོབ་ནས་སུ། །དེ་ཡིས་ས་སྟེང་ཐམས་ཅད་ན། །གནས་ཤིང་དེ་ལ་གཏམ་ཡང་ཟེར། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དངོས་གྲུབ་བསྒྲུབ་པའི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་གཟུགས་གང་གིས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལྷའི་གཟུགས་ལ་དམིགས་ནས་བདག་ཉིད་རང་གི་ལྷའི་གཟུགས་སུ་བསྒྱུར་བས་ཐེ་ཙོམ་མ་མཆིས་པར་དངོས་གྲུབ་ཐོབ་པར་འགྱུར་བའི་ལྷའི་གཟུགས་བྱིན་གྱིས་རློབ་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་གང་ཁྱོད་ང་ལ་དོན་འདི་ཡོངས་སུ་འདྲི་བ་ནི་ལེགས་སོ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་ལ་ལྷའི་གཟུགས་ནི་རྣམ་པ་གསུམ་སྟེ། ཡི་གེ་དང་ཕྱག་རྒྱ་དང་གཟུགས་སོ། །


DKG086_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡི་གེ་ལ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་བྱང་ཆུབ་ཀྱི་སེམས་སོ། །ཕྱག་རྒྱའི་གཟུགས་ལ་ཡང་རྣམ་པ་གཉིས་ཏེ། གཟུགས་དང་བཅས་པ་དང་གཟུགས་དང་བཅས་པ་མ་ཡིན་པའོ། །གསང་བ་པའི་བདག་པོ་ལྷའི་གཟུགས་ཀྱང་རྣམ་པ་གཉིས་ཏེ། ཡོངས་སུ་དག་པ་དང་ཡོངས་སུ་མ་དག་པའོ། །དེ་ལ་ཡོངས་སུ་དག་པ་ནི་མི་རྟོག་པའི་ངོ་བོ་སྟེ།མཚན་མ་ཐམས་ཅད་དང་བྲལ་བའོ། །ཡོངས་སུ་མ་དག་པ་ནི་མཚན་མ་དང་བཅས་པའི་གཟུགས་ཏེ། ཁ་དོག་དང་དབྱིབས་སོ། །དེ་ལ་ལྷའི་གཟུགས་རྣམ་པ་གཉིས་ཀྱིས་དགོས་པ་རྣམ་པ་གཉིས་འགྲུབ་པར་འགྱུར་ཏེ། མཚན་མ་དང་བཅས་པས་ནི་མཚན་མ་དང་བཅས་པའོ། །མཚན་མ་མེད་པས་ནི་མཚན་མ་དང་བཅས་པའི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་རོ། །མཚན་མར་བཅས་པས་མཚན་བཅས་ཀྱི། །དངོས་གྲུབ་རྒྱལ་བ་དམ་པ་བཞེད། །མཚན་མ་མེད་ལ་གནས་པས་ནི། །མཚན་མ་ཅན་ཡང་བསྒྲུབ་ཏུ་རུང་། །དེ་བས་རྣམ་པ་ཐམས་ཅད་དུ། །མཚན་མ་མེད་པ་བསྟེན་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ལྷའི་ཏིང་ངེ་འཛིན་གཏན་ལ་དབབ་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ། མཚན་མ་མེད་པའི་ཏིང་ངེ་འཛིན་བསྒྲུབ་པར་འདོད་པས་འདི་ལྟར་བསམ་པར་བྱའོ། །མཚན་མ་རྣམས་གང་ནས་བྱུང་། ཅི་བདག་གི་ལུས་སམ། བདག་གི་སེམས་སམ་བདག་གི་ཡིད་ལས་བྱུང་། དེ་ལ་ལུས་ནི་ལས་ལས་སྐྱེས་པ་སྟེ། རྩྭ་དང་ཤིང་དང་བོང་བ་ལྟ་བུ་ངོ་བོ་ཉིད་ཀྱིས་བྱ་བ་མེད་པ། བླུན་པའམ་ཕྱི་རོལ་གྱི་རྣམ་པ་ལྟ་བུ་ལ་བཟོས་བྱས་པའི་གཟུགས་ལྟ་བུར་བརྟག་པར་བྱའོ། །ཅི་ལྟར་བཟོས་བྱས་པའི་གཟུགས་དེ་ལ་མི་ཞིག་གིས་ཁྲོས་ཏེ། མེའམ། དུག་གམ། མཚོན་ཏམ། ཆུའམ། རྡོ་རྗེས་བཤིག་གམ། བསྲེགས་སམ། བཅད་ཀྱང་མི་དགའ་བ་ཅུང་ཟད་ཀྱང་མེད་ལ། བཟའ་བའམ།


DKG086_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བའམ། བཀྲུ་བའམ། བྱུག་པའམ། སྤོས་སམ། ཕྲེང་བའམ། གོས་སམ། ཙནྡན་ནམ། ག་བུར་ལ་སོགས་པ་ལྷ་དང་མིའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་མཆོད་ཀྱང་མི་དེ་ལ་དགའ་བར་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་ངོ་བོ་ཉིད་ཀྱིས་སྟོང་པའི་གཟུགས་དེ་ལ་རང་གི་ང་རྒྱལ་ཀུན་ནས་བླང་བའི་ཕྱིན་ཅི་ལོག་གིས་ཡང་དག་པ་མ་ཡིན་པའི་རྟོག་པ་ལས་བྱུང་བའི་མཆོད་པའམ། གནོད་པར་བྱེད་པའི་མི་གང་ཡིན་པ་དེ་ནི་བྱིས་པའི་རང་བཞིན་ཅན་ཡིན་ནོ། །གསང་བ་པའི་བདག་པོ་དེ་ལྟར་ལུས་ལ་ལུས་ཀྱི་རྗེས་སུ་སོང་བའི་དྲན་པ་ངོ་བོ་ཉིད་ཀྱིས་སྟོང་པ་བསྒོམ་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་སེམས་ནི་ངོ་བོ་ཉིད་མེད་པ། མཚན་མ་ཐམས་ཅད་དང་བྲལ་བ། ངོ་བོ་ཉིད་ཀྱིས་སྟོང་པར་བསམ་པར་བྱའོ། །གསང་བ་པའི་བདག་པོ་སེམས་ལ་ནི་དུས་གསུམ་མེད་དོ། །དུས་གསུམ་དང་བྲལ་བ་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱིས་མཚན་མ་དང་བྲལ་བའོ་སྙམ་དུ་བསམ་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཡིད་མཚན་མ་དང་བཅས་པར་རྟོག་སྟེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཚིག་བླ་དགས་སོ། །ཡང་དག་པ་མ་ཡིན་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ་ཞེས་བྱ་བར་ནི་རབ་ཏུ་མི་ཤེས་སོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་དེ་ལྟར་བསམས་ན་མཚན་མ་མེད་པའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །གསང་བ་པའི་བདག་པོ་ནམ་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་པ་དེའི་ཚེ། དེ་ལ་དེ་བཞིན་གཤེགས་པས་གསུངས་པའི་གསང་སྔགས་རྣམས་མངོན་དུ་ཕྱོགས་ཤིང་གཞོལ་བར་འགྱུར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། མཚན་མ་མེད་པའི་ཏིང་ངེ་འཛིན་རིམ་པར་ཕྱེ་བའོ།། །།གསང་བ་པའི་བདག་པོ་གཞན་ཡང་བཟླས་བརྗོད་གསང་བ་བཤད་པར་བྱའོ། །གཅིག་པུས་གཅིག་གམ་གཅིག་གིས་གཅིག །ཡིད་ཀྱིས་བཟླས་བརྗོད་བྱ་བའམ། ཡང་ན་ཤུབ་བུ་རྣམ་གཉིས་པ། །རྣལ་


DKG086_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མཆོག་གིས་བརྟག་པར་བྱ། །སྔགས་པ་ཡན་ལག་ཉམས་སྦྱར་བར། །བཟླས་བརྗོད་གཞན་དུ་མི་བྱའོ། །ཕྱི་དང་ནང་གི་སྦྱོར་བ་ཡིས། །ཡན་ལག་བཞི་པ་ངས་བཤད་པ། །དེ་ཡང་འཇིག་རྟེན་པ་ཡི་སྟེ། །དམིགས་པ་ཅན་ནི་བླ་མེད་པའོ། །སླར་སྡུད་པ་ཡི་ཚིག་གིས་ནོན། །ལྷ་ཡི་རྗེས་སུ་སོང་བའི་ཡིད། །བཤུབས་ཏེ་བཟླས་བརྗོད་བྱེད་པའི་མཆོག །དམིགས་པ་ཅན་ལ་བསྟན་པ་ཡིན། །ཡིད་ཀྱི་འཇིག་རྟེན་འདས་ཤེས་བྱ། །སླར་སྡུད་ལ་སོགས་རྣམ་པར་སྤངས། །ལྷ་དང་གཅིག་ཏུ་བྱེད་པ་དང་། །ཐ་དད་མ་ཡིན་འཛིན་པ་ཡི། །ཡིད་ཀྱིས་རང་བཞིན་དབྱེར་མེད་བྱ། །གཞན་དུ་བྱ་བ་མ་ཡིན་ནོ། །གསང་སྔགས་གྲངས་ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བཤད་པ་དག །ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་ནི་བསྟན་པ་སྟེ། །གཞན་དུ་བྱ་བ་མ་ཡིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས། བྱམས་པ་དང་སྙིང་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཟིགས་ཏེ། བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་ཡན་ལག་ཐམས་ཅད་ནས་དུས་གསུམ་དུ་མ་ཆགས་པའི་སྟོབས་ཅན་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་འབྱུང་ངོ་། །ཏདྱ་ཐཱ། ག་ག་ན་ས་མེ། ཨ་པྲ་ཏི་ས་མེ། སརྦ་ཏ་ཐཱ་ག་ཏ་ས་མ་ཏཱ་ནུ་ག་ག་ཏེ། ག་ག་ན་བ་ར་ལཀྵ་ཎེ་སྭཱ་ཧཱ། རིགས་ཀྱི་བུ་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གཉིས་སུ་མེད་པའི་སྤྱོད་ཡུལ་ཅན་ཏེ། འདི་ཡིས་བྱིན་བརླབས་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །གང་དུ་སྡུག་བསྔལ་འགག་འགྱུར་བའི། །ཆོས་ཉིད་ཆགས་མེད་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་


DKG086_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དགོངས་ནས། བདག་ཉིད་དང་ཕྱག་ན་རྡོ་རྗེ་གཉི་ག་གཟོད་མ་ནས་མ་སྐྱེས་པ་ཉིད་དུ་བྱིན་གྱིས་བརླབས་ཏེ། ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པས་སོ་སོར་ཉེ་བར་གནས་པའི་ཡི་གེ་འཁོར་ལོ་བསྐོར་བ་ཞེས་བྱ་བའི་དཀྱིལ་འཁོར་སྤྱད་པ་རིམ་པར་ཕྱེ་བ་རྒྱས་པར་ཉོན་ཅིག །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་ཕྱག་འཚལ་ཏེ། རྡོ་རྗེའི་པདྨའི་སྟན་དེ་ལས་རྡོ་རྗེ་དབབ་པའི་ཚུལ་དུ་བབས་ནས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། ཕྱག་འཚལ་བྱང་ཆུབ་སེམས་ཁྱོད་ལ། །ཕྱག་འཚལ་བྱང་ཆུབ་འབྱུང་ཁྱོད་ལ། །སྤྱོད་གཟུགས་ཁྱོད་དང་ས་དང་ནི། །ཕ་རོལ་ཕྱིན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ཐོག་མར་བྱེད་ཁྱོད་ལ། །སྟོང་པ་ཉིད་ལ་འདུད་ཕྱག་འཚལ། །བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་དེ་སྐད་དུ་མངོན་པར་བསྟོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྗེ་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། གང་དག་དང་ལྡན་ན་བདག་ཅག་རྣམས་སེམས་ཅན་གྱི་དོན་བགྱིད་པར་འགྱུར་བ་དང་། གསང་སྔགས་སྤྱད་པ་ཅི་སྐད་གསུངས་པ་བཞིན་ཡོངས་སུ་རྫོགས་པར་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ང་ནི་འཇིག་རྟེན་དང་པོ་ཡི། །འཇིག་རྟེན་མགོན་ཞེས་བསྒྲགས་པ་ཡིན། །བླ་མེད་གཟོད་ནས་ཞི་བ་ནི། །མཉམ་པ་མེད་པའི་ཆོས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། བྱིན་གྱི་རླབས་གང་གིས་བྱིན་དུ་བརླབས་ན་བྱང་ཆུབ་སེམས་དཔའ་དེ་རྣམས་དང་། རྡོ་རྗེ་འཛིན་དེ་རྣམས་ཀྱིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པ་ལ་བཞུགས་པ་ནམ་མཁའ་བཞིན་དུ་སྤྲོས་པ་མེད་པ། སྤྱོད་པ་ལ་གཉིས་སུ་མེད་པའི་རྣལ་འབྱོར་གྱི་


DKG086_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ལས་ཀྱི་རྣམ་པར་སྨིན་པ་བཞིན་དུ་མཐོང་བར་འགྱུར་བ་དེ་ལྟ་བུའི་བྱིན་གྱིས་བརླབ་པ་མཛད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་ཡན་ལག་དང་། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་ནས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་དང་། བསམ་པ་དང་བསམ་གཏན་དུ་བྱ་བ་དང་། དངོས་གྲུབ་བསྒྲུབ་པར་མངོན་པར་བརྩོན་པ་ཐམས་ཅད་ཀྱི་སྲོག་དང་འདྲ་བ། ཡི་གེ་ཐམས་ཅད་ཀྱི་འཚོ་བར་གྱུར་པ། སྲོག་ཏུ་གྱུར་པ། སྐྱབས་སུ་གྱུར་པ། དཔུང་གཉེན་དུ་གྱུར་པ་འདི་བྱུང་ངོ་། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ། རིགས་ཀྱི་བུ་དག་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་སངས་རྒྱས་ཀྱི་མཛད་པ་སོ་སོར་ཉེ་བར་གནས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་ཨ་ཞེས་བྱ་བའི་སྒོ་ནས་འཇུག་གོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་བཞིན་གཤེགས་པ་རྣམས་མཐོང་བར་འདོད་པ་དང་། མཆོད་པར་འདོད་ལ་བྱང་ཆུབ་ཀྱི་སེམས་མངོན་སུམ་བྱ་བར་འདོད་པ། བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པར་འདོད་པ། སེམས་ཅན་རྣམས་ཀྱི་དོན་བྱ་བར་འདོད་པ། དངོས་གྲུབ་མངོན་པར་འདོད་པ། རྣམ་པ་ཐམས་ཅད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འདོད་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་འདི་ལ་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་གྱི་རྒྱལ་པོ་འདིའི་ཆོ་ག་དགོད་པ་དང་། ལྷའི་གནས་གཏན་ལ་དབབ་པ་དང་། ཏིང་ངེ་འཛིན་རྣམ་པར་སྤྲུལ་པ་དང་། གསང་སྔགས་སྤྱད་པ་དང་། བསམ་པར་བྱ་བ་གསུངས་པ་དེ་ལ་སློབ་དཔོན་གྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོ་ཨ་ཞེས་བྱ་བ་ལ་གནས་ཏེ་སྲད་བུ་བླངས་ལ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ནས་སྲད་བུ་ཤར་ཕྱོགས་ལོགས་སུ་བྲེས་ཏེ་གཡས་སུ་བསྐོར་ལ། བྱང་ཕྱོགས་སུ་ཁ་བལྟས་ནས་སྲད་བུ་བྲེས་ཏེ། ནུབ་ཕྱོགས་སུ་ཁ་


DKG086_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ལ་བསྒྱུར་ཏེ་ཐིག་གདབ་བོ། །དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་ལག་ན་རྡོ་རྗེར་དེའི་ཕྱག་རྒྱའམ། ཡི་གེ་བ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། ནང་དུ་ཞུགས་ལ་སྙིང་པོའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གཉིས་པ་ལ་ཡང་འདི་ལྟར་བདག་ཉིད་གཟོད་མ་ནས་ཞི་བ། གཉིས་སུ་མེད་པའི་རྣལ་འབྱོར་གྱི་གཟུགས། དེ་བཞིན་གཤེགས་པའི་གཟུགས་སྙིང་པོ་ཉིད་ཀྱི་རང་གི་ངོ་བོར་བྱིན་གྱིས་བརླབས་ལ། དེ་ནས་དེ་བཞིན་གཤེགས་པའི་གནས་པ་མངོན་དུ་བྱེད་ཅིང་སྲད་བུ་བྲེས་ལ། ཕྱི་རོལ་གྱི་དཀྱིལ་འཁོར་དེ་ལས་སུམ་གཉིས་ལྷའི་གནས་སུ་བཞག་སྟེ། སུམ་ཆ་འཁོར་སར་བྱའོ། །དཀྱིལ་འཁོར་ལྷག་མ་གཉིས་ཀྱང་དེ་བཞིན་དུ་རྣམ་པར་ཕྱེ་ལ་ལྷའི་གནས་བཤམ་པར་བྱའོ། །དེ་ནས་ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་དེའི་ཕྱག་རྒྱས་བྱིན་གྱིས་བརླབས་ལ། ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། ཐོག་མར་ཚོན་རྩི་དཀར་པོ་བླངས་ལ་འདི་ལྟར་བྱིན་གྱིས་བརླབ་པར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་རྣམ་སྦྱོང་བ། །འདི་ནི་བདག་ཉིད་དེ་བཞིན་གཤེགས། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །དེ་ལྟར་བློ་ཅན་གྱིས་བསམས་ན། །དེར་ནི་ར་ཞེས་བྱ་བ་ཡང་། །ཞི་བ་འབར་བའི་ཕྲེང་ཅན་མདོག །དུང་ཟླ་ཀུནྡ་འདྲ་བ་བསམ། །དེ་ནས་ཚོན་རྩི་གཉིས་པ་ནི། །དམར་པོ་བླངས་ནས་ནན་ཏན་དུ། །ཡི་གེ་ཨ་ཞེས་བྱ་བ་ནི། །འབར་བ་ཀླད་ཀོར་བཅས་པར་བསམ། །རྒྱལ་བ་ཐུབ་དཀའ་དམ་པ་སྟེ། །ཉི་མ་དང་པོར་འཆར་བ་བཞིན། ། དེ་ནས་སྔགས་པས་ཚོན་གསུམ་པ། །ཁ་དོག་སེར་པོ་བླང་བར་བྱ། །མཁས་པས་དེ་ནས་ག་ཞེས་པ། །དེ་ཚེ་ཆོ་ག་བཞིན་དུ་བསམ། །དེ་བཞིན་གསེར་འོད་ཐུབ་པ་ནི། །གསེར་གྱི་ཁ་དོག་འབར་དང་བཅས། །ཏིང་འཛིན་གནས་ཤིང་སྡིག་བཅོམ་པ། །ཀུན་ཏུ་རྣམ་པར་སྣང་བ་ཡིན། །དེ་ནས་མར་གད་འདྲ་བ་ཡི། །ཚོན་རྩི་འཁོར་བ་ལས་སྒྲོལ་བ། །བ་ཞེས་བྱ་བ་དེ་རུ་གཞག །བྱང་ཆུབ་སྙིང་པོའི་ཐུབ་ཆེན་ཏེ། །དཔའ་བོ་ཁ་དོག་ལྗང་འདྲ་བ། །ཀུན་ཏུ་འཇིགས་པ་མེད་པར་བྱེད། །དེ་ནས་ཚོན་རྩི་ནག་པོ་དེ། །མཁས་པ་ཡིས་ནི་བླངས་ནས་


DKG086_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

སུ། །དེར་ནི་ཧ་ཞེས་བྱ་བ་བསམ། །འབར་བའི་ཕྲེང་བ་རྣམ་པར་འཕྲོ། །དུས་མཐའི་མེ་ལྟར་མི་བཟད་པ། །ལག་ན་རྡོ་རྗེ་རྩེ་བྲན་རྒྱན། །བདུད་སྡེ་སྡང་བ་ཐམས་ཅད་ལ། །རྣམ་པ་ཀུན་ཏུ་སྡིགས་པར་བྱེད། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་ཚེ་ཏིང་ངེ་འཛིན་དེ་ལས་བཞེངས་ནས་མཐའ་ཡས་རྣམ་པར་རྒྱལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་ལས་བྱུང་བ་འདི་ཕྱུང་ངོ་། །ན་མཿསརྦྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦྦ་མུ་ཁེ་བྷྱཿ། ཨ་ས་མེ་བ་ར་མེ། ཨ་ཙ་ལེ། ག་ག་ནེ། སྨ་ར་ཎེ། སརྦ་ཏྲཱ་ནུ་ག་ཏེ་སྭཱ་ཧཱ། དེ་ནས་ཚོན་གྱི་ཆོ་ག་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་སམ། ཕྱག་བྱས་ཏེ། རིག་སྔགས་ཀྱི་རྒྱལ་མོ་འདི་ལན་བརྒྱད་དུ་བཟླས་བརྗོད་བྱའོ། །དེ་ནས་ལངས་ཏེ་དཀྱིལ་འཁོར་བསྐོར་ལ་ནང་དུ་ཞུགས་ནས། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོའི་སྟོབས་ཀྱིས་སྒྲུབ་པ་པོ་ལ་དམིགས་ཏེ། བདག་ཉིད་བ་ཞེས་བྱ་བས་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། རྡོ་རྗེ་དམ་པ་སྦྱིན་པ་དང་ལྷན་ཅིག་ཏུ་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་ནང་གི་དཀྱིལ་འཁོར་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་པདྨ་དཀར་པོ་ལ་བཞུགས་པ། དབུ་ཐོར་ཚུགས་དང་དབུ་རྒྱན་ཅན། དར་རམ་རས་ཀྱི་སྨད་གཡོགས་དང་། དར་ལའི་སྟོད་གཡོགས་མནབས་པ། གསེར་གྱི་ཁ་དོག་ལྟ་བུ་འབར་བའི་ཕྲེང་བས་འཁྲིགས་པ། ཕྱག་རྒྱའམ་གཟུགས་སམ་ཡི་གེའི་འབྲུར་བྲིའོ། །ཨ། ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུའི་ངོ་བོ་ཨ་ཞེས་བྱ་བ་ཀླད་ཀོར་དང་བཅས་པའོ། །ཨྃ། དབང་ལྡན་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་བཅོམ་ལྡན་འདས་མ་ནམ་མཁའི་སྤྱན་བྲིའོ། །ཡང་ན་ཡི་གེ་ག་ཞེས་བྱ་བ་བྲིའོ། །ག །མེའི་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུའམ་ཡི་གེ་ཀ་ཞེས་བྱ་བ་བྲིའོ།།


DKG086_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །བྱང་ཕྱོགས་སུ་ལག་ན་པདྨ་འཁོར་བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་དག་དང་ལྷན་ཅིག་ཏུ་པདྨའི་ཕྱག་རྒྱའམ། ཡི་གེ་ས་ཞེས་བྱ་བ་བྲིའོ། །ས། ལྷོ་ཕྱོགས་སུ་ཆ་གསུམ་བོར་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་འཁོར་དང་བཅས་པ་རྡོ་རྗེའི་ཕྱག་རྒྱའམ་ཡི་གེ་བ་ཞེས་བྱ་བ་བྲིའོ། །བ། དེའི་ཆ་གསུམ་བོར་ལ་རྡོ་རྗེ་འཆང་ཐམས་ཅད་ཀྱི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི། ཧཱུྃ། དེ་ནས་བདེན་བྲལ་གྱི་ཕྱོགས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འོག་ལོགས་སུ་མི་གཡོ་བ་ཕ་བོང་གི་སྟེང་ན་འདུག་པ། ལག་ན་རལ་གྲི་དང་ཞགས་པ་ཐོགས་པ། འབར་བའི་ཕྲེང་བ་འཁྲིགས་པ། བགེགས་ཐམས་ཅད་ལ་བསྡིགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེའི་ཡི་གེའི་འབྲུ་ནི་ཧྃ། རླུང་གི་ཕྱོགས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་བགེགས་ཆེན་པོ་འཇོམས་པ། གྱེན་དུ་འབར་བའི་ཕྲེང་བ་ཅན། རབ་ཏུ་འཇིག་པ་ཆེན་པོའི་དུས་ཀྱི་མེའི་གཟུགས་འདྲ་བ། འཇིགས་པ་ཡང་འཇིགས་པར་བྱེད་པ། ལག་ན་རྡོ་རྗེ་འོད་འཕྲོ་བ་ཅན་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེ་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཧ། དེ་ནས་ཕྱོགས་བཞིར་སྲུང་བ་ཆེན་མོ་བཞི་དགོད་དོ། ། དེ་ལ་ཤར་ཕྱོགས་སུ་མི་འཇིགས་པ་ཞེས་བྱ་བའི་སྲུང་བ་ཆེན་མོ་གསེར་གྱི་ཁ་དོག་འདྲ་བ་གོས་དཀར་པོ་གྱོན་པ། ཡིད་ཙམ་ཁྲོ་བོའི་གདོང་ལག་ན་དབྱུག་པ་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཙ། བྱང་ཕྱོགས་སུ་ནི་འཇིགས་པ་ཐམས་ཅད་མེད་པར་བྱེད་པ་ཞེས་བྱ་བའི་སྲུང་བ་ཁ་དོག་དཀར་མོ། ལག་ན་རལ་གྲི་ཐོགས་ཤིང་གོས་དཀར་པོ་གྱོན་པ། འབར་བ་དང་བཅས་པ་འཇིགས་པ་ཐམས་ཅད་མེད་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །པ། ནུབ་ཕྱོགས་སུ་གདུལ་དཀའ་ཞེས་བྱ་བའི་སྲུང་བ། ཨ་ཤོ་ཀ་དམར་པོའི་མདོག་འདྲ་བ། གོས་དམར་པོ་གྱོན་པ། བཞིན་འཛུམ་པ། ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་བལྟ་བ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ས། ལྷོ་ཕྱོགས་སུ་མ་ཐུལ་བ་རྡོ་རྗེས་འདུལ་བ་ཞེས་བྱ་བའི་སྲུང་བ་ཆེན་མོ་ཁ་དོག་ནག་


DKG086_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མོ། བཞིན་ཁྲོ་གཉེར་བསྙེར་བ། སྨད་གཡོགས་ནག་པོ་གྱོན་པ་ཐོར་ཚུགས་དང་ཅོད་པན་ཅན་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་རང་གི་འབར་བས་མངོན་པར་སྣང་བར་བྱེད་པ། ལག་ན་དབྱུག་པ་ཐོགས་པ། བགེགས་ཆེན་པོ་མེད་པར་བྱེད་པའི་ཕྱག་རྒྱའམ། ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཀྵ། དེ་དག་ཐམས་ཅད་ཀྱང་འཁོར་དང་བཅས་པ། ཕྱག་བརྙན་དང་བཅས་པར་པདྨ་དཀར་པོ་ལ་འདུག་པར་བྲིའོ། །དེ་ལྟར་བློ་ཅན་གྱིས་བཀོད་ནས། །སྔགས་པ་སྔགས་ལ་གཞོལ་བ་ཡིས། །ཆོ་ག་བཞིན་དུ་ཕྱིར་བྱུང་ནས། །གཉིས་པའི་ཆ་ནི་ངེས་པ་ལ། །ཤཱཀྱའི་རིགས་ནི་དགའ་བྱེད་པ། །ཐུབ་པའི་རྒྱལ་པོ་བྲི་བར་བྱ། །མགོན་པོ་ན་བཟའ་ངུར་སྨྲིག་མནབས། །མཚན་མཆོག་སུམ་ཅུ་རྩ་གཉིས་ལྡན། །བསྟན་པ་ཡི་ནི་དོན་མཛད་ལྷ། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་པས་ཕྱག་རྒྱ་དགོད་པ་ནི། །ལྷུང་བཟེད་ཆོས་གོས་ལ་སོགས་པའམ། །ཡང་ན་མཁས་པས་ཡི་གེར་བཞག། །དེ་ཡི་ཆོ་ག་དམ་པ་འདིའོ། །བྷ། དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་དུ་བདག་ཉིད་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ལ། བྱང་ཆུབ་ཀྱི་སེམས་སུ་གྱུར་པའི་ཡིད་ཀྱིས་ཆ་གསུམ་བོར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལན་གསུམ་རྗེས་སུ་དྲན་པར་བྱས་ནས་ཚོན་དེ་ཉིད་བླངས་ཏེ། ཤར་ཕྱོགས་ཀྱི་ཆ་གསུམ་པར་རྡོ་རྗེ་དམ་པ་སྦྱིན་པ་གཞོན་ནུའི་གཟུགས་ཅན་ལག་པ་གཡོན་པ་ན་ཨུཏྤལ་མཐིང་གའི་སྟེང་ན་རྡོ་རྗེ་ཅན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རམ་རས་ཀྱི་སྨད་གཡོགས་གྱོན་པ། དར་ལའི་སྟོད་གཡོགས་ཅན། ཁ་དོག་གུར་གུམ་ལྟ་བུ། སྤྱི་བོར་ཟུར་ཕུད་ལྔ་པ་དེའི་ཕྱག་རྒྱ་འམ་ཡི་གེར་བྲིའོ། །དེའི་སྔགས་ནི་འདིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མྃ། དེའི་གཡས་ཕྱོགས་སུ་དྲ་བ་ཅན་གྱི་འོད་གཞོན་ནུའི་གཟུགས་ཅན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ལག་ན་རིན་པོ་ཆེའི་དྲ་བའམ། ལྕགས་ཀྱུ་ཐོགས་པ་ཕྱག་རྒྱའམ་ཡི་གེའི་འབྲུར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཚ། དེ་ནས་ལྷོ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་གསེར་གྱི་ཁ་དོག་འདྲ་བ། ཐོར་


DKG086_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ཚུགས་དང་ཅོད་པན་ཅན།ལག་ན་ཡིད་བཞིན་གྱི་ནོར་བུ་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཨཱ། དེ་ནས་བྱང་ཕྱོགས་སུ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ཞེས་བྱ་བ་སྐུ་མདོག་ལྗང་གུ། ལག་ན་པདྨ་ཐོགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེ་ནི་འདིའོ། །ཨི། ནུབ་ཕྱོགས་སུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ཞེས་བྱ་བ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། གོས་དཀར་པོ་གྱོན་པ་འབར་བ་དང་བཅས་པ། ལག་ན་རལ་གྲི་ཐོགས་པ་དེའི་ཕྱག་རྒྱའམ་ཡི་གེར་བྲིའོ། །དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཨཱི། ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡི། །སྔགས་པ་དེ་ནས་འདུག་ནས་སུ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །བྱང་ཆུབ་སེམས་སུ་གྱུར་པའི་ཡིད། །ཤར་ཕྱོགས་ཁ་བལྟས་གནས་ནས་ནི། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ནས། །དེ་ནས་ལས་ཀྱི་རྡོ་རྗེར་གྱུར། །ནན་ཏན་དུ་ནི་མཆོད་པ་བྱ། །ཀུན་ཏུ་ཁྱབ་པའི་ཡིད་ཀྱིས་སུ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །དམ་ཚིག་ཅེས་བྱའི་རྒྱ་བསྟན་ནས། །གསང་སྔགས་ལན་གསུམ་བཟླས་པར་བྱ། །སློབ་མ་གཙང་མ་ཆོ་ག་བཞིན། །བོས་ཏེ་དཀྱིལ་འཁོར་མདུན་དུ་ནི། །དེ་དག་གསུམ་ལ་སྐྱབས་སུ་བཏང་། །དེ་ནས་བྱང་ཆུབ་སེམས་ཀྱང་བསྐྱེད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི། །ཕྱག་རྒྱ་དེ་དག་ཀུན་ལ་བཅིང་། །དེ་ནས་ཆོས་ཀྱི་འཁོར་ལོའི་བཅིང་། །ཡིད་ཀྱིས་དེ་ཡི་གཟུགས་བསྒྱུར་ཏེ། །རས་ཀྱིས་གདོང་པ་བཀབ་ནས་སུ། །སྙིང་རྗེར་གྱུར་པའི་ཡིད་ཀྱིས་སུ། །བྱང་ཆུབ་ཚོགས་ནི་རྫོགས་བྱའི་ཕྱིར། །ལག་པ་སྟོང་པར་མི་བྱའོ། །དམ་ཚིག་གི་ནི་དམ་པ་འདི། །དེ་དག་ཀུན་གྱི་རྣ་བར་བསྒྲགས། །སངས་རྒྱས་རྣམས་ཀྱི་དམ་ཚིག་ནི། །དེ་ནས་དེ་ལ་བདག་གིས་བཅིང་། །བྱང་ཆུབ་སེམས་གྱུར་ཡིད་ཀྱིས་སུ། །དེ་ནས་མེ་ཏོག་འདོར་དུ་གཞུག །མེ་ཏོག་གང་དུ་བབ་གྱུར་པ། །དེ་ནི་སྔགས་པས་དེ་ལ་སྦྱིན། །ལུས་ཅན་ཀུན་ལ་དམ་ཚིག་ཕྱིར། །ཆོ་ག་དེ་ལྟར་རབ་ཏུ་བྱ། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །གཙོ་བོ་དེ་ལ་ཡང་ཞུས་པ། །མགོན་པོ་སྨྲ་བའི་མཆོག་གྱུར་པས། །དབང་བསྐུར་བ་ཡི་ཆོ་ག་གསུངས། །


DKG086_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀྱི་དབྱིངས་ལ་གཞོལ་བ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། །ཆོས་རྣམས་ཀུན་ལ་དབང་བའི་ཕྱིར། །ཆོ་གའི་མཆོག་ནི་ངས་བཤད་ཀྱིས། །ཡིད་གཅིག་བསྡུས་ཏེ་ཆོ་ག་ཉོན། །གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་གྱིས་བདག་ཉིད་དེ་བཞིན་གཤེགས་པའི་གཟུགས་སུ་དེའི་སྔགས་སམ། ཕྱག་རྒྱས་བྱིན་གྱིས་བརླབ་བོ། །དེ་ནས་སློབ་མ་རྣམས་བོས་ལ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་པདྨའི་རྒྱལ་པོ་ཆེན་པོ་ལ་གཞག་སྟེ། ཡན་ལག་ཀུན་འབྱུང་བའི་ཕྱག་རྒྱ་བཅིངས་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་བཞིས་བྱིན་གྱིས་བརླབས་པ། རིན་པོ་ཆེ་སྣ་བཞིའི་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །ཨ་ནི་ཀླད་ཀོར་བཅས་པ་རུ། །མཁས་པས་སྤྱི་བོར་བཞག་ནས་ནི། །ཨ་ཞེས་བྱ་བ་སྙིང་གར་གཞག །ར་ཞེས་བྱ་བ་བྲང་དུ་གཞག །ཡང་ན་ཨ་ནི་ཀུན་ཏུ་གཞག །གསེར་གྱི་ཁ་དོག་འབར་དང་བཅས། །ཐོར་ཚུགས་དང་ནི་དབུ་རྒྱན་ཅན། །པདྨ་དཀར་པོའི་གདན་ལ་བཞུགས། །རྒྱལ་བའི་མཆོག་ནི་ཏིང་འཛིན་གནས། །ཡི་གེའི་འཁོར་ལོ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལ་དེ་བཞིན་གཤེགས་པའི་རྒྱན་དུ་གྱུར་པ་ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མར་གྱུར་པའི་ཕྱག་རྒྱ་རིམ་པར་ཕྱེ་བ་རྒྱས་པ་གང་གིས་བརྒྱན་ན་བྱང་ཆུབ་སེམས་དཔའ་རྣམས་འཁོར་བ་ན་འཁོར་བའི་ཚེ། འགྲོ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་མཚན་མས་བཏབ་པས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་འབྱོལ་བར་འགྱུར་ཞིང་། དེ་རྣམས་ཀྱང་དེ་དག་གི་ངག་ཉན་པར་འགྱུར་བ་ཡོད་ཀྱིས། དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་།


DKG086_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་དུས་ལ་བབ་བོ། །བདེ་བར་གཤེགས་པ་དེའི་ཚོད་ལ་བབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་སྟོབས་ཐོགས་པ་མེད་པའི་གནས་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་རིག་སྔགས་ཀྱི་རྒྱལ་མོ་ཐམས་ཅད་དུ་ཐོགས་པ་མེད་པའི་སྟོབས་ཅན། མི་མཉམ་པ་དང་མཉམ་པའི་སྟོབས་ཅན། དམ་ཚིག་ལ་འཇུག་པར་བྱེད་པ། སྟོབས་གསུམ་དང་ལྡན་པ་བྱུང་ངོ་། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ། ས་མ་ཡེ་སྭཱ་ཧཱ། གསང་བ་པའི་བདག་པོ་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་སྟོན་པར་བྱེད་པ། ཆོས་གསུམ་གྱི་ལམ་གྱི་མཚམས་ལས་མི་འདའ་བར་བྱེད་པ། ས་དང་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་ཡིན་ཏེ། དེའི་ཕྱག་རྒྱ་ནི་འདི་ཡིན་ནོ། །ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཐེ་བོ་གཉིས་བསྒྲེང་ངོ་། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །སངས་རྒྱས་སྐྱོབ་པ་ཀུན་གྱི་ཡིན། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །ལག་པ་དག་ནི་གཉིས་ཀ་ཡང་། ། བློ་དང་ལྡན་པས་ཁུ་ཚུར་བཅངས། །མཐེ་བོ་གཉིས་ནི་ནང་དུ་གཞུག །མཛུབ་མོ་གཉིས་ནི་བསྒྲེང་བར་བྱ། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་དབྱིངས་རྣམ་པར་སྤྱོད་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། དེ་བཞིན་དུ་ལག་པ་གཉིས་ཀྱི་སོར་མོ་ཐམས་ཅད་བཟློག་སྟེ་བསྣོལ་ལ་མཐེ་བོ་གཉིས་སྤྲད་དོ། །ཕྱག་རྒྱ་དཔལ་དང་ལྡན་པ་འདི། །ཆོས་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱི། །འཁོར་ལོ་རབ་ཏུ་འདི་བསྐོར་རོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། བཛྲ་ཨཱཏྨ་ཀོ྅ཧྃ། དེ་བཞིན་དུ་ལག་པ་གཉིས་ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་མཐེ་བོ་གཉིས་ཀྱི་སྟེང་དུ་གཞག་སྟེ། རལ་གྲི་ལྟ་བུར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ཕྱག་རྒྱ་ཆེན་པོ་རལ་གྲིའི་རྒྱ། །འདིས་ནི་ལྷན་ཅིག་སྐྱེས་པ་ཡི། །འཇིག་ཚོགས་ལྟ་བ་གཅོད་པར་བྱེད། །གསང་


DKG086_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་ཁཌྒ་བི་ར་ཛ་དྷརྨྨ་སནྡ་རྴི་ཀ་ས་ཧ་ཛ་སད་ཀཱ་ཡ་དྲྀཥྚི་ཙྪེ་ད་ཀ་ཏ་ཐཱ་ག་ཏཱ་དྷི་མུཀྟི་ནིར་ཛཱ་ཏ་བི་རཱ་ག་དྷརྨྨ་ནིར་ཛཱ་ཏ་ཧཱུྃ། དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། མཛུབ་མོ་གཉིས་ཀྱིས་མཐེ་བོ་གཉིས་དཀྲིས་པ་དུང་ལྟ་བུར་བྱའོ། །ཕྱག་རྒྱ་དཔལ་ལྡན་དམ་པ་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་བསྒྲགས། །འདིས་ནི་འཇིག་རྟེན་འདི་དག་ན། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞི་བ་མྱ་ངན་འདས་འགྲོ་བ། །རྡུལ་དང་བྲལ་བའི་ཆོས་འཆད་དོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཐཱ་ཨོྃ། དེ་བཞིན་དུ་ལག་པ་གཉིས་ཀྱི་སོར་མོ་ཀུན་ཐལ་མོ་སྦྱར་བ་ལས་བརྒྱང་སྟེ་དྲིལ་བུ་ལྟ་བུར་བྱས་ལ། མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་རྩེ་གཅིག་ཏུ་སྤྲད་དེ། མཛུབ་མོ་གཉིས་དང་གུང་མོ་སྤྲད་དོ། །པདྨ་དམ་པ་དཔལ་ལྡན་འདི། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །མི་ཤིགས་རྡོ་རྗེའི་གདན་ཡིན་ཏེ། །དེར་ནི་འདྲེན་པ་འཚང་རྒྱ་ཞིང་། །རྒྱལ་བ་སྲས་རྣམས་ཐམས་ཅད་ནི། །འདི་ལས་སྐྱེ་དང་བྱང་ཆུབ་འགྱུར། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ། དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ། གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ། མཛུབ་མོ་གཉིས་བཀུག་སྟེ་ངོས་གཉིས་སུ་གཞག་ལ་རྡོ་རྗེ་ལྟར་བྱ། མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་བསྒྲེང་སྟེ་གཞག །སྲིན་ལག་གཉིས་ལག་པའི་ནང་དུ་གཞུག་གོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རྒྱ། །མི་ཤེས་གྲོང་ཁྱེར་འཇིག་པ་སྟེ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་འདི། །ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་བསྟན། །གསང་སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཧཱུྃ། དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཤིབས་ཏེ་བསྒྲེང་། མཛུབ་མོ་གཉིས་ངོས་ནས་བཀུག་སྟེ་སྦྱར་རོ། །གཙུག་ཏོར་ཕྱག་རྒྱ་རྒྱ་ཆེན་ཏེ། ། གཙུག་ཏོར་ཞེས་ནི་བསྒྲགས་པ་ཡིན། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །འདིའི་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུྃ་ཧཱུྃ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་གཞག་གོ། །རྒྱལ་བ་དམ་པས་ཕྱག་རྒྱ་འདི། །


DKG086_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་སྤུ་ཞེས་ནི་རབ་ཏུ་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་བ་མཆོག་ཏུ་འགྱུར་བ་ཡིན། །འདིའི་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཧྃ་ཛཿ། བློ་ལྡན་རྣལ་འབྱོར་ཚུལ་གནས་ཏེ། །ལག་གཉིས་ལྟེ་བའི་ཐད་ཀར་ནི། །ལྷུང་བཟེད་འཛིན་པའི་ཚུལ་དུ་བྱ། ། ལྷུང་བཟེད་ཕྱག་རྒྱ་ཞེས་སུ་བསྒྲགས། །རྒྱ་འདི་ཤཱཀྱ་ཐུབ་པའི་སྟེ། །ལྷུང་བཟེད་ཆེན་པོ་ཞེས་བྱའོ། །འདིའི་གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། བྷ། དེ་བཞིན་དུ་ལག་པ་གཡས་པ་གྱེན་དུ་བསྒྲེང་ལ་མི་འཇིགས་པ་སྦྱིན་པ་ལྟ་བུར་བྱའོ། །སེམས་ཅན་ཀུན་ལ་མི་འཇིགས་པ། །དེ་ཡིས་རབ་ཏུ་སྦྱིན་པར་འགྱུར། །གང་ཞིག་རྒྱ་ཆེན་དེ་བཅིངས་ན། །མི་འཇིགས་ཕྱག་རྒྱ་ཞེས་བསྒྲགས་སོ། །འདིའི་སྔགས་ནི། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཐཱ་ཛི་ན་ཛི་ན་བྷ་ཡ་ནཱ་ཤ་ན་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཡས་པ་སྨད་དེ་དམ་པ་སྦྱིན་པ་ལྟར་བྱའོ། །འདི་ནི་དམ་པ་སྦྱིན་རྒྱ་ཞེས། །འཇིག་རྟེན་མགོན་པོ་རྣམས་ཀྱིས་བསྒྲགས། །འདི་ནི་བཅིངས་པ་ཙམ་གྱིས་སུ། །རྒྱལ་མཆོག་དམ་པ་སྩོལ་བར་འགྱུར། །འདིའི་གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། བ་ར་ད་བཛྲ་ཨཱཏྨ་ཀོ྅་ཧྃ་སྭཱ་ཧཱ། ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་བརྐྱང་ལ་དཔྲལ་བ་ཁྲོ་གཉེར་ལྟ་བུར་བྱའོ། །ཕྱག་རྒྱ་ཆེན་པོ་རྒྱ་ཆེན་འདི། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །བདུད་ནི་རྣམ་པར་བསྡིགས་ཞེས་བྱ། །ཕུང་བྱེད་ཐམས་ཅད་འཇིག་པར་བྱེད། །འདི་ནི་བཅིངས་པ་ཙམ་གྱིས་སུ། །བདུད་སྡེ་ཤིན་ཏུ་མི་བཟད་དང་། ། བགེགས་དང་ལོག་འདྲེན་གཞན་དག་ཀྱང་། །ཐེ་ཚོམ་མེད་པར་རབ་ཏུ་འབྱེར། །འདིའི་གསང་སྔགས་ནི་འདིའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་བ་ལ་བ་ཏི་ད་ཤ་བ་ལ་ཏེ་ཛོདྦྷ་བེ་མ་ཧཱ་མཻ་ཏྲྱ་ངྷྱུ་ད་ག་ཏེ་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་གཉིས་དང་སྲིན་ལག་གཉིས་བརྐྱང་སྟེ། མཐེ་བོ་དེ་དྲུང་དུ་གཞག་གོ། །འདི་ནི་སངས་རྒྱས་མགོན་རྣམས་ཀྱི། །ཐུགས་རྗེ་ལས་བྱུང་སྤྱན་ཡིན་ཏེ། །མིག་གི་སྟེང་དུ་མཁས་པས་གཞག །དེ་ལས་སངས་རྒྱས་སྤྱན་དུ་འགྱུར། །འདིའི་གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་བ་ར་ལཀྵ་ཎ་


DKG086_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་རུ་ཎ་མཱ་ཡ་ཏ་ཐཱ་ག་ཏ་ཙཀྵུཿསྭཱ་ཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ། སོར་མོ་རྣམས་ཕན་ཚུན་བསྣོལ་བའི་ཁུ་ཚུར་བཅིངས་ཏེ། མཛུབ་མོ་གཉིས་བསྒྲེང་ལ་བཀུག་སྟེ་སྤྲད་ལ་ཟླུམ་པོར་བྱ། འདི་ནི་ཞགས་པ་མཆོག་ཅེས་གྲགས། །སྡང་བ་ཐམས་ཅད་འཇིག་པར་བྱེད། །སྔགས་པས་འདི་བཅིངས་དེ་ཡི་ཚེ། །རྟག་ཏུ་སྡང་བ་བཅིངས་པར་འགྱུར། །འདིའི་གསང་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་མ་ཧཱ་པཱ་ཤ་པྲ་ས་རོ་དཱ་རྱ་སཏྭ་དྷཱ་ཏུ་བི་མོ་ཙ་ཀ །ཏ་ཐཱ་ག་ཏ་ཨ་དྷི་མུཀྟི་ནི་ར་ཛ་ཏ་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། ཁུ་ཚུར་བཅངས་ལ་མཛུབ་མོ་བསྒྲེང་སྟེ། ཚིགས་གསུམ་པ་བཀུག་ལ་ལྷག་མ་རྣམས་ནི་གདུ་བུའི་ཚུལ་དུ་གནས་པར་བྱའོ། །སངས་རྒྱས་སྐྱོབ་པ་ཐམས་ཅད་ཀྱི། །ལྕགས་ཀྱུ་ཞེས་ནི་འདི་བཤད་དོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ས་བཅུ་དག་ལ་གནས་པ་དང་། །སྡང་བར་སེམས་པ་གཞན་དག་ཀྱང་། །ཐམས་ཅད་རབ་ཏུ་འགུགས་པར་བྱེད། །འདིའི་གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་སརྦྦ་ཏྲ་ཨ་པྲ་ཏི་ཧ་ཏ་ཏ་ཐཱ་ག་ཏ། ཨཾ་ཀུ་ཤ་བོ་དྷི་ཙཱརྱ་པ་རི་པཱུ་ར་ཀ་སྭཱ་ཧཱ། ལྕགས་ཀྱུའི་ཕྱག་རྒྱ་ལས་གུང་མོ་གཉིས་བཀུག་སྟེ་དེ་ཉིད་དུ་སྦྱར་རོ། །འདི་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཛྙཱ་ནོ་དྦྷ་བ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བསྒྲེང་ལ་ལྷག་མ་རྣམས་དེ་བཞིན་དུ་གཞག་གོ། །དེ་བཞིན་གཤེགས་པའི་ལྟེ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་མྲྀ་ཏོདྡྷ་བ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་བསྒྲེང་ལ་ལྷག་མ་རྣམས་དེ་བཞིན་དུ་གཞག་གོ། །རྐེད་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་ག་ཏི་སཾ་བྷ་བ་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག །སྲིན་ལག་གཉིས་ཀྱང་དེ་བཞིན་དུ་བྱ། མཐེ་བོ་དང་མཐེའུ་ཆུང་གཉིས་ཅུང་ཟད་དགུག །གུང་མོ་གཉིས་གཤིབས་ཏེ་བསྒྲེང་ངོ་། །འདི་ནི་དེ་བཞིན་གཤེགས་པའི་མཛོད་ཀྱི་ཕྱག་རྒྱ་སྟེ། འདིའི་གསང་སྔགས་ནི། ན་མཿ


DKG086_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ས་མནྟ་བུད་དྷཱ་ནཱཾ། རྃ་རྃ་རྃ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་ཕྱུང་ལ་བསྒྲེང་སྟེ་གཞག་གོ། །མཚམས་ཆེན་པོ་གཅད་པའི་ཕྱག་རྒྱ་སྟེ། འདིའི་གསང་སྔགས་ནི་འདི་ཡིན་ནོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བེ་ལུ་པུ་རི་བི་ཀུ་རི་བི་ཀུ་ལེ་སྭཱ་ཧཱ། མཚམས་ཆེན་པོ་གཅད་པའོ། །དེ་ཉིད་ལས་གུང་མོ་གཉིས་བཀུག་ལ་མཐེ་བོང་གཉིས་བསྒྲེང་ངོ་། །སྲུང་བ་ཆེན་པོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏེ་བྷྱཿསརྦྦ་བྷ་ཡེ་བི་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ། སརྦ་ཐཱ་ཧཾ་ཁཾ་རཀྵ་མ་ཧཱ་བ་ལེ་སརྦྦ་ཏ་ཐཱ་ག་ཏ་པུ་ཎྱ་ནིར་ཛཱ་ཏེ་ཧཱུྃ་ཧཱུྃ་ཏྲ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། མི་བཟོད་པ་ཞེས་བྱ་བ་བསྲུང་བ་ཆེན་མོའོ། །དེ་བཞིན་དུ་མཛུབ་མོ་གཉིས་བརྐྱང་ལ་མཐེ་བོང་གཉིས་ནང་དུ་གཞུག་གོ། །ཀུན་ཏུ་འབར་བ་ཞེས་བྱ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཛྭཱ་ལ་མཱ་ལི་ནི་ཏ་ཐཱ་ག་ཏ་ཨརྩི་སྭཱ་ཧཱ། ཀུན་ཏུ་འབར་བའོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། མཛུབ་མོ་གཉིས་ཀྱིས་ངོས་ནས་དཀྲིའོ། །འདི་ནི་དེ་བཞིན་གཤེགས་པའི་གོ་ཆའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། པྲ་ཙཎྜ་བཛྲ་ཛ་ཡ་བི་སྥུ་ར་ཧཱུྃ། དེ་བཞིན་གཤེགས་པའི་གོ་ཆའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དང་མཐེ་བོ་གཉིས་གཅིག་ཏུ་སྦྱར་རོ། །དེ་བཞིན་གཤེགས་པའི་ལྗགས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་ཛི་ཧྭ་སིདྡྷི་དྷརྨྨ་པྲ་ཏི་ཥྛི་ཏེ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ལྗགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་དང་སྲིན་ལག་གཉིས་བཀུག་ལ་ནང་དུ་སྦྱར། མཐེ་བོ་གཉིས་བསྒྲེང་ལ་ཅུང་ཟད་བཀུག་སྟེ། རྩེ་མོ་གུང་མོ་ལ་ཕྱོགས་པར་བྱ། མཐེའུ་ཆུང་གཉིས་ནི་བརྒྱང་ལ་མཐེ་བོ་གཉིས་སྔ་མ་བཞིན་ནོ། །འདི་ནི་དེ་བཞིན་གཤེགས་པའི་ཞལ་ཆེན་པོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་མ་ཧཱ་བཱ་ཀྟྲེ་བི་ཛྙཱ་ན་མ་ཧོ་ད་ཡ་སྭཱ་ཧཱ། དེ་བཞིན་གཤེགས་པའི་ཞལ་ལོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་བཀྲོལ་ལ། ནང་དུ་བཅུག་སྟེ་དགུ་བོར་བྱས་ལ་བསྟོད་དེ་གཟུང་ངོ་། །དེ་བཞིན་གཤེགས་པའི་མཆེ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་


DKG086_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་མ་ཧཱ་དྃ་ཥྚྲ་ས་ར་ས་རཱ་གྲ་ས་མ་པྲ་བྷཱ་ཀ་སརྦྦ་ཏ་ཐཱ་ག་ཏ་བི་ཥ་ཡ་སཾ་བྷ་བ་སྭཱ་ཧཱ། དེ་བཞིན་གཤེགས་པའི་མཆེ་བའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྒྲེང་སྟེ་གཟུང་ལ་ཚིགས་གསུམ་པ་དགུག་གོ། །དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིནྟ་ཨནྡྷུ་ཏ་རཱུ་པ་པཱ་བ་ག་སཾ་པྲ་ཏི་བིདྱཱ་བི་ཤུདྡྷ་སྭ་ར་སྭཱ་ཧཱ། དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ་གཅིག་ཏུ་སྤྲད་དོ། །འདི་ནི་སྟོབས་བཅུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ནམཿས་མནྟ་བུད་དྷཱ་ནཱཾ། ད་ཤ་བ་ལ་ག་དྷ་ར་ཧཱུྃ་སྃ་ཛྃ་སྭཱ་ཧཱ། སྟོབས་བཅུའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ཀྱི་རྩེ་མོར་མཛུབ་མོ་གཉིས་བཀུག་སྟེ་སྦྱར་རོ། །དྲན་པ་ཉེ་བར་གཞག་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་སྨྲྀ་ཏི་སཏྭ་ཧི་ཏ་ཨ་བྷྱུངྒ་ཏ་ག་ག་ན་ས་མ་ས་མ་སྭཱ་ཧཱ། དྲན་པ་ཉེ་བར་གཞག་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་མཐེ་བོའི་སྟེང་དུ་གཟུང་ངོ་། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་དྷརྨྨ་ས་མ་ཏཱ་པྲཱཔྟ་ཏ་ཐཱ་ག་ཏ་ཨ་ནུ་ག་ཏ་སྭཱ་ཧཱ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱེད་པའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་དཀྲིས་ལ་ལྷག་མ་རྣམས་ནི་དེ་བཞིན་དུ་གཞག་གོ། །ཀུན་ཏུ་བཟང་པོའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ས་མནྟཱ་ནུ་ག་ཏ་བི་རཱ་ཛ་དྷརྨྨ་ནིར་ཛཱ་ཏ་མ་ཧཱ་མ་ཧཱ་སྭཱ་ཧཱ། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ནང་དུ་བཀུག་ལ་གཞག །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །འདིའི་གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙི་ཏེཉྫ་ཡ་སརྦྦ་སཏྭཱ་ཤ་ཡཱ་ནུ་ག་ཏ་སྭཱ་ཧཱ། བྱམས་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ནང་དུ་གཞུག་གོ། །གསང་སྔགས་ལ།


DKG086_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿས་མནྟ་བུད་དྷཱ་ནཱཾ། ཨཱ་ཀཱ་ཤ་ས་མ་ཏཱ་ནུ་ག་ཏ་བི་ཙི་ཏྲཾ་བ་ར་དྷ་ར་སྭཱ་ཧཱ། ནམ་མཁའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་ལ། མཛུབ་མོ་གཉིས་གུང་མོ་གཉིས་དང་ལྷན་ཅིག་ཏུ་སྦྱར་རོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཏ་སཏྭ་ཧི་ཏ་ཨ་བྷྱུངྒ་ཏ་ཏྲྃ་ཏྲྃ་རྃ་རྃ་སྭཱ་ཧཱ། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་ཕྱག་རྒྱ་དང་གསང་སྔགས་སོ།། །།བམ་པོ་ལྔ་པ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་སོར་མོ་ཐམས་ཅད་དྲིལ་བུ་འདྲ་བར་ཁ་དབྱེ། མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་གཅིག་ཏུ་སྦྱར། ལྷག་མ་རྣམས་ནི་པདྨ་ལྟ་བུར་བྱའོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏ་ཀ་རུ་ཎཱ་མཱ་ཡ་ར་ར་ར་ཧཱུྃ་ཛཿསྭཱ་ཧཱ། སྤྱན་རས་གཟིགས་དབང་ཕྱུག་གི་པདྨའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་པདྨ་ཁ་མ་བྱེ་བ་ལྟ་བུར་བྱའོ། །པདྨའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཛྃ་ཛྃ་ས་སྭཱ་ཧཱ། མཐུ་ཆེན་པོ་ཐོབ་པའི་པདྨའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་རྩེ་མོ་ཅན་དུ་བསྒྲེང་སྟེ། མཐེ་བོ་གཉིས་ཀྱང་དེའི་དྲུང་དུ་གཞག་གོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏཱ་རེ་ཏཱ་རེ་ཎི་ཀ་རུ་ཎོངྦྷ་བེ་སྭཱ་ཧཱ། ལྷ་མོ་སྒྲོལ་མའི་འོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གཅུས་ཏེ་བསྒྲེང་ངོ་། །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་བྷཱ་བ་སན་ཏྲཱ་ས་ནི་ཧཱུྃ་སྥོ་ཊ་ཡ་སྭཱ་ཧཱ། ཁྲོ་གཉེར་ཅན་མའི་འོ། །དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། སྲིན་ལག་གཉིས་དང་མཐེ་བོ་གཉིས་ནང་དུ་གཞུག་གོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏ་བི་ཥ་ཡ་སམྦྷ་བ་པདྨ་མཱ་ལཱི་ནཱི་སྭཱ་ཧཱ། གོས་དཀར་ཅན་གྱིའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་གྱེན་དུ་བསྒྲེང་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དེའི་དྲུང་དུ་བར་ནས་གང་ཙམ་གྱིས་ཆོད་པར་གཞག་གོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཁཱ་ད་བྷཉྫསྥོ་ཊ་ཡ་སྭཱ་ཧཱ། རྟ་མགྲིན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་


DKG086_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་ལས་སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་ཀྱང་གྱེན་དུ་བསྒྲེང་ལ་ལྷག་མ་རྣམས་ནི་དེ་བཞིན་དུ་ཁུ་ཚུར་བཅངས་པའི་ཚུལ་དུ་གཞག་གོ། །དེའི་གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧ་ཧ་ཧ་སུ་ན་ཏ་ནུ་སྭཱ་ཧཱ། སའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། ། དེ་བཞིན་དུ་ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་སྦྱར་ལ། གུང་མོ་གཉིས་ཀྱིས་སྲིན་ལག་གཉིས་དཀྲིས་ཏེ། མཛུབ་མོ་གཉིས་ཀྱང་མཐེ་བོང་གཉིས་ཀྱི་སྟེང་དུ་བཀུག་སྟེ་གཞག །ལྷག་མ་རྣམས་ནི་སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་ཀ་བི་མུཀྟི་པ་ཐེ་སྟི་ཥྛ་ཏེ། སྨ་ར་སྨ་ར་པྲ་ཏི་ཛྙཱ་ན་སྭཱ་ཧཱ། འཇམ་དཔལ་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དགུག་གོ། །དྲ་བའི་འོད་ཀྱི་ལྕགས་ཀྱུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་ཡ་ག་ཏ་སྭ་བྷཱ་བ་སྠི་ཏ་སྭཱ་ཧཱ། དྲ་བའི་འོད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་ཐམས་ཅད་དགུ་བོར་བྱའོ། །གཞོན་ནུ་དྲི་མ་མེད་ཀྱི་འོད་ཀྱི་ཨུཏྤ་ལའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་ཀུ་མཱ་ར་བི་ཙི་ཏྲ་ག་ཏི་ཀུ་མཱ་ར། པྲ་ཏི་ཛྙཱ་མ་ནུ་སྨ་ར་སྭཱ་ཧཱ། དྲི་མ་མེད་པའི་འོད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་གཉིས་གཤིབས་ཏེ་གྱེན་དུ་བསྒྲེང་ངོ་། །སྐྲ་ཅན་གྱི་ཕྱག་རྒྱ་སྟེ་གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་ཀུ་མཱ་རི་ཀླེ་ཤ་ཙྪེ་ད་ཡ་ཨཱ་ཛྙཱ་ནཱན་སྨ་ར་པྲ་ཏི་ཛྙཱ་ན་སྭཱ་ཧཱ། སྐྲ་ཅན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་གྱེན་དུ་བསྒྲེང་སྟེ་མདུང་རྩེ་ལྟ་བུར་བྱ། ཉེ་སྐྲ་ཅན་གྱི་མདུང་རྩེའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། བཾནྡྷ་ཡ་ཨཛྙཱ་ཧེ་ཀུ་མཱ་རི་ཀེ་སྭཱ་ཧཱ། ཉེ་སྐྲ་ཅན་གྱི་མདུང་རྩེའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཉིས་ཁུ་ཚུར་བཅངས་ཏེ། གུང་མོ་གཉིས་བརྐྱང་ལ་མཛུབ་མོ་གཉིས་ངོས་སུ་སྦྱར་སྣ་ཚོགས་མའི་དབྱུག་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཀུ་མཱ་རི་ཀེ་ཨཱ་ཛྙཱ་ན་པུ་ར་བི་དྭཾ་ས་ནི་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་སྲིན་


DKG086_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་མཐེའུ་ཆུང་གཉིས་བསྒྲེང་ངོ་། །ནོར་ཅན་གྱི་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་སྥུ་ར་ཛྙཱ་ན་ཀེ་ཏུ་སྭཱ་ཧཱ། ནོར་ཅན་གྱི་རྒྱལ་མཚན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཛུབ་མོ་བསྒྲེང་སྟེ་རྩེ་མོ་དགུག་གོ། །འགུགས་མའི་ལྕགས་ཀྱུའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨཱ་ཀརྵ་ཡ་སརྦྦཾ་ཀུ་རུ་ཨཱ་ཛྙཱ་ན་ཀུ་མཱ་ར་སྱ་སྭཱ་ཧཱ། འགུགས་མའི་ལྕགས་ཀྱོའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ། མཛུབ་མོ་གཉིས་བསྒྲེང་སྟེ་ཚིགས་གསུམ་པ་དགུག་གོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བི་སྨ་ཡ་ནི་ཡེ་སྭཱ་ཧཱ། ཕྱག་བརྙན་མ་རྣམས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ། གུང་མོ་བསྒྲེང་ལ་ཚིགས་གསུམ་པ་དགུག་གོ། ། ངོ་མཚར་ཅན་གྱི་རྡོ་རྗེའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། བི་མ་ཏི་ཙྪེ་ད་ཀ་སྭཱ་ཧཱ། ངོ་མཚར་གྱི་རྡོ་རྗེ་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པའི་དཔུང་པ་བསྟོད་ལ། ལག་པ་མི་འཇིགས་པ་སྦྱིན་པ་ལྟ་བུར་བྱ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བྷ་ཡནྡཱ་ཏ་སྭཱ་ཧཱ། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་མས་ཡར་འདྲེན་པའི་ཚུལ་དུ་བྱའོ། །ངན་སོང་སྤོང་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བྷྱུང་དྷ་ར་སཏྭ་དྷཱ་ཏུ་ན་སྭཱ་ཧཱ། ངན་སོང་སྤོང་བའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་བྲང་དུ་གཞག་གོ། །ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་མ་ཧཱ་མ་ཧཱ་སྨ་ར་པྲ་ཏི་ཛྙཱ་སྭཱ་ཧཱ། ཡོངས་སུ་སྐྱོང་སེམས་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་མེ་ཏོག་འཛིན་པའི་ཚུལ་དུ་བྱའོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སཏྭེ་བཇྲོདྡྷ་བ་སྭཱ་ཧཱ། བྱམས་པ་འབྱུང་བའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་སྙིང་གར་གཞག་ལ་གུང་མོ་ནང་དུ་དགུག་གོ། །གསང་སྔགས་ལ།


DKG086_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ན་མཿས་མནྟ་བུད་དྷཱ་ནཱཾ། ཀ་རུ་ཎོདྦྷ་བ་སྭཱ་ཧཱ། སྙིང་རྗེས་བརླན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་བྱའོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་བ་ར་ད་བ་ར་པྲཱཔྟ་སྭཱ་ཧཱ། གདུང་བ་ཐམས་ཅད་ཞི་བར་བྱེད་པའི་འོ། །ལག་པ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་འཛིན་པའི་ཚུལ་དུའོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཤ་པ་རི་པཱུ་ར་ཀ་སྭཱ་ཧཱ། བློ་གྲོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ། གུང་མོའི་སོར་མོ་གཉིས་ཕྱུང་སྟེ་བརྐྱང་ངོ་། །སའི་སྙིང་པོའི་མེ་ཏོག་གི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧ་ཧ་ཧ་བིསྨ་ཡེ་སྭཱ་ཧཱ། སའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ། སོར་མོ་གསུམ་བརྐྱང་ངོ་། །རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧེ་ཧེ་མ་ཧཱ་མ་ཧཱ་སྭཱ་ཧཱ། རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་དེ་ཉིད་ལས་སྲིན་ལག་བརྐྱང་སྟེ་གྱེན་དུ་བསྒྲེང་ངོ་། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། རདྦྷ་བ་སྭཱ་ཧཱ། ཕྱག་ན་རིན་ཆེན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་བསྣོལ་ཏེ་རྒྱབ་སྦྱར་ལ། གཡོན་པའི་མཐེ་བོས་གཡས་པའི་མཐེའུ་ཆུང་འཁྱུད་དེ། དེ་བཞིན་དུ་གཡས་པས་ཀྱང་གཡོན་པ་ལ་འཁྱུད་ལ་ལྷག་མ་རྣམས་རྡོ་རྗེ་ལྟ་བུར་བྱའོ། །ས་འཛིན་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། དྷ་ར་ཎཱི་པྲཱཔྟ་སྭཱ་ཧཱ། ས་འཛིན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཕྱག་ན་རིན་ཆེན་ཕྱག་རྒྱ་ནི་རྡོ་རྗེ་རྩེ་ལྔ་སྟེ་སྔ་མ་བཞིན་ནོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། རཏྣ་ནིར་ཛཱ་ཏེ་སྭཱ་ཧཱ། ཕྱག་ན་རིན་ཆེན་གྱི་ཕྱག་རྒྱ་དང་གསང་སྔགས་སོ། ཕྱག་རྒྱ་དེ་ཉིད་ལས་སོར་མོ་རྣམས་དགོད་པར་བྱའོ། །བསམ་པ་བརྟན་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ནམཿས་མནྟ་བུད་དྷཱ་ནཱཾ། བཛྲ་སཾ་བྷ་བ་སྭཱ་ཧཱ། བསམ་པ་བརྟན་པའི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཉིས་དེ་བཞིན་དུ་བྱ་བ་ནི་ནམ་མཁའི་སྙིང་པོའི་རལ་གྲིའི་


DKG086_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་སྟེ། གསང་སྔགས་ལ། ནམཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་ནཱནྟ་ཙ་ར་སྭཱ་ཧཱ། འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་དང་གསང་སྔགས་སོ། །འཁོར་ལོའི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི་ནམ་མཁའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཙཀྲ་བརྟི་སྭཱ་ཧཱ། ནམ་མཁའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དུང་གི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི་རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། དྷརྨྨ་སཾ་བྷ་བ་སྭཱ་ཧཱ། རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །པདྨའི་ཕྱག་རྒྱ་སྔ་མ་བཞིན་དུ་བྱས་པ་ནི་སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། པདྨ་མཱ་ལཱ་ཡ་སྭཱ་ཧཱ། སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ཨུཏྤ་ལའི་ཕྱག་རྒྱ་སྔ་མ་བཞིན་ལས་ཁ་མ་བྱེ་བར་བྱས་པ་ནི་ནམ་མཁའ་དྲི་མ་མེད་པའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཛྙཱ་ནོདྦྷ་བ་སྭཱ་ཧཱ། ནམ་མཁའ་དྲི་མ་མེད་པའི་ཕྱག་རྒྱ་དང་གསང་སྔགས་སོ། །རྡོ་རྗེ་སྔ་མ་བཞིན་དུ་བྱས་པ་ནི་བརྟན་པའི་བློ་གྲོས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། བཛྲ་ཀཱ་ར་སྭཱ་ཧཱ། བརྟན་པའི་བློ་གྲོས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། སྲིན་ལག་གཉིས་ནང་དུ་བཅུག་ལ་གུང་མོ་དང་། མཐེ་བོང་གཉིས་དང་། མཐེའུ་ཆུང་གཉིས་བསྒྲེང་སྟེ་མཛུབ་མོ་གཉིས་གུང་མོའི་ངོས་སུ་བཀུག་ལ་བར་ནས་གང་ཙམ་གྱིས་མ་རེག་པར་གཞག་གོ། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྟེ་རྡོ་རྗེའོ། །གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱན། ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ། རྡོ་རྗེ་འཛིན་གྱིའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ །མཱ་མ་ཀཱིའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། ཏྲི་ཊ་ཏྲི་ཊ་ཛ་ཡནྟི་སྭཱ་ཧཱ། མཱ་མ་ཀཱིའི་འོ། །དེ་བཞིན་དུ་ལག་པ་གཉིས་རྒྱབ་སྤྲད་ལ་སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་གཅུས་ལ་བསྡམས་ཏེ། གཡོན་པའི་མཐེ་བོས་གཡས་པའི་མཐེ་བོ་མནན་ལ་བསྡམ་མོ། །རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ།


DKG086_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བནྡྷ་བནྡྷ། མོ་ཊ་ཡ་མོ་ཊ་ཡ། བཛྲོདྦྷ་བེ། སརྦྦ་ཏྲ་པྲ་ཏི་ཧ་ཏེ་སྭཱ་ཧཱ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ཅུང་ཟད་བཀུག་ལ་མཛུབ་མོ་གཉིས་ཀྱང་དེ་ལ་ཕྱོགས་པར་བྱའོ། །རྡོ་རྗེ་ཁྲོ་ཟླ་གཙོ་བོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། ཧྲཱིཿཧཱུྃ་ཕཊ་སྭཱ་ཧཱ། ཁྲོ་ཟླ་གཙོ་བོའི་འོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་མཛུབ་མོ་གཉིས་གཤིབས་ཏེ་བསྒྲེང་ངོ་། །རྡོ་རྗེ་རྩེ་མོའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། སརྦྦ་དྷརྨྨ་ནི་ད་ན་བཛྲཱ་སཱུ་ཙི་བ་ར་དེ་སྭཱ་ཧཱ། རྡོ་རྗེ་རྩེ་མོའི་འོ། །དེ་བཞིན་དུ་ལག་པ་གཉིས་ཁུ་ཚུར་བཅངས་ལ་སྙིང་གར་གཞག་གོ། །རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། ཊ་ཡ་བཛྲ་སཾ་བྷ་བེ་སྭཱ་ཧཱ། རྡོ་རྗེ་ཁུ་ཚུར་གྱིའོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་པའི་མཛུབ་མོ་གྱེན་དུ་བསྒྲེང་སྟེ་ཁྲོས་པ་བཞིན་དུ་བསྡིགས་པར་བྱ་བ་ནི་གདུལ་དཀའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། དུར་དཱནྟ་མ་ཧཱ་རོ་ཥ་ཎ་ལཱ་ད་ཡ་སརྦྦན་ཀུ་རུ་ཏ་ཐཱ་ག་ཏ་ཨཱ་ཛྙཱ་ན་སྭཱ་ཧཱ། གདུལ་དཀའི་འོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གདབ་པའི་ཐབས་སུ་བྱའོ། །མངོན་ཕྱོགས་ཀྱི་ཐོ་བའི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ། ཧེ་ཨ་བྷི་མུ་ཁ་མ་ཧཱ་ཙཎྜ་གྲཱིཧྞ་ཁཱ་ད་ཡ་ཀིཉྩི་ར་ཡ་སི་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། མངོན་ཕྱོགས་ཀྱིའོ། །སྔ་མ་བཞིན་ལྷུང་བཟེད་འཛིན་པའི་ཚུལ་དུ་བྱས་པ་ནི་ཤཱཀྱ་ཐུབ་པའི་ལྷུང་བཟེད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཀླེ་ཤ་ནི་སཱུ་ད་ན་སརྦྦ་དྷརྨྨ་པ་ཤཱི་ཏ་པྲཱཔྟ་ག་ག་ན་ས་མ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་འོ། །མཛོད་སྤུའི་ཕྱག་རྒྱ་ནི་སྔ་མ་བཞིན་ནོ། །ལག་པ་གཡས་པའི་སོར་མོ་ཀུན་རྩེ་མོ་སྦྱར་ཏེ་སྤྱི་བོའི་སྟེང་དུ་གཞག་གོ། །གཙུག་ཏོར་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། བྃ་བྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གཙུག་ཏོར་ཐམས་ཅད་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡོན་པ་ཁུ་ཚུར་བཅངས་ལ་གུང་མོ་དང་མཛུབ་མོ་གཉིས་བརྐྱང་སྟེ། སྲིན་ལག་དང་མཐེའུ་ཆུང་གི་རྩེ་མོར་མཐེ་བོ་གཞག་ལ་གཡས་པའི་མཛུབ་མོ་དང་གུང་མོ་གཉིས་གཡོན་པའི་མཐིལ་དུ་གཞུག །


DKG086_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མཐེ་བོ་ཡང་སྔ་མ་བཞིན་དུ་བྱའོ། །མི་གཡོ་མགོན་གྱི་ཕྱག་རྒྱ་རལ་གྲི་ཤུབས་སུ་བཅུག་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ནི་རྡོ་རྗེ་སྟེ། སྔ་མ་བཞིན་ནོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་སྲིན་ལག་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་གོ། །གུང་མོ་གཉིས་གཤིབས་ཏེ་བསྒྲེང་ལ་མཛུབ་མོ་གཉིས་བཀུག་སྟེ། གུང་མོའི་ཚིགས་གསུམ་པར་གཞག །མཐེ་བོ་གཉིས་མིག་ལྟ་བུར་བྱ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡུམ་གྱི་ཕྱག་རྒྱ་སྟེ་གཙུག་ཏོར་རོ། །ལག་པ་གཡོན་པ་བརྐྱང་སྟེ་ཁ་སྦུབ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོས་གདུགས་ལྟ་བུར་གཟུང་ངོ་། །གདུགས་དཀར་པོའི་ཕྱག་རྒྱ་སྟེ། གདུགས་སོ། །ཁྃ། གཙུག་ཏོར་རྒྱལ་བའི་ནི་རལ་གྲི་སྟེ་སྔ་མ་བཞིན་ནོ། །ཤྃ། རྣམ་པར་རྒྱལ་བའི་འཁོར་ལོ་སྟེ་སྔ་མ་བཞིན་ནོ། །སིྃ། །རྣམ་པར་འཐོར་བའི་ལྕགས་ཀྱུ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་མཛུབ་མོ་བཀུག་སྟེ་གཞག་གོ །ཧཱུྃ། གཟི་བརྗིད་ཕུང་པོའི་ནི་གཙུག་ཏོར་ཏེ་སྔ་མ་བཞིན་ནོ། །གསང་སྔགས་ལ། ཏྲྀཾ། ཆེར་འབྱུང་བའི་ཕྱག་རྒྱ་ནི། །རྡོ་རྗེའི་ཕྱག་རྒྱ་ཞེས་སུ་གྲགས། ཨུྃ། གྱེན་དུ་འབྱུང་བའི་ཕྱག་རྒྱ་ནི། །པདྨ་བཟང་པོའི་སྔ་མ་བཞིན། །ཏུྃ། །མཐའ་ཡས་པ་ཡི་དབྱངས་སྒྲ་ནི། །དུང་ནི་ཡིན་པར་ངས་བཤད་དོ། །རུྃ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་གཞག་པ་ནི་མཛོད་སྤུའི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུའོ། །སྤྱན་གྱི་ནི་གཙུག་ཏོར་སྔ་མ་བཞིན་ཏེ། བྱེ་བྲག་ཏུ་རྡོ་རྗེས་མཚན་པའོ། ། ག། ལག་པ་གཡས་པ་པདྨ་འཛིན་པའི་ཐབས་སུ་སྙིང་གར་གཞག་ལ། ལག་པ་གཡོན་པ་ཐལ་མོ་བསྣུན་པའི་ཚུལ་དུ་བརྐྱང་པ་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱའོ། །གསང་སྔགས་ནི། དྷིཾ་དྷིཾ་རིཾ་རིཾ་ཛི་རི་ཛི་རི། ལག་པ་གཉིས་ཁུ་ཚུར་བཅངས་ལ་མཐེ་བོ་གཉིས་གྱེན་དུ་བསྒྲེང་བ་ལས་དགུག་གོ། །གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཁའི་ཕྱག་རྒྱའོ། །ཨ་པ་ར་ཛི་ཏ་ཛ་ཡནྟི་ཊི་ཏེ་སྭཱ་ཧཱ། ལག་པ་གཡས་པ་འགྲམ་པར་བསྟན་པ་ནི་དབང་ཕྱུག་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཛུབ་མོ་གཉིས་གཅུས་པ་ལྟ་བུར་གཟུང་ངོ་། །ཀུན་ཏུ་མེ་ཏོག་གི་ཕྱག་རྒྱའོ། །ཕྱག་


DKG086_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་དེ་ཉིད་ལས་མཐེ་བོ་ནང་དུ་གཞུག་གོ། །འོད་ཀྱི་ཕྲེང་བ་ཅན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དང་མཐེའུ་ཆུང་གཉིས་མེ་ཏོག་འཛིན་པ་ལྟ་བུར་བྱའོ། །ཡིད་མགྱོགས་ཀྱི་ཕྱག་རྒྱའོ། །ལག་པ་གཡས་པའི་སྲིན་ལག་གི་སྟེང་དུ་མཐེ་བོ་གཞག་ལ། མཛུབ་མོ་དང་གུང་མོ་དང་མཐེའུ་ཆུང་གསུམ་བརྐྱང་སྟེ་རྣ་བའི་སྟེང་དུ་གཞག་གོ། །ལག་པ་གཡོན་པ་ཡང་དེ་བཞིན་དུ་བྱ། སྒྲ་རྣམ་པར་སྒྲོགས་པའི་ཕྱག་རྒྱའོ། །ལག་པ་གཉིས་གཅིག་ཏུ་སྦྱར་ལ། མཐེ་བོ་གཉིས་རྩེ་སྤྲད་དེ་ཟླུམ་པོ་བྱ། སོར་མོ་ལྷག་མ་རྣམས་ཀྱི་རྩེ་མོ་དགུག་པ་ནི་བུམ་པའི་ཕྱག་རྒྱའོ། །དེ་བཞིན་དུ་ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱས་ལ་མཐེ་བོ་ནང་དུ་གཞག་པ་ནི་མི་གཉེར་བའི་ཕྱག་རྒྱའོ། །ལག་པ་དེ་ཉིད་མི་འཇིགས་པ་སྦྱིན་པ་ལྟ་བུར་བྱས་ལ་མཐེའུ་ཆུང་གི་ཚིགས་གཉིས་པར་གཞག་གོ། །དྲང་སྲོང་རྣམས་ཀྱི་སྤྱིའི་ཕྱག་རྒྱ་སྟེ། གོ་རིམས་ནི་ཅི་ལྟར་རིགས་པར་བྱའོ། །དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཛུབ་མོ་དང་མཐེའུ་ཆུང་གཉིས་ནང་དུ་བཅུག་སྟེ། ལྷག་མ་རྣམས་གཅིག་ཏུ་བསྡུས་ལ་བསྟོད་དེ་གཟུང་བ་ནི་གཤིན་རྗེའི་བེ་ཅོན་གྱི་ཕྱག་རྒྱའོ། །ལག་པ་གཡས་པ་ཁ་བུབ་སྟེ། དྲིལ་བུ་འདྲ་བར་བྱས་པ་ནི་འཆི་བདག་གི་ཕྱག་རྒྱ་སྟེ་དྲིལ་བུའོ། །དེ་བཞིན་དུ་ལག་པ་གཡོན་ཁུ་ཚུར་བཅངས་ལ། མཛུབ་མོ་དང་གུང་མོ་གཉིས་བསྒྲེང་བ་ནི་དུས་མཚན་མོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་གུང་མོ་གྱེན་དུ་བསྒྲེང་བ་ནི་དྲག་མོའི་ཕྱག་རྒྱ་སྟེ་ཏྲི་ཤཱུ་ལའོ། །ཕྱག་རྒྱ་དེ་ཉིད་ལས་པདྨ་འཛིན་པའི་ཚུལ་དུ་བྱས་པ་ནི་ཚངས་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གུང་མོའི་རྒྱབ་ཀྱི་ཚིགས་གསུམ་པོར་སྤྲད་པ་ནི་གཞོན་ནུ་མའི་མདུང་ཐུང་གི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་རྩེ་མོར་གཞག་གོ། །ཁྱབ་འཇུག་མའི་འཁོར་ལོའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གྱེན་དུ་བསྒྲེང་ངོ་། །ཕག་མོའི་ཕྱག་རྒྱ་སྟེ་ཐོ་བའོ། །ཕྱག་རྒྱ་དེ་ཉིད་ལས་ལག་པ་སྣོད་ལྟ་བུར་བྱའོ། །ཙ་མུཎྜིའི་ཕྱག་རྒྱ་སྟེ་ཐོད་པའོ། །བདེན་བྲལ་གྱི་ཕྱག་རྒྱ་རལ་གྲི་ནི་སྔ་མ་བཞིན་ནོ། །ཁྱབ་འཇུག་གི་ཕྱག་རྒྱ་འཁོར་ལོ་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་ལག་པ་


DKG086_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཡོན་ཕྱོགས་ནས་བསྟོད་དེ་བསྐོར་བ་ནི་དགའ་བོ་དང་བསྙེན་དགའ་བོའི་སྤྲིན་གྱི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་གསུམ་གྱེན་དུ་བསྒྲེང་བ་ནི་བདེ་བྱེད་ཀྱི་མདུང་རྩེ་གསུམ་པའི་ཕྱག་རྒྱའོ། །ཕྱག་རྒྱ་དེ་ཉིད་ལས་སོར་མོ་དེ་དག་དྲང་པོར་བྱས་པ་ནི་ཨུ་མ་པ་ཏི་སྱའི་ཕྱག་རྒྱའོ། ། ཟླ་བའི་ཕྱག་རྒྱ་ནི་པདྨ་སྔ་མ་བཞིན་ཏེ། ཁྱད་པར་དུ་དཀར་པོ་བྱའོ། །ལག་པ་དེ་ཉིད་གཉིས་ཀ་གཤིབས་ཏེ་བཀན་ལ་མཛུབ་མོ་དང་སྲིན་ལག་གཉིས་ངོས་སུ་དགུག་གོ། །ཉི་མའི་ཕྱག་རྒྱ་སྟེ་ཤིང་རྟའོ། །ལག་པ་དེ་གཉིས་ཀ་གཅིག་ཏུ་ཐལ་མོ་སྦྱར་ལ་གུང་མོ་དང་། སྲིན་ལག་གཉིས་གཞུ་འདྲ་བར་བྱའོ། །རྒྱལ་བ་དང་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །བ་དན་གྱི་ཕྱག་རྒྱ་ནི་སྔ་མ་བཞིན་ཏེ་རླུང་གིའོ། །དེ་བཞིན་དུ་ལག་པ་གཡོན་པ་ལྟེ་བའི་ཕྱོགས་སུ་བཀན་ལ་སོར་མོ་གཉིས་བསྒྲེང་སྟེ་གཟུང་ངོ་། །ལག་པ་གཡས་པ་དེ་ལ་ཕྱོགས་པར་བྱས་ཏེ། པི་བང་ལེན་པ་ལྟ་བུར་བྱས་པ་ནི་དབྱངས་ཅན་གྱི་ཕྱག་རྒྱ་སྟེ་པི་བང་ངོ་། །ཆུ་ལྷའི་ཕྱག་རྒྱ་ནི་ཞགས་པ་སྟེ་སྔ་མ་བཞིན་ནོ། །དབྱངས་ཅན་གྱི་ཕྱག་རྒྱ་སྟེ་དེ་ཉིད་ལས་མཛུབ་མོ་དགུག་གོ། །ལྷ་མ་ཡིན་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ག་ར་ལ་ཡཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་བརྐྱང་ངོ་། །དྲི་ཟའི་ཕྱག་རྒྱ་སྟེ་གསང་སྔགས་ལ། བི་ཤུདྡྷ་སྭ་ར་བ་ཧི་ནེ་སྭཱ་ཧཱ།ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་དགུག་གོ། །གནོད་སྦྱིན་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ཡཀྵེ་ཤྭ་ར་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་རྩེ་མོ་སྦྱར་རོ། །གནོད་སྦྱིན་མ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ཡཀྵ་བིདྱཱ་དྷཱ་རཱི་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་བརྐྱང་ངོ་། །ཤ་ཟ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། པི་ཤཱ་ཙེ་ག་ཏི་སྭཱ་ཧཱ། གུང་མོ་དེ་ཉིད་བཀུག་ལ་གཟུང་ངོ་། །ཤ་ཟ་མོ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། མི་ཙི་མི་ཙི་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཐེ་བོ་གཉིས་གྱེན་དུ་བསྒྲེང་སྟེ་གཟུང་ངོ་། །གཟའ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། གྲ་ཧེ་ཤྭརྱ་པྲཱཔྟ་ཛྱོ་ཏིར་མ་ཡ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་མཐེ་བོ་


DKG086_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཟློག་སྟེ་སྦྱར་རོ། །རྒྱུ་སྐར་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ནཀྵ་དྲ་ནི་ར་ནཱ་ད་ནཱི་ཡེ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་གཉིས་བཀུག་སྟེ་ལག་མཐིལ་དུ་གཞག་གོ། །གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། རཱཀྴ་སཱ་དྷི་པ་ཏ་ཡེ་སྭཱ་ཧཱ། སྲིན་པོ་རྣམས་ཀྱི་ཕྱག་རྒྱ་དང་གསང་སྔགས་སོ། །ལག་པ་གཡས་པ་ཁར་གཞག་སྟེ་ལྕེ་ལ་རེག་པར་བྱའོ། །མཁའ་འགྲོ་མ་རྣམས་ཀྱི་ཕྱག་རྒྱ་སྟེ། གསང་སྔགས་ལ། ན་མཿས་མནྟ་བུད་དྷཱ་ནཱཾ། ཧྲཱིཿཧ། གསང་བ་པའི་བདག་པོ་དེ་ལྟ་བུ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ། བྱང་ཆུབ་སེམས་དཔའི་མཚན་མར་གྱུར་པའི་ཕྱག་རྒྱ་རབ་འབྱམ་རྣམས་ཏེ། གསང་བ་པའི་བདག་པོ་འོན་ཀྱང་ཅི་ཙམ་དུ་ཡན་ལག་བསྐྱོད་པ་དེ་དག་ཀུན་ཕྱག་རྒྱ་རྒྱས་པར་རིག་པར་བྱའོ། །ཅི་ཙམ་དུ་ལྕེ་བསྐྱོད་པ་དེ་དག་ཀུན་ཀྱང་གསང་སྔགས་བསྟན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་ཡིད་ཀྱིས་དེ་བཞིན་གཤེགས་པའི་ས་ལ་གནས་ཏེ་དཀྱིལ་འཁོར་བྲི་བར་བྱའོ། །གཞན་དུ་བྱས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་ཀྱང་བསླུས་པར་འགྱུར་ཏེ། དམ་ཚིག་ལས་འདས་པས་ངེས་པར་ངན་སོང་དུ་འགྲོ་བར་འགྱུར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཕྱག་རྒྱ་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་ཐམས་ཅད་དུ་འཇུག་པའི་སྒོའི་ཆོས་ཀྱི་རྣམ་གྲངས་ཉོན་ཅིག །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔས་ཨ་ཞེས་བྱ་བ་ལ་གནས་ཏེ། དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ། ན་མཿས་མནྟ་བུདྷཱ་ཎཱཾ། ས། ན་མཿས་མནྟ་བཛྲ་ཎཱཾ། བ། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ།


DKG086_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན། ན་མཿས་མནྟ་བུད་དྷཱ་ནཱཾ།ཨ། ན་མཿས་མནྟ་བུད་དྷཱ་ནཱཾ། སཱ། ན་མཿས་མནྟ་བཛྲཱ་ཎཱཾ། བཱ། ཀཱ་ཁཱ་གཱ་གྷཱ། ཙཱ་ཚཱ་ཛཱ་ཛྷཱ། ཊཱ་ཋཱ་ཌཱ་ཌྷཱ། ཏཱ་ཐཱ་དཱ་དྷཱ། པཱ་ཕཱ་བཱ་བྷཱ་མཱ། ཡཱ་རཱ་ལཱ་ཝཱ། ཤཱ་ཥཱ་སཱ་ཧཱ། དཱ་ཉཱ་ཎཱ་ནཱ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨྃ། ན་མཿ ས་མནྟ་བུད་དྷཱ་ནཱཾ། སྃ། ན་མཿས་མནྟ་བཛྲཱ་ཎཱཾ། པྃ། ཀྃ་ཁྃ་གྃ་གྷྃ། ཙྃ་ཚྃ་ཛྃ་ཛྷྃ། ཊྃ་ཋྃ་ཌྃ་ཌྷྃ། ཏྃ་ཐྃ་དྃ་དྷྃ། པྃ་ཕྃ་བྃ་བྷྃ་མྃ། ཡྃ་རྃ་ལྃ་ཝྃ། ཤྃ་ཥྃ་སྃ་ཧྃ། ངྃ་ཉྃ་ཎྃ་ནྃ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨཿ། ན་མཿས་མནྟ་བུད་དྷཱ་ནཱཾ། སཿ། ན་མཿས་མནྟ་བཛྲཱ་ཎཱཾ། བཿ། ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། གསང་བ་པའི་བདག་པོ་དེ་ལྟར་ན་འདི་ནི་ཡི་གེའི་ཚུལ་ལ་མཁས་པའི་ཆོས་ཀྱི་རྣམ་གྲངས་ཏེ། གསང་སྔགས་ཀྱི་ཚུལ་ལ་རྣམ་པར་གནས་པའི་ཆོ་ག །ལྷ་ཡོངས་སུ་གཟུང་བའི་ཆོ་ག དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚུལ་ལ་མཁས་པ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་རོལ་མོ་སྟེ། འདས་པ་དང་ད་ལྟར་དང་མ་འོངས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་བཤད་འཆད་འཆད་པར་འགྱུར་རོ། །གསང་བ་པའི་བདག་པོ་ངས་ནི་སངས་རྒྱས་ཀྱི་ཞིང་རབ་འབྱམ་གང་དག་ན། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་རྣམ་གྲངས་འདི་མི་འཆད་པ་མ་མཐོང་ངོ་། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། གསང་སྔགས་ཀྱི་ཆོ་ག་ཤེས་པར་འདོད་ན་ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་རྣམ་གྲངས་ལ་མངོན་པར་བརྩོན་པར་བྱའོ། །ཀ་དང་ཙ་དང་ཊ་དང་ཏ་དང་པ་རྣམས་ཐོག་མ་དང་ཐ་མ་དང་། དབུས་དང་ལྡན་ན་ཏིང་ངེ་འཛིན་གྱི་ཚོགས་ལ་འཇུག་པས་བྱང་ཆུབ་དང་སྤྱོད་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་པ་དང་བཅས་པར་ཐོབ་པར་བྱེད་དོ། །དེ་བས་ན་གསང་སྔགས་ཀྱི་ཆོ་ག་ལ་དང་པོ་ལ་སོགས་པའི་ཐ་སྙད་དང་


DKG086_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་གྱུར་པ་དེ་དག་ཉིད་ཐོག་མ་དང་ཐ་མ་དང་དབུས་དང་ལྷན་ཅིག་ཏུ་གྱུར་པར་ཤེས་པར་བྱ་སྟེ། གསང་སྔགས་ཀྱི་ཚིག་རེ་རེ་ལ་ཅི་ལྟར་འདོད་པར་ངེས་པར་སྦྱར་བར་བྱའོ། །བློ་ཡིས་རྣམ་པར་རྟོགས་ན་ནི། །དེ་དག་བླ་མེད་གནས་མཆོག་སྟེ། །དེ་ལྟར་འདི་ནི་འཁོར་ལོ་གཅིག་སྟེ་འཁོར་ལོ་བཞིན་དུ་ཡོངས་སུ་འཁོར་བ་ནི་ཡི་གེའི་འཁོར་ལོའོ། །སྔགས་པས་ཡི་གེའི་འཁོར་ལོ་དེ་ཤེས་ན་རྟག་ཏུ་ཅི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་ལོ་བསྐོར་བ་བཞིན་དུ་རྣམ་པར་མཛེས་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་འཇུག་པའི་སྒོ་ཆོས་ཀྱི་ཡི་གེའི་ཚུལ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་སྤྱན་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གཟིགས་ནས། ཆོས་ཀྱི་དབྱིངས་མི་ཟད་པ་བཀོད་པ་བསྟན་པ་དང་གསང་སྔགས་ཀྱི་སྤྱད་པ་མངོན་པར་བསྒྲུབ་པ་འདི་ཉིད་ཀྱིས་སེམས་ཅན་རྣམས་མ་ལུས་པ་གདོན་པར་ཐུགས་དམ་བཅས་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཆོས་ཀྱི་དབྱིངས་ཀྱི་མཛོད་ཀྱི་མཐུ་རླབས། དེ་བཞིན་གཤེགས་པའི་མཉམ་པ་ཉིད་བཀོད་པའི་སྙིང་པོ་ཅན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་དེ་ཉིད་ཀྱི་ཚེ་སེམས་ཅན་གྱི་ཁམས་མ་ལུས་པ་ངེས་པར་འབྱུང་བར་བྱེད་པའི་སྒོ་བ་སྤུའི་བུ་ག་ཐམས་ཅད་ནས་བསམ་པ་ཇི་ལྟ་བ་བཞིན་ལས་དང་ཚེ་དང་རྣམ་པར་སྨིན་པའི་འབྲས་བུ་ཟ་བ་དང་། ཟར་འཇུག་པའི་གཟུགས་དང་། ཁ་དོག་དང་། དབྱིབས་དང་། ང་རོ་དང་། འགྲོ་བ་དང་། སྤྱོད་པ་དང་། ངེས་པའི་ཚིག་བརྗོད་པ་སེམས་ཅན་ཐམས་ཅད་སོ་སོ་སོ་སོར་ཡང་དག་པར་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་ཀྱིས་རྣམ་པར་བསྐྱེད་པའི་སྐུ་རྣམས་བྱུང་བར་གྱུར་ཏོ། །བྱུང་ནས་ཀྱང་ནམ་མཁའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་རབ་འབྱམ་རྣམས་སུ་སྒྲ་དབྱངས་གཅིག་གིས་ཆོས་ཀྱི་དབྱིངས་ཁྱབ་པར་རྣམ་པར་རིག་པར་བྱེད་པ། དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བའི་ཚིགས་སུ་བཅད་པ་འདི་སྒྲོགས་པར་གྱུར་ཏོ། །ཆོས་ཀྱི་མཚན་ཉིད་གང་ལས་ནི། །ཆོས་རྣམས་དག་ནི་ཐམས་ཅད་དང་།


DKG086_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་དང་ཉན་ཐོས་དང་། །རང་རྒྱལ་སྐྱོབ་པ་རྣམས་དང་ནི། །བྱང་ཆུབ་སེམས་དཔའ་དཔའ་བོ་དང་། །དེ་བཞིན་རྒྱལ་བ་མཆོག་རྣམས་དང་། །སེམས་ཅན་སྣོད་ཀྱི་འཇིག་རྟེན་དག །བཏགས་པ་རིམ་པ་བཞིན་འབྱུང་ཞིང་། །ཆོས་རྣམས་སྐྱེ་དང་གནས་པ་དག །གང་ལས་རྟག་ཏུ་འབྱུང་འགྱུར་བ། །ཤེས་རབ་ཐབས་དང་ལྡན་འགྱུར་ཞིང་། །ཡིད་གཉིས་སོམ་ཉི་དང་བྲལ་བ། །རྫོགས་སངས་རྒྱས་ཀྱིས་རབ་བཤད་པའི། །ལམ་འདི་ཁྱེད་ཀྱིས་བསྒོམ་པར་གྱིས། །དེ་ནས་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ལས་བྱུང་བ་དེ་དག་གིས་ཆོས་ཀྱི་དབྱིངས་ཐམས་ཅད་རང་གི་སྐུ་རྣམ་པར་རིག་པར་བྱེད་པ། སྤྲུལ་པའི་སྤྲིན་གྱིས་ཡོངས་སུ་བཀང་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་དབང་ཙམ་གྱིས་བ་སྤུའི་བུ་ག་ཐམས་ཅད་ནས་སངས་རྒྱས་འབྱུང་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་བྱིན་གྱིས་བརླབས་ཏེ། རང་རང་གི་ཆོས་ཀྱི་དབྱིངས་ཀྱི་གནས་སུ་ཞུགས་པར་གྱུར་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་བའི་དཀྱིལ་འཁོར་རྣམ་པར་དགོད་པ་ལྷ་རྣམས་ཀྱི་གནས་ཡང་དག་པར་གནས་པར་བསམ་པ་ས་བོན་དང་བཅས་པས་མཚན་པ་ཡོད་ཀྱིས། དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་པ། དང་པོར་སྔགས་པས་དཀྱིལ་འཁོར་དེ། །རང་གི་ལུས་ལ་དགོད་བྱས་ཏེ། །རྐང་པ་ནས་ནི་ཆུ་སོ་ལ། །ཐུག་གི་བར་དུ་ས་ཡིར་བསམ། །དེ་ནས་གྲོང་དུ་སྙིང་གའི་བར། །སྡོམ་བརྩོན་ཅན་གྱིས་ཆུ་ཡིར་བསམ། །ཆུ་ཡི་ཡན་ཅད་མེ་ཡི་སྟེ། །མེ་ཡི་ཡན་ཅད་རླུང་ཡིན་ནོ། །བསམས་ནས་དེ་ནས་མཁས་པ་ཡིས། །ས་ལ་གཟུགས་བརྙན་གཞག་པར་བྱ། །དེ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་ཞུགས་ནས་ཆོས་མཉམ་པ་ཉིད་ལ་བལྟས་ཏེ། མ་འོངས་པའི་


DKG086_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་རྣམས་ལ་བརྟགས་ནས་རིག་སྔགས་ཀྱི་རྒྱལ་པོ་ཐེ་ཙོམ་ཐམས་ཅད་གཅོད་པར་བྱེད་པ་འདི་སྨྲས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ས་མ་པ་ཏི་དྷརྨྨ་དྷཱ་ཏུ་ཀཱ་རྱ་ག་ཏི་ག་ཏཱ་ནཱཾ། སརྦྦ་ཐཱ། ཨྃ་ཁྃ་ཨྃ་ཨ། སྃ་ས་ཧྃ་ཧ། རྃ་ར་བྃ་བ་སྭཱ་ཧཱ། ཧཱུྃ་མ་ཧཱ་སྭཱ་ཧཱ། རྃ་ར་སྭཱ་ཧཱ། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་རྒྱལ་པོ་ཆེན་པོ་འདི་སྨྲས་མ་ཐག་ཏུ་དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་གཡས་པ་བརྐྱང་སྟེ་ཕྱག་ན་རྡོ་རྗེའི་སྤྱི་བོར་བཞག་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འདི་སྐད་ཅེས་གསུངས་སོ། ། རིགས་ཀྱི་བུ་གང་ཁྱོད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ས་ལ་ཞུགས་ནས། ཐམས་ཅད་དུ་གསང་སྔགས་ཀྱི་ཚུལ་ལ་མཉམ་པ་ཉིད་དུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བར་བྱ་བར་འདོད་པའི་ཕྱིར། གསང་སྔགས་ཀྱི་རྒྱལ་པོ་འདི་སྨྲས་པ་ལེགས་སོ་ལེགས་སོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། ཚིག་བཅུ་གཉིས་པོ་འདི་དག་གིས་ཆོས་ཀྱི་དབྱིངས་རྣམ་པར་དཔྱད་ཅིང་བདུད་བཞི་ཕམ་པར་བྱས་ནས་ཆོས་ཀྱི་དབྱིངས་ནས་བྱུང་བ་འདི་དག་གནས་གསུམ་ནས་བྱུང་སྟེ། བདུད་སྡིག་ཅན་རྣམས་བཏུལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་བརྙེས་ནས་ནམ་མཁའ་ཚད་མེད་པའི་ཕྱིར་སྐུ་ཚད་མེད་པ་བརྙེས་པར་གྱུར། དེ་བཞིན་དུ་གསུང་དང་ཐུགས་ཚད་མེད་པ་ཡང་བརྙེས་པར་གྱུར་ཏོ། །དེ་ལྟར་ཡེ་ཤེས་ཚད་མེད་པ་དང་ལྡན་ཞིང་། ཆོས་ཐམས་ཅད་ལ་དབང་ཐོབ་པས་འདི་ལྟར་གསང་སྔགས་ཀྱི་རྒྱལ་པོ་ཚིག་བཅུ་གཉིས་པོ་འདི་དག་ཉིད་ལས་བརྩམས་ཏེ། ཆོས་འཆད་དོ། །རིགས་ཀྱི་བུ་ཁྱོད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ལ་ཞུགས་པས་ན་རྫོགས་པའི་སངས་རྒྱས་བཞིན་དུ་སྣང་ངོ་། །ཐམས་ཅད་མཁྱེན་པ་རྫོགས་སངས་རྒྱས། །བཅོམ་ལྡན་རྣམ་པར་སྣང་མཛད་ལ། །སྔགས་སྤྱད་ཚིག་མཆོག་ཞུས་ཤིག་དང་། །ཆོ་ག་


DKG086_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པ་བཀའ་སྩལ་ཏོ། །ངེད་ཀྱང་སྔོན་ནི་འདི་རྣམས་ཀྱིས། །བླ་མེད་བྱང་ཆུབ་རྟོགས་ནས་སུ། །མྱ་ངན་འདས་ལམ་འགྲོ་བ་ཡི། །མཉམ་པ་མེད་པའི་ཆོས་བཤད་པ། །འཇིག་རྟེན་ཁམས་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་རྣམས་དཔང་དུ་གྱུར། །དེ་ནས་དཔལ་ལྡན་རྡོ་རྗེ་འཛིན། །བསམ་པ་མཆོག་རབ་མགུ་གྱུར་པ། །རྫོགས་སངས་རྒྱས་ཀྱིས་བྱིན་བརླབས་པས། །འདི་སྐད་ཅེས་ནི་ཚིག་སྨྲས་པ། །ཆོས་འདི་རྣམས་ནི་མཚན་ཉིད་མེད། །ངོ་བོ་ཉིད་མེད་གནས་མེད་པ། །ལས་དང་ཚེ་ལས་རྣམ་པར་གྲོལ། །རྫོགས་པའི་སངས་རྒྱས་འདྲ་བར་འདོད། །ཐུགས་རྗེས་མངའ་ནི་མཛད་པ་ཡི། །མགོན་པོ་རྣམས་ཀྱི་ཐབས་ཀྱིས་ནི། །རྣམ་པར་སྤྲུལ་ནས་ཆོས་རྣམས་ཀྱི། །མཚན་ཉིད་འདི་དག་རྟོགས་པར་འགྱུར། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་ཆེད་དུ་བརྗོད་པའི་ཚིགས་སུ་བཅད་པ་དེ་སྨྲས་ནས། མ་འོངས་པའི་འགྲོ་བ་རྣམས་ལ་བལྟས་ཏེ། སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་དཀྱིལ་འཁོར་ཆེན་པོ་འདིའི་ཐེ་ཙོམ་གཅད་པའི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཞུས་པ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཀུན་མཁྱེན་སྙུན་དང་བྲལ་བའོ། །ཐེ་ཙོམ་ཐམས་ཅད་གཅོད་མཛད་པ། །འདྲེན་པ་ཁྱེད་ལ་ཞུ་བ་ནི། །དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །ཅི་ཞིག་བགྱི་བ་འདྲེན་པས་གསུངས། །ཐུབ་པ་ཆེན་པོ་སློབ་དཔོན་དང་། །སློབ་མའང་རྣམ་པ་དུ་རུ་བཤད། །ས་གཞི་ཅི་འདྲར་འཚལ་བར་བགྱི། །དེ་ཡང་ཅི་ལྟར་སྦྱང་བར་བགྱི། །ཅི་ལྟར་ས་ནི་དག་པར་འགྱུར། །ཅི་ལྟར་དེ་ནི་བརྟན་པ་ལགས། །སློབ་མའི་དགོས་པ་གང་གིས་བགྱི། །སྦྱང་བའང་འདྲེན་པས་བཀའ་སྩོལ་ཅིག །དག་པའི་མཚན་མ་ཅི་འདྲ་དང་། །གང་གིས་དེ་དག་བསྲུང་བར་བགྱི། །ས་ནི་གང་གིས་བྱིན་གྱིས་བརླབ། །དེར་ནི་དང་པོ་གང་གིས་བརྟག །ས་ཡི་ཆ་ལས་ཐིག་གདབ་པའི། །སྲད་བུ་རྣམ་པ་དུ་འཚལ་བགྱི། །མཆོད་པ་རྣམ་པ་དུར་འཚལ་བགྱི། །མེ་ཏོག་བདུག་སྤོས་ཅི་འདྲར་དང་། །མེ་ཏོག་དང་ནི་བདུག་སྤོས་དག །ཅི་ལྟར་དབུལ་བ་འདྲེན་པས་གསུང་། །ལྷ་བཤོས་སྦྱིན་སྲེག་ལས་རྣམས་ཀྱང་། །གང་དག་ལས་ནི་


DKG086_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བགྱི། །ལྷ་རྣམས་ཀྱི་ནི་གདན་དག་ཀྱང་། །གང་ལ་གང་གིས་བགྱི་བ་གསུངས། །ཁ་དོག་དབྱིབས་དང་གཟུགས་རྣམས་ཀྱང་། །གོ་རིམས་བཞིན་དུ་མགོན་པོས་གསུངས། །ལྷ་རྣམས་དང་ནི་ཕྱག་རྒྱ་དང་། །གདན་གྱི་ཚད་ཀྱང་བཤད་དུ་གསོལ། །ཕྱག་རྒྱ་རྣམས་ནི་གང་ནས་བྱུང་། །ཅི་ཕྱིར་ཕྱག་རྒྱ་ཞེས་ཀྱང་བགྱི། །དབང་བསྐུར་རྣམ་པ་དུ་འཚལ་བགྱི། །དམ་ཚིག་རྣམ་པ་དུ་ཞིག་མཆིས། །སྔགས་སྤྱད་པ་ལ་བརྩོན་པ་ཡི། །སྔགས་པ་བྱང་ཆུབ་སེམས་དཔའ་དང་། །ཐམས་ཅད་མཁྱེན་པར་ཅི་ལྟར་འགྱུར། །ཅི་ལྟར་བདེན་པ་མཐོང་བར་འགྱུར། །དངོས་གྲུབ་རྣམ་པ་དུ་འཚལ་བགྱི། །གྲུབ་པའི་དུས་ཀྱང་བཀའ་སྩོལ་ཅིག །གྲུབ་ནས་ནམ་མཁར་འགྲོ་བ་དང་། །ཅི་ལྟར་མི་སྣང་འགྱུར་བ་དང་། །གཙོ་བོ་ལུས་འདི་མ་བོར་བར། །ཅི་ལྟར་ལྷ་ཡི་ལུས་ཐོབ་འགྱུར། །སྤྲུལ་པ་རྣམས་ནི་སྣ་ཚོགས་པ། །དེ་ལ་གང་ནས་འབྱུང་བར་འགྱུར། །ཉི་ཟླ་མེ་དང་ཕྱོགས་རྣམས་དང་། །རྒྱུ་སྐར་གཟའ་དང་སྐར་མ་དང་། །ཡུད་ཙམ་དང་ནི་ཐང་ཅིག་དང་། །རྒ་དང་འཆི་དང་རྒུད་པ་དང་། །ལྟས་ངན་དག་ནི་ཐམས་ཅད་ཀྱང་། །དེ་ལ་ཅི་ལྟར་འབྱུང་མི་འགྱུར། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །སྔགས་པ་ཅི་ལྟར་འབྲལ་མི་འགྱུར། །སྦྱིན་སྲེག་ལས་དང་མེ་དག་དང་། །ཚིམ་པར་བགྱི་བ་དུ་འཚལ་བགྱི། །ལྷ་རྣམས་ཀྱང་ནི་སོ་སོ་ཡི། །ངོ་བོ་ཉིད་ནི་འདྲེན་པས་གསུངས། །འཇིག་རྟེན་པ་ཡི་སྔགས་རྣམས་དང་། །དེ་བཞིན་འཇིག་རྟེན་འདས་པ་ཡི། །ཚད་དང་འབྲས་བུ་གྲངས་རྣམས་དང་། །ཏིང་ངེ་འཛིན་གྱི་ཁྱད་པར་དང་། །ལས་ཀྱི་རྣམ་པ་གང་དུ་སྨིན། །ཅི་ལྟར་རྣམ་པར་སྨིན་མི་འགྱུར། །སྔགས་པ་རྣམས་ནི་ནམ་ཞིག་ན། །ལས་དང་ཚེ་ལས་རྣམ་གྲོལ་འགྱུར། །དེ་ནས་ཀུན་མཁྱེན་རྫོགས་སངས་རྒྱས། །བཅོམ་ལྡན་སྙུན་དང་བྲལ་བ་ཡིས། །རྡོ་རྗེ་འཛིན་ལ་འདི་སྐད་གསུངས། ། སྙིང་རྗེ་ཆེན་པོའི་རྩ་ལས་འབྱུང་། །གསང་བའི་དཀྱིལ་འཁོར་རྣམ་དགོད་པ། །ལྷ་རྣམས་ཀྱི་ནི་རྣམ་ངེས་པ། །ཐེག་པ་ཆེན་པོའི་གོ་འཕང་མཆོག །རྫོགས་སངས་རྒྱས་ཀྱི་རབ་གསུང་བ། །དཔའ་བོ་ཆེར་འབྱུང་ཁྱོད་ཀྱིས་གང་། །ཡོངས་སུ་དྲིས་པ་དེ་ལེགས་སོ། །ལག་ན་རྡོ་རྗེ་སྟོབས་


DKG086_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ། །མདོར་ནི་བསྡུས་ནས་བཤད་པར་བྱ། །དཀྱིལ་འཁོར་གྱི་ནི་སྔོན་རོལ་དུ། །བྱ་བ་རྣམས་ནི་དེས་པས་ཉོན། །སོ་སོའི་ལས་རྣམས་འདོད་པ་ཡིས། །ཚུལ་ཤེས་པས་ནི་ཅི་རིགས་པར། །རང་གི་ཏིང་འཛིན་ལ་གནས་ཏེ། །རིག་སྔགས་རྒྱལ་པོ་སྟོབས་པོ་ཆེ། །ཡན་ལག་བཅུ་གཉིས་ཚིག་འབྱུང་བ། །གོ་རིམས་བཞིན་དུ་བཟླས་བརྗོད་བྱ། །གསང་སྔགས་ཕྱག་རྒྱ་རྟོགས་ཤེས་པའི། །སློབ་དཔོན་རྣམ་པ་གཉིས་ཤེས་བྱ། །ཟབ་དང་མི་ཟབ་བྱེ་བྲག་ལས། །དེ་ཡི་མཚན་ཉིད་ཤེས་པར་བྱ། །ཟབ་མོ་རྒྱ་ཆེར་ཤེས་པར་བྱ། །ལུས་ཅན་རྣམས་ནི་ཡིད་མི་རྟོན། །སངས་རྒྱས་རྣམས་ཀྱི་སྲས་མཆོག་སྟེ། །མཐོང་བའི་ཆོས་ནི་རྣམ་པར་སྤངས། །གཉིས་པ་མཐོང་བའི་ཆོས་རྣམས་ཀྱིས། །མྱོས་པར་གྱུར་པ་དམིགས་པ་ཅན། །སངས་རྒྱས་རྐང་གཉིས་མཆོག་རྣམས་ཀྱིས། །འཇིག་རྟེན་པ་ཡི་དཀྱིལ་འཁོར་ཀུན། །དེ་ཡིས་བྲི་བར་བྱ་བའི་ཕྱིར། །རྗེས་སུ་གནང་ཞིང་དབང་ཡང་བསྐུར། །དུས་དང་དུས་མིན་བྱེ་བྲག་ལས། །སློབ་མ་རྣམ་བཞིར་ཤེས་བྱ་སྟེ། །གཅིག་ནི་དེ་ཡི་མོད་ལས་བསྒྲུབ། །གཉིས་སུ་བསྒྲུབ་དང་གཉི་གར་མིན། །མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །སློབ་མ་དེ་ནི་རྒྱལ་བའི་མཆོག །ས་ནི་དང་པོར་ཤེས་བྱ་བ། །སེམས་ཀྱི་སར་ནི་བཤད་པར་བྱ། །སྦྱང་བ་སྔར་ནི་བསྟན་པ་སྟེ། །དེ་ཡིས་དེ་ནི་ཡོངས་སུ་སྦྱང་། །ནམ་ཞིག་ཉེས་དང་བྲལ་བ་ན། །སེམས་ཀྱི་ས་ནི་མི་འཇིགས་པ། །དེ་ཚེ་དེ་ནི་དག་པ་སྟེ། །ཉེས་པ་ཐམས་ཅད་རྣམ་པར་སྤངས། །མངོན་པར་བྱང་ཆུབ་མཐོང་བས་ན། །དེ་ལྟར་དེ་ནི་བརྟན་ཞེས་བྱ། །དེ་ལས་གཞན་དུ་ས་སྦྱོང་བ། །དེ་ནི་དག་པར་མི་འགྱུར་རོ། །སྔགས་པ་རྟོག་ལ་གནས་ནས་སུ། །གང་ཞིག་ས་སྦྱོང་བྱེད་པ་ནི། །བྱང་ཆུབ་སེམས་ནི་རྣམ་སྤངས་པས། །གསང་བའི་བདག་པོ་དེ་མི་འདག །དེ་བས་རྟོག་པ་རྣམ་སྤངས་ནས། །ས་ཀུན་རྣམ་པར་སྦྱང་བར་བྱ། །ང་ཡིས་དཀྱིལ་འཁོར་རྣམས་ཀྱི་ནི། །ཆོ་ག་རྒྱས་པ་གང་བསྟན་པ། །དེ་དག་ཐོག་མར་བསྟན་པ་ནི། །རྨོངས་པ་རྣམས་ཀྱིས་མི་ཤེས་ཏེ། །རྟོག་པ་སྡུག་བསྔལ་རྒྱུར་གྱུར་པ། །ཅི་


DKG086_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་མ་སྤངས་བར་དུ་ནི། །འཇིག་རྟེན་འདི་ནས་སངས་རྒྱས་མིན། །ཀུན་མཁྱེན་ཞེས་ཀྱང་མི་བྱའོ། །སློབ་མ་རྣམས་ལ་ནན་ཏན་དུ། །བྱང་ཆུབ་སེམས་ཀྱིས་སྦྱང་བར་བྱ། །བསྲུང་བ་མི་གཡོ་མགོན་པོའམ། །ཁམས་གསུམ་རྣམ་པར་རྒྱལ་བས་བྱ། །སློབ་མ་ནམ་ཞིག་དམིགས་པ་ཡིས། །ནམ་ཡང་གཡོས་པར་མི་འགྱུར་བ། །དེ་ཚེ་དྲི་མེད་ནམ་མཁའ་བཞིན། །ཡང་དག་པར་ནི་དག་པར་འགྱུར། །ས་བྱིན་གྱིས་བརླབ་དང་པོ་ནི། །རྫོགས་སངས་རྒྱས་ཀྱིས་བྱ་བར་བཤད། །གཉིས་པ་སེམས་ཀྱི་དབང་གིས་ཏེ། །འདིར་ནི་གཞན་དུ་མི་བྱའོ། ། སྲད་བུ་རྣམ་པ་བཞིར་བཤད་དེ། །དཀར་པོ་སེར་པོ་དམར་པོ་དང་། །ནག་པོ་ཞེས་ནི་བྱ་བར་བརྗོད། །ལྔ་པ་ནམ་མཁའ་ལྟ་བུར་བཤད། །བར་སྣང་ལ་ནི་བཟུང་ནས་སུ། །དེར་ནི་དཀྱིལ་འཁོར་བརྟག་པར་བྱ། །སྲད་བུ་དག་ནི་གཉིས་པ་ཡིས། །ས་ལ་དཀྱིལ་འཁོར་དགོད་པར་བྱ། །སངས་རྒྱས་རྣམས་ནི་ཐམས་ཅད་དང་། །དེ་སྲས་བློ་ཅན་རྣམས་ཀྱི་གདན། །པདྨ་ཡིད་ལས་བྱུང་བའི་མཆོག །བཀྲ་ཤིས་འཇིག་རྟེན་རྣམས་ཀྱི་སྔགས། །རང་རྒྱལ་དང་ནི་དགྲ་བཅོམ་པ། །ཕྱོགས་གཅིག་ཤེས་པར་གང་གྲགས་པ། །དེ་དག་སྟན་དུ་ཤེས་བྱ་བ། །པདྨ་ལས་བྱུང་འདབ་མའོ། །འཇིག་རྟེན་གྱི་ནི་ལྷ་རྣམས་གང་། །ཚངས་ལ་སོགས་པ་འཇིག་རྟེན་གྲགས། །དེ་དག་སྟན་ནི་པདྨ་དམར། །རྒྱལ་པོ་རྣམས་ཀྱིས་བསྔགས་པའོ། །ཕལ་པ་རྣམས་ཀྱི་ཅི་རིགས་པར། །ས་ཡི་བྱེ་བྲག་དག་ལས་སམ། །མཆོད་པ་རྣམ་བཞིར་ཤེས་བྱ་སྟེ། །ཕྱག་འཚལ་ཐལ་མོ་སྦྱར་བ་དང་། །དེ་བཞིན་བྱམས་དང་སྙིང་རྗེ་དང་། །མེ་ཏོག་བདུག་སྤོས་འཇིག་རྟེན་པའི། །སོར་མོ་ལས་བྱུང་མེ་ཏོག་རྣམས། །སྐྱོབ་པ་ཀུན་ལ་དབུལ་བར་བྱ། །ཡན་ལག་ཀུན་འབྱུང་ཕྱག་རྒྱ་ནི། །བཅིངས་ནས་བྱང་ཆུབ་སེམས་བསྒོམས་ཏེ། །སོ་སོར་མགོན་པོ་ཐམས་ཅད་དང་། །དེ་སྲས་རྣམས་ལ་ནན་ཏན་བྱའོ། །འདི་ནི་སྐྱོན་མེད་མེ་ཏོག་སྟེ། །རབ་ཏུ་བསུང་ཞིམ་རྣམ་པར་མཛེས། །ཆོས་ཀྱི་དབྱིངས་ཀྱི་ལྗོན་ཤིང་རྣམས། །རྒྱལ་བ་མཆོད་པའི་ཕྱིར་བྱུང་བ། །ཏིང་འཛིན་དབང་གིས་སྒྱུར་བ་ཡི། །སྔགས་ཀྱིས་དེ་དག་བྱིན་གྱིས་བརླབས། །ཆོས་ཀྱི་དབྱིངས་


DKG086_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བ་ཡི། །སྤྲིན་མང་རྒྱ་ཆེ་དམ་པ་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །དེ་ཚེ་རྟག་ཏུ་ཆར་བཞིན་འབབ། །ལྷ་རྣམས་ཕལ་པ་གཞན་ལ་ནི། །མེ་ཏོག་འདི་རྣམས་བསྒྲགས་པ་སྟེ། །རང་གི་སྔགས་རྒྱུད་རྒྱས་ཤེས་པས། །ཅི་ལྟར་རིགས་པ་དབུལ་བར་བྱ། །དེ་བཞིན་མེ་ཏོག་བྱུག་སྤོས་རྣམས། །ཅི་ལྟར་རིགས་པར་རྣམ་པར་བསམ། །མཐེ་བོ་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བཤད་པ་སྟེ། །དེ་ཡིས་མེ་ཏོག་དེ་བླངས་ནས། །རང་གི་སྙིང་གའི་ཕྱོགས་ནས་དབུལ། །འཇིག་རྟེན་པ་ཡི་ལྷ་རྣམས་ལ། །ལྟེ་བའི་ཐད་ཀ་ནས་ཞེས་བྱ། །བདུག་སྤོས་རྡོ་རྗེ་ཁུ་ཚུར་རམ། །ཡང་ན་པདྨའི་ཕྲེང་བ་ཡིས། །བར་སྣང་ལ་ནི་བཟུང་ནས་སུ། །འཇིག་རྟེན་མགོན་སྐྱོབ་རྣམས་ལ་དབུལ། །དེ་ལས་གཞན་པ་འཇིག་རྟེན་པའི། །ལྷ་རྣམས་ལ་ནི་གོ་རིམས་བཞིན། །ཕྱི་དང་ནང་གི་བྱེ་བྲག་གིས། །སྦྱིན་སྲེག་རྣམ་པ་གཉིས་ཤེས་བྱ། ། ལས་དང་ཚེ་ལས་རྣམ་པར་གྲོལ། །སླར་ཡང་ས་བོན་འབྱུང་བ་སྟེ། །ལས་འདོད་པ་ཡིས་སྦྱིན་སྲེག་བྱ། །ནང་གི་སྦྱིན་སྲེག་ཞེས་སུ་བཤད། །ཕྱི་རོལ་གྱི་ནི་གསུམ་ལྡན་ཞིང་། །གནས་གསུམ་དང་ནི་གསུམ་ལ་གནས། །ལས་གསུམ་གྱི་ནི་ལས་གྲུབ་པ། །འཇིག་རྟེན་པ་ཡི་སྦྱིན་སྲེག་མཆོག །སྦྱིན་སྲེག་ལས་ནི་མི་ཤེས་པས། །གང་དག་གཞན་དུ་བྱེད་པ་ནི། །སྔགས་ཀྱི་ཤེས་པ་སྤངས་པ་སྟེ། །གླེན་དེས་འབྲས་བུ་མི་ཐོབ་བོ། །དེ་བཞིན་གཤེགས་པས་གསང་སྔགས་དང་། །དེ་བཞིན་རྫོགས་སངས་རྒྱས་ཀྱིས་གསུངས། །དཀར་དང་སེར་དུ་ཤེས་པར་བྱ། །ཕྱག་ན་རྡོ་རྗེ་ཐམས་ཅད་པ། །འཇིག་རྟེན་དབང་ཕྱུག་གསང་སྔགས་ནི། །ལས་ཀྱི་བྱེ་བྲག་དག་ལས་དཀར། །ཀུན་ཏུ་གྲུ་བཞི་ལྷམ་པ་དང་། །གོ་རིམས་བཞིན་དུ་ཟླུམ་པོ་དང་། །གྲུ་གསུམ་དང་ནི་ཟླ་གམ་འདྲ། །དབྱིབས་ནི་ལེགས་པར་བཤད་པ་ཡིན། །གཟུགས་ནི་གཉིས་སུ་ཤེས་བྱ་སྟེ། །བུད་མེད་དང་ནི་སྐྱེས་པ་ཉིད། །ཡང་ན་ཀུན་ཏུ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་གཟུགས་རྣམས་ཏེ། །བསམ་ཡས་ཡེ་ཤེས་ལས་བྱུང་བ། །དེ་བས་དེ་རྣམས་བསམ་ཡས་ཏེ། །ཡེ་ཤེས་མཁྱེན་གྱི་ཡེ་ཤེས་ནི། །སེམས་ཅན་དོན་ཕྱིར་ཐ་དད་གྱུར། །ཡིད་


DKG086_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱ་ནི་ཅི་ཙམ་པ། །སྟན་དང་ཕྱག་རྒྱ་དག་དང་ནི། །ལྷ་ཡི་ཚད་ཀྱང་གོ་རིམས་བཞིན། །དེ་ཙམ་དུ་ནི་ཤེས་པར་བྱ། །སངས་རྒྱས་གང་ནས་བྱུང་བ་ནས། །ཕྱག་རྒྱ་རྣམས་ཀྱང་དེ་ནས་བྱུང་། །ཆོས་ལས་བྱུང་བའི་སློབ་མ་རྣམས། །ཆོས་ཀྱི་ཕྱག་རྒྱས་གདབ་པར་བྱ། ། དེ་བས་མདོར་ན་ཆོས་ཀྱི་དབྱིངས། །མཚན་མ་ཕྱག་རྒྱ་ཡིན་པར་བཤད། །དབང་བསྐུར་གསུམ་དུ་ཤེས་བྱ་སྟེ། །དེ་བས་ནན་ཏན་མཉན་པར་གྱིས། །ཕྱག་རྒྱས་གང་ཞིག་དབང་བསྐུར་བ། །ལས་དང་བྱ་བ་སྤངས་པ་སྟེ། །སྐྱོབ་པ་རྣམས་ཀྱི་དབང་བསྐུར་བ། །དེ་ནི་མཆོག་སྟེ་དང་པོ་ཡིན། །གཉིས་པ་ལས་དང་བྱ་བ་ཡིས། །ཀུན་ནས་བསླང་བར་ཡང་དག་བཤད། །གསུམ་པ་ཡིད་ཀྱིར་ཤེས་བྱ་སྟེ། །ཡུལ་དང་དུས་ནི་སྤངས་པའོ། །བླ་མ་ལེགས་པར་མགུ་བྱས་ནས། །ཕན་པར་བྱེད་པ་གང་སྨྲས་པའི། །དབང་བསྐུར་འདི་ནི་མཆོག་ཡིན་པར། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་བསྒྲགས། །སངས་རྒྱས་རྣམས་ཀྱི་མདོར་ན་ནི། །དམ་ཚིག་ཅན་རྣམས་ལྔར་བཤད་དེ། །དཀྱིལ་འཁོར་འདི་ནི་མཐོང་བ་ལས། །དམ་ཚིག་ཤེས་པ་གཅིག་ཅེས་བྱ། །དེ་ལ་ཕྱག་རྒྱ་མི་བསྟན་ཅིང་། །སྔགས་ཀྱང་སྦྱིན་པར་མི་བྱའོ། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ལས། །སྔགས་དང་ཕྱག་རྒྱ་ཡོངས་སུ་བཟུང་། །དཀྱིལ་འཁོར་མཐོང་ཞེས་བྱ་བ་འདི། །དམ་ཚིག་ཅན་གཉིས་ཤེས་བྱ་སྟེ། །དཀྱིལ་འཁོར་དང་ནི་ཕྱག་རྒྱ་མཐོང་། །ལས་དང་བྱ་བ་ལ་ཡང་སྦྱར། །བླ་མས་ལུང་ནི་མ་བྱིན་པ། །དེ་ཡང་དམ་ཚིག་ཤེས་པར་བཤད། །ཕྱག་རྒྱ་དཀྱིལ་འཁོར་བྲི་བ་རྣམས། །དེ་ཚེ་ཆོ་ག་བཞིན་དུ་བསྟན། །གསང་བའི་ཡེ་ཤེས་འབྱུང་བ་ཡི། །དབང་བསྐུར་མེད་པའི་སྔགས་པའང་ཡིན། །གསང་བའི་དཀྱིལ་འཁོར་དབུས་སུ་ནི། །སྔགས་པ་ཆོ་གས་དབང་བསྐུར་བ། །དམ་ཚིག་ཤེས་པ་ལྔར་ཤེས་བྱ། །དམ་ཚིག་ཅན་ཞེས་གཞན་མི་བྱ། །བརྟུལ་ཞུགས་བཟང་པོ་བྱང་ཆུབ་ཕྱིར། །གང་ཞིག་སེམས་ནི་བསྒོམ་པ་ན། །སྔགས་པ་གནས་གསུམ་མི་དམིགས་པ། །དེ་ནི་བྱང་ཆུབ་སེམས་དཔའ་ཡིན། །ཐབས་ཀྱི་སྙིང་སྟོབས་བསྐྱེད་ནས་སུ། །སེམས་ཅན་དོན་ལ་སྦྱོར་བ་ན། །དམིགས་སུ་མེད་པའི་སྤྱོད་ཐོབ་


DKG086_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

པ། །རྒྱལ་བའི་མཆོག་ཏུ་ཤེས་པར་བྱ། །ཐོག་མ་ནས་ནི་ཞི་བའི་ཆོས། །ངོ་བོ་ཉིད་ནི་མེད་པ་ལ། །གང་གིས་སེམས་ནི་རི་རབ་བཞིན། །གནས་པ་དེ་ནི་བདེན་པ་མཐོང་། །འདི་བདེན་འདི་ནི་ཡང་དག་པ། །དེ་བཞིན་དུ་ནི་མི་བསླུ་བ། །ཅི་ལྟར་སངས་རྒྱས་བདེན་གཟིགས་པ། ། དེ་བཞིན་སྔོན་ནི་ངས་མཐོང་བའི། །བྱང་ཆུབ་སེམས་ཐོབ་གང་ཡིན་དེ། །དངོས་གྲུབ་དེ་ལས་གཞན་ཅི་དགོས། །དེ་ལས་གཞན་དུའང་དངོས་གྲུབ་ནི། །རྣམ་པ་དག་ནི་ལྔར་འདོད་དེ། །སྤྱོད་པའི་རྗེས་སུ་འཇུག་པ་དང་། །དེ་བཞིན་ས་ནི་གནོན་པ་དང་། །འཇིག་རྟེན་མངོན་ཤེས་ལྔར་འདོད་དང་། །སངས་རྒྱས་ཉིད་དང་གང་གཞན་ནོ། །རྒྱུད་ལས་རྒྱུད་དུ་གྱུར་པ་ཡི། །ལས་ནི་ཅི་སྲིད་མ་ཉམས་ཤིང་། །རྣམ་སྨིན་རྣམ་པར་མི་སྨིན་པ། །དངོས་གྲུབ་དག་གི་དུས་སུ་འདོད། །མདོར་ན་གང་ཚེ་དུས་གཅིག་ཏུ། །ལས་དང་སྐྱེ་བ་འཕངས་གྱུར་པ། །དེ་ཚེའང་སྔགས་པས་དངོས་གྲུབ་ནི། །ཡིད་ལས་ཡང་དག་བྱུང་བ་འཐོབ།། །།བམ་པོ་དྲུག་པ། གྲུབ་ནས་མཁའ་ལ་འགྲོ་བ་ནི། །ཅི་ལྟར་སྒྱུ་མ་འཇིགས་མེད་བཞིན། །སྔགས་ཀྱི་དྲ་བས་རྨོངས་བྱེད་པ། །ཅི་ལྟར་མིག་འཕྲུལ་ཆེན་པོ་བཞིན། །གང་ལ་ལུས་དང་ངག་མེད་པ། །དྲི་ཟའི་གྲོང་ཁྱེར་ཅི་བཞིན་ཏེ། །དེ་བཞིན་མི་སྣང་འགྱུར་ཞེས་བྱ། །དེ་ནི་དེ་ན་གནས་པ་ཡིན། །ཅི་ལྟར་ཉལ་བའི་རྨི་ལམ་ན། །སུམ་ཅུ་རྩ་གསུམ་གནས་སུ་ཕྱིན། །ལུས་ཀྱང་སྤངས་པ་མ་ཡིན་ལ། །དེ་ཉིད་ཀྱིས་ཀྱང་དེ་མ་སོང་། །དེ་བཞིན་རྣལ་འབྱོར་ཉིད་ཀྱིས་ཀྱང་། །སྔགས་པ་སྔགས་ལ་གནས་པ་དག །བསོད་ནམས་བྱ་བའི་ལས་རྣམས་ཀྱིས། །འཇའ་དང་འདྲ་བའི་ལུས་ཀྱང་འཐོབ། །ལུས་དང་ངག་ཡིད་ལས་བྱུང་བའི། །གསང་སྔགས་ཡིད་བཞིན་ནོར་བུ་འདྲ། །དེ་ལས་རྣམ་པར་བསམས་པའི་དོན། །མ་བརྟགས་པར་ཡང་འབྱུང་བར་འགྱུར། ། ཅི་ལྟར་ནམ་མཁའ་ཕྱོགས་རྣམས་སུ། །འདུས་བྱས་སྤྱོད་ཡུལ་ཐམས་ཅད་ཀྱིས། །མི་གོས་དེ་བཞིན་སྔགས་པ་ཡང་། །རྟོག་པའི་སྤྱོད་ཡུལ་ཀུན་གྱིས་སོ། །འདི་ཀུན་འདུ་ཤེས་ཙམ་དུ་ནི། །ནམ་ཞིག་དེ་ལྟར་བསྒོམས་གྱུར་ཅིང་། །རྣམ་པར་བསྒོམས་ན་སྔགས་པ་དེ། །


DKG086_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་སངས་རྒྱས་དང་ལྷན་ཅིག་དགའ། །སངས་རྒྱས་རྐང་གཉིས་གཙོ་བོ་ཡིས། །སྦྱིན་སྲེག་གཉིས་སུ་བཤད་པ་ནི། །ཕྱི་རོལ་གྱི་དང་ནང་གི་སྟེ། །དེ་ཡང་ཚིམ་པར་བྱ་དང་བཅས། །ལྷ་རྣམས་ཀྱི་ནི་སོ་སོ་ཡི། །རང་བཞིན་ཡོངས་སུ་མཁྱེན་ནས་སུ། ། འཇིག་རྟེན་པ་ཡི་སྔགས་རྣམས་ཀྱི། །ཚད་དག་ལེགས་པར་གསུངས་པ་ནི། །དབང་ཕྱུག་ལ་སོགས་མཐུ་ཆེན་རྣམས། །བཀུར་བའི་ལྷ་རྣམས་གང་ཡིན་པ། །དེ་དག་གིས་ནི་གང་བྱས་པའི། །སྔགས་དང་ཕྱག་རྒྱ་སྟོབས་ཆེན་རྣམས། །འབྲས་བུ་ཕལ་ཆེར་འཕྲལ་དུ་སྟེར། །ཚད་ནི་བཤད་པ་དེ་ཡིན་ནོ། །འོན་ཀྱང་སྐྱེ་དང་འཇིག་པ་ཡི། །ཆོས་ཅན་དེ་དག་བརྟན་པ་མེད། །འཇིག་རྟེན་འདས་པའི་སྔགས་རྣམས་ཀྱི། །ཐོག་མའི་བྱེད་པ་མེད་པའོ། །ལས་དང་སྐྱེ་བ་ཀུན་བཅད་པ། །ཉེས་པ་གསུམ་བྲལ་རྒྱལ་བ་དང་། །རང་རྒྱལ་བསེ་རུ་ལྟ་བུ་དང་། །དེ་བཞིན་རྒྱལ་བའི་ཉན་ཐོས་དང་། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །གསང་སྔགས་ཚད་ནི་སྔོན་བཤད་པ། །དུས་གསུམ་ལས་ནི་ཤིན་ཏུ་འདས། །རྟེན་ཅིང་འབྲེལ་པ་ལས་བྱུང་བ། །མཐོང་དང་མ་མཐོང་འབྲས་བུ་ཅན། །ངག་ཡིད་ལུས་ལས་བྱུང་བའོ། །འཇིག་རྟེན་པ་ཡི་འབྲས་བུའི་ཚད། །བསྐལ་པ་གཅིག་ཏུ་བཤད་པ་ཡིན། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གསང་སྔགས་འབྲས་བུ་བསྐལ་པ་འདས། །སངས་རྒྱས་དྲང་སྲོང་ཆེན་པོ་དང་། །རྒྱལ་སྲས་རྣམས་ཀྱི་ཏིང་འཛིན་ནི། །མཚན་མ་མེད་ཅིང་དག་པའོ། །འཇིག་རྟེན་པ་ཡི་མཚན་མར་བཅས། །རྣམ་པར་སྨིན་པ་འདི་ཉིད་ལ། །ལས་ཀྱི་འབྲས་བུ་སྨིན་འགྱུར་བ། །ནམ་ཞིག་དངོས་གྲུབ་ཐོབ་པ་ན། །དེ་ཚེ་ལས་ཀྱང་ལྡོག་པར་འགྱུར། །སེམས་ནི་ངོ་བོ་ཉིད་མེད་ཕྱིར། །རྒྱུ་དང་འབྲས་བུ་རྣམས་སྤངས་ཤིང་། །ལས་དང་ཚེ་ལས་རྣམ་གྲོལ་བ། །ནམ་མཁའ་ལྟ་བུར་འགྱུར་བ་ཡིན། །གསང་བ་པའི་བདག་པོ་གཞན་ཡང་ཕྱག་རྒྱའི་གཟུགས་སུ་དགོད་པ་རིམ་པར་ཕྱེ་བ་ལྷ་རྣམས་གནས་པ་བྱིན་གྱིས་རློབ་པ། ཏིང་ངེ་འཛིན་ལྔ་རྟོགས་པ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ། ཆོས་ཀྱི་དབྱིངས་རྟོགས་པ་། སྤྱོད་ཡུལ་


DKG086_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་པ། སེམས་ཅན་གྱི་ཁམས་མ་ལུས་པ་བསྒྲལ་བར་ཡི་དམ་བཅས་པ་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་ཕྱིར། སྔོན་གྱི་སངས་རྒྱས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ཇི་ལྟར་འཚལ་ལོ་ཞེས་གསོལ་ནས། ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དང་པོར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་དགོད་པ་རིམ་པར་ཕྱེ་བ་གང་ལགས། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་གྲངས་མེད་པ་བྱུང་བ་གསང་བ་བས་ཀྱང་ཆེས་གསང་བ། སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བ་ཞེས་བྱ་བ་ཡོད་ཀྱིས། དེ་བྲི་བའི་ཆོ་ག་ཉོན་ཅིག །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །སྒོ་གཅིག་པ་ནི་སྟེགས་བུར་བཅས། །བཟང་པོ་རྡོ་རྗེ་རྣམས་ཀྱིས་མཚན། །དབུས་སུ་རྡོ་རྗེ་རྩེ་བརྒྱད་པ། །དེའི་སྟེང་པདྨ་བྲི་བ་ནི། །ས་བོན་དང་བཅས་རྒྱས་པར་བྱས། །དེ་ཡི་སྟེང་དུ་པདྨ་ཆེ། །ཕྱག་རྒྱ་ཀླད་ཀོར་གྱིས་མཛེས་བྱས། །འདབ་མ་བརྒྱད་རྣམས་ལེགས་པར་རྫོགས། །ཟེ་བརབཅས་པ་ཤིན་ཏུ་བཟང་། །འདབ་མ་རྣམས་ནི་ཐམས་ཅད་ལ། །ཡན་ལག་བཅུ་གཉིས་ཚིག་བཀོད་པ། །དེ་རྣམས་དབུས་ན་མགོན་བཞུགས་པ། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །དཀྱིལ་འཁོར་བརྒྱད་ཀྱི་འཁོར་རྣམས་ཀྱིས། །ཁོ་ར་ཁོར་ཡུག་ཡོངས་བསྐོར་བ། །སྙིང་རྗེ་ལས་བྱུང་དཀྱིལ་འཁོར་འདི། །མཆོག་ཏུ་ཤེས་པར་བྱ་བ་སྟེ། །ལུང་བཞིན་དཀྱིལ་འཁོར་རྣམས་དང་ནི། །ལས་དང་ལུས་དང་དངོས་གྲུབ་དང་། །དགོད་པ་རྣམས་ཀྱང་དེས་པ་ཡིས། །འདི་ལས་བྱུང་བ་ཤེས་པར་བྱ། །གསང་བ་པའི་བདག་པོ་གཞན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱི་དཀྱིལ་འཁོར་ནི། ཟླ་བའི་དཀྱིལ་འཁོར་འདྲ་ཞིང་མདོག །དུང་ལྟ་བུ་ཡི་དབུས་ན་ནི། །སངས་རྒྱས་ཀུན་གྱི་གྲུ་གསུམ་པ། །པདྨ་དཀར་པོའི་སྟེང་ན་གནས། །ཀླད་ཀོར་བཅས་པའི་མཚན་གྱིས་བཏབ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །དཔྱད་མི་དགོས་པས་ཀུན་ནས་ནི། །


DKG086_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དག་ནི་གཉིས་བྱ་བ། །གསང་སྔགས་མགོན་ལས་བྱུང་ནས་སུ། །དེ་ནི་ཕྱོགས་བཅུ་རྣམས་སུ་སོང་། །གསང་བ་པའི་བདག་པོ་གཞན་ཡང་། །སྤྱན་རས་གཟིགས་དབང་དཀྱིལ་འཁོར་ནི། །ངེས་པས་ནན་ཏན་མཉན་པར་གྱིས། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །དབུས་སུ་དུང་འདྲ་གཞག་པར་བྱ། །དེ་ཡི་སྟེང་དུ་པདྨ་ནི། །ས་བོན་བཅས་བྱས་རྒྱས་པར་བྲི། །དེའི་སྟེང་དུ་ཡང་རྡོ་རྗེ་ཆེ། །རྡོ་རྗེ་ལས་ཀྱང་པདྨ་ཆེ། །ཐམས་ཅད་ས་བོན་རྣམས་ཀྱིས་མཚན། །རང་གི་ས་བོན་ལེགས་པར་སྦྱར། །སྒྲོལ་མ་དང་ནི་ཁྲོ་གཉེར་ཅན། །དེ་བཞིན་གོས་དཀར་ཅན་དང་ནི། །རིག་སྔགས་ལོངས་སྤྱོད་ཅན་མ་དང་། །མཐུ་ཆེན་ཐོབ་པའང་ནན་ཏན་བྱ། །དཔལ་རྣམས་ཀུན་དང་ཕྱག་བརྙན་མ། །དཀྱིལ་འཁོར་འདི་ཡི་དབུས་སུ་ནི། །ཕྱག་རྒྱའི་མཚན་མ་དབང་ཐོབ་རྣམས། །ཁྱད་པར་དུ་ནི་བྲི་བར་བྱ། །རྟ་མགྲིན་ཅན་གྱི་བྱ་བ་ནི། །གྲུ་གསུམ་ཚུལ་དུ་འདུག་པ་སྟེ། །དཀྱིལ་འཁོར་མཚན་མ་བཟང་པོས་བཏབ། །ཉི་མ་འཆར་བའི་ཁ་དོག་འདྲ། །རིག་སྔགས་རྒྱལ་དང་བཅས་པར་ནི། །མཁས་པས་རྣམ་པར་དགོད་པར་བྱ། །གསང་བ་པའི་བདག་པོ་གཞན་ཡང་ཁྱོད་ཉིད་ཀྱི་དཀྱིལ་འཁོར་མདོར་བཤད་པར་བྱའོ། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །རྡོ་རྗེའི་མཚན་མ་རྣམས་ཀྱིས་མཚན། །ཐམས་ཅད་སེར་པོ་ཡིད་དུ་འོང༌། །དབུས་ན་པདྨ་རབ་ཏུ་གནས། །དེ་ཡི་དབུས་སུ་བྱ་བ་ནི། །བུམ་པ་ཟླ་བའི་འོད་འདྲ་བ། །འདི་ནི་མཚན་མ་རྣམས་ཀྱིས་མཚན། །ཀླད་ཀོར་གྱིས་ཀྱང་རྣམ་པར་བརྒྱན། །དེ་སྟེང་དུ་ཡང་རླུང་ཆེན་ནི། །དབྱར་གྱི་ཆར་སྤྲིན་འདྲ་བའི་མདོག །བ་དན་གཡོ་བ་སྔགས་པས་བྱ། །ཀླད་ཀོར་གྱིས་ཀྱང་རྣམ་པར་བརྒྱན། །དེ་སྟེང་དུ་ཡང་གྲུ་གསུམ་པ། །རབ་ཏུ་འཇིགས་པའི་གཟུགས་ཅན་ཏེ། །འཇིག་པར་བྱེད་པའི་མེ་འདྲ་བ། །སུམ་མདོའི་རིས་མཚན་མཚན་གྱིས་བཏབ། །འབར་ཕྲེང་འཁྲིགས་པ་འཇིགས་འཇིགས་ལྟ། །ཉི་མ་འཆར་བའི་གཟུགས་འདྲ་བའོ། །དེ་ཡི་དབུས་སུ་པདྨ་ཆེ། །དུས་མཐའི་མེ་འོད་འདྲ་བའོ། །པད་ཆེན་སྟེང་དུ་རྡོ་རྗེ་ནི། །འབར་བའི་ཕྲེང་བ་འཕྲོ་བ་ཅན། །ཧཱུྃ་ཞེས་བྱ་བའི་སྒྲ་དང་ལྡན། །དམ་པ་ས་བོན་རྣམས་ཀྱིས་མཚན། །དཔའ་བོ་


DKG086_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱི་དཀྱིལ་འཁོར་འདི། །རྒྱལ་བའི་གཙོ་བོ་རྣམས་ཀྱིས་གསུངས། །མཱ་མ་ཀཱི་དང་ལུ་གུ་རྒྱུད། །དེ་བཞིན་རྡོ་རྗེའི་རིགས་ལས་བྱུང་། །རྡོ་རྗེ་ལྕགས་ཀྱུ་རྡོ་རྗེ་རྩེ། །གསང་སྔགས་རྒྱལ་པོ་མཐུ་ཆེན་དག །དཀྱིལ་འཁོར་ཆེན་པོའི་ནང་དུ་ནི། །ཀུན་ཀྱང་ཁོངས་སུ་ཆུད་པར་བྱ། །ལས་རྣམས་ཤིན་ཏུ་འགྲུབ་བྱའི་ཕྱིར། །ཕྱག་རྒྱ་དཀྱིལ་འཁོར་ས་བོན་དང་། །ཁ་དོག་ཁྱད་པར་གོ་རིམས་བཞིན། །དེ་དག་ཅི་ལྟར་རིགས་པར་བྱའོ། །དེ་ནས་གཞན་ཡང་རྡོ་རྗེ་འཛིན། །ཆེན་པོ་གཙོར་བཤད་འདི་རྣམས་ཏེ། །ནམ་མཁའ་དྲི་མེད་རྡོ་རྗེས་འཁོར། །རྡོ་རྗེ་མཆེ་བ་དེས་པ་དང་། ། རྣམ་པར་གྲགས་པ་སྐལ་ཆེན་དང་། །རྡོ་རྗེ་མགོན་པོ་མཆོག་འཛིན་དང་། །རྡོ་རྗེ་ཞི་བ་རྡོ་རྗེ་ཆེ། །རྡོ་རྗེ་མཐིང་ག་རྡོ་རྗེ་གཞན། །རྡོ་རྗེ་པདྨ་ཡངས་པའི་མིག །རྡོ་རྗེ་བཟང་པོ་རྡོ་རྗེ་ཉིད། །སྤྲོས་པ་མེད་པར་གནས་པ་དང་། །ནམ་མཁའ་མཐའ་ཡས་འགྲོ་བའོ། །དེ་རྣམས་དཀྱིལ་འཁོར་བཤད་པ་ནི། །དཀར་པོ་སེར་པོ་དམར་པོ་དང་། །ནག་པོ་ཡིན་པར་ཡང་དག་བཤད། །དེ་ནས་གཞན་ཡང་ཕྱག་རྒྱའི་གཟུགས། །རྩེ་གསུམ་པ་དང་རྩེ་གཅིག་པ། །གཞན་ཡང་གཉིས་དང་གཉིས་མ་ཡིན། །ཕྲེང་བ་ལྟ་བུ་དེ་བཞིན་གཞན། །ཁ་དོག་བྱེ་བྲག་ལས་ཤེས་བྱ། ། འདི་རྣམས་ཀུན་ཀྱང་མཐུ་ཆེན་ཏེ། །རྣམ་པར་རྒྱལ་དང་ལྡན་པའོ། །མི་གཡོ་མགོན་གྱི་དཀྱིལ་འཁོར་ནི། །རླུང་དང་མེ་ཡི་ཡིན་པར་འདོད། །ང་ཡི་དྲུང་གི་འོག་ལོགས་སུ། །བདེན་བྲལ་གྱི་ནི་ཕྱོགས་ཆར་བྲི། །རང་གི་ས་བོན་མཚན་མར་ལྡན། །རལ་གྲི་ཕྱག་རྒྱ་ལེགས་པར་སྦྱར། ། ཡང་ན་ཞགས་པ་བྱ་ཡང་རུང་། །བློ་ལྡན་དེ་ཡིས་བྲི་བར་བྱ། །འཇིག་རྟེན་གསུམ་ལས་རྣམ་རྒྱལ་གྱིའང་། །བྱེ་བྲག་ཏུ་ནི་རླུང་གི་དབུས། །རྡོ་རྗེ་ཅན་གྱི་མཚན་དང་ལྡན། །གནས་གསུམ་དག་ལ་འདུག་པའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་གྱི་གཟུགས་ཀྱི་དཀྱིལ་འཁོར་དགོད་པ་འབྱུང་སྟེ། དེ་ལ་རེ་ཞིག་དཀྱིལ་འཁོར་ནི། །གསེར་གྱི་ཁ་དོག་གྲུ་བཞི་པ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །འདི་ནི་དཀྱིལ་འཁོར་དམ་པ་ཡིན། །དེ་ནས་གཞན་ཡང་ལྷ་མོའི་གཟུགས། །དེ་ཡི་དབུས་སུ་པདྨ་ཆེ། །ཐམས་ཅད་སེར་པོ་འབར་


DKG086_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས། །དེར་ཡང་གཙུག་ཏོར་གཞག་པ་ནི། །ཆ་གསུམ་ལ་ནི་གནས་པར་བྱ། །དབུས་མའི་ཆ་ནི་བོར་ནས་སུ། །དེར་ཡང་སྤྱན་ནི་བྲི་བར་བྱ། །རང་གི་འོད་འབར་དབུས་ན་གནས། །མདོར་ན་ས་བོན་ལྡན་པར་བྱ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །ཡིད་བཞིན་ནོར་བུ་རྒྱལ་བས་གསུངས། །དེ་ཡི་དཀྱིལ་འཁོར་བཤད་པ་ནི། །ཆུ་ཡི་ཡིན་ཏེ་ཐམས་ཅད་སྒོ། །ཤིན་ཏུ་དྲི་མེད་རབ་ཏུ་ཞི། །རེ་བ་ཐམས་ཅད་རྫོགས་བྱེད་པའོ། །དེ་ནས་ཤཱཀྱ་སེང་གེའི་ཡང་། །དེས་པས་དཀྱིལ་འཁོར་མཉན་པར་གྱིས། །དེར་ནི་དབང་ཆེན་ཞེས་བྱ་བ། །ཁ་དོག་སེར་པོས་ཉེ་བར་བརྒྱན། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །དབུས་སུ་རྡོ་རྗེ་སྔ་མ་བཞིན། །དེ་ཡི་སྟེང་དུ་པདྨ་ནི། །ཀུན་ཏུ་ཁ་དོག་སེར་པོ་གཞག །དེ་སྟེང་ལྷུང་བཟེད་ཆེན་པོ་སྟེ། །རྡོ་རྗེས་མཚན་པ་འབར་དང་བཅས། །ཡང་ན་ཆོས་གོས་འཁར་གསིལ་དག །གོ་རིམས་བཞིན་དུ་གཞག་པར་བྱ། །གཙུག་ཏོར་ལྔ་པོ་གང་བསྒྲགས་པ། །དེ་རྣམས་ཕྱག་རྒྱ་ཤེས་བྱ་བ། །གདུགས་དཀར་པོས་ནི་གདུགས་སུ་བྱ། །རྒྱལ་བའི་གཙུག་ཏོར་བློ་ལྡན་ནི། །མཚན་མ་རལ་གྲིར་གཞག་པ་ནི། །འོད་ཟེར་རྣམས་ནི་འཕྲོ་བར་བྱ། །རྣམ་པར་རྒྱལ་བའི་འཁོར་ལོ་ཡིན། །རྣམ་པར་འཐོར་བའི་ལྕགས་ཀྱུར་འདོད། །གཟི་བརྗིད་ཕུང་པོ་སྐལ་ཆེན་གྱི། །གཙུག་ཏོར་བཟང་པོ་ཡིན་པར་འདོད། །ཆེར་འབྱུང་བའི་ནི་རྡོ་རྗེ་ཡིན། །མངོན་པར་འབྱུང་བ་པད་མར་འདོད། །དུང་ནི་མཐའ་ཡས་སྒྲ་དབྱངས་ཀྱི། །ཁ་དོག་བྱེ་བྲག་ལས་ཤེས་བྱ། །མཛོད་སྤུའི་ཡིད་བཞིན་ནོར་བུ་ཡིན། །སྤྱན་གྱི་ཡང་ནི་འདི་ཉོན་ཅིག །གཙུག་ཏོར་ཐམས་ཅད་སེར་པོ་སྟེ། །རྡོ་རྗེའི་མཚན་མས་མཚན་པར་བྱེད། །གཞན་གྱིས་མི་ཐུབ་མ་ཡིས་ནི། །ལག་པ་ངོ་མཚར་པདྨ་ཅན། །གཞན་གྱིས་མི་ཐུབ་ཞེས་བྱ་བའི། །ཁ་ཆེན་པདྨ་གནག་ལ་གནས། །གཙང་མར་གནས་པ་གང་གྲགས་པ། །གཙང་མར་རྟོགས་པའི་སྤྱོད་ཡུལ་ཅན། །དེ་དག་གི་ནི་ཕྱག་རྒྱ་ཡི། །མཚན་ཉིད་དགོད་པ་དེས་པས་ཉོན། །སེམས་དཔའི་ལག་དང་དགེ་བའི་ལག །འཛུམ་པའི་ལག་ཀྱང་དེ་བཞིན་གཞན། །ལག་ན་མེ་ཏོག་ནམ་མཁའི་ལག །ཆོ་ག་རྒྱས་པར་བྲི་བར་བྱ། །ས་ཡི་ལྷ་མོའི་བུམ་


DKG086_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །ཆུ་ཡི་དཀྱིལ་འཁོར་རྡོ་རྗེས་མཚན། །གཉེར་བའི་ལག་པ་མེ་ཡི་སྟེ། །དྲང་སྲོང་རྣམས་དང་བཅས་པར་བྲི། །འོད་སྲུང་དང་ནི་གཽ་ཏ་མ། །མརྐྐ་ཎ་དང་གརྒྒ་དང་། །བསིསྠ་དང་ཨངྒི་རས། །མེ་ཡི་གནས་ཀྱི་ནང་ན་འདུག །རིག་བྱེད་ལག་པར་ནན་ཏན་དུ། །དེ་དག་གོ་རིམས་བཞིན་དུ་བྲི། །གཤིན་རྗེའི་བེ་ཅོན་བྲི་བ་ནི། །རླུང་གི་དཀྱིལ་འཁོར་ནང་ན་འདུག །འཆི་བདག་གི་ནི་དྲིལ་བུ་ཡིན། །དུས་མཚན་ཕྱག་རྒྱ་བ་དན་ནོ། །དྲག་པོའི་ཆུང་མའི་མདུང་རྩེ་གསུམ། །ཚངས་པའི་ཆུང་མའི་པདྨར་དྲན། །གཞོན་ནུའི་ཆུང་མའི་མདུང་ཐུང་ཡིན། །ཁྱབ་འཇུག་ཆུང་མའི་འཁོར་ལོ་ཉིད། །གཤིན་རྗེའི་ཆུང་མའི་ཐོ་བར་ཤེས། །འཇིགས་བྱེད་ཆུང་མའི་མི་ཐོད་ཡིན། །དེ་དག་རླུང་གི་དཀྱིལ་འཁོར་གྱི། །ནང་དུ་ཆུད་པར་བྱ་བ་ནི། །བྱ་རྒོད་བྱ་རོག་དེ་བཞིན་ཁྱི། །ཝ་རྣམས་ཀྱིས་ཀྱང་ཡོངས་བསྐོར་བར། །ལས་རྣམས་གྲུབ་པར་འདོད་པ་ཡིས། །ཅི་ལྟར་རིགས་པར་བྲི་བར་བྱ། །བདེན་བྲལ་གྱི་ནི་རལ་གྲིར་བྲི། །ཁྱབ་འཇུག་གི་ནི་འཁོར་ལོར་བྱ། །སྐེམ་བྱེད་ཀྱི་ནི་མདུང་ཐུང་ཡིན། །དགའ་བོ་ཉེ་དགའ་གཉིས་ཀྱི་སྤྲིན། །གཉིས་ཀའི་གློག་དང་བཅས་པར་ཏེ། །གཟུགས་ནི་མདོག་སྔོ་ཆུ་དང་བཅས། །ཤཱཀྱ་སེང་གེའི་དཀྱིལ་འཁོར་གྱི། །སྒོ་ཡི་ཕྱོགས་ནི་གཉིས་སུ་དགོད། །བདེ་བྱེད་ཀྱི་ནི་མདུང་རྩེ་གསུམ། །དཀའ་ཟློག་རྩེ་གསུམ་གདེངས་པོར་བཤད། །བུམ་པ་དཀར་པོ་པདྨར་བཅས། །ཟླ་བའི་ཕྱག་རྒྱ་ཡིན་པར་དྲན། །ཉི་མའི་དབང་ཆེན་དཀྱིལ་འཁོར་ལ། །གནས་པའི་ཤིང་རྟ་ཡིན་ཞེས་བྱ། །རྒྱལ་དང་རྣམ་པར་རྒྱལ་བ་ཡི། །དབང་ཆེན་མཚན་མའི་གཞུ་ཅན་ནོ། །རླུང་གི་ཕྱོགས་སུ་རླུང་རྣམས་ཀྱི། །བ་དན་ཕྱག་རྒྱ་བྲི་བར་བྱ། །དབྱངས་ཅན་གྱི་ནི་པི་བང་ཡིན། །ཆུ་ནི་ཞགས་པ་འཛིན་པར་བྲི། །བདག་ཉིད་ཆེན་པོ་དེའི་དཀྱིལ་འཁོར། །ཆུ་ཡི་ཡིན་པར་ཤེས་པར་བྱ། །ས་བོན་རྣམས་ཀྱིས་བཏབ་པ་དང་། །མཚན་མ་རྣམས་ཀྱིས་མཚན་པར་བྱའོ། །ཤཱཀྱ་ཏོག་གི་དཀྱིལ་འཁོར་དུ། །དེ་ལ་སོགས་པའི་མཚན་རྣམས་ཀྱིས། །དཀྱིལ་འཁོར་རྣམས་ནི་གོ་རིམས་བཞིན། །དེ་དབུས་ཕྱག་རྒྱ་གཞག་པ་ནི། །ས་བོན་རྣམས་དང་བཅས་པར་བྱ། །གཞན་ཡང་


DKG086_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་རྡོ་རྗེ་ཡི། །དཀྱིལ་འཁོར་ནན་ཏན་མཉན་པར་གྱིས། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །རྡོ་རྗེའི་མཚན་མས་མཚན་པ་སྟེ། །དེ་ཡི་དབུས་སུ་བྱ་བ་ནི། །དཀྱིལ་འཁོར་མེ་ལས་བྱུང་བའོ། །དེའི་དབུས་ཕྱག་རྒྱ་གཞག་པ་ནི། །ཨུཏྤལ་ཞེས་བྱ་གཟུགས་བཟང་བ། ། འཇམ་དབྱངས་བློ་དང་ལྡན་པ་ཡི། །རང་གི་སྔགས་ཀྱིས་གཟི་བསྐྱེད་པ། །དེ་ཡི་གནས་ནི་ཆོ་ག་བཞིན། །རང་གི་ས་བོན་ཉིད་ཀྱིས་བཏབ། །མཐའ་མ་ཁོ་ར་ཁོར་ཡུག་ཏུ། །ཨུཏྤལ་རྣམས་ཀྱིས་ཁེབས་པར་བྱ། །དེ་ཡི་དབུས་སུ་བྲི་བ་ནི། །དཔའ་བོ་འདི་རྣམས་གོ་རིམས་བཞིན། །དེ་ལ་དྲ་བ་ཅན་གྱི་འོད་ཀྱི་ཕྱག་རྒྱ་ནི་ལྕགས་ཀྱུའོ། །གཞོན་ནུ་རིན་ཆེན་ཅོད་པན་གྱི་ནི་རིན་པོ་ཆེའོ། །གཞོན་ནུ་དྲི་མེད་འོད་ཀྱི་ནི་ཨུཏྤལ་ཁ་མ་བྱེ་བའོ། །འཇམ་དབྱངས་བློ་དང་ལྡན་པ་ཡི། །མངག་གཞུག་མར་ནི་གང་གྲགས་པ། །དེ་རྣམས་ཀྱི་ནི་འཇིགས་མེད་པས། །ཅི་ལྟར་རིགས་པར་ཤེས་བྱ་བ། །སྐྲ་ཅན་གྱི་ནི་ཕྱག་རྒྱ་ནི། །རལ་གྲི་ཡིན་པར་ཤེས་པར་བྱ། །ཉེ་སྐྲ་ཅན་གྱི་མདུང་རྩེ་གསུམ། །སྣ་ཚོགས་མ་ཡི་དབྱུག་པར་བཤད། །ནོར་ལྡན་མ་ཡི་རྒྱལ་མཚན་གསུངས། །འགུགས་མ་ཡི་ནི་ལྕགས་ཀྱུ་ཡིན། །དེ་དག་ཐམས་ཅད་ཨུཏྤ་ལའི། །མཚན་མ་དག་གིས་མཚན་པར་བྱ། །ཅི་སྐད་གསུངས་པའི་ཕྱག་བརྙན་མ། །དེ་དག་ཕྱག་རྒྱ་གང་གི་ན། །ལྷོ་ཡི་ཕྱོགས་སུ་ནན་ཏན་དུ། །སྒྲིབ་པ་རྣམ་སེལ་བརྩོན་འགྲུས་ཆེའི། །ཕྱག་རྒྱ་ལེགས་པར་བྲི་བ་ནི། །ཡིད་བཞིན་ནོར་བུ་ཞེས་བྱ་བ། །མེ་ཡི་དཀྱིལ་འཁོར་ནང་ན་འདུག །འཁོར་དང་བཅས་པ་གོ་རིམས་བཞིན། །འཁོར་རྣམས་ཀྱི་ནི་རྒྱས་པ་རུ། །ཕྱག་རྒྱ་འདི་རྣམས་ཤེས་པར་བྱ། །ངོ་མཚར་ཅན་གྱི་ཕྱག་རྒྱ་ནི། །བུམ་པའི་སྟེང་ན་རྡོ་རྗེ་རྩེ་གཅིག་པའོ། །མི་འཇིགས་པ་སྦྱིན་པ་ནི་མི་འཇིགས་པ་སྦྱིན་པའི་ལག་པའོ། །ངན་སོང་ཐམས་ཅད་སྤོང་བའི་ནི་ལག་པ་མས་ཡར་གྱེན་དུ་འདྲེན་པ་ལྟ་བུར་བྱའོ། །སྐྱོང་སེམས་བློ་གྲོས་ཀྱི་སྙིང་རྗེའི་ལག་པ་བྲང་དུ་གཞག་པའོ། །བྱམས་པ་ཆེན་པོ་གྱེན་དུ་འབྱུང་བའི་ནི་མེ་ཏོག་འཛིན་པའི་ལག་པའོ། །བློ་ཅན་སྙིང་རྗེས་གདུངས་པའི་ནི་ལག་པ་སྙིང་གར་གཞག་ལ་གུང་མོ་ནང་དུ་དགུག་པའོ། །གདུང་བ་ཐམས་ཅད་


DKG086_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བར་བྱེད་པའི་ནི་ལག་པ་མཆོག་སྦྱིན་པའི་སོར་མོ་རྣམས་ལས་ཆུའི་རྒྱུན་འཛག་པའོ། །བློ་གྲོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་ལག་པ་ནི་ཡིད་བཞིན་གྱི་ནོར་བུ་ཐོགས་པའོ། །དེ་དག་ཐམས་ཅད་ཀྱང་པདྨ་ལ་གནས་ཤིང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ། །བྱང་ཕྱོགས་སུ་སའི་སྙིང་པོའི་ཕྱག་རྒྱ་ནི། དབང་ཆེན་དཀྱིལ་འཁོར་ནང་གནས་པ། །སྟན་ནི་སྔ་མ་བཞིན་དུ་གཞག །དེའི་སྟེང་པདྨ་ཆེན་པོ་སྟེ། །ཁ་དོག་ཀུན་ལྡན་འབར་དང་བཅས། །དེའི་སྟེང་བ་དན་ཆེན་པོ་སྟེ། །རྩེ་ལ་རིན་ཆེན་ཆེན་པོ་གཞག །དེ་ནི་གཟུགས་ཀྱི་མཆོག་ཡིན་ཏེ། །ཕྱག་རྒྱའི་གཟུགས་སུ་འདིར་བཤད་དོ། །དེ་ཡི་འཁོར་ནི་གྲངས་མེད་པ། །གཙོ་བོའི་ཡོན་ཏན་མཐའ་ཡས་ཏེ། །དེ་ལ་དེ་རྣམས་ཕྱག་རྒྱ་ཡང་། །ནན་ཏན་བསྐྱེད་དེ་བྲི་བ་ནི། །རིན་ཆེན་འབྱུང་གནས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་རྩེ་གསུམ་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །རིན་ཆེན་ལག་གི་ནི་རྡོ་རྗེ་རྩེ་གཅིག་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །ས་འཛིན་གྱི་ནི་རྡོ་རྗེ་ཁ་གཉིས་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །ཕྱག་ན་རིན་ཆེན་ཕྱག་རྒྱ་ནི་རྡོ་རྗེ་རྩེ་ལྔ་པ་རིན་པོ་ཆེའི་སྟེང་ན་འདུག་པའོ། །བསམ་པ་བརྟན་པའི་ནི་རྡོ་རྗེ་རྒྱ་གྲམ་རིན་པོ་ཆེའི་སྟེང་ན་འདུག་པ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱང་དཀྱིལ་འཁོར་གྱི་ནང་དུ་ཆུད་པར་བྱའོ། །ནུབ་ཕྱོགས་སུ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་ནི། ཆུ་ཡི་དཀྱིལ་འཁོར་ཡིད་འོང་བར། །པདྨ་དཀར་པོ་སྟན་ཆེན་ལ། །དེའི་དབུས་རལ་གྲི་ཞགས་པ་ནི། །སོ་ནི་ཤིན་ཏུ་རྣོ་བའི་མཆོག །རང་གི་ས་བོན་རྣམས་ཀྱིས་བཏབ། །མཁས་པས་དེར་ནི་གཞག་པར་བྱ། །དེ་ཡི་འཁོར་རྣམས་བྲི་བ་ནི། །ཕྱག་རྒྱའི་གཟུགས་རྣམས་གོ་རིམས་བཞིན། །དེ་ལ་ནམ་མཁའ་དྲི་མེད་ཀྱི་ཕྱག་རྒྱ་ནི། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་མཚན་དང་བཅས་པའོ། །ནམ་མཁའི་བློ་གྲོས་ཀྱི་ཕྱག་རྒྱ་ནི་དཀྱིལ་འཁོར་གྱི་དབུས་ན་དུང་ངོ་། ། རྣམ་པར་དག་པའི་བློ་གྲོས་ཀྱི་ཕྱག་རྒྱ་ནི་པདྨ་དཀར་པོ་རླུང་གི་དཀྱིལ་འཁོར་གྱི་དབུས་ན་འདུག་པའོ། །སྤྱོད་པའི་བློ་གྲོས་ཀྱི་ཕྱག་རྒྱ་ནི་རླུང་གི་དཀྱིལ་འཁོར་གྱི་དབུས་ན་དུང་གི་སྟེང་ན་ཨུཏྤ་ལ་གཞག་པའོ། །བློ་གྲོས་བརྟན་པའི་ཕྱག་རྒྱ་ཡང་རླུང་གི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེ་པདྨའི་སྟེང་


DKG086_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ན་འདུག་པའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་གསུངས་པ། ཀུན་ཏུ་བསླབ་པའི་སྔགས་པ་ནི། །གསང་བའི་དཀྱིལ་འཁོར་ལ་མཁས་པས། །དེ་ཚེ་སློབ་མའི་སྡིག་པ་ཀུན། །ཆོ་ག་བཞིན་དུ་བསྲེག་པར་བྱ། །ཅི་ནས་སླར་ཡང་མི་སྐྱེ་བར། །དེ་ཡི་འཚོ་བའང་བསྲེག་པར་བྱ། །བསྲེགས་ཏེ་ཐལ་བར་གྱུར་ནས་ཀྱང་། །དེ་ནི་སླར་ཡང་གསོ་བར་བྱ། །ཡི་གེ་ཡིས་ནི་མི་འགྱུར་བསྲེག །འཚོ་བས་སླར་ཡང་གསོ་བར་བྱ། །འཚོ་བས་ཐམས་ཅད་གསོས་ནས་ནི། །ཀུན་ཏུ་དག་ཅིང་དྲི་མ་མེད། །ཡན་ལག་བཅུ་གཉིས་ཚིག་རྣམས་ནི། །དེ་ཡི་མོད་ལ་དགོད་པར་བྱ། །བྱང་ཆུབ་སེམས་དཔའ་སྐྱོབ་རྣམས་དང་། །སངས་རྒྱས་རྣམས་ཀྱི་དམ་ཚིག་འདི། །སངས་རྒྱས་རྣམས་དང་ཉན་ཐོས་དང་། །འཇིག་རྟེན་རྣམས་ཀྱིས་བཀུར་བ་ཡིན། །གསང་བའི་དཀྱིལ་འཁོར་དབུས་གནས་པའི། །དམ་ཚིག་འདི་ནི་སུས་རིག་པ། །རྒྱུད་རྣམས་ཀུན་ཏུ་ཞུགས་པ་དང་། །དཀྱིལ་འཁོར་ཀུན་ལ་དབང་བ་ཡིན། །སྔགས་འཆང་དེ་ནི་ང་དང་འདྲ། །དམ་ཚིག་ཅན་ནི་གཞན་མི་བྱ། །གསང་བའི་དཀྱིལ་འཁོར་དུ་འཇུག་པ་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཆོ་ག་གང་དག་གིས་བདག་ཉིད་ལྷའི་གཟུགས་སུ་བརྟན་པར་གྱུར་པར་ཤེས་པ་དང་།ཤེས་ནས་ཀྱང་རང་གི་ལྷའི་ཚུལ་དུ་གནས་ནས། དངོས་གྲུབ་ཐོབ་པར་འགྱུར་བ་གསང་བའི་ཕྱག་རྒྱ་བརྒྱད་པོ་གསང་བ་དང་བཅས་པ། ལྷའི་གནས་བྱིན་གྱིས་རློབ་པར་འགྱུར་བ། རང་གི་གསང་སྔགས་ཀྱིས་མཚན་པ། དཀྱིལ་འཁོར་དང་ལྡན་པ། རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་ཡོད་དེ། ཕྱག་རྒྱ་བརྒྱད་པོ་དེ་ཡང་


DKG086_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞེ་ན། ལག་པ་གཉིས་ཁོང་སྟོང་དུ་སྦྱར་ལ་མཐེའུ་ཆུང་གཉིས་དང་མཛུབ་མོ་གཉིས་འབར་བ་ལྟ་བུར་དགྱེད་དོ། །བཅོམ་ལྡན་འདས་ཉིད་ཀྱི་གཟི་བརྗིད་འབྱུང་བའི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི་གྲུ་གསུམ་ལ་སུམ་མདོའི་རིས་མཚན་ཅན་འབར་བ་དང་བཅས་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། རྃ་ར་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོའི་སྟེང་དུ་བ་དན་ལྟ་བུར་གཟུང་ངོ་། །བཅོམ་ལྡན་འདས་ཀྱི་རྡོ་རྗེ་མི་ཤིགས་པའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི་ཡི་གེ་འབར་བ་འདྲ་བ་རྡོ་རྗེ་འབར་བ་དང་བཅས་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། བྃ་བ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་དང་སྲིན་ལག་གཉིས་བརྐྱང་ལ། ལྷག་མ་རྣམས་སྔ་མ་བཞིན་དུ་གཞག་གོ། །པདྨོའི་སྦུབས་ཀྱི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་འདྲ་བ། པདྨའི་མཚན་མ་ཅན་ནོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། སཾ་ས་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་འོག་ཏུ་གཞུག་གོ། །སངས་རྒྱས་ཀྱི་གསུང་དབྱངས་བཀོད་པའི་རྒྱན་གྱི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི་ཟླ་བ་གང་བ་ལྟ་བུ་བ་དན་དང་བཅས་པ་ཀླད་ཀོར་གཉིས་པས་མཚན་པའོ། །གསང་སྔགས་ནི། ན་མཿ ས་མནྟ་བུད་དྷཱ་ནཱཾ། ཧྃ་ཧ་སྭཱ་ཧཱ། དེ་བཞིན་དུ་ལག་པ་གཉིས་ཁོང་སྟོང་དུ་ཐལ་མོ་སྦྱར་ལ། མཐེ་བོ་གཉིས་སོ་སོར་ཕྱེ་སྟེ་ལྷག་མ་རྣམས་ཅུང་ཟད་ཙམ་སྙིམ་པ་ལྟ་བུར་བྱའོ། །འདི་ནི་བཅོམ་ལྡན་འདས་ཀྱི་ཡན་ལག་ཐམས་ཅད་འབྱུང་བའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི་བུམ་པ་ཟླ་བ་འདྲ་བ་རྡོ་རྗེས་མཚན་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨཾ་ཨ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་བཀུག་ལ་ལྷག་མ་རྣམས་དེ་བཞིན་དུ་གཞག་གོ། །འདི་ནི་བཅོམ་ལྡན་འདས་ཀྱི་གཟུངས་ཀྱི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི་འཇའ་འདྲ་བ་མཚན་མ་ཐམས་ཅད་དང་ལྡན་པའོ། །རྡོ་རྗེའི་བ་དན་འཕྱར་བའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། བུདྡྷ་དྷཱ་ར་ཎི་སྨྲྀ་ཏི་བ་ལ་དྷཱ་ར་ཎཱི་ཀ་རི་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། ས་བྷ་ག་བ་ཏེ། ཨཱ་ཀཱ་རཱ་བཱ་ཏི་ཨ་ས་མེ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཕྱུང་སྟེ་མཐེའུ་ཆུང་གཉིས་གུང་མོ་གཉིས་


DKG086_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀུག་ལ་སྤྱི་བོར་སྦྱར་རོ། །འདི་ནི་བཅོམ་ལྡན་འདས་ཀྱི་ཆོས་གནས་པའི་ཕྱག་རྒྱ་སྟེ། དཀྱིལ་འཁོར་ནི་ནམ་མཁའི་ཁ་དོག་ཐམས་ཅད་དང་ལྡན་པ་ཀླད་ཀོར་གཉིས་ཀྱིས་མཚན་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་བེ་ད་བེ་དྱཱེ་ཨ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ཕན་ཚུན་བསྣོལ་མར་གཟུང་ངོ་། །འདི་ནི་བཅོམ་ལྡན་འདས་ཀྱི་རྣལ་འབྱོར་འཛིན་པའི་ཕྱག་རྒྱ་སྟེ། དེའི་དཀྱིལ་འཁོར་ནི་ནམ་མཁའ་སྟེ། ཁྱད་པར་དུ་སྔོ་ལ་ཀླད་ཀོར་ཅན་སྙེམས་པ་དང་བཅས་པའོ། །གསང་སྔགས་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་ཡོ་ག་ཡོ་གཱི་ནཱི་ཡོ་གེ་ཤྭ་རཱ། ཁཉྫ་རི་ཀེ་སྭཱ་ཧཱ། གསང་བ་པའི་བདག་པོ་འདི་དག་ནི་གསང་བ་པའི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་རབ་ཏུ་གསང་བ་ཡིན་གྱིས། དབང་བསྐུར་བ་དང་། ཆོ་རིགས་བཙུན་པ་དང་། སྤྲོ་བ་ཅན་དང་། ཡི་དམ་ལ་བརྟན་པ་དང་། བླ་མ་ལ་གུས་པ་དང་། བྱས་པ་གཟོ་བ་དང་། གཙང་སྦྲ་ཆེ་བ་དང་། བདག་གི་ལུས་དང་སྲོག་ལ་ཡང་མི་ལྟ་བ་མ་གཏོགས་པ་གཞན་དུ་སུ་ལ་ཡང་མ་སྦྱིན་ཅིག །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་ཕྱག་རྒྱ་བརྒྱད་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེའི་ཚེ་མ་འོངས་པའི་འགྲོ་བ་རྣམས་ལ་གཟིགས་ནས། ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་འདི་ལྟར་སངས་རྒྱས་ཀྱི་ཞིང་འདི་ལག་མཐིལ་བཞིན་དུ་མཉམ་པར་གནས་ཤིང་། སྒོ་ཁྱུད་དང་རྟ་བབས་རིན་པོ་ཆེ་སྣ་ལྔས་རབ་ཏུ་རྣམ་པར་སྤྲས་པས་བརྒྱན་པ། བ་དན་ཁ་དོག་དུ་མ་དང་ལྡན་པ་བསྒྲེང་བས་རྒྱ་ཆེ་བ། རིན་པོ་ཆེ་ཆེན་པོའི་བླ་རེ་བྲེས་པ། རིན་པོ་ཆེའི་དྲིལ་བུ་དང་། རྔ་མ་དཀར་པོ་དང་། དར་དང་གོས་མང་པོ་དཔྱངས་པ། རིན་པོ་ཆེའི་ཀ་བ་ཕྱོགས་བརྒྱད་དུ་བཙུགས་པ། པདྨའི་མཚེའུ་ཆུ་དྲི་ཞིམ་པོ་ཡན་ལག་བརྒྱད་དང་ལྡན་པས་ཡོངས་སུ་གང་བ། ངང་པ་དང་། ངུར་པ་དང་། བཞད་ཀྱི་སྒྲ་གྲག་པ་དུས་ཐམས་ཅད་པའི་མེ་ཏོག་སྣ་ཚོགས་


DKG086_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤིང་ལྗོན་པས་ཕྱོགས་བརྒྱད་དུ་བརྒྱན་པ། རིན་པོ་ཆེ་སྣ་ལྔའི་ཕྲེང་བ་དང་སྲད་བུས་ལེགས་པར་བསྐོར་བ། ས་གཞི་ཀ་ཙ་ལིན་ད་འཇམ་པོ་ལྟར་རེག་ན་བདེ་ཞིང་རབ་ཏུ་འཇམ་པ་དང་། རྔ་སྒྲ་དང་སིལ་སྙན་གྱི་སྒྲ་ཡིད་དུ་འོང་ཞིང་སྙན་པ་རྣམ་པ་དུ་མ་གྲག་པ། བྱང་ཆུབ་སེམས་དཔའ་མང་པོའི་བསོད་ནམས་ཀྱིས་བསགས་པའི་སྟན་དང་། ཁང་པ་དང་། གཞལ་མེད་ཁང་ཡིད་ལས་བྱུང་བ་དང་ལྡན་པར་གྱུར་ཏོ། །པདྨའི་རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པའི་མོས་པ་ལས་བྱུང་བ། ཆོས་ཀྱི་དབྱིངས་རྟོགས་པའི་མཚན་མས་མཚན་པ་ཡང་བྱུང་བར་གྱུར་ཏོ། །དེའི་དབུས་ན་དེ་བཞིན་གཤེགས་པའི་སྐུ་ཆོས་ཀྱི་དབྱིངས་ལ་གཞོལ་བ། སེམས་ཅན་གྱི་བསམ་པ་དང་མོས་པ་ཅི་ལྟ་བ་བཞིན་དུ་མགུ་བར་མཛད་པར་བཞུགས་ཏེ། དེ་བཞིན་གཤེགས་པ་དེའི་ཡན་ལག་ཐམས་ཅད་ནས་སྐུ་ཅིས་ཀྱང་མི་ཚུགས་པའི་སྟོབས་དང་ལྡན་པ། སྟོབས་བཅུ་ལ་མོས་པ་ལས་བྱུང་བ། ཁ་དོག་དང་དབྱིབས་རྣམ་པ་དུ་མས་བདག་གི་སྐུ་བརྒྱན་པ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསོད་ནམས་ཀྱིས་རྣམ་པར་བསྐྱེད་པ་དག་བྱུང་བར་གྱུར་ཏོ། །དེ་དག་བྱུང་ནས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སུ་སྒྲ་མངོན་པར་གོ་བར་མཛད་ཅིང་ཆེད་དུ་གླེང་བ་འདི་གླེངས་སོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་ཐབས་ནི་བསམ་མི་ཁྱབ། །གནས་མེད་པ་ནི་རྟོགས་གྱུར་ནས། །གནས་དང་བཅས་པའི་ཆོས་ཀྱང་འཆད། །གང་དག་གིས་ནི་ཆོས་རྣམས་ཀྱི། །ཆོས་ཀྱི་མཚན་ཉིད་རྙེད་མེད་པ། །ཤེས་པ་དེས་ནི་འདྲེན་ཀུན་གྱིས། །གང་བརྙེས་རྙེད་པ་ཐོབ་པར་འགྱུར། །དེ་དག་གིས་ཆེད་དུ་གླེང་བ་དེ་ཆེད་དུ་གླེངས་ནས་དེ་དག་སླར་ཡང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསམ་གྱིས་མི་ཁྱབ་པ་ལ་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ནང་གི་དཀྱིལ་འཁོར་ཉོན་ཅིག །གསང་བ་པའི་བདག་པོ་ལུས་ཀྱི་ས་གཞི་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྔགས་དང་ཕྱག་རྒྱའི་བྱིན་གྱི་


DKG086_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཀྱིས་བྱིན་དུ་བརླབ་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་བདག་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ། རྡུལ་ཐམས་ཅད་དང་བྲལ་བ། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། ཤེད་ཅན་དང་། ཤེད་ལས་སྐྱེས་པ་དང་། བྱེད་པ་པོ་ལ་སོགས་པའི་ཟུག་རྔུའི་སྐྱོན་དང་བྲལ་བ་ལ། གྲུ་བཞི་ལ་སྒོ་བཞི་དང་ལྡན་པ། ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་ཕྱེ་བ། སྒོ་ཁྱུད་དང་སྟེགས་བུས་བརྒྱན་པའི་དབུས་ན་པདྨོའི་རྒྱལ་པོ་ཆེན་པོ་ཡིད་ལས་བྱུང་བ། འདབ་མ་བརྒྱད་པ་སྡོང་བུ་དང་བཅས་པ། ཟེ་བ་རྒྱས་ཤིང་ཤིན་ཏུ་མཛེས་པར་བྱུང་བ་དེའི་དབུས་ན་ཡང་། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་འཇིག་རྟེན་ཐམས་ཅད་ལས་འདས་པ། སེམས་ཀྱི་ས་ལས་ཡང་དག་པར་འདས་པ། སེམས་ཀྱི་ས་རྗེས་སུ་ཐོབ་པ། འདོད་པའི་འབྲས་བུ་ཁྱད་པར་ཅན་སྩོལ་བར་བསམ་མོ། །དེའི་ཤར་ཕྱོགས་སུ་དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་གོ། །ལྷོ་ཕྱོགས་སུ་དེ་བཞིན་གཤེགས་པ་མེ་ཏོག་ཀུན་ཏུ་རྒྱས་པའི་རྒྱལ་པོའི་དབང་པོའོ། །བྱང་ཕྱོགས་སུ་དེ་བཞིན་གཤེགས་པ་རྔ་སྒྲ་ཅན་ནོ། །ནུབ་ཕྱོགས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའོ། །ཤར་ལྷོའི་ཕྱོགས་མཚམས་སུ་ནི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའོ། །བྱང་ཤར་མཚམས་སུ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །ལྷོ་ནུབ་ཀྱི་མཚམས་སུ་ནི་འཇམ་དཔལ་གཞོན་ནུར་གྱུར་པའོ། །ནུབ་བྱང་གི་མཚམས་སུ་ནི་བྱམས་པའོ། །ཟེ་བ་ཀུན་ལ་ནི་བྱང་ཆུབ་སེམས་དཔའི་ཡུམ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཏིང་ངེ་འཛིན་རྣམས་བྲིའོ། །འོག་ཏུ་ནི་རིག་སྔགས་དང་ཁྲོ་བོའི་ཚོགས་རྣམས་བྲིའོ། །སྡོང་བུ་ལ་ནི་ཕྱག་ན་རྡོ་རྗེའོ། །ལྷག་མ་རྣམས་ནི་རྒྱ་མཚོ་ཆེན་པོའོ། །མར་མེ་མེ་ཏོག་བདུག་སྤོས་དང་། །བཤོས་དང་བདུག་པ་ཡིད་ལས་བྱུང་། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །ཐམས་ཅད་སྔགས་པས་བསམ་པར་བྱ། །འོག་གི་ས་གཞི་ཐམས་ཅད་ལ། །ལྷ་ལ་སོགས་པ་གྲངས་མེད་པའང་། །བདག་ཉིད་ཆེན་པོའི་དཀྱིལ་འཁོར་འདིར། །སྔགས་པས་ནན་ཏན་བསྐྱེད་དེ་བྲི། །རང་གི་ལུས་ནི་བདག་ཉིད་ཀྱིས། །ར་ཞེས་བྱ་བས་རྣམ་སྦྱངས་


DKG086_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྔགས་པ་རྣལ་འབྱོར་སྟན་ལ་འདུག །དེ་བཞིན་གཤེགས་པ་རྗེས་དྲན་ཞིང་། །སློབ་མ་རྣམས་ཀྱི་སྤྱི་བོར་ནི། །ཀླད་ཀོར་བཅས་པའི་ཨ་བཞག་སྟེ། །འཇིགས་པ་མེད་པའི་བདག་ལུས་ལ། །དེ་ནས་མེ་ཏོག་འདོར་དུ་གཞུག །བརྟགས་ནས་དེ་ལ་བསྟན་པར་བྱ། །ཡང་ན་དེ་ལ་རིག་སྔགས་སྦྱིན། །ལུས་ཅན་རྣམས་ཀྱི་དམ་ཚིག་ཕྱིར། །འདི་ནི་དཀྱིལ་འཁོར་གཙོ་བོར་འདོད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། གསང་བའི་དཀྱིལ་འཁོར་དུ་གཟུད་པ་ལ་འཇུག་པའི་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཕྱག་ན་རྡོ་རྗེས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱི་དོན་དུ་ཚིགས་སུ་བཅད་པའི་དབྱངས་ཀྱིས་རིག་སྔགས་ཀྱི་བརྟུལ་ཞུགས་ཞུས་པ། ཅི་ལྟར་བརྟུལ་ཞུགས་སྤྱད་པ་ལགས། ། ཚུལ་ཁྲིམས་ལ་གནས་ཅི་ལྟ་བུ། །གང་ན་ཅི་ལྟར་གནས་ཀྱང་རུང་། །མ་ཆགས་པར་ནི་ཅི་ལྟར་སྤྱོད། །དུས་ནི་ཅི་སྲིད་ལོན་གྱུར་ན། །བརྟུལ་ཞུགས་ཡོངས་སུ་རྫོགས་པར་འགྱུར། །དེའི་མཐུ་ཅི་ལགས་འཚལ་བར་གྱིས། །གནས་ནི་གང་དུ་བགྱི་བ་ལགས། །དུས་དང་ཡུལ་དང་བྱ་བ་ལས། །ཆོས་དང་ཆོས་མིན་རྣམ་སྤངས་པར། །དེ་ནི་ཅི་ལྟར་མྱུར་དུ་འགྱུར། །ཚད་ཀྱང་འདྲེན་པས་བཀའ་སྩོལ་ཅིག །གང་གིས་དངོས་གྲུབ་ཐོབ་འགྱུར་བ། །སངས་རྒྱས་རྣམས་ཀྱིས་སྔོན་བསྟན་པ། །མ་འོངས་འགྲོ་བའི་དོན་གྱི་ཕྱིར། །རྫོགས་པའི་སངས་རྒྱས་རྐང་གཉིས་གཙོ། །ཐམས་ཅད་མཁྱེན་ལ་བདག་ཞུ་བ། །རྒྱལ་བའི་གཙོ་བོ་དཔང་དུ་བཞུགས། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །རྣམ་སྣང་མཛད་ཆེན་དེ་ཡི་ཚེ། །སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར། །འདི་སྐད་ཀྱི་ནི་ཚིག་གསུངས་སོ། །ལག་ན་རྡོ་རྗེ་མཐུ་བོ་ཆེ། ། སེམས་དཔའ་ཆེན་པོ་དཔའ་བོ་ལེགས། །སྔོན་གྱི་སངས་རྒྱས་ཀྱིས་གསུངས་པའི། །བརྟུལ་ཞུགས་དམ་པ་བརྟན་པར་བྱའོ། །འཇིག་རྟེན་ལ་ནི་ཕན་བྱེད་པའི། །དངོས་གྲུབ་གང་གིས་ཐོབ་འགྱུར་བ། །རིག་པའི་བརྟུལ་ཞུགས་ལས་བྱུང་བའི། །བརྟུལ་ཞུགས་སངས་རྒྱས་བཞིན་


DKG086_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས། །བདག་གི་དེ་ཉིད་བསྐྱེད་ནས་ནི། །རྟག་ཏུ་ཐེ་ཚོམ་མེད་པའི་ཡིད། །གང་ཚེ་རྟག་ཏུ་མཉམ་བཞག་པ། །དེ་ཚེ་བརྟུལ་ཞུགས་སྤྱད་པ་ཡིན། །བྱང་ཆུབ་སེམས་དང་ཆོས་རྣམས་དང་། །བསླབ་དང་ལས་དང་འབྲས་བུ་གང་། །མཚན་ཉིད་གཅིག་ཏུ་ལྡན་འགྱུར་ཅིང་། །ལས་དང་བྱ་བ་རྣམ་སྤངས་པའི། །ཚུལ་ཁྲིམས་སངས་རྒྱས་བཞིན་ཞེས་བྱ། །ཚུལ་ཁྲིམས་ལྡན་ཞེས་གཞན་མི་བྱ། །ཆོས་རྣམས་ཀུན་ལ་དབང་ཐོབ་ཅིང་། །སེམས་ཅན་དོན་རྟོགས་ཁོང་དུ་ཆུད། །གསེར་དང་བོང་རྡོ་མཉམ་གྱུར་ན། །དེ་ནི་མྱུར་དུ་མ་ཆགས་སྤྱོད། ། གསང་སྔགས་ཀྱི་ནི་གྲངས་དག་ལས། །འབུམ་གྲངས་ཅི་སྙེད་བསྟན་གྱུར་པ། །དུས་ནི་དེ་སྲིད་ལོན་གྱུར་ན། །བརྟུལ་ཞུགས་ཡོངས་སུ་རྫོགས་པར་འགྱུར། །དབང་ཆེན་གྱི་ནི་དངོས་པོ་ཡིས། །དབང་ཆེན་དཀྱིལ་འཁོར་ལ་གནས་ཏེ། །རྡོ་རྗེ་ཅན་གྱི་རྒྱ་བཅིངས་ལ། །ཟས་སུ་རྟག་ཏུ་འོ་མ་འཐུང་། །སྲོག་དང་རྩོལ་བ་རབ་བསྡམས་ནས། །སྔགས་པས་ཟླ་བ་གཅིག་ཏུ་བཟླས། །དེ་ནས་ཟླ་བ་གཉིས་པ་ལ། །ཆུ་ཡི་དཀྱིལ་འཁོར་དང་ལྡན་པར། །པདྨའི་ཕྱག་རྒྱ་བཅིངས་ནས་སུ། །དེ་ཚེ་ཟས་སུ་ཆུ་བཏུང་ངོ་། །དེ་ནས་ཟླ་བ་གསུམ་པ་ལ། །མེ་ཡི་ངོས་ལ་གཞོལ་བྱས་ཏེ། ། མ་བླངས་པ་ཡི་ཟས་ཟ་ཞིང་། །རལ་གྲི་ཕྱག་རྒྱ་དང་ལྡན་པས། །ལུས་དང་ངག་ཡིད་ལས་བྱུང་བའི། །སྡིག་པ་ཐམས་ཅད་བསྲེག་པར་བྱ། །བཞི་ལ་རླུང་དང་ལྡན་བྱས་ཏེ། །ཟས་སུ་རྟག་ཏུ་རླུང་བཟའོ། །དེ་ནས་འཁོར་ལོའི་ཕྱག་རྒྱ་བཅིང་། །མཉམ་པར་གཞག་སྟེ་གསང་སྔགས་བཟླས། །དབང་ཆེན་དང་ནི་ཆུའི་ངོས་ལ། །རྣལ་འབྱོར་གཞོལ་བ་འདུག་ནས་སུ། །ཟླ་བ་ཡར་གྱི་ངོ་ལ་ནི། །དེ་ནས་ཟླ་བ་ལྔ་པ་ལ། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །སྔགས་པ་ཀུན་ཏུ་ཆགས་མེད་ན། །རྫོགས་པའི་སངས་རྒྱས་བཞིན་དུ་འགྱུར། །རླུང་དང་མེར་ནི་ལྡན་བྱས་ནས། ། ཉེས་པ་ཀུན་དང་རྣམ་བྲལ་ཞིང་། །རྙེད་དང་མ་རྙེད་རྣམ་སྤངས་ཏེ། །ཟླ་བ་གཞན་ལ་བཟླས་བརྗོད་བྱ། །བརྒྱ་བྱིན་ཚངས་ལ་སོགས་པའི་ལྷ། །ཤ་ཟ་ལྟོ་འཕྱེ་སྲིན་པོ་རྣམས། །རྒྱང་རིང་ནས་ནི་ཕྱག་འཚལ་ཞིང་། །ཐམས་ཅད་སྲུང་བའང་བྱེད་པར་འགྱུར། །དེ་དག་ཐམས་ཅད་བཀའ་ཉན་


DKG086_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །དེ་ཡི་བཀའ་བཞིན་བྱེད་པར་འགྱུར། །སྨན་དང་མི་དང་ལྷ་རྣམས་དང་། །རིག་སྔགས་རྣམས་དང་གསང་སྔགས་ཀུན། །ཅི་དག་བགྱི་ཞེས་ཚིག་སྨྲ་ཞིང་། །དེ་ཡི་དྲུང་དུ་འཁོད་པར་འགྱུར། །བགེགས་དང་ལོག་འདྲེན་མ་རུངས་དང་། །སྲིན་པོ་དང་ནི་མ་མོ་རྣམས། །གསང་སྔགས་འཛིན་པ་མཐོང་བའི་ཚེ། །རྒྱང་རིང་ནས་ནི་ཕྱག་འཚལ་འགྱུར། །རིག་པའི་བརྟུལ་ཞུགས་ལ་གནས་པའི། །སྔགས་ཤེས་གང་ན་འདུག་པ་ཡི། །གནས་དེ་རབ་ཏུ་འཇིག་པ་ཡི། །མེ་ལྟར་འབར་ཞིང་འཇིགས་པར་འགྱུར། །དབང་ཕྱུག་གོ་འཕང་ཐམས་ཅད་འཐོབ། །དེས་པ་རྫོགས་པའི་སངས་རྒྱས་བཞིན། །དཔལ་ལྡན་གདུལ་དཀའ་འདུལ་བ་པོ། །རྡོ་རྗེ་འཛིན་ཆེན་དཀའ་ཐུབ་ཅན། །སེམས་ཅན་ཀུན་ལ་ཕན་བྱེད་པ། །སྙིང་རྗེ་འཇིག་རྟེན་དབང་པོ་བཞིན། །ཟླ་བ་དྲུག་རྣམས་འདས་གྱུར་ན། །འདོད་པའི་དངོས་གྲུབ་འབྲས་བུ་འཐོབ། ། བདག་ཉིད་དང་ནི་གཞན་ལ་ཡང་། །རྟག་པར་རྗེས་སུ་ཕན་པར་བྱེད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། རིག་སྔགས་ཀྱི་བརྟུལ་ཞུགས་རིམ་པར་ཕྱེ་བ་རྒྱས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་ཡང་གསང་སྔགས་རྣམས་དང་། དཀྱིལ་འཁོར་རྣམས་ཀྱི་སྙིང་པོ་ཞུས་པ། གསང་སྔགས་ཀུན་གྱི་སྙིང་པོ་གང་། །ཅི་ཞིག་འཚལ་ན་སློབ་དཔོན་འགྱུར། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །དེའི་ཚེ་རྣམ་སྣང་མཛད་ཆེན་གྱིས། །རྡོ་རྗེ་འཛིན་ལ་བཀའ་སྩལ་པ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །ཡེ་ཤེས་གསང་བས་ཆེས་གསང་ཞིང་། །གསང་སྔགས་ཡེ་ཤེས་ཆེར་འབྱུང་བ། །བུ་ཁྱོད་ལ་ནི་བཤད་པར་བྱ། །མ་ཡེངས་ཡིད་ཀྱིས་མཉན་པར་གྱིས། །ཨ་ནི་གསང་སྔགས་ཐམས་ཅད་ཀྱི། །སྙིང་པོ་ཡིན་པར་ཡང་དག་བཤད། །འདི་ལས་བྱུང་བའི་གསང་སྔགས་ནི། །གྲངས་མེད་རྣམས་ཀྱང་འབྱུང་བར་འགྱུར། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །ཡེ་ཤེས་མཐའ་དག་སྐྱེ་བར་འགྱུར། །གསང་བ་པའི་བདག་པོ་ཅི་ལྟར་ན་ཨ་ཞེས་བྱ་བ་གསང་སྔགས་ཐམས་ཅད་ཀྱི་སྙིང་པོ་ཡིན་ཞེ་ན། རྫོགས་པའི་


DKG086_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྐང་གཉིས་གཙོས། །ཨ་ནི་གཙོ་བོ་ཡིན་པར་གསུངས། །དེ་བས་འདི་ཀུན་ཐམས་ཅད་དེ། །ཡན་ལག་ཀུན་ལ་རྣམ་པར་གནས། །ཡན་ལག་རྣམས་ཀྱང་ཅི་རིགས་པར། །རྟག་པར་ཀུན་ཏུ་རིག་པར་གྱིས། །ཡི་གེ་རྣམས་ཀྱིས་ཐམས་ཅད་ཁྱབ། །ཡི་གེ་རྣམས་ཀྱང་དེ་ཡིས་ཁྱབ། །ཡི་གེ་རྣམས་ལ་སྒྲ་འབྱུང་བ། །ཆ་དང་ཆ་ལས་བྱུང་བའོ། །དེ་བས་འདི་ཀུན་ཐམས་ཅད་དེ། །ལུས་ནི་སྣ་ཚོགས་ལས་བྱུང་བའོ། །དེ་ཡི་དགོད་པ་ཡང་དག་བསྟན། །སྙིང་པོ་དག་ནི་དེས་པས་ཉོན། །སྙིང་གར་སྙིང་པོ་བཞག་ནས་ནི། །ཡན་ལག་རྣམས་ལ་ཡན་ལག་དགོད། །བློ་ལྡན་རྣལ་འབྱོར་སྟན་འདུག་སྟེ། །བདག་ལུས་རྫོགས་སངས་རྒྱས་ཀྱི་སྐུར། །བྱས་ནས་དེ་བཞིན་གཤེགས་པ་རྣམས། །དྲན་པར་བྱས་ཏེ་འདི་ཀུན་བྱ། །གང་གིས་ཡེ་ཤེས་རྒྱ་ཆེན་ཏེ། །ཆོ་ག་བཞིན་དུ་ཤེས་གྱུར་ན། །དེ་ཚེ་སངས་རྒྱས་མཐུ་ཆེན་གྱིས། ། དེ་ནི་སློབ་དཔོན་ཡིན་པར་བཤད། །དེ་བས་དེ་ཉིད་དེ་བཞིན་གཤེགས། །དེ་ཉིད་རྫོགས་སངས་རྒྱས་ཞེས་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ཉི་མ་ཟླ་བ་ཆུ་ལྷ་དང་། །བརྒྱ་བྱིན་དང་ནི་སྐྱེ་དགུའི་བདག །དུས་དང་གཤིན་རྗེའང་དེ་ཉིད་དེ། །ས་ཡི་ལྷ་དང་དབྱངས་ཅན་ཏེ། །བྲམ་ཟེ་དང་ནི་ཁྲུས་བྱེད་ཉིད། །ཚངས་པར་སྤྱོད་པ་ཞེས་ཀྱང་བྱ། །དགེ་སློང་དཔལ་ལྡན་ཟག་པ་ཟད། །གསང་བ་ཐམས་ཅད་འཛིན་པ་པོ། །ཐམས་ཅད་མཁྱེན་དང་ཐམས་ཅད་གཟིགས། །ཆོས་ཀུན་དབང་ཕྱུག་གཙོ་བོ་སྟེ། །གང་ཞིག་བྱང་ཆུབ་སེམས་བརྟན་ཞིང་། །སྒྲ་ཤེས་པ་ནི་ལྷུར་ལེན་གང་། །ཆོས་རྣམས་ཀུན་ལ་མ་ཆགས་པ། །རྣམ་པ་ཀུན་ཏུ་ཀུན་ཤེས་བྱ། །ཡི་གེའི་འཁོར་ལོ་ཐམས་ཅད་ནི། །གང་གི་ལུས་ལ་རྣམ་གནས་པ། །དེ་ནི་སྔགས་པ་གསང་སྔགས་འཆང་། །དཔལ་ལྡན་སྔགས་རྒྱལ་རྡོ་རྗེ་འཛིན། ། སྨིན་མཚམས་དབུས་སུ་ཡི་གེ་ཧཱུྃ། །རྡོ་རྗེ་ཅན་གྱི་གཞི་ཡིན་ནོ། །བྲང་དུ་ཡི་གེ་ས་ཞེས་བྱ། །ཕྱག་ན་པདྨའི་གཞི་ཞེས་བྱ། །ང་ནི་སྙིང་གའི་གནས་གཞག་པ། །ཀུན་གྱི་རྗེ་སྟེ་དབང་ཕྱུག་ཡིན། །རྒྱུ་དང་མི་རྒྱུ་སྣ་ཚོགས་པས། །མཐའ་དག་ངས་ནི་རབ་ཏུ་ཁྱབ། །ཨ་ཞེས་བྱ་བ་སྲོག་གི་


DKG086_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །བ་ཞེས་བྱ་བ་ཚིག་ཏུ་བཤད། །ར་ཞེས་བྱ་བ་མེ་ཞེས་བརྗོད། །ཧཱུྃ་ཞེས་བྱ་བ་ཁྲོ་བོར་བཤད། །ཁ་ནི་ནམ་མཁར་ཤེས་པར་བྱ། །ཀླད་ཀོར་སྟོང་པའི་མཆོག་ཅེས་བྱ། །གང་ཤེས་སློབ་དཔོན་ཞེས་བྱ་བ། །འདི་ནི་ཡང་དག་དམ་པ་ཡིན། །དེ་བས་རྣམ་པ་ཐམས་ཅད་དུ། ། རྫོགས་སངས་རྒྱས་སྔགས་ཞེས་འདི་ལ། །རྟག་ཏུ་བརྩོན་པར་བྱས་ན་ནི། །འཆི་འཕོ་མེད་པའི་གོ་འཕང་འཐོབ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། སློབ་དཔོན་གྱི་དེ་ཁོ་ན་ཉིད་ཤེས་པ་རིམ་པར་ཕྱེ་བའོ།། །།ཡི་གེ་ཅི་ལྟར་དགོད་པ་དག །རྫོགས་སངས་རྒྱས་ཀྱིས་ལེགས་བསྟན་པ། །དེ་བས་ཀུན་ཏུ་མཉན་པར་གྱིས། །ཀ་ནི་ལྐོག་མར་ཤེས་པར་བྱ། །ཁ་ནི་རྐན་ལ་གཞག་པར་བྱ། །ག་ནི་མགྲིན་པར་ཤེས་པར་བྱ། །གྷ་ནི་མགུལ་པའི་གནས་སུ་གཞག །ཙ་ནི་ལྕེ་ལ་གཞག་པར་བྱ། །ཚ་ནི་ལྕེ་ཡི་དབུས་སུ་གཞག །ཛ་ནི་ལྕེ་ཡི་རྩེ་མོ་ལ། །ཛྷ་ནི་ལྕེ་ཡི་རྩ་བ་ལ། །ཊ་ནི་བྱིན་པར་ཤེས་པར་བྱ། །ཋ་ནི་བརླ་ལ་གཞག་པར་བྱ། །ཌ་ནི་རྐེད་པར་གཞག་པར་བཤད། །ཌྷ་ནི་རྐང་པ་གཉིས་ལ་གཞག །ཏ་ནི་ཆུ་སོར་གཞག་པར་བཤད། །ཐ་ནི་ལྟོ་བར་ཤེས་པར་བྱ། །ད་ནི་མཆན་ཁུང་གཉིས་སུ་གཞག །དྷ་ནི་རྩིབ་ལོགས་གཉིས་སུ་གཞག །པ་ནི་རྒྱབ་ཏུ་ཤེས་པར་བྱ། །ཕ་ནི་བྲང་དུ་ཤེས་པར་བྱ། །བ་ནི་དཔུང་མགོ་གཉིས་སུ་གཞག །བྷ་ནི་ལག་པ་གཉིས་སུ་གཞག །མ་ནི་ཡིད་ཀྱི་གནས་སུ་གཞག །དེ་ཚེ་ཚུལ་བཞིན་ཤེས་པར་བྱ། །ཡ་ནི་ཕོ་མཚན་ཡིན་ཞེས་གསུངས། །ར་ནི་ནམ་མཚོང་ཡིན་པར་བཤད། །ལ་ནི་རྒྱ་ཆེན་ཤེས་བྱ་བ། །སྐྱོབ་པ་དེ་ཡི་འཕྲལ་བ་ཡིན། །ཨི་ཨཱི་མིག་གཉིས་ཡིན་ཞེས་བྱ། །ཨུ་ཨཱུ་མཆན་ཁུང་ཡིན་པར་བཤད། །ཨེ་ཨཻ་རྣ་བ་གཉིས་ཤེས་བྱ། །ཨོ་ཨཽ་འགྲམ་པ་གཉིས་སུ་འདོད། །ཨཾ་ནི་རྫོགས་སངས་རྒྱས་པའི་གནས། །ཨཿནི་མྱ་ངན་འདས་པ་ཡིན། །ཆོ་ག་བཞིན་དུ་ཀུན་ཤེས་ནས། །བརྟུལ་ཞུགས་མཆོག་གིས་སངས་རྒྱས་བྱོས། །ཐམས་ཅད་མཁྱེན་པའི་ནོར་གྱི་དབྱིག །གང་གི་སྙིང་ལ་རྟག་གནས་པ། །འཇིག་


DKG086_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ན་ནི་དེ་ཀུན་ཤེས། །དེས་པས་ཐམས་ཅད་མཁྱེན་པ་བཞིན། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བཀོད་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསླབ་པའི་གཞི་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེ་ཙོམ་དང་ཡིད་གཉིས་མ་མཆིས་ཤིང་། འཁོར་བ་ན་འཁོར་བའི་ཚེ་ཉམས་པར་མི་འགྱུར་བ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་བཞིན་གཤེགས་པའི་སྤྱན་གྱིས་ཆོས་ཀྱི་དབྱིངས་ཐམས་ཅད་ལ་གཟིགས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའི་སྤྱད་པའི་ཚུལ་ལ་མཁས་པའི་བསྟན་པ་གང་ལ་གནས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་རྟོགས་པ་ཁོང་དུ་ཆུད་པར་འགྱུར་བ་དེ་ཉོན་ཅིག །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔས་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱ། བརྫུན་དུ་སྨྲ་བ་དང་། ངག་རྩུབ་པོ་དང་། ཕྲ་མ་ཟེར་བ་དང་། ཚིག་ཀྱལ་པ་སྨྲ་བ་ལས་སླར་ལྡོག་པར་བྱའོ། ། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ལས་སླར་ལྡོག་པར་བྱའོ། །གསང་བ་པའི་བདག་པོ་གང་ལ་བསླབས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་དང་སྤྱོད་པ་མཚུངས་པར་བསླབ་པར་འགྱུར་བ་བྱང་ཆུབ་སེམས་དཔའི་བསླབ་པ་ནི་འདི་དག་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་བཤད། བཅོམ་ལྡན་འདས་འཇིག་རྟེན་པ་མུ་སྟེགས་བྱེད་རྣམས་ཀྱང་


DKG086_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཡང་དག་པར་བླངས་ཏེ་གནས་ལགས་ན། བཅོམ་ལྡན་འདས་འདི་ལ་ཁྱད་པར་ནི་ཅི་ཞིག་མཆིས། ཐ་དད་དུ་བགྱི་བ་ནི་ཅི་ཞིག་མཆིས། དེ་སྐད་གསོལ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ་ཁྱོད་ཀྱིས་གང་དེ་བཞིན་གཤེགས་པ་ལ་དོན་འདི་ཞུས་པ་ནི། གསང་བ་པའི་བདག་པོ་ཡང་ཁྱོད་ལེགས་སོ། །གསང་བ་པའི་བདག་པོ་དེའི་ཕྱིར་རབ་ཏུ་རྣམ་པར་དབྱེ་བའི་ཚུལ་དང་ཚུལ་གཅིག་ཏུ་བསྟན་པའི་ཆོས་ཀྱི་རྣམ་གྲངས་བསྟན་གྱིས་ཉོན་ཅིག །གསང་བ་པའི་བདག་པོ་དེ་ལ་ངས་གང་ཉན་ཐོས་རྣམས་ལ་བསླབ་པ་བསྟན་པ་གང་ཡིན་པ་དེ་ནི། ཐབས་དང་ཤེས་རབ་ཏུ་མི་ལྡན་པ་བཀའ་གྲུབ་པར་བྱེད་པ། ཕྱོགས་གཅིག་ཤེས་པ་རྟོགས་པ་སྟེ། དེ་བས་ན་དེ་དག་དང་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་མཚུངས་པར་མི་འགྱུར་རོ། །འཇིག་རྟེན་པ་རྣམས་ནི་བདག་གི་དངོས་པོ་ལ་མངོན་པར་ཞེན་པ་དང་། གཞན་གྱི་རྐྱེན་གྱིས་འཇུག་གོ། །ཐེག་པ་ཆེན་པོས་འགྲོ་བའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པའི་ཕྱིར་གཞན་གྱི་དྲིང་མི་འཇོག་ཅིང་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་བདག་དང་གཞན་དང་གཉི་གའི་དོན་བྱེད་པ་ལ་འཇུག་གོ། །དེ་ལྟ་བས་ན་གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པར་ཆོས་ཐམས་ཅད་ལ་འཇུག་པའི་ཕྱིར་བརྩོན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོའི་སྤྱན་གྱིས་སེམས་ཅན་གྱི་ཁམས་རྣམས་ལ་གཟིགས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། དེ་ལ་བྱང་ཆུབ་སེམས་དཔས་ཆེད་དུ་བསམས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བྱའོ། །དབྱུག་པ་སྤོང་ཞིང་འཁོན་དུ་འཛིན་པ་སྤང་བར་བྱའོ། །དེས་བདག་ལ་ཅི་ལྟ་བ་བཞིན་དུ་གཞན་གྱི་སྲོག་ཀྱང་བསྲུང་བར་བྱའོ། །གཞན་དུ་ན་གང་ཟག་དེ་ལྟ་བུ་དང་དངོས་པོ་དེ་ལྟ་བུ་ལ་བདག་གིས་སྡིག་པ་ཁས་བླངས་ལ། ལས་དེ་བྱ་བ་ནི་མ་གཏོགས་ཏེ། དེ་


DKG086_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འཁོན་དུ་འཛིན་པ་མེད་ཅིང་སྙིང་རྗེར་གྱུར་པའི་ཡིད་ཀྱིས་བྱའོ། །མ་བྱིན་པར་ལེན་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱི་ཡོངས་སུ་གཟུང་བའི་ལོངས་སྤྱོད་ལ་ཆགས་པ་བསྐྱེད་པར་ཡང་མི་བྱ་ན། གཞན་གྱི་ལོངས་སྤྱོད་ལ་མ་བྱིན་པར་ལེན་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་དུ་ན་སེམས་ཅན་གང་དག་སེར་སྣ་ཅན་འཇུངས་པ་སྦྱིན་པ་མི་བྱེད་ཅིང་། བསོད་ནམས་མི་བྱེད་པ་དེ་དག་མཐོང་ན། གང་ཟག་དེ་ལྟ་བུ་དག་ལ་སེར་སྣ་སྤང་བའི་ཕྱིར་བྱ་བ་ནི་མ་གཏོགས་ཏེ། བདག་གིས་ཀྱང་དེ་ལ་ཆགས་པའི་སེམས་མེད་པར་དེའི་ཆེད་དུ་སྦྱིན་པ་སྦྱིན་པར་བྱའོ། །དུས་དུས་སུ་སྦྱིན་པའི་བསྔགས་པ་བརྗོད་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དེ་ལ་ཆགས་པའམ། འདོད་པའི་སེམས་བསྐྱེད་པར་གྱུར་ན། གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཡན་ལག་ལས་ཉམས་པ། ཆོས་འདུལ་བ་ལས་བཅོས་སུ་མེད་པའི་ལྟུང་བར་འགྱུར་བར་རིག་པར་བྱའོ། །འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱིས་ཡོངས་སུ་བཟུང་བའི་ཆུང་མ་དང་རིགས་དང་མཚན་མ་དང་། ཆོས་ཀྱིས་བསྲུངས་པ་རྣམས་ལ་ཆགས་སེམས་ཀྱང་བསྐྱེད་པར་མི་བྱ་ན། ཡན་ལག་མ་ཡིན་པར་སྤྱོད་པའམ། དབང་པོ་གཉིས་སྤྲོད་པ་ལྟ་སྨོས་ཀྱང་ཅི་དགོས། གཞན་དུ་ན་དངོས་པོ་དེ་ལྟ་བུ་དག་ལ་བྱ་བ་ནི་མ་གཏོགས་སོ། །བརྫུན་དུ་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ཆེད་དུ་བསམས་ཏེ་གང་གིས་སངས་རྒྱས་ཀྱི་བྱང་ཆུབ་བསླུས་པར་འགྱུར་བའི་བརྫུན་གྱི་ཚིག་སྲོག་གི་ཕྱིར་ཡང་སྨྲ་བར་མི་བྱའོ། །འདི་ལྟར་སངས་རྒྱས་ཀྱི་བྱང་ཆུབ་ལས་འདའ་བར་འགྱུར་བ་དེ་ནི། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་ལ་གནས་པའི་བརྫུན་ཆེན་པོ་ཡིན་ནོ། །གསང་བ་པའི་བདག་པོ་རྣམ་གྲངས་དེས་ཀྱང་ཁྱོད་ཀྱིས་འདི་ལྟར་བདེན་པའི་ཚིག་ཡོངས་སུ་མི་གཏང་བར་རིག་པར་བྱའོ། ། གསང་བ་པའི་བདག་པོ་གཞན་ཡང་ཚིག་རྩུབ་པོ་ལས་སླར་ལྡོག་པར་བྱ་སྟེ། དེས་སེམས་ཅན་རྣམས་ལ་མཉེན་པ་དང་། འཇམ་པ་དང་། ཡིད་ལ་བབ་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་


DKG086_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དོན་བྱ་བའི་ཐོག་མར་འགྲོ་བ་ནི་ཚིག་འཇམ་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སེམས་ཅན་འགྲོ་བ་མི་བཟད་པའི་རྒྱུ་ཅན་རྣམས་ལ་གནས་དེ་དང་དེ་དག་ཏུ་བྱང་ཆུབ་སེམས་དཔའ་ཚིག་རྩུབ་པོར་སྨྲ་བ་ནི་མ་གཏོགས་སོ། །གསང་བ་པའི་བདག་པོ་གཞན་ཡང་ཕྲ་མ་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ཅི་ནས་ཀྱང་དབྱེན་དུ་མི་འགྱུར་བ་དང་གནོད་པར་མི་འགྱུར་བ་དེ་ལྟར་བསྒྲུབ་པར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་སེམས་ཅན་དབྱེ་བ་ལ་ཞུགས་པ་མ་ཡིན་ནོ། །གཞན་དུ་ན་སེམས་ཅན་རྣམས་ལ་ལྟ་བའི་གནས་དེ་ལྟ་བུ་དག་ཏུ་བྱིང་བར་གྱུར་པ་མཐོང་ན། ཅི་ནས་ཀྱང་སེམས་ཅན་དེ་དག་འདི་ལྟར་ཐམས་ཅད་མཁྱེན་པའི་ཚུལ་གཅིག་པ་འདི་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་བུའི་རྣམ་པས་རབ་ཏུ་འབྱེད་པར་བྱེད་པ་ནི་མ་གཏོགས་སོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔས་ཚིག་ཀྱལ་པ་སྨྲ་བ་ལས་སླར་ལྡོག་པར་བྱ་སྟེ། དེས་ཡུལ་དང་དོན་དང་དུས་དང་ལྡན་པ། དོན་གྱི་རྗེས་སུ་འཇུག་པ། སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བ་རྣ་བའི་ལམ་རྣམ་པར་སྤྱོད་པ་དེ་ལྟ་བུའི་ཚིག་སྨྲ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཚིག་སྣ་ཚོགས་དང་ལྡན་པ་ཡིན་ནོ། །གཞན་དུ་ན་བྱང་ཆུབ་སེམས་དཔའ་སྒྲུང་གི་གཏམ་གླེང་བ་སྔོན་དུ་བྱས་ཏེ། སེམས་ཅན་རྣམས་མགུ་བར་བྱས་ནས། སངས་རྒྱས་ཀྱི་ཆོས་ལ་རབ་ཏུ་དགོད་པར་འདོད་པས། དོན་དང་མི་ལྡན་པའི་ཚིག་ཀྱང་སྨྲ་བར་བྱ་བ་ནི་མ་གཏོགས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་འཁོར་བ་ན་རྒྱུ་ཡང་བར་དུ་གཅོད་པ་མེད་པར་འགྱུར་རོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔས་བརྣབ་སེམས་ལས་སླར་ལྡོག་པར་བྱ་སྟེ། དེས་གཞན་གྱི་ལོངས་སྤྱོད་དང་གཞན་གྱི་ནོར་ལ་ཆགས་པའི་སེམས་ཀྱང་བསྐྱེད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སེམས་ཞུམ་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་བདག་ལ་སེམས་ཆགས་པར་གྱུར་ན། ཐམས་ཅད་མཁྱེན་པ་ཉིད་ཀྱི་སྒོའི་ཕྱོགས་གཅིག་ལས་ཉམས་པར་འགྱུར་རོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་རབ་ཏུ་དགའ་བ་བསྐྱེད་ཅིང་དེས་འདི་ལྟར་བསམ་པར་བྱའོ། །གང་བདག་གིས་བྱ་དགོས་པ་དེ་དག་གིས་རང་འབྱོར་པར་གྱུར་པ་


DKG086_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལེགས་སོ་སྙམ་ནས་སེམས་ཅན་དེ་དག་གི་ལོངས་སྤྱོད་དེ་དག་ཆུད་མི་ཟ་བ་ལ་ཡང་དང་ཡང་དུ་དགའ་བ་བསྐྱེད་པར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་གནོད་སེམས་ལས་སླར་ལྡོག་པར་བྱ་སྟེ། དེས་ཐམས་ཅད་དུ་བཟོད་པ་མང་བ་དང་། བྱམས་པ་དང་། ཁོང་ཁྲོ་བ་མེད་ཅིང་སེམས་སྙོམས་པར་བྱའོ། །དེས་མཛའ་བོ་ལ་ཅི་ལྟ་བ་བཞིན་དུ་དགྲ་ལ་ཡང་དེ་བཞིན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་ནི་ཡིད་ཀྱིས་གནས་ངན་ལེན་དང་ལྡན་པ་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་བསམ་པ་ཡོངས་སུ་དག་པ་ཡིན་ནོ། ། གསང་བ་པའི་བདག་པོ་དེ་བས་ན་བྱང་ཆུབ་སེམས་དཔས་གནོད་སེམས་བྲལ་བར་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔས་ལོག་པར་ལྟ་བ་མེད་པར་བྱ་སྟེ། དེས་ཡང་དག་པར་ལྟ་བ་དང་། འཇིག་རྟེན་ཕ་རོལ་ལ་འཇིགས་པར་ལྟ་བ་དང་། གཡོ་མེད་པ་དང་། གྱ་གྱུ་མེད་པ་དང་། སྒྱུ་མེད་པ་དང་། དྲང་བ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་པ་ངེས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ལོག་པར་ལྟ་བ་ནི་བྱང་ཆུབ་སེམས་དཔའི་ཁ་ན་མ་ཐོ་བ་ཆེན་པོ་སྟེ། དགེ་བའི་རྩ་བ་ཐམས་ཅད་གཅོད་པར་འགྱུར་བའོ། ། འདི་ནི་མི་དགེ་བའི་རྩ་བ་ཐམས་ཅད་ཀྱི་ཕྱི་མོའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་ཐ་ན་བཞད་གད་ཙམ་དུ་ཡང་ལོག་པར་ལྟ་བ་བསྐྱེད་པར་མི་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ལ་དགེ་བ་བཅུའི་ལས་ཀྱི་ལམ་འདི་རྣམས་ཀྱི་སྡོམ་པ་ཉམས་པ་དང་ཤིན་ཏུ་རྩ་བ་ནས་ཆད་པར་མི་འགྱུར་བ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ཁྱིམ་དང་། ཆུང་མ་དང་། བུ་དང་། བུ་མོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱིས་ཡོངས་སུ་བསྐོར་ཅིང་ལྷ་དང་མིའི་བདེ་བ་མྱོང་བར་བགྱིད་ཀྱང་ཅི་ལྟར་ལྟུང་བར་མི་འགྱུར་བ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལེགས་


DKG086_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

སོ་ལེགས་སོ། །གསང་བ་པའི་བདག་པོ་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུལ་བའི་ལྟུང་བ་རྣམ་པར་ངེས་པ་ལ་མཁས་པ་བཤད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། གཉིས་གང་ཞེ་ན། འདི་ལྟར་ཁྱིམ་པ་དང་། རབ་ཏུ་བྱུང་བའོ། །དེ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི། ཁྱིམ་ན་གནས་ཤིང་བསླབ་པའི་གཞི་ལྔ་གཟུང་སྟེ། ཐབས་དང་ཚུལ་སྣ་ཚོགས་ཀྱིས་རྒྱལ་སྲིད་ལ་དབང་བྱེད་དོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཡུལ་དང་དུས་ཀྱི་དབང་གིས་ཐམས་ཅད་མཁྱེན་པ་ཉིད་འཐོབ་པར་འདོད་པ་ནི། འདི་ལྟར་ཐབས་ཀྱིས་ཡོངས་སུ་ཟིན་པར་གླུ་དང་། རོལ་མོ་དང་། མིག་འཕྲུལ་ལ་སོགས་པའི་བཟོའི་གནས་རྣམ་པ་སྣ་ཚོགས་སྟོན་ཅིང་། ཐབས་དང་ཚུལ་དེ་དང་དེ་དག་གིས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་ཡོངས་སུ་སྡུད་དེ། དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པའི་ཕྱིར་རོ། །དེ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བ་རབ་ཏུ་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཁྱིམ་པས་བསླབ་པའི་གཞི་དེ་ལྔ་བཟུང་ནས། བསླབ་པ་ཅི་སྐད་བསྟན་པ་རྣམས་ལ་སློབ་ཅིང་དད་པས། སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །འདུས་མ་བྱས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དེ་བཞིན་གཤེགས་པས་བསྔགས་པ་ལ་གནས་ཏེ། འདུས་བྱས་ཀྱི་ཚུལ་ཁྲིམས་ལ་ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་ཟིན་པར་སྤྱོད་ཅིང་། ལྟུང་བའི་རྩ་བ་བཞི་ནི་སྲོག་གི་ཕྱིར་ཡོངས་སུ་ཉམས་པར་མི་བྱའོ། །བཞི་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་གཏོང་བ་དང་། སེར་སྣ་བྱེད་པ་དང་། སེམས་ཅན་ལ་གནོད་པ་བྱེད་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་དག་ནི་ཐབས་དང་ཤེས་རབ་ཏུ་མི་ལྡན་པ། རང་བཞིན་གྱིས་ཉོན་མོངས་པ་ཅན་ཏེ་སླར་གསོར་མི་རུང་བའོ། །དེ་ཅིའི་ཕྱིར་ཞེ་ན། གང་དག་འདས་པའི་སངས་རྒྱས་དང་། །དེ་བཞིན་གང་དག་མ་བྱོན་དང་། །གང་ཡང་ད་ལྟའི་


DKG086_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་རྣམས། །ཐབས་དང་ཤེས་རབ་ལྡན་པ་ལ། །བསླབས་ནས་བླ་མེད་བྱང་ཆུབ་ནི། །འདུས་མ་བྱས་པ་དེ་འཐོབ་བོ། །ཐབས་དང་མི་ལྡན་ཡེ་ཤེས་དང་། །བསླབ་པ་དག་ཀྱང་བཤད་པ་ནི། །དཔའ་བོ་ཆེན་པོ་ཉན་ཐོས་རྣམས། །དེ་ལ་གཟུད་པའི་ཕྱིར་བཤད་དོ། ། རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། བྱང་ཆུབ་སེམས་དཔའི་བསླབ་པ་ཐབས་དང་ལྡན་པ་རིམ་པར་ཕྱེ་བའོ།། །།བམ་པོབདུན་པ།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ཏེ་བསྟན་པ་དོན་ཡོད་པར་གྲུབ་པར་བཞེད་ནས། གསང་སྔགས་ཐམས་ཅད་ཀྱི་དབང་ཕྱུག །གསང་སྔགས་ཀྱི་རྒྱལ་པོ། གསང་སྔགས་ཐམས་ཅད་ཀྱི་མགོན་པོ། གཟི་བརྗིད་ཆེན་པོ། དམ་ཚིག་གསུམ་ལ་གནས་པ། ལམ་གསུམ་ཡོངས་སུ་རྫོགས་པར་བྱེད་པ་བཤད་པའི་ཕྱིར། ཕྱག་ན་རྡོ་རྗེ་སྟོབས་ཆེན་ལ། །འཇམ་པའི་གསུང་གིས་བཀའ་སྩལ་པ། །གསང་སྔགས་རྣམས་ཀྱི་གསང་སྔགས་མགོན། །དཔའ་བོ་མ་ཡེངས་ཡིད་ཀྱིས་ཉོན། །དེའི་ཚེ་ཡེ་ཤེས་དམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཡེ་ཤེས་སྣ་ཚོགས་འབྱུང་བ་འོད་ཟེར་བརྒྱ་འཕྲོ་བའི་གསང་སྔགས་འདི་གསུངས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨྃ། ལག་ན་རྡོ་རྗེ། འདི་ནི་གསང་སྔགས་ཐམས་ཅད་ཀྱི། །མགོན་པོ་གཟི་བརྗིད་ཆེན་པོ་སྟེ། །འདི་ནི་བདག་ཉིད་རྫོགས་སངས་རྒྱས། །ཆོས་ཀུན་དབང་ཕྱུག་ཐུབ་པ་ཡིན། །མི་ཤེས་མུན་ནག་ཀུན་འཇོམས་པ། །ཉི་མ་ཤར་བ་བཞིན་དུ་སྣང་། །ཐུབ་པ་ཆེན་པོའི་བདག་ཉིད་ཀྱིས། །འདི་ལྟ་བུར་ནི་བྱིན་བརླབས་ཏེ། །སེམས་ཅན་རྣམས་ལ་ཕན་བཞེད་ཕྱིར། །སྤྲུལ་པ་རྣམས་ནི་སྤྲུལ་པར་མཛད། །འདི་ནི་སེམས་ཅན་རྣམ་དག་གི །སེམས་དཔའ་འབྱུང་བ་ཅི་སྙེད་པ། །དེ་སྙེད་ཀྱི་ནི་སྤྲུལ་པ་ཡི། །གོ་འཕང་དམ་པ་མཛད་པར་འགྱུར། །དེ་བས་རྣམ་པ་ཐམས་ཅད་དུ། །རྫོགས་སངས་རྒྱས་ཀྱི་ཐབས་འདོད་པས། །ནང་གི་བདག་ཉིད་རྣམ་དག་པས། །རྟག་ཏུ་མངོན་པར་བརྩོན་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་


DKG086_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་འབྱུང་བ་བསྟན་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་ཚེ་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པར་དབང་བསྐུར་བ་དང་ལྡན་པའི་ས་ཐོབ་པར་གྱུར་པ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་བདག་ཉིད་དམ་ཚིག་གསུམ་གྱི་ལམ་ལ་གནས་པ་གཟིགས་སོ། །གསང་བ་པའི་བདག་པོ་དེའི་ཚེ་ཡང་བཅོམ་ལྡན་འདས་དེ་ཡེ་ཤེས་ཆེན་པོ་མངོན་པར་ཤེས་པ་དབང་བསྐུར་བ་དང་ལྡན་པ། གཟུངས་ཀྱི་ཚུལ་དུ་སངས་རྒྱས་ཀྱི་མཛད་པ་ཉེ་བར་སྟོན་ཏོ། །དེ་ཉིད་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་མཛད་པས་དམ་ཚིག་གསུམ་གྱི་ལམ་སྟོན་པ་ཉེ་བར་གནས་པར་འགྱུར་རོ། །གསང་བ་པའི་བདག་པོ་ངའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་སྤྲུལ་པ་རྒྱ་ཆེན་པོ་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་ཁྱབ་པ། རྣམ་པར་དག་པའི་སྒོ། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཅི་ལྟ་བ་བཞིན་དུ་མགུ་བར་བྱེད་པ། ཆོས་ཀྱི་དབྱིངས་སོ་སོར་རྣམ་པར་རིག་པར་བྱེད་པའི་སྒོ་ནི། ད་ལྟ་འདི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཇིག་རྟེན་གྱི་ཁམས་ནམ་མཁའི་ཁམས་ཀྱིས་ཀླས་པ་མ་ལུས་པར་སངས་རྒྱས་ཀྱི་བྱ་བ་བྱེད་པ་ལ་ཞུགས་ཀྱང་། གསང་བ་པའི་བདག་པོ་དེ་ལ་སེམས་ཅན་རྣམས་ཀྱིས་འདི་ནི་བཅོམ་ལྡན་འདས་ཀྱི་གསུང་གི་འཁོར་ལོའི་དཀྱིལ་འཁོར་བྱུང་བ་སྟེ། སངས་རྒྱས་ཀྱི་གསུང་རྣམ་པར་བཀོད་པའི་རྒྱན་གྱི་སྙིང་པོ་འབྱུང་བའི་སངས་རྒྱས་ཀྱི་སྐུ། སེམས་ཅན་རེ་བ་ཅི་ལྟ་བ་བཞིན་དུ་མགུ་བར་མཛད་པ་བྱུང་བ་ཡིན་ནོ་ཞེས་བྱ་བ་རབ་ཏུ་མི་ཤེས་པ་ལ་ལྟོས། འོན་ཀྱང་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱ་མཚོ་སྙེད་ཀྱི་སྒོར་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་ལ་བརྩོན་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་བྱུང་བ་རྣམས། འཇིག་རྟེན་གྱི་ཁམས་ཀྱི་རིས་རྒྱ་མཚོའི་མེ་ཏོག་གི་གཞིའི་སྙིང་པོའི་རྒྱན་ཅན་འདིར། ངས་


DKG086_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟུང་བས་བསམ་པ་སྣ་ཚོགས་རྣམ་པར་དག་པའི་སྒོ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་རྣམས་ནི་ཡོངས་སུ་སྦྱོང་། བྱང་ཆུབ་ཀྱི་སྙིང་པོ་ནི་མངོན་པར་སྒྲུབ། བྱང་ཆུབ་ཏུ་ནི་མངོན་པར་འཚང་རྒྱ། ཆོས་ཀྱི་འཁོར་ལོ་ནི་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་བྱིན་གྱིས་རློབ་ཅིང་། དེའི་གོང་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འདོད་པས། སེམས་ཚད་མེད་པའི་ཕྱིར་ལུས་ཚད་མེད། ལུས་ཚད་མེད་པའི་ཕྱིར་ཡེ་ཤེས་ཚད་མེད། ཡེ་ཤེས་ཚད་མེད་པའི་ཕྱིར་སེམས་ཅན་ཚད་མེད། སེམས་ཅན་ཚད་མེད་པའི་ཕྱིར་ནམ་མཁའི་ཁམས་ཚད་མེད་པ་རབ་ཏུ་འཐོབ་བོ། །གསང་བ་པའི་བདག་པོ་དེ་ལྟར་ན་སེམས་ཅན་ཚད་མེད་པས་ཚད་མེད་པ་བཞི་རབ་ཏུ་འཐོབ་པར་འགྱུར་རོ། །ཐོབ་ནས་ཀྱང་སྟོབས་བཅུའི་སྟོབས་དང་ལྡན་པ། བདུད་བཞི་ལས་རྒྱལ་བ། ཁྱུ་མཆོག་དང་། སེང་གེའི་སྒྲ་སྒྲོགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི། །སྙིང་པོ་སྒོ་བརྒྱ་འདི་བཟླས་ནས། །གོ་འཕང་དམ་པ་འདི་དག་ཀུན། །དཔའ་བོ་དེ་དག་རྣམས་ཀྱིས་རྟོགས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། འབྲས་བུའི་སྦྱོར་བ་བསྟན་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །སྔགས་རྣམས་ཀྱི་ནི་སྔགས་འབྱུང་བའི། །སྔགས་ཀྱི་མགོན་པོ་འདི་བཤད་པ། །ངོ་མཚར་ཆེའོ་བཅོམ་ལྡན་འདས། །ཐུབ་པ་ཆེན་པོ་གནས་གང་དུ། །གང་གིས་ཅི་ལྟར་འཚལ་བར་བགྱི། །དེ་ལས་སྔགས་རྣམས་འབྱུང་བ་ནི། །གང་གིས་ཅི་ལྟར་བདག་ལ་གསུངས། །མགོན་པོ་སྨྲ་བ་རྣམས་ཀྱི་མཆོག །འདི་ཀུན་བདག་ལ་བཤད་དུ་གསོལ། །དེ་སྐད་གསོལ་ནས་བཅོམ་ལྡན་འདས། །ཆོས་ཀྱི་དབང་ཕྱུག་ཐུབ་པ་ཆེ། །ཀུན་མཁྱེན་བཅོམ་ལྡན་སྣང་མཛད་ཀྱིས། །དེ་ཚེ་འཇིག་རྟེན་ཁམས་ཀུན་དུ། །ཡོངས་སུ་ཁྱབ་པར་གྱུར་པའི་ཚིག །འཇམ་པའི་གསུང་གིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་མཐུ་བོ་ཆེ། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །


DKG086_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་གསང་བའི་མཆོག །ངོ་མཚར་ཆེན་པོ་རབ་ཏུ་གསང་། །རྟོག་གེ་ཀུན་གྱིས་མི་ཤེས་པ། །ཐམས་ཅད་ཁྱོད་ལ་བཤད་པར་བྱ། །གང་དག་ཐེག་ཆེན་དཀྱིལ་འཁོར་ནི། །སྙིང་རྗེ་འབྱུང་བར་དབང་བསྐུར་ཞིང་། །གང་དག་དྲང་ཞིང་མཉེན་པ་དང་། །རྟག་ཏུ་སྙིང་རྗེ་གང་ཆེ་དང་། །གང་དག་ནམ་ཡང་བྱང་ཆུབ་ལ། །དམིགས་པ་ཅན་དུ་མི་བལྟ་བ། །དེ་དག་རྣམས་ཀྱི་སྙིང་པོ་ནི། །བདག་ཉིད་ཆེན་པོར་ཤེས་པར་འགྱུར། །འདྲེན་པ་གང་ན་བཞུགས་པ་ཡི། །དེ་ཡི་གནས་ནི་སྙིང་ག་སྟེ། །པདྨ་ཡིད་ལས་བྱུང་བ་ནི། །འདབ་མ་བརྒྱད་པ་རབ་མཛེས་པ། །དཀྱིལ་འཁོར་ཟླ་བ་ལྟ་བུ་ནི། །དྲི་མེད་མེ་ལོང་འདྲ་བ་ལ། །དེ་ལ་གསང་སྔགས་མགོན་པོ་ནི། །མཐུ་ཆེན་རྟག་ཏུ་གནས་པ་བཞུགས། །གསེར་གྱི་ཁ་དོག་འབར་དང་བཅས། །སྡིག་དང་བྲལ་བའི་ཏིང་འཛིན་གནས། །ཉི་མ་བཞིན་དུ་བརྟག་པར་དཀའ། །དེ་ཡིས་འགྲོ་བ་འདི་དག་ཀུན། །ཕྱི་རོལ་དང་ནི་ནང་དུ་ཡང་། །ཀུན་ཏུ་ཁྱབ་པར་བྱིན་གྱིས་བརླབས། །མེ་ལོང་ཡིད་དུ་ཤེས་པར་བྱོས། །ཤེས་རབ་མིག་ཀྱང་དེ་བཞིན་ཏེ། །སྔགས་པ་ཤེས་རབ་མིག་གིས་སུ། །མེ་ལོང་ལ་ནི་རྣམ་བལྟས་ན། །དེ་ནི་རང་གཟུགས་རྫོགས་སངས་རྒྱས། །མཚན་ཉིད་རབ་ཏུ་ཞི་བ་མཐོང་། །དེ་ཚེ་ལུས་ལ་ལུས་ཀྱི་གཟུགས། །ཡིད་ལ་ཡིད་ལས་བྱུང་བ་ནི། །དག་ཅིང་རྣམ་པར་མཛེས་པ་དག །བདག་གི་ལས་ཀྱིས་བྱུང་བར་གྱུར། །དེ་ནས་དེ་ཡི་འོད་ཟེར་ནི། །གང་གིས་སྔགས་པ་སངས་རྒྱས་ཀྱི། །སྤྱོད་པ་ཐམས་ཅད་རབ་བྱེད་པ། །ཀུན་ནས་རྣམ་པར་སྣང་བར་འགྱུར། །དེ་བཞིན་བདག་ཉིད་དག་པ་ཡིས། །བལྟས་པ་འམ་ནི་སྨྲས་པས་ཀྱང་། །ཡིད་ལ་བསམས་པའི་དགོས་པ་ནི། །ཐམས་ཅད་བྱེད་པར་འགྱུར་བ་ཉིད། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འདི་ལྟར་ལུས་ལ་ལུས་ཀྱི་གཟུགས་བསྐྱེད་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ལྷག་པ་ནི་གང་ཡང་མེད་དེ། ཅི་ལྟར་བདག་གི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ལ་སོགས་པ་འབྱུང་


DKG086_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོ་བཞིའི་ནང་དུ་གཏོགས་པ་ཡིན་ལ། དེ་དག་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པ། མིང་ཙམ་གྱིས་བསྡུས་པ། ནམ་མཁའ་དང་མཚུངས་ཤིང་འདྲ་བ། གཟུང་དུ་མེད་པ། རྒྱུ་དང་ལས་ལས་བྱུང་བ་སྟེ། གཟུགས་བརྙན་དང་འདྲ་བ་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་དག་ཀྱང་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུན་མ་ཆད་པར་འབྲེལ་བ་སྟེ། གང་ལ་བརྟེན་ནས་སྐྱེས་པ་དེ་ནི་གཟུགས་བརྙན་དང་འདྲ་བར་འབྱུང་ངོ་། །དེ་ལྟ་བས་ན་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། ལྷ་གང་ཡིན་པ་དེ་བདག་ཡིན། བདག་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་དེ་ལྟར་ལུས་ཀྱིས་གཟུགས་ལྷའི་སྐུར་བསྐྱེད་པར་བྱའོ། །གསང་བ་པའི་བདག་པོ་ཆོས་ལ་བརྟེན་ནས་རྟོགས་པ་འབྱུང་། རྟོགས་པ་ལ་བརྟེན་ནས་ཀྱང་ཆོས་འབྱུང་བ་ལ་ལྟོས། དེ་གཉིས་ཀྱང་རང་བཞིན་གྱིས་སྟོང་པའི་ཕྱིར་ཕན་ཚུན་བྱེད་པ་པོ་དང་ལས་སུ་རྣམ་པར་འཇོག་པར་ཡང་མི་བྱེད་དོ། །གསང་བ་པའི་བདག་པོ་ཅི་ལྟར་ན་ཡིད་ལ་ཡིད་ལས་བྱུང་བའི་གཟུགས་བསྐྱེད་པར་བྱ་ཞེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ། དཀར་པོའམ། སེར་པོའམ། དམར་པོ་ཡིད་ལ་བྱས་ན་ཡིད་དེའི་རྣམ་པར་ཤེས་པ་ལ་ཞེན་པར་འགྱུར་ཏེ། དེས་ན་དེ་ལྟ་བུས་དགོས་པ་ཡང་དེ་ལྟ་བུ་ཁོ་ན་མངོན་པར་སྒྲུབ་པར་བྱེད་དོ། །གསང་བ་པའི་བདག་པོ་འདི་ལྟ་སྟེ། ཡིད་ལ་དཀྱིལ་འཁོར་བསམས་ནས་སུ། །རིམས་ནད་ཅན་ལ་གཞག་ན་ནི། །དེ་ཡི་མོད་ལ་སྐྱེ་བོ་ནི། །རིམས་ལས་ཐར་འགྱུར་དོགས་པ་མེད། ། ཡིད་མེད་པར་ཡང་དཀྱིལ་འཁོར་ཡོད་པ་མ་ཡིན་ལ། དཀྱིལ་འཁོར་མེད་པར་ཡང་ཡིད་ཡོད་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དཀྱིལ་འཁོར་དང་མཚན་ཉིད་གཅིག་པའི་ཕྱིར་རོ། །གསང་བ་པའི་བདག་པོ་འདི་ལྟ་སྟེ། སྒྱུ་མ་མཁན་གྱིས་སྒྱུ་མའི་མི་ཞིག་གིས་མི་གཞན་ཞིག་སྤྲུལ་ན། གསང་བ་པའི་བདག་པོ་དེ་ཅི་སྙམ་དུ་སེམས། དེ་ལ་ཁྱད་པར་ཅི་ཞིག་ཡོད། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །མི་དེ་གཉིས་ཀ་ལ་ཡང་ཁྱད་པར་མ་མཆིས་སོ། །བཅོམ་ལྡན་


DKG086_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་ཅིའི་སླད་དུ་ཞེ་ན། མི་དེ་གཉིས་ཀ་ཡང་ཡང་དག་པ་མ་ཡིན་པ་ལས་བྱུང་བ་དང་། སྒྱུ་མ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུའོ། །གསང་བ་པའི་བདག་པོ་དེ་བཞིན་དུ་ཡིད་ལས་བྱུང་བའི་དངོས་པོ་དང་ཡིད་གང་ཡིན་པ་དེ་གཉིས་ཀ་ཡང་རྣམ་པར་བརྟགས་པ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་པ་རྣམ་པར་དགོད་པ་སྒྲུབ་པ་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་སྔགས་ཀྱི་མགོན་པོའི་སྐུ་དང་ལུས་སུ་དབྱེར་མེད་པ་ཉོན་ཅིག །ཡིད་ལས་གྱུར་པ་ལས་བྱུང་ཞིང་། །ཡིད་ཀྱང་ཤིན་ཏུ་རྣམ་སྦྱངས་ནས། །མགོན་པོ་དེ་ན་བཞུགས་པ་ལ། །འོད་ཟེར་སྐུ་ལས་བྱུང་བ་རྣམས། །ཡན་ལག་གི་ནི་ཡན་ལག་ནས། །རྟག་པར་ཀུན་ཏུ་རྣམ་པར་འཕྲོ། །ཚུལ་འདི་དག་ནི་མ་ཤེས་པས། །རྨོངས་པ་རྣམས་ཀྱིས་ཡོངས་མི་ཤེས། །ལུས་ཀྱི་བྱེ་བྲག་ཅི་སྙེད་པ། །བརྗོད་པ་ལས་ནི་མང་དུ་གྱུར། །དེ་བཞིན་སྔགས་ཀྱི་མགོན་པོ་ཡི། །བྱེ་བྲག་དག་ཀྱང་གྲངས་མེད་གསུངས། ། ཅི་ལྟར་ཡིད་བཞིན་ནོར་བུ་ནི། །དཔལ་ལྡན་འདོད་པའི་དོན་སྒྲུབ་པ། །དེ་བཞིན་འཇིག་རྟེན་སྒྲོན་མ་ཡི། །སྐུ་ཡང་དོན་རྣམས་ཐམས་ཅད་སྒྲུབ། །གསང་བ་པའི་བདག་པོ་ཆོས་ཀྱི་དབྱིངས་རྣམ་པར་མི་རྟོག་པ་ཅི་ལྟར་དགོས་པ་ཐམས་ཅད་མངོན་པར་སྒྲུབ་ཅེ་ན། གསང་བ་པའི་བདག་པོ་འདི་ལྟ་སྟེ་དཔེར་ན། ནམ་མཁའི་ཁམས་ནི་སེམས་ཅན་ཡང་མ་ཡིན། སྲོག་ཀྱང་མ་ཡིན། ཤེད་ལས་སྐྱེས་པ་ཡང་མ་ཡིན། བྱེད་པ་པོ་ཡང་མ་ཡིན། ཚོར་བ་པོ་ཡང་མ་ཡིན། གཟུང་བ་ཡང་མ་ཡིན། འཛིན་པ་ཡང་མ་ཡིན་ཞིང་། རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་མོད་ཀྱི། འོན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་འགྲོ་བ་དང་འོང་བ་ལ་སོགས་པ་ཐམས་ཅད་བྱེད་དེ། འདི་ལ་ནི་དོགས་པ་མེད་དོ། །དེ་བཞིན་རྣམ་པར་མི་རྟོག་པའི། །ཐམས་ཅད་མཁྱེན་པ་གནས་མེད་འདི། །འགྲོ་བ་རྣམས་ཀྱི་ཕྱི་དང་ནང་། །ཐམས་


DKG086_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ངེས་པ་ཉིད་དུ་སྒྲུབ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཁམས་མ་ལུས་པ་རྣམ་པར་སྤྱོད་པའི་ཚིག་རྣམས་ཀྱིས་ཏིང་ངེ་འཛིན་སྒྲུབ་པའི་ཚིག །བསམ་གྱིས་མི་ཁྱབ་པའི་ཚིག་ཡོངས་སུ་གྱུར་པའི་སྒོའི་ཚིག་གསུངས་པ། གང་གི་ཚེ་ན་ཐོག་མ་ནས། ། ཅུང་ཟད་སྐྱེའམ་འཇིག་མེད་པ། །དེ་ཚེ་རྣལ་འབྱོར་ཅན་དག་གི །སྟོང་པའི་ཡེ་ཤེས་ཅི་ལྟར་སྐྱེ། །གང་ཚེ་ཆོས་ཞེས་བྱ་བ་དེ། །ངོ་བོ་ཉིད་ཀྱིས་མི་རྙེད་པ། །དེ་ཚེ་ནམ་མཁའ་འདྲ་བའི་སེམས། །བྱང་ཆུབ་འབྱུང་བ་སྐྱེ་བར་འགྱུར། །དེ་ཚེ་འཇིག་རྟེན་ཀུན་མཐུན་པའི། །སྙིང་རྗེ་དག་ཀྱང་སྐྱེ་བར་འགྱུར། །མིང་ཙམ་གྱི་ནི་ཚུལ་དུ་གནས། །སངས་རྒྱས་མིང་དུ་འདིར་བརྗོད་དོ། །དེ་ཚེ་སྟོང་དང་མི་སྟོང་ཞེས། །ཡང་དག་ཏུ་ནི་མིང་དུ་འདོགས། །དེ་ལ་གཅིག་གཉིས་གསུམ་ལ་སོགས། །གྲངས་ཀྱི་དབྱེ་བའང་འབྱུང་བར་འགྱུར། །དེ་ལྟར་དཔའ་བོ་སྟོང་པ་དེ། །རང་བྱུང་རྣམས་ཀྱི་བྱིན་བརླབས་ལས། །ཨ་ལ་སོགས་པ་རིམ་བཞིན་འཕེལ། །ཨ་བ་ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ང་ཉ་ཎ་ན། རྣམས་ནི་གསང་བ་པའི་བདག་པོ་ཨ་ཞེས་བྱ་བའི་མཚན་མས་བྱིན་གྱིས་བརླབས་པའི་སྟོང་པ་ཉིད་ཀྱི་མཐུ་རླབས་ཏིང་ངེ་འཛིན་གྱི་ཚུལ་སྒྲུབ་པ་ལ་ལྟོས། གསང་བ་པའི་བདག་པོ་ཨ་ཞེས་བྱ་བ་ཉིད་རྣམ་པ་སྣ་ཚོགས་སུ་བཀོད་པའི་བདག་ཉིད་དུ་གནས་སོ། །དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་རང་གི་ངོ་བོ་ཉིད་མངོན་པར་སྟོན་ཏོ། །ཁ་ཅིག་ཏུ་ནི་བརྗོད་དུ་མེད་པའི་དོན་དུ་བའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ཀྱི་དགོས་པ་དང་བྲལ་བའི་དོན་དུ་ཀའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ནམ་མཁའ་འདྲའོ་ཞེས་ཁའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་འགྲོ་བ་མེད་པའོ་ཞེས་གའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་གཅིག་ཏུ་འཕུངས་པ་མང་བའོ་ཞེས་གྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་འཆི་འཕོ་མེད་པའོ་ཞེས་ཙའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་སྟོན་ཀའི་སྤྲིན་དང་འདྲའོ་


DKG086_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཚའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའོ་ཞེས་ཛའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་རྙོག་པ་དང་བྲལ་བའོ་ཞེས་ཛྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ང་རྒྱལ་དང་བྲལ་བའོ་ཞེས་ཊའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་བསྐྱེད་པ་དང་བྲལ་བའོ་ཞེས་ཋའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་འཁྲུལ་བ་དང་བྲལ་བའོ་ཞེས་ཌའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་བསླུ་བ་དང་བྲལ་བའོ་ཞེས་ཌྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་དང་བྲལ་བའོ་ཞེས་ཏའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་གནས་དང་བྲལ་བའོ་ཞེས་ཐའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་སྦྱིན་པ་དང་བྲལ་བའོ་ཞེས་དའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ཁམས་དམིགས་སུ་མེད་པའོ་ཞེས་དྷའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་དོན་དམ་པའི་བདེན་པ་དམིགས་སུ་མེད་པའོ་ཞེས་པའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་དབུ་བ་ལྟར་སྙིང་པོ་མེད་པའོ་ཞེས་ཕའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་སྲིད་པ་དམིགས་སུ་མེད་དོ་ཞེས་པའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་འཆི་བ་དམིགས་སུ་མེད་དོ་ཞེས་མའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་ཐེག་པ་དམིགས་སུ་མེད་དོ་ཞེས་ཡའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་རྡུལ་དང་བྲལ་བའོ་ཞེས་རའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་མཚན་ཉིད་དམིགས་སུ་མེད་དོ་ཞེས་ལའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ཞི་བ་དང་བྲལ་བའོ་ཞེས་ཤའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་བེམས་པོའོ་ཞེས་ཥའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་ལ་བདེན་པ་དམིགས་སུ་མེད་དོ་ཞེས་སའི་གཟུགས་ཀྱིས་སྟོན་ཏོ། །ཁ་ཅིག་ཏུ་ནི་ཆོས་ཐམས་ཅད་རྒྱུ་དང་བྲལ་བའོ་ཞེས་ཧའི་གཟུགས་ཀྱིས་


DKG086_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་ཏོ། །གསང་བ་པའི་བདག་པོ་དེ་ལྟར་ན་ཏིང་ངེ་འཛིན་སྒྲུབ་པའི་སྒོར་རེ་རེ་ལས་ཀྱང་ཏིང་ངེ་འཛིན་སྒྲུབ་པའི་སྒོ་སུམ་ཅུ་རྩ་གཉིས་སུ་རིག་པར་བྱའོ། །གསང་བ་པའི་བདག་པོ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་གང་ཡིན་པ་དེ་དག་ཀྱང་། འདི་དག་ཉིད་ལས་བྱུང་བ་ལ་ལྟོས། ང་དང་ཉ་དང་ཎ་དང་ན་རྣམས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་དབང་བྱེད་པ་སྟེ། དེ་རྣམས་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་རྣམས་ཀྱང་མངོན་པར་བསྒྲུབ་པར་བལྟའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། འདི་ལྟར་སངས་རྒྱས་ཀྱི་དགོངས་པ་མཐར་ཕྱིན་པ། སེམས་བཅུ་རྣམ་པ་བཅུར་བསྒྱུར་བའི་ཚད་ལས་ཡི་གེ་བརྒྱ་འབྱུང་བའི་དམ་ཚིག་བསྟན་པར་ཤེས་པར་བྱའོ། །རྫོགས་སངས་རྒྱས་ཀྱིས་འདི་དག་ཀུན། །ཆུབ་པར་བྱས་ཤིང་རྒྱས་པར་བྱས། །ང་ལའང་ཐམས་ཅད་ཡོད་པས་ན། །ང་ནི་རྒྱལ་མཆོག་ཀུན་སངས་རྒྱས། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། བདག་ཉིད་སྒྲུབ་པའི་རིམ་པར་ཕྱེ་བའོ།། །།གསང་བ་པའི་བདག་པོ་གཞན་ཡང་འདི་དག་ཐམས་ཅད་ནི་ཏིང་ངེ་འཛིན་གྱི་ཚུལ་སྒྲུབ་པའི་ཚིག་རྣམས་ཏེ། སྟོང་པ་ཉིད་འདིས་བྱིན་གྱིས་བརླབས་ན་ཆོས་ཐམས་ཅད་ལ་དབང་མཛད་པ་རྫོགས་པའི་སངས་རྒྱས་ཅི་ལྟ་བ་བཞིན་དུ་འགྱུར་རོ། །དེ་བས་ཡི་གེ་ལྷ་ཡིན་ཏེ། །ཨ་ཞེས་བྱ་བ་གོ་འཕང་མཆོག །ཡི་གེ་རྣམས་ཀྱིས་ཡོངས་བསྐོར་ཅིང་། །ཐམས་ཅད་དུ་ཡང་རྣམ་པར་སྣང་། །ལྷ་དེ་མཚན་ཉིད་མེད་པ་སྟེ། །མཚན་གཞི་མཚན་ཉིད་སྤངས་པ་ཡིན། །མཚན་ཉིད་མེད་པའི་ལྷ་ལས་ནི། །མཚན་ཉིད་འདི་དག་བྱུང་བར་གྱུར། །སྒྲ་ལས་སུ་ནི་ཡི་གེ་བྱུང་། །ཡི་གེ་ལས་ནི་གསང་སྔགས་བྱུང་། །སྔགས་ལས་འབྲས་བུ་འབྱུང་བར་ཡང་། །སྐྱོབ་པ་རྣམས་ནི་ཀུན་གྱིས་གསུངས། །སྒྲ་ནི་སྟོང་པར་ཤེས་བྱ་སྟེ། །འགྲོ་བ་རྣམ་པ་ཐམས་ཅད་དུ། །མི་རྟོག་བཞིན་དུ་ཅི་ལྟ་བར། །དེས་ནི་འདི་ཀུན་སྟོང་པ་ཡིན། །སྟོང་མིན་སྒྲ་ཡང་ཡོད་པ་ཡིན། །སྦྱོར་བ་དག་ཀྱང་ཀུན་


DKG086_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྟན། །སྒྲ་དེ་རྟོགས་པར་གྱུར་ན་ནི། །ལྷ་ཡི་གནས་དང་ཏིང་ངེ་འཛིན། །ཡི་གེ་དགོད་པ་སྦྱར་བ་དང་། །ཡི་གེ་རྣམས་ཀྱིས་ཀུན་བསྟན་པས། །གསང་སྔགས་མང་པོ་ཞེས་བྱ་བར། །ཐ་སྙད་གདགས་པའི་གནས་སུ་འགྱུར། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཡི་གེ་བརྒྱ་པའི་སྔགས་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།ཅི་ལྟར་ནམ་མཁའ་ཕྱོགས་རྣམས་ནི། །ཀུན་ལ་རྟག་པར་མི་གནས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །གསང་སྔགས་མགོན་པོ་མི་གནས་སོ། །ཅི་ལྟར་དངོས་རྣམས་ནམ་མཁའ་ལ། །གནས་ཤིང་རྟག་ཏུ་རྣམ་སྣང་ཡང་། །དེ་ནི་གནས་སུ་མི་འགྱུར་བ། །གསང་སྔགས་མགོན་པོའང་དེ་བཞིན་ནོ། །ནམ་མཁའ་དུས་གསུམ་ལ་སོགས་དང་། །ཅི་ལྟར་བྲལ་བར་འདོད་པ་བཞིན། །དེ་ལྟར་གསང་སྔགས་མགོན་པོ་ཡང་། །དུས་གསུམ་མེད་ཀྱང་རྣམ་པར་སྣང་། །མིང་ཙམ་དུ་ནི་གདགས་པའི་གནས། །བྱེད་པ་པོ་ལ་སོགས་དང་བྲལ། །ནམ་མཁའ་ལ་ནི་ཐ་སྙད་དུ། །མཁས་པ་རྣམས་ནི་འདོགས་པར་བྱེད། །མིང་མ་གཏོགས་པར་ཅུང་ཟད་ཀྱང་། །ཡོད་པ་མ་ཡིན་ནམ་མཁའ་བཞིན། ། དེ་བཞིན་གསང་སྔགས་དབང་ཕྱུག་ཀྱང་། །ཐ་སྙད་ཙམ་དུ་སྣང་བར་ཟད། །མེ་དང་ཆུ་དང་རླུང་མ་ཡིན། །ས་དང་ཉི་མའང་མ་ཡིན་ཞིང་། །ཟླ་བ་ལ་སོགས་གཟའ་ཀུན་མིན། །ཉིན་པར་དང་ནི་མཚན་མོའང་མིན། །སྐྱེ་བ་དང་ནི་འགག་པའང་མིན། །འཆི་བ་དང་ནི་རྒུད་པའང་མིན། །སྐད་ཅིག་མ་ཡིན་ཡུད་ཙམ་མིན། །ལོ་ལ་སོགས་པའང་མ་ཡིན་ཞིང་། །འཇིག་པ་དང་ནི་ཆགས་པའང་མིན། །བསྐལ་པའི་གྲངས་ཀྱང་ཡོད་མ་ཡིན། །དགེ་དང་མི་དགེ་ལས་བྱུང་བའི། །འབྲས་བུའང་ཡོད་པ་མ་ཡིན་ནོ། །ཀུན་མཁྱེན་གོ་འཕང་འདོད་པ་ཡིས། །རྟོག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་གང་ལ་མེད་གྱུར་པ། །དེ་ལ་རྟག་ཏུ་བརྩོན་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། རྫོགས་པར་བྱང་ཆུབ་པའི་ངོ་བོ་ཉིད་བསྟན་པའི་རིམ་པར་ཕྱེ་བའོ།། །།


DKG086_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དམ་ཚིག་གསུམ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ཁྱོད་ཀྱིས་ང་ལ་གང་ཞུས་པ་དེ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་ཀྱི་ཁྱད་པར་གང་ལས་ཆོས་ཀྱི་ཁྱད་པར་རྣམ་པ་གསུམ་སྒྲིབ་པ་མེད་པའི་ཚུལ་གྱིས་འབྱུང་བར་འགྱུར་བ་དེ་ནི་དམ་ཚིག་གསུམ་སྟེ། ཆོས་ཀྱི་ཁྱད་པར་དེ་ཡང་གང་ཞེ་ན། ཆོས་ཞེས་བྱ་བ་ནི་དང་པོའི་སེམས་ཏེ། རྣམ་པར་བསྒོམས་པའི་རང་བཞིན་དང་། དེའི་རྗེས་ལས་བྱུང་བའི་ཤེས་རབ་དང་། དེས་ཀྱང་ཡང་དག་པ་ཅི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་ནས། རྟོག་པའི་དྲ་བ་མ་ལུས་པ་དང་བྲལ་བའི་སེམས་བསྐྱེད་པ་ནི་བྱང་ཆུབ་ཀྱི་མཚན་ཉིད་དོ། །གཉིས་པ་ནི་རྣམ་པར་མི་རྟོག་པ་སྟེ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ངོ་། །གསང་བ་པའི་བདག་པོ་ཡང་དག་པ་ཅི་ལྟ་བ་བཞིན་མཐོང་ནས་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པ་ལ་བལྟས་ནས་སྙིང་རྗེའི་དབང་དུ་གྱུར་པས། དམིགས་སུ་མེད་པ་དེ་ཉིད་འདི་ལྟ་སྟེ། སྤྲོས་པ་ཐམས་ཅད་དང་བྲལ་བ། མཚན་ཉིད་མེད་པའི་བྱང་ཆུབ་ལ་སེམས་ཅན་རྣམས་རབ་ཏུ་དགོད་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བ་དེ་ནི་དམ་ཚིག་གསུམ་མོ། །གསང་བ་པའི་བདག་པོ་གཞན་ཡང་དམ་ཚིག་གསུམ་གང་ཞེ་ན། དང་པོའི་སེམས་ནི་སངས་རྒྱས་ཏེ། །གཉིས་པ་ཡང་ནི་ཆོས་ཞེས་བྱ། །དེ་དང་ལྷན་ཅིག་བྱུང་བའི་སེམས། །དགེ་འདུན་ཞེས་ནི་བཤད་པ་ཡིན། །དཔའ་བོ་དམ་ཚིག་དེ་གསུམ་ནི། །འདྲེན་པ་རྣམས་ཀྱིས་ཁྱོད་ལ་བཤད། །དེ་ཚེ་སྣ་ཚོགས་ཚུལ་གྱི་སྒོས། །དཔའ་བོ་སེམས་ཅན་ཕན་འདོད་པས། །དམ་ཚིག་གསུམ་པོ་འདི་དག་ལ། །གནས་ནས་བྱང་


DKG086_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སྤྱད་པ་སྤྱོད། །གསང་བ་པའི་བདག་པོ་གང་གི་ཚེ་སྐུ་གསུམ་ལ་མངའ་མཛད་པ་དེ་དག་རྫོགས་པར་སངས་རྒྱས་པར་གྱུར་པ་དེའི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་འདི་ལྟར་དང་པོར་སྤྲུལ་པའི་སྐུ་གཅིག་པུར་བྱིན་གྱིས་བརླབས་ནས་བསྟན་པ་གཞག་པ་མཛད་དོ། །གསང་བ་པའི་བདག་པོ་གཞན་ཡང་སྐུ་གཅིག་པོ་དེ་ཉིད་རྣམ་པ་གསུམ་དུ་འཇོག་པ་ནི་འདི་ལྟར་སངས་རྒྱས་དང་། ཆོས་དང་། དགེ་འདུན་ནོ། །གསང་བ་པའི་བདག་པོ་གཞན་ཡང་དེ་ཉིད་ཐེག་པ་གསུམ་དུ་འཇོག་པས་སྟོན་ཏོ། །དེའི་ཚེ་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱས་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཅིང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ། །གསང་བ་པའི་བདག་པོ་མི་འདོད་པ་དང་། ལེ་ལོ་ཅན་དང་། འདུ་འཛི་ཅན་དང་། སྔགས་ལ་ཡིད་མི་ཆེས་པ་དང་། ཡོ་བྱད་མང་པོ་སོགས་པ་མ་གཏོགས་པར་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་གང་དག་དམ་ཚིག་གསུམ་པོ་ཡོངས་སུ་ཤེས་པ་དང་ལྡན་པ། གསང་སྔགས་ཀྱི་ཆོ་ག་སྒྲུབ་པ་དེ་དག་ལ་རྟོག་པ་ལས་བྱུང་བའི་བགེགས་མེད་པ་ལ་ལྟོས། ཆང་བཏུང་བ་དང་ཁྲི་ལ་ཉལ་བ་གཉིས་ནི་མི་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དམ་ཚིག་གསུམ་སྤྱད་པ་རིམ་པར་ཕྱེ་བའོ།། །།ཅི་ལྟར་དེ་བཞིན་གཤེགས་པ་ལགས། །ཅི་ལྟར་རྒྱལ་བ་མཆོག་ཏུ་འགྱུར། །ཅི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཅི་ལྟར་སངས་རྒྱས་ཞེས་ནི་བགྱི། ། ཐུབ་པ་ཆེན་པོས་བདག་གི་ནི། །ཐེ་ཙོམ་འདི་དག་བསལ་དུ་གསོལ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེ་ཙོམ་ཡིད་གཉིས་བསལ་ནས་སུ། །སྤྱོད་པའི་རྒྱ་མཚོ་བླ་མེད་པ། །ཐེག་ཆེན་ལ་ནི་སྤྱོད་པར་འགྱུར། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་གཟིགས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་གང་ཁྱོད་ང་ལ་ཞུ་བ་ལེགས་སོ་ལེགས་སོ། །དེའི་ཕྱིར་ཐེག་པ་ཆེན་པོའི་ཚུལ་བཤད་ཀྱིས་ཉོན་ཅིག །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་


DKG086_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གང་གིས་ས་བཅུ་བསྒྲུབས་ནས་ནི། །དབང་བཅུ་ལེགས་རྟོགས་ཁོང་དུ་ཆུད། །སྟོང་པ་སྒྱུ་མ་འདྲ་བའི་ཆོས། །རྣམ་པ་ཐམས་ཅད་མཁྱེན་ཅིང་འདིར། །འཇིག་རྟེན་ཀུན་གྱི་ཚུལ་མཁྱེན་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །ཆོས་ནི་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ཉིད་གཅིག །སྟོབས་བཅུས་རྫོགས་པར་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོ་བསྟན་དུ་མེད། །ཡེ་ཤེས་རང་རིག་བྱ་བ་ནི། །དེ་ནི་དེ་བཞིན་གཤེགས་པར་བཤད། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དེ་བཞིན་གཤེགས་པ་བསྟན་པ་རིམ་པར་ཕྱེ་བའོ།། །།ལག་ན་རྡོ་རྗེ་གཞན་ཡང་དུས་གཅིག་གི་ཚེ་ན་ང་བྱང་ཆུབ་སེམས་དཔར་གྱུར་ཏེ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་ཚངས་པའི་འཇིག་རྟེན་ན་འདུག་པ་ན། ཚངས་པས་ང་ལ་ཀྱེ་ཚངས་པ་ཆེན་པོ་མེ་ལ་རྣམ་པ་དུ་ཡོད་པར་ཤེས་པར་བྱ་ཞེས་དྲིས་པ་དང་ངས་དེ་ལ་འདི་སྐད་ཅེས་སྨྲས་སོ། །མེ་ང་རྒྱལ་ཅན་གང་ཡིན་པ་དེ་ནི་རང་བྱུང་བའོ། །དེ་ཡི་འོག་ཏུ་ཚངས་པའི་བུ་སྟེ་དེ་ལས་སྐྱེས་པ་ཡིན་ནོ། །འཇིག་རྟེན་པའི་མེ་པ་བ་ཀ། །ཚངས་པའི་བུ་ནི་དང་པོ་ཡིན། །དེའི་བུ་ཚངས་པའི་ཟས་དེའི་ཡང་། །བྷ་ར་ཏ་ཞེས་བྱ་བར་བཤད། །དེའི་བུ་བཻ་ཤྭ་ན་ར་ད། །ཧ་བ་ན་དང་བསྲེག་བྱ་ལེན། །ངོས་བསྲུང་ཨ་ཐར་པ་ན་ཡི། །བུ་ཡིན་པར་ནི་རྒྱ་མཚོར་གྲགས། །རླུང་ཞེས་བྱ་བའི་མེ་དེ་ནི། །མངལ་དུ་འཇུག་པའི་ཆོ་གར་བཤད། །དེ་ནས་མི་ཁྲུས་བྱ་བ་ལ། །དེ་བཞིན་པ་བ་མ་ནར་ཤེས། །བཀྲ་ཤིས་ཞེས་བྱ་མཚམས་ཀྱི་མཐར། །བཙས་པའི་ལས་ལ་པྲ་གལྦྷའོ། །མིང་འདོགས་མེ་ནི་པར་ཐི་བ། །དེ་བཞིན་རྐན་དབབ་པ་ལ་གཙང་། །ཤད་བི་ཞེས་བྱ་གཙུག་ཕུད་ལ། །བརྟུལ་ཞུགས་སྦྱིན་ལ་ཀུན་འབྱུང་ངོ་། །ཉི་མ་ཞེས་པ་ཕྱུགས་སྦྱིན་ལའོ། །བག་མ་ལེན་ལ་སྦྱོར་བྱེད་བཤད། །ཨགྨེ་ཡིས་ནི་ཁྱིམ་ཁ་སྲོ། །ཉེ་བར་འབུལ་ལ་མེ་ཉིད་དོ། །པ་བ་ཀ་ཞེས་བྱ་བའི་མེ། །སྣ་ཚོགས་ལྷ་ལ་སྦྱར་བར་བཤད། །


DKG086_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་བདག་ལ་ནི་ཚངས་པའི་མེ། །དེ་བཞིན་ནོར་འབུལ་བ་ལ་ཞི། །དེ་བཞིན་ཕྱུགས་ནི་བཅིང་བ་ལ། །ཨ་བ་ནི་ཀ་ཞེས་བྱའི་མེ། །ལྟུང་བ་ལ་ནི་བི་ཙི་ཙི། །བཙོས་སྦྱིན་ལ་ནི་ས་ཧ་ས། །དུས་ཀྱི་མཚམས་ལ་ཧ་བིར་ཤེས། །དེ་བཞིན་ཟླ་བ་གནས་ལ་གཏེར། །མྲྀ་ཊ་ཞེས་བྱ་དགང་བླུགས་ལ། །ཞི་ལ་ད་རུ་ནར་འདོད་དོ། །བྱས་མཐའི་མེ་ནི་གཤིན་རྗེའོ། །དེ་བཞིན་རྒྱས་ལ་སྟོབས་སྦྱིན་པའོ། །དྲག་ཤུལ་སྤྱད་པ་ཐམས་ཅད་ལ། །ཁྲོ་བོའི་མེ་ནི་རབ་ཏུ་བསྒྲགས། །འདོད་ལས་སྐྱེས་ཞེས་བྱ་བའི་མེ། །དེ་ནི་དབང་གི་དོན་དུ་བཤད། །ནགས་ཚལ་སྲེག་ལ་ཕོ་ཉའི་མེ། །ཁོང་པའི་མེ་ནི་ཛ་ཐ་ར། །བཟའ་བར་བྱ་བ་ཤ་ཟར་བཤད། །རྒོད་མའི་ཁ་ནི་རྒྱ་མཚོ་ནའོ། །ཟད་ཚེ་འཇིགས་པ་ཞེས་བྱ་སྟེ། །དུས་མཐའི་མེ་ནི་ཡང་དག་བསྒྲགས། །འདི་ནི་མེ་རྣམས་མདོར་བསྡུས་ནས། །དེས་པ་ཁྱོད་ལ་བཤད་པ་སྟེ། །རིག་བྱེད་ཐོས་པ་སྤྱོད་རྣམས་ཀྱིས། །ཚངས་པའི་བུ་དག་བརྗོད་པ་ཡིན། །བཞི་བཅུ་རྩ་བཞི་འདི་དག་ནི། །དེ་ཡི་ཚེ་ན་ངས་བསྟན་ཏོ། །གསང་བ་པའི་བདག་པོ་དེ་ལ། །མེ་རྣམས་རང་བཞིན་མི་ཤེས་པར། །གང་དག་སྦྱིན་སྲེག་བྱེད་པ་དེ། །སྦྱིན་སྲེག་མ་ཡིན་ལེགས་བྱས་མིན། །ལས་ཀྱི་འབྲས་བུའང་ཡོད་མི་འགྱུར། །ངས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ནི་མེ་བཅུ་གཉིས་བསྟན་ཏེ། དེ་དག་ཀྱང་གང་ཞེ་ན། ཡེ་ཤེས་མེ་ནི་དང་པོ་སྟེ། །དེ་ནི་དབང་ཆེན་ཞེས་སུ་བསྒྲགས། །ཁ་དོག་སེར་པོའི་མདོག་ཅན་ལ། །མདོག་དང་རྒྱས་དང་སྟོབས་རབ་སྟེར། །འབར་བའི་ཕྲེང་ཅན་ཏིང་ངེ་འཛིན། །ཡེ་ཤེས་རྫོགས་བྱེད་ཡིན་ཞེས་བྱ། །གཉིས་པ་འཛིན་བྱེད་ཅེས་བྱ་སྟེ། །སྟོན་ཀའི་ཟླ་བའི་འོད་དང་འདྲ། །དཔལ་ལྡན་གོས་ནི་དཀར་པོ་བགོས། །བགྲང་ཕྲེང་རིལ་བ་སྤྱི་བླུགས་ཐོགས། །གསུམ་པ་རླུང་ཞེས་བྱ་བ་སྟེ། །མདོག་ནི་གནག་ལ་རྩུབ་པའོ། །བཞི་པ་དམར་པོ་ཞེས་བྱ་སྟེ། །ནུབ་ཀའི་མཚམས་ཀྱི་དམར་ཐག་འདྲ། །ལྔ་པ་མྲྀ་ཌ་ཞེས་བྱ་བ། །སྤུན་ལ་ཁ་དོག་ཁམ་པ་སྟེ། །མགྲིན་པ་རིང་ཞིང་གཟི་བརྗིད་ཆེ། །ཀུན་ལ་ཕན་ནི་འདོགས་པར་བཤད། །དྲུག་པ་ཁྲོ་བོ་ཞེས་བྱ་སྟེ། །མིག་ཡོན་དུད་པའི་ཁ་དོག་འདྲ། །གྱེན་དུ་སྐྲ་བརྫེས་སྒྲ་


DKG086_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྱིན། །མཆེ་བ་བཞི་པ་སྟོབས་པོ་ཆེ། །བདུན་པ་ལྟོ་བ་ཞེས་བྱ་སྟེ། །རྣོ་ལ་ཁ་དོག་ཀུན་དང་ལྡན། །བརྒྱད་པ་ཟད་པ་ཞེས་བྱ་བ། །གློག་གི་འོད་ཟེར་འགྱུར་བ་འདྲ། །དགུ་པ་ཡིད་ལས་སྐྱེས་ཞེས་བྱ། །སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ། །བཅུ་པ་འཇིག་རྟེན་འཛིན་པ་ཡིན། །ཤ་ཟའི་མེ་ནི་དེ་ལས་གཞན། །རྨུགས་བྱེད་ཅེས་པ་བཅུ་གཉིས་ཏེ། །སེམས་ཅན་ཐམས་ཅད་རྨུགས་བྱེད་པའོ། །གསང་བ་པའི་བདག་པོ་དེ་ལྟར། །མེ་ཡི་གཟུགས་ནི་བྱིན་བརླབས་ཏེ། །བདག་གི་རང་གི་གཟུགས་དང་ནི། །རྫས་ཀྱང་དེ་ཡི་ངོ་བོར་བྱ། །འདི་ནི་ཕྱི་ཡི་སྦྱིན་སྲེག་སྟེ། །དངོས་གྲུབ་འདོད་པས་སྦྱིན་སྲེག་བྱ། །གསང་བ་པའི་བདག་པོ་ནང་གི་ནི་རང་བཞིན་གཅིག་པ་སྟེ། གནས་གསུམ་གཅིག་ཏུ་བྱ་བའི་ཚུལ་གྱིས་གསུམ་དང་ལྡན་པ་ན་ནང་གི་སྦྱིན་སྲེག་ཡིན་ནོ། །གསང་བ་པའི་བདག་པོ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་ཞི་བའོ། །དགའ་བ་དང་ལྡན་པ་ནི་རྒྱས་པའོ། །ཁྲོ་བོའི་མེས་ནི་དྲག་ཤུལ་སྤྱད་པ་བྱ་སྟེ། ཁྲོ་བོ་ཉིད་བཙན་པར་བྱས་ལ་ཊ་དང་ཕའི་བར་དུ་མིང་བཅུག་སྟེ། གཟུགས་བརྙན་ཡང་ཁྲོ་བོའི་དཀྱིལ་འཁོར་དུ་གཞག་ལ་ཁྲོ་བ་ཐུལ་བས་བྱའོ། །དབུས་སུ་ནི་རླུང་གི་མེ་གཞག་གོ། ། གསང་བ་པའི་བདག་པོ་དེ་ལྟར་ཅི་སྐད་བསྒྲགས་པའི་གནས་དེ་དང་དེ་དག་ཏུ་ཅི་ལྟར་རིགས་པ་དང་། ཅི་ལྟར་ལྡན་པར་སྦྱིན་སྲེག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། མེ་ཡི་ཐབ་ཁུང་ཅི་ལྟར་བགྱི། །བསང་གཏོར་དག་ཀྱང་ཅི་ལྟར་བགྱི། །ཀུ་ཤའི་རྩྭ་ཡང་ཅི་ལྟར་དགྲམ། །ཅི་ལྟར་བསམ་པ་བདག་ལ་གསུངས། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། དེ་ལ་མེ་ཡི་ཐབ་ཁུང་ནི། ། ཀུན་ཏུ་ཁྲུ་གང་ཙམ་གྱི་ཚད། །ཁ་ཁྱེར་སོར་བཞིའི་ཚད་དུ་བྱ། །རྡོ་རྗེའི་མཚན་མ་དག་གིས་མཚན། །ཐབ་ཁུང་གི་ནི་གཡས་ཕྱོགས་ནས། །ཀུ་ཤའི་རྩྭ་ནི་རློན་པ་དགྲམ། །རྩེ་མོ་དག་ཀྱང་རྩ་བས་དཀྲི། །རྩ་བ་དག་ཀྱང་རྩེ་མོས་དཀྲི། །འདིར་ནི་བསང་གཏོར་གཡས་ཕྱོགས་ནས།།


DKG086_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཀུ་ཤ་བསྐོར་བ་བཞིན་དུ་བྱ། །བྱུག་སྤོས་མེ་ཏོག་བདུག་སྤོས་དག །མྲྀ་ཌའི་མེ་ལ་དབུལ་བར་བྱ། །ཞུགས་ཐབ་དེར་ནི་མྲྀ་ཌའི་མེ། །མེ་ཏོག་གཅིག་གིས་རང་གིས་གཟུགས། སྔགས་པ་སྡོམ་བརྩོན་ཅན་གྱིས་གཞག །བསང་གཏོར་དག་ཀྱང་དེ་ནས་བྱ། །དགང་བླུགས་རང་གི་གསང་སྔགས་ཀྱིས། །མཁས་པས་དེ་ལ་དབུལ་བར་བྱ། །དེ་ནས་ཞི་བའི་སྦྱིན་སྲེག་གམ། །ཡང་ན་རྒྱས་པའི་སྦྱིན་སྲེག་བྱ། །འཇིག་རྟེན་པ་ཡི་སྦྱིན་སྲེག་འདི། །ཕྱི་རོལ་པ་ཞེས་གསུངས་པ་ཡིན། །གཞན་ཡང་ནང་གི་སྦྱིན་སྲེག་ནི། །ལས་དང་ཚེ་དག་བཀག་པ་སྟེ། །དེ་ནི་ཡིད་ཀྱིས་ཤེས་པར་བྱ། །གཟུགས་དང་སྒྲ་ལ་སོགས་པ་སྤངས། །མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི། ཡིད་ལས་སྐྱེས་པ།སེམས་ཀྱི་རྒྱལ་པོ་ལ་གནས་པ་སྟེ། ཀུན་ཏུ་རྟོག་པས་བསྐྱེད་པ་འདི་དག་དང་། བྱང་ཆུབ་ཀྱི་སེམས་དང་། ཡུལ་དང་། མིག་ལ་སོགས་པ་དང་། རླུང་གི་མེ་ཡང་འཕྲོ་བ་མེད་པའི་ཤེས་རབ་ཀྱིས་བཀག་སྟེ། ཡིད་ཀྱི་མེ་ལ་སྦྱིན་སྲེག་བྱའོ། །དེ་ནི་ནང་གི་སྦྱིན་སྲེག་ཅེས། །དེས་པ་ཁྱོད་ལ་བསྟན་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་འདུས་པ་ལ་བཀའ་སྩལ་པ། ཁྱེད་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ལ་བག་ཡོད་པར་གནས་པས་སྤྱད་པར་བྱའོ། །ང་ཡི་སྲས་རྣམས་མ་གཏོགས་པར། །གཞན་སུ་ལ་ཡང་མ་བྱིན་ཅིག །དེ་དག་མཚན་ཉིད་བཤད་པར་བྱ། །ཐམས་ཅད་ཀྱིས་ཀྱང་མཉན་པར་གྱིས། །ཉི་མའི་རིགས་ལས་སྐྱེས་པ་དང་། །ང་རྒྱལ་ཅན་ལ་བློ་ཡང་ཞིབ། །བྱས་པ་གཟོ་ཞིང་ཆོས་ཀྱང་འདོད། །ཆོས་ཀྱང་ཤེས་ཤིང་ཆོས་ལ་འབད། །ཁ་དོག་དག་ཀྱང་སྔོ་བསངས་ལ། །བཞིན་ཡང་ཤིན་ཏུ་བཟང་བ་དང་། །སྣ་དབྱིབས་མཐོ་ལ་རྩེ་མོ་རྣོ། །མགོ་དང་དཔྲལ་བའི་དབྱེས་ཆེ་བ། །དེ་ཀུན་ང་ཡི་སྲས་ཡིན་ཏེ། །བསྟན་པའི་དོན་ལ་སེམས་པ་ཡིན། །དེ་དག་ལ་ནི་ནན་ཏན་དུ། །འདི་ནི་རྟག་ཏུ་སྦྱིན་པར་བྱ། །དེ་ནས་དེ་དག་ཐམས་ཅད་ཡིད་རབ་ཏུ་དགའ་ནས་སྟོན་པས་བཀའ་སྩལ་པ་བཞིན་དུ་བགྱིའོ་ཞེས་


DKG086_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སོ། །དེ་ནས་དེའི་ཚེ་ཐམས་ཅད་ཀྱིས། །དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ། །མཆོད་པ་དག་ཀྱང་ལེགས་བྱས་ནས། །སྤྱན་སྔར་འཁོད་ནས་ཐལ་སྦྱར་ཏེ། །འདི་སྐད་ཅེས་ནི་ཚིག་ཏུ་སྨྲས། །ཆོས་ཀྱི་ཚུལ་འདི་འཇིག་རྟེན་ན། །ཅི་ལྟར་ཡུན་རིང་ཀུན་གནས་པར། །མགོན་པོ་བྱིན་གྱིས་བརླབས་ཀྱི་ཚིག །བསྟན་པ་འདི་ལ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་ལ་བྱིན་གྱིས་བརླབས་པའི་ཚིག་གསུངས་པ། ན་མཿས་མནྟ་བུད་དྷཱ་ནཱཾ། སརྦྦ་ཐཱ། ཤིཾ་ཤིཾ། ཏྲྃ་ཏྲྃ། གུྃ་གུྃ། དྷ་རཾ་དྷ་རཾ། སྠཱ་པ་ཡ་བུད་དྷཱ་སཏྱ་བཱ་ཀ དྷརྨྨ་སཏྱ་བཱ་ཀ །སཾ་གྷ་སཏྱ་བཱ་ཀ་ཧཱུྃ་ཧཱུྃ་བེ་ད་བི་དི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་འཛིན་དེ་དག་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལ་སོགས་པ་དེ་དག་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེའི་རྒྱལ་པོ་ལས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཆོ་ག་ཇི་སྙེད་པ་རིམ་པར་ཕྱེ་བ་ཉི་ཤུ་རྩ་ལྔ་པ་རྫོགས་སོ།། །།དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་སྨྲས་སོ། །གང་དག་འདི་ལྟར་སྒྲུབ་པར་ལྷུར་ལེན་པ་དེ་དག་ལ་ཕན་པ་དང་བདེ་བར་བྱ་བའི་ཕྱིར། བསྟན་པ་འདི་ལ་དེ་དག་བཅིང་བ་བདག་གིས་བཤད་ཀྱིས་ཡིད་གཅིག་ཏུ་བསྡུས་ལ་ཉོན་ཅིག །རྐང་པ་གཡོན་པ་བཏེག་ནས་ནི། །གཡས་པ་བརྟན་པོར་ལེགས་པར་གཟུགས། །མིག་ནི་རྐེད་པའི་ཕྱོགས་སུ་བལྟ། །ལག་པ་གཉིས་ཀ་གདེག་པར་བྱ། །གཡས་བརྐྱང་གདེངས་ཀའི་ཚུལ་དུ་གནས། །འཁོར་ལོ་ཡང་དག་ལྡན་པ་བཅིང་། །འཁོར་ལོའི་ཕྱག་རྒྱ་རབ་སྦྱར་བས། །ཕྱོགས་ཀུན་ཏུ་ནི་གཞོམ་པར་བྱ། །ཕྱག་རྒྱ་སྟོབས་ཆེན་མཐོང་ནས་ནི། །རྡོ་རྗེ་འཛིན་པ་བདག་ཉིད་དམ། །གང་དག་འཇིག་རྟེན་པ་ཡང་རུང་། །དེ་དག་ཐམས་ཅད་འཇིག་པར་འགྱུར། །རྐང་པ་གཉིས་ནི་མཉམ་བཞག་ནས། །


DKG086_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཞེས་བྱ་བ་འབྲུག་སྐད་སྒྲོགས། །རྔམ་ཞིང་སོས་ནི་མ་མཆུ་མནན། །ཁྲོ་དང་བཅས་པསམགོ་བསྟོད་དེ། །བསྡིགས་ན་ཆོམས་པར་འགྱུར་བ་ཡིན། །རྐང་པ་གཉིས་ནི་རྟིང་སྤྲད་ནས། །མདུང་གི་ཕྱག་རྒྱས་དེ་དག་ཀུན། །བཅོམ་ན་མོད་ལ་ཐལ་བར་འགྱུར། །གོམ་གཅིག་མྱུར་དུ་བོར་ནས་ནི། །རྐང་པ་བཏེག་སྟེ་ལུས་བསྒྱུར་ནས། །གཞུ་ཡི་ཚུལ་གྱིས་ས་སྟེང་ཀུན། །ཀུན་ནས་གཞོམ་པར་བྱས་ནས་ནི། །ལྷ་དང་ལྷ་མིན་གནོད་སྦྱིན་རྣམས། །གང་དག་ས་སྟེང་གནས་པ་འདིར། །གང་ཚེ་སྔགས་པ་འདིར་གནས་ན། །བགེགས་ནི་རྟག་ཏུ་མེད་པར་བྱེད། །རྐང་པ་གཡོན་པ་བརྐྱང་ནས་ནི། །ལག་གཉིས་པདྨ་ལྟར་སྦྱར་ཏེ། །སྔགས་པ་འབར་བས་ཀླད་ལ་བསྐོར། །རྐང་པས་སེང་གེའི་སྟབས་བཞིན་འདོར། །ཁྲོ་དང་བཅས་པས་བགེགས་བཅོམ་ན། །གལ་ཏེ་སངས་རྒྱས་ཀྱིས་བྱས་ཀྱང་། །བགེགས་དེ་ཐལ་བར་བརླགས་པའམ། །ཐེ་ཙོམ་མེད་པར་འཆི་བར་འགྱུར། །མཁས་པས་རྒྱུད་རྣམས་ཐམས་ཅད་ལས། །དངོས་གྲུབ་ཅི་སྙེད་གསུངས་པ་རྣམས། །དེ་དག་ཐམས་ཅད་མདོར་བསྡུ་ན། །རྣམ་པ་བཞིར་ནི་མ་ལུས་འདུས། །ལས་ཀྱི་དང་པོ་ཞི་བ་སྟེ། །དེ་བཞིན་གཞན་ཡང་རྒྱས་པ་དང་། །དབང་དང་དྲག་ཤུལ་སྤྱོད་པའི་ལས། །རྣམ་པ་འདི་བཞིར་རབ་ཏུ་བསྒྲགས། །དེ་ལ་ཐར་པ་ལ་སོགས་པའི་དངོས་གྲུབ་དང་། གདོན་ལ་སོགས་པའི་གནོད་པ་ཞི་བར་བྱ་བ་དང་། ཚེ་རིང་བར་བྱ་བ་ནི་ཞི་བའོ། །ཡིད་བཞིན་གྱི་ནོར་བུ་དང་། རལ་གྲིའི་རིག་སྔགས་འཆང་དང་། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སོགས་པ་དང་། ནོར་བསྒྲུབ་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་རྒྱས་པའོ་ཞེས་གསང་སྔགས་ལ་མཁས་པ་རྣམས་སྨྲའོ། །སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། རྒྱལ་པོ་དང་། བློན་པོ་ལ་སོགས་པ་དང་། ལྷ་དང་ཀླུ་དང་གནོད་སྦྱིན་དང་གནོད་སྦྱིན་མོ་དང་ལྷ་མ་ཡིན་མོ་དང་ཤ་ཟ་མོ་ལ་སོགས་པ་དབང་དུ་བྱ་ཞིང་དགུག་པ་ནི་དབང་དུ་བྱ་བའོ་ཞེས་རིག་སྔགས་འཆང་རྣམས་སྨྲའོ། །བཅིང་བ་དང་། གནོད་པར་བྱ་བ་དང་།


DKG086_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་གཅད་པ་དང་དགར་བ་དང་སྡང་བར་བྱ་བ་དང་གསད་པ་དང་བསྐམ་པ་ལ་སོགས་པ་མདོར་ན་སེམས་ཅན་རྣམས་ཀྱི་ལུས་ལ་གནོད་པར་བྱ་བ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་དྲག་ཤུལ་སྤྱོད་པ་ཡིན་ནོ་ཞེས་རིག་སྔགས་འཆང་རྣམས་སྨྲའོ། ། སྦྱིན་སྲེག་ཚིམ་བྱེད་ལས་རྣམས་ཀྱིས། །གསང་སྔགས་དངོས་གྲུབ་མྱུར་དུ་སྟེར། །ལྷ་རྣམས་ཐམས་ཅད་བྱིན་རློབ་ཅིང་། །དམ་པ་དག་ཀྱང་སྦྱིན་པར་བྱེད། །ཉུང་ངམ་མ་འབྱོར་ཆོ་ག་ཉམས། །ཡི་གེ་གུག་སྐྱེད་ལྷག་གམ་ཆད། །མནན་ཏམ་བགེགས་ཀྱིས་ཟིན་པ་གང་། ། དེ་དག་ཐམས་ཅད་སྦྱོང་བར་བྱེད། །སྦྱིན་སྲེག་མེད་པར་ལས་རྣམས་ལས། །དངོས་གྲུབ་པར་ཡང་མི་འགྱུར་རོ། །དེ་ཉིད་ཕྱིར་ན་སྦྱིན་སྲེག་གི། །ལས་ངེས་པ་ལ་བརྩོན་པར་བྱ། །ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་། དྲག་ཤུལ་སྤྱད་པའི་བྱེ་བྲག་ལས་སྦྱིན་སྲེག་གི་བྱེ་བྲག་དབྱེ་བར་བྱའོ། །དེ་ལ་རེ་ཞིག་ཞི་བའི་ལས་ཀྱི་སྦྱིན་སྲེག་ངེས་པ་ནི། གྲོང་གི་བྱང་ཕྱོགས་སུ་རྒྱང་གྲགས་གཅིག་ཙམ་དུ་སོང་ལ། ས་གཞི་ལེགས་པར་བརྟག་པར་བྱ་སྟེ། ཆུ་བོ་གང་གཱའི་ངོས་སམ། པདྨའི་མཚོ་འགྲམ་མམ། འབབ་ཆུའི་འགྲམ་མམ། མཚོ་གླིང་དུ་ཡང་རུང་ས་གཞི་ཁ་དོག་དཀར་པོ་ལ་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ཏེ་ས་ལ་བསྐུལ་བ་དང་སྦྱང་བ་ལ་སོགས་པ་བྱས་ལ། ཟླ་བ་ཡར་གྱི་ངོའི་ཚེས་ལྔའམ། བཞི་འམ། བཅུ་འམ། ཟླ་བ་ཉ་ལ་དཀྱིལ་འཁོར་བརྩམ་པ་འདི་ལྟར་བྱའོ། །ཁྲུམས་སྨད་དང་གྲེ་དང་སྐག་དང་། མཆུ་ནི་ཞི་བའི་རྒྱུ་སྐར་ཡིན་པར་བཤད་དོ། །གཟའ་ཟླ་བ་དང་། པ་བ་སངས་དབང་བ་ལ་དང་པོར་ལས་བརྩམ་པར་བྱའོ། །དེ་ནས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་གི་སྐུར་བསྒྱུར་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་རལ་གྲིའི་ཕྱག་རྒྱའམ་ཡི་གེ་ཨ་ཞེས་བྱ་བའི་འབྲུར་པདྨ་ལ་གཞག་གོ། །ཨ། དེ་ནས་བྱང་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་གྲུ་གསུམ་པོའམ། ཡི་གེའི་འབྲུ་པདྨོའི་སྟེང་དུ་གཞག་གོ། །ཨྃ། སངས་རྒྱས་རྣམས་ཀྱི་ནུབ་ཕྱོགས་སུ་ནམ་མཁའི་སྙིང་པོ་རལ་གྲིའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ །ཨཱི། ནམ་


DKG086_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

མཁའི་སྙིང་པོའི་ནུབ་ཕྱོགས་སུ་འཇམ་དཔལ་ཏེ། དེ་ཡང་ཨུཏྤ་ལའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །མཱྂ། དེའི་ནུབ་ཕྱོགས་སུ་ནམ་མཁའི་སྤྱན་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །གཱྂ། སངས་རྒྱས་རྣམས་ཀྱི་ཤར་ཕྱོགས་སུ་ཤཱཀྱ་ཐུབ་པ་ལྷུང་བཟེད་ཀྱི་ཕྱག་རྒྱའམ། ཡི་གེའི་འབྲུར་གཞག་གོ། །བྷཱ།དེའི་དྲུང་དུ་མཛོད་སྤུའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །བྷྲུ། དེ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་ཡི་གེའི་འབྲུ་དང་བཅས་པར་བྲི་སྟེ། དེ་ལ་ཡི་གེའི་འབྲུ་ནི་འདིའོ། །ཀ །དེ་ནས་རྣམ་པར་སྣང་མཛད་ཆེན་པོའི་གཡས་ལོགས་སུ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །ས། སྤྱན་རས་གཟིགས་དབང་ཕྱུག་གི་གཡོན་ལོགས་སུ་མཐུ་ཆེན་ཐོབ་པ་པདྨའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །མ། མཐུ་ཆེན་ཐོབ་ཀྱི་དྲུང་དུ་ཁྲོ་གཉེར་ཅན་རིལ་བ་སྤྱི་བླུགས་ཀྱི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །བྷྲྀ། པདྨ་འཛིན་པའི་གཡས་རོལ་དུ་ལྷ་མོ་སྒྲོལ་མ་ཨུ་ཏྤ་ལའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །ཏཱྃ། དེའི་དྲུང་དུ་གོས་དཀར་ཅན་པདྨའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། ། པྃ། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་འཛིན་རྡོ་རྗེའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ །བྃ། དེའི་གཡས་ལོགས་སུ་མཱ་མ་ཀཱི་རྡོ་རྗེའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ །མཱ། དེའི་དྲུང་དུ་རིག་པའི་རྒྱལ་མོ་གནོད་མཛེས་རྡོ་རྗེའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །སྃ། རྡོ་རྗེ་འཛིན་གྱི་གཡོན་ལོགས་སུ་བདུད་རྩི་ཐབ་སྦྱོར་རྡོ་རྗེའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །མྲྀ། དེའི་དྲུང་དུ་རྡོ་རྗེ་འཛིན་ཐམས་ཅད་རྡོ་རྗེའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ། །ཧཱུྃ། བཅོམ་ལྡན་འདས་ཀྱི་འོག་ལོགས་སུ་མེ་ཡི་ཕྱོགས་སུ་མི་གཡོ་བ་རལ་གྲིའི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ །ཧཱྃ། བཅོམ་ལྡན་འདས་ཀྱི་འོག་ལོགས་བདེན་བྲལ་གྱི་ཕྱོགས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་གོ །ཧཱ། སྒོ་དྲུང་གཉིས་སུ་ཀླུའི་རྒྱལ་པོ་དགའ་བོ་


DKG086_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྙེན་དགའ་བོ་གཉིས། དགའ་བོ་དང་བསྙེན་དགའ་བོ་ཞེས་པའི་མིང་དུ་གཞག་གོ། །སྒོ་ཁྱུད་རྣམས་ཀྱི་ནང་དུ་བསྲུང་བ་བཞི་དགོད་དེ། ཤར་ཕྱོགས་སུ་རལ་གྲི་དང་ཡི་གེའི་འབྲུའོ། །ཙ། བྱང་ཕྱོགས་སུ་རལ་གྲི་དང་ཡི་གེའི་འབྲུའོ། །བ། ནུབ་ཕྱོགས་སུ་བེ་ཅོན་དང་ཡི་གེའི་འབྲུའོ། །ས། ལྷོ་ཕྱོགས་སུ་བེ་ཅོན་དང་ཡི་གེའི་འབྲུའོ། །ཀྵ། དེ་ནས་ཕྱི་རོལ་གྱི་རི་མོའི་ནང་རོལ་དུ་གནས་ཀྱི་དཀྱིལ་འཁོར་ཆུང་ངུ་ལ་གནས་གཙང་མ་ལྔ་རྣམས་བྲི་བ་ནི། དཀྱིལ་འཁོར་དང་པོ་ལ་སྃ་སྃ་སྭཱ་ཧཱ། ཞེས་བྱའོ། །གཉིས་པ་ལ་མ་ནོ་མ་ཡ་ཞེས་བྱའོ། ། གསུམ་པ་ལ་དྷརྨྨཱ་སཾ་བྷ་བ་ཞེས་བྱའོ། །བཞི་པ་ལ་བི་བྷ་བ་ཞེས་བྱ་བའོ། །ལྔ་པ་ལ་ཀ་ཏ་ན་ན་ཞེས་བྱ་བའོ། །ཡང་ན་གནས་ཀྱི་དཀྱིལ་འཁོར་ཆུང་ངུ་ལ་སྃ་སྃ་སྭཱ་ཧཱ་ཞེས་བྱ་བ་ཡང་གཞག་ཏུ་རུང་ངོ་། །བདག་གི་ལྷའི་ནི་རིགས་གང་དུ་གཏོགས་པ་དེའི་རིགས་ཀྱི་བདག་པོའི་གནས་སུ་རང་གི་ཕྱག་རྒྱའམ་ཡི་གེའི་འབྲུར་གཞག་པར་བྱའོ། །དེ་ནས་ཕྱི་རོལ་གྱི་རི་མོའི་ནང་ཐོག་ཐག་ཏུ་པདྨ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་སྒོའི་གཡས་རོལ་དུ་འཁོར་སའི་ནང་རོལ་དུ། མེ་ཡི་ཐབ་ཁུང་བྱ་ནི། །ཁོ་ར་ཁོར་ཡུག་ཟླུམ་པོ་ལ། །ཁྲུ་གང་ཙམ་གྱི་ཚད་དུ་བྱ། །ཟབས་སུ་སོར་ནི་བཅུ་གཉིས་ཚད། །དེ་ཡི་སྟེང་དུ་ཁ་རན་ནི། །ཀུན་ནས་སོར་བཞིའི་ཚད་དུ་བྱ། །དེ་ཡི་ཞབས་ཀྱི་དབུས་སུ་ནི། །འཁོར་ལོའི་འཕང་དུ་སོར་གཅིག་བྱ། །དེ་ནས་འདུག་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། དམ་ཚིག་གི་གསང་སྔགས་བརྗོད་ལ། ཡི་གེ་ས་དང་པདྨའི་ཕྱག་རྒྱས་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ཏེ། ཡི་གེ་ཨ་རང་གི་དཀྱིལ་འཁོར་ལ་གནས་པ་ལས་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཅི་ལྟ་བ་བཞིན་དུ་གྱུར་པར་བསམས་ལ། ཉིད་ཀྱི་ཕྱག་རྒྱ་ཡང་བསྟན་པར་བྱའོ། །དེ་ནས་རལ་གྲིའི་ཕྱག་རྒྱ་བཅིངས་ལ། ཡི་གེ་ཨ་ལས་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་གྱི་ཡི་གེ་ཐམས་ཅད་སོ་སོའི་ལྷའི་གཟུགས་སུ་གྱུར་པར་བསམས་ལ། སོ་སོའི་ཕྱག་རྒྱ་རྣམས་ཀྱང་བསྟན་ཏོ། །དེ་ནས་འཕགས་པ་མི་གཡོ་བའི་སྔགས་ཟློས་ཤིང་ལས་ཀྱི་


DKG086_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་བཅིངས་ལ་ལྷ་རྣམས་སོ་སོའི་འཁོར་ན་ཅི་སྙེད་བཞུགས་པ་ལ་བྱུག་སྤོས་དང་། མེ་ཏོག་ལ་སོགས་པ་དབུལ་ལོ། །ཡི་གེ་རས་ཀྱང་རྡུལ་དང་བྲལ་བའོ་སྙམ་པའི་ཏིང་ངེ་འཛིན་མངོན་དུ་བྱས་ལ། བྱུག་སྤོས་དང་མེ་ཏོག་ལ་སོགས་པ་སོ་སོའི་གསང་སྔགས་རྣམས་ཀྱིས་མངོན་པར་བསྔགས་ཏེ། བྱུག་སྤོས་ལ་སོགས་པ་ལ་སོ་སོའི་སྙིང་པོའི་སྔགས་ཀྱིས་ཀྱང་མངོན་པར་བསྔགས་ལ་དབུལ་ལོ། །བྱུག་སྤོས་འདི་བཞེས་ཏེ་བདག་ལ་ཐུགས་དཔག་མཛོད་ཅིག་ཅེས་སོ་སོར་བསྐུལ་བར་ཡང་བྱའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་རོ། །ན་མཿ ས་མནྟ་བུད་དྷཱ་ཎཱཾ། ཏྲ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་ཧཱུྃ་ཏྲ་ཊ་ཧྃ་མ།འཕགས་པ་མི་གཡོ་བའི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། བི་ཤུདྡྷེ་གནྡྷོདྦྷ་བ་སྭཱ་ཧཱ། བྱུག་སྤོས་ཀྱི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མ་ཧཱ་མཻ་ཏྲྱ་བྷྱུངྒ་ཏེ་སྭཱ་ཧཱ། མེ་ཏོག་གི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། དྷརྨ་དྷཱ་ཏྭཱ་ནུ་ག་ཏེ་སྭཱ་ཧཱ། བདུག་སྤོས་ཀྱི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏ་ཐཱ་ག་ཏཱརྩི་སྥ་ར་ཎ་ཨ་བ་བྷཱ་ས་ག་ག་ནོ་དརྱ་སྭཱ་ཧཱ། མར་མེའི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཏྲཻ་ཡ་དྷྭི་ཀཱ་ནཱཾ། ཨ་ར་ར། པ་ར་ར། བ་ལི་དེ། བ་ལིཾ་དྷ་དཱ་ཧི་སྭཱ་ཧཱ། ལྷ་བཤོས་ཀྱི་གསང་སྔགས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ག་ག་ན་ས་མ་ས་མ་སྭཱ་ཧཱ། མཆོད་ཡོན་གྱི་གསང་སྔགས་ཏེ། ཐོག་མ་དང་ཐ་མར་ཡང་སྦྱར་རོ། །སྙིང་པོའི་གསང་སྔགས་བརྗོད་པའི་ཆོ་ག་ནི། ༀ་བྷ་ག་བཱན་བཻ་རོ་ཙ་ན། ཨི་དཾ་གཾ་དྷི་པྲ་ཏི་གྲྀ་ཧྱ་ཨི་དཾ་མེ་ཀཱརྱཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཞི་བའི་ཆོ་ག་ལ་ནི་ཙནྡན་དཀར་པོ་ག་བུར་དང་སྦྱར་བ་དབུལ་ལོ། །མ་འབྱོར་ན་པུ་ཤེལ་ཙེ་དབུལ་ལོ། །དེ་བཞིན་དུ་མེ་ཏོག་པདྨ་དཀར་པོ་དང་། སྣ་མའི་མེ་ཏོག་དང་། མེ་ཏོག་མ་ལི་ཀ་དང་། མེ་ཏོག་ཡུག་ཏི་ཀ་ལ་སོགས་པ་མེ་ཏོག་དཀར་པོ་དྲི་ཞིམ་པ། བཀྲ་ཤིས་པ་གང་ཡིན་པ་དེ་དག་དབུལ་ལོ། །ཞི་བའི་ཆོ་ག་ལ་བདུག་སྤོས་ནི། ག་བུར་དང་། ཙནྡན་ནམ། ཡང་ན་ཤི་བ་ས་ཀ་དབུལ་ལོ། །ལྷ་བཤོས་ཀྱང་ཞོ་དང་འབྲས་ཆན་ལ་


DKG086_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་དཀར་པོ་དབུལ་ལོ། །མར་མེ་ཡང་མར་གྱི་མར་མེ་སྣོད་དཀར་པོའི་ནང་དུ་བླུགས་ཏེ་དབུལ་ལོ། །དུང་ལ་སོགས་པ་སྣོད་དཀར་པོའི་ནང་དུ་ཙནྡན་དང་། ག་བུར་དང་། མེ་ཏོག་དཀར་པོ་སྦྱར་བའི་ཆུ་བླུགས་པའི་མཆོད་ཡོན་དབུལ་ལོ། །དེ་ལྟར་ཅི་སྐད་བཤད་པའི་མཆོད་པ་བྱས་ནས། དེ་ནས་ཕྱིར་བྱུང་སྟེ། བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ། ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་སྦྱིན་པ་ནི། འབྲས་ཡོས་བཅས་ཤིང་ཏིལ་དང་བཅས། །ཆུ་དང་བཅས་ཤིང་འབྲས་ཆན་བཅས། །མེ་ཏོག་དང་བཅས་སྲན་ཆན་བཅས། ། ཀྲི་སར་བཅས་ཤིང་སྣུམ་བག་མང་། །གཏོར་མ་འདི་འདྲ་སློབ་དཔོན་གྱིས། །ལག་པས་བླངས་ནས་དགའ་བཞིན་དུ། །ཕྱོགས་ཀུན་ཏུ་ནི་གཏོར་བྱ་ཞིང་། །བདུག་སྤོས་མཆོད་ཡོན་དག་ཀྱང་དབུལ། །ཐོག་མར་དབང་ལྡན་ཕྱོགས་སུ་ནི། །གཞུ་ཅན་ཚོགས་དང་བཅས་ལ་དབུལ། །དེ་ནས་དབང་པོའི་ཕྱོགས་སུ་ཡང་། །མཁས་པས་དབང་པོ་ཉིད་ལ་དབུལ། །དེ་ནས་སྔགས་པ་མི་འཇིགས་པས། །མེ་ཡི་ཕྱོགས་སུ་དབུལ་བར་བྱ། །དེ་ནས་སྔགས་པ་འཇིགས་མེད་པས། །གཤིན་རྗེའི་ཕྱོགས་སུ་དབུལ་བར་བྱ། །སྔགས་རིག་བདེན་བྲལ་ཕྱོགས་སུ་ནི། །བདེན་བྲལ་ཚོགས་དང་བཅས་ལ་དབུལ། །ཆུ་ལྷའི་ཕྱོགས་སུ་ཀླུ་རྣམས་ལ། །འཇིགས་མེད་གསང་སྔགས་ཟློས་ཤིང་དབུལ། །བདག་པོར་བཅས་ལ་ཕུལ་ནས་སུ། །རླུང་གི་ཕྱོགས་སུ་འགྲོ་བར་བྱ། །སྔགས་ཤེས་པ་ནི་དེར་སོང་ནས། །རླུང་ལྷ་ཚོགས་དང་བཅས་པ་ལ། །རང་གི་མིང་ནས་སྨོས་ནས་སུ། །རང་གི་སྔགས་ཀྱིས་གཏོར་མ་དབུལ། །བྱང་གི་ཕྱོགས་སུ་སོང་ནས་ནི། །ཡིད་ནི་རབ་ཏུ་དང་བྱས་ཏེ། །བདག་གི་དངོས་གྲུབ་ཐོབ་འདོད་པས། །གནོད་སྦྱིན་རྣམས་ལ་གཏོར་མ་དབུལ། །སྲིན་པོ་རྣམས་དང་ཤ་ཟ་དང་། །འབྱུང་པོ་ཤ་རྗེན་ཅན་རྣམས་དང་། །སེམས་ཅན་རྣམ་པ་སྣ་ཚོགས་ལ། །མཁས་པས་གཏོར་མ་ཕྱོགས་སུ་གཏོར། །ས་ཕྱོགས་དེ་ཡི་སེམས་ཅན་ནི། །ཤིང་དང་གེལ་པ་ལ་གནས་པ། །བློ་ལ་གང་དང་གང་


DKG086_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་པ། །དེ་དང་དེ་ལ་གཏོར་མ་སྦྱིན། །ཕྱོགས་ཀྱི་གཏོར་མའི་སྔགས་ནི། དབང་ལྡན་གྱི་ཕྱོགས་སུ།རུ་དྲཱ་ཡ་སྭཱ་ཧཱ། དབང་པོའི་ཕྱོགས་སུ། ཤ་ཀྲཱ་ཡ་སྭཱ་ཧཱ། མེའི་ཕྱོགས་སུ། ཨགྣ་ཡེ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ། བཻ་བ་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགས་སུ། རཱཀྵ་སཱ་དྷི་པ་ཏ་ཡེ་སྭཱ་ཧཱ། ཆུ་ལྷའི་ཕྱོགས་སུ། མེ་གྷ་ཤ་ན་ཡེ་སྭཱ་ཧཱ། རླུང་གི་ཕྱོགས་སུ། བཱ་ཡ་བེ་སྭཱ་ཧཱ། ཀུ་བེ་རའི་ཕྱོགས་སུ། ཡཀྴ་བིདྱཱ་དྷ་རི་སྭཱ་ཧཱ། ཀྲཾ་ཀི་རི་སྭཱ་ཧཱ། སྲིན་པོ་རྣམས་ཀྱིའོ། །མི་ཙི་མི་ཙི་སྭཱ་ཧཱ། ཤ་ཟ་རྣམས་ཀྱིའོ། །གུ་ཨི་གུ་ཨི་སྭཱ་ཧཱ། འབྱུང་པོ་རྣམས་ཀྱིའོ། །དེ་ལྟར་ཀུན་ཏུ་གཏོར་མ་གཏོར་ལ། ལག་པ་བཀྲུས་ཏེ་ཉེ་རེག་བྱས་ལ། དེ་ནས་ནང་དུ་ཞུགས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས། བསྲེག་པར་བྱ་བའི་རྫས་གང་ཅུང་ཟད་ཅི་ཡོད་པ་དེ་དག་ཐམས་ཅད་འཕགས་པ་མི་གཡོ་བས་བསངས་ཏེ་གཡས་རོལ་དུ་གཞག་གོ། །གཡོན་རོལ་དུ་ནི་མཆོད་ཡོན་གྱི་སྣོད་གཉིས་རྩྭ་ཀུ་ཤ་དང་། སྤོས་ཆུར་སྦྱར་བ་བླུགས་ཏེ་གཞག་ལ། གཅིག་ནི་འཕགས་པ་མི་གཡོ་བས་བཟླས་སོ། །གཅིག་ནི་རྡོ་རྗེ་དམ་པས་སྦྱིན་གྱིས་བཟླས་སོ། །ཞུགས་ཐབ་ཀྱི་ཁོར་ཡུག་ཏུ་རྩྭ་ཀུ་ཤ་བསྐོར་བའི་ཐབས་སུ་དགྲམ་མོ། །བདག་རང་གར་འདུག་པའི་གཞིར་ཡང་རྩྭ་ཀུ་ཤ་བསྐོར་བའི་ཐབས་སུ་གདིང་ངོ་། །ཤིང་ཨུ་དུམ་བཱ་ར་དང་། ཨ་ཤྭཏྠའི་དགང་གཟར་དང་། བླུགས་གཟར་དང་།མར་བཞུས་པ་ཡང་མདུན་དུ་གཞག་གོ། །དེ་ནས་མེའི་ཐབ་ཁུང་ཙནྡན་གྱིས་བསྐུས་ཏེ་མེ་ཏོག་དཀར་པོ་དྲི་ཞིམ་པོའི་སིལ་མ་ཡང་བཀྲམ་ལ། བྲམ་ཟེའི་ཁྱིམ་ནས་མེ་བླངས་ལ། ཁྲོ་བོའི་རྒྱལ་པོས་བསང་གཏོར་བྱས་ཏེ། ཤིང་པླཀྵ་དང་། ཨུ་དུམ་བཱ་རའི་བུད་ཤིང་ལ་རླུང་ཡབ་ཀྱིས་མེ་སྤར་རོ། །དེར་ཁ་བྱང་ཕྱོགས་སུ་བལྟས་ཏེ་འདུག་ལ། ལག་པ་གཉིས་བྱུག་སྤོས་ཀྱིས་བསྐུས་ཏེ། དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་བཅིངས་ལ། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུ་ཆུའི་དཀྱིལ་འཁོར་ལ་གནས་པ་ཅི་ལྟ་བ་བཞིན་དུ་ཕྱག་རྒྱ་དང་། གསང་སྔགས་ཀྱིས་བྱིན་གྱིས་བརླབ་


DKG086_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བོ།།དེ་ནས་མེའི་ཐབ་ཁུང་གི་ཞབས་སུ་ཆུའི་དཀྱིལ་འཁོར་བསམས་ལ། ཆུའི་དབུས་སུ་སྔར་བཞིན་དུ་ཡི་གེ་གཞག་པ་ལས། མེའི་གཟུགས་སུ་གྱུར་པ་དུང་དང་། མེ་ཏོག་ཀུནྡ་དང་། ཟླ་བའི་མདོག་དང་འདྲ་བ། ཐོར་ཚུགས་ཅན། མིག་གསུམ་པ། ལག་པ་བཞི་པ། ལག་ན་བགྲང་ཕྲེང་དང་། རིལ་བ་སྤྱི་བླུགས་དང་། བེ་ཅོན་ཐོགས་པ་དང་། མི་འཇིགས་པ་སྦྱིན་པ་དང་། གོས་དཀར་པོ་བགོས་པ་དང་། སྲད་བུ་དཀར་པོ་སེ་རལ་ཁར་ཐོགས་པ། སྙིང་གི་སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། མེ་ལྕེ་དཀར་པོ་འཕྲོ་བ། ཡེ་ཤེས་ཀྱི་རང་བཞིན་ཅན་དེ་ལྟ་བུའི་མེ་ལྷ་བསམས་ལ། འཕགས་པ་མི་གཡོ་བས་བསྔགས་པའི་ཆུ་སྔར་བཤམས་པས། མེ་ལ་བསྐོར་བའི་ཐབ་ཏུ་བསང་གཏོར་བྱའོ། །རྡོ་རྗེ་དམ་པ་སྦྱིན་གྱིས་ཀྱང་ལན་གསུམ་དུ་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། མྃ་སྭཱ་ཧཱ། རྡོ་རྗེ་དམ་པ་སྦྱིན་གྱིའོ། །དེ་ནས་མེ་ལ་རང་གི་གསང་སྔགས་ཀྱིས་བྱུག་སྤོས་དང་། མེ་ཏོག་ལ་སོགས་པ་དབུལ་ལོ། །དེ་ནས་མངར་གསུམ་ལས་སྲེག་བླུགས་གསུམ་བྱིན། དགང་གཟར་ཆང་པས་གཟུང་ལ། མར་གྱི་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་ཤིང་ཨུ་དུམ་བཱ་རའམ། ཨ་ཤྭཏྠའི་རྩེ་མོའི་ཡམ་སྲེག་ཤིང་གཉིས་མར་ལ་སྨྱུགས་པ་བདུན་བསྲེག་གོ། །དེ་ནས་ཡང་མར་གྱི་དགང་བླུགས་གསུམ་བྱིན་ལ། བསང་གཏོར་སྔ་མ་བཞིན་དུ་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨོཾབ་ར་དཱ་ག་ན་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་ལྷ་ཐམས་ཅད་ལ་ཡང་སོ་སོར་སྦྱིན་སྲེག་བྱས་ལ། བསང་གཏོར་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཧཱུཾ་ཨ་མ་ཧཱ་ཤཱནྟི་ག་ཏ་ཤཱནྟི་ཀ་ར། པྲ་ཤ་མ་དྷརྨྨ་ནིར་ཛཱ་ཏ། ཨ་བྷཱ་བ་སྭ་བྷཱུ་བ་དྷརྨྨ་ས་མནྟ་པྲཱཔྟ། ཨ་མུ་ཀ་སྱ་སྭ་སྟི། ཤཱནྟིཾ་བཾ་ཀུ་རུ་སྭཱ་ཧཱ།ཞི་བའི་གསང་སྔགས་སོ། །དེ་ནས་སངས་རྒྱས་ཐམས་ཅད་བསམས་ལ། ནང་གི་བདག་ཉིད་རྣམ་པར་དག་པས་ཅི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་


DKG086_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

མོ། །དེ་ནས་ཟླ་བའི་དཀྱིལ་འཁོར་ལ་རང་གི་རིག་སྔགས་བཞག་སྟེ། རང་གི་ལྷའི་ཕྱག་རྒྱ་བཅིངས་ལ། རང་གི་ལྷའི་གཟུགས་སུ་བསྒོམ་མོ། །དེ་ནས་ཡང་སྔ་མ་བཞིན་དུ་དགང་བླུགས་གསུམ་ལ་སོགས་པ་ཕུལ་ཏེ། བསྐོར་བའི་ཐབ་ཏུ་བསང་གཏོར་ཡང་བྱས་ལ། བདག་གི་རྒྱུད་ལས་བྱུང་བའི་རྫས་རྣམས་ཅི་སྲིད་མི་སྐྱོ་བའི་བར་དུ་སྦྱིན་སྲེག་བྱའོ། །སྐྱོ་བར་གྱུར་ན། རྫོགས་པའི་སངས་རྒྱས་ཀྱི་སྐུར་བལྟས་ཏེ། ཡང་བྱང་ཆུབ་ཀྱི་སེམས་བསྒོམ་མོ། །དེ་ནས་མཆོད་ཡོན་ཕུལ་ལ། ལྷ་རྣམས་ལ་ཕྱག་བྱས་ཏེ། སླར་གཤེགས་སུ་གསོལ་ལོ། །ལྷ་ཐམས་ཅད་སླར་གཤེགས་སུ་གསོལ་ནས། ཕྱག་རྒྱའི་ཚོགས་རྣམས་གོས་སར་པས་གཡོགས་ལ། ཕྱི་དེ་ཉིན་ཡང་སྔ་མ་བཞིན་དུ། ལྷ་རྣམས་སོ་སོའི་དཀྱིལ་འཁོར་ལ་གནས་པར་བསམས་ཏེ། ཆོ་གའི་རིམ་པ་དེ་ཉིད་ནམ་ཞི་བར་གྱུར་གྱི་བར་དུ་བྱའོ། །ཆོ་ག་ཤེས་པའི་སྔགས་གྲུབ་པ། །གང་ཞིག་ཆོ་ག་འདི་ཡིས་སུ། །ལེ་ལོ་མེད་པར་ཞི་བྱས་ན། །ཞི་བ་ཉིད་དུ་འཐོབ་པར་འགྱུར། །ཟླ་བ་ཕྱེད་ཀྱི་ཁམས་རིས་གཅིག །ངེས་པ་ཉིད་དུ་ཞི་བར་འགྱུར། ། རྒྱལ་པོ་ལ་ནི་ཞག་བཅུ་གཉིས། །ཡུལ་ཕྱོགས་སུ་ནི་ཞག་བཅུས་སོ། །དེ་ལ་ཞི་བའི་ཆོ་གའི་ལས་བྱེད་པས་ཆོ་ག་འདི་ལྟར་སྤྱད་པར་བྱའོ། །གོས་དཀར་བགོས་ཤིང་གཙང་ལ་ཞི། །བྱང་ཆུབ་སེམས་ལ་རབ་ཏུ་གཞོལ། །ཀུ་ཤ་བཏིང་བའི་སྟན་ལ་ཉལ། །དེ་ལས་བྱས་པའི་བསང་བྱེད་ཐོགས། །ནས་བཙོས་པའམ་འོ་མ་འཐུང་། །ཡིད་ནི་སྦྱིན་སྲེག་བྱེད་ལ་འཇུག །དུས་གསུམ་སྦྱིན་སྲེག་བཟླས་བརྗོད་ཀྱིས། །ཞི་བའི་ཆོ་ག་སྤྱད་པར་བྱའོ། །ཞབས་བསིལ་རྡོ་རྗེ་མཆོག་སྦྱིན་གྱིས། །བསང་གཏོར་མི་གཡོ་མགོན་གྱིས་སོ། །འདིར་ནི་རེ་ཞིག་མདོར་བསྡུས་ན། །སྦྱིན་སྲེག་ཆོ་གར་བསྒྲགས་པ་ཡིན། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། ཞི་བའི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །


DKG086_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཞན་ཡང་སྐལ་ཆེན་པོ། །སྔགས་ལ་མཁས་པ་རྣམས་ཀྱིས་སྔོན། །སེམས་ཅན་རྣམས་ལ་ཐུགས་བརྩེ་ནས། །སྦྱིན་སྲེག་རྒྱས་པ་ཆེ་བྱེད་པ། །ཕན་པར་བཞེད་ནས་བཤད་པ་ཡང་། །ཡིད་གཅིག་བསྡུས་ཏེ་མཉན་པར་གྱིས། །དེ་བས་རྣམ་པ་ཐམས་ཅད་དུ། །རྒྱས་པའི་ཆོ་ག་སྤྱད་པར་བྱ། །གྲོང་ངམ་ཡང་ན་ལྗོངས་དག་གི།ཤར་གྱི་ཕྱོགས་སུ་གནས་བཅས་ནས། །སྔ་མ་བཞིན་དུ་ངེས་པ་ཡི། །ས་གཞི་ལེགས་པར་བརྟག་པར་བྱ། །རི་ཡི་རྩེ་འམ་ཕྱུགས་ལྷས་སམ། །མཆོད་རྟེན་རིང་བསྲེལ་ཅན་དག་ཏུ། །རྒྱས་པའི་ལས་ནི་སྒྲུབ་བྱེད་པའི། ། དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །མཁས་པས་ལས་ཀྱི་ཆོ་ག་ཡིས། །ས་ནི་ལེགས་པར་བརྐོས་ནས་སུ། །དབུས་སུ་རིན་ཆེན་འབྲུ་དང་ནི། །སྨན་དང་བཅས་པ་བསྲེས་གཞག་སྟེ། །དེར་ཡང་ས་ནི་སེར་པོ་ཡིས། །ས་ནི་ལེགས་པར་དགང་བར་བྱ། །མཉམ་ཞིང་ལེགས་པར་བཅགས་ནས་ནི། །དེ་ཡི་འོག་ཏུ་དཀྱིལ་འཁོར་བྲི། །འདིར་ཡང་རེ་ཞིག་སྔགས་པ་ཆོ་ག་ལ་མཁས་པས་བདག་ཉིད་རྡོ་རྗེ་དམ་པ་སྦྱིན་པར་བསྒོམ་ཞིང་། རང་གི་དཀྱིལ་འཁོར་ལ་གནས་པས། དེའི་གསང་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ལ། འཕགས་པ་མི་གཡོ་བས་མཚམས་གཅད་པ་དང་ས་ཡོངས་སུ་གཟུང་བ་བྱའོ། །ཟླ་བ་ཡར་གྱི་ངོའི་ཚེས་གསུམ་མམ་ལྔའམ་བདུན་ནམ་ཡང་ན་ཟླ་བ་ཉ་ལ་ཡང་རུང་སྟེ། གཟའ་བཟང་པོ་གཟའ་ལྷག་གམ། ཕུར་བུའམ། རྒྱུ་སྐར་གྲོ་བཞིན་དང་། མོན་གྲུ་དང་། སྣྲོན་དང་། སྣར་མ་ལ། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོར་བྱིན་གྱིས་བརླབས་ཏེ། སྲད་བུ་སེར་པོ་བླངས་ལ་གྲངས་དང་ཚད་སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་ཐིག་གདབ་བོ། དེ་ནས་དཀྱིལ་འཁོར་བསྐོར་ཏེ་ནང་དུ་ཞུགས་ལ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་ལ་ཕྱག་ཀྱང་བྱས་ཏེ། ཡང་བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལ་ཚོན་རྩི་སེར་པོ་བླངས་ཏེ། དེར་ནི་ཡི་གེ་ཀ་བཞག་པ། །དེ་ཚེ་ཐུབ་པ་གསེར་ཐུབ་ནི། །གསེར་གྱི་ཁ་དོག་འབར་དང་བཅས། །ཏིང་འཛིན་གནས་ཤིང་སྡིག་བཅོམ་པའོ། །དེ་ནས་དཀྱིལ་འཁོར་རྟ་བབས་ཅན་བྲིས་ལ་ནུབ་ཕྱོགས་ཀྱི་སྒོ་རྟག་ཏུ་དབྱེའོ། །ཕྱི་


DKG086_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་རི་མོ་གྲུ་བཞི་པ་གསུམ་གྱིས་བསྐོར་ལ། དཀྱིལ་འཁོར་དུ་ལྷ་རྣམས་དགོད་པ་སྔ་མ་བཞིན་དུ་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ། འཕགས་པ་ནམ་མཁའི་སྙིང་པོའི་གནས་སུ་ཀུན་དུ་བཟང་པོ་རིན་པོ་ཆེའི་རྒྱལ་མཚན་གྱི་ཕྱག་རྒྱ་ཡི་གེ་ས་དང་བཅས་པ་གཞག་གོ། །ས །མཛོད་སྤུའི་གནས་སུ་འཕགས་པ་རྨུགས་འཛིན་ཤིང་ཏོག་པཱི་ཛ་པུ་རའི་ཕྱག་རྒྱ་དང་ཡི་གེ་ཛཾ་བདུད་རྩིའི་མཚན་ཉིད་ཅན་དང་བཅས་པར་གཞག་གོ །ཛྃ། འཕགས་མ་ཁྲོ་གཉེར་ཅན་གྱི་གནས་སུ་གྲགས་ལྡན་མ་མེ་ཏོག་པྲི་ཡང་ཀུའི་ཕྱག་རྒྱ་ཡི་གེ་ཡ་དང་བཅས་པར་གཞག་གོ། །ཡ། འཕགས་མ་གོས་དཀར་ཅན་གྱི་གནས་སུ་ནི་དཔལ་ཆེན་མོ་འཕགས་མ་དཀར་མོ་ཞེས་བྱ་བ་པདྨའི་ཕྱག་རྒྱ་དང་ཡི་གེའི་འབྲུར་གཞག་གོ །ཤྲཱི། འཕགས་པ་གནོད་མཛེས་ཀྱི་གནས་སུ་ནི་དཔུང་བཟང་རྡོ་རྗེའི་ཕྱག་རྒྱ་དང་ཡི་གེའི་འབྲུར་གཞག་གོ །ཧཱུྃ། བདུད་རྩི་ཐབ་སྦྱོར་གྱི་གནས་སུ་ནི་རྡོ་རྗེའི་སྡེ་རྡོ་རྗེའི་ཕྱག་རྒྱ་དང་ཡི་གེའི་འབྲུར་གཞག་གོ །ས། གནས་གཙང་མ་པ་རྣམས་ཀྱི་གནས་སུ་ནི་བརྒྱ་བྱིན་དང་འཇིག་རྟེན་སྐྱོང་བ་བཞི་དགོད་དོ། །དེ་ནས་ཕྱི་རོལ་གྱི་རི་མོ་གཉིས་ཀྱི་ནང་ལོགས་ཁོ་ར་ཁོར་ཡུག་དང་གྲྭ་ཐམས་ཅད་དུ་རྡོ་རྗེ་བྲིའོ། །དེ་ནས་དཀྱིལ་འཁོར་གྱི་གཡས་ལོགས་འཁོར་སའི་ནང་དུ་མེའི་ཐབ་ཁུང་བྱ་བ་ནི། གྲུ་བཞི་ལྷམ་པ་ཁ་རན་ཅན། །རྒྱར་ནི་ཁྲུ་དོའི་ཚད་དུ་བྱ། །རྡོ་རྗེ་ཡིས་ནི་འཁོར་བར་བསྐོར། །ཟབས་སུ་ཁྲུ་གང་ཙམ་གྱི་ཚད། །ཁ་རན་མཐེའུ་ཆུང་མཐོ་གང་ཚད། །འཇིམ་པ་སེར་པོའི་སྐྱོང་ནུལ་བསྐུ། །པདྨའི་ཕྱག་རྒྱ་མཛུབ་གང་ཚད། །འཕང་དུ་སོར་བཞིའི་ཚད་དུ་བྱ། །དུས་གསུམ་དུ་བ་ལང་གི་ལྕི་བ་ས་ལ་མ་ལྷུང་བས་བསྐུའོ། །དེ་ནས་སྔ་མ་བཞིན་དུ་དཀྱིལ་འཁོར་གྱི་བདག་པོའི་ལྷ་ལ་སོགས་པ་རྣམ་པ་དང་། མཚན་མ་ཅི་ལྟ་བ་བཞིན་དུ་བསམས་ཏེ། བྱུག་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ་གང་གི་ཚེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གནས་སུ་བཞུགས་སུ་གསོལ་བ་དང་། བྱུག་སྤོས་དང་མེ་ཏོག་ལ་སོགས་པས་མཆོད་པ་བྱེད་པ་དེའི་ཚེ།བདག་ཉིད་རྡོ་རྗེ་དམ་པ་སྦྱིན་དུ་བྱིན་གྱིས་བརླབས་ཏེ་བྱའོ། །འདིར་བྱུག་སྤོས་དང་། མེ་ཏོག་ལ་སོགས་པའི་


DKG086_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་བཤད་པར་བྱ་སྟེ། གུར་གུམ་ག་བུར་བསྲེས་པས་ནི། །རྒྱས་པ་དག་ལ་བྱུག་སྤོས་མཆོག །དྲི་ཞིམ་ཁ་དོག་སེར་པོ་ཡང་། །དེ་མ་རྙེད་ན་སྦྱར་བར་བྱ། །མེ་ཏོག་ཙམ་པ་རབ་ཏུ་བཟང། །ཡུ་ཏི་སྣ་མ་སེར་པོ་དང་། །དེ་ལས་གཞན་པའང་དྲི་ཞིམ་པ། །སེར་པོ་དག་ནི་དབུལ་བར་བྱ། །གུར་གུམ་ཨ་ཀ་རུ་དང་སྦྱར། །ཤ་ཁ་ར་དང་སྦྱར་བ་དག །རྒྱས་པའི་ལས་རྣམས་འགྲུབ་བྱའི་ཕྱིར། །བདུག་སྤོས་མཁས་པས་དབུལ་བར་བྱ། །གུ་གུལ་དང་ནི་ཙནྡན་ཡང་། །མར་དང་སྦྱར་བ་བདུག་སྤོས་མཆོག །སྲ་རྩི་པོག་ནི་གུར་གུམ་བསྲེས། །བདུག་སྤོས་སྔགས་ལ་མཁས་པས་དབུལ། །མར་མེ་སྣོད་ནི་གསེར་གྱི་བཟང། །ཡང་ན་ཁམ་པའི་སེར་པོའང་རུང་། །མཁས་པས་རས་ནི་སེར་པོ་ཡི། །མར་མེའི་སྙིང་པོ་སེར་པོ་དབུལ། །སྤོས་ཀྱི་འབྲུ་མར་བཟང་པོ་ཡིས། །དེ་ཡི་སྣུམ་ནི་དྲི་ཞིམ་བྱའོ། །ཡང་ན་ཏིལ་གྱི་འབྲུ་མར་གྱིས། །མར་མེ་གཙང་མ་དབུལ་བར་བྱ། །འབྲས་ཆན་སེར་པོ་སྲན་ཚོད་ཅན། །མར་དང་བཅས་པ་ཤིན་ཏུ་བཟང། །ཚོད་མ་རྣམས་ཀྱང་སེར་པོར་བྱ། །ཤིང་ཏོག་བག་ཅོས་དེ་བཞིན་ནོ། །སྤོས་ཆུས་མེ་ཏོག་སེར་པོ་དང་། །དེ་བཞིན་འབྲས་དང་དཱུར་བའི་རྩྭ། །སྣོད་ཀྱང་སེར་པོར་བླུགས་པ་དག །རྒྱས་པ་ལ་ནི་མཆོད་ཡོན་ཤིས། །དེ་ལྟར་མཆོད་པ་ཅི་ལྟ་བ་བཞིན་དུ་བྱས་ཏེ། དེ་ནས་བདག་ཉིད་རྡོ་རྗེ་དམ་པ་སྦྱིན་དུ་བྱིན་གྱིས་བརླབས་ལ། ཕྱི་རོལ་དུ་བྱུང་སྟེ་ཕྱོགས་ཀྱི་གཏོར་མ་སྦྱིན་ནོ། །དེ་ནས་ཉེ་རེག་བྱས་ཏེ་ནང་དུ་ཞུགས་ལ། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ་མེའི་ཐབ་ཁུང་གི་དྲུང་དུ་བསྲེག་པར་བྱ་བ་ལ་སོགས་པ་སྔགས་ཀྱིས་བསང་བ་རྣམས། སྔ་མ་བཞིན་དུ་གཞག་ལ། ས་ལ་རྩྭ་ཀུ་ཤ་བཏིང་བའི་སྟེང་དུ་པདྨའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོའི་སྐུར་བསམས་ཏེ་ཁང་པའི་ནང་བྱུག་སྤོས་སེར་པོས་ཞུགས་ཐབ་བསྐུས་ལ་མེ་ཏོག་སེར་པོ་སིལ་མ་ཡང་བཀྲམ། རྩྭ་ཀུ་ཤ་ཡང་བཏིང་སྟེ། རྒྱལ་རིགས་ཀྱི་ཁྱིམ་མམ་རྒྱལ་པོའི་ཕོ་བྲང་ནས་མེ་བླངས་ཏེ་བསང་གཏོར་བྱས་ཏེ། ཤིང་པླཀྵ་དང་ཨུ་


DKG086_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དུམ་བཱ་རས་མེ་སྤར་ལ། དེ་ནས་མེའི་ཐབ་ཁུང་གི་ཞབས་སུ་དབང་ཆེན་གྱི་དཀྱིལ་འཁོར་བསམས་ཏེ། དེར་ཡི་གེ་ཡ་ཀླད་ཀོར་དང་བཅས་པ་པདྨ་ལ་གནས་པ་བསམ་མོ། །ཡྃ། ཡི་གེ་ར་ལས་ཐབ་ཁུང་གི་ནང་ནས་མེ་བྱུང་བར་བསམ་པ་ནི། གསེར་གྱི་ཁ་དོག་ལྟ་བུའི་ཐོར་ཚུགས་ཅན། མིག་གསུམ་པ། གདོང་པ་བཞི་པ། ལག་ན་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་ཐོགས་པ་དང་དམ་པ་སྦྱིན་པ། གོས་སེར་པོ་བགོས་པ། སྲད་བུ་སེར་པོ་སེ་རལ་ཁར་ཐོགས་པ།སོར་རིས་གསུམ་གྱིས་བྱུགས་པ། སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། གསེར་གྱི་ཁ་དོག་འདྲ་བ། མེ་ལྕེ་འབར་བ་ཀུན་དུ་འཕྲོ་བ། མཐུ་ཆེན་པོ་དང་ལྡན་པ། གསང་སྔགས་ཀྱི་རྒྱལ་པོའི་འོད་ཟེར་ལས་བྱུང་བའི་མེ་དེ་ལྟ་བུ་བསམས་ཏེ། དེ་ནས་བསང་གཏོར་བྱ་བ་དང་། ཁ་བཀྲུ་བ་དང་།མཆོད་ཡོན་དབུལ་བར་བྱས་ལ། བྱུག་སྤོས་དང་མེ་ཏོག་ལ་སོགས་པ་རང་གི་སྔགས་ཀྱིས་སྦྱིན་ནོ། །ན་མཿས་མནྟ་བུདྡྷཱ་ནཱན། ༀ་ཨགྣ་ཡེ་སྭཱ་ཧཱ། དེ་ནས་འོ་ཐུག་སྦྲང་རྩི་དང་མར་ལ་སོགས་པ་སྦྱར་བའམ།ཏིལ་ནག་པོ་མར་དང་སྦྱར་བའི་སྲེག་བླུགས་གསུམ་བྱིན་ཏེ། དེ་ནས་ཤིང་བིལ་བའི་དགང་གཟར་དང་བླུགས་གཟར་གྱིས་མར་གྱི་དགང་བླུགས་བདུན་སྦྱིན་ནོ། །དེ་ནས་ཤིང་པླཀྵ་འམ། ཨུ་དུམ་བཱ་རའི་དབུས་ཀྱི་ཆ་ལས་བྱུང་བའི་ཡམ་སྲེག་ཤིང་སྦོམས་སུ་ཆང་གང་པ་ལ་སྲིད་ཁྲུ་གང་བ་མར་ལས་སྨྱུགས་པའི་སྲེག་བླུགས་གསུམ་བྱིན་ལ་ཡང་དགང་བླུགས་གསུམ་སྦྱིན་ནོ། །དེ་ནས་དེ་སྔ་མ་བཞིན་དུ་ལྷའི་གཟུགས་རྣམས་བསམས་ཏེ་སྙིང་པོ་དེ་དང་དེས་སྲེག་བླུགས་གསུམ་དབུལ་ལོ། །དེ་ནས་སངས་རྒྱས་ཐམས་ཅད་བསམས་ཏེ། བྱང་ཆུབ་ཀྱི་སེམས་བསྒོམས་ལ་བདག་གི་ལྷའི་གཟུགས་བསམས་ཏེ་སྔ་མ་བཞིན་དུ་སྲེག་བླུགས་གསུམ་ཕུལ་ནས་བདག་གི་དངོས་གྲུབ་བསྒྲུབ་པ་ལས་བཤད་པའི་རྫས་ལས་སྦྱིན་སྲེག་བྱའོ། །ཐོག་མར་ཨོྃ་ཞེས་བརྗོད་པ་ལ་མཇུག་ཏུ་གྲགས་པ་དང་དཔལ་དང་ལོངས་སྤྱོད་དང་དགེ་བ་དང་ནོར་ལ་སྭཱ་ཧཱ། ཞེས་བྱ་བར་སྦྱར་རོ། །ཡང་ན་བདག་གིས་ཅི་ལྟར་བསམས་པའི་དངོས་གྲུབ་ཀྱི་


DKG086_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ལ་སྭཱ་ཧཱ་ཞེས་བྱ་ཞིང་སྲེག་བླུགས་དབུལ་ལོ། །དེ་ཅི་ལྟ་བ་བཞིན་དུ་སྦྱིན་སྲེག་བྱས་ནས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རིམ་པ་དེ་ཉིད་སྔ་མ་བཞིན་དུ་བྱའོ། །འདིར་ཡང་སྒྲུབ་པ་པོས་ཆོ་ག་སྤྱད་པ་ནི། གོས་ནི་སེར་པོ་བགོ་བར་བྱ། །བསང་བྱེད་སེར་པོ་གཙང་མ་ཐོགས། །སེམས་ནི་བརྟན་ཞིང་མཐུ་ཡང་ཆེ། །ཤིན་ཏུ་མི་སྨྲ་སེར་སྣ་མེད། །བྱང་ཆུབ་སེམས་ལ་རྟག་ཏུ་དགའ། །དུས་གསུམ་ཆོ་ག་ཐོག་མར་བྱེད། །ནས་ཆན་བཙོས་པའམ་འོ་མ་འཐུང་། །རྒྱས་པའི་ལས་ནི་བརྩམ་པར་བྱ། །གང་ཞིག་འདི་ཡིས་རྒྱས་པ་ཡི། །ལས་ནི་ལེགས་པར་རྩོམ་བྱེད་པ། །དེ་ཡི་ཡིད་ལ་གང་བསམས་པའི། །རྒྱས་པ་མྱུར་དུ་འགྲུབ་པར་འགྱུར། །རལ་གྲི་འཁོར་ལོ་རྡོ་རྗེ་དང་། །ལྡོང་རོས་མིག་བསྐུ་གི་ཝང་དང་། །ཡིད་བཞིན་ནོར་བུ་བུམ་པ་གོས། །ནོར་གྱི་ཆར་འབབ་མཆིལ་ལྷམ་དང་། །གདུགས་དང་ཤིང་རྟ་བཞོན་པ་དང་། །དེ་བཞིན་ཁང་པ་བརྩེགས་པ་དང་། །པདྨ་བུམ་པ་མདུང་རྩེ་གསུམ། །བགྲང་ཕྲེང་བེ་ཅོན་གུན་དྷེ་དང་། །པི་བང་མདུང་ཐུང་མདའ་ཡང་རུང་། །ལྷུང་བཟེད་དང་ནི་འཁར་གསིལ་ལམ། །ཡང་ན་རྫས་ནི་གང་འདོད་པ། །དཀྱིལ་འཁོར་འདིར་ནི་བསྒྲུབ་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས།རྒྱས་པའི་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་གཞན་ཡང་སྦྱིན་སྲེག་འདི། །དབང་གི་ལས་ནི་རབ་སྒྲུབ་པ། །འཇིག་རྟེན་སྒྲོན་མ་མཛད་པ་ཡིས། །བརྩེ་བར་གྱུར་པའི་ཐུགས་ཀྱིས་གསུངས། །དེ་ནི་མ་ལུས་བཤད་པར་བྱས། །འབྱོར་པ་འདོད་པས་ང་ལ་ཉོན། །ཐོག་མར་ས་གཞི་བརྟག་པ་ནི། །གྲོང་ངམ་ཡང་ན་ལྗོངས་དག་གི།མེ་ཡི་ཕྱོགས་སུ་གནས་བཅས་ཏེ། །སྐྱེ་བོ་མེད་པའི་ཁང་སྟོང་ངམ། ། ཤིང་གཅིག་དྲུང་ངམ་དུར་ཁྲོད་དམ། །ཡང་ན་བདེ་བྱེད་གནས་སུའམ། །མ་མོའི་གནས་སམ་ཕུག་ཀྱང་རུང་། །སྔགས་པས་དཀྱིལ་འཁོར་བྲི་བ་ནི། །མར་གྱི་ངོ་ཡི་ཚེས་དགུ་ལ། །དབང་གི་ལས་ནི་བརྩམ་པར་བྱ། །གཟའ་ནི་ཉི་མའམ་མིག་དམར་ལ། །རྒྱུ་སྐར་


DKG086_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་སྨིན་དྲུག་དང་། །མཆུ་དང་ས་ག་དག་ལ་ནི། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེ་ལ་དང་པོར་སྔགས་པས་བདག་ཉིད་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ། ས་ཁ་དོག་དམར་པོ་ལ། ས་སྦྱང་བ་དང་ཡོངས་སུ་གཟུང་བ་ལ་སོགས་པ་བྱས་ཏེ། དེ་ནས་བདག་ཉིད་རྣམ་པར་སྣང་མཛད་ཆེན་པོར་བྱིན་གྱིས་བརླབས་ལ་འཕགས་པ་མི་གཡོ་བས་བཟླས་པའི་སྲད་བུ་ལེ་བརྒན་དུ་བཙེས་པ་བླངས་ཏེ། དཀྱིལ་འཁོར་ཐིག་གདབ་པ་ནི། གྲུ་གསུམ་པ་ལ་སྒོ་ཤར་ཕྱོགས་སུ་གཏོད་པ། སྒོ་ཁྱུད་དང་རྟ་བབས་དང་མུ་རན་གྱི་ཆ་ལེགས་པར་བྱས་ཏེ། དེ་ནས་ཚོན་རྩི་དམར་པོ་ནི། །ཤིན་ཏུ་བཟང་པོ་བླངས་ནས་སུ། །ཡི་གེ་འབར་བ་བཞག་པ་ནི། །ར་ཡི་ཡི་གེ་ཀླད་དང་བཅས། །ཉི་མ་འཆར་བ་འདྲ་བ་སྟེ། །ཤིན་ཏུ་གདུལ་དཀའ་རྒྱལ་བའི་མཆོག །དེ་ལྟར་ཚོན་རྩི་བྱིན་བརླབས་ལ། །སངས་རྒྱས་ཐམས་ཅད་དྲན་བྱས་ཏེ། །དཀྱིལ་འཁོར་ཀུན་དུ་བྲི་བ་ནི། །ཁྲུ་གསུམ་ཡང་ན་ཁྲུ་ལྔའམ། །ཡང་ན་བདུན་ནམ་དགུ་ཡང་རུང་། །གསང་སྔགས་དངོས་གྲུབ་རྗེས་མཐུན་པར། །རྣམ་པ་གསུམ་དུ་དབྱེ་བར་བྱ། །ལྷ་རྣམས་དགོད་པ་སྔ་མ་བཞིན། །མཁས་པས་རིགས་ཀྱི་བདག་པོས་བྱ། །ལྷག་མ་རྣམས་ནི་ཅི་རིགས་པར། །མཁས་པ་ཡིས་ནི་དགོད་པར་བྱ། །དེ་ལ་ནམ་མཁའི་སྙིང་པོའི་གནས་སུ་སྐྲ་ཅན་དང་ཉེ་སྐྲ་ཅན་གཉིས་བེ་ཅོན་དང་ཞགས་པའི་ཕྱག་རྒྱར་གཞག་གོ། །གནོད་མཛེས་ཀྱི་གནས་སུ་ནི་རྡོ་རྗེ་ལྕགས་ཀྱུ་མདའི་ཕྱག་རྒྱར་གཞག་གོ། ། གཙུག་སྤྱོད་ཀྱང་མདའི་ཕྱག་རྒྱར་གཞག་གོ། །ཕྱི་རོལ་དུ་ནི་ཕྱག་བརྙན་བཞི་ཞགས་པའི་ཕྱག་རྒྱར་བྲིའོ། །དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་བྱའོ། །བྱུག་སྤོས་དང་མེ་ཏོག་ལ་སོགས་པ་ཡང་དམར་པོ་དབུལ་ལོ། །མེའི་ཐབ་ཁུང་ཡང་སྔ་མའི་གནས་སུ་བྱ་སྟེ། སྲིད་དུ་སོར་ཉི་ཤུའི་ཚད་ལ་ཁ་རན་སོར་གཉིས་པ་ཁ་ཕར་བལྟས་པར་བྱའོ། །ཟབས་སུ་མཐོ་ཆུང་ངུ་གང་ལ་དབུས་སུ་རྡོ་རྗེ་སོར་བརྒྱད་པས་དམར་པོས་བསྐུས་པ་བྱའོ། །མེའི་ཐབ་ཁུང་དེ་ནི་གྲུ་གསུམ་ལ་ཟུར་གསུམ་དུ་བྱའོ། །དེ་ནས་བདག་ཉིད་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་


DKG086_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱི་རོལ་ཏུ་གཏོར་མ་སྦྱིན་ནོ། །དེ་ནས་བཙོ་བླག་མཁན་གྱི་ཁྱིམ་ནས་མེ་བླངས་ལ་སྔ་མ་བཞིན་བསང་གཏོར་བྱ།སེང་ལྡེང་གི་ཤིང་ངམ་ཨ་ཤོ་ཀའམ་ཤིང་ཀ་ར་བཱི་རས་མེ་སྤར་ལ། དེ་བཞིན་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ཏེ། མེའི་ཐབ་ཁུང་གི་ཞབས་སུ་མེའི་དཀྱིལ་འཁོར་བསམས་ལ་ཡི་གེར་གཞག་གོ། །ཡི་གེ་ར་དེ་ཡང་འབར་བའི་ཕྲེང་བ་ལ་འོད་འཕྲོ་བ་ལས་མེའི་གཟུགས་སུ་གྱུར་པར་བསམ་པ་ནི། ཉི་མ་འཆར་བ་འདྲ་བ་གདུལ་དཀའ་བ་མིག་གསུམ་པ་ཐོར་ཚུགས་ཁམ་པ་ལག་པ་བཞི་པ་ལག་ན་བེ་ཅོན་དང་ཞགས་པ་དང་བགྲང་ཕྲེང་དང་གུན་དྷེ་ཐོགས་པ། གོས་དམར་པོ་གྱོན་ཞིང་སྲད་བུ་དམར་པོ་སེ་རལ་ཁར་ཐོགས་པ་ཡི་གེ་རས་མཚན་པ། མེ་ལྕེ་འབར་བ་དམར་པོའི་འོད་འཕྲོ་བ་དེ་ལྟ་བུའི་མེ་བསམས་ཏེ་བསང་གཏོར་བྱས་ལ་མཆོད་ཡོན་ཕུལ་ཏེ་རང་གི་གསང་སྔགས་ཀྱིས་བྱུག་སྤོས་དང་མེ་ཏོག་ལ་སྩོགས་པ་བྱིན་ལ། དེ་ནས་ཤིང་ཀ་ར་བཱི་རའི་ཡམ་སྲེག་ཤིང་ཡུངས་མར་དང་ཙནྡན་དམར་པོ་ལ་སྨྱུགས་པའི་སྲེག་བླུགས་བདུན་སྦྱིན་ནོ། །དེ་ནས་དཀྱིལ་འཁོར་དུ་བཀོད་པའི་ལྷ་རྣམས་ལ་སྲེག་བླུགས་བདུན་ཕུལ་ཏེ། སྔ་མ་བཞིན་དུ་བདག་གི་ལྷའི་གཟུགས་བསམས་ལ་གཞག་སྟེ། དེ་བཞིན་དུ་སྲེག་བླུགས་ཕུལ་ལ་ཆོ་ག་ལས་བྱུང་བའི་རྫས་རྣམས་སྦྱིན་སྲེག་བྱའོ། །མཇུག་ཏུ་ཡང་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པའི་ཆོ་ག་དེ་བཞིན་དུ་བྱའོ། །ཆོ་ག་འདི་ཡང་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་དམར་པོར་བྱའོ། །མེའི་གནས་ཀྱང་དུས་གསུམ་དུ་ཙནྡན་དམར་པོས་བྱུག་ཅིང་མེ་ཏོག་དམར་པོ་སིལ་མས་དགྲམ་མོ། །དཔལ་ལྡན་གོས་ནི་དམར་པོ་བགོས། །བྱུག་སྤོས་ཕྲེང་བ་དམར་པོས་བརྒྱན། །སྲད་བུ་དམར་པོ་སེ་རལ་ཐོགས། །བྱང་ཆུབ་སེམས་ཀྱི་བྱེ་བྲག་ཤེས། །ཟས་སུ་སྲན་ཆུང་ཅི་ཚེ་ཟ། །ཡང་ན་ཟས་སུ་ཤིང་ཏོག་ཟ། །དགའ་ཞིང་འཛུམ་མུལ་མི་སྨྲ་ཐུབ། །སེམས་དང་སེམས་ནི་རྗེས་སུ་སྦྱོར། །རྟག་ཏུ་བཟླས་དང་སྦྱིན་སྲེག་བྱེད། །ལྷ་ཡི་གཟུགས་ནི་སེམས་པ་ཡི། །མི་ཡིས་དབང་དུ་བྱ་བ་ཡི། །དངོས་གྲུབ་མ་ལུས་བརྩམ་པར་བྱ། །


DKG086_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཆོ་ག་འདི་ཡིས་སུ། །ཆོ་ག་ཤེས་པས་ལས་བརྩམས་ན། །གཟི་བརྗིད་ཅན་ནམ་དེ་ཡི་བུ། །ཟླ་བ་གཅིག་གིས་དབང་དུ་འགྱུར། །སྦྱིན་སྲེག་ཟླ་བ་གཉིས་བྱས་ན། །ཕྱག་བརྙན་ཕོ་མོས་གནོད་སྦྱིན་མ། །དེ་བཞིན་ས་འོག་བུ་མོ་དག །སྔགས་པས་མྱུར་དུ་ཁུགས་པར་འགྱུར། །འདི་ནི་རེ་ཞིག་མདོར་བསྡུས་ཏེ། །དབང་གི་སྦྱིན་སྲེག་བསྒྲགས་པ་ཡིན། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དབང་དུ་བྱ་བའི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །།ད་ནི་དྲག་ཤུལ་སྤྱོད་པ་ཡི། །ཆོ་ག་མ་ལུས་བཤད་པར་བྱ། །གནོད་སྦྱིན་ལྟོ་འཕྱེ་ཡི་དགས་གཏུམ། །ལྷ་མིན་དྲི་ཟ་མི་འམ་ཅི། །སེམས་ཅན་གནོད་དགའ་སྡང་བ་དང་། །དེ་བཞིན་བགེགས་དང་ལོག་འདྲེན་དང་། །འབྱུང་པོ་མ་མོ་སྲིན་པོ་དང་། །མཁའ་འགྲོ་དང་ནི་ལུས་སྲུལ་དང་། །མི་ཡང་རྒྱགས་དྲེགས་མཐུ་ལྡན་ཞིང་། །དྲག་པོའི་ལས་བྱེད་སྡང་བའང་རུང་། །དེ་དག་འདུལ་ཕྱིར་སྔགས་ཤེས་པས། །དྲག་ཤུལ་ལས་ནི་བརྩམ་པར་བྱ། །ཉེས་པ་ཆུང་ངུ་དག་ལ་ནི། །དྲག་པོའི་ཆོ་ག་མི་བརྩམ་མོ། །གྲོང་གི་ལྷོ་ཡི་ཕྱོགས་སུ་ནི། །སྡོམ་བརྩོན་ས་གཞི་ནག་པོ་ལ། །དུར་ཁྲོད་དབེན་པའང་དགོན་པ་འམ། །སྐྱེད་མོས་ཚལ་རྙིང་ཞི་གནས་སུ། །མར་གྱི་ངོ་ཡི་ཚེས་བརྒྱད་དམ། །ཡང་ན་ཚེས་ནི་བཅུ་བཞི་ལ། །གཟའ་ནི་སྤེན་པ་མིག་དམར་དང་། །རྒྱུ་སྐར་རླུང་ལས་བྱུང་བ་དང་། །མེ་བཞི་དང་ནི་ནག་པ་དང་། །ཐ་སྐར་དང་ནི་དེ་བཞིན་དབོ། །ནབ་སོ་དང་ནི་ས་རི་དང་། །རྒྱུ་སྐར་དེ་དག་དྲག་པོ་སྟེ། །དེ་དག་གང་ཡང་རུང་བ་ལ། །སྔགས་པ་གཤིན་རྗེ་བཞིན་ཁྲོས་པས། །དགྲ་ཡི་སྲོག་ནི་གཅོད་བྱེད་པའི། །དཀྱིལ་འཁོར་འཇིགས་པ་བྲི་བར་བྱ། །སྔགས་པ་བདག་ཉིད་རང་གི་རྒྱས། །རྡོ་རྗེ་སེམས་དཔར་བྱིན་བརླབས་ཏེ། །སྔགས་ལ་འཇིགས་པ་མེད་པ་ཡིས། །ས་གཞི་སྔ་མ་བཞིན་དུ་སྦྱང་། །དེ་ནས་མི་གཡོ་མཐུ་ཆེན་གྱིས། །ཡོངས་སུ་གཟུང་ལ་སོགས་བྱས་ནས། །རང་གི་ཡི་གེའི་ཕྱག་རྒྱ་ཡིས། །དེ་ནས་རྣམ་སྣང་མཛད་དུ་བྱ། །


DKG086_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་གཞོན་ནུས་བཀལ་བ་ཡི། །སྲད་བུ་སྔོན་པོ་དེར་བླངས་ནས། །དཀྱིལ་འཁོར་ནན་ཏན་ཐིག་གདབ་པ། །གྲུ་གསུམ་ཕྱི་རོལ་ཟླུམ་པོར་བྱ། །ཁྲུ་བཞི་ཁྲུ་ལྔ་ཁྲུ་བརྒྱད་དམ། །དེ་བཞིན་བཅུ་གཉིས་ཁྲུ་བཅུ་དྲུག །ཅི་ལྟར་ལས་ཀྱི་རྗེས་མཐུན་པར། ། མཁས་པས་ཚད་ནི་བརྟག་པར་བྱ། །དེ་ནས་དུར་ཁྲོད་ཐལ་བའམ། །མཁས་པས་ཚོན་རྩི་ནག་པོ་ལ། །ཡི་གེ་ཧ་ནི་དེར་བཞག་པ། །མེ་ལྕེ་འབར་བའི་ཕྲེང་བ་འཕྲོ། །དུས་མཐའི་མེ་ལ་འཇིགས་པའི་གཟུགས། །དབྱར་གྱི་ཆར་སྤྲིན་འདྲ་བའི་མདོག །ཁ་ནི་མཆེ་བ་གཙིགས་པ་ལ། །ལག་ན་རྡོ་རྗེ་ཅོད་པན་ཅན། །བདུད་ཀྱི་སྡེ་ནི་ཐམས་ཅད་དང་། །སྡང་བ་ཐམས་ཅད་སྡིགས་བྱེད་པ། །ཚོན་ལ་མཁས་པས་ཚོན་དེ་དག །དེ་འདྲའི་ཡི་གེ་བཞག་ནས་ནི། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི། །བ་དན་མང་པོ་མཚན་མས་མཚན། །རྟ་བབས་དང་ནི་སྒོ་ཁྱུད་བཅས། །སྒོ་ཡི་ཆ་ནི་ལེགས་པར་ཕྱེ། །ལྷ་ཡི་གཙོ་བོ་གཞག་པ་ནི། །སྔ་མ་བཞིན་དུ་བརྟག་པར་བྱ། །བྱང་ཕྱོགས་སྒོ་ནི་ཕྱེ་ནས་སུ། །ལྷག་མའི་སྒོ་རྣམས་གཅད་པར་བྱ། །དེ་ནས་འཕགས་པ་ནམ་མཁའི་སྙིང་པོའི་གནས་སུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་གསལ་ཤིང་གི་ཕྱག་རྒྱར་བྲིའོ། །མཛོད་སྤུའི་གནས་སུ་ཁྲོ་བོའི་རྒྱལ་པོ་འཕགས་པ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བར་རྡོ་རྗེ་དང་དགྲ་སྟའི་ཕྱག་རྒྱར་བྲིའོ། །མཐུ་ཆེན་ཐོབ་དང་འཕགས་མ་ཁྲོ་གཉེར་ཅན་དང་འཕགས་མ་སྒྲོལ་མའི་གནས་རྣམས་སུ། དོན་ཡོད་པའི་ཞགས་པ་དང་རལ་པ་གཅིག་མ་དང་། རྟ་མགྲིན་རྣམས་ཞགས་པ་དང་དགྲ་སྟ་དང་རྡོ་རྗེ་བེ་ཅོན་གྱི་ཕྱག་རྒྱ་རྣམས་སུ་གོ་རིམས་བཞིན་དུ་གཞག་པར་བྱའོ། །གནོད་མཛེས་ཀྱི་གནས་སུ་ཁྲོ་ཟླ་གཙོ་བོའི་རྡོ་རྗེའི་ཕྱག་རྒྱར་གཞག་གོ། །འཕགས་པ་མི་གཡོ་བ་ཡང་བེ་ཅོན་གྱི་ཕྱག་རྒྱར་གཞག་གོ། ། སྒོ་དྲུང་དུ་ནི་གདུལ་དཀའ་དང་མངོན་དུ་ཕྱོགས་གཉིས་བེ་ཅོན་གྱི་ཕྱག་རྒྱར་གཞག་གོ། །གནས་གཙང་མ་པ་རྣམས་ཀྱི་གནས་སུ། གཤིན་རྗེའི་འཆི་བདག་དང་དུས་མཚན་མོ་དང་ལྷན་ཅིག་ཏུ་གཞག་གོ། །བདེན་བྲལ་ཡང་རལ་གྲིའི་ཕྱག་རྒྱར་གཞག་གོ། །འཁོར་སའི་ནང་


DKG086_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མེའི་ཐབ་ཁུང་སྒོ་ལ་ཕྱོགས་པར་བྱའོ། །དཀྱིལ་འཁོར་གྱི་ཕྱི་རོལ་ཁོ་ར་ཁོར་ཡུག་ཏུ་བ་དན་རྣམས་བྲིའོ། །མེའི་ཐབ་ཁུང་ནི་དབང་གི་ལས་ཀྱི་མེའི་ཐབ་ཁུང་བཞིན་དུ་བྱས་ཏེ། བྱེ་བྲག་ཏུ་ཕྱི་རོལ་གྱི་མུ་རན་ཟླུམ་པོར་བྱས་ལ་བ་དན་མང་པོས་མཚན་པར་བྱའོ། །དཀྱིལ་འཁོར་ཀྱི་ལྷ་རྣམས་སྔ་མ་བཞིན་དུ་སོ་སོའི་གཟུགས་བསམས་ཏེ་མཆོད་པའི་ཆོ་ག་བྱའོ། །དེ་ནས་ལྷ་རྣམས་ཅི་ལྟ་བ་བཞིན་མཆོད་ནས་བདག་ཕྱག་ན་རྡོ་རྗེར་བྱིན་གྱིས་བརླབས་ལ་ཕྱི་རོལ་དུ་ཕྱོགས་ཀྱི་གཏོར་མ་སྔ་མ་བཞིན་དུ་སྦྱིན་ནོ། །དེ་ལ་བྱུག་སྤོས་ལ་སོགས་པའི་ཁྱད་པར་ནི་ཙནྡན་དམར་པོ་དང་དུ་རུ་སྐ་སོལ་བ་དང་བསྲེས་པའི་བྱུག་སྤོས་ནག་པོ་དབུལ་ལོ། །མེ་ཏོག་ཨུཏྤལ་མཐིང་ག་དང་། ཨ་པ་རཱ་ཛི་ཏ་མཐིང་ག་འམ། གཞན་ཡང་མེ་ཏོག་སྔོན་པོ་རྣམས་དབུལ་ལོ། །བདུག་སྤོས་ནི་སྲ་རྩི་པོག་བུ་རམ་དང་སྦྱར་བ་དབུལ་ལོ། །མར་མེ་ནི་ཡུངས་མར་ཚ་བ་སྙིང་པོ་སྔོན་པོ་ཅན་མར་མེའི་སྣོད་ནག་པོའི་ནང་དུ་དབུལ་ལོ། །བཤོས་ནི་ཀྲི་སར་དང་གཞན་ཡང་ཚ་བ་དང་། ཁ་བ་ལ་སོགས་པ་བཟའ་བ་དང་ཚོད་མ་ཁ་དོག་ནག་པོ་རྣམས་དབུལ་ལོ། །སྲན་ཆན་དང་ཀྲི་ས་ར་དང་ཤ་དང་ཉ་བཙོས་པ་དང་རྗེན་པ་རྣམས་ཕྱོགས་ཀྱི་གཏོར་མར་སྦྱིན་ནོ། །གཏོར་མའི་ཆོ་ག་ཅི་ལྟ་བ་བཞིན་དུ་བྱས་ནས་གདོལ་པའི་ཁྱིམ་མམ་དུར་ཁྲོད་ནས་མེ་བླངས་ཏེ་ཁྲོ་བོའི་རྒྱལ་པོས་བསང་གཏོར་བྱས་ལ། དུར་ཁྲོད་ཀྱི་ཤིང་ངམ། ཤིང་བ་ལ་ཏ་ཀའམ། བ་རུ་རའི་ཤིང་གིས་མེ་སྤར་ལ། བདག་ཉིད་རྣམ་པར་སྣང་མཛད་ཆེན་པོར་བྱིན་གྱིས་བརླབས་ཏེ་མེའི་ཐབ་ཁུང་གི་ཞབས་སུ་རླུང་གི་དཀྱིལ་འཁོར་བསམས་ལ་དེར་ཡི་གེ་ཧཱུྃ་གཞག་གོ །ཡི་གེ་ཧཱུྃ་དེ་ལས་མེའི་གཟུགས་སུ་གྱུར་པར་བསམས་པ་ནི་ཁ་དོག་ནག་པོ་ཤིན་ཏུ་མི་བཟད་པ། མིག་གསུམ་པ། གདོང་བཞི་པ་མི་གཡོ་བ་དུད་ཁའོ། །བལྟ་དཀའ་བ། ཁམ་པ་པོ། ཐོར་ཚུགས་དུད་ཁ་ཅན། ཆར་སྤྲིན་སྔོན་པོ་ལྟ་བུའི་འོད་ཟེར་ཅན། གསུས་པོ་ཆེ་གོས་སྔོན་པོ་གྱོན་ལ་སྲད་བུ་སྔོན་པོ་སེ་རལ་ཁར་ཐོགས་པ། ཁ་ནས་མཆེ་བ་བཞི་གཙིགས་པ་ཁྲོ་བ་དང་བཅས་ཤིང་


DKG086_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་གདངས་པ། ལག་ན་རལ་གྲི་དང་ཞགས་པ་དང་བེ་ཅོན་དང་རིལ་བ་སྤྱི་བླུགས་ཐོགས་པ་སྙིང་ག་སུམ་མདོའི་རིས་མཚན་ཅན། ཡི་གེ་རས་མཚན་པ། གདོང་ཁྲོ་གཉེར་བསྙེར་བ། ཧཱུྃ་ཞེས་བྱ་བ་དང་བཅས་པ་འབར་བ་གནག་ཅིང་རྩུབ་པ་ཟངས་ལྟ་བུའི་འོད་ཟེར་འཕྲོ་བའི་ཕྲེང་བ་ཅན། འཇིག་པའི་དུས་མངོན་དུ་བྱུང་བ་བཞིན་དུ་འདུག་པ་དེ་ལྟ་བུའི་མེ་བསམས་ནས་བསང་གཏོར་བྱས་ཏེ། བྱུག་སྤོས་ལ་སོགས་པ་རང་གི་རིག་སྔགས་ཀྱིས་སྦྱིན་ནོ། །ༀ་ཨགྣ་ཡེ་ཛཱ་ཧི་ཏྲད་ཊ་ཧཱུྃ་ཕཊ། དེ་ནས་ཡུངས་མར་ཚ་བ་དང་སྦྱར་བའི་ཀྲི་ས་རའི་སྲེག་བླུགས་གསུམ་སྦྱིན་ལ། དུག་དང་ཁྲག་དང་སྐེ་ཚེའི་སྲེག་བླུགས་བདུན་སྦྱིན་ནོ། །ཡང་ན་ཤིང་བྷ་ལ་ཏ་དང་། བ་རུ་རའི་ཤིང་གི་ཡམ་སྲེག་ཤིང་རྩེ་མོ་རྣོན་པོར་གཞོགས་པ་ཡུངས་མར་ཚ་བ་དང་སྐེ་ཚེར་སྨྱུགས་པ་སྦྱིན་ནོ། །དེ་ནས་དཀྱིལ་འཁོར་གྱི་བདག་པོ་ལ་སོགས་པའི་ལྷ་རྣམས་སྔ་མ་བཞིན་དུ་བསམས་ཏེ་རྫས་དེ་དག་ཉིད་ལས་རང་གི་རིག་པས་སྲེག་བླུགས་དབུལ་ལོ། །དེ་ནས་རང་གི་ལྷ་སྔ་མ་བཞིན་དུ་བསམས་ཏེ་བཞག་ལ། རང་གི་རིག་པ་ལས་བྱུང་བའི་རྫས་ཅི་ལྟ་བ་བཞིན་དུ། མཛུབ་མོ་དང་མཐེ་བོས་གཟུང་སྟེ་ཁྲོ་བ་དང་བཅས་པར་གསང་སྔགས་ཟློས་ཤིང་། ཕཊ་དང་བཅས་པར་ཅི་སྲིད་འདོད་པ་དེ་སྲིད་དུ་སྲེག་བླུགས་དབུལ་ལོ། །དེ་ནས་སྔ་མ་བཞིན་དུ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་སོགས་པས་ངལ་བསོ་བར་བྱའོ། །སྔགས་པ་གང་ཞིག་འདི་ལྟ་བུའི། །རབ་ཏུ་དྲག་པོའི་ལས་བྱེད་པ། །དེ་ནི་སུམ་ཅུ་རྩ་གསུམ་གྱི། །གནས་ཀྱང་རྩ་མཆོག་བཞིན་དུ་སྲེག །འདིར་ཡང་ཆོ་ག་འདི་ལྟར་བྱའོ། །དཔལ་ལྡན་གོས་ནི་སྔོན་པོ་བགོས། །བྱུག་སྤོས་ཕྲེང་བ་སྔོན་པོས་བརྒྱན། །སྲད་བུ་སྔོན་པོ་སེ་རལ་ཐོགས། །བྱང་ཆུབ་སེམས་ལ་རྟག་ཏུ་གཞོལ། །ཚ་དང་ཁ་དང་བསྐ་བ་དང་། །ཀྲི་ས་ར་ཡི་ཁ་ཟས་བཟའ། །ལྷ་རྣམས་དགོད་པའི་དོན་ལ་མཁས། །གཙང་ཞིང་མཆོག་ཏུ་ཚུལ་ཁྲིམས་ལྡན། །སྤྲོ་བ་ཆེ་ཞིང་དཔའ་སྙིང་ཅན། །ཁྲོས་པ་འཇིག་རྟེན་མཐར་བྱེད་བཞིན། །ལྷོ་ཕྱོགས་ཁ་བལྟས་མི་སྨྲ་ཞིང་། །འདུག་པའི་ཐབས་ནི་


DKG086_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཙོག་བུར་འདུག །སྦྱིན་སྲེག་བཟླས་ལ་རྟག་ཏུ་འབད། །བསྲུང་དང་བསྐྱབ་པ་དག་ལ་མཁས། །མཚན་མོ་སྦྱིན་སྲེག་བྱེད་པ་ཡིས། །དྲག་ཤུལ་སྤྱད་པ་བརྩམ་པར་བྱ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས། དྲག་ཤུལ་སྤྱད་པའི་སྦྱིན་སྲེག་གི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། །བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་པ་རྣམས་ལ། སྟོང་པ་ཉིད་གཉིས་སུ་མེད་པའི་སྤྱོད་ཡུལ།རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པའི་རྒྱུ། སྤྲོས་པ་ཐམས་ཅད་དང་བྲལ་བ་གསལ་ཞིང་དག་པ། ཡིད་ཀྱིས་བསྒྲུབས་པ། ཡོངས་སུ་རྫོགས་པ། ཡོངས་སུ་རྫོགས་པར་བྱེད་པ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཆོས་བཤད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག །དེའི་ཚེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། གསང་བ་པའི་བདག་པོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། སྟོང་པ་ཉིད་ཀྱི་རྗེས་སུ་ཞུགས་པ། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ། གནས་མེད་པ། མཚན་ཉིད་མེད་པ། ངོ་བོ་ཉིད་མེད་པ། མཚན་གཞི་དང་མཚན་ཉིད་དང་བྲལ་བ། ཐེག་པ་ཆེན་པོ་ཐོབ་པར་བྱེད་པ། བདུད་རྩི་སྦྱིན་པ་དེ་སྔགས་ཀྱི་ཚུལ་ལ་རྣམ་པར་གནས་པའི་རྗེས་སུ་ཞུགས་པ་རྣམས་ཀྱིས་ཅི་ལྟར་འཐོབ་པར་འགྱུར། དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ། །ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་སྟོན་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞལ་དུ་བལྟས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ལ་ལྟ་བ། སྙིང་རྗེ་ཆེན་པོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེ་བདག་ལ་འདྲི་ཞིང་མཆིས་ན། བཅོམ་ལྡན་འདས་འགྲོ་བ་ལ་ཕན་པར་བྱེད་པ།


DKG086_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་ཐོབ་པར་བྱེད་པ། མཚན་ཉིད་མེད་ཅིང་གཉིས་སུ་མེད་པའི་སྤྱོད་ཡུལ། གསང་སྔགས་ཐམས་ཅད་ཀྱི་ཚུལ་གྱི་དངོས་གྲུབ་སྩོལ་བ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ངོ་བོ་ཉིད། ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་ཞུགས་པ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་འབྱུང་བར་བྱེད་པ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་སྤྱོད་ཡུལ་གྱི་ཆོས་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། ཐེག་པ་གསུམ་ཡོངས་སུ་རྫོགས་པར་མཛད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མཛད་པ། རྣམ་པར་རྟོག་པ་ཐམས་ཅད་ཀྱི་རྒྱ་མཚོ་ལས་སྒྲོལ་བ། སེམས་ཅན་ཐམས་ཅད་ལ་དགོངས་པ། གསང་སྔགས་ཐམས་ཅད་ཀྱི་དངོས་གྲུབ་སྩོལ་བ། བགེགས་ཐམས་ཅད་སྐྲག་པར་མཛད་པ། འབྱུང་པོ་ཐམས་ཅད་འགུགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་བསམ་གྱིས་མི་ཁྱབ་པ། གཟུགས་མེད་པ། སྒྲ་མེད་པ། དྲི་མེད་པ། རོ་མེད་པ། རེག་མེད་པ། གནས་མེད་པ། ཡིད་མེད་པ། རྣམ་པར་ཤེས་པ་མེད་པ། ཡི་གེ་མེད་པ། སྤྱོད་ཡུལ་མེད་པ། བརྗོད་དུ་མེད་པ། སྤྲོས་པ་མེད་པ། མ་འདྲེས་པས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཆོས་གང་རྒྱུས་བྱུང་དེའི་རྒྱུ་དང་། །དེ་རྣམས་ཀྱི་ནི་འགོག་པ་ཡང་། །གང་ཡིན་དེ་བཞིན་གཤེགས་པས་གསུངས། ། དེ་སྐད་གསུངས་ནས་དགེ་སྦྱོང་ཆེ། །གཞན་དབང་ཡོད་པ་མ་ཡིན་ཕྱིར། །གྲུབ་པ་ཡང་ནི་གཞན་དུ་གྱུར། །གཉིས་པོ་ཡོད་པ་མ་ཡིན་ཏེ། །རྣམ་ཤེས་བརྒྱད་པོ་དེ་གཉིས་མཚན། །དེ་ནས་འཁོར་མང་པོ་འདུས་པ་དེ་རྣམས། སོ་སོའི་ཡེ་ཤེས་མངོན་པར་འདུས་བྱས་པའི་རྫུ་འཕྲུལ་གྱི་མཐུས། བསམ་པ་ཐ་དད་པ་དང་། བློ་གྲོས་ཐ་དད་པས་ཚིགས་སུ་བཅད་པ་གཉིས་གསུངས་པའི་དོན་ཅི་ལྟར་རྗེས་སུ་མཐུན་པར་ཁོང་དུ་ཆུད་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ལེགས་སོ་ཞེས་གསོལ་ནས་


DKG086_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཕུལ་ལོ། །གསང་སྔགས་ཚུལ་ལ་ལེགས་གནས་གང་། །རྫོགས་སངས་རྒྱས་ཀྱིས་བསྔགས་པ་ཡི། །ཡང་དག་ཉིད་འདི་སྒོམ་འགྱུར་བ། །དེ་དག་སངས་རྒྱས་ཉིད་དུ་འགྱུར། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཟློས་པ་རྣམ་རྟོག་ལས་འདས་པའི། །མ་འདྲེས་སེམས་ནི་ཉིད་ཀྱིས་སུ། །དངོས་གྲུབ་ཀྱང་ནི་འཐོབ་འགྱུར་ན། །འདུས་བྱས་ཆོས་ལྟ་སྨོས་ཅི་འཚལ། །གང་གིས་རྟ་དང་འདྲ་བའི་སེམས། །མཉམ་པར་གཞག་པས་བཏུལ་ནས་སུ། །བྱམས་དང་སྙིང་རྗེ་བརྟན་བྱས་ན། །དངོས་གྲུབ་བརྟན་པ་མོད་ལ་འཐོབ། །ཆོས་རྣམས་རྟག་ཏུ་མ་སྐྱེས་པ། །དེ་ཡི་ས་བོན་ཨ་ཡི་མཆོག །རྒྱལ་བ་དམ་པ་རྣམས་ཀྱིས་གསུངས། །ཨ་ནི་སྟོང་པ་ཉིད་ཅེས་བགྱི། ། ཡི་གེའི་ཕྱི་མོ་ཕྱི་མོ་ཀུན། །དེ་བཞིན་འདྲེན་ལྡན་གང་གི་ཕྱིར། །མི་འགྱུར་མི་འགྱུར་དང་ལྡན་པ། །དེ་ཕྱིར་བསམ་པར་བགྱི་བ་ལགས། །ཨ་དང་ཨུ་ཞེས་པ་དང་ནི། །རྀ་དང་ལྀ་དང་ཨཾ་མཆོག་སྣང་། །ཨ་མཆོག་སྣང་བའི་དམ་པ་སྟེ། །འདི་ལས་ཐར་པ་ཐོབ་ཅེས་བཤད། །ཀ་ཡི་རིས་དང་ཙ་ཡི་རིས། །དེ་བཞིན་ཊ་ཡི་རིས་མཆོག་དང་། །ཏ་ཡི་རིས་དང་པ་ཡི་རིས། །མཐུན་པའི་སྒྲར་བཅས་ལྔ་དང་ནི། །ཡ་ར་ལ་བ་ཤ་ལ་སོགས། །ཐམས་ཅད་རྒྱལ་མཆོག་ཡོངས་སུ་རྫོགས། །འདི་དག་རྒྱ་ཆེན་དོན་གྱི་མཆོག །རྣམ་པ་མང་པོའི་དོན་རྣམས་བགྱིད། ། ཨ་ཞེས་བགྱི་བས་བྱང་ཆུབ་འཐོབ། །དེ་བཞིན་ཨི་ནི་འགུགས་པ་སྟེ། །ཨུ་ཞེས་བགྱི་བས་གསོད་པ་འགྲུབ། །རྀ་ནི་དབང་གི་ལས་ལ་སྟེ། །ཨོ་ནི་སྲིན་པོ་འཇོམས་པ་ལགས། །ཨཻ་ཞེས་བགྱི་བ་འཆིང་བར་བཞེད། །ཨཽ་ནི་ཀླུ་ཡི་སྙིང་པོ་སྟེ། །ཀུན་ཀྱང་མཆོག་དང་དམ་པ་ལགས། །ཡི་གེ་འདྲེན་པ་ཐམས་ཅད་དང་། །ར་དང་ཚེག་དྲག་ལྡན་པ་ནི། །ཆོས་ཀྱི་དབྱིངས་དང་རྟག་ལྡན་པར། །བསམ་གཏན་བཟླས་བྱས་དངོས་གྲུབ་འཐོབ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་


DKG086_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་དབང་ཕྱུག་ལ། ས་བཅུ་རྟོགས་པར་ཁོང་དུ་ཆུད། །སེམས་དཔའ་ཆེན་པོ་ལེགས་སོ་ལེགས། །བདེར་གཤེགས་ཡང་དག་མི་ཟད་པའི། །དེ་ཉིད་ཐམས་ཅད་ཁྱོད་ཀྱིས་བཤད། །ལག་ན་རྡོ་རྗེས་སྨྲས་པ་ཡི། །རབ་ཏུ་གསང་བ་ཁྱོད་ཀྱིས་རྟོགས། །ཞེས་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆོས་དབྱིངས་རང་བཞིན་གྱི། །འཁོར་ལོ་བསྐོར་བ་རྒྱལ་བའི་མཆོག །བྱང་ཆུབ་སེམས་ཀྱིས་ལེགས་བསྡམས་ཏེ། ། འཇིག་རྟེན་དཔའ་བོའི་ཕྱག་རྒྱ་དང་། །མི་སྐྱེ་བ་ཡི་ཡི་གེ་ཡིས། །དེ་བཞིན་བདག་ཉིད་བསམས་ནས་སུ། །སྟོང་པ་གཉིས་སུ་མེད་སྦྱོར་བས། །ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ། །ཆོས་དབྱིངས་རྣམ་པར་དག་པའི་བདག །ས་བོན་ཡི་གེ་དང་ལྡན་པར། །བསམས་ནས་མཉམ་གཞག་དད་པ་ཡིས། །བཟླས་ན་དངོས་གྲུབ་ཐོབ་པར་འགྱུར། །ཁྲུས་དང་བཤགས་ལ་སོགས་པ་དང་། །རབ་ཏུ་དབེན་པར་ལྷུར་ལེན་དང་། །ཕྱག་རྒྱ་ཡི་གེ་ཕྲེང་སེམས་པའི། །ཟློས་པས་དངོས་གྲུབ་བརྟན་པ་འཐོབ། །ཆོས་ཀྱི་དབྱིངས་དང་ལྡན་གྱུར་པ། ། སྔགས་འདི་རྣམས་ཀྱིས་བསྒྲུབས་ན་ནི། །འགྲོ་དང་མི་འགྲོའི་ཁམས་གསུམ་ན། །གྲུབ་པར་མི་འགྱུར་དངོས་དེ་མེད། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བཟླས་བརྗོད་བྱེད་པས་རང་གི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་དེ་ལ་འཁོར་ལོ་བསྐོར་བར་གཞག་པར་བྱའོ། །རྣམ་པར་སྣང་མཛད་ཆེན་པོ་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བྱིན་གྱིས་རློབ་པ་ལས་བསྒོམ་པའི་ཡི་གེ་དགོད་པ་དང་། དབང་བསྐུར་བ་རྣམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་ལ། ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ། སེམས་ཀྱིས་ལས་ཡང་དག་པར་འདས་པ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ། བྱང་ཆུབ་སེམས་དཔའ་རྣམས་ལ་ཐབས་སྣ་ཚོགས་ཀྱིས་བསམ་པ་དང་མོས་པ་ཅི་ལྟ་བ་བཞིན་དུ་བཤད་དུ་གསོལ། བདེ་


DKG086_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བར་གཤེགས་པ་བཤད་དུ་གསོལ། དེ་ལ་རེ་ཞིག་ཐོག་མར་ཆོ་ག་འདིས་སྡིག་པ་སོ་སོར་བཤགས་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ནམ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། སྐྱེ་བ་ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་སྡིག་པ་མི་དགེ་བའི་ལས་གང་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་སོ་སོར་བཤགས་སོ། །དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་གསུམ་ལ་སྐྱབས་སུ་འགྲོ་བ་གཟུང་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཞི་བ། བླ་ན་མེད་པ་སོ་སོ་རང་གིས་རིག་པ་ལ་སྐྱབས་སུ་མཆིའོ། །ཕྱོགས་བཞིའི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་བདག་དབུལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དུས་ཐམས་ཅད་དུ་ཡོང་ཡེ་དབུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་བཞེས་སུ་གསོལ། དེ་ལྟར་ལན་གཉིས་དེ་ལྟར་ལན་གསུམ་དུ་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་གསང་སྔགས་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱན། ཨ་ས་མེ་ཏྲི་ས་མེ་ས་མ་ཡེ་སྭཱ་ཧཱ། དེ་ནས་ཆོས་ཀྱི་དབྱིངས་སུ་བྱིན་གྱིས་བརླབ་བོ། །ན་མཿས་མནྟ་བུདྡྷཱ་ནཱན།


DKG086_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧྃ། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་བོ། །ན་མཿས་མནྟ་བུདྡྷཱ་ནཱན། བཛྲ་ཨཱཏྨ་ཀོ྅་ཧྃ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ།བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ།དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་ཕྱིར་རང་གི་སེམས་གདོད་མ་ནས་མ་སྐྱེས་པ།སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཅི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་བསྐྱེད་དོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་བྱའོ། ། དེ་ནས་གང་བའི་ཕྱག་རྒྱ་སྤྱི་བོར་བཅིངས་ལ་དེ་བཞིན་གཤེགས་པའི་འཁོར་ཐམས་ཅད་དུ་སྤོས་དང་མེ་ཏོག་ལ་སོགས་པའི་སྤྲིན་བསམས་ཏེ། རིག་སྔགས་ཀྱི་རྒྱལ་མོ་འདི་ལན་གསུམ་དུ་བརྗོད་པར་བྱའོ། །ན་མཿས་མནྟ་བུདྡྷཱ་ནཱྃ། ཨ་བྷིསྨ་ཡེ་སྥ་ར་ཎ་ཧི་མཱྃ། ག་གན་ཁཾ་དྷརྨྨ་དྷཱ་ཏྭཱ་ཀཱ་ཤ་ས་མ་ཏཱ་ཡ་སརྦྦ་ཏ་ཐཱ་ག་ཏ་པ་རི་ཥ་དཱ་མཎྜ་ལེ། མ་མ་པྲ་ཎི་དྷི་པུཎྱ་ཛྙཱ་ན་བ་ལེ་ན་སརྦྦ་ཏ་ཐཱ་ག་ཏ་བ་ལེ་ན། དྷརྨ་དྷཱ་ཏྭ་དྷིཥྛ་ན་བ་ལེ་ན་ཙ་སྭཱ་ཧཱ། གང་བའི་ཕྱག་རྒྱ་ནི་སྤྱི་བོར་པདྨ་ཁ་བྱེ་བ་འདྲ་བར་བྱ་བ་གང་ཡིན་པ་སྟེ། དེ་ནི་གང་བའི་ཕྱག་རྒྱའི་མཚན་ཉིད་དོ། ། བཟླས་བརྗོད་ཀྱི་ཆོ་ག་རིམ་པར་ཕྱེ་བའོ།། །།དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་རྣམ་པར་རོལ་པ་བསྟན་ནས། ཡང་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པར་བཞེད་པས། དབུའི་གཙུག་ཏོར་ནས་ཆོས་ཀྱི་མཛོད་ཅེས་བྱ་བ་སེམས་ཅན་གྱི་ཁམས་མཐའ་ཡས་པའི་སེམས་ཀྱི་ཐིབས་པོ་སྣང་བར་བྱེད་པའི་འོད་ཟེར་གྱི་དྲ་བ་བྱུང་ངོ་། །དེ་ནས་འོད་ཟེར་ཆེན་པོའི་དྲ་བ་བཀོད་པ་དེ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་པ་རྒྱ་ཆེན་པོ་རྣམ་པར་རོལ་པས་ཆོས་ཀྱི་དབྱིངས་


DKG086_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕོ་བྲང་ནམ་མཁའི་ཁམས་ལྟར་རྒྱ་ཆེ་བ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ལ་བསྐོར་བ་བྱས་ནས། སེམས་ཅན་ཐམས་ཅད་ཀྱི་འཁོར་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྣང་བར་བྱས་ཏེ་སེམས་ཅན་གྱི་ཁམས་མ་ལུས་པ་ཡོངས་སུ་བསྐྱབ་པ་ལ་སྦྱར་ནས་སེམས་ཅན་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་འགྲོ་བར་སྐྱེས་པ་རྣམས་ཀྱང་ཚིམ་པར་བྱས་ཏེ། ལྷ་དང་མིའི་འཇིག་རྟེན་རྣམས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྟུག་པོ་བཀོད་པའི་ཁོངས་སུ་གཏོགས་པར་བྱིན་གྱིས་བརླབས་ནས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཡང་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་སྟོབས་བྱིན་གྱིས་བརླབས་རྒྱུ་མཐུན་པ་བསམ་གྱིས་མི་ཁྱབ་པས་བྱིན་དུ་བརླབས་ཏེ་ཆོས་ཀྱི་དབྱིངས་ཀྱི་དགོས་པ་མ་རྫོགས་པས་སྙིང་རྗེ་ཆེན་པོའི་སྙིང་པོ་འབྱུང་བའི་མཛོད་ཅེས་བྱ་བ། སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་སྐྱོབ་པའི་སྙིང་པོ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་ནས་ཀྱང་ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་དང་མཉམ་པ་སྙེད་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་སེམས་ཅན་གྱི་ཁམས་མ་ངེས་པ་ཡོངས་སུ་སྐྱོབ་པའི་སྙིང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་འབྱུང་བ་ཞེས་བྱ་བ་དཀྱིལ་འཁོར་གང་ལ་རྟེན་ན་བྱང་ཆུབ་སེམས་དཔའ་རྣམས་ཚེགས་ཆུང་ངུས་དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་ཞིང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ཡང་མངོན་སུམ་དུ་བྱེད་པར་འགྱུར་བ་ཡང་ཡོད་དོ། ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་རྡོ་རྗེ་འཛིན་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་དང་མཉམ་པ་དེ་དག་གིས་མགྲིན་གཅིག་ཏུ་སྨྲས་པ། བཅོམ་ལྡན་འདས་དེའི་དུས་ལ་བབ་ཅིང་བདེ་བར་གཤེགས་པ་དེའི་ཚོད་ལ་བབ་སྟེ་བཅོམ་ལྡན་འདས་ལེགས་ལགས་ཀྱིས། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པ་གང་ལགས་པ་དེ་དག་བཤད་དུ་གསོལ། ཆོས་རྗེ་ཆོས་ཀྱི་དབང་ཕྱུག་སྟེ། །ཆོས་ཀྱི་དབང་ཕྱུག་མཐར་བྱེད་བྲལ། །ཡེ་ཤེས་ཆེ་མངའ་


DKG086_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་སྟེ། །ས་ཡི་དབང་ཕྱུག་གཅིག་པུ་ལགས། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། །ཁུར་ལས་རྒལ་ཞིང་སྲིད་མཐར་ཕྱིན། །སྨན་པའི་རྒྱལ་ཆེན་དེ་ཉིད་མཁྱེན། །འགག་པ་མི་མངའ་ཆད་མི་མངའ། །མཐའ་གཉིས་རྣམ་པར་སྤངས་པ་ལགས། ། དེ་བཞིན་ཉིད་དང་ཡང་དག་མཐའ། །སྤྲོས་མེད་རྟོགས་པར་ཐུགས་སུ་ཆུད། །སྐྱབས་དང་གནས་དང་གླིང་དང་ནི། །མྱ་ངན་འདས་དང་ཞི་བའང་ལགས། །ཐར་པ་རིམས་ནད་མི་མངའ་དག །རྡུལ་སྐྱོན་དང་ནི་བྲལ་བ་ལགས། །བརྗོད་དང་ཀུན་བརྗོད་བྲལ་བ་དེ། །དངོས་པོ་ཐམས་ཅད་རྣམ་པར་འཇིག །དེ་ལྟར་རྡོ་རྗེ་འཛིན་དེ་ཀུན། །རྟག་ཏུ་ཡིད་རབ་དགའ་བ་ཡིས། །མཚན་ནི་ཡང་དག་བསྒྲགས་བྱས་ནས། །རྣམ་པར་འདྲེན་ལ་གསོལ་བ་འདེབས། །ཀུན་མཁྱེན་དཔའ་ཆེན་སྙུན་བྲལ་གྱིས། །དེ་དག་གིས་གསོལ་ཐུགས་ཆུད་ནས། ། སྙིང་རྗེ་ཆེན་པོའི་སྙིང་པོ་ནི། །འབྱུང་བའི་དཀྱིལ་འཁོར་བཤད་ཅེས་གསུངས། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་འདིའི་མིང་ཅི་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དཀྱིལ་འཁོར་འདིའི་མིང་ནི་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་སངས་རྒྱས་འབྱུང་བ་ཀུན་དུ་སྟོན་པའོ། ། དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ནམ་མཁའ་ལྟ་བུའོ་ཞེས་གསུངས་པ་མ་ལགས་སམ། ནམ་མཁའ་ལ་ནི་སྐྱེ་བ་ཡང་མ་མཆིས་འགག་པ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ལ་ཡང་སྐྱེ་བ་ཡང་མ་མཆིས་འགག་པ་ཡང་མ་མཆིས་ན། བཅོམ་ལྡན་འདས་དེ་ཅིའི་སླད་དུ་འདི་སྐད་དུ་འདི་ནི་སངས་རྒྱས་མེད་པའི་འཇིག་རྟེན་གྱི་


DKG086_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རྣམས་སུ་སངས་རྒྱས་འབྱུང་བ་ཞེས་གསུངས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བ་པའི་བདག་པོ་གང་གི་ཚེ་སྤྲུལ་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་དེ་དག་ཏུ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ངོ་མཚར་ལགས་ཏེ། གང་ན་སེམས་ཅན་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་གཡོ་དང་སྒྱུ་དང་ཐེ་ཙོམ་གྱི་བསམ་པ་ཅན་དད་པ་ཐ་དད་པ་རྣམས་ཀྱི་བསམ་པ་ཅི་ལྟ་བ་བཞིན་ཡོངས་སུ་རྫོགས་པར་བགྱིད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཤིན་ཏུ་དཀའ་བ་བགྱིད་པར་རིག་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་རིགས་ཀྱི་བུ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱིས་རིགས་ཀྱི་བུ་དེ་དག་གིས་ནི་སངས་རྒྱས་མང་པོ་ལ་དགེ་བའི་རྩ་བ་བསྐྲུན་པར་རིག་པར་བྱའོ། །ཆོས་སྣང་བའི་སྒོ་གསུམ་གྱིས་ཀྱང་ངེས་པར་བྱུང་བ་ཡིན་ཏེ་གསུམ་གང་ཞེ་ན་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའི་ཚུལ་གྱི་སྒོ་སྣང་བའི་ཚུལ་དང་ཆོས་ཟབ་མོའི་ཚུལ་གྱི་སྒོ་སྣང་བའི་ཚུལ་དང་དེ་བཞིན་གཤེགས་པ་ལ་མཆོད་པ་དང་བཀུར་སྟི་བྱེད་པའི་ཚུལ་ཏེ་རིགས་ཀྱི་བུ་དེ་དག་ནི་ཆོས་སྣང་བའི་ཚུལ་གྱི་སྒོ་འདི་གསུམ་དང་ལྡན་པར་རིག་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བྱམས་པ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཟིགས་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ།ལག་ན་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཉོན་ཅིག །དེ་ལ་རེ་ཞིག་སློབ་དཔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་པ་བྱང་ཆུབ་སེམས་དཔའི་སྡོམ་པས་བསྡམས་པ་


DKG086_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཅན་དད་པ་ཆེ་བ་ཆོས་ཟབ་མོ་ལ་གནས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་མཁས་པ་སྒྱུ་རྩལ་རྣམས་ལ་མཁས་ཤིང་བཟོ་བ་གཙང་ཞིང་བག་ཡོད་པ། གསང་སྔགས་སྤྱད་པ་དག་དང་ནི། །ཕྱག་རྒྱ་དཀྱིལ་འཁོར་ལས་ལ་བསླབས། །དཀྱིལ་འཁོར་བྱ་བའི་ལས་བྱ་བར། །བླ་མ་ལས་ནི་ལུང་ཐོབ་པ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །གང་ཞིག་ཡིད་གཉིས་མེད་གྱུར་ཅིང་། །སེམས་ཅན་ཁམས་ནི་མ་ལུས་པ། །ཡོངས་སུ་བསྐྱབ་པའི་ཕྱིར་བརྩོན་པ། །མཁས་པ་དེས་ནི་སངས་རྒྱས་ཀྱི། །དཀྱིལ་འཁོར་དག་ནི་བྲི་བར་འོས། །མཚན་རྣམས་ཐམས་ཅད་ཡོངས་རྫོགས་བརྟན། །ཡིད་གཞུངས་པ་ལ་དཔའ་སྙིང་ཅན། །བདག་གང་སློབ་མ་རྣམས་ཀྱིའང་རུང་། །བགེགས་ནི་ཞི་བར་བྱེད་པར་ནུས། །ཡང་དག་བདེན་པའི་དོན་རྟོགས་ལ། །གང་གི་མོས་པ་རྒྱ་ཆེ་ཞིང་། །བཟོད་དང་ལྡན་ལ་ང་རྒྱལ་མེད། །རླབས་པོ་ཆེ་ཡི་ལས་བྱེད་ཅིང་། །དེ་ནི་རླབས་པོ་ཆེ་ལ་དད། །བྱང་ཆུབ་སེམས་དཔའ་སྐྱོབ་པ་དང་། །སངས་རྒྱས་རྣམས་ཀྱི་སྨོན་ལམ་དག །ཐོས་ནས་ཕྱི་ཕྱིར་དགའ་བ་དང་། །རྟག་ཏུ་མགུ་བར་འགྱུར་བ་དང་། །གསང་སྔགས་སྤྱོད་ལ་བརྩོན་པ་དང་། ། བཟླས་བརྗོད་བརྗོད་ལ་གང་འབད་དང་། །གཅམ་སྒྱུ་ཐམས་ཅད་མི་སེམས་ལ། །འཇིག་རྟེན་ཆོས་ལ་མི་ལྟ་ཞིང་། །སྔགས་ལ་གཞོལ་བའི་སྔགས་པ་ནི། །ཡོན་ཏན་དེ་ལ་སོགས་ལྡན་ན། །སློབ་དཔོན་སྟོན་པས་བཀུར་བ་ཡིན། །ཡང་ན་ཆོས་རྣམས་ཐམས་ཅད་ནི། ། རྣམ་པར་དབེན་ལ་གང་གནས་པ། །དེ་ཡང་སངས་རྒྱས་ཐམས་ཅད་ཀྱི། །སངས་རྒྱས་འབྱུང་བ་སྟོན་པར་འོས། །ཡང་ན་རྫོགས་པའི་སངས་རྒྱས་ཀྱིས། །བསྔགས་པའི་དམ་ཚིག་གསུམ་ཤེས་སམ། །ཉེས་པ་ཐམས་ཅད་རྣམ་སྤངས་པ། །དེ་ལ་གནས་པའི་སྔགས་པ་ནི། །ཡོན་ཏན་ཀུན་དང་མི་ལྡན་ཡང་། །དེ་ཡང་དཀྱིལ་འཁོར་འདྲི་བར་འོས། །དེ་ལྟའི་ཡོན་ཏན་ཀུན་ལྡན་ན། །ལས་ཀྱི་ཆོ་ག་མཐོང་བ་ཡིས། །འཇིག་རྟེན་པ་ཡི་དཀྱིལ་འཁོར་དང་། །འཇིག་རྟེན་འདས་ཀུན་བྱ་བར་འོས། །དེ་སློབ་དཔོན་ལ་གཞན་གྱིས་བསྐུལ་


DKG086_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ན་སློབ་མ་དོན་དུ་གཉེར་ཞིང་དེ་ལ་དད་པར་ཤེས་ན། དེ་ལྟར་ཤེས་ནས་སློབ་དཔོན་དེས། །ས་གཞི་ལེགས་པར་བརྟག་པར་བྱ། །མཚོ་དང་ཀུན་དགའི་སྐྱེད་མོས་ཚལ། །རྫིང་བུ་རྣམས་ཀྱིས་ཀུན་བརྒྱན་ཅིང་། །འབྲས་བུ་མེ་ཏོག་ལྡན་པ་ཡི། །ལྗོན་ཤིང་དེ་བཞིན་ལྡུམ་བུ་དང་། །གེལ་པ་དམ་པ་ཉམས་དགའ་བ། །འབྲས་བུ་མེ་ཏོག་ལྡན་པ་དང་། །ངང་པ་ཁྲུང་ཁྲུང་རྨ་བྱ་དང་། །བཞད་དང་ནེ་ཙོ་ཤ་རི་རྣམས། །གང་གི་ཡུལ་ན་ཡོད་པ་ཡི། །ཡུལ་དེ་ནན་ཏན་བསྐྱེད་དེ་བསྟེན། །མེ་ཏོག་འབྲས་བུ་ལྡན་རི་དང་། །གཙང་ཞིང་ཡིད་འོང་རྫིང་བུ་དང་། །འབབ་ཆུ་ཆུ་ནི་ཞིམ་པོ་དང་། །ཆུ་ཀླུང་གཡས་ནས་འཁོར་བ་ཅན། །དེར་ནི་སྔགས་པ་བློ་ལྡན་གྱིས། །དཀྱིལ་འཁོར་ལོངས་སྤྱོད་འཕེལ་བར་བྲི། །ཡུལ་ནི་ཤིན་ཏུ་སྣུམ་པ་དང་། །གཙུག་ལག་ཁང་དང་ཁང་པ་དང་། །ལྷ་ཡི་གནས་དང་ཕྱུགས་ལྷས་དང་། ། ཤིང་གཅིག་ལམ་གྱི་བཞི་མདོར་ཡང་། །ཞི་བའི་ལས་ལས་ཞི་བ་ཡི། །དཀྱིལ་འཁོར་ཤེས་རབ་ཅན་གྱིས་བྲི། །ཁང་པ་སྟོང་པའམ་དུར་ཁྲོད་དམ། །སྣུམ་མེད་དྲག་པོའི་ལས་ཅན་དང་། །ངན་ཅིང་རྩུབ་ལ་འཇིགས་པ་ཅན། །དེ་བཞིན་ཚང་ཚིང་མི་བཟད་འཇིགས། ། དེ་ལ་སོགས་པའི་གནས་རྣམས་སུ། །དྲག་པོའི་ལས་ཀྱི་དཀྱིལ་འཁོར་བྲི། །དྲག་པོར་དྲག་པོའི་ལས་རྣམས་བྱ། །ཞི་བར་ཞི་བའི་ལས་བྱའོ། །རྒྱས་པར་རྒྱས་པ་ཉིད་ཡིན་ཏེ། །དེ་ནི་རྒྱས་པའི་ཆོ་གའོ། །ཡང་ནི་ཡིད་ནི་གང་དག་ཏུ། །ངེས་པར་དགའ་བ་སྐྱེ་འགྱུར་བ། །ཡུལ་དེར་དཀྱིལ་འཁོར་བྲི་བ་ཡི། །ལས་ནི་ལེགས་པར་སྦྱར་བར་བྱ། །གང་གི་སེམས་ནི་རྣམ་དག་ཅིང་། །ཐེ་ཙོམ་ལ་སོགས་རྣམས་སྤངས་པ། །དེ་ལས་ལས་རྣམས་ཐམས་ཅད་ནི། །འགྲུབ་པར་འགྱུར་བ་དོགས་པ་མེད། །རྣམ་པར་རྟོག་པ་སྤངས་པ་ཡི། ། རྣམ་པར་མི་རྟོག་བྱང་ཆུབ་ཡིན། །དེ་ཡང་རྣམ་རྟོག་སྤངས་པ་ཡིས། །ཐོབ་པར་འགྱུར་གྱི་གཞན་གྱིས་མིན། །དེ་བས་རྣམ་པ་ཐམས་ཅད་དུ། །བློ་ལྡན་ཡིད་གཉིས་སྤངས་ནས་སུ། །འཇིག་རྟེན་ཀུན་ལ་ཕན་འདོད་པས། །ཤེས་རབ་ཅན་གྱིས་དཀྱིལ་འཁོར་


DKG086_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

བྲི། །ཡུལ་མེད་དུས་ཀྱང་ཡོད་མ་ཡིན། །བྱ་བ་མེད་ཅིང་བྱེད་པའང་མེད། །ཆོས་རྣམས་དག་ནི་ཐམས་ཅད་ལ། །ཆོས་ཉིད་འབའ་ཞིག་ཡོད་པ་ཡིན། །བྱིས་པ་མི་ཤེས་པས་བསྒྲིབས་པ། །རྒྱུ་དང་རྐྱེན་གྱིས་བརྒྱལ་བས་ན། །སྟོང་པའི་ཆོས་ནི་མ་རྟོགས་པས། །རྟག་ཏུ་བདུད་ཀྱི་དབང་དུ་གྱུར། །དེ་ལྟས་སྟོན་པ་ཡེ་ཤེས་མངའ། །སྤྲོས་མེད་རྟོག་པར་མཁྱེན་པ་ཡིས། །རྣམ་རྟོག་ཐམས་ཅད་སྤངས་པ་ཡི། །ཆོས་ནི་གཞལ་དུ་མེད་པར་བཤད། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སངས་རྒྱས་ཐམས་ཅད་ཀྱི་རྒྱན་བཀོད་པའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་པ་དང་སྨིན་མཚམས་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་ཞེས་བྱ་བའི་འོད་ཟེར་བྱུང་ངོ་། །བྱུང་ནས་ཀྱང་ཀུན་ཏུ་སྣང་བར་གྱུར་ཏོ། །སངས་རྒྱས་ཀྱི་ཞིང་འདི་ཀུན་ཏུ་སྣང་བར་བྱས་ནས་ཀྱང་གང་གི་རྣམ་པ་དང་ཡོན་ཏན་གྱི་མཐའ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཡང་རྟོགས་པར་མི་ནུས་པ་ལྷའི་སྒོ་ཁྱུད་ཀྱིས་རབ་ཏུ་བརྒྱན་པ་དེ་བཞིན་གཤེགས་པའི་རྣམ་པར་སྨིན་པ་ལས་གྱུར་པ། མེ་ཏོག་གི་གཞིའི་སྙིང་པོ་བཀོད་པའི་རྒྱན་ཅན་འདི་དག་ཐམས་ཅད་ལག་མཐིལ་བཞིན་དུ་མཉམ་པར་གྱུར་ཏོ། །དེ་ལྟར་དེ་བཞིན་གཤེགས་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བྱིན་གྱིས་བརླབས་ནས་འོད་ཟེར་དེ་དག་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེའི་སྤྱི་བོར་མི་སྣང་བར་གྱུར་ཏོ། ། འོད་ཟེར་དེ་དག་མི་སྣང་བར་གྱུར་མ་ཐག་ཏུ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པ་ཉོན་ཅིག་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་པ་དང་།


DKG086_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་དེ་ལ་ཅི་སྐད་དུ་བསྒྲགས་པའི་གནས་རྣམས་སུ་དཀྱིལ་འཁོར་ཀྱི་ཚད་ཁྲུ་གང་པ་ཡན་ཅད་དཔག་ཚད་མན་ཆད་ཀྱི་ཚད་དུ་བྱའོ། །དཔག་ཚད་གཅིག་ལས་ལྷག་པར་ནི་མི་བྱའོ། །དེ་ལ་ས་གཞི་མཉམ་ལ་འཇམ། །བྱུག་སྤོས་དག་གིས་ལེགས་པར་བསྐུས། །ཡང་ན་འཇིམ་པ་གཙང་མ་ཡིས། །སྔགས་པས་ནན་ཏན་བསྐུ་བར་བྱ། །དེ་ནས་ཕུར་བུ་སོར་བརྒྱད་པ་ལ་ལས་ཐམས་ཅད་པའི་གསང་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་ཏེ་གྲྭ་བཞིར་མཉམ་པར་བཏབ་ན་དཀྱིལ་འཁོར་ཀུན་ཏུ་ཅིས་ཀྱང་མི་ཚུགས་པར་བྱིན་གྱིས་བརླབས་པར་འགྱུར་རོ། །ན་མཿས་མནྟ་བཛྲཱ་ཎཱན། ཧཾ་ཀོ་ཊ་ཡ་ས་མེ་མ་ཧཱ་ཙཎྜ་ལི་ཧཱུྃ་ཕཊ། དེ་ནས་ཕྱི་དེ་ཉིན་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་བསགས་ཏེ་སྟ་གོན་བྱས་ལ་ལས་ཐམས་ཅད་ཀྱི་གསང་སྔགས་སམ་འཕགས་པ་མི་གཡོ་བས་བསྲུང་བ་བྱས་ཏེ་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འཇོག་ཏུ་གཞུག་གོ། །ཡང་ན་བྱིན་གྱིས་བརླབས་ལ་བདག་ཉིད་ཀྱིས་གཞག་གོ། །དེ་ནས་ཕྱི་དེ་ཉིན་སློབ་མ་རྣམས་གཟུང་བར་བྱ་སྟེ་དད་པ་ཆེ་བ་གཙང་སྦྲ་ཆེ་བ་ཆོས་ལ་འབད་པ་ཆོ་རིགས་བཙུན་པ། མོས་པ་རྒྱ་ཆེ་བ་གཅིག་གམ་གཉིས་སམ་གསུམ་མམ་ཅི་སྙེད་འདོད་པ་རྣམས་གཟུང་ངོ་། །ལས་ཐམས་ཅད་པའམ་འཕགས་པ་མི་གཡོ་བའམ་མི་བཟོད་པའི་གསང་སྔགས་ཀྱིས་བུ་མོས་བཀལ་བའི་སྐུད་པའམ། སྐུད་པ་གཞན་ནམ་ཡང་ན་རྩྭ་ཀུ་ཤ་ཡང་རུང་མདུད་པ་གསུམ་བོར་ལ། དེ་ནས་སྔགས་ཀྱིས་བརྒྱ་འམ་ནི། །ཡང་ན་ལྷག་པར་མངོན་བསྔགས་ཏེ། །སློབ་མའི་ལས་རྣམས་འགྲུབ་པའི་ཕྱིར། །དཔུང་པ་གཡོན་པར་བཅིང་བར་བྱ། །ཨུ་དུམ་བཱ་རའི་སོ་ཤིང་ནི། །མེ་ཏོག་དྲི་ལ་སོགས་པས་བསྐུས། །ཤིན་ཏུ་བཟང་པོ་བསྲུང་བ་བྱས། །སོར་བརྒྱད་ཚད་ལ་རྩེ་གཅིག་པ། །བཟང་པོ་ཡིད་དུ་འོང་བ་དག །དེ་ནས་མཁས་པས་སྦྱིན་པར་བྱ། །ཤར་རམ་བྱང་དུ་ཁ་བལྟས་ཏེ། །སོ་ཤིང་དག་ནི་བཅའ་བར་བྱ། །དེ་ནས་བློ་ལྡན་མི་བཟའ་ཞིང་། །དཔྱད་པ་མེད་པར་དོར་བར་བྱ། །


DKG086_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གང་དུ་ལྷུང་བར་གྱུར་པ་ནི། །དེ་བཞིན་དེ་ལས་གྲུབ་པར་འགྱུར། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །མདོ་སྡེའི་ཆོས་ནི་ཉན་དུ་གཞུག །སློབ་མ་སྐྱོ་བར་བྱ་བའི་ཕྱིར། །ཆོས་གཏམ་ཤིན་ཏུ་བཟང་པོ་བྱ། །གལ་ཏེ་རྨི་ལམ་བཟང་པོའམ། །ངན་པ་དག་ནི་མཐོང་གྱུར་ན། །བདག་གི་སྐལ་བ་བརྟག་པའི་ཕྱིར། །བླ་མ་ལ་ནི་དེ་དག་བསྙད། །མཆོད་རྟེན་ཀུན་དགའ་གཙུག་ལག་ཁང་། །གླེགས་བམ་དང་ནི་ལྷ་རྣམས་དང་། །ཡིད་བཞིན་ནོར་བུ་རིན་ཆེན་གོས། །ཡང་ན་མེ་ཏོག་འབྲས་བུ་རྙེད། །རལ་གྲི་འཁོར་ལོ་པི་བང་དང་། །གྲུབ་པའི་རྫས་ནི་སྣ་ཚོགས་རྣམས། །གང་གིས་རྨི་ལམ་ཐོབ་གྱུར་རྨིས། །དེ་ཡི་དངོས་གྲུབ་ཡིད་བཞིན་འགྱུར། །ཉི་ཟླ་མེ་དང་མཚོན་དག་གམ། །དེ་བཞིན་རྒྱ་མཚོ་རྒལ་བ་དང་། །གླང་པོ་ཆེ་དག་ཞོན་མཐོང་བ། །དེ་ནི་དངོས་གྲུབ་འཐོབ་མི་དཀའ། ། དེ་ལ་སོགས་པའི་རྨི་ལམ་ནི། །བཟང་པོས་འགྲུབ་པ་དམ་པ་བརྟག །རྨི་ལམ་བཟློག་པ་མི་བཟད་པ། །འཇིགས་པ་མཐོང་ན་མི་འགྲུབ་པོ། །བོང་བུ་རྔ་མོང་ཁྱི་དང་ནི། །ཆུ་བྱ་སྟག་དང་བྱི་ལ་ཝ། །མི་ནི་འབྲུ་མར་ལུས་བསྐུས་དང་། །གཅེར་བུ་རྩུབ་ལ་མི་སྡུག་པ། །དེ་ལ་སོགས་པའི་རྨི་ངན་རྣམས། །བློ་ལྡན་མི་ཡིས་སྤང་བར་བྱ། །ཡང་ན་དངོས་རྣམས་རྨི་ལམ་དང་། །དྲི་ཟའི་གྲོང་ཁྱེར་བཞིན་ཤེས་ནས། །བློ་དང་ལྡན་པས་རྨི་ལམ་རྣམས། །སྙིང་པོ་མེད་པར་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས། འདི་ལྟ་བུའི་ཆོས་རྣམས་ལ་དང་པོ་ཉིད་ནས་བློ་བརྟན་པར་འགྱུར་བ་དེའི་རྒྱུ་ནི་གང་རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་རིགས་ཀྱི་བུ་དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་ཆོས་ཐམས་ཅད་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་ལྟ་ལ། སོ་སོའི་སྐྱེ་བོ་རྣམས་ཀྱི་མཚན་ཉིད་ཀྱང་ཕྱིན་ཅི་ལོག་ཅིང་མཚན་ཉིད་དང་བྲལ་བ་གཅིག་ཏུ་ཤེས་ཏེ་དེས་ན་


DKG086_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཐམས་ཅད་ལ་བློ་བརྟན་ཞིང་ངེས་པ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་རྒྱ་ཆེན་པོ་བྱིན་གྱིས་བརླབས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་དཀྱིལ་འཁོར་ཆེན་པོ་བཀོད་པ་བྱིན་གྱིས་རློབ་པ་ཉོན་ཅིག །དེ་ལ་དང་པོར་སློབ་དཔོན་གྱིས་གཙང་སྦྲ་བྱས་ཏེ་བདེན་བྲལ་གྱི་ཕྱོགས་སུ་གནས་ལ། དཀྱིལ་འཁོར་གྱི་ས་ལ་རྣམ་པར་དབྱེ་བ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ལ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡང་དྲན་པར་བྱས་ཏེ་མཐའ་ཡས་པ་རྒྱ་ཆེ་བ་རབ་འབྱམ་བཀོད་པ་བྱིན་གྱིས་རློབ་པ་ལ་བལྟའོ། །བལྟས་ནས་ཀྱང་བདག་ཉིད་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་ཚོན་སྣ་ལྔའི་སྲད་བུའམ། ཡང་ན་མཁས་པས་བློས་ཀྱང་རུང་། །ལྷ་ཡི་གནས་རྣམས་ངེས་པ་ནི། ། ཤེས་རབ་ཅན་གྱིས་རྣམ་པར་དབྱེ། །ཀུན་ཏུ་གྲུ་བཞི་ལྷམ་པ་ལ། །སྒོ་བཞི་རྟ་བབས་དང་ཡང་བཅས། །སྒོ་ཁྱུད་རབ་འབྱམ་རྒྱ་ཆེན་ལྡན། །རྣམ་པར་དག་པ་སེམས་ཀྱིས་བྲིས། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་སཱ་ལུའི་ཕྱེ་མའང་རུང་། །ཡང་ན་སྤོས་སམ་ཐལ་བས་ཀྱང་། །དཀྱིལ་འཁོར་སྔགས་པས་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ནུབ་ཀྱི་སྒོ་ནི་དབྱེ་བར་བྱ། །དེ་ནས་རིག་སྔགས་རྒྱལ་མོ་ནི། །མི་བཟད་སྲུང་བ་ཆེན་མོ་འམ། །ཡང་ན་མི་གཡོ་དྲན་པར་བྱ། །རྫོགས་པའི་སངས་རྒྱས་དྲན་བྱས་ནས། །བདེན་བྲལ་གྱི་ནི་ཕྱོགས་སུ་འགྲོ། །དེ་ནས་སྲད་བུ་བྲེས་ནས་སུ། །བསྐོར་བ་བྱས་ཏེ་སླར་ལོག་ནས། །དེ་ནས་བློ་དང་ལྡན་པ་ནི། །ནུབ་དང་བྱང་གི་ཕྱོགས་སུ་འགྲོ། །དེར་ཡང་ཤར་དུ་ཁ་བལྟས་ནས། །ཤར་གྱི་ཕྱོགས་སུ་སྲད་བུ་བྲེ། །དེ་ལྟར་སྲད་བུ་ཚུལ་ཤེས་པས། ། རྟག་པར་ཐོག་པ་ཉིད་དུ་བྱ། །དེ་ནས་དབུས་སུ་འདུག་ནས་ནི། །མགོན་པོ་ངན་སོང་ཀུན་སྤོང་དང་། །མི་མཆོག་འོད་དཔག་མེད་པ་དང་། །དེ་བཞིན་སྒྲིབ་པ་ཀུན་སེལ་དང་། །ཐུབ་པ་མེ་ཏོག་ཀུན་རྒྱས་དང་། །རྒྱལ་བ་རྣམ་པར་སྣང་མཛད་དང་། །ཐུབ་ཆེན་བདུད་


DKG086_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱལ་བ་དང་། །དེ་བཞིན་མི་འཁྲུགས་ཞེས་བྱ་དང་། །སངས་རྒྱས་རྔ་ཡི་སྒྲ་དབྱངས་ཅན། །དེ་བཞིན་གཤེགས་པ་རྗེས་དྲན་ནས། །དེར་ཡང་དཀའ་ཐུབ་ཅན་གྱིས་ནི། །ནན་ཏན་བསྐྱེད་དེ་ཆ་གསུམ་བརྟག །དེ་ལྟར་ལས་ལ་མཁས་པ་ཡིས། ། ས་ནི་ལེགས་པར་བརྟགས་ནས་སུ། །བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །སངས་རྒྱས་རྣམས་ཀྱི་ཡུམ་ཡང་བཀླག །ཡང་ན་ཟབ་མོའི་མདོ་སྡེ་གཞན། །ས་རྣམས་གཏན་ལ་འབེབས་པ་བཀླག །བཀླགས་ནས་བློ་དང་ལྡན་པ་ཡིས། །ཀུན་ཏུ་བདུག་སྤོས་བསྐོར་ནས་སུ། །རྒྱལ་བ་མཆོག་གི་སྲས་རྣམས་དང་། །སངས་རྒྱས་རྣམས་ལ་ཕྱག་བྱས་ནས། །སངས་རྒྱས་ཀུན་གྱི་སྐུ་གཟུགས་སམ། །ཕྱག་རྒྱ་མཁས་པས་བྲི་བར་བྱ། །ཡང་ན་གཞན་ནི་གང་ཡང་རུང་། །དེ་དག་ཐམས་ཅད་བྲི་བར་བྱ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་སྦྱོར་བ་གང་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཚེགས་ཆུང་ངུས་སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡང་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར་བ་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ཚུལ་སྒྲུབ་པའི་སྦྱོར་བ་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སྒྲུབ་པའི་གཞི་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཆོ་ག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་ཅིང་དེ་བཞིན་གཤེགས་པ་རྣམས་ཀྱང་མཉེས་པར་བགྱིད་པའི་སྒྲུབ་པའི་གཞི་དེ་དག་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ཚུལ་རྒྱ་ཆེན་པོ་བྱིན་གྱིས་བརླབས་སྒྲུབ་པའི་གཞི་རྒྱ་ཆེན་པོས་བྱིན་དུ་བརླབས་ནས་སྦྱོར་བ་བཟང་པོ་བཤད་དོ། །གསང་བ་པའི་བདག་པོ་དེ་ལས་འཁོར་ལོས་སྒྱུར་བ་ནི་དཀྱིལ་འཁོར་


DKG086_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཚད་དཔག་ཚད་གཅིག་ཙམ་བྲི་བར་བྱ་སྟེ་གནས་ཙནྡན་བཟང་པོ་སྦྲུལ་གྱི་སྙིང་པོ་དམ་པ་ལས་བྱས་པའི་ཁང་པ་དྲིལ་བུ་གཡེར་ཀ་ཆེན་པོ་དང་རིན་པོ་ཆེའི་བླ་རེ་བྲེས་པ། ཨ་ག་རུ་བཟང་པོའི་བདུག་སྤོས་སྣ་ཚོགས་ཀྱིས་བདུགས་པ་འཛམ་བུའི་གསེར་གྱི་སྲད་བུས་བསྐོར་བ་རིན་པོ་ཆེ་སྣ་ཚོགས་ཀྱི་དྲིལ་བུ་གཡེར་ཀའི་དྲ་བས་སྟེང་བརྒྱན་པ་རྔ་སྒྲ་སྙན་པ་སྣ་ཚོགས་ཀྱི་སྒྲ་གྲག་པ། ཕྱོགས་བཞི་ན་རྟ་བབས་སྣ་ཚོགས་མུ་ཏིག་གི་ཕྲེང་བས་བཏགས་པ་ཚོན་སྣ་ཚོགས་སུ་བཙོས་པའི་གོས་ཀྱིས་བཀླུབས་པ་བཀོད་པ་དང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ་རིན་པོ་ཆེའི་སྒྲོན་མ་སྣ་ཚོགས་ཀྱིས་ཀྱང་རྣམ་པར་གསལ་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་འདུས་པའི་ནང་ན་འདུག་བཞིན་དུ་བདག་ཉིད་ཆོས་ཀྱི་དབྱིངས་རྣམ་པར་དག་པའམ་དེའི་རྣམ་པ་ལ་དམིགས་པར་བྱིན་གྱིས་བརླབས་ལ་ཆོས་འབྱུང་བའི་ཕྱག་རྒྱའམ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྟོང་པའི་ངོ་བོ་ཉིད་ཀྱི་རྗེས་སུ་སོང་བ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་བྱང་ཆུབ་ཀྱི་སེམས་འཛིན་དུ་གཞུག་གོ། །དེ་ནས་བླ་ན་མེད་པའི་ཡེ་ཤེས་ཀྱི་མིག་རྣམ་པར་དག་པར་བྱ་བའི་ཕྱིར་དམ་ཚིག་བསྟན་པར་བྱའོ། ། དེ་ལ་ནང་གི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི་འདི་རྣམས་ཡིན་ནོ། །ཤར་ཕྱོགས་སུ་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་གྲུ་གསུམ་པ་པདྨའི་སྟེང་ན་འདུག་པར་བྲིའོ། །དེའི་གསང་སྔགས་ནི་འདིའོ། །ན་མཿསརྦྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱན། ཨ་སརྦྦ་ཏྲ་ཎ་ཀི་སྭཱ་ཧཱ། བཅོམ་ལྡན་འདས་ཀྱི་གཡས་རོལ་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བྲིའོ། །དེའི་གསང་སྔགས་ནི། ན་མཿས་མནྟ་བུདྡྷ་བོ་དྷི་ས་ཏྭཱ་ནཱན། ས་མནྟ་ཨ་མྲྀ་ཏེ་ཛྭ་ལ་སྭཱ་ཧཱ། དེའི་འོག་ཏུ་ཀུན་དུ་བཟང་པོའི་ཕྱག་རྒྱ་རལ་གྲི་དང་གནས་ཀྱི་དཀྱིལ་འཁོར་ཆུང་ངུ་བྲིའོ། །གསང་སྔགས་ནི། ན་མཿསརྦྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱན། བཛྲ་རཱ་ཛ་མཱ་ལ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱའི་གཡོན་རོལ་དུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བྲིའོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཕྱག་རྒྱ་ལྷུང་བཟེད་དང་ཆོས་


DKG086_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བྲིའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་སུ་ནམ་མཁའི་སྤྱན་གྱི་ཕྱག་རྒྱ་ཅན་གཙུག་ཏོར་འདྲ་བ་པདྨའི་སྟེང་དུ་འདུག་པར་བྲིའོ། །བཅོམ་ལྡན་འདས་མའི་འོག་ལོགས་སུ་རྡོ་རྗེ་དམ་པ་སྦྱིན་གྱི་ཕྱག་རྒྱ་ཨུཏྤ་ལའི་སྟེང་དུ་རྡོ་རྗེ་གཞག་པ་བྲིའོ། །འཕགས་པ་ཀུན་དུ་བཟང་པོའི་བྱང་ཕྱོགས་སུ་བྱམས་པའི་ཕྱག་རྒྱ་རིལ་བ་སྤྱི་བླུགས་བྲིའོ། །བཅོམ་ལྡན་འདས་ཀྱི་ནུབ་ཕྱོགས་སུ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་པདྨ་བྲིའོ། །བཅོམ་ལྡན་འདས་ཀྱི་བྱང་ཕྱོགས་སུ་མཐའ་ཡས་པ་འཕྲོ་བ་རྒྱ་ཆེན་པོ་མི་གཡོ་བ་རྒྱལ་པོའི་ཕྱག་རྒྱ་བྲིའོ། ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷོ་ཕྱོགས་སུ་རྡོ་རྗེ་འཛིན་ཐམས་ཅད་ཀྱི་ཕྱག་རྒྱ་བྲིའོ། །དེ་ནས་ཕྱི་རོལ་གྱི་དཀྱིལ་འཁོར་ཆ་གསུམ་དུ་བྱས་པ་ལ་འཁོར་སའི་སྣམ་བུ་བོར་ཏེ། ཤར་ཕྱོགས་སུ་ཕོ་ཉའི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་བྲིའོ། །དེ་དག་གི་ཤར་ལྷོའི་མཚམས་སུ་ཕོ་ཉ་མོ་ཐམས་ཅད་ཀྱི་ཕྱག་རྒྱ་བྲི་སྟེ། ཕོ་ཉ་མོ་རྣམས་ཀྱི་ཕྱག་རྒྱ་ནི་ལྕགས་ཀྱུའོ། །ཚོགས་རྣམས་ཀྱི་ཕྱག་རྒྱ་ནི་ཞགས་པའོ། །ལྷོ་དང་བྱང་གི་ངོས་སུ་བྲན་ཕོ་བྲན་མོ་རྣམས་ཀྱི་ཕྱག་རྒྱ་བྲི་སྟེ་དེ་ལ་བྲན་ཕོ་རྣམས་ཀྱི་ཕྱག་རྒྱ་ནི་རལ་གྲིའོ། །བྲན་མོ་རྣམས་ཀྱི་ཕྱག་རྒྱ་ནི་ཁད་ག་རི་དང་རྡོ་རྗེའི་ཁབ་བྲིའོ། །དེ་ནས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླག་གོ། །བཀླགས་ནས་ལངས་ལ་དཀྱིལ་འཁོར་བསྐོར་བ་བྱས་ཏེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་ཀྱང་བྱས་ལ་སློབ་མ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དད་པ་ཅན་གཙང་སྦྲ་ཆེ་བ་ཡི་དམ་ལ་བརྟན་པ་སྡོམ་པ་བཟུང་བ་འགྲོ་བ་ཐམས་ཅད་ཡོངས་སུ་བསྐྱབ་པའི་བསམ་པ་ཅན་སྙིང་རྗེ་ཆེ་བ་གདོང་རས་ཀྱིས་གཡོགས་པ་ལག་པ་མི་སྟོང་པ་དེ་ལ་སེམས་རྩེ་གཅིག་ཏུ་དམིགས་པ་རྣམས་དཀྱིལ་འཁོར་བསྐོར་བ་བྱས་ཏེ་དཀྱིལ་འཁོར་གཉིས་པའི་སྒོ་ཁར་འགྲེང་ལ་གང་བའི་ཕྱག་རྒྱའམ་ཆོས་འབྱུང་བའི་ཕྱག་རྒྱའམ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་དམ་ཚིག་བརྗོད་ལ་དཀྱིལ་འཁོར་དུ་གཟུད་དོ། །དེ་ནས་མེ་ཏོག་འདོར་དུ་གཞུག་གོ། །མེ་ཏོག་གར་བབ་པ་དེར་དེའི་ལྷ་ཡིན་ནོ། །དེ་ལྟར་དམ་ཚིག་བརྟན་པ་ཅན་གྱིས་སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་


DKG086_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །སློབ་དཔོན་གྱིས་ཀྱང་བུའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ནས་སེམས་ཀྱི་རྒྱུད་རབ་དང་འབྲིང་དང་ཐ་མ་ལ་བལྟས་ནས་གསང་སྔགས་སྤྱད་པ་ལ་འཇུག་པའི་རྣལ་འབྱོར་གྱི་ཆོ་ག་སྦྱིན་ནོ། །དེ་ལྟར་བྱས་ན་དཀྱིལ་འཁོར་ཆེན་པོ་བཀོད་པ་འདིར་དམ་ཚིག་མཐོང་བར་འགྱུར་རོ། ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཞུགས་ཀྱང་རུང་མ་ཞུགས་ཀྱང་རུང་དམ་ཚིག་ཏུ་ཞུགས་པར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་ཤིང་སྡིག་པ་ཐམས་ཅད་དང་བྲལ་བ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ། སེམས་ཅན་གྱི་ཁམས་མཐའ་ཡས་པ་ཡོངས་སུ་བསྐྱབ་པ་ཡིད་ལ་བྱེད་པ་དེས་གསང་སྔགས་སྤྱད་པའི་རྣལ་འབྱོར་གྱི་ཆོ་ག་རྗེས་སུ་དྲན་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་གནས་ན་འཁོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་གཟིགས་ནས། ཞལ་ཅུང་ཟད་འཛུམ་ཞིང་དེ་བཞིན་གཤེགས་པའི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པའི་ཚུལ་གྱིས་བླ་ན་མེད་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པར་བསྟན་པར་བཞེད་དེ། སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་བསྒྲལ་བར་ཡི་དམ་བཅས་པ་ཞེས་བྱ་བའི་བཞད་པ་ཆེན་པོ་མཛད་ནས་གཙུག་ཏོར་ཆེན་པོའི་དཀྱིལ་འཁོར་ནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་འབྱུང་བ་ཞེས་བྱ་བའི་འོད་ཟེར་བྱུང་ངོ་། །འོད་ཟེར་དེ་བྱུང་ནས་ཀྱང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ནམ་མཁའི་དབྱིངས་ཀྱིས་ཀླས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་སྣང་བར་བྱས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་ཡུལ་ནི་བསྟན། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་རྣམས་ལ་ནི་བལྟས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མཐའ་ཡས་པ་ནི་དམིགས་པར་བྱས། ཆོས་ཀྱི་དབྱིངས་རྣམ་པར་རོལ་པ་ནམ་མཁའ་དང་མཉམ་པའི་རྗེས་སུ་འགྲོ་བ་ཆོས་མཉམ་པ་ཉིད་བསྟན་


DKG086_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པར་རོལ་པའི་སྒོ་ནས་ནི་རྣམ་པར་རོལ་ནས། དེ་བཞིན་གཤེགས་པའི་དགེ་བའི་རྩ་བ་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པ་ལས་མངོན་པར་གྲུབ་པ་དང་། དེ་བཞིན་གཤེགས་པའི་དགོངས་པ་ལས་མངོན་པར་གྲུབ་པ་མོས་པའི་རླུང་གི་དཀྱིལ་འཁོར་གྱིས་སངས་རྒྱས་ཀྱི་ཞིང་བཀོད་པ་རྣམ་པ་བཅུས་རབ་ཏུ་བརྒྱན་པ་མཛད་དེ། ནམ་མཁའི་ངོས་ལ་བཀོད་པ་ཆེན་པོའི་དཀྱིལ་འཁོར་གྱི་བྱིན་གྱིས་བརླབས་བཤམ་པ་བྱས་ཏེ་གནས་པར་གྱུར་ཏོ། །འོད་ཟེར་ཆེན་པོ་དེ་དག་གནས་པར་གྱུར་མ་ཐག་ཏུ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེའི་སེམས་ལ་སེམས་ཀྱི་རྟོག་པ་འདི་ལྟ་བུ་བྱུང་བར་གྱུར་ཏོ། །ཅི་ཙམ་དུ་དེ་བཞིན་གཤེགས་པའི་དགོངས་པ་ལས་བྱུང་བའི་འོད་ཟེར་སྔོན་མ་མཐོང་བའི་བཀོད་པ་བསྟན་པ་འདི་དག་རྣམ་པར་བཀོད་པ་སྣ་ཚོགས་ཀྱིས་ནམ་མཁའི་ངོས་ནི་ཁེབས་པར་བྱས་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་ཆེན་པོ་རྣམས་ནི་བསྟན་ནས་དེ་བཞིན་གཤེགས་པའི་ཞལ་དུ་མི་སྣང་བར་གྱུར་པ་ནི་ངོ་མཚར་ཏོ། །དེ་བས་ན་ངེས་པར་དེང་བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་ཆེན་པོ་མངོན་པར་སྒྲུབ་པའི་ཚུལ་རྣམ་པར་དག་པས་མཉམ་པ་ཉིད་ལ་འཇུག་པ་རྣམ་པར་དག་པའི་གཞི་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་རོལ་པའི་ཆོས་ཀྱི་རྣམ་གྲངས་བཤད་པར་བཞེད་དོ། །དེའི་ཕྱིར་བདག་བཅོམ་ལྡན་འདས་ལ་ཞུའོ་སྙམ་མོ། །དེ་ནས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནས། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་བར་དུ་བདག་རྟག་ཏུ་ཞམ་རིང་ལ་མཆིས་མཆིས་ན། བཅོམ་ལྡན་འདས་ཀྱིས་ཅི་ལྟར་ད་ལྟར་བཞད་པ་ཆེན་པོ་སྔར་མཛད་ནས་དབུའི་གཙུག་ཏོར་གྱི་དཀྱིལ་འཁོར་ནས་འོད་ཟེར་སྟོང་ཕྲག་སངས་རྒྱས་ཀྱི་ཞིང་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་བྱུང་ནས་འོད་ཟེར་དེ་རྣམས་ཀྱིས་ཀྱང་འཇིག་རྟེན་ཁམས་ན་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པ་སྣང་བར་བགྱིད་པའི་ངོ་མཚར་འདི་ལྟ་བུ་ནི་བདག་གིས་སྔོན་ཆད་མ་མཐོང་ལགས་


DKG086_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །དེ་ལ་བདག་འདི་སྙམ་དུ་དེང་བཅོམ་ལྡན་འདས་བདག་ཅག་ལ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཚུལ་སྒྲུབ་པ་རྣམ་པར་དག་པའི་གཞི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བཤད་པ་བཞེད་པ་ནི་བདག་ཅག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་བགྱིད་དོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ལེགས་ལགས་ཀྱིས། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་སོ་སོ་ཡང་དག་པར་རིག་པ་ཆེན་པོ་ལ་འཇུག་པའི་ཚུལ་སྒྲུབ་པ་རྣམ་པར་དག་པའི་གཞི་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པའི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། དེ་ནི་དུས་སླད་མའི་འགྲོ་བ་རྣམས་ལ་ཡང་སྣང་བར་བགྱིད་པར་འགྱུར་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ལེགས་སོ་ལེགས་སོ། །གང་ཁྱོད་དོན་འདི་འདྲི་བ་ནི་ཡང་ལེགས་སོ། །གསང་བ་པའི་བདག་པོ། །དེའི་ཕྱིར་ལེགས་པར་ཉོན་ལ་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་སྒྲུབ་པའི་ཚུལ་རྣམ་པར་དག་པར་མཉམ་པ་ཉིད་ལ་འཇུག་པ་རྣམ་པར་དག་པའི་གཞི་ཆོས་ཀྱི་རྣམ་གྲངས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་རྣམ་པར་སྤྲུལ་པ་བཤད་པར་བྱའོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་པ་དང་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་སྟོང་པ་ཉིད་ཀྱི་གཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །ནམ་མཁའ་དང་མཉམ་པའི་གཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །མཚན་ཉིད་མེད་པའི་གཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །དེ་བཞིན་གཤེགས་པའི་གཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པའི་གཞིའོ། །དེ་ལྟར་མངོན་པར་རྫོགས་པར་བྱང་ཆུབ་


DKG086_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཞི་འདི་དག་བྱང་ཆུབ་སེམས་དཔས་བསྒོམ་པར་བྱའོ། །གསང་བ་པའི་བདག་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོ་ཡང་དག་པར་རིག་པ་ལ་འཇུག་པ་སྒྲུབ་པའི་ཚུལ་རྣམ་པར་དག་པས་མཉམ་པ་ཉིད་ལ་འཇུག་པའི་གཞི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཆོས་ཀྱི་དབྱིངས་རྒྱ་ཆེན་པོ་རབ་འབྱམ་མཐའ་ཡས་པ་བྱིན་གྱིས་བརླབས་ནས།ནམ་མཁའ་དྲི་མ་མེད་པའི་རྒྱལ་པོ་རྣམ་པར་སྨིན་པ་ནམ་མཁའ་ལྟར་རྒྱ་ཆེ་ཞིང་མཐའ་ཡས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དབུའི་གཙུག་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡུལ་སྣང་བ་ཡུལ་བསམ་གྱིས་མི་ཁྱབ་པ་རབ་འབྱམ་སྟོན་པ་ཞེས་བྱ་བའི་འོད་ཟེར་བྱུང་ངོ་། །བྱུང་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དང་རྗེས་སུ་མཐུན་པ་བསྟན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བསྐོར་བ་ལན་བརྒྱ་སྟོང་དུ་མ་བྱས་ཏེ་འཇིག་རྟེན་གྱི་ཁམས་རྣམ་པ་བཅུར་སྣང་བ་ཆེན་པོས་གསལ་བར་བྱས་ཏེ་སྟེང་གི་ནམ་མཁའ་ལ་གནས་ནས། གསང་བའི་སྙིང་པོའི་དཀྱིལ་འཁོར་ཆེན་པོ་བཤམ་པ་བྱས་ཏེ་དམ་ཚིག་ཆེན་པོ་གསུམ་གྱི་སྣང་བས། འཇིག་རྟེན་གྱི་ཁམས་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པ་སྣང་བར་བྱས་ནས་སེམས་ཅན་གྱི་ཁམས་རྣམས་ལ་དམ་ཚིག་གསུམ་གྱི་མྱུ་གུ་སྐྱེ་བར་བྱིན་གྱིས་བརླབས་ཏེ། འོད་ཟེར་དག་ནམ་མཁའ་ལས་ལྷགས་ནས་ཕྱག་ན་རྡོ་རྗེའི་སྤྱི་བོར་བབས་སོ། །འོད་ཟེར་དག་ཕྱག་ན་རྡོ་རྗེའི་སྤྱི་བོར་བབས་མ་ཐག་ཏུ་དེ་ནས་དེའི་མོད་ལ་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུལ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཆེན་པོ་ཐོབ་པར་གྱུར་ཏེ། དེ་ཐོབ་པས་དེ་བཞིན་གཤེགས་པའི་ས་ལ་གཉིས་སུ་མེད་པར་གནས་པ་ཐོབ་པར་གྱུར་ཏོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དགའ་བས་ཡིད་ཚིམ་པར་གྱུར་ནས། མིག་གཉིས་མི་འཛུམས་པར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཡུད་ཙམ་ཞིག་


DKG086_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཏེ་བཞིན་ཅུང་ཟད་འཛུམ་ཞིང་བཅོམ་ལྡན་འདས་ལ་ཡིད་ཀྱིས་ཞུས་པ།ཅི་ལྟར་དེ་བཞིན་གཤེགས་པ་ལགས། །ཅི་ལྟར་རྒྱལ་བ་དམ་པ་ལགས། །ཅི་ལྟར་བྱང་ཆུབ་སེམས་དཔའ་ལགས། །ཅི་ལྟར་སངས་རྒྱས་ཞེས་ཀྱང་བགྱི། །མགོན་པོ་བདག་གི་ཐེ་ཙོམ་འདི། །ཐུབ་པ་ཆེན་པོས་བསལ་དུ་གསོལ། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐེ་ཙོམ་ཡིད་གཉིས་སྤངས་ནས་སུ། །སྤྱད་པའི་རྒྱལ་པོ་ཐེག་ཆེན་ལ། །རྒྱལ་བའི་སྲས་ནི་སྤྱོད་པར་འགྱུར། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ། །ཁྱོད་དོན་འདི་ལྟ་བུ་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །གསང་བ་པའི་བདག་པོ་ཆོས་ཀྱི་ཚུལ་སྒྲུབ་པའི་གཞི་འདི་ལྟ་བུ་ཐོས་ནས་སྐྲག་པར་མི་འགྱུར། ཤིན་ཏུ་སྐྲག་པར་མི་འགྱུར་བའི་སེམས་ཅན་དེ་ནི་དཀོན་ནོ། །གསང་བ་པའི་བདག་པོ་རིགས་ཀྱི་བུ་དེ་དག་ནི་སངས་རྒྱས་གཅིག་ལ་བསྙེན་བཀུར་བྱས་པ་མ་ཡིན་གྱི། སངས་རྒྱས་སྟོང་ཕྲག་དུ་མ་ལ་དགེ་བའི་རྩ་བ་བསྐྲུན་པ་ཡིན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་ཐོག་མ་ཉིད་དུ་ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ཐེག་པ་ཆེན་པོ་རྟོགས་པར་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའ་ནི་ཚེགས་ཆུང་ངུ་ཁོ་ནས་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པར་འགྱུར་རོ། །འདི་ལྟར་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་འདི་ནི་མངོན་པར་ཤེས་པ་ཆེན་པོ་ཡོངས་སུ་སྦྱོང་བ་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་ཉན་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་


DKG086_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བཀའ་སྩལ་ཏོ། །ཆོས་རྣམས་ནམ་མཁའི་མཚན་ཉིད་དེ། །གཉིས་སུ་མེད་ཅིང་མཚན་ཉིད་གཅིག །གཞི་བཅུས་རྫོགས་པར་སངས་རྒྱས་པ། །དེ་ནི་རྫོགས་སངས་རྒྱས་ཞེས་བྱ། །འདུ་ཤེས་ཙམ་ཡང་སྤངས་པའི་ཕྱིར། །རང་གི་ངོ་བོ་བསྟན་མེད་ཅིང་། །ཡེ་ཤེས་ཀྱིས་ནི་རང་རིག་པ། །དེ་ནི་དེ་བཞིན་གཤེགས་པར་བཤད། །བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །རྟོག་པ་ཐམས་ཅད་སྤངས་པ་ཡིན། །གང་ཞིག་དེ་རྟོགས་འདོད་པ་དེས། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ས་བཅུ་པོ་དག་བསྒྲུབས་ནས་ནི། །དབང་རྣམས་རྟོགས་པར་ཁོང་དུ་ཆུད། །ཆོས་རྣམས་སྟོང་པ་སྒྱུ་མ་བཞིན། །གང་གིས་འདིར་ནི་ཀུན་རྟོགས་ཤིང་། །འཇིག་རྟེན་ཀུན་གྱི་རྒྱུད་ཤེས་པ། །སངས་རྒྱས་ཞེས་ནི་བྱ་བ་ཡིན། །གསང་བ་པའི་བདག་པོ་དེ་ལྟར་དེ་དག་ནི་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་སྐབས་རྣམ་པར་གཞག་པ་ཡིན་ནོ། །གསང་བ་པའི་བདག་པོ་རྣམ་གྲངས་དེས་ཀྱང་འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་གི་སེམས་རྣམ་པར་གཞག་པ་སྒྲུབ་པ་ནི་མེད་པར་རིག་པར་བྱའོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་རྣམ་གྲངས་ལེགས་པར་བཤད་པ་ནི་བཅོམ་ལྡན་འདས་ངོ་མཚར་ལགས་སོ། །བདེ་བར་གཤེགས་པ་ཤིན་ཏུ་ངོ་མཚར་ལགས་སོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དེ་དག་ནི་འགྲོ་བ་ལྔའི་འཁོར་བ་ན་འཁོར་བའི་ཚེ་ངན་འགྲོ་ངན་སོང་གི་འཇིགས་པའམ་བདུད་ཀྱི་ལས་ཀྱི་འཇིགས་པའམ་མི་ཁོམ་པར་སྐྱེ་བའི་འཇིགས་པ་མཆིས་པར་བདག་མི་སྨྲའོ། །ཅིའི་སླད་དུ་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལ་གནས་པ་ནི་འཇིག་རྟེན་དང་ལྷན་ཅིག་ཏུ་གནས་ཀྱང་འཇིག་རྟེན་ལས་འདས་པའི་ལམ་མི་གཏོང་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ཀྱིས་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཀྱང་སྟོན་ཏོ། །


DKG086_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ལས་ཡོངས་སུ་ཉམས་པར་ཡང་མི་འགྱུར་རོ། །དེ་ནས་ཡང་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ། བཅོམ་ལྡན་འདས་གསང་བ་ཆེན་པོའི་སྙིང་པོའི་དཀྱིལ་འཁོར་བཤད་དུ་གསོལ། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བར་འགྱུར་ལགས་སོ། །དེ་སྐད་ཅེས་གསོལ་པ་དེང་།བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེའི་ཕྱིར་ཉོན་ལ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་གསང་བའི་སྙིང་པོའི་དཀྱིལ་འཁོར་བཤམ་པ་བཤད་པར་བྱའོ། །དེ་ལ་རེ་ཞིག་སློབ་དཔོན་དམ་ཚིག་གསུམ་རྣམ་པར་དབྱེ་བ་ལ་མཁས་ཤིང་བདག་ཀྱང་དམ་ཚིག་གསུམ་ལ་གནས་པ་ཡིན་ནོ། །གསང་བ་པའི་བདག་པོ། །དེ་ལ་དམ་ཚིག་གསུམ་པོ་དེ་གང་ཞེ་ན་ཆོས་ཀྱི་ཁྱད་པར་གསུམ་སྟེ་ཆོས་ཀྱི་ཁྱད་པར་གང་ལ་དུས་གསུམ་དུ་གཏོགས་པའི་དུས་ན་སྒྲིབ་པ་མེད་པའི་ཚུལ་གྱིས་འཇུག་པ་དེ་ནི་དམ་ཚིག་གསུམ་ཞེས་བྱའོ། །གསང་བ་པའི་བདག་པོ་ཆོས་ཀྱི་ཁྱད་པར་དེ་ཡང་གང་ཞེ་ན། གསང་བ་པའི་བདག་པོ་སེམས་ནི་ཆོས་ཀྱི་ཁྱད་པར་ཏེ། གསང་བ་པའི་བདག་པོ་དེ་ལ་སེམས་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པ་ཡོངས་སུ་ཤེས་པའི་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་མཐོང་བའོ། །འདིའི་ཆོས་ཀྱི་དབྱིངས་རྟོགས་པའི་རང་རིག་པའི་རྣམ་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཚན་ཉིད་ཡིན་ནོ། །གང་ལུས་དང་ངག་དང་ཡིད་འཇུག་པ་དེ་ནི་སྤྲུལ་པའི་མཚན་ཉིད་ཡིན་ནོ། །གསང་བ་པའི་བདག་པོ་དེ་ནི་དམ་ཚིག་གསུམ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་རྟོགས་ན་མུ་སྟེགས་ཅན་གཞན་དག་གིས་ལྟ་ཅི་སྨོས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱིས་པ་མི་ཤེས་པས་བསྒྲིབས་པ། །ཚུལ་འདི་ཤེས་པར་མ་གྱུར་རྣམས། །སངས་རྒྱས་གཞན་དུ་ཚོལ་བར་བྱེད། །འདི་ན་གནས་པར་ཡོང་མ་རྟོགས། །འཇིག་རྟེན་ཁམས་གཞན་གང་ནས་ཀྱང་། །སངས་རྒྱས་རྙེད་པར་ཡོད་


DKG086_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་བསྟན་ཏོ། །དེ་ལྟ་བས་ན་རྣལ་འབྱོར་པས། །རྟག་ཏུ་ཡིད་གཉིས་སྤངས་ནས་ནི། །སེམས་ཀྱི་ཁྱད་པར་རྣམ་གསུམ་བརྟག །དེ་ནས་དམ་ཚིག་གསུམ་ཤེས་འགྱུར། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསུངས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་དེ་ལ་སློབ་དཔོན་དམ་ཚིག་གསུམ་ཤེས་པར་བྱ་བ་ལ་མཁས་པས་བདག་ཉིད་ཆོས་ཀྱི་དབྱིངས་སུ་མོས་པར་བྱས་ལ་དེ་ལ་དམིགས་པའི་སྦྱོར་བས་ས་གཞི་རྣམ་པར་སྦྱང་བར་བྱའོ། །དེ་ལྟར་དེས་ས་གཞི་རྣམ་པར་སྦྱངས་ནས་ནམ་མཁའི་དབྱིངས་ལྟ་བུ་ལ་ཡང་དག་པར་གཞོལ་བས་བདག་ནི་ཆོས་ཀྱི་དབྱིངས་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་ཡུལ་ཡིན་ནོ་སྙམ་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབ་པོ། །དེ་ལྟར་བདག་ཉིད་བྱིན་གྱིས་བརླབས་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ཕྱིར། གཉིས་སུ་མེད་པའི་སྦྱོར་བས་བདག་གི་ལུས་ལ་དཀྱིལ་འཁོར་ཡིན་པའམ། དཀྱིལ་འཁོར་བདག་གི་ལུས་ཡིན་པར་བྱིན་གྱིས་བརླབས་ཏེ། རང་གི་སེམས་ཀྱིས་བྱས་པའི་ཚོན་སྣ་ལྔའི་ཕྱེ་མའམ་གཞན་ཡང་རུང་སྟེ་ཆོ་ག་སྔ་མས་རྣམ་པར་དབྱེ་བར་བྱའོ། །གསང་བ་པའི་བདག་པོ། །དེ་ནི་སེམས་ཅན་སྡུག་བསྔལ་བ་རྣམས་ཡོངས་སུ་བསྐྱབ་པའི་ཕྱིར། གསང་བ་པའི་བདག་པོ་སྙིང་པོའི་དམ་ཚིག་ལ་འཇུག་པའི་ཆོ་ག་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པ་གང་གིས། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱང་ཚེ་འདི་ཉིད་གཅིག་པུས་ཐོབ་པར་འགྱུར་བ་དེ་ལྟ་བུའི་ཆོས་ཀྱི་བྱིན་གྱིས་བརླབ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱམས་པ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སྤྱན་གཉིས་ཀྱིས་སེམས་ཅན་གྱི་ཁམས་ལ་གཟིགས་ནས། གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་བྱིན་གྱིས་བརླབས་སྒྲུབ་པའི་གཞི་གང་གིས་དེ་


DKG086_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་རྣམས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་དཀའ་བ་ཡང་བསོད་ནམས་མ་བྱས་པའི་སེམས་ཅན་རྣམས་ཀྱི་ཕ་རོལ་གྱི་རྒྱུད་ལ་ཡང་རབ་ཏུ་འཇོག་པར་འགྱུར་བ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ཀྱི་གཞི་ཉོན་ཅིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་སྟོབས་བཅུའི་སྟོབས་དང་ལྡན་པ་མི་འཇིགས་པ་བཞིའི་ཁྱུ་མཆོག་སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་ཡེ་ཤེས་ལ་མངའ་བ་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་མཁས་པའི་རང་བཞིན་ཅན་སུ་ཞིག་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་འདྲ་བའི་དོན་དུ་ནམ་མཁའི་དབྱིངས་ཀྱི་མཐས་ཀླས་པའི་བསྐལ་པར་ཡང་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཡང་བཟོད་པར་མི་བགྱིད། བཅོམ་ལྡན་འདས་དེ་ལྟ་བས་ན་རིགས་ཀྱི་བུ་མཁས་པ་འདི་ལ་སློབ་པར་འཚལ་བས་དེ་བཞིན་གཤེགས་པའི་རྗེས་སུ་བསླབ་པར་བགྱིའོ། །བཅོམ་ལྡན་འདས་དེ་ལྟ་བས་ན་ལེགས་ལགས་ཀྱིས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ཀྱི་གཞི་དེ་དག་བཤད་དུ་གསོལ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ནམ་མཁའི་མཚན་ཉིད་དང་མཚུངས་པའི་ཕྱིར་ཆོས་ཐམས་ཅད་ནི་མཚན་ཉིད་གཅིག་པའོ། །ཆོས་ཀྱི་དབྱིངས་དམིགས་སུ་མེད་པའི་ཕྱིར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་མཚན་ཉིད་དོ། །གསང་བ་པའི་བདག་པོ་གང་དག་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བསྒོམས་ཤིང་ལན་མང་དུ་བྱས་པའི་ཆོས་ཀྱི་དབྱིངས་ཀྱི་བྱིན་གྱིས་བརླབས་ཀྱི་གཞི་ཡིན་ཏེ་གསང་བ་པའི་བདག་པོ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་དེ་ཡིན་ནོ། །རིགས་ཀྱི་བུ་ང་བྱང་ཆུབ་ཀྱི་སྙིང་པོ་ན་འདུག་པ་ན་ཡང་འདི་དག་


DKG086_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སེམས་པ་ལས་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཐོབ་པར་གྱུར་ཏོ། །སྒྲ་དབྱངས་མཐའ་ཡས་པར་སྒྲོགས་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་དང་། བདུད་བཞི་ཕམ་པར་བྱེད་པའི་དབྱངས་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་གནས་མེད་པ། ནམ་མཁའི་སྤྱོད་ཡུལ་མཚན་ཉིད་མེད་པ་འགྲོ་བ་པོ་མེད་པ་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འཇིག་རྟེན་གྱི་འགྲོ་བ་ཐམས་ཅད་ལས་འདས་པ་ཡང་ཐོབ་པར་གྱུར་ཏོ། །གསང་བ་པའི་བདག་པོ་དེ་ལ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་མཐའ་ཡས་ཤིང་རབ་འབྱམ་རྒྱ་ཆེ་བ་བསྟན་པར་བྱ་བ་དེ་དག་གང་ཞེ་ན། ན་མ་སྟྲཻ་ཡ་དྷྭཱི་ཀཱ་ནཱཾ་བུདྡྷ་ག་ཏེ་པྲ་ཏིཥྛི་ཏེ་བྷྱཿ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནེ་བྷྱཿ། མ་ཧཱ་ཀྲྀ་པེ་བྷྱཿ། ག་ག་ན་ཨ་མ་ལ་རཱུ་པ་དྷཱ་ར་ཎཱི་ཏ་ཐཱ་རཱུ་པ་བི་བྷ་བ་བི་བྷ་བེ་ན། པ་ར་རཱུ་པ་དྷ་རེ་མ་ཧཱ་ཀྲྀ་པེ་བི་མ་ལེ། སརྦྦ་ག་ཏེ་བི་ཤོ་དྷ་ནི། དེ་ལ་འདི་ནི་རྡོ་རྗེའི་ཚིག་མཉམ་པ་མེད་པ་ཡིན་ནོ། །ཨ་མ་ཧཱ་བི་སྨ་ཡེ་ཧཱུྃ་ཁྃ། ཕྱག་ན་རྡོ་རྗེ་འདི་ནི་ནམ་མཁའ་ལྟར་དྲི་མ་མེད་པ་ཞེས་བྱ་བའི་རིག་སྔགས་ཀྱི་རྒྱལ་མོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་བྱིན་དུ་བརླབས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་གང་ན་རིག་སྔགས་ཀྱི་རྒྱལ་མོ་འདི་མི་འཆད་ཅིང་མི་བརྗོད་པའི་སངས་རྒྱས་ཀྱི་ཞིང་དེ་ངས་མ་མཐོང་ངོ་། །གསང་བ་པའི་བདག་པོ་རྣམ་གྲངས་དེས་ཀྱང་འདི་ལྟར་གསང་བའི་སྙིང་པོའི་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། དམ་ཚིག་འདི་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་རྒྱལ་པོ་འདི་ལ་མངོན་པར་བརྩོན་པར་བྱའོ་ཞེས་བྱ་བར་རིག་པར་བྱའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་


DKG086_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

དཔའི་སྤྱད་པ་སྤྱོད་པ་རྣམས་གསང་སྔགས་ཀྱི་རང་བཞིན་ཅི་ལྟར་སྟོན། ཆོས་ཐམས་ཅད་ལ་དབང་ཐོབ་པའི་བར་དུ་ཅི་ལྟར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སློབ་དཔོན་ལས་དབང་ནོད་པར་བྱའོ། །འདི་སྙམ་དུ་སློབ་དཔོན་འདི་ནི་བདག་གི་སྟོན་པ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བསྐུལ་བའོ། །སྙམ་དུ་ཡང་སེམས་བསྐྱེད་པར་བྱའོ། །དེ་དེ་ནས་ཐལ་མོ་སྦྱར་ཏེ་ཉེ་བར་སོང་ལ་གསོལ་བ་གདབ་པོ། །སློབ་དཔོན་གྱིས་ཀྱང་དེ་དོན་དུ་གཉེར་བར་ཤེས་ནས་སྙིང་རྗེ་ཆེན་པོ་མངོན་སུམ་དུ་བྱས་ཏེ་ཚིག་འདི་སྐད་ཅེས་སྨྲ་བར་བྱའོ། །རིགས་ཀྱི་བུ་ལོངས་དེ་བཞིན་གཤེགས་པའི་སྤྱན་བླ་ན་མེད་པ་དེ་ཁྱོད་ལ་བསྟན་པར་བྱའོ། །དེ་ནས་ས་གཞི་ཡིད་དུ་འོང་བ་བརྟགས་ལ་ཆོ་ག་སྔ་མས་ས་གཞི་སྦྱངས་ཏེ། དཀྱིལ་འཁོར་གྲུ་བཞི་ལ་སྒོ་གཅིག་པ་ལྷ་རྣམ་པར་དབྱེ་བའི་གནས་ལེགས་པར་བརྟགས་པ། མཆོད་པའི་གནས་རྣམ་པ་སྣ་ཚོགས་བཀོད་པ་བསྒྲུབས་པ། སྤོས་ཆུ་དྲི་ཞིམ་པོས་བཀང་བའི་བུམ་པ་དབུས་སུ་བཞག་པ་བྲིས་ལ་སློབ་མ་པདྨའི་སྟེང་ན་འདུག་པ། རང་གི་ལྷའི་གཟུགས་བདག་ཡིན་པར་དམིགས་པ་ལ་གནས་པ་ཡིད་བྱང་ཆུབ་ཀྱི་སེམས་སུ་གྱུར་པ། འགྲོ་བ་མཐའ་དག་ཡོངས་སུ་བསྐྱབ་པའི་བསམ་པ་ཅན། དེ་བཞིན་གཤེགས་པའི་རིགས་སུ་འགྱུར་བར་འདོད་པ་དག་བུམ་པ་དེས་སྤྱི་བོ་ནས་དབང་བསྐུར་རོ། །འདི་སྐད་དུ་རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་སོ། །དེ་བཞིན་གཤེགས་པའི་སྤྱན་ཕྱེའོ་ཞེས་ཀྱང་སྨྲ་བར་བྱའོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ལྷའི་གཟུགས་ནི་དེ་བཞིན་གཤེགས་པའི་སྐུ་ཅི་སྙེད་པའམ། སེམས་དཔའ་མཐའ་


DKG086_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་པ་ཐམས་ཅད་ཀྱི་ཆ་ལུགས་ཀྱི་བྱེ་བྲག་ཀྱང་རུང་སྟེ། གསང་སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབས་པ་ལས་འགྱུར་བར་རིག་པར་བྱའོ། །གསང་བ་པའི་བདག་པོ་གསང་སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབ་པ་ཡང་ཅི་ལྟ་བུ་ཡིན་ཞེ་ན། གསང་བ་པའི་བདག་པོ་དེ་ལ་དབང་བསྐུར་བའི་ཚེ། སློབ་དཔོན་གྱིས་པདྨའི་ཕྱག་རྒྱས་གདན་སྲ་ཞིང་བརྟན་པ་བསམ་གྱིས་མི་ཁྱབ་པ་རྡོ་རྗེ་ལྟར་མི་ཤིགས་པ་ཡོངས་སུ་བརྟག་པ་ནི། གསེར་རམ་ཟངས་སམ་འཇིམ་པ་ལས་བྱས་པའམ་རི་མོར་བྲིས་པ་གཞག་སྟེ་བྱའོ། །དེའི་སྟེང་ན་འདུག་པ་ལ་ཆོས་ཐམས་ཅད་ལ་དབང་ཐོབ་པར་བྱ་བའི་ཕྱིར། སྤོས་ཆུ་དྲི་ཞིམ་པོས་བཀང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །སློབ་དཔོན་བདག་ཉིད་ཀྱང་ཅི་ལྟར་རྗེས་སུ་མཐུན་པར་མོས་པར་བྱ་བའམ་དེའི་ཕྱག་རྒྱས་རྗེས་སུ་མཐུན་པའི་བྱ་བ་བྱའོ། །ཆོས་ཀྱི་དུང་གི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་གསུང་གི་འཁོར་ལོའི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ། །རལ་གྲིའི་ཕྱག་རྒྱ་དང་། གསང་སྔགས་ཀྱི་ནི་འཇིག་ཚོགས་ལ་ལྟ་བ་མཐའ་དག་གཞོམ་པར་བྱིན་གྱིས་བརླབ་པར་བྱའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེའི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ནི་མི་ཤེས་པའི་གྲོང་ཁྱེར་གཞིག་པར་བྱིན་གྱིས་བརླབ་པར་བྱའོ། །གཙུག་ཏོར་གྱི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ནི་སྤྱི་གཙུག་བལྟར་མི་སྣང་བ་བྱིན་གྱིས་བརླབ་པར་བྱའོ། །མཛོད་སྤུའི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ནི་མཛོད་སྤུ་དང་ལྡན་པར་བྱིན་གྱིས་བརླབ་པར་བྱའོ། །ཡན་ལག་ཐམས་ཅད་བྱུང་བའི་ཕྱག་རྒྱ་དང་། གསང་སྔགས་ཀྱིས་ནི་ཡན་ལག་ཐམས་ཅད་བྱིན་གྱིས་བརླབ་པར་བྱའོ། །གསང་བ་པའི་བདག་པོ་དེ་ལ་པདྨའི་ཕྱག་རྒྱ་འབྱུང་སྟེ། ལག་པ་གཉིས་གཅིག་ཏུ་སྦྱར་ལ་མཁྲིག་མ་ནས་


DKG086_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

བཀྱེད་དེ་སོར་མོ་ཐམས་ཅད་མགོ་མཉམ་པར་བརྐྱང་ངོ་། །ཕྱག་རྒྱ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གདན་ཡིན་ཏེ་དམ་པ་མཐུ་ཆེན་པོའོ། །གསང་སྔགས་འདི་ནི་ངོ་མཚར་ཆེ་བ་ཐམས་ཅད་ཀྱི་སྒོ་སྟེ། ན་མཿས་མནྟ་བུདྡྷཱ་ནཱན། ག་ག་ནཱ་མ་ལ་པྲ་བྷཱ་བཛྲཱ་བྷེ་དྱ་ནཱ་མ་ཧ་ཀྲྀ་པཱཏྨ་ཀཿ། དེ་ལ་འདི་དག་ནི་རྡོ་རྗེའི་ཚིག་མཉམ་པ་མེད་པའོ། །ཨ་ཏི་བིསྨ་ཡ་མ་ཧཱ་ཀྲྀ་པཱཏྨ་ཛཿཧཱུྃ། ལག་པ་གཉིས་བསྣོལ་ཏེ་རྒྱབ་སྦྱར་ལ་སོར་མོ་རྣམས་ཕན་ཚུན་སླས་པའི་ཚུལ་དུ་བསྣོལ་ཏེ། གཡོན་པའི་མཐེ་བོ་རྒྱབ་ཏུ་བཟློག་ལ་གཡས་པའི་མཐེ་བོས་སེན་མོ་ལ་སྦྱར་རོ། །རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། །ཆོས་ཀྱི་འཁོར་ལོ་ཞེས་སུ་བསྒྲགས། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །འཁོར་ལོ་དམ་པ་འདི་བསྐོར་རོ། །ན་མཿས་མནྟ་བུདྡྷཱ་ནཱན། ཏ་ཐཱ་ག་ཏ་ཨ་མྲྀ་ཏེ་བི་ཛ་ཡ་བརྞ་ན་སརྦྦ་ཛ་ཡ་ག་ཏ་དྷརྠ་ཀཱ་རི་མ་ཧཱ་ཀྲྀ་པེ་ཧཱུྃ་ཧཾ་ཏྲ་ཧི་མ་ཧཱད་བྷཱུ་ཏེ་ཧཱུྃ། གསང་བའི་ཕྱག་རྒྱ་ལས་མཐེ་བོ་གཉིས་ལག་མཐིལ་དུ་བཅུག་ལ། མཛུབ་མོ་གཉིས་ཀྱིས་རྩ་བ་དཀྲིས་ཏེ་ལྷག་མ་རྣམས་སོ་ན་གཞག་ལ་བསྒྲེང་ངོ་། །འཇིག་རྟེན་མགོན་པོ་སྐྱོབ་རྣམས་ཀྱིས། །ཕྱག་རྒྱ་སེམས་ཅན་ཐམས་ཅད་ཀྱི། །དོན་རྣམས་རྟག་ཏུ་མྱུར་བྱེད་འདི། །ཆོས་ཀྱི་དུང་ཞེས་རྣམ་པར་གྲགས། །ན་མཿས་མནྟ་བུདྡྷཱ་ནཱན། ཏྱ་ད་དྷྭ་བྷ་ག་བ་ཏི་པྲ་ཏིཥྛཱ་ཏེ། ཨ་ནནྟ་རུ་ས་ར་བི་ནིར་གྷོ་ཥྃ། སརྦ་ཏ་ཐཱ་ག་ཏ་བཱཀ་པྲ་ས་ར་བིསྨ་ཡ་ཀ་དྷ་ར་མ་ཧཱ་དྷ་ར་མ་ཧཱ་དྷ་ར་མཥྐ་སརྦྦ་སཏྭ་སནྟོ་ཤ་ནཱ་རཱ་མ་ཧཱ་མ་ཧཱ་ཧཱུྃ། གང་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བཀུག་སྟེ་མཐེ་བོའི་སེན་མོའི་སྟེང་དུ་རལ་གྲིའི་ཚུལ་དུ་གཟུང་ངོ་། །ཕྱག་རྒྱ་རབ་ཏུ་མཐུ་ཆེན་འདི། །རལ་གྲིའི་ཕྱག་རྒྱར་རྣམ་པར་གྲགས། །སེམས་ཅན་ཀུན་གྱི་འཇིགས་ཚོགས་ལྟ། ། ལྷན་ཅིག་སྐྱེས་པའང་གཅོད་པ་ཡིན། །ན་མཿས་མནྟ་བུདྡྷཱ་ནཱན། ཨ་མ་ཧཱ་ཁཌྒ་པྲཛྙཱ་ཏེ་ཛི་ཏ་སཏ་ཀཱ་ཡ་དྲྀཥྚི་ཙྪིནྡ་ན་ཀཱ་ར། ཏ་ཐཱ་ག་ཏཱ་དྷི་མུཀྟི་ནིར་ཛཱ་ཏ་བི་དྷུ་ཏ་སྃ་ཀལྤ་མ་ཧཱ་མ་ཧཱ་ཧཱུྃ་ཛཿ། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཕྱི་རོལ་དུ་བརྐྱང་སྟེ། གུང་མོ་


DKG086_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཚིགས་གསུམ་པར་ནས་གང་ཙམ་གྱིས་མ་རེག་པར་བཟུང་ལ། རྡོ་རྗེ་ལྟ་བུར་བྱས་ཏེ་མཐེ་བོ་དང་སྲིན་ལག་དང་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ །སངས་རྒྱས་འཇིག་རྟེན་མགོན་པོ་ཡི། །ཕྱག་རྒྱ་རབ་ཏུ་བསྒྲགས་པ་འདི། །མི་ཤེས་གྲོང་ཁྱེར་འཇིག་པ་ཡི། །རྡོ་རྗེའི་ཕྱག་རྒྱར་རྣམ་པར་གྲགས། །དེའི་གསང་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱན། མ་ཧཱ་བིསྨ་ཡ་ཏེ་ཛོད་བྷ་བ་མ་ཧཱ་ཙཎྜ་དུར་དན་ཏཱ་ཏྲ་བྷཉྫ་ཧཱ། རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་ངོས་སུ་གཙུག་ཏོར་ལྟ་བུར་གཟུང་ངོ་། །འདི་ནི་གཙུག་ཏོར་ཕྱག་རྒྱ་སྟེ། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིན། །གང་གིས་ཕྱག་རྒྱ་འདི་བཅིངས་པ། །དེ་ལ་འདི་ནི་གཙུག་ཏོར་འགྱུར། །དེའི་གསང་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱན། སརྦྦ་ཏྲ་ཨ་པྲ་ཏི་ཧ་ཏ་བྷ་བ་ཏི་དྷརྨྨ་ཏཱ་བ་ལི་ནཱན། སརྦྦ་ཏ་ཐཱ་ག་ཏ་ནོ་དུ་དྷརྱ་བ་ཤ་ཡ། མ་ཧཱ་བུདྷཱ་སརྦྦ་ཏ་ཐཱ་ག་ཏ། ཨ་དྷིཥྛཱ་ན་ཨ་དྷིཥྛཱ་ཏེ་སྥུ་ར་མ་ཧཱ་མ་ཧོཥྞཱི་ཥ་སྭཱ་ཧཱ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ་སྨིན་མཚམས་སུ་གཟུང་ངོ་། །རྒྱ་འདི་རྒྱལ་བ་མཆོག་རྣམས་ཀྱི། །མཛོད་སྤུར་རྟག་ཏུ་རྣམ་པར་བསྒྲགས། །དེའི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱན། ཨ་ཤི་ཁེན་དུ་བ་མ་པྲ་བྷ་སརྦྦ་སཏྭ་ཀླེ་ཤ་སནྟ་པ་པྲ་ཤ་མ་ནཱ་ག་ར་མ་ཧཱ་ཏི་དྷ་ར། སརྦྦ་ཏ་ཐཱ་ག་ཏ་ཨ་ལྃ་ཀཱ་ར་མ་ཧཱ་པུ་རུ་ཥ་རཱུ་པ་དྷ་ར་ཀ་ཀོ་ཏི་ག་ཏ་སྭཱ་ཧཱ། གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་སངས་རྒྱས་ཀྱི་བྱ་བ་ལ་ཉེ་བར་གནས་པ་དེ་གང་ཡིན་པ་དེ་དག་ནི་གསང་སྔགས་དང་ཕྱག་རྒྱ་འདི་དག་ཡིན་ནོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའ་གསང་སྔགས་དང་ཕྱག་རྒྱ་འདི་དག་གིས་བྱིན་གྱིས་བརླབས་པ་རྣམས་ནི་ཡིད་བཞིན་གྱི་ནོར་བུ་གཟུགས་སྣ་ཚོགས་པ་དང་འདྲ་བའི་ལུས་རྣམས་ཀྱིས་སེམས་ཅན་གྱི་ཁམས་རྣམས་སུ་སེམས་ཅན་གདུལ་བའི་དབང་གིས་ཇི་ལྟར་རྗེས་སུ་མཐུན་པའི་ལུས་རྣམས་སྟོན་


DKG086_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་བའི་སྙིང་པོའི་དཀྱིལ་འཁོར་ལ་སྡོམ་པ་གང་དང་ལྡན་ན་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལུས་དང་ངག་དང་ཡིད་བསྡམས་ཤིང་སྤྱོད་པར་འགྱུར་བའི་སྡོམ་པ་དང་བྱང་ཆུབ་ཀྱི་སེམས་ཡོད་དོ། །གསང་བ་པའི་བདག་པོ་དེ་ལ་སྡོམ་པ་གང་ཞེ་ན། བསྡམ་པ་ནི་སྡོམ་པ་སྟེ་ལུས་དང་ངག་དང་ཡིད་རྣམས་བསྡུས་ཤིང་ཡོངས་སུ་བསྡུས་པ་ཕྱི་དང་ནང་གི་སྡུག་བསྔལ་སེལ་བར་འགྱུར་བ་དེ་ནི་སྡོམ་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་སྡོམ་པ་ཅི་ལྟར་གཟུང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་འདི་ལ་སློབ་དཔོན་གྱིས་ལྷ་སྤྱན་དྲང་བ་བྱས་ལ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཀླགས་ཏེ། དཀྱིལ་འཁོར་ལ་ཕྱོགས་ཏེ་དེར་འདུག་ལ་སློབ་མ་རྣམས་ལ་བོས་ཏེ་འདི་སྐད་དུ་བུ་དུས་གསུམ་དུ་སྒྲིབ་པ་མེད་པར་གནས་པ། དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་ནོས་ཤིག་ཅེས་བསྒོ་བར་བྱའོ། །དེས་ཀྱང་ཐལ་མོ་སྦྱར་པུས་མོ་བཙུགས་ཏེ་འདི་སྐད་དུ་སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དེང་གི་དུས་འདི་ནས་བཟུང་སྟེ། ནམ་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་སློབ་དཔོན་གྱིས་བདག་ལ་དམ་ཚིག་ཆེན་པོ་ལ་འཇུག་པའི་སྡོམ་པ་སྩལ་དུ་གསོལ། སྟོན་པའི་བཀའ་སྤྱི་བོས་ནོད་པར་འཚལ་ལོ་ཞེས་སྨྲ་བར་བྱའོ། །དེ་ནས་སློབ་དཔོན་གྱིས་ཀྱང་འདི་སྐད་དུ་རིགས་ཀྱི་བུ་དགོངས་ཤིག །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་པ་ཁྱོད་ཀྱིས་བྱང་ཆུབ་ཀྱི་སྙིང་པོ་ལ་


DKG086_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་གི་བར་དུ་ལྷག་པའི་བསམ་པས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བདག་དབུལ་བར་བྱའོ། །གསང་བ་པའི་བདག་པོ་འདི་ནི་དམ་ཚིག་ཆེན་པོ་ལ་འཇུག་པ་ཞེས་བྱ་བའི་སྡོམ་པ་ཡིན་ཏེ། སྡོམ་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ནི་ཚུལ་ཁྲིམས་ཤིན་ཏུ་བསྡམས་ཤིང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་བླ་ན་མེད་པ་ལ་རབ་ཏུ་གནས་པ་ཡིན་ནོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པའི་སྒོ་འདི་ལ་སློབ་པར་འདོད་པའི་བྱང་ཆུབ་སེམས་དཔས་དམ་ཚིག་ཆེན་པོ་ལ་འཇུག་པ་འདི་ལ་མངོན་པར་བརྩོན་པར་བྱའོ། །གསང་བ་པའི་བདག་པོ་བྱང་ཆུབ་སེམས་དཔའ་སེམས་གང་དང་ལྡན་ན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་ཤིང་འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་རབ་ཏུ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཉོན་ཅིག །དེ་ནས་བཅོམ་ལྡན་འདས་ལ་ཕྱག་ན་རྡོ་རྗེས་འདི་སྐད་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་བྱང་ཆུབ་ཀྱི་སེམས་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་དེ་ལ་བྱང་ཆུབ་གང་ཞེ་ན། བྱང་ཆུབ་ནི་ནམ་མཁའི་ངོ་བོ་ཉིད་དོ། །ནམ་མཁའ་ཡང་གཟུགས་མེད་བསྟན་དུ་མེད་གཟུང་དུ་མེད་པའོ། །བྱང་ཆུབ་ཀྱི་མཚན་ཉིད་གང་ཡིན་པ་སེམས་ཀྱི་མཚན་ཉིད་ཀྱང་དེ་ཡིན་ནོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་སེམས་དང་ནམ་མཁའ་དང་བྱང་ཆུབ་འདི་དག་ནི་གཉིས་སུ་མེད་དོ། །འདི་ལ་ཆོས་རྣམས་མཉམ་པ་ཉིད་དུ་རྟོགས་པ་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་པ་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡིན་ནོ། །དེ་ལ་མི་སྐྱེ་བའི་ཚུལ་དང་མི་དམིགས་པའི་ཚུལ་གྱིས་


DKG086_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་སྐྱེ་བ་གང་ཡིན་པ་དེ་ནི། གསང་བ་པའི་བདག་པོ་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །གསང་བ་པའི་བདག་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་གནས་ཀྱི་གཞི་ལྔས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་ཏེ། ལྔ་གང་ཞེ་ན། གསང་བ་པའི་བདག་པོ་འདི་ལ་བྱང་ཆུབ་སེམས་དཔའ་རྣམས་དངོས་པོ་ཐམས་ཅད་དང་བྲལ་བར་མངོན་པར་རྟོགས་པར་འགྱུར་རོ། །ཁ་ཅིག་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་སྟོང་པ་སྒྱུ་མ་ལྟ་བུར་མངོན་པར་རྟོགས་པར་འགྱུར་རོ། །ཁ་ཅིག་ནི་ཆོས་ལ་དམིགས་པས་སོ། །གསང་བ་པའི་བདག་པོ་འོན་ཀྱང་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས། འདི་ལྟར་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་ཐོག་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་རྟོགས་པར་བྱའོ། །གསང་བ་པའི་བདག་པོ་དེ་ལ་དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པས་འདི་ལ་བདག་གམ། སེམས་ཅན་ནམ། སྐྱེ་བའམ། ཤེད་ལས་སྐྱེས་པ་ཡོད་པ་མ་ཡིན་གྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཙམ་དུ་ཟད་དོ་ཞེས་འཇིག་རྟེན་པའི་ལམ་ཡོངས་སུ་སྤང་བར་བསྟན་པ་ཡིན་ནོ། །ཕུང་པོ་ཁམས་དང་། སྐྱེ་མཆེད་དང་། གཟུང་བ་དང་། འཛིན་པ་རྣམ་པར་སྤངས་པ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ལམ་མངོན་པར་རྟོགས་པ་ཡོངས་སུ་ཤེས་པའི་སྒོ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་རྣམ་པར་གཞག་པ་ཡིན་ནོ། །ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་ནི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་རང་གི་སེམས་ཐོག་མ་ནས་མ་སྐྱེས་པར་མཐོང་ཞིང་སྟོང་པ་ཉིད་ཀྱི་


DKG086_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་བོ་ཉིད་རྫས་མེད་པ་མཚན་ཉིད་མེད་པར་མངོན་པར་རྟོགས་པར་འགྱུར་རོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན། བྱང་ཆུབ་སེམས་དཔས་གནས་མེད་པ་སྒྲིབ་པ་མེད་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་སེམས་བསྐྱེད་པར་བྱའོ། ། གསང་བ་པའི་བདག་པོ་རྣམ་གྲངས་འདིས་ཀྱང་འདི་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གསང་སྔགས་སྤྱད་པའི་ཚུལ་སྒྲུབ་པ་རྣམ་པར་ཐར་པའི་སྒོ་མ་གཏོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཕན་འདོགས་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་བསྐལ་པ་དུ་མར་འབད་ཅིང་བཙལ་ཏེ། གཏང་དཀའ་བ་རྣམས་ཀྱང་བྱས་པས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཚེ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་ཚེ་ཞེས་བྱ་བ་དེ་ནི་དེ་བཞིན་གཤེགས་པས་སྐྱེ་བ་ལ་འདུ་ཤེས་སུ་བྱ་བར་ཟད་དོ། །བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་འདུ་ཤེས་དེ་ཡང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པའི་ཏིང་ངེ་འཛིན་ཐོབ་པའི་སྔོན་རོལ་ཉིད་དུ་འགགས་པའི་ཕྱིར་རོ། །དེ་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། གསང་བ་པའི་བདག་པོ་གསང་བའི་སྙིང་པོའི་དཀྱིལ་འཁོར་དང་། ཕྱག་རྒྱའི་དམ་ཚིག་འདི་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་ཆོས་ལྔ་རྒྱང་རིང་དུ་སྤང་བར་བྱའོ། ། ལྔ་གང་ཞེ་ན། སེར་སྣ་དང་སེམས་ཅན་ལ་གནོད་པ་དང་། ཐེ་ཙོམ་དང་ལེ་ལོ་དང་གསང་སྔགས་ལ་སོགས་པ་ལ་མ་གུས་པ་སྟེ། གསང་བ་པའི་བདག་པོ་ཆོས་འདི་ལྔ་ནི་བྱང་ཆུབ་སེམས་དཔའ་ཚེ་འདི་ཉིད་ལ་འཇིག་རྟེན་ལས་འདས་པའི་ལམ་དུ་འཇུག་པར་


DKG086_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་རྣམས་ཀྱིས་རྒྱང་རིང་དུ་སྤང་བར་བྱའོ། །གསང་བ་པའི་བདག་པོ་ཆོས་འདི་རྣམས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་ལ། བྱང་ཆུབ་ཀྱི་སྤྱད་པ་ཅུང་ཟད་ཀྱང་ཡོངས་སུ་རྫོགས་པར་ང་མི་སྨྲའོ། །གསང་བ་པའི་བདག་པོ། དེ་ཅིའི་ཕྱིར་ཞེ་ན། ཆོས་འདི་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བར་དུ་གཅོད་པ་ཆེན་པོའོ། །དེ་ནས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གསང་བའི་སྙིང་པོ་འདིའི་དམ་ཚིག་ལ་གནས་པར་གྱུར་པ་དེའི་བསོད་ནམས་ཅི་ཙམ་ཞིག་འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གསང་བ་པའི་བདག་པོ་ནམ་མཁའི་དབྱིངས་ཀྱི་མཐའ་རྟོགས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས་ནམ་མཁའི་དབྱིངས་ཀྱི་ཚད་མ་མཆིས་པས་དེའི་ཚད་གཟུང་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་མཁའི་དབྱིངས་ཀྱི་མཐའ་ནི་རྟོགས་པར་ནུས་ཀྱང་སྲིད་ཀྱི་གསང་བའི་སྙིང་པོའི་དཀྱིལ་འཁོར་དུ་དམ་ཚིག་མཐོང་བའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའི་བསོད་ནམས་མངོན་པར་འདུས་བྱས་པ་གང་ཡིན་པའི་བསོད་ནམས་དེའི་ཚད་ནི་རྟོགས་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གསང་བ་པའི་བདག་པོ་དཀྱིལ་འཁོར་འདི་ནི་སངས་རྒྱས་འབྱུང་བ་མཐོང་ངོ་། །གསང་བ་པའི་བདག་པོ་དཀྱིལ་འཁོར་ཞེས་བྱ་བ་ནི། སྙིང་པོ་གཙོ་བོ་སྙིང་པོ་ཐམས་ཅད་ཀྱི་མཐར་ཕྱིན་པ་སྟེ་དེའི་གོང་ན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མེད་དོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་གནས་སུ་གྱུར་པ་སྐྱབས་སུ་གྱུར་པའོ། །གསང་བ་པའི་བདག་པོ་དེ་ལྟ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དཀྱིལ་འཁོར་དང་ཕྱག་རྒྱ་དང་དམ་ཚིག་འདི་ལ་འཇུག་པར་འདོད་པས། དཀྱིལ་འཁོར་དང་ཕྱག་རྒྱ་དང་དམ་ཚིག་ལ་འཇུག་


DKG086_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐོབ་པར་འགྱུར་བ་གང་ན་བ་དེར་འཇིག་རྟེན་གྱི་ཁམས་མེ་མ་མུར་གྱིས་ཡོངས་སུ་གང་བ་ལ་ཡང་རྐང་པ་གཉིས་ཀྱིས་འབོགས་ཏེ་འགྲོ་བར་བྱའོ། །བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་རྣམས་ལ་ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་དགེ་བའི་བཤེས་གཉེན་གྱི་འདུ་ཤེས་དང་། ཕ་མའི་འདུ་ཤེས་དང་མཁན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་དེ་དག་ལ་ནི་བདག་གི་ཤ་དང་ཁྲག་གིས་མཆོད་ན་ཡང་ལན་ལོན་པར་མི་འགྱུར་ན་མཆོད་པ་གཞན་གྱིས་ལྟ་ག་ལ་ནུས། གསང་བ་པའི་བདག་པོ་གང་ལ་བརྟེན་ནས་སེམས་ཅན་དམྱལ་བའི་རྒྱུན་ཆད་པར་འགྱུར་ཞིང་དུད་འགྲོའི་སྐྱེ་གནས་སུ་འགྲོ་བ་དང་། གཤིན་རྗེའི་འཇིག་རྟེན་པའི་ཕུང་པོ་མེད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོ་ནས་ཀྱང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ལ་ཅི་ལྟར་ལན་ལྡོན་པར་འགྱུར། བྱང་ཆུབ་སེམས་དཔའ་དེ་དག་ནི་མི་མཉམ་པ་དང་མཉམ་པ་ལ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་དུ་བརླབས་པ་ནམ་མཁའ་ལྟར་གནས་མེད་པའི་སྤྱོད་ཡུལ་ཅན་ཡིན་པར་རིག་པར་བྱའོ། །གསང་བ་པའི་བདག་པོ་ངས་ཁྱོད་ལ་བསྒོ་བར་བྱའོ། །ཤེས་པར་བྱའོ། །མ་འོངས་པའི་དུས་ན་མི་བླུན་པོ་དམིགས་པ་ཅན་ལ་ལྟ་བ་འཇིག་ཚོགས་ལ་ལྟ་བ་མངོན་པར་ཞེན་པ་བློ་ཕྱིན་ཅི་ལོག་ཏུ་གྱུར་པ་བདག་གི་སེམས་ཀྱི་གནས་གཏན་ལ་མ་ཕེབས་པ་རྣམས་རྣམ་པར་འཁྲུལ་ནས་འདི་སྐད་དུ། འདི་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་གྱི་འདི་དག་ནི་རང་བཟོ་ཅན་གྱིས་རང་བཟོར་བྱས་པ་ཡིན་ནོ་ཞེས་ཟེར་བ་དག་འབྱུང་བར་འགྱུར་རོ། །གསང་བ་པའི་བདག་པོ་མི་བླུན་པོ་དེ་དག་ནི་འགྲོ་བ་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོའོ། །གསང་བ་པའི་བདག་པོ་དེ་དག་ལ་དགེ་བའི་རྩ་བའི་རྒྱུ་ཅུང་ཟད་ཀྱང་ཡོད་པར་ང་མེ་


DKG086_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ནི་རྩ་བ་ཚད་པར་བྱེད་པ་ལ་ཞུགས་པ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ལ་བར་དུ་གཅོད་པར་བྱེད་པ་བདུད་ཀྱིས་ཟིལ་གྱིས་ནོན་པ་ཤེས་རབ་འཆལ་པའི་རང་བཞིན་ཅན་ཐེག་པ་ཆེན་པོ་ལ་གོམས་པར་མ་བྱས་པ་ཉན་ཐོས་ཀྱི་ཐེག་པ་ལ་སྙིང་པོར་འདུ་ཤེས་པ་རྣམས་འབྱུང་བར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་མངོན་པར་བརྩོན་པར་འགྱུར་བ་དེ་དག་ལ་ཚུལ་ཁྲིམས་འཆལ་པ་སྡིག་པའི་ཆོས་སྤྱོད་པ་དེ་དག་ལ་སངས་རྒྱས་ཀྱི་བྱང་