Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད།


 
previousའཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད།no next

འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད།


DKG088_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མཉྫུ་ཤྲཱི་མཱུ་ལ་ཏནྟྲ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གནས་གཙང་མའི་སྟེང་གི་ནམ་མཁའི་དཀྱིལ་ན། བྱང་ཆུབ་སེམས་དཔའ་འདུས་པའི་འཁོར་གྱི་ཚོགས་སོ་སོ་ཐ་དད་པ་བསམ་གྱིས་མི་ཁྱབ་པ་ངོ་མཚར་རྨད་དུ་བྱུང་བ། སོ་སོར་རབ་ཏུ་གནས་པ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ལ་བཀའ་སྩལ་པ། ལྷའི་བུ་དག་ཁྱེད་ཅག་ཉོན་ཅིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་ཆོ་འཕྲུལ་གྱི་སྤྱོད་པ་བསམ་གྱིས་མི་ཁྱབ་པ་ངོ་མཚར་རྨད་དུ་བྱུང་བའི་ཏིང་ངེ་འཛིན་གྱི་བྱེ་བྲག་དང་། རྫུ་འཕྲུལ་དང་། རྣམ་པར་ཐར་པའི་དཀྱིལ་འཁོར་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཉེ་བར་འཚོ་བ། ཚེ་དང་ནད་མེད་པ་དང་དབང་ཕྱུག་དང་། ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའི་སྔགས་ཀྱི་གཞི་དག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཤད་པར་བྱ་སྟེ། དེ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་པར་བྱའོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་གིས་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཏིང་ངེ་འཛིན་གྱི་ཁྱད་པར་དང་། ས་ཆེན་པོ་ཐོབ་པར་བྱ་བ་དང་། རྡོ་རྗེའི་གདན་གནོན་པ་དང་། བདུད་གདུལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ངེས་པར་འབྱུང་བ་དང་། ལྷ་རྣམས་དང་མི་རྣམས་སུ་སྐྱེ་བར་བྱ་བ་དང་། སྡུག་བསྔལ་དང་། དབུལ་བ་དང་། ནད་ཐམས་ཅད་ཞི་བར་བྱེད་པ། ལོངས་སྤྱོད་ཀྱིས་ཕྱུག་པ་འདྲེན་པར་བྱེད་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཀྱི་སྤྱོད་པས་ཕོངས་པར་མི་བྱེད་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་འབྲས་བུ་མེད་པར་བྱེད་པ་མ་ཡིན་པ། བཅོམ་ལྡན་འདས་ཀྱིས་བྱམས་པའི་ཐུགས་དང་། ཕན་པའི་ཐུགས་དང་བདག་དང་སེམས་ཅན་ཐམས་


DKG088_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལ་ཐུགས་བརྩེ་བ་ཉེ་བར་བཟུང་ནས་བཅོམ་ལྡན་འདས་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་རྣམས་དང་གནས་གཙང་མའི་གནས་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ནས། དག་པའི་ཡུལ་ལ་འོད་རྣམ་པར་སྤྲོས་ཏེ། ཡུལ་རྣམ་པར་འཇིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་མཛོད་སྤུ་ནས་མེ་ཏོག་ཀུན་ཏུ་སྐྱེས་པ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཕྱུང་སྟེ།འོད་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་སྟོང་དུ་མའི་འཁོར་གྱིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་སོང་ནས། བྱང་ཤར་གྱི་ཕྱོགས་སུ་བརྒྱ་སྟོང་གི་གང་གཱའི་ཀླུང་གི་འཇིག་རྟེན་གྱི་ཁམས་འདས་ནས། མེ་ཏོག་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་རྗེས་སུ་ཞུགས་ཏེ། གང་ན་མེ་ཏོག་ཀུན་དུ་སྐྱེས་པའི་རྒྱལ་པོའི་དབང་པོ་ཞེས་བྱ་བའི་དེ་བཞིན་གཤེགས་པ་བཞུགས་པར་རོ། །དེར་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྔོན་གྱི་སྨོན་ལམ་གྱི་དབང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་དང་ལྡན་པ་རྣམས་དང་ལྷན་ཅིག་གནས་པར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པས་འོད་ཟེར་གྱི་སྣང་བ་དེ་མཐོང་ནས། བཞིན་ཅུང་ཟད་འཛུམ་པ་དང་ལྡན་པར་གྱུར་ནས་བྱང་ཆུབ་སེམས་དཔའི་ཚོགས་དེ་དག་ལ་སྨྲས་པ། རྒྱལ་བའི་སྲས་དག་འོད་འདི་ནི་ང་ལ་ཡང་དག་པར་བསྐུལ་བའི་ཕྱིར་འོངས་པ་ཡིན་གྱིས། ཁྱེད་ཅག་གཡེང་བ་མེད་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་མིག་མི་འཛུམས་ཤིང་ཁ་བྱེ་བས། འོད་གང་ན་བ་དེ་ལོགས་སུ་མངོན་དུ་བལྟས་ནས་འདུག་གོ། །དེ་ནས་བསྐུལ་བའི་འོད་དེས་མེ་ཏོག་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སྣང་བ་ཆེན་པོས་སྣང་བར་བྱས་ཏེ། མེ་ཏོག་ཀུན་དུ་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱི་བོར་ནུབ་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ།


DKG088_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་མེ་ཏོག་ཀུན་དུ་ཡང་དག་པར་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། སྤྱི་བོས་ཕྱག་འཚལ་ནས།པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་མེ་ཏོག་ཀུན་དུ་སྐྱེས་པ་རྒྱལ་པོའི་དབང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བདག་ལ་དགོངས་ཏེ། བཅོམ་ལྡན་འདས་བདག་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བ་དང་ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་། སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་། སྒྲུབ་ཐབས་དང་། དཀྱིལ་འཁོར་དང་། ཆོ་ག་དང་། གསང་བ་དང་། ཆོ་ག་ཞིབ་མོ་དང་། ཆོ་གའི་ངོ་བོ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་། གསང་བ་དང་། ཕྱག་རྒྱ་དང་། དབང་བསྐུར་བ་བསྟན་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནས་མཆི་བར་འཚལ་ལོ། །དེ་སྐད་ཅེས་བཅོམ་ལྡན་འདས་མེ་ཏོག་ཀུན་དུ་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་ལ་གསོལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་པ་ན། ཕྱོགས་བཞི་མཐའ་ཡས་མུ་མེད་པ་སྟེང་དང་འོག་དང་ཐད་ཀ་ཐམས་ཅད་དང་ལྡན་པའི་ཕྱོགས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡང་དག་པར་གང་བར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་དེ་དང་བཅོམ་ལྡན་འདས་དང་བཅས་པས། རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །འདི་ལྟ་བུའི་ཏིང་ངེ་འཛིན་གྱི་ཁྱད་པར་ལ་སྙོམས་པར་ཞུགས་པ་ནི། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མི་ནུས། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང་། ས་བཅུ་ལ་གནས་པ་དག་གིས་ཀྱང་སྙོམས་པར་ཞུགས་པར་མི་ནུས་སོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་ཀུན་དུ་ཡང་དག་པར་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་དང་ལྷན་ཅིག་ཏུ་ཡང་དག་པར་བགྲོས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདིའི་སྙིང་པོ་མཆོག་ཏུ་གསང་བ།དོན་ཐམས་ཅད་སྒྲུབ་པའི་སྙིང་པོ་གསུངས་པ་ནི་ཡི་གེ་གཅིག་པ་ཞེས་བྱ་བ་མཆོག་ཏུ་གསང་བ།


DKG088_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱི་ལས་ཐམས་ཅད་བྱེད་པ་སྔགས་ཀྱི་སྤྱོད་པ་ཁྱད་པར་ཅན་བཟང་པོ་ཡང་སྒྲུབ་པར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་ཡུད་ཙམ་ཞིག་ཅང་མི་གསུང་བར་གྱུར་ཏེ། ཐམས་ཅད་དང་ལྡན་པའི་འཇིག་རྟེན་ཐམས་ཅད་ལ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་ཏེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཡང་ཡང་དག་པར་དགོངས་ནས། བྱམས་པའི་ཐུགས་ཀྱིས་སྔགས་གསུངས་སོ། །ན་མཿསརྦ་བུདྡྷཱ་ནཱཾ་ཨཾ་མཾ། འདི་ནི་འཇམ་དཔལ་གྱི་སྙིང་པོ་མཆོག་ཡིན་ཏེ་ལས་ཐམས་ཅད་བྱེད་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་དེ་ལས་ལངས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ལག་པ་བསྐུམ་པ་ལས་བརྐྱང་བ་དང་། བརྐྱང་བ་ལས་བསྐུམ་པའམ་སེལ་གོལ་གཏོགས་པ་ཙམ་མམ། མིག་འབྱེད་འཛུམས་ཙམ་ལ་རྫུ་འཕྲུལ་གྱི་སྟོབས་ཀྱི་ཤུགས་བློ་ཏིང་ངེ་འཛིན་ཅེས་བྱ་བའི་ཏིང་ངེ་འཛིན་གྱི་ཁྱད་པར་རྣམ་པར་འཕྲུལ་པ་ཞེས་བྱ་བ་ལ་སྙོམས་པར་ཞུགས་ཏེ། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་ཆས་ཏེ་སླར་འཁོད་ནས། སྟེང་གི་ནམ་མཁའི་དཀྱིལ་ན་ནོར་བུ་རིན་པོ་ཆེ་རབ་ཏུ་གནས་པའི་གནས་གཙང་མའི་རིས་ཀྱི་ལྷ་རྣམས་གནས་སུ་འདུག་སྟེ། གནས་གཙང་མའི་གནས་དེ་ཐམས་ཅད་འོད་ཆེན་པོའི་སྣང་བས་གསལ་བར་བྱས་ཏེ། འོད་ཀྱི་རིན་པོ་ཆེས་རབ་ཏུ་བརྒྱན་ཅིང་གསལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་སྙོམས་པར་ཞུགས་མ་ཐག་ཏུ་རིན་པོ་ཆེ་རྣམ་པ་ཐ་དད་པ་དུ་མའི་ཁང་པ་བརྩེགས་པ་དང་། རིན་པོ་ཆེའི་གདུགས་དང་དཔག་ཚད་བརྒྱ་སྟོང་ཕྲག་དུ་མ་རྒྱ་ཆེ་བའི་ལྷའི་གོས་དང་། དར་མང་པོའི་ཚོགས་ཀྱིས་ཉེ་བར་མཛེས་པར་བྱས་པའི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག ། འོན་ཀྱང་ངའི་བཀས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་ཞུ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པ་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པས་འཇམ་


DKG088_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཞན་ཡང་གཞོན་ནུ་གང་གཱའི་ཀླུང་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ཀྱི་སྔགས་ཀྱི་སྤྱོད་པ་དང་། དཀྱིལ་འཁོར་དང་ཆོ་ག་ཞིབ་མོ་དང་གསང་བ་དང་། དབང་བསྐུར་བ་དང་ཕྱག་རྒྱའི་ཚོགས་དང་ཆོ་ག་དང་སྦྱིན་སྲེག་དང་། བཟླས་པ་དང་བརྟུལ་ཞུགས་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སེམས་ཅན་ཐམས་ཅད་དགའ་བར་བྱེད་པ། འོད་རིན་པོ་ཆེའི་ཚོགས་ཀྱིས་རབ་འབྱམ་འདས་པ་དང་ད་ལྟར་བྱུང་བ་དང་མ་འོངས་པའི་ཤེས་པ་རྒྱལ་པོའི་དབང་ཕྱུག་ལུང་སྟོན་པར་བྱེད་པ། སྔགས་བཟླ་བ་ཡུལ་གྱི་མཐར་འགྲོ་བར་བྱེད་པ་མི་སྣང་བར་བྱེད་པ་དང་། དུས་དང་དམ་ཚིག་རབ་འབྱམ་གྱི་ཚོགས་ཐམས་ཅད་དང་། འཇིག་རྟེན་པ་མ་ལུས་པ་དང་། འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ངེས་པར་འབྱུང་བའི་སྤྱོད་པ་མཐར་ཐུག་པ་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་ཡིན་ཏེ། དེ་ལྟར་རྗེས་སུ་ཡི་རང་བ་ཉིད་དེ། འཇམ་དཔལ་གཞོན་ནུར་གྱུར་པ་དེའི་དུས་ལ་བབ་པར་ཤེས་ན་སོང་ཤིག །ཤཱཀྱ་ཐུབ་པའི་སྤྱན་སྔར་མངོན་སུམ་དུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་ཏེ། ཁྱོད་ཀྱང་སྟོན་པར་འགྱུར་རོ། །འདིར་ཡང་གསུངས་པ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ།ཨ་ཙིན་ཏྱ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ༀ་སྨ་ར་སྨ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན་ཀུ་མཱ་ར་རཱུ་པ་ཧ་རི་ཎ། ༀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ལ། གསུང་ཞིང་གསུང་བར་འགྱུར་ལ། ཁྱོད་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་སོང་ནས། དབྱེ་བ་དང་རྣམ་པར་དབྱེ་བ་རྒྱ་ཆེར་སྟོན་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཞེས་བྱ་བས་ཀྱང་ལས་ཐམས་ཅད་བྱེད་པ་འདི་རྗེས་སུ་གནང་བར་འགྱུར་རོ། །འདིར་སྙིང་པོ་མཆོག་ཏུ་གྱུར་པ་ནི། ༀ་བཱ་ཀྱེ་དཾ་ན་མཿ། འདིར་ཉེ་བའི་སྙིང་པོ་ནི་བཱ་ཀྱེ་ཧཱུཾ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པ་རྒྱལ་པོའི་


DKG088_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་དེ་བཞིན་གཤེགས་པས་གནང་ནས། བཀོད་པ་ཐམས་ཅད་ཀྱི་རྒྱན་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་རྒྱུ་མཐུན་པ། བྱང་ཆུབ་ཀྱི་སྙིང་པོ་ཐོབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པ་བྱ་བའི་ཕྱིར་ལྷའི་མེ་ཏོག་རྣམ་པར་བཀོད་པ་དང་། རྒྱལ་མཚན་དང་བ་དན་དང་ཕྲེང་བའི་ཚོགས་དང་། རིན་པོ་ཆེའི་དྲིལ་བུའི་དྲ་བས་འབྲེལ་པ་སྙན་པའི་སྒྲ་སྒྲོགས་པ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ཐོབ་པར་བྱེད་པ། ལྷའི་དྲི་དང་བྱུག་པ་དང་ཕྲེང་བ་དང་ཕྱེ་མའི་ཆར་འབབ་པར་མངོན་པར་སྤྲུལ་ཏོ། །དེ་ནས་གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་ངོ་མཚར་རྨད་དུ་བྱུང་བའི་ཆོ་འཕྲུལ་གྱི་རྣམ་པར་འཕྲུལ་པ་མཐོང་ནས། བ་སྤུ་ལྡང་ཞིང་གནས་གཡོ་བ་མཐོང་ནས་སྙིང་འདར་ཞིང་དངངས་ཏེ། ཅི་བདག་ཅག་གི་འབྱོར་པ་ཉམས་པར་མ་གྱུར་ཏམ་ཞེས་ཕན་ཚུན་དུ་རིངས་པར་འགྲོ་ཞིང་སྐད་མཐོན་པོས་སྨྲ་བ་རྩོམ་པར་བྱེད་དེ། འདི་སྐད་དུ་བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ། །ཤཱཀྱ་ཐུབ་པ་ཡོངས་སུ་བསྐྱབ་ཏུ་གསོལ་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་འཁོར་རྣམས་ལ་བཀའ་སྩལ་པ། གྲོགས་པོ་དག་མ་འཇིགས་ཤིག་མ་འཇིགས་ཤིག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ནི་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་དེའི་སྤྱན་སྔ་ནས་ང་ལ་བལྟ་བ་དང་། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བ་དང་། དོན་ཆེན་པོའི་སྤྱོད་པ་དང་སྔགས་ཀྱི་ཚིག་དང་། རྒྱ་ཆེ་ཞིང་རྨད་དུ་བྱུང་བའི་ཆོས་ཀྱི་ཚིག་སྟོན་པའི་ཕྱིར་འོངས་པ་ཡིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། མིག་མི་འཛུམས་པར་བཅོམ་ལྡན་འདས་ལ་བལྟ་ཞིང་ཞབས་གཉིས་ལ་བཏུད་དེ། ཚིག་འབྲུ་འདི་དག་གིས་བཅོམ་ལྡན་འདས་ལ་བསྟོད་པ། །སྐྱེས་བུ་བསྐྱེད་པ་ཁྱོད་ཕྱག་འཚལ། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །སྐྱེས་བུ་གཙོ་བོ་ཁྱོད་ཕྱག་འཚལ། །སྤྱོད་པ་ཐམས་ཅད་དོན་སྒྲུབ་པ། །སྐྱེས་བུ་སེང་གེ་ཁྱོད་ཕྱག་འཚལ། །ཕུང་ཁྲོལ་ཐམས་ཅད་ཟློག་བྱེད་པ། །དཔའ་བོ་ཆེན་པོ་ཁྱོད་ཕྱག་འཚལ། །ངན་འགྲོ་ཐམས་ཅད་འཇིག་བྱེད་པ། །སྐྱེས་བུ་པད་


DKG088_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཁྱོད་ཕྱག་འཚལ། །ཀུན་ནས་བསོད་ནམས་དྲི་ལྡན་པ། །སྐྱེས་བུ་པདྨ་ཁྱོད་ཕྱག་འཚལ། །སྲིད་གསུམ་འདམ་ནི་རྣམ་དག་བྱེད། །རྣམ་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སྡུག་བསྔལ་མ་ལུས་རྣམ་གྲོལ་བྱེད། །ཞི་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཐམས་ཅད་ལྡན་པ་ལེགས་འདུལ་བྱེད། །ཐམས་ཅད་གྲུབ་པ་ཁྱོད་ཕྱག་འཚལ། །སྔགས་ཀྱི་སྤྱོད་པའི་དོན་སྒྲུབ་བྱེད། །བཀྲ་ཤིས་ཁྱོད་ལ་ཕྱག་འཚལ་ལོ། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །སངས་རྒྱས་ཀུན་ལ་ཁྱོད་ཕྱག་འཚལ། །ཆོས་ཀུན་རྣམ་པར་རྟོགས་མཛད་པ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པ་མེད་པའི་ངོ་བོ་ལ་ཡང་དག་པར་རྗེས་སུ་ཞུགས་ཤིང་སྟོན་པར་བྱེད་པའི་དེ་བཞིན་གཤེགས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་པ་དང་ཤེས་བྱའི་དངོས་པོ་ཐམས་ཅད་དང་། འདུས་བྱས་དང་འདུས་མ་བྱས་དང་། ཐེག་པ་གསུམ་གྱི་ལམ་དང་། མྱ་ངན་ལས་འདས་པའི་ལམ་ལ་འཇོག་པར་བྱེད་པ་དང་། གནས་པར་བྱེད་པ་ཐམས་ཅད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཚིག་འབྲུ་འདི་དག་བརྗོད་པའི་བསྟོད་པའི་ཚིག་གིས་བཅོམ་ལྡན་འདས་ལ་མངོན་སུམ་དུ་བསྟོད་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནས་གང་གཱའི་ཀླུང་བརྒྱ་ཕྲག་སྟོང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ནས། བྱང་ཤར་གྱི་ཕྱོགས་མཚམས་ན་མེ་ཏོག་ཡང་དག་པར་སྐྱེས་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་མཆིས་ཏེ། དེ་ན་མེ་ཏོག་དང་ལྡན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན་གང་དུ་བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པ་དབང་པོའི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་དེ་ཆོས་སྟོན་ཏེ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། །མ་འདྲེས་པ་ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ་ཚངས་པར་སྤྱོད་པ་ཡང་དག་པར་སྟོན་ཏོ། །དེ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །སྔགས་ཀྱི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་། ལམ་གསུམ་གྱི་སྤྱོད་པའི་


DKG088_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་སྒྲུབ་པར་བྱེད་པ། སྐྱོབ་པ་དང་གནས་དང་སྐྱབས་དང་དཔུང་གཉེན་དང་། བདེ་བ་དང་ཤིན་ཏུ་མཐར་ཐུག་པ་དང་ཤིན་ཏུ་ཡོངས་སུ་མཐར་ཕྱིན་པར་བྱེད་པ་སེམས་ཅན་རྣམས་ལ་སྟོན་ཏེ། བཅོམ་ལྡན་འདས་དེ་ཉིད་ཀྱིས་རྗེས་སུ་གནང་ནས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་འདིར་མཆིས་སོ། །བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པ་རྒྱལ་པོའི་དབང་པོ་དེ་ཡང་། བཅོམ་ལྡན་འདས་ལ་གནོད་པ་ཉུང་ངམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་འདྲིའོ། །འདི་སྐད་ཀྱང་གསུང་སྟེ། གང་དུ་འདི་ལྟ་བུའི་སྙིགས་མ་ལྔའི་དུས་སུ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱུང་བ་ནི་ངོ་མཚར་ཏོ་ཞེས་སོ། །དེ་ཡང་ལམ་གསུམ་དང་བྱང་གྲོལ་དང་མིར་སྐྱེ་བ་ཐོབ་པ་ཉིད་ཀྱི་ཆོས་སྟོན་པར་བྱེད་དོ། །གང་དུའང་སེམས་ཅན་གྱི་རིས་སྐལ་བ་མེད་པ་དང་། སྲིད་པ་གསུམ་ཡང་དག་འཇོམས་པར་བྱེད་པའི་ལམ་དང་གཏན་ཏུ་གྲུབ་པ་དང་བདེ་བ་དང་། མཐུན་པའི་མྱ་ངན་ལས་འདས་པ་ལ་སེམས་ཅན་རྣམས་དགོད་པར་བྱེད་པའི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བརྩོན་འགྲུས་ནི་ངོ་མཚར་ཏོ། །བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་བོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པར་འགྱུར་གྱི། བདག་གིས་ཅི་ཞིག་འཚལ་བ་རྔོ་ཐོགས། དབང་ཕྱུག་གིས་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ། རྨད་དུ་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཤེས་པར་རམ། འཚལ་བར་རམ། ཐུགས་ཀྱི་སྤྱད་པ་སྤྱོད་པའི་རྗེས་སུ་འཇུག་པའི་སྒྲུབ་པ་དང་། སྤྱོད་པ་འཚལ་བར་རམ་མདོར་ན་བསྐལ་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུའང་བསྟན་པར་མི་ནུས་སོ། །གང་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཛད་པ་བསྡུས་པའམ། ཐ་དད་མ་ལུས་པའི་ངོ་བོ་འདི་ནི་ཆོས་འདུས་མ་བྱས་སུ་བལྟ་བར་བྱ་སྟེ། མཐོང་བས་སྤང་བར་བྱ་བ་ལ་བརྟེན་པའམ། ཡོན་ཏན་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཁོ་ནས་མཁྱེན་པ་ཡིན་གྱི་བདག་གིས་ནི་མ་ལགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་རིན་པོ་ཆེའི་པདྨ་སྤྲུལ་པ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་


DKG088_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བལྟ་ཞིང་འདུག་གོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་དེ་བཞིན་གཤེགས་པ་དང་རྗེས་སུ་མཐུན་པའི་གཏམ་རྣམ་པ་སྣ་ཚོགས་སྔོན་དུ་འགྲོ་བ་མཛད་ནས་ཆོས་བསྟན་པ་དང་རྗེས་སུ་མཐུན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པ་དང་རྗེས་སུ་མཐུན་པས་ཚངས་པའི་དབྱངས་དང་། ཀ་ལ་པིང་ཀའི་སྐད་དང་འབྲུག་སྒྲ་དང་། རྔ་བོ་ཆེའི་སྒྲ་སྐད་ཀྱི་གསུང་གི་དབྱངས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་ལེགས་པར་འོངས་སམ། །སེམས་དཔའ་ཆེན་པོའི་སྤྱོད་པ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་བསྒྲུབ་པས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དོན་ཐོབ་པར་བྱེད་པ། སྔགས་ཐམས་ཅད་ཀྱི་ཚིག་དང་གསང་བ་དང་བཅས་པ་དང་། དབང་བསྐུར་བ་དང་ཕྱག་རྒྱ་དང་། དཀྱིལ་འཁོར་དང་ཆོ་ག་དང་། དབང་བསྐུར་བ་དང་ཚེ་དང་ནད་མེད་པ་དང་། དབང་ཕྱུག་དང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། སྒྲུབ་པའི་ཐབས་ཐམས་ཅད་དང་ལྡན་པ་རྒྱུད་ཤེས་པ་དང་། ཤེས་བྱ་དང་དུས་དང་མི་སྣང་བ་དང་། རྒྱལ་པོའི་ཞིང་དུ་གྱུར་པ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ཤེས་པར་བྱེད་པ་མདོར་ན་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། རང་གི་ཡོན་ཏན་དང་མཐུན་པའི་སྔགས་ཀྱི་སྤྱོད་པ་རྗེས་སུ་འཇུག་པ། སེམས་ཅན་གཞན་དགའ་བར་བྱེད་པ་མི་སྣང་བར་འགྲོ་བ། ནམ་མཁའ་ལ་འགྲོ་བ། ཆུ་ལ་མི་ནུབ་པར་འགྲོ་བ། ཡིད་གཞུངས་པར་བྱེད་པ། འགུགས་པར་བྱེད་པ། ས་འོག་ཏུ་འཇུག་པ། མངོན་དུ་སྤྱོད་པར་བྱེད་པ། འདོད་པ་ཐམས་ཅད་ཐོབ་པར་བྱེད་པ། གནོད་སྦྱིན་དང་། གནོད་སྦྱིན་མོ་ཐམས་ཅད་དང་། མངག་གཞུག་པ་དང་ཤ་ཟ་དང་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། བྱིས་པ་དང་། རྒན་པོ་དང་གཞོན་ནུ་གནས་ཅི་ལྟ་བ་བཞིན་འཇོག་པར་བྱེད་པ། མདོར་ན་ལས་ཐམས་ཅད་བྱེད་པ་སྟེ། ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་པ། མངོན་སྤྱོད་དང་རྒྱས་པ་དང་། ཞི་བའི་ལས་དག་རབ་ཏུ་བྱེད་པ་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ། བསྐལ་པ་


DKG088_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་རིན་པོ་ཆེའི་ལེའུ་རབ་འབྱམ་འདི་ངས་ཀྱང་རྗེས་སུ་གནང་ཞིང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གསུངས་ཏེ། སེམས་ཅན་དག་པའི་རང་གི་སྔགས་སྤྱོད་པའི་དོན་གྱི་ཆོས་ཀྱི་མཛོད། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྟན་པའི་ཕྱིར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་འོད་ཀྱི་སྣང་བ་བཀོད་པའི་རྒྱན་ཡང་དག་པར་བསྐུལ་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་དག་པའི་སེམས་ཅན་གྱི་འོད་ཀྱི་སྣང་བས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་མའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་། འོག་མིན་གྱི་གནས་ཀྱི་བར་དང་། མནར་མེད་པའི་དམྱལ་བ་ཆེན་པོའི་བར་དུ་ཁྱབ་པར་བྱས་ཏེ། སེམས་ཅན་གང་སུ་དག་ཤིན་ཏུ་སྡུག་བསྔལ་བ་དེ་དག་ཐམས་ཅད་ཀྱི་སྡུག་བསྔལ་རབ་ཏུ་ཞི་བར་གྱུར་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་པར་བསྐུལ་ནས། འོད་དེ་ཡང་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱི་བོའི་གཙུག་ཏུ་ནུབ་པར་གྱུར་ཏོ། །འདིར་གང་དག་ཤར་ཕྱོགས་ན་རྣམ་པར་གནས་པའི་སངས་རྒྱས་ཀྱི་ཞིང་དེར་འོད་ཟེར་རླུང་གི་དཀྱིལ་འཁོར་གྱི་རེག་པའི་བྱ་བས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དག་པར་བསྐུལ་ཏེ། དེ་བཞིན་གཤེགས་པ་འོད་ཟེར་གྱི་ཟླ་བ་དྲི་སྣང་བའི་དཔལ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྨན་གྱི་ལྷ་བཻ་ཌཱུཪྱའི་འོད་དང་། དེ་བཞིན་གཤེགས་པ་དཔལ་ཀུན་ཏུ་སྣང་བ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རྒྱལ་པོ་ཡང་དག་པར་འཕགས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སཱ་ལའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་ཡེ་ཤེས་རྣམ་པར་ངེས་པའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དབང་པོའི་རྒྱལ་པོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་སྣང་བའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་སངས་རྒྱས་བཅོམ་


DKG088_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་དག་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འདུས་པ་དག་ལ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་གནས་གཙང་མའི་ཁང་བཟངས་ན།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟོན་པ་དང་། སྔགས་ཀྱི་ཚིག་གི་དོན་གྱི་ལེའུ་རབ་འབྱམ་སྟོན་ཏེ། དེ་བཞིན་དུ་ལྷོ་དང་། ནུབ་དང་བྱང་གི་ཕྱོགས་དང་ཕྱོགས་མཚམས་དང་སྟེང་དང་འོག་དང་ཐད་ཀ་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྣང་བར་བྱས་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་བདུད་ཀྱི་གནས་ཐམས་ཅད་སྤ་གོང་བར་བྱས་ནས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཅིང་། ཉན་ཐོས་ཀྱི་དགེ་འདུན་དང་བཅས་པས་མདུན་གྱིས་བལྟས་ཏེ། གནས་གཙང་མའི་གནས་སུ་སངས་རྒྱས་ཀྱི་འཕྲུལ་པ་དང་བྱང་ཆུབ་སེམས་དཔའི་བདག་ཉིད་ཆེན་པོ་བལྟ་བར་འདོད་པ་དང་། སྔགས་ཀྱི་སྤྱོད་པ་བསྒྲུབ་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་དང་། ལེའུའི་ཚོགས་དང་དེ་བཞིན་གཤེགས་པའི་བསྟན་པ་ཐོགས་པ་མེད་པ། གསལ་བར་འདོད་པས་ཆས་པ་ནི་འདི་ལྟ་སྟེ། ལག་བཟང་དང་། རིན་ཆེན་བཟང་པོ་དང་། བརྟུལ་ཞུགས་བཟང་པོ་དང་། སྤྱན་མཛེས་དང་། བཟང་དགའ་དང་། ཆོས་བཟང་དང་། དོན་ཐམས་ཅད་གྲུབ་པ་དང་། ཐམས་ཅད་དུ་འཕགས་པ་དང་། ཆོས་འཕགས་དང་། རིན་ཆེན་འཕགས་དང་། རིན་ཆེན་དཔལ་དང་། ལྷུན་པོའི་དཔལ་དང་། བསམ་གྱིས་མི་ཁྱབ་པའི་དཔལ་དང་། འོད་བྱེད་དཔལ་དང་། འོད་དཔལ་དང་། དོན་ཐམས་ཅད་ཀྱི་དཔལ་དང་། ཐམས་ཅད་ཕྱག་ན་རིན་པོ་ཆེ་དང་། ཕྱག་ན་གཙུག་གི་རིན་པོ་ཆེ་དང་། ཕྱག་ན་ལྷུན་པོའི་རྒྱལ་མཚན་དང་། རྣམ་པར་སྣང་མཛད་སྙིང་པོ་དང་། རིན་ཆེན་སྙིང་པོ་དང་། ཡེ་ཤེས་སྙིང་པོ་དང་། བསམ་གྱིས་མི་ཁྱབ་པའི་དོན་གྱི་སྙིང་པོ་དང་། ཆོས་


DKG088_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ཀྱི་སྙིང་པོ་དང་། རྒྱལ་མཚན་གྱི་ཏོག་དང་། ཏོག་བཟང་དང་། མཐའ་ཡས་ཏོག་དང་། དྲི་མ་མེད་པའི་ཏོག་དང་། མཐའ་དག་གི་ཏོག་དང་། ནམ་མཁའི་ཏོག་དང་། རིན་པོ་ཆེའི་ཏོག་དང་། འབྲུག་སྒྲ་དང་རྔ་བོ་ཆེའི་སྐད་ཀྱི་རྒྱལ་པོ་དང་། མཐའ་ཡས་པར་སྣང་བའི་ཡེ་ཤེས་ཀྱི་རྒྱལ་པོ་དང་། མུན་པ་མུན་ནག་ཐམས་ཅད་འཇོམས་པའི་རྒྱལ་པོ་དང་། གནོད་པ་ཐམས་ཅད་རྣམ་པར་འཇིག་པའི་རྒྱལ་པོ་དང་། སྤྱོད་པ་ཐམས་ཅད་ཀྱི་ཡུལ་ཤེས་པའི་རྒྱལ་པོ་དང་། འཇིག་རྟེན་གྱི་དབང་པོའི་རྒྱལ་པོ་དང་། མངོན་པར་རྟོགས་པའི་དབང་པོའི་རྒྱལ་པོ་དང་། རྣམ་པར་འཇོམས་པར་བྱེད་པའི་རྒྱལ་པོ་དང་། ངེས་པར་གཡོ་བར་བྱེད་པའི་རྒྱལ་པོ་དང་། ཉི་མའི་རྒྱལ་པོ་དང་། དངོས་པོ་མེད་པ་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཡང་དག་པར་འཕགས་པའི་རྒྱལ་པོ་དང་། མི་མཐུན་པའི་ཕྱོགས་མེད་པའི་རྒྱལ་པོ་དང་། རང་བཞིན་གྱི་འོད་དང་། བསོད་ནམས་འོད་དང་། འཇིག་རྟེན་འོད་དང་། དཔག་མེད་འོད་དང་། མཐའ་ཡས་འོད་དང་། སྤྱན་བཟང་འོད་དང་། འབྱུང་མེད་འོད་དང་། དོན་གྱི་འོད་དང་། མི་ཚུགས་པ་དང་། བཟོད་པར་དཀའ་བ་དང་། ལས་མེད་དང་། འོག་མིན་དང་། དྲི་མེད་དང་། མེ་དང་། འོད་དང་། བློ་དང་། རྟོགས་པ་དང་། བདེ་བ་དང་། བདེ་བའི་མུ་ཁྱུད་དང་། མུ་ཁྱུད་ཏོག་དང་། འདོད་པའི་ལྷ་དང་། ལྷ་དང་ལྷ་ཡུལ་ན་ཡོད་པ་དང་། ལྟེ་བ་དང་། རྒྱས་པ་དང་། འཇིག་རྟེན་ཞི་བ་དང་། ཉེ་བར་འདོད་པ་དང་། རྔ་བོ་ཆེ་དང་། གྲུབ་པ་དང་། དཀར་པོ་དང་། གྲགས་བཟང་དང་། བཟོད་པར་དཀའ་བ་དང་། རྙེད་པར་དཀའ་བ་དང་། གདུལ་བར་དཀའ་བ་དང་། བསྙེན་པར་དཀའ་བ་དང་། རིང་དུ་སོང་བ་དང་། རིང་བའི་དོན་དང་། རིང་བ་ལ་གནས་པ་དང་། མཐོ་བ་དང་། ཤིན་ཏུ་མཐོ་བ་དང་། སྲིན་བུ་མེ་ཁྱེར་དང་། ཀུན་ཏུ་སྣང་བ་དང་། སྣང་མེད་དང་། ཁྱུ་མཆོག་དང་། ཀུན་ནས་འོད་དང་། ཤིན་ཏུ་ཡིད་དུ་འོང་བ་དང་། ཡིད་བཟང་དང་། ལྷ་ཆེན་པོ་དང་། དྲི་མེད་བཟང་པོ་དང་། དྲི་མ་མཐར་བྱེད་དང་། དུལ་བ་དང་། ཞི་ལྡན་དང་། མཚན་


DKG088_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དང་། རྒྱལ་མཚན་དཀར་པོ་དང་། ཚད་ལྡན་དང་། ཅི་སྨྲ་དང་། ཐ་ཆུངས་དང་། སེལ་བྱེད་དང་། འཚོ་བ་དང་། ལེགས་སྐྱེས་དང་། དུ་བའི་ཏོག་དང་། རྒྱལ་མཚན་ཏོག་དང་། དཀར་བའི་ཏོག་དང་། ཏོག་བཟང་དང་། ནོར་ལྷའི་ཏོག་དང་། ནོར་ལྷའི་བུ་དང་། མེས་པོ་དང་། ཕ་དང་། མཐར་བྱེད་དང་། འཇིག་རྟེན་གྲགས་པ་དང་། ཀུན་ནས་གྲགས་པ་དང་། གྲགས་པ་ཆེན་པོ་དང་། དཔལ་ལྡན་དང་།ཕམ་བྱེད་དང་། འོད་བྱེད་དང་། མངག་གཞུག་པ་དང་། ཞི་བྱེད་དང་། འཇིག་རྟེན་བྱེད་དང་། ལྷ་བྱེད་དང་། མཐོ་རིས་བྱེད་དང་། མར་མེ་མཛད་དང་། འབྱུང་པོ་མཐར་བྱེད་དང་། དོན་ཐམས་ཅད་མཛད་དང་། གྲུབ་མཛད་དང་། གསལ་མཛད་དང་། སྣང་བར་མཛད་པ་དང་། རྔ་བོ་ཆེའི་སྒྲ་དང་། སྐད་ཀྱི་སྒྲ་དང་། སྒྲ་སྙན་དང་། མཐའ་ཡས་པའི་སྒྲ་དང་། ཏོག་གི་སྒྲ་དང་། ངན་སྤོང་གི་བུ་དང་། གསེར་ཐུབ་དང་། འཁོར་བ་འཇིག་དང་། འོད་སྲུང་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོ་བ་དང་། རྣམ་པར་གཟིགས་དང་། ཤཱཀྱ་ཐུབ་པ་དང་། འདི་དག་དང་། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་མང་པོ་དག་གིས་གནས་གཙང་མའི་གཞལ་མེད་ཁང་སྣང་བར་བྱས་ཏེ་པདྨའི་གདན་དག་ལ་བཞུགས་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའི་ཚོགས་ཀྱང་དེ་ལྟ་བུའི་ཚུལ་དུ་ལྷགས་པར་གྱུར་ཏེ། འདི་ལྟ་སྟེ། ཕྱག་ན་རིན་ཆེན་དང་། ཕྱག་ན་རྡོ་རྗེ་དང་། མཉམ་པའི་ཕྱག་དང་། ནམ་མཁའི་ཕྱག་དང་། མཐའ་ཡས་ཕྱག་དང་། སའི་ཕྱག་དང་། སྣང་བའི་ཕྱག་དང་། དྲི་མེད་བཟང་པོ་དང་། བཟང་བརྩེགས་དང་། རབ་མང་བརྩེགས་དང་། ནོར་བུ་བརྩེགས་དང་། རིན་ཆེན་བརྩེགས་དང་། རིན་ཆེན་ཕྱག་དང་། ཀུན་ནས་ཕྱག་དང་། དྲི་ལྡན་ཕྱག་དང་། ལེགས་འགྲོ་དང་། དྲི་མེད་འགྲོས་དང་། འཇིག་རྟེན་འགྲོས་དང་། མཛེས་པའི་འགྲོས་དང་། མཐའ་ཡས་འགྲོས་དང་། གྲགས་པ་མཐའ་ཡས་དང་། གྲགས་པ་བཟང་པོ་དང་། གྲགས་པའི་དྲི་མ་བྲལ་དང་། གྲགས་པའི་འགྲོ་བ་དང་། གྲགས་པ་དྲི་མ་མེད་པ་དང་། གྲགས་པ་དང་། གྲགས་པ་འདྲེན་པ་དང་། མགོན་པོ་དང་།


DKG088_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོར་གྱུར་པ་དང་། ཀུན་ནས་མགོན་པོ་དང་། རྒྱུན་ཤེས་ཀྱི་བུ་དང་། མཐའ་ཡས་རྒྱུན་ཤེས་ཀྱི་བུ་དང་། ཀུན་ནས་རྒྱུན་ཤེས་ཀྱི་བུ་དང་། བྱམས་པའི་བུ་དང་། བྱམས་པ་བཟང་པོའི་བུ་དང་། བྱམས་པའི་བུ་མ་ཡིན་པ་དང་། དུས་གསུམ་རྒྱུན་ཤེས་ཀྱི་བུ་དང་། རྒྱུན་ཤེས་ཀྱི་བུ་འབྲས་བུ་དང་བཅས་པ་དང་། རྒྱུན་ཤེས་ཀྱི་བུ་དཀོན་མཆོག་གསུམ་དང་། རྒྱུན་ཤེས་ཀྱི་བུ་སྐྱབས་གསུམ་དང་།རྒྱུན་ཤེས་ཀྱི་བུ་ཐེག་པ་གསུམ་དང་། རྣམ་པར་འཕྲུལ་པ་དང་ལྡན་པ་དང་། ཡིད་འོང་བཟང་པོ་དང་། གསུང་སྙན་ལྡན་དང་། ཆོས་ཀྱི་དབང་ཕྱུག་དང་། དངོས་མེད་དབང་ཕྱུག་དང་། འཇིག་རྟེན་དབང་ཕྱུག་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ལེགས་གཟིགས་དབང་ཕྱུག་དང་། རྣམ་གཟིགས་དབང་ཕྱུག་དང་། འཇིག་རྟེན་མཆོད་འོས་དང་། ལེགས་མཆོད་དང་། སྒྲ་སྒྲོགས་དབང་ཕྱུག་དང་། རྔ་ཆེན་དབང་ཕྱུག་དང་། སྣ་ཚོགས་སྒྲའི་དབང་ཕྱུག་དང་། རྣམ་འཇིག་དབང་ཕྱུག་དང་། མཐོན་ཀ་བཟང་པོ་དང་། སྐུ་མཛེས་དང་། གྲགས་ལྡན་དང་། ཉི་མའི་འོད་དང་། ཁྱབ་འཇུག་བདག་པོ་དང་། བདག་པོའི་ངང་ཚུལ་དང་། ནམ་མཁའ་དང་། ནམ་མཁའི་སྙིང་པོ་དང་། དོན་ཐམས་ཅད་ཀྱི་སྙིང་པོ་དང་། ཐམས་ཅད་འབྱུང་བ་དང་། ངན་སོང་སྤོང་བ་དང་། ཕྱིར་མི་ལྡོག་པ་དང་། ཆོས་མ་ཡིན་པ་གཅོད་པར་བྱེད་པ་དང་། དེ་དག་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ལྷན་ཅིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གནས་གཙང་མའི་གཞལ་མེད་ཁང་ན་བཞུགས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བུད་མེད་ཀྱི་གཟུགས་འཆང་བ་རྣམས་ཏེ། སྤྱོད་པ་མཐའ་ཡས་པའི་དོན། འཇིག་རྟེན་སྒྲུབ་པའི་དོན། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཕྱིར་མི་ལྡོག་པའི་ལམ་ལ་དགོད་པས་བསམ་གྱིས་མི་ཁྱབ་པའི་རིག་པའི་ཚིག་དང་། སྔགས་ཀྱི་ཚིག་དང་། གཟུངས་དང་། སྨན་གྱི་ཆ་བྱད་འཛིན་པ་དང་། འདབ་ཆགས་ཀྱི་ཚོགས་རྣམ་པ་སྣ་ཚོགས་དང་། གནོད་སྦྱིན་དང་། སྲིན་པོ་དང་། ནོར་བུ་དང་། སྔགས་དང་། རིན་པོ་ཆེའི་རྒྱལ་པོ་དང་། སེམས་ཅན་ཐམས་


DKG088_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ལུས་ཀྱི་གྲངས་སུ་རྗེས་སུ་ཡང་དག་པར་འཇུག་པའི་སྤྱོད་པ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་དང་། སེམས་ཅན་གྱི་བསམ་པ་ཅི་ལྟར་འདུལ་བར་བྱེད་པ་དེ་བཞིན་དུ་བྱེད་པ་རྣམས་དང་། དེ་དང་རྗེས་སུ་མཐུན་པའི་མིང་དང་འབྲེལ་བ་རྣམས་དང་། རིག་པའི་རྒྱལ་པོའི་ཉེ་བར་བསྟན་པ་དང་། ཆོས་ཅི་ལྟ་བ་བཞིན་དུ་རྟོག་པ་ལས་ངེས་པར་འབྱུང་བ་དང་། དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་རྗེས་སུ་ཞུགས་པ། དམ་ཚིག་ལས་མི་འདའ་ཞིང་ཚིག་གིས་ལམ་ལ་འཇོག་པར་བྱེད་པ། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པར་བྱེད་པ་ཡིན་ཏེ། འདི་ལྟ་སྟེ། གཙུག་ཏོར་དང་། མངོན་པར་འཕགས་པ་དང་། མངོན་པར་མཐོ་བ་དང་། གདུགས་དཀར་པོ་དང་། འདབ་མ་མཐའ་ཡས་དང་། འདབ་མ་བརྒྱ་པ་དང་། རྒྱལ་བའི་གཙུག་ཏོར་དང་། འཇིག་རྟེན་མཐོན་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། མངོན་པར་འཕགས་པའི་གཙུག་ཏོར་དང་། པདྨའི་འོད་དང་། མེ་ཏོག་པདྨའི་འོད་དང་། མེ་ཏོག་ཀ་ཏ་ཀའི་འོད་དང་། འོད་དཀར་པོ་དང་། བཀོད་པའི་གཙུག་ཏོར་དང་། གསེར་གྱི་ཕུང་པོ་དང་། དཀར་པོའི་ཕུང་པོ་དང་། གཟི་བརྗིད་ཕུང་པོ་དང་། ནོར་བུའི་ཕུང་པོ་དང་། ཀུན་ནས་ཕུང་པོ་དང་། རྣམ་པར་གྲགས་པའི་ཕུང་པོ་དང་། འབྱུང་བའི་ཕུང་པོ་དང་། བདེན་པའི་ཕུང་པོ་དང་། དངོས་པོ་མེད་པའི་ངོ་བོའི་ཕུང་པོ་དང་། དེ་ཁོ་ན་ཉིད་ཀྱི་ཕུང་པོ་དང་། དེ་དག་དང་གཞན་ཡང་གཙུག་ཏོར་གྱི་རྒྱལ་པོ་ཆོས་ཀྱི་དབྱིངས་མཐའ་ཡས་པ་ལ་རབ་ཏུ་ཞུགས་པ། སེམས་ཅན་གྱི་བསམ་པ་རབ་ཏུ་རྫོགས་པར་བྱེད་པ་རྒྱལ་བ་ཐམས་ཅད་ཀྱི་སྙིང་པོ་དང་ལྡན་པ་གཙུག་ཏོར་ཀྱི་རྒྱལ་མོ་བསྐལ་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་བར་དུ་ཡང་བགྲང་ཞིང་མཐར་ཐུག་པར་མི་ནུས་སོ། །སྟོབས་དང་ཕ་རོལ་གནོན་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ཀྱང་བསྟན་པར་མི་ནུས་སོ། །མདོར་བསྟན་པར་བྱ་སྟེ་བརྗོད་པ་ནི་རིག་པའི་རྒྱལ་མོའི་འདུས་པ་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་མཛོད་སྤུ་དང་སྨིན་མ་དང་སྤྱན་དང་རྫི་མ་དང་།


DKG088_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

རྣ་བ་དང་མགྲིན་པ་དང་། མི་འཇིགས་པ་དང་སྙིང་རྗེ་དང་བྱམས་པ་དང་། བརྩེ་བ་དང་ཤེས་རབ་དང་འོད་ཟེར་དང་སེམས་པ་དང་། འོད་དང་དྲི་མ་མེད་པ་དང་སྒྲིབ་པ་དང་། མཆོག་སྦྱིན་ཐམས་ཅད་དང་། དེ་དག་དང་གཞན་ཡང་རིག་པའི་རྒྱལ་མོ་མཐའ་ཡས་མུ་མེད་པ་དག་དེ་བཞིན་གཤེགས་པའི་སྐུ་ལས་སྤྲོས་པ་དག་ནི་འདི་ལྟ་སྟེ།དེ་བཞིན་གཤེགས་པའི་སྣོད་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་དང་། དེ་བཞིན་གཤེགས་པའི་གཟིམས་མལ་དང་། དེ་བཞིན་གཤེགས་པའི་སྣང་བ་དང་། དེ་བཞིན་གཤེགས་པའི་གསུང་དང་། དེ་བཞིན་གཤེགས་པའི་ཞལ་དང་། དེ་བཞིན་གཤེགས་པའི་བརླ་དང་། དེ་བཞིན་གཤེགས་པའི་རྒྱལ་མཚན་དང་། དེ་བཞིན་གཤེགས་པའི་ཏོག་དང་། དེ་བཞིན་གཤེགས་པའི་ཕྱག་མཚན་དང་། དེ་དག་དང་གཞན་ཡང་དེ་བཞིན་གཤེགས་པའི་སྔགས་བརྗོད་པ་རིག་པའི་རྒྱལ་པོ་དང་། རྒྱལ་མོ་དང་མངག་གཞུག་པ་དང་། བྲན་ཕོ་དང་། བྲན་མོ་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སེམས་ཅན་དང་། སེམས་ཅན་མ་ཡིན་པ་དང་། ཏིང་ངེ་འཛིན་གྱི་ཁྱད་པར་རྒྱུ་མཐུན་པ་ལས་བྱུང་བའི་རྒྱན་གྱི་ཚོགས་ཀྱི་ཁྱད་པར་དང་། འཁོར་བརྒྱ་སྟོང་བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པ་དང་། རིག་པའི་རྒྱལ་པོ་རིག་པའི་ཚོགས་ཐམས་ཅད་ཀྱི་གོང་ནས་གོང་དུ་ཡོངས་སུ་གནས་པ་དེ་དག་ཀྱང་གནས་གཙང་མའི་གཞལ་མེད་ཁང་དེར་གནས་པར་གྱུར་ཏོ། །རིག་པའི་རྒྱལ་པོ་པདྨའི་རིགས་ཀྱང་འདི་ལྟ་སྟེ། བཅོམ་ལྡན་འདས་ཕྱག་བཅུ་གཉིས་པ་དང་། ཕྱག་དྲུག་པ་དང་། ཕྱག་བཞི་པ་དང་། ཧཱ་ལ་ཧཱ་ལ་དང་། དོན་ཡོད་ཞགས་པ་དང་། རྟ་མགྲིན་དཀར་པོ་དང་། མགྲིན་པ་མཐའ་ཡས་དང་། མགྲིན་སྔོན་དང་། མགྲིན་བཟང་དང་། །མགུལ་བཟང་དང་། མགུལ་དཀར་དང་། མགུལ་སྔོན་དང་། འཇིག་རྟེན་མགུལ་པ་དང་། རྣམ་པར་ལྟ་བ་དང་། ལྟ་བ་དང་། ཀུན་ཏུ་ལྟ་བ་དང་། དབང་ཕྱུག་དང་། འོད་ཟེར་སྟོང་ལྡན་དང་། ཡིད་དང་། ཡིད་ལས་བྱུང་བ་དང་། རྣམ་པར་གྲགས་པའི་


DKG088_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་དང་། པདྨ་དང་། ཕྱག་ན་པདྨ་དང་། ཡིད་ལ་བསམ་པ་དང་། དབུགས་འབྱིན་དང་། རབ་ཏུ་རྒོད་པ་དང་། སྐྲ་བཟང་དང་། སྐྲ་མཐར་བྱེད་དང་། རྒྱུ་སྐར་དང་། རྒྱུ་སྐར་གྱི་རྒྱལ་པོ་དང་། ཞི་བ་དང་། བསྐལ་པ་བཟང་པོ་དང་། འདུལ་བྱེད་མཆོག་སྟེ། དེ་དག་དང་གཞན་ཡང་རིག་པའི་རྒྱལ་པོ་པདྨའི་གཙུག་ཏོར་ལ་སོགས་པ་དང་། བསྒྲུབ་པ་མཐའ་ཡས་པའི་ཆོས་ཀྱི་ཚོགས་ཀྱི་རྒྱུ་མཐུན་པའི་ཏིང་ངེ་འཛིན་ཐོབ་པ། རིག་པའི་འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དག་དང་། རིག་པའི་རྒྱལ་མོ་དུ་མ་དག་དང་། འཇིག་རྟེན་དབང་ཕྱུག་གི་སྐུའི་ཏིང་ངེ་འཛིན་ལས་བྱུང་བ། འདི་ལྟ་སྟེ། སྒྲོལ་མ་དང་། སྒྲོལ་མ་བཟང་པོ་དང་། གར་མཁན་མ་དང་། ཁྲོ་གཉེར་མ་དང་། འགྲོ་བ་མཐའ་ཡས་དང་། འཇིག་རྟེན་འགྲོ་མ་དང་། ས་ཐོབ་པར་འགྲོ་བ་དང་། དྲི་མ་མེད་པར་འགྲོ་བ་དང་། དཀར་མོ་དང་། དཀར་མོ་མ་དང་། དཀར་མོ་ཆེན་མོ་དང་། གོས་དཀར་མོ་དང་། འཇིག་རྟེན་གནས་པ་དང་། དྲི་མ་མེད་པའི་གནས་མ་དང་། བྱང་ཆུབ་ཀྱི་ཡན་ལག་གི་གནས་མ་དང་། པདྨ་ལ་གནས་མ་དང་། སྟོབས་བཅུ་ལ་གནས་མ་དང་། གྲགས་ལྡན་མ་དང་། ལོངས་སྤྱོད་ལྡན་མ་དང་། ལོངས་སྤྱོད་ཆེ་ལྡན་མ་དང་། འུག་པ་མ་དང་། འུག་པ་མ་མ་ཡིན་པ་དང་། དྲི་མེད་མཐའ་ཡས་མ་དང་། ཀུན་ནས་མཐར་བྱེད་མ་དང་། སྡུག་བསྔལ་མཐར་བྱེད་མ་དང་། འབྱུང་པོ་མཐར་བྱེད་མ་དང་། དཔལ་བྱེད་མ་དང་། དཔལ་བྱེད་ཆེན་མོ་དང་། མཆོད་དཔལ་དང་། མཐའ་ཡས་དཔལ་དང་། འཇིག་རྟེན་དཔལ་དང་། རྣམ་པར་གྲགས་པའི་དཔལ་དང་། འཇིག་རྟེན་མ་དང་། ཀུན་ཏུ་མ་དང་། སངས་རྒྱས་ཡུམ་དང་། ཆུ་བོ་མ་དང་། ཤིང་རྟ་བཟང་མོ་དང་། ཤིང་རྟ་ལྡན་མ་དང་། གླང་པོ་འདུལ་བྱེད་མ་དང་། འདུལ་བྱེད་མ་དང་། འབྱུང་པོ་ལྡན་མ་དང་། དཔལ་བྱེད་མ་དང་། ཕྲེང་བ་མ་དང་། ལོངས་སྤྱོད་ཕྲེང་བ་མ་དང་། འགུགས་བྱེད་མ་དང་། རྨད་བྱུང་མ་དང་། འོད་ཅན་མ་དང་། རོ་བཟང་མ་དང་། ནོར་ཆང་ལྡན་མ་དང་། དགའ་ལྡན་མ་དང་། འོད་ལྡན་མ་དང་།


DKG088_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་མོ་དང་། ཀུན་འགྲོ་མ་དང་། ཟླ་འོད་མ་དང་། ཟླ་བ་མ་དང་། ཟླ་ལྡན་མ་དང་། རྨ་བྱ་མ་དང་། རྨ་བྱ་ཆེན་མོ་དང་། ནོར་ལྡན་མ་དང་། ནོར་སྦྱིན་མ་དང་། ལྷ་ལྡན་མ་དང་། འཇིག་རྟེན་ལྡན་མ་དང་། མེ་ཆེན་མ་དང་། ཆེན་མོ་ཉིད་དང་། སྐྲ་མཛེས་མ་དང་། དགའ་བཟང་མ་དང་། ནོར་སྦྱིན་མ་དང་། དཔལ་མོ་དང་། དཔལ་ལྡན་མ་དང་། ནད་མཐར་བྱེད་མ་དང་། ནད་ཐམས་ཅད་གསོ་བར་བྱེད་མ་དང་། མཉམ་མེད་མ་དང་། ལྷ་མོ་དང་། གྲགས་བྱེད་མ་དང་། དབང་དུ་བྱེད་མ་དང་། མྱུར་དུ་བྱེད་མ་དང་། བདེ་སྦྱིན་མ་དང་། བཀྲ་ཤིས་མ་དང་། བཀྲ་ཤིས་བྱེད་མ་དང་། ཟླ་བ་མ་དང་། ཟླ་མཛེས་མ་དང་། ཟླ་ལྡན་མ་དང་། བདག་དང་གཞན་ཡང་རིག་པའི་རྒྱལ་མོ་དག་ལ་རི་ཁྲོད་མ་ལོ་མ་གྱོན་མ་དང་། མྱ་ངན་ལས་སྐྱེས་མ་དང་། ཡིད་ལས་སྐྱེས་མ་ལ་སོགས་པ་གྲུབ་པ་མཐའ་ཡས་པས་ཆོས་ཀྱི་དབྱིངས་ནམ་མཁའ་དང་འདྲ་བའི་ངོ་བོ་དང་། སེམས་ཅན་གྱི་སྤྱོད་པའི་རྣམ་པར་འཕྲུལ་པ་གནས་པ་ལས་བྱུང་བའི་ཡིད་དང་། ཕོ་ཉ་དང་། ཕོ་ཉ་མོ་དང་། བྲན་ཕོ་དང་། བྲན་མོ་དང་། མངག་གཞུག་པ་དང་། མངག་གཞུག་མ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། སྲིན་པོ་དང་། སྲིན་མོ་དང་། ཤ་ཟ་དང་། ཤ་ཟ་མོ་དང་། པདྨའི་རིགས་དམ་ཚིག་ལ་རྗེས་སུ་ཞུགས་ཤིང་རྗེས་སུ་སྤྱོད་པ་རྣམས་དང་། གནས་གཙང་མའི་ལྷའི་གཞལ་མེད་ཁང་སེམས་ཅན་དག་པ་གང་ན་འདུག་པ་དེར་ཕྱིན་པར་གྱུར་ཏོ། །ཕྱིན་ནས་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མཆོད་པའི་ལས་ལ་བརྩོན་པའི་ཡིད་ཀྱིས་གནས་པར་གྱུར་ཏོ། །དེར་གནས་པ་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉེ་བ་ན་གནས་པའི་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་རང་གི་རིག་པའི་ཚོགས་རྣམས་ལ་སྨྲས་པ། ངའི་རིག་པའི་ཚོགས་ཀྱིས་བསྐོར་བའི་རིག་པའི་རྒྱལ་པོ་དང་རྒྱལ་མོ་ཁྲོ་བོའི་རྒྱལ་པོ་དང་། ཕོ་ཉ་ཆེན་མོ་དང་བཅས་པ་ཁྱེད་ཅག་འདིར་འདུས་པར་གྱིས་ཤིག །དྲན་པ་ཙམ་ཉིད་ཀྱིས་རིག་པའི་ཚོགས་ཐམས་ཅད་འདུས་པར་གྱུར་པ་ནི་འདི་ལྟ་སྟེ། རིག་པ་མཆོག་དང་། རིག་པ་བཟང་


DKG088_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། གྲུབ་པ་བཟང་པོ་དང་། དཔུང་བཟང་དང་། སྡེ་བཟང་དང་། ལྷ་མཐར་བྱེད་དང་། སོ་བཟང་དང་། གང་བ་བཟང་པོ་དང་། རྡོ་རྗེ་སྡེ་དང་། རྡོ་རྗེ་མཐར་བྱེད་དང་། རྡོ་རྗེ་བྱེད་པ་དང་། རྡོ་རྗེ་དཔུང་པ་དང་། རྡོ་རྗེ་ལག་པ་དང་། རྡོ་རྗེ་རྒྱལ་མཚན་དང་། །རྡོ་རྗེ་བ་དན་དང་། རྡོ་རྗེ་རྩེ་མོ་དང་། རྡོ་རྗེ་མཆེ་བ་དང་། དག་པའི་རྡོ་རྗེ་དང་། རྡོ་རྗེ་བ་སྤུ་དང་། རྡོ་རྗེ་མཁྲེགས་པ་དང་། རྡོ་རྗེ་ཞལ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་མགྲིན་པ་དང་། རྡོ་རྗེ་མཐོན་ཀ་དང་། རྡོ་རྗེ་ལྟེ་བ་དང་། རྡོ་རྗེ་རྩེ་མོ་དང་། རྡོ་རྗེ་དྲ་བ་དང་། རྡོ་རྗེ་ར་བ་དང་། །རྡོ་རྗེ་མཚོན་ཆ་དང་། རྡོ་རྗེ་གཞུ་དང་། རྡོ་རྗེ་མདའ་དང་། རྡོ་རྗེ་ལྕགས་མདའ་དང་། རྡོ་རྗེས་མཚོན་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་ས་འོག་དང་། རྡོ་རྗེ་འཇིགས་བྱེད་སྤྱན་དང་རྡོ་རྗེ་ཁྲོ་མོ་དང་། ཆུ་ནང་སྤྱོད་དང་། འབྱུང་བའི་ནང་སྤྱོད་དང་། འཆིང་བའི་ནང་སྤྱོད་དང་། །ཁྲོ་བོ་ཆེན་པོའི་ནང་སྤྱོད་དང་། དབང་ཕྱུག་ཆེན་པོའི་ནང་སྤྱོད་དང་། ལྷ་མ་ཡིན་གྱི་དབང་པོའི་ནང་སྤྱོད་དང་། རེག་པ་ཐམས་ཅད་ཀྱི་ནང་སྤྱོད་དང་། མི་བཟད་པ་དང་། ཤིན་ཏུ་མི་བཟད་པ་དང་། འཕེན་པ་དང་། ཉེ་བར་འཕེན་པ་དང་། རྐང་པ་འཕེན་པ་དང་། ལོག་འདྲེན་གྱི་ནང་དུ་འཕེན་པ་དང་། ལོགས་པར་རྣམ་པར་འཇོག་པའི་འཕེན་པ་དང་། ཆོལ་པར་འཕེན་པ་དང་། སྟོབས་དང་སྟོབས་པོ་ཆེ་དང་། ནེ་ཙོ་དང་། བུང་བ་དང་། བྷྲིང་གི་རི་ཏི་དང་། ཁྲོ་བོ་དང་། ཁྲོ་བོ་ཆེན་པོ་དང་། ཁྲོ་བོ་ཐམས་ཅད་དང་། རྒ་བ་མེད་པ་དང་། ཀླུ་ཆེན་པོ་དང་། རིམས་དང་། སྐེམ་བྱེད་དང་། ཀླུ་མཐར་བྱེད་དང་། དབྱུག་པ་དང་། དབྱུག་སྔོན་དང་། དཔུང་རྒྱན་དང་། ལུས་དམར་དང་། རྡོ་རྗེ་དབྱུག་པ་དང་། སྤྲིན་དང་། སྤྲིན་ཆེན་པོ་དང་། དུས་དང་། དུག་དང་། ཤ་ཟ་གུ་དང་། ནད་དང་། འབྱུང་པོ་ཐམས་ཅད་ཡང་དག་པར་འཁྲུག་པར་བྱེད་པ་དང་། གཟེར་ནད་དང་། གཟེར་ནད་ཆེན་པོ་ཉམ་ཐག་པ་དང་། ཉམ་ཐག་པ་ཆེན་པོ་དང་། གཤིན་རྗེ་དང་། ཉི་མའི་བུ་དང་། དུས་མཐར་བྱེད་དང་། ནག་པོའི་ཕྱོགས་དང་། མི་བཟད་པའི་གཟུགས་ཅན་དང་། པ་ཊི་སྱ་དང་། མདའ་བོ་ཆེ་དང་། སྒྲ་རྣམ་པར་འཇོམས་པ་དང་།


DKG088_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཟ་བར་བྱེད་པ་དང་། ཚོགས་དང་། ཉི་མ་དང་། དུས་ཀྱི་མཐའི་ཉི་མ་དང་། སྲོག་འཕྲོག་བྱེད་དང་། སྲོག་འཇོམས་བྱེད་དང་། ཞེ་སྡང་དང་། ཕྲག་དོག་དང་། ཐབ་སྦྱོར་ཅན་དང་། ཐབ་སྦྱོར་བཟང་པོ་ཅན་དང་། བདུད་རྩི་ཐབ་སྦྱོར་ཅན་དང་། མཐའ་ཡས་ཐབ་སྦྱོར་ཅན་དང་། ཐབ་སྦྱོར་དམར་པོ་ཅན་དང་། ལག་པ་དང་། ལག་པ་ཆེན་པོ་དང་། ཁྲོ་བོ་ཆེན་པོ་དང་། མ་རུངས་པ་དང་། སྦྲུལ་དང་། འགོ་བའི་ནད་དང་། མཛེ་དང་། རྒྱལ་བྱེད་ཤིང་རྟ་དང་། འཇིགས་བྱེད་ཤིང་རྟ་དང་། རྣམ་པར་ཞུ་བྱེད་དང་། ཟ་བྱེད་དང་། མི་ངོམས་པ་དང་། འཆོལ་བ་དང་། བྲན་ཏེ་དེ་དག་དང་། གཞན་ཡང་རིག་པའི་རྒྱལ་པོ་ཁྲོ་བོ་ཆེན་པོས་སེམས་ཅན་མ་ལུས་པ་མཐའ་དག་འདུལ་བར་བྱེད་པ། བསྐྲད་པ་དང་། འཇིག་པ་དང་། མགོ་འགས་པར་བྱེད་པ་དང་། འཆི་བར་བྱེད་པ་དང་། རྣམ་པར་ཉམས་པར་བྱེད་པ་དང་། གུས་པ་དག་ལ་ནི་མཆོག་སྦྱིན་པར་བྱེད་པ་ཞི་བ་དང་རྒྱས་པ་དང་མངོན་སྤྱོད་ཀྱི་ལས་རྣམས་སྟོན་པར་བྱེད་པ་རིག་པའི་རྒྱལ་པོ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ངེས་པར་སེམས་ཤིང་བདག་ཉིད་ཀྱི་རིག་པའི་རྒྱལ་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་བཀའ་རབ་ཏུ་སྡོད་ཅིང་འདུག་སྟེ། རང་གི་རིགས་དང་མཐུན་པའི་གནས་ལ་འདུག་ཅིང་རང་གི་སྟན་ལ་འདུག་པར་གྱུར་ཏོ། །གང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གང་ཡང་ཕོ་ཉ་མོའི་རིག་པའི་རྒྱལ་མོ་དེ་དག་ཀྱང་འཁོར་བརྒྱ་སྟོང་དུ་མས་བསྐོར་བ་ཡང་རང་གི་ཆོས་ཀྱི་དབྱིངས་ནམ་མཁའི་རང་བཞིན་སྤྲོས་པ་མེད་པ་ལ་དམིགས་ནས་གནས་དེར་འདུས་པ་ལ་འདི་ལྟ་སྟེ། འོག་པག་མ་དང་། འོག་པག་བཟང་མོ་དང་། ལུ་གུ་རྒྱུད་མ་དང་། རྡོ་རྗེ་འོད་མ་དང་། རྡོ་རྗེ་ལྕེ་མ་དང་། རྡོ་རྗེའི་སྦྱིན་མ་དང་། རྡོ་རྗེ་སྤྱན་མ་དང་། རྡོ་རྗེའི་ཐལ་གོང་མ་དང་། རྡོ་རྗེ་ཁྲོ་གཉེར་མ་དང་། རྡོ་རྗེ་རྣ་བ་མ་དང་། རྡོ་རྗེ་ཡི་གེ་མ་དང་། རྡོ་རྗེ་ཁབ་མ་དང་། རྡོ་རྗེ་ཁུ་ཚུར་མ་དང་། རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་རལ་གྲི་མ་དང་། རྡོ་རྗེ་ཐོག་འབབ་མ་དང་། རྡོ་རྗེ་ལུ་གུ་རྒྱུད་མ་དང་། གནས་དང་ལྡན་མ་དང་། གནས་


DKG088_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་། རྣམ་པར་བརྗོད་མ་དང་། དགའ་བྲལ་མ་དང་། འདོད་ལྡན་མ་དང་། རྡོ་རྗེ་འདོད་ལྡན་མ་དང་། འདོད་པའི་རྡོ་རྗེ་དང་ལྡན་མ་དང་། མཐོང་བྱེད་མ་དང་། མཐོང་ལྡན་མ་དང་། མཐོང་ལྡན་ཆེན་མོ་དང་། རྩེ་མོར་གནས་མ་དང་། སྟུག་པོ་མ་དང་། ཕུག་ལྡན་མ་དང་། ཕུག་གནས་མ་དང་། སྒོར་གནས་མ་དང་། ཡིད་མགྱོགས་མ་དང་། རབ་ཏུ་མགྱོགས་མ་དང་། མྱུར་མགྱོགས་མ་དང་། སྤྱན་མཛེས་མ་དང་། རོ་བཟང་ལྡན་མ་དང་། བུང་བ་མ་དང་། བུང་བའི་བུ་མ་དང་། འགྲོ་མ་དང་། གྲུབ་མ་དང་། རླུང་མ་དང་། རྩེག་མ་དང་། སྐྲ་ཅན་མ་དང་། སྐྲ་བཟང་མ་དང་། བཤུགས་པ་མ་དང་། སྡིགས་མཛུབ་མ་དང་། ཕོ་ཉ་མོ་དང་། ཕོ་ཉ་མོ་བཟང་མོ་དང་། བདག་གི་མ་དང་། མིའུ་ཐུང་མ་དང་། གཟུགས་ལྡན་མ་དང་། གཟུགས་ཅན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། གཞན་གྱིས་མི་ཐུབ་མ་དང་། དཔལ་ལྡན་མ་དང་། བཞད་ལྡན་མ་དང་། རྡོ་རྗེ་བཞད་མ་དང་། འཇིག་རྟེན་ལྡན་མ་དང་། གྲགས་ལྡན་མ་དང་། རྡོ་རྗེ་ལྡན་མ་དང་། སྦྱིན་མེད་དང་།སྲིད་གསུམ་དབང་བྱེད་མ་དང་། དབྱུག་པ་མ་དང་། དབྱུག་པ་ཆེན་མོ་མ་དང་། སྙན་པར་སྨྲ་བ་མ་དང་། སྐད་བཟང་ལྡན་མ་དང་། དོན་ལྡན་མ་དང་། ཐེག་ཆེན་མ་དང་། སྲེག་པ་མ་དང་། སྲེག་པ་དཀར་པོ་མ་དང་། དཀར་མོ་དང་། སྤྲུལ་བྱེད་བཟང་མོ་དང་། དྲི་མེད་བཟང་མོ་དང་། དྲིལ་བུ་མ་དང་། རལ་གྲི་མ་དང་པཊྚི་ས་དང་། རྒྱལ་བྱེད་མ་དང་། སྒྲ་མེད་མ་དང་། འདུད་མ་དང་། གསང་ལྡན་མ་དང་། དབུགས་འབྱིན་ལྡན་མ་དང་། གཏུམ་མ་དང་། འབྱུང་པོ་ཐམས་ཅད་དབང་དུ་བྱེད་མ་དང་། དེ་དག་དང་གཞན་ཡང་ཕོ་ཉ་ཆེན་མོའི་ཚོགས་དུ་མས་ཡོངས་སུ་བསྐོར་བ་དང་། འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། །ཏིང་ངེ་འཛིན་གྱི་རྒྱུ་མཐུན་པས་ཡོངས་སུ་བསྒོས་པའི་ཐུགས་ལས་བྱུང་བའི་གཟུངས་ཀྱི་ལྷ་མོ་དུ་མ་རྣམས་སེམས་ཅན་མ་རུངས་པ་ཚར་གཅོད་པ་སྒྲུབ་པར་བྱེད་པ་ལ་འདི་ལྟ་སྟེ། རྡོ་རྗེའི་མེས་རབ་ཏུ་རྨོངས་པར་བྱེད་པའི་གཟུངས་ཀྱི་ལྷ་མོ་དང་། ལྷུན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་དང་། རིན་པོ་ཆེའི་རྩེ་མོའི་


DKG088_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་བརྩེགས་པའི་གཟུངས་དང་འཛིན་མ་དང་། ལེགས་བརྩེགས་མ་དང་། ལག་བརྩེགས་མ་དང་། མེ་ཏོག་བརྩེགས་མ་དང་། ཆད་པའི་གཟུངས་མ་དང་། ཚར་གཅོད་པའི་གཟུངས་མ་དང་། འགུགས་པར་བྱེད་པའི་གཟུངས་མ་དང་། དཔུང་རྒྱན་མ་དང་། དཔུང་རྒྱན་ལྡན་པ་དང་། རྒྱལ་མཚན་མཆོག་གི་དཔུང་རྒྱན་མ་དང་། རིན་ཆེན་མཆོག་གི་དཔུང་རྒྱན་མ་དང་། འཇིག་རྟེན་མཆོག་གི་དཔུང་རྒྱན་མ་དང་། བ་དན་མཆོག་གི་དཔུང་རྒྱན་མ་དང་། ལེའུ་གསུམ་མ་དང་། འཇིག་རྟེན་འཁྱིལ་མ་དང་། སྟོང་འཁྱིལ་མ་དང་། གཤིན་རྗེ་འཁྱིལ་མ་དང་། འབྱུང་པོ་ཐམས་ཅད་འཁྱིལ་མ་དང་། ཏོག་ལྡན་མ་དང་། རིན་ཆེན་ལྡན་མ་དང་། ནོར་བུ་རིན་པོ་ཆེའི་གཙུག་མ་དང་། བྱང་ཆུབ་ཡན་ལག་མ་དང་། སྟོབས་ལྡན་མ་དང་། མཐའ་ཡས་ཏོག་མ་དང་། ཀུན་ཏུ་ཏོག་མ་དང་། རིན་ཆེན་ཏོག་མ་དང་། རྣམ་གྲགས་ཏོག་མ་དང་། འབྱུང་པོ་ཐམས་ཅད་ཀྱི་ཏོག་མ་དང་། འཁོར་ས་ལྡན་མ་དང་། སྒྲ་སྙན་མ་དང་། དྲི་བྲལ་བཟང་མོ་དང་། གདོང་དྲུག་མ་དང་། དྲི་བྲལ་མ་དང་། འཇིག་རྟེན་གྲགས་པ་མ་དང་། དེ་དག་དང་གཞན་ཡང་གཟུངས་ཀྱི་ལྷ་མོ་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་དང་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། །སངས་རྒྱས་མཐའ་ཡས་པས་བྱིན་གྱིས་བརླབས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པ་དང་། སངས་རྒྱས་ཀྱི་ཞིང་གཞན་གྱི་སངས་རྒྱས་ཡོངས་སུ་སྤངས་པའི་རང་སངས་རྒྱས་བཅོམ་ལྡན་འདས་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་རྣམས་སེམས་ཅན་རྣམས་ཀྱི་དོན་མཛད་པ་ནི་ཅང་མི་གསུང་བ་གོམས་པས་ཆོས་ཀྱི་ཚུལ་ཡང་དག་པར་སྟོན་པ་ཡིན་ཏེ། འཁོར་བའི་རྗེས་སུ་འཁོར་བས་རྟག་ཏུ་ཡིད་སྐྱོ་ལ། རྒྱུད་ལ་སྙིང་རྗེ་ཆེན་པོ་སྤངས་ཤིང་སེམས་ལ་བག་ཆགས་བསྒོས་པ་ཁོ་ན་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ཡོངས་སུ་བསྒོས་པར་སེམས་པ་སྟེ། ས་གཅིག་དང་། ས་གཉིས་དང་། ས་གསུམ་དང་། བྱང་ཆུབ་སེམས་དཔའི་ས་བརྒྱད་ཀྱི་བར་དུ་འཇུག་པའི་སེམས་དང་འཁོར་བས་སྐྱོ་ཞིང་འཇིགས་ལ་འཇིགས་པར་བྱེད་པ་དེ་


DKG088_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་དཀྱིལ་འཁོར་ཆེན་པོ་དེར་འདུས་པར་གྱུར་ཏོ། །འདི་ལྟ་སྟེ་སྤོས་ཀྱི་ངད་ལྡང་དང་ཀུན་ནས་སྐྱེ་མཆེད་དང་། ཀུན་དུ་འོད་དང་། དགའ་བོ་དང་དུས་དང་། ཉེ་བའི་དུས་དང་མུ་ཁྱུད་དང་། ཉེ་བའི་མུ་ཁྱུད་དང་། འདོད་པ་དང་ཉེ་བའི་འདོད་པ་དང་། ཕ་རོལ་ཕྱིན་རྟ་དང་། ལེགས་པར་ཕ་རོལ་ཕྱིན་རྟ་དང་། རྔ་བོ་ཆེ་དང་། ཉེ་བའི་རྔ་བོ་ཆེ་དང་། འཇིག་རྟེན་རྣམ་པར་འཇིགས་པར་བྱེད་པ་དང་། རྡུལ་མེད་དང་། རྡུལ་དང་། ཉེ་བའི་རྡུལ་དང་། ཆ་ཤས་དང་། ཉེ་བའི་ཆ་ཤས་དང་། ཕྱག་མཚན་དང་། ཕྱག་མཚན་བཟང་པོ་དང་། ཉིན་བྱེད་དང་། བཟང་བྱེད་དང་། འོད་ལྡན་དང་། འོད་བྱེད་དང་། འཇིག་རྟེན་བྱེད་དང་། རྣམ་གྲགས་དང་ཐོས་མེད་དང་། སྡུག་མཛེས་དང་། དབྱངས་མཛེས་དང་། དུལ་མཛེས་དང་། མཐའ་ཡས་མཐའ་དང་། རྒྱུ་མཐའ་དང་། ཏོག་དཀར་པོ་དང་། ཏོག་གི་ཕྱག་མཚན་དང་། ཏོག་དང་། ཉེ་བའི་ཏོག་དང་། རྒྱལ་དང་། པདྨ་དང་། པདྨ་འབྱུང་བ་དང་། རང་འབྱུང་དང་། སྐྱེས་པ་དང་། ཡིད་དུ་འོང་བ་དང་། ཡིད་ལས་བྱུང་དང་། དབང་ཆེན་དང་། བརྩེགས་པའི་མཚན་དང་། རུ་རྟ་དང་། མ་ལུས་སྤྱན་དང་། བདེ་བྱེད་དང་། ཕན་བྱེད་དང་། ཞི་བ་དང་། ཞི་བའི་ཡིད་དང་། ཆོས་དང་། ཉེ་བའི་ཆོས་དང་། རྣམ་པར་སྣང་མཛད་དང་།མེ་ཏོག་དང་། ལེགས་སྔོ་དང་། དཔལ་ལྡན་དང་། གཉེན་ལས་ཐག་རིང་བྱེད་དང་། བཟོད་པར་དཀའ་བ་དང་། གསེར་དང་། དྲི་མེད་ཏོག་དང་། ཟླ་བ་དང་། ཟླ་བཟང་དང་། སྡེ་བཟང་དང་། བརྟུལ་ཞུགས་ལེགས་སྤྱད་དང་། བརྒྱ་བྱིན་དང་། ཆོས་བྱིན་དང་། འདོད་པ་དང་། ཉེ་དབང་ནོར་ལྷ་དང་། དེ་དག་དང་གཞན་ཡང་རང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་གཞལ་དུ་མེད་པ། སྨོན་པ་མེད་པའི་ཆོས་ཀྱི་དབྱིངས་ནམ་མཁའི་ངོ་བོ་སྤྲོས་པ་མེད་ཅིང་། འདུས་མ་བྱས་པ་ཐེག་པ་འབྲིང་ལ་རབ་ཏུ་ཞུགས་ཤིང་ལུང་བསྟན་ཏེ་རབ་ཏུ་གནས་པ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་དང་། བྲལ་བ་དག་དང་ཐབས་ཅིག་ཏུ་སངས་རྒྱས་བཅོམ་ལྡན་འདས་བཞུགས་པར་གྱུར་ཏོ། །ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཉན་ཐོས་བྱེ་བ་ཕྲག་


DKG088_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་སྟོང་དུ་མའི་འཁོར་དང་ལྷན་ཅིག་པ་ལ་འདི་ལྟ་སྟེ། འོད་སྲུང་ཆེན་པོའི་བུ་དང་། ཆུ་ཀླུང་འོད་སྲུང་གི་བུ་དང་། ལྟེང་རྒྱས་འོད་སྲུང་གི་བུ་དང་། བ་ར་དྭ་ཛའི་བུ་དང་། བ་ར་དྭ་ཛ་བསོད་སྙོམས་ལེན་དང་། མཽད་གལ་གྱི་བུ་དང་། མཽད་གལ་གྱི་བུ་ཆེན་པོ་དང་། ཤཱ་རིའི་བུ་དང་། ཤཱ་རིའི་བུ་ཆེན་པོ་དང་། རབ་འབྱོར་དང་། རབ་འབྱོར་ཆེན་པོ་དང་། བ་ལང་བདག་དང་། ཀཱ་ཏྱཱ་ཡ་ན་དང་ཀཱ་ཏྱཱ་ཡ་ན་ཆེན་པོ་དང་། ཉེ་བ་འཁོར་བཟང་པོ་དང་། ཀ་པི་ན་དང་། དགའ་བོ་དང་། ཀུན་དགའ་བོ་དང་། མཛེས་དགའ་བོ་དང་། ཉེ་དགའ་བོ་དང་། འཇིག་རྟེན་གྱུར་པ་དང་། མཐའ་ཡས་འཇིག་རྟེན་གྱུར་པ་དང་། སྙན་པ་དང་། ཉེ་བའི་སྙན་པ་དང་། དགའ་ལྡན་དང་། ཉེ་བའི་དགའ་ལྡན་དང་། མ་འགགས་པ་དང་། གང་བ་དང་། ཡོངས་སུ་གང་བ་དང་། ཉེ་བའི་གང་བ་དང་། རྒྱལ་དང་། ན་བ་སོ་དང་། རུ་རུ་དང་། དྲག་པོའི་བུ་དང་། རུ་རུའི་བུ་དང་། ཀུ་རུ་དང་། ལྔས་རྩེན་དང་། ཉེ་བའི་ལྔས་རྩེན་དང་། དུས་དང་། དུས་བཟང་དང་། ལྷ་འཛིན་དང་། སྒྲ་གཅན་འཛིན་དང་། ལྗང་སྔོན་དང་། ཉེ་བའི་ལྗང་སྔོན་དང་། བསམ་བྱ་དགའ་དང་། བསམ་བྱེད་དང་། འཆར་བ་དང་། ཉེ་བའི་འཆར་བ་དང་། དཔལ་ལྡན་དང་། རྫས་དང་། གྱད་ཀྱི་བུ་དང་། ཉེ་རྫས་དང་། དུམ་བུ་ལྡན་དང་། རྒྱལ་དང་། ཉེ་རྒྱལ་དང་། རྒྱལ་ཆེན་པོ་དང་། ཀུན་ནས་རྒྱལ་དང་། འབོད་བྱེད་དང་། གྲགས་སྦྱིན་དང་། གྲགས་ལྡན་དང་། ནོར་ཅན་དང་། ཉེ་བའི་ནོར་ཅན་དང་། པི་ལིན་ད་ལ་དང་། འདུན་པ་དང་། པིབ་པ་ལ་དང་། ཀིབ་པ་ལ་དང་། ཉེ་བའི་འབྲས་བུ་དང་། མཐའ་ཡས་འབྲས་བུ་དང་། འབྲས་བུ་དང་བཅས་པ་དང་གཞོན་ནུ་དང་གཞོན་ནུ་འོད་སྲུང་གི་བུ་དང་། ཆོས་སྦྱིན་དང་བཅུ་དྲུག་སྡེ་པའི་དགའ་བྱེད་དང་། ཉེ་དགའ་དང་། ཡོན་པོ་དང་། ལྕེ་ལྡན་དང་། རྒྱལ་བའི་ཞགས་པ་དང་། དབུགས་འབྱིན་ཆེན་པོ་དང་། བེའུའི་བུ་དང་། ཀུ་རུ་ཀུ་ལ་དང་། ཉེ་བའི་ཀུ་རུ་ཀུ་ལ་དང་། གྲོ་ཞིན་སྐྱེས་རྣ་བ་བྱེ་བ་རི་དང་། རྒྱུན་གྱི་ཕ་རོལ་མཐར་བྱེད་དང་། གང་གཱའི་བུ་དང་། རིའི་རྣ་བ་དང་། བྱེ་བའི་ཟེ་བ་དང་། དབྱར་ཅན་དང་། གཟི་བརྗིད་ཅན་དང་། གཟི་བརྗིད་བཟང་པོ་དང་། དཔལ་སྦས་དང་། འཇིག་


DKG088_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྦས་དང་། བླ་མ་སྦས་དང་། ལྷུར་བྱེད་དང་སྐར་མ་ལ་དགའ་བ་དང་། ཞི་བྱེད་དང་། བྱི་བ་དང་། ཉེ་བའི་བྱི་བ་དང་། སེ་གོལ་ཉི་ཤུ་པ་དང་། མགོན་མེད་སྦྱིན་དང་། ཉེ་བར་གནས་དང་། ལྡོག་པར་གནས་དང་། སྨྱོ་བྱེད་དང་། འོད་ལྡན་དང་། ཀུན་ཏུ་ཡོད་དང་། མེ་ཏོག་ཀ་དམ་ལི་དང་། ལེགས་པར་རབ་སད་དང་། ཉེ་བར་འོངས་དང་། འཇིག་རྟེན་འོངས་དང་། སྡུག་བསྔལ་མཐར་བྱེད་དང་། སྐལ་བཟང་ཡོད་དང་། སྐལ་བཟང་ཡོད་ཆེན་པོ་དང་། དོན་སྤྱོད་དང་། མེས་པོ་དང་། འགྲོ་ཡོད་དང་། རྒྱལ་སྐྱོང་དང་། རྒྱལ་དང་ཡུལ་ཀ་ཤི་ཅན་དང་། ཉེ་བའི་ཀ་ཤི་ཅན་དང་། སྨན་ཆེན་པོ་ཅན་དང་། གཟི་བརྗིད་ཆེན་པོ་ཅན་དང་། གཟི་བརྗིད་ཆེན་པོ་དང་། ལྷ་མཚམས་དང་། སྒྲུབ་བྱེད་དང་། ཚོགས་ཅན་དང་། ཚངས་པ་བཟང་པོ་དང་། དགེ་བཟང་དང་། འཇིག་རྟེན་བཟང་པོ་དང་། མཉམ་པ་དང་། མཉམ་བཅས་དང་། དེ་དག་དང་གཞན་ཡང་ཆོས་ཀྱི་དབྱིངས་མཐའ་ཡས་པ། རྣམ་པར་གྲོལ་བའི་རོའི་རོ་མྱོང་བ། ཐེག་པ་གསུམ་ལས་ངེས་པར་འབྱུང་བ་ལས་ཐེག་པ་ཆུང་ངུའི་ལམ་ཐོབ་པ། འཁོར་བ་ལས་འཇིགས་པ་དག་དང་། རྣམ་པར་ཐར་པའི་སྒོ་གསུམ་གྱིས་བསམ་གཏན་ལ་བསམ་གཏན་པ་དང་སྤྱོད་ལམ་བཞིར་ཚངས་པའི་གནས་བཞི་ལ་གནས་པ་དང་ལྡན་ཞིང་ལེགས་པར་མཉམ་པར་བཞག་པ། ལེགས་པར་བསྙེན་པར་རྫོགས་པ་ཐེག་པ་ཆུང་ངུའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཞུགས་ཤིང་ངེས་པར་འབྱུང་བ། མཉམ་པ་ཉིད་སྤྲོས་པ་མེད་པ་དེ་དག་དང་ཡང་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། དཀོན་མཆོག་གསུམ་ས་བཅུ་ལ་གནས་པ་དག་དང་ཐབས་ཅིག་ཏུ་བཞུགས་སོ། །ཉན་ཐོས་ཆེན་པོ་ངེས་པར་འབྱུང་བའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཡང་དག་པར་རྗེས་སུ་ཞུགས་པ་དུ་མ་དག་འདུས་མ་བྱས་ཀྱི་ལམ་གྱི་ཐེག་པ་ལ་དམིགས་པ་དང་། དག་ཅིང་འདོད་ཆགས་དང་བྲལ་བ་དང་། ཀུན་ནས་སྣང་བ་ཀུན་ཏུ་ཐོབ་པ་དང་། སྦྱིན་པའི་གནས་སུ་གྱུར་པ་ཡོན་ཏན་གྱི་ཞིང་ཡོན་ཏན་སྐྱེད་པར་བྱེད་ཅིང་ཡོངས་སུ་སྦྱོང་བ་དག་དང་། སེམས་ཅན་གྱི་སྙིང་པོའི་སྙིང་པོར་གྱུར་པ་འཇིག་རྟེན་མཆོག་གི་བདག་པོ། ལྷ་དང་མི་རྣམས་ཀྱིས་མཆོད་པ། བསོད་ནམས་ཀྱི་ཞིང་རྐང་


DKG088_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་དང་། རྐང་བཞི་དང་། རྐང་མང་དང་སེམས་ཅན་ཐམས་ཅད་ཀྱི་མཆོག་ལ་འདི་ལྟ་སྟེ། གྲགས་འཛིན་མ་དང་། གྲགས་སྦྱིན་མ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་དང་། ལེགས་སྐྱེས་མ་དང་། དགའ་མ་དང་། སྦོམ་དགའ་མོ་དང་། མཛེས་དགའ་མོ་དང་། སྒོམ་པ་མོ་དང་། མཛེས་མ་དང་། མཐའ་ཡས་མ་དང་། ས་ག་མ་དང་། བསམ་པ་མ་དང་། རྒྱལ་ལྡན་མ་དང་། གཙུག་ཕུད་མ་དང་། ཉེ་བའི་གཙུག་ཕུད་མ་དང་། ལྷ་མོ་མ་དང་། ལེགས་ལྷ་མོ་དང་། གནས་མ་དང་། དཔལ་མོ་དང་། རབ་མཆོག་མ་དང་། རབ་དགའ་མ་དང་། སྨྲ་དགའ་མ་དང་། སྣར་མ་མ་དང་། ཡུལ་འཁོར་སྲུང་བ་མ་དང་། བདག་པོ་མ་དང་། ཕུན་སུམ་ཚོགས་མ་དང་། ལུས་ཅན་མ་དང་། དད་མ་དང་། དགའ་མ་དང་།རལ་པ་མ་དང་། ཉེ་བའི་རལ་པ་མ་དང་། ཀུན་ནས་རལ་པ་མ་དང་། དོན་འབྱུང་མ་དང་། འོད་མ་དང་། ཡིད་མགྱོགས་མ་དང་། སྐྲག་ལྡན་མ་དང་། ཁྱབ་འཇུག་འཛིན་མ་དང་། ཁྱབ་འཇུག་དགའ་མ་དང་། ཡིད་བཟང་མ་དང་། ཡིད་མང་མ་དང་། དཔལ་ལྡན་མ་དང་། ཉམ་ཐག་སྡུག་བསྔལ་མ་དང་། ལས་སྦྱིན་མ་དང་། ལས་འབྲས་མ་དང་། རྣམ་རྒྱལ་ལྡན་མ་དང་། ནོར་བདག་མ་དང་། ནོར་སྦྱིན་མ་དང་། ཆོས་སྦྱིན་མ་དང་། རྩེད་མོ་སྦྱིན་མ་དང་། འདུད་མ་དང་། ལེགས་འདུད་མ་དང་། སྙན་ལྡན་མ་དང་། ཡིད་ལྡན་མ་དང་། རབ་བཞད་མ་དང་། སྲིད་གསུམ་མཐར་བྱེད་མ་དང་། དྲི་མ་གསུམ་མཐར་བྱེད་མ་དང་། སྡུག་བསྔལ་སྟོན་པར་བྱེད་མ་དང་། ཡིད་འབྱུང་མ་དང་། ཁ་དོག་གསུམ་མ་དང་། པདྨའི་ཁ་དོག་མ་དང་། པདྨ་ལྡན་མ་དང་། པདྨའི་འོད་མ་དང་། དཀའ་ཟློག་རྐང་སྤྱོད་ལྡན་མ་དང་། འདབ་གསུམ་མ་དང་། འདབ་བདུན་མ་དང་། ཨུཏྤ་ལའི་འདབ་མ་དང་། དེ་དག་དང་གཞན་ཡང་གནས་བརྟན་མ་ཆེན་མོ་ཉན་ཐོས་ཆེན་མོ་དག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བའི་ཕྱིར་ཉེ་བར་ལྷགས་པར་གྱུར་ཏོ། །འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་འཕྲུལ་པ་མཐོང་བར་འདོད་ནས་འདུས་ཤིང་འཁོད་པར་གྱུར་ཏེ། ཆོས་མཉན་པའི་ཕྱིར་དང་སྔགས་ཀྱི་སྤྱོད་པ་སྒྲུབ་པ་གསལ་བར་འདོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་


DKG088_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ནས། ལྷག་པའི་བསམ་པ་དག་དང་དངོས་པོ་མེད་པའི་ངོ་བོ་ཉིད་ནམ་མཁའི་ངོ་བོ་དང་། ཆོས་ཀྱི་དབྱིངས་དུས་གསུམ་ལས་ཡང་དག་པར་འདས་པར་མཁྱེན་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སེམས་ཅན་གྱི་དོན་སྤྱོད་པ་ལ་ཡང་དག་པར་སོམས་ཤིག བསམ་པ་ཅི་ལྟ་བ་བཞིན་དུ་མངོན་པར་དགའ་བའི་འདོད་པའི་ལས་ཀྱི་འབྲས་བུ་ལ་དད་པ་དང་ལྡན་པ་ལ་སྔགས་ཀྱི་སྤྱོད་པའི་དོན་ཡང་དག་པར་ཐོབ་པ་ཞེས་བྱ་བའི་ཆོས་ཀྱི་ཚིག་དང་། ལས་ཀྱི་ཚིག་དང་ཞི་བའི་ཚིག་དང་ཐར་པའི་ཚིག་དང་། ཆོ་ག་ཞིབ་མོ་སྒྲུབ་པ་དང་རྣམ་པར་མི་རྟོག་པའི་མཉམ་པ་ཉིད་ཐོབ་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་ཀུན་གྱི་སྟོབས་དང་། བདུད་ཐམས་ཅད་ཀྱི་སྟོབས་ཟིལ་གྱིས་གནོན་པ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒོམས་ཤིག་ཅེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་མ་ཐག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པ་སྙོམས་པར་ཞུགས་པར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་སྙོམས་པར་ཞུགས་མ་ཐག་ཏུ། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་དང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་དུ་མའི་རྡུལ་ཕྲ་རབ་ཀྱི་རྡུལ་དང་མཉམ་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡང་དག་པར་རབ་ཏུ་གཡོས་ཏེ། སྣང་བ་ཆེན་པོས་གསལ་བར་ཡང་བྱས་ནས། རང་གི་རྫུ་འཕྲུལ་གྱི་སྟོབས་སྐྱེད་པ་སྟོན་ཏེ། རང་གི་སྔགས་ཀྱི་ཚིག་ཀྱང་སྟོན་པ་ལ། ནམཿས་མནྟ་བུདྡྷཱ་ནཱཾ། ཨ་བྷཱ་བ་སྭ་བྷཱ་བ་མུངྒ་ཏཱ་ནཱཾ། ནམཿཔྲ་ཏྱེ་ཀ་བུད་དྷཱ་ནཱཾ་ཨཱཪྱ་ཤྲ་བ་ཀཱ་ནཱཾ། ན་མོ་བོ་དྷི་ས་ཏྭཱ་ནཱཾ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ་ཤྭ་རཱ་ནཱཾ། བོ་དྷི་ས་ཏྭཱ་ནཱཾ། མ་ཧཱ་ས་ཏྭཱ་ནཱཾ། ཏདྱ་ཐཱ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུཥྚ་ས་ཏྭ་ད་མ་ཀ་ཨ་སི་མུ་ས་ལ་པརྴུ་པཱ་ཤ་ཧསྟ། ཙ་ཏུརྦྷུ་ཛ། ཙ་ཏུརྨུ་ཁ། ཥ་ཊ་ཙ་ར་ཎ། གཙྪ་གཙྪ། སརྦ་བིགྷྣ་བིགྷྣཱནྟེ་ཀ །བི་ཀྲཱི་ཏཱ་ནན། སརྦ་བྷཱུ་ཏ་བྷ་ཡཾ་ཀར། ཨཊྚཱཊྚ་ཧཱ་ས་ནི་ནཱ་དི་ནེ། བྱ་གྷྲ་ཙརྨ་ནི་བཱ་ས་ན། ཀུ་རུ་ཀུ་རུ། སརྦ་དྷརྨཱ་ན། ཙྪིནྡ་ཙྪིནྡ། སརྦ་མནྟྲཱན། བྷིནྡྷ་བྷིནྡྷ། པ་ར་མུ་དྲཱན། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། སརྦ་བྷཱུ་ཏཱན། ནིརྨ་ཐ་ནིརྨ་ཐ། སརྦ་དུཥྚ་ན། པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། མཎྜ་ལ་མ་དྷྱེ། བཻ་བ་སྭ་ཏ་ཛཱི་བི་ཏཱནྟ་ཀ་ར། ཀུ་རུ་ཀུ་རུ་མ་མ་


DKG088_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཀཱཪྱམ། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་བི་ལམྦ། མཱ་བི་ལམྦ། ས་མ་ཡ་མ་ནུ་སྨ་ར། ཧཱུཾ་ཧཱུཾ་ཕཊ། སྥོ་ཊ་ཡ་སྥོ་ཊ་ཡ། སརྦ་ཨཱ་ཤ་པ་རི་པཱུ་ར་ཀ། ཧེ་བྷ་ག་བཱན་ཀིཉྩི་རཱ་ཡ་སི་མ་མ་སརྦཱམརྠཾ་སཱ་དྷ་ཡ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་ཅེས་བྱ་བ་ཡིན་ཏེ། གཤིན་རྗེའི་རྒྱལ་པོ་ཡང་འཇོམས་པ་དང་། འགུགས་པར་བྱེད་པ་ཡིན་ན། སེམས་ཅན་གཞན་ལྟ་སྨོས་ཀྱང་ཅི་དགོས། །ཁྲོ་བོའི་རྒྱལ་པོ་ཆེན་པོས་གཟུངས་སྔགས་འདི་སྨྲས་མ་ཐག་ཏུ་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་པར་གྱུར་ཏེ། འཇིགས་པ་དང་ཉམ་ཐག་པ་དང་། དངངས་པ་དང་ཡིད་སྐྱོ་བ་དང་སྙིང་འགས་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་མ་གཏོགས་པར་སྐྱབས་གཞན་མེད་སྐྱོབ་པ་གཞན་མེད་དཔུང་གཉེན་གཞན་མེད་པར་གྱུར་ཏོ། །དེ་ནས་གང་སུ་དག་ས་ལ་གནས་པ་དང་ཆུ་ལ་གནས་པ་དང་། ནམ་མཁའ་ལ་གནས་པ་དང་། བརྟན་པར་གནས་པ་དང་། མི་བརྟན་པར་གནས་པ་དང་། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་རྫུས་ཏེ་སྐྱེས་པའི་སེམས་ཅན་གྱི་གྲངས་སུ་གཏོགས་པ། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་ན་རྣམ་པར་གནས་པ་སྟེང་དང་། འོག་དང་ཐད་ཀ་དང་ཕྱོགས་དང་ཕྱོགས་མཚམས་དག་ཏུ་སྐད་ཅིག་དེ་དང་ཡུད་ཙམ་དེ་ལ་གབ་ཅིང་གནས་པ་དག་སྐད་ཅིག་དེ་ཉིད་ལ། ཁྲོ་བོའི་རྒྱལ་པོ་ཆེན་པོས་འདི་ཉིད་དུ་བཀུག་པར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོའི་སྔགས་འདི་ནི་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་མདུན་དུ་བརྗོད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ཡང་འཆི་བར་འགྱུར་བའམ། སྐམ་པར་འགྱུར་བའི་ཕྱིར་རོ། །དམ་ཚིག་ལ་དམིགས་པར་བྱས་ནས་སངས་རྒྱས་ཀྱི་སྐུ་གཟུགས་སམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། འཇམ་དཔལ་གཞོན་ནུར་གྱུར་པའི་སྐུ་གཟུགས་ཀྱི་སྤྱན་སྔར་བཟླས་པར་བྱའོ། །ཡང་ན་ལས་གཞན་གྱི་ཆེད་དུ་བརྗོད་པར་བྱ་སྟེ། གང་དེ་དང་དེ་དག་ཏུ་ནི་བརྗོད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྟས་ངན་ཆེན་པོ་དང་། མྱ་ངན་ཆེན་པོ་དང་། བདག་ཉིད་འཇིགས་པ་ཆེན་པོར་འགྱུར་བའི་ཕྱིར་རོ། །ཐུགས་རྗེ་མཆོག་དང་ལྡན་པའི་སངས་རྒྱས་


DKG088_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཁོ་ནའི་སྤྱོད་པ་རྗེས་སུ་བསྒྲུབ་ཅིང་བསྟན་པ་དང་། སེམས་ཅན་ཐམས་ཅད་དབང་དུ་བྱ་བ་དང་། ཆོས་ཀྱི་ཚུལ་ཡང་དག་པར་གནས་པར་བྱ་བ་དང་། སེམས་ཅན་གྱི་ཁམས་མཐའ་དག་མྱ་ངན་ལས་འདས་པ་ཡང་དག་པར་ཐོབ་པར་བྱ་བ་དང་། བསྟན་པ་མེད་པ་དག་ཏུ་བསྟན་པ་དང་། ལམ་གསུམ་ལ་ཡང་དག་པར་སྦྱོར་བ་དང་དཀོན་མཆོག་གསུམ་གྱི་གདུང་མི་བཅད་པ་དང་། སྔགས་ཀྱི་སྤྱོད་པ་བསྟན་པའི་ཕྱིར་དང་། ཐུགས་རྗེ་ཆེན་པོའི་མཐུའི་རྒྱུ་མཐུན་པའི་ཐུགས་ཀྱི་བདུད་ཀྱི་སྟོབས་ཟིལ་གྱིས་གནོན་པ་དང་། བགེགས་ཆེན་པོ་རྣམ་པར་གཞིག་པ་དང་། རྒྱལ་པོ་མ་རུངས་པ་རྣམ་པར་གཞོམ་པ་དང་། བདག་གི་སྟོབས་རྣམ་པར་འཕེལ་བར་བྱ་བ་དང་། གཞན་གྱི་སྟོབས་རྣམ་པར་གཞིག་པ་དང་། རེངས་པར་བྱ་བ་དང་གསད་པ་དང་། མི་སྣང་བར་བྱ་བ་དང་། རབ་ཏུ་བསྟན་པ་དང་། ཉེ་བར་སྒོམ་པ་དང་། དགའ་བར་བྱ་བ་དང་། རང་གི་སྔགས་ཀྱི་སྤྱོད་པ་རབ་ཏུ་བསྟན་པ་དང་། ཚེ་དང་ནད་མེད་པ་དང་དབང་ཕྱུག་མངོན་པར་འཕེལ་བར་བྱ་བ་དང་། མྱུར་བའི་ལས་རྗེས་སུ་བསྒྲུབ་པ་དང་། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོའི་ཡང་དག་པར་སྡོམ་པ་ལ་གནས་པ་དང་དེ་དག་གི་རྒྱུ་མཚན་དུ་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའི་སེམས་ཀྱིས་སྨྲས་སོ། །དེ་ནས་ཀླུ་དང་ཀླུ་ཆེན་པོ་དེ་དག་དང་། གནོད་སྦྱིན་དང་གནོད་སྦྱིན་ཆེན་པོ་དང་། སྲིན་པོ་དང་སྲིན་པོ་ཆེན་པོ་དང་། ཤ་ཟ་དང་ཤ་ཟ་ཆེན་པོ་དང་སྲུལ་པོ་དང་སྲུལ་པོ་ཆེན་པོ་དང་ལུས་སྲུལ་པོ་དང་ལུས་སྲུལ་པོ་ཆེན་པོ་དང་། མ་མོ་དང་མ་མོ་ཆེན་མོ་དང་། གྲུལ་བུམ་དང་གྲུལ་བུམ་ཆེན་མོ་དང་། གཅན་གཟན་དང་གཅན་གཟན་ཆེན་པོ་དང་། རོ་ལངས་དང་རོ་ལངས་ཆེན་པོ་དང་། ཀམྤོ་ཙེའི་མི་དང་། ཀམྤོ་ཙེའི་མི་ཆེན་པོ་དང་། སྲིན་མོ་དང་སྲིང་མོ་ཆེན་མོ་དང་། མཁའ་འགྲོ་མ་དང་མཁའ་འགྲོ་མ་ཆེན་མོ་དང་། གཞིབ་པ་དང་གཞིབ་པ་ཆེན་པོ་དང་། གཡེངས་བྱེད་དང་གཡེངས་བྱེད་ཆེན་པོ་དང་། བྱིས་པ་དང་བྱིས་པ་ཆེན་པོ་དང་། བྲན་པ་དང་བྲན་པ་ཆེན་པོ་དང་། ནད་དང་ནད་


DKG088_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་དང་། བརྗེད་བྱེད་དང་བརྗེད་བྱེད་ཆེན་པོ་དང་། གདོན་དང་གདོན་ཆེན་པོ་དང་། ནམ་མཁའི་མ་མོ་དང་ནམ་མཁའི་མ་མོ་ཆེན་མོ་དང་། གཟུགས་ཅན་མ་དང་གཟུགས་ཅན་མ་ཆེན་མོ་དང་། ངུ་འབོད་དང་ངུ་འབོད་ཆེན་པོ་དང་། གྲིབ་གནོན་དང་གྲིབ་གནོན་ཆེན་པོ་དང་། སྦོད་གཏོང་དང་སྦོད་གཏོང་ཆེན་པོ་དང་། མངག་གཞུག་མ་དང་མངག་གཞུག་མ་ཆེན་མོ་དང་། གནོད་སྦྱིན་མོ་དང་གནོད་སྦྱིན་མོ་ཆེན་མོ་དང་། ཤ་ཟ་མོ་དང་ཤ་ཟ་མོ་ཆེན་མོ་དང་། རིམས་ནད་དང་རིམས་ནད་ཆེན་པོ་དང་། རིམས་ཉིན་བཞི་པ་དང་ཉིན་བཞི་པ་ཆེན་པོ་དང་། རྟག་པའི་རིམས་དང་རིམས་མི་བཟད་པ་དང་། རྟག་པ་ལས་བྱུང་བའི་རིམས་དང་། ཡུད་ཙམ་ལས་བྱུང་བ་དང་རླུང་ལས་གྱུར་པ་དང་།མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། གཅོང་ཆེན་པོ་དང་། གྲུབ་པ་དང་གྲུབ་པ་ཆེན་པོ་དང་། རྣལ་འབྱོར་དང་ལྡན་པ་དང་། རྣལ་འབྱོར་དང་ལྡན་པ་ཆེན་པོ་དང་། དྲང་སྲོང་རྣམས་དང་། དྲང་སྲོང་ཆེན་པོ་རྣམས་དང་། མིའམ་ཅི་དང་། མིའམ་ཅི་ཆེན་པོ་དང་། བྲང་འགྲོ་དང་བྲང་འགྲོ་ཆེན་པོ་དང་། དྲི་ཟ་དང་དྲི་ཟ་ཆེན་པོ་དང་། ལྷ་དང་ལྷ་ཆེན་པོ་དང་། མི་དང་མི་ཆེན་པོ་དང་། ཡུལ་མི་དང་ཡུལ་མི་ཆེན་པོ་དང་། རྒྱ་མཚོ་དང་རྒྱ་མཚོ་ཆེན་པོ་དང་། ཆུ་བོ་དང་ཆུ་བོ་ཆེན་པོ་དང་། རི་དང་རི་ཆེན་པོ་དང་། གཏེར་དང་གཏེར་ཆེན་པོ་དང་། ས་དང་ས་ཆེན་པོ་དང་། ཤིང་དང་ཤིང་ཆེན་པོ་དང་། འདབ་ཆགས་ཅན་དང་འདབ་ཆགས་ཅན་ཆེན་པོ་དང་། རྒྱལ་པོ་དང་རྒྱལ་པོ་ཆེན་པོ་དང་། བརྒྱ་བྱིན་དང་བརྒྱ་བྱིན་ཆེན་པོ་དང་། ནོར་ལྷའི་བུ་དང་། ངུ་ཞིག་དང་འབྱུང་བ་ཆེན་པོའི་བདག་པོ་དང་། དབང་ལྡན་དང་། གཤིན་རྗེ་དང་། ཚངས་པ་དང་ཚངས་པ་ཆེན་པོ་དང་། ལྷ་སྣ་ཚོགས་བཟོ་བོ་དང་། ནོར་སྦྱིན་དང་། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ལུས་ངན་པོ་དང་། གང་བ་བཟང་དང་། ནོར་བུ་བཟང་དང་། ལྔས་རྩེན་དང་། ཛམ་བྷ་ལ་དང་། སྟམ་བྷ་ལ་དང་། ཀུམ་བྷ་ལ་དང་། སྔོན་པོ་དང་། སྐྲ་སྔོན་པོ་དང་། སེང་གེ་དང་། འཕྲོག་མ་དང་། སེར་སྐྱ་མ་དང་། དགའ་བྱེད་དང་། ནོར་བྱེད་


DKG088_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཆུ་དབང་དང་། འཇིག་རྟེན་དབང་པོ་དང་ཉེ་དབང་དང་། གསང་བ་པ་དང་། གསང་བ་པ་ཆེན་པོ་དང་། གཡོ་དང་། གཡོ་བྱེད་དང་། ཆུ་ན་སྤྱོད་པ་དང་། གཡུང་དྲུང་རི་དང་། ཟླ་བའི་རི་དང་། རི་བོ་ཆེན་པོ་དང་། བརྩེགས་མིག་དང་། མགོ་བོ་གསུམ་པ་སྟེ། དེ་དག་དང་གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནོད་སྦྱིན་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མའི་འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའ་ཆེན་པོས་བྱིན་གྱིས་བརླབས་པའི་གནས་གཙང་མའི་གཞལ་མེད་ཁང་གི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས་འདུས་པར་གྱུར་ཏེ་ཆོས་མཉན་པའི་ཕྱིར་འཁོད་དོ། །གང་ཡང་སྲིན་པོའི་རྒྱལ་པོ་ཆེན་པོ་དེ་དག་གནོད་སྦྱིན་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མའི་འཁོར་དང་ལྡན་པ། ཁྲོ་བོའི་རྒྱལ་པོ་ཆེན་པོས་བཀུག་པ་ལ་འདི་ལྟ་སྟེ། སྒྲ་སྒྲོགས་དང་ནོར་ལྡན་དང་རྣམ་པར་འཇུ་བྱེད་དང་། གཟེར་རྣ་དང་བུམ་རྣ་དང་ཀུན་ནས་རྣ་བ་དང་། གཤིན་རྗེ་དང་རྣམ་པར་འཇིགས་བྱེད་དང་འཇིགས་བྱེད་དང་མི་བཟད་པ་དང་སྡིག་ལྡན་དང་། དབང་པོ་རྒྱལ་དང་འཐབ་པ་དང་ལེགས་པར་འཐབ་པ་དང་། མདུང་དང་མདུང་རྩེ་གསུམ་པ་དང་། མགོ་གསུམ་པ་དང་མགོ་མཐའ་ཡས་པ་ཡང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །གང་ཡང་ཤ་ཟ་ཆེན་པོ། ཤ་ཟའི་འཁོར་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་ལྡན་པ་དེ་དག་ཀྱང་འདི་ལྟ་སྟེ། པཱི་ལུ་དང་ཉེ་བའི་པཱི་ལུ་དང་།པཱི་ལུ་བཟང་པོ་དང་། པཱི་ལུ་མཐའ་ཡས་དང་། བསམ་པ་དང་བསམ་པ་མ་ཡིན་པ་དང་། གདུང་བ་བཟང་པོ་དང་ཟ་བྱེད་དང་། གཟི་བརྗིད་བཟང་པོ་དང་མི་བཟད་པ་དང་མི་བཟད་པའི་གཟུགས་ཅན་ཡང་ཆོས་མཉན་པའི་ཕྱིར་འདུས་པར་གྱུར་ཏོ། །གང་ཡང་ཀླུའི་རྒྱལ་པོ་ཆེན་པོ་ཀླུ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མའི་འཁོར་དང་ལྡན་པ། ཁྲོ་བོའི་རྒྱལ་པོ་ཆེན་པོས་བྱང་ཆུབ་སེམས་དཔའ་ཆེན་པོའི་རྫུ་འཕྲུལ་གྱི་སྟོབས་ཀྱིས་བཀུག་པ་ལ་འདི་ལྟ་སྟེ། དགའ་བོ་དང་། ཉེ་དགའ་བོ་དང་། ལ་བ་དང་ཉེ་བའི་ལ་བ་དང་། ནོར་ལྡན་དང་། མཐའ་ཡས་དང་། འཇོག་པོ་དང་པདྨ་དང་། པདྨ་ཆེན་པོ་དང་འདུས་པ་སྐྱོང་དང་། དུང་དང་དུང་སྐྱོང་དང་ཀཀྐོ་ཊ་དང་། རིགས་


DKG088_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དང་། རིགས་མེད་ལྡན་དང་། ང་རྒྱལ་ཅན་དང་། བུམ་ཆུ་ཅན་དང་། རྡོ་རྗེ་ཅན་དང་མེ་ཏོག་ཙམ་པ་ཀ་ལས་བྱུང་བ་དང་ནོར་ལྡན་ཀླུ་དང་། ང་རྒྱལ་འཇོམས་དང་། མཚོན་དཔུས་དང་ཉེ་བའི་དཔུས་དང་། དབྱིག་པ་དང་དབྱིག་པ་ཆེན་པོ་དང་། དཀར་པོ་དང་དཀར་པོ་བཟང་དང་། སྔོ་བ་དང་ཆུ་སྦྱིན་སྔོ་བ་དང་འོ་མའི་ཆུ་དང་སོག་མ་མེད་དང་། རྒྱ་མཚོ་དང་ཉེ་བའི་རྒྱ་མཚོ་སྟེ། དེ་དག་དང་གཞན་ཡང་ཀླུའི་རྒྱལ་པོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་དེ་དག་ཀྱང་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་འཁོད་པར་གྱུར་ཏོ། །གང་ཡང་དྲང་སྲོང་དང་དྲང་སྲོང་ཆེན་པོ་དེ་དག་ལ་འདི་ལྟ་སྟེ། རྒྱུན་ཤེས་ཀྱི་བུ་དང་། གནས་འཇོག་དང་། གཽ་ཏ་མ་དང་། བྷ་གོ་ར་ཐ་དང་། ཛ་ཧྣུ་དང་། ཨང་གི་རས་དང་། ཨ་མ་ཏི་དང་། པུ་ལ་སྟི་དང་། རི་བྱི་དང་། རྒྱས་པ་དང་། ནག་པོ་དང་། གཽ་ཏ་མ་ནག་པོ་དང་། མེ་དང་། མེའི་རྒྱུད་དང་། ཛ་མ་ད་གྣི་དང་ཡོད་པ་པ་དང་ཐུབ་པ་མཆོག་དང་། གོས་ཅན་དང་བཻ་ཤམ་པཱ་ཡཱ་ན་དང་རྩིབ་ལོགས་སྐྱེས་དང་། མོ་མཚན་གཉིས་ལས་སྐྱེས་དང་དགྲ་སྟ་དང་རྣལ་འབྱོར་དབང་ཕྱུག་དང་། ཤིང་པི་པ་ལ་གནས་པ་དང་། ཤིང་པི་པ་ལ་ཟ་བ་དང་། གྲོག་མཁར་སྐྱེས་དང་ཉི་མའི་རིགས་ཏེ། དེ་དག་དང་གཞན་ཡང་དྲང་སྲོང་ཆེན་པོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་དེ་དག་ཀྱང་། འཁོར་གྱི་དཀྱིལ་འཁོར་དེར་ཉེ་བར་ཕྱིན་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས་སྔགས་སྤྱོད་པའི་དོན་བྱང་ཆུབ་སེམས་དཔའི་སྡེ་སྣོད་མཉན་པའི་ཕྱིར་དང་། རྗེས་སུ་ཡི་རང་བའི་དོན་དུ་འཁོད་པར་གྱུར་ཏོ། །གང་ཡང་ལྟོ་འཕྱེ་ཆེན་པོའི་རྒྱལ་པོ་དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ཆོས་མཉན་པའི་ཕྱིར་རབ་ཏུ་ཞུགས་ཏེ། འཁོད་པ་ལ་འདི་ལྟ་སྟེ། ཨེ་རཎྜ་དང་། ཏེ་རཎྜ་དང་། འོད་ཟེར་གྱི་བུ་དང་འོད་ཟེར་དང་སྣང་བ་དང་སྣང་བ་བཟང་པོའོ། །གང་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་དེ་དག་ཀྱང་ནམ་མཁའ་ལྡིང་བརྒྱ་སྟོང་དུ་མའི་འཁོར་དང་ལྡན་པ་འཁོར་གྱི་དཀྱིལ་འཁོར་དེར་འདུས་པ་ལ་འདི་ལྟ་སྟེ། འོད་བཟང་དང་། འདབ་དཀར་དང་། རྐང་མེད་འགྲོ་དང་།འདབ་འགྲོ་


DKG088_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འདབ་བཟངས་སྐྱེས་དང་། འདབ་མེད་སྐྱེས་དང་། ཡིད་ལྟར་མགྱོགས་དང་། ཀླུ་རྣམ་འཇིགས་དང་། རྣམ་འདུད་བུ་དང་། བ་ར་དྭ་ཛ་དང་། བྱ་དང་། བྱ་ཆེན་པོ་དང་། འདབ་ལྡན་ཚོགས་ཏེ། དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་དུ་འདུ་བར་གྱུར་ཏོ། །གང་ཡང་མིའམ་ཅིའི་རྒྱལ་པོ་མིའམ་ཅིའི་འཁོར་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ་དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་དེར་འདུས་པ་ལ་འདི་ལྟ་སྟེ། ལྗོན་པ་དང་ཉེ་བའི་ལྗོན་པ་དང་ལྗོན་པ་བཟང་པོ་དང་། ལྗོན་པ་མཐའ་ཡས་དང་འཇིག་རྟེན་ལྗོན་པ་དང་ལྗོན་པ་བྲལ་དང་། བྲང་རྒྱས་དང་བྲང་ཆེན་པོ་དང་གཟི་བརྗིད་ཆེན་པོ་དང་རྫུ་འཕྲུལ་ཆེན་པོ་དང་། ཁྱད་པར་སྒྲ་དང་། སྐད་སྙན་དང་ཡིད་དུ་འོང་བའི་སེམས་སྐྱེད་པར་བྱེད་པ་དང་རིགས་མཐོ་བ་དང་མཐོ་སྒྲ་དང་། བཏང་སྙོམས་པ་དང་། སྙིང་རྗེ་ལྡན་དང་ཆུ་ལྷ་དང་། དེ་དག་དང་གཞན་ཡང་མིའམ་ཅིའི་རྒྱལ་པོ་རྫུ་འཕྲུལ་ཆེ་བ་མིའམ་ཅིའི་འཁོར་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ་ཆོས་མཉན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། །དེ་བཞིན་དུ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་པ་ཆེན་པོ་དང་། འོད་གསལ་དང་། འོད་ཀྱི་སྒྲ་དང་། དག་པའི་འོད་དང་། བསོད་ནམས་འོད་དང་མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་དང་འོག་བཟང་དང་། །ཅི་ཡང་མེད་པ་དང་། ཅི་ཡང་མེད་མིན་དང་། ནམ་མཁའ་མཐའ་ཡས་དང་ལེགས་ལྡན་དང་ལེགས་ལྡན་མཐོང་དང་། སྤྲུལ་པ་བཟང་པོ་དང་ཡོངས་སུ་སྤྲུལ་པ་དང་གནས་གཙང་མ་དང་། དགའ་ལྡན་དང་འཐབ་བྲལ་དང་སུམ་ཅུ་རྩ་གསུམ་དང་རྒྱལ་པོ་ཆེན་པོ་བཞིའི་རིས་དང་། རྟག་ཏུ་མྱོས་དང་ཕྲེང་ཐོགས་དང་གཞོང་ཐོགས་དང་པི་བང་གསུམ་པ་དང་རི་བོར་གནས་པ་དང་ཁང་རྩེག་གནས་པ་དང་། རྩེ་མོར་གནས་པ་དང་ལྕང་ལོ་ཅན་ན་གནས་པ་དང་གྲོང་ཁྱེར་ན་གནས་པ་དང་གཞལ་མེད་ཁང་ན་གནས་པ་དང་བར་སྣང་ལ་གནས་པ་དང་། ས་ལ་གནས་པ་དང་ཤིང་ལ་གནས་པ་དང་ཁྱིམ་ན་གནས་པ་དང་། དེ་བཞིན་དུ་ལྷ་མ་ཡིན་གྱི་དབང་པོ་རབ་ཏུ་ཚིམ་བྱེད་དང་། སྟོབས་ལྡན་དང་ཐགས་བཟངས་རིས་དང་ཤིན་ཏུ་བཀྲ་དང་བདེ་བཀྲ་དང་རིག་བྱེད་བཀྲ་དང་། སྒྲ་གཅན་དང་ལག་པ་དང་དེ་དག་ལ་སོགས་པ་ལྷ་མ་ཡིན་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མའི་འཁོར་


DKG088_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འགྲོས་སྣ་ཚོགས་དང་། ནོར་སྣ་ཚོགས་དང་ལྷ་དང་འཐབ་པའི་ལྷ་མ་ཡིན་དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་དང་། བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་བལྟ་བ་དང་། ཕྱག་བྱ་བ་དང་བསྙེན་བཀུར་བྱ་བའི་ཕྱིར་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏོ། ། གང་ཡང་གཟའ་དང་གཟའ་ཆེན་པོ་དེ་དག་འཇིག་རྟེན་གྱི་ཁམས་སུ་སྤྱོད་པ། བར་སྣང་ལ་སྤྱོད་པ་ལ་འདི་ལྟ་སྟེ། ཉི་མ་དང་ཟླ་བ་དང་མིག་དམར་དང་གཟའ་ལྷག་དང་ཕུར་བུ་དང་པ་བ་སངས་དང་སྤེན་པ་དང་སྒྲ་གཅན་དང་ས་འགུལ་དང་མཇུག་རིངས་དང་། གནམ་ལྕགས་འབྱིན་དང་སྐར་མ་དང་རྒྱལ་མཚན་དང་། མི་བཟད་དང་དུད་ལྡན་དང་དུད་པ་དང་རྡོ་རྗེ་དང་འབྱོར་པ་དང་། ཆར་འབེབས་དང་ཉེ་བའི་ཆར་འབེབས་དང་། ནོར་འཛིན་དང་མི་སྣང་བྱེད་དང་རྒོད་ལྡན་དང་རྟིང་བར་ལྡན་དང་འདོད་པ་དང་། མ་རུངས་པ་དང་འཇིག་རྟེན་མཐར་བྱེད་དང་རྣམ་པར་ལྟུང་བྱེད་དང་། ཀུན་དུ་ལྟུང་བྱེད་དང་། རྟོག་པ་དང་གླ་སྒང་ཅན་དང་དུས་ཀྱི་མཐའ་དང་དུར་ཁྲོད་དང་ཤ་དྲག་ལྡན་དང་དཀར་པོ་དང་། བྱི་བཞིན་དང་བྱི་བཞིན་གྱི་བུ་དང་བྱམས་ལྡན་དང་གཟེར་བུ་དང་། གཟེར་བུ་གསུམ་དང་རྔོན་པ་དང་གསེང་ཕྲོམ་དང་། བརྟན་པ་དང་འཇིག་བྱེད་དང་སྟོབས་ལྡན་དང་མི་བཟད་པ་དང་སྐྱ་རེངས་དང་རྣམ་པར་རྒོད་པ་དང་འཆི་ལྟས་མིན་དང་། སྐེམ་བྱེད་དང་ཀུན་བགེད་དང་། ཉེ་བའི་ཀུན་བགེད་དང་། གཞོན་ནུ་དང་། རྩེ་མེད་དང་། རྒོད་བྱེད་དང་། རབ་ཏུ་རྒོད་བྱེད་དང་། སེམས་པར་བྱེད་པ་དང་། གར་བྱེད་དང་། འཐེང་པོ་དང་། གཟུགས་ངན་ཏེ། གཟའ་ཆེན་པོ་དེ་དག་ཀྱང་རྒྱུ་སྐར་བརྒྱ་སྟོང་ཕྲག་དུ་མའི་འཁོར་གྱི་དཀྱིལ་འཁོར་དང་ལྡན་པ་ལ་འདི་ལྟ་སྟེ། ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ན་བ་སོ་དང་། རྒྱལ་དང་། སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲུ་དང་། མོན་གྲེ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། ལྷ་མོ་འདྲ་དང་། བྱི་བཞིན་དང་པུ་ན་རྣ་བ་དང་། འོད་དང་། ཨང་གི་ར་སི་དང་། རྒྱུ་སྐར་དང་ཉེ་བའི་གྲེ་དང་། གྲེ་ལྡན་དང་། འཇིག་རྟེན་རབ་མཆོག་དང་། རབ་མཆོག་ལྡན་དང་། དཔལ་ལྡན་


DKG088_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཇིག་རྟེན་མགོན་པོ་དང་། ཆང་ལྡན་དང་། རྒྱལ་བྱེད་དང་། ནོར་ལྡན་དང་ལྷ་དོན་ཏེ། དེ་ལྟར་རྒྱུ་སྐར་གྱི་རྒྱལ་པོ་དེ་དག་ཀྱང་དེའི་ཚེ་གནས་གཙང་མའི་གཞལ་མེད་ཁང་དུ་རྒྱུ་སྐར་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ། སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཏེ་འཁོད་པར་གྱུར་ཏོ། །ཁྱིམ་སུམ་ཅུ་རྩ་དྲུག་ལ་འདི་ལྟ་སྟེ། ལུག་དང་། གླང་དང་། སྦྱོར་བ་དང་། སྦལ་པ་དང་། སེང་གེ་དང་། བུ་མོ་དང་། སྲང་དང་། སྡིག་པ་དང་། གཞུ་དང་། ཆུ་སྲིན་དང་། བུམ་པ་དང་། ཉ་དང་། མིའུ་ཐུང་དང་། ཉེ་བའི་བུམ་པ་དང་། བྷྲིང་ག་ར་དང་། རལ་གྲི་དང་། གླང་པོ་ཆེ་དང་། མ་ཧེ་དང་། ལྷ་དང་། མི་དང་། དགེ་ལྟས་དང་། དྲི་ཟ་དང་། འཇིག་རྟེན་དང་། གཡུང་དྲུང་རྒྱལ་དང་།དྲག་པོའི་གཟི་བརྗིད་དང་། ཟླ་བའི་འོད་དང་། ས་དང་། མུན་པ་དང་། རྡུལ་དང་། ཉེ་བའི་རྡུལ་དང་། སྡུག་བསྔལ་དང་། བདེ་བ་དང་། བྱང་ཆུབ་དང་། སོ་སོ་གཅིག་དང་། ཉན་ཐོས་དང་། དམྱལ་བའི་རིག་པ་འཛིན་པ་དང་། གཟི་བརྗིད་ཆེན་པོ་དང་། གཟི་བརྗིད་ཆེན་པོ་ལྡན་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་དང་། ཤ་ལྡན་དང་། ཤ་ཟ་དང་། །གནོད་སྦྱིན་སྲིན་པོ་དང་། འབྱུང་པོ་ཐམས་ཅད་པ་དང་། འབྱུང་བ་པ་དང་། ཕྱོགས་ཀྱི་གླང་པོ་དང་། སྟེང་འགྲོ་དང་། ཐད་ཀར་འགྲོ་དང་། ཁ་བྱེ་བ་དང་། བསམ་གཏན་འགྲོ་དང་། རྣལ་འབྱོར་འགྲོ་དང་། རབ་ཏུ་གནས་དང་། མཆོག་དང་། བར་མ་དང་ཐ་མ་སྟེ། ཁྱིམ་ཆེན་པོ་དེ་དག་ཀྱང་ཁྱིམ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་གང་ན་གནས་གཙང་མའི་གཞལ་མེད་ཁང་གང་ན་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ལྷགས་ཤིང་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །གང་ཡང་གནོད་སྦྱིན་མོ་དག་གནོད་སྦྱིན་མོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་བཅས་པ་ལ་འདི་ལྟ་སྟེ། མིག་བཟང་མ་དང་། སྨིན་བཟང་མ་དང་། སྐྲ་བཟང་མ་དང་། སྐད་སྙན་མ་དང་། བློ་བཟང་མ་དང་། དགེ་ལྡན་མ་དང་། སྣ་ཚོགས་མིག་


DKG088_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་མ་དང་། རྫོགས་བྱེད་མ་དང་། གསང་བ་མ་དང་། བཟང་པོ་མ་དང་། སྐ་རགས་བཟང་པོ་མ་དང་། པདྨ་ལྟར་སྨྲ་བ་དང་། འཇིགས་བྱེད་མ་དང་། མི་འཇིགས་སྦྱིན་མ་དང་། རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། ནམ་གྲུ་མ་དང་། སྒྲ་གཅན་མ་དང་། སྒྲ་མཐར་བྱེད་མ་དང་། རླུང་མ་དང་། ཡིད་འཕྲོག་མ་དང་། ཡིད་ལྡན་མ་དང་། མེ་ཏོག་ལྡན་མ་དང་། མེ་ཏོག་གི་གྲོང་ཁྱེར་ལ་གནས་མ་དང་། སེར་སྐྱ་མ་དང་། འཕྲོག་མ་དང་། དཔལ་ལྡན་མ་དང་། དཔའ་མོ་དང་། དཔའ་བཟང་མོ་དང་། ཤིན་ཏུ་མི་བཟད་མ་དང་། མི་བཟད་ལྡན་མ་དང་། ལྷ་མཛེས་མ་དང་། རོ་བཟང་མ་དང་། གསང་བ་དམ་པ་མ་དང་། ཤིང་ལ་མུ་ལ་གནས་མ་དང་། མྱ་ངན་མེད་མ་དང་། མུན་པར་མཛེས་མ་དང་། སྣང་བར་མཛེས་མ་དང་། འོད་ལྡན་མ་དང་། ལྷག་པར་ལྡན་མ་དང་། གཟུགས་མཛེས་མ་དང་། དཀར་མེད་མ་དང་། ཞི་བ་མ་དང་། ཕྱོགས་མཚམས་མ་དང་། སྟུག་མ་དང་། དགའ་བྱེད་མ་དང་། ཉེ་བའི་དགའ་བྱེད་མ་དང་། འཇིག་རྟེན་ལས་འདས་མ་སྟེ། གནོད་སྦྱིན་མོ་ཆེན་མོ་འདི་དག་གནོད་སྦྱིན་མོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་རྒྱང་རིང་པོ་ཉིད་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་ཏོ། །གང་ཡང་ཤ་ཟ་མོ་དག་ཤ་ཟ་མོ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་རྒྱང་རིང་པོ་ཉིད་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ཞིང་འཁོད་པར་གྱུར་པ་ལ་འདི་ལྟ་སྟེ། སྡུད་མ་དང་ཕྱག་དར་ཁྲོད་ཀྱི་ཤ་ཟ་མོ་དང་། ཤ་ཟ་མོ་དྲག་མོ་དང་ཤ་ཟ་མོ་སྐར་མདའ་མ་དང་ཤ་ཟ་མོ་འབར་མ་དང་ཐལ་བ་ཟ་མ་དང་ཤ་ཟ་མ་དང་། དུག་མ་དང་བུང་བ་མ་དང་རྨོངས་བྱེད་མ་དང་སྡིགས་མཛུབ་མ་དང་། དམར་ལྡན་མ་དང་གླང་དམར་མ་དང་འཇིག་རྟེན་ཉེ་གནས་མ་དང་ཐལ་བར་ཉེ་གནས་མ་དང་ཤིང་པི་ལུ་དང་ལྡན་མ་དང་། མང་ལྡན་མ་དང་མང་མ་དང་གདུལ་དཀའ་མ་དང་། ཨེ་ལ་མ་དང་མཚོན་བྱེད་མ་དང་དུ་བ་ལ་གནས་མ་དང་དུ་བ་མ་སྟེ། ཤ་ཟ་མོ་ཆེན་མོ་འདི་དག་ཤ་ཟ་མོའི་འཁོར་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པ་དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་ཤིང་རབ་ཏུ་ཞུགས་པར་གྱུར་ཏོ། །གང་ཡང་མ་མོ་དང་མ་མོ་ཆེན་མོ་དག་འཇིག་


DKG088_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་གྱི་རྗེས་སུ་རྣམ་པར་སྤྱོད་ཅིང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅིང་། གཏོར་མ་དང་། མེ་ཏོག་དམན་མ་ལ་སྤྱོད་པར་བྱེད་པ་དག་ལ་འདི་ལྟ་སྟེ། ཚངས་པ་མ་དང་། དབང་ཕྱུག་ཆེན་མོ་མ་དང་། ཁྱབ་འཇུག་མ་དང་། གཞོན་ནུ་མ་དང་། རྒན་བྱད་མ་དང་། ཕག་མོ་དང་། དབང་མོ་དང་། གཤིན་རྗེ་མོ་དང་། མེ་ཕྱོགས་མ་དང་། ཉི་མའི་བུ་མོ་དང་། འཇིག་རྟེན་མཐར་བྱེད་མ་དང་། ཆུ་ལྷ་མ་དང་། དབང་ལྡན་མ་དང་། རླུང་ཕྱོགས་མ་དང་། གཞན་གྱི་སྲོག་འཕྲོག་མ་དང་། མགོ་བྲེགས་མ་དང་། བྱ་མ་དང་། བྱ་མ་ཆེན་མོ་དང་། སྲུལ་མོ་དང་། ལུས་སྲུལ་མོ་དང་། སྐེམ་བྱེད་མ་སྟེ།མ་མོ་ཆེན་མོ་དེ་དག་ཀྱང་མ་མོའི་འཁོར་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་བཅས་པ་དེ་དག་ཀྱང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་ཚིག་འདོན་ཅིང་འཁོད་པར་གྱུར་ཏོ། །དེ་བཞིན་དུ་མི་དང་མི་མ་ཡིན་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མ་དང་། སེམས་ཅན་དང་སེམས་ཅན་མ་ཡིན་པ་ནས་དམྱལ་བ་ཆེན་པོ་མནར་མེད་པ་ནས་སྲིད་པའི་རྩེ་མོའི་བར་དུ་ཐམས་ཅད་ཀྱང་སྐབས་འདིར་ནམ་མཁའི་དཀྱིལ་དུ་སྣང་བར་གྱུར་ཏོ། །སེམས་ཅན་གྱི་རིས་ན་སྲོག་ཆགས་སུ་ལ་ཡང་ཕན་ཚུན་མི་མཐུན་པ་མེད་པར་གྱུར་ཏོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་དང་བྱང་ཆུབ་སེམས་དཔའི་ཆོ་འཕྲུལ་གྱི་རྒྱན་གྱིས་སངས་རྒྱས་བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུར་གྱུར་པ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོའི་གཙུག་ན་བཞུགས་པར་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། དག་པའི་སེམས་དཔའ་སྔགས་ཀྱི་སྤྱོད་པའི་དོན་རྣམ་པར་གཏན་ལ་དབབ་པ་དང་ཏིང་ངེ་འཛིན་གྱི་ལེའུ་རབ་འབྱམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གང་འདི་བཤད་པའི་དུས་ལ་བབ་པར་སེམས་ན་ཤོད་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྗེས་སུ་གནང་བར་མཛད་པ་ན། ནམ་མཁའི་ངོ་བོ་དང་འདྲ་བའི་རྡོ་རྗེ་


DKG088_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

མཐུག་ཅིང་སྲ་བའི་རྒྱུད་བཀོད་པའི་རྒྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་དེ་སྙོམས་པར་ཞུགས་མ་ཐག་ཏུ་གནས་གཙང་མའི་གཞལ་མེད་ཁང་དེ་དཔག་ཚད་བརྒྱ་སྟོང་དུ་མ་རྒྱ་ཆེ་བའི་རྡོ་རྗེའི་རང་བཞིན་དུ་ལྷག་པར་གནས་པར་གྱུར་ཏོ། །གང་དུ་གནོད་སྦྱིན་དང་སྲིན་པོ་དང་དྲི་ཟ་དང་རླུང་ལྷ་དང་ཤ་ཟ་དེ་དག་དང་། མདོར་ན་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱིས་གཞལ་མེད་ཁང་དེ་དག་རྡོ་རྗེའི་ནོར་བུ་རིན་པོ་ཆེ་ལྟ་བུར་གྱུར་ཏེ། དེར་རབ་ཏུ་ཞུགས་ནས་འཁོད་པར་གྱུར་ཀྱང་ཕན་ཚུན་རྣམ་པར་འཚེ་བར་བྱེད་པ་མེད་དོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་འདུས་པར་གྱུར་པར་ཤེས་ནས་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ལ་སྨྲས་པ། ཀྱེ་ཁྲོ་བོ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྗེས་སུ་ངེས་པར་འབྱུང་བར་བྱེད་པ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པ་འདིའི་སེམས་ཅན་ཐམས་ཅད་ལ་སྲུངས་ཤིག་སྲུངས་ཤིག །དབང་དུ་གྱིས་ཤིག་མ་རུངས་པ་གདུལ་བར་གྱིས་ཤིག་སེམས་ཅན་ཞི་བ་དག་སད་པར་གྱིས་ཤིག །སེམས་ཅན་ཐམས་ཅད་དད་པར་གྱིས་ཤིག །ཅི་སྲིད་དུ་ངའི་རང་གི་སྔགས་ཀྱི་སྤྱོད་པ་རྗེས་སུ་སྒྲུབ་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་རྒྱ་ཆེ་བ་དག་ལས་སྔགས་སྤྱོད་པའི་དཀྱིལ་འཁོར་གྱི་ཆོ་ག་འཆད་པར་བྱེད་པ་དེ་སྲིད་ཀྱི་བར་དུ་འདི་དག་གི་ཕྱི་རོལ་དུ་སོང་ལ་སྲུང་བ་གྱིས་ཤིག །དེ་སྐད་ཅེས་སྨྲས་པ་དང་། ཁྲོ་བོའི་རྒྱལ་པོ་ཆེན་པོས་བཀའ་མཉན་ནས། ཁྲོ་བོ་ཆེན་པོའི་གཟུགས་ཀྱིས་སེམས་ཅན་ཐམས་ཅད་རྗེས་སུ་བསྲུང་བ་དང་རྗེས་སུ་བསྟན་པའི་ཕྱིར་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་དུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཁྲོ་བོའི་འཁོར་བརྒྱ་སྟོང་ཕྲག་དུ་མ་ཕྱོགས་བཞི་ཀུན་དང་སྟེང་དང་འོག་དང་ཐད་ཀ་དག་ཏུ་ཤིན་ཏུ་མི་བཟད་པའི་སྒྲ་རབ་ཏུ་འདོན་ཅིང་གནས་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་ཞི་བ་དང་ཡིད་དང་སེམས་བཟང་པོ་དང་ལྡན་པར་གྱུར་ཏེ་བཀའ་ལས་མི་འདའ་བར་བྱེད་པར་གྱུར་ཏོ། །འདི་ལྟ་བུའི་སྒྲ་ཡང་ཐོས་པར་གྱུར་ཏེ། གང་དམ་ཚིག་འདི་ལས་འདའ་བར་བྱེད་པ་དེ་དག་ནི་ཨ་རྫ་ཀའི་


DKG088_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དོག་པ་བཞིན་དུ་མགོ་ཚལ་པ་བརྒྱར་འགས་པར་འགྱུར་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ཀྱང་དེ་ཡིན་ནོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་རང་གི་སྔགས་ཀྱི་སྤྱོད་པའི་དོན་དུ་ཆོས་ཀྱི་ཚིག་སྨྲས་པ།ཆོས་གཅིག་ལ་ཡང་དག་པར་བསམས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་ལ་རབ་ཏུ་གནས་ན་སྔགས་འགྲུབ་པར་འགྱུར་ཏེ། གཉིས་པོ་གང་ཞེ་ན་བྱང་ཆུབ་ཀྱི་སེམས་མི་གཏོང་བ་ཉིད་དང་། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པའོ། །ཆོས་གསུམ་དང་ལྡན་ན་སྔགས་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། གསུམ་པོ་གང་ཞེ་ན། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་སྲུང་བ་དང་། རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དོ། །ཆོས་བཞི་དང་ཡང་དག་པར་ལྡན་ན་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྔགས་འགྲུབ་པར་འགྱུར་ཏེ། བཞི་པོ་གང་ཞེ་ན། རང་གི་སྔགས་ཡོངས་སུ་མི་གཏོང་བ་ཉིད་དང་། གཞན་གྱི་སྔགས་རྗེས་སུ་སྤྱོད་པ་མེད་པ་ཉིད་དང་། སེམས་ཅན་ཐམས་ཅད་ལ་བྱམས་པས་གནས་པ་ཉིད་དང་། སྙིང་རྗེ་ཆེན་པོས་ཡོངས་སུ་བསྒོས་པའི་སེམས་པ་ཉིད་དོ། །ཆོས་བཞི་པོ་འདི་དག་དང་ལྡན་ན་དང་པོ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའི་སྔགས་འགྲུབ་པར་འགྱུར་རོ། །ཆོས་ལྔ་དང་ལྡན་ན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་འཇུག་ཅིང་སྔགས་ཀྱི་སྤྱོད་པ་སྒྲུབ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ལྔ་པོ་གང་ཞེ་ན། རྣམ་པར་དབེན་པའི་ཕྱོགས་ཡང་དག་པར་བསྟེན་པ་ཉིད་དང་། །བས་མཐའ་དགོན་པ་སྟེན་པར་བྱེད་པ་ཉིད་དང་། སེམས་ཅན་གཞན་ལ་ཞེ་སྡང་མེད་པ་ཉིད་དང་། འཇིག་རྟེན་པའི་སྔགས་ལ་མི་ལྟ་བ་ཉིད་དང་། ཚུལ་ཁྲིམས་དང་ཐོས་པ་དང་སྤྱོད་པ་ལ་གནས་པར་བྱེད་པ་ཉིད་དེ་ཆོས་ལྔ་པོ་འདི་དག་དང་ལྡན་ན་སྔགས་སྤྱོད་པའི་དོན་


DKG088_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་ཅིང་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་དྲུག་དང་ལྡན་ན་སྔགས་ཀྱི་སྤྱོད་པ་འགྲུབ་ཅིང་ཡོངས་སུ་རྫོགས་པར་འགྱུར་ཏེ། དྲུག་པོ་གང་ཞེ་ན། དཀོན་མཆོག་གསུམ་ལ་དད་པ་རྗེས་སུ་མི་གཅོད་པ་ཉིད་དང་།བྱང་ཆུབ་སེམས་དཔའ་ལ་དང་བ་རྗེས་སུ་མི་གཅོད་པ་ཉིད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ལ་ཀུན་དུ་དགའ་བ་ཉིད་དང་། ཆོས་ཀྱི་དབྱིངས་སྤྲོས་པ་མེད་པ་ལ་ལྟ་བ་ཉིད་དང་། ཐེག་པ་ཆེན་པོའི་མདོ་སྡེ་ཟབ་མོའི་ཚིག་གི་དོན་མི་སྤོང་ཞིང་སྐྱོ་བ་མེད་པའི་སེམས་ཉིད་དང་། སྔགས་ཀྱི་སྤྱོད་པ་ཡོངས་སུ་བཙལ་བ་དང་། དགེ་བའི་ཕྱོགས་ཡོངས་སུ་མི་གཏོང་བ་ཉིད་དེ། ཆོས་དྲུག་པོ་འདི་དག་དང་ལྡན་ན་རིག་པའི་སྤྱོད་པ་དང་སྔགས་འགྲུབ་ཅིང་ཡང་དག་པར་སྒྲུབ་པ་ཉིད་དུ་འགྱུར་རོ། །ཆོས་བདུན་དང་ལྡན་ན་རིག་པ་སྒྲུབ་པའི་དུས་ཀྱི་ཐབས་ཐོབ་པར་འགྱུར་ཞིང་། སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་སྤྱོད་པ་ཉིད་དུ་འགྱུར་ཏེ། བདུན་པོ་གང་ཞེ་ན། ཐེག་པ་ཟབ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་སྒོམ་པ་དང་། ཀློག་པ་དང་། སྟོན་པ་དང་། འདོན་དུ་འཇུག་པ་དང་། འདྲི་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མོས་པ་ཉིད་དང་། དུས་དང་། ཕྱོགས་དང་། ངེས་པར་སྡོམ་པ་དང་། བཟླས་པ་དང་། སྦྱིན་སྲེག་དང་། མི་སྨྲ་བ་དང་། དཀའ་ཐུབ་ལ་གཞོལ་བ་ཉིད་དང་། རྟོགས་པ་དང་། བློ་དང་། དྲན་པ་དང་། ཤེས་རབ་དང་། བསྟན་པ་ལ་བསྙེན་པ་ཉིད་དང་། བྱང་ཆུབ་ཀྱི་ཚོགས་དང་། ཐེག་པ་ཆེན་པོ་དང་ཟབ་པའི་ཆོས་ཀྱི་ཚུལ་ལ་ཡང་དག་པར་རབ་ཏུ་ཞུགས་པ་ཉིད་དང་རང་དགའི་སྔགས་དགུག་པའི་བྱ་བ་ལ་མཁས་པ་ཉིད་དང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་དང་། དགའ་བ་ཆེན་པོ་ཉིད་ཡོངས་སུ་བསྒོམ་པ་ཉིད་དང་སྤྲོས་པ་མེད་པའི་སེམས་ཅན་གྱི་ཁམས་ཀྱི་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ལ་འཇུག་པ་གཉིས་སུ་མེད་པའི་ངོ་བོའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་ཉིད་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བ་ཉིད་དང་ཐེག་པ་དམན་པ་ལ་དགའ་བ་མེད་པ་ཉིད་དེ། ཆོས་བདུན་པོ་དེ་དག་གིས་ནི་རིག་པ་དང་སྔགས་འགྲུབ་ཅིང་ཡོངས་སུ་རྫོགས་པར་


DKG088_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཆོས་བརྒྱད་དང་ལྡན་ན་རིག་པ་དང་སྔགས་ཀྱི་སྤྱོད་པའི་དོན་འགྲུབ་ཅིང་ལམ་དུ་འགྲོ་བར་འགྱུར་ཏེ། བརྒྱད་པོ་གང་ཞེ་ན། མཐོང་བ་དང་མ་མཐོང་བའི་འབྲས་བུ་དག་ལ་བལྟ་བ་དང་སེམས་པར་འདོད་པ་ཉིད་དང་།བྱང་ཆུབ་སེམས་དཔའི་འབྲས་བུ་དང་བཅས་པའི་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་ཉིད་ལ་ཐེ་ཚོམ་མེད་ཅིང་དང་བ་ཉིད་དང་། ཕྱིན་ཅི་མ་ལོག་པའི་སྔགས་གཟུང་བ་དང་བླ་མ་ལ་གུས་པ་ཉིད་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱི་སྔགས་དང་། རྒྱུད་དང་སྤྱོད་པ་བསྟན་པ་མི་སླུ་བ་བཟུང་ཞིང་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ་ཉིད་དང་། སངས་རྒྱས་ཀྱི་ཞིང་གནས་དང་གནས་མ་ཡིན་པ་རྨི་ལམ་ན་མཐོང་བ་རབ་ཏུ་སྟོན་པ་ལ་མཁས་པ་ཉིད་དང་། སེར་སྣ་དང་གཉིད་དང་རྨུགས་པ་མཐའ་དག་དང་བྲལ་བར་བྱེད་ཅིང་རྟག་ཏུ་བརྩོན་འགྲུས་རྩོམ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བདག་ཉིད་འབུལ་བར་བྱེད་པ་ཉིད་དང་། མདོར་བསྡུ་ན་དགེ་བའི་རྩ་བས་ཆོག་མི་ཤེས་ཤིང་གོ་ཆ་ཆེན་པོ་བགོས་པ་དང་། བགེགས་ཐམས་ཅད་རབ་ཏུ་སེལ་བར་འདོད་པ་ཉིད་དང་། བྱང་ཆུབ་ཀྱི་སྙིང་པོ་གནོན་པ་དང་ལོངས་སྤྱོད་ཆེན་པོ་དང་། དབང་ཆེ་བར་གྲགས་པར་བདག་ཉིད་འདོད་པ་ཉིད་དང་དབང་ཆེ་བར་གྲགས་པའི་གང་ཟག་ལ་བསྙེན་པ་དང་དགེ་བའི་བཤེས་གཉེན་དང་མི་འབྲལ་བར་བྱ་བ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཉེ་བར་གནས་པ་ཉིད་དེ། ཆོས་བརྒྱད་པོ་འདི་དག་དང་ལྡན་ན་སྔགས་སྤྱད་པའི་དོན་འགྲུབ་པའི་ཡང་དག་པའི་ལམ་དུ་འགྱུར་རོ། །གྲོགས་པོ་དག་མདོར་ན་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བ་དང་། དཀོན་མཆོག་གསུམ་ལ་དད་པ་དང་མཆོག་ཏུ་སྡུག་བསྔལ་ཞིང་ཚུལ་ཁྲིམས་ཉམས་པ་ལ་ཡང་མི་སྐྱོ་བའི་ཡིད་ཀྱིས་རྟག་ཏུ་མངོན་པར་བརྩོན་པ་ལ། ངའི་སྔགས་ཀྱི་ལེའུ་རབ་འབྱམ་མཐའ་ཡས་ཤིང་རྨད་དུ་བྱུང་བ། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱུ་མཐུན་པའི་ཡིད་ལས་བྱུང་བ་འགྲུབ་པར་འགྱུར་ཏེ་དེ་ལས་གཞན་དུ་ཤེས་པར་བྱ་བ་མ་ཡིན་ནོ། །རྣམ་པར་རྟོག་པ་མེད་པའི་ཡིད་དུ་བྱས་ནས་ཉམ་སད་པའི་ཕྱིར་ཡང་བསྒྲུབ་


DKG088_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བ་ཡིན་ནོ། །དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་རྣམས་ཀྱིས་བྱིན་གྱིས་བརླབས་པ་དག་གིས་འདི་སྐད་དུ་ཚིག་རྗོད་པར་བྱེད་དེ་ཀྱེ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །སྔགས་ཀྱི་སྤྱོད་པའི་དོན་རྣམ་པ་སྣ་ཚོགས་པའི་བྱ་བ་ཆོས་ཀྱི་ཚུལ་ལ་རྗེས་སུ་འཇུག་པ་དང་མཐུན་ཞིང་ཆོས་བསྟན་པ་ལེགས་པར་བསྟན་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་རོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཆོས་རྣམ་པ་སྣ་ཚོགས་བསྟན་པ་དང་རྗེས་སུ་མཐུན་ཞིང་སྔགས་ཀྱི་སྤྱོད་པ་དང་རྗེས་སུ་མཐུན་པ་ལེགས་པར་བསྟན་པ་ཉིད་དོ། །རྒྱལ་པོ་ཆེན་པོ་གང་ལ་ལ་ཞིག་འདུས་པའི་ལེའུ་འདི་ཀློག་པར་འགྱུར་བ་དང་། འཛིན་པར་འགྱུར་བ་དང་། ཡིད་ལ་བྱེད་པར་འགྱུར་བའམ། གཡུལ་གྱི་ཐོག་མར་གླང་པོ་ཆེའི་སྟེང་དུ་བཞག་པ་དང་། མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་རྣམ་པ་སྣ་ཚོགས་ཀྱིས་མཆོད་པར་བྱེད་ན། དེ་ལ་བདག་ཅག་བྱིན་གྱིས་རློབ་པར་བྱེད་ཅིང་ཕྱིར་རྒོལ་བ་དང་། དགྲ་བོ་དག་ཀྱང་དབང་དུ་འགྱུར་ལ་གཞན་གྱི་དམག་གི་དཔུང་ཡང་གཞིག་པར་བགྱིའོ། །གླེགས་བམ་ལ་བྲིས་པ་བྱས་ཏེ་རང་གི་ཁྱིམ་ཏུ་བཞག་ན་དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་རྒྱལ་པོའམ་རྒྱལ་པོ་ཆེན་པོའམ་རྒྱལ་མོའམ་རྒྱལ་མོ་ཆེན་མོའམ། དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མ་དག་ལ་སྲུང་བ་ཆེན་པོ་དང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང་། ཚེ་རིང་བ་ཉིད་དང་། ནད་མེད་པ་ཉིད་དང་། ལོངས་སྤྱོད་རྟག་ཏུ་མངོན་པར་འཕེལ་བ་ཉིད་ཀྱང་བགྱིའོ། །དེ་སྐད་ཅེས་སྨྲས་ནས་ཐམས་ཅད་དང་ལྡན་པའི་འཁོར་ཅང་མི་སྨྲ་བར་གྱུར་ཏོ། །ཐེག་པ་ཆེན་པོ་སྔགས་ཀྱི་སྤྱོད་པ་བསྟན་པའི་ཆོ་ག་ཞིབ་མོ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་པར་འཕྲུལ་པའི་ལེའུ་རབ་འབྱམ་རྩ་བའི་ཆོ་ག་ཞིབ་མོ་ལས་འདུས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་བལྟས་


DKG088_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་འཇུག་ཅིང་ཀུན་དུ་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་སྙོམས་པར་ཞུག་མ་ཐག་ཏུ་ལྟེ་བའི་དཀྱིལ་འཁོར་གྱི་ཕྱོགས་ནས་འོད་ཟེར་བྱེ་བ་བརྒྱ་སྟོང་དུ་མའི་འཁོར་དང་ལྡན་པའི་འོད་ཟེར་ཕྱུང་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀུན་དུ་སྣང་བར་བྱས་ནས་སླར་ལོག་སྟེ། གནས་གཙང་མའི་གཞལ་མེད་ཁང་སྣང་བར་བྱས་ནས་འཁོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། སེམས་ཅན་ཐམས་ཅད་ཀྱི་དམ་ཚིག་ལ་རྗེས་སུ་ཞུགས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ལེའུ་རབ་འབྱམ་གྱི་སྤྱོད་པ་སྒྲུབ་པ། སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པ། ཁྱོད་ཀྱི་སྔགས་ཀྱི་ཚོགས་གང་དུ་སེམས་ཅན་ཡང་དག་པར་ཞུགས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་འགྲུབ་པ་ཡང་དག་པར་ཐོབ་པར་འགྱུར་བས། སེམས་དཔའ་ཆེན་པོ་ཁྱོད་སྨྲོས་ཤིག་སྨྲོས་ཤིག །དེ་སྐད་ཅེས་སྨྲས་པ་དང་། གསང་བ་པའི་བདག་པོ་གནོད་སྦྱིན་གྱི་བདག་པོ་ལ་འཇམ་དཔལ་གཞོན་ནུར་གྱུར་པས་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་རྒྱུད་སྨྲས་སོ། །རིག་པ་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་སྟོན་པར་ཡང་བྱེད་དོ། །ལག་པ་གཡས་པ་བཏེག་ནས་སོར་མོའི་རྩེ་མོས་འཁོར་གྱི་དཀྱིལ་འཁོར་ལ་སྟོན་པར་བྱེད་དེ། སོར་མོའི་རྩེ་མོ་དེ་ལས་རིག་པའི་རྒྱལ་པོ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མ་བྱུང་སྟེ། བྱུང་ནས་ཀྱང་གནས་གཙང་མའི་གནས་ཀྱི་གཞལ་མེད་ཁང་ཐམས་ཅད་སྣང་བ་ཆེན་པོས་གནས་པར་གྱུར་ཏོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་སྙིང་པོ་ལས་ཐམས་ཅད་བྱེད་པ་དང་། དཔའ་བོ་གཅིག་པ་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དང་། ཞི་བ་དང་རྒྱས་པ་དང་། མངོན་སྤྱོད་དང་མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ས་འོག་ཏུ་འཇུག་པ་དང་།ཆུ་ལ་མི་ནུབ་པར་འགྲོ་བ་དང་དགུག་པ་དང་། རྣམ་པར་དབྱེ་བ་དང་དབང་དུ་བྱེད་པ་


DKG088_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དྲི་ཐམས་ཅད་དང་ཕྲེང་བ་དང་། མར་མེ་དག་ཀྱང་རང་གི་རྒྱུད་ཀྱི་སྔགས་ཀྱིས་སྦྱིན་པར་བྱེད་དེ། མདོར་ན་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་སྒྲུབ་པར་བྱེད་པ་ནི་ཡི་གེ་གསུམ་ཞེས་བྱ་བ། སྟོབས་ཆེན་པོ་དོན་ཐམས་ཅད་སྒྲུབ་པར་བྱེད་པ། ཁྲོ་བོའི་རྒྱལ་པོའི་སྔགས་སྨྲས་པ་དེ་གང་ཞེ་ན། ཨོྃ་ཨཱཿཧཱུྃ། འདི་ནི་ཁྲོ་བོ་ཆེན་པོ་དེའི་སྙིང་པོ་སྟེ་ལས་ཐམས་ཅད་བྱེད་པ་དཀྱིལ་འཁོར་ཐམས་ཅད་དང་སྔགས་ཐམས་ཅད་ཀྱི་སྤྱོད་པ་ལ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ཀྱིས་སྨྲས་ཏེ། བགེགས་ཐམས་ཅད་འཇིགས་པར་བྱེད་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལག་པ་གཡས་པ་བཏེག་སྟེ། ཁྲོ་བོའི་སྤྱི་བོར་གཞག་པ་བྱས་སོ། །འདི་སྐད་དུ་ཡང་སྨྲས་ཏེ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་དགོངས་སུ་གསོལ། གང་སུ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་རྣམ་པར་གནས་ཤིང་མཐའ་ཡས་མུ་མེད་པའི་རྫུ་འཕྲུལ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་དམ་ཚིག་ལ་ལྷག་པར་གནས་པར་གྱིས་ཤིག །དེ་སྐད་ཅེས་སྨྲས་ནས། ཁྲོ་བོའི་རྒྱལ་པོ་ལ་ལག་པ་བསྐོར་ནས་བཏང་བར་གྱུར་ཏོ། །ཁྲོ་བོའི་རྒྱལ་པོ་ཆེན་པོ་བཏང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་འཇིག་རྟེན་གྱི་ཁམས་དག་ཏུ་སོང་ནས། སྐད་ཅིག་ཙམ་གྱིས་གང་དག་སྡང་བའི་བསམ་པ་དང་ལྡན་པའི་སེམས་ཅན་རྫུ་འཕྲུལ་ཆེ་བ་དག་ཚར་བཅད་ཅིང་དེར་བཀུག་པར་གྱུར་ནས། འཁོར་གྱི་དཀྱིལ་འཁོར་ཆེན་པོ་གནས་གཙང་མའི་གཞལ་མེད་ཁང་དེར་ཡང་དག་པར་བཅུག་སྟེ། གནས་ཇི་ལྟ་བ་བཞིན་དུ་གནས་པར་བྱས་ནས་སེམས་ཅན་མ་རུངས་པ་དག་ལ་ཡང་ཀུན་ནས་འབར་བའི་ཕྲེང་བའི་ཚོགས་སུ་བྱས་ཤིང་། སྤྱི་བོ་ལ་ཡང་དག་པར་གནས་པར་བྱས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་གྱི་དཀྱིལ་འཁོར་དེ་ལ་ཡང་བལྟས་ནས།སེམས་ཅན་ཁྱེད་ཅག་ཐམས་ཅད་ཉོན་ཅིག །གང་ཡང་དམ་ཚིག་འདི་ལས་འདས་པར་གྱུར་ན་དེ་ལ་ཁྲོ་བོའི་རྒྱལ་པོ་འདིས་ཆད་པ་གཅོད་པར་འགྱུར་ཏེ་གང་གི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་དམ་ཚིག་ནི་


DKG088_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བར་བྱ་བ་མ་ཡིན་ཏེ། སྔགས་ཀྱི་དོན་གྱི་ཚིག་གསང་བ་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་རྣམས་ཀྱི་མདོར་བསྟན་པ་བརྗོད་པར་བྱ་ཡིས། དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་པར་བྱའོ། །ན་མཿསརྦ་བུད་དྷཱ་ནཱཾ། ཨྃ་ར་ར་སྨྲ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ན། ཀུ་མཱ་ར་རཱུ་པ་དྷཱ་རི་ཎེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གྲོགས་པོ་དག་འདི་ནི་རྩ་བའི་སྔགས་ཡིན་ཏེ་འཕགས་པ་འཇམ་དཔལ་ཞེས་བྱ་བ་ཡིན་ནོ། །ཕྱག་རྒྱ་ནི་གཙུག་ཕུད་ལྔ་པ་ཞེས་གྲགས་ཏེ་དེ་ལ་རབ་ཏུ་སྦྱར་བར་བྱའོ། །རྩ་བའི་སྔགས་འདི་ནི་ལས་ཐམས་ཅད་པ་ཞེས་བྱའོ། ། སྙིང་པོའི་སྔགས་འདི་ནི་ལས་ཐམས་ཅད་བྱེད་ཅིང་ཤེས་པ་ཡིན་ཏེ། ༀ་བཱ་ཀྱེ་དཾ་ན་མཿ། འདིར་ཕྱག་རྒྱར་འགྱུར་བ་ནི་གཙུག་ཕུད་གསུམ་ཞེས་བྱ་བ་ཡིན་ཏེ། ལོངས་སྤྱོད་ཐམས་ཅད་མངོན་པར་འཕེལ་བར་བྱེད་པའོ། །འདིར་ཉེ་བའི་སྙིང་པོར་འགྱུར་བ་ནི། བཱཀྱེ་ཧཱུྃ། འདིར་ཕྱག་རྒྱར་འགྱུར་བ་ནི་གཙུག་ཕུད་གསུམ་པ་ཞེས་གྲགས་པ་ཡིན་ཏེ། སེམས་ཅན་ཐམས་ཅད་འགུགས་པར་བྱེད་པ་ཡིན་ནོ། །འདིར་སྙིང་པོ་མཆོག་ཏུ་འགྱུར་བ་ནི་མཾ། འདིར་ཕྱག་རྒྱར་འགྱུར་བ་ནི་རྨ་བྱའི་གདན་ཞེས་བྱ་བར་བསྟན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའོ། ། གཞན་ཡང་ཕྱག་རྒྱ་ཐམས་ཅད་ཀྱི་སྙིང་པོ་དཔའ་བོ་ཆེན་པོ་ཞེས་བྱ་བ་ཡི་གེ་བརྒྱད་ཡོད་དེ། དཔལ་མཆོག་ཏུ་བྱེད་པ། དག་བྱེད་ཆེན་པོ་སྲིད་པ་གསུམ་གྱི་ཆོས་ཉེ་བར་གཅོད་པར་བྱེད་པ། ངན་འགྲོ་ཐམས་ཅད་ཟློག་པར་བྱེད་པ། ཞི་བ་ཐམས་ཅད་བྱེད་པ། ལས་ཐམས་ཅད་བྱེད་པ། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱེད་པ། སངས་རྒྱས་མངོན་སུམ་དུ་མཐོང་བ་བཞིན་དུ་ཉེ་བར་གནས་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་བཞིན་དུ་ཉེ་བར་གནས་པ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། མཆོག་ཏུ་གསང་བའི་ངོ་བོས་ཉེ་བར་གནས་པ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གང་དུ་དྲན་པ་ཙམ་གྱིས་མཚམས་མེད་པ་ལྔ་ཡང་ཡོངས་སུ་སྦྱོང་བར་བྱེད་ན་བཟླས་པས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་གང་ཞེ་ན། ༀ་ཨཱ་བཱི་ར་ཧཱུྃ། ཁེ་ཙ་ར། གྲོགས་པོ་དག་འདི་ནི་ཡི་གེ་བརྒྱད་


DKG088_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དཔའ་བོ་ཆེན་པོ་ཞེས་བྱ་བ། གསང་བའི་སྙིང་པོའི་བདག་ཉིད་ཡིན་ཏེ། སངས་རྒྱས་ཉིད་བཞིན་དུ་རབ་ཏུ་ཉེ་བར་གནས་པ་ཡིན་ནོ། །མདོར་ན་བྱ་བ་ཐམས་ཅད་ལ་ཡོན་ཏན་གྱི་མཐའ་རྒྱ་ཆེན་པོ་བརྗོད་པར་ནི་བསྐལ་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་དུ་མར་ཡང་མི་ནུས་ཏེ། འདིར་ཕྱག་རྒྱ་ཡང་སྟོབས་པོ་ཆེ་ཞེས་པར་རྣམ་པར་གྲགས་པ། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའོ། །སྤྱན་དྲང་བའི་སྔགས་ནི། ༀ་ཧེ་ཧེ་ཀུ་མཱ་ར་བི་ཤྭ་རཱུ་པི་ཎཱི། སརྦ་བཱ་ལ་བྷཱ་ཥི་ཏ་པྲ་བོ་དྷ་ནེ། ཨེ་ཧྱེ་ཧི་བྷ་ག་བཱན། ཨེ་ཧྱེ་ཧི་ཀུ་མཱ་ར། ཀྲཱི་ཌ་ནུཏྤ་ལ་དྷཱ་རི་ཎེ་མཎྜ་ལ་མ་དྷྱེ་ཏིཥྛ་ཏིཥྛ་ས་མ་ཡ་མ་ནུ་སྨ་ར། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ་ཧཱུཾ། མཱ་བི་ལཾ་བ་ཀུ་རུ་ཕཊ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་འཇམ་དཔལ་གྱི་སྤྱན་དྲང་བའི་སྔགས་སོ། །སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱིའང་ཡིན་ནོ། །ཙནྡན་གྱི་ཆུར་བྱས་ཏེ། ལན་བདུན་བསྔགས་ནས། ཕྱོགས་བཞི་དང་། སྟེང་དང་། འོག་དང་། ཐམས་ཅད་དུ་གཏོར་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་རང་ཉིད་འཁོར་དང་བཅས་པ་ཐམས་ཅད་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དང་། སྔགས་དང་དེ་བཞིན་དུ་འབྱུང་པོའི་ཚོགས་དང་སེམས་ཅན་ཐམས་ཅད་འགུགས་པར་འགྱུར་རོ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ༀ་དྷུ་དྷུ་ར་དྷུ་ར་དྷུ་མ་བཱ་སི་ནི། དྷུ་མ་ར་ཙི་ཤི་ཧཱུཾ་ཏིཥྛ་ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། བདུག་པའི་སྔགས་སོ། ཙནྡན་དང་། ག་པུར་དང་། གུར་གུམ་གཅིག་ཏུ་བྱས་ཏེ། བདུག་པས་བདུགས་ན་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་བདུག་པས་ཚིམ་ཞིང་དགྱེས་ནས་བཞུགས་པར་འགྱུར་རོ། །འདིར་ཡང་ཕྱག་རྒྱར་འགྱུར་བ་ནི། །པདྨའི་ཕྲེང་བ་ཞེས་གྲགས་པ། །ཐམས་ཅད་འགུགས་བྱེད་ཞི་བ་ཡིན། །སྤྱན་


DKG088_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་བ་ཡི་སྔགས་ལ་ཡང་། །པདྨའི་ཕྲེང་བ་བཟང་པོ་ཞེས། །བྱ་བའི་ཕྱག་རྒྱ་འདི་ཉིད་དོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་བྱོན་པ་ལ་མཆོད་ཡོན་དབུལ་བར་བྱ་སྟེ། ག་བུར་དང་ཙནྡན་དང་གུར་གུམ་ཆུ་དང་སྦྱར་ནས། མེ་ཏོག་ཀུ་སུ་དང་མ་ལི་ཀ་དང་། དབྱར་གྱི་མེ་ཏོག་དང་མེ་ཏོག་པུན་ནཱ་ག་དང་མེ་ཏོག་བ་ཀུ་ལ་དང་། མེ་ཏོག་པཎྜཱི་ཏ་ག་རུ་འདི་དག་གང་ཡང་རུང་བའི་མེ་ཏོག་གམ། དུས་ཅི་ལྟ་བའི་མེ་ཏོག་དྲི་ཞིམ་པོ་བཅུག་སྟེ། སྔགས་འདིས་མཆོད་ཡོན་དབུལ་བར་བྱའོ། ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཧེ་ཧེ་མ་ཧཱ་ཀཱ་རུ་ཎི་ཀ་བི་ཤྭ་རཱུ་པ་དྷཱ་ར་ནི། ཨརྒྷཾ་པྲ་ཏཱིཙྪ་པ་ཡ། ས་མ་ཡ་མ་ནུ་སྨ་ར། ཏིཥྛ་ཏིཥྛ། མཎྜ་ལ་མ་དྷྱེ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ། སརྦ་བྷུ་ཏཱ་ནུ་ཀཾ་པ་ཀ་གྲིཧྣ་གྲིཧྣ་ཧཱུཾ། ཨཾ་བ་ར་བི་ཙཱ་རི་ཎེ་སྭཱ་ཧཱ། འདིར་ཡང་ཕྱག་རྒྱ་ནི་གང་བ་ཞེས་བྱ་བར་གྲགས་པ་སེམས་ཅན་ཐམས་ཅད་དང་རྗེས་སུ་མཐུན་ཞིང་བརྟན་པའོ། །འདིར་ཡང་དྲིའི་སྔགས་སུ་འགྱུར་བ་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ན་མཿས་མནྟ་གནྡྷཱ་བ་བྷཱ་ས་ཤྲི་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། གནྡྷེ་གནྡྷེ་གན་ངྷྱཱ་དེ། གནྡྷ་མ་ནོ་ར་ཐེ། པྲ་ཏཱིཙྪ་པྲ་ཏཱིཙྪ་མཾ། གནྡྷཾ་ས་མ་ཏཱ་ནུ་ཙཱ་རི་ཎི་སྭཱ་ཧཱ། འདིར་ཕྱག་རྒྱར་འགྱུར་བ་ནི་ལོ་མ་ཞེས་བྱ་བ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ། །འདིར་མེ་ཏོག་གི་སྔགས་སུ་འགྱུར་བ་ནི། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ན་མཿསཾ་ཀུ་སུ་མི་ཏ་རཱ་ཛ་སྱ། ཏ་ཐཱ་ག་ཏ་སྱ། ཏདྱ་ཐཱ། ཀུ་སུ་མེ་ཀུ་སུ་མེ་ཀུ་སུ་མཱ་དྷྱེ། ཀུ་སུ་མ་པཱུ་ར་བཱ་སི་ནི། ཀུ་སུ་མ་བ་ཏི་སྭཱ་ཧཱ། བདུག་པའི་སྔགས་འདི་ཉིད་དང་གོང་དུ་བསྟན་པའི་བདུག་པས་བདུག་པར་བྱའོ། །སྐུ་ནི་རྨད་བྱུང་བསམ་མི་ཁྱབ། །སངས་རྒྱས་ཐམས་ཅད་ཕྱག་འཚལ་ཏེ། །རྫོགས་སངས་རྒྱས་ཀྱིས་གསུངས་པ་ཡི། །གཏོར་མའི་སྔགས་ནི་བཤད་པར་བྱ། ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཧེ་ཧེ་བྷ་ག་བཱན། མ་ཧ་ས་ཏྭ་སརྦ་ལོ་ཀི་ཏེ་ཨི་མཾ་བ་ལི་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ། སརྦ་བི་ཤྭ་ར་ར་ཊ་ཊ་སྥ་ཊ་སྭཱ་ཧཱ། འདིས་ནི་བཤོས་དབུལ་བར་བྱ་སྟེ། འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ཡང་བྱའོ། །


DKG088_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ཡང་ཕྱག་རྒྱར་འགྱུར་བ་ནི། །མདུང་ཞེས་བྱ་བ་མ་རུངས་པ། །ཐམས་ཅད་ཟློག་པར་བྱེད་པའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། སརྦ་ཏ་མོ་྅ནྡྷ་ཀཱ་ར་བིདྷཱན་ས་ནཱཾ། ན་མཿས་མནྟ་ཛྱོ་ཏི་གན་དྷཱ་བ་བྷཱ་ས་ཤྲི་ཡེ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། ཧེ་ཧེ་བྷ་ག་བཱན། ཛྱོ་ཏི་ར་སྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་ར་བི་ཀུརྦ་བི་ཀུརྦ་མ་ཧ་བོ་དྷི་ས་ཏྭཱ་ས་མནྟ་ཛྭ་ལོད་དྱོ་ཏི་ཏ་མཱུར་ཏི་ཁུརྡ་ཁུརྡ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ་མཱན། བཾ་སརྦ། ས་ཏྭཱ་ནཱཾ་ཙ་སྭཱ་ཧཱ། མར་མེའི་སྔགས་ཏེ་འདིས་མར་མེ་དབུལ་བར་བྱའོ། །ཁ་བྱེ་བ་ཞེས་བྱ་བའི་ཕྱག་རྒྱ་ནི། །སེམས་ཅན་ཀུན་གྱིས་མཐོང་བའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཛྭ་ལ་ཛྭ་ལ། ཛྭ་ལཱ་ཡ་ཛྭ་ལཱ་ཡ། ཧཱུཾ་བི་བྷོ་ད་ཀ་ཧ་རི་ཀྲྀཥྞ་པིངྒ་ལ་སྭཱ་ཧཱ། མེའི་བྱ་བ་བྱེད་པའི་སྔགས་སོ། །འདིར་ཡང་ཕྱག་རྒྱར་འགྱུར་བ་ནི། །སེམས་ཅན་ཀུན་ལ་འོད་གསལ་བྱེད། །ཁ་སྦྱར་ཞེས་བྱར་འཇིག་རྟེན་གྲགས། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱིར། །ཐུབ་པ་མཆོག་གིས་སྔོན་བཤད་པའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་སྨྲས་པ་གསང་བ་པའི་བདག་པོ་སྔགས་ཀྱི་ཚིག་འདི་ནི་གསང་བ་དང་བཅས་ཤིང་མཆོག་ཏུ་གསང་བར་བྱ་བ་ཡིན་ཏེ། ཁྱོད་བུ་འཇིག་རྟེན་རྣམས་གྲགས་པའི། །མི་བཟད་པ་ནི་གང་ཡིན་པ། །སྔགས་རྣམས་དག་ནི་ཐམས་ཅད་ཀྱིས། །མཁས་པ་རྣམས་ཀྱིས་བསྒྲུབས་པ་སྟེ། །སྤྱི་བོའི་གདུ་བུ་ཞེས་གྲགས་པ། །རྡོ་རྗེ་པདྨའི་རིགས་ཀྱང་ཡིན། །དེ་ནི་རྣམ་པར་གཞིག་བྱའི་ཕྱིར། །རིག་པ་འདི་ནི་ཡང་དག་བརྗོད། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ༀ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། མ་མ་ཀཱརྱཾ་བྷཉྫ་བྷཉྫ། སརྦ་བིགྷྣ་ད་ཧ་ད་ཧ་སརྦ་བཛྲ་བི་ནཱ་ཡ་ཀཾ་མཱུརྞྷ་ག་ཊཾ་ཛྲི་བི་ཏཱནྟ་ཀ་ར་མ་ཧཱ་བི་ཀྲྀ་ཏ་རཱུ་པ་དྷཱ་རི་ཎི། པ་ཙ་པ་ཙ་སརྦ་དུཥྚཱ་ན། མ་ཧཱ་ག་ན་པ་ཏི་ཛཱི་བི་ཏཱནྟ་ཀ་ར་བན་དྷ་བན་དྷ་སརྦ་གྲ་ཧཱན། ཥཊ་མུ་ཁ་ཥཊ་བྷུ་ཛ། ཥཊ་ཙ་ར་ཎ་རུ་དྲ་མཱ་ན་ཡ། བིཥྞུ་མཱ་ན་ཡ་བྲ་ཧྨཱ་དྱ་དེ་བ་མཱ་ན་ཡ་མཱ་བི་ལཾ་བ། ལ་ཧུ་ལ་ཧུ་མཎྜ་ལ་མ་དྷྱེ་པྲ་བེ་ཤ་ཡ། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་སྥ་ཊ་སྥ་ཊ་


DKG088_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། གསང་བ་པའི་བདག་པོ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པའི་མཆོག་ཏུ་གསང་བའི་སྔགས་ཆེན་པོ་གདོང་དྲུག་པ་ཞེས་བྱ་བ་ཡིན་ཏེ། ཁྲོ་བོའི་རྒྱལ་པོ་བགེགས་ཐམས་ཅད་འཇིག་པར་བྱེད་པ་སྟེ། འདི་བརྗོད་པ་ཙམ་གྱིས་ས་བཅུའི་དབང་ཕྱུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡང་འཇིགས་པར་བྱེད་པ་ཡིན་ན། བགེགས་མ་རུངས་པ་ལྟ་སྨོས་ཀྱང་ཅི་དགོས་འདི་བརྗོད་པ་ཙམ་ཉིད་ཀྱིས་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །འདིར་ཡང་ཕྱག་རྒྱར་འགྱུར་བ་ནི། །ནག་པོ་ཆེན་པོ་ཞེས་བྱ་བའི། །བགེགས་རྣམས་ཐམས་ཅད་འཇིག་བྱེད་པའོ། །འདི་ཉིད་ཀྱི་ཁྲོ་བོའི་རྒྱལ་པོའི་སྙིང་པོ་ནི། ༀ་ཧྲཱིཿཥྚཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་སྟཾ་བྷ་ཡ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདི་བརྗོད་པས་དགྲ་ཐམས་ཅད་ཟུག་གཟེར་ཆེན་པོ་དང་། ནད་ཆེན་པོ་དང་ཉིན་བཞི་པའི་རིམས་ཀྱིས་ཐེབས་པར་འགྱུར་རོ། །རྟག་ཏུ་དགའ་བ་མེད་པ་དང་། བྱམས་པ་མེད་པ་དང་། སྙིང་རྗེའི་སེམས་ཐོབ་པར་མི་འགྱུར་ཏེ། བཟླས་པ་ཟིན་གྱི་བར་དུ་གྲོལ་བར་མི་འགྱུར་ཞིང་འཆི་བར་འགྱུར་རོ། །དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དག་ལ་བྱའི། ཞི་བའི་སེམས་ཡོད་པ་གཞན་དག་ལ་ནི་མ་ཡིན་ནོ། །ཕྱག་རྒྱ་ནི་རྩེ་གསུམ་ཆེན་པོ་ཞེས་བྱ་བ་སྦྱར་བར་བྱའོ། །འདིར་ཉེ་བའི་སྙིང་པོར་འགྱུར་བ་ནི། ༀ་ཏྲི་ཀཱ་ལ་རཱུ་པ་ཧཱུྃ་ཁཾ་སྭཱ་ཧཱ། ཕྱག་རྒྱ་ནི་རྩེ་གསུམ་ཆེན་པོ་ཞེས་བྱ་བ་ཉིད་སྦྱར་བར་བྱའོ། །མ་རུངས་པ་ཐམས་ཅད་ལ་གང་འདོད་པ་དེ་བྱེད་པར་འགྱུར་རོ། །སྙིང་པོའི་མཆོག་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་ཡི་གེ་གཅིག་པ་ཞེས་བྱའོ། །ཧཱུྃ། འདི་ནི་ལས་ཐམས་ཅད་བྱེད་པའོ། །ཕྱག་རྒྱ་ཡང་རྩེ་གསུམ་ཆེན་པོ་ཞེས་བྱ་བར་སྦྱར་བར་བྱའོ། །ཕུང་ཁྲོལ་ཐམས་ཅད་ཟློག་པར་བྱེད་པ། འབྱུང་པོ་ཐམས་ཅད་དབང་དུ་བྱེད་པ་སྟེ། མདོར་ན་ཁྲོ་བོའི་རྒྱལ་པོ་འདི་ནི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། །དཀྱིལ་འཁོར་གྱི་དབུས་སུ་བཟླས་པ་བྱས་ན་གྲུབ་པའི་དུས་སུ་ཁྱད་པར་དུ་འཕགས་པར་འགྱུར་རོ། །འདིར་གཤེགས་སུ་གསོལ་བའི་སྔགས་སུ་འགྱུར་བ་ནི། ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ།


DKG088_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་ཡ་ཛ་ཡ་སུ་ཛ་ཡ། མ་ཧཱ་ཀཱ་རུ་ཎི་ཀ་བི་ཤྭ་རཱུ་པི་ཎི་གཙྪ་སརྦ་བུད་དྷཱཤྩ། བི་སརྫྫ་ཡ་ས་པ་རཱི་བཱ་རཾ་སྭ་བྷཱ་བ་ནཱཾ་ཙ་པྲ་བེ་ཤ་ཡ་ས་མ་ཡ་མ་ནུ་སྨ་ར་སརྦཱརྠཱཤྩ་མེ་སིད་དྷྱནྟུ་མནྟྲ་པ་ད་མ་ནོ་ར་ཐཉྩ། མེ་པ་རི་པཱུ་ར་ཡནྟུ་སྭཱ་ཧཱ། འདི་ནི་གཤེགས་སུ་གསོལ་བའི་སྔགས་ཏེ། ལས་ཐམས་ཅད་ལ་སྦྱར་བར་བྱའོ། །ཕྱག་རྒྱ་ནི་བཟང་པོའི་གདན་ཞེས་བྱ་བ་ཡིན་ཏེ། འདིས་གདན་ལ་ཡང་སྦྱར་བར་བྱའོ། །ཡིད་ཀྱིས་བཟླས་པ་བདུན་བྱས་ཏེ་གཤེགས་སུ་གསོལ་ལོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དང་སྔགས་དང་སྔགས་གྲུབ་པ་དག་དང་། དམ་ཚིག་དང་། བཟླས་པ་དང་། དུས་དང་ངེས་པར་སྡོམ་པ་དག་ལ་ཡང་སྦྱར་བར་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གནས་གཙང་མའི་གཞལ་མེད་ཁང་ལ་ཡང་བལྟས་ཏེ། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དང་། རང་གི་རིག་པའི་ཚོགས་ཀྱི་སྔགས་ཀྱི་ལེའུ་རབ་འབྱམ་སྨྲས་སོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་གཱ་ཏྲཱ་ཎཱཾ། ༀ་རི་ཊི་ནི་སྭཱ་ཧཱ། འདི་ནི་འཇམ་དཔལ་གྱི་རྗེས་སུ་འབྲང་བ་སྐྲ་ཅན་མ་ཞེས་བྱ་བའི་རིག་པ། ལས་ཐམས་ཅད་བྱེད་པ། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་ཞེས་བྱ་བ་དུག་གི་ལས་ཐམས་ཅད་ལ་སྦྱར་བར་བྱའོ། ། ན་མཿསརྦ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ༀ་ནི་ཏི་ཊི། འདི་ནི་ཉེ་བའི་སྐྲ་ཅན་མ་ཞེས་བྱ་བའི་རིག་པ་ཡིན་ཏེ་ལས་ཐམས་ཅད་བྱེད་པའོ། །ཕྱག་རྒྱ་ནི་ཁ་བྱེ་བ་ཞེས་བྱ་བ་གཟའ་ཐམས་ཅད་ཀྱི་ལས་ལ་སྦྱར་བར་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏཱི་ནཱཾ། ལཾ་ནི། རིག་པ་འདི་ནི་པདྨ་ཅན་ཞེས་བྱ་སྟེ། ལས་ཐམས་ཅད་བྱེད་ཅིང་དགེ་བའོ། །ཕྱག་རྒྱ་བཟང་པོའི་གདན་ཞེས་བྱ་བ་དང་ལྡན་པས་གནོད་སྦྱིན་མོ་ངེས་པར་དགུག་པར་བྱའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ༀ་ཥྚཻ་ཥྚཻ་སྭཱ་ཧཱ། ཕྱག་རྒྱ་མདུང་ནི་བསྡམ་པ་ཡིས། མཁའ་འགྲོ་མ་རྣམས་འཇོམས་པར་བྱེད། །སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །ཐམས་ཅད་གཟུགས་ཅན་རབ་བསྔགས་པ། །རིག་པ་ཐོད་ཅན་ཞེས་བྱ་བ། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཙ་རཱི་ཎཱཾ། ཏདྱ་ཐཱ།


DKG088_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བ་ར་དེ་སྭཱ་ཧཱ། །ཕྱག་རྒྱ་གཙུག་ཕུད་གསུམ་ཉིད་ནི། །དཔལ་སྦྱིན་བྱེད་པས་སྦྱར་བར་བྱ། །གཟུགས་མངའ་འཆང་བ་ལྷ་མོ་ནི། །མྱུར་དུ་ལོངས་སྤྱོད་སྒྲུབ་བྱེད་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ༀ་བྷུ་རུ་སྭཱ་ཧཱ། ཕྱག་རྒྱ་མདུང་རྩེ་ཡང་དག་སྦྱར། །རིམས་ནད་ཐམས་ཅད་རྣམ་འཇིག་ཡིན། །ན་མཿས་མནྟ་བུད་དྷཱ་ཎཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ༀ་ཏཱ་རེ་སྭཱ་ཧཱ། རིག་པ་ཕུག་རོན་ཞེས་བྱ་བ། །ལས་རྣམས་ཀུན་ལ་རབ་ཏུ་བསྔགས། །ཕྱག་རྒྱ་མདུང་དང་ལྡན་པ་ཡིས། །བགེགས་ནི་འཇོམས་པར་བྱེད་པ་ཡིན། ། ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ཏདྱ་ཐཱ། ༀ་བི་ལོ་ཀི་ནི་སྭཱ་ཧཱ། །རིག་པ་སྣང་ལྡན་ཞེས་བྱ་བ། །འཇིག་རྟེན་ཐམས་ཅད་དབང་དུ་བྱེད། །བདེ་བ་ཐམས་ཅད་སྦྱིན་བྱེད་པ། །གདོང་གི་ཕྱག་རྒྱ་སྦྱར་བར་བྱ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ཏདྱ་ཐཱ། ༀ་བི་ཤྭེ་བི་ཤྭེ་སཾ་བྷཱ་བེ་བི་ཤྭ་རཱུ་པཱི་ཎི་ཀ་ཧ་ཀ་ཧ་ཨ་བེ་ཤྭ་བེ་ཤ་ས་མ་ཡ་མ་ནུ་སྨ་ར་རུ་རུ་ཏིཥྛ་སྭཱ་ཧཱ། རིག་པ་ཆེན་པོ་སྟོབས་ཆེན་འདི། །འཇིག་རྟེན་འདྲེན་པས་བསྟན་པ་སྟེ། །མཆེ་བའི་ཕྱག་རྒྱ་ལྡན་བྱས་ན། །སེམས་ཅན་ཐམས་ཅད་འབེབས་ཤིང་དགེ། །འབྱུང་པོ་ཀུན་ལ་མཆོག་སྦྱིན་པ། །ཐམས་ཅད་ཅེས་ནི་ཡང་དག་བསྒྲགས། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ནཱཾ། ༀ་ཤྭེ་ཏེ་ཤྲཱི་བ་སུ་སྭཱ་ཧཱ། རྨ་བྱའི་གདན་གྱི་ཕྱག་རྒྱ་ཡིས། །རྣམ་དགོད་ལས་ནི་ཐམས་ཅད་བྱེད། །དཀར་མོ་ཆེན་མོ་ཞེས་བྱ་བ། །རྨད་བྱུང་བསམ་མེད་གཟུགས་ཅན་ཏེ། །འཇིག་རྟེན་རྣམས་ཀྱི་སྐལ་ལྡན་བྱེད། །སྐྱེས་པ་བུད་མེད་དབང་དུ་འགྱུར། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ཏདྱ་ཐཱ། ༀ་ཁི་ཁི་རི་ཁི་རི་བྷང་གུ་རི་སརྦ་ཤ་ཏྲུཾ་སྟཾ་བྷ་ཡ་ཛམ་བྷ་ཡ་མོ་ཧ་ཡ་བ་ཤ་མཱ་ན་ཡ་སྭཱ་ཧཱ། རིག་པ་འདི་ནི་རིག་ཆེན་པོ། །རྣལ་འབྱོར་མ་ཞེས་རབ་ཏུ་བསྟན། །ཕྱག་རྒྱ་གདོང་གསུམ་སྦྱར་བྱས་ན། །མ་རུངས་སེམས་ཅན་འདུལ་བར་བྱེད། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱཀྟི་པྲ་ཙ་རཱི་ཎཱཾ། ཏདྱ་ཐཱ། ༀ་ཤྲཱིཿ། རིག་པ་འདི་ནི་དཔལ་ཆེན་མོ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །


DKG088_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་ཁ་སྦྱར་སྦྱར་བྱས་ན། །རྒྱལ་སྲིད་ཆེན་པོ་སྦྱིན་བྱེད་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། སརྦ་སཏྭཱ་བྷ་ཡ་པྲ་ད་ཡི་ནཱཾ། ༀ་ཨ་ཛི་ཏེ་ཀུ་མཱ་ར་རཱུ་པཱི་ཎཱི་ཨེ་ཧྱེ་ཧི་ཨཱ་གཙྪ་མ་མ་ཀཱརྱཾ་ཀུ་རུ་སྭཱ་ཧཱ། རྒྱལ་བྱེད་མ་ཞེས་རྣམ་གྲགས་པ། །གཞོན་ནུ་བདུད་རྩི་ལས་བྱུང་བ། །རྫོགས་པའི་ཕྱག་རྒྱ་ལྡན་པ་ཡིས། །དགྲ་རྣམས་ཐམས་ཅད་ཟློག་པར་བྱེད། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བྷུ་ཏ་རཱུ་པཱི་ཎཱཾ། ཏདྱ་ཐཱ། ༀ་ཛ་ཡེ་སྭཱ་ཧཱ། བི་ཛ་ཡེ་སྭཱ་ཧཱ། ཨ་ཛི་ཏེ་སྭཱ་ཧཱ། ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། སྲིང་མོ་བཞི་ཞེས་རྣམ་གྲགས་པ། །བྱང་ཆུབ་སེམས་དཔའི་རྗེས་འགྲོ་བ། །ས་རྣམས་ཐམས་ཅད་ཀུན་འགྲོ་ཞིང་། །ཀུན་ལ་རྗེས་སུ་འཛིན་བྱེད་པའོ། །མིང་པོ་གཏུམ་བུ་རུ་ཞེས་གྲགས། །འདི་དག་གི་ནི་རྗེས་སུ་འབྲང་། །གྲུ་ཡི་བཞོན་པ་ལ་ཞོན་ནས། །རྒྱ་མཚོ་ལ་ནི་གནས་པ་ཡིན། །ཁུ་ཚུར་ཕྱག་རྒྱ་བཅིངས་པ་ཡིས། །བསམ་པ་ཐམས་ཅད་ཡོངས་རྫོགས་བྱེད། །ན་མཿས་མནྟ་བུད་དྷཱ་ནཱཾ། ལོ་ཀཱ་གྲཱ་དྷི་པ་ཏཱི་ནཱཾ། ཏདྱ་ཐཱ། ༀ་ཀུ་མཱ་ར་མ་ཧཱ་ཀུ་མཱ་ར་ཀྲི་ཌ་ཀྲི་ཌ། ཤཾ་མུ་ཁ་བོ་དྷི་སཏྭཱ་ནུ་ཛྙཱ་ཏ། མ་ཡཱུ་རཱ་ས་ན། ཤཀྟོ་དྱ་ཏ་པཱ་ཎེ། རཀྟཱཾ་ག་རཀྟ་གན་དྷཱ་ནུ་ལེ་པ་ན་པྲི་ཡ། ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ནྲྀ་ཏྱ་ནྲྀ་ཏྱ། རཀྟ་པུཥྤཱ་རྩི་ཏ་མཱུརྟི་ས་མ་ཡ་མ་ནུ་སྨ་ར། བྷྲ་མ་བྷྲ་མ། བྷྲཱ་མ་ཡ་བྷྲཱ་མ་ཡ། ལཱ་ཧུ་ལཱ་ཧུ་མཱ་བི་ལམྦ་སརྦ་ཀཱ་ཎི་མེ་ཀུ་རུ་ཀུ་རུ། བི་ཙི་ཏྲ་རཱུ་པ་དྷཱ་རི་ཎཱཾ། ཏིཥྛ་ཏིཥྛ་ཧཱུྃ་སརྦ་བུད་དྷཱ་ནུ་ཛྙཱ་ཏ་སྭཱ་ཧཱ། སྐྱོབ་པ་བྱང་ཆུབ་སེམས་དཔའ་ནི། །འཇམ་པའི་དབྱངས་ཀྱིས་བཤད་པ་ན། །ས་རྣམས་མ་ལུས་རྣམ་དྲུག་ཏུ། ། ཀུན་ནས་ཡོངས་སུ་རབ་ཏུ་གཡོས། །སེམས་ཅན་ཀུན་གྱི་དོན་ཕྱིར་དང་། །མ་རུངས་སེམས་ཅན་ཟློག་པའི་ཕྱིར། །མི་བཟད་དབང་ཕྱུག་བུའི་གཟུགས་སུ། །གདུལ་བའི་དོན་དུ་འདིར་སྟོན་ཏེ། །སྐེམ་བྱེད་དང་ནི་མིག་དམར་གྱི། །ཕྱག་མཚན་གྱིས་ནི་མཚོན་པ་སྟེ། །སྙིང་རྗེས་ཐུགས་ནི་བརླན་པ་ཡིས། །འཇམ་པའི་ངག་གིས་གསུངས་པ་ཡིན། །སེམས་དཔའི་ནང་ན་བདག་ཉིད་ཆེ། །བྱིས་པ་རྣམས་ལ་ཕན་བྱེད་གང་། །སེམས་ཅན་སྤྱོད་ཕྱིར་བརྩོན་པ་ནི། །འགྲོ་བ་ཀུན་ལ་རྣམ་པར་སྤྱོད། །ཕྱག་རྒྱ་མདུང་དང་ལྡན་པ་ཡིས། །བདག་ཉིད་ཆེན་པོས་


DKG088_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་ན་ནི། །ཚངས་པ་སོགས་པའང་འགུགས་བྱེད་ན། །མི་རྣམས་ལ་ནི་སྨོས་ཅི་དགོས། །གཞོན་ནུའི་སེམས་སུ་མཐའ་དག་ནི། །བསྡུས་ནས་ཡོངས་སུ་བཤད་པར་བྱ། །སྨིན་དྲུག་བུ་དང་འཇམ་དཔལ་གྱི། །སྔགས་སུ་འདི་ནི་ཡང་དག་བསྟན། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །བྱང་ཆུབ་སེམས་དཔར་འདི་སྟོན་ཏོ། །ཡིག་གསུམ་ཞེས་བྱའི་སྙིང་པོ་ནི། །འདི་ཡི་སྔགས་སུ་བརྗོད་པ་ཡིན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ལོངས་སྤྱོད་འདྲེན་པའི་མཆོག་དེ་ཡིན། །ཕྱག་རྒྱ་མདུང་དང་ལྡན་པ་ཡིས། །བཀོད་ན་ལས་ཀུན་བྱེད་པ་ཡིན། །ༀ་ཧཱུཾ་ཛྫཿ། སྔགས་འདི་མདོ་རུ་བསྡུ་བྱས་ན། །མི་རྣམས་ཀྱི་ནི་དོན་བྱེད་དོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ས་མནྟ་དྱོ་ཏི་ཏ་མཱུ་རྟཱི་ནཱཾ། ༀ་བི་ཀྲྀ་ཏ་གྲ་ཧ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ཡང་ཉེ་བའི་སྙིང་པོ་སྟེ། །དེ་བཞིན་ཕྱག་རྒྱ་མདུང་ལྡན་པས། །འབྱུང་པོ་ཐམས་ཅད་འགུགས་བྱེད་ཅིང་། །དེ་བཞིན་གཟའ་དང་མ་མོར་བཅས། །ཕྱག་རྒྱ་ཀུན་གྱིས་ཕྱག་རྒྱ་ལ། །བཀོད་ན་འབྲས་བུར་བཅས་པར་འགྱུར། །འབྱུང་པོ་རྣམས་ནི་དངངས་བྱེད་ཅིང་། །མ་རུངས་འཇུག་པ་ཟློག་པར་བྱེད། །འཇམ་དཔལ་གཞོན་ནུར་གྱུར་པ་འདིའི་གདོང་དྲུག་གི་བུ་ཞེས་བྱ་བའི་འཇམ་དཔལ་གཞོན་ནུའི་རྗེས་སུ་འབྲང་བ་སྟེ། ལས་ཐམས་ཅད་བྱེད་པ་སྟེ། བཟླས་པ་ཙམ་ཁོ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །འབྱུང་པོ་ཐམས་ཅད་དངངས་པར་བྱེད་པ་དང་། སྐྲག་པར་བྱེད་པ་དང་། འགུགས་པར་བྱེད་པ་དང་། དབང་དུ་བྱེད་པ་དང་སྐེམ་པར་བྱེད་པ་དང་། འཇིག་པར་བྱེད་པ་དང་རིག་པ་འཛིན་པ་ཇི་ལྟར་འདོད་པ་དེ་ཐམས་ཅད་སྒྲུབ་པར་བྱེད་པའོ། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ༀ་བྲ་ཧྨ་བྲ་ཧྨ་བར་ཙ་ས་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདི་ཚངས་པ་ཆེན་པོ་སྟེ། ། བྱང་ཆུབ་སེམས་དཔས་བཤད་པ་ཡིན། །འབྱུང་པོས་ཞི་གྱུར་རབ་ཏུ་ཐོབ། །སྐད་ཅིག་ཉིད་ལ་བསིལ་བར་གྱུར། །ཕྱག་རྒྱ་གཙུག་ཕུད་ལྔ་སྦྱར་ན། །མྱུར་དུ་དགེ་ལེགས་ཐོབ་པར་འགྱུར། །མངོན་སྤྱོད་དག་ནི་ཐམས་ཅད་ལ། །སྲིད་སྲུང་གི་ནི་རིག་བྱེད་འདོད། །འདི་ནི་


DKG088_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྡུ་བསྟན་པ་སྟེ། །འདི་ཡི་ཆོ་ག་བསྡུས་པ་ཡིན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ༀ་ག་རུ་ཌ་བཱ་ཧ་ན་ཙ་ཀྲ་པཱ་ཎི། ཙ་ཏུར་བྷུ་ཛ་ཧཱུཾ་ཧཱུཾ་ས་མ་ཡ་མ་ནུ་སྨ་ར། བྷོ་དྷི་སཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འཇམ་པའི་དབྱངས་ཀྱིས་བཀའ་སྩལ་པ། །ཞི་བའི་དོན་ནི་མྱུར་བྱེད་ཡིན། །འབྱུང་པོ་རྣམས་ནི་རྣམ་འཇིག་ཅིང་། །ཁྱབ་འཇུག་གཟུགས་ཀྱི་ལུས་ཅན་ཡིན། །ཕྱག་རྒྱ་གཙུག་ཕུད་གསུམ་སྦྱར་ན། །ལས་རྣམས་ཀུན་བྱེད་བརྟན་པ་ཡིན། །གང་དག་ཁྱབ་འཇུག་རྒྱུད་ལ་ནི། །བྱ་བ་རྒྱ་ཆེར་བསྟན་པ་དག ། ཐབས་ཀྱིས་གདུལ་བྱའི་སེམས་ཅན་ལ། །འཇམ་པའི་དབྱངས་ཀྱིས་བཤད་པ་ཡིན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱཾ་ནཱཾ། ཏདྱ་ཐཱ། ༀ་མ་ཧཱ་མ་ཧེ་ཤྭ་ར་བྷཱུ་ཏཱ་དྷཱི་པ་ཏི་བྲྀ་ཥ་བྷ་དྷྭ་ཛ་པྲ་ལཾ་བ་ཛ་ཊ་ཛ་ཊ་མུ་ཀུ་ཊ་དྷཱ་རི་ཎེ། སི་ཏ་བྷསྨ་དྷུ་ས་རི་ཏ་མཱུརྟི་ཧཱུཾ་ཧཱུཾ་ཕཊ་ཕཊ་བོ་དྷི་ས་ཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། སེམས་ཅན་རྣམས་ལ་ཕན་འདོད་པས། །སྔགས་འདི་བདག་གིས་སྨྲས་པ་སྟེ། །ཕྱག་རྒྱ་མདུང་རྩེ་གསུམ་སྦྱར་ན། །འབྱུང་པོ་ཐམས་ཅད་རྣམ་འཇིག་པའོ། །བདག་གིས་སྔོན་ནི་གང་བསྟན་པ། །འདི་ཡི་ཆོ་ག་སྔོན་བྱུང་བ། །སེམས་ཅན་ས་སྟེང་གནས་པ་ལ། ། ཞི་བ་པ་ཞེས་བརྗོད་པ་སྟེ། །ཡོན་ཏན་སྣ་ཚོགས་རྒྱ་ཆེ་བ། །ཞི་བའི་རྒྱུད་ལས་ང་ཡིས་བསྟན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ༀ་ཤཱ་ཀུ་ན་མ་ཧཱ་ཤཱ་ཀུ་ན། པདྨ་བི་དཱ་ཏ་པ་ཀྵ་སརྦ་པནྣཱ་ག་ན་ཤཱ་ག་ཁ་ཁ་ཁཱ་ཧི་ཁཱ་ཧི་ས་མ་ཡ་མ་ནུ་སྨ་ར་ཧ་ཏིཥྛ་བོ་དྷི་ས་ཏྭ་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། སྔགས་འདིའི་མཐུ་ནི་ཆེན་པོ་སྟེ། །ནམ་མཁའ་ལྡིང་ཞེས་རྣམ་པར་གྲགས། །གདུལ་དཀའ་འདུལ་བྱེད་རྣམས་ཀྱི་མཆོག །གདེངས་ཀ་ཅན་གྱི་དུག་རྣམས་འཇོམས། །ཕྱག་རྒྱ་ཆེ་དང་སྦྱར་བྱས་ན། །ཕུང་ཁྲོལ་ཤིན་ཏུ་མི་བཟད་འཇོམས། ། གནས་དང་འགྲོ་བའི་དུག་དག་ནི། །གསོ་བར་བྱེད་ལ་ཐེ་ཚོམ་མེད། །སེམས་ཅན་གདུལ་བྱའི་ཐབས་སུ་ནི། །བྱང་ཆུབ་སེམས་དཔའི་ཡང་དག་བཀའ། །ནམ་མཁའ་ལྡིང་གཟུགས་ས་ལ་སྤྱོད། །འདབ་ཆགས་དབང་པོ་འོད་ཆེན་ལྡན། །ཅི་སྲིད་ནམ་མཁའ་ལྡིང་རྒྱུད་


DKG088_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དུ། །ཆོ་ག་རྒྱ་ཆེར་བསྟན་དེ་དག །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐམས་ཅད་ང་ཡིས་བསྟན་པ་སྟེ། །བྱང་ཆུབ་སེམས་དཔའ་ནམ་མཁའ་ལྡིང་། །དུལ་བའི་དོན་དུ་འདི་བསྟན་ཏོ། །གདེངས་ཅན་དུག་ནི་གཞོམ་བྱའི་ཕྱིར། །འདབ་ཆགས་ཚུལ་གྱིས་རྣམ་པར་རྒྱུ། །འཇིག་རྟེན་སྔགས་ནི་ཇི་སྲིད་པ། །ཆོ་ག་འདི་ནི་བསྟན་པ་ན། །སེམས་ཅན་གདུལ་བྱའི་དོན་དུ་ནི། །དེ་ལྟ་དེ་ལྟར་རྣམ་པར་རྒྱུ། །གང་ཡང་དེ་བཞིན་གཤེགས་སྔགས་དང་། །རྡོ་རྗེ་པདྨའི་རིགས་དག་ཀྱང་། །ང་ཡིས་ཆོ་ག་རབ་འབྱམ་དང་། །མདོ་དག་ཀྱང་ནི་བསྟན་པ་ཡིན། །ཇི་ལྟར་མ་མོ་མང་པོ་ནི། །འབད་པས་བྱིས་པ་རྣམས་སྲུང་བ། །དེ་བཞིན་བྱིས་པའི་བློ་ཅན་ལ། །སྔགས་ཀྱི་ཚུལ་གྱིས་ང་ཡིས་བཤད། །སྔོན་ནི་སྟོབས་བཅུ་ལྡན་པས་བསྟན། །ད་ནི་ང་ཡིས་བསྟན་པ་ཡིན། །སྔགས་རྒྱུད་དོན་ནི་མ་ལུས་པ། །འོད་ཆེན་གཞོན་ནུས་བསྟན་པ་ཡིན། །རྒྱལ་བ་མཆོག་གིས་གང་གསུངས་དང་། །སྟོབས་བཅུ་ལྡན་པའི་སྲས་གསུངས་དང་། །རྨད་བྱུང་བསམ་མི་ཁྱབ་ཚུལ་གྱིས། །འཇམ་དབྱངས་ཀྱིས་གསུངས་དེ་དག་གོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་དང་། འཁོར་གྱི་དཀྱིལ་འཁོར་ཆེན་པོ་ལ་གཟིགས་ནས། དམ་ཚིག་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །གང་དུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན་སེམས་ཅན་མཐའ་དག་གི་སྒྲུབ་པའི་སྤྱོད་པ་སེམས་ལ་རབ་ཏུ་ཞུགས་པར་གྱུར་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་སྙོམས་པར་ཞུགས་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ནོར་བུ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་བཀོད་པའི་དཀྱིལ་འཁོར་དུ་གྱུར་ཏེ། བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་རྣམ་པར་འཕྲུལ་པ་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཞུགས་པ་དང་། ས་བཅུའི་དབང་ཕྱུག་ལ་གནས་པ་དག་གིས་ཀྱང་དཀྱིལ་འཁོར་དེ་བྲི་བའམ་འདྲིར་གཞུག་པར་མི་


DKG088_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ན་སོ་སོའི་སྐྱེ་བོར་གྱུར་པའི་སེམས་ཅན་གྱིས་ལྟ་སྨོས་ཀྱང་ཅི་དགོས། འཕགས་པའི་དཀྱིལ་འཁོར་བཟང་པོ་དེ་གྲུབ་པའི་གནས་སྐབས་ལ་གནས་པ་འཇམ་དཔལ་གཞོན་ནུར་གྱུར་པས་གཟིགས་ནས། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ས་བཅུ་ལ་རབ་ཏུ་གནས་པ། རྒྱལ་ཚབ་ཏུ་དབང་བསྐུར་བ་ཐམས་ཅད་དང་། སྤྱོད་པ་ལ་ཞུགས་པ་ཐམས་ཅད་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཐམས་ཅད་འཇམ་དཔལ་གཞོན་ནུར་གྱུར་པའི་བྱིན་གྱིས་བརླབས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་མཛད་པ་བསམ་གྱིས་མི་ཁྱབ་པའི་རྒྱུ་མཐུན་པ་དང་ཏིང་ངེ་འཛིན་གྱི་ཁྱད་པར་གྱི་ཐུགས་ལས་བྱུང་བའི་དཀྱིལ་འཁོར་ལ་ཞུགས་པར་བདག་ཉིད་ཀྱིས་ཡང་དག་པར་ཤེས་པར་གྱུར་ཏོ། ། སེམས་ཅན་སོ་སོའི་སྐྱེ་བོའི་ཡིད་ཀྱིས་ཀྱང་དེ་དམིགས་པར་མི་ནུས་ན་བྲི་བའམ་འདྲིར་འཇུག་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་དཀྱིལ་འཁོར་ཆེན་པོ་བཟང་པོ་དེ་ལ་རབ་ཏུ་ཞུགས་པའི་སེམས་ཅན་དེ་དག་ལ་སྨྲས་པ། གྲོགས་པོ་དག་ཉོན་ཅིག་འདི་ནི་དེ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་ན། སེམས་ཅན་གཞན་འཕགས་པ་དང་། འཕགས་པ་མ་ཡིན་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་གས་གསང་བ་པའི་བདག་པོ་ཕྱག་ན་རྡོ་རྗེ་ལ་སྨྲས་པ། ཀྱེ་རྒྱལ་བའི་སྲས་མི་ལས་འདས་པའི་དཀྱིལ་འཁོར་དམ་པ། ཡིད་ལས་བྱུང་བ་ནི་བསྟན་ཏོ། །མི་རྣམས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་ནའང་། སེམས་ཅན་རྣམས་གང་དུ་ཡང་དག་པར་ཞུགས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྨྲས་པ། རྒྱལ་བའི་སྲས་གང་དེ་དུས་ལ་བབ་པར་ཤེས་ན་


DKG088_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིག་གསུངས་ཤིག །ཤཱཀྱ་སེང་གེ་མགོན་པོ་ནི། །ཡོངས་སུ་མྱ་ངན་འདས་འོག་ན། །སེམས་ཅན་རྣམས་ཀྱི་སངས་རྒྱས་ཉིད། །ས་སྟེང་ཁྱོད་ཀྱི་དཀྱིལ་འཁོར་བྱེད། །མཐོང་བ་ཙམ་གྱིས་འཇིག་རྟེན་ན། །སྔགས་ནི་རབ་ཏུ་འགྲུབ་པར་འགྱུར། ། མི་ཤེས་ཆོ་ག་ཉམས་པའམ། །དམ་ཚིག་བདག་པོར་མ་གྱུར་ན། །བདག་ཉིད་ཆེན་པོ་ཚངས་པ་ཡང་། །སྔགས་རྣམས་འགྲུབ་པར་མི་འགྱུར་རོ། །སྔགས་ལ་དད་པ་མེད་པས་ནི། །འབད་པ་དུ་མ་བྱས་གྱུར་ཀྱང་། །སྔགས་རྣམས་འགྲུབ་པར་མི་འགྱུར་བས། །མ་རུངས་དམ་ཚིག་མི་བསྟན་ཏོ། །དམ་ཚིག་སྦྱོར་བ་ཉམས་པ་ནི། །རབ་འབྱམ་བརྒྱ་བྱིན་ཡིན་ན་ཡང་། །སྔགས་རྣམས་འགྲུབ་པར་མི་འགྱུར་ན། །མི་རྣམས་སྨོས་ཀྱང་ཅི་ཞིག་དགོས། །དམ་ཚིག་བསྟན་བཅོས་དེ་ཉིད་ཤེས། །ལས་ཀྱི་སྤྱོད་པ་སྒྲུབ་པ་ལ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། ། སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །འཇམ་པའི་དབྱངས་ཀྱི་དཀྱིལ་འཁོར་ནི། །ལས་ཀུན་བྱེད་ལ་རབ་ཞུགས་ན། །བསྟན་པ་ལ་ནི་གཞོན་ནུ་བཞིན། །སྔགས་རྣམས་འགྲུབ་པར་འགྱུར་བ་ཡིན། །དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་སེམས་དཔའ་ཆེན་པོ་དེ་ལ་གསོལ་བ་བཏབ་པ། ཀྱེ་སེམས་ཅན་ཆེན་པོ་སེམས་ཅན་གྱི་དོན་གྱི་ཕྱིར་མདོར་བསྡུས་པའི་དཀྱིལ་འཁོར་གསུངས་ཤིག་ཅེས་སོ། །གསང་བ་པའི་བདག་པོས་དེ་སྐད་ཅེས་སྨྲས་པ་དང་། འཇམ་དཔལ་གཞོན་ནུར་གྱུར་བས་སེམས་ཅན་གྱི་དོན་གྱི་ཕྱིར། དཀྱིལ་འཁོར་གྱི་ཆོ་ག་སྨྲས་པ། རེ་ཞིག་དང་པོ་ཆོ་འཕྲུལ་གྱི་ཟླ་ཕྱེད་དམ་དཔྱིད་ཟླ་འབྲིང་པོའམ་དཔྱིད་ཟླ་ཐ་ཆུངས་སམ་ཟླ་བ་ཡར་ངོ་འམ། ཉིན་ཞག་དགེ་བ་དང་གཟའ་བཟང་པོ་བལྟས་ཏེ། རྒྱུ་སྐར་བཟང་པོ་དང་ལྡན་པ་ཡར་ངོའི་ཚེས་གཅིག་དང་། ཟླ་བ་ཉ་བའམ་དུས་གཞན་ལ་དབྱར་གྱི་དུས་སྤངས་ལ། སྔ་དྲོ་ས་བྱིན་གྱིས་བརླབ་པར་བྱ་སྟེ། གང་དུ་གྲོང་ཁྱེར་ཆེན་པོ་ལ་བརྟེན་པའམ། དཀྱིལ་འཁོར་གྱི་སློབ་དཔོན་རང་ཉིད་འདུག་པར་བྱའོ། །རྒྱ་མཚོ་ཆེན་པོར་འཇུག་པའི་གནས་སམ། རྒྱ་མཚོའི་ངོགས་དང་ཉེ་བའི་གྲོང་ཁྱེར་ཆེན་པོའི་བྱང་ཤར་


DKG088_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཕྱོགས་སུ་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བར་དཀྱིལ་འཁོར་གྱི་སློབ་དཔོན་སོང་སྟེ་ལོ་མའི་སྤྱིལ་བུ་བྱས་པ་ལ་ཞག་བདུན་ནམ་ཟླ་བ་ཕྱེད་ཀྱི་བར་དུ་གཅིག་པུ་རབ་ཏུ་གནས་པར་བྱ་སྟེ། གང་གནས་དེ་དག་ཏུའང་གཙང་མའི་ས་ཕྱོགས་རྡོ་བ་མེད་པ། གྱོ་མོ་དང་ཐལ་བ་དང་སོལ་བ་དང་། །ཕུབ་མ་དང་རུས་པ་སྤངས་པ་ཤིན་ཏུ་གཙང་བ་ཤིན་ཏུ་ཡོངས་སུ་སྦྱངས་པའི་ས་ཕྱོགས་སུ་སྲོག་ཆགས་མེད་པའི་ཆུ་ལ་བའི་རྣམ་ལྔའམ། ཙནྡན་དང་ག་པུར་དང་། གུར་གུམ་གྱི་ཆུས་བསྲེས་པ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྔགས་སྟོང་རྩ་བརྒྱད་བཟླས་ཏེ། གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་ས་ཕྱོགས་དེར་ཕྱོགས་བཞི་དང་སྟེང་དང་། འོག་དང་ཐད་ཀ་དང་ཕྱོགས་མཚམས་ཐམས་ཅད་དུ་བསང་གཏོར་བྱའོ། །དེ་ནས་ཕྱོགས་དེར་ཀུན་ནས་གྲུ་བཞིར་ཁྲུ་བཅུ་དྲུག་གམ་ཁྲུ་བཅུ་གཉིས་སམ་ཁྲུ་བརྒྱད་པ་བྱ་སྟེ། དེ་ལ་ཆེན་པོ་ནི་ཁྲུ་བཅུ་དྲུག་པའོ། །འབྲིང་ནི་ཁྲུ་བཅུ་གཉིས་པའོ། །ཆུང་ངུ་ནི་ཁྲུ་བརྒྱད་པའོ། །དཀྱིལ་འཁོར་འདི་ནི་རྣམ་པ་གསུམ། །ཐམས་ཅད་གཟིགས་པས་གསུངས་པ་ཡིན། །རྒྱལ་པོ་འདོད་པས་ཆེན་པོ་སྟེ། །འབྲིང་ནི་ལོངས་སྤྱོད་འཕེལ་བྱེད་པ། །ཆུང་ངུའི་དམ་ཚིག་ཡང་དག་སྲུང་། །ལས་རྣམས་ཀུན་བྱེད་ཞི་བ་ཡིན། །དེ་དག་ལས་ཡིད་ལ་གང་འདོད་པའི་དཀྱིལ་འཁོར་བྲི་བ་ནི་དེ་ལ་ས་ཕྱོགས་དེར་ཁྲུ་དོ་ཙམ་བརྐོས་ལ། དེར་རྡོ་བ་དང་སོལ་བ་དང་ཐལ་བ་དང་རུས་པ་དང་སྐྲ་ལ་སོགས་པ་དང་། སྲོག་ཆགས་ཀྱི་རིགས་རྣམ་པ་སྣ་ཚོགས་གལ་ཏེ་མཐོང་ན། སའི་ཕྱོགས་གཞན་དུ་བརྐོ་བ་བྱས་ན་གནོད་པ་མེད་པ་དང་འཚེ་བ་མེད་པར་འགྱུར་རོ། །རི་བོའི་རྩེ་མོ་དང་ཆུ་བོའི་ངོགས་དང་རྒྱ་མཚོའི་འགྲམ་དང་ཆུ་བོ་ཆེན་པོའི་ངོགས་སུ་བྱེ་མའི་ཕུང་པོ་ཆེན་པོ་རྣམས་འབད་པས། ཤིན་ཏུ་སོ་སོར་བརྟགས་ཏེ། ཤིན་ཏུ་གཙང་བ་དང་སྲོག་ཆགས་མེད་པར་བྱས་ལ་བྲི་བར་བྱའོ། །ས་ཕྱོགས་དེ་ཡང་སྲོག་ཆགས་མེད་པའི་ཆུ་ལ་བའི་རྣམ་ལྔ་བསྲེས་ཏེ། ཆུ་བོའི་ཀླུང་གིས་གཙང་མའམ། གྲོག་མཁར་གྱི་ས་གང་དུ་སྲོག་ཆགས་མེད་པའི་ས་དེས་དགང་བར་བྱའོ། །བཀང་ནས་ཀྱང་ལེགས་པར་བརྡུངས་ཏེ་ཀུན་ནས་མཉམ་པར་བྱས་


DKG088_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀྱིལ་འཁོར་རྣམ་པ་གསུམ་གང་འདོད་པར་བྱའོ། །སེང་ལྡེང་གི་ཕུར་བ་བཞི་ལ་ཁྲོ་བོའི་རྒྱལ་པོའི་སྔགས་ལན་བདུན་བཟླ་ཞིང་ཕྱོགས་བཞིར་གདབ་བོ། །ཚོན་སྣ་ལྔའི་སྐུད་པ་ལ་ཁྲོ་བོའི་སྙིང་པོ་ལན་བདུན་བཟླས་པ་བྱས་ཏེ། དཀྱིལ་འཁོར་ཕྱོགས་བཞི་ཀུན་ནས་བསྐོར་བར་བྱའོ། །དེ་བཞིན་དུ་དབུས་ཀྱི་གནས་སུ་ནང་དུ་ཡང་ཟུར་བཞིར་བྱའོ། །དབུས་ན་གནས་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རང་གི་རིག་པ་རྩ་བའི་སྔགས་སྟོང་རྩ་བརྒྱད་བཟླ་བར་བྱའོ། །གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྩ་བའི་སྔགས་ཀྱིས་གྲོགས་པོ་དང་། བདག་ཉིད་བསྲུང་བར་བྱས་ལ། སྔགས་ཟློ་བཞིན་དུ་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བྱུང་སྟེ། དཀྱིལ་འཁོར་དེ་ལ་གཡས་སུ་བསྐོར་བ་བྱས་ནས་ཁ་ཤར་ཕྱོགས་སུ་བལྟས་ཏེ། ཀུ་ཤའི་སྟན་ལ་འདུག་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིད་ལ་བྱས་ཏེ། དཀྱིལ་འཁོར་དེའི་གྲུ་བཞི་ཀུན་དུ་ཀུ་ཤས་བསྐོར་ཞིང་དགྲམ་པར་བྱའོ། །དེ་ཉིད་ཀྱི་ཕྱི་རོལ་དུ་ཡང་བ་རྣམས་ཞག་གཅིག་གནས་པས་བསྙལ་ཞིང་དབྱུང་བར་བྱའོ། །དེ་ལ་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔོན་དུ་བྱ་བ་རྣམས་བྱས་ནས་རང་གི་རྒྱུད་ཀྱི་སྔགས་ལ་མཁས་པ་དང་། སེམས་ཅན་གྱི་དོན་གྱི་ཐབས་ཀྱི་ཕྱིར་ཐེག་པ་ཆེན་པོ་ལ་མོས་པ་དང་། ཞག་གཅིག་སྨྱུང་བར་བྱས་པ་དང་གྲོགས་བཟང་པོ་དང་ལྡན་པ་དང་། བསྟན་བཅོས་སྣ་ཚོགས་ཀྱི་ལས་མཐོང་བས། ཚོན་སྣ་ལྔའི་ཕྱེ་མ་ཞིབ་མོ་ཤིན་ཏུ་གསལ་ཞིང་ལེགས་པར་སྦྱར་བར་བྱས་ལ། ཡི་གེ་དྲུག་པའི་སྙིང་པོ་མངོན་པར་བཟླས་པའི་ཕྱེ་མ་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །ཕྱི་རོལ་དུ་ཡང་རྒྱལ་མཚན་དང་བ་དན་བསྒྲེང་བ་དང་རྟ་བབས་བཞིས་བརྒྱན་པ་ཆུ་ཤིང་འབྲས་བུའི་ཚོགས་ཀྱིས་གཡུར་ཟ་བ་དང་རྔ་བོ་ཆེ་དང་རྫ་རྔ་བརྡུང་བ་དང་དུང་གི་སྒྲ་དང་དགའ་བ་དང་། བཀྲ་ཤིས་པའི་སྒྲ་སྒྲོགས་པ་དག་བྱའོ། །ཟུར་བཞི་ནས་ཆོས་མཉན་པ་དག་ལ་བཤད་པར་བྱའོ། །ཕྱོགས་བཞིར་ཐེག་པ་ཆེན་པོའི་མདོ་སྡེ་བཀླག་པར་བྱ་བ་ལ་འདི་ལྟ་སྟེ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷོ་


DKG088_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་ནུབ་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་སྡོང་པོས་བརྒྱན་པ་བྱང་ཕྱོགས་སུ་བཀླག་པར་བྱའོ། །འཕགས་པ་གསེར་འོད་དམ་པའི་མདོ་སྡེ་ཤར་ཕྱོགས་སུ་བཀླག་པར་བྱའོ། །གླེགས་བམ་དག་མེད་ན་མདོ་སྡེ་བཞི་པོ་ཤེས་པའི་གང་ཟག་ཆོས་འཆད་པ་པོ་ལ་ཆོས་མཉན་པའི་ཕྱིར་བསྐུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་ལངས་ནས་ཙནྡན་དང་ག་པུར་དང་གུར་གུམ་བསྲེས་པའི་མེ་ཏོག་དྲི་ཞིམ་པ་དཀར་པོ་ལ་རྩ་བའི་སྔགས་བཟླས་ཏེ། དཀྱིལ་འཁོར་དེ་ཐམས་ཅད་དུ་ཆལ་པར་དགྲམ་པར་བྱའོ། ། མངོན་པར་བཀྲམ་པ་བྱས་ནས་ཕྱི་རོལ་ཏུ་བྱུང་སྟེ། ཞག་བདུན་གྱི་བར་དུ་འདོད་པའི་ཁ་ཟས་བསྟེན་པའི་རི་མོ་མཁན་གཉིས་སམ་གསུམ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གསོ་སྦྱོང་ཉེ་བར་བསྟེན་པ་མཁས་པ་དག་བཅུག་སྟེ། རྩ་བའི་སྔགས་ཀྱིས་གཙུག་ཕུད་བཅིང་བ་བྱས་ལ། དེ་ནས་གསེར་དང་དངུལ་དང་ཟངས་དང་རིན་པོ་ཆེ་རྣམ་པ་སྣ་ཚོགས་ལས་ཚོན་སྣ་ལྔ་ཤིན་ཏུ་མཛེས་པ་ཡིད་དུ་འོང་བའི་ཕྱེ་མ་ཞིབ་མོ་རབ་ཏུ་བླངས་ཏེ་ལོངས་སྤྱོད་ཆེན་པོ་དང་ལྡན་པ་དང་ཆོས་དང་ལྡན་པའི་རྒྱལ་པོ་དག་འདྲིར་གཞུག་པ་བྱས་ན། དཀྱིལ་འཁོར་མཐོང་བ་ཙམ་གྱིས་ངེས་པར་བྱང་ཆུབ་འཐོབ་པ་ཡིན་ན། །སྔགས་སྒྲུབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། ཤཱཀྱའི་སྐྱེས་མཆོག་འདས་གྱུར་ནས། །སེམས་ཅན་བསོད་ནམས་ཆུང་བ་ལ། །འདི་འདྲའི་ལོངས་སྤྱོད་ག་ལ་ཡོད། །དེ་བས་ཆོ་ག་འདི་བསྟན་བྱ། །འཇམ་དབྱངས་འོད་ཆེན་ལྡན་པ་ཡིས། །སྐྱེ་བོ་ཕོངས་པར་གཟིགས་ནས་ནི། །ཉུང་ཞིང་དཀྱིལ་བསྡུས་དཀྱིལ་འཁོར་ནི། །མདོར་བསྡུས་ནས་ནི་བསྟན་པ་ཡིན། །འབྲས་སཱ་ལུ་དང་ཐུག་པོ་ཆེའི་ཕྱེ་མ་ཤིན་ཏུ་ཞིབ་པའི་ཚོན་སྣ་ལྔ་བཟང་པོ། དཀར་བ་དང་སེར་བ་དང་དམར་བ་དང་ནག་པོ་དང་ལྗང་གུ་དག་གིས་བསྒྱུར་ཏེ། སྔར་བཞག་པའི་ཚོན་གྱི་ཕྱེ་མ་སློབ་དཔོན་རང་གིས་བླངས་ནས། གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྩ་བའི་སྔགས་ཀྱི་བཟླས་པ་བྱས་ནས་ཕྱེ་མ་དེ་ལ་ཕྱག་རྒྱ་བཅིང་ངོ་། །སྒྲུབ་པའི་གྲོགས་མཆོག་གི་སློབ་དཔོན་གྱིས་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ལྷོ་མཚམས་ཀྱི་ཕྱོགས་སུ་ཆོ་ག་མཐོང་བའི་ལས་ཀྱིས་


DKG088_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཁུང་བྱ་སྟེ། རྒྱར་ཁྲུ་དོ་ལ་ཟབས་སུ་ཁྲུ་གང་བ་ཀུན་ནས་འཁོར་བར་པདྨའི་ཟེ་བ་འདྲ་བ། ཕྱི་རོལ་ཡང་པདྨའི་ཟེ་བ་འདྲ་བ་ཤིང་པ་ལ་ཤའི་ཡམ་ཤིང་གིས་མེ་སྦར་བར་བྱ། ཤིང་བིལ་བའི་ཡམ་ཤིང་མཐོ་གང་ཙམ་རློན་པ་ལ་ཞོ་དང་སྦྲང་རྩི་དང་། མར་ལ་བཏགས་པ་ལ་རྩ་བའི་སྔགས་འབྲུ་དྲུག་པའམ་སྙིང་པོས་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ཏེ་མེ་ལྷ་སྤྱན་དྲང་བར་བྱའོ། །སྤྱན་དྲངས་ནས་སྔར་བསྟན་པ་ཉིད་ཀྱི་རྩ་བའི་སྔགས་ཡི་གེ་གཅིག་པའི་སྙིང་པོས་ཕྱིར་ཡང་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཅོད་པན་དང་འཚོག་ཆས་བྱས་ནས་བདག་ཉིད་དང་རི་མོ་མཁན་ཡང་རྩེ་གཅིག་པར་བྱས་ནས་སྦྱིན་སྲེག་བྱེད་དུ་གཞུག་གོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་བྱས་ཏེ། སྔར་བསྟན་པའི་བདུག་པས་བདུགས་ནས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རབ་ཏུ་བཏུད་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཡང་ཕྱག་བྱས་ཏེ། ཚོན་གྱི་ཕྱེ་མ་བླངས་ནས་སྐུའི་གཟུགས་ཀྱིས་བཅད་པ་ལ། རི་མོ་མཁན་གྱིས་ཡོངས་སུ་རྫོགས་པར་བྱའོ། །ཆོ་ག་འདི་དག་གིས་དང་པོར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སེང་གེའི་ཁྲི་ལ་བཞུགས་པ་གནས་གཙང་མའི་གཞལ་མེད་ཁང་ན་ཆོས་སྟོན་ཅིང་བཞུགས་པ་བྲི་བར་བྱའོ། །དཀྱིལ་འཁོར་གྱི་སློབ་དཔོན་རི་མོ་འདྲི་བ་ན་འདིར་སྒྲུབ་པའི་གྲོགས་མཆོག་གིས་སློབ་དཔོན་བདག་ཉིད་བསྲུང་བའི་ཕྱིར། རྩ་བའི་སྔགས་ཀྱིས་འབྱུང་པོ་ཐམས་ཅད་པའི་གཏོར་མ་གཏང་བར་བྱ་སྟེ། ཕྱི་རོལ་གྱི་ཕྱོགས་བཞི་དང་སྟེང་དང་འོག་དག་ཏུ་གཏོར་བར་བྱའོ། །དེ་ནས་ཁྲུས་བྱས་ཏེ་ཐབ་ཁུང་དུ་ཉེ་བར་སོང་ནས་གོས་གཙང་མ་བགོས་ཏེ། གཙང་སྦྲ་དང་སྲུང་བའི་ཆོ་ག་བྱས་ནས་གུར་གུམ་དང་བསྲེས་པའི་མར་གྱི་སྦྱིན་སྲེག་སྟོང་རྩ་བརྒྱད་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་པ་བྱ་སྟེ། དེ་ཉིད་དུ་གནས་པར་བྱའོ། །ཡུངས་ཀར་ལ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་སྔགས་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྔགས་ལ་ཁམ་ཕོར་ཁ་སྦྱར་


DKG088_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ནང་དུ་གཞག་པར་བྱའོ། །བགེགས་ཀྱི་རྣམ་པ་འཇིགས་སུ་རུང་བའི་གཟུགས་ཅན་མི་བཟད་པའི་སྒྲ་རྣམ་པ་དུ་མ་རླུང་དང་ཆར་དང་ཡུལ་ངན་གཞན་དང་གཞན་གང་གི་ཡང་རུང་བ་མཐོང་ན། ཁྲོས་པས་ཡུངས་ཀར་ཁམ་ཕོར་ནས་ཕྱུང་ལ་ཆང་པར་བཅངས་ཏེ་ལན་བདུན་སྦྱིན་སྲེག་བྱས་པ་དེས་ནི་བགེགས་རབ་ཏུ་འཇོམས་པར་འགྱུར་རོ། །མིའི་བགེགས་ལ་ནི་ལན་ལྔ་ཆང་པ་ནས་སྦྱིན་སྲེག་བྱས་ན་སྐྱེས་བུ་དེ་རེངས་པར་འགྱུར་བའམ། ནུས་པ་མེད་པར་འགྱུར་བའམ། འཆི་བར་འགྱུར་བའམ། སྐད་ཅིག་དེ་ཉིད་ལ་མི་མ་ཡིན་པས་ཟིན་པར་འགྱུར་བ་ལ་ནམས་ཀྱང་ཐེ་ཚོམ་མེད་དེ། བརྒྱ་བྱིན་ཡང་འཆི་བར་བྱེད་ན་མ་རུངས་བའི་སེམས་དང་ལྡན་པའི་མིའམ། བགེགས་ཐ་མལ་པ་ལྟ་སྨོས་ཀྱང་ཅི་དགོས། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་འཇིགས་པས་བགེགས་རྣམས་ཕན་ཚུན་དུ་འབྲོས་ཤིང་མི་སྣང་བར་འགྱུར་རོ། །དེ་ནས་སྒྲུབ་པའི་གྲོགས་མཆོག་གིས་དེ་ཉིད་དུ་ཀུ་ཤའི་ཁྲེས་ལ་གནས་ནས་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་བཟླས་པ་བྱེད་ཅིང་གནས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་གཟུགས་ཀྱི་གཡས་ངོས་སུ། རང་སངས་རྒྱས་ཉིད་པདྨའི་གདན་ལ་བཞུགས་པར་བྱའོ། །དེ་གཉིས་ཀྱི་འོག་ཏུ་ཉན་ཐོས་ཆེན་པོ་གཉིས་ཆོས་ཉན་པར་བྱའོ། །དེ་དག་གི་ཡང་གཡས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟོན་ཀའི་འདམ་བུའི་མདོག་ལྟར་དཀར་བ། པདྨའི་གདན་ལ་བཞུགས་པ། ཕྱག་གཡོན་པ་ན་པདྨ་བསྣམས་པ། ཕྱག་གཡས་པ་ན་མཆོག་སྦྱིན་པ། དེའི་ཡང་གཡས་ན་བཅོམ་ལྡན་འདས་མ་ཡུམ་གོས་དཀར་མོ་ཕྱག་གཡོན་པ་ན་པདྨ་བསྣམས་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་བ་པདྨའི་གདན་ལ་བཞུགས་པ་གསེར་གྱི་ཅོད་པན་འཆང་བ་དར་ལ་དཀར་པོའི་ན་བཟའ་མནབས་པ། ཐལ་བ་ནག་པོས་ཐིག་ལེ་གསུམ་བྱས་པ་དེ་བཞིན་དུ་སྒྲོལ་མ་དང་། ཁྲོ་གཉེར་ཅན་ཡང་རང་རང་གི་གནས་སུ་སྤྱོད་ལམ་དག་གིས་གནས་པར་བྱའོ། །དེ་དག་གི་སྟེང་དུ་ནི་བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་།


DKG088_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་སྤྱན་དང་གཙུག་ཏོར་གྱི་རྒྱལ་མོ་རྣམས་བྱའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བཅུ་དྲུག་བྱ་བ་ལ་འདི་ལྟ་སྟེ། ཀུན་ཏུ་བཟང་པོ་དང་། སའི་སྙིང་པོ་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་རྣམ་པར་སྦྱོང་བ་དང་། བྱམས་པ་རྔ་ཡབ་ལག་ན་ཐོགས་ཤིང་སངས་རྒྱས་བཅོམ་ལྡན་འདས་ལ་བལྟ་བ་དང་། དྲི་མ་མེད་པར་འགྲོ་བ་དང་། དྲི་མ་མེད་པའི་ཏོག་དང་། ནོར་བཟང་དང་། ཟླ་བའི་འོད་དང་། དྲི་མ་མེད་པར་གྲགས་པ་དང་། ནད་ཐམས་ཅད་གསོ་བར་བྱེད་པ་དང་། ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་རྒྱལ་པོ་དང་། འཇིག་རྟེན་འགྲོ་བ་དང་། བློ་ཆེན་པོ་དང་། བློ་བཟང་པོ་སྟེ། སེམས་དཔའ་ཆེན་པོ་འདི་དག་ནི་ལུས་ཤིན་ཏུ་ཞི་བ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱའོ། །རིག་པའི་རྒྱལ་པོའི་གཙོ་བོ་དང་། རིག་པའི་རྒྱལ་མོ་དང་པདྨའི་རིགས་གཟུགས་དང་ཕྱག་རྒྱ་ལུང་ཅི་ལྟ་བ་བཞིན་དུ་གནས་ཅི་ལྟ་བ་མ་ལུས་པ་དག་ཏུ་བྲི་བར་བྱའོ། །མཐའི་གྲུ་བཞིའི་གནས་དག་ཏུ་ནི་གནས་རྣམས་གཞག་པར་བྱའོ། །པདྨའི་མེ་ཏོག་ལེགས་པར་བྱས་པ་དང་རིག་པའི་ལྷ་གང་དྲན་པ་ཡང་དེ་དག་ཏུ་གཞག་པར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་རང་སངས་རྒྱས་གཉིས་ནི། རི་སྤོས་ཀྱི་ངད་ལྡང་བ་ལ་བཞུགས་པ་བྲི་བར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་ཀྱི་ཤར་དུ་བདག་ཉིད་བལྟ་བ་དང་། ཐམས་ཅད་ལ་ཡང་འཇུག་པའི་སྒོ་རྣམས་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་གྱི་ཕྱོགས་སུ་རང་སངས་རྒྱས་གཞན་གཉིས་ཏེ། ཙནྡན་དང་གྲུབ་པ་ཞེས་བྱ་བ་གཉིས་བྲི་བར་བྱའོ། །དེ་གཉིས་ཀྱི་འོག་ཏུ་ཉན་ཐོས་གཉིས་ནི་འོད་སྲུང་ཆེན་པོ་དང་ཀཱ་ཏྱཱ་ཡ་ན་ཆེན་པོ་བྲི་བར་བྱའོ། །དེ་དག་གིའང་གཡོན་དུ་འཕགས་པ་ཕྱག་ན་རྡོ་རྗེ་ཨུཏྤ་ལ་ལྟར་མདོག་སྔོ་བསངས་གཟུགས་ཤིན་ཏུ་མཛེས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཡས་པ་ན་རྔ་ཡབ་ཐོགས་པ། གཡོན་པ་ཁྲོ་བོའི་ལུས་ཀྱིས་གནས་པ་རྡོ་རྗེ་ཁུ་ཚུར་མ་རྡོ་རྗེ་ལྕགས་ཀྱུ་མ་རྡོ་རྗེ་ལུ་གུ་རྒྱུད་མ་དཔུང་བཟང་མ་རྡོ་རྗེ་སྡེ་མ་ཆ་བྱད་ཅི་ལྟ་བ་བཞིན་དུ་བགེགས་


DKG088_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདན་ལ་གནས་པ། རིག་པའི་རྒྱལ་པོ་ཐམས་ཅད་དང་རིག་པའི་རྒྱལ་མོ་འཁོར་དང་བཅས་པ་བཟླས་པ་དང་། ཕྱག་རྒྱ་དང་ལྡན་པ་ཇི་ལྟར་ཤེས་པ་བཞིན་བྲི་བར་བྱའོ། །དེ་དག་གི་ཡང་གཡོན་དུ་ཟུར་བཞིར་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱ་སྟེ། བྲིས་ནས་ཀྱང་གནས་གང་དུ་རིག་པའི་ཚོགས་མ་དྲན་པའི་གནས་དེ་དག་ཀྱང་འདིར་བཞུགས་ཤིག་ཅེས་བརྗོད་པར་བྱའོ། །དེའི་སྟེང་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བཅོམ་ལྡན་འདས་ཡུམ་མཱ་མ་ཀཱི་བྲི་བར་བྱ་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཟུགས་ཤིན་ཏུ་མཛེས་པར་བྱའོ། །དེ་དག་གི་སྟེང་དུ་གཙུག་ཏོར་གྱི་རྒྱལ་པོ་བརྒྱད་ཀུན་ནས་འབར་བའི་ཕྲེང་བའི་ཕྱག་རྒྱ་བཅིངས་ནས་རང་རང་དག་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་གཟུགས་སུ་བྲི་བར་བྱ་སྟེ། གསེར་གྱི་མདོག་ཅན་དབང་པོ་ཤིན་ཏུ་དུལ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་གཤེགས་པ་ལ་ཟུར་གྱིས་བལྟ་བ་དག་ལ། འདི་ལྟ་སྟེ། གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གཙུག་ཏོར་མངོན་པར་འཕགས་པ་དང་། གཙུག་ཏོར་གདུགས་དཀར་པོ་དང་། རྒྱལ་བའི་གཙུག་ཏོར་དང་། པདྨའི་གཙུག་ཏོར་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། གཟི་བརྗིད་ཕུང་པོའི་གཙུག་ཏོར་དང་། གཙུག་ཏོར་མཐོན་པོ་སྟེ། བརྒྱད་པོ་འདི་དག་ནི་གཙུག་ཏོར་གྱི་རྒྱལ་པོ་རྣམས་སོ། །གཡོན་དུ་བྲི་བ་ནི་རང་སངས་རྒྱས་རྣམས་སོ། །འཇུག་པའི་ཕྱོགས་ཀྱི་སྒོར་ནི་བྱང་ཆུབ་སེམས་དཔའ་གཉིས་བྱ་སྟེ། གཡས་ཕྱོགས་སུ་ནི་འཇིག་རྟེན་ལས་འདས་པར་འགྲོ་བ་ཞེས་བྱ་བ་རལ་པའི་ཅོད་པན་འཆང་བ། ལུས་ཞི་བ་ལག་པ་གཡས་པ་མཆོག་སྦྱིན་པས་ཕྲེང་བ་འཛིན་པ། ལག་པ་གཡོན་པས་སྤྱི་བླུགས་འཛིན་ཅིང་སྒོ་ལ་མངོན་དུ་ཕྱོགས་པ་བཞིན་ཅུང་ཟད་ཁྲོ་གཉེར་དང་བཅས་པ་བྲི་བར་བྱའོ། འཇུག་པའི་སྒོའི་གཡོན་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་མ་རྒྱལ་བ་ལས་རྒྱལ་བ་ཞེས་བྱ་བ་བྲི་བར་བྱ་སྟེ། ལུས་རབ་ཏུ་ཞི་བ་རལ་པའི་ཅོད་པན་འཆང་བ། ལག་པ་གཡོན་པ་ན་དབྱིག་པ་དང་སྤྱི་བླུགས་འཛིན་པ། ལག་པ་གཡས་པ་ན་མཆོག་སྦྱིན་པ་ཕྲེང་བ་འཛིན་


DKG088_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་ཅུང་ཟད་ཁྲོ་གཉེར་དང་ལྡན་པ་སྒོ་ལ་མངོན་དུ་ཕྱོགས་པ་བྲིའོ། །སེང་གེའི་ཁྲིའི་འོག་ཏུ་ཆོས་ཀྱི་འཁོར་ལོ་ཀུན་ཏུ་འབར་བས་ཁྱབ་པ། དེའི་འོག་ཏུ་རིན་པོ་ཆེའི་གཞལ་མེད་ཁང་དེ་ལ་གནས་པ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ། གཞོན་ནུའི་གཟུགས་ཅན་སྐུ་མདོག་དམར་སྐྱ་ཞི་བའི་གཟུགས་དང་། མཛེས་པའི་གཟུགས་ཅན་ཅུང་ཟད་ཞལ་འཛུམ་པ། ཕྱག་གཡོན་པ་ན་ཨུཏྤ་ལ་སྔོན་པོ་བསྣམས་པ་ཕྱག་གཡས་པ་ན་བིལ་བ་བསྣམས་པ། བྱིས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཙུག་ཕུད་ལྔས་ཉེ་བར་མཛེས་པར་གྱུར་པ་མུ་ཏིག་གི་ཕྲེང་བས་མཆོད་ཕྱིར་ཐོགས་པ་དར་ལའི་སྟོད་གཡོགས་མནབས་པ་དར་གྱི་ན་བཟས་སྨད་གཡོགས་མཛད་པ་འོད་ཀུན་ནས་འཕྲོ་བ་འབར་བའི་ཕྲེང་བས་ཀུན་ནས་ཁྱབ་པ་པདྨའི་གདན་ལ་ཉེ་བར་བཞུགས་པ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ལ་གཟིགས་པ་དཀྱིལ་འཁོར་དུ་འཇུག་པའི་སྒོ་ལ་མངོན་དུ་ཕྱོགས་པ་བལྟ་ན་སྡུག་པ་བྲི་བར་བྱའོ། །དེའི་གཡས་ཕྱོགས་ཀྱི་ངོས་ཀྱི་པདྨའི་འོག་ཏུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་བྲི་བར་བྱ་སྟེ། མི་སྡུག་པ་ཆེན་པོའི་གཟུགས་ཅན་ཀུན་ནས་འབར་བའི་ཕྲེང་བས་ཁྱབ་པ། བཀའ་ལེན་ཅིང་འཛིན་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཕྱོགས་སུ་ལྟ་བའོ་གཡོན་ཕྱོགས་ཀྱི་པདྨའི་འོག་ཏུ་གནས་གཙང་མའི་རིས་ཀྱི་ལྷའི་བུའི་གཟུགས་ཅན། བྱང་ཆུབ་སེམས་དཔའ་ལྔ་བྲི་བར་བྱ་བ་ལ་འདི་ལྟ་སྟེ། ཤིན་ཏུ་དྲི་མེད་དང་ཤིན་ཏུ་དུལ་བ་དང་དག་པ་དང་མུན་སེལ་དང་ཀུན་ཏུ་སྣང་བའོ། །དེ་དག་ཐམས་ཅད་ཀྱང་གནས་གཙང་མའི་གཞལ་མེད་ཁང་ན་འདུག་པ། རིན་པོ་ཆེ་དུ་མ་འབར་བའི་རྡོའི་སྟེང་དང་འདྲ་བ་ཀུན་ནས་འབར་བ་མེ་ཏོག་སྣ་ཚོགས་ཀྱིས་གཅལ་བཀྲམ་པ་ཤིན་ཏུ་མཛེས་པ་བྲི་བར་བྱའོ། །ཕྱི་རོལ་འཁོར་ཡུག་ཏུ་ཟུར་བཞིའི་རྣམ་པར་བྱས་ཏེ། རྟ་བབས་བཞི་དང་ལྡན་པ་ཕྱོགས་བཞི་ནས་རྣམ་པ་སྣ་ཚོགས་པའི་ཚོན་སྣ་ལྔ་གསལ་བས་རི་མོ་ཤིན་ཏུ་དྲང་བ་དང་ལྡན་པ་ནང་གི་དཀྱིལ་འཁོར་བྲི་བར་བྱའོ། །ཤར་གྱི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དུ་རི་མོའི་དབུས་སུ་མེ་ཏོག་ཀུན་ནས་སྐྱེས་པའི་རྒྱལ་པོའི་དབང་པོ་


DKG088_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་གདན་ལ་བཞུགས་པ། དེ་བཞིན་གཤེགས་པའི་གཟུགས་ཅུང་ཟད་ཆུང་བར་བྱའོ། །འོད་ཀུན་ནས་འབར་བའི་ཕྲེང་བས་ཁྱབ་པ། མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ཕྱག་རྒྱ་བྲི་བར་བྱའོ། །གཡོན་དུ་ནི་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་བར་བྱའོ། །དེ་བཞིན་གཤེགས་པའི་སྤྱན་གྱི་སྟེང་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱག་རྒྱ་བྲི་བར་བྱའོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྟེང་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཕྱག་རྒྱའི་གཡས་སུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དེ་བཞིན་གཤེགས་པའི་གཟུགས་ཅན་བྱ་སྟེ། ཕྱག་མཆོག་སྦྱིན་པ། པདྨའི་གདན་ལ་བཞུགས་པ་ཀུན་ནས་འོད་འབར་བའི་ཕྲེང་བས་ཁྱབ་པ། དེའི་ཡང་གཡས་ཕྱོགས་སུ་ནི་ལྷུང་བཟེད་དང་ཆོས་གོས་ཀྱི་ཕྱག་རྒྱ་བྱའོ། །དེ་བཞིན་དུ་མཐར་གྱིས་འཇུག་པའི་གནས་ལ་ནི་པདྨའི་ཕྱག་རྒྱ་བྱའོ། །བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པའི་གཡོན་ཕྱོགས་སུ་གཙུག་ཏོར་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་བྲི་སྟེ་ཀུན་ནས་འོད་འབར་བའི་ཕྲེང་བས་ཁྱབ་པ། དེའི་གཡོན་ཕྱོགས་སུ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་བྱ་སྟེ། རིན་པོ་ཆེའི་རི་བོའི་སྟེང་དུ་ཆོས་སྟོན་ཅིང་བཞུགས་པ། བཻ་ཌཱུཪྱ་སྔོན་པོ་དང་མརྒད་དང་པདྨ་རཱ་ག་རྣམ་པ་སྣ་ཚོགས་འབར་བའི་འོད་འཕྲོ་བའི་ཀུན་ནས་འོད་དང་ལྡན་པ་བྲི་བར་བྱའོ། །དེའི་ཡང་གཡོན་ཕྱོགས་སུ་རྒྱལ་བའི་གཙུག་ཏོར་གྱི་ཕྱག་རྒྱ་ཀུན་ནས་འབར་བའི་ཕྲེང་བས་ཁྱབ་པ་བྲིའོ། །དེའི་ཡང་གཡོན་ཕྱོགས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཀུན་ནས་འབར་བ་དང་ལྡན་པ་བྲིའོ། །དེའི་ཡང་གཡོན་ཕྱོགས་སུ་འཁར་གསིལ་དང་། སྤྱི་བླུགས་དང་ཕྲེང་བ་དང་བཟང་པོའི་གདན་གྱི་ཕྱག་རྒྱ་བྲིའོ། །མཐར་གྱིས་སྒོའི་གནས་སུ་རྡོ་རྗེ་རྩེ་གསུམ་པ་གཉིས་ཀ་ལ་ཡང་ཀུན་ནས་འབར་བ་བྲིའོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་འོག་ཏུ་ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་ཞེས་བྱ་བ་དང་། ཨུཏྤ་ལའི་ཕྱག་རྒྱ་


DKG088_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ནས་འབར་བ་འདི་གཉིས་ཕན་ཚུན་འབྲེལ་བ་བྱའོ། །དཀྱིལ་འཁོར་ཀུན་ནས་སྒོ་བྲི་བར་བྱའོ། །སྒོ་དག་ནི་རྒྱབ་ཀྱིས་ལྟ་བ་དང་། འཇུག་པ་ན་ནི་མདུན་གྱིས་བལྟ་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་ཐམས་ཅད་དུ་འགྱུར་བ་ཡང་ཁ་དོག་ལྔའི་ཚོན་ཤིན་ཏུ་གསལ་བ་སྣ་ཚོགས་བལྟ་ན་སྡུག་པ། ཟུར་བཞིས་རྣམ་པར་འབྱེས་པ། རྟ་བབས་བཞིའི་རྣམ་པ་ཕྱོགས་བཞིར་ཁྲུ་གཉིས་ཙམ་ནང་གི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཤར་ཕྱོགས་སུ་ཚངས་པ་ཆེན་པོ་བྲི་བར་བྱ་སྟེ། གདོང་བཞི་པ་གོས་དཀར་པོ་བགོས་པ་ལ་སྟོད་གཡོགས་གོས་དཀར་པོ་དང་། ཚངས་སྐུད་དཀར་པོ་ཐོགས་པ། ཁ་དོག་གསེར་འདྲ་བ། རལ་པའི་ཅོད་ཅན་འཛིན་པ། ལག་ན་དབྱུག་པ་དང་། སྤྱི་བླུགས་འཛིན་པ། དེའི་གཡས་ཕྱོགས་སུ་འོད་གསལ་གྱི་ལྷའི་བུ་བྱ་སྟེ། མདོག་གསེར་འདྲ་བ་བསམ་གཏན་ཁྱད་པར་ཅན་གྱི་གཟུགས་ཅན། དར་ལའི་གོས་བགོས་པ་དར་ལའི་སྟོད་གཡོགས་བྱས་པ། བཞིན་ཤིན་ཏུ་གསལ་བ་རལ་བའི་ཅོད་ཅན་འཛིན་པ་མཆོད་ཕྱིར་ཐོགས་དཀར་པོ་ཅན། སྐྱིལ་མོ་ཀྲུང་གིས་འདུག་པ་ལག་གཡས་པས་མཆོག་སྦྱིན་པ། དེའི་གཡས་ཕྱོགས་སུ་འོག་མིན་གྱི་ལྷའི་བུ་བྱ་སྟེ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་རབ་ཏུ་ཞི་བ་བསམ་གཏན་གྱི་རྣམ་པའི་ཆ་བྱད་ཅན། དར་ལའི་གོས་བགོས་པ་དར་ལའི་གོས་ཀྱིས་སྟོད་གཡོགས་བྱས་པ། སྐྱིལ་མོ་ཀྲུང་གིས་འདུག་པ་ལག་པ་གཡས་པས་མཆོག་སྦྱིན་པ། མཆོད་ཕྱིར་ཐོགས་དཀར་པོས་བྱས་པ། དེའི་རིམ་གྱིས་དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འཐབ་བྲལ་དང་། བརྒྱ་བྱིན་ལ་སོགས་པའི་ལྷའི་བུ་བྲི་བར་བྱ་སྟེ། གོ་རིམས་ཇི་ལྟ་བ་དང་ཆ་བྱད་དང་དབྱིབས་ཅི་ལྟ་བ་བཞིན་དུའོ། །བརྒྱ་བྱིན་གྱི་འོག་ཏུ་རྒྱལ་པོ་ཆེན་པོ་བཞིའི་རིས་ལ་རྟག་ཏུ་མྱོས་དང་། ཕྲེང་ཐོགས་དང་། ལག་ན་གཞོང་ཐོགས་དང་། པི་བང་གཉིས་པ་དང་ས་བླའི་ལྷའི་བུ་དག་གོ་རིམས་ཇི་ལྟ་བ་དང་། ཆ་བྱད་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་མི་ཆེ་བ་དང་། མི་གདུང་བ་དང་ཤིན་ཏུ་མཐོང་བ་དང་གྱ་ནོམ་སྣང་དང་། དགེ་ཆུང་དང་བསོད་ནམས་སྐྱེས་


DKG088_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པའི་ལྷའི་བུ་ཆ་བྱད་དང་དབྱིབས་ཅི་ལྟ་བ་བཞིན་བྲི་བར་བྱའོ། །ནུབ་ཕྱོགས་དང་བྱང་ཕྱོགས་སུ་ཡང་དེ་བཞིན་ཏེ། དེ་དག་ནི་རིམ་པ་འོག་མ་གཉིས་ལ་བརྟེན་ཏེ་བྲི་བར་བྱའོ། །དཀྱིལ་འཁོར་གཉིས་ཀྱི་ཕྱི་རོལ་དུ་དཀྱིལ་འཁོར་གསུམ་པར་འགྱུར་བ་ལ། མཐར་གྱིས་ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི་སྟེ། བྱང་ཕྱོགས་ནས་འཇུག་པའི་གཡས་ངོས་སུ་གཏེར་ཉེ་བར་གནས་པ་ལ། ནོར་སྦྱིན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཙུག་ཕུད་ཅུང་ཟད་འདུད་པ་གནོད་སྦྱིན་གྱི་གཟུགས་ཅན། དེའི་གཡས་སུ་ནོར་བུ་བཟང་པོ་དང་གང་བ་བཟང་པོ་གནོད་སྦྱིན་གྱི་བདག་པོ་གཉིས་བྲིའོ། །དེ་བཞིན་དུ་མཐར་གྱིས་གནོད་སྦྱིན་མ་ཆེན་མོ་འཕྲོག་མ་ཡང་བྲིའོ། །དེ་བཞིན་དུ་མཐར་གྱིས་ནུབ་ཕྱོགས་སུ་ཆུ་ལྷ་ལག་ན་ཞགས་པ་ཐོགས་པ་དང་། ཀླུ་དགའ་བོ་དང་། ཉེ་དགའ་བོ་དང་། འཇོག་པོ་དང་། ནོར་རྒྱས་ལ་སོགས་པ་ཀླུའི་རྒྱལ་པོ་ཆེན་པོ་བརྒྱད་པོ་བྲིའོ། །དེ་བཞིན་དུ་རིམ་པ་གཉིས་ལ་གནས་པའི་མཐར་གྱིས་གནོད་སྦྱིན་དང་། སྲིན་པོ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། དྲང་སྲོང་དང་། གྲུབ་པ་དང་། ཡི་དགས་དང་། ཤ་ཟ་དང་། ནམ་མཁའ་ལྡིང་དང་མི་དང་མི་མ་ཡིན་པ་ལ་སོགས་པ་དང་། སྨན་དང་ནོར་བུ་རིན་པོ་ཆེའི་བྱེ་བྲག་དང་རི་དང་ཆུ་བོ་དང་གླིང་དང་མཐར་གྱིས་གཙོ་བོ་ཐམས་ཅད་བྲི་བར་བྱའོ། །ལྷོ་ཕྱོགས་སུ་ནི་གཤིན་རྗེ་མ་མོ་བདུན་གྱི་འཁོར་དང་བཅས་པ་བྲི་བར་བྱའོ། །ཤར་ལྷོ་མཚམས་སུ་མེ་ཀུན་ནས་འབར་བའི་ཕྲེང་བས་ཁྱབ་པ། དབྱུག་པ་དང་སྤྱི་བླུགས་དང་ཕྲེང་བ་ལག་ན་ཐོགས་པ། རལ་པའི་ཅོད་པན་འཛིན་པ། གོས་དཀར་པོ་བགོས་པ། དར་ལའི་སྟོད་གཡོགས་བྱས་པ། མཆོད་ཕྱིར་ཐོགས་དཀར་པོ་ཐོགས་པ། མདོག་གསེར་འདྲ་བ་ཐལ་བའི་ཐིག་ལེ་གསུམ་བྱས་པ། དེ་བཞིན་དུ་རྒྱན་དང་མཚོན་ཆ་དང་ཆ་བྱད་དང་དབྱིབས་དང་ཁ་དོག་རྣམ་པ་སྣ་ཚོགས་པ་རིམ་པ་གཉིས་པ་ལ་བརྟེན་ཏེ་བྲི་བར་བྱའོ། །ཐམས་ཅད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྒོའི་ཕྱི་རོལ་དུ་དཀའ་ཟློག་གི་བདག་པོ་ཁྱུ་མཆོག་ལ་ཞོན་པ། ལག་ན་མདུང་རྩེ་གསུམ་ཐོགས་པ་ལྷ་མོ་དཀའ་ཟློག་མ་ཁ་དོག་སྣ་ཚོགས་


DKG088_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྨིན་དྲུག་གི་བུ་རྨ་བྱའི་སྟན་ལ་འདུག་པ་མདུང་ཐོགས་པ། གཞོན་ནུའི་གཟུགས་ཅན་གདོང་དྲུག་པ་ལུས་དམར་པོར་སྣང་བ། གོས་སེར་པོ་བགོས་པ། གོས་སེར་པོའི་སྟོད་གཡོགས་ཅན་ལག་པ་གཡོན་པ་ན་དྲིལ་བུ་དང་བ་དན་དམར་པོ་ཐོགས་པ། མཐར་གྱིས་བྷྲིང་གི་རི་ཏི་ཤིན་ཏུ་རིད་པ་འདྲ་བ་དང་། ཚོགས་ཀྱི་བདག་པོ་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་དང་ནག་པོ་ཆེན་པོ་དང་། མ་མོ་བདུན་པོ་རྒྱན་དང་མཚོན་ཆ་དང་ཁ་དོག་དང་དབྱིབས་ཅི་ལྟ་བ་བཞིན་བྲི་བར་བྱའོ། །ནོར་ལྷ་བརྒྱད་དང་དྲང་སྲོང་བདུན་དང་ཁྱབ་འཇུག་ལག་པ་བཞི་ན་འཁོར་ལོ་དང་དུང་དང་ག་དཱ་དང་རལ་གྲི་ཐོགས་པ། གདན་ནམ་མཁའ་ལྡིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བདུན་དང་། གང་ཡང་ཉེ་བའི་གཟའ་བརྒྱད་ས་སྟེང་གི་དཀྱིལ་འཁོར་ན་རབ་ཏུ་རྒྱུ་བ་ཡང་བྲི་བར་བྱའོ། ། མཐར་གྱིས་ཚེས་གྲངས་བཅྭ་ལྔ་དང་ཡར་ངོ་དང་མར་ངོའི་ཕྱོགས་དང་། ཁྱིམ་བཅུ་གཉིས་དང་དུས་དྲུག་དང་ཟླ་བ་བཅུ་གཉིས་དང་ལོ་ཚིགས་དང་། སྲིང་མོ་བཞི་གྲུ་ལ་ཞོན་པ་དང་མིང་པོ་ལྔ་གྲུ་ལ་ཞོན་ཞིང་ཆུ་ལ་གནས་པ་སྟེ། མདོར་ན་ཕྱག་རྒྱར་གཞག་པར་བྱ་བ་ཡང་ཡིན་ནོ། །ལྷ་མོ་དེ་དག་མཐར་གྱིས་རིམ་པ་གཉིས་པ་ལ་བརྟེན་ཏེ་བྱ་བ་ཡིན་ནོ། །སློབ་དཔོན་བདག་ཉིད་ཕྱི་རོལ་ཏུ་བྱུང་ནས་དཀྱིལ་འཁོར་དེ་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། མདོར་ན་དཀྱིལ་འཁོར་གསུམ་ཡང་དཀྱིལ་འཁོར་ལ་བརྟེན་ཅིང་བྲི་བར་བྱ་སྟེ། དཀྱིལ་འཁོར་གསུམ་ཆར་ཡང་གྲུ་བཞིར་རྣམ་པར་གནས་པར་བྱ་བ་ཡིན་ནོ། །མདོར་ན་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་མགོན་པོ་ནི་ངེས་པར་བྲི་བར་བྱའོ། །པདྨའི་རིགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ངེས་པར་བྲི་བར་བྱའོ། །རྡོ་རྗེའི་རིགས་འཕགས་པ་ཕྱག་ན་རྡོ་རྗེའང་ངེས་པར་བྲི་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོ་འཕགས་པ་ཀུན་དུ་བཟང་པོའང་ངེས་པར་བྲི་བར་བྱའོ། །འཇམ་དཔལ་གཞོན་ནུར་གྱུར་པའང་ངེས་པར་བྲི་བར་བྱའོ། །ལྷག་མ་རྣམས་ནི་ཇི་ལྟར་རྣམ་པར་བཞག་པ་བཞིན་ཕྱག་རྒྱ་བྲི་བར་བྱའོ། །འདི་ནི་ནང་གི་དཀྱིལ་


DKG088_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རོ། །དཀྱིལ་འཁོར་བར་མ་ལ་ཡང་ཤར་ཕྱོགས་སུ་ནི་མི་མཇེད་ཀྱི་བདག་པོ་ཚངས་པ་བྲི་བར་བྱའོ། །དེ་བཞིན་དུ་འོད་གསལ་བ་ནི་ལྷོ་ཕྱོགས་སུའོ། །འོག་མིན་གྱི་གཟུགས་ཅན་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་རོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་བར་ནི་བརྗོད་པར་མི་བྱའོ། །བྱང་ཕྱོགས་སུ་བརྒྱ་བྱིན་ལྷའི་རྒྱལ་པོ་དང་། རབ་འཐབ་བྲལ་དང་། ཡོངས་སུ་དགའ་ལྡན་དང་། རབ་འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། འོད་ཆུང་ལ་སོགས་པའི་ལྷའི་བུ་རྣམས་ངེས་པར་ལྷའི་རྒྱལ་པོ་རེ་རེ་བྱའོ། །ལྷག་མ་རྣམས་ནི་ཕྱག་རྒྱར་གནས་པར་བྱའོ། །དེ་བཞིན་དུ་དཀྱིལ་འཁོར་གསུམ་པར་ཡང་བྱང་ཕྱོགས་སུ་འབྱུང་པོའི་བདག་པོ་དབང་ལྡན་དཀའ་ཐུབ་ཟློག་མ་དང་བཅས་པ་ངེས་པར་བྲིའོ། །འཇམ་དཔལ་གྱི་སྒོ་གཉིས་པའི་སྒོའི་དྲུང་དུ་ནི་སྨིན་དྲུག་གི་བུ་རྨ་བྱའི་སྟན་ཡོད་པ་ལག་ན་མདུང་ཐོགས་པ། ལུས་ཀྱི་ཁ་དོག་དམར་བ། གོས་སེར་པོས་སྟོད་གཡོགས་དང་གོས་བྱས་པ་ལག་པ་གཡས་པ་ན་དྲིལ་བུ་དང་བ་དན་ཐོགས་པ། གཞོན་ནུའི་གཟུགས་ཅན་གྱི་འཁོར་ལ་ལྟ་བའོ། །ཤར་ཕྱོགས་སུ་ནི་ནམ་མཁའ་ལྡིང་འདབ་ཆགས་ཀྱི་གཟུགས་ཅན་དང་། དྲང་སྲོང་གི་ནང་ནས་མར་ཀ་ཎ་ཌ་ངེས་པར་བྲི་བར་བྱའོ། །ལྷག་མ་ནི་ཇི་ལྟར་གནས་པ་བཞིན་ཕྱག་རྒྱར་བྲི་བར་བྱའོ། །ཤར་ལྷོར་ནི་གཞོན་ནུ་མ་བཞི་དང་། མིང་པོ་གཞོན་ནུ་དང་བཅས་པ། གྲུའི་བཞོན་པ་ལ་གནས་པ། རྒྱ་མཚོ་ཆེན་པོ་ལ་རྣམ་པར་རྒྱུ་བ་དང་། མེ་ལྷའི་རྒྱལ་པོ་ཡང་ངེས་པར་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་ནི་སྲིན་པོའི་བདག་པོ་ལས་ནི་གྲོང་ཁྱེར་ལང་ཀའི་བདག་པོ་བི་བྷི་ཤ་ན་ཤིང་པི་ཙུ་མརྡ་ལ་གནས་པ་དང་། ཛམ་བྷ་ལ་ཆུ་དབང་ཞེས་བྱ་བ་གནོད་སྦྱིན་གྱི་གཟུགས་ཅན་བྱང་ཆུབ་སེམས་དཔའ་ངེས་པར་བྲི་བར་བྱའོ། །དེ་བཞིན་དུ་མཐར་གྱིས་གཤིན་རྗེའི་རྒྱལ་པོ་ཡི་དགས་རྫུ་འཕྲུལ་ཆེན་པོ་ངེས་པར་བྲི་བར་བྱའོ། །དེ་བཞིན་དུ་ཤ་ཟའི་རྒྱལ་པོ་རྣམ་པར་གཡེངས་བྱེད་ཅེས་བྱ་བ་ངེས་པར་བྲི་བར་བྱའོ། །ལྷག་མ་ནི་ཇི་ལྟར་གནས་པ་བཞིན་ཕྱག་རྒྱར་བྲི་བར་བྱའོ། །དེ་བཞིན་དུ་ལྷོ་ནུབ་ཀྱི་མཚམས་སུ་ནི་ཀླུའི་གཙོ་བོ་དགའ་བོ་དང་། ཉེ་དགའ་


DKG088_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ངེས་པར་བྲི་བར་བྱའོ། །གཟའི་གཙོ་བོ་ཉི་མ་བྲི་བར་བྱའོ། །ནུབ་ཕྱོགས་སུ་ནི་དྲང་སྲོང་ཐུབ་པའི་མཆོག་གཅེར་བུ་པ་མུ་སྟེགས་ཀྱི་མཆོག་གཅེར་བུའི་གཟུགས་བྲི་བར་བྱའོ། །ལྷག་མ་ནི་ཅི་ལྟར་གནས་པ་བཞིན་ཕྱག་རྒྱར་བྲི་བར་བྱའོ། །ནུབ་བྱང་མཚམས་སུ་ནི་གནོད་སྦྱིན་གྱི་རྒྱལ་པོ་མཆོག་སྦྱིན་དང་། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དང་། མིའམ་ཅིའི་རྒྱལ་པོ་ལྗོན་པ་ངེས་པར་བྲི་བར་བྱའོ། །ལྷག་མ་ནི་གནས་ཇི་ལྟ་བ་དང་། དབྱིབས་ཅི་ལྟ་བ་བཞིན་དུ་ཕྱག་རྒྱར་བྲི་བར་བྱའོ། །དཀྱིལ་འཁོར་བཞི་པོ་ཕྱི་རོལ་དུ་རི་མོ་ལྔར་བཀོད་དེ། ཕྱག་རྒྱའི་ཕྲེང་བས་ཉེ་བར་མཛེས་པར་བྱས་པ། ཟུར་བཞི་ནས་རྟ་བབས་བཞི་དང་རྒྱལ་པོ་ཆེན་པོ་བཞིས་བརྒྱན་པ་ཅི་ལྟར་གནས་པ་ལ་འདི་ལྟ་སྟེ། ཕྱག་རྒྱར་འགྱུར་བ་ནི་སྒོར་འཇུག་པ་ལ་ཨུཏྤལ་སྔོན་པོ་བྲིའོ། །གཡས་དང་གཡོན་གྱི་ཕྱོགས་སུ་ནི་པདྨ་རྡོ་རྗེ་དགྲ་སྟ། རལ་གྲི་མདུང་དང་མདུང་རྩེ་གསུམ་པ་དང་། ག་དཱ་དང་འཁོར་ལོ་དང་སྭ་སྟི་ཀ་དང་། བུམ་པ་དང་། ཉ་དང་། དུང་དང་། གདུབ་ཀོར་དང་། སྤྱི་བླུགས་དང་། རྒྱལ་མཚན་དང་། བ་དན་དང་། ཞགས་པ་དང་། དྲིལ་བུ་དང་། ཆུ་གྲི་དང་། གཞུ་དང་། ཐོ་བ་དང་།འདི་དག་རྣམ་པ་འདི་དག་འདྲ་བའི་མཚོན་ཆའི་མཆོག་གི་ཕྱག་རྒྱས་དཀྱིལ་འཁོར་གྱི་ཕྱོགས་སུ་ཀུན་ནས་ཁྱབ་པར་བྱའོ། །དེ་ནས་ཕྱི་རོལ་གྱི་ཕྱོགས་བཞིར་རྒྱ་མཚོ་ཆེན་པོ་གཞག་པར་བྱ་སྟེ། བྱང་ཕྱོགས་སུ་ནི་དཀྱིལ་འཁོར་གྲུ་བཞིར་བྱ་སྟེ། སྣ་ཚོགས་རྡོ་རྗེ་རྩེ་གསུམ་ཡོད་པ་ཀུན་ནས་འབར་བ་བྱའོ། །ཤར་ཕྱོགས་སུ་ནི་དཀྱིལ་འཁོར་གཞུའི་དབྱིབས་ཅན་བྱས་ཏེ་བཞག་ལ་ཀུན་ནས་འབར་བའི་པདྨའི་ཕྱག་རྒྱས་མཚན་པའོ། །ལྷོ་ཕྱོགས་སུ་ནི་དཀྱིལ་འཁོར་ཟུར་གསུམ་པ་བྱས་ཏེ་ཀུན་ནས་འབར་བའི་ལྷུང་བཟེད་ཀྱིས་མཚན་པའོ། །ནུབ་ཕྱོགས་སུ་ནི་དཀྱིལ་འཁོར་ཀུན་ནས་ཟླུམ་པོར་བྱས་ཏེ། ཨུཏྤ་ལ་སྔོན་པོ་སྡོང་བུ་དང་འདབ་མ་དང་བཅས་པ་ཀུན་ནས་འབར་བས་མཚན་པའོ། །ཕྱོགས་མཚམས་བཞིར་ཡང་ཕྱག་རྒྱ་བྲི་བར་བྱ་སྟེ། ནུབ་བྱང་གི་ཕྱོགས་སུ་ནི་དཀྱིལ་འཁོར་ཟླུམ་པོ་བྱ་སྟེ། ཞགས་པ་ཀུན་ནས་འབར་བས་མཚན་པའོ། །ལྷོ་ནུབ་མཚམས་སུ་ནི་དཀྱིལ་འཁོར་གཞུ་འདྲ་བ་བྱ་སྟེ་དབྱུག་པ་ཀུན་ནས་འབར་བས་མཚན་པའོ། །ཤར་


DKG088_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་མཚམས་སུ་ནི་དཀྱིལ་འཁོར་གྲུ་གསུམ་པ་བྱ་སྟེ། དགྲ་སྟ་འོད་ཟེར་ཀུན་ནས་འབར་བས་མཚན་པའོ། །བྱང་ཤར་གྱི་མཚམས་སུ་ནི་རལ་གྲི་འོད་ཀུན་ནས་འབར་བ་གཞག་པར་བྱའོ། །དེ་ལྟར་ཐམས་ཅད་བྲིས་ནས་སྟེང་དང་འོག་དང་ཐད་ཀར་ཕྱག་རྒྱ་གསུམ་དཀྱིལ་འཁོར་གྱི་ཕྱི་རོལ་སྒོ་དང་ཉེ་བར་ཕྱེ་མ་དང་བྲི་བར་བྱ་ལ་འདི་ལྟ་སྟེ། ན་བཟའ་དང་རྔ་ཡབ་དང་ལྷམ་འོད་ཟེར་ཀུན་ནས་འབར་བ་བྲི་བར་བྱའོ། །འཇམ་པའི་དབྱངས་ནི་བློ་ཅན་གྱིས། །སེམས་ཅན་རྣམས་ལ་ཕན་བཞེད་ནས། །དཀྱིལ་འཁོར་གྱི་ནི་ཆོ་ག་རྣམས། །འདིར་ནི་མདོར་བསྡུས་བསྟན་པ་ཡིན། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དང་པོ་ཉིད་དུ་སློབ་མ་གཟུང་བར་བྱ་བྱ་བ་ལ། དབང་པོ་མ་ཚང་བ་མེད་པ་དང་ཡན་ལག་ཐམས་ཅད་མཛེས་པ་དང་། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཐེག་པ་ཆེན་པོར་ཞུགས་པའི་རང་བཞིན་ཅན་དང་ཐེག་པ་དམན་པ་མི་འདོད་པའི་ངང་ཚུལ་ཅན་དང་། སེམས་དཔའ་ཆེན་པོ་དང་དད་པ་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་རྒྱལ་པོ་ཆེན་པོ་མངོན་པར་འདོད་པ་དང་ལོངས་སྤྱོད་ཆུང་བ་ལ་སྨོད་པ་དང་། ལོངས་སྤྱོད་ཆེན་པོ་མངོན་པར་འདོད་པ་དང་ལྡན་པ་དང་། བཟང་བ་དག་དང་དུལ་བ་དང་ལྡན་པ་དང་། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་རྣམས་ཡང་དག་པར་སྡོམ་པ་ལ་ངེས་པར་གནས་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་ཤིང་སྡོམ་པ་ལ་གནས་པ་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་ལ་ཞེ་མི་སྡང་བ་དང་། ཕྱོགས་ཆེན་པོ་དང་རིགས་མཐོན་པོ་དང་རང་བཞིན་ཉིད་ཀྱིས་ཆོས་སྤྱོད་པ་དང་ཞག་གཅིག་སྨྱུང་བ་བྱས་པ་དང་། གོས་གཙང་མ་བགོས་པ་དང་སྐྲ་དྲི་ཞིམ་པ་དང་། དུས་གསུམ་དུ་ཁྲུས་བྱེད་པ་དང་། དེའི་ཉིན་ཞག་ལ་ག་པུར་དང་གུར་གུམ་དང་ལི་ཤི་ལ་ཝང་གའི་དྲི་ཞིམ་པོས་དྲི་ཞིམ་པར་བྱས་པ། རྟག་ཏུ་ཉེ་རེག་དང་ལྡན་པ་དང་། ཀུ་ཤའི་ཁྲེས་ལ་འདུག་པ་དང་སྲུང་བའི་ཆོ་ག་བྱས་པ་དང་། ཚངས་པར་སྤྱོད་པ་དང་བདེན་པ་དང་ལྡན་པ་དང་དུས་མཚམས་ལས་རྒྱལ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་དེ་ཉིད་དུ་ཧ་ཅང་ཡང་མི་ཉེ་ཧ་ཅང་མི་རིང་བར་


DKG088_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པར་བྱའོ། །ཤིན་ཏུ་གཙང་བ་དང་ཤིན་ཏུ་གཙང་སྦྲ་དང་ལྡན་པ་གཅིག་ནས་བརྒྱད་ཀྱི་བར་ཏེ་དེ་ལས་གཞན་མ་ཡིན་པ་དེ་དག་ཀྱང་ཕན་ཚུན་གཉེན་དུ་འབྲེལ་བ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ཆེན་པོ་དག་གི་བུ་གཞོན་ནུ་མའམ་གཞོན་ནུ་མ་གྲོང་གི་ཆོས་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གཞོན་ནུའི་གཟུགས་ཅན་བྱང་ཆུབ་སེམས་དཔའ་འཇམ་དཔལ་ནི་བྱིས་པའི་སྐྱེ་བོ་དགའ་བར་བྱེད་པ། གཞོན་ནུའི་རོལ་པ་ལ་དགྱེས་པ་དེས་ན་དང་པོ་ཉིད་དུ་གཞོན་ནུ་ནང་དུ་གཞུག་པར་བྱའོ། །རྒྱལ་པོ་ཆེན་པོ་མངོན་པར་འཕེལ་བ་དང་ཚེ་དང་ནད་མེད་པ་དང་། དབང་ཕྱུག་དང་སྐལ་བ་ཆེན་པོ་མངོན་པར་འཕེལ་བ་ཡིན་ཏེ། ཁྱད་པར་དུ་བྱིས་པ་རྣམས་ལ་ངེས་པར་སྔགས་གྲུབ་པས་གྲུབ་པ་གནས་པ་ཡིན་ཏེ། དེ་དག་སྔར་བཞག་པ་བྱས་ནས། གྲོགས་པོ་བག་ཡོད་པ་བཟང་པོ་དང་ལྡན་པས། དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ག་པུར་གྱི་བདུག་པས་བདུགས་ཏེ། རྒྱབ་ཀྱིས་ཕྱོགས་པ་མ་ཡིན་པས་ཕྱི་རོལ་དུ་བྱུང་བར་བྱ་སྟེ། བྱུང་ནས་དུས་དང་ཅི་ལྟར་མཐུན་པའི་ཆུ་ལེགས་པར་གཙང་སྦྲ་བྱས་པ་དང་། སྲོག་ཆགས་མེད་པ་ལ་རྩ་བའི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བཟླས་ཏེ། གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོས་ཕྱག་རྒྱར་བྱས་པའི་ཆུས་ཁྲུས་བྱས་ལ་ཉེ་རེག་བྱས་ནས། གོས་གཙང་མ་བགོས་པའི་གཙང་བས་མེ་ཐབ་ཀྱི་དྲུང་དུ་སོང་སྟེ། ཀུ་ཤའི་ཁྲེས་ལ་འདུག་ནས་བྱང་ཤར་གྱི་ཕྱོགས་སུ་མངོན་པར་བལྟས་ཏེ། མར་གྱི་སྦྱིན་སྲེག་ག་པུར་དང་གུར་གུམ་དང་། ཙནྡན་དང་བསྲེས་པས་སྟོང་རྩ་བརྒྱད་བྱའོ། །སྔར་བཤད་པའི་ཆོ་གས་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་བྱས་ཏེ། ཡང་དཀྱིལ་འཁོར་དུ་འཇུག་པར་བྱའོ། །ངེས་པར་ཡང་བུམ་པ་གང་བ་བརྒྱད་རས་གཙང་མའི་གོས་དང་ལྡན་པ། ཤིང་ཨ་མྲའི་ལོ་མ་དང་འབྲས་བུ་དང་ལྡན་པ་གསེར་དང་། དངུལ་དང་རིན་པོ་ཆེ་དང་། འབྲས་དང་འབྲུ་ནང་དུ་བཅུག་པ་གཅིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་དབུལ་ལོ། །གཉིས་པ་ནི་སངས་རྒྱས་ཐམས་ཅད་ལའོ། །གསུམ་པ་ནི་རང་སངས་རྒྱས་ཐམས་ཅད་དང་འཕགས་པ་ཉན་ཐོས་ལའོ། །བཞི་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ལའོ། །


DKG088_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་ལའོ། །དྲུག་པ་ནི་ལྷ་ཐམས་ཅད་ལའོ། །བདུན་པ་དང་བརྒྱད་པ་ནི་དཀྱིལ་འཁོར་གཉིས་པའི་སྒོ་ཁང་ལ་གཞག་པར་བྱ་སྟེ། །གཅིག་ནི་འབྱུང་པོ་ཐམས་ཅད་ལའོ། །གཅིག་ནི་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པར་བསྔོས་ནས་གཞག་པར་བྱའོ། །དེ་བས་ན་སྔར་བཤད་པའི་ཆོ་གས་སྤྱན་དྲང་བར་བྱའོ། །དེ་བཞིན་དུ་མེ་ཏོག་དང་བདུག་པ་དང་དྲི་དང་། མར་མེ་དང་ལྷ་བཤོས་ཀྱང་སྔར་བསྟན་པ་ཉིད་ཀྱི་ལས་ཀྱིས་དབུལ་བར་བྱ་སྟེ། ཐམས་ཅད་ཀྱི་ཐམས་ཅད་དུ་གོ་རིམས་བཞིན་དུ་བྱའོ། །མར་མེ་འཛིན་པས་མར་གྱི་མར་མེ་གཟུང་བར་བྱའོ། །འཕགས་པ་དང་འཕགས་པ་མ་ཡིན་པ་ཐམས་ཅད་ལ་ལྷ་བཤོས་ཞེས་སྨོས་པ་ནི། འབྲས་སཱ་ལུའི་ཆན་ཞོ་དང་བཅས་པ་དང་སྦྲང་རྩི་དང་ལྡན་པའི་འོ་ཐུག་ཁྱད་པར་ཅན་གྱིས་ཉེ་བར་སྦྱར་བའི་མར་ལ་བཙོས་པའི་སྣུམ་ཁུར་གྱི་འབྲེང་བུ་ལ་སོགས་པ་དང་། ཁཎྜ་ལ་སོགས་པའི་བཟའ་བ་ཐམས་ཅད་ནི་དེ་བཞིན་གཤེགས་པ་རྣམས་ལ་དབུལ་བར་བྱའོ། །མར་གྱིས་གང་བ་དང་ཙནྡན་གྱི་ཐང་ཆུ་སྦྲང་རྩིའི་སྙིང་པོ་དང་འོ་མར་བཙོས་པའི་བཟའ་བ་ནི་རང་སངས་རྒྱས་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་དང་འཕགས་པའི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །དེ་བཞིན་དུ་གརྦྷོད་ཨུ་ལོ་པི་ཀ་རི་ཀ་དང་། ཁྱད་པར་དུ་སྣུམ་ཁུར་གྱི་ཡོ་བྱད་འབྱུང་པོ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ལ་སྔགས་དང་ལྡན་པའི་ཆོ་གས་སྦྱིན་པར་བྱའོ། །དེ་བཞིན་དུ་མེ་ཏོག་དྲི་ཞིམ་པ་སྣ་མའི་མེ་ཏོག་དང་རྒྱ་སྤོས་དང་། ཀླུའི་མེ་ཏོག་དང་མེ་ཏོག་པུན་ནཱ་ག་ལ་སོགས་པ་སྔར་བསྟན་པ་སངས་རྒྱས་དང་། རང་སངས་རྒྱས་ཐམས་ཅད་དང་འཕགས་པ་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་འཕགས་པ་དང་འཕགས་པ་མ་ཡིན་པའི་ལྷ་ཐམས་ཅད་ལ་དབུལ་བར་བྱའོ། །ཁྱད་པར་དུ་ནི་དེ་བཞིན་གཤེགས་པའི་རིགས་ལ་ནི་སྣ་མའི་མེ་ཏོག་དང་། པདྨའི་རིགས་ལ་ནི་མེ་ཏོག་པདྨ་དང་། དེ་བཞིན་དུ་རྡོ་རྗེའི་རིགས་ལ་ནི་མེ་ཏོག་ཨུཏྤལ་དང་། ལྷ་གཞན་དག་ལ་ནི་གཞན་གང་ཡང་རུང་བས་དབུལ་བར་བྱའོ། །ག་པུར་གྱི་བདུག་པ་ནི་དེ་བཞིན་གཤེགས་པའི་རིགས་ལའོ། །ཙནྡན་ནི་པདྨའི་རིགས་


DKG088_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ལའོ། །དེ་བཞིན་དུ་གུ་གུལ་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཤེས་པར་བྱའོ། །ལྷ་གཞན་ཐམས་ཅད་ནི་བདུག་པ་ཐ་མལ་པས་བྱའོ། །མར་གྱི་མར་མེ་འཕགས་པ་རྣམས། །ཐམས་ཅད་ལ་ནི་དབུལ་བར་བྱ། །འཕགས་མིན་ལྷ་ནི་ཐམས་ཅད་ལ། །དྲི་ཞིམ་འབྲུ་མར་དབུལ་བར་བྱ། །ཆོ་ག་ཇི་བཞིན་རིམ་པས་ནི། །བདུག་པ་མཐོང་བའི་རྒྱུ་ཡིས་སོ། །དེ་ལྟར་གསུངས་པ་དེ་བཞིན་དྲི། །སྔགས་རྣམས་ཀུན་ལ་རྟག་ཏུ་བྱ། །སྤྱན་རས་གཟིགས་ལ་གང་གསུངས་དང་། །གང་གསུངས་ཕྱག་ན་རྡོ་རྗེ་ལ། །རང་རང་གི་ནི་སྔགས་དག་གིས། །སྔགས་སྤྱོད་དོན་དུ་བསྒྲུབ་པའོ། །ཆོ་ག་གཅིག་པུ་བལྟ་བྱ་སྟེ། །རྟག་ཏུ་རྗེས་སུ་མཐུན་པར་བྱ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་སྔར་མཐོང་བའི་ཆོ་གས་སྤྱན་དྲང་བ་དང་། མཆོད་པ་དང་བདུག་པ་ལ་སོགས་པ་བྱས་ནས། གཙོར་མཐུན་པའི་བྱ་བ་བྱས་ཏེ་དེའི་འོག་ཏུ་སྒྲུབ་པའི་གྲོགས་མཆོག་གིས་མཁས་པ་དང་། མྱུར་བས་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཤ་མེད་པ། ཀུན་ནས་རྔ་པ་ཊ་ཧ་དང་དུང་གི་སྒྲ་དགའ་བའི་སྒྲ་སྒྲོགས་པ་ལ་སོགས་པ་དེས་བདུག་པ་དང་སྤོས་དང་མེ་ཏོག་དང་ཕྲེང་བས་བརྒྱན་པའི་ཕྱོགས་བཞི་མཚམས་བརྒྱད་སྟེང་དང་འོག་དང་ཐད་ཀ་ཐམས་ཅད་དུ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྐོར་བ་བྱ་ཞིང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་རྒྱ་ཆེར་གཏོང་བར་བྱའོ། །དེ་ནས་ཁྲུས་བྱས་ཏེ་ཡང་ཞོ་དང་སྦྲང་རྩི་དང་། མར་གྱིས་བསྒོས་པའི་སཱ་ལུ་དང་། འབྲས་ཐུག་པོ་ཆེའི་སྦྱིན་སྲེག་རྩ་བའི་སྔགས་ཡི་གེ་དྲུག་པ་དང་སྙིང་པོས་སྟོང་རྩ་བརྒྱད་བྱའོ། ། སྦྱིན་སྲེག་བྱས་ནས་དཀྱིལ་འཁོར་ལ་རྗེས་སུ་བཅུག་ཅིང་སྔར་བཞག་པའི་སེམས་དཔའ་ཆེན་པོ་ལ་སྲུང་བ་བྱས་ནས། དཀྱིལ་འཁོར་གྱི་སློབ་དཔོན་གྱི་སློབ་མ་ཉིད་དུ་ཁས་བླངས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ་གསོ་སྦྱོང་བྱས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་བདག་ཉིད་ཀྱི་ལུས་ཕུལ་བ། དངོས་གྲུབ་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཉེ་བར་ལོངས་སྤྱོད་པ་དང་ཡོངས་སུ་ལོངས་སྤྱོད་པ་ཐུན་མོང་དུ་གྱུར་པ་དང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཀྱི་སྙིང་པོ་གནོན་པར་བྱ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སངས་རྒྱས་ཐོབ་པར་བྱ་བ་ལ་


DKG088_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བསྟན་པར་བྱའོ། །བསྟན་པ་ཙམ་ཉིད་ཀྱིས་སྡིག་པའི་རྙོག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། མཚམས་མེད་པ་ལྔ་བྱེད་པའི་སྐྱེ་བོ་ཡང་དེ་མ་ཐག་ཏུ་གྲོལ་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རས་མ་ཉམས་པ་ཐག་མས་བཏགས་མ་ཐག་པ་སྐྲ་མེད་པ་ལ། རྩ་བའི་སྔགས་ཀྱིས་ལན་གསུམ་བཟླས་ཏེ། དྲི་ཞིམ་པོའི་ཙནྡན་དང་གུར་གུམ་གྱིས་བསྒོས་པའི་རས་ཀྱིས་གདོང་གཡོགས་པར་བྱའོ། །དང་པོར་བྱིས་པ་ལོ་གསུམ་ནས་ལོ་བཅུ་དྲུག་པའི་བར་ཟུར་ཕུད་ལྔས་ཉེ་བར་མཛེས་པའམ། གཙུག་ཕུད་གཅིག་གིས་ཉེ་བར་མཛེས་པའམ། གཙུག་ཕུད་གསུམ་གྱིས་ཉེ་བར་མཛེས་པ་སྐྲ་དང་ལྡན་པ། རྒྱལ་པོའི་བུ་སྤྱི་བོ་ནས་དབང་བསྐུར་བའམ། རྒྱལ་རིགས་ཀྱི་བུའམ་གཞན་བདག་ཉིད་ཆེན་པོ་རྒྱལ་པོ་ཆེན་པོ་འདོད་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ། །དཀྱིལ་འཁོར་གཉིས་པ་ལ་ཕྱིན་པ་ན་གདོང་གཡོགས་པར་བྱ་སྟེ། ཨུཏྤ་ལའི་ཕྱག་རྒྱ་བཅིངས་ནས། འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བའི་སྔགས་ལན་ཅིག་བརྗོད་དུ་གཞུག་སྟེ། མེ་ཏོག་དྲི་ཞིམ་པོ་ཙནྡན་དང་གུར་གུམ་དང་བསྲེས་པ་ཤིན་ཏུ་གཙང་བར་བྱས་པ། ལག་པ་གཉིས་སུ་བྱིན་ལ་མེ་ཏོག་འདོར་དུ་གཞུག་གོ། །གང་དུ་དེའི་མེ་ཏོག་བབས་པ་དེར་དེའི་སྔགས་སྦྱིན་པར་བྱ་སྟེ། སྔགས་འདི་ནི་དེའི་ཡིན་པར་བསྟན་ཏེ། སྐྱེ་བ་བརྒྱུད་པ་ནས་དེ་དང་རྗེས་སུ་འབྲེལ་པ་ཡིན་ཏེ། དེ་ཉིད་དགེ་བའི་བཤེས་གཉེན་བྱང་ཆུབ་ཀྱི་སྙིང་པོ་ལ་གནོན་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དོན་དུ་མངོན་པར་སྒྲུབ་པར་བྱེད་པ། ལོངས་སྤྱོད་ཆེན་པོ་དང་རྒྱལ་པོ་ཆེན་པོ་དང་གྲགས་པ་ཆེན་པོ་དང་། གང་ཟག་རྩེ་གཅིག་པར་མངོན་པར་སྒྲུབ་པ་ཡིན་ནོ། །ཚེ་འདི་ཉིད་ལ་ཡང་ཆོས་ཐམས་ཅད་ལ་ཡང་ཐེ་ཚོམ་མེད་པར་བསྒྲུབ་པར་བྱ་བ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་མཐར་གྱིས་དངོས་གྲུབ་འདོད་པས་བརྒྱ་རྙེད་ཀྱི་བར་དུ་བྱ་སྟེ་གཞན་ལ་ནི་མ་ཡིན་ནོ། །གཞན་དག་ལ་ཅི་ལྟར་སྡིག་པ་སྤང་བའི་ཕྱིར་དམ་ཚིག་ཙམ་སྦྱིན་པར་བྱའོ། །དཀྱིལ་འཁོར་གྱི་སློབ་དཔོན་གྱིས་དབང་བསྐུར་ན། དང་པོར་


DKG088_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ཞིག་དཀྱིལ་འཁོར་གྱི་ཕྱི་རོལ་ཧ་ཅང་ཡང་མི་ཉེ་ཧ་ཅང་ཡང་མི་རིང་བར་བྱང་ཤར་གྱི་ཕྱོགས་སུ་རྩ་བའི་སྔགས་ཀྱིས་དག་པར་བྱས་པས་བྱིན་གྱིས་བརླབ་པར་བྱའོ། །རྒྱལ་པོ་དབང་བསྐུར་བ་བཞིན་དུ་བདག་ཉིད་སེམས་པ་དང་གཅིག་ཏུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དད་ཅིང་དད་པ་དང་། སྤྲོ་བ་ཆེན་པོ་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དང་། ཐེག་པ་ཆེན་པོ་ལ་ཞུགས་པ་དང་། དཀོན་མཆོག་གསུམ་ལ་ཕན་པར་བྱེད་པ་དང་། དབང་པོ་མ་ཚང་བ་མེད་པ་དང་མ་སྨད་པ་དང་། ཚེ་འདི་ཉིད་ལ་སྔགས་གྲུབ་པར་འདོད་པ་དང་། བསམ་པ་བཟང་པོ་དང་སྔགས་ཀྱི་སྤྱོད་པ་ལ་སྤྲོ་བ་དང་། བལྟ་བར་འདོད་པའི་རང་བཞིན་ཅན་དང་སད་པར་འདོད་པའི་ཕྱིར་ཡང་སྔགས་ཀྱི་དོན་ལ་རྣམ་པར་རྟོག་པ་མེད་པ་དང་། དེར་གཏད་པའི་ཡིད་དང་གཅིག་ལ་སོགས་པ་ནས་ལྔའི་བར་དུ་དབང་བསྐུར་བར་བྱའོ། །ལྷག་མ་ནི་སྤང་བར་བྱའོ། །ཤེས་རབ་ཅན་དང་སྤྱོད་པ་ལ་རྨོངས་པ་མེད་པའི་ཁྱད་པར་དང་ལྡན་པ་ལ་དབང་བསྐུར་བར་བྱའི། གཞན་དག་ནི་མ་ཡིན་ནོ། །དེ་ནས་རྒྱལ་པོ་ཐམས་ཅད་དབང་བསྐུར་བ་བཞིན་དུ་ཡོ་བྱད་ཐམས་ཅད་བསོགས་ཏེ། སློབ་དཔོན་མཁན་པོ་མཉེས་ན། དེ་ནས་བླ་རེ་ཆེན་པོ་བྲེས་ཏེ། རྒྱལ་མཚན་དང་བ་དན་མཐོན་པོ་བསྒྲེང་ཞིང་གདུགས་དཀར་པོ་དབུ་ལ་འཛིན་པ་དང་། རྔ་ཡབ་དཀར་པོས་གཡོབ་པ་དང་། བཀུར་སྟི་ཆེན་པོས་དུང་དང་། རྔ་བོ་ཆེའི་དགའ་བའི་སྒྲ་སྒྲོགས་ཤིང་རྒྱལ་བའི་སྒྲ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བདེ་ལེགས་དང་རབ་ཏུ་བསྔགས་པའི་ཚིགས་སུ་བཅད་པ། རྒྱལ་བས་གསུངས་པས་མངོན་པར་བསྟོད་པ་དང་། དཀྱིལ་འཁོར་དེ་ལ་བསྐོར་བ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས་ནས། འདི་སྐད་དུ་སློབ་དཔོན་བདག་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྔགས་ཀྱི་སྤྱོད་པ་སྒྲུབ་པ་ལ་ཡང་དག་པར་འཇུག་པ་དང་། འཇིག་རྟེན་པ་ཐམས་ཅད་ལས་ཡང་དག་པར་འདས་པའི་གསང་བའི་རྣམ་པར་ཐར་པའི་དཀྱིལ་འཁོར་ལ་ཡང་དག་པར་འཇུག་པ་དང་། ཆོས་ཀྱི་རྒྱལ་སྲིད་ཐམས་ཅད་ཀྱི་སངས་རྒྱས་


DKG088_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་རྟོགས་པར་འདོད་པ་དང་། མདོར་ན་སངས་རྒྱས་ཉིད་དུ་འགྱུར་བར་བྱ་བའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ། ཤར་གྱི་ཕྱོགས་སུ་ཕྱོགས་ཏེ་དཀྱིལ་འཁོར་ལ་བལྟ་ཞིང་། དང་པོར་རེ་ཞིག་རིག་པའི་དབང་བསྐུར་བ་བྱིན་ཏེ་ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་འཆིང་དུ་གཞུག་པར་བྱའོ། །དེ་ནས་རང་འདོད་པའི་སྔགས་གང་དང་གང་ལ་དགའ་བ་གྲོ་གའི་འདབ་མ་ལ་གི་ཝང་གིས་བྲི་བར་བྱ་སྟེ། བྲིས་ནས་ཀྱང་ཙནྡན་དང་གུར་གུམ་གྱི་ཆུས་ལག་པ་དང་ཁམ་ཕོར་ཁ་སྦྱར་བཀྲུས་ལ། དེ་ནས་གྲོ་གའི་འདབ་མ་དེ་ཁམ་ཕོར་ཁ་སྦྱར་བའི་ནང་དུ་གཞག་པར་བྱས་པ་དཀྱིལ་འཁོར་གྱི་ནང་དུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་ཞབས་དྲུང་དུ་གཞག་པར་བྱའོ། །དེ་ནས་ཀུ་ཤ་དེ་ལ་གནས་ནས་རིག་པའི་རྩ་བའི་སྔགས་བརྒྱ་རྩ་བརྒྱད་སྔ་མ་ཉིད་དུ་བཟླ་བར་བྱའོ། །དེ་ནས་ཀུ་ཤའི་ཁྲེས་ལ་འདུག་པ་ལ་དབང་བསྐུར་བར་བྱ་སྟེ། ཕྱི་རོལ་གྱི་དཀྱིལ་འཁོར་ལ་གང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་བུམ་པ་གང་བ་སྒོ་དང་ཉེ་བར་སྔར་བཞག་པ་བླངས་ཏེ། སློབ་དཔོན་གྱིས་རྩ་བའི་སྔགས་བརྗོད་པས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །གཞན་དག་ལ་ནི་ཅི་ལྟར་འདོད་པའི་ཆུས་སོ། །དེ་ནས་ཁམ་ཕོར་ཁ་སྦྱར་དེ་དེ་ལ་སྦྱིན་པར་བྱ་སྟེ་མར་མེ་ལ་ཀློག་ཏུ་གཞུག་པར་བྱའོ། །གལ་ཏེ་དེ་ཉིད་ཡིན་ན་ནི་རིམ་གྱིས་འབད་པས་འགྲུབ་པར་འགྱུར་རོ། །ཡང་ན་ཅི་སྟེ་གཞན་ན་ནི་སྔགས་བཟླས་པ་ཁོ་ནས་འགྲུབ་པར་འགྱུར་རོ། །ཡང་ན་ཡི་གེའི་ཡན་ལག་ཉམས་པའམ། ལྷག་པ་བྱིན་ནི་དང་པོ་སྒྲུབ་པ་ཁོ་ན་ལ་འགྲུབ་པར་ཐེ་ཚོམ་མེད་དོ། །དེ་ལྟར་སློབ་དཔོན་གྱིས་སྔར་བྲིས་པའི་སྒྲུབ་པ་གསུམ་གྱིས་ངེས་པར་འགྲུབ་པར་ཐེ་ཚོམ་མེད་དོ། །དེ་བཞིན་དུ་དང་པོས་ནི་རིག་པའི་དབང་བསྐུར་བ་སྦྱིན་པར་བྱའོ། །དཀྱིལ་འཁོར་གཉིས་པ་ལ་དབང་བསྐུར་བ་ནི་གཉིས་པའི་དཀྱིལ་འཁོར་དུ་ལྷ་ཐམས་ཅད་ལ་བསྟབས་པའི་སྔར་གྱི་བུམ་པ་དེས་དབང་བསྐུར་བར་བྱའོ། །སྤྱི་བོ་ལ་སྔར་གྱི་ཆོ་ག་ཅི་ལྟ་བ་དེ་ཉིད་ཀྱིས་བྱས་ན་སྡིག་པའི་རྙོག་པ་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གནང་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་


DKG088_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པ་ཐམས་ཅད་ཀྱི་དམ་ཚིག་དང་། དཀྱིལ་འཁོར་དང་སྔགས་དང་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་ལ་བྱིན་གྱིས་བརླབས་པར་འགྱུར་ཞིང་། སློབ་དཔོན་དུ་དབང་བསྐུར་བ་སྦྱིན་ནོ། །དཀྱིལ་འཁོར་གསུམ་པ་ལ་ནི་རང་སངས་རྒྱས་ཐམས་ཅད་དང་། ཉན་ཐོས་ཐམས་ཅད་ལ་ཕུལ་བའི་བུམ་པ་གང་བ་དེ་ཉིད་ཀྱི་ཆོ་གས་སྤྱི་བོ་ནས་དབང་བསྐུར་བར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཐམས་ཅད་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་རྒྱུད་དག་འདོན་པ་དང་། དཀྱིལ་འཁོར་བྲི་བ་དང་སྟོན་པ་དང་ཕྱག་རྒྱ་དང་སྤྱོད་པ་སྟོན་པ་དང་རང་ཉིད་སྤྱོད་ཅིང་སྟོན་པར་ཁྱོད་ལ་རྗེས་སུ་གནང་ཞིང་བརྗོད་པར་བྱ་བ་ཡང་ཚེ་འདི་ཉིད་ལ་ཡིན་ལ། ཕྱི་ནས་སྐྱེ་བ་བརྒྱུད་པ་དག་ལ་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྒྱལ་བ་དང་རྣམ་པར་རྒྱལ་བའི་དབང་བསྐུར་བ་ཡང་སྔར་བསྟན་པའི་ཆོ་གས། སངས་རྒྱས་བཅོམ་ལྡན་འདས་ལ་སྔར་ཕུལ་བའི་བུམ་པ་དང་། བྱང་ཆུབ་སེམས་དཔའ་ལ་ཕུལ་བའི་བུམ་པ་གང་བས་ཀྱང་དེ་བཞིན་དུ་དབང་བསྐུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་དང་། ཉན་ཐོས་རྣམས་ཀྱིས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་ཞིང་ཁྱོད་ལ་རྗེས་སུ་གནང་བ་ཡིན་ནོ། །འབྱུང་པོ་ཐམས་ཅད་ཀྱིས་རབ་ཏུ་ཐུབ་པར་དཀའ་ཞིང་ལུས་ཅན་ཐམས་ཅད་ཀྱིས་མི་ཕམ་པ་དང་སྔགས་པ་ཐམས་ཅད་ལས་ཁྱོད་རྒྱལ་བ་དང་ཅི་ལྟར་འདོད་པ་སྒྲུབས་ཤིག་པའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་རེ་རེ་ལ་ཡང་ཅི་ལྟར་འདོད་པ་བཞིན་དུ་དབང་བསྐུར་བ་ལྔ་སྦྱིན་པར་བྱའོ། །སེམས་ཅན་རྣམས་ལ་ཡང་ལྔ་པོ་ཉིད་ཀྱིས་བྱའོ། །དེ་དག་མཐར་གྱིས་དཀྱིལ་འཁོར་ལ་བཅུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཕུལ་ནས་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ཏེ་སླར་གཏང་བར་བྱའོ། །དེ་ལས་གཞན་པའི་ཉིན་ཞག་ལ་མཐར་གྱིས་སྔགས་ཀྱི་སྤྱོད་པ་ལ་བསླབ་པར་བྱ་ཞིང་སྦྱར་བར་བྱའོ། །སྐད་ཅིག་དེ་ཉིད་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སྔར་ཕུལ་བའི་བུམ་པ་


DKG088_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་བླངས་ནས་དཀྱིལ་འཁོར་དུ་ཞུགས་པ་དེ་དག་ལ་ཆུ་ཁྱོར་བ་གསུམ་ཤར་དུ་མངོན་པར་བལྟ་བར་བྱས་ལ་བླུད་པར་བྱའོ། །འདི་སྐད་དུ་བརྗོད་པར་བྱ་སྟེ། ཀྱེ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པའི་གསང་བའི་དམ་ཚིག་ལས་འདས་པར་གྱུར་ན་བསོད་ནམས་མ་ཡིན་པ་མང་པོ་སྐྱེ་བར་མ་བྱེད་ཅིག །སྔགས་ཐམས་ཅད་ཀྱང་འདོར་བར་མ་བྱེད་ཅིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་ཀྱང་སླུ་བར་མ་བྱེད་ཅིག །བླ་མ་མཉེས་པར་གྱིས་ཤིག །གཞན་དུ་དམ་ཚིག་ལས་འདས་པར་གྱུར་ན་སྔགས་འགྲུབ་པར་མི་འགྱུར་ཞིང་། བསོད་ནམས་མ་ཡིན་པ་མང་པོར་འགྱུར་རོ། །ཞེས་དེ་ལྟར་སྨྲས་ལ་གཏང་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་ཀྱང་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པའི་སཱ་ལུ་དང་འབྲས་ཐུག་པོ་ཆེའི་སྲེག་བླུགས་ཀྱིས་ཡི་གེ་བརྒྱད་པའི་སྙིང་པོ་དང་སྦྱིན་སྲེག་བྱའོ། །དེ་ནས་ལངས་ནས་དཀྱིལ་འཁོར་གྱི་དབུས་སུ་ཞུགས་ཏེ། སྔར་བསྟན་པའི་མེ་ཏོག་གིས། སྔར་བསྟན་པའི་ཆོ་གས་ལྷ་ཐམས་ཅད་ཡིད་ལ་བྱས་ཏེ་མཆོད་ཡོན་དབུལ་ལོ། །བདུག་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། ཤ་ཟ་དང་། འབྱུང་པོ་དང་། རྣལ་འབྱོར་པ་དང་གྲུབ་པ་དང་། དྲང་སྲོང་རྣམས་དང་སེམས་ཅན་ཐམས་ཅད་ཡང་དག་པར་བདུག་ནས་མེ་ཏོག་གཏོར་ཏེ། ཙནྡན་དང་གུར་གུམ་གྱིས་བསངས་ལ་སྔར་བསྟན་པའི་ཆོ་གས་སླར་གཤེགས་སུ་གསོལ་བར་བྱ་སྟེ། སེམས་ཀྱིས་ཐམས་ཅད་བཏང་བ་ཡིན་ནོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བཤོས་དང་གཏོར་མ་དང་། ས་ཚོན་ཐམས་ཅད་ཆུ་བོར་དོར་བར་བྱ་བའམ། སྲོག་ཆགས་སྡུག་བསྔལ་བ་རྣམས་ལ་སྦྱིན་པར་བྱའོ། །ས་ཕྱོགས་དེ་ལེགས་པར་བྱུགས་ཤིང་འཇམ་པར་བྱས་ཏེ། ལེགས་པར་ཕྱག་པ་བྱས་ནས་བ་ལང་གི་ལྕི་བས་བྱུག་ཏུ་གཞུག་པའམ། ཆུས་བྱུག་པར་བྱ་བའམ། ཤིན་ཏུ་གཙང་བའི་སས་བྱུག་


DKG088_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། བྱེ་མས་གཏོར་བར་བྱས་ལ། དེ་ནས་ཅི་ལྟར་འདོད་པར་འགྲོ་བར་བྱའོ། །དཀྱིལ་འཁོར་ལ་ཞུགས་པ་དེས་བདག་ཉིད་འོ་མ་དང་། འབྲས་ཆན་གྱི་ཟས་སམ། ལྷ་ལ་དབུལ་བའི་ཁ་ཟས་བཟའ་བར་བྱའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཆོ་ག་ཞིབ་མོའི་རྒྱལ་པོའི་དབང་པོ་ལས། འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་པར་འཕྲུལ་པ་བྱང་ཆུབ་སེམས་དཔའི་ལེའུ་རབ་འབྱམ་ལས། དཀྱིལ་འཁོར་གྱི་ཆོ་ག་བསྟན་པ་སྟེ་ལེའུ་གཉིས་པ་རྫོགས་སོ།། །།དེ་ནས་གཞན་ཡང་འཇམ་དཔལ་གཞོན་ནུར་གྱུར་པས་གནས་གཙང་མའི་གཞལ་མེད་ཁང་གི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་འདུས་པ་ལ་གཟིགས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཏེ། ཡི་གེ་གཅིག་པ་མཆོག་ཏུ་གསང་བ་དུག་ཐམས་ཅད་འཇོམས་པར་བྱེད་པ། ལས་ཐམས་ཅད་བྱེད་པ་སྔགས་དང་དཀྱིལ་འཁོར་ཆུང་ངུ་སྒྲུབ་པའི་ཐབས་དང་། ལས་ཕྲན་ཚེགས་ཐམས་ཅད་ལ་ཉེ་བར་སྦྱར་བར་བྱ་བ་སྨྲས་སོ། །དེ་ཡང་གང་ཞེ་ན། ན་མཿས་མནྟ་བུད་དྷཱ་ནཱཾ། ཏདྱ་ཐཱ། ༀ་ཛ། གྲོགས་པོ་དག་འདི་ནི་འབྱུང་པོ་ཐམས་ཅད་ཉོན་ཅིག །སྔགས་འདི་ཉིད་ནི་ཡི་གེ་གཅིག་གི་དཀྱིལ་འཁོར་གཉིས་པའི་ཆོ་ག་ཐམས་ཅད་དུ་དགོས་པ། ཁྲུ་བརྒྱད་དམ་ཁྲུ་བཞི་སའི་ཕྱོགས་ཡང་དག་པར་བྱས་ལ་ཚོན་སྣ་ལྔའི་ཕྱེ་མས་རང་ཉིད་ཀྱིས་བྲི་བར་བྱ་སྟེ། གཞན་གྱིས་ནི་མ་ཡིན་ཏེ། གང་དེ་དང་དེ་དག་ཏུ་ཡང་འདིར་ནི་ངེས་པ་མེད་དོ། །དཀྱིལ་འཁོར་གྲུ་བཞི་མཉམ་པོས་ཉེ་བར་མཛེས་པ། གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོ་དང་པོར་རེ་ཞིག་བྲིའོ། །བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པའི་ཨུཏྤ་ལའི་ཕྱག་རྒྱ་དང་། མཆེ་བའི་ཕྱག་རྒྱ་དང་ཞལ་གྱི་ཕྱག་རྒྱ་དང་དབྱུག་པའི་ཕྱག་རྒྱ་སྟེ། ཕྱག་རྒྱ་འདི་དག་དཀྱིལ་འཁོར་གྱི་ནང་དུ་ཤར་གྱི་ཆར་བྲི་བར་བྱའོ། །དེ་ནས་པདྨ་དང་རྡོ་རྗེ་དང་ཨུཏྤལ་དང་ཕྱག་མཚན་དང་བ་དན་དང་གདུགས་དང་རྟ་བབས་དང་། ཤིང་རྟ་དང་གླང་པོ་ཆེ་དང་རྟ་དང་གླང་དང་མ་ཧེ་དང་། སྭ་སྟི་ཀ་དང་རྨ་བྱ་དང་ར་དང་ལུག་དང་། སྐྱེས་བུ་གཞོན་ནུའི་གཟུགས་ཅན་ཕྱི་རོལ་གྱི་སྒོའི་རྩ་བར་བྲི་བར་བྱ་སྟེ། མཐར་གྱིས་རིམ་པ་ལ་བརྟེན་ནས་


DKG088_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་ཏེ། དཀྱིལ་འཁོར་གསུམ་ལ་བརྟེན་ནས་དེ་ལྟར་བྲི་བར་བྱའོ། །དེ་ནས་ཡི་གེ་གཅིག་པའི་སྔགས་ཉིད་ཀྱིས་ཤར་ལྷོའི་ཕྱོགས་ཀྱི་ཆར་མེའི་ལས་བྱ་སྟེ། ཤིང་ཨ་པ་མརྒའི་ཡམ་ཤིང་ཞོ་དང་སྦྲང་རྩི་དང་། མར་ལ་བཏགས་པས་སྟོང་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་མེ་ཏོག་གི་མཆོད་ཡོན་དབུལ་ལོ། །ཡི་གེ་གཅིག་པའི་སྔགས་ཀྱིས་ཅི་ལྟར་འདོད་པར་གཏོར་མ་དང་ལྷ་བཤོས་དང་མར་མེ་དང་བདུག་པ་དང་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་རྣམས་བྱའོ། །དེ་ནས་རྒྱལ་སྲིད་འདོད་པས་ནི་གྲོང་ཁྱེར་གྱི་དབུས་སུ་བྲི་བར་བྱའོ། །ལོངས་སྤྱོད་འདོད་པས་ནི་ཤིང་ཨ་མྲའི་དྲུང་དུའོ། །བུ་འདོད་པས་ནི་བོ་དེ་ཙེའི་ཤིང་གི་དྲུང་དུའོ། །ཆུང་མ་དང་གླང་པོ་ཆེ་དང་རྟ་འདོད་པས་ནི་གླང་པོ་ཆེའི་བྲེས་སྐྱུའམ། རྟའི་བྲེས་སྐྱུར་རོ། །ཆུ་འདོད་པས་ནི་མཚོ་ཆེན་པོའམ་ཀླུའི་གནས་སུའོ། །ཉིན་བཞི་པའི་རིམས་སམ། རྟག་པའི་རིམས་སམ། རིམས་ཐམས་ཅད་ལ་རྟག་གཅིག་པའམ། གྲོང་གི་གཡས་ཕྱོགས་སུའོ། །སྲིན་པོས་ཟིན་པ་ནི་དུར་ཁྲོད་དམ་ཁང་པ་སྟོང་པར་བྱའོ། །ཡང་སྲིན་པོས་ཟིན་པ་ལ་ནི་བ་རུ་རའི་ཤིང་གི་དྲུང་ངམ། ཨེ་རཎྜའི་ཤིང་གི་དྲུང་དུ་བྱའོ། །མ་མོ་ཐམས་ཅད་ཀྱིས་ཟིན་པ་ལ་ནི་བཞི་མདོའམ་ཤི་བའི་ཁྱིམ་དང་བུ་བཙས་པའི་ཁྱིམ་དུ་ཉེ་བར་བྱའོ། །ཚངས་པའམ་སྲིན་པོས་ཟིན་པ་ལ་ནི་ཏ་ལའི་ཤིང་དྲུང་དུའོ། །སྦྱར་བའི་དུག་འབྱིན་པ་ལ་ནི་ཡི་གེ་གཅིག་པའི་སྔགས་ཀྱིས་ཆུ་ལ་ལན་གསུམ་བསྔགས་པ་བྱས་ཏེ། དཀྱིལ་འཁོར་དེ་ཉིད་དུ་བླུད་པ་བྱས་ན་གྲོལ་བར་འགྱུར་རོ། །དེ་བཞིན་དུ་བུད་མེད་དམ་སྐྱེས་པ་གྲགས་པ་འདོད་པ་ལ་ནི་བཞི་མདོའམ་བྲམ་ཟེ་གནས་པར་བྲི་བར་བྱའོ། །བུ་ཤི་བ་ལ་ནི་ཤིང་འབྲས་བུ་ཅན་ནམ་འོ་མ་ཅན་གྱི་ཤིང་དྲུང་དུའོ། །འབྲས་སཱ་ལུ་སྨིན་པའི་ས་དང་ཞིང་གི་དབུས་སུ་ནི་བུ་མེད་པ་ལ་བྲི་བར་བྱའོ། །ནད་རྣམ་པ་གསུམ་བདག་གིར་བྱས་པ་དང་གཞན་གྱིས་ཉམས་པ་ལ་ནི་འཇུག་ངོགས་ལ་སོགས་པ་ལའོ། །ནད་ཆེན་པོས་བཏབ་པ་ལ་ནི་དཀྱིལ་འཁོར་ཆུ་བོའི་ངོགས་དང་འགྲམ་དུ་བྱའོ། །ནད་ཐམས་ཅད་ཀྱིས་ཐམས་ཅད་དུ་བཏབ་པ་ལ་ནི་རིའི་རྩེ་མོར་བྲི་བར་བྱའོ། །མཁའ་འགྲོ་མས་བྱས་པ་ལ་ཡང་བྲམ་ཟེའི་ལྡུམ་རའམ། ཁང་པ་སྟོང་


DKG088_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། གནས་དབེན་པར་གཞོལ་བའི་ས་ཕྱོགས་སུ་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ལ་ནམ་ཕྱེད་དམ་དུས་ཐམས་ཅད་དུ་མངོན་པར་བྲི་བར་བྱའོ། །ཡི་གེ་གཅིག་པ་དེ་ཉིད་ཀྱི་སྔགས་ཀྱིས་མེ་ཏོག་གི་མཆོད་ཡོན་ཕུལ་ཏེ་གཤེགས་སུ་གསོལ་ལོ། །དཀྱིལ་འཁོར་ལ་ཆུས་གཏོར་བ་བྱས་ན་ནད་ཐམས་ཅད་བསྲུང་བ་ཆེན་པོ་བྱས་པར་འགྱུར་ཏེ་ནད་ཐམས་ཅད་ལས་གྲོལ་བར་ཡང་འགྱུར་རོ། །བུ་མེད་པས་ནི་བུ་རྙེད་ཅིང་། །སྐལ་མེད་རྣམས་ཀྱང་སྐལ་ལྡན་འགྱུར། །དབུལ་པོ་རྣམས་ཀྱིས་ནོར་འཐོབ་པ། །དཀྱིལ་འཁོར་མཐོང་བ་ཙམ་གྱིས་སོ། །སྐྱེས་པའམ་ཡང་ན་བུད་མེད་ཀྱང་། །ཐོས་ནས་ཐེ་ཚོམ་མེད་བྱས་ན། །ཅི་འདོད་རྣམ་པ་སྣ་ཚོགས་ནི། །ཐོབ་འགྱུར་རྟག་ཏུ་ཕུན་སུམ་ཚོགས། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ཆོ་ག་རབ་འབྱམ་ལས། །འཇམ་དཔལ་གཞོན་ནུར་གྱུར་པའི་རྩ་བ་ལས་ཀྱི་དཀྱིལ་འཁོར་གསུམ་པའི་ལེའུ་སྟེ་གསུམ་པ་རྫོགས་སོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མ་ལ་གཟིགས་ནས། གཞན་ཡང་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་འདུས་པ་ལ་ཡང་གཟིགས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞབས་གཉིས་ལ་བཏུད་ནས་ཞལ་འཛུམ་པ་དང་ལྡན་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་སྔགས་ཀྱི་སྤྱོད་པའི་ཆོ་གའི་སྒྲུབ་པའི་རྒྱུ་མཐུན་པ། ཆོས་ཀྱི་ཆར་ཅི་ལྟར་འདོད་པའི་འབྲས་བུ་སྒྲུབ་པའི་ཆོ་ག་རབ་འབྱམ་ལས་རས་ཀྱི་རི་མོའི་ཆོ་ག་བསོད་ནམས་བླ་ན་མེད་པ་སྐྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ས་བོན་མངོན་པར་སྒྲུབ་པར་བྱེད་པ། མདོར་ན་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་སྔགས་ཐམས་ཅད་ཀྱི་འབྲས་བུ་ལ་རབ་ཏུ་སྦྱོར་ཞིང་འབྲས་བུ་དང་བཅས་པར་བྱེད་པ། དོན་མེད་པ་མ་ཡིན་པ་གྲུབ་ཅིང་སྒྲུབ་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ། བྱང་ཆུབ་སེམས་དཔའ་ཆེན་པོའི་གོ་ཆ་བགོས་པ། བདུད་ཐམས་ཅད་ཀྱི་སྟོབས་ཟིལ་གྱིས་མནན་ཅིང་རྒྱབ་ཀྱིས་ཕྱོགས་པར་བྱེད་པ་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར་དེ་ལེགས་པར་བཤད་དུ་


DKG088_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། འཇམ་དཔལ་གཞོན་ནུར་གྱུར་པས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་གང་ཁྱོད་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་ལེགས་སོ་ལེགས་སོ། །དེ་ཤིན་དུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་པར་བྱའོ། །ཁྱོད་ཀྱི་རས་རིས་ཀྱི་ཆོ་ག་རབ་འབྱམ་སྔགས་ཐམས་ཅད་སྒྲུབ་པར་བྱེད་པ་ལ་རབ་ཏུ་འཇུག་པ་མཐར་གྱིས་ངས་བཤད་པར་བྱའོ། །སྔོན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་ཏེ་ད་ལྟར་ཡང་ངས་བཤད་པར་བྱའོ། །དང་པོར་རེ་ཞིག་སའི་ཕྱོགས་གཙང་བ་རྡུལ་མེད་པ་ལས་རས་བལ་ཡང་དག་པར་བླངས་ལ། དམ་ཚིག་ལ་ཞུགས་པའི་སེམས་ཅན་རྣམས་ཀྱིས་རས་བལ་དེ་ཡང་དག་པར་བྱས་ཏེ། ཡང་སྔགས་འདིས་དཀྱིལ་འཁོར་གྱིས་བརྒྱ་རྩ་བརྒྱད་ཏུ་བསྔགས་པར་བྱའོ། །ན་མཿ་ས་མནྟ་བུད་དྷཱ་ནཱཾ། བོ་དྷི་ས་ཏྭ་ཨ་པྲ་ཏི་ཧ་ཏ་ག་ཏི་མ་ཏི་པྲ་ཙཱ་རི་ཎཱཾ། ན་མཿསཾ་ཤོདྷ་ན་དུཿཁ་པྲ་ཤ་མ་ནེནྡྲ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏདྱ་ཐཱ། ༀ་ཤོ་དྷ་ཡ་སཾ་ཤོ་དྷ་ཡ། སརྦ་བིགྷྣཾ་གྷ་ཏ་ཀ་མ་ཧཱ་ཀཱ་རུ་ཎི་ཀ་ཀུ་མཱ་ར་རཱུ་པ་དྷཱ་རི་ཎི། བི་ཀུརྦ་བི་ཀུརྦ། ས་མ་ཡམ་ནུ་སྨ་ར་ཏིཥྛ་ཏིཥྛ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་གྲོང་གི་ཆོས་མི་ཤེས་པའི་གཞོན་ནུ་མ། བྲམ་ཟེའི་རིགས་དང་རྒྱལ་རིགས་སུ་སྐྱེས་པ་དང་། རྗེའུའི་རིགས་སུ་སྐྱེས་པ་དང་རིགས་ངན་པའི་སྐྱེས་གནས་ཡོངས་སུ་སྤངས་པ། །དབང་པོ་མ་ཚང་བ་མེད་པ། ཡན་ལག་ཐམས་ཅད་མཛེས་པ་ཕ་དང་མས་རྗེས་སུ་གནང་བ། གསོ་སྦྱོང་བྱས་པ། བྱང་ཆུབ་ཏུ་སེམས་བསྐྱེད་པ། སྙིང་རྗེ་དང་ལྡན་པ། བཞིན་དཀར་བ། ཁ་དོག་གཞན་རྣམ་པར་སྤངས་པ། མདོར་ན་བུད་མེད་ཀྱི་མཚན་ཉིད་རབ་ཏུ་ཞི་བའི་མཚན་ཉིད་ཀྱིས་མཚན་པ། ཤིན་ཏུ་ཉིན་ཞག་ཤིས་པ་དང་། ཟླ་བ་ཡར་ངོ་དང་གཟའ་བཟང་པོ་བལྟས་ཏེ། དུ་བ་དང་ཁུག་རྣ་མེད་ཅིང་སྤྲིན་དང་བྲལ་བ་རླུང་མེད་ཅིང་གཙང་བའི་ས་ཕྱོགས་སུ་སྔར་བསྟན་པའི་གཞོན་ནུ་མ་ཁྲུས་བྱས་ཤིང་གོས་གཙང་མ་བགོས་ཏེ། གོས་ཀྱིས་ལེགས་པར་


DKG088_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བཀབ་པ་བྱས་པ་ལ་སྔགས་འདི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་བསྲུང་བར་བྱ་སྟེ། ཙནྡན་དཀར་པོ་དང་། གུར་གུམ་སྲོག་ཆགས་མེད་པའི་ཆུ་དང་སྦྱར་བས་རས་བལ་དེ་དང་བུ་མོ་དེ་སྔགས་དེ་ཉིད་ཀྱིས་ཡང་དག་པར་སྦྱངས་ཏེ་གཏོར་ལ། ཙནྡན་དཀར་པོ་དང་། གུར་གུམ་གྱི་ཆུས་སྟེང་དང་འོག་དང་ཕྱོགས་བཞིར་ཡང་གཏོར་བར་བྱའོ། །ཙནྡན་དཀར་པོ་དང་གུར་གུམ་དང་ག་བུར་གཅིག་ཏུ་བྱས་པའི་བདུག་པས་བདུག་པར་བྱ་སྟེ། རང་ཉིད་ཀྱིས་སྦྱིན་པའམ། སྒྲུབ་པའི་གྲོགས་མཆོག་གི་སློབ་དཔོན་གྱིས་སྦྱིན་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དང་ས་བཅུའི་དབང་ཕྱུག་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། རས་ཀྱི་དོག་པ་འདི་ལ་ལྷག་པར་གནས་པར་མཛོད་ཅིག་ཅེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དགོངས་སུ་གསོལ་ཞེས་བྱས་ནས། བདུག་པས་བདུག་པ་དེའི་དུས་སུ་རྨ་བྱ་དང་། ཁྲུང་ཁྲུང་དང་ངང་པ་དང་བཞད་དང་ངུར་པ་རྣམ་པ་སྣ་ཚོགས་བྱ་དགེ་བ་ཐང་ལ་གནས་པའམ། ཆུ་ལ་སྤྱོད་པ་རྣམས་ནམ་མཁའ་ལ་འགྲོ་བར་འགྱུར་བའམ། དགེ་བའི་སྐད་འདོན་ན་ལས་འདི་ནི་འབྲས་བུ་དང་བཅས་པ་ཡིན་ནོ་ཞེས་སྒྲུབ་པ་པོས་ཤེས་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་གི་རས་སྐུད་འདི་ལ་བྱིན་གྱིས་བརླབས་ཏེ། བདག་གི་སྐྱེ་བ་དམ་པ་ནི་ལེགས་པར་འཚོ་བ་ཡིན་ཏེ། བདག་གི་སྔགས་སྒྲུབ་པ་འབྲས་བུ་མེད་པར་མི་འགྱུར་རོ། །རྔ་པ་ཊ་ཧ་དང་རྔ་བོ་ཆེ་དང་རྫ་རྔ་དང་དུང་དང་པི་བང་དང་གླིང་བུ་དང་ཁར་རྔ་དང་རྫ་རྔ་ཆེན་པོའི་སྒྲ་ཐོས་པའམ། བུད་མེད་དང་ཁྱེའུའམ། བུ་མོའམ་སྐྱེས་པ་རྣམས་བཅོས་མའམ་བཅོས་མ་མ་ཡིན་པ་དེའི་དུས་སུ་བློ་བུར་དུ་འདི་སྐད་ཅེས། རྒྱལ་བ་དང་གྲུབ་པ་དང་སྦྱིན་པ་དང་བྱིན་པ་དང་ཁྱེར་ཅིག་ཅེས་པ་དང་། དཔལ་དང་འབྲས་བུ་དང་། འབྲས་བུ་ཡོད་པ་དང་། ཆོ་ག་དང་བརྒྱ་བྱིན་དང་། མང་པོ་དང་དེ་དག་ལ་སོགས་པའི་སྒྲ་གཞན་རབ་ཏུ་དགེ་བ་འདོན་པའམ་དྲིལ་བུའི་སྒྲ་དང་དགའ་བའི་སྒྲ་ཐོས་ན། དེས་ན་རིག་པ་འཛིན་པས་ཤེས་པར་བྱ་བ་ནི། སངས་རྒྱས་བཅོམ་ལྡན་


DKG088_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱིན་གྱིས་བརླབས་པ་ནི་འདི་ཡིན་ཏེ། དོན་ཡོད་པའི་གྲུབ་པ་ནི་འདི་ཡིན་ཞིང་གཞན་དུ་མ་ཡིན་ནོ་ཞེས་སོ། །ཅི་སྟེ་དེའི་དུས་སུ་མ་རུངས་པའི་ཚིག་འདོན་པ་ཁྱེར་ཅིག་ཟོ་ཤིག་ཟུང་ཤིག །ཉམས་པ་རྣམ་པར་ཉམས་པ། ཀྱི་ཧུད་རིང་བ་ཤིན་ཏུ་རིང་བ་མེད་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་འདོན་པའམ། སྤྲེའུ་དང་མ་ཧེ་དང་ཅེ་སྤྱང་དང་བོང་བུ་དང་བྱི་ལ་དང་། བ་ལང་དང་དུད་འགྲོ་སྨད་པ་རྐང་གཉིས་སམ་རྐང་བཞི་པའི་སྒྲ་འདོན་པར་གྱུར་ན། དེས་ནི་སྒྲུབ་པ་པོས་བདག་གི་དངོས་གྲུབ་ནི་མེད་པ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། སྐབས་དེར་བརྟུལ་བར་བྱ་ཞིང་ཡང་སྔ་མ་བཞིན་དུ་ཡང་བརྩམ་པར་བྱའོ། །དེ་བཞིན་དུ་ལན་བདུན་གྱི་བར་དུ་བྱས་ལ། བདུན་པའི་ལས་ཀྱི་བྱ་བ་ལ་ནི་མཚམས་མེད་པ་ལྔ་བྱས་པ་ཡང་འགྲུབ་པར་འགྱུར་རོ། །དེ་ནས་སྒྲུབ་པ་པོས་གཞོན་ནུ་མ་དེ་བསྲུང་བ་བྱས་ལ་ཀུ་ཤའི་ཁྲེས་ལ་གཞག་པར་བྱ་སྟེ། ཤར་རམ་བྱང་ཕྱོགས་སུ་ཕྱོགས་པར་བཞག་ལ་བདག་ཉིད་སྲུང་བ་དང་ལྷ་ལ་དབུལ་བའི་ཁ་ཟས་ཟས་སུ་སྦྱིན་ནོ། །སྔར་སྦྱང་བ་བྱས་པའི་ཀུ་ཤའི་ཁྲེས་དེ་ཉིད་ཀྱི་ཆོ་གས་རས་བལ་ལ་ཡང་བྱའོ། །དོག་པ་དེ་འཇམ་པ་དང་ལེགས་པར་བསྒྲིམས་པ་དང་སྔར་བསླབས་པའི་བུ་མོས་ཡང་དག་པར་བླངས་ཏེ། གཅིག་དང་གསུམ་དང་ལྔ་དང་བརྒྱད་ལ་སོགས་པ་ནས་བཅུ་དྲུག་གི་བར་རམ། ཀར་ཤའི་གྲངས་ལེགས་པར་བགྲངས་པ་དང་ལྡན་པས་བྱའོ། །དེ་ལ་རབ་ནི་བཅུ་དྲུག་བྱ། །དེ་བཞིན་བརྒྱད་ནི་བར་མ་སྟེ། །ཕྲན་ཚེགས་ལས་ལ་སྒྲུབ་པ་ནི། །གཅིག་དང་ལྔ་ནི་ཐ་མའོ། །ལས་རྣམས་ཀུན་ལ་སྔགས་རིག་པས། །ཅི་ལྟར་ནུས་པ་བཞིན་དུ་བྱ། །དེ་ནས་བརྩམས་ཏེ་གང་ཅུང་ཟད། །སྡིག་པ་སྔར་ནི་བྱས་པ་དག །དོག་པར་སེམས་ཀྱིས་དམིགས་པ་ན། །དེ་ཡི་མོད་ལ་འཇིག་པར་འགྱུར། ། དོག་པ་འདི་དག་ཡང་དག་བླངས། །གཙང་མའི་སྣོད་དུ་གཞུག་པར་བྱ། །དེ་ནས་བཞག་པ་བྱས་ནས་དེ། །ག་བུར་གྱི་ནི་བདུག་པས་བདུག །སྲོག་ཆགས་ཡན་ལག་བྱུང་བའམ། །གུར་གུམ་ཙནྡན་ལ་སོགས་དང་། །མེ་ཏོག་མ་ལེ་ཙམ་པ་ཀ །དྲི་ཞིམ་སོགས་པས་ཡོངས་


DKG088_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྒོ། །བསྲུང་བའི་ཆོ་ག་བྱས་ནས་ནི། །གཙང་མའི་ཕྱོགས་སུ་ཡང་དག་བཞག །སྔགས་རིག་ལས་ཀུན་ཤེས་པ་ཡིས། །ཤིན་དུ་མཉམ་གཞག་བཟླས་པ་བྱ། །དེ་ནས་ཐ་ག་པར་སོང་ནས། །ཅི་འདོད་པ་ཡི་རིན་སྦྱིན་ནོ། །རང་དབང་ཡན་ལག་མ་ཉམས་དང་། །དཀར་པོའི་ཆོས་ལ་རྟག་ཏུ་དད། །རྒན་མིན་ནད་ཀྱིས་གདུངས་པ་མིན། །ལུད་པ་དབུགས་མི་བདེ་བ་སྤངས། །མ་ནིང་སྨད་པ་མ་ཡིན་དང་། །འཕྱེ་བོ་མ་ཡིན་སྐྲ་དཀར་སྤངས། །ཀུན་གྱིས་བཀུར་བའི་མཚན་ཉིད་ལྡན། །རབ་བསྔགས་བལྟ་ན་སྡུག་པ་དང་། །བློ་དང་ཡང་དག་སྤྱོད་པ་དགེ། །འཇིག་རྟེན་པ་ཡི་ཚུལ་ལ་བརྟེན། །དངོས་གྲུབ་འདོད་པས་དེ་ལ་ནི། །རས་བཟང་བཏགས་པའི་ཆེད་དུ་བསྐུལ། །གྲོགས་པོ་རིགས་བཟང་རབ་བསྔགས་ཤིང་། །བློ་ལྡན་བཟོ་ནི་མཁས་པ་དང་། །ཤིན་ཏུ་ཁྱད་པར་མཆོག་གྱུར་པའི། །རས་ཐག་བཟང་ལ་བསྐུལ་བར་བྱ། །རབ་ནི་རབ་ཏུ་བསྒྲུབ་པར་བྱ། །འབྲིང་ནི་འབྲིང་ལ་བསྒྲུབ་པར་བྱ། །ཐ་མལ་ཕྲན་ཚེགས་ལས་ལ་ནི། །དམན་པ་ཉིད་ནི་ཐམས་ཅད་ལ། །བཟོ་བོ་ཅི་ལྟར་སྨྲ་བ་བཞིན། །རིན་ནི་དེ་ལྟར་སྦྱིན་པར་བྱ། །དང་པོའི་ཚིག་ནི་ཡང་དག་འབྱུང་། །བཟོ་བོ་ལ་ནི་སྔགས་རིགས་པས། །དེ་ནས་མྱུར་དུ་རིན་བྱིན་པ། །དཔའ་བོའི་ཚོང་ཞེས་དེ་ལ་བརྗོད། །དོན་དུ་གཉེར་མེད་དེ་ལ་ནི། །རིན་དུ་སྨྲ་བྱེད་སྒྲུབ་པ་པོ། །འདི་ནི་མྱུར་དུ་འགྲུབ་བྱེད་པའི། །རས་ནི་བཟང་པོ་བླ་ན་མེད། །ལས་ཀུན་བྱེད་ཅིང་མཆོད་པ་སྟེ། །ལྷ་དང་མི་ཡི་བདེ་བ་སྦྱིན། །འབྱུང་པོ་ཀུན་གྱི་དཔལ་འགྱུར་ཞེས། །ཡང་དག་རྫོགས་སངས་རྒྱས་ཀྱིས་གསུངས། །དེ་ནས་རིག་པ་འཛིན་པས་ཐ་ག་པ་ལ་རྒྱུ་སྐར་བཟང་པོའམ། ཆོ་འཕྲུལ་གྱི་ཟླ་བ་ཕྱེད་དམ་ཉིན་ཞག་དགེ་བའམ་གཟའ་དགེ་བ་བལྟས་ཏེ་གསོ་སྦྱོང་སྦྱིན། ཡང་ན་དུས་ཀྱི་མཆོག་དཔྱིད་ཀྱི་དུས་ཀྱི་ཟླ་བ་ཡར་གྱི་ངོ་ལ་ཤིང་ཨ་མྲའི་མེ་ཏོག་སྐྱེས་ཤིང་ཤིང་གི་མཆོག་རྣམས་ཀྱི་ཡལ་ག་དང་མེ་ཏོག་རྒྱས་པ་དེའི་དུས་མཚམས་སུ། སྔ་དྲོ་ཉི་མ་འཆར་བ་ལ་སྔར་བསྟན་པའི་ཐ་ག་པ་ལྷ་ལ་དབུལ་བར་འོས་པའི་ཁ་ཟས་བསྟེན་ཅིང་། གོས་གཙང་མ་བགོས་ལ་མགོ་ལ་ཅོད་པན་བཅིངས་ནས་ཁྲུས་ལེགས་པར་བྱས་ཏེ། ཙནྡན་དཀར་པོ་དང་གུར་གུམ་གང་ཡང་རུང་


DKG088_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བས་ལུས་བྱུགས་ནས་ག་པུར་གྱི་དྲིས་ཁ་ལ་བསྒོས་ཏེ་ཡིད་དགའ་བ་དང་བཀྲེས་པ་དང་སྐོམ་པ་མེད་པར་བྱས་ཏེ། ཐགས་ཀྱི་ལག་ཆ་ཐ་ག་པ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཀྱང་སར་པ་ལ་ས་དང་བ་ལང་གི་ལྕི་བས་བཀྲུས་ཏེ། ཡང་བའི་རྣམ་ལྔས་བཀྲུ་བར་བྱའོ། །དེ་ནས་སྲོག་ཆགས་མེད་པའི་ཆུས་ཀྱང་བཀྲུ་བར་བྱའོ། །ཙནྡན་དཀར་པོ་དང་གུར་གུམ་གྱི་ཆུས་ཀྱང་གཏོར་བར་བྱའོ། །གཙང་མའི་ས་ཕྱོགས་སུ་ཅ་ཅོ་མེད་ཅིང་སྐྱེ་བོ་དང་བྲལ་བ་དབེན་པའི་གནས་སུ་བཀབ་པ་དང་གསང་བར་མེ་ཏོག་གིས་མཆོད་དོ། །དེ་ནས་སྒྲུབ་པ་པོས་ཡང་དག་པར་དག་པར་བྱེད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཡུངས་ཀར་གྱིས་ཕྱོགས་བཞི་སྟེང་འོག་ཕྱོགས་མཚམས་སུ་གཏོར་བར་བྱའོ། །དེ་ནས་ཐ་ག་པ་ལ་ཡུངས་ཀར་གྱིས་གཏོར་བར་བྱ་ཞིང་། ཕྱག་རྒྱ་ཆེན་པོ་གཙུག་ཕུད་ལྔ་བཅིངས་ཏེ། གཙུག་ཕུད་བཅིང་བ་བྱས་ན་སྲུང་བ་ཆེན་པོ་བྱས་པར་འགྱུར་རོ། ། གལ་ཏེ་རས་རིས་རབ་ཡིན་ན་ནི། ཟུར་བཞིར་ཞེང་དུ་ཁྲུ་བཞི་ཆུར་ཁྲུ་བརྒྱད་དེ། ཐ་ག་པས་དེ་ཙམ་ལ་ཡོངས་སུ་གོམས་པར་བྱའོ། །འབྲིང་ནི་ཞེང་དུ་ཁྲུ་དོ་ཆུར་ཁྲུ་ལྔ་པའོ། །ཐ་མ་ནི་ཞེང་དུ་བདེ་བར་གཤེགས་པའི་མཐོ་གང་ཆུར་ནི་ཁྲུ་བརྒྱད་ཀྱི་ཕྱེད་དོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐོ་གང་ལ་ནི་ཡུལ་དབུས་ཀྱི་སྐྱེས་བུ་ཚད་དང་ལྡན་པའི་ཁྲུ་གཅིག་སྟེ། འདི་ལ་བདེ་བར་གཤེགས་པའི་མཐོ་ཞེས་བསྒྲགས་ཏེ། ཚད་འདིས་ཚད་དུ་བསྟན་པ་ཡིན་ནོ། །རས་ནི་རབ་ཀྱིས་དངོས་གྲུབ་མཆོག །འཇིག་རྟེན་གང་ཟག་མཆོག་གིས་གསུངས། །ཐུབ་པ་མྱ་ངན་འདས་འོག་ཏུ། ། རྒྱལ་སྲིད་འདོད་ལ་བར་མ་ཡིན། །ལོངས་སྤྱོད་ཆེ་འདོད་སྐྱེས་བུ་དང་། །ལྷ་མི་ལྷ་མིན་གདེངས་ཅན་ནི། །ཐ་མ་ལ་ནི་གྲུབ་པར་བཤད། །འབྲིང་གིས་འབྲིང་ནི་གྲུབ་པའོ། །ལས་རྣམས་ཕྲན་ཚེགས་དག་ལ་ནི། །རས་ནི་ཐ་མས་རྟག་ཏུ་འགྲུབ། །རྫས་རྣམས་ཀུན་ལ་རྟག་ཏུ་ནི། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །རས་གསུམ་གྱིས་ཀྱང་བསྟན་པ་ནི། །སྐལ་འདོད་མི་ལ་འགྲུབ་པ་ཡིན། །བརྒྱ་བྱིན་བདེ་སོགས་བདག་པོ་ལའང་། །ཆོ་ག་ཉམས་ན་འགྲུབ་མི་འགྱུར། །ཆོ་ག་ཡང་དག་ལྡན་ན་ནི། །མི་ཡི་སྐྱེ་བ་ཐ་མ་ལའང་། །ལས་རྣམས་ཐམས་ཅད་འབད་མེད་


DKG088_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པར། །མྱུར་བ་ཉིད་དུ་འགྲུབ་པར་བྱེད། །རྒྱལ་བ་རྒྱ་མཚོ་སྲས་དག་གིས། །ལམ་འདི་དག་ནི་ཡང་དག་བསྟན། །ཕོངས་པ་མགོན་མེད་སྡུག་བསྔལ་བའི། །སེམས་ཅན་ཀུན་ལ་ལེགས་སྦྱིན་པའོ། །བྱང་ཆུབ་ལམ་ནི་མ་ལུས་ཀྱང་། །དེ་ཉིད་གཟིགས་པས་བསྟན་པ་སྟེ། །བྱང་ཆུབ་རྒྱུ་ཡི་ཆོས་འདི་ནི། །སྔགས་ཀྱི་ལམ་གྱིས་བསྟན་པ་ཡིན། །འཇིག་རྟེན་དཀྱིལ་འཁོར་མ་ལུས་དང་། །འཇིག་རྟེན་འདས་པའང་འགྲུབ་འགྱུར་ཏེ། །དཀྱིལ་འཁོར་གང་དག་བསྟན་པ་ཡིས། །འབད་པ་མེད་པར་སྔགས་རྣམས་འགྲུབ། །གང་ཞིག་བྱང་ཆུབ་རྒྱུ་འདོད་པས། །དེ་ལ་རྟག་ཏུ་དངོས་གྲུབ་འགྱུར། །འགྲོ་ལ་ཕན་སེམས་རྟག་མེད་པ། །གཞན་ལ་འགྲུབ་པར་མི་འགྱུར་རོ། །བདག་ཉིད་ཆེན་པོ་འཇམ་དཔལ་ནི། །གཞོན་ནུར་གྱུར་པས་ཁྱད་པར་དུ། །བྱང་ཆུབ་འཇུག་པའི་ཁྱད་སེམས་ལ། །རས་རིས་འགྲུབ་པར་གསུངས་པ་ཡིན། །བྱ་བ་མྱུར་དུ་འགྲུབ་པའི་ཕྱིར། ། ཐམས་ཅད་འདིར་ནི་ཐོབ་པ་ཡིན། །དེ་ནས་མཐར་གྱིས་བཟོ་བོས་ནི། །རས་ནི་འབད་པས་བཏགས་པར་བྱ། །ཉིན་ཞག་ལྔ་དང་བརྒྱད་དང་ནི། །བཅུ་དྲུག་གཉིས་དང་བཞི་དང་ནི། །ཉིན་ཞག་གཅིག་གིས་མྱུར་དུ་ནི། །མྱུར་བར་རས་ཀྱི་ཐ་ག་བྱ། །གྲུབ་པ་མཆོག་ནི་འདོད་པ་ཡིས། །ཉིན་ཞག་གཅིག་པ་དགེ་བ་ཡིན། །གཙང་སྦྲའི་སྤྱོད་པ་ཕུན་སུམ་ཚོགས། །བཟོ་བོ་རྟག་ཏུ་བྱིན་བརླབས་ལྡན། །གནས་ནས་ཐག་རིང་སོང་ནས་ནི། །བཤང་དང་གཅི་བ་ཡོངས་སུ་དོར། །དེ་ནས་གོས་བཅས་ཁྲུས་བྱས་ཏེ། །གོས་གཞན་དག་ཀྱང་བགོ་བྱ་ཞིང་། །གོས་དཀར་ཕྲེང་བ་ལྡན་པར་འཆང་། །ཡང་དང་ཡང་དུ་ཉེ་རེག་བྱ། །ལུས་ནི་ཙནྡན་དཀར་པོས་བྱུགས། །བཟོ་བོས་ལག་པ་གཉིས་ཀྱང་བྱུགས། །ལེགས་འཇམ་རྟག་ཏུ་དྲི་མེད་པར། །འབད་པས་ཀྱང་ནི་ཐ་ག་བྱ། །དེ་ལ་སོགས་པའི་སྦྱོར་བ་འམ། །གཞན་ནི་རྒྱལ་བས་གསུངས་པ་དང་། །རྣམ་དཔྱད་རང་བཞིན་འབད་པ་ཡིས། །རས་ནི་མ་ལུས་ཐ་ག་བྱ། །རས་ཀྱི་ཐ་ག་ཟིན་པ་དང་། །སྔར་གསུངས་ལས་ཀྱིས་ལེགས་བྱས་པ། །ཚད་ལྡན་ཉམས་པ་མེད་པ་ནི། །ཉིན་ཞག་བཟང་ལ་བལྟབ་སྟེ་བཞག །ཡར་ངོའི་ཤིན་ཏུ་བཟང་པོ་ལ། །དེ་ལ་སྔགས་ནི་གཞུག་པར་བྱ། །རས་ནི་ཡོངས་སུ་གསལ་


DKG088_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ། །ཁ་ཚར་མཐར་ནི་མདུད་མཛེས་བྱ། །འོད་མའི་ཤིང་ལ་བཏགས་ནས་ནི། །དེ་ནས་རས་ནི་བླངས་ཏེ་འགྲོ། །བཟོ་བོ་བདེ་ལེགས་བྱས་ནས་ནི། །ནོར་མང་པོས་ནི་བགོ་བཤའ་བྱ། །བརྟུལ་ཞུགས་བཟང་པོ་ལེགས་སྤྱོད་པའི། །སྔགས་པ་ཅི་ལྟར་འདོད་སོང་ནས། །མེ་ཏོག་དྲི་ཞིམ་གྱིས་མཆོད་དེ། །གཙང་བའི་ཕྱོགས་སུ་གཞག་པར་བྱ། །འདི་ཉིད་ཀྱི་ནི་སྔགས་ཀྱིས་སུ། །སྲུང་བའི་ཆོ་ག་རབ་ཏུ་བྱ། །སྔོན་ནི་རས་བལ་གང་དེ་ཡིས། །ལན་མང་དུ་ནི་ཡོངས་སྦྱངས་ལ། །བདག་ཉིད་དང་ནི་རས་དག་ལ། །དེ་ཉིད་ཀྱིས་ནི་བསྲུང་བར་བྱ། །དཔའ་བོ་ཆེན་པོ་འཇམ་དཔལ་གྱིས། །སྔགས་ཀྱི་བཟླས་པ་གསུངས་པ་དང་། །འདས་པའི་སངས་རྒྱས་མང་པོ་དང་། །ངས་ཀྱང་ད་ལྟར་གསུངས་པ་ཡིན། །དེ་ཉིད་སྔགས་ནི་ཐམས་ཅད་ཀྱི། སྔགས་ཀྱི་ངོ་བོས་རྣམ་པར་སྤྱོད། །བརྩོན་འགྲུས་ཆེ་ཞིང་གཟི་བརྗིད་ཆེ། །སྔགས་ཀྱི་དོན་ཀུན་སྒྲུབ་བྱེད་པ། །ཆ་བྱད་རྣམ་པ་སྣ་ཚོགས་བྱེད། །སྐྱོབ་པ་རྣམ་པ་སྣ་ཚོགས་རྒྱུ། །འཛམ་གླིང་གནས་པའི་སེམས་ཅན་རྣམས། །རྨོངས་པ་སྤྱོད་ཅིང་སེམས་པ་མེད། །མ་དད་ཕྱིན་ཅི་ལོག་པར་བྱེད། །ལོག་སྤྱོད་ཤིན་ཏུ་བརྐམ་ཆགས་ཀྱིས། །རྫས་རྣམས་མ་ལུས་པ་དག་དང་། ། སྔགས་རྣམས་ཀྱིས་ཀྱང་འགྲུབ་མི་བྱེད། །འཁོར་བའི་མུན་པའི་བཙོན་རར་ནི། །དེ་ཉིད་ཀྱིས་ནི་འཁོར་བར་འགྱུར། །གང་ཡང་རྟག་ཏུ་ཡི་དག་ཅིང་། །དད་ལྡན་བཀྲ་ཤིས་དག་ལ་དགའ། །སྔགས་རྣམས་ཀུན་ལ་སྤྲོ་བ་དང་། །རྟག་ཏུ་འཛིན་དང་འཆང་བ་དང་། །བདག་ཉིད་ཆེན་པོ་དངོས་གྲུབ་འདོད། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ། །རྒྱལ་བས་གསུངས་པའི་སྔགས་དག་ནི། །འབད་པ་མེད་པར་འགྲུབ་པར་འགྱུར། །དད་པ་མེད་པའི་སྐྱེ་བོ་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚྭ་སྒོར་བཏབ་པ་ལ། །མྱུ་གུ་སྐྱེ་བ་མེད་པ་བཞིན། །དད་པའི་རྩ་བ་རྟག་ཏུ་ཆོས། །ཆོས་དོན་གཟིགས་པས་གསུངས་པ་སྟེ། །ཆོས་དོན་སྤྱོད་པ་དེ་དག་ལ། །སྔགས་རྣམས་རྟག་ཏུ་འགྲུབ་པར་གསུངས། །དེ་ནས་སྒྲུབ་པ་པོས་བཟོ་བོ་ལེགས་པར་བསླབ་པའི་རི་མོ་མཁན་ནམ། བདག་ཉིད་འདྲི་བ་ལ་མཁས་པས། ཚོན་མ་འདྲེས་ཤིང་


DKG088_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་གསལ་བ་དང་ལྡན་པའི་ཚོན་རྩི་རྣམས་བླངས་ཏེ། སྔར་ཐ་ག་པ་ལ་བྱས་པའི་ཆོ་ག་ཅི་ལྟ་བ་དེ་ཉིད་ཀྱི་མཚན་ཉིད་དང་ལྡན་པས། རི་མོ་མཁན་ལ་སྔ་མ་བཞིན་སྦྱར་བར་བྱ་སྟེ། སྔར་ཅི་ལྟར་ཐ་ག་པ་ལ་བྱས་པ་དེ་ཉིད་ཀྱིས་རས་ལ་རི་མོ་འདྲིར་གཞུག་གོ། །ཡང་ན་བདག་ཉིད་ཀྱིས་བྲི་བར་བྱའོ། །ག་པུར་དང་ཙནྡན་དང་གུར་གུམ་ལ་སོགས་པའི་དྲིས་ཚོན་རྩི་ལ་བསྒོ་བར་བྱ་ཞིང་བདུག་སྤོས་བསྲེགས་ཏེ། དེ་ཉིད་ཀྱི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་འཁོར་དང་བཅས་པ་ལ་ཡང་བཟླ་སྟེ། མེ་ཏོག་ནཱ་ག་གེ་སར་དང་པུན་ནཱ་ག་དང་བ་ཀུ་ལ་དང་ཙམ་པ་ཀ་དང་དབྱར་གྱི་མེ་ཏོག་དང་དྷཱ་ནུཤྐ་རི་དང་མཱ་ལ་ཏིའི་མེ་ཏོག་ལ་སོགས་པས་རས་དེ་གཅལ་བཀྲམ་པ་བྱས་ལ། ཤར་དུ་མངོན་པར་ཕྱོགས་པས་ཀུ་ཤའི་ཁྲེས་ལ་འདུག་སྟེ་བློ་ལེགས་པར་གནས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི་སེམས་ཀྱིས་པིར་ཕྲ་མོ་ལག་པར་བླངས་ནས། འཁྲུག་པ་མེད་པའི་སེམས་ཀྱིས་རས་དེ་ལ་བྲི་བར་བྱའོ། །དང་པོར་རེ་ཞིག་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲི་བར་བྱ་སྟེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། སྐུ་དཔེ་བྱད་བཟང་པོ་བརྒྱད་ཅུས་ཉེ་བར་མཛེས་པ་རིན་པོ་ཆེའི་པདྨ་ལ་བཞུགས་པ་ཀུན་ནས་འོད་འབར་བ། སྐུ་འོད་འདོམ་གང་གིས་ཉེ་བར་མཛེས་པ་ཆོས་འཆད་བཞིན་པ། སྐུ་དང་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། དབུས་ན་གནས་པའི་པདྨ་བཻ་ཌཱུཪྱའི་སྡོང་བུ་ཅན་འོག་ན་ནི་ཀླུའི་རྒྱལ་པོ་གཉིས་ཀྱི་གདན་ཆེན་པོའི་པདྨའི་སྡོང་བུ་ལ་འཛིན་ཅིང་། དེ་བཞིན་གཤེགས་པ་ལ་བལྟ་བ། ལག་པ་གཡས་པས་ཕྱག་འཚལ་བ། མདོག་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མི་དང་འདྲ་བ། ཕྱེད་སྦྲུལ་གྱི་གཟུགས་ཅན་དགའ་བོ་དང་ཉེ་དགའ་བྲི་བར་བྱའོ། །ཀུན་ནས་པདྨའི་མཚོ་པདྨའི་འདབ་མ་དང་མེ་ཏོག་ཅུང་ཟད་ཁ་བྱེ་བ་དང་། རྣམ་པར་ཁ་བྱེ་བ་དང་ཆུ་ལས་སྐྱེས་པའི་སྲོག་ཆགས་རྣམས་དང་། བྱ་དང་ཉ་ལ་སོགས་པས་ཁྱབ་པ་ཡངས་ཤིང་མཛེས་པར་སྐྱེས་པ་བྲི་བར་བྱའོ། །གང་བཅོམ་ལྡན་འདས་ཀྱི་རྩ་བའི་པདྨའི་སྡོང་བུ་དེ་ལས་འཕྲོས་པའི་ཡལ་ག་ལས་པདྨའི་མེ་ཏོག་


DKG088_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་མཐར་གྱིས་མཐོ་བ་བྱའོ། །གཡོན་གྱི་ཕྱོགས་སུ་པདྨའི་མེ་ཏོག་བརྒྱད་བྱས་ཏེ། པདྨ་དེ་དག་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་གཟུགས་བཞུགས་པ་བྲི་བར་བྱའོ། །དང་པོ་ལ་རེ་ཞིག་འཕགས་པ་འཇམ་དཔལ་ཅུང་ཟད་ཁ་དོག་པདྨའི་གེ་སར་བཞིན་དུ་སེར་སྐྱའམ་གུར་གུམ་མམ་གསེར་གྱི་མདོག་འདྲ་བ་གཞོན་ནུའི་ཆ་བྱད་བྱིས་པ་དང་། ཁྱེའུའི་གཟུགས་ཅན་སྐྲ་ཟུར་ཕུད་ལྔ་དང་ལྡན་པ། གཞོན་ནུའི་རྒྱན་གྱིས་བརྒྱན་པ། ལག་པ་གཡོན་པ་ན་ཨུཏྤལ་སྔོན་པོ་བསྣམས་པ། ལག་པ་གཡས་པས་དེ་བཞིན་གཤེགས་པ་ལ་ཕྱག་བྱེད་པ། སྐུ་མཛེས་པ་ཞི་བའི་ཆ་བྱད་ཀྱིས་དེ་བཞིན་གཤེགས་པ་ལ་བལྟ་བ། བཞིན་ཅུང་ཟད་རྒོད་པ་འོད་འབར་བ་དང་ལྡན་པས་དཀྱིལ་འཁོར་ཀུན་དུ་ཁྱབ་པ་བྲིའོ། །པདྨ་གཉིས་པ་ལ་འཕགས་པ་ཟླ་བའི་འོད་ཤིན་ཏུ་གཞོན་ཤ་ཅན་དེ་བཞིན་དུ་བྲི་བར་བྱའོ། །གསུམ་པ་ལ་ནི་ནོར་བཟང་ངོ་། །བཞི་པ་ལ་ནི་སྒྲིབ་པ་རྣམ་པར་སེལ་བའོ། །ལྔ་པ་ལ་ནི་ནམ་མཁའ་མཛོད་དོ། །དྲུག་པ་ལ་ནི་སའི་སྙིང་པོའོ། །བདུན་པ་ལ་ནི་སྡིག་མེད་དོ། །བརྒྱད་པ་ལ་ནི་སྤྱན་བཟང་ཡིན་ཏེ། དེ་དག་ཐམས་ཅད་ཀྱང་གཞོན་ནུ་ཁྱེའུའི་ཆ་བྱད་ཅན། གཞོན་ནུའི་རྒྱན་གྱིས་བརྒྱན་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་བྱམས་པ་མ་གཏོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཕགས་པ་བྱམས་པ་ནི་བཅོམ་ལྡན་འདས་དང་ཉེ་བར་བྲི་བར་བྱ་སྟེ། ཚངས་པར་སྤྱོད་པའི་ཆ་བྱད་འཛིན་པ། མགོ་རལ་པའི་ཅོད་པན་བཅིངས་པ། མདོག་གསེར་འདྲ་བ། ག་ཤ་དམར་པོ་གྱོན་པ། དར་ལ་དམར་པོའི་སྟོད་གཡོགས་བྱས་པ། ཐལ་བའི་ཐིག་ལེ་གསུམ་གྱིས་མཚན་པ། གཟུགས་མཛེས་པ་དང་ལྡན་པ་དབྱིག་པ་དང་སྤྱི་བླུགས་འཛིན་པ་ཀྲིཥྞ་ས་རའི་པགས་པ་ཐལ་གོང་གཡོན་པར་བགོས་པ། ལག་པ་གཡོན་པས་ཕྲེང་བ་འཛིན་ཅིང་དེ་བཞིན་གཤེགས་པ་ལ་ཕྱག་བྱེད་པ། དེར་གཏོད་པའི་ལྟ་བ་སེམས་ཀྱི་སྤྱོད་པ་བསམ་གཏན་ལ་དམིགས་པའི་རྣམ་པ་ཅན་ནོ། །པདྨ་གཉིས་པ་ལ་འཕགས་པ་ཀུན་དུ་བཟང་པོ་མདོག་མེ་ཏོག་པྲི་ཡང་ཀུ་ལྟར་


DKG088_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སངས། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་གཡོན་པ་ན་ནོར་བུ་རིན་པོ་ཆེ་ཐོགས་པ། ལག་པ་གཡས་པ་ན་བིལ་བ་ཐོགས་ཤིང་མཆོག་སྦྱིན་པ། གཟུགས་མཛེས་པ་དང་ལྡན་པ་དེ་བཞིན་དུ་བྲི་བར་བྱའོ། །གསུམ་པ་ལ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འདམ་བུའི་མདོག་འདྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཅོད་པན་འཆང་བ། མཆོད་ཕྱིར་ཐོགས་དཀར་པོས་བྱས་པ། འཕགས་པ་འོད་དཔག་མེད་གཟུགས་མཛེས་ཤིང་ཡིད་དུ་འོང་བ། སྟོབས་བཅུ་དང་ལྡན་པ། རལ་པའི་མཐར་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ཅོད་པན་དུ་བྱས་པ། ལག་པ་གཡོན་ན་པདྨ་བསྣམས་པ། ལག་པ་གཡས་པ་མཆོག་སྦྱིན་པ། སེམས་ཀྱི་སྤྱོད་པ་བསམ་གཏན་ལ་དམིགས་པའི་རྣམ་པ་ཅན། ལུས་ཀུན་ནས་འོད་ཀྱིས་གསལ་བར་བྱས་པའོ། །བཞི་པ་ལ་ནི་འཕགས་པ་ཕྱག་ན་རྡོ་རྗེ་ལག་པ་གཡོན་ན་རྡོ་རྗེ་འཛིན་པ། ལག་པ་གཡས་ན་བིལ་བ་ཐོགས་པས་མཆོག་སྦྱིན་པ་མདོག་གསེར་འདྲ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཟུགས་མཛེས་པ། ཞི་བའི་ལྟ་བ་དང་ལྡན་པ་དང་། དྲ་བ་དང་དྲ་བ་ཕྱེད་པས་ལུས་ཉེ་བར་དཀྲིས་པ་མུ་ཏིག་གི་ཕྲེང་བས་མཆོད་ཕྱིར་ཐོགས་བྱས་པ། ཅོད་པན་རིན་པོ་ཆེ་འབར་བས་རྣམ་པར་འཕྲོ་བ་གོས་གཡོ་བ་དང་ལྡན་པ་བགོས་པ་དར་ལ་དཀར་པོའི་སྟོད་གཡོགས་བྱས་པའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་ཀུན་དུ་བཟང་པོའི་ན་བཟའ་སྟོད་གཡོགས་ཀྱང་འདི་བཞིན་དུ་བྱའོ། །ཆ་བྱད་ནི་ཅི་ལྟར་སྔར་བསྟན་པ་བཞིན་བྱའོ། །དེ་བཞིན་དུ་པདྨ་ལྔ་པ་ལ་ནི་འཕགས་པ་བློ་གྲོས་ཆེན་པོ། དྲུག་པ་ལ་ནི་བློ་གྲོས་ཞི་བ། བདུན་པ་ལ་ནི་རྣམ་པར་སྣང་མཛད་སྙིང་པོ། །བརྒྱད་པ་ལ་ནི་ངན་སོང་སྤོང་བ་སྟེ། བྱང་ཆུབ་སེམས་དཔའ་འདི་དག་བྲི་བར་བྱ་སྟེ། བིལ་བའི་འབྲས་བུ་དང་གླེགས་བམ་ལག་ན་ཐོགས་པ། རྒྱན་ཐམས་ཅད་ཀྱིས་ཤིན་ཏུ་མཛེས་པ། དར་ལས་སྟོད་གཡོགས་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོ་བ་དང་ལྡན་པའི་གོས་བགོས་པའོ། །དེ་དག་གི་སྟེང་དུའང་རང་སངས་རྒྱས་བརྒྱད་བྲི་བར་


DKG088_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་སྟེ། དགེ་སློང་གི་ཆ་བྱད་འཛིན་པ་ལུས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། ཆོས་གོས་དམར་པོ་གྱོན་པ། སྐྱིལ་མོ་ཀྲུང་གིས་ཉེ་བར་གནས་པ། རིན་པོ་ཆེའི་ཨུཏྤལ་ལ་འདུག་པ་ཆ་བྱད་ཞི་བའི་བདག་ཉིད་ཀུན་ནས་འོད་འཕྲོ་བའི་ཕྲེང་བས་ཁྱབ་པ། མེ་ཏོག་དྲི་ཞིམ་པོས་གཅལ་བཀྲམ་པ་ལ་འདི་ལྟ་སྟེ། མེ་ཏོག་མཱ་ལི་ཏ་དང་དབྱར་གྱི་མེ་ཏོག་དང་། དྷཱ་ནུཥྐ་རི་ཀ་དང་པུན་ནཱ་ག་དང་ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་གིས་རས་རིས་ཀུན་ནས་གཅལ་བཀྲམ་པར་བྲི་བར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་ཕྱོགས་སུ་འཕགས་པ་འཇམ་དཔལ་གྱི་སྟེང་དུ་རིན་པོ་ཆེ་དུ་མས་ཉེ་བར་སྤྲས་པ། ཤིན་ཏུ་ཡངས་པའི་གཞལ་མེད་ཁང་གི་དཀྱིལ་འཁོར་བྲག་གི་ཚོགས་ཀྱིས་ཤིན་ཏུ་ཉེ་བར་མཛེས་པར་བྱས་པ། རིན་པོ་ཆེའི་ཨུཏྤ་ལས་ཤིན་ཏུ་བཀབ་པ་རིའི་རྣམ་པ་ལྟ་བུ་བྲི་བར་བྱའོ། །གནས་དེར་སངས་རྒྱས་བཅོམ་ལྡན་འདས་བརྒྱད་བྲི་བར་བྱ་སྟེ། འདི་ལྟ་སྟེ་རིན་ཆེན་གཙུག་ཏོར་ཅན་རིན་པོ་ཆེ་བཻ་ཌཱུཪྱའི་འོད་རྣམ་པར་འཕྲོ་བ། ཀུན་ནས་འོད་འདོམ་གང་བ། རིན་པོ་ཆེ་པདྨ་རཱ་ག་དང་ཨིནྡྲ་ནཱི་ལ་དང་། མརྒད་ལ་སོགས་པ་དང་། བཻ་ཌཱུཪྱ་དང་ཨསྨ་གར་བྷ་ལ་སོགས་པ་ནོར་བུ་རིན་པོ་ཆེ་ཆེན་པོའི་བྱེ་བྲག་ཀུན་ནས་འོད་འཕྲོ་བ་དང་ལྡན་པ་ཉི་མ་འཆར་ཀའི་མདོག་འདྲ་བ། དེ་བཞིན་གཤེགས་པའི་སྐུ་ལྷུང་བཟེད་དང་ཆོས་གོས་དང་བླ་གོས་དང་ལྡན་པ། སྐྱིལ་ཀྲུང་གིས་བཞུགས་ཤིང་ཆོས་འཆད་པ། ན་བཟའ་སེར་པོ་མནབས་པ། སྐྱེས་བུ་ཆེན་པོའི་མཚན་གྱིས་སྐུ་ལ་ཁྱབ་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་ཉེ་བར་མཛེས་པ། ཞི་བའི་གཟིགས་པ་དང་ལྡན་པ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་བྲི་བར་བྱའོ། །གཉིས་པ་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་པོའི་རྒྱལ་པོ་ཁ་དོག་གསེར་འདྲ་བ་བྲི་བར་བྱའོ། །གསུམ་པ་པདྨའི་གཙུག་ཏོར་པདྨའི་གེ་སར་དང་འདྲ་བ་ཆོས་འཆད་པ་བྲི་བར་བྱའོ། །བཞི་པ་སྤྱན་བཟང་པོ་ཡང་བྲི་བར་བྱའོ། །ལྔ་པ་བསྙེན་པར་དཀའ་བ་དང་། དྲུག་པ་རྒྱལ་བ་རྣམ་པར་སྣང་མཛད་དང་། བདུན་པ་སྨན་གྱི་བླ་བཻ་ཌཱུཪྱའི་འོད་ཀྱི་རྒྱལ་པོ་དང་། བརྒྱད་པ་དེ་བཞིན་


DKG088_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པའི་སྤྱན་གྱི་རྒྱལ་པོ་བྲི་བར་བྱའོ། །འདི་དག་ཐམས་ཅད་ཀྱང་གསེར་གྱི་མདོག་ཅན་དེ་བཞིན་གཤེགས་པའི་སྐུའི་གཟུགས་སུ་བྲི་བར་བྱའོ། །དེ་བཞིན་གཤེགས་པ་དེ་དག་གི་སྟེང་གི་ཕྱོགས་སུ་གཡས་གཡོན་ནས་སྤྲིན་གྱི་གསེབ་ནས་གནས་གཙང་མའི་ལྷའི་བུ་གཉིས་ལུས་མི་སྣང་བར་མེ་ཏོག་གི་ཆར་འབེབས་པ་བྲི་བར་བྱ་སྟེ། བར་སྣང་ལ་གནས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་རྣམས་ལ་ཕྱག་འཚལ་བ་བྲི་བར་བྱའོ། །རང་སངས་རྒྱས་ཐམས་ཅད་ཀྱི་འོག་ཏུ་ཉན་ཐོས་ཆེན་པོ་བརྒྱད་བྱང་ཆུབ་སེམས་དཔའི་མགོ་ལ་འདུག་པ་སྤངས་ཏེ་བྲི་བར་བྱ་བ་ལ་འདི་ལྟ་སྟེ། གནས་བརྟན་ཤཱ་རིའི་བུ་དང་མཽད་གལ་གྱི་བུ་ཆེན་པོ་དང་འོད་སྲུང་ཆེན་པོ་དང་། རབ་འབྱོར་དང་སྒྲ་གཅན་འཛིན་དང་། དགའ་བོ་དང་བཟང་ལྡན་དང་། ཀ་པི་ནའོ། །རང་སངས་རྒྱས་དག་ཀྱང་འདི་ལྟ་སྟེ། སྤོས་ཀྱི་ངད་ལྡང་དང་དམན་པ་དང་ཉེ་བའི་འཆི་ལྟས་དང་། དཀར་པོ་དང་དཀར་པོའི་ཏོག་དང་། མུ་ཁྱུད་དང་མུ་ཁྱུད་བཟང་པོའོ། །འདི་དག་ཐམས་ཅད་ཀྱང་ཤིན་ཏུ་མཛེས་པ། ཞི་བའི་ཆ་བྱད་ཀྱི་བདག་ཉིད་ཅན་ཤིན་ཏུ་དུལ་བའི་ཆ་བྱད་ཅན་ནོ། །ཉན་ཐོས་ཆེན་པོ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལྟ་བའོ། །སྟེང་དུ་གནས་གཙང་མའི་ལྷའི་བུ་གཞན་གཉིས་ཉེ་བར་ཀུན་ནས་གོས་ཀྱི་བླ་རེ་ཆུ་ཞིང་ཡངས་པ་ཤིན་ཏུ་མཛེས་པ་འཛིན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་རྣམས་ཀྱི་སྟེང་དུ་ལྷའི་གོས་དང་ཕྲེང་བ་འཛིན་པ་བྲི་བར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྟེང་དབུའི་སྟེང་དུ་མུ་ཏིག་གི་ཕྲེང་བ་དང་། ཐག་གུ་དམར་པོ་པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པའི་མདུད་པ་བྱས་པ་རིན་པོ་ཆེའི་ཐག་གུའི་ཚོགས་བྱའོ། །དེ་ལ་ཡང་གོས་ཀྱི་བླ་རེ་ཤིན་ཏུ་ལེགས་པར་ཀུན་ནས་བཀོད་པ་དང་། མུ་ཏིག་གི་ཕྲེང་བ་འཕྱང་བས་མཛེས་པ་བྲི་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱི་འོག་ཏུ་ནི་པདྨའི་མཚོ་ལས་འཕགས་པ་འཇམ་དཔལ་གྱི་


DKG088_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་དྲུང་དང་ཉེ་བ་ན། ཀླུའི་རྒྱལ་པོ་ཉེ་དགའི་ཕྱོགས་སུ་རིན་པོ་ཆེ་ཆེན་པོའི་རི་བོ་པདྨའི་མཚོ་ལས་མངོན་པར་འཐོན་པ་རིན་པོ་ཆེའི་མྱུ་གུ་དང་ཕུག་དང་རི་སུལ་དང་བྱི་རུའི་ཡལ་ག་དང་རིན་པོ་ཆེའི་ཤིང་གིས་ཡོངས་སུ་བསྐོར་བ། དྲང་སྲོང་ཆེན་པོའི་གནས་དང་གྲུབ་པ་དག་གིས་དེ་ལ་བརྟེན་པ། རིའི་རྩེ་མོའི་སྟེང་དུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཤིན་ཏུ་མི་བཟད་པའི་གཟུགས་ཅན། ལག་པ་གཡས་པ་ན་ཞགས་པ་ཐོགས་པ། ལག་པ་གཡོན་པ་ན་གཞུ་ཐོགས་པ། བཞིན་ཁྲོ་གཉེར་དང་ལྡན་པ། བཀའ་ཉན་ཅིང་འཕགས་པ་འཇམ་དཔལ་ལ་ཕྱོགས་ཏེ་ལྟ་བ་གསུས་པ་འཕྱང་བ། སྐྲ་གྱེན་དུ་བརྫེས་པ། མིག་སྨན་ནག་པོ་དང་སྤྲིན་ནག་པོ་དང་འདྲ་བ། ཁ་སྤུ་སེར་བ་སེན་མོ་རིང་བ་མིག་དམར་བ། མགུལ་བའི་ཕྱོགས་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པ་མནབས་པ་བགེགས་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་རབ་ཏུ་མི་བཟད་པ་ཆེན་པོ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཀུན་ནས་འབར་བ་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་བྲི་བར་བྱའོ། །རི་དེའི་འོག་ཏུ་རྡོའི་སྟེང་ན་འདུག་པ། ལུས་ས་ལ་བཏུད་དེ་སྤོས་ཀྱི་སྣོད་ལག་ན་ཐོགས་པ། ཆ་བྱད་དང་དབྱིབས་ཅི་ལྟ་བ་བཞིན་རྟགས་འཛིན་པ། ཇི་ལྟར་རྗེས་སུ་མཐུན་པའི་སྤྱོད་པ་དང་། འཕགས་པ་འཇམ་དཔལ་གྱི་རྗེས་སུ་ལྟ་བའི་སྒྲུབ་པ་པོ་བྲི་བར་བྱའོ། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་བར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་འོག་དེའི་གཡས་ངོས་སུ་པདྨའི་མཚོ་ལས་མངོན་པར་བྱུང་བའི་རིན་པོ་ཆེའི་རིའི་རྒྱལ་པོ། ཇི་ལྟར་སྔར་རིའི་རྒྱལ་པོར་བསྟན་པ་དེ་བཞིན་དུ་བྲི་བར་བྱའོ། །ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་མེད་པ་ལྷའི་མེ་ཏོག་གིས་ཁྱབ་པ་བྲི་བར་བྱའོ། །རི་དེ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་བྲིའོ། །རི་དེ་ཡང་ཤིན་ཏུ་མཐོ་བ་རིན་པོ་ཆེ་པདྨ་རཱ་གའི་ཐེམ་སྐས་འདྲ་བ། བཻ་ཌཱུཪྱའི་རང་བཞིན་རྩེ་མོ་མྱུ་གུ་འདྲ་བ་བྲི་བར་བྱའོ། །དེ་ལ་བརྟེན་པའི་ལྷ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེའི་ངོ་བོ་འཕགས་མ་སྒྲོལ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་ལ་དམར་པོས་སྟོད་གཡོགས་བྱས་པ་ཁ་དོག་རྣམ་པ་སྣ་ཚོགས་དང་ལྡན་པའི་གོས་ཅན། བུད་མེད་ཀྱི་རྒྱན་


DKG088_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ལུས་བརྒྱན་པ། ལག་པ་གཡོན་པ་ན་ཨུཏྤ་ལ་ཐོགས་པ། གསེར་གྱི་ཁ་དོག་ཅན་རྐེད་པ་ཕྲ་བ་ཧ་ཅང་ཡང་མི་སྐེམ་ཧ་ཅང་ཡང་མི་སྦོམ་ཧ་ཅང་ཡང་མི་རྒན། སེམས་བསམ་གཏན་ལ་ཞུགས་པ། བཀའ་ཉན་ཅིང་འདུག་པ། ལག་པ་གཡས་པ་མཆོག་སྦྱིན་པ། ཅུང་ཟད་གདོང་དང་ལུས་འདུད་པ། སྐྱིལ་ཀྲུང་གིས་འདུག་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཅུང་ཟད་ལྟ་ཞིང་འདུག་པ། ཀུན་ནས་འབར་བའི་འོད་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ། དེར་ཡང་བཻ་ཌཱུཪྱ་རིན་པོ་ཆེའི་རྩེ་མོ་ལ་ཤིང་པུནྣྣཱ་གའི་ཡལ་གས་ཀུན་ནས་བསྐོར་བ། ཡལ་ག་དག་ལ་ཡང་མེ་ཏོག་འཕེལ་ཞིང་ཁ་བྱེ་བས་ལེགས་པར་རྒྱས་པས་བཅོམ་ལྡན་འདས་མ་སྒྲོལ་མ་མངོན་པར་བཀབ་པ། ཡལ་ག་མངོན་པར་འདུད་པ་དེ་ཉིད་ཀྱང་ཤིན་ཏུ་ཁ་དོག་སྣ་ཚོགས་པ་བྱི་རུའི་མྱུ་གུའི་འབྲེལ་བ་རྣམ་པ་སྣ་ཚོགས་ཀྱི་ངོ་བོའི་ཚོན་འབར་བ་ན། ལྷ་མོ་སྒྲོལ་མ་མངོན་དུ་ཕྱོགས་ཤིང་ལྟ་བ་བྲི་བར་བྱའོ། །ལྷ་མོ་བགེགས་རྣམས་མ་ལུས་འཇོམས། །འཇིགས་པ་སེལ་བར་བྱེད་པའི་མཆོག །སྒྲུབ་པ་པོ་ནི་སྲུང་དོན་དུ། །དེས་ནི་དམ་པ་སྦྱིན་ཞིང་དགེ། །སྟོབས་བཅུ་ལྡན་སྲས་ཐུགས་རྗེ་ནི། །བུད་མེད་གཟུགས་འཆང་ལྷ་མོ་ཡིན། ། འབྱུང་པོ་ཀུན་གྱི་དཔལ་དོན་དང་། །མཆོག་སྦྱིན་བྱེད་པ་བྲི་བར་བྱ། །འཇམ་པའི་དབྱངས་ཅན་འོད་ཆེན་ནི། །གཞོན་ནུའང་ལྷ་མོ་འདི་ལ་དགྱེས། །བགེགས་རྣམས་ཐམས་ཅད་བསལ་བའི་ཕྱིར། །སྒྲུབ་པ་པོས་ཀྱང་ཡང་དག་བཀུར། །མི་ཡི་བདག་པོ་སྲུང་དོན་དང་། །དཔལ་སྒྲུབ་ཕྱིར་ཡང་རི་མོ་བྲི། །ཁྲོ་བོའི་རྒྱལ་པོ་གང་ཡིན་ཏེ། །རི་ཡི་རྩེ་མོར་གཞག་བྲིས་པ། །བགེགས་རྣམས་ཐམས་ཅད་གཞིག་པའི་ཕྱིར། །རྒྱལ་བ་མཆོག་དང་སྲས་ཀྱིས་གསུངས། །མི་བཟད་ཆེན་པོ་འཁྱིལ་བ་ཆེ། །གཏུམ་ཆེན་འོད་ཆེན་ལྡན་པ་པོ། །མ་རུངས་སེམས་ཅན་ཚར་གཅད་ཕྱིར། །སྒྲུབ་པ་ལ་ནི་རབ་ཏུ་བརྟགས། །སྒྲུབ་པ་པོ་ནི་སྲུང་བ་དང་། །བགེགས་རྣམས་ཐམས་ཅད་སེལ་བར་བྱེད། །མི་བཟད་ཁྲོ་བོའི་ངང་ཚུལ་ཅན། །སྔགས་ཀྱི་ལྷ་དག་འགུགས་པར་བྱེད། །ཤིན་ཏུ་མི་བཟད་དྲག་པོའི་གཟུགས། །བརྩེ་བ་མེད་པ་ཐམས་ཅད་


DKG088_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ། །སྡིག་དང་དྲག་པོར་སྤྱོད་པ་རྣམས། །དབང་དུ་མི་འགྱུར་དབང་དུ་བྱེད། །མཁའ་སྤྱོད་ས་ལ་སྤྱོད་པ་དང་། །ས་འོག་སྤྱོད་པ་ཐམས་ཅད་ཀྱི། །ཐུབ་པའི་བསྟན་ལ་འགལ་བྱེད་གང་། །མ་རུངས་ཐམས་ཅད་འདུལ་བར་བྱེད། །རས་ནི་ཀུན་ནས་གྲུ་བཞི་དང་། །ཟུར་བཞི་དག་ཏུ་བྲི་བ་ཡིན། །རས་ཀྱི་འོག་ཏུ་ཐ་མར་ནི། །ཆུ་བོ་རྒྱ་ཆེའི་གནས་བྱ་སྟེ། །ཀླུ་ཡི་གདེངས་ཀ་ཡན་ལག་ཅན། །གཅིག་ནི་ཀུན་དུ་བྱ་བ་ཡིན། །ཡན་ལག་བཟང་པོ་དཀར་པོ་དང་། །ལུས་ཕྱེད་མི་ཡི་རྣམ་པར་སྐྱེས། །བྱང་དུ་མགོ་ནི་གཞག་བྱ་སྟེ། །རྟག་ཏུ་ཐལ་མོ་སྦྱར་བྱེད་པ། །སྟོབས་ཆེན་གདེངས་ཀ་བདུན་དང་ལྡན། །མཐའ་ཡས་ཞེས་ནི་བྱ་བ་ཡིན། །དེ་བཞིན་གཤེགས་ལ་ངེས་པར་ལྟ། །ནོར་བུ་རིན་ཆེན་གྱིས་མཛེས་པ། །ལེགས་པར་མཛེས་དང་གཟུགས་མཛེས་དང་། །རིན་ཆེན་རྒྱན་གྱིས་ཡོངས་བརྒྱན་པའི། །འབར་བའི་ཕྲེང་ཅན་བྲི་བ་ནི། ། ཀླུ་རྒྱལ་ཆེན་པོར་རྣམ་པར་གྲགས། །འཇིག་རྟེན་ཀུན་ལ་ཕན་པར་བརྩོན། །སངས་རྒྱས་བསྟན་ལ་རབ་ཏུ་ཞུགས། །བགེགས་རྣམས་ཐམས་ཅད་རྣམ་གཞིག་ཕྱིར། །ཆུ་བོ་ལ་བརྟེན་བྲི་བར་བྱ། །རས་ཀྱི་ཆོ་ག་དམ་པ་འདི། །རྒྱལ་བ་རྣམས་ཀྱིས་གསུངས་པ་ཡིན། །དེ་བཞིན་གཤེགས་པས་སྔོན་གསུངས་པ། །རྒྱས་བསྟན་ངས་ནི་མདོར་བསྡུས་ཡིན། །མཁས་པ་གང་ཞིག་འདྲི་བྱེད་པ། །དེ་ཡི་བསོད་ནམས་མཐའ་ཡས་འགྱུར། །བསྐལ་པ་བྱེ་བར་བྱས་པ་ཡི། །སྡིག་པ་ཤིན་ཏུ་མི་བཟད་པ། །ས་སྟེང་རི་མོ་མཐོང་བ་ཙམ། །དེ་ཡི་མོད་ལ་འབྱང་བར་བྱེད། ། མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་ཁྲིམས་ཉམས་དང་སྨད་པ་དང་། །སྡིག་པ་ཀུན་ལ་འཇུག་པ་དང་། །འཁོར་བའི་མུན་པར་སྤྱོད་པ་དང་། །འགྲོ་བའི་སྐྱེ་གནས་ངན་པ་དག །དེར་ནི་རས་རིས་གཞག་མི་བྱ། །རས་རིས་མཐོང་བའང་དོན་ལྡན་ཞེས། །ཐུབ་པའི་དབང་པོས་གསུངས་པ་ཡིན། །མཐོང་བ་ཙམ་གྱིས་དག་འགྱུར་ཏེ། །དེ་བས་སྐད་ཅིག་དེ་ཙམ་གྱིས། །ཡིད་དག་ལུས་ནི་དག་འཇུག་དང་། །རྗེས་སུ་བཟླས་པ་བྱེད་པ་དང་། །སྔགས་རྟེན་ཉིད་ལ་རྟག་བརྩོན་པའི། །མི་རྣམས་གྲུབ་འདོད་སྨོས་ཅི་དགོས། །བསྐལ་པ་བྱེ་བར་སངས་རྒྱས་ལ། །མཆོད་


DKG088_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསོད་ནམས་གང་ཡིན་པ། །ས་སྟེང་རས་རིས་འདྲི་བ་ཡི། །སྔགས་པས་བསོད་ནམས་དེ་འཐོབ་འགྱུར། །གང་གཱ་ཡི་ནི་བྱེ་མ་དག །ཚད་དུ་བསྟན་པ་གང་ཡིན་པ། །དེ་དང་མཉམ་པའི་སངས་རྒྱས་དང་། །རང་རྒྱལ་དང་ནི་བྱང་ཆུབ་སེམས། །བསེ་རུ་ཉན་ཐོས་འཇིག་རྟེན་ན། །ལན་མང་དག་ཏུ་མཆོད་སྟོན་བྱས། །རས་རིས་མཐོང་བ་ཙམ་གྱིས་ནི། །མི་ཡིས་དེ་བཞིན་བསོད་ནམས་འཐོབ། །ཆོ་ག་ཀློག་པ་ཙམ་དང་ནི། །མཆོད་དང་རྗེས་སུ་ཡི་རང་བ། །ཆོ་ག་ཐམས་ཅད་རབ་བརྟགས་པ། །དེ་ལ་སྔགས་ཀྱི་དངོས་གྲུབ་དེས། །འཇིག་རྟེན་སྔགས་རྣམས་ཅི་སྙེད་པ། །གང་དག་རྒྱལ་བ་སྐྱེས་མཆོག་དང་། །དེའི་སློབ་བསེ་རུ་བྱང་ཆུབ་སེམས། །བདག་ཉིད་ཆེན་པོས་གང་གསུངས་པ། །རི་མོ་འདི་ནི་མདུན་བཞག་ན། །སྔགས་རྣམས་མ་ལུས་གྲུབ་པར་འགྱུར། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ལས། རས་རིས་ཆེན་མོ་དང་པོའི་ཆོ་གའི་ལེའུ་སྟེ་བཞི་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། གཞན་ཡང་ཁྱོད་ཀྱི་འབྲིང་གི་རས་ཀྱི་ཆོ་ག་དེ་ངས་བཤད་པར་བྱ་ཡིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །དང་པོར་རེ་ཞིག་སྔར་བསྟན་པའི་དོག་པ་དང་། སྔར་བསྟན་པའི་ཆོ་ག་དང་། སྔར་བསྟན་པའི་བཟོ་བོ་དང་སྔར་གྱི་ཚད་བར་མ་དང་ལྡན་པ། རས་ཤིན་ཏུ་བཟང་བ་དང་འཇམ་པ་དང་ཤིན་ཏུ་བཀྲུས་པ་ཁ་ཚར་དང་བཅས་པ་དང་། ཚོན་མ་འདྲེས་པ་དང་སྐྲ་ལ་སོགས་པ་མེད་པར་བྱས་ལ། ཚད་མ་གཏོགས་པ་དང་པོ་ཅི་ལྟ་བ་དེ་བཞིན་དུ་བྱས་པའི་རས་དེ་ལ་ཕྱི་ནས་བྲི་བར་བྱ་སྟེ། དང་པོར་རེ་ཞིག་གནས་གཙང་མ་ཀུན་ནས་མཛེས་པ། རིན་པོ་ཆེ་ཤེལ་གྱི་རང་བཞིན་ལྟ་བུ་མུ་ཏིག་དཀར་པོས་བརྒྱན་པ། དེའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྲི་བར་བྱ་སྟེ། རིན་པོ་ཆེའི་སེང་གེའི་ཁྲི་ལ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཆོས་འཆད་ཅིང་བཞུགས་པའོ། །གཡས་ཕྱོགས་ན་འཕགས་པ་འཇམ་དཔལ་པདྨའི་གེ་སར་རམ། གུར་


DKG088_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གུམ་མམ། ཉི་མའི་མདོག་འདྲ་བ་གཡོན་པའི་དཔུང་པའི་ཕྱོགས་སུ་ཨུཏྤལ་བསྣམས་ཤིང་ཐལ་མོ་སྦྱར་བས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་བལྟ་བ། བཞིན་ཅུང་ཟད་རྒོད་པ་གཞོན་ནུའི་གཟུགས་ཅན། ཟུར་ཕུད་ལྔས་མགོ་མཛེས་པར་བྱས་པ། བྱིས་པ་གཞོན་ནུའི་རྒྱན་གྱིས་བརྒྱན་པ། པུས་མོ་གཡས་པའི་ལྷ་ང་དང་མགོ་འདུད་པའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་གཡོན་ལོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་ཟླ་བའི་མདོག་ལྟར་དཀར་བ། སྔ་མ་ཅི་ལྟ་བ་དེ་བཞིན་དུ་བྲི་བར་བྱ་སྟེ། འོན་ཀྱང་བཅོམ་ལྡན་འདས་ལ་རྔ་ཡབ་གཡོབ་པར་བྱའོ། །དེའི་ཕྱོགས་སུ་འཕགས་པ་བྱམས་པ་དང་། ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་དང་། བློ་གྲོས་ཆེན་པོ་དང་ཞི་བར་གཤེགས་པ་དང་ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྟེ། འདི་དག་ཀྱང་སྔ་མ་བཞིན་དུ་བྲི་བར་བྱའོ། ། དང་པོ་ཅི་ལྟ་བ་དེ་བཞིན་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྲི་བར་བྱའོ། །འདི་དག་གི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་བརྒྱད་བྲི་བར་བྱ་སྟེ། བཞེངས་པ་དང་ལག་པ་གཡས་པས་མཆོག་སྦྱིན་པ་དང་། སྐུ་ལ་ན་བཟའ་སེར་པོས་སྟོད་གཡོགས་བྱས་པ། ལག་པ་གཡོན་པས་ཆོས་གོས་ཀྱི་དཀྱིལ་ནས་འཛིན་པ། ཆོས་གོས་ཀྱི་ཁ་དོག་ཅུང་ཟད་དམར་བ་མནབས་པ། ཀུན་ནས་འོད་དང་ལྡན་པ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ལ་འདི་ལྟ་སྟེ། དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་དང་། རིན་ཆེན་གཙུག་ཏོར་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུང་དང་། སྤྱན་བཟང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེ་དག་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་འཕགས་པ་འཇམ་དཔལ་གྱི་མདུན་དུ་འཁོར་ཆེན་པོའི་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉན་ཐོས་ཆེན་པོ་བརྒྱད་དང་། རང་སངས་རྒྱས་བརྒྱད་སྔ་མ་ཅི་ལྟ་བ་དེ་བཞིན་དུ་བྲི་སྟེ། འོན་ཀྱང་འཕགས་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཤཱ་རིའི་བུ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་རྔ་ཡབ་ཀྱིས་གཡོབ་པ་འགྲེང་


DKG088_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཏུ་བྲི་བར་བྱའོ། །དེ་བཞིན་དུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་བྲི་བར་བྱའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་འཐབ་བྲལ་དང་དགའ་ལྡན་དང་འཕྲུལ་དགའ་དང་དག་པ་དང་། དྲི་མ་མེད་པ་དང་འཇམ་པ་དང་མི་གདུང་བ་དང་འོད་གསལ་དང་། ཚངས་པ་མི་མཇེད་ཀྱི་བདག་པོ་དང་འོག་མིན་དང་དེ་ལ་སོགས་པའི་ལྷའི་བུ་གཟུགས་ན་སྤྱོད་པ་དང་། འདོད་པ་ན་སྤྱོད་པའི་ལྷའི་བུ་དག་མཐར་གྱིས་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་དང་ཉེ་བར་འཁོར་གྱི་དཀྱིལ་འཁོར་ལེགས་པར་དགོད་པར་བྱ་སྟེ། རང་རང་གི་གཟུགས་དང་ཆ་བྱད་དུ་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་སེང་གེའི་ཁྲིའི་འོག་ཏུ་ནི། རྒྱ་མཚོ་ཆེན་པོ་ལས་མངོན་པར་བྱུང་བའི་ཀུན་ནས་རིན་པོ་ཆེའི་རི་བོ་རས་ཀྱི་མཐའ་མར་བྲི་བར་བྱའོ། །རས་རིས་ཀྱི་ཕྱོགས་གཅིག་གི་མཐའ་ལ་སྒྲུབ་པ་པོ་ཆ་བྱད་དང་དབྱིབས་ཅི་ལྟ་བུའི་རྣམ་པ་པུས་མོའི་ལྷ་ང་དང་མགོ་བཏུད་པ། སྤོས་སྣོད་ལག་ན་ཐོགས་པ་བྲི་བར་བྱའོ། །རིན་པོ་ཆེའི་རི་བོ་དེའི་སྟེང་འཕགས་པ་འཇམ་དཔལ་གྱི་འོག་ཏུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེའི་གཤེད་ཅི་ལྟར་བསྟན་པ་དེ་ལྟར་བྲི་བར་བྱའོ། །བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སེང་གེའི་ཁྲིའི་འོག་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་དྲུང་དང་ཉེ་བ་དེར། རིན་པོ་ཆེའི་རི་བོའི་སྟེང་དུ་ལྷ་མོ་སྒྲོལ་མ་སྔར་ཅི་ལྟར་བསྟན་པ་དེ་བཞིན་དུ་བྲི་བར་བྱ་སྟེ། རས་རིས་དེའི་ཁོ་ར་ཁོར་ཡུག་ཏུ་མེ་ཏོག་གཏོར་བ་བྲི་བར་བྱས་ལ་གཅལ་བཀྲམ་པར་བྱ་བ་ལ་མེ་ཏོག་ཙམ་པ་ཀ་དང་ནཱི་ལོད་པ་ལ་པདྨ་དང་དྲི་མཆོག་དང་མཱ་ལ་ཏི་དང་། བཱར་ཤི་ཀ་དང་དྷཱ་ནུ་ཥྐཱ་རི་ཀ་དང་པུན་ནཱ་ག་དང་། ནཱ་ག་གེ་སར་ལ་སོགས་པའི་མེ་ཏོག་གིས་རས་རིས་དེ་ལ་ཁོ་ར་ཁོར་ཡུག་ཏུ་གཏོར་བར་བྱའོ། །རས་རིས་ཀྱི་སྟེང་གི་མཐའི་ཟུར་གཉིས་སུ་ལྷའི་བུ་གཉིས་མེ་ཏོག་གི་ཚོགས་འཐོར་བ། གཟུགས་རྣམ་པར་བཀྲ་བ་བར་སྣང་ལ་གནས་པ། ཆར་འབྱིན་པའི་སྤྲིན་གྱི་ནང་ནས་མགོ་ཙམ་འཐོན་པ་ལྡིང་བཞིན་པ། ཁ་དོག་དཀར་པོ་བྲི་བར་བྱའོ། །རས་རིས་འབྲིང་དུ་གསུངས་པ་འདི། །དཔལ་དོན་གཉེར་ལ་ཡང་དག་འབྱུང་། །ས་ཡི་སྟེང་གི་མི་རྣམས་ལ། །གྲུབ་པ་འབྲིང་ནི་འདི་ལ་བརྟེན། །འཁོར་བར་སྔོན་ཆད་འཁོར་བ་ན། །སྡིག་པ་ཅུང་


DKG088_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་གང་བྱས་པ། །འདིར་ནི་རས་རིས་མཐོང་ཙམ་གྱིས། །དེ་ཡི་མོད་ལ་རྣམ་པར་འཇིག །འགྲོ་བ་ལྔར་ནི་འཁོར་བ་ན། །སེམས་ཅན་རྨོངས་པས་མི་ཤེས་ཏེ། །འཇམ་པའི་དབྱངས་ཀྱི་རས་རིས་ནི། །འབྲིང་པོ་མཐོང་བར་མི་བྱེད་པའོ། །མཚམས་མེད་ལྔ་པོ་བྱེད་པ་དང་། །སྡིག་པའི་རྙོག་པ་བྱེད་གྱུར་པ། །སྔགས་རྣམས་སྣ་ཚོགས་གསུངས་གྱུར་པས། །ཚུལ་ཁྲིམས་ཉམས་པའང་འགྲུབ་པར་འགྱུར། །མྱུར་དུ་རྟོགས་པའང་འགྲུབ་པ་ནི། །བཟླས་པས་ཐོབ་པར་བྱེད་པ་ཡིན། །རས་རིས་འབྲིང་པོ་མཐོང་བས་ནི། །ནད་པ་དག་ཀྱང་ནད་ལས་ཐར། །དབུལ་པོ་དག་ཀྱང་ནོར་ཐོབ་བྱེད། །བུད་མེད་རྣམས་ཀྱང་བུ་འཐོབ་འགྱུར། །དེ་ཚེ་མཐོང་བ་ཙམ་གྱིས་ནི། །བསོད་ནམས་རྒྱ་ཆེན་ཐོབ་པར་འགྱུར། །ངེས་པར་ལྷ་དང་མི་རྣམས་ཀྱི། །བདེ་བ་མི་ཡིས་བསྟེན་པར་འགྱུར། །སྐྱེ་བ་གཞན་དུ་ངེས་པར་ནི། །སངས་རྒྱས་ཉིད་ནི་ངེས་ཐོབ་འགྱུར། །ཀློག་དང་འདྲི་བ་ཉིད་དང་ནི། ། དེ་བཞིན་མཆོད་དང་ཕྱག་འཚལ་དང་། །མཐོང་དང་རེག་པ་ཙམ་གྱིས་ནི། །སྡིག་པའི་རྙོག་པ་ཀུན་ལས་གྲོལ། །རས་རིས་འདི་ནི་མཐུ་ཆེན་ལ། །དོན་དུ་གཉེར་དང་བསྐུལ་བས་ནི། །མྱུར་དུ་སྐྱེ་བ་དོན་ཡོད་འཐོབ། །རྗེས་སུ་ཡི་རང་དེ་བཞིན་ནོ། །རས་རིས་མཐོང་བའི་སྐྱེ་བོ་ཡི། །བསོད་ནམས་ཐོབ་པ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་རྒྱ་ཆེ་བའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ལེའུ་ལྔ་པའི་ཆོ་ག་རབ་འབྱམ་ལས་རས་རིས་གཉིས་པའི་ཆོ་ག་རྫོགས་སོ།། །།དེ་ནས་གཞན་ཡང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་གཞན་ཡང་ཁྱོད་ཀྱིས་རས་རིས་གསུམ་པའི་ཆོ་ག་རབ་ཏུ་གསུངས་པ་ཞེས་བྱ་བ་ཡོད་དེ། གང་སེམས་ཅན་རྣམས་ལ་འབད་པ་མེད་པར་འགྲུབ་པར་འགྱུར་བ་སྔར་བསྟན་པའི་བཟོ་བོ་དང་། ཆོ་ག་དང་བདེ་བར་གཤེགས་པའི་མཐོ་གང་ཙམ་ཐད་ཀར་དེ་བཞིན་དུ་ཀུན་ནས་ཟུར་བཞི་སྔ་མ་བཞིན་དུ་རས་ལ་རི་མོ་བྱའོ། །སྔར་བསྟན་པའི་ཚོན་གྱིས་དང་པོར་རེ་ཞིག་འཕགས་པ་འཇམ་དཔལ་སེང་གེའི་ཁྲི་ལ་བཞུགས་


DKG088_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྔ་མ་བཞིན་དུ་བྱིས་པ་ཁྱེའུའི་གཟུགས་མཛེས་པའི་གཟུགས་ཅན་འོད་ཟེར་འཕྲོ་བ་དང་ལྡན་པ་ཆོས་འཆད་པ་བྲི་བར་བྱའོ། །གཡོན་གྱི་ཕྱོགས་སུ་འཕགས་པ་ཀུན་དུ་བཟང་པོ་རིན་པོ་ཆེའི་རི་ལ་གནས་པ། རྔ་ཡབ་ལག་ན་ཐོགས་པ་ལག་པ་གཡོན་པ་ན་ནོར་བུ་རིན་པོ་ཆེ་ཐོགས་པ། མེ་ཏོག་པྲི་ཡང་ཀུ་ལྟར་སྔོ་སངས་སྔ་མ་བཞིན་དུ་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་གྱི་གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྔ་མ་བཞིན་རིན་པོ་ཆེའི་རི་ལ་གནས་པ། རྔ་ཡབ་ལག་ན་ཐོགས་པ་ལག་པ་གཡོན་པ་ན་པདྨ་འཛིན་པ། ལུས་ཀུན་ནས་འོད་དང་ལྡན་པ་བྲི་བར་བྱའོ། །སེང་གེའི་ཁྲིའི་འོག་ཏུ་རིན་པོ་ཆེའི་རས་རིས་ཀྱི་མཐའི་བར་དུ་བྲི་བར་བྱའོ། །རས་ཀྱི་མཐའ་མ་དང་ཉེ་བའི་ཟུར་དུ་འཕགས་པ་འཇམ་དཔལ་གྱི་སེང་གེའི་ཁྲིའི་འོག་གཡས་ཕྱོགས་སུ་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྔ་མ་བཞིན་དུ་བྲི་བར་བྱའོ། ། དེའི་འོག་ཏུ་སྒྲུབ་པ་པོ་སྔ་མ་བཞིན་དུ་བྲི་བར་བྱ་སྟེ། སྤོས་སྣོད་ལག་ན་ཐོགས་པ་ཐམས་ཅད་ཀྱང་སྔ་མ་ཇི་ལྟ་བ་བཞིན་དུ་བྱའོ། །འཕགས་པ་འཇམ་དཔལ་གྱི་སྟེང་དུ་དེ་བཞིན་གཤེགས་པ་མེ་ཏོག་ཡང་དག་པར་སྐྱེས་པའི་དབང་པོའི་རྒྱལ་པོ་བྲི་བར་བྱ་སྟེ། རིན་པོ་ཆེའི་རིའི་ཕུག་སོར་བཅུ་དྲུག་གི་ཚད་ཙམ་གྱི་ནང་ན་བཞུགས་པ། རིའི་སྟོད་ཀྱི་ཆ་ཁང་པ་བརྩེགས་པ་འདྲ་བ་བྲི་བར་བྱའོ། །རས་རིས་ཀྱི་ཁོ་ར་ཁོར་ཡུག་ཏུ་རིའི་རྣམ་པས་ཡོངས་སུ་འཁོར་བ་བྲི་བར་བྱའོ། །སྟེང་གི་རས་ཀྱི་མཐའ་གཉིས་ལ་གནས་པའི་རིའི་སྟོད་ཀྱི་ཆ་ལ་ལྡིང་བ་བཞིན་དུ་མེ་ཏོག་གི་ཚོགས་འཐོར་བའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་དག་པ་དང་རྣམ་པར་དག་པ་ཞེས་བྱ་བ་གཉིས་སྔ་མ་བཞིན་དུ་བྲི་བར་བྱ་ཞིང་། །རས་ལ་མེ་ཏོག་རྣམ་པ་སྣ་ཚོགས་ཀྱི་གཅལ་བཀྲམ་པ་ཡང་བྲི་བར་བྱའོ། །རྣམ་གསུམ་རས་རིས་མཚན་ཉིད་ནི། །ཐམས་ཅད་འདིར་ནི་བསྟན་པ་ལས། །འདི་ནི་ཐ་མ་ཞེས་བྱ་སྟེ། །ཕྲན་ཚེགས་ལས་རྣམས་དག་ལ་ཤེས། །བསྐལ་པ་བྱེ་བར་མི་བཟད་ལས། །རས་རིས་མཐོང་བ་ཙམ་གྱིས་གྲོལ། །རས་རིས་མཐོང་བ་ཙམ་གྱིས་ནི། །སྐད་ཅིག་དེ་ལ་གྲོལ་བར་འགྱུར། །སངས་རྒྱས་བྱེ་བ་སྟོང་ཕྲག་ནི། །


DKG088_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་ཙམ་གྱིས་གྲོལ་འགྱུར་ཏེ། །རས་རིས་མཐོང་བ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་གྲོལ་བར་འགྱུར། །སངས་རྒྱས་བྱེ་བ་སྟོང་ཕྲག་ལ། །བློ་དང་ལྡན་པས་བསྙེན་བཀུར་བས། །རས་རིས་ཐ་མ་མཐོང་བ་ནི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །སངས་རྒྱས་སྐྱོབ་པ་ཀུན་ལ་ནི། །མཆོད་བྱས་བསོད་ནམས་གང་ཡིན་པ། །མཁས་པས་བསོད་ནམས་གང་ཐོབ་དེ། །རས་རིས་མཐའ་མ་མཐོང་བའི་ཡིན། །དགེ་བ་དག་གི་ལས་རྣམས་ལ། །ལོངས་སྤྱོད་ཕྱིར་ཡང་འདིར་སྤྱད་དོ། །སྔགས་རྣམས་གང་དག་ཅི་ཡོད་པ། །ཚངས་དབང་དྲང་སྲོང་གིས་བཤད་དང་། །ནམ་མཁའ་ལྡིང་གིས་གང་བཤད་དང་། །ཆུ་ལྷ་ཉི་མ་ལུས་ངན་དང་། །ནོར་སྦྱིན་སོགས་དང་སྲིན་པོ་དང་། །ལྷ་མིན་དབང་པོ་ལྟོ་འཕྱེ་དང་། །ཟླ་བ་རླུང་དང་གཤིན་རྗེ་སོགས། །ཁྱབ་འཇུག་ལྷ་ཆེན་སོགས་བཤད་པ། །སྔགས་རྣམས་འདིར་ནི་བཀུག་པ་དག །རས་རིས་མདུན་དུ་དངོས་གྲུབ་འགྱུར། །འདིར་ནི་ཞི་བ་བྱ་བ་སྟེ། །དེ་བཞིན་དུ་ནི་རྒྱས་པ་བྱ། །འདིར་ནི་མངོན་སྤྱོད་སྤང་བྱ་སྟེ། །ཐུབ་པ་མཆོག་གིས་སྨད་པ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་ལས། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ལེའུ་དྲུག་པའི་ཆོ་ག་རབ་འབྱམ་ལས། རས་རིས་ཆུང་ངུ་གསུམ་པའི་ཆོ་ག་རྫོགས་སོ།། །།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ནི་ལེགས་སོ་ལེགས་སོ། །རིག་པ་ཐམས་ཅད་ཀྱི་བརྟུལ་ཞུགས་སྤྱད་པའི་དོན་དང་། ཕན་པ་དང་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པ་སྟོན་པ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བར་བྱེད་པ། བྱང་ཆུབ་


DKG088_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་རྣམས་ཀྱི་རྒྱུད་ངེས་པར་བྱང་ཆུབ་སྒྲུབ་པར་བྱེད་པ། སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་པ། བདག་གི་གསང་སྔགས་འདི་སྐྱེ་བོ་ཐམས་ཅད་ལ་རྒྱས་པར་བྱེད་པར་འགྱུར་རོ། །མ་འོངས་པའི་དུས་ན་འཇིག་རྟེན་གྱི་བླ་མ་འདས་པ་ན། དེ་བཞིན་གཤེགས་པའི་ཉི་མའི་རིགས་ནུབ་པ་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྤངས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་མུན་པར་གྱུར་པ་དང་། སྣོད་ཀྱི་འཇིག་རྟེན་རྣམ་པར་འཇིག་པ་དང་འཕགས་པའི་ལམ་དང་། རིག་པ་ཐམས་ཅད་དང་སྔགས་དང་སྨན་དང་། ནོར་བུ་རིན་པོ་ཆེ་མེད་པ་དང་། སྐྱེ་བོ་དམ་པ་རྣམས་ཀྱིས་འཇིག་རྟེན་ན་ཡོངས་སུ་མ་ཟིན་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་འབྱུང་བར་འགྱུར་ཏེ། ལེ་ལོ་ཅན་དང་དྲན་པ་ཉམས་པ་དང་། མ་དད་པ་དང་མི་སྲུན་པ་དང་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་གཡོ་སྒྱུ་དང་ལྡན་པ་དང་། སླུ་བ་སྤྱོད་པ་དེ་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་སྐྲག་པར་འགྱུར་ཏེ། ལེ་ལོ་ལ་མངོན་པར་འདོད་ཅིང་དད་པར་མི་འགྱུར་ལ། འདོད་པ་ཚོལ་ཞིང་ཡིད་ཆེས་པར་མི་འགྱུར་རོ། །ལོག་པའི་ལྟ་བ་སྐྱེ་ཞིང་བསོད་ནམས་མ་ཡིན་པ་འཕེལ་བར་འགྱུར་རོ། །མཚམས་མེད་པར་གཞོལ་ཞིང་ཤིན་ཏུ་མི་བཟད་པའི་ཡང་ཤིན་ཏུ་མི་བཟད་པ་འཐོབ་པ་སྡུག་བསྔལ་བ་དེ་དག་གི་དོན་དང་དབང་མེད་པ་ལ་དབང་དུ་བྱ་བའི་དོན་དང་། དབང་དུ་གྱུར་པ་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་དང་། ཐབས་མཁས་པས་བསྡུ་བའི་སྦྱོར་བ། སྔགས་ཀྱི་རས་ཀྱི་རི་མོའི་ཆོ་ག་གང་དེའི་དུས་ལ་བབ་པར་མཁྱེན་ན་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་དེ་བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱི་མཆོག་ཏུ་གསང་བ་རིག་པའི་བརྟུལ་ཞུགས་སྤྱོད་པའི་ལེའུ་རས་རིས་ཀྱི་ཆོ་ག་རབ་འབྱམ་ཡོད་དེ། སྙིང་པོ་མཆོག་རྣམས་ཀྱི་དོན་མཆོག་ཏུ་གསང་བ་དམ་པ་དོན་ཆེན་པོ་སྔགས་ཐམས་


DKG088_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་ཆོ་གར་གྱུར་པ་དྲུག་པོ་འདི་དག་ཡི་གེ་དྲུག་གི་སྙིང་པོའི་མཆོག །ཐེ་ཚོམ་མེད་པ་དེའི་ཚེ་འགྲུབ་པར་འགྱུར་ཏེ། སེམས་ཅན་དེ་དག་གདུལ་བའི་ཕྱིར་དང་། ཐབས་ལ་མཁས་པ་ལ་ཡང་དག་པར་རབ་ཏུ་ཞུགས་པའི་ཕྱིར་དང་། ངེས་པར་ཡང་དག་པའི་བྱང་ཆུབ་ཐོབ་པའི་ཕྱིར། སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་དྲུག་གིས་སྔར་གསུངས་ཤིང་ད་ལྟར་ཡང་ངས་བཤད་དེ། མ་འོངས་པའི་སྐྱེ་བོའི་ཚོགས་ལ་ཕན་པའི་ཕྱིར་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ངས་བཤད་པར་བྱའོ། །དེ་གང་ཞེ་ན། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྔགས་གསུངས་པ། ༀ་བཱཀྱེ་྅རྠ་ཛ་ཡ། ༀ་བཱཀྱེ་ཤེ་ཤ་སྭཱ། ༀ་བཱཀྱེ་བཾ་ཛ་ཡ། ༀ་བཱཀྱེ་ནི་ཥྠེ་ཡ། ༀ་བཱཀྱེ་ཡ་ན་མཿ། ༀ་བཱཀྱེ་དཾ་ན་མཿ། དེ་ལྟར་འདི་དག་འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་ཀྱི་སྔགས་དྲུག་དང་ཡི་གེ་དྲུག་པ་མཐུ་ཆེན་པོ་དང་སྟོབས་མཉམ་པ། སྙིང་པོ་དམ་པ་མཆོག་ཏུ་གྲུབ་པ། སངས་རྒྱས་བཞིན་དུ་འབྱུང་བ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར། སངས་རྒྱས་ཐམས་ཅད་ཀྱིས་རབ་ཏུ་གསུངས་པ། དམ་ཚིག་ཉམས་པ་དང་དམ་ཚིག་གཡོས་པ་རྣམས་ཀྱི་ལས་ཐམས་ཅད་བྱེད་པ། བྱང་ཆུབ་ཀྱི་ལམ་རྗེས་སུ་སྟོན་པ། དེ་བཞིན་གཤེགས་པའི་རིགས་ལ་སྔགས་ཀྱི་མཆོག་ཏུ་གྱུར་པ། མཆོག་དང་འབྲིང་དང་ཐ་མ་གསུམ་ལ་རབ་ཏུ་སྦྱོར་བ། ལེགས་པར་སྦྱངས་པའི་ལས་ཀྱི་འབྲས་བུའི་རྣམ་པར་སྨིན་པ་སྦྱིན་པ། བསྟན་པ་ནུབ་པའི་དུས་སུ་ཡང་དངོས་གྲུབ་ཐོབ་པར་འགྱུར་རོ། །ལས་ཀྱི་ཚུལ་དང་བཅས་པ་ལ་ཡང་དག་པར་གཞོལ་བ་ལ། སྐད་ཅིག་གིས་དོན་བསྒྲུབ་པར་འགྱུར་བ་དེ་དག་མྱུར་དུ་ཤིན་ཏུ་མྱུར་བར་དེའི་ཚེ་དང་དེའི་དུས་སུ་འགྲུབ་པར་འགྱུར་རོ། །ཉམ་སད་པའི་ཕྱིར་ཡང་སྙིང་པོ་དམ་པ་འདི་དག་བསྒྲུབ་པར་བྱ་སྟེ། མདོར་ན་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་འགྲུབ་པར་འགྱུར་རོ། །དེས་ན་རས་རིས་ཀྱི་ཆོ་ག་འདི་བྱ་བ་ཡིན་ཏེ། དེའི་ཚེ་དེའི་དུས་ན་འཇིགས་པ་ཆེན་པོ་དང་། སྙིགས་མ་ལ་སེམས་ཅན་བསོད་ནམས་ཆུང་བ་འབྱུང་བར་འགྱུར་ཏེ། གྲགས་པ་ཆུང་བ་དང་། ཚེ་ཐུང་བ་དང་ལོངས་སྤྱོད་ཆུང་བ་དང་། ཆོས་སྤྱོད་པ་


DKG088_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བས་ཤིན་ཏུ་རྒྱ་ཆེ་བའི་རས་རིས་ཀྱི་ཆོ་གའི་སྒྲུབ་པ་ལ་སོགས་པ་རྩོམ་པར་མི་ནུས་ཏེ། དེ་དག་གི་ཕྱིར་ཤིན་ཏུ་མདོར་བསྟན་པར་བྱའོ། །དང་པོར་རེ་ཤིག་དཔའ་བོའི་ཚོང་གིས་དོག་པ་སྲང་གཅིག་གམ་སྲང་ཕྱེད་ཀྱིས་ཉོས་ལ་ཆུར་ཁྲུ་གང་། ཞེང་དུ་ཁྲུ་ཕྱེད་ཙམ་གྱི་རས་ཁ་ཚར་དང་བཅས་པ་ཐག་པ་ལ་འཐག་ཏུ་གཞུག་གོ། །ཡང་ན་སྐྲ་མེད་པའི་རས་ཀྱི་དུམ་བུ་སར་པ་གཞན་སྟེང་དང་འོག་ཏུ་ཅི་ལྟར་འདོད་པ་ཁྲུ་གཉིས་དང་བཞི་དང་དྲུག་དང་ལྔ་དང་བཅུ་དང་བརྒྱད་པའི་རས་བླངས་ཏེ། ཅི་ལྟར་འདོད་པའི་རི་མོ་བས་རི་མོ་བྲི་བར་བྱའོ། །ཚོན་མ་འདྲེས་པ་དང་ཙནྡན་དང་ག་པུར་དང་། གུར་གུམ་གྱིས་བསྒོས་ཏེ། རས་ཀྱང་ཙནྡན་དང་ག་པུར་དང་། གུར་གུམ་གཅིག་ཏུ་བྱས་པ་སྲོག་ཆགས་མེད་པའི་ཆུ་རྡུལ་མེད་པ་དང་བསྲེས་ཏེ། སྣོད་སར་པའི་ནང་དུ་བཀྲུས་ལ་ཞག་གསུམ་གྱི་བར་དུ་ལེགས་པར་བཀབ་སྟེ། བཞག་ནས་གཙང་བའི་ཕྱོགས་སུ་སྲུང་བ་བྱས་ཤིང་བདག་ཉིད་ཀྱང་གཙང་བར་བྱས་ཏེ། ཟླ་བ་ཡར་ངོའི་ཚེས་བཅྭ་ལྔ་ལ་རས་སྣོད་ཀྱི་མདུན་དུ་ཤར་དུ་མངོན་པར་ཕྱོགས་ཏེ། ཀུ་ཤའི་ཁྲེས་ལ་འདུག་ནས། སྔགས་ཀྱི་ཚིག་ལན་བརྒྱ་རྩ་བརྒྱད་བརྗོད་པར་བྱ་བ་ལ་འདི་ལྟ་སྟེ། ༀ་ཧེ་ཧེ་བྷ་ག་བཱན་བ་ཧུ་རཱུ་བ་དྷཱ་ར་དི་བྱ་ཙཀྵུ་ཥེ། ཨ་བ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ། མཱཾ་ས་མ་ཡ་མ་ནུ་སྨ་ར་ཀུ་མཱ་ར་རཱུ་པ་དྷཱ་རི་ཎེ། མ་ཧཱ་བོ་དྷི་ས་ཏྭ་ཀིཉྩི་རཱ་ཡ་སི་ཧཱུཾ་སྥ་ཊེ་སྥ་ཊེ་སྭཱ་ཧཱ། སྔགས་འདི་བཟླས་པ་བྱས་ལ་དེ་ཉིད་དུ་ཉལ་བར་བྱའོ། །གཉིད་ལོག་པའི་རྨི་ལམ་དུ་འགྲུབ་པ་འམ་མི་འགྲུབ་པ་སྟོན་པར་འགྱུར་རོ། ། དེ་ནས་ལངས་ནས་རྨི་ལམ་དུ་གྲུབ་པའི་མཚན་མ་མཐོང་ན་རིང་པོ་མི་ཐོགས་པར་རས་རིས་བྲི་བར་བྱའོ། །གལ་ཏེ་གྲུབ་པའི་མཚན་མ་རྨི་ལམ་དུ་མ་མཐོང་ན། རས་དེ་སྣོད་དེ་ལས་ཕྱུང་ལ་ཉི་མ་ལ་བསྐམས་ནས་ཡང་སྣོད་སར་པ་གཞན་དུ་བཅུག་ལ། ཤིན་ཏུ་དབེན་པར་ལེགས་པར་བསྲུང་བ་བྱས་ལ་བཞག་གོ། །དེ་ནས་ཡང་སྙིང་པོའི་མཆོག་དེ་དག་ལས་གང་ཡང་རུང་བའི་སྔགས་བླངས་ལ། གང་འདོད་པའི་ཡི་གེ་དྲུག་པ་ཡང་ཡི་གེ་འབུམ་བཟླ་བར་བྱའོ། །དེས་ན་རས་མི་དགེ་བ་ཡང་འགྲུབ་པར་འགྱུར་རོ། །དང་པོར་རེ་ཞིག་རས་དེ་བླངས་ལ་ཆོ་


DKG088_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་གྱི་ཟླ་ཕྱེད་དམ། ཡར་ངོའི་ཉིན་ཞག་ལ་རྒྱུ་སྐར་བཟང་པོ་དང་ལྡན་པའི་གྲངས་བཟང་པོ་ལ། འཕགས་པ་འཇམ་དཔལ་བྱིས་པ་ཁྱེའུ་ཡི་གཟུགས་ཅན་མགོ་ཟུར་ཕུད་ལྔ་དང་ལྡན་པ། བྱིས་པའི་རྒྱན་གྱིས་བརྒྱན་པ་མདོག་གསེར་འདྲ་བ། ན་བཟའ་སྔོན་པོ་གཡོ་བཞིན་པ་མནབས་པ། ན་བཟའ་དར་ལ་སྔོན་པོས་སྟོད་གཡོགས་བྱས་པ། ཆོས་འཆད་པ་སེང་གེའི་ཁྲི་ལ་སྐྱིལ་མོ་ཀྲུང་ཕྱེད་པས་བཞུགས་ལ། ཞབས་གཡས་པས་རིན་པོ་ཆེའི་ཞབས་རྟེན་ལ་བཞག་པ། གཡོན་པ་སེང་གེའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་དང་ལྡན་པ་བཞིན་ཅུང་ཟད་འཛུམ་པ་དང་བཅས་པ། སྒྲུབ་པ་པོ་ལ་ལྟ་བ་བྲི་བར་བྱའོ། །གཡས་ཕྱོགས་སུ་འཕགས་པ་ཀུན་དུ་བཟང་པོ་རྔ་མ་དཀར་པོ་གཡོབ་པ། པྲི་ཡང་ཀུའི་མདོག་ལྟར་སྔོ་བསངས་ལག་པ་གཡོན་པ་ན་ནོར་བུ་རིན་པོ་ཆེ་ཐོགས་པ། ཡན་ལག་ཐམས་ཅད་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་སྔོན་པོ་གཡོ་བ་མནབས་པ། མུ་ཏིག་གི་ཕྲེང་བས་མཆོད་ཕྱིར་ཐོགས་པ། པདྨ་དཀར་པོའི་གདན་ལ་འདུག་པ་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་གྱི་གཡོན་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་ཟླ་རྒྱུའི་མདོག་ལྟར་དཀར་བ། ན་བཟའ་སྔོན་པོ་གཡོ་བ་མནབས་པ། ཡན་ལག་ཐམས་ཅད་མཛེས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མུ་ཏིག་གི་ཕྲེང་བས་མཆོད་ཕྱིར་ཐོགས་བྱས་པ། ལག་པ་གཡོན་པ་ན་པདྨ་དཀར་པོ་འཛིན་པ། ལག་པ་གཡས་པ་ན་རྔ་ཡབ་གསེར་གྱི་ཡུ་བ་ཅན་དཀར་པོ་ཐོགས་པ། ཞི་བའི་ཆ་བྱད་ཅན་འཕགས་པ་འཇམ་དཔལ་ལ་ལྟ་བ། དེ་བཞིན་དུ་འཕགས་པ་ཀུན་དུ་བཟང་པོ་པདྨ་དཀར་པོ་ལ་གནས་པ། གཉི་ག་ཡང་དེ་ལྟར་བྲི་བར་བྱའོ། །དེ་ནས་སྡོང་བུ་གཅིག་ལས་སྐྱེས་པའི་པདྨ་གསུམ་ལ་དབུས་ཀྱི་རྩ་བའི་པདྨའི་གེ་སར་ལ་ནི་འཕགས་པ་འཇམ་དཔལ་གྱི་སེང་གེའི་ཁྲི་དང་རིན་པོ་ཆེའི་ཞབས་རྟེན་ནོ། །གཉིས་པའི་པདྨ་ལ་ནི་འཕགས་པ་ཀུན་དུ་བཟང་པོའོ། །གསུམ་པའི་པདྨ་ལ་ནི་སྤྱན་རས་གཟིགས་དབང་ཕྱུག་གོ། །པདྨའི་སྡོང་བུ་མཛེས་པ་རིན་པོ་ཆེ་


DKG088_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མརྒད་འདྲ་བ། པདྨའི་མེ་ཏོག་དུ་མ་ཁ་མ་བྱེ་བ་དང་། ཕྱེད་ཙམ་བྱེ་བ་དང་ཁ་བྱེ་བ་དང་ལྡན་པ། མཚོ་ཆེན་པོ་མ་དྲོས་པ་ལས་སྐྱེས་པ་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་པདྨའི་སྡོང་བུ་ལ་འཛིན་པ། ཀླུའི་རྒྱལ་པོ་དེ་དག་གི་ཁ་དོག་དཀར་བ། གདེངས་ཀ་བདུན་གྱིས་ཉེ་བར་བརྒྱན་པ། ལུས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལུས་ཀྱི་སྟོད་མི་ལ་སྦྲུལ་གྱི་གདེངས་ཀས་མཚན་པ། འཕགས་པ་འཇམ་དཔལ་ལ་ལྟ་བ། ལུས་ཕྱེད་ཆུའི་ནང་དུ་ནུབ་པ་ནོར་བུ་རིན་པོ་ཆེ་དང་གོས་ཀྱིས་ཉེ་བར་མཛེས་པ་བྲི་བར་བྱའོ། །མཚོ་ཆེན་པོ་ཀུན་གྱི་འོག་ཏུ་སྒྲུབ་པ་པོ་རས་རིས་ཀྱི་གཡས་ཕྱོགས་ཀྱི་མཐའི་ཟུར་དུ་འཕགས་པ་འཇམ་དཔལ་གྱི་ཞལ་གྱི་དཀྱིལ་འཁོར་ལ་ལྟ་བ། སྤོས་སྣོད་ལག་ན་ཐོགས་པ་མགོ་དང་པུས་མོའི་ལྷ་ང་འདུད་པ། ཆ་བྱད་དང་ཁ་དོག་སྔ་མ་ཅི་ལྟ་བ་བཞིན་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་གྱི་སྟེང་རས་ཀྱི་ཟུར་གཉིས་སུ་ལྷའི་བུ་མེ་ཏོག་གི་ཕྲེང་བ་འཛིན་པ། ནམ་མཁའ་ལ་ལྡིང་བ། སྤྲིན་གྱི་ནང་ནས་བྱུང་བ། མེ་ཏོག་གི་ཚོགས་ཆེན་པོ་འཐོར་བ་ཤིན་ཏུ་མཛེས་པ་བྲི་བར་བྱའོ། །རས་རིས་ཀྱི་འཁོར་ཡུག་ཏུ་མེ་ཏོག་ནཱ་ག་གེ་སར་ལ་སོགས་པས་རབ་ཏུ་གཏོར་བར་བྲི་བར་བྱའོ། །ཅི་ལྟར་འདོད་པའི་གཟུགས་དེ་བཞིན་དུ་བྲི་བར་བྱའོ། །འཕགས་པ་འཇམ་དཔལ་ཆོས་འཆད་པ་དང་། འཕགས་པ་ཀུན་དུ་བཟང་པོ་དང་འཕགས་པ་སྤྱན་རས་གཟིགས་ལག་ན་རྔ་ཡབ་གཡོབ་པ་བྲི་བར་བྱའོ། །ཡང་ན་སྒྲུབ་པ་པོ་ཅི་ལྟར་འདོད་པ་བཞིན་དུ་རས་རིས་ཀྱི་གཟུགས་ངེས་པར་བྲི་བར་བྱ་སྟེ། ཅི་ལྟར་འདོད་པའི་ཆ་བྱད་དམ། ཅི་ལྟར་འདོད་པའི་དབྱིབས་སམ། སྒྲུབ་པ་པོ་ཅི་ལྟ་ཅི་ལྟར་འདོད་པ་དེ་ལྟ་དེ་ལྟར་བྲི་བར་བྱའོ། །དབུས་སུ་འཕགས་པ་འཇམ་དཔལ་གཡས་གཡོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་། ཀུན་དུ་བཟང་པོ་ཅི་ལྟར་འདོད་པར་ངེས་པར་བྲི་བར་བྱའོ། །ཡང་ན་ཅི་རྙེད་པའི་རས་ཀྱི་དུམ་བུ་མཐོ་གང་ངམ། ཁྲུ་གང་ལ་བདག་ཉིད་དམ་གཞན་གྱིས་སམ། རི་མོ་མཁན་གསོ་སྦྱོང་བྱས་པའམ་གསོ་སྦྱོང་མ་བྱས་པ་དད་པའམ་མ་དད་པའམ། གཙང་བ་འམ་མི་གཙང་བ་འམ། ཚུལ་ཁྲིམས་དང་ལྡན་པ་འམ་ཚུལ་ཁྲིམས་འཆལ་པའི་རི་མོ་མཁན་


DKG088_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཀྱང་བྲི་བར་བྱའོ། །བདག་ཉིད་དམ་སྒྲུབ་པ་པོས་ངེས་པར་སྔོན་དུ་བསྙེན་པ་བྱས་པ་དང་། དད་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ངེས་པར་བྱའོ། །དེ་ལྟར་བྱས་ན་སྔགས་འགྲུབ་པར་འགྱུར་གྱི་གཞན་དུ་སྡིག་པའི་ལས་ཅན་གྱིས་ནི་མི་འགྱུར་ཏེ། དེ་ལྟར་དད་པ་དང་དེ་ལྟར་གྱུར་པས་བསྒྲུབ་པར་བྱའོ། །སྔགས་ཀྱི་རྒྱལ་པོ་དང་སྔགས་ཀྱི་ལྷ་དག་འདིར་དད་པ་དང་ལྡན་པས་འགྲུབ་པར་འགྱུར་གྱི་གཞན་དག་གིས་ནི་མ་ཡིན་ནོ། །གང་ཕྱིར་དད་པ་ཐེག་པ་མཆོག །གང་གིས་རྣམ་པར་འདྲེན་པ་མཆོག །དད་པ་མེད་པའི་མི་ལ་ནི། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚིག་པར་གྱུར་པ་ལས། །མྱུ་གུ་སྔོན་པོ་ཅི་བཞིན་ནོ། །དད་དང་ལྡན་པའི་མི་དག་ལ། །སངས་རྒྱས་ལས་ནི་འགྲུབ་འགྱུར་ཏེ། །སྔགས་རྣམས་ཐམས་ཅད་ཁྱད་པར་དུ། །དད་པ་མེད་ལ་མི་འགྲུབ་བོ། །གང་ཡང་འཇིག་རྟེན་ལྷ་དག་དང་། །དེ་བཞིན་འཇིག་རྟེན་འདས་པ་དག །དད་ལྡན་ཀུན་ལ་འགྲུབ་འགྱུར་ཏེ། །སྡིག་པ་དག་དང་བྲལ་ཕྱིར་རོ། །བྱང་ཆུབ་དེར་སོང་ཡིད་ཀྱིས་ནི། །དེ་དག་མྱུར་དུ་ངེས་འགྲུབ་སྟེ། །གཞན་ལ་འགྲུབ་པར་མི་འགྱུར་ཞིང་། །བསྟན་པ་འདི་ལ་རྣམ་པར་བཟློག །རས་ནི་ཆུང་དང་ཆེན་པོ་དང་། །འབྲིང་དུ་ཉེ་བར་བསྒྲགས་པ་ཡིན། །ལས་རྣམས་ཀུན་ལ་སྒྲུབ་པ་ནི། །ད་ནི་རབ་ཏུ་བསྟན་པར་བྱ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བདུན་པའི་ལེའུ་རབ་འབྱམ་ལས། རས་རིས་ཀྱི་ཆོ་ག་བཞི་པའི་ལེའུ་རབ་འབྱམ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་གཞོན་ནུ་གང་ཁྱོད་ཀྱིས་བསྟན་པའི་སེམས་ཅན་དེ་དག་གི་ཕྱིར། ལེའུའི་ཆོ་ག་རབ་འབྱམ་འདི་ཐབས་སླ་བས་འགྲུབ་པར་འགྱུར་བ་ངས་ཀྱང་བསྟན་ཏེ། དེ་དག་གི་དོན་གྱི་ཕྱིར་ཡོན་ཏན་རྒྱ་ཆེ་བའི་བྱེ་བྲག་གི་དབྱེ་བ། ལས་རྣམ་པར་འབྱེད་པ་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཡང་དག་པར་བཤད་པར་བྱ་ཡིས། དེ་ལེགས་པར་ཤིན་ཏུ་རབ་ཏུ་ཉོན་ཅིག་དང་བཤད་པར་


DKG088_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བདག་གི་ཚིག་གི་ནུས་པ་གསལ་བར་མཛད་ཅིང་། སྔགས་ཀྱི་སྤྱོད་པའི་ཡོན་ཏན་གྲུབ་པར་མཛད་པ་ནི་ལེགས་སོ་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་དེའི་དུས་ལ་བབ་པར་མཁྱེན་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་དེ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐམས་ཅད་དང་ལྡན་པའི་འཁོར་ལ་གཟིགས་ཏེ་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོ་ནས་འོད་ཟེར་སྔོན་པོ་དང་། སེར་པོ་དང་ལྗང་གུ་དང་ཤེལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། འོད་ཟེར་དེ་བྱུང་མ་ཐག་ཏུ་ཐམས་ཅད་དང་ལྡན་པའི་དཀྱིལ་འཁོར་སྣང་བར་བྱས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཐམས་ཅད་ཟིལ་གྱིས་མནན་ནས། རྒྱུ་སྐར་གྱི་འོད་དང་རི་བོའི་ཚོགས་ཐམས་ཅད་ཀྱི་འོད་དང་།གང་འདི་ཟླ་བ་དང་ཉི་མ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་དེ་དག་གི་འོད་ཀྱང་ཟིལ་གྱིས་མནན་ཏེ། མི་གསལ་ཞིང་འོད་མེད་པར་འགྱུར་བ་དང་། རྣམ་པར་མཛེས་པར་མི་འགྱུར་ཞིང་གསལ་བར་མི་འགྱུར་རོ། །ནོར་བུ་ཐམས་ཅད་དང་། སྔགས་དང་སྨན་དང་། རིན་པོ་ཆེའི་འོད་ཐམས་ཅད་འོད་མེད་པར་བྱས་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་གྱི་སྒོར་ནུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཁོར་གྱི་དཀྱིལ་འཁོར་དེ་ཉིད་དུ་འདུས་ཤིང་འཁོད་པར་གྱུར་པ་དེ་སྟན་ལས་ལངས་ནས། རིངས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ནི་རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་གང་ལགས། རྐྱེན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཅི་སྐད་སྨྲས་པ་དེ་བཞིན་ནོ། །བཅོམ་ལྡན་འདས་ནི་རྒྱུ་མེད་པ་དང་། རྐྱེན་མེད་པར་འཛུམ་པ་མི་མཛད་དེ། རྒྱུ་ཡོད་རྐྱེན་


DKG088_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །གང་ཞིག་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཇམ་དཔལ་གྱི་རྩ་བའི་ཆོ་ག་རིག་པའི་སྤྱོད་པ་རྗེས་སུ་སྒྲུབ་པ་ལས་སྒྲུབ་པའི་ཐབས་ལ་ཡང་དག་པར་གཞོལ་བ། ཆོས་ཀྱི་སྤྲིན་ལ་རྟེན་པ་ལ་ཡང་དག་པར་འཇུག་ཅིང་རྗེས་སུ་འབྲང་བར་བྱེད་པ་དང་། འཛིན་པར་འགྱུར་བ་དང་། ཀློག་པར་འགྱུར་བ་དང་། དད་པར་འགྱུར་བ་དང་། གླེགས་བམ་ལ་འདྲི་བ་བྱས་ནས་མཆོད་པར་འགྱུར་བ་དང་། ཙནྡན་གྱི་ཕྱེ་མ་དང་བྱུག་པ་དང་། བདུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམ་པ་སྣ་ཚོགས་པའམ། ཚིག་གི་བྱེ་བྲག་གིས་སམ། སིལ་སྙན་རྣམ་པ་སྣ་ཚོགས་དང་། ཕེག་རྡོབ་པ་དག་གམ་ཐ་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་རྒྱུད་ལ་ཐོབ་པ་འམ། བ་སྤུ་ལྡང་བར་བྱེད་པ་འམ། རིག་པའི་མཐུ་ཐོས་ནས་དགའ་བ་སྐྱེས་པ་འམ། རྗེས་སུ་ཡི་རང་བར་འགྱུར་བ་འམ། སྤྱོད་པ་ཐོབ་པར་འགྱུར་བ་དེ་དག་ནི་ངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བར་ལུང་བསྟན་ཏེ། དེས་ན་རྒྱལ་བ་དེ་ལྟར་འཛུམ་པ་མཛད་ཀྱི་གཞན་དུ་ནི་མ་ཡིན་ནོ། །འདིར་དང་པོར་རེ་ཞིག་ཆོ་གའི་རྒྱལ་པོ་འདི་ལ་དམ་ཚིག་མཐོང་བ་སྔོན་དུ་བྱ་བ་རྣམས་བྱས་པ་དང་དབང་བསྐུར་བ་ཐོབ་པ། རྩ་བའི་སྔགས་སམ་སྙིང་པོ་འམ་ཉེ་བའི་སྙིང་པོ་འམ། སྔགས་གང་ཡང་རུང་བ་བཟུང་ནས་ཡི་གེ་གཅིག་པ་འམ། གང་འདོད་པ་དགོན་པ་ཆེན་པོར་སོང་སྟེ་འབུམ་ཕྲག་གསུམ་བཟླ་བར་བྱའོ། །འབྲས་བུ་དང་ཆུས་འཚོ་བ་འམ། རྩ་བ་དང་། ལོ་མའི་བཟའ་བ་བྱས་ན། སྔོན་དུ་བྱ་བ་བྱས་པར་འགྱུར་རོ། །དེ་ནས་རིའི་རྩེ་མོར་འཛེགས་ནས་རས་རིས་ཆེན་པོའི་ཚད་ནུབ་ཕྱོགས་སུ་མངོན་དུ་ལྟ་བ་བཞག་པ་བྱས་ལ་བདག་ཉིད་ཤར་དུ་བལྟས་ཏེ། ཀུ་ཤའི་ཁྲེས་ལ་འདུག་ནས། པདྨ་དཀར་པོ་ལ་ཙནྡན་དང་གུར་གུམ་གྱིས་བཏགས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་དག་ལ་འབུམ་ཕྲག་གཅིག་རི་མོའི་རས་རིས་ཀྱི་འོག་ཏུ་དབུལ་བར་བྱའོ། །ག་པུར་གྱི་བདུག་པ་ཡང་ཅི་འབྱོར་པས་བདུག་གོ། །ལྷའི་བུ་དང་ཀླུ་རྣམས་ལ་ཡང་ཅི་རྙེད་


DKG088_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མེ་ཏོག་གིས་མཆོད་པར་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་སུ་ཆོ་འཕྲུལ་གྱི་ཟླ་ཕྱེད་ཀྱི་ཟླ་བ་ཉ་བ་ལ། རས་རིས་ཀྱི་མདུན་དུ་པདྨའི་རྣམ་པ་ལྟ་བུའི་མེ་ཐབ་བྱས་པ་ལ། ཙནྡན་དཀར་པོའི་ཤིང་གིས་མེ་སྦར་ནས། གུར་གུམ་དང་ག་པུར་བསྲེས་པས་སྲེག་བླུགས་ཅི་འབྱོར་པས་སྟོང་རྩ་བརྒྱད་སྦྱིན་སྲེག་བྱའོ། །དེ་ནས་བསྲུང་བ་བྱའོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལས་འོད་ཟེར་བྱུང་སྟེ། རས་ཀྱི་རི་མོའི་འཁོར་ཡུག་ནས་གཅིག་ཏུ་འབར་བར་འགྱུར་ཏེ། སྒྲུབ་པ་པོས་གུར་གུམ་དང་། ཙནྡན་གྱིས་བཏགས་པའི་ཙནྡན་དཀར་པོའི་མེ་ཏོག་གིས་མཆོད་ཡོན་དབུལ་ལོ། །དེ་ནས་སྒྲུབ་པ་པོས་རིངས་པའི་ཚུལ་གྱིས་རས་རིས་ལ་ལན་གསུམ་བསྐོར་བ་བྱས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། རང་སངས་རྒྱས་ཐམས་ཅད་དང་འཕགས་པ་ཉན་ཐོས་རྣམས་ལ་ཕྱག་བྱས་ནས། སྒྲུབ་པ་པོས་བྲིས་པའི་རས་རིས་ཀྱི་མཐའ་མའི་ཕྱོགས་ནས་འཇིགས་པ་མེད་པས་རས་རིས་གཟུང་བར་བྱའོ། །དེ་ནས་བཟུང་བ་ཙམ་གྱིས་འཕུར་ཏེ། སེ་གོལ་གཏོགས་པ་ཙམ་གྱིས་ཚངས་པའི་འཇིག་རྟེན་དུ་ཕྱིན་པར་འགྱུར་ཏེ། མེ་ཏོག་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་རབ་ཏུ་གནས་པར་འགྱུར་ཏེ། གང་དུ་བཅོམ་ལྡན་འདས་མེ་ཏོག་ཡང་དག་པར་སྐྱེས་པའི་རྒྱལ་པོའི་དབང་པོ་དེ་བཞིན་གཤེགས་པ་དེ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ། །འཕགས་པ་འཇམ་དཔལ་ཡང་མངོན་དུ་མཐོང་ངོ་། །ཆོས་ཀྱང་ཐོས་སོ། །བྱང་ཆུབ་སེམས་དཔའ་དུ་མ་དག་ཀྱང་མཐོང་ཞིང་། དེ་དག་ལ་བསྙེན་བཀུར་ཡང་བྱེད་དེ་བསྐལ་པ་ཆེན་པོ་སྟོང་དུ་རྒ་བ་དང་འཆི་བ་མེད་ཅིང་གནས་པར་འགྱུར་རོ། །རས་རིས་ཀྱང་དེ་ན་གནས་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་དག་གིས་བྱིན་གྱིས་བརླབས་པར་ཡང་ཡང་དག་པར་ཤེས་སོ། །སངས་རྒྱས་ཀྱི་ཞིང་སྟོང་ཡང་འདའ་བར་བྱེད་དོ། །ལུས་སྟོང་ཡང་སྟོན་པར་བྱེད་དོ། །རྫུ་འཕྲུལ་གྱི་མཐུ་དུ་མ་ཡང་འབྱིན་པར་བྱེད་དོ། །འཕགས་པ་འཇམ་དཔལ་ཡང་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །ངེས་པར་བྱང་


DKG088_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་ལ་གཞོལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་རྒྱ་ཆེ་བའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་རབ་འབྱམ་སྒྲུབ་པའི་ཐབས་མཆོག་གི་ལས་ཀྱི་ལེའུ་བརྒྱད་པ་ལས་དང་པོ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་གྱི་ལྷ་འདུས་པ་རྣམས་ལ་བཀའ་སྩལ་པ།གྲོགས་པོ་དག་ཁྱེད་ཅག་ཉོན་ཅིག །འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱོད་པའི་དཀྱིལ་འཁོར་སྔགས་སྒྲུབ་པའི་ཐབས་ཀྱི་ལས་བྱེད་པ། སྒྲུབ་པ་པོ་བསྲུང་བའི་ཕྱིར། མཆོག་ཏུ་གསང་བ་དམ་པ་སྙིང་པོ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་རིག་པའི་རྒྱལ་པོ་ཆེན་པོ་བཟླས་པ་གང་གིས་སྔགས་ཐམས་ཅད་བཟླས་པར་འགྱུར་ཏེ། ཀྱེ་ལྷའི་ཚོགས་དག་འདི་ནི་འདའ་བར་བྱ་བ་མ་ཡིན་ཏེ། རིག་པའི་རྒྱལ་པོ་འདི་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡང་རིག་པའི་རྒྱལ་པོ་འདིས་འགུགས་ཤིང་དབང་དུ་བྱེད་ལ། འབྱོར་པ་མེད་པར་བྱེད་ན་བྱང་ཆུབ་སེམས་དཔའ་གཞན་ལྟ་སྨོས་ཀྱང་ཅི་དགོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་དང་། བགེགས་ཐམས་ཅད་ཀྱང་འཇིག་པར་བྱེད་དེ། འདི་ནི་སྟོབས་ཆེ་བ་དང་མཐུ་ཆེ་བ་དང་དཔའ་བོ་གཅིག་པ་དང་སྔགས་ཐམས་ཅད་ཀྱི་མཆོག་གཅིག་ཏུ་བསྟན་པ་དང་། ཡི་གེ་གཅིག་པ་རྣམས་ཀྱི་ནང་ན་གཅིག་པར་བསྟན་པ་དང་། ཡི་གེ་གཅིག་གིས་དོན་ཐམས་ཅད་སྒྲུབ་པར་བྱེད་པ། བྱ་བ་ཐམས་ཅད་བྱེད་པ། སྔགས་ཐམས་ཅད་གཅོད་པར་བྱེད་པ། མ་རུངས་པའི་ལས་རྣམས་ཀྱི་སྡིག་པ་ཐམས་ཅད་རབ་ཏུ་འཇིག་པར་བྱེད་པ། སྔགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། དགེ་བར་བྱེད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་རྣམས་ཀྱི་གོང་ནས་གོང་དུ་འདུག་པ། ཐོགས་པ་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དེ་གང་ཞེ་ན། ༀ་ནྠཱི་གྲོགས་པོ་དག་འདི་ཉིད་ནི་མཆོག་ཏུ་གསང་བ་དམ་པ་ལས་ཐམས་ཅད་བྱེད་པ། ཡི་གེ་གཅིག་པ་ཞེས་བྱ་བ་རིག་པའི་རྒྱལ་པོ་འདའ་བར་བྱ་བ་མ་ཡིན་པ། སེམས་ཅན་


DKG088_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱིས་ཐུབ་པར་དཀའ་བ་འབྱུང་པོ་ཐམས་ཅད་ཀྱི་བཀྲ་ཤིས་པ། སངས་རྒྱས་ཐམས་ཅད་སྒྲུབ་པར་བྱེད་པ། སྔགས་ཐམས་ཅད་ཀྱི་མངའ་བདག་འཇིག་རྟེན་ཐམས་ཅད་ཀྱི་དབང་ཕྱུག །རྣམ་པར་སྡང་བ་རྣམས་ལ་བྱམས་པའི་བདག་ཉིད་དང་སྐྱེ་བོ་ཐམས་ཅད་ལ་སྙིང་བརྩེ་བར་བྱེད་པ།བགེགས་ཐམས་ཅད་འཇིག་པར་བྱེད་པ་སྟེ། མདོར་ན་ཅི་ལྟ་ཅི་ལྟར་རབ་ཏུ་སྦྱར་བ་དེ་ལྟ་དེ་ལྟར་ལས་བྱེད་དེ། བསྒྲུབས་པ་མེད་ཀྱང་ལས་འགྲུབ་པར་འགྱུར་རོ། །སྔགས་འདི་བཟླས་ལ་རེག་པས་དེ་དབང་དུ་འགྱུར་རོ། །གོས་ལ་བསྔགས་ནས་གྱོན་ན་སྐལ་བ་བཟང་པོར་འགྱུར་རོ། །སོ་ཤིང་ལ་བསྔགས་ན་སོ་ནད་ཉེ་བར་ཞི་བར་འགྱུར་རོ། །ཀ་ར་བཱི་ར་དཀར་པོའི་སོ་ཤིང་ལ། ལན་བདུན་བསྔགས་ཏེ་ཟོས་ན་དོན་དུ་མ་གཉེར་བར་ཡང་ཁ་ཟས་འབྱུང་བར་འགྱུར་རོ། །མིག་གི་ནད་ལ་རྒྱམ་ཚྭ་བཏགས་ཏེ་ལན་བདུན་མངོན་པར་བསྔགས་ལ་མིག་བཀང་ན་མིག་གི་ནད་སེལ་ཏོ། །རྣ་བའི་ནད་ལ་འབྲུག་སྒྲོགས་པ་ལས་སྐྱེས་པའི་རྩྭ་ཚ་ཏྲི་ཀ་ཞེས་བྱ་བ། གླང་པོ་ཆེའི་རྒྱབ་ཏུ་རེག་པར་བྱས་ལ། རང་གི་ལོ་མའི་ནང་དུ་བཏུམས་ནས་མེ་ཆུང་བ་ལ་བསྲེགས་ཏེ་ཤིན་ཏུ་འཇམ་པར་བྱས་ལ། རྒྱམ་ཚྭའི་ཕྱེ་མ་ཆུ་དྲོ་འཇམ་ཙམ་དང་སྤྲུས་ཏེ་ལན་བདུན་བསྔགས་པས་རྣ་བ་བཀང་བ་དང་། སྐད་ཅིག་དེ་ཉིད་ལ་རྣ་བ་ན་བ་ཉེ་བར་ཞི་བར་འགྱུར་རོ། །བུད་མེད་བུ་འབྱུང་བའི་དུས་སུ་མངལ་ནས་མཐོན་ཏེ། ན་ཞིང་ཉམ་ཐག་པ་ལ་ནི་ཤིང་ཨཱ་ཌཱ་རུ་ཤ་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་ལ་བཏགས་ཏེ་ལྟེ་བའི་ཕྱོགས་སུ་བསྐུས་ན་ཉེ་བར་ཞི་བར་འགྱུར་རོ། །མཚོན་ནང་དུ་ལུས་པའི་སྐྱེས་བུ་ལ་ནི་མར་རྙིང་པ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། བཏུང་བའམ་བྱུགས་ན་ཕྱོགས་དེ་ནས་དེའི་སྐད་ཅིག་ལ་ཟུག་རྔུ་མེད་པར་འགྱུར་རོ། །མ་ཞུ་བ་དང་གསུད་པ་དང་། འཁྲུ་བའི་ནད་ལ་ནི་ལན་ཚྭ་ནག་པོ་འམ་རྒྱམ་ཚྭ་འམ་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་བསྔགས་ཏེ་ཟོས་ན་ནད་དེ་ལས་གྲོལ་བར་འགྱུར་ཏེ། དེ་ཉིད་ཀྱི་ཉིན་པར་བདེ་ལེགས་སུ་འགྱུར་རོ། །ལྡན་པའི་ནད་ཀྱི་ཚད་པས་འཁྲུ་བ་འམ། འཁྲུ་བ་ལ་ནི་མ་དུ་ལུང་གའི་རྩ་བ་བཏགས་ཏེ། ལན་གཅིག་གམ་


DKG088_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཟླས་པ་བྱས་ནས་སྲོག་ཆགས་མེད་པའི་ཆུ་དང་འཐུངས་ན་གནོད་པ་མེད་པར་དེ་ལས་གྲོལ་བར་འགྱུར་རོ། །བུད་མེད་མོ་ཤམ་བུ་མི་སྐྱེ་བ་སྐྱེ་བར་འདོད་ན། ཨ་ཤྭ་གན་དྷའི་རྩ་བ་མར་བཟང་པོ་དང་ལྷན་ཅིག་བསྐོལ་ལ། བའི་འོ་མ་དང་ལྷན་ཅིག་བསྐོལ་ཏེ་བའི་འོ་མ་དང་བསྲེས་ལ་ལན་ཉི་ཤུ་རྩ་ལྔར་བཟླས་ལ་ཟླ་མཚན་གྱི་དུས་སུ་བླུད་ལ་ཁྲུས་བྱས་པའི་འོག་ཏུ་ཁྱིམ་བདག་གཞན་གྱི་ཆུང་མ་སྤངས་ཤིང་འདོད་པས་ལོག་པར་གཡེམ་པ་སྤངས་པས། རང་གི་ཆུང་མ་ལ་མངོན་པར་སོང་ན་རང་གི་ཁྱོ་དང་འདྲ་བའི་བུ་སྐྱེ་བར་འགྱུར་རོ། །ལོ་གསུམ་མམ་ལོ་ལྔའི་བར་དུ་བུ་བཙའ་བའི་དུས་སུ་ཁྲག་འབྱུང་བ་འམ། ལོ་དུ་མའི་བར་དུ་བུ་མ་ཆགས་པ་འམ། གཞན་གྱི་སྔགས་རྒྱུད་དང་སྨན་དང་གཞན་གྱི་ཕྱག་རྒྱས་བཅིངས་པ་དང་། གཞན་གྱིས་མ་རུངས་པར་བྱས་པའམ། བུ་ཟླ་བ་མ་ཚང་བར་བྱུང་བ་འམ། ནད་ལས་ཡང་དག་པར་བྱུང་བ་འམ། གཞན་གྱི་སྦྱོར་བས་ཡང་དག་པར་བྱུང་བ་འམ། གཞན་གང་ཡང་རུང་བ་ཅུང་ཟད་གཞན་གྱིས་བྱས་པའི་ནད་དང་། གནས་པ་དང་འགྲོ་བ་དང་བཅོས་མ་དང་། བཅོས་མ་མ་ཡིན་པའི་དབྱིག་དུག་ལ་སོགས་པ་བྱིན་པ་འམ་རྩ་བ་དང་སྨན་དང་སྔགས་ཐམས་ཅད་དང་། མཛའ་བ་དང་མི་མཛའ་བས་སྦྱོར་བ་བྱས་པ་ལ་ལན་ཉི་ཤུ་རྩ་བདུན་བསྔགས་ཏེ། མར་རྙིང་པ་ལ་རྨ་བྱའི་སྒྲོ་ཟླ་བ་འདྲ་བ་དང་བསྲེས་ཏེ་བཏགས་ལ་དེ་ནས་ཤིན་ཏུ་ཞིབ་པར་བྱས་ལ་ཤ་ཁ་ར་དང་ལྷན་ཅིག་སྦྱར་ཏེ། ཨ་རུ་ར་ཙམ་བཟའ་བར་བྱའོ། །ཞག་བདུན་གྱི་བར་དུ་ཁ་ར་དང་ལྡན་པའི་བསྐོལ་བ་བཏུང་བར་བྱ་སྟེ། ཡང་དང་ཡང་དུ་སྔགས་ཀྱང་བཟླ་བར་བྱའོ། །མགོ་བོའི་ནད་ལ་ནི་ཁྭའི་གཤོག་པ་ལ་ལན་བདུན་བསྔགས་ཏེ་བྱབས་ན་བདེ་ལེགས་སུ་འགྱུར་རོ། །བུད་མེད་ལ་སྤྱད་དྲགས་པ་ལ་སོགས་པའི་ནད་ནི་ཤིང་ཨ་ལ་མ་བུ་སའི་རྩ་བའི་ལོ་མ་དང་ལྷན་ཅིག་བཏགས་ནས། སྨན་ནི་ལི་ཀའི་རྩ་བ་དང་ལྡན་པ་ལ་བརྒྱ་རྩ་བརྒྱད་བསྔགས་ཏེ་འོ་མ་དེ་དང་བསྲེས་ལ་བཏུང་བར་བྱའོ། །དེ་བཞིན་དུ་རིམས་ཉིན་གཅིག་པ་དང་ཉིན་གཉིས་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་དང་། ཐེར་ཟུག་པའི་རིམས་དང་།


DKG088_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་པའི་རིམས་དང་རིམས་མི་བཟད་པ་ལ་སོགས་པ་ལ་འོ་ཐུག་མར་དང་ལྡན་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་བླུད་པ་བྱས་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མཁའ་འགྲོ་མའི་གདོན་གྱིས་ཟིན་པ་དག་ལ་ནི། བདག་ཉིད་ཀྱི་གདོང་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ་ནད་པ་ལ་བལྟས་ན་བདེ་བར་གནས་པར་འགྱུར་རོ། །དེ་བཞིན་དུ་མ་མོ་དང་བྱིས་པ་དང་ལུས་སྲུལ་པོ་དང་རོ་ལངས་དང་གཞོན་ནུའི་གདོན་ལ་སོགས་པ་མི་མ་ཡིན་པའི་མི་བཟད་པའི་གདོན་ཐམས་ཅད་ཀྱིས་ཟིན་པ་ལ་ནི། བདག་ཉིད་ཀྱིལག་པ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ནས་གདོན་གྱིས་ཟིན་པའི་མགོ་ལ་རེག་པར་བྱས་ན་བདེ་བར་གནས་པར་འགྱུར་རོ། །ལན་ཅིག་བཟླས་པས་བདག་ཉིད་བསྲུང་བར་འགྱུར་རོ། །ལན་གཉིས་བཟླས་པས་གྲོགས་པོ་བསྲུང་བར་འགྱུར་རོ། །ལན་གསུམ་བཟླས་པས་ཁྱིམ་བསྲུང་བར་འགྱུར་རོ། །ལན་བཞི་བཟླས་པས་ནི་གྲོང་བསྲུང་བར་འགྱུར་རོ། །ལན་ལྔ་བཟླས་པས་ནི་གྲོང་གི་སྤྱོད་ཡུལ་གྱི་འགྲོ་བ་བསྲུང་བར་འགྱུར་རོ། །དེ་བཞིན་དུ་ལན་སྟོང་གི་བར་དུ་བཟླས་ན་དམག་གི་ཚོགས་བསྲུང་བ་བྱས་པར་ཡང་འགྱུར་རོ། །དེ་དག་དང་གཞན་ཡང་མ་བསྒྲུབས་པར་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཅི་སྟེ་སྒྲུབ་པར་འདོད་ན་ནི་ལས་ཕྲན་ཚེགས་རྣམས་བྱ་བ་མ་ཡིན་ཏེ། གཅིག་པུ་དབེན་པའི་གནས་སུ་སོང་ནས་རྒྱ་མཚོར་འབབ་པའི་ཆུ་བོ་འབྱུང་བའི་གནས་དང་། རྒྱ་མཚོའི་ངོགས་དང་ཆུ་བོ་གང་གཱའི་ངོགས་དང་། གཞན་གང་ཡང་རུང་བའི་ཆུ་བོ་ཆེན་པོའི་ངོགས་ལ་བརྟེན་ནས། གཙང་མའི་གནས་སུ་ལོ་མའི་སྤྱིལ་པོ་བྱས་ཏེ། ཁྲུས་ལན་གསུམ་བྱ་ཞིང་གོས་ལན་གསུམ་བརྗེས་ལ། ཐུབ་པར་གནས་ཤིང་སློང་མོའི་ཁ་ཟས་བཟའ་བའམ་ཚོད་རྔད་དམ། ཁྱོར་གང་ཙམ་མམ་འོ་མ་འམ། འབྲས་བུ་ཟ་ཞིང་བཟླས་པ་སུམ་འབུམ་བྱས་ཏེ། གྲུབ་པའི་མཚན་མ་མཐོང་ན་དེ་ནས་སྒྲུབ་པ་བརྩམ་པར་བྱའོ། །ཕྱོགས་དེ་ཉིད་དུ་རས་རིས་ཆེན་པོ་བཞག་ལ། རས་རིས་ལ་མཆོད་པ་ཆེན་པོ་བྱས་ཏེ། མར་མེའི་སྣོད་གསེར་རམ་དངུལ་ལམ་ཟངས་སམ་སའི་རང་བཞིན་ལ། ཤིང་དུ་རུ་སྐའི་འབྲུ་མར་གྱིས་བཀང་བའམ་དྲི་


DKG088_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཞིམ་པོའི་འབྲུ་མར་གྱིས་བཀང་བ་འམ་བའི་མར་གྱིས་ཡོངས་སུ་བཀང་བའི་མར་མེ་རས་ཀྱི་དུམ་བུ་སར་པའི་སྙིང་པོ་བྱས་ཏེ་རས་རིས་ཀྱི་མདུན་དུ་འབུམ་ཕྲག་གཅིག་གི་མར་མེ་དབུལ་བར་བྱའོ། །ཁོ་ར་ཁོར་ཡུག་ཏུ་མར་མེའི་ཕྲེང་བ་ཕུལ་མ་ཐག་ཏུ་རས་རིས་ལས་འོད་འབྱུང་སྟེ། འོད་བྱུང་མ་ཐག་ཏུ་རས་རིས་ཀྱི་ཁོ་ར་ཁོར་ཡུག་ཏུ་འོད་འབར་བའི་ཕྲེང་བས་ཀུན་ནས་ཁྱབ་པར་འགྱུར་རོ། །སྟེང་གི་ནམ་མཁའ་བར་སྣང་ལས་རྔ་བོ་ཆེའི་སྒྲ་སྒྲོགས་ཤིང་ལེགས་སོ་ཞེས་བྱ་བའི་སྒྲ་ཡང་ཐོས་ཏེ། དེ་ནས་རིག་པ་འཛིན་པས་རིངས་པའི་ཚུལ་གྱིས་སྒྲུབ་པ་པོས་རས་རིས་ཀྱི་མཐའ་ལ་སྔར་བྲིས་པའི་རས་རིས་ཀྱི་མཐའ་ནས་མཆོད་ཡོན་གསོལ། ལན་གསུམ་བསྐོར་བ་བྱས་ཏེ་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་གཟུང་བར་བྱའོ། །དེ་ནས་དེ་བཟུང་བ་ཙམ་གྱིས་མར་མེ་ཐམས་ཅད་འཛིན་པའི་སེམས་ཅན་རྣམས་གཅིག་གིས་ལྷག་པའི་གཞལ་མེད་ཁང་འབུམ་དང་ལྷན་ཅིག་འཕུར་བར་འགྱུར་རོ། །ལྷའི་སིལ་སྙན་དང་ཡང་དག་པར་ལྡན་པ་དང་། གླུ་སྙན་པའི་སྒྲ་ལ་སོགས་པ་དང་ལྡན་པ་དང་། གར་དང་ལྡན་པའི་རིག་པ་འཛིན་མ་འཁོར་ཡུག་ཏུ་ཁྱབ་པ་དག་གིས་མར་མེ་ཐོགས་པ་དང་ལྷན་ཅིག་སྒྲུབ་པ་པོ་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་དབང་སྐུར་བར་བྱེད་དོ། །རྒ་བ་དང་འཆི་བ་མེད་པས་རོལ་པར་འགྱུར་ཞིང་། བསྐལ་པ་ཆེན་པོར་གནས་ཤིང་ཉི་མ་དང་འདྲ་བ་དང་། ལྷའི་ཡན་ལག་ལྟ་བུར་མཛེས་པ་དང་། གོས་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་དང་། འཁོར་དེ་དག་དང་ཡང་འདི་ལྷན་ཅིག་ཏུ་སྤྱད་པར་འགྱུར་རོ། །རིག་པ་འཛིན་པ་ཐམས་ཅད་ཀྱང་འདིའི་བྲན་བཞིན་དུ་ཉེ་བར་གནས་པར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །རིང་དུ་འཚོ་བ་དང་གྲུབ་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རིག་པ་འཛིན་པ་རྣམས་ཀྱི་བུ་མོ་རྣམས་ལ་མཆོག་ཏུ་ཡིད་དུ་འོང་བར་འགྱུར་རོ། །རྫས་ཐམས་ཅད་ལ་དབང་དུ་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྒྱལ་མཚན་གྱི་རྩེ་མོ་ལ་བཞུགས་པར་འགྱུར་རོ། །སྐད་ཅིག་གིས་ཚངས་པའི་འཇིག་རྟེན་དུ་འགྲོ་ཞིང་བརྒྱ་བྱིན་ལ་ཡང་བགྲང་བ་མེད་ན། རིག་པ་འཛིན་


DKG088_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཞན་ལྟ་ཅི་སྨོས། འདི་ནི་མཐར་ཡང་སངས་རྒྱས་ཉིད་དུ་འགྱུར་ཞིང་། འཕགས་པ་འཇམ་དཔལ་ཡང་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། །གཞན་ཡང་ལས་ཀྱི་སྒྲུབ་པ་པོ་ཡོད་དེ། དེ་ནས་ཤིན་ཏུ་བརྩོན་པས་གཅིག་པུ་དབེན་པ། སྐྱེ་བོ་མེད་ལ་འདྲེས་པ་མེད་ཅིང་འདྲེས་པ་དང་བྲལ་བས་དགོན་པ་ཆེན་པོར་ཞུགས་ཏེ། གནས་གང་དུ་པདྨ་ཆེན་པོ་ཡོད་པའི་མཚོ་དང་ལྡན་པའི་རིའི་རྩེ་མོ་གཅིག་ཏུ་བརྟེན་ནས། རིའི་རྩེ་མོ་དེའི་སྟེང་དུ་འཛེགས་ཏེ། རིག་པའི་རྒྱལ་པོ་ཡི་གེ་གཅིག་པ་འཇམ་དཔལ་གྱི་ཆོ་ག་ལས་བཤད་པའམ། དེ་བཞིན་གཤེགས་པའམ། གཞན་བྱང་ཆུབ་སེམས་དཔས་བཤད་པའམ། གང་ཡང་རུང་བའི་སྔགས་འདོད་པ་དེ་དག་བཟུང་སྟེ། པདྨའི་རྩ་བའམ་འོ་མའི་ཁ་ཟས་ཀྱིས་འཚོ་ཞིང་། རིག་པ་འབུམ་ཕྲག་སུམ་ཅུ་རྩ་དྲུག་བཟླས་ལ། བཟླས་པའི་མཐར་ཆོ་ག་དེ་ཉིད་ཀྱིས་སྔར་བསྟན་པའི་རས་རིས་ཀྱི་རི་མོ་ཆེན་པོ་རབ་ཏུ་བཞག་སྟེ། མེ་ཏོག་པདྨ་ལ་ཙནྡན་དཀར་པོ་དང་། གུར་གུམ་གྱིས་བཏགས་ལ་སེང་ལྡེང་གི་ཤིང་གི་མེ་སྦར་ཏེ། སྔར་ཡོངས་སུ་བཏགས་པའི་མེ་ཏོག་གིས་སྟོང་ཕྲག་དྲུག་ཅུ་རྩ་དྲུག་གི་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་གི་མཐར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་རས་རིས་ལས་འོད་ཟེར་འབྱུང་ངོ་། །དེ་ནས་སྒྲུབ་པ་པོ་སྣང་བར་བྱས་ཏེ། སྤྱི་བོར་ཞུགས་པར་འགྱུར་ལ་དེས་རེག་མ་ཐག་ཏུ་སྒྲུབ་པ་པོས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ས་ཐོབ་པར་འགྱུར། ལྷའི་ལུས་ཀྱིས་ཅི་ལྟར་འདོད་པ་བཞིན་དུ་འགྲོ་བར་འགྱུར། བསྐལ་པ་སུམ་ཅུ་རྩ་དྲུག་གི་བར་དུ་འཚོ་བར་འགྱུར། སངས་རྒྱས་ཀྱི་ཞིང་སུམ་ཅུ་རྩ་དྲུག་གནོན་པར་འགྱུར། དེ་དག་གི་མཐུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར། སངས་རྒྱས་སུམ་ཅུ་རྩ་དྲུག་གི་གསུང་རབ་འཛིན་པར་འགྱུར། དེ་ལ་མཆོད་ཅིང་བསྙེན་བཀུར་བ་ལ་མངོན་པར་དགའ་བར་འགྱུར། མཐར་ཡང་བྱང་ཆུབ་ལ་གཞོལ་བར་འགྱུར། འཕགས་པ་འཇམ་དཔལ་གྱིས་བྱང་ཆུབ་ཀྱི་མཐར་ཐུག་པ། མྱ་ངན་ལས་འདས་ཀྱི་བར་དུ་དགེ་བའི་བཤེས་གཉེན་དུ་ཡོངས་སུ་འཛིན་པར་འགྱུར་རོ། །བྱང་


DKG088_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་དགུ་པའི་ལེའུ་རབ་འབྱམ་ལས། གཉིས་པ་སྒྲུབ་པའི་ཐབས་དམ་པའི་ལས་ཀྱི་ལེའུ་རབ་འབྱམ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྒྲུབ་པའི་ལས་དམ་པ་གཞན་ཡང་གསུངས་ཏེ། ཆོ་གའི་རྒྱལ་པོ་འདི་ལས་གང་ཡང་རུང་བའི་སྔགས་བཟུང་ནས། གང་གཱའི་ཀླུང་ཆེན་པོར་ཞུགས་ཏེ། དཀྱིལ་དུ་གྲུའི་བཞོན་པ་ལ་འདུག་སྟེ། འོ་མ་དང་སྦྱར་བའི་འབྲས་ཆན་ཟ་ཞིང་ཅི་ལྟར་འདོད་པའི་ཉི་མ་ལ་བཟླས་པ་སུམ་འབུམ་བྱའོ། ། དེ་ནས་བཟླས་པའི་ཐ་མ་ལ་ཀླུ་ཐམས་ཅད་མཐོང་སྟེ། དེ་ནས་བསྒྲུབ་པ་བརྩམ་པར་བྱའོ། །གྲུའི་སྟེང་དེ་ཉིད་ཀྱི་ནང་དུ་མེ་ཐབ་པདྨའི་རྣམ་པ་འདྲ་བ་བྱས་ནས། མེ་ཏོག་ནཱ་ག་གེ་སར་དག་གིས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ཏེ། རས་རིས་ཆེན་པོ་ནུབ་དུ་བསྟན་པས་བཞག་ལ། བདག་ཉིད་ཤར་དུ་བལྟས་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ། མེ་ཏོག་ནཱ་ག་གེ་སར་རེ་རེ་ལ་ཡང་ལན་བདུན་བདུན་བསྔགས་པ་བྱས་ནས། ཤིང་སེང་ལྡེང་གིས་མེ་སྦར་བ་ལ་སྦྱིན་སྲེག་བྱ་སྟེ། ཙནྡན་དཀར་པོ་དང་གུར་གུམ་དང་བསྲེས་པའི་མེ་ཏོག་ནཱ་ག་གེ་སར་གྱིས་ལན་སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་བར་དུ་བྱ་སྟེ། གཞན་གྱིས་ནི་མ་ཡིན་ནོ། །ཀླུ་རྣམས་མཐོང་བ་ཡང་དོན་ཡོད་པ་ཡིན་ཏེ། གྲུབ་པའི་རྫས་རྣམས་ལ་རབ་ཏུ་ཆགས་པས་བླང་བར་མི་བྱ་སྟེ། གྲུབ་པའི་རྫས་རྣམས་ལ་ཆགས་པས་ལེན་པར་མི་བྱེད་ན། དེས་ན་སྦྱིན་སྲེག་རྫོགས་པ་དང་གྲུའི་བཞོན་པ་དང་བཅས་པར་འཕུར་བར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་ལ།ཀླུའི་རྒྱལ་པོའི་དབང་པོ་ཐམས་ཅད་ཀྱང་སུ་འབྲང་ཞིང་བྲན་བཞིན་དུ་གནས་པར་འགྱུར་རོ། །བར་གྱི་བསྐལ་པ་སུམ་ཅུར་འཚོ་བར་འགྱུར་རོ། །འདི་རང་དབང་དུའང་སྤྱོད་པར་འགྱུར་རོ། །འགྲོ་བ་ལ་ཐོགས་པ་མེད་པར་འགྱུར་རོ། །འཕགས་པ་འཇམ་དཔལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །སྤྱི་བོ་ལ་ཕྱག་གིས་རེག་པར་མཛད་དེ། རེག་པ་ཙམ་གྱིས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་རོ། །ངེས་པར་སངས་རྒྱས་ཉིད་ཀྱང་


DKG088_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འཐོབ་པར་འགྱུར་རོ། །ལས་ཀྱི་མཆོག་གཞན་ཡང་བསྟན་པ་ནི་བིལ་བའི་ཤིང་གཅིག་གི་རང་བཞིན་ལས་གྲུའི་བཞོན་པ་ཤིན་དུ་བརྟན་པ་དང་། ལེགས་པར་བྱས་ཏེ་དེ་ལ་ཞོན་ནས་གང་གཱའི་ཀླུང་ཆེན་པོར་ཞུགས་ཏེ། བིལ་བའི་ཤིང་ལས་རླུང་ཡོར་བྱས་ཏེ། དེ་ཉིད་ཀྱིས་གྲུ་དེ་རླུང་ཡོར་འཛིན་པ་མཁས་པ་གསལ་བ་དེས་ཕྱག་པར་བྱའོ། །གང་གཱའི་ཀླུང་ཆེན་པོ་མི་དོར་བར་ཡོངས་སུ་ཐད་ཀའམ། ཆུར་ཕྱག་པར་བྱའོ། །དེ་ནས་གཞན་གང་ཡང་རུང་བའི་སྔགས་རྩ་བའི་སྔགས་སམ། འབྲུ་དྲུག་པའམ། འབྲུ་གསུམ་པའམ། འབྲུ་བརྒྱད་པའམ་འབྲུ་གཅིག་པའམ། ཁྲོ་བོའམ་ཕོ་ཉའམ། འཁོར་གྱི་སྔགས་བཟུང་ནས། དང་པོར་རས་རིས་ཆེན་པོ་དེ་ཉིད་ནུབ་ཏུ་བལྟས་པས་བཞག་ལ། སྒྲུབ་པ་པོ་ཤར་དུ་བལྟ་བར་བྱའོ། །དེ་ནས་ཅི་ལྟར་འདོད་པའི་འོ་མ་དང་། ནས་ཆན་ཁྱོར་གང་ངམ་འབྲས་བུའི་ཁ་ཟས་སམ། ཆུ་དང་རྩ་བ་དང་། འབྲས་བུའི་ཁ་ཟས་ཀྱིས་འཚོ་ལ་མི་སྨྲ་བའི་དཀའ་ཐུབ་དང་། དུས་གསུམ་དུ་ཁྲུས་བྱ་ཞིང་གོས་ལན་གསུམ་བརྗེས་ནས་དགེ་བའི་ལས་བཟང་པོ་ཡང་དག་པར་སྤྱོད་པ་དང་། བློ་དགེ་བ་བཟང་པོ་དང་ལྡན་པའོ། །དང་པོར་རེ་ཞིག་རས་རིས་ཀྱི་མདུན་དུ་སྔར་ཅི་ལྟར་བསྟན་པའི་སྔར་བཤད་པའི་ཆོ་གས་རིག་པ་འབུམ་ཕྲག་དྲུག་ཅུ་བཟླའོ། །བཟླས་པ་ཟིན་པ་ན་གྲུ་དེ་རྒྱ་མཚོ་ཆེན་པོར་འགྲོ་བར་འགྱུར་རོ། །སྒྲུབ་པ་པོའི་ཡོ་བྱད་ཡང་དག་པར་བླངས་ཏེ་སྔར་གྱི་གནས་སུ་གཞག་པར་བྱའོ། །དེ་ནས་གྲུའི་བཞོན་པ་རྒྱ་མཚོ་ཆེན་པོར་འགྲོ་བ་ན་འཇིགས་པར་མི་བྱ་སྟེ་བཟློག་པར་ཡང་མི་བྱའོ། །སྒྲུབ་པ་པོ་མ་གཏོགས་པས་ཟློག་པར་ནུས་པ་ཡང་མ་ཡིན་ནོ། །དེ་ནས་དཔག་ཚད་སྟོང་དུ་གནས་པའི་རྒྱ་མཚོ་ཆེན་པོར་ཡང་ཡུད་ཙམ་གྱིས་འཇུག་པར་འགྱུར་ན། ལམ་ཐུང་ངུ་ལྟ་སྨོས་ཀྱང་ཅི་དགོས། རྒྱ་མཚོ་ཆེན་པོ་དེར་ཕྱིན་པ་ན་སྒྲུབ་པ་པོས་བསྒྲུབ་པའི་ལས་བརྩམ་པར་བྱའོ། །དེ་ནས་སེང་ལྡེང་གི་ཤིང་གི་མེ་སྦར་ལ། སྔར་བྱས་པའི་མེ་ཐབ་བམ། རྫ་མཁན་གྱིས་བྱས་པའི་སའི་སྣོད་ལ། མེ་ཏོག་ནཱ་ག་གེ་སར་ཙནྡན་དཀར་པོ་དང་ག་པུར་གྱིས་བསྲེས་པའི་སྲེག་བླུགས་ཀྱིས་ཤིན་ཏུ་ཉུང་བའམ་རབ་ཏུ་མང་བ་ཡང་རུང་འབུམ་ཕྲག་


DKG088_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ཅུ་སྦྱིན་སྲེག་བྱའོ། །སྦྱིན་སྲེག་བྱེད་པ་ན་ཡང་ལང་ཀའི་གྲོང་ཁྱེར་ན་གནས་པའི་སྲིན་པོ་གཟུགས་དང་ཆ་བྱད་མང་པོ་འཛིན་པ་ཧ་ཧ་ཞེས་བྱ་བའི་སྒྲ་སྒྲོགས་པ་དང་། ཀླུའི་གྲོང་ཁྱེར་གདེངས་ཀ་དང་ལྡན་པ་ན་གནས་པའི་རྒྱལ་པོ་རྣམས་ལངས་པར་འགྱུར་ཏེ། ཆ་བྱད་རྣམ་པ་སྣ་ཚོགས་འཛིན་པ་རབ་ཏུ་དྲག་པ་དང་། རབ་ཏུ་ཞི་བའི་ཀླུ་དེ་རྣམས་དང་། སྲིན་པོ་དེ་རྣམས་འདི་སྐད་དུ་ཁྱེད་བཞེངས་ཤིག་བཞེངས་ཤིག །བདག་ཅག་གི་བདག་པོ་མཛད་དུ་གསོལ་ཞེས་བརྗོད་དོ། །དེ་བཞིན་དུ་ལྷ་མ་ཡིན་དང་གནོད་སྦྱིན་དང་། ལྷ་དང་ལྟོ་འཕྱེ་ཆེན་པོ་དང་གྲུབ་པ་དང་མི་མ་ཡིན་པ་ཐམས་ཅད་ཀྱང་རབ་ཏུ་ཆགས་པར་བྱེད་ན་ལྡང་བར་མི་བྱ། འཇིགས་པར་མི་བྱའོ། །དེ་ནས་རིག་པ་འཛིན་པས་སྔགས་ཟློ་ཞིང་། ལག་པ་གཡོན་པའི་མཛུབ་མོས་སྡིགས་མཛུབ་བྱས་ན། དེ་ནས་ཕན་ཚུན་དུ་འགྲོ་བ་དང་འབྱོར་བ་དང་འབྲོས་པར་བྱེད་དོ། །དེ་ནས་སྦྱིན་སྲེག་ཟིན་པ་ན་གྲུ་དེ་སྒྲུབ་པ་པོ་དེས་བླངས་ན་སྐད་ཅིག་གིས་འོག་མིན་དུ་འགྲོ་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་གཞན་དུ་ཡང་འགྲོ་བ་དང་འོང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སེམས་དང་མཐུ་མཉམ་པར་འགྱུར། མངོན་པར་ཤེས་པ་ལྔ་དང་རྫུ་འཕྲུལ་ཆེན་པོ་དང་མཐུ་ཆེན་པོ་དང་ལྡན་པར་འགྱུར་རོ། །འདིས་འཕགས་པ་འཇམ་དཔལ་ཡང་རྟག་ཏུ་མཐོང་བར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་འཕགས་པ་ཉན་ཐོས་མ་གཏོགས་པ། ཀླུའི་རྒྱལ་པོ་ཐམས་ཅད་དང་སྲིན་པོ་ཐམས་ཅད་དང་གནོད་སྦྱིན་ཐམས་ཅད་དང་། ལྷ་ཐམས་ཅད་དང་ལྷ་མ་ཡིན་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱང་འདིའི་བཀའ་བཞིན་བྱེད་ཅིང་དབང་དུ་འགྱུར་རོ། །འདིའི་སྔགས་གྲུབ་པ་དེ་དག་ལ་ཡང་བྱམས་པའི་བདག་ཉིད་དུ་འགྱུར་ཞིང་རྗེས་སུ་དགའ་བར་འགྱུར་རོ། ། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མི་ཐུབ་པའི་བར་དུ་འགྱུར་རོ། །གཞན་ཡང་ལས་སྒྲུབ་པའི་ཐབས་དམ་པ་ཡོད་དེ། ཤིང་བིལ་བ་ཆེན་པོ་ལས་གྲུའི་བཞོན་པ་བྱས་ལ་ཡང་ཤིང་གཅིག་གི་ཤིང་གི་ཚོགས་ལས་གནས་ཆེན་པོ་བྱས་ཏེ། གང་གཱའི་དབུས་ཀྱི་གླིང་


DKG088_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

དེར་གྲུའི་བཞོན་པའི་གནས་བྱས་ལ། དེར་ཡང་གྲུའི་བཞོན་པ་ལ་ཞོན་པའི་སྐྱེས་བུ་བརྒྱ་ཉི་ཤུ་རྣམས་མར་མེ་ལག་ན་ཐོགས་པ། གོས་དཀར་པོ་བགོས་པ་སྲུང་བ་བྱས་པ། ཆོ་ག་སྔ་མས་ཡང་དག་པར་བཞག་པའི་རས་རིས་མདུན་དུ་གཞག་པར་བྱ་སྟེ། དེ་ནས་རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས། ནཱ་ག་གེ་སར་གྱི་ཕྱེ་མ་ཙནྡན་དཀར་པོ་དང་གུར་གུམ་དང་ག་པུར་གྱིས་བསྲེས་པའི་སྲེག་བླུགས་ཀྱིས་སེང་ལྡེང་གི་མེ་ལ་སྟོང་ཕྲག་སུམ་ཅུ་རྩ་དྲུག་སྦྱིན་སྲེག་བྱའོ། །དེ་ནས་སྦྱིན་སྲེག་ཟིན་པ་ན། སྐད་ཅིག་གིས་ཚངས་པའི་འཇིག་རྟེན་དུ་འགྲོ་བ་དང་འོང་བར་འགྱུར་རོ། །ཅི་ལྟར་འདོད་པ་བཞིན་དུ་རྣམ་པར་རྒྱུ་བར་བྱེད་དོ། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། མཐོང་བ་ཙམ་གྱིས་ས་ཐོབ་པར་ཡང་འགྱུར་རོ། །མངོན་པར་ཤེས་པ་ལྔ་འཐོབ་པ་དང་ཡུན་རིང་དུ་འཚོ་ཞིང་བསྐལ་པ་ཆེན་པོར་གནས་པར་ཡང་འགྱུར་རོ། །རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་ཡང་འགྱུར་རོ། །མར་མེ་འཛིན་པ་དེ་དག་ཀྱང་རིག་པ་འཛིན་པ་འདིའི་གྲོགས་པོར་འགྱུར་ཏེ། དེ་དག་དང་ལྷན་ཅིག་ཅི་ལྟར་འདོད་པ་བཞིན་དུ་རྒྱུ་ཞིང་རང་དབང་དུ་འགྲོ་བར་ཡང་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མཆོད་པ་དང་བསྙེན་བཀུར་བྱེད་པར་མངོན་པར་དགའ་བར་འགྱུར་ཞིང་།འཕྲལ་ཡང་སངས་རྒྱས་ཉིད་དུ་ངེས་པར་འགྱུར་རོ། །གཞན་ཡང་སྒྲུབ་པའི་ཐབས་ཀྱི་ལས་དམ་པ་ཡོད་དེ། ཆུ་ཀླུང་རྒྱ་མཚོའི་འགྲམ་དག་གམ། །དེ་བཞིན་རི་བོ་ཁ་བ་ཅན། །རི་ཡི་རྒྱལ་པོ་འབིགས་བྱེད་ལ། །ལས་ཀྱི་མཆོག་ནི་བསྒྲུབ་པར་བྱ། །མ་ལ་ཡ་རི་ས་ཧ་དང་། །སྤོས་ཀྱི་ངད་ལྡང་ཨར་བུ་དང་། །རི་ཡི་རྒྱལ་པོ་སུམ་བརྩེགས་ལ། །ལས་ཀྱི་མཆོག་ནི་བསྒྲུབ་པར་བྱ། །དེ་བཞིན་རྒྱ་མཚོ་ཆེན་པོ་དང་། །རི་ནི་ཤིང་ལྡན་མེ་ཏོག་ཡོད། །འདི་དག་གི་ནི་ཕྱོགས་དག་ཏུ། །སྔགས་གྲུབ་པར་ནི་རྒྱལ་བས་གསུངས། །གཙང་ཞིང་བས་མཐའ་དབེན་ཕྱོགས་སུ། །གྲོང་གི་ཆོས་ནི་རྣམ་པར་སྤངས། །དེ་བཞིན་རི་ཡི་ཚང་ཚིང་དུ། །སྔགས་ཀྱི་རྒྱལ་པོ་ཐམས་ཅད་འགྲུབ། །བས་མཐའི་གནས་མལ་ཉམས་དགའ་དང་། །རྒྱལ་བས་


DKG088_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་བསྔགས་པ་དང་། །མ་རུངས་སེམས་ཅན་ཐམས་ཅད་ལ། །སྔགས་ཀྱི་རྒྱལ་པོ་ཐམས་ཅད་འགྲུབ། །ཆོས་ལྡན་རྒྱལ་པོ་ཡོད་པ་དང་། །གཙང་སྦྲ་སྤྱོད་པའི་སྐྱེ་བོ་ཡོད། །ཕ་དང་མ་ལ་གུས་པ་དང་། །བྲམ་ཟེའི་རིགས་ནི་ཡོད་པ་ཡི། །གནས་དེར་ལྷ་རྣམས་འགྲུབ་འགྱུར་ཏེ། །གཞན་དུ་འགྲུབ་པ་མ་ཡིན་ནོ། །ཆུ་བོ་གང་གཱའི་འགྲམ་དང་ནི། །དེ་བཞིན་ལེགས་མཛེས་ཡ་མུ་ན། །སིནྡུ་ནར་མ་དཱ་ནང་དང་། །ཟླ་བའི་ཆ་ནི་གཙང་ངོགས་དང་། །དེ་བཞིན་ཀཱ་བའི་ས་ར་སྭད། །ཆུ་བོ་ཆེན་པོ་སཱི་ཏ་རྣམས། །འདི་དག་གྲུབ་པའི་ཞིང་དུ་ནི། །སྟོབས་བཅུ་ལྡན་སྲས་རྣམས་ཀྱིས་བཤད། །སྟོབས་བཅུ་ལྡན་པས་བཤད་པའི་ཞིང་། །བྱང་ཕྱོགས་ཡོད་པའི་རི་དག་དང་། །ཁ་ཆེ་དང་ནི་རྒྱ་ཡུལ་དང་། །བལ་པོ་དེ་བཞིན་མང་ཡུལ་དང་། །རྒྱ་ཡུལ་ཆེ་དང་ལི་ཡུལ་དག །དེ་དག་མ་ལུས་གྲུབ་པའི་ཞིང་། །བྱང་ཕྱོགས་ལ་ནི་གནས་པ་དང་། །ནས་དང་གྲོ་ལ་སྤྱོད་པ་དང་། །རི་དང་ཆུ་བོ་དག་ལ་ཡང་། །བསོད་ནམས་ཡུལ་དུ་བསྟན་པ་ཡིན། །སེམས་ཅན་སྙིང་རྗེ་ལྡན་གང་གནས། །དེ་དག་ལ་ནི་ངེས་འགྲུབ་འགྱུར། །དཔལ་གྱི་རི་བོའི་རི་ཆེན་ནི། །ལྷོ་ཡི་ཕྱོགས་ན་ཡང་དག་གནས། །དཔལ་ལྡན་འབྲས་ཕུང་མཆོད་རྟེན་ནི། །རྒྱལ་བའི་རིང་བསྲེལ་གནས་པའི་ས། །ཐམས་ཅད་དོན་གྱི་གནས་དག་ལ། །དེར་ནི་སྔགས་རྣམས་མྱུར་དུ་འགྲུབ། །མཆོད་རྟེན་ཆེན་པོ་རྡོ་རྗེ་གདན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་དང་། །ཐུབ་མཆོག་ཞི་བར་རབ་གཤེགས་པ། །དེར་ཡང་གྲུབ་པར་རབ་ཏུ་སྣང་། །ལྷ་ལས་བབས་པའི་མཆོད་རྟེན་དང་། །ནཻ་ཀ་ཤ་དང་ཆོ་འཕྲུལ་བསྟན། །གྲོང་མཆོག་སེར་སྐྱ་ཞེས་བྱ་དང་། །ནགས་ཚལ་ལུམ་བི་ནིར་འཁྲུངས་ལ། །སྔགས་ཀྱི་རྒྱལ་པོ་འགྲུབ་འགྱུར་ཞེས། །རྒྱལ་བས་རབ་བསྔགས་བརྗོད་པ་ཡིན། །བྱ་རྒོད་ཕུང་པོའི་རི་དང་ནི། །དེ་བཞིན་ས་སྟེང་བསིལ་བའི་ཚལ། །གྲོང་མཆོག་མེ་ཏོག་ཅེས་བྱ་དང་། །རྟག་ཏུ་དེ་བཞིན་ག་ཤ་དང་། །བཅོམ་བརླག་ཀ་ནྱ་ཀུབ་ཛ་དང་། །ས་སྟེང་གྲོང་ནི་འཕགས་རྒྱལ་དང་། །དེ་བཞིན་ཡངས་པ་ཅན་མཆོད་རྟེན། །མི་ཐི་ལ་ཡི་གྲོང་ཁྱེར་ས། །གྲོང་དང་གྲོང་ཁྱེར་མཆོག་དག་ནི། །


DKG088_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

གང་གཞན་སྐྱེ་བོ་ཡང་དག་འབྱུང་། །རབ་བསྔགས་བསོད་ནམས་ཡུལ་དག་ནི། །དེ་དག་ལ་ནི་བསྒྲུབ་པ་བྱ། །དེ་དང་གཞན་ཡང་ཡུལ་དག་དང་། །གྲོང་དང་ལྗོངས་དང་རི་བོར་དང་། །གནས་དང་གྲོང་མཆོག་གཙོ་བོ་ནི། །བསོད་ནམས་གནས་ལ་རབ་བརྟེན་ནས། ། དེར་ནི་སློང་མོས་རྗེས་འཚོ་ཞིང་། །བཟླས་དང་སྦྱིན་སྲེག་དགའ་བ་དང་། །གནས་ཁང་བླ་གབ་མེད་པ་དང་། །རྟག་ཏུ་ཁྱིམ་ནི་སྟོང་པ་ལ། །སྔགས་རྣམས་ལས་ནི་ཐམས་ཅད་ལ། །ཐོག་མ་ཉིད་དུ་བྱ་བ་ཡིན། །སྔགས་པས་རྟག་ཏུ་ཡུལ་དབུས་སུ། །སྔགས་བཟླས་མངོན་པར་འདོད་པས་བྱ། །བཟླས་ལ་རབ་ཞུགས་རྟག་ཏུ་བརྩོན། །སྔགས་རིག་གཏོང་བ་དག་ལ་གོམས། །ཚུལ་ཁྲིམས་སྤྱོད་ཅིང་ཤིན་ཏུ་དབེན། །འབྱུང་པོ་ཀུན་ལ་ཕན་པར་དགའ། །སྔགས་སྤྱོད་པ་ལ་དགའ་བ་ཡི། །སྡོམ་བརྩོན་གྱིས་ནི་སྔགས་བཟླས་བྱ། །གཙང་ཞིང་གཙང་སྦྲ་ཡོད་ཕྱོགས་དང་། །ཀླ་ཀློ་རྐུན་མ་རྣམ་པར་སྤངས། །སེམས་ཅན་སྡིག་སྦྲུལ་ལ་སོགས་པ། །སྤངས་པའི་ས་ཕྱོགས་འདོད་པ་ཡིས། །འབྲས་བུ་མེ་ཏོག་ཡང་དག་ལྡན། །དྲི་མེད་རབ་བསྔགས་ཆུ་ཡོད་པར། །སྔགས་རིགས་སྔགས་ནི་བརྟེན་བྱས་ན། །སྦྱོར་བ་ཐམས་ཅད་རབ་ཏུ་འགྲུབ། །གཞན་ཡང་དུར་ཁྲོད་ཆེན་པོ་ནི། །དེར་ནི་བཟླས་པ་རྟག་ཏུ་བྱ། །དྲི་མེད་ཆུ་དང་འབབ་ཆུ་ནི། །སྲོག་ཆགས་དག་ཀྱང་རྣམ་པར་སྤངས། །དེར་ནི་དེ་ཉིད་བཟླ་བྱ་སྟེ། །མཉམ་པར་བཞག་པས་སྔགས་བཟླས་བྱ། །འཇིག་རྟེན་སྤྱོད་པའི་བསོད་ནམས་མིན། །དེར་ནི་ཅུང་ཟད་མི་མཐོང་སྟེ། ། འོན་ཀྱང་སྔགས་ནི་བསྟན་པ་ཡིས། །ཅུང་ཟད་དུས་ནི་བསྟན་པའོ། །དམ་ཚིག་ཚོགས་པའི་རྒྱུ་ལྡན་ན། །དེ་ལས་གཞན་དུའང་འགྲོ་བྱ་སྟེ། །དེར་ནི་དམ་ཚིག་ཐོབ་བསྟེན་པ། །ཅུང་ཟད་དུས་ཏེ་གཞན་དུ་མིན། །དེ་ནས་གཞན་དུའང་མྱུར་དུ་ནི། །སྔགས་རིག་པས་ནི་ཅི་ནུས་འགྲོ། ། བདེ་གཤེགས་མཆོད་རྟེན་བཞུགས་པ་ཡི། །ས་སྟེང་དག་ལ་རྟག་ཏུ་བསྟེན། །འཇིག་རྟེན་མུ་སྟེགས་ཐམས་ཅད་ནི། །ལྟ་བ་ལོག་པར་ལྟུང་བ་དང་། །གཞན་ཡང་སྟེགས་སུ་གྱུར་པ་རྣམས། །སྔགས་རིག་པས་ནི་རྟག་ཏུ་སྤང་། །རྒྱུ་ངན་འགྲོ་བ་ངན་ཡོད་པར། །སྔགས་རིག་


DKG088_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པས་ནི་དེར་མི་བསྟེན། །གང་དུ་རྒྱལ་བ་མཆོག་བཞུགས་དང་། །ས་སྟེང་བསེ་རུ་རང་རྒྱལ་དང་། །བྱང་ཆུབ་སེམས་དཔའ་སྐལ་བ་ཆེ། །ཉན་ཐོས་རྒྱལ་བའི་སྲས་དག་ནི། །དེ་དག་གནས་པའི་ཕྱོགས་དག་ཏུ། །ཟློས་པ་སྔགས་རིག་ལྡན་པས་བསྟེན། །འབད་པས་སྔ་མ་ཉིད་དུ་ནི། ། གནས་དེ་ལ་ནི་རྟག་ཏུ་སྤྱོད། །སྔགས་ཤེས་ཆོ་ག་མཐོང་བ་ཡིས། །ཡང་དང་ཡང་དུ་སྔགས་ཟློས་བྱ། །ལུས་ཅན་སྡིག་པ་མ་ལུས་དག །བཟླས་དང་སྦྱིན་སྲེག་དག་གིས་སེལ། །དེ་བས་འབད་པ་ཀུན་གྱིས་ནི། །མཉམ་བཞག་སྔགས་ནི་བཟླ་བར་བྱ། །ལས་ཐམས་ཅད་ལ་གནས་འདི་དག་གསུངས་པ་ལས་སྒྲུབ་པ་མཆོག་གི་ལས་ཀྱི་ཐབས་སྒྲུབ་པ་ལ་གནས་འདི་དག་མ་རྙེད་ན། གང་ཡང་རུང་བའི་གནས་དེ་དག་ཏུ་གཙང་སྦྲ་བྱས་ཏེ་སྔོན་དུ་བསྙེན་པ་བྱས་ལ། དད་ཅིང་མོས་པས་སྒྲུབ་པའི་ཐབས་ཀྱི་ལམ་དམ་པ་བརྩམ་པར་བྱ་སྟེ། དང་པོར་རེ་ཞིག་རས་རིས་ཆེན་པོ་ནུབ་ཏུ་བལྟས་པས་བཞག་སྟེ། བདག་ཉིད་ཤར་དུ་བལྟས་ལ། གྲོག་མཁར་གྱི་སའམ། གང་གཱའི་ཀླུང་གི་ངོགས་ན་ཡོད་པའི་ས་བླངས་ཏེ། རྩྭ་ཨུ་ཤི་ར་དང་ཙནྡན་དཀར་པོ་དང་གུར་གུམ་དང་ག་པུར་ལ་སོགས་པས་བསྲེ་བ་བྱ་སྟེ། རྨ་བྱའི་གཟུགས་བྱས་ལ་རས་རིས་དེའི་མདུན་དུ་བཞག་གོ། །ཀུ་ཤའི་རྩེ་མོ་མ་ཉམས་པས་ཕྱོགས་གཙང་མར་སྐྱེས་པ་འཁོར་ལོའི་གཟུགས་སུ་བྱས་ཏེ། རས་རིས་ཀྱི་མདུན་དུ་ལག་པ་གཡས་པས་བཟུང་ཞིང་། ལག་པ་གཡོན་པས་རྨ་བྱ་བཟུང་ལ། ཡར་ངོའི་ཟླ་བ་ཉ་བའི་མཚན་མོར་རས་རིས་ལ་མཆོད་པ་ཆེན་པོ་བྱས་ཏེ། ག་པུར་དང་ཙནྡན་གྱི་དུད་པ་བསྲེགས་ལ། ནམ་ལངས་ཀྱི་བར་དུ་བཟླས་པ་བྱས་ན། དེ་ནས་ཉི་མ་ཤར་བའི་དུས་སུ་ལྷའི་རང་བཞིན་གྱི་རྨ་བྱ་ནི་རྨ་བྱ་ཆེན་པོའི་རྒྱལ་མོར་འགྱུར་རོ། །འཁོར་ལོ་ནི་ཀུན་དུ་འབར་བར་འགྱུར་ཞིང་། བདག་ཉིད་ཀྱང་ལྷའི་ལུས་སུ་འགྱུར་རོ། །དེ་ནས་ལྷའི་ཕྲེང་བ་དང་གོས་དང་རྒྱན་གྱིས་བརྒྱན་པར་འགྱུར་རོ། །ཉི་མ་ཤར་བ་དང་འདྲ་བའི་འདོད་པའི་གཟུགས་མཛེས་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་ཕྱག་བྱས་ནས། རས་རིས་ལ་གཡས་ཕྱོགས་སུ་བསྐོར་བ་བྱས་ལ། རས་རིས་བླངས་ཏེ་རྨ་བྱའི་སྟན་


DKG088_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་འདུག་ན་ཡུད་ཙམ་གྱིས་ཚངས་པའི་འཇིག་རྟེན་གནོན་པར་འགྱུར་རོ། །རིག་པ་འཛིན་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་འཁོར་དུ་མ་དང་ལྡན་པའི་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བར་འགྱུར་རོ། །བར་གྱི་བསྐལ་པ་དྲུག་ཅུར་འཚོ་བར་འགྱུར་རོ། །ཅི་ལྟར་འདོད་པར་འགྲོ་ཞིང་སྤྱོད་པར་འགྱུར་རོ། །འགྲོ་བ་ལ་ཐོགས་པ་མེད་པ་དང་ལྷའི་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །འཕགས་པ་འཇམ་དཔལ་ཡང་མངོན་སུམ་དུ་འགྱུར་ཞིང་། དེ་ཉིད་འདིའི་དགེ་བའི་བཤེས་གཉེན་དུ་འགྱུར་རོ། མཐར་ཡང་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ། ། དེ་བཞིན་དུ་དབྱུག་པ་དང་། སྤྱི་བླུགས་དང་ཚངས་སྐུད་དང་ལྡོང་རོས་དང་གི་ཝང་དང་རལ་གྲི་དང་། ལྕགས་མདའ་དང་མཚོན་རྩེ་གཅིག་པ་དང་དགྲ་སྟ་དང་། མཚོན་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་སའི་རང་བཞིན་ནམ། རྐང་གཉིས་དང་རྐང་བཞི་དང་བྱ་དང་བཞོན་པའི་བྱེ་བྲག་སེང་གེ་དང་སྟག་དང་དོམ་ལ་སོགས་པའམ། གྲོག་མཁར་གྱི་སའི་རང་བཞིན་ལ་དྲི་ཞིམ་པོའི་དྲིས་བསྲེས་པ་ལས། གདན་དང་བཞོན་པ་དང་གནས་མལ་དང་། གདུགས་དཀར་པོ་དང་ཅོད་པན་དང་རྒྱན་གྱི་བྱེ་བྲག་ཐམས་ཅད་དང་རིན་པོ་ཆེའི་བྱེ་བྲག་ཐམས་ཅད་དང་། རབ་ཏུ་བྱུང་བའི་ཡོ་བྱད་ཀྱི་བྱེ་བྲག་ཕྲེང་བ་དང་ལྷམ་དང་ཤིང་ལྷམ་དང་། ལྷུང་བཟེད་དང་ཆོས་གོས་དང་ཁར་གསིལ་དང་ཁབ་དང་། གྲི་ལ་སོགས་པ་ལྕགས་ཁྱད་པར་ཅན་གྱི་རང་བཞིན་ནམ། གཞན་ཡང་གང་ཅུང་ཟད་སེམས་ཅན་གྱི་ཡོ་བྱད་སྣོད་ལ་སོགས་པ། ལྕགས་བཟང་པོའི་རང་བཞིན་ནམ། གྲོག་མཁར་གྱི་སའམ། ཆུ་བོའི་ངོགས་ཀྱི་ས་ལས་བྱས་པ་དེ་དག་ཐམས་ཅད་པའི་རྣམ་ལྔས་བཀྲུས་པའམ། ཆུས་གཏོར་བ་ཙམ་བྱས་ལ་སྔ་མ་བཞིན་དུ་ཡོངས་སུ་དག་པར་བྱེད་པའི་སྔགས་སམ། ཡི་གེ་གཅིག་པའི་སྔགས་སམ། གཞན་གང་ཡང་རུང་བའི་སྔགས་ཆོ་གའི་རྒྱལ་པོ་སྒྲུབ་པའི་ཐབས་ཀྱི་སྔགས་མ་གཏོགས་པས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་ཏེ། ཅི་ལྟར་འདོད་པར་བདག་ཉིད་བསྲུང་བ་བྱས་པ་དང་གྲོགས་པོ་ཡང་ཡོངས་སུ་བསྐྱབ་པ་བྱས་པ་དང་ཤིན་ཏུ་གསང་བའི་སྔགས་དང་རྒྱུད་ཤེས་པ་སྔར་བསྟན་


DKG088_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་དག་ཏུ་རས་རིས་ནུབ་ཏུ་བལྟས་པས་གཞག་ལ། བདག་ཉིད་སྔ་མ་བཞིན་དུ་བྱས་ཏེ། རས་རིས་ལ་མཆོད་པ་ཆེན་པོ་བྱས་ནས་རས་རིས་ཆེན་པོ་ལ་ག་པུར་གྱི་བདུག་པས་བདུགས་ཏེ། སྔར་བསྟན་པའི་མཚོན་དང་ཡོ་བྱད་དང་སེམས་ཅན་གྱི་ཁྱད་པར་སྔར་བསྟན་པའི་བཅོས་མར་བྱས་པ་ལ། ཡར་ངོའི་ཟླ་བ་ཉ་བའི་མཚན་མོ་གོང་མའི་རྫས་གང་ཡང་རུང་བ་དེ་དག་བླངས་ཏེ། མཚན་མོ་ཉི་མ་ཤར་བའི་དུས་ཀྱི་བར་དུ་བཟླ་བར་བྱའོ། །བར་འདིར་འོད་ཆེན་པོའི་ཕྲེང་བ་རས་རིས་ལ་ཡང་དག་པར་མཐོང་ལ། གལ་ཏེ་བཞོན་པའི་ཁྱད་པར་སྒྲུབ་པ་པོས་གཟུང་བར་གྱུར་ན་ནི། དེ་ལ་ཞོན་ནས་ཅི་ལྟར་འདོད་པར་འགྲོ་བར་འགྱུར་རོ། །གལ་ཏེ་རྒྱན་གྱི་ཁྱད་པར་རམ་ཚོན་གྱི་ཁྱད་པར་དེ་བླངས་པས་དེ་བཅངས་ན། རིག་པ་འཛིན་པའི་འཁོར་ལོ་འཛིན་པར་འགྱུར་ཏེ། ཅི་ལྟར་འདོད་པར་འགྲོ་ཞིང་ལྷའི་གཟུགས་དང་ལྡན་པ་དང་། ཉི་མ་ཤར་བ་དང་འདྲ་བར་འགྱུར་བ་དང་འོད་ཀྱི་ཕྲེང་བ་ཆེན་པོ་དང་ལྡན་པ་དང་། ལུས་ཤིན་ཏུ་གསལ་བར་འགྱུར་བ་དང་རིག་པ་འཛིན་པ་ཐམས་ཅད་ཀྱི་མངའ་བདག་ཏུ་འགྱུར་རོ། །རིང་དུ་འཚོ་ཞིང་བསྐལ་པ་ཆེན་པོར་གནས་པ་དང་རིག་པ་འཛིན་པ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་གི་འཁོར་དུ་མ་དང་ལྡན་པ་དང་། ལྷའི་ནོར་བུ་རིན་པོ་ཆེའི་གཞལ་མེད་ཁང་ལ་སྤྱོད་པ་དང་བཞོན་པ་གང་སྔར་ཡོངས་སུ་བརྟགས་པ་སའི་རང་བཞིན་གྲུབ་ན། དེ་ཉིད་འདིར་མཐུ་ཆེན་པོ་དང་ལྡན་པར་འགྱུར་ཏེ་བཞོན་པ་དེ་ཉིད་འདིའི་གྲོགས་པོར་འགྱུར་བ་དང་གཞན་གྱི་སྔགས་འགུགས་པར་བྱེད་པ་གྲུབ་པ་རྣམས་ཀྱི་བརྟེན་པའི་གནས་སུ་གྱུར་པ། བདག་གི་སྔགས་ཀྱི་གྲུབ་པ་ལ་ཡང་དག་པར་སྦྱོར་བར་བྱེད་པ། བྱམས་པའི་བདག་ཉིད་དང་ཕན་པར་འདོད་པས་རབ་ཏུ་འབྲེལ་བ་གང་འདི་ཉིད་ཀྱི་མཚོན་དང་རྒྱན་དང་རིན་པོ་ཆེའི་ཁྱད་པར་དང་། སྟན་དང་གནས་མལ་དང་སེམས་ཅན་ལ་སོགས་པ་ཉིད་འདི་ལ་སྲུང་བ་ཆེན་པོ་ཉིད་དང་སྦ་བ་དང་སྦེད་པ་ལ་རྟག་ཏུ་འབྲང་བར་འགྱུར་རོ་མཐུ་ཆེན་པོ་དང་བརྩོན་འགྲུས་ཆེན་པོ་དང་ལུས་ཆེན་པོ་དང་ལྡན་པར་འགྱུར་རོ། །འཇམ་དཔལ་གཞོན་ནུར་གྱུར་པ་མངོན་སུམ་དུ་མཐོང་བར་འགྱུར་ཞིང་ལེགས་སོ་ཞེས་བྱ་བ་ཡང་


DKG088_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པར་མཛད་ལ། སྤྱི་བོ་ལ་རེག་པར་མཛད་ཅིང་བྱང་ཆུབ་ཀྱི་སྙིང་པོ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་དུ་སྒྲུབ་པར་མཛད་དོ། །སྟོབས་བཅུ་ཉིད་ཀྱང་ངེས་པར་ཐོབ་པར་མཛད་ཅིང་། སེམས་ཅན་ཐམས་ཅད་ཟིལ་གྱིས་གནོན་ཅིང་མཆོད་པར་ཡང་འགྱུར་རོ། །འབྱུང་པོ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །ཡང་དག་པའི་རྒྱུད་ཀྱི་མཐའ་གཅོད་པ་མེད་པར་འགྱུར་བ་དང་ས་ཐོབ་པར་འགྱུར་བ་དང་སྟོབས་བཅུ་དང་། བྱང་ཆུབ་སེམས་དཔའི་ས་ངེས་པར་ཐོབ་པར་འགྱུར་ཏེ། མདོར་ན་ལས་དམ་པ་ཐམས་ཅད་གནས་དམ་པ་དག་ཏུ་གནས་ནས། རས་རིས་དམ་པ་དག་གི་མདུན་དུ་མཆོད་པ་དམ་པ་ལ་མངོན་པར་དགའ་བས་ལས་དམ་པ་གཞན་དག་ཁོ་ན་བྱའོ། །རིག་པ་འཛིན་པ་ཉིད་དུ་ནམ་མཁའ་ལ་འགྲོ་བ་དང་། བྱང་ཆུབ་སེམས་དཔའི་རྗེས་སུ་ཞུགས་པ་དང་མངོན་པར་ཤེས་པ་ལྔ་ཉིད་དང་ས་དང་སྔགས་ཐོབ་པ་ཉིད་དང་ལུས་འདི་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་དག་ཏུ་འགྲོ་བ་ཉིད་དང་སྟོབས་བཅུའི་རྒྱུད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། འཕགས་པ་འཇམ་དཔལ་མངོན་སུམ་དུ་མཐོང་བ་ཉིད་ཀྱི་ཕྱིར་དང་འབྲས་བུ་ཡོད་པར་མཐོང་བའི་ཆོས་སྟོན་པ་མཉན་པའི་ཕྱིར་དང་། སངས་རྒྱས་ཀྱི་གདུང་རྒྱུན་མི་གཅད་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཐར་གྱིས་རྗེས་སུ་ཐོབ་པ་ཉིད་ཀྱི་ཕྱིར་དང་། ཆོས་ཀྱི་སྤྲིན་ལས་བྱུང་བའི་སྔགས་བཟང་པོ་ལ་འཇུག་པ་ཉིད་ཀྱི་ཕྱིར་དང་། ཉོན་མོངས་པ་བསྐམ་པ་དང་བདུད་རྩིའི་ཆར་གྱིས་ཉོན་མོངས་པ་ཞི་བར་བྱ་བའི་ཕྱིར་དང་། འཇིག་རྟེན་རྗེས་སུ་གཟུང་བ་ལ་རབ་ཏུ་འཇུག་པར་རྗེས་སུ་སྒྲུབ་པ་ཉིད་ཀྱི་ཕྱིར་དང་། དེ་བཞིན་དུ་ཆོས་ཀྱི་ཚུལ་གཟུང་བའི་ཕྱིར་དང་། དེ་བཞིན་གཤེགས་པའི་གསུང་དོན་ཡོད་པར་བྱ་བའི་ཕྱིར་དང་། སྔགས་ཀྱི་ཐབས་ཀྱི་སྒྲུབ་པའི་ཆོ་ག་རབ་ཏུ་གསང་བ་ཉིད་ཀྱི་ཕྱིར་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཀྱི་བདག་ཉིད་ཆེན་པོ་འབྱུང་བ་ཉིད་ཀྱི་ཕྱིར། ཆོ་གའི་རྒྱལ་པོ་རབ་འབྱམ་སྔགས་ཀྱི་མཐུ་དང་རབ་ཏུ་རྣམ་པར་ལྡན་པ་འདི་རས་རིས་ཆེན་པོའི་མདུན་དུ་ཉེ་བར་གནས་ལ་བསྒྲུབ་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་


DKG088_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སྔགས་ཀྱི་ཆོ་ག་དང་། སྔགས་རྒྱུད་ཐམས་ཅད་ཀྱི་ཆོ་གའི་ལམ་གྱི་སྟེ། མདོར་ན་འདིར་ཆོ་ག་གཞན་དུ་གསུངས་པའི་ལས་ཀྱིས་ཀྱང་ཆོ་གའི་རྒྱལ་པོ་འདི་བསྒྲུབ་པར་བྱ་སྟེ། མྱུར་དུ་དེ་དག་གི་སྔགས་རྣམས་འགྲུབ་པར་འགྱུར་ཏེ། གང་ངས་བསྟན་པ་དེ་དག་ངེས་པར་འགྲུབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བཅུ་པ་རས་རིས་ཆེན་པོའི་ཆོ་གའི་ལེའུ་རབ་འབྱམ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ།འཇམ་དཔལ་ཁྱོད་ཀྱི་རས་རིས་བར་མའི་ཆོ་ག་གཞན་སྒྲུབ་པའི་ཐབས་ཀྱི་ཆོ་ག་ཡོད་དེ། མདོར་བསྡུས་ནས་བཤད་ཀྱིས་དེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་བཤད་དོ། ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཇིག་རྟེན་ལ་ཐུགས་བརྩེ་བ་དང་སྟོན་པ་སེམས་ཅན་ཐམས་ཅད་ལ་ཕན་པར་དགྱེས་པ་དང་། བདག་ཅག་ལ་ཐུགས་བརྩེ་བའི་ཕྱིར་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་གཟིགས་ནས། དེའི་དུས་ལ་བབ་པར་མཁྱེན་ན་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཉོན་ཅིག་དང་པོར་རེ་ཞིག་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། གཙང་སྦྲའི་སྤྱོད་པ་དང་ངེས་པར་སྡོམ་པ་དང་བཟླས་པ་དང་། སྦྱིན་སྲེག་དང་བསམ་གཏན་དང་ཆོ་ག་གང་དུ་ལེགས་པར་རབ་ཏུ་གནས་པ་ལ་སྔགས་ཐམས་ཅད་ཀྱི་སྤྱོད་པ་སྒྲུབ་པའི་ལས་འབྲས་བུ་དང་བཅས་ཤིང་དོན་ཡོད་པར་འགྱུར་ཏེ། སྔགས་ཐམས་ཅད་ཀྱི་སྦྱོར་བ་འགྲུབ་པར་འགྱུར་རོ། །ངས་བཤད་པ་དེ་གང་ཞེ་ན། གཞོན་ནུ་ཉོན་ཅིག །དང་པོར་རེ་ཞིག་རིག་པ་དང་བརྟུལ་ཞུགས་དང་། ཚུལ་ཁྲིམས་ཀྱི་ཡི་དམ་དང་པོ་ཉིད་དུ་བླང་བར་བྱས་ལ། དང་པོ་རེ་ཞིག་དཀྱིལ་འཁོར་གྱི་སློབ་དཔོན་གྱིས་བསྟན་པའི་དམ་ཚིག་ཁྱོད་ཀྱི་ཆོ་གའི་རྒྱལ་པོར་བསྟན་ཅིང་སྔར་བཤད་པ་


DKG088_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྗེས་སུ་འཇུག་པར་བྱའོ། །བློ་གསལ་བ་ཡིད་གཞུངས་པ་དང་ལྡན་པ། སློབ་དཔོན་དུ་དབང་བསྐུར་བ་ཁྱོད་ཀྱིས་བསྟན་པའི་ཆོ་ག་ཤེས་པ། དགེ་བ་གསལ་བའི་ཆོས་དང་ལྡན་པ། བདེན་པར་སྨྲ་བ་སྤྲོ་བ་ཆེན་པོ་དང་ལྡན་པ་བྱས་པ་གཟོ་བ། ཡིད་གཞུངས་པ་དང་ལྡན་པ། འདྲིས་བརྟེན་པ་ཧ་ཅང་མི་རྒན་ཧ་ཅང་མི་གཞོན་པ་རྙེད་པ་དང་། བཀུར་སྟི་ལ་ཆགས་པ་མེད་པ་ཚངས་པར་སྤྱོད་པ། སྙིང་རྗེ་དང་ལྡན་པ་རྙེད་པ་ཙམ་མམ། ལོངས་སྤྱོད་ཀྱི་རྒྱུ་ཙམ་མམ། རྗེས་སུ་ཆགས་པའི་རྒྱུར་ཡང་རྫུན་མི་སྨྲ་ན་ཅུང་ཟད་ཙམ་མམ། ཆགས་པའམ་རྨོངས་པ་ཙམ་གྱིས་རྣམ་པར་ལྟ་སྨོས་ཀྱང་ཅི་དགོས། དམ་བཅས་པ་བརྟན་པ་དང་སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་དང་། སྙིང་རྗེ་དང་ལྡན་པ་དང་ཚུལ་ཁྲིམས་དང་ལྡན་པ་དང་། སྔོན་དུ་སྤྱད་པ་བྱས་པ་དང་ཁྱོད་ཀྱི་གསང་བའི་སྔགས་རྗེས་སུ་ཟློས་པ་དང་སྔ་མ་ཉིད་དུ་རིག་པ་གོམས་པར་བྱས་པ་དང་། ཁྱོད་ཀྱི་དཀྱིལ་འཁོར་ལ་མཐར་གྱིས་ཡང་དག་པར་ཞུགས་པ་དང་། འཇིག་རྟེན་ཤེས་པ་དང་ཆོ་ག་ཤེས་པ་དང་ཡང་དག་པར་རྗེས་སུ་འཛིན་པར་བྱེད་པ་དང་། འབྲས་བུ་དང་ལྡན་ཞིང་མཁས་པ་དང་ལེགས་པ་ལ་རབ་ཏུ་ཞུགས་པ་དང་གཟུགས་མཛེས་པ་དང་འདོད་པ་མེད་པ་དང་། ཆགས་པ་མེད་པ་དང་དཔའ་བ་དང་བརྩོན་འགྲུས་བརྟན་པ་དང་ནད་མེད་པ་སྟེ། ནད་གང་གིས་ལས་མི་ནུས་པའི་ངང་ཚུལ་ཅན་གྱི་ནད་མེད་པ་དང་རིགས་མཐོན་པོར་སྐྱེ་བའོ། །ཡོན་ཏན་དེ་དག་དང་ལྡན་ན་ནི་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་ལ། སྒྲུབ་པ་པོ་ཡང་དེ་དང་མཉམ་པ་སྟེ། ཡན་ལག་ལྷག་པའམ་མ་ཚང་བ་ཅུང་ཟད་ཀྱང་མེད་པའོ། །དེ་ལྟ་བུའི་དཀྱིལ་འཁོར་གྱི་སློབ་དཔོན་ལ་མཆོད་པ་བྱས་ཤིང་དོན་དུ་གཉེར་བར་བྱས་ཏེ། སློབ་དཔོན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་དམ་ཚིག་ལ་རྗེས་སུ་འཇུག་པར་འཚལ་ན། སློབ་དཔོན་གྱིས་བདག་ལ་ཐུགས་བརྩེ་བའི་སླད་དུ། ཕན་པའི་ཐུགས་དང་བརྩེ་བའི་ཐུགས་ཀྱིས་དེ་བཤད་དུ་གསོལ། དེ་ནས་དཀྱིལ་འཁོར་གྱི་


DKG088_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དེས་སྔར་བསྟན་པའི་ཆོ་གས་སློབ་མ་ལ་སྔ་མ་ཅི་ལྟ་བུ་བཞིན་དུ་བརྟགས་ནས་རབ་ཏུ་གཞུག་པར་བྱ་སྟེ། སྔར་ཅི་ལྟར་དབང་བསྐུར་བ་བཞིན་དུ་ཕྱིས་ཀྱང་སྦྱིན་པར་བྱའོ། །གོ་རིམས་ཅི་ལྟ་བ་བཞིན་དུ་དམ་ཚིག་བསྟན་ཏེ། གསང་བའི་ཕྱག་རྒྱ་དང་རྒྱུད་དང་སྔགས་དང་ལས་ཀྱང་དུས་རིང་པོ་ཉིད་ནས་ངེས་པར་བརྟགས་ཏེ། བསམ་པ་ཤེས་ནས་བསྟན་པར་བྱ་སྟེ། སྔགས་ལ་སོགས་པའི་ལས་རྣམས་ཀྱང་ཐམས་ཅད་དུ་གཞན་དུ་མ་ཡིན་ནོ་ཞེས་ཆོ་ག་འདི་ལྟར་བསྟན་པ་ཡིན་ནོ། །དེ་ནས་སློབ་མས་དཀྱིལ་འཁོར་གྱི་སློབ་དཔོན་ལ་ཅི་ནུས་པས། གང་གིས་སློབ་དཔོན་དགྱེས་པ་བདག་དང་ལོངས་སྤྱོད་རབ་ཏུ་དབུལ་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སློབ་དཔོན་དེས་བུའི་འདུ་ཤེས་ཉེ་བར་གཞག་པར་བྱ་སྟེ། བུ་བཞིན་དུ་བསྒྲུབ་པར་བྱ་ཞིང་མ་བཞིན་དུ་ཡང་ལོངས་སྤྱོད་ཀྱིས་ཉེ་བར་བསྡུ་བར་བྱའོ། །དེ་ནས་སྒྲུབ་པ་པོ་དེས་སྔགས་གང་ཡང་རུང་བ་བཟུང་སྟེ། གཅིག་པུ་དབེན་པར་སོང་ནས་སྔར་བསྟན་པ་གོང་མ་བཞིན་དུ་རྒྱ་ཆེར་སྦྱར་ཏེ། དེ་དག་ཉིད་ཀྱིས་སྔགས་དག་གིས་ནི་སྤྱན་དྲང་བ་དང་གཤེགས་སུ་གསོལ་བ་དང་། མར་མེ་དང་དྲི་དང་བདུག་པ་དང་གཏོར་མ་དང་ལྷ་བཤོས་དཀྱིལ་འཁོར་ལ་གསུངས་པ་ཉིད་ཀྱི་ཆོ་གས་རྒྱ་ཆེར་བྱ་སྟེ། སྤྱན་དྲངས་ནས་གདན་དང་མཆོད་ཡོན་ཕུལ་ལ། དུས་མཚམས་གསུམ་དུ་ཁྲུས་ལན་གསུམ་བྱ་ཞིང་། གོས་ལན་གསུམ་བརྗེ་ཞིང་ཉིན་རེ་བཞིན་དུ་བཟླས་པ་བྱའོ། །དེ་ལ་དུས་གསུམ་ཞེས་བྱ་བ་ནི་མཚན་མོའི་མཐའ་ནས་བརྩམས་པ་ཡིན་ཏེ། ཟུང་ཙམ་ནས་ཉི་མ་འཆར་བའི་བར་འདིར་དང་པོའི་དུས་སུ་བརྗོད་དོ། །ཉི་མ་གུང་ནི་ཉི་མ་གཉི་གའི་གུང་ཙམ་གྱི་ཚད་དུ་ནམ་མཁའ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་ལ་ནི་ཉི་མ་གུང་གི་དུས་ཞེས་བརྗོད་དོ། །ཉི་མ་ནུབ་པའི་དུས་སུ་ལྷག་མ་ཟུང་ཙམ་ལུས་པའི་དུས་གསུམ་པ་ཞེས་བརྗོད་དོ། །ཚུལ་ཁྲིམས་བརྟུལ་ཞུགས་ཡང་དག་ལྡན། །སློབ་དཔོན་མཁས་པ་ཆེན་པོ་དང་། །མཐོན་པོའི་རིགས་སུ་སྐྱེས་པ་དང་། །རྣམ་པ་ཀུན་དུ་བརྩོན་འགྲུས་བརྟན། །སྔགས་རྒྱུད་དག་ལ་མངོན་བརྩོན་དང་། །བྱ་བ་ཀུན་ལ་བློ་གྲོས་


DKG088_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

དགེ། །ཞིབ་ཅིང་མཁས་ལ་ཆོག་ཤེས་དང་། །ཆོས་ཀྱི་དབྱིངས་ནི་རྟག་ཏུ་འཛིན། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ། །འཇིག་རྟེན་ཆོས་ལ་ལྟོས་པ་མེད། །ཐུབ་མཆོག་ཆོས་ལ་དད་པ་དང་། །འཇིག་རྟེན་ན་ནི་ཡོངས་སུ་བསྔགས། །དབེན་པ་ཤེས་ཤིང་བཟླས་པ་བྱེད། ། སྔོན་དུ་བསྙེན་པས་རྗེས་བསྙེན་བྱེད། །འཇམ་པའི་དབྱངས་ཀྱི་སྔགས་ཤེས་ཤིང་། །མཐོང་བས་ངེས་འཛིན་དེ་མཆོག་བྱེད། །སངས་རྒྱས་གསུངས་པའི་སྔགས་རྣམས་ལ། །འཇིག་རྟེན་པ་ཡི་སྦྱོར་བ་ཤེས། །སྲུང་བྱེད་མཐུ་ནི་བརྟན་པ་དང་། །རྟག་ཏུ་གཙང་སྦྲའི་སྤྱོད་ལ་དགའ། ། སངས་རྒྱས་བསྟན་པའི་ལམ་ལ་ནི། །ཐམས་ཅད་དུ་ནི་འཇུག་པར་བྱེད། །རབ་བསྔགས་རྒྱལ་བས་བསྟོད་པ་ཡི། །སྔགས་ཟློས་པ་ལ་བརྩོན་པར་བྱེད། །ལས་འབྲས་དག་ལ་རྟག་ཡིད་ཆེས། །འཇིག་རྟེན་ཕ་རོལ་དེ་བཞིན་ནོ། །སྡིག་པ་ཀུན་ལ་འཇིགས་བྱེད་པ། །ཤིན་ཏུ་ཕྲ་བའང་དེ་བཞིན་ནོ། །གཙང་ཞིང་གྲིམས་དང་ལེ་ལོ་མེད། །ཡིད་གཞུངས་བལྟ་ན་སྡུག་པ་དང་། །སྟོབས་བཅུ་ལྡན་པས་སྔགས་བཤད་དང་། །དེ་བཞིན་རྒྱལ་བའི་སྲས་དང་ནི། །གང་དག་འཇིག་རྟེན་སྔགས་དག་དང་། །རྡོ་རྗེ་པདྨའི་རིགས་དག་གིས། །དེ་ལ་རྟག་ཏུ་བརྩོན་བྱེད་དང་། །གཞུང་དང་བསྟན་བཅོས་དོན་ཀློག་པ། །ནད་མེད་པ་དང་སྟོབས་ལྡན་དང་། །རྒན་དང་གཞོན་པ་རྣམ་པར་སྤངས། །སྔགས་གྲུབ་དེ་བཞིན་ཤེས་ཉེན་ཅན། །ཀུན་ནས་མྱུར་དུ་བྱེད་པ་དང་། །ལས་མཐའ་མི་རིང་ང་རྒྱལ་ཆུང་། །ཟུར་ཙམ་གྱིས་གོ་ཁྱད་པར་ཅན། །ཚངས་པར་སྤྱོད་ཅིང་ཤེས་རབ་ཆེ། །གཅིག་པུ་འདྲེ་བར་མི་བྱེད་དང་། །འཇམ་དཔལ་གྱིས་གསུངས་རྒྱུད་དག་ལ། །དབང་བསྐུར་ཐོབ་ཅིང་དཔའ་བ་དང་། །བཟླས་པའི་མཐར་བྱས་ལྡན་པ་དང་། །དེ་བཞིན་རིག་པ་གོམས་བྱས་དང་། །སེམས་དཔའ་ཆེ་ཞིང་འཇིག་རྟེན་ཤེས། །འགྲོ་བའི་དེ་ཉིད་རྗེས་སེམས་དང་། །ལེགས་པའི་ལམ་ཉིད་རབ་སྦྱར་བྱེད། །སྦྱིན་བྱེད་འབྱུང་པོ་ཕན་ལ་དགའ། །ཁྱད་པར་ཅན་དེའི་སློབ་དཔོན་ལ། །རྟག་ཏུ་དོན་དུ་གཉེར་བར་བྱ། །དཀྱིལ་འཁོར་དེ་ནི་བྲིས་པ་ལ། །སྔགས་རྣམས་གྲུབ་པ་སྟེར་བར་འགྱུར། །དེ་ཉིད་ཀྱིས་ནི་དབང་བསྐུར་ན། །འབྲས་བུ་ཆེན་


DKG088_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟེར་བར་འགྱུར། །གྲུབ་པ་འདོད་པའི་སློབ་མས་ཀྱང་། །ཐུབ་མཆོག་དེ་ནི་རྟག་ཏུ་མཆོད། །དེ་ཡི་བཀའ་ནི་མི་འགོམ་པར། །སློབ་མས་འབད་ནས་བྱ་བ་ཡིན། །ཅི་ལྟར་འབྱོར་པ་ཡོད་པ་བཞིན། །ལོངས་སྤྱོད་དེ་ལ་སྦྱིན་པར་བྱ། །ཉུང་བའང་ཡང་ན་མང་བའང་རུང་། །གང་གིས་དགའ་བ་ཐོབ་འགྱུར་བ། །ལུས་དང་སྲོག་གི་དོན་ཕྱིར་ནི། །ནོར་ནི་ཅི་ལྟར་སྦྱིན་པ་བཞིན། །སློབ་མ་ཆོས་རིག་དེ་བཞིན་དུ། །སློབ་དཔོན་ཕྱིར་ནི་ནོར་སྦྱིན་ན། །ཚེ་དང་ནད་མེད་དེ་བཞིན་དུ། །གྲགས་པ་ཐོབ་པར་འགྱུར་བ་ཡིན། །སློབ་མས་བླ་མ་དེ་མཆོད་ན། །དག་པའི་འགྲོ་བ་ཐོབ་པར་འགྱུར། །ལམ་ནི་སྣ་ཚོགས་ཉེར་བསྟན་པས། །དེ་ལ་སྔགས་ནི་འགྲུབ་པར་འགྱུར། །དེ་ལ་བསྟེན་དང་བསྙེན་བཀུར་བྱས། །རི་མོ་བྱས་དང་མཆོད་པས་ནི། །སངས་རྒྱས་རྣམས་དང་དེ་བཞིན་དུ། །རྒྱལ་བའི་སྲས་རྣམས་མཉེས་པར་འགྱུར། །བླ་མ་རྟག་ཏུ་བསྙེན་བཀུར་ན། །ལྷ་རྣམས་ཐམས་ཅད་དགའ་བར་འགྱུར། །བླ་མ་སྔགས་རྣམས་མཐོང་བ་ཡིས། །དེ་ལྟར་ཐམས་ཅད་བསྟན་པ་ཡིན། །སྒྲུབ་པ་པོས་ནི་དང་པོར་ཡང་། །དམ་ཚིག་ལ་ནི་འཇུག་པར་བྱ། །དམའ་བའམ་དེ་དང་མཉམ་པའང་རུང་། །གལ་ཏེ་ཁྱད་པར་གྱུར་ན་ཡང་། །རྨོངས་པའམ་ལྷག་པ་ཡིན་ཡང་རུང་། །རྟག་ཏུ་བླ་མ་བརྙས་མི་བྱ། །ཅི་ལྟར་དེ་ཉིད་རྗེས་མཐོང་ལ། །སྔགས་འགྲུབ་པ་ལ་བྱ་བ་ཡིན། །སྔར་བསྟན་པ་ཡི་སློབ་མ་ཡིས། །དེ་ལ་ཕྲག་དོག་བྱ་བ་མིན། །ལུས་ཅན་བརྩེ་བ་འཕེལ་བྱེད་པའི། །མིག་ནི་གང་ལ་ཡོད་གྱུར་པ། །དེ་ནི་སློབ་མ་ཉིད་བྱ་སྟེ། །སློབ་དཔོན་རྒྱུར་ཡང་བྱ་བ་ཡིན། །གང་དུ་ཕན་ཚུན་རྒྱུད་ལ་ནི། །བརྩེ་བའི་ཕྲེང་བ་ཡོད་པ་དང་། །བརྩེ་བའི་རྒྱུད་ནི་འཛིན་པ་ལ། །དེ་ལ་སྔགས་ནི་སྦྱིན་པར་བྱ། །སློབ་དཔོན་ལ་ནི་སློབ་མ་འམ། །བླ་མས་སློབ་མ་མཐོང་བའང་རུང་། །རྟག་ཏུ་སྤྲོ་བར་འགྱུར་བ་ལ། །གཉི་ག་ལ་ནི་གྲུབ་པ་གནས། །དེ་དག་ལ་ནི་རྟག་ཏུ་ཡང་། །སྔགས་སྤྱོད་ལམ་ནི་བསྟན་པར་བྱ། །གཉི་གས་ཕ་དང་བུར་ཤེས་ལ། །སྔགས་ནི་འབྲས་བཅས་གནས་པ་ཡིན། །སློབ་མ་བླ་མས་རྟག་ཏུ་ནི། །བརྟན་དང་དགའ་བ་དེ་བཞིན་ཐོབ། །བུ་ནི་ཆོས་དང་རྗེས་མཐུན་


DKG088_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །འབད་པས་རྟག་ཏུ་བསྲུང་བར་བྱ། །དེ་དག་ལ་ནི་སངས་རྒྱས་ཆོས། །རྟག་ཏུ་རྒྱུན་མི་ཆད་པར་འགྱུར། །གལ་ཏེ་དེ་མེད་མགོན་བྲལ་ལ། །སྔགས་རྣམས་ཅི་སྐད་གསུངས་པ་བཞིན། །སེམས་ཅན་དབུལ་པོ་རྣམས་ལ་ནི། །ཁྱད་པར་དུ་ཡང་སྔགས་བྱིན་ན། ། སེམས་ཅན་ཀུན་ལའང་སྦྱིན་པ་བས། །སྔགས་ཀྱི་སྤྱོད་པ་ཁྱད་པར་འཕགས། །མཆོག་དང་བར་མ་ཐ་མ་ནི། །དུས་རྣམས་ཀུན་དུ་བྱ་བ་སྟེ། །རྟག་ཏུ་སེམས་ཅན་ཀུན་ལ་ནི། །རྗེས་སུ་གཟུང་བའི་ཕྱིར་བྱའོ། །འགྲོ་བའམ་སྐྱེ་གནས་རྣམ་བརྟགས་ནས། །འདོད་པ་དག་ལ་སྦྱིན་པར་བྱ། ། དེ་ནི་ཅི་ལྟར་འདོད་པའི་སྔགས། །སློབ་མས་དེ་ལ་བླང་བར་བྱ། །དེ་ཉིད་ཀྱིས་བསྟན་ལམ་ཡིན་ཏེ། །གཞན་དུ་དེ་ལྟ་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་པ་ལ་ནི། །གྲུབ་པ་དེ་ལས་བསླང་བར་བྱ། །ཕ་བཞིན་མགོ་བོས་ཕྱག་བྱས་ནས། །དེ་ནས་ཅི་ལྟར་འདོད་བཞིན་འགྲོ། །དེ་ནས་གཅིག་པུ་འགྲོ་བྱས་ནས། །མཉམ་པར་བཞག་སྟེ་བཟླས་པ་བྱ། །སློང་མོ་སློང་བས་རྗེས་འཚོ་ཞིང་། །ཐུབ་པ་དུས་གསུམ་ཟློས་པར་བྱེད། །སྔར་ནི་ཅི་ལྟར་བསྟན་པ་བཞིན། །ལམ་དུ་རབ་ཏུ་འཇུག་པར་བྱེད། །དེ་ལ་རྗེས་འཇུག་བསྟེན་པ་དང་། །འདུག་པ་དང་ནི་གནས་པའོ། །དབེན་པ་ཆེན་པོ་རི་རྩེ་དང་། །དེ་བཞིན་ཆུ་བོའི་ངོགས་གཙང་དང་། །བ་ལང་གནས་དང་མཚོ་ཆེན་དང་། །དབེན་པ་སྐྱེ་བོ་རྣམ་སྤངས་དང་། །ལྷ་ཁང་སྟོང་དང་ཤིང་དང་ནི། །མཚན་གཅིག་རི་ནི་མཐོན་པོ་དང་། །རྒྱ་མཚོ་ཆེ་ངོགས་དགའ་བ་དང་། །གླིང་རྣམས་ཆེན་པོ་དག་དང་ནི། །རྣམ་པ་སྣ་ཚོགས་སྔར་བསྟན་པའི། །ཡུལ་ནི་ཡིད་དུ་འོང་བ་དང་། །འདི་དག་ལས་ནི་ཕྱོགས་གཞན་དུ། །མཉམ་བཞག་སྔགས་ནི་བཟླ་བར་བྱ། །གྲོགས་པོ་མཚན་ཉིད་ལྡན་པ་ནི། །སྔགས་དོན་ལུགས་དང་ཚད་མར་ལྡན། །ཟུར་གྱི་རྣམ་པ་དེ་ཉིད་ཤེས། །བདག་དང་དེ་ཡང་འདྲ་བའོ། །དཔའ་ཞིང་གཡུལ་ལས་རྣམ་རྒྱལ་དང་། །སྙིངསྟོབས་ཆེ་ཞིང་བཟོད་དང་ལྡན། །རྒྱལ་བས་གསུངས་པའི་བསྟན་པ་དང་། །སྔགས་ཀྱི་སྤྱོད་པ་ལ་དད་ཅིང་། །སྔགས་པའི་མཚན་ཉིད་དང་ལྡན་ལ། །བཟོད་དང་ལྡན་པའི་གྲོགས་པོ་ལ། །དེ་ལ་འབད་པ་མེད་པར་ནི། །སྔགས་ཀྱི་ལས་


DKG088_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འགྲུབ་པར་འགྱུར། །ཐོ་རངས་མལ་ནས་ལངས་ནས་ནི། །མཚོ་ཆེན་ལས་བྱུང་ཆུ་བོ་ལས། །བྱུང་ཆུ་སྲོག་ཆགས་སྐྱོན་མེད་པའི། །བཟང་པོས་ཁྲུས་ནི་རབ་ཏུ་བྱ། །ས་དང་ལྕི་བ་ཕྱེ་མ་ཡིས། །སྔགས་ཤེས་པས་ནི་ལུས་དྲིལ་བྱ། །སྔགས་ཀྱིས་དེ་བཞིན་དག་བྱས་པའི། ། དྲི་མེད་གཙང་སྦྲར་བྱས་པའི་ཆུས། །སྔགས་ལྡན་བདག་ཉིད་ཁྲུས་བྱ་ཞིང་། །ཧ་ཅང་རིང་བར་འདུག་མི་བྱ། །དེ་ནས་ལངས་ནས་ཆུ་ངོགས་འདུག །ས་དག་གིས་ཀྱང་ལག་གཉིས་བཀྲུ། །བདུན་དང་བདུན་དང་ཡང་བདུན་ནི། །ཉི་ཤུ་རྩ་གཅིག་བར་དུ་འོ། །དེ་བཞིན་དུ་ཡང་ཉེ་རེག་བྱ། །སོ་ཤིང་དག་ཀྱང་ཡང་དག་བྱེད། །སོ་ཤིང་རྣམ་པར་བོར་ནས་ནི། །དེ་ནས་སྐྱོབ་ལ་ཕྱག་ཀྱང་བྱ། །འཇིག་རྟེན་མགོན་ལ་ཕྱག་འཚལ་ནས། །མཆོད་པ་ཡིད་དུ་འོང་བར་བྱ། །རྣམ་པ་སྣ་ཚོགས་མཆོད་བསྟོད་དང་། །ཡང་དག་བསྟོད་པ་ཡང་ཡང་བྱ། །དྲི་ཞིམ་མེ་ཏོག་དེ་བཞིན་དུ། །སྟོན་ལ་ཟློས་པས་མཆོད་ཡོན་དབུལ། །སངས་རྒྱས་རྣམས་དང་དེའི་སློབ་ལ། །སྤྱི་བོས་རབ་ཏུ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་པོ་དེ་དག་གི། །མདུན་དུ་སྡིག་པ་བཤགས་པར་བྱ། །རས་རིས་བར་མའི་མདུན་དུ་ནི། །བདག་ཉིད་དག་ཀྱང་དབུལ་བར་བྱ། །ཀུ་ཤའི་ཁྲེས་ནི་བྱས་པ་དེར། །ལེགས་པར་མཉམ་གཞག་འདུག་ནས་ནི། །དེས་ནི་ཕྲེང་བ་ཐོགས་ནས་སུ། །འབད་པས་བཟླས་པ་བྱ་བ་ཡིན། །ཅི་ལྟར་རྙེད་པའི་སྔགས་ཀྱིས་བྱ། །དེ་ཚེ་སྔགས་གཞན་བཟླས་མི་བྱ། །ཧ་ཅང་ངན་པ་སྤང་བྱ་སྟེ། །ཧ་ཅང་བཟང་པོའང་དེ་བཞིན་ནོ། །བར་མ་བར་མའི་ལས་དག་ལ། །སྡོམ་ཆེན་སྔགས་ནི་རྟག་ཏུ་བཟླ། །ཧ་ཅང་སྐད་མཐོན་འབད་པས་སྤང་། །ཚིག་ནི་དམའ་བའང་མ་ཡིན་ནོ། །བར་མ་དབུས་ཀྱི་ཡུལ་དག་ཏུ། །རྗེས་མཐུན་རྒྱལ་བས་བསྔགས་པའོ། །ཧ་ཅང་སྐད་མཐོ་དམའ་བའང་མིན། །བར་མས་རྟག་ཏུ་བཟླས་པ་བྱ། །སངས་རྒྱས་སྔ་མ་ཀུན་གྱིས་ནི། །ཚིག་ནི་ལེགས་ལྡན་ཡིན་ཞེས་གསུངས། །རྟག་ཏུ་གཞན་གྱི་རྣ་ལམ་དང་། །གཞན་གྱི་དྲུང་དུ་མི་བཟླ་འོ། །དབེན་པའི་ཕྱོགས་སུའང་བདག་རིག་པས། །སྔགས་ཀྱང་བར་མ་བཟླ་བར་བྱ། །


DKG088_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་སྔགས་བཟླས་རབ་སྦྱར་ན། །སྔགས་ནི་གང་ཡང་མྱུར་དུ་འགྲུབ། །བར་མའི་སྔགས་ནི་འགྲུབ་འདོད་ན། །ཡང་དང་ཡང་དུ་བཟླས་པ་བྱ། །དེ་བས་བཟླས་པ་རྣམ་བྲལ་དང་། །སྔགས་ཀྱི་དེ་ཉིད་དོན་ལེགས་ཐོས། །དབེན་ཞིང་གདུང་བ་མེད་པར་ནི། ། ཟློས་པས་སྔགས་ནི་བཟླ་བར་བྱ། །མཚན་མོ་ཡི་ནི་བཞི་ཆ་དང་། །དེ་ཕྱེད་དེ་བཞིན་ཕྱེད་ཉིད་དང་། །སྐྱ་རེངས་དམར་པོ་ཟུང་ཙམ་ལ། །ཉི་མའི་དཀྱིལ་འཁོར་འཆར་བ་ན། །དང་པོའི་བར་མ་ཉིད་དུ་ནི། །ཐུབ་པ་མཆོག་གིས་གསུངས་པ་ཡིན། །ཟུང་ཙམ་ཁྲུ་ནི་བཞི་པ་སྟེ། །བར་མར་ཡོངས་སུ་བསྒྲགས་པ་ཡིན། །དེ་ནས་ཉི་མ་ཕྱེད་ཤར་ན། །སྔགས་བཟླས་དེ་ཚེ་སྤང་བར་བྱ། །སྔགས་བཟླས་དེ་ཚེ་བཏང་བ་ན། །སྡོམ་བརྩོན་མཆོད་ཡོན་སླར་གཤེགས་གསོལ། །དེ་ཚེ་བཏང་བའི་ལྷག་དུས་ལ། །ཐུབ་པའི་བསྟན་ལ་དགེ་བ་བྱ། །དམ་ཆོས་བཀླག་ལ་སོགས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །གླེགས་བམ་ས་བཅུ་ཞེས་བྱ་བ། །མཆོད་དང་བཀླག་པ་རྟག་ཏུ་བྱ། །དེ་ནས་དུས་ལ་བབ་གྱུར་ན། །རང་སྔགས་སྔགས་ཀྱི་མགོན་པོ་དང་། །ཐུབ་པ་མཆོག་ལ་ཕྱག་འཚལ་ནས། །དེ་ནས་འཚོ་བའི་དོན་དུ་འགྲོ། །དུས་གསུམ་སྤྱོད་དང་དེ་བཞིན་ལྡན། །དུས་སུ་ཟས་སྤྱོད་དབང་པོ་ཐུལ། །ཆོས་ཅན་སྒྲུབ་ལ་བརྩོན་པ་དང་། །སངས་རྒྱས་བསྟན་ལ་རབ་ཏུ་དད། །མི་སྨྲ་གྲོང་གི་ནང་དུ་འདུག །རྟག་ཏུ་གཙང་སྦྲ་སྤྱོད་ལ་དགའ། །ཆོས་ལྡན་སེམས་ཅན་ཁྱིམ་དུ་ནི། །སློང་དུས་རྟག་ཟློས་བྱེད་ཅིང་འདུག །སྲོག་ཆགས་མེད་ཆོས་གྲུབ་པ་ཡི། །ཟས་ནི་གཙང་བར་གྲགས་པ་དང་། །ཡང་དག་ལྟ་བའི་ཁྱིམ་དག་དང་། །སངས་རྒྱས་བསྟན་ལ་དད་པ་ཡི། །དེ་འདྲའི་ཁྱིམ་ལ་རྟག་ཏུ་ནི། །སློང་བའི་དོན་དུ་སློང་མོ་བླང་། །ཅི་ལྟར་དཔའ་བོས་གོ་བགོས་ཏེ། །ཉམ་ངའི་གཡུལ་དུ་འཇུག་པ་ན། །རྟག་ཏུ་དགྲ་ནི་འཇོམས་བྱེད་དེ། །དགྲ་ཡིས་འཇོམས་ཀྱང་མི་ནུས་པ། །དེ་བཞིན་སྔགས་པ་རྟག་གྲོང་དུ། །སློང་མོའི་འཚོ་བས་འཇུག་པ་ན། །གཟུགས་སྒྲ་ལ་སོགས་བཟང་པོ་ནི། །དེ་ལྟར་མཐོང་བས་ཆགས་གྱུར་ན། །


DKG088_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཞི་བའི་དོན་གྱི་ཕྱིར། །དགེ་བ་མི་གཙང་བསྒོམ་པར་བྱ། །ལང་ཚོའི་རྣམ་པས་བརྒྱན་པ་ཡི། །བུད་མེད་གཟུགས་ནི་མཐོང་བ་ན། །མི་གཙང་དྲི་ངན་བསྒོམ་བྱ་ཞིང་། །ཤིན་ཏུ་སྨད་པ་རྣག་དང་གཅིན། །སྲིན་བུས་ཟོས་དང་དུར་ཁྲོད་གནས། །ལུས་ནི་མི་རྟག་སྡུག་བསྔལ་ཡིན། །བྱིས་པ་སྔགས་ལ་རྨོངས་པ་ཡིས། །འགྲོ་བ་ལྔ་པོ་དག་ཏུ་འཁོར། །ལས་ཀྱི་སྐུད་པས་བཅིངས་ནས་ནི། །ཡུན་རིང་དུས་སུ་མྱ་ངན་བྱེད། །མི་ཤེས་སྒྲིབ་པས་རྨོངས་པས་ན། །དམུས་ལོང་སྡུག་བསྔལ་རྒྱུ་ཡང་ཡིན། །གང་དུ་བློ་ནི་ཕྱིན་ཅི་ལོག །སྐྱེ་བོ་ཆགས་པས་ཕོངས་པར་འགྱུར། །རྣམ་པ་སྣ་ཚོགས་ལས་གར་གྱི། །རྣམ་པ་དུ་མར་ཆགས་བྱེད་པས། །ཡུན་རིང་རེས་ཀྱིས་གནས་ནས་ནི། །འགྲོ་དང་འོང་བར་སྤྱོད་པར་བྱེད། །གར་བྱེད་བཞིན་དུ་སྤྱོད་པ་ཡིས། །བྲན་བཞིན་དུ་ནི་གཏོང་བར་བྱེད། །མི་གཙང་དགའ་བའི་སེམས་ཅན་གང་། །ཡུན་རིང་ལམ་དུ་ཕོངས་པར་འགྱུར། །འཁོར་བའི་རྒྱ་མཚོའི་ཆུ་འབྱུང་བ། །ཟོ་ཆུན་གྱི་ནི་རྣམ་པ་བཞིན། །འགྲོ་བ་དེ་དག་མི་བཟད་པའི། །སྡུག་བསྔལ་ཆུ་ཡིས་ཁྱབ་པ་ཡིན། །སངས་རྒྱས་ཀྱིས་ནི་བུད་མེད་དག །མ་འདྲེས་སྡུག་བསྔལ་རྩ་བར་གསུངས། །ཉན་ཐོས་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཐུབ་པས་དེ་བཞིན་གསུངས། །འཁོར་བའི་རྒྱ་མཚོ་མི་འཁྲུགས་པ། །རྒྱ་མཚོ་འདི་ནི་སྐམ་པར་དཀའ། །བུད་མེད་སེམས་ཀྱིས་བསླུས་པས་ན། །གང་དུ་སེམས་ཅན་བྱིང་གྱུར་ནས། །དམྱལ་བ་དུད་འགྲོའི་འཇིག་རྟེན་དང་། །ཡི་དགས་འཇིག་རྟེན་ལྷ་མ་ཡིན། །དེ་བཞིན་མི་ཡི་འཇིག་རྟེན་དང་། །ལྷ་ཡི་འགྲོ་བའི་འགྲོ་བར་འགྲོ། །བུད་མེད་ཆགས་པས་བསླུ་པས་ན། །ཀུན་ནས་ཡོངས་སུ་འཁོར་འགྱུར་ཞིང་། ། འདམ་ཆེན་ནང་དུ་འབྱིང་འགྱུར་ལ། །འཁོར་བའི་རྒྱ་མཚོ་བཙོན་ར་ཡིན། །བུད་མེད་ཆགས་པའི་བླུན་པོའི་མི། །རུལ་བའི་རོ་ལ་ཝ་བཞིན་ནོ། །གང་དུ་མི་ནི་ཆགས་བྱེད་པ། །ཤིན་ཏུ་མི་བཟད་སྡུག་བསྔལ་བཟོད། །དཀར་པོའི་ཆོས་ནི་དེས་ཉམས་བྱེད། །སངས་རྒྱས་


DKG088_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ལ་ཞུགས་པས་ནི། །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ཉིད། །ཐམས་ཅད་ཡོངས་སུ་ཟློག་བྱེད་ཅིང་། །སྔགས་ཟློས་དགའ་ཞིང་བརྩོན་པ་དང་། །གྲགས་པ་ཆེ་ཞིང་ཆགས་དང་བྲལ། །གཟི་བརྗིད་ལྡན་ཞིང་ཀུན་དང་མཛའ། །དེ་དག་ལ་ནི་སྡུག་བསྔལ་མེད། ། ཡང་དག་སྡོམ་དང་ཚངས་བདེན་ཤེས། །བླ་མ་ལྷ་ལ་མཆོད་བྱེད་དང་། །མ་དང་ཕ་ལ་གུས་པ་རྣམས། །དེ་དག་ལ་ནི་སྡུག་བསྔལ་མེད། །དམ་པའི་དོན་ལ་བརྟེན་ན་ནི། །མི་རྟག་སྡུག་བསྔལ་སྟོང་པ་དང་། །དེ་བཞིན་དབྱིག་དུག་ཟུག་རྔུ་བཞིན། །ཟློས་པས་བུད་མེད་ལུས་བསམ་བྱ། ། བློ་ངན་ཕུང་པོའི་ལྕགས་ཀྱུས་ཟིན། །འཁོར་བ་ལས་ནི་འབྱུང་མི་ནུས། །རྟག་ཏུ་བུད་མེད་ཆགས་གྱུར་པ། །དེ་ལ་གྲུབ་པ་ཡོད་མ་ཡིན། །ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང་། །གྲུབ་པ་འབྲིང་ཡང་ཡོད་མེད་དེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་གྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །བྱིས་པ་ངན་པ་འདི་ལ་ནི། །སྔགས་གྲུབ་པ་ནི་ག་ལ་ཡོད། །སྐྱེ་བོ་ཚུལ་ཁྲིམས་འཆལ་འདི་ལ། །དེ་ལ་བདེ་འགྲོ་ག་ལ་ཡོད། །མཐོ་རིས་སུ་ཡང་མི་འགྱུར་ཞིང་། །བདེ་བ་མཆོག་ཏུའང་མི་འགྱུར་ན། །རྒྱལ་བས་གསུངས་པའི་སྔགས་རྣམས་ནི། །འགྲུབ་པར་འགྱུར་བ་སྨོས་ཅི་དགོས། །ཏ་ལའི་ཤིང་གི་མགོ་བོ་ནི། །གང་ཚེ་བཅད་པར་གྱུར་པ་ན་འང་། །སྔོན་པོ་ཉིད་ཀྱི་སྐལ་མེད་ན། ། མྱུ་གུ་ནམ་ཞིག་འབྱུང་བར་འགྱུར། །དེ་བཞིན་སྔགས་གྲུབ་རྨོངས་པ་དང་། །ཚུལ་ཁྲིམས་ཉམས་ཤིང་སྡིག་ལས་བྱེད། །རྟག་ཏུ་བུད་མེད་ཆགས་པ་ལ། །འདིར་ནི་རབ་ཏུ་བསྟན་པ་ཡིན། །མི་དགེའི་བཤེས་གཉེན་བསྟེན་པ་ལ། །སྔགས་ཀྱི་རྒྱལ་པོ་ག་ལ་འགྲུབ། ། དེ་བས་དུལ་དང་རྟག་བཟླས་བྱེད། །བུད་མེད་སྐྱོན་ནི་རྣམ་སྤྱོད་ལ། །དེ་ལ་ཆགས་པ་རྣམ་སྤང་བ། །དེ་ལ་གྲུབ་པར་བརྗོད་པ་ཡིན། །བྱིས་པ་བུད་མེད་ལ་བརྒྱལ་བ། །གཞན་ལ་གྲུབ་པ་བསྟེན་པ་མིན། །བློ་ལྡན་གཡེང་བ་མེད་ལ་དགའ། །གཙང་ཞིང་མ་ཆགས་


DKG088_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཉེན་ཅན། །རིགས་མཐོ་བརྟན་དང་དཔའ་བ་དང་། །བརྩེར་ལྡན་མཐོང་ན་དགའ་བ་དང་། །ཆོས་དང་ཆོས་མིན་རྣམ་དཔྱོད་ཤེས། །དེ་ལ་གྲུབ་པ་རྙེད་མི་དཀའ། །དེ་ལྟར་སྔགས་ཤེས་ཞུགས་པ་ནི། །གྲོང་དུ་སློང་ཕྱིར་རབ་ཏུ་འཇུག །སྔར་ནི་བརྟགས་པའི་གནས་དག་ཏུ། །ཅི་ལྟར་འདོད་བཞིན་སོང་ནས་ནི། །བློ་ལྡན་དག་པས་བསླང་བའི་སྣོད། །གཙང་བའི་ཕྱོགས་སུ་ཡང་དག་གཞག །ཕྱི་རོལ་སོང་ནས་རྐང་གཉིས་བཀྲུ། །དེ་ནས་ཡང་ནི་ཡན་ལག་སྟེ། །དེ་ཚེ་སྲོག་ཆགས་མེད་པའི་ཆུས། །ལག་པ་གཡས་པས་བྱིན་པ་གཡས། ། ལག་པ་གཡོན་པས་བྱིན་པ་གཡོན། །ཡང་ན་གཉི་ག་དུས་གཅིག་བཀྲུ། །ས་ནི་ལག་གཡོན་ཡང་བཞག་ནས། །སྔར་ནི་ཡང་དག་བཞག་པ་ཡི། །བདུག་པ་གཙང་མའི་ས་དག་གིས། །ལག་པ་གཉིས་ནི་རབ་ཏུ་བཀྲུ། །དེ་ནས་སྔགས་ཀྱི་དག་བྱས་པའི། །དྲི་མེད་གཙང་སྦྲ་དག་སྣོད་ལ། །བ་ནི་སེར་སྐྱས་བོར་བ་ཡི། །ལྕི་བ་སར་པ་བླང་བར་བྱ། །སྲོག་ཆགས་མེད་པའི་ཆུར་སྦྱར་བས། །སྟོན་པ་ལ་ནི་དཀྱིལ་འཁོར་བྱ། །དང་པོ་ཐུབ་པ་མཆོག་ལ་ནི། །ཁོར་ཡུག་ཁྲུ་གང་ཙམ་དུ་བྱ། །གཉིས་པ་རང་སྔགས་མགོན་པོ་ལ། །གསུམ་པ་རང་རིག་ལྷ་ལའོ། །སྔགས་པ་བཟླས་པ་གང་བྱེད་པ། །རྟག་ཏུ་འང་དེ་ཉིད་བྱ་བ་ཡིན། །ཡང་ནི་སེམས་ཅན་ཐམས་ཅད་ཀྱི། །ལོངས་སྤྱོད་ཕྱིར་ནི་བསྟན་པ་ཡིན། །གཡས་སུ་འཇིག་རྟེན་མགོན་པོ་ཡི། །དཀྱིལ་འཁོར་འདི་ནི་རྟག་ཏུ་བྱ། །དཀོན་མཆོག་གསུམ་གྱི་དཀྱིལ་འཁོར་ནི། །གྲུ་བཞི་དག་ཏུ་བྱ་བ་ཡིན། །གཉིས་པ་རང་སངས་རྒྱས་རྣམས་ལ། །གསུམ་པ་སྟོབས་བཅུ་ལྡན་པའི་སྲས། །དཀྱིལ་འཁོར་བདུན་པོ་འདི་དག་ནི། །ཀུན་ནས་གྲུ་བཞིར་བྱ་བ་ཡིན། །ཁྲུ་གང་ངམ་ནི་ཁྲུ་ཕྱེད་དུ། །ཉིན་རེ་ཞིང་ནི་བྱ་བ་ཡིན། །སྡིག་པ་འཇིག་བྱེད་བཟླས་པ་ནི། །དབེན་པའི་ཕྱོགས་སུ་ཉིན་རེ་བྱ། །སྔགས་པ་དེ་ནས་ལངས་ནས་ནི། །འབད་པས་ལག་གཉིས་རབ་ཏུ་བཀྲུ། །གཙང་བའི་ཆུ་ཡིས་ཉེ་རེག་བྱ། །དག་ཅིང་སྲོག་ཆགས་སྤངས་པ་ཡི། །དྲི་མེད་གཙང་སྦྲས་འབད་ནས་ནི། །གཙང་བའི་སྣོད་


DKG088_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དེ་ཚེ་བླང་། །མཚོ་ཆེན་དང་ནི་འབབ་ཆུ་འམ། །ཆུ་མིག་ཆུ་བོ་ལ་གནས་དང་། །གཙང་བའི་ཕྱོགས་ནས་བྱུང་བ་ཡི། །སེམས་ཅན་དག་པ་ལག་བླངས་ལ། །གཉིས་སམ་གསུམ་དུ་རྟག་ཏུ་ཡང་། །སྔགས་པས་ཉེ་རེག་བྱ་བ་ཡིན། །དེ་ནས་ཆུས་རེག་གདོང་དང་ནི། །དེ་བཞིན་དུ་ནི་རྣ་ཁུང་དག །མིག་དང་སྣ་དང་ལག་གཉིས་དང་། །སྤྱི་བོ་ལྟེ་བའི་ཕྱོགས་རེག་བྱ། །དགེ་བ་སྤྱོད་པས་ལན་ལྔའམ་བདུན། །ཆོ་ག་ཇི་བཞིན་ཐམས་ཅད་བྱ། །གཙང་སྦྲའི་སྤྱོད་པ་ལེགས་ལྡན་པས། །ཟློས་པ་གཙང་བར་གྱུར་པ་ཡིས། །སློང་སྣོད་ཡང་དག་བླངས་ནས་ནི། །ཆུ་ཡི་གཞིར་ནི་འགྲོ་བར་བྱ། །གང་དུ་ཆུ་ཡི་རྒྱུན་འབབ་གནས། །དེ་བཞིན་དུ་ནི་ཆུ་མིག་དང་། །ཆུ་བོ་རབ་ཏུ་འབབ་པ་ལ། །རྟག་ཏུ་ཟས་ནི་བཀྲུ་བར་བྱ། །གཙུག་ལག་ཁང་ངམ་གནས་ཁང་དུ། །དེ་ནས་ལངས་ནས་འགྲོ་བར་བྱ། །གང་དུ་སྔོན་ནི་བརྟེན་པ་དང་། །གང་དུ་གནས་པ་དེར་འགྲོ་བྱ། །དེ་ནས་ཟློས་པས་ལྷུང་བཟེད་དེ། །སོང་ནས་ཕྱོགས་ནི་དེར་གཞག་བྱ། །དེ་ནས་ཉེ་རེག་མྱུར་བྱས་ནས། །དེ་བཞིན་ཡང་ནི་ལྷུང་བཟེད་བླངས། །ལྷུང་བཟེད་ས་འམ་ལོ་མ་འམ། །དངུལ་དང་གསེར་གྱི་སྣོད་དང་ནི། །ཟངས་མ་ཤིང་ཤུན་དག་ཀྱང་རུང་། །སྟོན་པ་ལ་ནི་དབུལ་བར་བྱ། །སྟོན་པ་ལ་ནི་བཤོས་ཕུལ་ནས། །རང་སྔགས་སྔགས་ཀྱི་རྒྱལ་པོ་འང་བརྗོད། །འགྲོན་གཅིག་སྡུག་བསྔལ་གྱུར་འོངས་ནས། །ཅི་ནུས་པར་ནི་སྦྱིན་པ་བྱ། །རྣམ་པ་ཀུན་དུ་ཁ་ཟས་ནི། །ཧ་ཅང་མང་བ་སྦྱིན་མི་བྱ། ། སྔགས་རིག་ལུས་གདུང་མི་བྱ་སྟེ། །རྣམ་པ་ཀུན་དུ་ཅི་རིགས་བྱ། །ལྟོ་བའི་ཚད་ཙམ་གཞག་བྱས་ཏེ། །ལྷག་མའི་ཟས་ནི་རྟག་ཏུ་སྦྱིན། །བཀྲེས་དང་སྐོམ་པས་ཉེན་གྱུར་ན། །སྔགས་ཀྱི་དོན་ལ་རྟེན་མི་ནུས། །ཁ་ཟས་མང་དང་ཉུང་ཟོས་ན། །སྔགས་རྣམས་མཉེས་པར་མི་ནུས་སོ། །དེ་ཉིད་ཕྱིར་ན་ཐུབ་དབང་གིས། །སེམས་ཅན་ཟས་ཀྱིས་གནས་པའོ་ཞེས། །ལུས་ཅན་རྣམས་ལ་གསུངས་པ་སྟེ། །གང་གིས་མི་རྣམས་འཚོ་བ་དང་། །ལྷ་དང་ལྷ་མིན་དྲི་ཟ་དང་། །ཀླུ་དང་གནོད་སྦྱིན་མི་འམ་ཅི། །སྲིན་པོ་ཡི་དགས་ཤ་ཟ་དང་། །འབྱུང་པོ་སྐར་མ་


DKG088_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་རྣམས་དག །གང་ཞིག་ཁ་ཟས་མི་ཟ་བ། །དེ་ནི་གང་ཡང་ཡོད་མ་ཡིན། །རགས་པའི་ཟས་ནི་གང་ཡིན་པ། །ཁམ་གྱི་ཟས་སུ་རྣམ་པར་བསྒྲགས། །སེམས་ཅན་ཕྲ་བའི་ཟས་ཅན་ཡང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་གསུངས། །བསམ་གཏན་ཟས་ཅན་རྣམས་ལ་ནི། །གཟུགས་ཀྱི་ཁམས་ན་སྤྱོད་པའོ། །གཟུགས་མེད་ཁམས་ཀྱི་ལྷ་དག་ནི། །ཏིང་འཛིན་འབྲས་བུ་ལ་སྤྱོད་པའོ། །སྲིད་པ་བར་མའི་སེམས་ཅན་རྣམས། །དྲི་ཡི་ཟས་སུ་རབ་ཏུ་བསྒྲགས། །དེ་བཞིན་འདོད་ཁམས་སེམས་ཅན་དག །སྣ་ཚོགས་ཟས་ལ་སྤྱོད་པ་ཡིན། །དེ་ཉིད་ཕྱིར་ནི་ཐུབ་དབང་གིས། །ལས་ཀྱི་རྒྱུ་ཡིས་གསུངས་པ་ནི། །སེམས་ཅན་ཟས་ཀྱིས་གནས་པ་ཞེས། །ཐམས་ཅད་ལ་ནི་རབ་ཏུ་བསྒྲགས། །ཟློས་ལ་རྟག་ཏུ་བརྩོན་པས་ནི། །ཟས་ཀྱི་ཚོད་རིག་བྱ་བ་ཡིན། །གང་ཕྱིར་སྔགས་བརྟེན་ནུས་པ་ནི། །ཁ་ཟས་ལ་ནི་རབ་ཏུ་གནས། ། སྤྱོད་པ་ཡོངས་སུ་དག་པ་དང་། །དགེ་ཞིང་ཚངས་པར་སྤྱོད་པ་དང་། །ཁ་ཟས་ཚོད་ནི་རིག་པ་ལ། །དེ་ལ་གྲུབ་པ་རྙེད་མི་དཀའ། །ཅི་ལྟར་ཤིང་རྟའི་ཤིང་རྟ་པས། །མིག་ནི་ཡོངས་སུ་བསྐུས་པ་ནི། །ཡུན་རིང་དུས་སུ་བརྟེན་ཕྱིར་དང་། །ཁལ་ནི་འདེགས་པར་བྱ་ཕྱིར་རོ། །དེ་བཞིན་སྔགས་པ་སྔགས་ཤེས་པས། །ཁ་ཟས་གནས་ཕྱིར་འཛིན་བྱེད་དང་། །ལུས་ཀྱང་ཚིམ་པར་བྱ་བའི་ཕྱིར། །ཟློས་པས་རྟག་ཏུ་གསོ་བར་བྱ། །སྔགས་རྣམས་བསྒྲུབ་པའི་ཕྱིར་དང་ནི། །བྱང་ཆུབ་ཚོགས་ནི་བྱ་བའི་ཕྱིར། །དེ་བཞིན་དུ་ནི་སྔགས་བཟླ་བ། །མི་ཡི་འཇིག་རྟེན་བསྲུང་བྱ་བའོ། །དེ་ཉིད་ཕྱིར་ན་ཐུབ་མཆོག་ནི། །འོད་སྲུང་ཞེས་བྱ་སྔོན་བྱུང་བ། །དེ་ཚེ་དེ་དུས་ས་སྟེང་འདིར། །འོད་ཆེན་ལྡན་པ་དེས་གསུངས་པ། །འབྱུང་པོ་རྣམས་ལ་ལེགས་དོན་དུ། །སྔགས་འདི་རབ་ཏུ་གསུངས་པ་ནི། །འཇིག་རྟེན་མ་ལུས་སྡུག་བསྔལ་དང་། །དམན་དང་དབུལ་དང་སྐྱོ་བ་དང་། །འབད་རྩོལ་དག་ལ་ཉོན་མོངས་པ། །དེ་དག་དོན་ཕྱིར་གསུངས་པ་ནི། །འབྱུང་པོ་རྣམས་ལ་ལེགས་དོན་དང་། །དེ་བཞིན་གནས་པར་འདོད་པ་ཡང་། །འབྱུང་པོ་རྣམས་ལ་ཟས་དོན་དུ། །སྔགས་མཆོག་འདི་ནི་གསུངས་པ་ཡིན། །ཉན་ཐོས་དག་


DKG088_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐམས་ཅད་དང་། །བྱང་ཆུབ་ལ་གནས་ཐམས་ཅད་ཉོན། །བདག་གིས་སྔགས་འདི་རབ་བརྗོད་ཀྱིས། །ནད་རྣམས་འཇིག་བྱེད་ཟུང་ཤིག་དང་། །གང་ཡང་བཀྲེས་ནད་ཀྱིས་ཉེན་དང་། །གང་ཡང་སེམས་ཅན་སྐོམ་པ་རྣམས། །ཀུན་གྱི་སྡུག་བསྔལ་ཉེར་ཞིའི་ཕྱིར། །འབྱོར་པ་འདོད་རྣམས་རབ་ཉོན་ཅིག །འོད་སྲུང་འོད་ནི་ཆེན་པོ་པ། །ཐུབ་པ་མཆོག་གིས་དེ་སྐད་གསུངས། །ཉན་ཐོས་རྣམས་ནི་ཡིད་དགའ་ནས། །ཁྱབ་བདག་ལ་ནི་གསོལ་བ་འདེབས། །ཆོས་མཁྱེན་སྔགས་ནི་བཤད་དུ་གསོལ། །ཆོས་ཀྱི་རྒྱལ་པོ་ཐུབ་པ་ཆེ། ། སེམས་ཅན་བརྩེ་བའི་མཆོག་གྱུར་པ། །དུས་ནི་རབ་ཏུ་ཉེ་བར་གནས། །དེ་སྐད་གསོལ་ནས་ཐུབ་མཆོག་གིས། །ཀ་ལ་པིང་ཀའི་སྒྲ་སྐད་དང་། །རྔ་བོ་ཆེ་ཡི་སྒྲ་སྐད་དང་། །ཚངས་དབྱངས་སྟོབས་ནི་ཆེན་པོ་དང་། །ཚངས་ཤེས་རྒྱལ་བ་སྔོན་འདྲེན་པས། །འབྱུང་པོའི་ཚོགས་ནི་གང་སུ་དག །འདིར་ལྷགས་གྱུར་པ་ཀུན་ཉོན་ཅིག །རྐང་མེད་དང་ནི་རྐང་མངས་དང་། །རྐང་གཉིས་པ་དང་རྐང་བཞི་པ། །མདོར་ན་སེམས་ཅན་ཀུན་གྱི་ཕྱིར། །བདེ་འབྱུང་སྔགས་ནི་བཤད་པར་བྱ། །འདས་དང་མ་འོངས་ད་ལྟར་གྱི། །སེམས་ཅན་གང་དག་འདིར་ལྷགས་པ། །འབྱོར་པ་འདོད་རྣམས་ད་ཉོན་ཅིག །མདོར་ན་བདག་གིས་རབ་བཤད་བྱ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོྃ་ག་ག་ནེ་ག་ག་ན་གཉྫ་ཨཱ་ན་ཡ་སརྦཾ་ལ་ཧུ་ལ་ཧུ་ས་མ་ཡ་མ་ནུ་སྨ་ར། ཨཱ་ཀརྵ་ཎི། མཱ་བི་ལཾ་བ་མཱ་བི་ལཾ་བ། ཡ་ཐེ་པེ་སྟཾ་མེ་སཾ་པ་དཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་འོད་སྲུང་གིས་དེ་སྐད་ཅེས་གསུངས་ནས་ཅང་མི་གསུང་བར་གྱུར་ཏོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་གིས། བར་དེར་རིག་པའི་སྔགས་ཀྱི་ཚིག་རྒྱ་ཆེར་གསུངས་པ་ན། ནམ་མཁའ་དེ་ཐམས་ཅད་ཆེན་པོ་ལ་འོས་པའི་ཟས་ཀྱི་སྤྲིན་གྱིས་ཡོངས་སུ་ཁེངས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ནམ་མཁའི་དཀྱིལ་ཀུན་དུ་ཟས་ཀྱི་སྤྲིན་གྱིས་ཁྱབ་པར་སྣང་བར་གྱུར་ཏོ། །སེམས་ཅན་གྱི་བསམ་པ་ཅི་ལྟར་མངོན་


DKG088_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདོད་པའི་བཟའ་བ་དང་ཅི་ལྟར་འདོད་པའི་ཟས་དེ་དག་ལ་ཆར་བཞིན་དུ་བབ་པར་གྱུར་ཏོ། །ཅི་ལྟར་འདོད་པའི་ཟས་དང་བཟའ་བའི་བྱ་བ་ནི་བཀྲེས་པའི་སྡུག་བསྔལ་ཞི་བའི་དོན་དང་། སྐོམ་པ་རྣམས་ཀྱིས་བཏུང་བར་བྱ་བ་ནི། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་རྒྱུན་ཡིད་ལ་འདོད་པ་བཞིན་དུ་དེར་བབ་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ཀྱི་སྐད་ཅིག་དེ་ཉིད་ལ་བཀྲེས་པའི་ནད་ཐམས་ཅད་རབ་ཏུ་ཞི་བ་དང་སྐོམ་པ་ཐམས་ཅད་དང་བྲལ་བར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེ་ཡང་ངོ་མཚར་དང་རབ་ཏུ་དགའ་བ་ཐོབ་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དེ་རྗེས་སུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྲུང་ཡང་དེ་བཞིན་གཤེགས་པའི་གནས་སུ་རྣམ་པར་བཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ངས་ཀྱང་དེའི་ཚེ་དེ་ལྟར་བཤད་ཅིང་རྗེས་སུ་ཡི་རང་བར་བྱས་སོ། །སྔགས་ཀྱི་རྒྱལ་པོའི་མཆོག་འདི་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཀྲེས་པ་དང་སྐོམ་པ་སེལ་བའི་ཕྱིར་དང་། སྔགས་ཐམས་ཅད་ཟློས་པ་དག་ལ་ཡང་ཁྱད་པར་དུ་སེལ་བར་འགྱུར་རོ། །དང་པོར་རེ་ཞིག་ཟློས་པས་སྔགས་འདི་བསྒྲུབ་པར་བྱ་སྟེ། གལ་ཏེ་བསོད་སྙོམས་ལ་འགྲོ་བར་སྤྲོ་བ་མེད་ན། རིའི་རྩེ་མོར་འཛེག་སྟེ་འབུམ་ཕྲག་བདུན་བཟླ་བར་བྱ་ཞིང་། ཟས་དཀར་གསུམ་མམ་འོ་མའི་ཟས་བཟའ་ཞིང་རིའི་རྩེ་མོ་དེ་ཉིད་དུ་འཕགས་པ་འཇམ་དཔལ་གྱི་རས་རིས་བར་མ་གོང་མ་བཞིན་བཞག་སྟེ། མཆོད་པ་ཆེན་པོ་བྱས་ནས་ཤིན་ཏུ་རྒྱ་ཆེ་བའི་གཏོར་མ་ཕུལ་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་འདི་ཉིད་ཀྱིས་གསུངས་པའི་སྔགས་ཀྱིས་སེང་ལྡེང་གི་ཡམ་ཤིང་གི་མེ་རབ་ཏུ་སྦར་ཏེ། ཤིང་ཨུ་དུམ་བཱ་རའི་ཡམ་ཤིང་ལ་མར་དང་སྦྲང་རྩིས་བཏགས་པའི་ཤིང་རློན་མཐོ་གང་ཙམ་མམ། བིལ་བའི་འབྲས་བུའི་ཡམ་ཤིང་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །དེ་ནས་ནམ་ཕྱེད་ཀྱི་དུས་མཚམས་སུ་སྤྲིན་ནག་པོ་ཆེན་པོ་དང་རླུང་གི་དཀྱིལ་འཁོར་


DKG088_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་འཇིགས་པར་མི་བྱ། ལངས་ཏེ་གཞན་དུ་འགྲོ་བར་མི་བྱ་ཞིང་། འཕགས་པ་འཇམ་དཔལ་གྱི་ཡི་གེ་བརྒྱད་ཀྱི་སྙིང་པོས་བདག་ཉིད་བསྲུང་བ་དང་། དཀྱིལ་འཁོར་བཅིང་བ་དང་གྲོགས་བསྲུང་བ་ཡང་བྱས་ན། སྔ་མ་ལྟ་བུའི་སྤྲིན་ནག་པོ་ཆེན་པོ་དེ་དང་རླུང་ནག་པོ་དེ་ཡང་མི་སྣང་བར་འགྱུར་ཏེ། བུད་མེད་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་ཀྱི་དཀྱིལ་འཁོར་གྱིས་ཕྱོགས་ཐམས་ཅད་སྣང་བར་བྱས་ཏེ་སྒྲུབ་པ་པོའི་མདུན་དུ་འདུག་ནས་སྨྲ་བ་ནི། ཀྱེ་སེམས་ཅན་ཆེན་པོ་ལོངས་ཤིག །ཁྱོད་ནི་གྲུབ་པ་ཡིན་ནོ་ཞེས་སོ། ། དེ་ནས་སྒྲུབ་པ་པོས་སྣ་མའི་མེ་ཏོག་གིས་བསྲེས་པའི་དྲི་ཞིམ་པོའི་ཆུས་མཆོད་ཡོན་སྦྱིན་ནོ། །དེ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གང་དེའི་ཉིན་མོ་ནས་བདག་ཉིད་དང་གྲོགས་པོ་ཉི་ཤུ་རྩ་ལྔའམ། ཡང་ན་ཅི་འདོད་པའི་གྲོགས་པོ་དག་ལ་ཅི་འདོད་པའི་ཁ་ཟས་དང་ཅི་ལྟར་འདོད་པའི་ཡོ་བྱད་རྣམས་ཡང་དག་པར་སྟེར་བར་བྱེད་དོ། །དེ་ནས་སྒྲུབ་པ་པོས་རས་རིས་ལ་གཤེགས་སུ་གསོལ་བའི་མཆོད་ཡོན་དབུལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་རས་རིས་བླངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས། སྔར་བསྟན་པའི་སྒྲུབ་པའི་ཐབས་ཅི་ལྟ་བུའི་གནས་དགོན་པ་ཆེན་པོའམ། རིའི་རྩེ་མོའམ་མི་མེད་པའི་གནས་སུ་འགྲོ་བར་བྱའོ། །དེར་ལོ་མའི་སྤྱིལ་པོ་བྱས་ཏེ་བདག་ཉིད་དང་གྲོགས་པོ་གཉི་གར་བཅས་ཏེ་རབ་ཏུ་གནས་པར་བྱའོ། །དེར་གནས་པ་དང་གནས་དེ་ལ་ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ལས་བྱས་ཏེ། དེ་ནས་སྒྲུབ་པ་པོས་སྔ་མ་བཞིན་དུ་ཀུ་ཤའི་ཁྲེས་ལ་འདུག་ནས། རས་རིས་བར་མ་སྔ་མ་བཞིན་དུ་བཞག་སྟེ། སེང་ལྡེང་གི་ཡམ་ཤིང་གིས་མེ་རབ་ཏུ་སྦར་ལ། དུས་གསུམ་དུ་མེ་ཏོག་པདྨ་དཀར་པོ་ཞོ་དང་སྦྲང་རྩི་དང་མར་གྱིས་བཏགས་པ་སྟོང་རྩ་བརྒྱད་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་སྦྱིན་སྲེག་བྱའོ། །དེ་ནས་མཚན་ཕྱེད་ཀྱི་དུས་སུ་སྦྱིན་སྲེག་གི་མཐར་འཕགས་པ་འཇམ་དཔལ་མངོན་སུམ་དུ་མཐོང་བར་འགྱུར་རོ། །འདོད་པའི་མཆོག་སྩོལ་བར་ཡང་འགྱུར་རོ། །ནམ་མཁའ་ལ་འགྲོ་


DKG088_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་མི་སྣང་བ་དང་བྱང་ཆུབ་སེམས་དཔའི་ས་དང་རང་སངས་རྒྱས་ཉིད་དམ་ཉན་ཐོས་ཉིད་དམ། ཚེ་རིང་བ་ཉིད་དམ་རྒྱལ་སྲིད་ཆེན་པོ་དང་། ལོངས་སྤྱོད་ཆེན་པོ་ཉིད་དམ་རྒྱལ་པོ་དགའ་བ་ཉིད་དམ། འཕགས་པ་འཇམ་དཔལ་དང་ལྷན་ཅིག་རྗེས་སུ་སྤྱོད་པར་འགྱུར་ཏེ་མདོར་ན་གང་འདོད་པ་དེ་ཐམས་ཅད་སྩོལ་བར་འགྱུར་རོ། །གང་དོན་དུ་གཉེར་བ་དེ་ཡང་རྗེས་སུ་སྩོལ་བར་འགྱུར་རོ། །གྲུབ་པའི་རྫས་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །སེམས་ཅན་ཆེན་པོ་རྣམས་ཀྱང་འགུགས་པར་བྱེད་པར་འགྱུར་རོ། །མདོར་ན་ཇི་ལྟ་ཇི་ལྟར་བརྗོད་པ་དེ་ཐམས་ཅད་བྱེད་པར་འགྱུར་རོ། །སྔོན་གྱི་ལས་ཀྱི་ཉེས་པ་ཡང་ཡང་དག་པར་སྦྱོང་བར་བྱེད་དོ་ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་སོ། །གཞན་ཡང་ལས་ཀྱི་ཐབས་བར་མ་སྒྲུབ་པ་ཡང་ཡོད་དེ་དང་པོར་རེ་ཞིག་དེ་ལྟར་ཁྱད་པར་དུ་གྱུར་པའི་གནས་སམ་གཙང་བའི་ས་ཕྱོགས་སམ། ཆུ་བོའམ་ཆུ་གླིང་གི་ངོགས་སུ་སྔ་མ་བཞིན་དུ་ཐམས་ཅད་བྱ་སྟེ། རས་རིས་ནུབ་ཏུ་བསྟན་ཏེ་བཞག་ལ་བདག་ཀྱང་ཤར་དུ་མངོན་པར་ཕྱོགས་པར་བྱས་ནས་ཀུ་ཤའི་ཁྲེས་ལ་འདུག་སྟེ། སྔ་མ་བཞིན་དུ་རྒྱ་ཆེར་སྦྱར་བར་བྱས་ནས་དུས་གསུམ་དུ་ཡི་གེ་དྲུག་པ་བཟླ་བར་བྱ་སྟེ། བཟླས་པ་རྫོགས་པ་དང་དོང་ཀའི་མེ་ཏོག་ལ་ཙནྡན་དཀར་པོའམ་གུར་གུམ་གྱིས་བསྒོས་པས་སྔ་མ་བཞིན་དུ་སྦྱིན་སྲེག་སྟོང་ཕྲག་བརྒྱ་བྱའོ། །དེ་བཞིན་དུ་མེ་སྦར་ནས་སྦྱིན་སྲེག་གི་མཇུག་ཏུ་རས་རིས་རབ་ཏུ་འགུལ་བ་ན་ནི་བློན་པོ་ཉིད་ཐོབ་པར་འགྱུར་རོ། །རས་རིས་ལས་འོད་ཀྱི་སྣང་བ་བྱུང་ན་ནི་འོད་ལས་རྒྱལ་སྲིད་ཐོབ་པར་འགྱུར་རོ། །རས་རིས་འོད་འབར་བའི་ཕྲེང་བས་ཀུན་དུ་ཁྱབ་ན་ནི་རྒྱལ་པོ་ཆེན་པོ་བཞིའི་རྒྱལ་སྲིད་ཐོབ་པར་འགྱུར་རོ། །རས་རིས་ལས་མེ་སྟག་བྱུང་ན་ནི་སུམ་ཅུ་རྩ་གསུམ་གྱི་དབང་ཕྱུག་བརྒྱ་བྱིན་ཉིད་ཐོབ་པར་འགྱུར་རོ། །རས་རིས་ལས་ཆོས་འཆད་པའི་སྒྲ་བྱུང་ན་ནི། བྱང་ཆུབ་སེམས་དཔའ་ས་གསུམ་གྱི་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ། །རས་རིས་ཀྱི་ཕྱག་གིས་མགོ་ལ་བྱུག་པར་མཛད་ན་ནི། མངོན་པར་ཤེས་པ་ལྔ་དང་། ས་བདུན་པ་ཐོབ་པ་དང་སྟོབས་བཅུ་


DKG088_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པ་མཐར་གྱིས་ཐོབ་པ་ཡིན་ནོ། །དེ་ནས་སྒྲུབ་པ་པོ་ལ་བཅོམ་ལྡན་འདས་འོད་སྲུང་གིས་གསུངས་པའི་སྔགས་བསྒྲུབས་ཏེ། བཀྲེས་པ་དང་སྐོམ་པ་རབ་ཏུ་བས་ལ་བའི་དོན་རྗེས་སུ་ཐོབ་པ་དེ་ཉིད་ཀྱི་འཚོག་ཆས། སྔགས་སྤྱོད་པའི་དོན་སྒྲུབ་པའི་ཐབས་ཀྱི་ཆོས་ལ་ཡང་དག་པར་རྗེས་སུ་བསྒྲུབ་པར་བྱའི། གཞན་དུ་ནི་འདི་འགྲུབ་པར་མི་འགྱུར་རོ། །དེ་ལྟར་མཐར་གྱིས་སྔགས་ཀྱི་སྤྱོད་པ་ལ་རྗེས་སུ་འཇུག་ཅིང་། མདོར་ན་ངེས་པར་འབད་པ་ལ་ནི་རྫས་དང་སྨན་དང་ཡོ་བྱད་ཀྱི་ཁྱད་པར་དང་། ནོར་བུ་རིན་པོ་ཆེ་སྔར་ཇི་སྐད་བཤད་པ་རྣམས་འགྲུབ་པར་འགྱུར་རོ། །སྔགས་རིག་སྔགས་ནི་ཟློས་པ་དང་། །སེམས་ནི་ཆོ་ག་ལ་མཁས་པ་དང་། །སྔགས་པ་དེ་ཚེ་དེ་ཡུལ་དུ། །དེ་ཚེ་གཙང་བའི་ཁ་ཟས་བཟའ། །ཟོས་ནས་ཡིད་ནི་དགའ་བ་དང་། །རྟག་ཏུ་དབང་པོ་རྒྱས་པ་དང་། །ལྷུང་བཟེད་ལྷག་མ་བླངས་ནས་ནི། །ཆུ་བོ་གཙང་བ་དག་དུ་འགྲོ། །དབེན་པར་ཡོངས་སུ་བོར་ནས་ནི། །སྡོམ་ཅན་གྱིས་སྦྱིན་དུད་འགྲོ་ལ། །དུད་འགྲོ་ལ་ནི་བྱིན་ནས་ཀྱང་། །འབད་པས་སྣོད་ནི་བཀྲུ་བར་བྱ། །དེ་ནས་འབད་པ་བྱས་ནས་ནི། །ས་ཡི་སྣོད་ཀྱང་བསྲེག་པར་བྱ། །ལྷག་མ་ལྷུང་བཟེད་བྱ་བ་ནི། །སྣུམ་མེད་ཟས་ནི་མེད་པ་དང་། །དྲི་ཉིད་ཡོངས་སུ་སྤང་བྱ་ཞེས། །ལྷག་མ་ལྷུང་བཟེད་ཐུབ་པས་གསུངས། །གང་དུ་སློང་བའི་ལྷུང་བཟེད་ལ། །དེར་ནི་ཁ་ཟས་མི་སྤྱད་དོ། །ཤིང་ཐོག་དངོས་རྣམས་ཐམས་ཅད་དང་། །བཅའ་བ་རྣམས་ཀྱང་དེར་མི་སྤྱད། །པདྨའི་ལོ་མར་བཟའ་མི་བྱ། །ཨུཏྤལ་སྣོད་ལ་བཟའ་བ་མིན། །མེ་ཏོག་དྲི་མཆོག་ལ་མིན་ཏེ། །སྔགས་པས་དེ་ལ་བཟའ་མི་བྱ། །གང་ཡང་ལོ་མ་ཀུ་མུ་དང་། །པླཀྴ་ཨུ་དུམ་བཱར་ལས་བྱུང་། །པ་ཊ་ཤིང་གི་ལོ་མའང་མིན། །ཚེར་མའི་ཤིང་དང་རི་ཁྲོད་བྱུང་། །ཨ་མྲའི་ལོ་མ་དག་ལའང་མིན། །དེ་བཞིན་པ་ཊ་ལ་ལས་བྱུང་། །ས་ལ་ཤྲི་ཤའི་ལོ་མ་དང་། །བྱང་ཆུབ་ཤིང་ལས་ཡང་དག་བྱུང་། །གང་དུ་བཅོམ་ལྡན་སངས་རྒྱས་ནི། །ཤཱཀྱ་སེང་གེ་བཞུགས་པ་ཡི། །ཤིང་དེ་འབད་པས་སྤང་བྱ་སྟེ། །སོ་ཤིང་དུ་ཡང་


DKG088_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་མི་བྱ། །ཀླུ་ཤིང་གི་ནི་གེ་སར་དང་། །ལོ་མ་དག་ཀྱང་མི་བཏུ་ཞིང་། །གང་དུའང་ནམ་ཡང་བཟའ་མི་བྱ། །མཁས་པས་དེ་ཀུན་རྣམ་པར་སྤོངས། །ཐུབ་པའི་ལོ་མའི་སྤྱིལ་པོ་ལས། །རྨོངས་པས་ནམ་ཡང་འགོང་མི་བྱ། །སྔགས་པ་དམ་ཚིག་ཉམས་འགྱུར་བས། །ལོ་མ་དེ་དག་ལ་མི་བཟའ། །ལོ་མ་གཞན་ལ་བཟའ་བྱ་སྟེ། །སྔགས་པས་དེར་ནི་བཟའ་བར་བྱ། །ས་དང་ཟངས་མར་བསྟན་པ་དང་། །དེ་བཞིན་དངུལ་དང་གསེར་ལས་བྱུང་། །ཤེལ་དང་རྡོ་ཡི་རང་བཞིན་ལས། །རྟག་ཏུ་བཟའ་བ་བླང་བར་བྱ། །ལོ་མའི་རྒྱབ་ཏུ་མི་བཟའ་སྟེ། །ལག་པའི་མཐིལ་དུའང་དེ་བཞིན་ནོ། །སྟོབས་བཅུ་ལྡན་དང་དེ་ཡི་སྲས། །གང་ཡང་རང་རྒྱལ་བསེ་རུ་དང་། །ཉན་ཐོས་གང་ཟག་དག་ལ་ནི། །ཕུལ་བའི་ལོ་མ་གང་ཡིན་པ། །དེ་དག་ཟློས་པས་སྤང་བྱ་སྟེ། །རྐང་པས་ཀྱང་ནི་མི་འགོང་ངོ་། །ཟས་སྣོད་རྣམ་པ་སྣ་ཚོགས་དང་། །དེ་བཞིན་བཏུང་དང་བཟའ་བ་རྣམས། །ཐམས་ཅད་དེ་ལྟར་ཕུལ་བས་ན། །སྔགས་པས་འབད་པས་བླང་མི་བྱ། །རྒྱལ་དང་རྒྱལ་བའི་མཆོག་རྣམས་དང་། །དེ་བཞིན་ཉན་ཐོས་གང་ཟག་དང་། །དཀོན་མཆོག་གསུམ་ལ་ཕུལ་བ་ཡང་། །ཟློས་པས་དེ་དག་རྟག་ཏུ་སྤང་། །ཅུང་ཟད་ཙམ་ཡང་ལུས་ཅན་ལ། །སྔགས་རྣམས་དེ་ལ་མི་འགྲུབ་སྟེ། །བཀྲ་ཤིས་ཐམས་ཅད་འདོད་པ་དང་། །ལེགས་པ་བཟང་པོ་སྨོས་ཅི་དགོས། །རྒྱས་པ་དང་ནི་ཞི་བ་དང་། །བསམ་པ་ཐམས་ཅད་རྫོགས་བྱེད་པ། ། བཤོས་ནི་ཟ་བར་བྱེད་དེ་ལ། །དེ་ཚེ་འགྲུབ་པར་མི་འགྱུར་རོ། །གཙང་ཞིང་ཤེས་རབ་ཚུལ་ཁྲིམས་ལྡན། །སྙིང་རྗེས་སྙིང་རྗེའི་ལས་ཅན་དང་། །གཙང་སྦྲའི་སྤྱོད་ལ་དགའ་བ་ཉིད། །སྔགས་རྣམས་ཀུན་དུ་འགྲུབ་པར་འགྱུར། །སེམས་ཅན་གཞན་ལ་སྦྱིན་པའི་ཟས། ། ཟློས་པས་དེ་ནི་བཟའ་མི་བྱ། །གཞན་གྱིས་རབ་ཏུ་མ་བསྟབས་པའི། །ཟས་གཞན་བཟའ་བར་མི་བྱའོ། །ཅུང་ཟད་ཙམ་གྱི་ཁ་ཟས་ཀྱང་། །རང་ལ་བྱིན་པ་བླང་བར་བྱ། །སྔགས་ཤེས་དེ་ལྟར་འཇུག་གང་ཡིན། །དེ་ལ་གྲུབ་པ་དཔག་ན་གནས། །ཟློས་པ་འདི་ཡི་ཆོ་


DKG088_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཡིས། །སྡོམ་ཅན་བཟའ་བ་བླང་བར་བྱ། །ཐུབ་པ་རྣམས་ཀྱིས་བསྔགས་པ་ཡི། །སྔགས་རྣམས་མ་ལུས་བསྒྲུབ་པར་བྱ། །མདོར་ན་ཆོ་ག་མཐོང་བས་ནི། །བཟའ་བ་ཀུན་བྱ་ལས་རྣམས་ལ། །དེ་ནས་གཞན་ཡང་བཤད་བྱ་བ། །སྔགས་ཀྱིས་མ་ལུས་དབང་དུ་བྱེད། །དེ་ནས་ཟློས་པས་ཉེ་རེག་བྱས། །དེ་ཚེ་སྔགས་ནི་བཟླས་པར་བྱ། །སྔགས་པས་དེ་ཚེ་ལན་བདུན་དུ། །ལུས་སྦྱང་ཕྱིར་ནི་བཟླས་ནས་སུ། །འབྱུང་པོའི་ཚོགས་དང་ལྷ་རྣམས་དག །དེ་དོན་རྒྱ་ཆེར་རབ་ཉོན་ཅིག །ལུས་ཀུན་ཉེ་རེག་བྱས་ནས་ནི། །ཐུབ་པའི་སྔགས་འདི་བརྗོད་པར་བྱ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོྃ་སརྦ་ཀིལྦི་ཥ་ནཱ་ཤ་ནི། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་དུཥྚ་པྲ་ཡུགྟན། ས་མ་ཡ་མ་ནུ་སྨ་ར་ཧཱུྃ་ཛཿསྭཱ་ཧཱ། སྔགས་འདིས་བསླངས་པའི་ཟས་ཇི་ལྟར་ཡོངས་སུ་སྤྱོད་པའི་ཁ་ཟས་ལ་ལན་བདུན་དུ་བསྔགས་ཏེ་ཡོངས་སུ་སྤྱད་པར་བྱའོ། །ཟོས་ནས་ཀྱང་སྔ་མ་བཞིན་དུ་ཉེ་རེག་བྱ་སྟེ། སྤྱི་བོ་ལ་སོགས་པ་ལུས་ཐམས་ཅད་ཏུ་ཉེ་རེག་བྱས་ནས། དེ་ནས་ངལ་བསོ་བར་བྱ་སྟེ། ངལ་སོས་ནས་ཡུད་ཙམ་གྱི་ཕྱེད་དམ་ཐུན་གཅིག་སྟེ། དེ་ནས་རས་རིས་དང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ནས་དམ་པའི་ཆོས་ཀྱི་གླེགས་བམ་བཀླག་པར་བྱའོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འཕགས་པ་ཟླ་བའི་སྒྲོན་མའི་ཏིང་ངེ་འཛིན་དང་། འཕགས་པ་ས་བཅུ་པ་དང་། འཕགས་པ་གསེར་འོད་དམ་པ་དང་། འཕགས་པ་རྨ་བྱ་ཆེན་མོ་དང་། འཕགས་པ་རིན་པོ་ཆེ་ཏོག་གི་གཟུངས་དང་འདི་དག་ལས་གང་ཡང་རུང་བ་བཀླག་པར་བྱའོ། །ཉི་མའི་དཀྱིལ་འཁོར་ཟུང་ཙམ་གྱི་ཚད་ཀྱི་དུས་ན། དེ་ནས་ཡོངས་སུ་གྲུབ་པ་ནི་ཇི་ལྟར་ནུས་པ་དེ་བཞིན་དུ་བཀླག་པར་བྱས་ནས། གླེགས་བམ་བརྟུལ་བའམ་གོས་གཙང་མ་བགོས་ཏེ། དམ་པའི་ཆོས་ལ་ཕྱག་བྱས་ནས། དེ་ནས་ཁྲུས་ཀྱི་དོན་དུ་ཆུ་བོའི་ངོགས་སམ། མཚོ་ཆེན་པོར་སོང་སྟེ་འཇུག་པར་བྱའོ། །ཕྱིན་ནས་སྲོག་ཆགས་མེད་པའི་ས་བླངས་ཏེ། ལན་བདུན་བཟླས་


DKG088_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་དེ་ཆུ་ལ་གདབ་བོ། །དེ་ཡང་གང་ཞེ་ན། ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོྃ་སརྦ་དུཥྚཱཾ་སྟཾ་བྷ་ཡ་ཧཱུྃ། ན་དི་བ་རཱ་བཱ་ར་ཎི། ཀུ་མཱ་ར་ཀྲཱྀ་ཌ་རཱུ་པི་ཎེ་བནྡྷ་བནྡྷ། ས་མ་ཡ་མ་ནུ་སྨ་ར་ཕཊ་ཕཊ་སྭཱ་ཧཱ། འདིས་བསྲུང་བ་བྱས་ནས་ཕྱོགས་རྣམས་བཅིང་བ་དང་། གྲོགས་རྣམས་དང་དཀྱིལ་འཁོར་དང་ཐབ་ཁུང་བཅིང་བ་དང་། མ་རུངས་པ་དང་རབ་ཏུ་མ་རུངས་པ་ཐམས་ཅད་འགུགས་པར་བྱེད་པ་དང་། སྐུད་པ་དཀར་པོ་ལ་ལན་བདུན་བཟླས་ཏེ་རྐེད་པའི་ཕྱོགས་སུ་བཅིངས་ན་ཐམས་ཅད་དུ་འགྲོ་བར་འགྱུར་རོ། ། བཟླས་པའི་དུས་ཐམས་ཅད་དང་ཁྲུས་ཀྱི་དུས་ཐམས་ཅད་དུ་ཡང་བགེགས་མ་རུངས་པ་རྣམ་པར་འཇིག་པ་དང་། རབ་ཏུ་ཞི་བར་བྱ་བའི་ཕྱིར་སྔགས་འདི་འབུམ་ཕྲག་གཅིག་བཟླས་ན། དེས་ནི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གཙུག་ཕུད་ལྔའི་ཕྱག་རྒྱ་ཆེན་པོ་དང་ལྡན་པ་དགོད་པར་བྱའོ། །ལས་ཐམས་ཅད་བྱེད་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །དེ་ནས་སྒྲུབ་པ་པོས་ས་དང་ལྕི་བའི་ཕྱེ་མ་ལ་སོགས་པ་བླངས་ཏེ། ཅི་བདེ་བར་ཁྲུས་བྱས་ཏེ། སྲོག་ཆགས་མེད་པའི་ཆུས་ཀྱང་བཀྲུས་ཏེ། ལས་ཐམས་ཅད་ལ་ཡང་སྲོག་ཆགས་མེད་པའི་ཆུས་བྱའོ། །དེ་ནས་ས་དང་ལྕི་བའམ་གཞན་ཡང་དྲི་ཞིམ་པོ་དང་ལྡན་པའི་ཡོ་བྱད་ཀྱི་ཁྱད་པར་གྱིས་བྱུགས་ཏེ་དེའི་འོག་ཏུ་ཁྲུས་བྱའོ། །ཆུའི་ནང་དུ་བཤང་གཅི་ཡང་དོར་བར་མི་བྱའོ། །ཆུ་གཏོར་ཞིང་དོར་བར་ཡང་མི་བྱའོ། །ཆུ་ལ་རྩེ་བར་ཡང་མི་བྱའོ། ། སྙིང་རྗེས་བདག་དང་སེམས་ཅན་ཐམས་ཅད་ལ་སོ་སོར་བརྟག་པར་བྱའོ། །བདག་མེད་པ་དང་སྟོང་པ་དང་། སྡུག་བསྔལ་གྱིས་ཁྱབ་པ། ཚོར་བས་མངོན་པར་གནོད་པ་དང་། སྡུག་བསྔལ་ཐོབ་པ་བཞིན་དུ་འགྲོ་བ་དང་འོང་བའི་སྦྱོར་བས་སྡུག་བསྔལ་བ། དེ་བཞིན་དུ་སེམས་ཅན་སྒྲུབ་པ་དང་བྲལ་བ། སྔགས་རིག་པས་འདི་ལྟ་བུར་འཇིག་པ་དང་རྣམ་པར་གཡེང་བ་དང་། རྣམ་པར་འཇིག་པ་ལ་སོགས་པའི་སྡུག་བསྔལ་གྱི་ཚོགས་ཀྱིས་ཉེ་བར་ཁྱབ་པ། འཁོར་བའི་རྒྱ་མཚོ་བརྒལ་དཀའ་བ་ལ་གནས་པའི་བདག་ཉིད་དུ་མཐོང་


DKG088_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་གནས་མེད་པ་དང་། སྐྱོབ་པ་མེད་པ་དང་སྐྱབས་མེད་པ་དང་ཤིན་ཏུ་དམན་པའི་ཡིད་ཅན་དུ་བདག་ཉིད་བརྟགས་ལ། སྒོམ་པ་པོས་མི་གང་ཙམ་གྱི་ཆུའམ་ལྟེ་བ་ཙམ་གྱི་ཆུ་ལ་གནས་ཏེ་ཆུ་དེ་ཉིད་ཀྱི་དབུས་སུ་སེམས་རྩེ་གཅིག་ཏུ་ཉེ་བར་གནས་པར་བྱའོ། །དང་པོ་རེ་ཞིག་པདྨ་ཆེན་པོའི་རྩ་ལག་ལ་མེ་ཏོག་པདྨ་ཆེན་པོ་དང་ལྡན་པ། པདྨ་ཆེན་པོའི་འདབ་མས་ཉེ་བར་མཛེས་པ་བལྟ་ན་སྡུག་པ། སྡོང་བུ་རིན་པོ་ཆེ་བཻ་ཌཱུཪྱའི་རང་བཞིན་ལས་བྱུང་བ། པདྨའི་གེ་སར་རིན་པོ་ཆེ་མརྒད་ལས་གྲུབ་པ། འདབ་མ་སྟོང་ཤེལ་ལས་བྱས་པ། ཤིན་ཏུ་རྣམ་པར་ཁ་བྱེ་བ། དེའི་རྗེས་སུ་སྐྱེས་པའི་ཤེལ་དང་པདྨ་རཱ་གའི་མེ་ཏོག་གིས་མཛེས་པར་བྱས་པ་དེའི་སྟེང་དུ་སེང་གེའི་ཁྲི་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་རིན་པོ་ཆེ་དུ་མས་ཉེ་བར་མཛེས་པ། རས་བཅོས་བུ་ཟུང་གིས་རབ་ཏུ་བཀབ་པ་དེའི་སྟེང་དུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བསྒོམ་པར་བྱ་སྟེ། ཆོས་འཆད་ཅིང་བཞུགས་པ་གསེར་གྱི་མདོག་ལྟར་སྣང་བ། ཀུན་ནས་འོད་འབར་བའི་ཕྲེང་བ་ཅན་འོད་འདོམ་གང་གི་དཀྱིལ་འཁོར་གྱིས་བརྒྱན་པ། སྐུའི་ཚད་ཆེན་པོ་ནམ་མཁའ་ལ་ཐུག་པ་དང་འདྲ་བ། སྐྱིལ་མོ་ཀྲུང་གིས་བཞུགས་པ་གཡས་སུའང་འཕགས་པ་འཇམ་དཔལ་རྒྱན་ཐམས་ཅད་ཀྱིས་ཉེ་བར་མཛེས་པར་བྱས་པ། པདྨའི་གདན་ལ་བཞུགས་པ་རྔ་ཡབ་ཐོགས་པ། བཅོམ་ལྡན་འདས་བཞུགས་པའི་ཟུར་ན་གནས་པ། སྐུའི་ཁ་དོག་དམར་སྐྱའམ་གུར་གུམ་བདར་བ་ལྟ་བུའོ། །གཡོན་དུ་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁ་དོག་སྟོན་ཀའི་ཟླ་རྒྱུ་འདྲ་བ་རྔ་ཡབ་ཐོགས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྒྱད་ལ་འཕགས་པ་བྱམས་པ་དང་ཀུན་ཏུ་བཟང་པོ་དང་སའི་སྙིང་པོ་དང་ནམ་མཁའ་མཛོད་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་སྦྱོང་བ་དང་འཕགས་པ་ཕྱག་ན་རྡོ་རྗེ་དང་ཁམས་བཟང་ཅན་ཏེ།བྱང་ཆུབ་སེམས་དཔའ་བཅུ་པོ་དེ་དག་གི་གཡས་ལོགས་སུ་རང་སངས་རྒྱས་བརྒྱད་བསྒོམ་པར་བྱ་སྟེ། ཙནྡན་དང་སྤོས་ཀྱི་ངད་ལྡང་དང་ཏོག་དང་ལེགས་ཏོག་དང་ཏོག་དཀར་དང་འདོད་པ་དང་ཉེ་བའི་འདོད་པ་དང་མུ་ཁྱུད་


DKG088_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འདི་བརྒྱད་དོ། །དེ་ཉིད་དུ་ཉན་ཐོས་ཆེན་པོ་བརྒྱད་གནས་པ་ལ་འདི་ལྟ་སྟེ། འཕགས་པ་མཽད་གལ་གྱི་བུ་ཆེན་པོ་དང་ཤཱ་རིའི་བུ་དང་བ་ལང་བདག་དང་བ་ར་དྭ་ཛ་བསོད་སྙོམས་ལེན་དང་། པི་ལིན་དའི་བུ་དང་འཕགས་པ་སྒྲ་གཅན་འཛིན་དང་། འོད་སྲུང་ཆེན་པོ་དང་འཕགས་པ་ཀུན་དགའ་བོའོ། །ཉན་ཐོས་ཆེན་པོ་དེ་དག་དང་ཉེ་བར་དགེ་སློང་གི་དགེ་འདུན་མཐའ་ཡས་པ་བསྒོམ་པར་བྱའོ། །རང་སངས་རྒྱས་དང་ཉེ་བ་ན་རང་སངས་རྒྱས་བསམ་གྱིས་མི་ཁྱབ་པ་བསྒོམ་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་ཀྱི་གནས་སུ་ཡང་བྱང་ཆུབ་སེམས་དཔའི་དགེ་འདུན་བསམ་གྱིས་མི་ཁྱབ་པ་བསྒོམ་པར་བྱའོ། །དེ་བཞིན་དུ་ནམ་མཁའི་དཀྱིལ་ཐམས་ཅད་དུ་འཁོར་གྱི་དཀྱིལ་འཁོར་དང་ལྡན་པ་བསྒོམ་པར་བྱ་སྟེ། བདག་ཀྱང་ལྟེ་བ་ཙམ་གྱི་ཆུ་ལ་གནས་བཞིན་དུ་ལྷ་དང་མིའི་མེ་ཏོག་རྣམ་པ་སྣ་ཚོགས་པ་ལ་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དང་པདྨ་དང་པདྨ་ཆེན་པོ་དང་། དྷ་ནུ་སྐ་རི་དང་བར་ཤི་ཀ་དང་ཨུཏྤལ་སྔོན་པོ་དང་། མེ་ཏོག་རྣམ་པ་སྣ་ཚོགས་ལ་ཚད་ཆེན་པོ་དང་། ཚན་ཆེན་པོར་གྱུར་པ་རི་རབ་ཙམ་གྱི་མེ་ཏོག་གི་སྙིམ་པས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་དེ་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ལྷ་དང་མིའི་ཕྱེ་མ་དང་གོས་དང་། གདུགས་དང་རྒྱལ་མཚན་དང་བ་དན་དག་དང་མར་མེ་རབ་ཏུ་མང་པོ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་ཡིད་དུ་འོང་བས་ཡང་དག་པར་མཆོད་པར་བྱེད་ལ། དེ་བཞིན་དུ་ལྷ་དང་མིའི་གཏོར་མ་དང་། བདུག་སྤོས་དང་བཤོས་ལ་སོགས་པ་བསྙེན་བཀུར་ཐམས་ཅད་དང་ཡོ་བྱད་རྣམས་ཉེ་བར་དབུལ་བར་བྱའོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཛོད་སྤུ་ནས་ཀྱང་འོད་ཟེར་བྱུང་སྟེ། བདག་ཉིད་དང་ཕྱོགས་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་བསྒོམ་མོ། །ཟློས་པ་པོ་བསམ་གཏན་ལ་ཞུགས་མ་ཐག་ཏུ་ཚངས་པའི་བསོད་ནམས་དང་མཉམ་པའི་འབྲས་བུ་ཐོབ་པར་འགྱུར་ངེས་པར་བྱང་ཆུབ་ལ་ཡང་གཞོལ་བར་འགྱུར་རོ། །དེ་ལ་སོགས་པའི་བསམ་གཏན་ནི། །འཇིག་རྟེན་གང་ཟག་མཆོག་གིས་


DKG088_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །འབྱུང་པོ་ཀུན་ལ་ལེགས་པ་དང་། །སྔགས་པ་རྣམས་ལ་ཕན་པའི་དོན། །བསམ་གཏན་དེ་ཚེ་དང་པོའི་གཙོས། །སྔགས་པ་རྣམས་ལ་ཕན་དོན་དུ། །གསུངས་པ་སེམས་ཅན་རྣམས་ལ་ནི། །དེ་ནས་ཐུབ་མཆོག་བདུན་པ་ཡིས། །དཀྱིལ་འཁོར་རྣམ་པ་དེ་ཉིད་ནི། །གང་ཡིན་དང་པོ་ཐུབ་པས་གསུངས། །གཉིས་པ་ཡི་ནི་དཀྱིལ་འཁོར་ཡང་། །གསུམ་པར་ཡང་ནི་དེ་ལས་གཞན། །དང་པོ་མཆོག་གི་གྲུབ་པ་ཡིན། །གཉིས་པ་དེ་བཞིན་དེ་ལས་གཞན། །ཐ་མ་གྲུབ་པ་ཕྲ་མོ་ཞེས། །ཐུབ་པ་མཆོག་གིས་ངེས་པར་གསུངས། །མཆོག་དང་བར་མ་ཐ་མ་ནི། །དེ་བཞིན་རས་རིས་བར་མ་བསྒོམ། །མདོར་ན་རྣམ་གསུམ་སྒོམ་པ་ནི། །སྡིག་པའི་རྙོག་པ་མ་ལུས་འཇིག །མཁས་པས་སྒོམ་པའི་རྣམ་པ་ནི། །དེ་ལས་གཞན་དུ་མི་བསྟེན་ཏེ། །སྔགས་རྣམས་དེ་ལ་འགྲུབ་པར་འགྱུར། །བསམ་གཏན་དེ་ལ་རབ་ཏུ་གནས། །ཅི་འདོད་ཆོ་ག་བསྟན་ནས་ནི། །ཟློས་པས་བསམ་གཏན་བྱས་ནས་སུ། །སྔགས་ཀྱི་ལྷ་ནི་གཤེགས་གསོལ་ཏེ། །མཆོད་ཡོན་གསོལ་ནས་ཅི་བདེ་བར། །ཆུ་བཞི་དེ་ལས་བྱུང་ནས་ནི། །ཅི་བདེ་བར་ནི་འགྲོ་བར་བྱ། །གནས་ཀྱང་སྔར་ནི་བསྟན་པ་ཡི། ། ཆོ་ག་ལེགས་དབེན་མཐོང་བ་ཡི། །སྔགས་པས་སྔགས་ནི་དེ་ཚེ་བཟླ། །ཅི་བཞིན་ལས་ནི་སྔར་བསྟན་པའོ། །རང་གི་ལྷ་ནི་སྤྱན་དྲངས་པ། །དེར་ནི་སྔགས་ཀྱིས་གཤེགས་སུ་གསོལ། །དེ་ནས་རང་ཉིད་བསྲུང་བྱ་ཞིང་། །དེ་བཞིན་གྲོགས་པོ་དག་ཀྱང་བསྲུང་། །དགེ་བའི་ལས་ཀྱི་དེ་ཉིད་ཤེས། །ཆོ་གའི་ལས་ལ་དགའ་ཞིང་འདོད། །བསྟོད་པའི་རྣམ་པ་མང་པོས་མཆོད། །གང་ཟག་མཆོག་ལ་བསྟོད་ནས་ནི། །རང་སྔགས་སྔགས་ཀྱི་མགོན་པོ་དང་། །ཉན་ཐོས་རང་རྒྱལ་བསེ་རུ་དང་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །འཇིག་རྟེན་གསུམ་ལ་རྗེས་གཟུང་མཛོད། །སྔགས་ཟློས་པས་ནི་གནས་དེ་ནས། །དེ་ནས་ཀྱང་ནི་ལངས་ནས་སུ། །གནས་ནི་ཐག་རིང་སོང་ནས་ནི། །ཕྱི་རོལ་རླུང་ནི་རྣམ་སྤངས་པར། །སྣབས་དང་མཆིལ་མ་རྣམ་པར་དོར། །བཤང་དང་གཅི་བའང་དེ་བཞིན་ཏེ། །ཉིན་པར་བྱང་དུ་ཁ་


DKG088_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཏེ། །མཚན་མོ་ལྷོར་ནི་བལྟ་བར་བྱ། །དེར་ནི་དོན་རྣམས་མི་བསམ་སྟེ། །སྔགས་ཟློས་ནམ་ཡང་བྱ་བ་མིན། །དེར་ནི་སྔགས་ཀྱང་མི་བཟླ་ཞིང་། །ལས་བཅས་རིགས་ཀྱང་བཤད་མ་ཡིན། །རབ་སྔགས་འགྲོས་དང་མཚན་སོགས་ཀྱིས། །དེ་ཚེ་ས་ལ་འདུག་པར་བྱ། ། གཙང་ཕྱིར་གོས་མཐའ་ཆུར་གཞུག་བྱ། །ཆུ་གཙང་གིས་ནི་ཉེ་རེག་བྱ། །འབད་པས་རྐང་གཉིས་བཀྲུ་བྱ་སྟེ། །ས་ནི་ཁྱོར་བ་བདུན་བླངས་ནས། །ལན་བདུན་ས་དེ་ཉིད་ཀྱིས་སོ། །བཤང་བ་ལ་ནི་སུམ་ཅུས་བྱ། །མཆིལ་མ་དོར་དང་དེ་བཞིན་དུ། །སྣབས་དོར་བ་ལ་རེ་རེ་འོ། །དེ་ནས་ཉེ་རེག་བྱ་བ་ཡིན། །སྒྲ་མེད་དེ་བཞིན་སོང་ནས་ནི། །ལམ་ལ་སོགས་པ་སྤངས་པའོ། །དེ་ནས་གཞན་ཡང་ཅི་འདོད་པར། །ལྷོ་ཕྱོགས་མཐའ་ནི་ཕྱི་རོལ་དུ། །གཡང་ས་ཞིང་དང་ཚྭ་སྒོ་དང་། །དེ་བཞིན་བྱེ་མས་ཁྱབ་པ་ལ། །ཆུ་བོ་སྤང་ཞིང་ངོགས་ཀྱང་སྤང་། །མི་གཙང་བ་ཡང་སྤང་བར་བྱ། །རབ་ཏུ་བཀབ་དང་དབེན་ཡིད་ཆེས། །བས་མཐའ་སྐྱེ་བོ་རྣམ་སྤངས་པ། །སྔགས་པས་དེ་འདྲའི་ས་དག་ཏུ། །མི་གཙང་བ་ནི་དོར་བར་བྱ། །སྔགས་ཟློས་དུས་ནི་ཤེས་པ་ཡིས། །ཅི་ལྟར་འདོད་པའི་ཤུགས་དག་མིན། །དེ་ནས་གཙང་མཐའི་ཕྱོགས་སོང་ནས། །བཤང་གཅིའི་བྱ་བ་བྱས་ནས་ནི། །དེ་ནས་གནས་སུ་ཅི་བདེར་གནས། །གསལ་བའམ་དབེན་པའམ་གཡོགས་པའམ། །སྐྱེ་བོ་མེད་པའི་ས་ཕྱོགས་སུ། །མི་སྨྲ་ལུས་རེག་སྤངས་ནས་ནི། །རྟག་ཏུ་བཤང་གཅི་བྱ་བ་ཡིན། །བཤང་དང་གཅི་བ་མེད་བྱས་ནས། ། སྡོམ་ཅན་གཙང་སྦྲ་རྟག་ཏུ་བྱ། །རེག་ན་འཇམ་དང་འདོད་པ་ཡི། །སྲོག་ཆགས་རྣམ་པར་སྤངས་པ་ཡི། །ས་གསུམ་ཡོངས་སུ་བླངས་ནས་སུ། །གཅིག་གིས་བཤང་བའི་ཕྱོགས་སུ་བྱ། །ས་ཡི་ཆ་གཉིས་དག་གིས་ཀྱང་། །ལག་པ་གཉིས་ནི་བཀྲུ་བར་བྱ། །སྔགས་པས་ས་དག་རྟག་ཏུ་ནི། །སྔར་བསྟན་པ་དག་བླང་བར་བྱ། །འབད་པས་རྐང་གཡོན་བཀྲུ་བྱ་སྟེ། །དེ་ནས་གཡས་པ་བཀྲུ་བར་བྱ། །ཕན་ཚུན་ཉིད་དུ་བཤིབས་ནས་ནི། །ཟློས་པས་རྐང་པ་བཀྲུ་བར་བྱ། །སྔགས་ཟློས་པས་ནི་གཙང་སྦྲ་དག །སྔར་ནི་རྒྱ་ཆེར་བསྟན་པ་ཡིན། །དྲི་ང་


DKG088_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གཙང་སྦྲ་ཡང་། །ཐུབ་པས་སྔར་ནི་བསྟན་པ་ཡིན། །སྔགས་ཟློས་པ་ཡི་གཙང་སྦྲ་ནི། །འདིར་ནི་མདོར་བསྡུས་བསྟན་པ་ཡིན། །དྲི་མ་བྲལ་བའི་གཙང་སྦྲ་ཡི། །གཙང་སྦྲ་ཉིད་ནི་རྟག་ཏུ་བྱ། །རྒྱུད་རྣམས་ཀུན་ལ་སྣང་བ་ཞེས། །ཐུབ་པའི་དབང་པོས་གསུངས་པ་ཡིན། །དེ་ནས་ཟློས་པས་ཉེ་རེག་བྱ། །སྡོམ་ཅན་གྱིས་གྲུབ་ལས་ཀྱང་བྱ། །སྔར་བསྟན་པ་ཡི་ཆོ་ག་ཡིས། །ཡིད་ནི་ནང་གི་དག་པ་ཡིན། །རྒྱུད་རྣམས་ཀུན་ལ་བསྔགས་པ་ཡི། །གཙང་སྦྲ་ལྔ་ཡི་ཆོ་ག་གསུངས། །ལུས་ཀྱི་དག་དང་ངག་དག་དང་། ། ཡིད་ཀྱི་དག་པ་ཡིན་པར་བསྟན། །བཞི་པ་བདེན་པའི་དག་པ་སྟེ། །ཆུ་ཡི་དག་པ་ལྔ་པར་བཤད། །བདེན་པའི་ཆོས་ཅན་ཁྲོ་བ་ཐུལ། །དེ་ཉིད་ཤེས་ཤིང་བསྟན་བཅོས་མཐོང་། །ཕྲ་བའི་དེ་ཉིད་དོན་ལ་མཁས། །སྔགས་ཤེས་ལས་ལ་གྲགས་པ་དང་། །ཕྱི་དང་ནང་ལ་མཁས་པ་དག །དེ་ལ་དངོས་གྲུབ་རྙེད་མི་དཀའ། །བདེན་པའི་ཆོས་ནི་རྣམ་སྤངས་པའི། །རྫུན་གྱི་ཚིག་ནི་སྨྲ་མི་བྱ། །དེ་ཉིད་ཐམས་ཅད་རྣམ་སྤངས་པའི། །མ་རུངས་རབ་ཏུ་མ་རུངས་དང་། །རྣམ་པར་སྡང་དང་འཁྲུག་བཅས་དང་། །རྩུབ་དང་གནད་རྣམས་སྨྲ་བ་དང་། །བདེན་པའི་ཆོས་ནི་རྣམ་ཉམས་པ། །སེམས་ཅན་གཞན་ལ་གནོད་བྱེད་པ། །ཕྲ་མ་ཉོན་མོངས་ཅན་སེམས་དང་། །ཆོས་ཀུན་རྣམ་པར་སྤངས་པ་དང་། །རྟག་ཏུ་འཚེ་བའི་བདག་ཉིད་དང་། །ཁྲིམས་འཆལ་ཆོས་མིན་སྤྱོད་པ་དང་། །ཟློས་པའི་སྔགས་པས་རྟག་ཏུ་སྤང་། །གྲོང་གི་ཆོས་ཀྱང་དེ་བཞིན་ནོ། །ཁྲོ་བ་ལོག་པར་འབྱུང་བ་ཡི། །འཇིག་རྟེན་ཕ་རོལ་འཇིགས་རྣམས་ལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བློ་ལྡན་རྣམས་ཀྱིས་ཡོངས་སུ་སྨད། །རྟག་ཏུ་རང་རྒྱལ་བསེ་རུ་དང་། །ཉན་ཐོས་ཀྱིས་ཀྱང་རྟག་ཏུ་སྨད། ། བརྫུན་པ་དེ་བཞིན་འཇིག་རྟེན་ན། །ས་སྟེང་གྲུབ་པ་འདོད་རྣམས་ལའོ། །བརྫུན་པ་ཉེ་བར་སྨྲ་བ་དག །ཤིན་ཏུ་མི་བཟད་དམྱལ་བར་འགྲོ། །དེ་བཞིན་དུད་འགྲོ་ཡི་དགས་དང་། །གཤིན་རྗེའི་འཇིག་རྟེན་རྟག་ཏུ་འགྲོ། །བརྫུན་ནི་ཉེ་བར་སྨྲ་བ་ཡིས། །དེར་ནི་རྟག་ཏུ་གནས་པ་ཡིན། །


DKG088_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བློ་ངན་མི་བཟད་ལྟུང་བ་ནི། །ཐིག་ནག་རབ་ཏུ་ཚ་བ་དང་། །ཡང་སོས་རལ་གྲིའི་ལོ་མ་དང་། །དེ་བཞིན་ཤལ་མ་ལི་ནགས་སུ། །བརྫུན་སྨྲ་བ་ཡི་གང་ཟག་ནི། །བསྐལ་པ་མང་པོར་དེར་གནས་སོ། །ལོག་པར་སྨྲ་བར་གྱུར་པ་དང་། །རྨོངས་པས་ལོག་པར་བརྗོད་པ་ཡིས། ། འབྱུང་པོ་རྣམས་ལ་སླུ་བྱེད་པ། །དེ་ལ་སྔགས་གྲུབ་ག་ལ་ཡོད། །དེས་ན་རྨོངས་པའི་ལས་དེ་ཡིས། །སྔགས་ནི་གྲུབ་པར་མ་མཐོང་ནས། །འདི་སྐད་དུ་ནི་ཚིག་སྨྲ་བ། །སྔགས་ལས་གྲུབ་པ་མེད་དོ་ཞེས། །དེ་སྐད་ཀྱི་ནི་ཚིག་སྨྲ་བ། །གང་གིས་སངས་རྒྱས་བསྟན་པ་འདི། ། ས་སྟེང་འདིར་ནི་སྤངས་པ་ཡིན། །བསྐལ་པ་བྱེ་བ་མང་པོར་ཡང་། །དེ་ལ་གྲུབ་པ་ག་ལ་ཡོད། །དེས་ན་མི་བཟད་དམྱལ་བར་འཚེད། །མནར་མེད་འཇིགས་པ་ཆེན་པོ་དང་། །ཡང་སོས་དང་ནི་ཐིག་ནག་དང་། །རབ་ཏུ་ཚ་བའི་དམྱལ་བར་ནི། །དམ་པའི་ཆོས་ལ་བརྙས་པ་ཡིས། ། དེར་ནི་བསྐལ་པ་ཆེན་པོར་གནས། །གང་ཡང་དམྱལ་བ་མི་བཟད་པར། །བྱིས་པའི་སྐྱེ་བོ་འཚེད་བྱེད་པ། །དམ་པའི་ཆོས་ལ་བརྙས་བྱེད་དང་། །ཞེ་སྡང་མུན་པས་བསྒྲིབས་པའོ། །མི་ཤེས་བྱིས་པའི་ངོ་བོ་འམ། །རྨོངས་པ་ལོག་པའི་ང་རྒྱལ་གྱིས། །རིག་པའི་རྒྱལ་པོ་བརྙས་བྱེད་པ། །མི་བཟད་དམྱལ་བར་འགྱུར་བ་ཡིན། །དེ་བས་སྡིག་པ་མི་བྱ་ཞིང་། །ལོག་པར་སྨྲ་བའང་སྨད་པ་དང་། །དམ་པའི་ཆོས་ཀྱང་མི་བརྙས་ཤིང་། །ལྟ་བ་ལོག་པའང་སྨད་པར་བྱ། །དེ་བས་རྟག་ཏུ་དད་གྱུར་ནས། །སྔགས་ཀྱི་ཆོ་ག་རྟག་ཏུ་བསྟེན། །ཆོས་ཤེས་བདེན་པར་སྨྲ་བ་དང་། །སེམས་ཅན་རྣམས་ལ་ཕན་པར་དགའ། །སྔགས་དང་སྔགས་ཤེས་བསྟེན་གྱུར་པ། །ངེས་པར་དེ་ལ་གྲུབ་པ་ཡིན། །མཆོག་དང་བར་མ་ཐ་མ་ལས། །རྣམ་པ་སྣ་ཚོགས་ལས་བྱེད་དེ། །ལས་ནི་བྱ་བས་བྱེད་པ་སྟེ། །བྱ་བ་མི་བྱེད་རྟག་ཏུ་ནི། །བྱ་བ་ལས་ནི་ལྡན་པ་ལས། །རྟག་ཏུ་དེ་ལས་གྲུབ་པར་འགྱུར། །བྱ་ཕྱིར་ལས་རྣམས་ཐམས་ཅད་ཕྱིར། །ལས་ཕྱིར་རྟག་ཏུ་བྱ་བ་ཡིན། །བྱ་བའི་དོན་དུ་བྱ་བ་མིན། །བྱ་བ་ལས་ལ་སྦྱར་བ་ཡིན། །དོན་བཅས་ཉིད་ཀྱི་བྱ་བ་ལ། །བྱ་བ་ཉིད་ཀྱིས་རྟག་ཏུ་


DKG088_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །བྱ་བ་ལས་དང་འབྲས་བུ་ཉིད། །བྱ་བ་ལས་འབྲས་རྟག་ཏུ་བྱ། །འབྲས་མེད་པ་ལས་འབྲས་འབྱུང་ཞིང་། །འབྲས་བུ་ཉིད་ཀྱང་རྟག་འབྲས་འགྱུར། །འབྲས་མེད་འབྲས་བུར་བཅས་པ་ཡང་། །ཐམས་ཅད་འབྲས་བུ་ཁོ་ནར་འགྱུར། །ཡང་དག་ལྡན་པས་སྔགས་གྲུབ་སྟེ། །ཡང་དག་ལྡན་པས་སྔགས་གྲུབ་པའོ། །ལྡན་པས་རྣམ་པར་བྲལ་བ་ནི། །མི་ལྡན་ལྡན་པ་གྲུབ་པ་མིན། །བསྒྲུབ་བྱ་སྒྲུབ་པ་མེད་པ་ནི། །དེ་ལ་གྲུབ་པ་མི་འགྲུབ་བོ། །གྲུབ་པའི་རྫས་ནི་ཐམས་ཅད་ཀྱང་། །གྲུབ་པའི་རྒྱུ་དང་འགལ་བ་ཡིན། །སྔགས་པ་མ་གྲུབ་སྒྲུབ་བྱེད་པ། །སྔགས་ནི་སྒྲུབ་པར་བྱེད་པ་ཡིན། །བྱེད་པ་རབ་འདོད་ལས་ཡིན་ཏེ། །ལས་ལ་འདོད་པ་བྱ་བར་འདོད། །ལས་མིན་ལས་ནི་ཐམས་ཅད་ལ། །ལས་ཀྱི་རྒྱུར་ནི་མི་བྱའོ། །སྔགས་དང་རྒྱུད་ཀྱི་དོན་ལྡན་པའི། །འབྲས་བཅས་ལས་ནི་བརྩམ་པར་བྱ། །བརྩམ་པའི་ལས་ནི་བརྩམ་པར་བྱ། །ལས་མེད་ཉིད་ལ་བརྩམ་མི་བྱ། །མ་བརྩམས་བྱ་བའི་སྔགས་རྣམས་ནི། །ལུས་ཅན་ཀུན་ལ་འགྲུབ་མི་འགྱུར། །སེམས་ཅན་ཀུན་ལ་ཐུགས་བརྩེ་བས། །ཐུབ་པ་མཆོག་གིས་སྔོན་གསུངས་པ། །སྔགས་ནི་རྒྱུ་ཡི་སྒོ་དག་ནས། །རྒྱལ་བའི་སྲས་ལ་དམ་ཚིག་བཤད། །སྒྲུབ་པ་སྔགས་ནི་ཀུན་ཤེས་ཤིང་། །སྔགས་ཀྱི་རྒྱལ་པོ་མཆོག་འདི་ནི། །སྔགས་ཀྱི་ཚུལ་དུ་རབ་བསྟན་ཡིན། །ཡང་དག་རྫོགས་ལམ་རྒྱུ་ཡིན་པས། །གང་དུ་རིགས་པ་རྟགས་ཡོད་ལ། །སྔགས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །དུས་ནི་རིང་པོ་མི་ཐོགས་པར། །མཁས་པས་གྲུབ་པ་ཐོབ་པ་ཡིན། །འབྱུང་པོ་རྣམས་ལ་ཞི་དོན་དུ། །རྫོགས་སངས་རྒྱས་ཀྱིས་རབ་ཏུ་བསྟན། །ལམ་ཡང་སྔགས་ཀྱི་ཚུལ་གྱིས་ནི། །མྱ་ངན་འདས་གྲོང་འགྲོ་བ་ཡིན། །དེ་བཞིན་རྟག་ཏུ་བྱང་ཆུབ་ལམ། །ལས་དོན་ཐམས་ཅད་རྫོགས་པར་བྱེད། །དེ་ཡི་མཐར་ཐུག་དཔུང་གཉེན་ནི། །དང་པོའི་གནས་ནི་སངས་རྒྱས་ཉིད། །དེ་བཞིན་འབད་མེད་གྲུབ་པ་ནི། །འདི་ལས་འབྲས་བཅས་ཐོབ་པ་ཡིན། །སྣ་ཚོགས་ལས་དང་ལས་ཤེས་ཡིན། །སྔགས་བཟླས་དག་ནི་བྱེད་པར་འགྱུར། །ཚུལ་ཁྲིམས་བསམ་གཏན་རྣམ་


DKG088_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་རྣམས། །མདོར་བསྡུས་འདི་ཡིས་ཐོབ་པ་སྟེ། །དོན་ཀུན་སྒྲུབ་བྱེད་གྲུབ་པ་སྟེ། །རྒྱལ་བ་མཆོག་གིས་གསུངས་པ་ཡིན། །ནོར་རྣམས་རྒྱས་པར་འཐོབ་འགྱུར་ཏེ། །དམ་པའི་འགྲོ་བར་གནས་པ་དང་། །དེ་བཞིན་རྟག་ཏུ་གནོད་སྦྱིན་སྤྱན། །ལྷ་མིའི་རྒྱལ་སྲིད་བྱེད་པར་འགྱུར། །མི་ལྷ་ལྷ་མིན་འཇིག་རྟེན་གྱི། །དེ་བཞིན་བདག་པོ་ཐོབ་འགྱུར་ཏེ། །བདག་པོ་མ་ལུས་དེ་དག་གི། །སྔགས་པས་ཐམས་ཅད་འཐོབ་པ་དང་། །འབྲས་བཅས་བྱ་བ་བྱེད་པར་འགྱུར། །གཙང་སྦྲའི་སྤྱོད་དང་ལྡན་པ་དང་། །ཚུལ་ཁྲིམས་བསམ་གཏན་རྟག་ཏུ་དགའ། ། རྒྱུད་རྣམས་ཀུན་ལས་གསུངས་པ་ཡི། །སྔགས་པས་བཟླས་པ་རྟག་ཏུ་བྱ། །སྔགས་པ་འབྱོར་པ་འདོད་པ་ཡིས། །ལས་རྣམས་སྣ་ཚོགས་བྱ་བ་སྟེ། །དེ་བཞིན་མཆོག་དང་བར་མ་དང་། །ཐ་མ་ཉིད་ཀྱང་བྱ་བ་ཡིན། །ཐ་མས་ལོངས་སྤྱོད་འཕེལ་པའི་གནས། །འབྲིང་གིས་གོང་མའི་ལུས་ཐོབ་ཅིང་། །མཆོག་གིས་རབ་ཏུ་འགྲོ་བ་སྟེ། །ཟློས་པས་རྟག་ཏུ་ཐོབ་པར་འགྱུར། །སྔགས་པས་ཟློས་མཐར་ངལ་བསོ་ཞིང་། །ཇི་སྲིད་དུས་སུ་བསྡད་པར་བྱ། །ཟློས་པས་དུས་ལ་བབ་པ་ན། །དེར་ནི་བསྒྲུབ་པ་བྱ་བ་ཡིན། །དེ་ལྟར་མོད་ཀྱི་དེ་ལ་སྔགས་པས་ལས་རྣམས་བསྒྲུབ་པ་ན་དེར་རྟག་ཏུ་བཟླས་ན། སྐྱེས་བུ་རྣམས་ཀྱི་སྡིག་པ་ཟད་པར་བྱེད་ཅིང་། ལས་རྣམ་པ་སྣ་ཚོགས་སྐྱེ་བ་བརྒྱུད་པ་དག་ཏུ་གང་དུ་གང་བྱས་པ་དེ་དག་ལ་གྲུབ་པ་གནས་པར་ནམ་ཞིག་འགྱུར་ཞེ་ན། སྐྱེས་བུས་ཇི་སྲིད་ཚོགས་པ་རྙེད་པ་ན། སྔགས་པའི་ངོ་བོས་སྔགས་བཟླས་པ་ན་སྡིག་པ་ཟད་པའི་དོན་དང་ལས་བསྲབས་པས་སྔགས་འགྲུབ་པར་འགྱུར་ཏེ། དེ་བཞིན་དུ་མཆོག་དང་བར་མ་དང་ཐ་མ་དང་འཇིག་རྟེན་གྱིས་མཆོད་པ་དང་། བཟླས་པས་སྡིག་པ་མཐའ་དག་ཟད་པར་བྱེད་ཅིང་། ལུས་ཅན་ཐམས་ཅད་ཀྱི་སྐྱེ་བ་བརྒྱུད་པ་དག་ཏུ་གང་བྱས་པའི་སྡིག་པ་དེ་དག་ཐམས་ཅད་འཇིག་པར་བྱེད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་སྔགས་བཟླས་ན་ལུས་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་ཡིད་དགའ་ཞིང་། ཡོན་ཏན་ཐམས་ཅད་ཀྱིས་གྲགས་པར་འགྱུར་བ་དང་། གནོད་སྦྱིན་གྱི་ཚོགས་ཀྱི་


DKG088_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཉིད་དང་རྟག་ཏུ་དོན་ཐམས་ཅད་ཐོབ་པ་དང་ལྡན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་རབ་འབྱམ་ལས། སྒྲུབ་པའི་ཐབས་ཀྱི་ལས་ཀྱི་གནས་བཞི་པ་ལས་བཟླས་པ་དང་ངེས་པར་སྡོམ་པ་དང་སྦྱིན་སྲེག་དང་བསམ་གཏན་དང་། གཙང་སྦྲའི་སྤྱོད་པ་དང་ལས་ཐམས་ཅད་ཀྱི་ཆོ་ག་སྒྲུབ་པའི་ལེའུ་རབ་འབྱམ་བཅུ་གཅིག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཉོན་ཅིག །ཁྱོད་ཀྱི་རིག་པའི་སྔགས་རྗེས་སུ་སྤྱོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་རྗེས་སུ་བརྩོན་པ། སེམས་ཅན་རྣམས་གང་ཟློས་པར་བྱེད་པ་དང་གང་གིས་ཟློས་པར་བྱེད་པ་དང་། དེའི་ཕྲེང་བའི་ཆོ་ག་དེ་ཐམས་ཅད་རྒྱུད་ཐམས་ཅད་ཀྱི་སྤྱི་སྔགས་ཐམས་ཅད་ཀྱི་སྒྲུབ་པའི་ཐབས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག །དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བདག་ལ་ཐུགས་བརྩེ་བའི་དོན་དང་། སྔགས་ཐམས་ཅད་ཀྱི་སྤྱོད་པ་དང་དམ་ཚིག་ལ་ཞུགས་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱི་སླད་དུ་དེ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་ཉོན་ཅིག །རྣམ་པར་དབྱེ་བ་རྒྱ་ཆེར་བཤད་པར་བྱ་སྟེ། སྔགས་ཐམས་ཅད་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པར་བྱེད་དེ། དང་པོར་རེ་ཞིག་སྔགས་སུ་འགྱུར་བ་དེ་གང་ཞེ་ན། ན་མཿསརྦ་བུད་དྷཱ་ནཱཾ། ཨ་ཙིན་ཏྱཱད་བུད་དྷ་རཱུ་པཱི་ཎཱཾ། ཏདྱ་ཐཱ། ཨོྃ་ཀུ་རུ་ཀུ་རུ། སརྦཱ་རྠཾཱ་སཱ་དྷ་ཡ། སརྦ་དུཥྚཾ་བི་མོ་ཧ་ནི། ག་ག་ནཱ་བི་ལམྤེ་བི་ཤོ་དྷ་ཡ་སྭཱ་ཧཱ། སྔགས་འདིས་ཕྲེང་བ་ཐམས་ཅད་ལ་ལས་བྱའོ། །སྦྱང་བ་དང་དགུག་པ་དང་བླང་བ་དང་རྒྱུ་བ་ལ་སོགས་པའི་ལས་བྱའོ། །


DKG088_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ཕྲེང་བའི་ཤིང་ལ་ནི། །སྔགས་ཀྱིས་ལན་གྲངས་ཉི་ཤུ་བདུན། །མངོན་པར་བསྔགས་པ་བྱས་ནས་ནི། །སྡོམ་བརྩོན་རྟག་ཏུ་བསྲུང་བ་བྱ། །མཚན་གཅིག་དེར་ནི་ཉལ་བྱས་ན། །རྨི་ལམ་ནང་དུ་དེས་མཐོང་བ། །མི་མ་ཡིན་གཟུགས་གྲུབ་པ་ནི། །མི་སྡུག་མཆེ་བ་གཙིགས་པའོ། །སྔགས་པ་ལ་ནི་དེས་སྨྲས་པ། །ནོར་ནི་ཅི་འདོད་ཁྱེར་ཅིག་ཅེས། །སྒྲུབ་བྱེད་ནང་པར་ལངས་ནས་ནི། །ཤིང་དེ་ལས་ནི་འགྲོ་བར་བྱེད། །སྔགས་པས་ཤིང་དེ་བོར་ནས་ནི། །གཞན་དག་ཏུ་ནི་འགྲོ་བྱེད་ན། །མི་སྡུག་གཟུགས་ཅན་འཇིགས་བྱེད་པ། །རྨི་ལམ་དུ་ཡང་མཐོང་མི་འགྱུར། །དང་པོར་རུ་དྲཱ་ཀྵ་ཡིན་ཏེ། །ཨིན་དྲ་ཱཀྵ་ནི་གཉིས་པ་ཡིན། །ཐ་མ་བོ་དེ་ཙེ་ཡིན་ལ། །གཞན་ཡང་འབྲས་བུ་ཡོད་པའོ། །ཤིང་ལ་ལེགས་པར་འཛེག་མཁས་པའི། །གྲོགས་དང་ལྷན་ཅིག་འཛེག་པར་བྱ། །གྲོགས་པོ་མེད་པར་གྱུར་ན་ནི། །རང་ཉིད་དེ་ལ་འཛེག་པར་བྱ། །སྟེང་གི་ཡལ་གའི་འབྲས་གནས་སུ། །སྡོམ་བརྩོན་བརྟུལ་ཞུགས་ཅན་འཛེགས་ཏེ། །རྟག་ཏུ་དེ་ལ་བག་ཡོད་པས། །སྟེང་གི་ཡལ་ག་ལ་བྱུང་ནས། །ཡལ་གའི་སྟེང་གི་འབྲས་བླངས་ཏེ། །སྟེང་གི་ལས་ལ་སྦྱར་བར་བྱ། །སྟེང་གི་གྲུབ་པ་མཆོག་ཏུ་ནི། ། གང་ཟག་མཆོག་གིས་གསུངས་པ་ཡིན། །བར་མ་བར་མའི་གྲུབ་པ་སྟེ། །གྲུབ་པ་ཐ་མའང་ཐ་མའི་ཡིན། །རྟག་ཏུ་སྲོག་ཆགས་མ་ཟོས་པའི། །འབྲས་བུ་ཡང་དག་བླང་བར་བྱ། །ནུབ་ཀྱི་ཡལ་ག་ལས་ཐོབ་པ། །རྫས་ཀྱི་རྒྱུར་ནི་གྲུབ་པ་ཡིན། །བྱང་གི་གནོད་སྦྱིན་ལ་སོགས་དང་། །ལྷ་རྣམས་རྟག་ཏུ་འགུགས་པར་བྱེད། །སྐད་ཅིག་འགུགས་པར་བྱེད་བསྟེན་པའི། །འབྱུང་པོ་ཐམས་ཅད་ཞི་ཕྱིར་དང་། །ལྷ་དང་ལྷ་མིན་དྲི་ཟ་དང་། །མི་འམ་ཅི་དང་སྲིན་པོ་རྣམས། །དབང་དུ་བྱ་བའི་ལས་བྱེད་དེ། །འབྱུང་པོ་ཀུན་ཡང་རྒྱས་པར་བྱེད། ། དོན་ཡོད་ལས་ནི་བྱེད་པ་སྟེ། །ལས་རྣམས་སྣ་ཚོགས་མ་ལུས་བྱེད། །ཤར་ཕྱོགས་ཡལ་ག་ལས་སྐྱེས་ཤིང་། །ཡང་དག་འབྱུང་བའི་འབྲས་བུ་ནི། །དེ་ཚེ་འབད་དེ་བྱས་གྱུར་ན། །ཚེ་ནི་རིང་བའི་རྒྱུ་ཡང་ཡིན། །རྟག་ཏུ་སྔགས་གྲུབ་འབྲས་བུ་ནི། །རྣམ་པ་སྣ་ཚོགས་


DKG088_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་ཡིན། །གང་ཞིག་ལྷོར་ནི་འགྲོ་བ་ཡི། །ཡལ་ག་ལོ་མར་རབ་ལྡན་པའི། །སྔགས་པས་དེ་ནི་འབད་དེ་སྤང་། །སེམས་ཅན་རྣམས་ཀྱི་སྲོག་འཕྲོག་བྱེད། །ལྷོར་བརྟེན་པ་ཡི་ཡལ་ག་དང་། །འབྲས་བུ་གང་དག་སྐྱེས་པ་ནི། །བླངས་ན་གདུང་བྱེད་དགྲ་རྣམས་ཀྱི། །སྲོག་ནི་འཇིག་པར་བྱེད་པ་ཡིན། །ཟློས་པས་འབད་དེ་སྤང་བར་བྱ། །བསོད་ནམས་མ་ཡིན་མང་པོའི་རྒྱུ། །ཡལ་ག་འོག་ཏུ་འཕྱང་གནས་ལ། །འབྲས་བུ་གང་ཞིག་རབ་བསྒྲགས་པ། །ལྷ་མིན་བུ་མོ་གནས་པ་ཡི། །ས་ཡི་འོག་ཏུ་འགྲོ་བར་འགྱུར། ། དེ་ཡི་འབྲས་བུའི་ཕྲེང་བ་ནི། །བླངས་ནས་འོག་ཏུ་འགྲོ་བརྟེན་པ། །ས་ཡི་འོག་ཏུ་གནས་པར་ནི། །དེས་ན་དེ་ནི་འགྲོ་བར་བྱེད། །དེར་ཞུགས་ལྷ་ཡི་བདེ་བ་ནི། །ཟློས་པས་ཐོབ་པར་འགྱུར་བ་ཡིན། །ལྷ་མིན་བུ་མོ་ཆགས་བཞིན་དུ། །བསྐལ་པར་དེ་ནི་གནས་པར་བྱེད། །མེ་ཏོག་ཕྲེང་བ་ཀུན་བླངས་ནས། །དེ་ནས་ཟློས་པ་སླར་ལོག་བྱ། །གྲོགས་དང་ལྷན་ཅིག་བསྲུང་བྱས་ནས། །དེ་ནས་ཇི་ལྟར་བདེ་བར་འགྲོ། །གནས་ནས་ཐག་རིང་སོང་ནས་ནི། །དེ་བཞིན་གཙང་ཕྱོགས་ཆོ་ག་བཞིན། །དེ་ནས་སྔགས་པས་རྟག་ཏུ་འདུག །ཕྲེང་བ་ཡོངས་སུ་སྦྱང་བར་བྱ། །བརྩོན་པས་ཕྲེང་བའི་འབྲས་བླངས་ཏེ། །ཀུན་ནས་ཡོངས་སུ་དག་བྱས་ནས། །སྔགས་པ་བཟང་པོས་ཕྲེང་བ་དབུག །གསུམ་བདུན་བརྒྱད་དང་གཅིག་གམ་ནི། །ཉི་ཤུ་དང་ནི་རྩ་གཅིག་ཏུ། །སྔགས་ཀྱི་དེ་ཉིད་ཤེས་པས་བཀྲུ། །སྔ་མའི་སྔགས་ཀྱིས་རྟག་ཏུ་ཡང་། །བདུན་ནམ་བརྒྱད་དུ་བཟླས་པར་བྱ། །དེ་ནས་དག་པར་ཡང་དག་འདོད། །པདྨའི་རྩ་ལག་དག་ལས་ནི། །བུ་མོས་བཀལ་བའི་སྐུད་པ་དག །གསུམ་དང་ལྔ་ལྡབ་བྱས་པ་ཡི། །སྡོམ་ཅན་གྱིས་ནི་ཕྲེང་སྐུད་བྱ། །སྔགས་ཀྱི་དེ་ཉིད་ཤེས་པས་བརྒྱུ། །འབྲུ་ནི་ཕྲ་ཞིང་ཤིན་ཏུ་ཟླུམ། །རྟག་ཏུ་སྲོག་ཆགས་བུ་ག་མེད། །ལེགས་འཇམ་སྨད་པའང་མེད་པ་ཡིན། །མཛེས་དང་ཁ་དོག་མཛེས་པ་དང་། །དེ་བཞིན་གས་མེད་བུ་ག་མེད། །རུ་དྲཱཀྵ་དང་བོ་དེ་ཙེ། །ཨིན་དྲཱཀྵ་ཡི་འབྲས་བུ་ཉིད། །རྟག་ཏུ་ལུང་ཏང་མཛེས་པ་དང་། །གཞན་


DKG088_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འབྲས་བུ་འདོད་པ་དག །འབད་པ་ཡིས་ནི་ཕྲེང་བ་དག །སྔགས་པས་བརྩོན་བྱས་དེ་ཚེ་བརྒྱུ། །གསེར་རམ་ཡང་ན་དངུལ་དག་གམ། །ནོར་བུ་ཤེལ་ལས་བྱས་པ་དང་། །དུང་དང་མུ་ས་ར་དག་དང་། །མུ་ཏིག་ལས་ཀྱང་བྱ་བ་ཡིན། །བྱི་རུ་རྣམ་པ་སྣ་ཚོགས་ཀྱི། །ཕྲེང་བ་དག་ཀྱང་བྱ་བ་ཡིན། །གཞན་ཡང་རིན་ཆེན་བཟང་པོ་ཡི། །ཕྲེང་བ་ལེགས་པར་རབ་ཏུ་བྱ། །ས་ནི་རབ་བཟླུམས་རིལ་བུ་དག །མཉམ་པར་བཞག་ནས་སྐུད་པས་བརྒྱུ། །གཞན་ཡང་རིལ་བུ་ཅུང་ཟད་གང་། །འབྲས་བུ་འབྱུང་ཁུང་དག་ལས་བྱ། །ཀུ་ཤའི་རྩེ་མོའི་མདུད་པས་ཀྱང་། ། སྔགས་པས་འབད་དེ་བྱ་བ་ཡིན། །བརྒྱ་རྩ་བརྒྱད་དམ་ཉི་ཤུ་འམ། །ལྔ་བཅུ་ཉིད་ནི་བར་མ་ཡིན། །སྔགས་པ་མཉམ་པར་བཞག་ནས་ནི། །ཚད་འདིས་ཕྲེང་བ་བརྒྱུ་བ་ཡིན། །རྩ་བརྒྱད་སྟོང་དུ་བྱ་བ་ནི། །ཕྲེང་བའི་མཆོག་ཏུ་བྱ་བ་ཡིན། །ཕྲེང་བའི་རྣམ་པ་འདི་བཞི་ཡང་། །སྔགས་པས་རྟག་ཏུ་བརྒྱུ་བ་ཡིན། །དེ་ལྟར་བརྒྱུ་བ་བྱས་ནས་ནི། །རིམ་པ་གསུམ་མམ་གཉིས་སུ་བྱ། །ལྕགས་བཟང་རང་བཞིན་གདུ་བུར་བྱ། །དེ་བཞིན་གསེར་དངུལ་དག་དང་ནི། །དེ་བཞིན་ཟངས་མའི་གདུ་བུ་ཡིས། །ཕྲེང་བ་ཀུན་ཡང་བཅིང་བར་བྱ། །དེ་ནས་ཡང་མིག་ཀུན་མཐར་ནི། ། ཀུན་ལའང་དེ་བཞིན་གདགས་པར་བྱ། །འབད་པས་དམ་དུ་བཅིང་བྱ་སྟེ། །ཇི་ལྟར་དམ་པོར་འགྱུར་བར་རོ། །ཡོངས་སུ་གསལ་བར་བྱས་ནས་ནི། །དཀྱིལ་འཁོར་ལྟ་བུར་མཐོང་བ་ཡིན། །དེ་ལྟར་སྦྲུལ་གྱི་གདེངས་ཀ་ལྟར། །ཡོངས་སུ་འཁོར་བས་བརྒྱན་པ་ཡིན། །མུ་ཏིག་ཕྲེང་བ་འདྲ་བ་ཡིས། །མགུལ་བར་བརྒྱན་པ་ལྟ་བུར་བྱ། །ཆུ་བོ་དག་ནི་དྲི་མེད་པའི། །ཆུ་གཙང་དག་གིས་ཁྲུས་བྱ་ཞིང་། །ཇི་ལྟར་གོ་རིམས་ཁྲུས་བྱས་ནས། །ཆུ་བཞི་ལས་ནི་ལྡང་ནས་སུ། །འབད་པས་དེ་བཞིན་ཉེ་རེག་བྱ། །ཕྲེང་བ་རྗེས་སུ་བླངས་ནས་ནི། །བ་ཡི་རྣམ་ལྔས་རབ་ཏུ་བཀྲུ། །དེ་བཞིན་ས་ཡི་ཕྱེ་མ་དང་། །ཆུ་གཙང་དག་གིས་རབ་བཀྲུས་ཏེ། །དྲི་ཞིམ་དག་གིས་རྗེས་བྱུགས་ཤིང་། །རབ་ཏུ་བསྔགས་པའི་ཁ་དོག་ཀྱང་། །ཙནྡན་དཀར་དང་གུར་གུམ་མོ། །དེ་ནས་དེ་བཞིན་གཉི་ག་འགྲོ། །འབད་པ་ཡིས་ནི་རབ་ཏུ་བཀྲུ། །དེ་བཞིན་ཁྲུས་


DKG088_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སོང་ནས་ནི། །གང་ན་རས་རིས་བར་མ་དེ། །རྒྱལ་བ་གཙོ་བོ་ཐུབ་མཆོག་ནི། །ཤཱཀྱ་སེང་གེ་མི་ཡི་མཆོག །དེ་བཞིན་རྟག་ཏུ་སྟོན་པའི་གཟུགས། །ས་སྟེང་རྒྱལ་བའི་རིང་བསྲེལ་ཅན། །དེ་ཡི་མདུན་དུ་ཕྲེང་བ་ནི། །དེ་དང་ཉེ་བར་གཞག་པར་བྱ། །དེ་དང་ཉེ་བར་བཞག་ནས་ནི། །དེ་ཡི་མདུན་དུ་ཉེར་གནས་ནས། །སྟོང་ཕྲག་གཅིག་དང་བརྒྱད་དང་ནི། །བརྒྱ་དང་རྩ་བརྒྱད་བཟླས་ནས་ཀྱང་། །ཉིན་ཞག་གཅིག་ནི་སྨྱུང་བྱས་ཏེ། །བདུན་པ་ཐུབ་ལ་ཕྲེང་བ་དབུལ། །སྔ་མ་དེ་བཞིན་བཟླས་བྱས་ནས། །ཚད་ཀྱང་དེ་དང་མཉམ་པར་བྱ། ། དེ་ནས་ཕྲེང་བ་ལ་བཟླས་ནས། །དེ་ཡི་མཚན་མོ་ཉལ་བར་བྱ། །ཀུ་ཤ་བཏིང་བའི་ས་ལ་ནི། །སྔགས་ཤེས་དེར་ནི་ཉལ་བར་བྱ། །གལ་ཏེ་དེས་ནི་རྨི་ལམ་ན། །དགེ་བའི་རྨི་ལམ་མཐོང་ན་ནི། །འབྲས་བཅས་རྨི་ལམ་སྟོན་པ་སྟེ། །དེ་ལ་གྲུབ་པར་བསྟན་པ་ཡིན། །སངས་རྒྱས་ཉན་ཐོས་བསེ་རུ་ནི། །གལ་ཏེ་འདི་ཡིས་རྨི་ལམ་མཐོང་། །སྔགས་པ་དེ་ཡི་བྱ་བ་ནི། །འབྲས་བཅས་ངེས་པར་འགྲུབ་པར་འགྱུར། །གཞོན་ནུའི་གཟུགས་ཅན་བྱིས་པ་ནི། །རྣམ་པ་སྣ་ཚོགས་མཛེས་མཐོང་བ། །གལ་ཏེ་རྨི་ལམ་ངེས་མཐོང་དང་། །ཕྲེང་བ་སྩོལ་བའང་དེ་བཞིན་ཏེ། །དོན་ཡོད་དེ་ནི་འགྲུབ་འགྱུར་ཏེ། །སྔགས་ཀྱི་དོན་རྣམས་སྒྲུབ་བྱེད་པའོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ལས་རས་རིས་བར་མ་ལ་བརྟེན་པ་ཆོ་ག་རབ་འབྱམ་ལས། ཕྲེང་བའི་ཆོ་ག་རབ་འབྱམ་བཅུ་གཉིས་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། གཞན་ཡང་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་སྔགས་མཐའ་དག་རྣམ་པར་དགོད་པའི་ཁྱད་པར་གྱི་ཆོ་ག་དང་སྦྱིན་སྲེག་གི་ལས་ལ་རབ་ཏུ་སྦྱོར་བའི་རིག་པ་སྒྲུབ་པ་ཡོད་དེ། མེ་ལ་ཉེ་བར་སྤྱོད་པའི་ཁྱད་པར་གྱི་ཆོ་གའི་ཕྱིར། གང་གི་རིག་པ་ཐམས་ཅད་ཀྱི་སྤྱོད་པ་ལ་མངོན་པར་བརྩོན་པའི་སེམས་ཅན་རབ་ཏུ་འཇུག་ཅིང་གནས་པར་འགྱུར་རོ། །དེ་གང་ཞེ་ན། གསང་བའི་རིག་


DKG088_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་གཞི་ནི་འདི་ལྟ་སྟེ། ཨོྃ་ཨུཏྟིཥྛ་ཧ་རི་པིང་ག་ལ་ལོ་ཧི་ཏཱ་ཀྵ། དེ་ཧི་ད་དཱ་པ་ཡ་ཧཱུཾ་སྥ་ཊ་སྥ་ཊ་སརྦ་བིགྷྞཱཾ་བི་ནཱ་ཤ་ཡ་སྭཱ་ཧཱ། འཇམ་དཔལ་འདི་ནི་མེའི་སྙིང་པོའི་མཆོག་ལས་ཐམས་ཅད་བྱེད་པ་འདོད་པ་ཐམས་ཅད་སྟེར་བར་བྱེད་པ་ཡིན་ཏེ། དང་པོ་རེ་ཞིག་སྒྲུབ་པ་པོས་མེའི་སྙིང་པོ་འདི་ལན་ཅིག་བཟླས་པས། སྲེག་བླུགས་གསུམ་གྱིས་མེ་ལ་སྦྱིན་སྲེག་བྱས་ནས་མེ་སྤྱན་དྲང་བར་འགྱུར་རོ། །དེ་ལྟར་རབ་ཏུ་སྦྱར་ན་ཞི་བ་དང་རྒྱས་པ་དང་། དྲག་པོའི་ལས་དག་ལ་ཡམ་ཤིང་རྣམ་པ་གསུམ་དུ་འགྱུར་ཏེ། མྱ་ངན་མེད་ཤིང་ཞི་དོན་དུ། །རློན་པ་ཉིད་ནི་རབ་ཏུ་བསྔགས། །མཐོ་གང་འམ་ནི་ཁྲུ་གང་ཙམ། །སོར་གསུམ་སྲིད་དུ་བྱ་བ་ཡིན། །སྣུམ་པའི་རྣམ་པ་རབ་ཏུ་བསྔགས། །ཆོ་ག་འདི་ནི་བྱ་བ་ཡིན། །བུ་ག་མེད་ཅིང་ནང་སྟོང་མིན། །དེ་བཞིན་ནེ་ཙོའི་འདབ་མ་དང་། །ལྗང་དང་དཀར་བའི་ཁ་དོག་གམ། །ཁ་དོག་ནག་པ་སྤང་བར་བྱ། ། སྲིན་བུ་རྣམས་ཀྱིས་ཟོས་པའང་སྤང་། །བུ་ག་ཡོད་པའང་རྣམ་པར་བཟློག །གཞན་ཡང་ཁ་དོག་རབ་བསྔགས་མིན། །ཐ་མ་ཉིད་ཀྱང་རྣམ་པར་སྤངས། །ཧ་ཅང་སྐམ་མིན་རློན་པའང་མིན། །ཚིག་མིན་ལས་ནི་བརྩམ་པར་བྱ། །རུལ་བ་དང་ནི་ཡོ་བའང་མིན། །ཤིན་ཏུ་རིང་བའང་སྤང་བར་བྱ། །དེ་ནས་མེ་ཐབ་བྱ་བ་ནི། །ཀུན་ནས་གྲུ་བཞིར་བྱ་བ་སྟེ། །འོག་ཉིད་དུ་ཡང་བརྐོ་བ་ནི། །འབད་པས་ཁྲུ་ནི་བཞི་ཡི་ཚད། །ཁྲུ་གསུམ་དང་ནི་ཁྲུ་གཉིས་དང་། །དེ་བཞིན་ཁྲུ་གཅིག་ཚད་དུ་བྱ། །རྟག་ཏུ་སྲོག་ཆགས་སྤངས་པ་དང་། །བྱེ་མས་ལེགས་པར་སྦྱར་བ་གང་། །དེ་ནས་པད་འདྲའི་ལན་ཀན་ནི། །ཀུན་ནས་དཀྱིལ་འཁོར་འདྲ་བའོ། །ཡང་ན་འབད་པས་ཟུར་བཞི་ཡང་། །དེ་བཞིན་ལན་ཀན་དབྱིབས་སུ་བྱ། །རྡོ་རྗེའི་རྣམ་པ་འདྲ་བ་ཡི། །རྩེ་མོ་གཉིས་སུའང་རྩེ་གསུམ་བྱ། །མེ་ཐབ་ཀྱི་ནི་ཐད་ཀ་ལ། །ཁྲུ་གཉིས་ཐད་ཀར་བྱ་བ་ཡིན། །གཙང་དང་དེ་བཞིན་གསལ་བའི་གནས། །ཆུ་ཀླུང་དེ་བཞིན་ཆུ་དབུས་དང་། །ཤིང་གཅིག་གི་ནི་ཕྱོགས་དག་དང་། །དུར་ཁྲོད་དང་ནི་ཁང་སྟོང་དུ། །སྦྱིན་སྲེག་ལེགས་པར་ཡང་དག་བརྩམ། །དེ་བཞིན་རི་བོའི་རྩེ་དག་ཏུའོ། །རྟག་ཏུ་ལྷ་ཁང་སྟོང་པ་དང་། །དགོན་པ་


DKG088_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའང་དེ་བཞིན་ནོ། །གང་ཡང་སྒྲུབ་པའི་ཕྱོགས་དག་ཏུ། །གང་ཟག་མཆོག་གིས་རབ་གསུངས་པ། །སྦྱིན་སྲེག་གནས་ནི་ཐམས་ཅད་ལ། །གནས་དེ་དག་ནི་ཐམས་ཅད་གསུངས། །ཀུ་ཤའི་ཁྲེས་ནི་ཁྲུ་གང་ཙམ། །དེ་ལ་འདུག་པར་བྱས་ནས་ནི། ། སྔགས་ཤེས་དེར་ནི་སྦྱིན་སྲེག་ལས། །ཁྱད་པར་དུ་ཡང་བྱ་བ་ཡིན། །གནས་དེ་དག་ལ་འདུག་ན་ནི། །མྱུར་དུ་འགྲུབ་པར་ཐེ་ཚོམ་མེད། །ཤར་དང་བྱང་དུ་བལྟས་པས་ཀྱང་། །ཞི་བ་དང་ནི་རྒྱས་པར་བྱ། །ལྷོར་བལྟས་ནས་ནི་དྲག་པོའི་ལས། །སྔགས་པས་དེ་ནི་སྤང་བར་བྱ། ། ཤར་དུ་བལྟས་པས་ཞི་བ་འགྲུབ། །བྱང་དུ་བལྟས་པས་རྒྱས་པའོ། །འདི་ཡིས་སྔགས་པ་དུས་རྟག་ཏུ། །སྔགས་ཀྱི་ངོ་བོ་ཡང་དག་བརྩམ། །བིལ་བ་པླག་ཤ་ནྱ་གྲོ་དྷས། །རྒྱས་པའི་ལས་ནི་ཡོངས་སུ་བྱ། །མངོན་སྤྱོད་ཤིང་ལས་བྱ་བ་ནི། །དཀར་དང་ཚྭ་དང་སྐྱུར་དང་རྣོ། །དེ་དག་ཐམས་ཅད་སྤང་བྱ་སྟེ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་བཀག །ཞི་དང་རྒྱས་པའི་ལས་ལ་ནི། །ཤིང་རློན་དག་ནི་རབ་ཏུ་བསྔགས། །དྲག་པོའི་ལས་ལ་ཤིང་སྐམ་སྟེ། །ཐུབ་པ་རྣམས་ཀྱིས་རྟག་ཏུ་སྤངས། །ཡམ་ཤིང་དེ་དག་མེད་ན་ནི། །ཐ་མལ་ཤིང་དག་ཀུན་དུ་བརྟག །གཉི་གའི་རྩེ་མོར་བྱ་བ་ནི། །ཀུ་ཤས་ཀུན་དུ་ཡང་དག་དཀྲི། །སྔོ་དང་སྣུམ་པ་འདྲ་བ་དང་། །རྨ་བྱའི་མགྲིན་པ་འདྲ་བ་དང་། །དེ་འདྲའི་ཀུ་ཤས་རྟག་ཏུ་ནི། །ཞི་བ་དང་ནི་རྒྱས་པ་བྱ། །མརྒད་རྣམ་པ་འདྲ་བ་དང་། །རྩྭ་སྐམ་གྱིས་ནི་རྟག་ཏུ་ཡང་། ། སྡིག་པའི་ལས་རྣམས་བྱ་བ་ཡིན། །འདིར་ནི་ཐུབ་པ་མཆོག་གིས་བཀག །དྲི་མེད་ཆུ་ནི་ཡོངས་དག་པ། །སྲོག་ཆགས་དག་གིས་རྟག་སྤངས་པ། །དེས་ནི་ཀུན་ནས་གཏོར་བྱས་ནས། །གཡས་ཕྱོགས་སུ་ནི་བསྐོར་བྱས་ཏེ། །སྡོམ་བརྩོན་གྱིས་ནི་མེ་སྦར་བྱ། །ཆོ་ག་ཇི་བཞིན་ཉེ་རེག་བྱ། །གཙང་བའི་རྩྭ་ཡི་རྩ་བས་ནི། །མེ་སྒྲོན་ཚད་དང་ལྡན་བྱས་ནས། །དེ་ནས་ཆང་པར་བཅངས་ནས་ནི། །འབད་པས་མེ་ནི་སྤར་བར་བྱ། །ཁ་ཡི་རླུང་གིས་མི་བྱ་སྟེ། །རྟག་ཏུ་གོས་ཀྱི་མཐས་ཀྱང་མིན། །ཤམ་ཐབས་བླ་གོས་རྣམ་པར་སྤངས། །གོས་གཞན་


DKG088_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

དག་ནི་བཀག་མ་ཡིན། །ཤིན་ཏུ་དྲག་པས་དེ་མི་བྱ། །གནོད་པར་དགའ་བའི་མ་ཡིན་ན། །རླུང་ཡབ་གཙང་དང་དེ་བཞིན་གོས། །ལོ་མས་ཀྱང་ནི་རླུང་ཡབ་བྱ། །རླུང་གིས་ཁྱད་དུ་མི་གསོད་པ། །མེ་ནི་རབ་ཏུ་སད་བྱས་ནས། །སྔགས་ཤེས་པས་ནི་མེ་སྦར་ཏེ། །སྦྱིན་སྲེག་དོན་དུ་ལེགས་མཉམ་གཞག །ལག་པ་དེ་ནི་གཡོན་པ་ཡིས། །ལན་གསུམ་བར་དུ་ཆུས་གཏོར་ནས། །དེར་ནི་བ་ཡི་མར་གྱིས་ནི། །སྲེག་བླུགས་གསུམ་ནི་དེས་སྦྱིན་བྱ། །དེ་ནས་ཀྱང་ནི་ཕྱག་བྱ་སྟེ། །སངས་རྒྱས་ཀུན་དང་སྐྱོབ་པ་དང་། །རང་སྔགས་སྔགས་ཀྱི་མགོན་པོ་ལ། །དེ་ནས་ཅི་འདོད་ཕྱག་བྱའོ། །དེ་ཚེ་མེ་ཡི་སྙིང་པོ་ཡིས། །སྔགས་ཀྱིས་ལན་བདུན་རྟག་བཟླས་པའི། །དྲི་ཞིམ་མེ་ཏོག་དག་གིས་ནི། །སྡོམ་བརྩོན་མེ་ནི་སྤྱན་དྲང་བྱ། །སྔགས་ཤེས་རྟག་ཏུ་སྤྱན་དྲངས་ནས། །མཁས་པས་གནས་ནི་སྦྱིན་པར་བྱ། །གདན་དང་གནས་ནི་སྦྱིན་བྱེད་ནའང་། །དེ་ཉིད་སྔགས་ཡིན་གཞན་པས་མིན། །ཞོ་དང་མར་གྱིས་སྦགས་པ་དང་། །སྦྲང་རྩིས་སྦགས་པའི་ཡམ་ཤིང་གིས། །རྒྱས་པའི་ལས་ནི་བྱ་བའི་ཕྱིར། །སྔགས་ཀྱིས་ཀུན་དུ་སྦྱིན་སྲེག་བྱ། །མར་དང་སྦྲང་རྩིར་ལྡན་པ་འམ། །ཡང་ན་ཞོ་དང་ལྡན་པ་ཡི། ། ཡམ་ཤིང་རྫས་དང་ལྡན་པ་ཡིས། །གཉི་ག་ལ་གནས་དེ་ཚེ་བྱ། །སྟོང་ངམ་ཡང་ན་འབུམ་མམ་ནི། །ཡང་ན་བརྒྱ་རྩ་བརྒྱད་དུ་བརྟག །དེ་ཚེ་སྔགས་པས་སྔགས་བཟུང་ནས། །ལན་རེ་བཟླས་ཤིང་མེ་ལ་དོར། །འབར་བའི་མེ་ཡི་ཕྲེང་བ་འམ། །དེ་བཞིན་མེ་ལྕེ་གཅིག་གྱུར་ལ། །ཞི་བའི་ལས་ཀྱི་སྦྱིན་སྲེག་བྱ། །དུད་པ་མེད་ལ་རྒྱས་པའང་བྱ། །དུད་བཅས་དྲག་པོའི་ལས་ལ་བྱ། །དེ་ནི་རྒྱལ་བས་སྨད་ཅིང་སྤངས། །གལ་ཏེ་མེ་ནི་མདོག་ལྡན་ན། །སྦྱིན་སྲེག་ལས་ནི་རབ་ཏུ་སྦྱར། །ཞི་ལ་ཁ་དོག་དཀར་པོ་ནི། །རྒྱལ་བ་མཆོག་གིས་རྟག་ཏུ་བསྔགས། །གལ་ཏེ་མེ་དཀར་སྦྱིན་སྲེག་བྱས། །དེར་ནི་སྔགས་རྣམས་འགྲུབ་པར་འགྱུར། །དེ་བཞིན་རྟག་ཏུ་མདོག་དམར་ལ། །རྒྱས་པ་འགྲུབ་པར་འདོད་པ་ཡིན། །གནག་དང་དུ་བའི་ཁ་དོག་དང་། །སེར་སྐྱ་ལ་ནི་སྡིག་ལྡན་ལས། །ཁ་དོག་རྣམ་གསུམ་བསྟན་པས་ནི། །རྣམ་གསུམ་གྲུབ་པ་


DKG088_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་ཡིན། །མདོག་གཞན་སྤྲིན་གྱི་ཁ་དོག་གམ། །རྣམ་པ་སྣ་ཚོགས་མདོག་ལྡན་པ། །ས་སྟེང་འདི་ལ་སྔགས་རྣམས་ནི། །གྲུབ་པ་ཡོད་པ་མ་ཡིན་ནོ། །དེ་འདྲའི་ཁ་དོག་འདྲ་བ་འམ། །རྣམ་པ་སྣ་ཚོགས་མདོག་ལྡན་པའི། །མེ་ནི་འབར་བ་དེ་མཐོང་ན། །ལས་ཀྱི་སྦྱོར་བའང་བརྩམ་པར་བྱ། །གལ་ཏེ་སྔགས་ནི་གྲུབ་འདོད་ན། །ཕྱི་རོལ་མེ་ནི་སྦར་བར་བྱ། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །ཕྱིར་ཡང་སྦྱིན་སྲེག་རབ་ཏུ་བྱ། །མེ་ཡི་སྔགས་ནི་ཟློས་པ་ཡིས། །གཤེགས་གསོལ་སྤྱན་དྲང་ཉིད་ཀྱང་བྱ། །དཀྱིལ་འཁོར་འདིར་ནི་ཆོ་ག་བཞིན། །སྔར་ནི་རབ་ཏུ་བརྟགས་པ་ཡིས། །དེ་ཉིད་ཀྱིས་ནི་སྦྱིན་སྲེག་བྱ། །གཤེགས་གསོལ་སྤྱན་དྲང་ལ་སོགས་པའང་། །དེ་ཉིད་ཀྱི་ནི་ལས་དག་གིས། །ལས་རྣམས་ཐམས་ཅད་ཉིད་ཀྱང་བྱ། །མེ་ཡི་ལས་དང་དེ་བཞིན་གཟུགས། །རས་རིས་མདུན་དུ་བརྩམ་བྱས་ན། །དེར་ནི་སྔགས་རྣམས་འགྲུབ་འགྱུར་ཞེས། །སྔོན་གྱི་བདེ་གཤེགས་རྣམས་ཀྱིས་གསུངས། །རྒྱལ་བས་བསྔགས་པའི་ལས་རྣམས་དག །དེར་ནི་རྣམ་པ་ཀུན་དུ་བྱ། །སྡིག་པ་དག་ནི་ཁྱད་པར་དུ། །གང་ཡང་རྒྱལ་བས་སྨད་པ་དང་། །འཇིག་རྟེན་འགྲོ་བས་སྨད་པ་དག །གཞན་གྱིས་སྨད་པའང་བྱ་བ་མིན། །འཁོར་ལོས་སྒྱུར་བཟང་ཉིད་དང་ནི། །བྱང་ཆུབ་སེམས་དཔའི་ས་འཐོབ་དང་། །དེ་བཞིན་མངོན་ཤེས་ལྔ་འཐོབ་དང་། །དེ་ནས་ལྷ་ཉིད་ཐོབ་པའོ། །རས་རིས་ལ་རྟག་བརྩོན་ཞིང་གཤེགས། །སྦྱིན་སྲེག་ལས་ལ་འཇིགས་མེད་དང་། །ས་འོག་གི་ནི་བདག་པོ་འམ། །ཡང་ན་བར་སྣང་སྤྱོད་པར་འགྱུར། ། ས་བདག་ལྷ་དང་གནོད་སྦྱིན་ཉིད། །རྟག་ཏུ་གནོད་སྦྱིན་མོ་འགུགས་བྱེད། །རྒྱལ་སྲིད་བདག་པོ་ཉིད་དང་ནི། །ཡུལ་ཉིད་དང་ནི་གྲོང་དག་དང་། །རིག་པ་འཛིན་དང་ལྷ་མིན་ཉིད། །སེམས་ཅན་ཐམས་ཅད་དབང་དུ་བྱེད། །བདག་ཉིད་ཆེ་དང་སེམས་ཅན་ཆེ། །འབྱུང་པོ་རྣམས་ནི་འགུགས་པར་བྱེད། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་བཅུ་ལ་ནི་ཡང་དག་གནས། །སྦྱིན་སྲེག་ལས་ཀྱིས་འགུགས་བྱེད་ན། །ས་སྟེང་མི་རྣམས་སྨོས་ཅི་དགོས། །སྡེ་དཔོན་དག་དང་དེ་བཞིན་དུ། །ཁྱད་པར་འཇིག་རྟེན་དབང་ཕྱུག་འགྱུར། །དབང་འགྱུར་ཅིག་ཅར་འབྱུང་པོ་


DKG088_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །དེ་བཞིན་མི་ཡི་དབང་པོ་ཉིད། །སེམས་ཅན་ཀུན་ལ་དབང་དོན་དང་། །ཡང་ན་རྒྱལ་པོ་དབང་དུ་འགྱུར། །དེ་བཞིན་རྟག་ཏུ་ལས་ཀུན་ལ། །སྦྱིན་སྲེག་གིས་ནི་ཀུན་དུ་བྱ། །ཐམས་ཅད་ཀུན་ལ་བརྩོན་བདག་ཉིད། །ལས་ཀུན་ལས་ནི་བསྟེན་བྱས་ན། །དེ་ནི་ངེས་པར་འགྲུབ་འགྱུར་ཏེ། །ལས་དགེའི་དོན་ནི་དམ་པ་ཡིན། །བར་མ་ཉིད་ཀྱང་འགྲུབ་པར་འགྱུར། །ཐ་མའི་ལས་ཀྱང་དེ་བཞིན་ནོ། །རྫས་རྣམས་དག་ནི་དེ་བཞིན་དུ། །གྲུབ་དང་ལྡན་པའང་རྣམ་པ་གསུམ། །འབྲས་དང་བཅས་པར་གྲུབ་སྣང་སྟེ། །སྦྱིན་སྲེག་ལས་ལ་རབ་ཏུ་བསྟན། །ཕྱག་རྒྱ་གཙུག་ཕུད་ལྔ་བཅིངས་ནས། །སྔགས་ཀྱང་སྐྲ་ཅན་མས་བྱས་ན། །ལས་རྣམས་ཀུན་ནི་བྱ་བ་དང་། །སྔགས་པས་བདག་ཉིད་བསྲུང་བ་བྱ། །སྦྱིན་སྲེག་ལས་ལ་རབ་འཇུག་པས། །དེ་ནས་སྔགས་འདི་བརྗོད་པར་བྱ། །བདུན་ནམ་བརྒྱད་དུ་བཟླས་པ་ཡིས། །ལས་འདི་ལ་ནི་རྟག་ཏུ་བྱ། །ན་མཿསརྦ་བུད་དྷཱ་བོ་དྷི་སཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ག་ཏིཾ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོྃ་ཛྭ་ལ་ཏིཥྛ་ཧཱུཾ་རུ་རུ་བི་ཤྭ་སཾ་བྷ་བ་སཾ་བྷ་བེ་སྭཱ་ཧཱ། སྔགས་ཀྱི་སྦྱོར་བ་འདི་ཡིས་ནི། །ཡང་དང་ཡང་དུ་ཤིང་ལ་བཟླ། །གཉིས་སམ་བདུན་དུ་བཟླས་པ་ཡིས། །སྔགས་རིག་དེས་ནི་སྦྱིན་སྲེག་བྱ། །མེ་ཏོག་བདུག་པ་དྲི་ཡང་རུང་། །མ་ལུས་ཐམས་ཅད་དག་དང་ནི། །ཆུ་ལ་སྔགས་རྣམས་བཟླས་པ་ཡང་། །འདི་ཉིད་ཀྱིས་ནི་སྦྱིན་པར་བྱ། །ལས་རྣམས་ཀུན་གྱི་རྒྱུ་ཡི་ཕྱིར། །དེ་ནས་ཆོ་ག་བརྩམ་པར་བྱ། །ལས་རྣམས་དག་ནི་ཐམས་ཅད་ལ། །སྔ་མའི་སྦྱོར་བ་ཉིད་ཀྱིས་བྱ། །སྔ་མའི་གཙུག་པུད་ལྔ་བཅིངས་ཏེ། །ཕྱག་རྒྱ་ཆེན་པོ་གྲགས་ལྡན་མ། །སྔ་མའི་གཙུག་པུད་ལྔ་བཅིངས་བྱ། །སྐྲ་ཅན་མ་ཉིད་རབ་བཟླས་པས། །དེས་ན་སྲུང་བ་བྱེད་པར་འགྱུར། །གྲུབ་པའི་རྒྱུ་ལ་འཇིགས་མེད་པས། །ལས་རྣམས་ཐམས་ཅད་བརྩམ་པར་བྱ། །གལ་ཏེ་ལ་ཉེ་བཟང་མཐོང་བའམ། །རྟག་ཏུ་དགེ་བའི་སྒྲ་ཐོས་ན། །དེ་ལ་སྔགས་ནི་དོན་ཡོད་དེ། །ཇི་ལྟར་འདོད་བཞིན་མཆོག་སྩོལ་འགྱུར། །དང་པོའི་ལས་ལ་རབ་སྦྱོར་དང་། །སྔགས་ཀྱི་རྒྱུ་ལ་རབ་འཇུག་ན། །ཐམས་ཅད་འབྲས་བུ་བཅས་པ་དང་། །དེ་ལ་གྲུབ་


DKG088_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

པར་བརྗོད་པ་ཡིན། །རྒྱལ་སྒྲ་རྔ་ནི་པ་ཊ་ཧ། །རྔ་བོ་ཆེ་ཡི་སྒྲ་དག་ནི། །བརྩོན་བྱས་གྲུབ་པ་མ་ལུས་འགྱུར། །སྦྱིན་སྲེག་ལས་ལ་ཡང་དག་བསྟེན། །གཞན་ཡང་ལ་ཉེ་བཟང་པོ་དང་། །འདབ་ཆགས་དགེ་བའི་སྒྲ་དག་དང་། །རྣམ་པ་སྣ་ཚོགས་ངེས་པའི་སྒྲ། །རྒྱལ་བ་རྣམས་ཀྱིས་བསྔགས་པ་དང་། །བཀྲ་ཤིས་བཟང་པོ་རབ་བསྔགས་དང་། །རྣམ་པ་སྣ་ཚོགས་ཡིད་འོང་སྒྲ། །གདུགས་དང་རྒྱལ་མཚན་བ་དན་དང་། །བུད་མེད་རྒྱན་གྱིས་བརྒྱན་པ་དང་། །དེ་བཞིན་མཆོད་ཡོན་བུམ་པ་གང་། །མཐོང་ན་འགྲུབ་པའི་རྒྱུ་རྣམས་ཡིན། །རྣམ་པ་དུ་མའི་ཁ་དོག་གམ། །འཇིག་རྟེན་གྱིས་མཆོད་རབ་བསྔགས་པ། །དེ་དག་མཐོང་ན་འགྲུབ་འགྱུར་བ། །སྔགས་རྣམས་དུ་མའི་སྤྱོད་ཡུལ་ཡིན། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་བཅུ་གསུམ་པ་སྟེ། སྦྱིན་སྲེག་གི་ཆོ་ག་རབ་འབྱམ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་གསང་བའི་རིག་པ་ཡོད་དེ། སྔགས་ཐམས་ཅད་ཀྱི་སྒྲུབ་པ་པོའི་ཐབས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་པར་རྗེས་སུ་གནང་བ། ཆོས་ཀྱི་མཛོད་ལས་བྱུང་བ། ཆོས་ཀྱི་སྤྲིན་གྱི་རྗེས་སུ་ཞུགས་པ། ནམ་མཁའི་ངོ་བོ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ཀྱི་མངའ་བདག་ཤིན་ཏུ་གཙོ་བོར་གྱུར་པ། གཞོན་ནུ་ཇི་ལྟར་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་བརྗོད་དེ། ཤིན་ཏུ་གཙོ་བོར་གྱུར་ཅིང་དམ་པ་ཡིན་ལ། ལྷ་དང་མི་རྣམས་ཀྱི་སྐྱེས་བུ་ཁྱུ་མཆོག་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ། །གཞོན་ནུ་དེ་བཞིན་དུ་རིག་པའི་རྒྱལ་པོ་འདི་ནི་སྔགས་ཐམས་ཅད་ཀྱི་མཆོག་ཏུ་བསྟན་ཅིང་ཤིན་ཏུ་གཙོ་བོ་ཡིན་ཏེ། དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་བརྗོད་དུ་མེད་པ་དག་གིས་སྔོན་གསུངས་སོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་གི་སྙིང་པོ་མཆོག་ཏུ་གསང་


DKG088_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་ནས་བཀྲ་ཤིས་པར་འདོད་པ། སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་བསྟོད་པ་རབ་ཏུ་བསྔགས་པ་སེམས་ཅན་ཐམས་ཅད་ཡང་དག་པར་དབུགས་འབྱིན་པ་སྡིག་པ་ཐམས་ཅད་རབ་ཏུ་འཇིག་པར་བྱེད་པ་འདོད་པ་ཐམས་ཅད་སྦྱིན་པར་བྱེད་པ་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་དེ་ཡང་གང་ཞེ་ན། བར་འདིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྨིན་མཚམས་ཀྱི་མཛོད་སྤུ་ནས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལ་བ་ཞེས་བྱ་བའི་འོད་ཟེར་ཕྱུང་བར་གྱུར་ཏོ། །གང་འདི་ཕྱོགས་བཅུ་སྟེང་འོག་ཐམས་ཅད་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་སྣང་བས་ཁྱབ་པར་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་མཛད་ནས་སླར་ལོག་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དབུའི་གཙུག་ཏོར་དུ་ནུབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་ཀུན་ནས་འབར་བའི་འོད་དང་ལྡན་པའི་ལུས་ཅན་བལྟ་བར་མི་ནུས་པ། སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པ་འོད་ཆེན་པོས་ཡང་དག་པར་འཕགས་པ་འོད་ཀྱི་དཀྱིལ་འཁོར་གྱིས་ལུས་བརྒྱན་པ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་ལྡན་པ། འཁོར་ལོས་སྒྱུར་བ་ཆེན་པོའི་གཟུགས་ཅན་རིག་པའི་རྒྱལ་པོ་ཡི་གེ་གཅིག་པ་ཞེས་བྱ་བ་བྱུང་བར་གྱུར་ཏོ། ། བྱུང་ནས་ནམ་མཁའི་དཀྱིལ་ཐམས་ཅད་སྣང་བར་བྱས་ཏེ། རིག་པའི་རྒྱལ་པོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་རིག་པ་དུ་མ་བྱེ་བ་ཁྲི་ཕྲག་བརྒྱ་སྟོང་འབྱིན་པར་བྱེད་པ། ཡི་གེ་གཅིག་པའི་སྒྲ་འདོན་ཅིང་འོད་ཟེར་ཆེན་པོ་འབར་བ་རབ་ཏུ་འབྱིན་པ་སྟེང་གི་ཕྱོགས་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་མངོན་དུ་བལྟ་བ་དང་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་གི་འཁོར་གྱི་དཀྱིལ་འཁོར་ཆེན་པོ་ཡང་སྣང་བར་བྱས་ནས་བར་སྣང་ལ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡི་གེ་གཅིག་པ་རིག་པའི་འཁོར་ལོས་སྒྱུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བའི་སྙིང་པོ་མཆོག་ཏུ་རབ་ཏུ་གསང་བ། དེ་བཞིན་གཤེགས་པ་ཐམས་ཅད་ལས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་ཡང་དག་པར་ཐོབ་པ། སཱ་ལའི་དབང་པོའི་རྒྱལ་


DKG088_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་འོད་དཔག་མེད་དང་བསྙེན་པར་དཀའ་བ་དང་སྤྱན་བཟང་དང་ཏོག་བཟང་དང་མེ་ཏོག་དབང་པོ་དང་གཉིད་མཐར་ཕྱིན་དང་འཇིག་རྟེན་ཐུབ་པ་དང་། གསེར་ཐུབ་ལ་སོགས་པའི་དེ་བཞིན་གཤེགས་པ་དེ་དག་གིས་གསུངས་ཤིང་རྗེས་སུ་ཡི་རང་བ་དང་འདས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གསུངས་ཤིང་རྗེས་སུ་ཡི་རང་བ་དེ་ཡང་གང་ཞེ་ན། ཏདྱ་ཐཱ། ཨོཾ་བྷྲུྃ། འཇམ་དཔལ་འདི་ནི་སྙིང་པོ་དམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་སྔགས་ཐམས་ཅད་ཀྱི་རིག་པའི་འཁོར་ལོས་སྒྱུར་བ་ཡི་གེ་གཅིག་པ་ཞེས་བྱ་བ་དག་བྱེད་ཆེན་པོ་འདི་ཡང་དག་པར་བསྒྲུབས་ན་སྔགས་ཐམས་ཅད་འགྲུབ་པར་འགྱུར་ཏེ། གཞོན་ནུ་གང་ཡང་ཁྱོད་ཀྱི་ཆོ་གའི་རྒྱལ་པོའི་མཆོག་ལ་སྔགས་ཐམས་ཅད་དང་རྗེས་སུ་མཐུན་པ། མཆོག་ཏུ་གསང་བའི་མཆོག་ཡང་དག་པར་རྗེས་སུ་གནང་བ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དག་པར་སྦྱོང་བར་བྱེད་པ། དང་པོ་རེ་ཞིག་སྒྲུབ་པ་པོས་ངེས་པར་འབུམ་ཕྲག་གསུམ་བཟླས་བརྗོད་བྱའོ། །དེ་ནས་ལས་རྣམས་སྔགས་དང་བཅས་པ་འདིར་གཞོན་ནུ་ཁྱོད་ཀྱི་ཆོ་གའི་རྒྱལ་པོ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་དང་རྒྱུད་རྣམས་བསྒྲུབ་པར་བྱའོ། །འདིས་བསྲུང་བ་བྱས་ན་འབྱུང་པོ་ཐམས་ཅད་ཀྱིས་ཚུགས་པར་མི་འགྱུར་རོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བགེགས་ཐམས་ཅད་ཀྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་གསུངས་མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་སྣང་བས་ཁྱབ་ཅིང་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་འཁོར་གྱི་དཀྱིལ་འཁོར་དེར་འདུས་པར་གྱུར་ཏེ། གནས་གཙང་མའི་གཞལ་མེད་ཁང་དུ་འཁོད་པར་གྱུར་ཏོ། །ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་སེམས་ཅན་ཐམས་ཅད་དང་རིག་པའི་རྒྱལ་པོ་རྣམས་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་ལྷགས་པར་


DKG088_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་རྣམ་པར་གནས་པའི་སེམས་ཅན་མང་པོ་དབང་དུ་གྱུར་ཏོ། །དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཀྱི་ངན་འགྲོ་ལ་གནས་པ་རྣམས་འོད་ཟེར་ཆེན་པོའི་སྣང་བས་རེག་ཅིང་སྣང་བར་བྱས་པས་སྡུག་བསྔལ་གྱི་ཚོར་བའི་རྒྱུན་ལ་གནས་པ་ཡིད་ཤིན་ཏུ་བདེ་བས་ཚིམ་ཞིང་སྐྱོ་བ་མེད་པར་གྱུར་ཏེ། ངེས་པར་ཐེག་པ་གསུམ་ལ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཁོར་གྱི་དཀྱིལ་འཁོར་དེ་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཉོན་ཅིག་རིག་པའི་རྒྱལ་པོ་འདི་རྫུ་འཕྲུལ་ཆེ་བ་དཔའ་བོ་གཅིག་པུ་ལས་ཐམས་ཅད་བྱེད་པ། རིག་པ་ཐམས་ཅད་ཀྱི་རྒྱལ་པོ་འཁོར་ལོས་སྒྱུར་བ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ་ཆོ་ག་ཞིབ་མོ་ཐམས་ཅད་ཡོངས་སུ་རྒྱས་པ། ཁྱོད་ཀྱི་སྔགས་དང་རྒྱུད་དང་། ཆོ་ག་རབ་འབྱམ་ལ་ཡང་དག་པར་ཞུགས་པ། སྔགས་ཐམས་ཅད་སྒྲུབ་པར་བྱེད་པ། ཐུན་མོང་དུ་གྱུར་པ། གྲགས་པ་ཆེ་བ་དང་། སྤྲོ་བ་ཆེ་བ་དང་། སེམས་ཅན་སྒྲུབ་པ་པོའི་ཁྱད་པར་གྱི་ཐབས་དང་ཤེས་རབ་ལ་མཁས་པ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པ། མྱ་ངན་ལས་འདས་པ་ལ་རབ་ཏུ་འཇུག་པར་བྱེད་པ། བདུད་ཟིལ་གྱིས་གནོན་པར་བྱེད་པ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པར་བྱེད་པ། དགེ་བའི་ཚོགས་ཡང་དག་པར་འབྱུང་བར་བྱེད་པའོ། །འདི་ཉིད་མདོར་བསྡུ་ན། ཆོ་ག་ཞིབ་མོ་རྒྱས་པ་རས་རིས་ཀྱི་ཆོ་གའི་དཀྱིལ་འཁོར་སྒྲུབ་པའི་ཐབས། སྔོན་གྱི་སྔགས་ཀྱི་སྤྱད་པ་རྗེས་སུ་སྤྱོད་པ། གང་ལ་རབ་ཏུ་གནས་ན་སེམས་ཅན་གྱི་རིག་པའི་རྒྱལ་པོ་འཁོར་ལོས་སྒྱུར་བ་ཆེན་པོ་སྒྲུབ་པར་འགྱུར་ཏེ། རྨད་དུ་བྱུང་བ་ཆེན་པོ་སྔགས་ཐམས་ཅད་ཀྱི་དབང་ཕྱུག་དམ་པ། འོད་བྱེད་པ། ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། རྣམ་པར་འདྲེན་པ། འགྲོ་བ་ཐམས་ཅད་ལ་ཕན་པར་བྱེད་པ། སངས་རྒྱས་བཞིན་དུ་མངོན་སུམ་དུ་ཉེ་བར་བཞུགས་པ་རང་བྱུང་དུ་གྱུར་པ་མཆོག་དང་བར་མ་དང་ཐ་མའི་ལས་ཐམས་ཅད་བྱེད་པ་ཤིན་ཏུ་བདེ་བ་


DKG088_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་ཤིས་པ་དང་ཞི་བར་བྱེད་པ་སྡིག་པ་ཐམས་ཅད་རབ་ཏུ་འཇིག་པར་བྱེད་པའོ། །ལྷ་རྣམས་ཀྱི་ཡང་ལྷ་ཉིད་དེ། །ཐུབ་པ་རྣམས་ཀྱི་ཐུབ་པ་མཆོག །སངས་རྒྱས་ཉི་མའི་གཉེན་གྱུར་པ། །དག་པ་འཇིག་རྟེན་རྣམ་པར་གྲགས། །ཆོས་ཀུན་རང་གི་ངོ་བོ་མཁྱེན། །ཡང་དག་མཐར་གྱུར་རྙོག་པ་མེད། །དེ་ཡི་ཆོ་ག་མཆོག་བཤད་བྱ། །འབྱོར་པ་འདོད་པས་མཉན་པར་གྱིས། །རེ་ཞིག་དང་པོར་རས་བཟང་པོ། །སྐྱོན་རྣམས་དང་ནི་མ་འདྲེས་པ། །སར་པ་ཕྲ་བའི་ཁྱད་པར་ལྡན། །ཁ་ཚར་དང་བཅས་ཉིད་ལ་བྲི། །ཆུར་ནི་ཁྲུ་དོའི་ཚད་ཡིན་ལ། ། ཞེང་དུ་ཁྲུ་གང་ཚད་དུ་བྱ། །དེ་འདྲའི་བཟང་པོ་ཁོ་ན་ལ། །དྲི་མེད་བལྟ་ན་སྡུག་པ་དང་། །བཅོས་བུ་དཀར་པོ་དེ་བཞིན་དུ། །ཕྲ་དང་ལེགས་བཀྲུས་རས་བལ་སྤངས། །ཕྱག་དར་དྲི་མ་མེད་པ་ཡི། །དུ་གུ་ལ་ཡི་རས་ཉིད་ལ། །རྒྱུ་ནི་ཤིང་ཀུན་ཉིད་དང་ནི། །དག་ལ་རྒྱུད་ནི་རྣམ་སྤངས་པ། ། ཆུ་ངན་ལས་ནི་བཀྲུས་མིན་དང་། །སྐྱེ་བོས་ཞལ་མཐོང་ཕུལ་བའང་མིན། །མ་བགོས་པ་དང་དེ་བཞིན་དུ། །གཞན་ཡང་ཅུང་ཟད་དམ་པས་བསྔགས། །དེ་འདྲའི་རས་ནི་བཟང་པོ་ལ། །གཞལ་མེད་ཁང་ནི་བྲི་བར་བྱ། །འོད་ཀྱི་དཀྱིལ་འཁོར་ཕྲེང་བ་ཅན། །སྟོན་པའི་གཟུགས་ནི་ཡང་དག་བྲི། །དེ་བཞིན་གསེར་གྱི་མདོག་ཅན་ནི། །འོད་ཟེར་ཕྲེང་ལྡན་བྲི་བར་བྱ། །གཅིག་པུ་ཕུག་ན་བཞུགས་པ་ནི། །རི་བོ་ལ་གནས་གྲགས་པ་ཆེ། །དར་ལའི་བླ་རེ་བྲེ་བ་ནི། །རིན་ཆེན་ཕྲེང་བ་འཕྱང་བའོ། །སྟེང་དུ་ལྷ་ནི་གཉི་ག་ཡང་། །འཛིན་པ་དག་ནི་ཡང་དག་བྲི། །རི་རྣམས་ཀྱི་ནི་སྟེང་དག་ཏུ། །རིན་ཆེན་ཕྲེང་བ་རབ་ཏུ་བྱ། །བླ་རེའི་འཁོར་ཡུག་མུ་ཏིག་གི། །དྲ་བ་དྲ་ཕྱེད་དག་གིས་བརྒྱན། །རི་རྒྱལ་སྟེང་དུ་འབད་པ་ཡིས། །འདི་དག་ཐམས་ཅད་བྲི་བར་བྱ། །རི་བོ་དག་གི་རྩ་བ་ཡང་། །རྒྱ་མཚོ་ཆེན་པོར་ནུབ་པར་བྱ། །རས་རིས་མཐར་ཡང་མེ་ཏོག་ནི། ། ཀུན་ནས་འཁོར་བར་ཡང་དག་བྲི། །ནཱ་ག་གེ་སར་པུན་ནཱ་ག །བ་ཀུ་ལ་དང་ཞུ་ཏི་ཀ །སྣ་མའི་མེ་ཏོག་པྲི་ཡང་ཀུ། །དེ་བཞིན་ཀུ་ར་བ་ཀ་དང་། །ཨུཏྤ་ལ་དང་དྲི་མཆོག་དང་། །དེ་ལས་གཞན་ཡང་པདྨ་དཀར། །མེ་ཏོག་རིགས་ནི་སྣ་ཚོགས་དང་། །དེ་བཞིན་གཞན་ཡང་


DKG088_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དྲིར་ལྡན་པའི། །མེ་ཏོག་དག་ནི་འདི་དག་ཉིད། །གང་ཡང་རུང་བ་རྟག་བླངས་ནས། །སྟོན་པ་ལ་ནི་མཆོད་དོན་དུ། །ཡིད་དུ་འོང་བའི་མཆོད་ཡོན་དབུལ། །སྔར་བསྟན་ཆོ་གས་རས་རིས་ནི། །མཆོག་དང་དེ་བཞིན་གཞན་དག་ཀྱང་། །དོག་པ་ཐ་ག་པ་དག་དང་། །རི་མོ་མཁན་ཡང་དེ་བཞིན་འདོད། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ཀྱི། །ཉི་མ་དགེ་བ་དག་ལ་ནི། །དུས་ནི་དེ་ལྟར་གྱུར་པ་ལ། །བཟླས་པ་ཉིད་ཀྱང་བྱ་བ་ཡིན། །འདི་ལ་སེམས་ཅན་ཐམས་ཅད་ཀྱིས། །སྔར་བསྟན་བཞིན་དུ་ཡང་དག་སྤྱད། །ཚོན་གསལ་རྣམ་པ་སྣ་ཚོགས་ཀྱིས། །སྟོན་པའི་གཟུགས་ནི་བྲི་བར་བྱ། ། རྣམ་པ་དུ་མར་ལྡན་པ་ཡི། །དོང་ཀའི་མེ་ཏོག་མདོག་འདྲ་དང་། །ཙམ་པ་ཀ་ཡི་མདོག་འདྲ་དང་། །གསེར་གྱི་མདོག་དང་འདྲ་བར་བྲི། །དེ་ལྟའི་རྣམ་པ་ལྡན་པ་ཡི། །རིན་ཆེན་རིགས་སྐྱེས་ཐུབ་པ་བྲི། །ཆགས་པ་ཆེན་པོ་རིན་ཆེན་ཏོག །གཙོ་བོ་ཐུབ་མཆོག་དམ་པ་ནི། །ཆོས་རྣམས་ཐམས་ཅད་ཡོངས་ཐོབ་པའི། །སངས་རྒྱས་དཀོན་མཆོག་དེ་བྲི་བྱ། །རིན་ཆེན་རི་བོར་གནས་པ་དང་། །རིན་ཆེན་ཕུག་གིས་ཉེར་མཛེས་ཤིང་། །སྐྱིལ་ཀྲུང་གིས་ནི་བཞུགས་པ་དང་། །ཆོས་ནི་རྗེས་སུ་འཆད་ཅིང་སྩོལ། །ཅུང་ཟད་འཛུམ་ཞིང་བརྟན་པ་དང་། །ཐུགས་ནི་བསམ་གཏན་ལ་དམིགས་དང་། །ཕྱི་རོལ་ཕུག་ནི་ཡང་དག་བྲི། །འོག་དང་དེ་བཞིན་འཁོར་ཡུག་ཏུའོ། །རས་མཐའི་ཟུར་དུ་སྒྲུབ་པ་པོས། །པུས་མོའི་ལྷ་ང་ཡང་དག་བཙུགས། །བདུག་སྤོས་ལག་ན་ཐོགས་བཞིན་དུ། །ལུས་ནི་ཅུང་ཟད་འདུད་པ་དང་། །བླ་གོས་གཅིག་ཏུ་བྱས་ནས་ནི། །ཆ་བྱད་ཇི་ལྟ་བཞིན་དུ་ཡང་། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ཀྱི། །འོག་གི་རྒྱ་མཚོ་ཆེ་སྟེང་དུ། །སྔགས་པས་དགེ་བའི་དོན་གྱི་ཕྱིར། །སྡོམ་བརྩོན་རྟག་ཏུ་བྲི་བར་བྱ། །ལས་ཀྱི་ཆོ་ག་འདི་དག་ནི། །འཇིག་རྟེན་གྱི་སྔགས་བསྟན་པ་ཡིན། །དཀྱིལ་འཁོར་དེ་ཡི་ལྷ་དག་ཀྱང་། །ད་ནི་རབ་ཏུ་བརྗོད་པར་བྱ། །དེ་ཚེ་སྔགས་པས་རིག་པའི་སྔགས། །དེ་ཚེ་སྔགས་ནི་རིག་པ་དེས། །སྔགས་ལ་རྟག་ཏུ་བསྙེན་བྱས་དང་། །བཟླས་པ་ཕུན་སུམ་ཚོགས་མངོན་ཤེས། །འཇམ་དབྱངས་ཆོ་ག་འདི་ལ་ནི། །དེ་ཚེ་སྔགས་པ་དབང་བསྐུར་བ། །དཀྱིལ་འཁོར་རྣམ་པ་ལ་མཁས་ཤིང་། །རྟག་


DKG088_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་གཙང་སྦྲ་བྱེད་པ་དང་། །སྔགས་རྣམས་ཀུན་ལ་དབང་བསྐུར་དང་། །དཀྱིལ་འཁོར་འདི་ལ་འཇིགས་པ་མེད། །རིག་པའི་སྔགས་དང་སྔགས་བཅས་དང་། །བདག་ཉིད་བསྲུང་དང་ཕན་འདོད་དང་། །གྲོགས་ཀྱང་དེ་བཞིན་བསྲུང་ཤེས་དང་། །ཡོངས་སུ་ལེགས་བརྟགས་འོད་ཆེན་ལྡན། ། སློབ་དཔོན་ལེགས་པར་ཡང་དག་རྩོམ། །རྩོམ་ཞིང་སྦྱངས་ཡོན་བསྟེན་པ་དང་། །ཤེས་རབ་ཆེ་ཞིང་ལེགས་འཇམ་དང་། །དཔལ་ལྡན་སྙིང་རྗེར་རྟག་ཏུ་ལྡན། །གྲོགས་པོ་དག་ནི་ཐམས་ཅད་ཀྱང་། །མཚན་ཉིད་དེ་བཞིན་ཀུན་ཏུ་བསྟན། །གཅིག་གཉིས་གསུམ་དང་དེ་བཞིན་དུ། །གཞན་ཡང་དེ་བཞིན་བརྒྱད་ཀྱི་བར། །སློབ་མ་ལེགས་པར་སྦྱང་བར་བྱ། །མང་པོ་དག་ནི་སྤང་བར་བྱ། །སྔར་བསྟན་ཆོ་ག་ཇི་ལྟ་བར། །དཀྱིལ་འཁོར་འདི་ལའང་ཡང་དག་སྤྱད། །སྟོབས་བཅུ་ལྡན་པས་དང་པོར་ནི། །དཀྱིལ་འཁོར་གང་དག་རབ་བསྟན་པ། །འཇམ་པའི་དབྱངས་ལས་གཞན་མིན་དང་། །རྒྱུ་གཞན་དག་གིས་བྲི་མི་བྱ། །དཀྱིལ་འཁོར་འོད་ཆེན་ལྡན་པ་ཡི། །ཚད་ནི་རབ་ཏུ་བསྟན་པར་བྱ། །ཁྲུ་བཞིའམ་ཁྲུ་ནི་གཉིས་པ་དང་། །དེ་བཞིན་གཞན་ཡང་ཁྲུ་བརྒྱད་པར། །གཙང་བའི་ཕྱོགས་སམ་ཆུ་ཀླུང་ངམ། །ཁྱད་པར་དུ་ནི་རི་བོའི་རྩེར། །ཚོན་སྣ་ལྔ་ཡི་ཕྱེ་མ་དང་། །སྔར་བསྟན་པ་ཡི་ལས་ཀྱིས་སོ། །གྲུ་བཞི་སྒོ་ནི་བཞི་པ་དང་། །རྟ་བབས་བཞི་ཡིས་བརྒྱན་པ་དང་། །ཟུར་བཞི་མཉམ་ཞིང་བཟང་བ་དང་། །ལྷ་ཡི་རྣམ་པ་འདྲ་བའི་མདོག །ཚོན་རྩི་གསལ་བ་སྣ་ཚོགས་དང་། །མཛེས་པའི་ཁ་དོག་ལེགས་མཛེས་དང་། །དྲི་ཞིམ་བཟང་དང་གཟུགས་བཟང་དང་། །གྲོགས་བཟང་དག་གིས་ཡང་དག་བརྩམ། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱད། །ཡན་ལག་བརྒྱད་པའི་བརྟུལ་ཞུགས་བསྟེན། །ཉོན་མོངས་མེད་སེམས་ཟས་ཚོད་རིག །ཆོས་ལྡན་རྟག་ཏུ་ཟློས་པ་བྱེད། །སྡིག་མེད་ལས་དང་ཡོངས་སྲུང་བྱེད། །དེ་བཞིན་ཞི་དང་རྒྱས་པ་ཤེས། །དེ་ནས་དཀྱིལ་འཁོར་དབུས་ཞུགས་ནས། །བསྟན་བཅོས་ལས་གསུངས་བཞིན་དུ་བྲི། །རིན་ཆེན་ལྷ་ཚོགས་ཀྱིས་བརྒྱན་པའི། ། རི་མོ་དང་པོར་བྲི་བར་བྱ། །དེར་བཞུགས་གཟི་བརྗིད་ཆེན་པོ་ནི། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །སྐྱིལ་ཀྲུང་གིས་ནི་ལེགས་བཞུགས་པ། །ཆོས་ཀྱི་འཁོར་ལོ་རྗེས་བསྐོར་བའོ། །རས་རིས་ལ་ནི་ཇི་ལྟ་བར། །བསྟན་བཅོས་ལ་སྔགས་ཐམས་ཅད་བྲི། །རི་མོའི་ཕྲེང་ནི་གསུམ་དག་དང་། །ཕྱག་རྒྱས་


DKG088_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བརྒྱན་པ་དང་། །གསེར་མདོག་རིམ་པས་ཁོར་ཡུག་ཏུ། །ཡོངས་སུ་བྲི་བར་བྱ་བ་ཡིན། །གསལ་དང་ཡོངས་སུ་རྫོགས་པ་དང་། །དྲང་པོ་དེ་ཡི་རྣམ་པའོ། །འཁོར་ལོས་སྒྱུར་བའི་བདག་པོ་ཆེ། །དེ་ཡི་དབུས་སུ་བྱ་བ་ཡིན། །ཉི་མ་འཆར་ཀ་འདྲ་བ་དང་། །གུར་གུམ་རྣམ་པ་འདྲ་མདོག་ཅན། ། འཁོར་ལོ་ཆེན་པོའི་རྗེས་འབྲང་བ། །འབད་པར་གནས་པས་ཀུན་ཏུ་བྲི། །རྒྱལ་པོ་ཆེན་པོ་མཉམ་འདྲ་བ། །གཞལ་མེད་ཁང་བཅས་རྒྱན་གྱིས་བརྒྱན། །སེམས་དཔའ་ཆེན་པོའི་ཅོད་པན་ཅན། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །དར་ལ་མཛེས་པའི་སྨད་གཡོགས་ཅན། །སྣ་ཚོགས་དར་ལས་སྟོད་གཡོགས་ཤིང་། །ཕྲེང་ལྡན་ཞི་བའི་ཁ་དོག་འོད། །གོས་དང་ཕྲེང་བས་བརྒྱན་པ་དང་། །མེ་ཏོག་ཕྲེང་བ་བཀྐུ་ལ། །ལག་པ་གཡས་པས་སྣོམས་པར་བྱེད། །བཞིན་ནི་ཅུང་ཟད་འཛུམ་པའི་ལྷ། །མཐུ་ཆེན་འོད་དང་ལྡན་པའོ། །གཟུགས་བཟང་གཟུགས་ནི་མཛེས་པ་དང་། །བྱིས་པ་རྒན་པོ་རྣམ་པར་སྤངས། །ལག་པ་གཡོན་ན་འཁོར་ལོ་སྟེ། །འབར་བའི་འོད་ཀྱི་ཕྲེང་བ་ཅན། །དེ་ནི་ཡོངས་སུ་བསྐོར་བ་དང་། །སྐྱིལ་ཀྲུང་ཕྱེད་ཀྱིས་གནས་པ་བྲི། །གཟུགས་བཟང་གཟུགས་ལ་བསྟེན་ནས་ནི། །ལྷ་ཡི་གཟུགས་འདྲ་བྲི་བར་བྱ། །རི་བོ་འོད་ཆེན་ལྡན་པའི་སྟེང་། །རིན་ཆེན་དུ་མའི་སྟེང་དུ་གནས། །སྔགས་རྣམས་ཀུན་ལ་ཆེ་བ་དང་། ། རྟག་ཏུ་མཆོག་སྦྱིན་ལ་འཇུག་བྱེད། །འབར་བའི་མེ་དང་འདྲ་བ་དང་། །འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ། །རླུང་གིས་སྦར་བའི་མེ་བཞིན་དུ། །ཀུན་ནས་མེ་ནི་འབར་བའོ། །དེ་བཞིན་སྔགས་ཀྱི་སྦྱོར་བ་ཡིས། །ཁྱབ་བདག་མེ་ཡིས་འབར་བར་བྱེད། །སྟོབས་ཆེན་དེ་དང་འདྲ་བ་ཡི། །སྔགས་ཀུན་རབ་ཏུ་སྒྲུབ་བྱེད་པ། །གང་གིས་བདག་ཉིད་ཆེན་པོ་མཐོང་། །སྡིག་པ་ཀུན་ལས་ཡོངས་སུ་གྲོལ། །མཚམས་མེད་ལྔ་པོ་བྱེད་པ་དང་། །ཚུལ་འཆལ་བློ་ནི་ཆུང་བ་དང་། །སྡིག་པ་ཀུན་ལ་འཛུད་བྱེད་པ། །ཁྱབ་བདག་མཐོང་བ་ཙམ་གྱིས་གྲོལ། །ལྷ་ཡི་ལྷ་ནི་འཁོར་ལོའི་བདག །དཀྱིལ་འཁོར་མཐོང་བ་ཙམ་གྱིས་ནི། །གཞན་ཡང་སྡིག་ཏུ་ཡོངས་བསྟན་པ། །དེ་ཡི་མོད་ལ་གྲོལ་བར་འགྱུར། །སྔགས་པས་རྟག་ཏུ་ཁྱབ་བདག་གི། །དེ་ནས་ཤར་སྒོ་ཡང་དག་སྦྱར། །རྟ་བབས་ཀུན་ནས་ཡོངས་བསྒྲེང་སྟེ། །བ་དན་དག་གིས་ཉེར་མཛེས་བྱ། །མཐའ་དག་གཟུགས་ནི་མཛེས་པ་ཡི། །དཀྱིལ་འཁོར་ཡོངས་སུ་


DKG088_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བྱས་ནས། །བཤོས་དང་བདུག་པ་དྲི་དང་ནི། །རྟག་ཏུ་ཕྲེང་བ་བཟང་པོ་ཡིས། །ཆོ་ག་སྔ་མ་ཁོ་ན་ལྟར། །དེ་དག་ཐམས་ཅད་གུས་པར་བྱ། །དབུས་ཀྱི་བུམ་པ་གང་བ་ནི། །འཁོར་ལོ་ཅན་གྱི་མདུན་དུ་དགོད། །དེའི་བུམ་རྣམ་པར་རྒྱལ་ཞེས་བྱ། །སྔགས་ཤེས་པས་ནི་དེ་མི་བཏེག །ཆོ་ག་མཐོང་བའི་ལས་ཀྱིས་ནི། །མེ་ཐབ་སྔ་མ་བཞིན་དུ་བྱ། །སྦྱིན་སྲེག་ཆོ་ག་ཡང་དག་བརྩམ། །ཆོ་ག་སྔགས་ནི་གཞན་པས་མིན། །སྦྱིན་སྲེག་ཀྱང་ནི་བརྒྱ་རྩ་བརྒྱད། །སེང་ལྡེང་བུད་ཤིང་མེ་ལ་ནི། །པ་ལ་ཤ་དང་བིལ་བའི་ཤིང་། །བིལ་བ་ཨུ་དུམ་ཨརྐ་དང་། །འབད་པས་ལས་རྣམས་ཀུན་ལ་ནི། །ཨ་པ་མརྒས་སྦྱིན་སྲེག་བྱ། །ཏིལ་ལ་མར་གྱིས་བཏགས་པ་འམ། །ཞོ་ལ་སྦྲང་རྩིས་བསྲེས་པ་ཡིས། །ལས་རྣམས་ཀུན་ལ་སྦྱིན་སྲེག་ནི། །སྟོང་རྩ་བརྒྱད་ནི་རྟག་ཏུ་བྱ། །དུས་གསུམ་དུས་ནི་ཀུན་བསྟན་པ། །ཁྲུས་དང་གོས་ནི་བརྗེ་བ་དང་། །དཀར་གསུམ་རྒྱུ་སྐར་བཟང་པོ་ནི། །མཁས་པ་རྣམས་ཀྱིས་བསྟན་པ་ཡིན། །ལས་རྣམས་སྔར་ནི་བསྟན་པ་ཡི། །བཟླས་དང་སྦྱིན་སྲེག་དེ་བཞིན་གཞན། །སྔགས་དང་ཡང་དག་ལྡན་པས་སམ། །འཁོར་ལོས་སྒྱུར་བའི་རིགས་ཀྱིས་བྱ། །ལས་རྣམས་དག་ནི་ཀུན་ལ་ཡང་། །ཡི་གེ་གཅིག་པའི་སྔགས་ཀྱིས་བྱ། །དེ་ནི་མཐུ་ཆེན་དོན་ལྡན་ཏེ། ། དཔའ་བོ་གཅིག་པུ་རྟག་པ་མཆོག །དེ་ལ་རྟག་ཏུ་ཟློས་བྱེད་པ། །སྔགས་རྣམས་ཀུན་གྱི་ཆོ་ག་སྤྱོད། །འཇིག་རྟེན་པ་ཡི་འཇིག་རྟེན་འདོད། །ཆོ་ག་ཐམས་ཅད་འགྲུབ་པར་འགྱུར། །འཇིག་རྟེན་འདས་པའི་བརྩོན་འགྲུས་ཆེ། །རིག་པའི་རྒྱལ་པོ་དཀའ་ཐུབ་ཆེ། །སྔགས་ཀུན་འགྲུབ་པར་འགྱུར་བ་ནི། །ཆོ་ག་འདི་ལས་གཞན་པས་མིན། །ཐུབ་པ་རྣམས་ཀྱིས་སྔགས་གསུངས་དང་། །དེ་བཞིན་སྟོབས་བཅུ་ལྡན་སྲས་དང་། །འཇིག་རྟེན་སྐྱོང་བ་བརྒྱ་བྱིན་སོགས། །ཁྱབ་འཇུག་དབང་ལྡན་ཚངས་པ་དང་། །ཟླ་བ་ཉི་མ་དེ་བཞིན་གཞན། །གནོད་སྦྱིན་དབང་པོ་སྲིན་པོ་དང་། །ལྟོ་འཕྱེ་ཆེ་དང་མི་འམ་ཅི། །དེ་བཞིན་ས་སྟེང་དྲང་སྲོང་མཆོག །ནམ་མཁའ་ལྡིང་དང་རླུང་ལྷ་དང་། །སེམས་ཅན་མིང་ལྡན་འཇིག་རྟེན་གཞན། །གང་གིས་བཤད་པའི་སྔགས་རྣམས་ནི། །འདིར་ཡང་འགྲུབ་པར་འགྱུར་བ་ཡིན། །སྔགས་རྣམས་ཀུན་ལ་འགུགས་བྱེད་དང་། །ལས་རྣམས་ཀུན་ལ་སྟོན་བྱེད་དང་། །འབྱུང་པོ་ཀུན་གྱི་སྔགས་རྒྱུད་ནི། །


DKG088_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་དང་བཅས་པ་དབང་དུ་བྱེད། །ཡི་གེ་གཅིག་པའི་སྔགས་འདི་ནི། །སྔགས་པ་ཀུན་གྱི་རབ་བྱེད་པ། །བཟླས་པ་ཙམ་གྱིས་དོན་ལྡན་ཏེ། །ལྷ་རྣམས་ཀུན་ནི་འགུགས་བྱེད་ལ། །ཆོ་ག་རྣམས་ནི་དབང་དུ་བྱེད། །ཡི་གེ་གཅིག་ཆེན་བདག་པོ་ཡིན། །དམ་པ་རྣམས་ཀྱིས་རབ་བསྔགས་པའི། །རྣམ་པ་སྣ་ཚོགས་བྱེད་པ་ཡིན། ། འཇིག་རྟེན་འཇིག་རྟེན་འདས་པའི་སྔགས། །ཡང་དག་སྦྱར་ན་སྒྲུབ་པར་བྱེད། །མ་ལུས་མཐོང་ན་མཛེས་པ་ཡི། །རས་རིས་གསལ་བ་བྱས་ནས་ནི། །གཙང་བའི་ཕྱོགས་དང་འབབ་ཆུའི་ངོགས། །རི་བོའི་རྩེར་ཡང་གཞག་པར་བྱ། །སྔ་མའི་ལས་ཀྱི་སྦྱོར་བ་ཡིས། །ནུབ་ཀྱི་ཕྱོགས་སུ་རྟག་ཏུ་བསྟན། །ཆོ་ག་མཐོང་བའི་ལས་ཀྱིས་ནི། །སྒྲུབ་པ་པོ་ནི་ཤར་དུ་བལྟ། །དཱུར་བའི་ཁྲེས་ལ་འདུག་ནས་ནི། །འདུ་འཛི་མེད་པར་བཟླས་པ་བྱ། །སྒྲ་ནི་དྲག་མིན་ངལ་བས་མིན། །གཞན་ལ་ངན་སེམས་མེད་གྱུར་ན། །སངས་རྒྱས་མ་ལུས་ཀུན་གྱི་ཡང་། །འདི་ལ་མྱུར་དུ་འགྲུབ་པ་ཡིན། །རྟག་ཏུ་འཇིག་རྟེན་བྱམས་སེམས་དང་། །སྡུག་བསྔལ་ཅན་ལ་སྙིང་བརྩེར་ལྡན། ། མགོན་མེད་སེམས་ནི་དམན་པ་དང་། །ཕོངས་པས་ཉམ་ཐག་སྟོབས་ཆུང་དང་། །མི་བཟད་འཁོར་བར་ལྟུང་བ་ལ། །སྙིང་རྗེའི་སེམས་ལྡན་འགྲུབ་པར་འགྱུར། །འབད་པས་རས་རིས་མདུན་དག་ཏུ། །མཆོད་པ་ཆེན་པོ་རྟག་ཏུ་གཞག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ། །བཟང་པོ་སེམས་ལས་བྱུང་བ་དང་། །རྒྱལ་དབང་གཟུགས་ཀྱི་རི་མོ་ནི། །བསམ་པའམ་ཡང་ན་བྱ་བ་ཡིན། །དེ་ཉིད་ཀྱི་ནི་ཆོ་ག་ཡིས། །དེ་ཉིད་དུ་ནི་མེ་ཐབ་བྱ། །མེ་ནི་ཤིན་ཏུ་འབར་བ་ལ། །སྒྲུབ་པས་སྲེག་བླུགས་སྦྱིན་སྲེག་བྱ། །ཙནྡན་དཀར་དང་ག་པུར་དང་། །གུར་གུམ་གྱིས་བསྲེས་མང་པོ་ནི། །བརྒྱ་ནི་རྩ་བརྒྱད་སྲེག་བླུགས་ཀྱིས། །སྔགས་རིག་མེ་འབར་སྦྱིན་པར་བྱ། །སེང་ལྡེང་པླག་ཤ་ནྱ་གྲོདྷ། །པ་ལ་ཤ་ནི་གང་ཡིན་པ། །དེ་དག་ལས་བྱུང་ཤིང་དག་གིས། །མེ་ཆེན་རྟག་ཏུ་སྦར་བར་བྱ། །ཤིང་དེ་དག་ནི་མེད་གྱུར་ན། །ཤིང་གཞན་ཡོངས་སུ་གཟུང་བར་བྱ། །པི་ཙུ་མར་ད་ཚ་དང་སྐྱུར། །པོ་སོན་ཆ་ལས་བྱུང་བའི་ཤིང་། །ཚེར་མ་ཅན་སོགས་སྤང་བྱ་སྟེ། །སྡིག་པའི་ལས་ལ་རབ་ཏུ་བསྒྲགས། །ཡི་གེ་གཅིག་པའི་སྔགས་ཉིད་ཀྱིས། །ཞི་དང་རྒྱས་པ་བྱས་གྱུར་ན། །དེ་ནི་མྱུར་བར་འགྲུབ་པར་འགྱུར། །སྡིག་པའི་ལས་ནི་སྤྱད་མི་བྱ། །སྔགས་མཆོག་ཀུན་ཀྱང་འདི་ལ་ནི། །ལས་རྣམས་ཆོ་ག་རྒྱ་ཆེན་ཀུན། །རྣམ་རྟོག་མེད་པས་རབ་སྦྱར་ན། །རྟག་ཏུ་འགྲུབ་པར་འགྱུར་བ་ཡིན། །དེ་


DKG088_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་སྔགས་ནི་འགྲུབ་འགྱུར་ཞིང་། །མཆོག་སྦྱིན་ཉིད་དུ་འང་འགྱུར་བ་ཡིན། །ཡམ་ཤིང་པླག་ཤ་ཨུ་དུམ་བར། །ཡང་ན་པླག་ཤ་ནྱ་གྲོདྷ། །མར་གྱིས་བཏགས་དང་སྦྲང་རྩིར་ལྡན། །ཞོ་དང་ལྡན་པས་མཉམ་བཞག་ནས། །ས་སྟེང་རྒྱལ་ཐབས་འདོད་པ་ཡི། །སྔགས་པས་དུས་ཀུན་སྦྱིན་སྲེག་བྱ། །ལྷ་ཡི་རྒྱལ་པོ་འདོད་པས་ནི། །གུར་གུམ་ཙནྡན་སྦྱིན་སྲེག་བྱ། །རིག་པ་འཛིན་པའི་ལྷ་དག་གི། །བདག་པོ་ཉིད་ནི་འདོད་གྱུར་ན། །པདྨའི་སྦྱིན་སྲེག་འབུམ་ཕྲག་ནི། །སུམ་ཅུ་རྩ་དྲུག་གེ་སར་བཅས། །སྦྱིན་སྲེག་མཐར་ནི་མཆོད་ཡོན་ཡང་། །བསྟན་བཅོས་ལས་བྱུང་བཞིན་དུ་དབུལ། །རྒྱལ་བས་བསྔགས་པའི་རས་རིས་མཆོག །དེར་ནི་ཀུན་ནས་ཡོངས་སུ་འབར། །དེ་ལ་རེག་པ་ཙམ་གྱིས་ནི། །ཚངས་པའི་འཇིག་རྟེན་དག་དང་ནི། །འོག་མིན་གྱི་ནི་བར་དག་གནས། །ཡང་ན་ས་འོག་རིམ་པར་འགྲོ། །བར་སྐབས་འདིར་ནི་གྲུབ་རྣམས་ཀྱི། །དེར་ནི་རྒྱལ་པོར་རྟག་ཏུ་འགྱུར། །སྟོབས་ཆེན་བརྟན་ཞིང་ཕ་རོལ་གནོན། །འབྱུང་པོ་རྣམས་ནི་འབྱེར་བར་བྱེད། །རྟག་ཏུ་རིག་འཛིན་རྒྱལ་པོར་འགྱུར། །ལས་རྣམས་ཡོངས་སུ་སྦྱོང་བར་བྱེད། །དེ་ནི་ཡུན་རིང་འཚོ་འགྱུར་ཏེ། །བསྐལ་པ་ཙམ་དུ་འང་གནས་པ་ཡིན། །གང་ཚེ་ལུས་ནི་ཤི་འཕོས་ནས། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར། །གཞན་ཡང་ལས་ནི་འདི་དག་ཀྱང་། །མདོ་དང་རྒྱས་པ་བསྟན་པར་བྱ། །པདྨ་དཀར་པོ་ཡོངས་བླངས་ནས། །ཙནྡན་དཀར་དང་ལྡན་པ་ཡི། །སྦྱིན་སྲེག་འབུམ་ཕྲག་བརྒྱ་བྱས་ན། །དེས་ནི་རིན་ཆེན་ཏོག་མཐོང་འགྱུར། །རྒྱལ་བ་དམ་པ་དེ་མཐོང་ན། །དེ་ཚེ་མངོན་ཤེས་ལྔ་ཐོབ་འགྱུར། །བསྐལ་པ་ཆེན་པོར་རིང་འཚོ་ཞིང་། །སངས་རྒྱས་རྗེས་སུ་འགྲོ་བར་འགྱུར། །མཐའ་ཡས་ཕྱོགས་ན་བཞུགས་པ་ཡི། ། སངས་རྒྱས་དེ་ནས་མཐོང་བར་འགྱུར། །དེ་དག་ལ་ནི་རྟག་མཆོད་ཅིང་། །དེ་དག་ཉིད་དང་ལྷན་ཅིག་གནས། །རིན་ཆེན་ལྡན་ཞེས་འཇིག་རྟེན་ཁམས། །གཅིག་ན་བཅོམ་ལྡན་དེ་བཞུགས་པ། །ཐུབ་གཙོ་མཆོག་ནི་དམ་པ་སྟེ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ལ་དེ་ནི་རྟག་གནས་ཏེ། །སྔགས་ཀྱིས་དག་པར་ཐེ་ཚོམ་མེད། །གཞན་ཡང་ལས་ནི་འདོད་པ་དག །གང་ཟག་མཆོག་གིས་གསུངས་པ་ནི། །ནཱ་ག་གེ་སར་ག་པུར་དང་། །ཙནྡན་གུར་གུམ་ཆ་མཉམ་པ། །སྔགས་པས་དེ་ཚེ་གཅིག་བྱས་ནས། །སྦྱིན་སྲེག་འབུམ་ཕྲག་བདུན་ཅུ་བརྒྱད། །དེ་ཚེ་ལྷ་ནི་སྦྱིན་སྲེག་མཐར། །འཁོར་ལོ་ཅན་དེ་འདིར་བྱོན་


DKG088_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །རྟག་ཏུ་དགྱེས་ནས་མཆོག་སྩོལ་ཏེ། །སྒྲུབ་བྱེད་སྤྱི་བོར་བྱུག་པར་མཛད། །དེ་ཚེ་རེག་པ་ཙམ་གྱིས་ནི། །སྔགས་པས་བདུན་བདག་པོར་འགྱུར། །རྒྱལ་སྲས་ཐུགས་ལས་སྐྱེས་པ་ཡི། །བྱང་ཆུབ་སེམས་དཔར་དེ་བརྗོད་དོ། །ངེས་པའི་བྱང་ཆུབ་སེམས་དཔའ་ཡང་། །དེ་ནི་ལུང་བསྟན་འགྱུར་བ་ཡིན། །དེ་ནས་བརྩམས་ནས་ཅུང་ཟད་གང་། །ཤེས་དང་ཤེས་བྱ་རྒྱལ་བའི་སྲས། །ཤེས་འགྱུར་སྔགས་རྣམས་མ་ལུས་ནི། །རྟོགས་པའི་བདག་ཉིད་ཆེར་རྒྱས་ཡིན། །དེ་ལ་རེག་པ་ཙམ་གྱིས་ནི། །མངོན་ཤེས་ལྔ་ལྡན་སྔགས་རྒྱལ་འགྱུར། །རྟག་ཏུ་བདག་དང་གཞན་བདག་ཉིད། །རྣམ་པ་སྣ་ཚོགས་བྱེད་པར་འགྱུར། །རྣམ་པ་ཀུན་མཆོག་ལྡན་པ་ཡི། །མཆོད་པའི་ལས་ལ་རྟག་ཏུ་དགའ། །སྐད་ཅིག་དེ་ཉིད་ཁོ་ན་ལ། །བྱང་ཆུབ་ལས་ལ་བརྩོན་པར་འགྱུར། །དེ་ཚེ་སྐད་ཅིག་ཙམ་གྱིས་ནི། །འཇིག་རྟེན་སངས་རྒྱས་ཞིང་དེར་འགྲོ། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ཐམས་ཅད་དུ་ཡང་འགྲོ་བར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །དེ་ཚེ་སྤྱོད་བཅས་མཐོང་བར་འགྱུར། །དེ་ལས་ཆོས་ནི་ཐོས་པ་དང་། །མཆོད་པའི་ལས་ལ་བརྩོན་པར་འགྱུར། །རྒྱལ་བ་འཁོར་ལོས་སྒྱུར་གསུངས་པའི། །འདིར་ནི་ལས་རྣམས་གཞན་ཡོད་དེ། །མར་མེ་ཡོན་དུ་དབུལ་བ་ནི། །མར་བཅས་སྙིང་པོ་གཙང་བ་ནི། །གསེར་དང་དངུལ་གྱི་སྣོད་དག་དང་། །ཟངས་མ་ས་དག་ཉིད་ཡིན་ན། །དེར་ནི་མར་མེ་རབ་སྦར་ཏེ། །སྐྱེས་བུ་གྲངས་ནི་འབུམ་དག་གིས། །གྲངས་ཀྱི་ཚད་ཙམ་ངེས་བཞག་སྟེ། །བརྒྱ་ཕྲག་སྟོང་ལས་ལྷག་པ་མིན། །བུད་མེད་སྤངས་པའི་སྐྱེས་པ་ཡིས། །ཁོ་ར་ཁོར་ཡུག་མར་མེ་འཛིན། །མཆོད་པའི་ལས་ཀྱི་དོན་དུ་ནི། །སྟོན་པའི་རས་རིས་སྐུ་ལ་དབུལ། །སྔགས་རྣམས་རེ་རེའང་འདོད་བཞིན་དུ། །ཐམས་ཅད་མཉམ་པར་རབ་ཞུགས་ནས། །སྟོན་པ་ལ་ནི་འབུལ་བྱེད་ན། །དེ་ཡི་མོད་ལ་གྲུབ་པར་སྟོན། །ཀུན་ནས་སྒྲ་ནི་སྒྲོགས་བྱེད་ཅིང་། །རྔ་བོ་ཆེ་ཡི་སྒྲ་ཡང་སྒྲོགས། །གང་ཕྱིར་ལྷ་ཚོགས་དུ་མ་ནི། །ལེགས་སོ་ཞེས་པའི་སྒྲ་རབ་འདོན། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། །དེ་ཚེ་ནམ་མཁའ་ལ་བཞུགས་ནས། །ཤེས་རབ་ཅན་ཁྱོད་ལེགས་སོ་ལེགས། །ལེགས་བྱས་ལས་ནི་ཡོངས་སུ་བྱས། །འཁོར་བའི་རྒྱ་མཚོར་ནུབ་པ་དང་། །སྡུག་བསྔལ་ཡང་ནི་མཐོང་མི་འགྱུར། །བདེ་དང་ཞི་བ་མྱ་ངན་འདས། །འཇིགས་མེད་སངས་རྒྱས་ཉིད་ཀྱང་འཐོབ། །ལམ་


DKG088_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དགེ་དང་དྲི་མ་མེད། །ཡན་ལག་བརྒྱད་ལ་ལེགས་པར་སྤྱོད། །ཡི་གེ་གཅིག་པ་མཉེས་བྱས་ནས། །སྔགས་ཀྱི་ངོ་བོའི་མགོན་པོ་མཉེས། །གཞན་ཡང་ལས་ནི་འདི་ཡོད་དེ། །དམ་པའི་འགྲོ་བ་ལ་གནས་ནས། །མཐུ་ཆེན་པོར་ནི་རྣམ་ཤེས་པའི། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས། ། ནིམ་པའི་རང་བཞིན་ཤིང་བླངས་ནས། །རྩེ་གསུམ་རྡོ་རྗེ་གཉིས་མཐར་བྱ། །དབུས་ཀྱི་ཕྱོགས་སུ་བྱ་བ་ནི། །རྡོ་རྗེ་རིགས་ཏེ་མི་བསྐྱོད་པ། །དེ་ནས་སྔགས་ཀྱིས་དག་བྱས་ནས། །དེ་ནི་རས་རིས་སྔོན་དུ་བཞག །དེ་ནས་སྔགས་པས་ལག་རེག་ནས། །སྔགས་ནི་མཉམ་པར་བཞག་ནས་བཟླ། །རྩ་བརྒྱད་འབུམ་ཕྲག་བཅུ་དྲུག་ནི། །ཡོངས་སུ་རྫོགས་ནས་གྲུབ་པར་འདོད། །དེ་ནས་རྡོ་རྗེ་གཅིག་འབར་ཏེ། །ཀུན་ནས་དེ་ནི་རབ་ཏུ་འབར། །དེ་ནས་རྡོ་རྗེ་དེ་བླངས་ནས། །འདི་ལྟར་དེ་ནི་སྟེང་འགྲོའོ། །དེ་ནས་ཚངས་པའི་འཇིག་རྟེན་ནམ། །གཞན་ཡང་ལྷ་གནས་གང་འདོད་འགྲོ། །དེ་ནས་ནམ་མཁར་འགྲོ་འགྱུར་ཏེ། །གྲུབ་པ་ཀུན་གྱི་སྔོན་དུ་འདྲེན། །གྲུབ་པའི་རིག་འཛིན་ལ་སོགས་ཀྱི། །བདག་པོ་ཉིད་ཀྱང་བྱེད་པར་འགྱུར། །ལྷ་ཡི་འདུས་པ་མང་པོ་ཡི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །བདག་ཉིད་ཀྱི་ནི་སྤྱོད་པ་ཡང་། །རྣམ་པ་སྣ་ཚོགས་བྱེད་པར་འགྱུར། །བར་གྱི་བསྐལ་པ་བཅུ་ཡི་བར། །ཡུན་རིང་གནས་ཏེ་བར་ཆད་མེད། ། བདེ་བ་ལ་བརྟེན་རྟག་ཏུ་མཆོད། །རྟག་ཏུ་སྐྱེས་བུ་དམ་པར་ལྡན། །བྱང་ཆུབ་སེམས་ཀྱི་ཡང་དག་སྤྱོད། །སྐྱེ་བའི་སྡུག་བསྔལ་རྣམ་པར་སྤངས། །གྲུབ་པའི་དབང་ཕྱུག་འགྱུར་བ་སྟེ། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །དེ་ལས་ཤི་འཕོས་མིར་སྐྱེ་ཞིང་། །བདེ་བ་མང་ལ་རབ་ཏུ་གཞོལ། །འགྲོ་བ་མ་ལུས་སྐྱོ་བྱས་ནས། །བྱང་ཆུབ་ཡང་དག་གཞོལ་བར་འགྱུར། །རྣམ་པ་སྣ་ཚོགས་ལས་མཐའ་ཡས། །མང་པོ་འཇིག་རྟེན་དོན་མཆོད་པ། །སྔགས་ཀྱི་རྒྱལ་པོ་འདིར་བརྗོད་པ། །ཆོ་ག་རྒྱ་ཆེན་ཆོ་གར་བཅས། །ས་བདག་བརྒྱ་བྱིན་ཉིད་དང་ནི། །འཁོར་ལོས་སྒྱུར་ཉིད་ཡང་དང་ཡང་། །རིག་འཛིན་རྣམས་དང་དེ་བཞིན་དུ། །ལྷ་ཉིད་དང་ནི་བདག་པོའང་བྱེད། །རྣམ་པ་དུ་མའི་ངོ་བོ་འམ། །ལས་ནི་གང་དག་འདི་གསུངས་པ། །ཐམས་ཅད་གྲུབ་པ་ཐོབ་འགྱུར་ཏེ། །སྔགས་པ་ལེགས་པར་སྦྱོར་བྱེད་ནའོ། །མཚན་མོ་སྐྱིལ་མོ་ཀྲུང་བཅས་ཏེ། །སྡོམ་ཅན་དོན་ཡོད་བཟླས་བྱས་ན། །ཐོ་རངས་


DKG088_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ཐོབ་འགྱུར་ཏེ། །ཟློས་པ་མངོན་ཤེས་ལྔ་ཐོབ་འགྱུར། །དུར་ཁྲོད་རོ་ལ་འདུག་ནས་ནི། །སྡོམ་ཅན་འགུལ་མེད་ཟློས་པ་ནི། །ཡི་གེ་གཅིག་པོ་དོན་ཆེན་ཏེ། །ཐོ་རངས་གྲུབ་པར་འདོད་པ་ཡིན། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །གལ་ཏེ་དུར་ཁྲོད་གནས་ནས་བཟླས། །ཟླ་བ་དྲུག་གིས་གྲུབ་ཐོབ་སྟེ། །ཇི་ལྟར་འདོད་པའི་འབྲས་བུ་བྱེད། །གང་ཡང་རུང་བའི་གནས་དག་ཏུ། །རྫུ་འཕྲུལ་ཆེན་པོ་ཟློས་བྱེད་ན། །དེར་གནས་གྲུབ་པ་ཐོབ་འགྱུར་ཏེ། །སྔགས་པ་ལེགས་པར་སྦྱོར་བྱེད་པའོ། །གདུགས་དཀར་དེ་བཞིན་རལ་གྲི་དང་། །ནོར་བུའི་ལྷམ་དང་གདུབ་ཀོར་དང་། །མུ་ཏིག་ཕྲེང་བ་དཔུང་རྒྱན་དང་། །གདུ་བུ་དང་ནི་སོར་གདུབ་དང་། །འོག་པག་དང་ནི་དེ་བཞིན་གོས། །སོ་ཤིང་དང་ནི་སྤྱི་བླུགས་དང་། །མཆོད་ཕྱིར་ཐོགས་དང་ཞྭ་དང་ནི། །ཁྲབ་དང་གོ་ཆ་ཉིད་དང་ནི། །གཡང་གཞི་དང་ནི་རིལ་བ་དང་། །ཕྲེང་བ་དང་ནི་མཆིལ་ལྷམ་དང་། །འཇིག་རྟེན་གཉིས་ན་འདོད་པ་ཡི། །རྒྱན་གྱི་གཙོ་བོ་ཐམས་ཅད་དེ། །ལྷ་དང་མི་དང་དེ་བཞིན་དུ། །གཞན་ཡང་རྒྱན་འགྱུར་འདི་ལ་བརྒྱན། །དེ་དག་ཐམས་ཅད་ཐོབ་འགྱུར་ཏེ། །རས་རིས་མདུན་དུ་ཟློས་བྱེད་ལའོ། །རྫས་རྣམས་ཀུན་དང་འབྱུང་ཁུང་དང་། །རྒྱན་དང་ནོར་བུ་རྣམས་དང་ནི། །མཚོན་ཆ་ཐམས་ཅད་དུ་མ་ནི། །རས་རིས་མདུན་དུ་བཞག་ནས་ནི། །དག་བྱས་ཅིག་ཅར་བཟླ་བྱ་བ། །འབུམ་ཕྲག་བརྒྱད་ཀྱིས་གཡོ་བ་དང་། །ཐམས་ཅད་བཅས་ཏེ་འབར་བ་དང་། །ཟློས་པ་རེག་པས་གྱེན་དུ་འགྲོ། །རྣམ་པ་སྣ་ཚོགས་གཟུགས་ལྡན་པ། །སེམས་ཅན་རང་བཞིན་ཡིན་ཡང་རུང་། །རྒྱན་དང་མཚོན་ཆ་ཡིན་ཡང་རུང་། །ངོ་བོ་ཉིད་དམ་ས་རང་བཞིན། །རང་ཚུལ་སྤྱོད་དམ་བཅོས་མ་དང་། །འདབ་ཆགས་སྣ་ཚོགས་ཚོགས་ཀྱང་རུང་། །གང་དག་འབྱུང་པོ་ཀུན་ལ་གྲགས། །བཅོས་མའམ་བཅོས་མ་མ་ཡིན་པ། །འདུ་ཤེས་ཅན་ནམ་འདུ་ཤེས་མེད། །སྔགས་པ་མཆོད་པས་གྲུབ་པར་འགྱུར། །རྣམ་པ་སྣ་ཚོགས་རྫས་བཞག་དང་། །རྣམ་པ་སྣ་ཚོགས་ཁམས་ལས་བྱུང་། །རང་བྱས་བྱེད་དུ་བཅུག་པ་དང་། །འགྲོ་བའི་སྐྱེ་གནས་དག་ན་བསྔགས། །སྔར་བསྟན་ཆོ་ག་བཞིན་དུ་ནི། །རས་རིས་མདུན་དུ་རྣམ་པར་གཞག །ལན་ནི་དྲུག་གམ་བདུན་དག་གིས། །སྔགས་པས་རེག་ནས་བཟླ་བར་བྱ། །བཟླས་མཐར་དེ་


DKG088_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དག་རབ་འབར་ཏེ། །གྲུབ་པ་རྒྱས་པ་ཐོབ་པར་འགྱུར། །དེ་ནི་དེ་ལ་རེག་ཙམ་གྱིས། །ཕྱོགས་བཞི་དག་ཏུ་འགྲོ་བར་འགྱུར། །འདིར་ནི་ལྷ་ཡུལ་ཐོབ་ནས་ནི། །རིང་དུ་འཚོ་ཞིང་བདེ་བར་འགྱུར། །རྫུ་འཕྲུལ་ཆེན་པོ་རིག་རྒྱལ་ལ། །ཇི་ལྟ་ཇི་ལྟར་རབ་སྦྱོར་བ། །དེ་ལྟ་དེ་ལྟར་དགའ་འགྱུར་ཞིང་། ། རྟག་ཏུ་མཆོག་ཀྱང་སྟེར་བར་འགྱུར། །གཞན་ཡང་ལས་ལ་རབ་སྦྱོར་བ། །ལས་རྣམས་དུས་ནི་ཡུན་རིང་བ། །རིག་པའི་རྒྱལ་པོ་རྫུ་འཕྲུལ་ཆེ། །དེ་ཉིད་ཀྱིས་ནི་མྱུར་འགྲུབ་འགྱུར། །གཙང་ཞིང་སེམས་ནི་གཙང་བ་དང་། །གཙང་བའི་ལས་ལ་རྟག་ཏུ་དགའ། །གཙང་བའི་ཕྱོགས་དང་སྔགས་ཤེས་པ། ། གཙང་བའི་གྲུབ་པ་ཐོབ་པར་འགྱུར། །ལས་གང་བྱེད་པ་དེ་འབྲས་ཐོབ། །མཆོག་གི་མཆོག་ཏུ་འགྱུར་བ་དང་། །འབྲིང་གི་ལས་ཀྱི་འབྲིང་དུ་འགྱུར། །ཐ་མས་ཀྱང་ནི་ཐ་མར་རོ། །མ་བསྒྲུབས་ལས་ཀྱིས་གྲུབ་པ་ཡང་། །ཅུང་ཟད་ཙམ་གྱིས་འབྲས་འབྱིན་ཏེ། །བུ་མོའམ་ནོར་ནི་མང་པོ་དག །ཡང་དག་སྤྱོད་པས་བྱེད་པར་འགྱུར། །རྟག་ཏུ་བཟླས་པ་ཙམ་གྱིས་ནི། །ལོངས་སྤྱོད་ཆེ་ཞིང་སྟོབས་ཀྱང་ཆེ། །རྒྱལ་པོ་དགའ་ཞིང་བློན་པོ་ཉིད། །རྟག་ཏུ་བཟླས་པས་བྱེད་པར་འགྱུར། །སྔགས་ཀྱི་རྒྱལ་པོ་ལན་ཅིག་བཟླས། །དེ་ཡིས་སྡིག་པ་རབ་ཏུ་འཇིག །གཉིས་སུ་བཟླས་སམ་བདུན་བཟླས་པས། །བདག་ཉིད་སྲུང་བ་ཆེན་པོར་འགྱུར། །ལན་བརྒྱད་དེ་ནི་བཟླས་པ་ཡིས། །གྲོགས་པོ་ཐམས་ཅད་སྲུང་བར་བྱེད། །གོས་ལ་ལན་གཉིས་མངོན་བསྔགས་ན། །སྔགས་པ་དག་ནི་རྟག་ཏུ་ཡང་། །ནད་རྣམས་ཀུན་ལས་ཤིན་ཏུ་གྲོལ། །གོས་ནི་གཉིས་ཀ་ལ་བསྔགས་ནས། །གོས་དག་ལ་ནི་རེག་བྱས་ན། །ལུས་ཅན་ནད་ནི་མེད་པར་འགྱུར། །གདོང་དང་མིག་གཉིས་དག་ལ་ནི། །འབད་པས་མངོན་པར་རབ་བསྔགས་ན། །ཁྲོས་པ་རྣམས་ཀྱི་ཁྲོ་བ་ནི། །སྔགས་པས་བལྟས་པ་ཙམ་གྱིས་འཇིག །གང་ཡང་འབྱུང་ཚོགས་མ་རུངས་པ། །འཚེ་བྱེད་སྡིག་པའི་ལས་ཅན་ལ། །སྔགས་རྒྱལ་སུམ་ཅུ་རབ་བཟླས་ཏེ། །དེ་དག་གདོང་ལ་བལྟ་བ་འམ། །རང་ལག་ཉིད་ལ་ཡང་དང་ཡང་། །མངོན་པར་བསྔགས་པ་བྱས་ནས་ནི། །དེ་དག་ཐལ་མོ་བརྡབས་ན་ནི། །ལུས་ཅན་ཀུན་ནི་གྲོལ་བར་འགྱུར། །བྱིས་པ་ལ་ནི་རྟག་བྱ་བ། །ཁྲུས་དང་བཟའ་དང་བཏུང་བ་ལ། །སྔགས་མཆོག་དྲུག་ཅུ་བཟླས་ནས་ནི། །ལྷ་ཡི་དམ་པ་མཆོད་བྱས་


DKG088_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ཤ་ཟ་མ་མོ་དག་གི་གདོན། །མ་རུངས་ཀུན་ལས་གྲོལ་བར་འགྱུར། །སྔགས་ཀྱི་འཇིགས་པས་འཇིགས་བྱེད་ཅིང་། །རྟག་ཏུ་བྱིས་པ་གཏོང་བར་བྱེད། །དེ་ལྟར་རྣམ་པ་དུ་མའི་ལས། །ས་སྟེང་མྱུར་དུ་རྟག་འཇིག་ན། །མི་རྣམས་ལ་ནི་དེ་བཞིན་བྱེད། །གང་དག་འབྱུང་པོ་སྡིག་སྦྲུལ་ནི། ། རྣམ་པ་སྣ་ཚོགས་གནས་འགྲོ་བ། །དུག་བཅས་དུག་ནི་མེད་པ་ཉིད། །སྔགས་ཀྱི་མཐུ་ཡིས་འཇིག་པར་བྱེད། །གང་དག་སྡུག་བསྔལ་སྣ་ཚོགས་དང་། །གང་དག་འཚེ་བ་ཐམས་ཅད་ནི། །སྔགས་ཀྱི་རྒྱལ་པོ་བཟླས་པ་ཡིས། །མྱུར་དུ་ཞི་བར་རབ་ཏུ་འགྲོ། །རྣམ་པ་སྣ་ཚོགས་གནོད་སྡུག་བསྔལ། ། མང་པོ་འཆི་བ་འགོ་བའི་ནད། །སྔགས་ཀྱི་རྒྱལ་པོ་དྲུག་བརྒྱ་བཟླས། །མྱུར་བ་ཉིད་དུ་སེལ་བར་འགྱུར། །སྦྱིན་སྲེག་ལས་ནི་བྱ་བ་ལ། །ཞོ་དང་མར་གྱིས་ཐམས་ཅད་བསྲེ། །ཨུཏྤལ་སྔོན་པོ་དྲི་བཟང་ནི། །རྩ་བརྒྱད་སྟོང་གིས་བཟླས་པ་བྱ། །ཞི་ཞིང་འབྱུང་པོ་རྣམ་སོང་ནས། །འགྲོ་བ་རྣམས་ནི་བདེ་གནས་ཐོབ། །དེ་ལྟར་རྣམ་པ་དུ་མ་ནི། །མང་པོའི་ལས་ནི་ཡང་དག་འབྱུང་། །སྔགས་པ་ལེགས་པར་རབ་སྦྱོར་ན། །མྱུར་དུ་ཐམས་ཅད་བྱེད་པར་འགྱུར། །བཟླས་པ་ཙམ་གྱིས་བྱེད་པ་ནི། །དགྲ་རྣམས་ཀྱི་ནི་ཁྲོ་བ་སེལ། །སྔགས་འདི་དོན་དང་ལྡན་གྱུར་པས། །ཆོ་ག་མང་པོ་རྒྱ་ཆེ་བ། །དེ་དག་ཆོ་ག་མཐོང་བ་ཡིས། །དེ་དག་འདིར་ནི་གྲུབ་པ་ཡིན། །འདིར་ནི་སྔགས་རྣམས་ཟློ་བྱེད་པ། །ཕྲན་ཚེགས་ལས་ཀྱང་དོན་ཡོད་འགྱུར། །ཐམས་ཅད་ལ་ཡང་བཟླས་པ་ཡིས། །མྱུར་དུ་དོན་རྣམས་རྟག་ཏུ་བྱེད། །འབྱུང་པོ་རྣམས་ནི་དབང་བྱེད་འདོད། །དུས་གསུམ་དུ་ནི་བཟླས་པ་ཡིན། །རྟག་ཏུ་སྣ་མའི་མེ་ཏོག་གིས། །སྦྱིན་སྲེག་ལས་ཀྱང་བྱ་བ་ཡིན། །ཙནྡན་དཀར་དང་ག་པུར་དང་། །གུར་གུམ་གྱིས་ཀྱང་བྱ་བ་ཡིན། །བཟླས་ནས་སྔགས་པ་མཆོག་སྦྱིན་ཞིང་། །རྟག་ཏུ་འབྲས་བཅས་བྱེད་པར་འགྱུར། །རྟག་ཏུ་ཟློས་པས་སྦྱིན་སྲེག་བྱས། །ཡིད་ལ་འདོད་པའི་དོན་སྒྲུབ་བྱེད། །ག་བུར་ལ་སོགས་ལྡན་པ་ཡིས། །རྟག་ཏུ་སྦྱིན་སྲེག་རབ་ཏུ་བརྟག །ཇི་ལྟར་འདོད་པར་ཡོངས་བརྟགས་པའི། །རྣམ་པ་སྣ་ཚོགས་ཆོ་ག་བསྒྲུབ། །ཐ་མ་ལས་ནི་ཐ་མ་དང་། །ཆེན་པོ་ལས་ནི་ཆེན་པོ་འབྱུང་། །བར་མ་བར་མའི་ལས་དག་ལས། །རྟག་ཏུ་གྲུབ་པར་བསྟན་པ་ཡིན། །དེ་བས་ལས་རྣམས་ཀུན་


DKG088_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ནི། །ཁྱད་པར་དུ་ནི་སྦྱིན་སྲེག་བྱ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག་ལས། ལེའུ་བཅུ་བཞི་པ་འཁོར་ལོས་སྒྱུར་བའི་རས་རིས་ཀྱི་ཆོ་གའི་དཀྱིལ་འཁོར་སྒྲུབ་པའི་ཐབས་རབ་འབྱམ་རྫོགས་སོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འཁོར་གྱི་ནང་དེར་འདུས་ཤིང་འཁོད་པར་གྱུར་ཏེ། འདུག་པ་དེ་སྟན་ལས་ལངས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །ལེགས་པར་རབ་ཏུ་བསྟན་པ་དང་། མཆོག་ཏུ་ལེགས་པར་གསུངས་པའི་རིག་པ་ཐམས་ཅད་ཀྱི་སྔགས་ཀྱི་སྦྱོར་བ། ཆོས་ཆེན་པོའི་སྤྲིན་ལས་ངེས་པར་བྱུང་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རིག་པ་ཆེན་པོའི་རྒྱལ་པོ་འཁོར་ལོས་སྒྱུར་བ། ཆོ་ག་ཆེན་པོ་རྒྱ་ཆེ་བ་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། འབྲས་བུ་དང་བཅས་པ་སྒྲུབ་པར་བྱེད་པ། བྱང་ཆུབ་ཀྱི་ལམ་བླ་ན་མེད་པ། བྱ་བའི་བྱེ་བྲག་ཡང་དག་པར་སྡོམ་པ་དང་བཟླས་པ་དང་སྦྱིན་སྲེག་དང་། རིག་པ་དང་སྤྱོད་པའི་རྗེས་སུ་འབྲང་བ་རྣམས་ཀྱི་ལམ་འབྲས་བུ་བརྟེན་པའི་ལས་ཀྱི་རྐྱེན་སྐྱེད་པའི་རྒྱུ་དང་མཚན་མ། རྨད་དུ་བྱུང་བའི་སྟོབས་བཅུ། ནོད་པར་བྱེད་པའི་དགེ་བའི་རྩ་བ། བྱང་ཆུབ་ཀྱི་སྙིང་པོ་ནོད་པར་བྱེད་ཅིང་། ངེས་པར་ཕ་རོལ་དུ་འགྲོ་བར་བྱེད་པ་དེ་བཅོམ་ལྡན་འདས་དེ་ནི་ལེགས་སོ། །སྔགས་སྒྲུབ་པར་བྱེད་པ་དང་། རྗེས་སུ་མཐུན་པའི་རྨི་ལམ་ན་མཐོང་བར་བྱེད་པའི་མཚན་མ་དེ་སྟོན་པས་བཤད་དུ་གསོལ། གང་གིས་རིག་པ་ཐམས་ཅད་སྒྲུབ་པའི་རྗེས་སུ་དཔྱོད་པའི་སེམས་ཅན་གྲུབ་པའི་མཚན་མའི་ལས་རྩོམ་པར་བྱེད་པར་འགྱུར་བ་དང་། འབྲས་བུ་དང་བཅས་པའི་རིག་པ་ཐམས་ཅད་ཀྱི་མཚན་མར་འགྱུར་བའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གནོད་སྦྱིན་གྱི་བདག་པོ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེན་ལ་སྙིང་བརྩེ་བ་དང་སྐྱེ་བོའི་ཚོགས་ཆེན་པོའི་དོན་དང་ཕན་པ་དང་བདེ་བ་དང་རིག་པ་ཐམས་ཅད་སྒྲུབ་པར་བྱེད་པའི་སེམས་ཅན་རྣམས་


DKG088_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་གྱི་ཕྱིར་ལེགས་སོ་ལེགས་སོ། །དེ་ལེགས་པར་རབ་ཏུ་ཉོན་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ། །དང་པོར་རེ་ཞིག་ལས་ཐམས་ཅད་ཀྱི་སྔར་འདུ་འཛི་མེད་པའི་གནས་སུ་སོང་སྟེ། རིའི་རྩེའམ་ཆུ་བོའི་འགྲམ་མམ་ཕུག་གི་ནང་ངམ་གཙང་བའི་ཕྱོགས་སུ་ལོ་མའི་སྤྱིལ་པོ་བྱས་ལ། དེ་ཉིད་ཀྱི་ཆོ་ག་སྔ་མ་བཞིན་དུ་རས་རིས་གཞག་ཅིང་མཆོད་པ་ཆེན་པོ་བྱས་ལ། ལས་ཐམས་ཅད་ལ་ཡར་ངོའི་ཟླ་ཕྱེད་དམ། ཆོ་འཕྲུལ་ཆེན་པོའི་ཟླ་ཕྱེད་ལ་ངེས་པར་ཉིན་ཞག་བཟང་པོའི་མཚན་མོའི་ཐུན་དང་པོ་ལ། ཙནྡན་དཀར་པོ་དང་གུར་གུམ་དང་ག་པུར་གཅིག་ཏུ་བྱས་ལ། ཙནྡན་གྱི་ཤིང་གིས་མེ་རབ་ཏུ་སྦར་ཞིང་། རས་རིས་ཀྱི་མདུན་དུ་ཁྲུ་བཞིའི་ཚད་ཙམ་གྱི་མེ་ཐབ་ལ་དུ་བ་དང་སོལ་བ་མེད་པའི་མེ་ལ་སྲེག་བླུགས་སྟོང་རྩ་བརྒྱད་ཀྱིས་སྦྱིན་སྲེག་བྱའོ། །དེ་ནས་ཡང་སྦྱིན་སྲེག་གི་མཐར་པདྨའི་མེ་ཏོག་ཙནྡན་དཀར་པོའི་ཆུས་བསང་གཏོར་བྱས་པ་སྟོང་རྩ་བརྒྱད་སྦྱིན་སྲེག་བྱའོ། །སྦྱིན་སྲེག་གི་མཐར་ཡང་བཟང་པོའི་གདན་དང་གདོང་བཀབ་ལ་རང་གི་ལྷ་ལ་རང་གི་སྔགས་ཀྱིས་སྤྱན་དྲང་བར་བྱ་ཞིང་། སྔགས་འདིས་སྦྱིན་སྲེག་བྱའོ། །ན་མཿསརྦ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཨོཾ་ཀུ་མཱ་ར་རཱུ་པི་ཎེ་དརྴ་ཡ་དརྴ་ཡ། ཨཱཏྨ་ནོ་བྷུ་མི་མུངྡྷཱ་བ་སྭ་པྣཾ་མེ་ནི་བེ་ད་ཡ་ཝཱ་བྷུ་ཏཾ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྔགས་འདིས་སྲུང་བ་བྱས་ཤིང་སྦྱིན་སྲེག་གི་ལས་ཐམས་ཅད་ལ་ལས་བྱའོ། །དེ་ནས་ཀུ་ཤའི་རྩེ་མོ་གཉིས་ཀ་ཕྱི་རོལ་དུ་བསྟན་ཏེ་བཏིང་ལ་ཀུ་ཤའི་ཁྲེས་ཀྱི་སྔས་བྱས་ཏེ་མགོ་ཤར་ཕྱོགས་སུ་བསྟན་ལ་རས་རིས་ཀྱི་མདུན་ནས་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཉེ་བར་ཉལ་བར་བྱའོ། །ཐུན་དང་པོ་ལ་མི་ཉལ་བའི་སྦྱོར་བས་རྗེས་སུ་བརྩོན་པར་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱས་ནས་སྡིག་པ་རྣམས་སོ་སོར་བཤགས་ཏེ། སངས་རྒྱས་ཐམས་ཅད་ལ་བདག་ཉིད་ཕུལ་ལ། དེ་ནས་ཇི་ལྟར་བདེ་བར་གཉིད་ཀྱི་དབང་དུ་འགྲོ་བར་བྱའོ། །དང་པོའི་ཐུན་གྱི་རྨི་ལམ་གང་། །བད་ཀན་ལས་བྱུང་ཤེས་པར་བྱ། །གཉིས་པར་གང་བྱུང་མཁྲིས་པ་སྟེ། །འཇིག་རྟེན་ལ་ཡོད་སྨད་པ་ཡིན། །གསུམ་པ་རླུང་བྱུང་ཤེས་པར་བྱ། །བཞི་པ་བདེན་པར་འབྱུང་བ་ཡིན། །བད་ཀན་རྨི་ལམ་དང་པོ་ནི། །འདི་འདྲར་རྟག་ཏུ་མཐོང་བ་ཡིན། །ནོར་བུ་ཤེལ་གྱི་ཁང་པ་ནི། །ཀུན་ནས་མུ་ཏིག་ཕྲེང་བ་


DKG088_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཨ་མྲའི་ཤིང་ཚོགས་རབ་མང་པོ། །བདག་ཉིད་ཆུ་ནང་འབྱིང་བར་མཐོང་། །ཀུན་ནས་འབབ་ཆུས་ཁྱབ་པ་དང་། །རྒྱ་མཚོ་ཆེན་པོས་ཁྱབ་པ་དང་། །གང་དུ་བདག་གི་ལུས་གནས་པ། །དེ་ཉིད་དུ་ནི་མཐོང་བར་བྱེད། །གང་དུ་ཕྱོགས་དེར་རྫིང་དག་གིས། །ཀུན་ནས་ཡོངས་སུ་ཁྱབ་པ་དང་། །གྲུ་དང་ཆུ་ནི་འཐུང་བ་དང་། །བཏུང་བའི་ཁང་པ་ཁང་པ་དང་། །ཀུན་ནས་ཡོངས་སུ་འཁོར་བར་ནི། །ཆུ་ཆེན་གྱིས་ནི་ཁྱེར་བར་མཐོང་། །ཁ་བ་ཅན་ནི་བྱིས་པ་དང་། །ཆུ་བོ་ཆེན་པོར་ཤེལ་གནས་པ། །ཤིང་དང་རི་ཡི་རྒྱལ་པོ་དང་། །ཤེལ་གྱིས་ཡོངས་སུ་བཅིངས་པ་དང་། །མུ་ཏིག་དྲ་བས་ལེགས་གཡོགས་དང་། །མུ་ཏིག་ཕུང་པོ་མཐོང་བ་དང་། །ཆར་ཆེན་འབབ་དང་ཆུ་ཡི་ཚོགས། །མཐོང་ན་བད་ཀན་ལས་གྱུར་ཡིན། །གདུགས་ནི་དཀར་པོ་དག་དང་ནི། །རྒྱན་རྣམས་ཀུན་ཀྱང་དཀར་བ་དང་། །བན་གླང་དག་ནི་དཀར་པོའི་གཟུགས། །བད་ཀན་རྨི་ལམ་དག་ཏུ་བརྗོད། །རྔ་མ་དཀར་རམ་སྐྱེས་བུ་འམ། །ཡང་ན་གོས་དག་མཐོང་བ་འམ། །ལན་ཚྭ་ལ་སོགས་རེག་པ་ནི། །ཀུན་དུ་གལ་ཏེ་མཐོང་བ་ནི། །རས་བལ་བཙོ་མའི་གོས་དག་གམ། །ར་གན་དངུལ་དང་ཨ་ག་རུ། །རེག་དང་ཟ་བར་བྱེད་པ་ཉིད། །བད་ཀན་རྨི་ལམ་དག་ཏུ་འདོད། །མོན་སྲན་གྲེའུ་ཟ་བ་དང་། །ཏིལ་བཏགས་བུ་རམ་འབྲས་ཅན་དང་། །མོན་སྲན་རྣམ་མང་ཟ་བ་ནི། །བད་ཀན་རྨི་ལམ་དག་ཏུ་འདོད། །སྭ་སྟི་ཀ་དང་ཨུ་ལོ་པི། །ཀྲི་ས་ར་དང་འོ་ཐུག་དང་། །དེ་དག་ཟ་བྱེད་རྨི་ལམ་ནི། །བད་ཀན་རྨི་ལམ་བྱ་བ་ཡིན། །འབྲེང་བུ་ས་བཅུད་བཟའ་བ་སོགས། །རྣམ་པ་སྣ་ཚོགས་སྣུམ་ཁུར་ནི། །རེག་དང་ཟ་བར་བྱེད་པ་ཉིད། །བད་ཀན་འཕེལ་བའི་རྨི་ལམ་ཡིན། །སྣུམ་ཁུར་རྣམ་པ་དུ་མ་ནི། །བཟའ་དང་སྤྱད་པར་རྗེས་འདོད་དང་། །ཟོས་དང་རེག་པར་བྱེད་དེ་དག །བད་ཀན་རྨི་ལམ་ཤེས་པར་བྱ། །གནས་དང་གནས་མལ་ཐེག་པ་དང་། །བཞོན་པ་སེམས་ཅན་ལས་བྱུང་བ། །རེག་དང་འཛེག་པར་བྱེད་པ་ཉིད། །དང་པོའི་ཐུན་ལ་མཐོང་བ་ཉིད། །གལ་ཏེ་རྨི་ལམ་མཐོང་གྱུར་ན། །ཐམས་ཅད་བད་ཀན་ཅན་དུ་བརྗོད། །རྣམ་པ་དེ་ལྟའི་རྨི་ལམ་དང་། །ཆུ་ལ་འབྱུང་དང་སྤྱོད་པ་དང་། །རྣམ་པ་སྣ་ཚོགས་བཟའ་ལ་སྤྱོད། །མཐོང་ན་བད་ཀན་ཅན་དུ་བརྗོད། །དེ་དག་རྨི་ལམ་དག་ཏུ་མཐོང་། །བད་ཀན་ཅན་གྱི་སྤྱོད་པ་ཡིན། །རྨི་ལམ་མ་


DKG088_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དུ་མ་ནི། །འཇིག་རྟེན་མགོན་པོས་གསུངས་པ་ཡིན། །གཉིས་པའི་ཐུན་ལ་ལུས་ཅན་གྱི། །རྨི་ལམ་མཁྲིས་པ་ཅན་གྱི་ཡིན། །འབར་བའི་མེ་ཡི་གཟུགས་མཐོང་དང་། །སྣ་ཚོགས་རིན་ཆེན་མཐོང་བ་དང་། །མེས་ཚིག་སྐར་མདའ་ལྟུང་བ་དང་། །རི་དང་ཕྱོགས་ནི་རབ་འབར་བ། །སྐྱེ་བོ་གང་གིས་རབ་མཐོང་བ། །དེ་ནི་མཁྲིས་པར་གྱུར་པ་ཡིན། །རིན་ཆེན་པདྨ་རཱ་ག་དང་། །གཞན་ཡང་རིན་ཆེན་གང་ཡིན་པ། །གང་དུ་རྨི་ལམ་མཐོང་ན་ནི། །ལུས་ཅན་མཁྲིས་པ་ལས་གྱུར་ཡིན། །མེ་དང་ཚ་བ་སྟེན་པ་དང་། །རེག་དང་ཟ་བར་བྱེད་པ་དང་། །རྣམ་པ་སྣ་ཚོགས་ཁ་དོག་སེར། །རྨི་ལམ་མཁྲིས་པས་བརྒྱལ་བ་ཡིན། །རྟག་ཏུ་ཚ་བའི་ཉི་མ་དང་། །ཉི་མ་རྟག་ཏུ་འདེ་བར་ནི། །གང་གིས་རྨི་ལམ་མཐོང་གྱུར་ན། །ལུས་ཅན་མཁྲིས་པ་ལས་གྱུར་ཡིན། །ནམ་མཁའ་གསེར་གྱི་མདོག་གྱུར་དང་། །ས་ཡི་སྟེང་ནི་ཁ་དོག་སེར། །རྨི་ལམ་ན་ནི་གང་གིས་མཐོང་། །མཁྲིས་པ་ལས་གྱུར་ན་བ་ཡིན། །མེ་ནི་ཀུན་ནས་འབར་བ་ཡིས། །ནམ་མཁའི་ངོས་ནས་རབ་གསལ་བར། །རྨི་ལམ་དུས་སུ་མཐོང་བ་ནི། །མཁྲིས་པས་གནོད་པའི་ལུས་ཅན་ཡིན། །ས་དང་དེ་བཞིན་རི་བོ་དང་། །བྲག་ནི་མཐོན་པོའང་གསེར་གྱི་མདོག །ཤིང་ཆེན་དེ་བཞིན་ཐེག་པ་ནི། །རྟག་ཏུ་ཐམས་ཅད་གསེར་རང་བཞིན། །རྟག་ཏུ་རྨི་ལམ་གནས་མཐོང་ན། །མཁྲིས་པ་ལས་གྱུར་རྨི་ལམ་ཡིན། །ཐེག་པ་རྒྱན་དང་བཞོན་པ་དང་། །སྣོད་རྣམས་གསེར་གྱི་རང་བཞིན་དང་། །སྟན་རྣམས་དང་ནི་གནས་མལ་རྣམས། །ས་ལེ་སྦྲམ་གྱི་རང་བཞིན་ལ། །རེག་དང་འགྲོ་བར་བྱེད་པ་ཉིད། །རྨི་ལམ་མཐོང་ན་མཁྲིས་གྱུར་ཡིན། ། ཕྲེང་བ་སེར་པོ་ཐོགས་པ་དང་། །སེར་པོའི་གོས་ཀྱིས་ཉེར་མཛེས་དང་། །སེར་པོའི་འོད་དང་དྲི་ཡིས་བྱུགས། །སེར་པོའི་མཆོད་ཕྱིར་ཐོགས་པ་དང་། །བདག་ཉིད་སེར་པོའི་རྣམ་པ་དང་། །གང་གིས་རྨི་ལམ་ལ་མཐོང་བ། །གཉིས་པའི་ཐུན་དུ་མཐོང་ན་ནི། །མཁྲིས་པ་ལས་གྱུར་ཤེས་པར་བྱ། །དེ་བཞིན་རྣམ་པ་སྣ་ཚོགས་པ། །གང་གཞན་རྨི་ལམ་དག་ཏུ་བརྗོད། །རྣམ་པ་སྣ་ཚོགས་སེར་པོར་སྣང་། །རྨི་ལམ་མཁྲིས་ལས་ཡང་དག་བྱུང་། །མཁྲིས་པས་ལུས་ཅན་རབ་གནོན་པ། །གཉིས་པའི་ཐུན་ལ་བསྟན་པ་ཡིན། །རྣམ་པ་དུ་མའི་གཟུགས་ཅན་ནི། །སེར་པོར་སྣང་བ་ཡང་དག་འབྱུང་། །འཇིག་རྟེན་གཙོ་


DKG088_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བོས་གསུངས་པ་ནི། །རྨི་ལམ་མཁྲིས་ལས་ཡང་དག་བྱུང་། །གང་ཡང་རླུང་བྱུང་རྨི་ལམ་ནི། །གསུམ་པའི་ཐུན་དུ་བསྟན་པ་ཡིན། །འཁོར་ཡུག་ཏུ་ནི་འོད་འཕྲོ་བ། །ཕྱོགས་རྣམས་ཀུན་དུ་རབ་ཏུ་སྣང་། །ནམ་མཁའ་ལ་ནི་འགྲོ་བ་དང་། །ནམ་མཁའི་དཀྱིལ་དུ་ཐད་དྲང་འགྲོ། །བར་སྣང་ནམ་མཁའི་དཀྱིལ་དུ་ནི། །ཀུན་ནས་འཁོར་བར་རྟག་ཏུ་འགྲོ། །རླུང་བྱུང་རྨི་ལམ་ཞེས་བསྟན་པ། །འདི་ལྟ་བུ་ལ་བྱ་བ་ཡིན། །རྒལ་དང་མཆོང་དང་དེ་བཞིན་དུ། །ཤིང་རྣམས་ལ་ནི་མངོན་པར་འཛེག །བསྟན་བཅོས་མ་ལུས་འདོན་པ་དང་། །ཁྱད་པར་དུ་ནི་སྔགས་རྣམས་དང་། །བཤད་དང་བརྗོད་པར་བྱེད་པ་དག །ཕལ་ཆེར་ཡང་ནི་རླུང་ལས་གྱུར། །ཤིང་རྣམས་ཚེར་མ་ཅན་འཛེག་དང་། །ཁ་བ་དག་ཀྱང་ཟ་བ་དང་། །བཟའ་བ་མ་ལུས་ཚ་དང་སྐྱུར། །ཟོས་པ་རླུང་ལས་གྱུར་པ་ཡིན། །གཙོར་ཡང་རླུང་ནི་ཡང་དག་འབྱུང་། །ཤིང་ཐོག་རླུང་ནི་རབ་བསྐྱེད་པ། །དེ་དག་ཟ་བར་རྨི་ལམ་མཐོང་། །རླུང་ལས་བྱུང་བར་ཡང་དག་བསྟན། །དངོས་རྣམས་རླུང་ནི་སྐྱེད་པ་ཡི། །བཟའ་དང་བཅའ་བ་ཁྱད་པར་ལྡན། །དེ་བཞིན་སྐྱེ་བོ་སེམས་འཁྲུགས་དང་། །རེག་པར་བྱེད་དང་སྨྲ་བར་བྱེད། །འབྱུང་པོ་རྣམས་ནི་གར་བྱེད་དང་། །བདག་ཉིད་ཀྱང་ནི་གར་བྱེད་པ། །གང་གིས་རྨི་ལམ་མཐོང་ན་ནི། །དེ་འདྲ་རླུང་ནད་ཅན་དུ་ཤེས། །རྣམ་པ་སྣ་ཚོགས་སྤྱོད་པ་དང་། །རྣམ་པ་སྣ་ཚོགས་འཁྱུད་དང་སྨྲ། །རྣམ་པ་སྣ་ཚོགས་མི་བཟད་གཟུགས། །རྨི་ལམ་རླུང་ནད་ཅན་གྱིས་མཐོང་། །དེ་ལ་སོགས་པའི་རྨི་ལམ་ནི། །འཇིག་རྟེན་མཆོག་གིས་གསུངས་པ་ཡིན། །རྣམ་གསུམ་སྦྱོར་བ་རབ་ལྡན་པ། །འདོད་ཆགས་ཞེ་སྡང་གཏི་མུག་ཡིན། །ཆགས་ཅན་བད་ཀན་ཅན་ཤེས་བྱ། །ཞེ་སྡང་ལས་བྱུང་མཁྲིས་པ་ཅན། །རྨོངས་པ་རླུང་ལས་གྱུར་པ་ཡིན། །འདྲེས་པ་འང་རྣམ་པར་འདྲེས་པའོ། །གྲོང་གི་ཆོས་ནི་མཐོང་བ་ལས། །རྨི་ལམ་ཆགས་པས་ས་བོན་བྱུང་། །དེར་ནི་བུད་མེད་ལ་ཆགས་པ། །བད་ཀན་ལས་བྱུང་རྨི་ལམ་ཡིན། །རྩོད་བཅས་དང་ཚུལ་ཞེ་སྡང་ཅན། ། མཁྲིས་པ་ལས་བྱུང་རྨི་ལམ་ཡིན། །མ་རིག་ལས་བྱུང་རྨོངས་རྣམ་པ། །དྲན་པ་ཉམས་པར་མཐོང་བ་ཡིན། །རྣམ་འདྲེས་རྣམ་པར་འདྲེས་པ་ནི། །རྨི་ལམ་ན་ནི་རྟག་ཏུ་མཐོང་། །དེ་བས་རྣམ་པ་ཐམས་ཅད་ཀྱིས། །རྨི་ལམ་ཞེས་བྱ་ཡོད་པ་སྤངས། །བྱ་བ་དུས་ཀྱི་རིམ་པ་ཉིད། །དེ་ཉིད་གཟིགས་པས་


DKG088_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ཡིན། །སེམས་ཅན་བད་ཀན་ཅན་གསུངས་པ། །མདོག་ལྡན་སྙན་པར་སྨྲ་བ་དང་། །ཚེ་རིང་ཡིད་ནི་གཞུངས་པ་དང་། །ཁ་དོག་སྣུམ་ཞིང་འཇིགས་པ་མེད། །བོང་ཚོད་རིང་ཞིང་དཀར་བ་དང་། །བུད་མེད་ལ་ཕྲད་རྟག་ཏུ་དགའ། །ཆོས་ལྡན་རྟག་ཏུ་དཔའ་བ་དང་། །བཏུང་བ་མང་ལ་རྟག་ཏུ་དགའ། ། རྒྱལ་རིགས་སུ་ནི་བསྟན་པ་ཡིན། །སེར་སྣ་ལྡན་ཞིང་མཚོན་པ་མེད། །དེ་བཞིན་ས་ཡི་བདག་པོ་དང་། །དམག་དཔོན་དོན་དུ་གནས་པ་སྟེ། །ལོངས་སྤྱོད་ཆེན་པོ་སྐྱེ་འགྱུར་ཞིང་། །རང་གི་ལས་ཀྱིས་ཉེ་བར་འཚེ། །རང་གི་ལས་འབྲས་བསྟན་པ་ནི། །ལས་ཀྱི་སྔགས་ནི་སྤང་བ་མིན། །ལས་མིན་སྔགས་ནི་གཙོ་བོ་ཞེས། །འཇིག་རྟེན་འདྲེན་པས་གསུངས་པ་ཡིན། །དེ་བས་སེམས་ཅན་བད་ཀན་ཅན། །ས་སྟེང་གྲུབ་པ་བྱེད་པ་ནི། །ས་བདག་འདོད་པ་བྱེད་པ་ལ། །དེ་ལ་གྲུབ་པ་ཐོབ་པར་འགྱུར། །ཟློས་པས་བད་ཀན་ཅན་གྱི་ཟས། །མ་ལུས་བསྟེན་པར་མི་བྱའོ། །གང་ཕྱིར་ཤིན་ཏུ་བསྟེན་གྱུར་ན། །རྨི་ལམ་དོན་གྱིས་སྟོང་འགྱུར་བས། །གྲུབ་པའི་དོན་དུ་མ་བརྗོད་པས། །སྔགས་པས་དེ་ཚེ་དེ་མི་བསྟེན། །མཁས་པ་རིགས་པ་ལྡན་པ་ཡིས། །དེ་ཡི་དུས་སུ་གཉིད་ལོག་མིན། །མཁྲིས་པ་ཅན་གྱི་སེམས་ཅན་གྱི། །རྟག་ཏུ་སྤྱོད་པ་བརྗོད་པར་བྱ། །ཞེ་སྡང་གིས་ནི་རྣམ་འཁྲུགས་ན། །ཁ་དོག་ནག་དང་སྟོབས་ཆུང་དང་། །དྲག་པ་དྲག་པའི་ལས་དང་ནི། །རྟག་ཏུ་ཡོན་པོར་བྱེད་པ་ཡིན། །དཔའ་དང་བབ་ཅོལ་རྟག་ཏུ་བྱེད། །སྟོབས་དང་བློ་དང་ལྡན་པ་དང་། །མང་དུ་སྨྲ་ཞིང་གྲོགས་པོ་མང་། །བསྟན་བཅོས་ཏིང་འཛིན་མང་པོ་རྟོགས། །ཆོས་ལྡན་ལས་ཀྱི་མཐའ་བརྟན་ཞིང་། །ཞེ་སྡང་སློང་བ་རྗོད་པར་བྱེད། །ཡིད་ལྡན་དགྲ་ནི་མང་བ་དང་། །ཞེ་སྡང་མཚོན་པ་སྐྱེ་བར་འགྱུར། །ནོར་མང་དཔའ་བོ་ལ་སྡང་དང་། །འཇིག་རྟེན་ཤེས་ཤིང་མཐོང་ན་དགའ། །དེས་གྲོལ་ཆགས་པ་མེད་པ་དང་། །བརྟན་ཅིང་སྡུག་བསྔལ་རྟག་ཏུ་བཟོད། །ང་རྒྱལ་ཕྲག་དོག་མ་རུངས་པ། །བུད་མེད་རྣམས་ལ་དགའ་བར་བྱེད། །སྤྲོ་ཆེན་བརྟན་དང་བློན་པོ་དང་། །ལོངས་སྤྱོད་ཆེན་པོར་སྐྱེ་བར་འགྱུར། །ཤེས་བཞིན་ལས་ཀྱིས་ཉེར་སྤྱོད་པའི། །སེམས་ཅན་ཟིལ་གྱིས་མནན་ནས་སྤྱོད། །སྔགས་ནི་སྲོག་ལ་གནོད་བྱེད་པ། །དེ་ནི་དེ་ལ་མྱུར་འགྲུབ་འགྱུར། །མི་བཟད་ཐུབ་པས་སྤངས་པའི་དོན། །མྱུར་དུ་སྒྲུབ་པར་བྱེད་པ་ཡིན། །སེམས་ཅན་གནོད་ཕྱིར་བྱེད་པའི་ལས། །ལུས་


DKG088_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་ལ་གྲུབ་པར་འགྱུར། །ཆོ་ག་སྦྱར་བའི་ཆོས་རྣམས་གང་། །སྔགས་པས་ཐམས་ཅད་རབ་སྦྱར་ན། །སྤྱོད་པ་དེས་ནི་འགྲུབ་འགྱུར་ཏེ། །གཞན་ལས་སེམས་ཅན་དེ་ལ་མིན། །སྔགས་པ་ཞེ་སྡང་ཅན་དག་ལ། །སེམས་ཅན་གཞན་ལ་གནོད་པ་དང་། །དེ་བཞིན་གཞན་གྱི་སྔགས་གཅོད་པ། །སེམས་ཅན་ཁྲོ་བ་ལ་གྲུབ་འགྱུར། །གཞན་གྱི་རྫས་ནི་འཕྲོག་དོན་དང་། །གཞན་གྱི་སྲོག་ནི་གཅོད་པ་ལ། །ཁྲོ་བའི་སྔགས་ཀྱིས་གྲུབ་འགྱུར་ཏེ། །སྔགས་གཞན་དག་ལ་སྦྱར་མི་བྱ། །ཞེ་སྡང་རིགས་ཀྱི་སེམས་ཅན་འདི། །བདག་པོ་ཉིད་ཀྱང་བྱེད་པར་འགྱུར། །མདོག་ནག་པའམ་སྔོ་བསངས་སམ། །དཀར་བའམ་ཡང་ན་འདྲེས་པ་ཡི། །མི་ནི་ཁྲོ་ལྡན་གསེར་གྱི་མདོག །རྣམ་པར་སྤངས་པ་སྐྱེ་བར་འགྱུར། །མི་ནི་རྩུབ་མདོག་དུ་བའི་མདོག །སེར་སྐྱའི་མདོག་ཏུའང་སྐྱེ་བ་ཡིན། །དཔའ་དང་དེ་བཞིན་དྲག་པ་དང་། །འདབ་ཆགས་སྡིག་པའི་ཁྱིམ་ལས་སྐྱེས། །གཟའ་ནི་མིག་དམར་ཞིང་བདག་གནས། །བད་ཀན་ཅན་ལ་ཕུར་བུའི་བདག །སྐྱེ་འགྱུར་ཉུང་ངུ་ཟ་བ་དང་། །ཚ་དང་སྐྱུར་བའི་རོ་བསྟེན་ཅིང་། །དེ་ཡི་ཚེ་ནི་རིང་འགྱུར་ཞིང་། །དྲན་དང་ལྡན་པ་སྐྱེ་བར་འགྱུར། །སྤྱོད་པ་དང་ནི་རྗེས་སྤྱོད་པ། །རླུང་ནད་ཅན་གྱི་བཤད་པར་བྱ། །མདོག་མི་སྡུག་དང་རྩུབ་མདོག་དང་། །བོང་ཚོད་མེད་ཅིང་ཤིན་ཏུ་རྗུད། །བློ་ཉམས་ཤེས་རབ་མེད་པ་དང་། ། མི་བརྟན་གནས་པ་མེད་པ་དང་། །ལུས་ནི་འགུལ་དང་འཁོར་བ་དང་། །སྐྱུག་ཅིང་བཤང་གཅི་མང་དུ་འབྱུང་། །མང་དུ་ཟ་ཞིང་རྟག་པར་ཟ། །དེ་དག་གང་ཕྱིར་ནད་མང་འགྱུར། །འཇིག་རྟེན་རིགས་དང་མི་མཐུན་ཞིང་། །དགྲ་ནི་མང་པོ་སྐྱེ་བར་འགྱུར། །དེ་ནི་ས་སྟེང་འདི་དག་ཏུ། །ཚུལ་འཆལ་སྡུག་བསྔལ་སྐྱེ་འགྱུར་ཏེ། །མི་སྣང་བ་ཡི་སྔགས་དག་ནི། །དེ་ལ་འགྲུབ་པར་བསྟན་པ་ཡིན། །གང་ཞིག་རླུང་ནད་འཁྲུག་བྱེད་པའི། །ཟས་ལ་དེ་ནི་དགའ་བར་འགྱུར། །ཟློས་པ་ལས་ནི་གྲུབ་འདོད་པས། །དེ་ནི་ཡོངས་སུ་བསྟེན་མི་བྱ། །སེམས་ཅན་རླུང་ནད་འཁྲུག་པ་ལ། །གཏི་མུག་ཉེ་བར་ཞི་བ་དང་། ། རྨོངས་པའི་རིགས་ཅན་ལ་གསུངས་པ། །རྨོངས་པའི་སྔགས་ནི་རབ་སྒྲུབ་པ། །རྟག་ཏུ་དེ་དག་རྨོངས་པ་ལ། །རྨོངས་པ་དག་ནི་འགྲུབ་པར་འདོད། །རྒྱུ་སྐར་ཁྱིམ་ནི་ཆུ་སྐྱེས་དང་། །གཟའ་ནི་བདག་པོ་སྤེན་པར་བལྟ། །རླུང་ནད་སྐྱེས་པའི་སེམས་ཅན་ནི། །དགེ་བའི་ལས་ལ་མི་སྤྱོད་དེ། །འབྱུང་པོ་


DKG088_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དང་འགུགས་པར་བྱེད། །དེ་བཞིན་རྨོངས་དང་རེངས་པའོ། །རླུང་ནད་ཅན་གྱི་སེམས་ཅན་ལ། །གཏི་མུག་ཅན་དེ་སྡིག་པ་བྱེད། །རྨི་ལམ་བདེན་པར་མཐོང་བ་ནི། །མཚན་ཉིད་འདི་དག་གསུངས་པ་ནི། །སེམས་ཅན་རྣམས་ཀྱི་དོན་སྒྲུབ་པ། །ཐུབ་པ་རྣམས་ཀྱི་སྔོན་གསུངས་པའོ། །ལུག་གླང་དང་ནི་སྦྱོར་བ་དང་། །སྦལ་པ་སེང་གེ་ཉིད་དང་ནི། །སྲང་དང་བུ་མོ་སྡིག་པ་དང་། །དེ་བཞིན་གཞུ་དང་ཆུ་སྲིན་དང་། །བུམ་པ་ཉ་དང་གླང་པོ་དང་། །ལྷ་དང་སྤྲེའུ་ལྷ་མ་ཡིན། །གྲུབ་དང་དྲི་ཟ་གནོད་སྦྱིན་སོགས། །མི་རྣམས་གང་གིས་རབ་བསྒྲགས་པ། །སེམས་ཅན་རྣམས་ཀྱི་ཁྱིམ་མང་པོ། །གང་ཟག་མཆོག་གིས་གསུངས་པ་ཡིན། །རྣམ་པ་མང་པོ་སྣ་ཚོགས་དོན། །རྣམ་པ་སྣ་ཚོགས་ལས་བསྟན་པ། །དེ་དག་ལས་ནི་ཐམས་ཅད་ལ། །ཡོན་ཏན་རྒྱ་ཆེར་སྨན་པར་འགྱུར། །ལས་ལས་གོལ་བ་མེད་པར་ནི། །ལུས་ཅན་ཡོན་ཏན་མི་སྨིན་ཏེ། །ཡོན་ཏན་ཁོ་ན་ལས་ལྡན་པས། །སྐྱེ་བར་ཡང་ནི་བྱེད་པ་ཡིན། །ཡོན་ཏན་ཆོས་དོན་ལྡན་པ་ནི། ། སྔགས་ལ་འགྲུབ་པ་སྐྱེ་བར་འགྱུར། །ཟློས་པ་སེམས་ཅན་ཡོན་ཏན་ཤེས། །ཡོན་ཏན་ཡོན་ཏན་མིན་ལས་འཆིང་། །ཡོན་ཏན་མེད་ལ་བྱ་མིན་གང་། །དེ་ཡི་ལས་ནི་བྱ་བ་མིན། །གང་ཕྱིར་བྱ་བ་ལས་བྱེད་དེ། །བྱ་བ་ཡོན་ཏན་མེད་མ་ཡིན། །བྱ་བ་ལས་དང་ཡོན་ཏན་ཉིད། །ཡང་དག་ལྡན་པ་སྒྲུབ་པར་འགྱུར། །ཆོ་ག་སྔོན་འགྲོ་བྱ་བའི་ལས། །སྟོབས་བཅུ་ལྡན་པས་སྔོན་བསྟན་ཏོ། །རྫས་དང་སེམས་ཅན་སྤྱོད་པ་གཞན། །བྱ་བ་ལས་དང་ཡོན་ཏན་ཡིན། །རྣམ་པ་སྣ་ཚོགས་རྨི་ལམ་ཚུལ། །ལས་ལས་འབྱུང་བར་སྣང་བ་ཡིན། །དེ་བས་རྨི་ལམ་མཚན་མ་ཡིས། །རྒྱ་ཆེ་ལས་ལ་རབ་སྦྱར་བྱ། །རྣམ་པ་སྣ་ཚོགས་རྣམ་པ་དང་། །ཡིད་འོང་བལྟ་ན་སྡུག་པ་དང་། །བགེགས་ཀྱི་གཟུགས་དང་གཟུགས་མེད་པ། །རྨི་ལམ་རྒྱུར་ནི་སྣང་བ་ཡིན། །མཐུ་ཆེ་སྤྲོ་བ་ཆེ་བ་ནི། །མི་ནི་གྲུབ་པ་འདོད་པ་ཡིན། །མཆོག་དང་ཐ་མ་འབྲིང་དག་ནི། །དེ་དག་ལ་ནི་གྲུབ་པར་བརྟག །དྲག་ཅིང་མ་རུངས་ལས་རྣམས་ནི། །རྨི་ལམ་རྟག་ཏུ་འཕྲལ་དུ་སྨིན། །བཟང་པོ་བརྟན་པའི་ལས་དག་ནི། །ཡུན་རིང་དུས་སུ་གྲུབ་ཕྱིར་རོ། །འཇིག་རྟེན་འཇིག་རྟེན་འདས་རྣམས་ཀྱིས། །ཡོན་ཏན་སྐྱེ་བར་ཡང་དག་འབྱུང་། །རྨི་ལམ་རྣམ་པ་སྣ་ཚོགས་སྣང་། །ཟློས་པས་སྔགས་རྣམས་འགྲུབ་པར་འགྱུར། །


DKG088_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲུབ་དོན་དུ་སྔགས་རྣམས་ནི། །གཉིད་དང་སྙོམ་པ་རབ་ཏུ་བརྟག །བགེགས་འཇོམས་བྱེད་པའི་སྔགས་རྣམས་ནི། །དེ་ཡི་དུས་སུ་རབ་ཏུ་བརྟག །དེ་ཚེ་སྔགས་ནི་རིགས་ཚུལ་གྱིས། །ཟློས་པས་དེ་ཚེ་རབ་ཏུ་སྦྱར། །ཁྲོ་བོ་ཆེན་པོ་ཕྱག་དྲུག་དང་། །ཞལ་དྲུག་ཉིད་དུ་བརྟག་པར་བྱ། ། སྔགས་ཆེན་ཡི་གེ་བཞི་པ་ནི། །གཞོན་ནུའི་གཟུགས་ལ་གནས་པ་ཡིན། །དྲག་པོའི་གཟུགས་ནི་གཟུགས་ཆེན་པོ། །ཕག་གི་རྣམ་པར་ཡང་དག་འབྱུང་། །བགེགས་ཀུན་རྣམ་པར་གཞིག་བྱའི་ཕྱིར། །དུས་མཚན་དེ་ནི་ལྷ་ཡི་རྒྱལ། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྦྲུལ་གྱི་གདེངས་ཀ་རྣམ་པར་འཕྱང་། །ལག་ན་རལ་གྲི་སེམས་དཔའ་ཆེ། །གཟི་བརྗིད་ཆེན་པོ་གཤིན་རྗེའི་གཟུགས། །བགེགས་རྣམས་ཀུན་ལ་གཙེ་བར་བྱེད། །ལོག་འདྲེན་རྣམས་ཀྱི་སྲོག་འཕྲོག་བྱེད། །འབྱུང་པོ་ཀུན་ནི་རབ་ཉོན་ཅིག །མི་བཟད་སྔགས་ནི་བཤད་པར་བྱ། །ཆོ་འཕྲུལ་ཆེན་པོ་བགེགས་རྣམས་ཀུན། །མ་རུངས་སེམས་ཅན་འཇིག་པར་བྱེད། །སྔགས་རྣམས་ཀུན་ནི་སྒྲུབ་བྱེད་པ། །ལྷ་ཡི་ཚོགས་རྣམས་ང་ལ་ཉོན། །ན་མཿས་མནྟ་བུད་དྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཧེ་ཧེ་མ་ཧཱ་ཀྲོ་དྷ་ཥ་ཎ་མུ་ཁཱ་ཥྚ་ཙ་ར་ཎ། སརྦ་བིགྷ་ན་བིགྷཱ་ན་གྷཱ་ཏ་ཀ་ཧཱུྃ་ཧཱུྃ། ཀིཉྩི་ར་ཡ་སི་བི་ནཱ་ཡ་ཀ་ཛཱི་བི་ཏཱནྟ་ཀ་རདུཿསྭཱ་བྣཾ་མེ་ནཱ་ཤ་ཡ། ལ་ཧུ་ལ་ཧུ་ས་མ་ཡ་མ་ནུ་སྨ་ར་ཕཊ་ཕཊ་སྭཱ་ཧཱ། ཁྲོ་བོའི་རྒྱལ་པོ་ཆེན་པོས་འདི་གསུངས་མ་ཐག་ཏུ་བགེགས་དང་ལོག་འདྲེན་ཐམས་ཅད་འཇིགས་ཤིང་ཉམ་ཐག་ནས། སྙིང་གས་ཏེ་ཡིད་ཤིན་ཏུ་སྐྲག་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་བར་བྱེད་ཅིང་དམ་ཚིག་ལ་གནས་པར་གྱུར་ཏོ། །དེ་ནས་བཅོམ་འདས་ཤཱཀྱ་ཐུབ་པས་ཐམས་ཅད་དང་ལྡན་པའི་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས། འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་ལྷའི་ཚོགས་ཆེན་པོ་དག་ཁྲོ་བོའི་རྒྱལ་པོ་འདི་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་སྔགས་རྣམས་འདོན་པར་བྱེད་པ་ན་གང་ཞིག་མ་རུངས་པའི་སེམས་ཅན་གྱི་གཟུགས་ཅན་གྱིས་རྣམ་པར་འཚེ་བར་བྱེད་པ་དེ་ལ། ཁྲོ་བོའི་རྒྱལ་པོ་འདིས་ནི་རིགས་རྒྱུད་ཐམས་ཅད་འདུལ་བར་བྱེད་ཅིང་། སྲོག་ཀྱང་འཛིན་


DKG088_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་བྱེད་དེ། ཡོངས་སུ་གདུང་བར་བྱེད་ཅིང་། ཡོངས་སུ་སྐེམ་པར་བྱེད་པའི་རྣམ་པར་གཞག་པར་བྱ་བ་ལ་འཇོག་པར་བྱེད་ཅིང་། ཟློས་པ་དག་ལ་ཡང་སྲུང་བ་དང་སྦ་བ་དང་སྦེད་པ་ལ་གནས་པར་འཇོག་པར་བྱེད་ཅིང་། རྗེས་སུ་འཕེལ་བར་བྱེད་པ་དང་གང་ཞིག་དམ་ཚིག་འདི་ལས་འདའ་བར་བྱེད་པ་དང་ཁྲོ་བོའི་རྒྱལ་པོས་སྒྲུབ་པ་པོ་སྲུང་བར་བྱས་པ་ལ་རྣམ་པར་ཐོ་འཚམ་པར་བྱེད་ན། མགོ་བོ་ཨ་རྫ་ཀའི་དོག་པ་བཞིན་དུ་རྣམ་པ་བདུན་དུ་འགས་པར་འགྱུར་རོ། །ཐུབ་པ་མཆོག་གིས་དེ་གསུངས་ནས། །འཇམ་པའི་དབྱངས་ལ་དེ་ཚེ་གསུངས། །གཞོན་ནུ་ཁྱོད་ཀྱི་སྔགས་རྣམས་ལ། ། མ་ལུས་དོན་ནི་རྒྱ་ཆེན་དོན། །སྔགས་རྒྱུད་དོན་དང་ལྡན་པ་དང་། །སྒྲུབ་པ་རྣམས་ལ་ཁྱད་པར་དུ། །བགེགས་རྣམས་མ་ལུས་འཇོམས་པ་ཡི། །རྒྱུད་ལ་ཁྲོ་རྒྱལ་བསྟན་པ་ཡིན། །འཇིག་རྟེན་མགོན་གྱིས་སྔོན་འདི་ནི། །དེ་བཞིན་དུ་ནི་ཡང་དག་སྦྱར། །མ་ལུས་བགེགས་རྣམས་འཇིག་བྱའི་ཕྱིར། ། དགྲ་རྣམས་ཀྱི་ནི་ཁྲོ་བ་སེལ། །ཟློས་པས་རྟག་ཏུ་འདོན་བྱས་ན། །སེམས་ཅན་རྣམས་ནི་སྲུང་དོན་དང་། །རྨི་ལམ་ངན་པ་སེལ་བར་བྱེད། །སྔགས་རྣམས་མ་ལུས་སྒྲུབ་པ་ལ། །འཇིག་རྟེན་མཆོག་གིས་གསུངས་པ་ཡིན། །དེ་ནས་གཞན་ཡང་རབ་བཤད་པ། །སྐྱེས་བུའི་མཚན་ཉིད་བཟང་པོ་ཡིན། །གང་ལ་སྔགས་རྣམས་འགྲུབ་འགྱུར་བ། །མཆོག་དང་ཐ་མ་བར་མ་འོ། །གཟི་བརྗིད་ལྡན་དང་ཤེས་ལྡན་དང་། །གསེར་མདོག་གསུས་པ་ཆེ་བ་དང་། །དཀྱུས་རིང་མིག་དང་སྣུམ་པ་དང་། །ཆགས་ཆུང་ཁྲོ་བ་རྣམ་པར་སྤངས། །མིག་མཐའ་དམར་ཞིང་སྙན་པར་སྨྲ། །དེ་ལ་གྲུབ་པ་མཆོག་ཏུ་འགྱུར། །པགས་པ་སྲབ་ཅིང་སྔོ་བསངས་མདོག །ཧ་ཅང་རིང་མིན་ཡན་ལག་ཕྲ། །སྤྲོ་བ་ཆེ་ཞིང་གཟི་བརྗིད་ཆེ། །ཆོག་ཤེས་ཀུན་ནས་དགེ་བ་བྱེད། །སྐྱེ་གནས་བཟང་པོ་དག་པ་དང་། །འདོད་པ་ཆུང་ཞིང་ཅུང་ཟད་དགེ། །ལས་རྣམས་ཀུན་དུ་སྣང་བ་ནི། ། དེ་ལ་ངེས་པར་གྲུབ་པ་མཆོག །ཡན་ལག་ཐམས་ཅད་མ་ཚང་མེད། །དཱུར་བ་སྔོ་སངས་གཟི་བརྗིད་ཆེ། །ཉོན་མོངས་མེད་སེམས་ཤེས་པ་ཅན། །རྟག་ཏུ་གཙང་ཞིང་ཚངས་པར་སྤྱོད། །ཕྲ་བའི་གོས་ལ་རྟག་ཏུ་དགའ། །ཆོས་ཀྱི་ངང་ཚུལ་འཇིག་རྟེན་ཤེས། །གྲོགས་མང་རྟག་ཏུ་གཏོང་བ་དང་། །


DKG088_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཚོད་རིག་དག་རྟག་གཙང་ལྡན། །ཤེས་ཉེན་ཚུལ་ཁྲིམས་སྤྱོད་པ་དང་། །གཙང་བའི་སྤྱོད་ལ་རྟག་ཏུ་དགའ། །བདེན་པར་སྨྲ་ཞིང་སྙིང་རྗེ་ཅན། །དེ་ལ་གྲུབ་པ་མཆོག་ཏུ་འགྱུར། །ཡོན་ཏན་རྒྱ་ཆེ་ཡན་ལག་ཚང་། །རིགས་ལྡན་རྟག་ཏུ་ཆོས་དང་ལྡན། །མ་དང་ཕ་ལ་གུས་པ་དང་། ། བྲམ་ཟེ་ལ་ནི་མཆོད་པ་བྱེད། །ཤིན་ཏུ་སྙིང་རྗེ་ལྡན་ཞིང་བརྟན། །དེ་ལའང་གྲུབ་པ་མཆོག་ཏུ་འགྱུར། །སྔོ་སངས་དཀར་དང་སྣུམ་པ་དང་། །རྟག་ཏུ་གཙང་ཞིང་ཉུང་ངུ་སྨྲ། །བསོད་པའི་ཁ་ཟས་ལ་དགའ་ཞིང་། །གཙང་བའི་སྤྱོད་པས་མངོན་པར་འགྲོ། །མང་འདོད་སེམས་ཅན་འཇིག་རྟེན་ཤིས། །དེ་ལའང་གྲུབ་པ་མཆོག་ཏུ་འགྱུར། །ཧ་ཅང་མི་ཐུང་རིང་བའང་མིན། །སྐུ་ནི་མིག་སྨན་བཞིན་དུ་གནག །མིག་དང་མིག་འབྲས་རབ་ཏུ་སྣུམ། །གཙང་ཞིང་རྟག་ཏུ་ཁྲུས་ལ་དགའ། །དཀོན་མཆོག་གསུམ་ལ་ཤིན་ཏུ་དད། །དེ་ཡི་གྲུབ་པ་མཆོག་ཏུ་འགྱུར། །མཆོག་གི་ལས་ནི་རབ་སྟོན་ཅིང་། །སེམས་ཅན་རྣམས་ཀྱི་བསམ་པ་ཤེས། །བཟོད་ལྡན་སྙན་པར་སྨྲ་བ་དང་། །རྒྱལ་བའི་སྲས་ལ་རབ་ཏུ་དགའ། །དེ་ཚེ་འཇིག་རྟེན་འདས་པ་གྲུབ། །དེ་ལ་འབྲས་བཅས་གྲུབ་པར་འགྱུར། །སེམས་དཔའ་ཆེ་ཞིང་བརྩོན་འགྲུས་ཆེ། །གཟི་བརྗིད་ཆེ་ཞིང་བརྟུལ་ཞུགས་ཆེ། །ལོངས་སྤྱོད་ཆེ་ཞིང་སྔགས་རྣམས་ཤེས། ། སྔགས་རྣམས་ཀུན་ལ་དེ་ཉིད་རིག །རིགས་ཀྱི་མཆོག་ནི་རྒྱལ་རིགས་སམ། །བྲམ་ཟེ་ཤེས་དང་ལྡན་པ་དང་། །བུད་མེད་ལ་བརྟེན་དེ་ལ་ཆགས། །དེ་བཞིན་གསེར་གྱི་མདོག་དང་ལྡན། །བོང་ཚོད་ཆེ་ཞིང་དཀར་བ་དང་། །སྣ་ནི་མཐོ་ཞིང་ལག་པ་ཆེ། །དཔའ་ཞིང་ལག་པ་རིང་བ་དང་། །རྒྱལ་པོ་ཆེ་ལ་མངོན་པར་འདོད། །རྒྱལ་བའི་སྲས་ལ་དད་པ་དང་། །བུད་མེད་མིག་ལྡན་ལྷ་ལ་མཆོད། །དཀོན་མཆོག་གསུམ་ལ་གུས་པ་དང་། །བྱང་ཆུབ་སེམས་ཀྱིས་བརྒྱན་པ་ཡིན། །ལྷག་པར་སྙིང་རྗེ་བརྟན་པ་དང་། །ཅུང་ཟད་ཁྲོ་ཞིང་ཅུང་ཟད་རྨོངས། །ལོངས་སྤྱོད་ཆེ་ཞིང་གཏོང་བ་ཆེ། ། གཟི་བརྗིད་ཆེ་ཞིང་ཐུལ་བར་དཀའ། །བུད་མེད་རྣམས་ནི་དགའ་དང་དཔའ། །དེ་ཡི་གྲུབ་པའང་མཆོག་ཡིན་ནོ། །ཤིན་ཏུ་བཏུང་དང་དགའ་དང་དཔའ། །རྟག་ཏུ་བུད་མེད་ལ་ཆགས་དང་། །གསེར་གྱི་མདོག་དང་བྱིན་པ་ཕྲ། །རྐེད་པ་ཆེ་ཞིང་གཙང་བ་དང་། །བརྩེ་དང་སྙིང་རྗེ་ལྡན་


DKG088_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ། །ཡོན་ཏན་མང་འདོད་འཇིག་རྟེན་ཤེས། །རྟག་ཏུ་སྔགས་རྣམས་ཟློས་ལ་གུས། །རྒྱལ་བ་ལ་ནི་སྲོག་ཀྱང་གཏོང་། །དེ་བཞིན་ཉན་ཐོས་སྲས་རྣམས་དང་། །བསེ་རུ་ལ་ཡང་རྟག་ཏུ་གཏོང་། །སྟོབས་ལྡན་འཇིག་རྟེན་གཙོ་བོ་དང་། །རིགས་ནི་གཉིས་པ་བཟང་པོ་ཡིན། །ཡན་ལག་ཐམས་ཅད་མ་ཚང་མེད། །མ་རུངས་རྟག་ཏུ་བབ་ཅོལ་བྱེད། །གཏོང་ལྡན་ཚུལ་ལྡན་དགྲ་ལས་རྒྱལ། །ཆོས་དང་ཆོས་མིན་རྣམ་དཔྱོད་བྱེད། །ཧ་ཅང་སྦོམ་མིན་རྗུད་པའང་མིན། །ཧ་ཅང་རིང་མིན་ཐུང་བའང་མིན། །བར་མའི་མི་ནི་མཆོག་ཡིན་ཏེ། །དེ་ཡི་གྲུབ་པ་མཆོག་ཏུ་འགྱུར། །སེན་མོ་ཟངས་མདོག་ལེགས་སྣུམ་དང་། །ལག་མཐིལ་དམར་དང་གཙང་བ་དང་། །རྐང་པའི་མཐའ་དམར་སྣུམ་པ་དང་། །འཁོར་ལོ་སྭ་སྟི་ཀས་བརྒྱན་དང་། །རྒྱལ་མཚན་རྟ་བབས་ཉ་དང་ནི། །བ་དན་པདྨ་ཐོ་བ་དང་། །མི་གང་རྐང་པ་ལག་པ་ལ། །མཚན་ནི་འདི་དག་ཡོད་གྱུར་པ། །དེ་འདྲའི་སྐྱེས་བུ་དམ་པ་ལ། །གྲུབ་པ་མཆོག་ཏུ་བརྟག་པར་བྱ། །མཆེ་བ་དཀར་ཞིང་བཟང་བ་དང་། །མཐོ་བའི་རི་བོ་དང་འདྲ་དང་། །སྣ་བཟང་མཐོ་ཞིང་མིག་དཀྱུས་རིང་། །སྨིན་མ་སྟུག་ཅིང་ཀོས་ཀོ་བཟང་། །བ་ཡི་རྫི་མ་འཇིག་རྟེན་མཚན། །ནག་པའི་ལྟ་བའི་མིག་འབྲས་མཚན། །དཔྲལ་བའི་དབྱེས་གང་རྒྱ་ཆེ་ཞིང་། །མགོ་བོ་གདུགས་འདྲའི་རྣམ་པ་བཟང་། །མགོ་བོ་གཙུག་ཏོར་འདྲ་བ་དང་། །རྣ་བ་བཟང་བ་དམ་པ་ཡིན། །རྟག་ཏུ་སེང་གེའི་འགྲམ་འདྲ་དང་། །མ་མཆུ་བིམ་པ་སྨིན་འདྲའི་མདོག །གང་གི་ལྕེ་ནི་རབ་སྣང་བ། །པདྨ་འདབ་མ་དམར་འདྲའི་མདོག །མགྲིན་པ་བུམ་པ་འདྲ་བ་དང་། ། ཐལ་གོང་རྒྱས་ཤིང་ཡང་དག་འཕགས། །མཆན་ཁུང་ཐོང་ཀ་བཟང་བ་མཆོག །དེ་བཞིན་བརླ་ནི་རྒྱ་ཆེ་དང་། །ལྟེ་བའི་ཕྱོགས་ཀྱང་ཆུང་བ་དང་། །རྐེད་པ་རྒྱ་ཆེ་བཟང་བ་དང་། །ལྟེ་བ་ཟབ་ཅིང་གཡས་སུ་འཁྱིལ། །ཀུན་ནས་དཀར་མེད་བ་སྤུ་དང་། །ལག་རིང་ལག་ནི་ཆེ་བ་དང་། །རྐེད་པ་སེང་གེ་འདྲ་བའི་མཚན། །གང་གི་བརླ་ནི་ཟླུམ་པ་དང་། །གྲུ་མོ་ཉམས་མེད་ཟླུམ་པ་དང་། །བྱིན་པ་ཨེ་ན་ཡ་ལྟ་བུར། །ཟླུམ་པའི་ནང་ནི་ཟླུམ་པོར་གྲུབ། །རྐང་པ་ཤ་དང་ལྡན་པ་དང་། །སོར་མོ་རྣམས་ཀྱི་རིང་བ་དང་། །དམར་ཞིང་སེན་དམར་སྣུམ་པ་དང་། །ཤ་རྒྱས་པས་ནི་སྣུམ་པ་ཡིན། །


DKG088_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ནང་སྟོང་མ་ཡིན་མཐིལ་མཉམ་གནས། །དགེ་ཞིང་མཐོང་ན་དགའ་བ་དང་། །འཇམ་ཞིང་ཁ་དོག་དག་པ་དང་། །རབ་བསྔགས་འཇིག་རྟེན་བཀྲ་ཤིས་དང་། །དེ་དག་གི་ནི་སྟེང་དག་ཏུ། །རྩ་ཡི་དྲ་བ་མངོན་པ་མེད། །བཤང་བ་འབྱུང་བའི་ལམ་དག་ཏུ། ། རི་མོ་ཟབ་ཅིང་གཡས་སུ་འཁྱིལ། །མཆིག་པ་རབ་བསྔགས་ཤིན་ཏུ་ཆུད། །རྟག་ཏུ་ཟླུམ་ཞིང་དགེ་བ་ཡིན། །མ་འབྲེལ་དུམ་བུ་མ་ཡིན་དང་། །གཅིག་མིན་ཉིད་དུ་བསྟན་པ་ཡིན། །གང་ཚེ་སྐྱེས་དབང་གཙང་བ་དང་། །རྩེ་མོ་དམར་ལ་ཡང་དག་གནས། །སྐྱེ་བོ་ཉལ་ཁར་ཁ་ཟས་ནི། །རོ་ནི་རྩ་བར་བྱེད་པ་ཟ། །བཤང་བ་ཁ་དོག་སྔོ་བ་འམ། །གལ་ཏེ་དམར་པོར་རབ་སྣང་ཞིང་། །མང་པོ་མ་ཡིན་སྣུམ་པ་དང་། །དགེ་བའི་མཚན་གྱི་རབ་མཚན་པ། །དེ་ལྟའི་སེམས་ཅན་གང་ཡིན་པ། །གྲུབ་པ་མཆོག་ཏུ་འདོད་པ་ཡིན། །ལན་གསུམ་བཤང་ཞིང་སྔགས་དྲུག་དྲན། །གཙང་སྦྲའི་སྤྱོད་དགའ་ཡོངས་སུ་གཙང་། །གང་ཞིག་ཐུན་ནི་ཐ་མར་ཉལ། །ཐོ་རངས་ལྡང་བའི་སྐྱེ་བོ་རྣམས། །དེ་ཡི་གྲུབ་པ་རྟག་ཏུ་མཆོག །ལས་ཀུན་བྱེད་པར་སྣང་བ་ཡིན། །འབྲས་བུ་རྣམ་པ་སྣ་ཚོགས་དང་། །ཕུན་ཚོགས་རྣམ་པ་མང་པོ་ལ། །མི་རྣམས་རྗེས་སུ་འདོད་པ་ཡང་། །མཚན་ཉིད་ཀྱིས་ནི་མངོན་མཚན་པའོ། །རྒྱུ་སྐར་དག་ལའང་སྐྱེས་པ་ནི། །རྒྱལ་དང་ནམ་གྲུ་གྲེད་བོ་དང་། །མཆུ་དང་ལྷ་མཚམས་དག་དང་ནི། །ནག་པ་སྣར་མ་སྨིན་དྲུག་དང་། །ནུས་པའི་གཟའ་རྣམས་ཀྱིས་མཚན་པ། །དེ་དག་ལ་ནི་སྐྱེས་མཐོང་དང་། །ཉི་མའི་དཀྱིལ་འཁོར་འཆར་ཁ་ནི། །ཐོ་རངས་དུས་སུ་གང་སྐྱེས་དང་། །གང་ཚེ་དེ་ཡི་དུས་སུ་སྐྱེས། །དེ་ལ་གྲུབ་པ་རབ་ཏུ་སྣང་། །ཉིན་ཕྱེད་དང་ནི་ཐོ་རངས་དང་། །ཉི་མའི་མཐར་ཡང་གཟའ་བཟང་པོ། །དཀར་བ་ཟླ་བ་པ་ཝ་སངས། །སེར་བ་གཟའ་ལྷག་ཕུར་བུ་ཡིན། ། སྐྱེ་བོ་རྣམས་ཀྱིས་མཐོང་ན་ནི། །འབྲས་བུ་འགྲུབ་ཕྱིར་ནུས་པ་ཡིན། །མི་ནི་གང་ཞིག་དགེ་ལས་ཀྱིས། །འདི་ལ་སྐྱེས་པར་གྱུར་པ་ཡི། །སྔགས་དོན་མ་ལུས་སྒྲུབ་པ་ལ། །དེ་དག་འབད་མེད་འགྲུབ་པར་འགྱུར། །ཉི་མ་ཕྱེད་ནི་འདས་པ་དང་། །རྟག་ཏུ་ཉི་མ་ནུབ་པ་ན། །ལུས་ཅན་རྣམས་


DKG088_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྟག་དེ་ལ། །མ་རུངས་གཟའ་མཐོང་གང་ཡིན་པ། །མ་རུངས་ཉི་མ་མིག་དམར་དང་། །མཇུག་རིངས་སྒྲ་གཅན་སྤེན་པ་དང་། །གང་ཡང་གཟའ་ནི་གཙོ་བོ་དང་། །ལས་ནི་ངན་འཇོམས་སྐར་མདའ་ཅན། །སྐར་མ་ཤིན་ཏུ་མི་བཟད་ཉིད། །དེ་བཞིན་ནག་པོ་འཆི་ལྟས་དང་། ། དུས་མིན་འཆི་བ་ས་ལ་ནི། །མི་བཟད་དེ་ཚེ་སྣང་བ་ཡིན། །ཉི་མ་འཆར་བའི་དུས་སུ་ནི། །གཟའ་ལྷག་གིས་ནི་ས་རྣམས་མཐོང་། །གཉའ་ཤིང་གང་ཙམ་ཉི་མས་ཕྱིན། །ཕུར་བུས་ས་དེ་མཐོང་བར་འགྱུར། །དེ་ནས་ཕ་རོལ་གཉའ་ཤིང་ཙམ། །པ་སངས་ནོར་སྤྱན་གྱིས་དེ་མཐོང་། །ཉི་མ་ཕྱེད་ནི་ཡོངས་རྫོགས་ན། །ཟླ་བས་ལུས་ཅན་མ་ལུས་མཐོང་། །གཟའ་ལྷག་དུས་སུ་རྒྱལ་ཐབས་ཐོབ། །ཕུར་བུས་ནོར་དང་ལོངས་སྤྱོད་བྱེད། །པ་སངས་ནོར་ནི་ངེས་སྒྲུབ་དང་། །རྒྱལ་སྲིད་ཚེ་དང་ལོངས་སྤྱོད་ལྡན། །ཟླ་བ་དེ་བཞིན་ཚེ་རིང་ཞིང་། །དབང་ཕྱུག་དང་ནི་འབྲས་བུ་བཅས། །དེ་བཞིན་ཉིན་ཕྱེད་ཉི་མ་ནི། །ཉི་མ་ཕྱེད་དུ་མཉམ་པར་མཐོང་། །རྟག་ཏུ་ཉིན་ཕྱེད་རྣམ་འདས་ན། །ཉི་མས་ཕྱོགས་ནི་མཐོང་བར་བྱེད། །ཐུང་འགྱུར་ཉི་མ་གཉའ་ཤིང་ཙམ། །བྱེད་པ་ཉིད་དུ་བསྟན་པ་ནི། །སྒྲ་གཅན་སྤེན་པ་ཉིད་དག་ཡིན། །མུན་པ་དུས་དང་དུས་མཐར་བྱེད། །དེ་ནས་ཕར་ནི་ཐུང་བ་ན། །འཆི་ལྟས་སྐར་མདའ་ས་འགུལ་བྱེད། །ལི་ཁྲི་ཚོགས་ཀྱིས་མདོག་བསྒྱུར་བའི། །ཉི་མ་ནུབ་ཀར་ཟངས་མའི་མདོག །གཟའ་ཡི་གཙོ་བོ་གང་ཡིན་དེ། །བྱིས་པ་གཞོན་ནུའི་ཚུལ་འཛིན་ཅིང་། །ལག་ན་མདུང་ཐོགས་མ་རུངས་པ། །མིག་དམར་ཉིད་ཀྱིས་མཐོང་བ་ཡིན། །དེ་ནས་ཉི་མ་གཉའ་ཤིང་འདས། །དགེ་བའི་གཟའ་ནི་འབྱུང་བ་ཡིན། །ཉི་མས་མཐོང་བ་ལས་སྐྱེས་པ། །མ་རུངས་བབ་ཅོལ་བྱེད་པར་འགྱུར། །སྤེན་པ་མིག་དམར་ལས་སྐྱེས་པ། །ཁྲོ་ལྡན་སྐམ་ཞིང་ང་རྒྱལ་ཅན། །མཇུག་རིངས་འཆི་ལྟས་དུད་རྣམས་ལ། །སྐྱེས་པ་ནད་ནི་ཡང་དག་འབྱུང་། །དབུལ་ཞིང་ནད་བཏབ་གླེན་པ་དང་། །དེ་བཞིན་དུ་ནི་རྟག་ཏུ་རྨོངས། །དུས་དང་མུན་པ་འགུལ་བྱེད་དང་། །སྐར་མདའ་ཅན་དང་གཟའ་ངན་དང་། །འགུལ་བྱེད་སྒྲ་དྲག་དམར་བའི་མདོག །གནམ་ལྕགས་ཉིད་


DKG088_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རབ་རྡུང་བྱེད། །དེ་བཞིན་རྡོ་རྗེ་འཆི་ལྟས་དང་། །གཞན་ཡང་ཁྱིམ་སོགས་རབ་ཏུ་མཐོང་། །སྐྱེ་བོ་ཀུན་གྱིས་སྒྲ་གཅན་ནི། །མི་བཟད་རབ་ཏུ་མཐོང་གྱུར་ན། །དབུལ་ཞིང་མགོན་མེད་ཚུལ་ཁྲིམས་འཆལ། །མི་ནི་རྟག་ཏུ་སྡིག་པ་སྤྱོད། །མི་ནི་སྡུག་བསྔལ་སྐྱེ་འགྱུར་ཏེ། །ནད་ཀྱི་གཞི་ནི་སྐྱེ་བར་འགྱུར། །མཛེ་ཅན་ནད་ནི་མང་བ་དང་། །ལོང་བ་འཐེང་བོ་ཤུ་བར་བཅས། །ཟ་མ་མ་ནིང་མོ་ཤམ་དང་། །བུད་མེད་མཚན་ནི་ངན་པ་དང་། །སྐྱེས་པ་བུད་མེད་དེ་བཞིན་གཞན། །གཟའ་ནི་ངན་པ་མཐོང་བ་ཡིན། །དེ་ལྟར་སྐྱེས་གྱུར་སྐྱེས་པ་དང་། །འཇིག་རྟེན་མང་པོ་སྐྱེ་བ་ཡིན། །དཀར་དང་སེར་བའི་གཟའ་མཆོག་ནི། །དེ་དག་ལས་སྐྱེས་དགེ་བ་ཡིན། །མདོག་ནི་དཀར་དང་སེར་བ་དག །རྒྱལ་བས་རབ་ཏུ་བསྔགས་པར་གསུངས། །གཟའ་ནི་གཙོ་བོ་བཞིར་བཤད་པ། །པ་སངས་ཟླ་བ་བླ་མ་ལྷག ། ཟློས་པ་ལས་རྣམས་ཀུན་ལ་ནི། །དེ་དག་མཐོང་ན་འགྲུབ་པའི་དོན། །སེམས་ཅན་བྱིས་པ་རྣམས་ལ་ཡང་། །རྟག་ཏུ་དེ་དག་སྐྱེ་བ་བཟང་། །ལོ་ནི་ཀུན་ལ་འདོད་པའང་ཞེས། །འཇིག་རྟེན་མཆོག་གིས་གསུངས་པ་ཡིན། །སྐད་ཅིག་ཙམ་ལ་འང་དེ་བཞིན་དུ། །མིག་འབྱེད་མི་འཛུམ་སེ་གོལ་གཏོགས། །འདི་ནི་མདོར་བསྡུས་སྐྱེ་བ་ཞེས། །འཇིག་རྟེན་མཆོག་གིས་གསུངས་པ་ཡིན། །འདི་ཙམ་གྱི་ནི་ཚད་དག་ཏུ། །གཟའ་ཀུན་འཇིག་རྟེན་དགོངས་པ་ཡིན། །དེ་དག་དེ་བཞིན་རྟག་ཏུ་འཆར། །འདི་དག་དུས་ཀྱི་དེ་ཉིད་ཡིན། །འདི་དག་དགེ་དང་སྡིག་པའི་གཟའ། །འཁོར་ལོ་བཞིན་དུ་རྟག་ཏུ་འཁོར། །འཇིག་རྟེན་དགེ་དང་མི་དགེ་བྱེད། །དེ་ཉིད་འཇིག་རྟེན་གནས་པ་ཡིན། །དེས་ན་དེ་དག་གང་ཅུང་ཟད། །སྡིག་པའི་བློ་ཡང་སྐྱེ་བར་འགྱུར། །སེམས་ཅན་དགེ་དང་མི་དགེའི་འབྲས། །མང་པོ་ཡང་ནི་སྐྱེ་བར་འགྱུར། །གཟའ་རྣམས་ལས་ལ་སྤྱོད་པ་ཞེས། །དེས་ན་འདི་ནི་མཐོང་ཞེས་གསུངས། །མྱུར་ལྡན་མྱུར་བཅས་འོད་འགྱུར་ཞིང་། །མྱུར་བར་འོང་བས་མྱུར་ལྡན་ཡིན། །མིག་གིས་མཐོང་དང་མ་མཐོང་བའི། །སེ་གོལ་གཏོགས་པའི་མྱུར་འགྲོས་ཡིན། །འདི་ཙམ་གྱི་ནི་ཚད་དག་ཏུ། །བློ་མཆོག་


DKG088_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བསྟན་པ་ཡིན། །དེ་ནས་གཞན་ཡང་རབ་བཤད་པ། །ངེས་པར་ཟློས་པས་རྟག་ཏུ་བྱ། །ཡུད་ཙམ་དག་ནི་བཅུ་གཉིས་དང་། །དུས་དང་དུས་མིན་འགྲོ་བའི་རྒྱུ། །གྲུབ་པའི་རྒྱུ་འམ་མ་ཡིན་པ། །འགྲོ་བ་མིན་པའང་བཤད་པར་བྱ། །འཇིག་རྟེན་ལ་ཉེ་བཟང་བ་དང་། །ཆར་དང་ཆར་མིན་ཡང་དང་ཡང་། །ཡུལ་འཁོར་འཇིག་དང་མུ་གེ་དང་། །ལོ་ལེགས་ཉི་མ་གསལ་མཐོང་དགེ། །དུས་དང་དེ་བཞིན་དབང་པོའི་གཞུ། །སྐྱེ་བོ་རྣམས་ལ་རྟག་ཞི་བྱེད། །མཇུག་རིངས་ས་འགུལ་གནམ་གྲུམ་དང་། །སྐར་མདའ་དང་ནི་ལྷོ་འུར་དང་། ། རྒྱུ་སྐར་གཟའ་དང་སྐར་རྣམས་ཀྱི། །སྤྱོད་པ་དགེ་དང་མི་དགེ་བ། །འབྱུང་པོ་རྣམས་ཀྱི་སྤྱོད་པ་ནི། །དགེ་དང་མི་དགེའི་སྤྱོད་པ་ཡིན། །ཤ་ཟ་དང་ནི་མ་མོ་དང་། །དྲག་པོ་མ་རུངས་ཉེར་འཇོམས་བྱེད། །ཤ་ཟ་རྣམས་ཀྱི་སྤྱོད་པ་ནི། །དེ་བཞིན་མ་རུངས་སེམས་ཅན་བརྗོད། །གང་དུ་ལྷ་ལ་རབ་དད་དང་། །རིན་ཆེན་ཆོས་དང་བློ་མཆོག་དང་། །དགེ་བའི་ལས་དང་རྟག་ཏུ་ལྡན། །བྱམས་སེམས་བརྩེ་བར་ལྡན་པ་དང་། །ལེགས་པར་སྤྱོད་པའི་དོན་ལྡན་བློ། །གཞན་གྱི་སྡུག་བསྔལ་དག་ལ་སེམས། །སྔགས་དང་རིག་པ་རྣམས་ཀྱིས་དྲངས། །སྨན་གྱི་དོན་དུ་ཁ་ཟས་སྤྱོད། །གང་དུ་མཚན་ཉིད་ལ་བརྟེན་པས། །སྤྱོད་པ་རྒྱ་ཆེར་བསྟན་པ་ཡིན། །གཞན་གྱི་ལུས་ལ་གནས་ནས་ནི། །མི་ལུས་བརྟེན་ནས་གནས་པ་ཡིན། །ལྷ་ནི་མཆོད་པ་ཞེས་བཤད་དེ། །ལྷ་མིན་ང་རྒྱལ་ཅན་གྱི་རྒྱུས། །གནས་དེར་གནས་པའང་རྣམ་པ་གཉིས། ། རིམ་བཞིན་ལྷ་དང་ལྷ་མ་ཡིན། །དེ་ཡང་དེར་ནི་རྣམ་གཉིས་ཏེ། །དྲག་པ་དང་ནི་ཐུན་མོང་ཡིན། །དེ་ཡང་དེར་ནི་རྣམ་གཉིས་འགྲོ། །དགེ་དང་མི་དགེ་འགྲོ་བ་ལྔ། །དེར་གནས་རྣམ་གསུམ་འགྲོ་བ་སྟེ། །ཉི་ཤུ་སུམ་ཅུ་གྲངས་མེད་པའོ། །ལྷ་དབང་དང་ནི་འོག་མིན་པར། །གོ་རིམས་ཇི་བཞིན་ས་མེད་པའོ། །འཇིག་རྟེན་ཁམས་ནི་མཐའ་མེད་པ། །དགེ་དང་མི་དགེ་འཇིག་རྟེན་ཡིན། །འཁོར་སྤྱོད་སེམས་ཅན་ཇི་སྙེད་དང་། །འཕགས་པ་ཉན་ཐོས་ཇི་སྙེད་དང་། །སངས་རྒྱས་རང་སངས་རྒྱས་རྣམས་དང་། །དེ་ཡི་ཐུགས་ལས་སྐྱེས་སྲས་དང་། །བྱང་


DKG088_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེ། །ས་བཅུ་ལ་ནི་རབ་གནས་དང་། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱི། །སེམས་ཅན་སྐྱེ་གནས་ཡང་དག་བརྟེན། །བྱིས་པའི་སྐྱེ་བོ་ཐམས་ཅད་ཀྱི། །འགྲོ་བའི་སྐྱེ་གནས་རྟེན་པ་དང་། །རྟག་ཏུ་འཕགས་རྣམས་ཐམས་ཅད་ཀྱི། །མཚན་ཉིད་དང་ནི་སྤྱོད་པ་དང་། །ཚིག་དང་བརྡ་དང་དེ་ཉིད་ཀྱང་། །རྒྱ་ཆེར་རབ་ཏུ་བཤད་པར་བྱ། །སྔགས་དང་རྒྱུད་ནི་རིག་བཅས་པས། །འབྱུང་པོ་ཀུན་ནི་དགུག་པར་བྱ། །དབབ་དང་དགུག་པའི་སྔགས་ཤེས་པས། །གཞན་གྱི་ལུས་ལ་ཡང་དག་བརྟེན། །དགེ་དང་མི་དགེའི་ལས་ཤེས་ཞིང་། །བག་ཡོད་རིགས་ནི་བཟང་བ་དང་། །མི་བླུན་སྤྱོད་པའི་སེམས་ཅན་དང་། །ཚར་གཅད་རྗེས་གཟུང་སྤྱོད་པ་དང་། །འཇིག་རྟེན་ས་སྟེང་འགུགས་བྱེད་པ། །མི་ནི་སྔགས་ཟློས་བྱེད་པ་དག །དེ་དག་གྲུབ་པའི་མཚན་མ་ནི། །དེ་ཉིད་ཐམས་ཅད་བཤད་པར་བྱ། །མི་རྣམས་ཀྱི་ནི་མདོར་བསྡུ་ན། །དེ་དག་གི་ནི་ལུས་བཟུང་ནས། །རྟག་ཏུ་ཤིན་ཏུ་ཆོས་དོན་དང་། །ཐར་པའི་དོན་དུ་རྣམ་པར་བརྟག །མ་རུངས་རྣམས་ནི་ཚར་གཅད་དང་། །རྣམ་དག་རྣམས་ནི་མཆོད་པ་སྟེ། །ཚར་གཅད་རྗེས་གཟུང་ཉིད་ལ་ནི། ། སྔགས་དང་རྒྱུད་ནི་རབ་ཏུ་བརྟག །རླུང་དང་བད་ཀན་མཁྲིས་ཅན་ནི། །རྣམ་གསུམ་དག་ལ་སྤྱོད་པའང་གསུམ། །དེ་དག་ཞི་བར་རབ་བརྟགས་ལ། །རྣམ་གསུམ་ཉིད་དུ་རིམ་པར་འདོད། །མི་རྣམས་ཀྱི་ནི་གསོ་བ་ལ། །སྔགས་དང་རྒྱུད་ཀྱིས་རྟག་ཏུ་བྱ། །འབྱུང་བ་ཆེན་པོར་རྣམ་བརྟགས་པ། །འབྱུང་དང་འབྱུང་མིན་ལ་སོགས་ཤེས། །འབྱུང་བ་མིན་དང་འབྱུང་བ་དང་། །ལྷག་པར་འབྱུང་བ་དེ་ལ་བརྗོད། །སྐྱེ་བོ་གང་ཚེ་ལྷག་འབྱུང་ཟིན། །དེ་ཚེ་བདེ་བ་མེད་པར་འགྱུར། །འབྱུང་དང་འབྱུང་མིན་རྣམ་པ་ནི། །རྣམ་པ་གཉིས་སུ་རབ་ཏུ་བརྟག །རྟག་ཏུ་སེམས་ཅན་འབྱུང་བ་ཆེ། །སེམས་ཅན་མ་ཡིན་རབ་ཏུ་བརྟག །མཁྲིས་པ་བད་ཀན་དེ་བཞིན་རླུང་། །གང་གཞན་རྣམ་པ་སྣ་ཚོགས་བྱས། །འབྱུང་བ་ཆེན་པོ་བཞི་དང་ནི། །ལྔ་པ་དག་ནི་ནམ་མཁར་བརྗོད། །ཆུ་དང་མེ་དང་ལྡན་པ་དང་། །ས་དང་རླུང་དུ་ཡང་དག་ལྡན། །བློ་དང་ལྡན་


DKG088_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་རྟག་ཏུ་ཡང་། །སེམས་ཅན་མིན་པའི་གྲངས་སུ་བསྟན། །འཇིག་རྟེན་མཆོག་གི་བདག་པོ་དང་། །འོད་ཆེན་ལྡན་པས་གསུངས་པ་ཡིན། །སེམས་ཅན་མ་ཡིན་གྲངས་སུ་བསྟན། །སེམས་ཅན་གྲངས་འགྲོ་མི་མ་ཡིན། །བློ་མཆོག་སྨྲ་བ་དམ་པ་ཡིས། །མི་རྣམས་སེམས་ཅན་ཉིད་དུ་གསུངས། །མི་མ་ཡིན་དང་མི་དག་ཀྱང་། །རྟག་ཏུ་སེམས་ཅན་གྲངས་ཉིད་དོ། །སེམས་ཅན་རྣམས་ལ་དགེ་དོན་དུ། །ཐམས་ཅད་མཁྱེན་པའི་གསུང་ཡང་ཡིན། །འདས་དང་མ་བྱོན་སངས་རྒྱས་དང་། །དེ་བཞིན་ད་ལྟར་བྱུང་རྣམས་ཀྱིས། །དགེ་བའི་ལས་ཀྱི་ལས་བྱུང་ཕྱིར། །ལས་འདི་དག་ནི་ཡོངས་སུ་གསུངས། །སངས་རྒྱས་རྣམས་ཀྱི་གསུང་དག་པ། །ལས་ནི་དོན་མེད་མི་བྱེད་དེ། །དེ་ཡི་རྒྱུ་མཚན་རིགས་དང་སྤྱི། །གྲུབ་པ་ཉིད་དུ་རབ་སྣང་སྟེ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། །བདེ་ཞིང་ཞི་ལ་རྟག་ཏུ་གཙང་། །མཐར་ཐུག་དག་དང་བདག་མེད་དང་། །དོན་དམ་ཐར་པ་འདོད་པ་སྟེ། །དེ་ཉིད་ཆོས་ནི་བཙལ་བྱའི་ཕྱིར། །རྒྱུད་འདི་ཡོངས་སུ་བཤད་པ་ཡིན། །རྒྱུད་དང་སྔགས་དང་སྨན་བཟང་པོ། །བཀའ་ནི་ཡང་དག་གསུངས་པ་ཡིན། །བྱུང་དང་འབྱུང་འགྱུར་ད་ལྟར་གྱི། །བསྟན་བཅོས་ཐམས་ཅད་ལེགས་བསྔགས་དང་། །འཇིག་རྟེན་མཆོག་དང་ཆོས་བདག་མེད། །རྟག་ཏུ་ཞི་དང་ཤིས་པའི་གནས། །འདི་ནི་ཐམས་ཅད་མཁྱེན་པའི་གསུང་། །དེ་ཡི་གོ་འཕང་མཆོག་གནས་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འབྱུང་། །མ་འདྲེས་རབ་ཏུ་བརྟགས་པ་ཡིན། །སངས་རྒྱས་རྣམས་ཀྱི་མཐུ་དང་ནི། །བྱང་ཆུབ་སེམས་དཔའ་བློ་ལྡན་དང་། །སྔགས་རྣམས་ཀུན་གྱི་ཆོ་ག་ལ། །གྲུབ་པ་ཀུན་ཏུ་བསྟན་པ་ཡིན། །དེས་ན་འདི་ཉིད་ཐུབ་དབང་གིས། །ཆོ་གའི་རྒྱལ་པོར་གསུངས་པ་ཡིན། །ལུས་ཅན་རྣམས་ནི་སྔགས་ཚུལ་གྱི། །འདི་ཉིད་ཀྱི་ནི་ལམ་གྱིས་འགྲོ། །ཞི་བ་ནད་མེད་ཕུན་སུམ་ཚོགས། །མྱ་ངན་འདས་གྲོང་ཕྱིན་པར་འགྱུར། །མྱ་ངན་མེད་དང་རྡུལ་མེད་དང་། །རྟག་ཏུ་བྱང་ཆུབ་གཞོལ་ཞིང་ཤིས། །གང་འདི་བསྟན་པ་དག་ལ་ནི། །སྔགས་ཀུན་འདོན་པར་བྱེད་པ་ན། །ཀུན་མཁྱེན་ཤེས་དང་ཤེས་བྱ་ཡི། །ལས་ཀྱི་རྒྱུད་ནི་འབྲེལ་པ་དང་། །


DKG088_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཟློས་པ་ཡི་ཆེད་དུ་ནི། །རྒྱུད་རྣམས་མཐའ་དག་ས་སྟེང་གསུངས། །སྔགས་རྒྱུད་མ་ལུས་དོན་དག་ནི། །བྱང་ཆུབ་རྣམ་གསུམ་གཞོལ་བ་སྟེ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་དག །ཆོ་ག་འདིར་ནི་རབ་ཏུ་བསྟན། །སེམས་ཅན་རྣམས་ལའང་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་རབ་ཏུ་བསྐོར། །གཞན་ལ་ཆོ་ག་རབ་སྣང་བ། །ཆོ་གའི་རྒྱལ་པོ་འདི་ལའང་ཡོད། །ཐུབ་མཆོག་ཐུབ་པའི་སྲས་དག་གིས། །གཞན་དུ་ཆོ་ག་གང་བསྟན་པ། །སྔགས་རྣམས་ཐམས་ཅད་འདི་ལ་ཡོད། །དེ་ན་ཆོ་ག་རྒྱ་ཆེན་ཡིན། །དེ་ཉིད་ཕྱིར་ན་ཐུབ་དབང་གིས། །ལུས་ཅན་ཀུན་ལ་གསུངས་པ་ཡིན། །གང་དུ་ཆོ་གའི་རྒྱལ་པོ་འདིས། །དབང་འགྱུར་མིན་དང་བཀུག་མིན་པ། །ས་སྟེང་འཇིག་རྟེན་གསུམ་འདི་ན། །རིག་པའི་སྔགས་རྒྱལ་དེ་ཡོད་མིན། །ཐུབ་པའི་ཟླ་བ་རབ་ནུབ་ཅིང་། །ས་ཡི་དཀྱིལ་འཁོར་སྟོངས་པ་ན། །ཆོ་ག་འཇིག་རྟེན་འདིར་གནས་པ། །བསྟན་པའི་དོན་ནི་བྱེད་པར་འགྱུར། །འཇམ་པའི་དབྱངས་ནི་རྟག་ཏུ་དགེ། །འབྱུང་པོ་ཀུན་ལ་གཞོན་ནུ་ནི། །དེ་ཚེ་སངས་རྒྱས་མཛད་པ་ནི། །འཇིག་རྟེན་བསྟན་ལ་བྱེད་པར་འགྱུར། །ཆོ་གའི་རྒྱལ་པོ་མཐུ་ལ་ནི། །ཡུན་རིང་དུས་སུ་འདོད་པ་རྣམས། །ལན་ཅིག་ཐོས་ཀྱང་གྲོལ་འགྱུར་ཏེ། །རྟག་ཏུ་དེ་ལ་འགྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་གསུང་དག་ནི། །རྟག་ཏུ་དགེ་བ་དོན་ཡོད་འགྱུར། །སྔགས་རྣམས་ཀུན་ལ་སྔགས་པ་ནི། །བཟླས་དང་སྦྱིན་སྲེག་རྟག་འདོད་པའོ། །དུས་གསུམ་དག་ཏུ་ཤེས་བྱ་ལ། །མཁྱེན་པ་གང་དུ་རབ་འཇུག་པ། །དེ་བཞིན་འདི་ལ་འཇུག་བྱེད་པ། །ཆོ་གའི་རྒྱལ་པོ་དམ་པ་ཡིན། །སངས་རྒྱས་རྣམས་ཀྱི་བསྟན་པ་ནི། །སྔགས་སུ་རབ་གནས་དེ་འདིར་གསུངས། །སྔགས་དེ་རྣམ་པར་མི་རྟོག་པར། །ཆོ་ག་དེ་འདིར་གསུངས་པ་ཡིན། །དོན་དང་དོན་མིན་སེམས་ཅན་གྱི། །དགེ་དང་མི་དགེ་བྱེད་པར་འགྱུར། །དེ་ཚེ་འགྲོ་བ་བློ་བཞིན་དུ། །འཇིག་རྟེན་ཀུན་གྱི་དགེ་མི་དགེ། །དེ་ཉིད་ཆོ་ག་འདིར་སྤྲོས་པ། །དེ་བཞིན་གཤེགས་པ་སྤྲོས་པ་མེད། །འཇིག་རྟེན་འདས་པ་རྫོགས་སངས་རྒྱས། །འཇིག་རྟེན་


DKG088_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ནི་འདིར་གསུངས་སོ། །ལས་རྣམས་ཀུན་ལ་ཤིན་ཏུ་ལྷག །འཇིག་རྟེན་ལས་ལས་རབ་ཏུ་འདས། །ཆོས་རྣམས་རྣམ་པ་སྣ་ཚོགས་བྱེད། །འཇིག་རྟེན་ཀུན་གྱིས་རབ་ཏུ་བསྔགས། །སྔགས་རྒྱལ་ལས་ལ་བརྩོན་པར་བྱེད། །དེ་བཞིན་སེམས་ཅན་ཚོགས་ལ་ཕན། །གཞོན་ནུ་འཇམ་པའི་དབྱངས་དེ་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་དོན་ཡོན་ཏན་ངེས་གྲུབ་དང་། །འཇིག་རྟེན་ཁམས་ཀྱི་དགེ་མི་དགེ། །བག་མེད་མ་བསྐུལ་མ་ཡིན་ཏེ། །བསྐུལ་ནས་ངས་ནི་ཆོས་བཤད་དོ། །སེམས་ཅན་མ་ལུས་ཕན་ཉིད་ཕྱིར། །སངས་རྒྱས་ཀྱིས་ནི་བཤད་པ་ཡིན། །འདས་པའི་སངས་རྒྱས་ཀུན་གྱིས་ཀྱང་། །བཤད་ཅིང་ངས་ཀྱང་བཤད་པ་ཡིན། །སངས་རྒྱས་གདུང་ནི་མི་གཅོད་ཕྱིར། །བདག་གིས་ཀྱང་ནི་བཤད་པ་ཡིན། །སྔགས་པའི་ལས་རྣམས་ཀུན་ལ་ནི། །ཀུན་མཁྱེན་ཡེ་ཤེས་འབྱུང་དོན་དུའོ། །ཀུན་མཁྱེན་ཡེ་ཤེས་རབ་འཇུག་ལ། །ལས་རྣམས་གཅིག་ཏུ་བསྔགས་པ་ཡིན། །འཇིག་རྟེན་སྔོན་ལས་བདག་ཡིན་ཏེ། །དེ་ནི་ད་ལྟར་ཡོངས་སུ་སྤྱོད། །དེ་བས་ལས་རྣམས་རབ་ཏུ་བྱ། །ཚེ་འདིར་དཀའ་བ་ལེགས་སྤྱད་ཅིང་། །ལས་ལྡན་ཚེ་ནི་འདི་ལ་ཡང་། །འབད་པ་མེད་པར་སྔགས་རྣམས་འགྲུབ། །ལས་ནི་འདི་ལའང་སྣང་འགྱུར་ན། །སྐྱེ་བ་འདི་ལ་འགྲུབ་པར་འགྱུར། །དེ་བས་སངས་རྒྱས་ཐམས་ཅད་ཀྱིས། །ལས་ནི་གཅིག་པུ་རབ་ཏུ་བསྔགས། །ལས་དེ་ཆོ་གར་ལྡན་པ་ན། །དེ་ནི་འདི་ལ་མྱུར་དུ་འགྲུབ། །སེམས་ཅན་བྱིས་པ་ཆོ་ག་ཉམས། །རབ་ཏུ་རྨོངས་པ་འཁོར་བར་འགྱུར། །དེ་བས་རྣམ་པ་ཀུན་གྱིས་ནི། །ལས་ནི་གཅིག་པུ་རབ་བསྔགས་ཡིན། །ཆོ་ག་ལས་ནི་ཡང་དག་ལྡན། །སྒྲུབ་པ་པོས་ནི་བསྒྲུབ་པར་བྱ། །དེ་བཞིན་ཆོ་ག་ཉམས་པའི་ལས། །ཤིན་ཏུ་ཡུན་རིང་དག་གིས་འགྲུབ། །བསམ་གཏན་མེད་པར་ཐར་པ་མེད། །ཐར་པ་མེད་པར་བསམ་གཏན་མེད། །དེ་བས་བསམ་གཏན་ཐར་པ་ནི། །ཡང་དག་ལྡན་པ་བྱང་ཆུབ་བརྗོད། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། ལས་ཐམས་ཅད་ཀྱི་བྱ་བའི་དོན་གྱི་ལེའུ་རབ་འབྱམ་


DKG088_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བཅྭ་ལྔ་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཞན་ཡང་གནས་གཙང་མའི་གཞལ་མེད་ཁང་ལ་གཟིགས་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། བློ་དང་ལྡན་པ་གནོད་སྦྱིན་གྱི་བདག་པོ་ལག་ན་རྡོ་རྗེས་ང་ལ་དྲིས་ནས། འཇམ་དཔལ་ཁྱོད་ཀྱི་དོན་ཐམས་ཅད་བྱ་བའི་ལས་ཀྱི་ལེའུ་རབ་འབྱམ་འཁོར་གྱི་དཀྱིལ་འཁོར་གྱི་ནང་དུ་རྒྱ་ཆེར་སྔར་བསྟན་པ་ཡིན་ནོ། །སྔགས་ཀུན་དོན་དང་ལྡན་པ་ཡི། །རྨི་ལམ་དགེ་དང་མི་དགེ་ཡིན། །དེས་ན་ཞར་ལ་འདི་ཀུན་ནི། །སྔགས་ཀྱི་ཟློས་པ་བསྟན་པ་ཡིན། །གནོད་སྦྱིན་བདག་པོ་ཡིད་དགའ་ནས། །ཐལ་སྦྱར་སྤྱི་བོར་བྱས་ནས་ནི། །སྟོན་ལ་མགོ་བོས་ཕྱག་འཚལ་ནས། །དེ་ཚེ་ཚིག་ནི་འདི་སྐད་ཞུས། །འཇིག་རྟེན་རྗེས་སུ་གཟུང་དོན་དུ། །བློ་མཆོག་རྣམས་ཀྱིས་གསུངས་པ་དང་། །བདག་ལའང་རྗེས་སུ་ཐུགས་བརྩེ་དང་། །སེམས་ཅན་རྣམས་ནི་བདེ་དོན་དུ། །ཟློས་པའི་སྔགས་ནི་ཐམས་ཅད་ལ། །རྨི་ལམ་དགེ་དང་མི་དགེ་དང་། །སེམས་ཅན་མཆོག་དང་ཐ་མ་ཡི། །སྤྱོད་པའི་ཡོན་ཏན་རྒྱ་ཆེར་བསྟན། །བཟང་པོའི་འགྲོ་བའི་སྐྱེ་གནས་དང་། །རྒྱུ་དང་ཤེས་པའི་རྣམ་པ་སྤྱོད། །འདས་དང་མ་འོངས་ཤེས་པ་དང་། ། དགེ་དང་མི་དགེ་ད་ལྟར་གྱི། །ཐམས་ཅད་ཀུན་འགྲོའི་ཤེས་པ་དང་། །ཀུན་མཁྱེན་ཡེ་ཤེས་སྤྱོད་པ་དང་། །སྣང་མེད་དམིགས་པ་མེད་པ་དང་། །སྤྲོས་མེད་རབ་ཏུ་སྤྲོས་པ་ཡིན། །རྣམ་པ་ཀུན་མཆོག་ལྡན་པ་དང་། །ཤིས་པ་ཞི་བ་བསྟན་པ་ཡིན། །སངས་རྒྱས་ཀུན་གྱི་མཐུ་རྣམས་ནི། །བློ་མཆོག་གིས་ནི་བསྟན་པ་ཡིན། །ཁྱད་པར་དུ་ནི་ཟློས་པ་ལ། །སྔགས་རྣམས་དོན་དང་ལྡན་པར་བཤད། །ལས་དང་ལས་འབྲས་སེམས་ཅན་གྱི། །བྱ་བ་དུས་དང་དེ་བཞིན་དུ། །དེ་བཞིན་སྣོད་དང་གནས་དང་ནི། །ཆ་བྱད་རྨི་ལམ་ཞར་ལ་གསུངས། །གནོད་སྦྱིན་བདག་པོ་ཐུབ་མཆོག་ནི། །དེ་བཞིན་གཤེགས་པ་བདུན་པ་ལ། །གང་ཞིག་བསྐལ་བཟང་སངས་རྒྱས་པ། །ཤཱཀྱའི་སྐྱེས་མཆོག་བདུན་པ་འདི། །ཤཱཀྱའི་སེང་གེ་དགྲ་ལས་རྒྱལ། །འདི་ནི་བདུན་པར་རབ་ཏུ་བརྟགས། །དུས་ཀྱི་ཐ་མར་རྫོགས་སངས་རྒྱས། །འཇིག་རྟེན་མགོན་


DKG088_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འོད་བྱེད་པ། །བརྩོན་འགྲུས་ཆེ་ཞིང་ཤེས་རབ་ཆེ། །ཐུབ་པ་མཐུ་ནི་ཆེན་པོ་ཐོབ། །ལག་ན་རྡོ་རྗེ་གནོད་སྦྱིན་བདག །བྱང་ཆུབ་སེམས་དཔའ་ཕྱག་བྱས་ཏེ། །རང་གི་གནས་སུ་འདུག་གྱུར་ནས། །བློ་ལྡན་དེ་ནས་ཅང་མི་སྨྲ། །དེ་ནས་འཇམ་དཔལ་ཤེས་རབ་ཆེ། །དེ་ཚེ་ཐུབ་པས་དྲིས་པ་ནི། །རྫོགས་སངས་རྒྱས་ལ་བསྐུལ་བ་ནི། །ཐུབ་མཆོག་དམ་པ་ཐ་མ་ལ། །ལེགས་སོ་བཅོམ་ལྡན་རྫོགས་སངས་རྒྱས། །ལས་དང་ཤེས་པ་རྒྱ་ཆེར་བཅས། །བཅས་པའི་གཟའ་ནི་གཙོ་བོ་སྟེ། །དགེ་དང་མི་དགེ་ལེགས་ཚུལ་བཤད། །ལས་དང་ཤེས་པ་རྒྱུར་བཅས་པའི། །སེམས་ཅན་མང་པོའི་སྤྱོད་པ་གསུངས། །མཆོག་དང་ཐ་མའི་སྤྱོད་པ་དང་། །དགེ་བའི་དོན་དང་ལྡན་པ་དང་། །ཟློས་པ་གྲུབ་པའི་མཚན་མ་དང་། །བསྒྲུབ་བྱ་སྒྲུབ་མིན་རྣམ་པར་བརྟགས། །འབྱོར་པ་འདོད་དང་དེ་བཞིན་དུ། །འཇིག་རྟེན་དབང་ཕྱུག་ལོངས་སྤྱོད་འདོད། །རྒྱལ་པོ་ཁྱད་པར་ཅན་འདོད་དང་། །རིག་པ་འཛིན་པ་གྲུབ་འདོད་དང་། །ཐམས་ཅད་ཀུན་འགྲོའི་ཡེ་ཤེས་ཀྱིས། །མདོར་བསྡུས་ནས་ནི་བཤད་དུ་གསོལ། །རྒྱལ་བའི་སྲས་ཀྱིས་གསོལ་བཏབ་ནས། །ཐུབ་པ་མཆོག་གིས་གསུངས་པ་ནི། །བློ་ལྡན་ཀ་ལ་པིང་ཀའི་སྐད། །ལྷ་ཡི་རྔ་སྒྲའི་སྐད་དང་ནི། །བརྩོན་འགྲུས་ཆེན་པོ་ཚངས་པའི་སྒྲ། །འབྲུག་སྒྲ་ཡི་ནི་སྒྲ་སྐད་ཀྱིས། །ཐུབ་པ་བདུན་པས་ཚིག་བཤད་ནས། །སངས་རྒྱས་གསུང་ནི་དག་པས་གསུངས། །གཞོན་ནུ་འདི་ནི་དངོས་དོན་ཁྱབ་རྒྱུར་ཅིང་། །མ་བྱུང་འཇིག་རྟེན་ཕན་པ་སྒྲུབ་བྱེད་ལ། །འགྲོ་བ་ཀུན་ལ་ཕན་པ་དགེ་ཕྱིར་སྟོན། །ཐར་པ་ཤེས་ཤིང་དག་པའི་གནས་སུ་འདུག །བདེན་དང་བརྩེ་དང་བཟོད་པ་ཕན་སེམས་དང་། །གང་ཞིག་རྟག་ཏུ་བྱམས་དང་སྦྱིན་ལ་དགའ། །དེ་དག་རྟག་ཏུ་གྲུབ་པ་ཐོབ་པར་བྱེད། །ཀྱེ་མ་གཞན་ལའང་གྲུབ་པ་ཡོད་མ་ཡིན། ། རྟག་ཏུ་སྔགས་མཆོག་ལ་ནི་དགའ་དད་དམ། །བསྟན་དང་འཁོར་ལོ་འཛིན་དང་འཇམ་མཆོག་དང་། །དེ་ནི་བདུད་འདུལ་ཆོས་ཀྱི་འཁོར་ལོ་བསྐོར། །འཁོར་ལོ་འཛིན་པར་འདིར་ནི་རིགས་པ་ཡིན། །གང་གི་གསུང་ནི་བཟང་པོ་ཡིད་འོང་ཞིང་། །རྟག་ཏུ་བྱིས་པའི་སྐྱེ་བོ་རྣམ་སྤངས་ཡིན། །


DKG088_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་བཟང་པོ་རྣར་ནི་སྙན་པ་དང་། །དགའ་སྐྱེད་སྙན་པ་དང་ནི་རྗེས་སུ་མཐུན། །སེམས་ནི་ཚིམ་བྱེད་བདེ་བ་རབ་ཏུ་སྦྱིན། །འཇམ་ཞེས་བྱ་བར་སངས་རྒྱས་ཡང་དག་གསུང་། །དེ་དག་དེ་བཞིན་གཤེགས་པའི་ཁྱད་པར་གྱིས། །གང་གིས་མཐུ་ནི་མཁྱེན་པར་མི་སྤྱོད་དེ། །དེ་དག་གི་སྲས་དེ་བཞིན་སར་ཞུགས་པ། །འཇིག་རྟེན་འདས་པ་དེ་བཞིན་བཅུ་ཡི་གྲངས། །ཁྱོད་ཀྱང་ལྷ་ཡི་དབང་ཕྱུག་འཇིག་རྟེན་ཁྱད་པར་གྱིས། །ཐུབ་བཟང་ཤེས་པར་ནུས་པ་མ་ཡིན་ནོ། །གཟུགས་དང་གཟུགས་མེད་དེ་བཞིན་ས་གནས་དང་། །འདོད་ལྡན་ལྷ་དང་མི་ནི་ཡིད་ལས་སྐྱེས། །རྣལ་འབྱོར་གྲུབ་པ་ཐོབ་དང་འཇིག་རྟེན་ན། །ཁྱད་པར་ཅན་ཀུན་དེ་བཞིན་མི་ཡི་གཙོ། །དེ་ཡི་ཆེ་བ་གང་གིས་ཤེས་གྱུར་པ། །སེམས་ཅན་གང་དེ་ཡོད་པ་མ་ཡིན་ཏེ། །ཁྱོད་ཀྱི་ཆེ་བ་འདི་ནི་ཡོངས་ཤེས་པ། །འཇམ་ཞེས་བྱ་བར་རབ་ཤེས་སངས་རྒྱས་ཡིན། ། འཇམ་དཔལ་ཞེས་བྱར་ཡོངས་སུ་བརྟགས་པ་ནི། །ཁྱོད་ཀྱི་མིང་ནི་སྔོན་གྱི་རྒྱལ་བས་མཛད། །ཁྱོད་ཀྱི་མིང་དུ་འདི་ལྟར་བརྟགས་བྱས་པ། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་ཀྱི། །གཞན་དུ་མ་ཡེངས་རྩེ་གཅིག་ཡིད་དག་པས། །ཁྱོད་ཀྱི་མིང་ནི་འཁོར་གྱི་ནང་དུ་ཐོས། ། དེས་ནི་འདི་ལ་ཤིས་དང་ཞི་བ་ཐོབ། །སྲིད་མཐར་བྱང་ཆུབ་མཆོག་ནི་ཁྱད་པར་ཐོབ། །སྔགས་རྣམས་མ་ལུས་འགྲུབ་པར་འགྱུར་བ་དང་། །འགྲོ་བའི་སྐྱེ་གནས་མཆོག་ནི་རབ་ཐོབ་ཅིང་། །རྟག་ཏུ་ཆོས་མཆོག་ལ་ནི་ཡང་དག་གནས། །བགེགས་རྣམས་རྣམ་པར་སྤང་ཤིང་གྲུབ་པ་ཐོབ། ། འདོད་པའི་སྔགས་རྣམས་མ་ལུས་འགྲུབ་པར་བྱེད། །བྱང་ཆུབ་ཤིང་དབང་དྲུང་དུ་མྱུར་དུ་འགྲོ། །སོང་ནས་བྱང་ཆུབ་མཆོག་ནི་ཐོབ་པར་བྱེད། །སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །སངས་རྒྱས་བྱང་ཆུབ་འཁོར་ལོ་རབ་ཏུ་སྐོར། །དེ་ལྟར་རྒྱལ་བའི་གཙོ་བོས་ཡོན་ཏན་གསུངས། །འཇམ་དཔལ་ཞེས་ནི་ཁྱོད་ཀྱི་མིང་དྲན་པ། །ཡོན་ཏན་བསམ་མི་ཁྱབ་ཅེས་རྒྱལ་བས་གསུངས། །རྒྱལ་བའི་གཙོ་བོ་སྔར་གཤེགས་ཐམས་ཅད་ཀྱིས། །རྟག་ཏུ་ཁྱོད་ཀྱི་མཐུ་ནི་བསྟན་པ་ཡིན། །གཞོན་ནུ་དག་པ་ཁྱོད་ཀྱི་སྔགས་རྟོགས་པ། །བསྐལ་པ་གྲངས་མེད་རྟག་ཏུའང་


DKG088_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མི་ནུས། །འཇམ་དཔལ་ཁྱོད་ཀྱི་སྔགས་ཀྱི་སྤྱོད་པ་ནི། །སངས་རྒྱས་མ་ལུས་དག་གིས་རབ་ཏུ་བཤད། །གཞོན་ནུ་འདི་ནི་ཐམས་ཅད་ཀུན་ཏུ་འགྲོ། །ང་ཡི་བསྟན་ལ་ཁྱོད་ནི་མི་མཆོག་བསྟན། །དག་པའི་གནས་ལ་གནས་པའི་སྐྱེ་བོ་རྣམས། །འདིར་ནི་མ་ལུས་མཐའ་དག་ཞི་བར་འགྱུར། །ཁྱོད་ཀྱི་སྔགས་ནི་ནམ་ཡང་འདའ་མ་གྱུར། །ཁྱོད་ཀྱི་སྔགས་ནི་ནམ་ཡང་ཉམས་མ་གྱུར། །འཕགས་པ་འཇམ་དཔལ་གྱི་རྩ་བའི་ཆོ་ག །བྱང་ཆུབ་སེམས་དཔའི་སྡེ་སྣོད་ཕལ་པོ་ཆེ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་ལས། །ཚིགས་སུ་བཅད་པའི་ལེའུ་རབ་འབྱམ་བཅུ་དྲུག་པ་རྫོགས་སོ།། །།དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྙོམས་པར་ཞུགས་མ་ཐག་ཏུ། སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལེ་བརྒན་དང་ཤེལ་གྱི་ཁ་དོག་ལྟ་བུ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་འདི་ཐམས་ཅད་ཀྱང་སྣང་བར་བྱས་ཤིང་། འཇིག་རྟེན་གྱི་ཁམས་གཞན་དག་ཀྱང་སྣང་བར་མཛད་ནས། གཟའ་དང་རྒྱུ་སྐར་ཐམས་ཅད་ཀྱང་ཡུད་ཙམ་གྱིས་ཟིལ་གྱིས་མནན་ཏེ་བཀུག་པར་གྱུར་ཏོ། །བཀུག་ནས་ཀྱང་རང་རང་གི་གནས་ལ་ཡང་དག་པར་སྦྱར་ནས། འཁོར་གྱི་དཀྱིལ་འཁོར་དེར་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་བཀུག་ནས་བཅོམ་ལྡན་འདས་ཀྱི་མཛོད་སྤུ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །གཟའ་དང་རྒྱུ་སྐར་དང་སྐར་མ་ཐམས་ཅད་ཀྱི་འོད་མེད་པར་བྱས་ནས་ཉམ་ཐག་པ་དང་འཇིགས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་འགྲོ་ཞིང་ཐལ་མོ་སྦྱར་ནས་འདུག་པར་གྱུར་ཏེ། དེ་ལྟར་རབ་ཏུ་འདར་ཞིང་ཡང་དང་ཡང་སའི་སྟེང་དུ་འགྱེལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཟའ་དང་རྒྱུ་སྐར་དང་སྐར་མ་ཐམས་ཅད་ལ་མཁས་པ་རྣམས་དང་། བྱིས་པའི་སྐྱེ་བོའི་བློ་དང་ལྡན་པའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་བཀའ་སྩལ་པ་ནི། ལྷའི་ཚོགས་མི་དང་བཅས་པའི་གྲོགས་པོ་དག་ཁྱེད་ཅག་ཉོན་ཅིག །འཇིག་རྟེན་སྣ་ཚོགས་ནི་ལས་ཉིད་ལ་སེམས་ཅན་རྣམས་རྣམ་པར་རྟེན་པར་བྱེད་དེ། གང་ཡང་སངས་


DKG088_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེའི་སྐུ་ཡང་མངོན་པར་གྲུབ་ལ། གང་ཡང་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་འཁོར་ཞིང་། འཁོར་བའི་འབྲོག་དགོན་པ་ཆེན་པོར་རབ་ཏུ་ཞུགས་ལ། འཇིག་རྟེན་རྣམ་པ་སྣ་ཚོགས་ཀྱི་ལུས་མངོན་པར་གྲུབ་སྟེ། ཐམས་ཅད་ཀྱང་ལས་དགེ་བ་དང་མི་དགེ་བ་དང་འབྲེལ་བ་ལས་སྐྱེས་ལ། དེ་ལ་བྱེད་པའི་བྱེད་པ་པོའམ་དབང་ཕྱུག་གམ་གཙོ་བོའམ་སྐྱེས་བུའམ་གྲངས་ཅན་གྱིས་རབ་ཏུ་འབྱིན་པར་བྱེད་པ་ནི་གང་ཡང་མེད་དོ། །ལས་ལས་སྐྱེས་པ་ནི་མ་གཏོགས་ཏེ། དེ་ཡང་ལས་ཀྱི་རྐྱེན་གྱིས་སྐྱེད་པ་རྒྱུ་ལ་ལྟོས་པ་ཡིན་ཏེ། དེ་ཡང་རྒྱུ་དང་རྐྱེན་ལ་ལྟོས་པའོ། །དེ་བཞིན