Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་བརྒྱད་པ།


   
   
   
   
   
   
   
   
   
འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས།next

འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས།


DKG088_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་པུཥྤ་ཀཱུ་ཊ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཚོ་ཆེན་པོ་མ་དྲོས་པ་ན། ཀླུའི་རྒྱལ་པོ་མ་དྲོས་


DKG088_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཁང་པ་ན། དགེ་སློང་ལྔ་བརྒྱའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་ཚོགས་ཆེན་པོ་འཇིག་རྟེན་གྱི་ཁམས་གཞན་དང་གཞན་དག་ནས་འདུས་པ། བྱང་ཆུབ་སེམས་དཔའ་སྟོང་དུ་ཚང་བ་ཐམས་ཅད་ཀྱང་གཟུངས་ཐོབ་པ། ཏིང་ངེ་འཛིན་ཐོབ་པ། སྐྱེ་བ་གཅིག་གིས་ཐོགས་པ། ས་བཅུ་ལ་རབ་ཏུ་གནས་པ། དེ་མ་ཐག་ཏུ་རྒྱལ་ཚབ་ཏུ་དབང་བསྐུར་བས་དབང་བསྐུར་བ། གོ་ཆ་ཆེན་པོ་བགོས་པ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ལ་ཐེ་ཙོམ་མེད་པ་ཤ་སྟག་དང་ཡང་ཐབས་ཅིག་གོ། །དེའི་ཚེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱིས་ན་དེའི་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི་ན་དེའི་བསོད་ནམས་ཇི་སྙེད་ཅིག་སྐྱེད་པར་འགྱུར་ཞེས་སེང་གེ་རྣམ་པར་རྩེ་ཁྱོད་དེ་སྐད་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་ཚུལ་ཁྲིམས་དཔག་ཏུ་མེད་པ། ཏིང་ངེ་འཛིན་དཔག་ཏུ་མེད་པ། ཤེས་རབ་དཔག་ཏུ་མེད་པ། རྣམ་པར་གྲོལ་བ་དཔག་ཏུ་མེད་པ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དཔག་ཏུ་མེད་པ་སྟེ། སེང་གེ་རྣམ་པར་རྩེ་བ་གང་གི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་


DKG088_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་སྨིན་པ་དེ་ཡང་དཔག་ཏུ་མེད་པར་ཤེས་པར་བྱའོ། །སེང་གེ་རྣམ་པར་རྩེ་བ་གང་ལ་ལ་དག་དེ་བཞིན་གཤེགས་པ་བཞུགས་ཀྱང་རུང་། ཡོངས་སུ་མྱ་ངན་ལས་འདས་ཀྱང་རུང་སྟེ། མཆོད་པ་བྱེད་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། །ཐེག་པ་ཆེན་པོའམ། ཐེག་པ་གསུམ་ལས་ཐེག་པ་གཅིག་གིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །སེང་གེ་རྣམ་པར་རྩེ་ཡང་གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ནས་སེམས་དང་བར་གྱུར་ལ། དད་པའི་སེམས་ཀྱིས་རྙེད་པ་དང་། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང་། སྙུན་གྱི་གསོས་སྨན་དང་། ཡོ་བྱད་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བསྟི་སྟང་དུ་བྱས་ཤིང་། རི་མོར་བྱས་ཏེ་མཆོད་ཅིང་རྗེད་ལ། རིམ་གྲོར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་གྱི་མཆོད་རྟེན་ལ་མཆོད་པ་བྱས་པའི་རྣམ་པར་སྨིན་པ་ནི་མཉམ་པར་ཤེས་པར་བྱ་སྟེ། བྱེ་བྲག་གམ་ཐ་དད་དུ་བྱ་བ་མེད་དོ། །སེང་གེ་རྣམ་པར་རྩེ་བ་བྱང་ཆུབ་སེམས་དཔའ་ཁྱིམ་པ་གང་ཞིག་གིས་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་འབུལ་བར་ཕུལ་བ་བས་བྱང་ཆུབ་སེམས་དཔའ་གང་རབ་ཏུ་བྱུང་ནས་ཀཱཪྵཱ་པ་ཎ་གཅིག་ཙམ་དབུལ་བར་ཕུལ་ལ། ཕུལ་ནས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དགེ་བའི་རྩ་བ་སྔ་མ་དེས་དགེ་བའི་རྩ་བ་ཕྱི་མའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང་། འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། བསྐྲུན་པ་དང་། རྒྱུར་ཡང་ཉེ་བར་མི་འགྲོ་བ་ནས་དཔེའི་བར་དུ་ཡང་མི་བཟོད་དོ། །སེང་གེ་རྣམ་པར་རྩེ་བ་གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལོ་གཅིག་གམ། ལོ་བརྒྱའམ། ལོ་སྟོང་ཡང་རུང་སྟེ། བདེ་བའི་ཡོ་བྱད་ཐམས་


DKG088_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱིས་བསྙེན་བཀུར་བྱས་པ་དང་། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཡང་དག་པར་ཟིན་པས་དེ་བཞིན་གཤེགས་པ་མཆོད་པའི་ཕྱིར་མེ་ཏོག་འགའ་འབུལ་ལམ། ཆུ་སྙིམ་པ་གང་ཙམ་འཐོར་རམ། བྱུག་པའི་ཐིག་ལེ་འདྲིའམ། མེ་ཏོག་གི་ཉལ་ཉིལ་འཕྱག་གམ། བྱུག་པ་འབུལ་ལམ། སྤོས་འབུལ་ལམ། མེ་ཏོག་འབུལ་ལམ། བདུག་སྤོས་འབུལ་ལམ། ཕྲེང་བ་འབུལ་ལམ། རོལ་མོའི་སིལ་སྙན་འབུལ་ལམ། གདུགས་འབུལ་ལམ། དྲིལ་བུ་འབུལ་ལམ། དཔྱང་བ་འབུལ་ལམ། རྒྱལ་མཚན་འབུལ་ལམ། བ་དན་འབུལ་ལམ། དར་འབུལ་ལམ། མར་མེ་འབུལ་ཞིང་། ཕུལ་ནས་དགའ་བའི་སེམས་ཀྱིས་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་འཚལ་ལོ་ཞེས་སྨྲ་བ་དེ་དག་ནི། སེང་གེ་རྣམ་པར་རྩེ་བསྐལ་པར་རམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་དུའམ། བསྐལ་པ་འབུམ་དུ་ཡང་ངན་འགྲོ་ལོག་པར་ལྟུང་བར་འགྲོ་བར་འགྱུར་བ་དེའི་གནས་མེད་དེ། འདི་ལ་དོགས་པའམ། ཡིད་གཉིས་སམ། ཐེ་ཙོམ་ཟ་བར་མི་བྱའོ། ། སེང་གེ་རྣམ་པར་རྩེ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་ཡོད་ཀྱིས་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། ལྷ་དང་། མིའི་སྐྱེ་བོ་ཕལ་པོ་ཆེའི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་དེ་བཤད་པར་བྱའོ། །སེང་གེ་རྣམ་པར་རྩེ་གང་ལ་ལ་ཞིག་མེ་ཏོག་བརྩེགས་པའི་གཟུངས་འདི་འཛིན་ཏམ། འཆང་ངམ། ཀློག་གམ། ཡིད་ལ་བྱེད་དམ། ཀུན་ཆུབ་པར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་འཆད་པ་དེ་རྟག་ཏུ་ཚེ་རབས་དྲན་པར་འགྱུར། དེ་ངན་འགྲོ་ལོག་པར་ལྟུང་བར་མི་འགྱུར། དལ་བ་རྙེད་པར་འགྱུར། ནམ་དུ་ཡང་དཀོན་མཆོག་གསུམ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་དེ་བཞིན་གཤེགས་པ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་སེམས་


DKG088_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་འགྱུར། ནམ་དུ་ཡང་དབང་པོ་མ་ཚང་བར་མི་འགྱུར། ནམ་དུ་ཡང་རིགས་དམའ་བར་སྐྱེ་བར་མི་འགྱུར། སྤོབས་པ་སྣ་ཚོགས་ཟབ་མོ་ཕུན་སུམ་ཚོགས་པར་འགྱུར། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བར་འགྱུར་རོ། །ཏདྱ་ཐཱ། དྷཱ་ར་ཎཱི། དྷཱ་ར་ཎཱི། མུ་ནི་པྲ་བྷཱ་སྭ་རེ། སིདྡྷི་ཙཎྜེ་ནཱ་མ་ཙི་ནི་ཧེ་རི་ཨ་རོ་ག་བ་ཏི། བུདྡྷ་མ་ཏི་དྷརྱེ། ཨོཾ་ཀ་རེ་ཏེ་ག་ག་ར་ཏེ། ཏེ་ཛོ་བ་ཏི། པི་པུ་ལ་བུདྡྷེ། དྷརྨ་ཨ་བ་བྷཱ་སེ། ཨ་ཀྵ་ཡ་ཀལྤེ། ཀལྤ་བ་ཏི། ཨ་མྲྀ་ཏ་ཀལྤེ་ཧུ་ཏཱ་ཤ་ནེ། ཏེ་ཛོ་བ་ཏི། ནི་ཪྱ་སཾ་ཧཱི་ཏེ། ཏེ་ཛོ་གྲ་བཱ་ཏིཥྛི་ན་དྲ་ཡེ། ཏིཥྛི་ན་དྲ་ཡེ་བུནྡྷི་སྭཱ་ཧཱ། སེང་གེ་རྣམ་པར་རྩེ་གང་ལ་ལ་ཞིག་གིས་མེ་ཏོག་བརྩེགས་པའི་གཟུངས་འདིའི་མིང་དང་ཡི་གེ་དང་། ཚིག་མཐའ་དག་ཤེས་ཏེ། ཀུན་ཆུབ་པར་བྱེད་པ་དེ་དཔྱིད་ཟླ་ཐ་ཆུངས་དང་། དབྱར་ཟླ་ར་བ་དང་། སྟོན་ཟླ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་བརྒྱད་ནས་བཟུང་ལ་བཅོ་ལྔའི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱ་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་བསམ་ཞིང་། དེ་བཞིན་གཤེགས་པ་རྩེ་གཅིག་ཏུ་ཡིད་ལ་བྱས་ལ། བཅོམ་ལྡན་འདས་ལ་སྤོས་དང་། མེ་ཏོག་དང་། མར་མེ་དང་། བདུག་སྤོས་ཀྱིས་མཆོད་ན་སངས་རྒྱས་བཅོམ་ལྡན་འདས་པདྨའི་སྙིང་པོའི་སེང་གེའི་ཁྲི་ལ་བཞུགས་ཤིང་ཆོས་ཀྱང་སྟོན་པ་བཅོ་ལྔ་མཐོང་བར་འགྱུར་རོ། །གཟུངས་རབ་ཏུ་ཐོབ་པར་འགྱུར། དྲན་པ་དང་ལྡན་པར་འགྱུར།བློ་གྲོས་དང་ལྡན་པར་འགྱུར། རྟོགས་པ་དང་ལྡན་པར་འགྱུར། བློ་དང་ལྡན་པར་འགྱུར། ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །ཐོས་པ་ཐམས་ཅད་དང་། བསྟན་བཅོས་ཐམས་ཅད་དང་། བཟོ་ཐམས་ཅད་དང་། ལས་ཐམས་ཅད་རབ་ཏུ་ཤེས་པར་འགྱུར། ཏིང་ངེ་འཛིན་ཐམས་ཅད་ཀྱང་དེའི་སེམས་ལས་རྣམ་པར་དག་པར་འགྱུར་ཏེ། འཕགས་པའི་བདེན་པ་བཞི་ནི་མ་གཏོགས་སོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ནི་ཟག་པ་མེད་


DKG088_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཏོགས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེ་རྣམ་པར་རྩེ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། དགེ་སློང་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།


previousའཕགས་པ་མེ་ཏོག་བརྩེགས་པ་ཞེས་བྱ་བའི་གཟུངས།next