cover

སྡེ་དགེའི་བཀའ་འགྱུར་པོད་བརྒྱད་ཅུ་གྱ་དགུ་པ།

རྒྱུད་འབུམ། པ༽

སངས་རྒྱས་ཤཱཀྱ་ཐུབ་པ།

Nitartha International

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།


DKG089_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་འབུམ་པ་བཞུགས་སོ།


DKG089_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སིདྡྷ་ཨེ་ཀ་བཱི་ར་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔའ་བོ་གཅིག་གྲུབ་དཔའ་བོའི་གཙོ། །རབ་མཆོག་སྨྲ་བ་རྣམས་ཀྱི་མཆོག །འགྲོ་བའི་བླ་མ་འཇམ་རྡོ་རྗེས། །འཇིག་རྟེན་དོན་དུ་རྒྱུད་རབ་གསུངས། །ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ནས་ནི། །དེ་གྲུབ་ན་ནི་འགྲུབ་འགྱུར་ཏེ། །སྔགས་པ་ལུས་ནི་རྣམ་དག་དང་། །གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ། །སྣོད་དུ་གྱུར་པའི་ལུས་ལ་ནི། །དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པ་སྐྱེ། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །རྟག་ཏུ་སེམས་ཅན་དོན་བྱེད་དོ། །དེ་ལྟར་མཁྱེན་ནས་ཐུགས་བརྩེས་ནོན། །རྡོ་རྗེ་འཆང་སོགས་ཀྱིས་ཞུས་ཚེ། །གྲུབ་པའི་གསང་


DKG089_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བསྡུས་པ་ནི། །འགྲོ་བའི་དོན་དུ་གསུངས་པ་ཡིན། །ༀ་ཀཱ་ལུ་མེ་ལུ་ཀཱ་ལུ་མེ་སྟམྦྷ་ཡ་སྴི་ལཱ་བཪྵཾ་ཏུཥཱ་ར་ཉྩ་ལུཙྪ་ཨི་ལུཙྪ་ཨི་སྭཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ནི་ལེགས་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ། །དྲན་པ་ཉིད་དང་ཐལ་བ་ལ་མངོན་པར་བཟླས་པས་སེར་བ་འབབ་པའམ་ཁ་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ། །དེ་བཞིན་དུ་གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ། །ༀ་ག་རུ་ཌ་ཧཾ་ས་ཧེ། ཙ་ལ་ཙ་ལ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ནི་སེར་བ་འབབ་པ་ཟློག་པར་བྱེད་དོ། །རྡོ་རྒྱུས་ཀྱིས་རྔ་པ་ཊ་ཧ་ལ་བྲིས་ཤིང་། རྔ་ལྕག་ལ་མངོན་པར་བཟླས་པའི་རྔ་པ་ཊ་ཧའི་སྒྲས་སེར་བ་འབབ་པ་ཟློག་པར་བྱེད་དོ། །དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་བྱའོ། །ༀ་ཧེ་ཧེ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། ཆེ་གེ་མོ་ཨུརྞྞ་མ་ཎི་སྭཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོགས་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན་འགྲུབ་པར་འགྱུར་རོ། །གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པའམ་ཁ་བ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས་ཟློག་པར་བྱེད་དོ། །ཐལ་བ་དང་ཡུངས་ཀར་ལ་མངོན་པར་བཟླས་ན། ཆར་ཆེས་པ་གཅོད་པ་དང་བྱི་བ་དང་སྦྲང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ། །སྐྱེད་མོས་ཚལ་དང་ཞིང་ལ་བྱ་དང་འབུ་སྲིན་དང་བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་ཟློག་པར་བྱེད་དོ། ། དུར་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ། དུར་ཁྲོད་ཀྱི་བུམ་པར་བཅུག་ནས་ཁ་བཅད་དེ། དེ་ཉིད་དུ་སྦས་པས་མངལ་རེངས་པར་འགྱུར་རོ། །ཕྱུང་ནས་འོ་མ་དང་ཆུས་བཀྲུས་ཏེ་ཆུ་ལ་བོར་པས་ཞི་བར་འགྱུར་རོ། །ཡུང་བའམ།


DKG089_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བ་བླས་གྲོ་གའམ་གོས་སམ་ལོ་མ་ལ་མངོན་པར་བྲིས་ཏེ། སྤྲ་ཚིལ་གྱི་ནང་དུ་གཏུམས་པའི་སྔགས་འདི་གྲོག་མཁར་གྱི་ས་ལས་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་གར་བཅུག་སྟེ་དེའི་ཁ་ཐལ་བས་བཀང་ནས་སྦས་ན། རྒོལ་པ་དང་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ། ། རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་འཆིང་བར་བྱེད་པར་འགྱུར་རོ། །རྡོ་རྒྱུས་ཀྱིས་ཁམ་ཕོར་ལ་བྲིས་ཏེ་ཐལ་བས་བཀང་ལ། ཁ་སྦྱར་ཏེ་སྦས་ན་མི་སྙན་པ་བརྗོད་པ་ཁ་རེངས་པར་བྱེད་དོ། །རྫ་མཁན་ཀྱི་ལག་པ་ཕྱིས་པའི་འཇིམ་པ་ལས། ལུག་གི་གཟུགས་སུ་བྱས་པའི་སྙིང་གར་སྤྲ་ཚིལ་གྱིས་གཏུམས་པའི་སྔགས་བཅུག་ན་ཁྲོས་པའི་ཁ་རེངས་པར་བྱེད་དོ། །སྐེའམ་དཔུང་པ་ལ་སྔགས་བཏགས་ན་གཡུལ་ངོགས་ཀྱི་མཚོན་ཆའི་དབལ་ཞི་བར་བྱེད་དོ། །གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་འདི་བཅུག་སྟེ། བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐམས་ཅད་རེངས་པར་བྱེད་ཅིང་རྟག་པར་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ། །གྲོ་གའམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ། བུམ་པ་སར་པ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ། །བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང་། ནགས་ཀྱི་བ་མེན་ལ་སོགས་པ་རྭ་ཅན་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ། །བོང་པ་ལ་ལན་བདུན་སྔགས་ཏེ་ཆུར་བཅུག་ན། ཆུ་ན་རྒྱུ་བའི་ཁ་འཆིང་བར་བྱེད་དོ། །དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་སྐྱེས་བུའི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་ལ། སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལྃ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པར་བྲིས་ཏེ། ཕྱོགས་རྡོ་རྗེས་བརྒྱན་པའི་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས། ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་ས་མཚམས་ཀྱི་བར་དུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ། །


DKG089_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཋ་ཟུང་གིས་ཡོངས་སུ་བསྐོར་བ། ཕྱི་རོལ་དུ་ཡི་གེ་ལྃ་བརྒྱད་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ནོན་པ་སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ལ། དུར་ཁྲོད་ཀྱི་བུམ་པའི་ནང་དུ་བཅུག་ནས་དུར་ཁྲོད་དུ་སྦས་པའམ། ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རེངས་པར་བྱེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ། །ཐལ་བས་མགུལ་པ་བཅིངས་པས་སྐྱུགས་པ་ཟློག་པར་བྱེད་དོ། །མཐེའུ་ཆུང་གི་རྩེ་དམ་དུ་བཙིར་ལ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད་དོ། །ཐལ་བ་ལ་མངོན་པར་བསྔགས་པས་མིག་རེངས་པ་སོས་པར་བྱེད་དོ། །འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་རས་ཀྱི་དུམ་བུ་ལ་བྲིས་ཏེ། ཁྱིམ་གང་གི་སྒོར་བཏགས་པའི་ཁྱིམ་དེར་འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ཟློག་པར་བྱེད་དོ། །ཉ་དང་ཤ་དང་ཆང་དང་འབྲས་ཆན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་གཏང་བར་བྱ་བ་དང་ཡམ་ཤིང་ལྔ་དང་འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུས་སུ་ཞི་བའི་ཐབ་ཁུང་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར་འཚེ་བ་ཐམས་ཅད་རེངས་པར་བྱེད་དོ། །གང་འགའ་ཞིག་ལ་གྲོང་ལ་སོགས་པ་འབྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་ཟློག་པར་བྱེད་དོ། །རྟག་ཏུ་བཟླས་ན་ལྷ་དང་ལྷ་མ་ཡིན་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ། བདུད་བཞི་ལས་རྒྱལ་བར་བྱ་བའི་དོན་དུ་སྔགས་ཀྱི་རྒྱལ་པོ་འདི་མཛོད་སྤུ་ལས་རྣམ་པར་ཕྱུང་བའི་ཕྱིར་མཛོད་སྤུའི་ནོར་བུ་ཞེས་བྱ་བར་གྲགས་པ་ཡིན་ནོ། །གསེག་མ་ལ་མངོན་པར་བསྔགས་ཏེ་གཏོར་བས་སྦྲུལ་དག་འབྱེར་བར་བྱེད་དོ། །ཁྱིམ་གྱི་རྩིག་ངོས་ལ་རྡོ་རྒྱུས་ལ་མངོན་པར་བསྔགས་པས་བྲིས་ན་སྦྲུལ་གྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །ཡང་ན་རྡོ་ལེབ་ལ་


DKG089_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཟོང་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་མམ་གྲོང་ངམ་གྲོང་ཁྱེར་དུ་སྦས་ན་ཅི་སྲིད་འདོད་པའི་བར་དུ་མཆེ་བ་འཆིང་བར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །སྔགས་འདི་མ་བསྒྲུབས་སུ་ཟིན་ཀྱང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གསེག་མ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་གཏོར་ན་མཆེ་བ་ཅན་ཐམས་ཅད་ཀྱི་མཆེ་བ་འཆིང་བར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་བཅས་པའི་སྔགས་ཐམས་ཅད་བྲི་བར་བྱའོ། །དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུར་བུ་ལ་ལན་བདུན་མངོན་པར་བསྔགས་པ་སྒོའི་སྟེང་དུ་སྦས་ན། སྐྱེད་ཀྱིས་འཚོ་བ་ཐམས་ཅད་ཀྱི་སྐྱེད་མེད་པར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །ༀ་ནི་ཧི་ནི་ཙྪ་ལེ་ཨ་བྷ་ཡ་བྷ་ཡཾ་ཀ་རི། ཨེ་ལུ་བེ་ལུ་ཙུ་ལེ་ལུ། ཤི་ལཱ་ཡ་ཌ་ཨི་ཛ་ཧ་ཡེ། པཊྚ་ཨི་ཛཊྚ། ཨེ་པེ་ལུ་ཨཱ་ག་ས་པ་ཐེ་ཀེ་ར་ཏེ། ཨི་ཨ་ཏུ་མུདྡྷཱ་རི་མ་དྷ་རི་ཁི་ནྣི་ཁི་ལླ་མོ་ཧ་ནི་ཐི་བྷི་ཛ་ཀཱ་རཾ་ཛ་ཧི་ཐཱ་ཀཱ་རོ་ཎི་ཧི་ཋཿཋཿསྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔར་མ་སྨོས་པའི་ལས་ཐམས་ཅད་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ། །དེ་ལས་གཞན་ཡང་མངོན་པར་འདོད་པའི་ལས་དེ་དག་ཐམས་ཅད་བྱེད་པར་ཐེ་ཚོམ་མེད་དོ། །ལན་ཚྭ་དང་སྐེ་ཚེ་མཉམ་པའི་སྦྱིན་སྲེག་གམ་ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ། །ཨོཾ་ཨམྴ་སིམྴ་ཀ་སྱཱ་སུ་ཛོ་མེ་ཕེ་ཌ་ཨེ་དུ་སྱཱ་སུ་སྭཱ་ཧཱ། ཞེས་བྱུང་ངོ་། །ༀ་ཨམ་བཱ་ཤིམ་བྷཱ་ཀཔྤ་སུ་ཛོ་མེ་ཕི་དུ་པྦཱ་སུ། སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྟག་ཏུ་བཟླས་ན་འཇིགས་པ་ཐམས་ཅད་ཟློག་པར་བྱེད་དོ། །རྡོ་རྗེའི་ཆུའི་ཐིག་ལེས་དགྲ་བོ་ཐམས་ཅད་རྨོངས་པར་བྱེད་ཅིང་ཁྲོས་པས་རབ་ཏུ་དང་བར་བྱེད་དོ། །བཅིངས་པ་ལ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། །ཕོངས་པར་གྱུར་པས་བཟླས་ན་རྙེད་པ་འགྲུབ་པར་འགྱུར་རོ། །ཨེ་ཥོན་ཐི་ཏོ། ཧུ་ལུ་ཧུ་ཛྭ་ལ་ཛི་ཏྭེ། ཨོཾ་ཥོཏྠི་ཏོ་ཧུ་ལུ་ཧུ་ལུ། ཛཱ་ལཱ་ཛི་ཧྭ་ཏྭེ་ཧུ་ལུ་རུ་ཏྲཻ་བ་པྲ་ཏི་རཱཙྪ་ཏུ་ཧུ་ལུ་སྭཱ་ཧཱ། ཧུ་ལུ་ཧུ་ལུ་ཡ་ཏྲཻ་བོཏྟི་ཏོ་ཧུ་ལུ་ཏ་ཏྲཻ་བ་པྲ་ཏི་གཙྪནྟུ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་འཐབ་པ་དང་འཐབ་མོ་དང་རྣམ་པར་རྩོད་པ་ཐམས་ཅད་ལ་བཟླས་པ་


DKG089_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ཞི་བར་བྱེད་དོ། །ཕུབ་མའི་སྦྱིན་སྲེག་གིས་ཀྱང་ཐམས་ཅད་དུ་ཞི་བར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་ལ་སྔགས་རྗོད་དེ། ཆུ་ལ་བསྐུར་ན་ཐམས་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཚོམ་མེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་པས་འདུག་སྟེ། མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་གཏོར་ན། ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མེས་ཚིག་པའི་མེའི་ཁ་ལས་ཐར་བར་བྱེད་དོ། །རྐང་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་སྲེག་གིས་ཞི་བར་བྱེད་དོ། །ༀ་པདྨེ་པདྨཱ་ཀྵི་པདྨ་སུ་བྷ་གེ་ཕུཿ། པདྨེ་པདྨ། ཨཀྵེ་པདྨ། སུ་བྷ་གེ་ཕུཿསྭཱ་ཧཱ། སྔགས་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་རྒྱ་བཏབ་པ་རེངས་པ་སོས་པར་བྱེད་དོ། །བྱབས་པས་མིག་རེངས་པ་སོས་པར་བྱེད་དོ། །ལན་བདུན་མངོན་པར་བསྔགས་པས་མིག་གིས་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུ་དད་པར་བྱེད་དོ། ། ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། །རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་ནད་ཐམས་ཅད་འཇོམས་པར་བྱེད་དོ། །དབེན་པར་འདུག་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་བསྔགས་པ་བྱས་ན། གང་གི་ཚེ་གཡོན་པ་འགུལ་བར་གྱུར་པ་དེའི་ཚེ། བསམས་པའི་དགོས་པ་འགྲུབ་པར་སྟོན་པ་ཡིན་ནོ། །གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ། །ༀ་མོ་ཙ་ནི་མོ་ཙ་ཡ། མོ་ཀྵ་ནི་མོ་ཀྵ་ཡ། ཛཱི་བཾ་བར་དེ་སྭཱ་ཧཱ། འདིས་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན། སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །བཅིངས་པ་ལ་མངོན་དུ་ཕྱོགས་པར་བྱེད་པས། ལན་བདུན་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམས་གྲོལ་བར་བྱེད་དོ། ། གུར་གུམ་མམ་གི་ཝང་གིས་གྲོ་ག་ལ་མངོན་པར་བྲིས་ཏེ། བཅིངས་པའི་མགོ་བོ་ལ་བཏགས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །རྟག་ཏུ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། །ༀ་ཧ་རི་མརྐ་ཊ་ནཱ་མ། ས་ཧཱ་སྲ་བཱ་ཧུཿ། དེ་བ་ད་ཏ་ཏཾ། བན་དྷ་ནཱན་མོཀྵཱ་ཡ་སྭཱ་ཧཱ། རྡོ་རྒྱུས་ལ་


DKG089_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བསྔགས་པས་སའི་སྟེང་དུ་ཡང་དང་ཡང་དུ་བྲིས་ཏེ། ལུགས་ལས་བཟློག་པས་ཕྱིས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ལོ་མ་ལ་མིང་དང་སྔགས་སུ་བཅས་པ་མངོན་པར་བྲིས་ཏེ། མགོ་བོ་ལ་བཏགས་ན་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ། །ༀ་ཏཱ་རི་ཎི་ཏཱ་ར་ཡ། མོ་ཙ་ནི་མོ་ཙ་ཡ། མོ་ཀྵ་ནི་མོ་ཀྵ་ཡ། ཛཱི་བྃ་བ་ར་དེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་། ལན་བདུན་མངོན་པར་བསྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུར་རོ། །ལན་བདུན་མངོན་པར་བསྔགས་པའི་ཆུ་འཐུངས་ན། མངལ་འཁྱིམ་པ་བདེ་བར་བཙའ་བར་བྱེད་དོ། །རྟག་ཏུ་བཟླས་པས་བདག་དང་གཞན་འཆིང་བ་ལས་ཐར་བར་འགྱུར་རོ། །སྐེའམ་དཔུང་པ་ལ་བསྲུང་བ་བཏགས་པས་འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། །ༀ་ཏཱ་རེ་ཏུཏྟྭ་རེ་ཏུ་རེ་མོཀྵ་ཡ་ཛཱི་བཾ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔར་སྨོས་པའི་བྱ་བ་བྱེད་པར་འགྱུར་རོ། །གུར་གུམ་གྱིས་གྲོ་ག་ལ་གང་གི་མིང་སྨོས་པའི་སྔགས་མངོན་པར་བྲིས་ལ་སྤྲ་ཚིལ་དུ་གཏུམས་ཏེ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་གསར་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང་འཐབ་མོ་དང་རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །གུར་གུམ་གྱི་གྲོ་ག་ལ་གང་གིས་མིང་སྨོས་པ། ༀ་ཨེ་རཎྜ་སྱ་བ་ནེ་ཀཱ་ཀོ །རང་གཱ་ཏཱི་ར་མུ་ཡ་སྠི་ཏཿཡི་བ་ཏུ་དཱུ་ཏ། ཡཱ་ནཱི་ཡམྤི་ཤལྱཱ་བྷ་བ་ཏུ་གུརྦི་ཎཱི། ༀ་ཨེ་རཎྜ་བ་ནེ་ཀཱ་གཿགངྒཱ་ཏཱི་ར་མུ་བ་སྠི་ཏཿཔི་བ་ཏུ་དཱུ་ཏཿསཱ་ནཱི་ཡམྦི་ཤལྱཱ་བྷ་བ་ཏུ་གུརྦྦི་སྭཱ་ཧཱ། ལན་བདུན་མངོན་པར་བསྔགས་པའི་ཆུ་ཁྱོར་བ་གསུམ་ཕོ་ཉར་འོངས་པས་འཐུངས་ན། སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །ༀ་ཨ་མ་ར་ཎི་ཛཱི་བན་ཏི་ཡེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་བསྔགས་པའི་ཆུ་འཐུངས་ན་འབྲུམ་བུ་འོང་བར་མི་འགྱུར་རོ། །ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང་སྤྲེའུ་དུག་དང་སྦྲུལ་དུག་ལ་སོགས་པའི་རྨ་ལ་ཡུང་བ་དང་ཨ་རུ་ར་དང་རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །ནད་དང་རྣམ་པར་འཚེ་བ་


DKG089_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྔགས་མདུད་བཅིངས་ན་ཞི་བར་བྱེད་དོ། །རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །མར་དང་ཏིལ་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ། །མངོན་པར་བསྔགས་པའི་སྨན་གྱི་བཏུངས་པས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། །ལན་བརྒྱ་བཀྲུས་པའི་མར་ལ་མངོན་པར་བསྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །མགོའི་ནད་ལ་ཏིལ་མར་ལ་བསྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ། །གདུག་པའི་རྨ་ལ་ཆུ་ལ་བསྔགས་ནས་གཏོར་བས་སོས་པར་འགྱུར་རོ། །སྤྲི་ཧའི་ནད་ལ་བེ་དང་ལ་སོགས་པའི་མཚོན་གྱིས་གཏུབས་ན་སྤྲི་ཧ་བཅད་པར་འགྱུར་རོ། །ནི་རྒུན་དྷི་དང་ནིམ་པའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་གཅིག་ཏུ་སྦྱར་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བདུག་པས་བདུགས་ན། རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང་། འབྱུང་པོ་དང་། ཤ་ཟ་དང་། ཚངས་པ་དང་། སྲིན་པོ་ལ་སོགས་པ་སེལ་བར་འགྱུར་རོ། །བུད་མེད་བུ་ཤི་བས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །གྲོ་ག་ལ་བྲིས་པའི་སྔགས་རྐེད་པའམ་དཔུང་པ་ལ་བཏགས་པས་མངལ་སྲུང་བར་འགྱུར་རོ། །སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །ༀ་པཱ་ད་ཙཱ་ལ་ནེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཆོ་གས་ལེགས་པར་བསྒྲུབས་ན་ལས་ཐམས་ཅད་བྱེད་དོ། །ཕོལ་མིག་གི་འཇིགས་པ་ལ་མངོན་པར་བསྔགས་པའི་ཆུ་འཐུངས་ན་ཕོལ་མིག་མེད་པར་འགྱུར་རོ། །གྲོ་གའམ་ཤོག་གུ་ལ་བྲིས་ཏེ་སྒོ་ལ་བཏགས་པས་ཕོལ་མིག་མེད་པར་འགྱུར་རོ། །འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས་པའི་ཏིལ་གྱི་སྦྱིན་སྲེག་གིས་སྲུང་བ་ཆེན་པོ་ཡིན་ནོ། །ཁྭའི་སྒྲོ་ལག་པས་བཟུང་སྟེ་བཟླས་པ་ཁྲི་བྱས་ལ་གང་གི་ཁང་པའི་སྟེང་གི་ལོགས་སུ་སྦས་པས་དེ་འབྱེར་བར་བྱེད་དོ། །ༀ་པི་ཤཱ་ཙི་པརྞྞ་ཤ་ཝ་རི་སརྦོ་


DKG089_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

པ་དྲ་བ་ནཱ་ཤ་ནི་སྭཱ་ཧཱ། རིག་པ་ཆེན་མོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་། ལས་ཐམས་ཅད་(བྱད,བྱེད)་པར་འགྱུར་རོ། །སྦྱིན་སྲེག་གམ་བཟླས་པའམ་ཁྲུས་སམ་སྔགས་མདུད་དམ་མངོན་པར་བསྔགས་པའི་ཆུ་འཐུངས་པའམ་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །གྲོ་ག་ལ་གུར་གུམ་གྱིས་བྲིས་པའི་སྔགས་སྐེའམ་དཔུང་པ་ལ་བཏགས་ན་རྩོད་སྦྱོང་ལ་རྒྱལ་བ་ཐོབ་པར་འགྱུར་ཞིང་། རིམས་ཉིན་བཞི་པ་ལ་སོགས་པ་མི་བཟད་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་། འཐབ་པ་དང་འཁྲུག་པ་དང་རྩོད་པ་དག་ལས་རྒྱལ་བ་སྒྲུབ་པར་བྱེད་དོ། །སྟག་དང་ཆུ་སྲིན་དང་ལྟོ་འཕྱེ་ཆེན་པོ་དང་རྐུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ༀ་ཨཱཪྱ་ཏྲྀ་ཏཱི་ཡཱ། ཨ་མུ་ཀ་སྱ་ཙཀྵུ་སྟམྦྷ་ཡ་ཏི་ཋཿཋཿསྭཱ་ཧཱ། ཚེས་གང་ལ་མིག་ན་བར་གྱུར་པ་དེ་ལ་རྩིག་པའམ་སྤང་ལེབ་ལ་རྡོ་རྒྱུས་ཀྱིས་ཚེས་བྲིས་ལ་ཡི་གེ་ཨེ་ཁ་སྦྱར་གསུམ་དུ་བྱའོ། །ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བཟླས་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་པར་བྱེད་དོ། །འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་ལ་སོགས་པས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ། །ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་ལ་བཏགས་པས་གསར་དུ་བཙས་པའི་བྱིས་པ་སྲུང་བར་བྱེད་དོ། །སྤྲ་ཚིལ་གྱིས་གཟུགས་སོར་བཞི་པ་བྱས་པ་དེའི་སྙིང་གར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་མངོན་པར་བྲིས་ཏེ་བཅུག་ལ་དེའི་ཁ་ལ་ཚེར་མ་བཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པར་འགྱུར་རོ། །རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་བྱེད་དོ། །སྙིང་ག་ལ་བཙུགས་ན་ཁྲོ་བ་འཇོམས་པར་བྱེད་དོ། མིའི་རྗེ་ངར་གྱི་རུས་པའི་ཕུར་བུའམ། ལྕགས་ཀྱི་ཕུར་བུས་གདབ་པར་བྱའོ། །མིང་ནས་བཟུང་ཞིང་ཡན་ལག་གང་དང་གང་ལ་ཕུར་བུས་གདབ་པ་དེ་དང་དེ་འཇིག་པར་འགྱུར་རོ། །དགྲ་བོའི་སྒོའི་འོག་ཏུ་སྦས་ན་འབྱེར་བར་བྱེད་དོ། །དུར་ཁྲོད་ཀྱི་ཐལ་བ་ལ་


DKG089_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་བསྔགས་པས་སྒོའི་ཡ་ཐེམ་ལ་གཏོར་ན་འབྱེར་རོ། །རལ་གྲི་ལ་མངོན་པར་བསྔགས་ལ་གཡུལ་དུ་འཇུག་ན་རྒྱལ་བ་སྒྲུབ་པར་བྱེད་དོ། །བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ། །སྔགས་པ་དགེ་བའམ་མི་དགེ་བའི་ལས་གང་འདོད་པ་བཟླས་པ་ཙམ་གྱིས་བྱེད་དོ། །ༀ་ཀ་སྱེ་སྤནྡ་སྤནྡ་ཏྭཾ། སཱུ་ནྱ་བེ་ཤྨ་ནི་མ་མ་ཏྭ་ཐཱ་སྤནྡ་ཡ་སྠ། སྤནྡ་སི་བ་ཛ་ཎི་སྭཱ་ཧཱ། ༀ་ཀཱ་ཤི་སྤནྡ་ཀ་ཤེ་སྤནྡ་ཏྭཾ་ནྱེ་ཤཱུ་ནྱ་བེ་ཤྨ་ནི་ཨ་སྨ་ཀརྞྞ་ཏ་ཐཱ་སྤནྡ་ཡ་ཐཱ་སྤནྡ་སི་བ་ཛ་ཎ་སྭཱ་ཧཱ། མིག་འགུལ་བར་གྱུར་ན་བྱབས་པས་ཞི་བར་བྱེད་དོ། །ༀ་ཛཾ་བྷེ་མོ་ཧི་ཧྲི་ད་ཡ་མཱ་བརྟཱ་ནི་ཧཱུཾ་ཕཊ་སྭཱ་ཧཱ། །སྔགས་ཀྱི་རྒྱལ་པོ་འདི་ཐོ་རངས་བྱ་རོག་སྒྲ་མི་གྲག་པའི་དུས་སུ། ལན་བདུན་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྒྱལ་ལ་བ་མར་དང་པདྨ་དཀར་པོའི་སྐུད་པའི་སྡོང་པོས་དུ་བ་བླངས་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་བྱས་པ་དེས་མིག་ལ་བསྐུས་པས་བུད་མེད་ཐམས་ཅད་ཡིད་འཕྲོག་པར་བྱེད་དོ། །རྒྱལ་ལ་ཁ་ཐུར་དུ་བལྟས་པའི་མེ་ཏོག་གི་རྩ་བ་དང་ཤི་རི་ཁཎྜ་དག་སྦྱར་ལ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ་དེས་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པ་དེ་རབ་ཏུ་སད་པར་བྱེད་དོ། །ཀུ་ཅོ་དང་འཐབ་པ་དང་རྩོད་པ་དག་ལས་རྒྱལ་བར་འགྱུར་རོ། །ཆོ་ག་བཞིན་རྟག་ཏུ་བཟླས་པས་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད་དོ། །ༀ་སྟཾ་བྷ་ནི། སྟཾ་བྷ་ཡ།ཛཾ་བྷ་ནི། ཛཾ་བྷ་ཡ། མོ་ཧ་ནི། མོ་ཧ་ཡ། རཀྵ་ནི་ཎི། རཀྵ་ཡ་མཱཾ། བར་དི་སིདྡྷ་ལོ་ཙ་ནི་སྭཱ་ཧཱ། སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ། །དཔའ་བོ་གཅིག་པུ་གྲུབ་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་དང་པོ་རྫོགས་སོ།། །།རབ་སད་ལེགས་པར་སངས་རྒྱས་པའི། །སློབ་མ་ཡོན་ཏན་གཞི་ཡིན་པ། ། བླ་མ་ལ་གུས་མཁས་པ་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ། །ༀ་ན་མོ་བི་མ་ལ་ཙནྡྲཱ་ཡ། དེ་བ་པུ་ཏྲཱ་ཡ། ས་ཏྱེ་ན་དྷྲི་ཡ་ཏི་ལོ་ཀཿས་ཏྱེ་ན་པ་རི་གྲྀ་ཧྱ་ཏེ་ས་ཏྱེ་ན་དྷརྨཿསྠི་ཏོ་ལོ་ཀཿ་ས་ཏྱེ་བྲཧྨ་ས་ཏཱན་ནཾ། ས་ཏྱཾ་བུདྡྷཤྩ་དྷརྨ་ཤྩ་སཾ་གྷཤྩ་གུ་ཎ་སཱ་ག་རཿ་ཨ་ནེ་ནས་ཏྱཾ་བཱ་ཀྱེ་ན་ཀྵི་པྲ་མཱ་བི་ཤ་དརྦ་ཎེ།


DKG089_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཏདྱ་ཐཱ། ༀ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མེ་རུ་མནྡ་ར་པྲ་ཏི་ཀཱ་ས་ཨཱ་བི་ས་ཨཱ་བི་ཤ ཀཻ་ལཱ་ས་ཀཱུ་ཊ་པུ་ཏྲཱ་ཡ་ནམཿ་སྭཱ་ཧཱ། ཡན་མ་ཡཱ་ཙིན་ཏི་ཏཾ་ཀཱརྱཾ་ཏ་ཏ་སརྦ་བྲུ་ཧི་ཏ་ཏྭཱ་ཏ། ཨཱཏྨཱ་ཎྦཱཾབཱ་པ་རཱ་བཱ་ཤུ་བྷམྦཱ་ཡ། དི་བཱ་ཤུ་བྷཾ། ནང་པར་གཙང་བའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ་པ་བཞག་ལ། ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེ་བ་བྱས་ནས་མེ་ལོང་ལ་མངོན་པར་བསྔགས་ཏེ། ཁྱེའུ་འམ་བུ་མོ་ལེགས་པར་ཁྲུས་བྱས་ལ་གོས་ལེགས་པར་བཀྲུས་པ་བསྐོན་ཅིང་། ཙནྡན་དཀར་པོའི་ལྡེ་གུས་ཡན་ལག་བྱུགས་ལ་མེ་ཏོག་དྲི་ཞིམ་པོའི་ཕྲེང་བ་མགུལ་དུ་བཏགས་པ། གྲོང་བའི་ཆོས་ཀྱིས་རབ་ཏུ་མ་ཉམས་པ་ལ་བསྟན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པར་སྟོན་པར་འགྱུར་རོ། །དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ། བཅོམ་ལྡན་འདས་དང་ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། བརྒྱ་རྩ་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམས་པ་བཞིན་སྟོན་པར་འགྱུར་རོ། །རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུར་རོ། །ༀ་ཤྲ་བ་ཎ་པི་ཤཱ་ཙི་ནི་མུཎྜེ་སྭཱ་ཧཱ། བ་རུ་རའི་ཤིང་ངམ་ནྱ་གྲོ་དྷའི་ཤིང་གི་རྩ་བར་འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་གྲུབ་པར་འགྱུར་རོ། །དགོངས་ཉལ་ཀར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ན། རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ། །ༀ་ན་མཿ་སཔྟཱ་ནཱཾ། སམྱཀྶཾ་བུདྡྷ། ཀོ་ཊཱི་ནཱཾ། ཏདྱ་ཐཱ། ༀ་ཙ་ལེ་ཙུ་ལེ། ཙུནྡ་སྭཱ་ཧཱ། བཱིཪྱ་ས་ཏྱ་པཱ་དི་ནི་བ་ར་དེ་ཀ་ཐཱ་ཡ་སྭཱ་ཧཱ། གོང་དུ་བཤད་པའི་ཆོ་གས་མེ་ལོང་ངམ་རལ་གྲིའམ་མར་མེའམ་ཆུ་སྣོད་ལ་སྟོན་པར་བྱེད་དོ། །ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ལ་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །ༀ་མུ་ཙི་ལི་སྭཱ་ཧཱ། མོ་ཧ་ནི་སྭཱ་ཧཱ། དན་ཏི་ལི་སྭཱ་ཧཱ། གསང་སྔགས་འདི་ཁྲི་བཟླས་ན་འགྲུབ་


DKG089_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་ཆུས་གདོང་བཀྲུས་ཏེ། དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན་བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ། །ཨོཾ་པྲ་ཛྭཱ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་འདི་ལན་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །གོང་དུ་སྨོས་པའི་ཆོ་གས་དགེ་བ་དང་མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ། །ༀ་ནམཿས་མནྟ་བུདྡྷཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཀུ་མཱ་ར་རཱུ་པི་ཎཾ་དརྴ་ཡ། ཨཱཏྨཱ་ནཱཾ། བི་བྷཱུ་ཥི་ཏ་མེ་ད་པར་བེ་བྷཱུ་ཏིཾ་ཥི་ཏ་ས་མུད་བྷཱ་བ་ཡ། སྭ་པ་ནཱཾ་ནི་བེ་ད་ཡ། ཡ་ཐཱ་བྷཱུ་ཏཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྲིས་སྐུའམ་ལུགས་མའི་མདུན་ནམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ། བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་གིས་ཀྱང་མཐོང་བར་འགྱུར་རོ། །ༀ་ཀརྞྞ་བི་ཤཱ་ཙི་ཀརྞྞ་མེ་ཀ་ཐཱ་ཡ་ཧུྃ་ཕཊ། ཤ་ཟའི་ཤིང་གི་དྲུང་གི་རྩ་བར་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་། དེ་ཉིད་དུ་མི་སྨྲ་བར་འདུག་སྟེ། ཤ་དང་ཉ་ཤ་དང་མི་ཤ་དང་འཛམ་བུ་ཏི་ཀ་ལ་མངོན་པར་བསྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་སྔགས་བཟླས་ན། ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོང་བ་འགྲུབ་པར་འགྱུར་ཞིང་། དེ་ལ་སོགས་བ་སྲིད་པ་གསུམ་གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ། །ཞག་ཉི་ཤུ་རྩ་གཅིག་ལ་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ༀ་ཙ་ཏུརྦྷུ་ཛ་ཙ་ཏུརྨུ་ཁ་ཥཊ་མུ་ཁ། བི་ཀྲི་ཏཱ་ནན་ཀརྞྞ་པི་ཤཱ་ཙི་མ་ཨ་ཀཱཪྵ་ཡ་ཧུྃ་ཕཊ། དུར་ཁྲོད་དུ་གཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན་ཞག་བདུན་ནས་ཤ་ཟ་རྣ་སྒྲོགས་འགྲུབ་པར་འགྱུར་རོ། །ༀ་བུདྡྷ་ཙུ་རུ་མཱ་ཙུ་རུ་ཀེ་སྭཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ་རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པ་ཆོ་ག་ཁྲི་བཟླས་ལ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་


DKG089_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ། བདག་གང་ནས་སྐྱེས་པར་གྱུར་གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་བར་ཐེ་ཚོམ་མེད་དོ། །གལ་ཏེ་ཟླ་བ་དྲུག་གི་ནང་རོལ་ཏུ་འཆི་བར་འགྱུར་ན་དེའི་ཚེ་རྨི་ལམ་དུ་བདག་གམ་གཞན་གྱི་མགོ་བོ་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་མངོན་པར་བསྔགས་པའི་མེ་ལོང་བལྟས་པ་ན་ཁྱེའུ་འམ་བུ་མོ་གང་གི་མགོ་བོ་མཐོང་བར་མ་གྱུར་པ་དེའི་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ། །རྡོ་ལིག་བུ་མིག་དང་ཤིང་ཨ་གས་ཏི་དཀར་པོའི་རྩ་བ་རེང་བུར་བྱས་ཏེ། བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བྱུགས་ན། གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་གཉིས་དང་རྐང་བཞི་དེ་དག་ཐམས་ཅད་ཀྱི་མགོ་བོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ༀ་སྭཔྣ་བི་ལོ་ཀི་ནི་སིད་དྷ་ལོ་ཙ་ནི་སྭཔྣཾ། མེ་ཀ་ཐཱ་ཡ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་གོང་ནས་སྨོས་པའི་ཆོ་གས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ༀ་ཨ་དི་ཏི་དེ་བ་དཏ་ཏཾ། མེ་དེ་ཧི་ད་དཱ་བ་ཡ་སྭཱ་ཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱེད་དོ། །ཡི་གེ་འབུམ་བཟླས་པ་བྱས་པ་པྲི་ཡང་ཀུའི་མེ་ཏོག་གམ་པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ་གྱིས་དཔལ་ཆེན་པོ་གྲུབ་པར་བྱེད་དོ། །མཚན་མོ་འོ་མ་ཅན་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ནས། གྲོང་གང་གི་ཆེད་དུ་སྦྱིན་སྲེག་བཟླས་པ་བྱེད་པ་དེ་རྙེད་པར་འགྱུར་རོ། །པདྨ་རྣམས་སམ་བིལ་པ་རྣམས་ཀྱི་འབྲས་བུའི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་སུ་སྐྱེས་པ་རྒྱལ་སྲིད་རྙེད་པར་འགྱུར་ཞིང་གཞན་དག་གིས་དཔལ་ཆེན་པོ་ཐོབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ། །ༀ་ཛ་ཡེ། བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། སྲིང་མོ་བཞིའི་སྙིང་པོའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན། གོང་དུ་བཤད་པའི་ཆོ་གས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ༀ་མེ་གྷོལྐཱ་ཡ་སྭཱ་ཧཱ། པ་ལ་ཤའི་མེ་ཏོག་གམ་ཡམ་ཤིང་གིས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་


DKG089_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བས་ཀྱང་གང་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ། །ༀ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ་མ་ཧཱ་ལཀྵྨི་ར་ཛྱྃ་མེ་དེ་ཧི་བར་དེ་སྭཱ་ཧཱ། གསང་སྔགས་འདི་ནི་དཔལ་ཆེན་པོའི་སྙིང་པོའོ། །རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་འགྲུབ་པར་འགྱུར་རོ། །རས་བལ་གྱི་ས་བོན་གྱི་ཚད་ཙམ་གུ་གུལ་གྱི་རི་ལུ་མངར་གསུམ་ལ་བཏགས་པའི་སྦྱིན་སྲེག་འབུམ་མམ་པདྨའི་སྦྱིན་སྲེག་འབུམ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ། །ༀ་ནན་ཏུ་ནར་ནི་བ་ར་དེད་ནི་བར་དེ། གི་ནི་ཀི་ཎི་ཁི་ཎི། ལ་ལ་ཁི་ཎི་ལ་ཁི་ཎི། ཤྲི་ཡཾ་མེ་ད་ད་བཽ་ཥ་ཊ་སྭཱ་ཧཱ། དགའ་བྱེད་མའི་སྔགས་ཀྱི་རྒྱལ་པོ་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ༀ་ཛམ་བྷེ་མོ་ཧེ་སྭཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་ལ་ཀ་ར་བཱི་རའི་མེ་ཏོག་གིས་མངོན་པར་མཆོད་དེ། སྔགས་ཀྱི་རྒྱལ་པོ་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ༀ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ༀ་ཤྲཱི་བ་སུ་སྭཱ་ཧཱ། ༀ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ༀ་ཤྲཱི་བ་སུ་མུ་ཁཱི་སྭཱ་ཧཱ། ༀ་ཤྲཱི་བ་སུ་མ་ཏི་ཤྲཱི་ཡེ་སྭཱ་ཧཱ། བདག་ཉིད་ཛམྦྷ་ལའི་གཟུགས་སུ་བསྒོམ་ལ། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷཱ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ན་ལྷ་མོ་བཞིས་བསྐོར་བ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་ཀྱི་སྙེ་མ་བསྣམས་པ་བསྒོམས་ལ་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ཁྲུ་དོ་པའི་ཚད་དུ་བྱས་ལ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་གིས་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་། ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་བྱེད་དོ། །གུ་གུལ་གྱི་རི་ལུའི་སྦྱིན་སྲེག་འབུམ་བྱས་ན། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ༀ་བ་


DKG089_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དྷཱ་རི་ཎི་ཨ་མུ་ཀེ་ཀ་ནྱཱཾ་མེ་དེ་ཧི། དཱ་པ་ཡ་སྭཱ་ཧཱ། སྔགས་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་བཟླས་པ་བྱས་ན། མངོན་པར་འདོད་པའི་བུ་མོ་ཐོབ་པར་འགྱུར་རོ། །མཚན་མོ་འོ་མ་ཅན་གྱི་ཡམ་ཤིང་གིས་གྲོང་གི་མིང་ནས་སྨོས་ནས་སྦྱིན་སྲེག་འབུམ་བྱས་ན་གྲོང་རྙེད་པར་འགྱུར་རོ། །ༀ་བ་སུ་དྷ་རི་ཎི་སྭཱ་ཧཱ། ༀ་ཙནྡྲ་ཀཱན་ཏྱཻ་སྭཱ་ཧཱ། ༀ་དཏྟྭ་ཡཻ་སྭཱ་ཧཱ། ༀ་བ་སུ་དཏྟྭ་ཡཻ་སྭཱ་ཧཱ། ༀ་ཨཱ་རྱཱ་ཡཻ་སྭཱ་ཧཱ།ༀ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ༀ་གུཔྟཱ་ཡཻ་སྭཱ་ཧཱ། ༀ་དེ་བྱཻ་སྭཱ་ཧཱ། ༀ་སྭ་ར་སྭ་ཏྱཻ་སྭཱ་ཧཱ། གསེར་གྱི་བྱང་བུའམ་དངུལ་གྱི་བྱང་བུའམ་ཟངས་མའི་བྱང་བུའི་མེ་ཏོག་ལ་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར། ཤར་ལ་སོགས་པའི་འདབ་མ་ལ་ཙནྡྲ་ཀཱ་ནྟྱཱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་སྦྲང་རྩི་དང་ཀ་ར་བཅུག་སྟེ། གོང་དུ་བཤད་པའི་ཆོ་གས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ། །དབུས་སུ་ནི་ༀ་ཛམྦྷ་ལ་ཛ་ལེནྡུ་ཡ་སྭཱ་ཧཱ། ཕྱོགས་སུ་ནི་ༀ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ༀ་པཱུརྞྞ་བྷ་དྲཱ་ཡ་སྭཱ་ཧཱ། ༀ་དྷ་ན་དཱ་ཡ་སྭཱ་ཧཱ། ༀ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། མཚམས་སུ་ནི་ༀ་ཀི་ལི་མཱ་ལི་སྭཱ་ཧཱ། ༀ་ཙི་བི་ཀུཎྜ་ལི་ནི་སྭཱ་ཧཱ། ༀ་མུ་ཁེནྡུ་ཡ་སྭཱ་ཧཱ། ༀ་ཙ་རནྡུ་ཡ་སྭཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །བཅོམ་ལྡན་འདས་ནི་བ་སུ་དྷཱ་རི་དང་བཅས་པ་གསེར་གྱི་མདོག་ཅན། ནེའུ་ལེ་དང་བཱི་ཛ་པཱུ་ར་ས་བོན་གྱིས་བཀང་བ་ཕྱག་ན་བསྣམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང་། གནོད་སྦྱིན་གྱི་དབང་པོ་དང་བཅས་པ་ལ། དུས་གསུམ་དུ་མཆོད་པ་བྱས་ནས། བསྒོམས་ཤིང་བཟླས་པ་བྱས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། །ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང་བྱ་རོག་གི་སྐད་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ། བཟླས་པ་བྱས་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཡང་ན་གསེར་ལ་སོགས་པའི་བྱང་བུ་ལ་བ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང་། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་


DKG089_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྲིས་ལ། ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན། གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གཉིས་པ་རྫོགས་སོ།། །།ༀ་བཛྲ་ཏཱིཀྵྞ། དུཿཁཙྪེ་ད་པྲ་ཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ནམཿ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པ། སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། གཡས་ཀྱིས་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ༀ་ཨཱ་དྱ་ནུད་པན་ན་པྲ་ཀྲྀ་ཏེ། པྲ་བྷཱ་སྭ་རཾ། སུ་བི་ཤུདྡྷ། དྷརྨ་དྷཱ་ཏུ། ཏྲི་སཔྟཱ་ཧཱ་ཏ་སྭ་ར་སྭ་ཏི་པཱ་ཎི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་ཞིང་། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུར་རོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པ། ཐོ་རངས་འོ་མའམ་མར་རམ་ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་འཐུངས་ན་གླེན་པ་དང་དིག་པ་མེད་པར་བྱེད་དོ། །ཁུ་བྱུག་དར་མའི་སྐད་དང་འདྲ་བར་དབྱངས་སྙན་ཅིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ༀ་བཱ་ཀྱེ་དཾ་ནམཿ། རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་སྐེ་བ་ཙམ་གྱིས་ཆུ་ལ་རྒལ་ལ་ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང་། །ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། ཕུན་པ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་


DKG089_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །སྨན་བྷྲ་མའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ། མར་རམ་རང་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། ། ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་ཇི་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང་། རྡོ་རྗེ་དང་། རྩེ་གསུམ་པ་དང་། མདའ་དང་། ཐོ་བ་དང་། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་། རིག་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ། །ཡང་ན་མིག་སྨན་ནམ་ཐིག་ལེའམ་རྐང་པ་བསྐུ་བའམ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། །འོ་ཐུག་གམ་ཞོ་དང་ཟན་ནམ་མར་དང་བཅས་པ་ཁར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨྲ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ། །པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་བསྒྲུབ་པར་བྱེད་པར་འགྱུར་རོ། །ༀ་ཧྲཱིཿཧཱུཾ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ། །ༀ་ཧྲཱིཿམ་ཧཱ་མཱ་ཡཱང་གེ་མ་ཧཱ་སཱ་ར་སྭ་ཏྱཻ་ནམཿ། རྗེ་བཙུན་


DKG089_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་མ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ༀ་པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿ། སརྦ་དྷརྨཱཿཔྲ་ཀྲཱི་ཏྱཱ། པ་རི་ཤུདྡྷོ྅ཧྃ། ས་བཱ་ཧྱཱ་བྷྱན་ཏ་ར་ན་མ་ཨི་ཏི། ཞེས་བྱ་བས་ཕྱི་དང་ནང་དུ་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་སྣ་ཚོགས་པ་དང་བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པར་བསམ་ལ། པདྨ་དཀར་པོ་ཁྲུ་བདུན་པའི་ཚད་དང་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་གྱིས་རྣམ་པར་མཛེས་པ། བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན། གཅིག་ཏུ་གཞན་ལ་ཕན་འདོགས་པས་བཞུགས་པ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཙནྡན་དཀར་པོའི་ལྡེ་གུས་བྱུགས་ཤིང་མེ་ཏོག་གིས་མཛེས་པར་བརྒྱན་པ། ན་བཟའ་དཀར་པོ་དང་མུ་ཏིག་གི་ཕྲེང་བས་ཐུགས་ཀ་མཛེས་པར་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་སྐུ་ལས་ཡོངས་སུ་སྤྲོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་ན་ཚོད་དུ་འཁྲུངས་པའི་སྐུ་ཅན། ངག་གི་དབང་ཕྱུག་མ་ཆེན་མོར་བདག་ཉིད་རྣམ་པར་བསམ་མོ། །མདུན་དུ་ཤེས་རབ་མ་དང་གཡས་སུ་ཡིད་གཞུངས་མ་དང་། རྒྱབ་ཏུ་བློ་མ་དང་། གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་ལྷ་མོ་རྣམ་པར་བསམ་པར་བྱའོ། །དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ༀ་མདོག་དཀར་པོ་རྣམ་པར་བསམས་ལ་དེ་ལས་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི་འཆད་པའི་འབྱུང་བར་རྣམ་པར་བསམ་ཞིང་། གཅིག་པུ་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་ངེས་པར་བདག་ཉིད་ཀྱི་ལྟེ་བའི་དབུས་ན་གནས་པ་མི་སྨྲ་བས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་འཐོབ་པར་འགྱུར་ཞིང་ཟླ་བ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར་རོ། །ར་ཡི་འོ་མ་ཨ་རུ་ཚ་བ་གསུམ། །པ་ཐ་ཤུ་དག་སེ་གྲུ་སེན་དྷ་པ། །ལན་བདུན་སྔགས་པའི་མར་དག་ནི། །འཐུངས་


DKG089_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ན་དབྱངས་ཅན་འགྲུབ་པར་འགྱུར། །ར་ཡི་འོ་མ་བྲེ་བཞི་དང་། །སྨན་རྣམས་སྲང་གཅིག་ཙམ་གྱི་ཚད། །མར་བྲེ་གང་དང་མཁས་པ་ཡིས། །རིམ་གྱིས་མེ་ཆུང་ལ་བསྐོལ་བྱ། །ཟླ་གཅིག་ཙམ་ཞིག་རབ་སྦྱར་ན། །བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་། །ཟླ་དྲུག་ཉེ་བར་ལོངས་སྤྱོད་པས། །ངག་གི་དབང་ཕྱུག་མངོན་སུམ་འགྱུར། །ཤུ་དག་ཤིང་མངར་སེན་དྷ་པ། །ཨ་རུ་བཅའ་ལྒ་ལ་ལ་ཕུད། །རུ་རྟ་པི་པི་ཟི་རར་བཅས། །རྣམ་བཏགས་ངག་ནི་དག་པར་བྱེད། །ལྷ་ལ་མེ་ཏོག་དྲི་བཟངས་སོགས། །ནང་པར་ཡང་དག་མཆོད་ནས་ནི། །ལན་བདུན་སྔགས་བྱས་ཟོས་ནས་ནི། །ཟླ་བ་དྲུག་གིས་ཐོས་འཛིན་བྱེད། །ཟླ་བ་གསུམ་གྱིས་ཚིག་བདག་འགྱུར། །ཟླ་བ་གཅིག་གིས་བློ་ལྡན་ཞིང་། །ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། །དབྱངས་སྙན་པ་ནི་སྐྱེ་བར་འགྱུར། །གངས་ཅན་སྐྱེས་པའི་ཨ་རུའམ། །གངས་ཅན་སྐྱེས་པའི་ཤུ་དག་ལ། །ཐོ་རངས་ལན་བདུན་མངོན་བསྔགས་ནས། །ཟླ་གཅིག་ཟོས་ནས་ཟླ་དེ་ལ། །ཚིག་བདག་པོ་དང་ཡིད་གཞུངས་དང་། །དབྱངས་སྙན་ཤེས་རབ་ལྡན་པ་ཡང་། །སྐྱེ་བར་འགྱུར་ཞིང་ཟླ་དྲུག་གིས། །ཐོས་པ་འཛིན་པར་ཡང་འགྱུར་རོ། །ༀ་བཱགྡཱ་དི་ནི། བཱ་ཙརྨ་ནི་ཡཙྪ་ས་ར་སྭ་ཏཱི་མ་ཧཱ་ཤྭེ་ཏེ་སྭཱ་ཧཱ། པདྨ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི། གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ༀ་ཨརྐ་མཱ་ལི་ནི། ཀི་ཎི་ཀི་ཎི་ཁི་ཎི་ཁི་ཎི་སྭཱ་ཧཱ། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་པོ་ཏི་བསྣམས་པ། ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་ཕྱར་བ། གཞོན་ནུའི་གཟུགས་ཅན་འཇམ་པའི་རྡོ་རྗེར་བདག་ཉིད་བསམས་ལ། མདུན་དུ་ཉི་མའི་ཕྲེང་བ་དབྱངས་ཅན་ཆེན་པོ་དང་རྒྱབ་ཏུ་དཔལ་ཆེན་མོ་དང་གཡས་སུ་སྐྲ་ཅན་མ་དང་གཡོན་དུ་ཉེ་བའི་སྐྲ་ཅན་མ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ། སྔོན་དུ་བསྟན་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས། འབུམ་ཕྲག་བཞི་བཟླས་ལ། དེ་ནས་དབྱངས་ཅན་གྱི་མར་རམ།


DKG089_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བྲཧྨའི་མར་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ། བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ་སྩོལ་བར་ཡོངས་སུ་རྟོག་ཅིང་། ཏིང་ངེ་འཛིན་ལ་གནས་པས་བཏུང་བར་བྱའོ། །དེ་ལ་བྲཧྨའི་མར་འདི་ནི། །བྲཧྨ་ཡི་ཁུ་བ་འོ་མ་དང་། །མར་སྲང་སུམ་ཅུ་རྩ་གཉིས་དང་། ། ཡུང་བ་དང་ནི་མ་ལ་ཏི། །དུར་བྱིད་ཨ་རུ་རར་བཅས་པ། །དེ་དག་ཆ་ནི་སྲང་རེ་དང་། །པི་པི་ལིང་དང་བྱི་དང་ཀ། །སེན་དྷ་བི་དང་ཁ་རར་བཅས། །དེ་དག་སྲང་གི་བཞི་ཆར་ཤེས། །སྨན་རྣམས་དག་ནི་བཏགས་ནས་ཀྱང་། །དེ་ལ་འདི་དག་བླུགས་བྱས་ལ། །དེ་དག་ཐམས་ཅད་ཆ་མཉམ་པ། །མེ་ཆུང་ངུ་ལ་དེ་བསྐོལ་བྱ། །དེ་ནས་འཐུངས་པ་ཙམ་གྱིས་ནི། །བླ་མེད་ངག་ནི་དག་འགྱུར་དང་། །མཚན་བདུན་ཉེ་བར་ལོངས་སྤྱོད་པས། །མིའམ་ཅི་དང་སྐད་མཚུངས་འགྱུར། །ཟླ་གསུམ་ཉེ་བར་ལོངས་སྤྱོད་པས། །མི་ནི་ཤེས་རབ་གནས་སུ་འགྱུར། །ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས། །ཐོས་པ་མཆོག་ནི་འཛིན་པར་འགྱུར། །ཟླ་བ་དྲུག་གིས་མངོན་སུམ་དུ། །མི་ནི་ངག་དབང་མཚུངས་པར་གྱུར། །མཛེ་ནད་བཅྭ་བརྒྱད་དག་དང་ནི། །ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད། །ༀ་ཨ་ནན་ཏ་ཛྙཱ་ན་ཤྲཱི་ཡེ། མཉྫུ་ཤྲཱི་ཡེ་ནམཿ། གོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ། སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན། གོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ༀ་ཨ་ར་པ་ཙ་ན་དྷཱིཿསྭཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ། བཅོམ་ལྡན་འདས་(དག,ངག)་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ། བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་ༀ་སྭ་བྷཱ་བ་ཤུཿསརྦ་དྷརྨ་སྭ་བྷཱ་བ་ཤུད་དྷོ྅ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་སྟོང་པ་ཉིད་མངོན་དུ་བྱས་ནས། པདྨ་དཀར་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱིས་ཡོངས་སུ་གྲུབ་པར་རྣམ་པར་བསམས་ལ། ངག་གི་དབང་ཕྱུག་བདག་


DKG089_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱི་གཡས་སུ་སྐྲ་ཅན་དང་གཡོན་དུ་ཉེ་བའི་སྐྲ་ཅན་མ་རིན་པོ་ཆེའི་པདྨ་བསྣམས་པ་སྐུ་མདོག་དཀར་མོ་རྣམ་པར་བསམ་མོ། །མདུན་དུ་ཉི་མའི་འོད་མདོག་དཀར་པོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤ་ལ་བསྣམས་པ་དང་། རྒྱབ་ཏུ་ཟླ་བའི་འོད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤ་ལ་བསྣམས་པ་རྣམ་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་ག་ལ་འབར་བའི་ཕྲེང་བའི་ཚོགས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་བསམས་ལ། དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ་ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲས་པ། ཡོངས་སུ་གསལ་བར་བྱེད་པ་མྱུར་དུ་འཁོར་བར་བསམ་པར་བྱའོ། །དེ་ལྟར་གོམས་པར་བྱས་པ་ལས་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་དོན་དང་གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང་། ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །ཨ་ར་པ་ཙ་ནའི་འཁོར་ལོའི་ཆོ་གའོ། །ༀ་བཱ་གཱི་ཤྭ་རི་མུཾ། སྔགས་འདི་སྔ་མ་བཞིན་དུ་བཟླས་པས། གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུས་སུ་ཡི་གེ་མུཿདམར་པོ་འབར་བའི་ཕྲེང་བའི་ཚོགས་ཅན་བལྟ་བར་བྱའོ། །ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ། །ༀ་དྷརྨ་དྷཱ་ཏུ། བཱ་གཱི་ཤྭ་རི་མུཾ་སྭཱ་ཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད་དུ་བསམས་ལ། ཡི་གེ་མུཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་རྣམ་པར་བསམ་པར་བྱའོ། །དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེད་པར་འགྱུར་རོ། །ༀ་བཛྲ་ཏཱིཀྵྞ་བ་ར་ད་མུཿསྭཱ་ཧཱ། བདག་ཉིད་ཡི་གེ་མུཿཡོངས་སུ་གྱུར་པ་ལས་མེའི་ཕུང་པོ་ལྟ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བར་བྱེད་པ། ངག་གི་དབང་ཕྱུག་དཔའ་བོ་གཅིག་པུ་གྲུབ་པར་ཡུད་ཙམ་རྣམ་པར་བསམས་ལ། རང་གི་སྙིང་གར་ཡི་གེ་ༀ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པས། འཇིག་རྟེན་གྱི་ཁམས་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམས་པར་བྱས་ནས། ཟླ་བ་དྲུག་ཙམ་གྱིས་ངག་གི་དབང་ཕྱུག་དང་མཚུངས་པར་སྐྱེ་ཞིང་། སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ། །


DKG089_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གསུམ་པ་རྫོགས་སོ།། །།ལ་བཱ་ཎཱཾ་བྷ་སོ་ཤི་ཏཱིཀྵྞོ་སི་ཨུ་ད་གྲོ་སི་བྷ་ཡཾ་ཀ་རཿ། ཨ་མུ་ཀ་སྱ། ད་ཧཱ་གཱ་ཏྲཱ་ཎི། ད་ཧ་མཱ་སྃ། ད་ཧ་ཏྭ་ཙཾ་ན་ཁཱ་ནྱ་བི་ད་ཧ་སྠི་ནི་ཨ་སྠི་ནི་བྷྱོ་མཛྫ་ཀཾ་ད་ཧ། ལ་བཱ་ཎཾ། ཙྪིནྡ་ཏི། ལ་བཱ་ཎཾ། བྷིན་དེ་ཏི། ལ་བ་ཎྃ་པ་ཙ་ཏི། ཤོ་ཎི་ཏཾ་ལ་བ་ཎེ་ཧྲི་ཡ་མཱ་ནེ་ཀུ་ཏོ་ནི་ད་ཀུ་དོ་ར་ཏིཿཡ་དི་བ་ས་ཏི་ཡོ་ཛ་ན་ཤ་ཏེ། ན་དཱི་ནཱཾ་ཙ་ཤ་ཏཱན་ཏ་རེ་ནག་རེ་ལོ་ཧ་པྲཱ་ཀཱ་རེ་ཀྲཱྀཥྞ་སརྡྡ་ཀྲཱྀ་ཏཱ་ཀུ་ལེ་ཏ་ཏྲེ་པ་བ་ས་མཱ་ནི་ཧི་ལ་བ་ཎ་བན་དྷ་པུ་ར་སྐྲྀ་ཏཿ། ༀ་ཙི་ཙི་ཙི་ཅི་བི་ཀློ་ལི་བི་ཀློ་ལི་ཨ་མུ་ཀཾ་སཱ་དྷ་ན་པ་རི་པཱ་རཾ་མེ་བ་ས་མཱ་ན་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ་དེའི་འོག་ཏུ་བསྒྲུབ་པ་བརྩམ་པར་བྱ་སྟེ། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་པའི་རྩ་བར་བཞུགས་པའི་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཕྲེང་བ་དང་ན་བཟའ་དམར་པོའི་རྒྱན་གྱིས་རྗེས་སུ་བྱུགས་པ་ཕྱག་བཞིས་ཞགས་པ་དང་ལྕགས་ཀྱུ་དང་གཞུ་དང་མདའ་བསྣམས་པ་སྒེག་པའི་ཆ་ལུགས་ཅན། གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ་དུས་གསུམ་དུ་ཚྭའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན། ཉི་མ་བདུན་གྱིས་སྐྱེས་པའམ་བུད་མེད་དབང་དུ་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུར་རོ། །ཚྭ་དང་བཙས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བཞི་པའི་ཚད་དུ་བྱས་ལ། སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་དུ་སྔགས་བརྗོད་པས་བསྲོས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུར་རོ། །རྡོ་རྗེ་ཆུ་ལ་སྦངས་པའི་ཚྭ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ། །ༀ་ལ་བ་ཎཱཾ་བྷོ་སི་ཏཱི་ཀྵྣོ་སི་ཨུ་ད་གྲོ་སི་ཧྲྀ་ད་ཡཾ་ག་མ་ཨ་མུ་ཀ་སྱ་ཧྲྀ་ད་ཡཾ། པི་ཏཾ་ནཱ་སྟི། ལོ་ཀི་ཙི་ཀི་ཧ་ས་ཀཿ་ༀ་ཙི་ཊི་ཙི་ཊི། བི་ཀློ་ལི། བི་ཀློ་ལི། མ་ཧཱ་བི་ཀློ་ལི། མ་ཧཱ་བི་ཀློ་ལི། ཨ་མུ་ཀཾ་མེ་བ་ས་མཱ་ན་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ། དུས་གསུམ་དུ་ཚྭ་ཆུ་ཁྱོར་གང་གི་མིང་དང་འཐུངས་ན་དེ་དབང་དུ་འགྱུར་རོ། །ཚྭ་དང་སྐེ་ཚེ་ཆ་མཉམ་པོར་བྱས་པ་གང་གི་མིང་དང་བཅས་དེ་སྦྱིན་སྲེག་བྱས་ན་དེ་དབང་དུ་


DKG089_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ༀ་ཀུ་རུ་ཀུལླེ་སྭ་ཧ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་དབང་དུ་བྱ་བའི་ལས་རྣམས་ཐོགས་པ་མེད་པར་འགུགས་པར་གྲགས་པ་སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ། ཡི་གེ་འབུམ་བཟླས་པ་བྱས་ལ་ཕྱིས་མེ་ཏོག་དང་བདུག་པ་དང་བྱུག་པ་དང་ཕྱེ་མ་དང་སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྤོས་དྲི་ཞིམ་པོས་བདག་ཉིད་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མེ་ཏོག་དམར་པོའི་སྦྱིན་སྲེག་གང་གི་མིང་དང་བྱས་པ་དེ་དབང་དུ་འགྱུར་རོ། །བཟའ་བ་དང་བཏུང་བ་ལ་མངོན་པར་བསྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་ཡུངས་ཀར་དཀར་པོའི་སྦྱིན་སྲེག་བྱའོ། །ཕྱིས་ཚེས་གྲངས་དང་རྒྱུ་སྐར་དང་ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གྲོ་གའམ་གོས་ལ་གུར་གུམ་མམ་གི་ཝང་ངམ་ག་པུར་ལ་སོགས་པ་ཨུཏྤ་ལའི་འདབ་མ་ལྟ་བུའི་རྩིབས་བཅུ་དྲུག་པའི་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ། །འདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ། །ཕྱི་རོལ་ནས་ཡི་གེ་ༀ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དམར་པོས་བཅིངས་ནས། སྤྲ་ཚིལ་གྱི་རང་བཞིན་ཅན་གྱི་གཟུགས་ཀྱི་སྙིང་གའི་དབུས་སུ་བཅུག་ལ། སེང་ལྡེང་གི་མེ་མདག་ལ་དུས་གསུམ་དུ་བསྲོས་ན་རྐང་པས་འགུགས་པར་བྱེད་དོ། །སྐྱེས་པའམ་བུད་མེད་དབང་དུ་བྱེད་ན། ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ། །ཡི་གེ་ཡྃ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམས་ལ། དེའི་སྟེང་དུ་ཡོངས་སུ་གནས་པའི་བསྒྲུབ་པར་བྱ་བ་སྐྲ་མ་བཅིངས་ཤིང་གཅེར་བུ་མགྲིན་པ་ཞགས་པས་བཅིངས་པ་སྙིང་ག་ལ་ལྕགས་ཀྱུ་བསྣུན་པ། རླུང་གི་ཤུགས་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐང་པའི་དྲུང་དུ་ལྷུང་ཞིང་བྱ་བ་ཐམས་ཅད་རྣམ་པར་བསམ་པར་བྱའོ། །གོམས་པར་བྱས་པས་ནམ་མཁའ་ལ་འདྲེན་པར་ཡང་བསྒོམས་པ་ཙམ་གྱིས་འགྱུར་རོ། །མར་དང་སྦྲང་རྩི་ཀ་ར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ།


DKG089_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །པདྨ་དཀར་པོའི་སྐུད་པའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས་སོ་མ་བཏང་བའི་ཁམ་ཕོར་ལ་དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དུར་ཁྲོད་དུ་ཀ་པཱ་ཆེན་པོ་ལ་པདྨ་དཀར་པོའི་སྐུད་པའི་སྡོང་བུ་དང་སྣུམ་ཆེན་པོས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་དུ་བ་བསྒྲུབ་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ། །ཨ་མ་ལེ། བི་མ་ལེ། ཀུ་མ་ཀུ་མེ། ས་མ་ཡེ་ན། བད་དྷོ་སི། བིན་དྭ་ན། བིན་དྭ་ན། ཨིཙྪ། ཨིཙྪ། ཡཱ་དེ་བོ་བརྵ་ཏི། བིངྷྱོ་ཏ་ཡ་ཏི། གརྫྫ་ཏི། གརྫྫ་ཏི།བིསྨ་ཡ་མ་ཧཱ་རཱ་ཛ། ས་མཱ་དྷི་བརྡྷ་ཏ་ཡན་། དེ་བེ་བྷྱོ། མ་ནུ་ཥེ་བྷྱོ། གན་དྷ་ར་བེ་བྷྱོ། ཤི་ཁི་གྲ་ཧཱ་དེ་བ། ཨཱ་ནནྡ་སྱ། གྲ་ཧཱ་ཎཱི་ཡཱ། ཨ་ག་མ་ནཱ་ཡ་ཀྲ་མ་ཎཱི་ཡཱ་ཛུ་ཧོ་མི་ཧ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྙེན་པའི་ཆོ་ག་བྱས་ལ། ཁང་པའི་མདུན་གྱི་དབུས་སུ་བ་ལྕི་བྱུགས་ལ་གྲུ་བཞིར་བྲེས་ཏེ། དཱུར་བའི་གཅལ་བཀྲམ་ནས་མེ་སྦར་ལ། ཨར་ཀའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ནས། སྔགས་བཟླ་ཞིང་མེ་ཏོག་རེ་རེ་མེ་ལ་སྦྱིན་སྲེག་བྱས་ན། འདོད་པའི་སྐྱེས་པའམ་བུད་མེད་འགུགས་པར་འགྲུབ་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱིཛྙཱ་ན་དང་། ལོཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དགེ་སློང་ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ།།

འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས།


DKG089_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱ་ཪྱ་མཉྫུ་ཤྲཱི་སྭཱ་ཁྱཱུ་ཏོ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་བ་ཏེ། དྷརྨ་དྷཱ་ཏུ་ནི་གར་ཛི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་རྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མོ་


DKG089_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ༀ་ཛྙཱ་ནཱ་ལོ་ཀེ། ཏྲི་རཏྣ་བཾ་ཤ་སཾ་དྷཱ་ར་ཎི། བྷ་ག་བ་ཏི། ཨ་བཱ་ཡཾ་དཱ་དི། ཨ་བཱ་ཡཾ་དཏྟེ་མེ་བོ་དྷི་ཙིཏྟ། བཛྲ་པ་རི་པཱ་ལ་ཡ། ས་མནྟ། ཨ་བ་བྷཱ་སེ་ན། ཧ་ན་ཧ་ན་སརྦ་སཏྭ་སཾ་ཏ་ན་པ་ཏི་ཏཾ། ཀླེ་ཤཱ་ནུ་ཙྪེ་དཱ་ཡ། བ་ད་ལ་ཀྵ་ཎ། ཨ་ལཾ་ཀྲྀ་ཏ་ཤ་རཱི་རེ། བོ་དྷི་སཏྭ་ཤི་ཤཱུ་པ་ཏི་པཱ་ལ་ཡ། བུད་དྷཱ་ན་དེ་ཤཱ་ཡ། དེ་བ། ནཱ་ག ཡཀྵ། གནྡྷརྦ། ཨ་སུ་ར། ག་རུ་ཌ། ཀིན་ན་ར། མ་ཧོ་ར་ག །བ་ཤེསྠ་པཱ་ཡ། ཨ་པ་ཡཾ་ད་ད་ཏི་སྭཱ་ཧཱ། གཟུངས་འདིའི་ཕན་ཡོན་ནི་ལན་གཅིག་བརྗོད་པས་ཀྱང་བསྐལ་པ་སྟོང་དུ་ལས་ཀྱི་སྒྲིབ་པ་བསགས་པ་འབྱང་བར་འགྱུར་རོ། །འཆི་ཀར་ཡང་འཕགས་པ་འཇམ་དཔལ་མཐོང་བར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐོར་ཚུགས་ཀྱིས་དབུ་བརྒྱན་པའི་སྐུ་ཡང་མཐོང་བར་འགྱུར་རོ། །མདོར་ན་གཟུངས་འདིའི་ཕན་ཡོན་ནི་མཐའ་ཡས་སོ། །འཕགས་པ་འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ་དང་། ལོཙྪ་བ་བནྡེ་ཀླུའི་དབང་པོས་བསྒྱུར། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིཾ་ཧ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་དེ་བ་ཙནྡྲས་གཏན་ལ་ཕབ་པ།། །།

འཕགས་པ་འཇམ་དཔལ་གྱིས་དམོད་བཙུགས་པ་ཞེས་བྱ་བའི་གཟུངས།


DKG089_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །དེ་ནས་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རིག་པ་མཐོང་བར་བགྱི་སྟེ། རིག་པ་དམ་པ་འདི་སྨྲས་ན་ནི་ངོ་མཚར་དུ་འགྱུར་རོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ། །འཇམ་དཔལ་ཁྱོད་ཀྱིས་རིག་པ་སྨྲོས་ཤིག །བདག་གིས་བཅོམ་ལྡན་འདས་ཀྱིས་གསུང་གིས་སྨྲ་བར་བགྱིའོ། །


DKG089_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཆོས་ཐམས་ཅད་ལ་ཕྱག་འཚལ་ཏེ་མཆོད་པ་བྱས་ནས་རིག་པ་སྨྲས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿན་མོ་མཉྫུ་ཤྲི་ཡེ། བོ་དྷི་ས་ཏྭཱ་ཡ། ཨོཾ་མཉྫ་བར་མཉྫ་གྷོ་ཥ། ཧ་ན་ཧ་ན། པ་ཙ་པ་ཙ། མ་ཏམ་ཏ། མ་ཐ་མ་ཐ། བི་དྷྭཾ་ས་ཡ་བི་དྷྭཾ་ས་ཡ། ཀ་ར་ཀ་ར། ཏྲུ་ཊ་ཏྲུ་ཊ། བྷཉྫ་བྷཉྫ། ཨ་བྷི་ས་ཨ་བྷི་ས། ཏུ་ཊ་ཏུ་ཊ། ཏྲུ་ཊ་ཏྲུ་ཊ། སྥུ་ཊ་སྥུ་ཊ། ཧྲྀ་ད་ཡ་བཾ་དྷ་ནི། ནམཿསཾ་བོ་དྷ་ནི། པྲ་བྷེ་ས། པྲ་བྷེ་ས། ལོ་ཏ་ལོ་ཏ། ཀྲྀ་ཏགྲྀ་ཏ། ཀྲི་ད་ཀྲི་ད། ཀྲི་ཊ་ཀྲི་ཊ། ཧ་ས་ཧ་ས། པྲ་བན་དྷ། པྲ་བན་དྷ། ཨཱ་བི་ཤ་ཨཱ་བི་ཤ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་ཞིག་གིས་ནམ་ཕྱེད་ན་ལན་གསུམ་བརྗོད། ཉི་མ་ལ་ཡང་ལན་བདུན་བརྗོད་པ་བྱས་ན། རིག་པ་ཆེན་མོ་ཐོབ་པར་འགྱུར་རོ། །མི་རྣམས་ཀྱི་ཤོ་ལོ་ཀ་སུམ་བརྒྱ་འཛིན་པར་འགྱུར་རོ། །འདིའི་ཆོ་ག་ནི་ཙནྡན་གྱིས་དཀྱིལ་འཁོར་བྱས་ཏེ། ཞུན་མར་གྱིས་མར་མེས་ཀྱང་མཆོད་ནས་སྟོང་ཕྲག་བརྒྱད་བཟླས་ན་འགྲུབ་པར་འགྱུར། མ་གྲུབ་ཀྱང་ཤོ་ལོ་ཀ་བརྒྱ་ཉི་མ་རེ་རེ་ལ་འཛིན་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་བསྟན་པ་འདིས་མ་གྲུབ་ན་གང་ཞིག་མཚམས་མེད་པ་ལྔ་བྱས་ན་བདག་ཀྱང་དེ་དང་འདྲ་བར་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །འཕགས་པ་འཇམ་དཔལ་གྱིས་དམོད་བཙུགས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཇམ་དཔལ་གྱིས་དམ་བཅས་པའི་གཟུངས།


DKG089_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧ་སཏྭ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ་བི་ར་ཛེ། ཤུད་དྷེ། བི་ཤུད་དྷེ། ཤོ་དྷ་ནི། བི་ཤོ་དྷ་ནི། ཨ་མ་ལེ། བི་མ་ལེ། ཛ་ཡེ། བ་ཧི་ནི། རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་གིས་གཟུངས་འདི་འཆང་བར་བྱེད། ཀློག་པར་བྱེད། སྟོན་པར་བྱེད་པ་དེ་ནི་བློ་རྣོ་བ་དང་ལྡན་པར་འགྱུར་རོ། །ལན་ཅིག་བཏོན་ན་གཟུངས་བརྒྱ་འཛིན་པར་འགྱུར་རོ། །བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་མ་ལུས་པར་བྱང་བར་འགྱུར་རོ། །འབུམ་ཕྲག་གཅིག་བཟླས་ན་རིག་པའི་གནས་ལྔ་ལ་མཁས་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་ན་


DKG089_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ཐོས་པ་འཛིན་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱི་སྐུ་མཐོང་བར་འགྱུར་རོ། །འཇམ་དཔལ་གྱིས་དམ་བཅས་པའི་གཟུངས་རྫོགས་སོ།། །།

འཕགས་པ་འཇམ་དཔལ་གྱི་མཚན་གཟུངས།


DKG089_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ༀ་བཱ་ཀྱེ་ཏེ་ཛཱ་ཡ། ༀ་བཱ་ཀྱེ་ཥ་ཥེ་སྭ། ༀ་བཱ་ཀྱེ་ཁན་ཛ་ཡེ། ༀ་བཱ་ཀྱེ་ནིཥྛ་ཨ། ༀ་བཱ་ཀྱེ་ཡ་ན་མཿༀ་བཱ་ཀྱེ་དཾ་ན་མཿ། འཕགས་པ་འཇམ་དཔལ་གྱི་མཚན་འདི་ཉིད་ལན་ཉི་ཤུ་རྩ་གཅིག་བཟླས་པས་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་ངོ་། །འཕགས་པ་འཇམ་དཔལ་གྱི་མཚན་རྫོགས་སོ།། །།

རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས།


DKG089_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་མཉྫུ་ཤྲཱི་བྷཊྚཱ་ར་ཀ་སྱ་པྲ་ཛྙཱ་བུདྡྷི་བརྡྷ་ན་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲི་ཡེ་ཀུ་མཱ་ར་་ཡ། ཏདྱ་ཐཱ། ༀ་ཨ་ར་ཛེ། བི་ར་ཛེ། ཤུད་དྷེ་བི་ཤུད་དྷེ། ཤོ་དྷ་ནི་བི་ཤོ་དྷ་ནི། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ་བི་མ་ལེ་ཛ་ཡ་བ་ཏི་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། གང་ཞིག་འདི་འཛིན་པ་དེ་ཟླ་བ་གཅིག་གིས་བློ་དང་ལྡན་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གཟུགས་བཟང་བར་འགྱུར་རོ། །ལན་ཅིག་བཀླགས་ན་བསྐལ་པ་སྟོང་གི་བར་དུ་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །བཅངས་པ་ཙམ་གྱིས་སྐྱེ་བ་དྲན་པར་འགྱུར་རོ། །འབུམ་ཕྲག་གཅིག་བཟླས་ན་མཁས་པར་འགྱུར་རོ། །འབུམ་ཕྲག་གཉིས་བཟླས་ན་རིག་པ་འཛིན་པར་འགྱུར་རོ། །འབུམ་ཕྲག་གསུམ་བཟླས་ན་འཇམ་དཔལ་གྱི་ཞལ་མཐོང་བར་འགྱུར་རོ། །གལ་ཏེ་མཚམས་མེད་པ་ལྔ་བྱས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་ང་ཉིད་མཚམས་མེད་པ་ལྔ་བྱེད་པ་ཡིན་ཞིང་། ང་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་གྱུར་ཅིག །རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་ཤེས་རབ་དང་བློ་འཕེལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།

འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཆོ་ག


DKG089_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་གྱི་སྔགས་ཡི་གེ་འབྲུ་གཅིག་པའི་ཆོ་ག །ཏདྱ་ཐཱ། ༀ་ཀྡིཾ྅། གསང་སྔགས་ཡི་གེ་འབྲུ་གཅིག་པ་འདི་རབ་ཏུ་གསང་བ་སྟེ།


DKG089_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཐམས་ཅད་སྒྲུབ་པར་བྱེད་པ། ལས་ཐམས་ཅད་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ། རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་མཛད་པ་སྟེ། སོ་ཤིང་ལ་བསྔགས་ནས་བཅངས་ན་སོ་ན་བ་འབྱང་ངོ་། །མིག་ན་བ་ལ་རྒྱམ་ཚྭ་བཏགས་པ་ལ་ལན་བདུན་བསྔགས་ཏེ་མིག་བཀང་ན་མིག་ནད་སེལ་ཏོ། །མིའི་ཁོང་དུ་མཚོན་གྱི་དུམ་བུ་ལུས་པ་ལ་ཞུན་མར་རྙིང་པ་ལ་ལན་བདུན་ནམ། བརྒྱ་རྩ་བརྒྱད་བསྔགས་ཏེ་བླུད་པའམ། རྨ་ཁར་བསྐུས་ན་མཚོན་གྱི་དུམ་བུ་འབྱུང་བར་འགྱུར་རོ། །ཟས་མ་ཞུ་བ་དང་། སྦོས་ཏེ་གསུད་པ་དང་། ཚད་པས་འཁྲུ་བ་ལ་མུ་རང་ཚྭའམ། རྒྱམ་ཚྭའམ། ཡང་ན་ལན་ཚྭ་གཞན་གང་ཡང་རུང་བ་ལ་ལན་བདུན་བསྔགས་ཏེ་ཟོས་ན་ནད་དེ་ལས་གྲོལ་ཏེ་དེ་ཉིད་ཀྱི་ཉིན་པར་སོས་པར་འགྱུར་རོ། །ཀླད་པ་ན་བ་ལ་བྱ་རོག་གི་སྒྲོ་ལ་ལན་བདུན་བསྔགས་ཏེ་བྱབས་ན་ནད་དེ་སོས་པར་འགྱུར་རོ། །འཇམ་དཔལ་གྱི་ཡི་གེ་འབྲུ་གཅིག་པའི་གཟུངས་རྫོགས་སོ།། །།

བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ།


DKG089_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ། མཐིང་ནག་མཛེས་པས་འཇམ་པར་འཚེར་བའི་དབུ། །ལྕང་ལོ་རྫིངས་བསྐྱོད་མཐིང་གི་མཚོ་ལྟར་གཡོ། །དགེ་བའི་སྤྱི་གཙུག་མཚན་མཆོག་གཡས་སུ་འཁྱིལ། །གཙུག་ཏོར་འཕགས་པས་སྐྱེ་བོས་བལྟར་མི་མཐོང་། །སྲིད་པའི་སྡུག་བསྔལ་མ་ལུས་གཞོམ་པ་དང་། །མཐུ་ཆེན་བྱིན་གྱིས་རྒོལ་བ་གཞོམ་པའི་ཕྱིར། །དབུ་རྒྱན་ཅོད་པན་རྒྱལ་བའི་མཆོག་གསང་ཞིང་། །ཆོས་ཀྱི་རྒྱལ་ཐབས་དབང་གི་ཕ་རོལ་ཕྱིན། །རིན་ཆེན་སྤུག་དང་ཨུཏྤལ་འདྲ་བ་ཡི། །ཤིན་ཏུ་དངས་པར་དཀར་ནག་ཕྱེད་པའི་སྤྱན། །སྨིན་ཚུགས་མཛེས་པས་ཟླ་བ་ཚེས་ལྟར་འཁྱུག །མིག་འཛུམས་ཟུར་གྱིས་ལྟ་བས་བྱམས་པའི་རྟགས། །སིལ་སྙན་རྣམ་དག་མཚན་རབ་འབྲུ་ཆགས་པ། །རིན་ཆེན་མ་ལུས་རྣམ་པ་དུ་མས་སྤྲས། །རྒྱལ་བས་ཞིང་མང་རྣམ་པ་སྣ་ཚོགས་སུ། །རྣམ་ཐར་དཔག་ཡས་ཆོས་སྒོ་གྲངས་མེད་གནས། །ཤངས་ཀྱི་དབྱིབས་ལེགས་སྐྱེ་བོ་ཡོངས་ལས་འཕགས། །མཐོ་ལ་ཡིད་ཙམ་ཟུར་ལ་ལེགས་པའི་མཚན། །དྲང་ལ་ཆུ་ཕྲན་འདྲ་བར་མཛེས་པའི་


DKG089_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །བཟང་ལེགས་བསྐལ་པ་བརྒྱར་ཡང་བལྟར་མི་ངོམས། །པདྨ་ལེ་བརྒན་ཚོན་ལྟར་དམར་བའི་སྒྲོས། །ཡིད་གཞུངས་སེལ་བ་འཁྱིལ་བ་བཟང་ལེགས་སྐུ། །མདོག་སྡུག་ཚུ་སྐྱེས་སྣང་བ་མཚོ་ལོ་བཞིན། །ཤིན་ཏུ་དང་པའི་ཡིད་ཀྱིས་འཛུམ་པ་མཛད། །ཞལ་རས་ཟླ་འདྲ་གསེར་གྱི་མདོག་གིས་རྒྱས། །འོད་ཀྱི་དཀྱིལ་འཁོར་གསེར་ཕྲེང་དུ་མས་སྤྲས། །གསལ་བའི་འོད་ཕུང་ཉི་མ་བརྒྱ་བས་ལྷག །འོད་ཟེར་སྣ་ཚོགས་སྤྲིན་ཕུང་བཞིན་དུ་འཕྲོ། །ཆོས་དབྱིངས་འཇམ་པའི་དབྱངས་ཀྱིས་སྒྲ་སྒྲོགས་པ། །ཀ་ལ་པིང་ཀ་ལྟ་བུར་ཡིད་འཕྲོག་མཛད། །སང་སང་དབྱངས་རབ་གསུང་དབྱངས་རབ་བསྒྲགས་པ། །སེང་གེའི་ང་རོ་གསེར་གྱི་དྲིལ་ལྟར་འཁྲོལ། །སྐྱེས་མཆོག་མཛད་པ་རྒམ་པར་མཛད་པའི་སྐུ། །ཆ་ལུགས་བཞིན་འཆང་གཟི་བརྗིད་འཕགས་པའི་སྐྲུ། །གཞོན་ནུའི་ཚུལ་ཆགས་ཤིན་ཏུ་གཞོན་པར་གདའ། ། གདུལ་བྱའི་སྐྱེ་བོ་གཞོན་ནུའི་གཟུགས་ཀྱིས་གདུལ། །དབུ་རྒྱན་རིན་ཆེན་རྣམ་པ་སྣ་ཚོགས་དང་། །མུ་ཏིག་དོ་ཤལ་གསེར་གྱི་རྒྱན་དུ་བཀོད། །པདྨ་ལྷ་ཡི་ན་བཟའ་སིལ་མ་བསྣམས། །གཡས་ན་མཚོན་མཆོག་བསྣམས་པ་ཐབས་ཀྱིས་འདུལ། །དཔེ་མེད་རྣོ་བ་ཤེས་རབ་ཉིད་དུ་ངེས། །ཆོས་དབྱིངས་ཚུལ་ཉིད་ཡང་དག་བརྗོད་པ་དང་། །མི་ཤིགས་རྡོ་རྗེ་གཏན་ནས་འབིགས་པའི་ཚུལ། །གཡོན་པ་ཤེས་རབ་ཕ་རོལ་ཕྱིན་པ་དང་། །བླང་དོར་གཉིས་མེད་བསམ་གྱིས་མི་ཁྱབ་དབྱིངས། །ཟབ་མོའི་ཆོས་ཉིད་ཐུགས་སུ་ཆུད་པའི་དོན། ། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྣོན་པོ་ལ་བསྟོད་པ་རྫོགས་སོ།། །།འཇམ་དཔལ་ངག་གི་དབང་ཕྱུག་ལ་བུ་མོ་བརྒྱད་ཀྱིས་བསྟོད་པ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གཏི་མུག་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཉིད་ཀྱི་མདངས་བཟང་ཚོགས་ཀྱིས་ནི། །ཟླ་བ་རྒྱས་པ་ཟིལ་གནོན་ཞིང་། །མ་རིག་རྣམ་པར་བསལ་གྱུར་པ། །འཇམ་པའི་དཔལ་ལ་ཕྱག་འཚལ་ལོ། །མ་བགྱིས་ཟུར་ཕུད་གསལ་བ་ལ། །ནོར་བུ་འབར་བའི་སྐུ་མངའ་ཞིང་། །


DKG089_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ནི་ཀུན་དུ་དགའ་བའི་སྐུ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །བདུད་རྩི་འདྲ་ཞིང་འཇམ་ལ་ཟབ། །ཡིད་འོང་གསུང་གི་སྒྲ་སྒྲོགས་པ། །དམ་པ་ཆོས་ཀྱི་རིན་ཆེན་མཛོད། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །གང་གཱའི་ཆུ་ཐིགས་ལྟར་གྲངས་མེད། །འཇིག་རྟེན་ཁམས་ཀུན་མ་ལུས་པར། །ཉོན་མོངས་དྲི་མ་རབ་སྤངས་པའི། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །མཆེ་བ་གཙིགས་ཤིང་བསྒྱིངས་པ་ཡི། །འཇིགས་པའི་སྐུ་ཡི་ཚུལ་གྱིས་ནི། །གཤིན་རྗེའི་དྲེགས་པ་འཇོམས་མཛད་པ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་བསྟོད། །རང་གི་སྤྱན་དང་མདངས་འདྲ་བའི། །ཨུཏྤལ་སྔོན་པོས་རབ་མཛེས་པ། །ལྷུང་བཟེད་ཕྱག་ན་བསྣམས་པ་ཡི། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ལ། །རྒྱ་ཆེར་མཆོད་དང་བསྟོད་པ་ཡིས། །གྲོལ་བའི་ལམ་ནི་སྟོན་པ་པོ། །འཇམ་དཔལ་ཁྱོད་ལ་ཕྱག་འཚལ་ལོ། །བུ་མོ་བརྒྱད་ཀྱིས་བསྟོད་པ་རྫོགས་སོ།།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ།


DKG089_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མཱཥྚ་ཤ་ཏ་ཀཾ །བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །འདས་དང་མ་བྱོན་ད་ལྟར་གྱི། །རྒྱལ་བ་གང་ལགས་དེ་ཀུན་གྱི། །ཡུམ་ནི་དགེ་མ་ཁྱོད་ལགས་ཏེ། །ཁྱོད་ནི་ལྷ་མོ་རྒྱལ་བའི་སྲས། །རང་བཞིན་མེད་པའི་རང་བཞིན་ཅན། །སངས་རྒྱས་ཡུམ་གྱུར་དེ་ཡི་མཚན། །དགེ་མ་བདག་གིས་བརྗོད་པར་བགྱི། །འབྱོར་པར་འདོད་པས་མཉན་པར་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་མཁྱེན་པ་ཉིད་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། བདེན་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། ཕྱིན་ཅི་མ་ལོག་པ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་ཉིད་དང་། སྨོན་པ་མེད་པ་ཉིད་དང་། དངོས་པོ་མེད་པ་ཉིད་དང་། ངོ་བོ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་མི་འགྱུར་བ་ཉིད་དང་། ཆོས་སྐྱོན་མེད་


DKG089_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་། ཆོས་ཀྱི་མཚན་ཉིད་དང་། ཆོས་བདག་མེད་པ་ཉིད་དང་། ངོ་བོ་ཉིད་མེད་པ་ཉིད་དང་། སེམས་ཅན་མེད་པ་ཉིད་དང་། སྲོག་མེད་པ་ཉིད་དང་། གསོ་བ་མེད་པ་ཉིད་དང་། སྐྱེས་བུ་མེད་པ་ཉིད་དང་། གང་ཟག་མེད་པ་ཉིད་དང་། བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པ་དང་བདག་གི་བ་མེད་པ་དང་། རྒྱགས་པ་མེད་པ་དང་། སྤྲོས་པ་མེད་པ་དང་། སྤྲོས་པ་དང་བྲལ་བ་དང་། སྤྲོས་པ་ཐམས་ཅད་དང་བྲལ་བ་དང་། སྤྲོས་པ་ཐམས་ཅད་ལས་ཤིན་ཏུ་འདས་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡུམ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་སྐྱེད་པ་དང་། ཉན་ཐོས་ཐམས་ཅད་འཛིན་པ་དང་། རང་སངས་རྒྱས་ཐམས་ཅད་སྐྲུན་པ་དང་། འཇིག་རྟེན་ཐམས་ཅད་འཛིན་པ་དང་། བསོད་ནམས་ཀྱི་ཚོགས་ཟད་མི་ཤེས་པ་བསགས་པ་དང་། ཡེ་ཤེས་འབབ་པ་དང་། རྫུ་འཕྲུལ་མཛད་པ་དང་། ལྷའི་མིག་རྣམ་པར་སྦྱོང་བར་མཛད་པ་དང་། ལྷའི་རྣ་བ་རབ་ཏུ་དང་བར་མཛད་པ་དང་། ཕ་རོལ་གྱི་སེམས་ཤེས་པར་མཛད་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པར་མཛད་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པར་མཛད་པ་དང་། ཉོན་མོངས་པ་ཐམས་ཅད་ཟད་པར་མཛད་པ་དང་། འཕགས་པ་དང་། གཙང་བ་དང་། བསངས་པ་དང་། དྲན་པ་ཉེ་བར་གཞག་པ་ལ་གནས་པ་དང་། ཡང་དག་པར་སྤོང་བའི་ཤུགས་དང་ལྡན་པ་དང་། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་དང་ལྡན་པ་དང་། དབང་པོ་སྦྱོང་བར་མཛད་པ་དང་། སྟོབས་མཛད་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་རིན་པོ་ཆེས་མཛེས་པར་བྱས་པ་དང་། ནོར་བདུན་སྦྱིན་པར་མཛད་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོན་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོན་པར་མཛད་པ་དང་། དབང་བཅུ་སྒྲུབ་པ་དང་། ས་བཅུ་ལ་གནས་པར་མཛད་པ་དང་། སྟོབས་བཅུ་ཡོངས་སུ་རྫོགས་པར་མཛད་པ་དང་། ཟད་པར་གྱི་སྐྱེ་མཆེད་བཅུས་མཛེས་པར་བྱས་པ་དང་། ཤེས་པ་བཅུ་སྒྲུབ་པ་དང་། བག་ལ་ཉལ་བཅུའི་དགྲ་འཇིག་པར་མཛད་པ་དང་། བསམ་གཏན་རྣམས་སྒྲུབ་པར་མཛད་པ་དང་། གཟུགས་མེད་པའི་ཁམས་ལས་ཡང་དག་པར་འདའ་བར་མཛད་པ་དང་། ཡང་དག་པར་རྫོགས་པའི་


DKG089_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐམས་ཅད་ཀྱིས་བསྟོད་པ་དང་། ཤེས་པ་ཐམས་ཅད་མཛད་པ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྫོགས་པར་མཛད་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། མ་བྱུང་བ་དང་། མ་སྐྱེས་པ་དང་། མ་འགགས་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་བསྒོམ་པ་དང་། རབ་ཏུ་བརྟག་པར་བྱ་བ་མ་ཡིན་པ་དང་། རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། གཞི་མེད་པ་དང་། མཚན་ཉིད་མེད་པ་དང་། བརྟག་པར་བྱ་བ་མ་ཡིན་པ་དང་། རིག་པར་བྱ་བ་མ་ཡིན་པ་དང་། ཐོག་མ་དང་ཐ་མ་འཇིག་པ་མེད་པར་མཛད་པ་དང་། གཡོ་བ་མེད་པར་མཛད་པ་དང་། གཉིས་སུ་མེད་པ་དང་། གཉིས་སུ་མེད་པ་མ་ཡིན་པ་དང་། ཞི་བ་དང་། བློ་འཇུག་པ་རྣམ་པར་སྤངས་པ་དང་། གཉེན་པོ་མེད་པ་དང་། མ་གོས་པ་དང་། ནམ་མཁའི་ལམ་དང་འདྲ་བ་དང་། ཡོད་པ་དང་མེད་པར་བརྗོད་པ་མ་ཡིན་པ་དང་། རྨི་ལམ་གྱི་ངོ་བོ་ཉིད་དང་། སྒྱུ་མ་ལྟ་བུའི་ཆོས་ཉིད་དང་། མགལ་མེ་བསྐོར་བ་དང་འདྲ་བར་ཆོས་ཐམས་ཅད་རོ་གཅིག་པ་ཉིད་དོ། །སུ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ་འདི་འདོན་པ་དེ་ངན་སོང་ཐམས་ཅད་ལས་རབ་ཏུ་ཐར་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དགོངས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་རྟག་པར་རྒྱུན་དུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ། །དེའི་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་དྲན་པར་བྱའོ། །བཅོམ་ལྡན་འདས་མ་འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། མོས་པ་ལ་བྱམས་མ། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་རྣམ་པར་མཁྱེན་པ་ཉིད། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་བཞེས་པ་ལ་


DKG089_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །འདི་ལྟ་སྟེ། ༀ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ། པྲཛྙཱ་ཨ་བ་བྷཱ་སེ། པྲཛྙཱ་ཨཱ་ལོ་ཀ་ཀ་རེ། ཨ་ཛྙཱ་ན་བི་དྱ་མ་ནེ། སིད་དྷི། སུ་སིད་དྷི། སིད་དྷྱ་མ་ནེ། བྷ་ག་བ་ཏི་སརྦྦཱཾ་ག་སུན་དཱ་རི། བྷ་ག་བ་ཏི། བརྟ་ས་ལི། པྲ་སཱ་རི་ཏ་ཧསྟེ། ས་མཱ་ཤྭཱ་ས་ཀ་རི། ཏིཥྛ་ཏིཥྛ། ཀམ་པ་ཀམ་པ། ཙ་ལ་ཙ་ལ། རཱ་བ་རཱ་བ། གརྫ་གརྫ། ཨཱ་གཙྪ། ཨཱ་གཙྪ། བྷ་ག་བ་ཏི་མཱ་བི་ལམྦ་སྭཱ་ཧཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་བཟུང་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་མཚུངས་པ་མེད་པར་འགྱུར་རོ། །དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མ་ལུས་པར་བཟུང་བར་འགྱུར་རོ། །གསང་སྔགས་དང་། རིག་སྔགས་ཐམས་ཅད་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་སྐྱེ་བ་དྲན་པ་དང་། ཡིད་གཞུངས་ཤིང་ཤེས་རབ་ཆེན་པོར་འགྱུར་རོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ


DKG089_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཀཽ་ཤི་ཀ་པྲཛྙཱ་པཱ་ར་མི་ཏཱ་ནཱ་མ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་ཐམས་ཅད་ཀྱང་གཞོན་ནུར་གྱུར་པ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཉིས་སུ་བལྟ་བར་མི་བྱ། གཉིས་མ་ཡིན་པར་ཡང་མ་ཡིན། མཚན་མར་མ་ཡིན། མཚན་མ་མ་ཡིན་པར་ཡང་མ་ཡིན། བླང་བར་ཡང་མ་ཡིན། དོར་བར་ཡང་མ་ཡིན། བསྣན་པར་མ་ཡིན། བསྣན་པ་མེད་པར་ཡང་མ་ཡིན། ཀུན་ནས་ཉོན་མོངས་པར་མ་ཡིན། ཀུན་ནས་ཉོན་མོངས་པ་མ་ཡིན་པར་ཡང་མ་ཡིན། རྣམ་པར་བྱང་བར་མ་ཡིན། རྣམ་པར་བྱང་བ་མ་ཡིན་པར་ཡང་མ་ཡིན། སྤང་བར་མ་ཡིན། སྤང་བ་མ་ཡིན་པར་ཡང་མ་ཡིན། གནས་སུ་མ་ཡིན། གནས་སུ་མ་ཡིན་པར་ཡང་མ་ཡིན། སྦྱོར་བར་མ་ཡིན། སྦྱོར་བ་མ་ཡིན་པར་ཡང་མ་ཡིན། འབྲེལ་པར་མ་ཡིན། འབྲེལ་པར་མ་ཡིན་པར་ཡང་མ་ཡིན། རྐྱེན་དུ་མ་ཡིན། རྐྱེན་མ་ཡིན་པར་ཡང་མ་ཡིན། ཆོས་སུ་མ་


DKG089_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ཆོས་མ་ཡིན་པར་ཡང་མ་ཡིན། དེ་བཞིན་ཉིད་མ་ཡིན། དེ་བཞིན་ཉིད་མ་ཡིན་པར་ཡང་མ་ཡིན། ཡང་དག་པའི་མཐར་མ་ཡིན། ཡང་དག་པའི་མཐར་མ་ཡིན་པར་ཡང་མ་ཡིན་ནོ། །ཀཽ་ཤི་ཀ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཉམ་མོ། །ཆོས་ཐམས་ཅད་ཟབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཆོས་ཐམས་ཅད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ནོ། །ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཡོ་བ་མེད་དོ། །ཆོས་ཐམས་ཅད་རློམ་སེམས་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རློམ་སེམས་མེད་དོ། ། ཆོས་ཐམས་ཅད་འཇིགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཇིགས་པ་མེད་དོ། །ཆོས་ཐམས་ཅད་བག་ཚ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བག་ཚ་བ་མེད་དོ། །ཆོས་ཐམས་ཅད་རོ་གཅིག་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རོ་གཅིག་གོ། །ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེ་བ་མེད་དོ། །ཆོས་ཐམས་ཅད་འགགས་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགགས་པ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟ་བུའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟ་བུའོ། །གཟུགས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །སའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །དེ་བཞིན་དུ་ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། ནམ་མཁའི་ཁམས་དང་། རྣམ་པར་ཤེས་པའི་ཁམས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །རི་རབ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །རྒྱ་མཚོ་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །རྡོ་རྗེ་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་མོ། །ཆོས་ཐམས་ཅད་དབྱེར་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མེད་དོ། །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དམིགས་སུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དམིགས་སུ་མེད་དོ། །ཆོས་ཐམས་ཅད་བསལ་བ་མེད་པར་མཉམ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསལ་བ་མེད་པར་མཉམ་མོ། །ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱེད་པ་མེད་དོ། །ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསམ་གྱིས་


DKG089_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཁྱབ་བོ། །དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འཁོར་གསུམ་ཡོངས་སུ་དག་པས་མུ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདི་ལྟར་སྟོང་པ་ཉིད་བཅྭ་བརྒྱད་དེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ། མདོར་ན་སྟོང་པ་ཉིད་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་དེ་ལྟར་བལྟ་བར་བྱ། །ན་མོ་བྷ་ག་བ་ཏྱཻ་ཨཱཪྱ་པྲཛྙཱ་པཱ་ར་མི་ཏཱ་ཡཻ། ༀ་དྷཱིཿཧྲཱིཿཤྲཱི་ཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་བི་ཛ་ཡེ་སྭཱ་ཧཱ། འགག་པ་མེད་ཅིང་སྐྱེ་མེད་ལ། །ཆད་པ་མེད་ཅིང་རྟག་པ་མེད། །ཐ་དད་དོན་མིན་དོན་གཅིག་མིན། །འོང་བ་མེད་ཅིང་འགྲོ་མེད་ལ། །སྤྲོས་པ་ཞི་བས་ཞི་བ་ཡི། །རྟེན་ཅིང་འབྲེལ་བར་འབྱུང་སྟོན་པ། །རྫོགས་པའི་སངས་རྒྱས་གང་ཡིན་པ། །སྨྲ་མཆོག་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀཽ་ཤི་ཀ་ཞེས་བྱ་བ་རྫོགས་སོ།། །།

འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ།


DKG089_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཡི་སྐད་དུ། ཏཱ་ཤིན་ཀྱིན་ཀྭང་མྱའུ་ཙའི་ཤིན་ཝང་ཀྱིན། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་སྤུངས་པའི་རི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཟབ་མོ་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་དེ་བཞིན་གཤེགས་པའི་གནས་ན་དགེ་སློང་ཆེན་པོའི་དགེ་འདུན་ཁྲི་ཕྲག་དགུ་ཁྲི་བརྒྱད་སྟོང་དང་ཐབས་ཅིག་ཏུ་བཞུགས་ཏེ། ཐམས་ཅད་ཀྱང་དགྲ་བཅོམ་པ་ཤ་སྟག །གླང་པོ་ཆེའི་རྒྱལ་པོ་ལྟར་ཤིན་ཏུ་རྣམ་པར་བྱང་བ་ཤ་སྟག །ཟག་པ་ཟད་པ་ཤ་སྟག །ཉོན་མོངས་པ་མེད་པ་ཤ་སྟག །སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག །ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག །བྱ་བ་བྱས་པ་ཤ་སྟག །ཁུར་བོར་བ་ཤ་སྟག །བདག་གི་དོན་རབ་ཏུ་རྙེད་པ་ཤ་སྟག །སྲིད་པའི་སྦྱོར་བ་ཡོངས་སུ་ཟད་པ་ཤ་སྟག །དམ་པའི་དབང་མཆོག་ཐོབ་པ་ཤ་སྟག །ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པ་ཤ་སྟག །ཐབས་དང་ཤེས་རབ་ཏུ་ལྡན་པར་མཁས་པའི་རྒྱན་གྱིས་བརྒྱན་པ་ཤ་སྟག །རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཤ་སྟག །ཕ་རོལ་དུ་ཡོངས་སུ་ཕྱིན་པ་ཤ་སྟག་སྟེ། དེ་དག་གི་མིང་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་མིང་ཆེན་དང་། ཚེ་དང་ལྡན་པ་བཟང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ཆུ་བོ་འོད་སྲུང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། དེ་ལ་གཅིག་མ་གཏོགས་པ་དེ་ནི་ཚེ་དང་ལྡན་པ་ཀུན་དགའ་བོ་སྟེ། དེ་ལ་སོགས་ཏེ་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་རྣམས་ཕྱི་དྲོའི་དུས་ན་སོ་སོའི་ཏིང་ངེ་འཛིན་ལས་ལངས་ནས་བཅོམ་ལྡན་འདས་གང་ན་པ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས། གཡས་ཕྱོགས་ནས་ལན་


DKG089_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྙེད་ཀྱང་དེ་ན་འདུས་པར་གྱུར་ཏེ། ཐམས་ཅད་ཀྱང་ཀླུའི་རྒྱལ་པོ་ཆེན་པོ་ལྟར་གཟི་བརྗིད་ཀྱི་བྱིན་གྱི་མཐུ་ཆེ་བ། ཤིན་དུ་གྲགས་པ་དང་ལྡན་པ། ཅང་ཤེས་དང་ལྡན་པ། སྦྱིན་པ་དང་ཚུལ་ཁྲིམས་ཡོངས་སུ་དག་པ་མཆོད་པ་དང་། རིམ་གྲོ་བྱེད་པ་དང་། ཡོངས་སུ་དག་པ། བསྐལ་པ་གྲངས་མེད་པ་ནས་བཟོད་པ་དང་། བརྩོན་འགྲུས་སུ་ལྡན་པ། བསམ་གཏན་ཐམས་ཅད་ལས་ཡོངས་སུ་འདས་པ། དྲན་པ་མངོན་པར་གཞག་པ། ཤེས་རབ་ཀྱི་སྒོ་ཡོངས་སུ་འབྱེད་པ། རྣལ་འབྱོར་དང་ཐབས་དང་དབང་གིས་རྣམ་པར་རོལ་བ། མངོན་པར་ཤེས་པ་དང་། གཟུངས་དང་ལྡན་པ། སྤོབས་པ་ཡོངས་སུ་མི་ཟད་པ་ཉོན་མོངས་པ་ཐམས་ཅད་ཡོངས་སུ་སྤངས་པ། ཉོན་མོངས་པའི་བཤལ་ཐག་ཡོངས་སུ་གཅོད་པ། རིང་པོ་མི་ཐོགས་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པར་འགྱུར་བ། བདུད་དང་། བདུད་ཀྱི་དམག་ཡོངས་སུ་འཇོམས་པ། ཆོས་ཀྱི་རྔ་རབ་ཏུ་སྒྲོགས་པ། མུ་སྟེགས་ཐམས་ཅད་ཡོངས་སུ་ཟློག་པས་བསམ་པ་རྣམ་པར་དག་པར་སྦྱོར་བ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ། ལྷ་དང་མི་ཐམས་ཅད་ཡོངས་སུ་སྒྲོལ་བ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གི་རྒྱན་ཡོངས་སུ་སྒྲུབ་པ། རྒྱུད་དྲུག་གི་སྐྱེ་བོ་ཡོངས་ལ་ཕན་འདོགས་པ། ཡེ་ཤེས་ཆེན་པོ་ཕུན་སུམ་ཚོགས་པ། བཟོད་པ་ཆེན་པོ་དང་ཡོངས་སུ་ལྡན་པ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ལ་གནས་པ། གཞན་གྱིས་མི་ཐུབ་པའི་སྟོབས་ཆེན་པོ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྒྱུ་ཞིང་མཆོད་པ་བྱེད་པ། ཡོངས་སུ་མྱ་ངན་ལས་འདའ་བར་མི་འཇུག་པ། མ་འོངས་པའི་བསྐལ་པའི་མཐར་ཡོངས་སུ་མི་ཟད་པའི་ཡི་དམ་གྱི་སྨོན་ལམ་ཆེན་པོ་བསྐྱེད་པ། སངས་རྒྱས་མང་པོ་ལས་ཤིན་དུ་ཟབ་མོའི་རྒྱུ་རྣམ་པར་དག་པ་བསྐྱེད་པ། དུས་གསུམ་གྱི་ཆོས་མ་སྐྱེས་པའི་བཟོད་པ་ཐོབ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཡོངས་སུ་འདས་པ། འཇིག་རྟེན་གྱི་དོན་སྦྱོར་བ་ལ་མཁས་པ།


DKG089_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཆེན་པོས་དགོངས་ཏེ་གསུངས་པའི་ཆོས་ཤིན་དུ་བཀོད་པ་རྒྱ་ཆེར་སྟོན་པ། སྟོང་པའི་མཚན་ཉིད་རྣམ་པར་དག་པའི་ཟབ་མོ་ལ་མཁས་པ། ཐེ་ཚོམ་ཡོངས་སུ་སྤངས་པ་ཤ་སྟག་སྟེ། དེ་དག་གི་མིང་ལ་འདི་ལྟ་སྟེ། བསྒྲིབས་པ་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའ་དང་། ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་། བརྩོན་འགྲུས་ཡོངས་སུ་ལྡན་པའི་བྱང་ཆུབ་སེམས་དཔའ་དང་། ཡོངས་སུ་མི་སྐྱོ་བའི་བྱང་ཆུབ་སེམས་དཔའ་དང་། བྱམས་པའི་བྱང་ཆུབ་སེམས་དཔའ་དང་། འཇམ་དཔལ་བྱང་ཆུབ་སེམས་དཔའ་དང་། སྤྱན་རས་གཟིགས་བྱང་ཆུབ་སེམས་དཔའ་དང་། གཟུངས་ཀྱི་དབང་པོའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། སྤོབས་པ་ཆེན་པོའི་རྒྱན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། རི་རབ་མཆོག་གི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། རྒྱ་མཚོ་ཆེན་པོ་ཟབ་མོའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། རིན་པོ་ཆེའི་རྒྱལ་མཚན་བྱང་ཆུབ་སེམས་དཔའ་དང་། རིན་པོ་ཆེའི་རྒྱལ་མཚན་ཆེན་པོའི་བྱང་ཆུབ་སེམས་དཔའ་དང་། སའི་སྙིང་པོའི་བྱང་ཆུབ་སེམས་དཔའ་དང་། ནམ་མཁའི་སྙིང་པོའི་བྱང་ཆུབ་སེམས་དཔའ་དང་། རིན་པོ་ཆེའི་ཕྱག་དབང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེའི་ཐལ་མོ་བྱང་ཆུབ་སེམས་དཔའ་དང་། དགའ་བའི་སྟོབས་བྱང་ཆུབ་སེམས་དཔའ་དང་། ཆོས་ཀྱི་སྟོབས་བྱང་ཆུབ་སེམས་དཔའ་དང་། འོད་རྒྱན་ཆེན་པོ་བྱང་ཆུབ་སེམས་དཔའ་དང་། གསེར་གྱི་འོད་རྒྱན་ཆེན་པོ་བྱང་ཆུབ་སེམས་དཔའ་དང་། ཚུལ་ཁྲིམས་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་དང་། རྟག་ཏུ་ཏིང་ངེ་འཛིན་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་རྣམ་པར་དག་པའི་བྱང་ཆུབ་སེམས་དཔའ་དང་། བརྩོན་འགྲུས་དཀའ་ཐུབ་བྱང་ཆུབ་སེམས་དཔའ་དང་། བསམ་པ་ནམ་མཁའ་ཅི་བཞིན་བྱང་ཆུབ་སེམས་དཔའ་དང་། སྨོན་ལམ་ཆེན་པོ་ཡོངས་སུ་མི་གཅོད་པའི་བྱང་ཆུབ་སེམས་དཔའ་དང་། སྨན་གཏོང་བྱང་ཆུབ་སེམས་དཔའ་དང་། ཉོན་མོངས་པའི་ནད་རྣམ་པར་སེལ་བའི་བྱང་ཆུབ་སེམས་དཔའ་དང་། སྨན་གྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། འཕགས་པར་དགའ་བའི་བྱང་ཆུབ་སེམས་དཔའ་


DKG089_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གོང་དུ་ལུང་བསྟན་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་འོད་གཙང་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ཆོས་སྐྱོང་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་གྲགས་ཅན་དགའ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་མཐའ་ཡས་གྲགས་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་སེང་གེ་སྒྲ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་གླེང་པོ་ཆེའི་རྒྱལ་པོའི་སྒྲ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་བཀྲ་ཤིས་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་རིན་ཆེན་ཡོན་ཏན་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ཉི་མའི་སྙིང་པོ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ཟླ་བའི་སྙིང་པོ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་སྐར་མའི་འོད་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་མེ་འོད་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་གློག་འོད་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་འབྲུག་སྒྲ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ཤེས་རབ་ཆར་ཡོངས་སུ་སྙོམས་པའི་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ཆར་གྱི་རྒྱལ་པོ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་མེ་ཏོག་སྡོང་པོའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་པདྨ་སྔོན་པོའི་བསུང་བྱང་ཆུབ་སེམས་དཔའ་དང་། སྤྲིན་རིན་པོ་ཆེའི་ཙནྡན་སྐུ་རྣམ་པར་བསིལ་བ་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་མུན་པ་རྣམ་པར་སེལ་བའི་བྱང་ཆུབ་སེམས་དཔའ་དང་། སྤྲིན་ཆེན་ལྟ་བའི་རབ་རིབ་རྣམ་པར་སེལ་བའི་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་དེ་དག་ཕྱི་དྲོའི་དུས་ན་སོ་སོའི་ཏིང་ངེ་འཛིན་ལས་ལངས་ནས་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། ལིཙྪ་བཱི་གཞོན་ནུ་འབུམ་ཕྲག་འབུམ་བརྒྱད་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་གཞོན་ནུ་སེང་གེའི་འོད་དང་། གཞོན་ནུ་སེང་གེའི་བློ་གྲོས་དང་། གཞོན་ནུ་ཆོས་བྱིན་དང་། གཞོན་ནུ་དབང་པོ་སྦྱིན་དང་། གཞོན་ནུ་འོད་ཆེན་དང་། གཞོན་ནུ་དཔལ་ཆེན་དང་། གཞོན་ནུ་སངས་རྒྱས་སྐྱབས་དང་། གཞོན་ནུ་ཆོས་


DKG089_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་དང་།གཞོན་ནུ་དགེ་འདུན་སྐྱབས་དང་། གཞོན་ནུ་རྡོ་རྗེ་སྐྱབས་དང་། གཞོན་ནུ་ནམ་མཁའ་སྐྱབས་དང་། གཞོན་ནུ་ནམ་མཁའ་སྒྲ་སྒྲོགས་དང་། གཞོན་ནུ་རིན་པོ་ཆེའི་སྙིང་པོ་དང་། གཞོན་ནུ་བཀྲ་ཤིས་མཆོག་གི་སྙིང་པོ་དང་། དེ་དག་གཞོན་ནུ་ཐམས་ཅད་ཀྱི་གཙོ་བོར་གྱུར་ནས། བླ་ན་མེད་པའི་བྱང་ཆུབ་ཏུ་གནས་ཏེ་ཐེག་པ་ཆེན་པོའི་དད་པ་སོ་སོར་རྙེད་ནས། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས། གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། ལྷའི་སྲས་པོ་བཞི་ཁྲི་ཉིས་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་འདི་ལྟ་སྟེ། ལྷའི་སྲས་པོ་མཐོང་ན་དགའ་བ་དང་། ལྷའི་སྲས་པོ་ཡིད་དགའ་བ་དང་། ལྷའི་སྲས་པོ་ཉི་མའི་འོད་དང་། ལྷའི་སྲས་པོ་ཟླ་བའི་གཙུག་ཏོར་དང་། ལྷའི་སྲས་པོ་ནམ་མཁའི་བློ་གྲོས་རྣམ་པར་དག་པ་དང་། ལྷའི་སྲས་པོ་ཉོན་མོངས་པ་ཡོངས་སུ་སྤངས་པ་དང་། ལྷའི་སྲས་པོ་རྣམ་པར་བཀྲ་ཤིས་དང་། དེ་དག་ཐམས་ཅད་ཀྱང་ལྷའི་སྲས་པོ་རྣམས་ཀྱི་གཙོ་བོར་གྱུར་པ། ཐེག་པ་ཆེན་པོའི་ཆོས་ཡོངས་སུ་སྐྱོང་བའི་ཡི་དམ་ཆེན་པོའི་སྨོན་ལམ་འདེབས་པ། དམ་པའི་ཆོས་ཡོངས་སུ་མི་ནུབ་པར་གདུང་འཚོབ་པ་དེ་དག་ཐམས་ཅད་ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་སུ་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། ཀླུའི་རྒྱལ་པོ་ཉི་ཁྲི་བརྒྱད་སྟོང་ཡང་དེར་འདུས་པར་གྱུར་ཏེ། དེ་དག་གི་མིང་ལ་པདྨའི་ཀླུའི་རྒྱལ་པོ་དང་། ཨེ་ལའི་ལོ་མ་ཀླུའི་རྒྱལ་པོ་དང་། སྟོབས་པོ་ཆེ་ཀླུའི་རྒྱལ་པོ་དང་། སྒྲ་བོ་ཆེ་ཀླུའི་རྒྱལ་པོ་དང་། དབའ་རླབས་ཆུང་ངུའི་ཀླུའི་རྒྱལ་པོ་དང་། ཆུའི་རྒྱུ་འཛིན་ཀླུའི་རྒྱལ་པོ་དང་། གསེར་གྱི་བཞིན་ཀླུའི་རྒྱལ་པོ་དང་། ཡིད་བཞིན་ཀླུའི་རྒྱལ་པོ་དང་། དེ་དག་ཐམས་ཅད་ཀྱང་ཀླུའི་རྒྱལ་པོའི་གཙོ་བོར་གྱུར་པ། ཐེག་པ་ཆེན་པོའི་ཆོས་ཡོངས་སུ་སྐྱོང་བར་ཡོངས་སུ་དགའ་བ་དང་།


DKG089_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་འཛིན་པ་དང་། ལུང་ནོད་པ་དང་། ཤིན་ཏུ་ཟབ་མོའི་བསམ་པ་ལ་མོས་པ་དང་། རྗེས་སུ་ཡི་རངས་པ་དང་། རྣམ་པར་སྐྱོང་ཞིང་འཚོ་བར་བྱེད་དེ། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། གནོད་སྦྱིན་གྱི་འཁོར་སུམ་ཁྲི་དྲུག་སྟོང་ཡང་དེར་འདུས་པར་གྱུར་ཏོ། །དེ་དག་གི་གཙོ་བོ་ཐོག་མར་ལྷའི་རྒྱལ་པོ་མིག་མི་བཟང་གིས་དྲངས་ནས་ཨ་མྲའི་གནོད་སྦྱིན་དང་། ཨ་མྲ་ཐོགས་པའི་གནོད་སྦྱིན་དང་། པདྨ་འོད་ཀྱི་སྙིང་པོའི་གནོད་སྦྱིན་དང་། པདྨའི་བཞིན་གནོད་སྦྱིན་དང་། ཁྲོ་གཉེར་གནོད་སྦྱིན་དང་། འཇིགས་པ་མངོན་དུ་སྟོན་པའི་གནོད་སྦྱིན་དང་། ས་ཀུན་གཡོ་བའི་གནོད་སྦྱིན་དང་། ཟས་ཀྱི་རིལ་མིང་གནོད་སྦྱིན་དང་། དེ་དག་ཐམས་ཅད་ཀྱང་གནོད་སྦྱིན་གྱི་གཙོ་བོར་གྱུར་པ་ཤ་སྟག་སྟེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་ལ་ཤིན་ཏུ་དད་པའི་སེམས་བསྐྱེད་པ། དམ་པའི་ཆོས་ཡོངས་སུ་སྐྱོང་ཞིང་སྲུང་བའི་སེམས་བསྐྱེད་པ་མི་སྐྱོ་བ། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་པ་སྤྱི་བོས་ཕྱག་བྱས་ཏེ་གཡས་ཕྱོགས་ནས་ལན་གསུམ་དུ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་འདི་ལྟ་སྟེ། ནམ་མཁའ་ལྡིང་གི་འཁོར་བཞི་ཁྲི་དགུ་སྟོང་ཡང་དེར་འདུས་པར་གྱུར་ཏེ། ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེའི་བྱིན་གྱི་མཐུ་དང་ལྡན་པས་གཙོ་བོར་གྱུར་པ་དང་། གཞན་ཡང་འདི་ལྟ་སྟེ། དྲི་ཟའི་འཁོར་དང་། ལྷ་མ་ཡིན་གྱི་འཁོར་དང་། མིའམ་ཅིའི་འཁོར་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོའི་འཁོར་དང་། རི་དང་། ནགས་ཚལ་དང་། ཆུ་བོ་དང་། རྒྱ་མཚོ་རྣམས་ཀྱི་ལྷ་དང་། དྲང་སྲོང་དང་། ཡུལ་ཁམས་ཆེན་པོ་ཐམས་ཅད་ཀྱི་རྒྱལ་པོ་དང་། ཕོ་བྲང་འཁོར་དང་། བཙུན་མོ་དང་། སླས་དང་། དད་པ་རྣམ་པར་བསྐྱེད་པའི་བུ་ཕོ་དང་། བུ་མོ་དང་།ལྷ་དང་། མི་ལ་སོགས་པ་ཡོངས་སུ་འདུས་ཤིང་ལྷགས་ནས་ཐམས་


DKG089_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱང་བླ་ན་མེད་པ་ཐེག་པ་ཆེན་པོའི་ཆོས་འདི་ཡོངས་སུ་ཀློག་པ་དང་། འདོན་པ་དང་། འཆང་བ་དང་། འཛིན་པ་དང་། ཡི་གེར་འདྲི་བ་དང་། ཀུན་དུ་སྤེལ་ཞིང་བསྐྱེད་པ་དང་། ཡོངས་སུ་འཚོ་བ་དང་། སྐྱོང་བའི་དམ་ཚིག་བཅས་ཏེ། ཕྱི་དྲོའི་དུས་ན་བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་བྱས་ནས་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལྟར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་དང་། ཀླུ་དང་། གནོད་སྦྱིན་ལ་སོགས་པ་ཐམས་ཅད་འདུས་པར་གྱུར་ནས་སོ་སོ་ནས་བསྟི་སྟང་དང་། རིམ་གྲོའི་སེམས་བསྐྱེད་དེ། ཐལ་མོ་སྦྱར་ནས་རབ་ཏུ་འཛུམ་པའི་མིག་གིས་བཅོམ་ལྡན་འདས་ལ་བལྟ་ཞིང་ཅུང་ཟད་ཀྱང་མི་ཡེངས་པར་དམ་པའི་ཆོས་ཤིན་ཏུ་ཐོས་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོའི་དུས་ཀྱི་ཚེ་ཏིང་ངེ་འཛིན་ལས་བཞེངས་ནས་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཕགས་པ་གསེར་འོད་དམ་པའི་ཆོས། །མདོ་སྡེ་ཀུན་གྱི་རྒྱལ་པོ་འདི། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་ཏེ། །ཤིན་ཏུ་མཉན་ཅིང་ཐོས་པར་དཀའ། །ངས་དེང་དཀྱིལ་འཁོར་ཁྱེད་རྣམས་ལ། །དམ་པའི་མདོ་སྡེ་འདི་བསྟན་པས། །ཕྱོགས་བཞི་སངས་རྒྱས་རྣམས་ཀྱིས་ཀྱང་། །བྱིན་གྱི་རླབས་ཀྱིས་བརླབས་པར་འགྱུར། །ཤར་ཕྱོགས་སངས་རྒྱས་མི་འཁྲུགས་དང་། །ལྷོ་ཕྱོགས་སངས་རྒྱས་དཀོན་མཆོག་དཔལ། །ནུབ་ཕྱོགས་སངས་རྒྱས་སྣང་མཐའ་ཡས། །བྱང་ཕྱོགས་སངས་རྒྱས་རྔ་སྒྲ་སྐྱབས། །ངས་དེང་ཆོས་མཆོག་འདི་བསྟན་པས། །བཀྲ་ཤིས་འཆགས་པའི་དམ་པ་སྟེ། །སྡིག་པ་ཐམས་ཅད་གཞོམ་པའི་ཕྱིར། །སྡིག་པའི་ལས་ཀུན་ཟད་པར་འགྱུར། །སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད། །བདེ་བ་ཐམས་ཅད་སྦྱིན་བྱེད་ཅིང་། །ཡེ་ཤེས་རྩ་བ་ཀུན་མཁྱེན་དང་། །དཔལ་ཀུན་གྱིས་ཀྱང་བརྒྱན་པར་འགྱུར། །སེམས་ཅན་གང་དག་དབང་པོ་ཉམས། །དཔལ་མེད་པས་ནི་གང་ཟིན་ཅིང་། །ལྷ་


DKG089_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ནི་འཕང་བར་འགྱུར། །གཉེན་སྡུག་ཀུན་ཀྱང་སྡང་བ་དང་། །བུ་སྨད་འཁོར་དང་བྲལ་བ་དང་། །ཕན་ཚུན་དུ་ནི་མི་འཕྲོད་ཅིང་། །ནོར་སྟོར་བས་ནི་རབ་གཙེས་ཏེ། །གཟའ་དང་སྐར་མས་གནོད་བྱས་ཤིང་། །བྱད་སྟེམས་མི་བཟད་ཟིན་པ་དང་། །མྱ་ངན་ཉོན་མོངས་ལས་རྣམས་ཀྱིས། །ཤིན་ཏུ་མི་བཟད་གཟིར་བ་དང་། །རྨི་ལམ་ལྟས་སྡིག་མཐོང་བ་ལས། །མྱ་ངན་རབ་ཏུ་འཁྲུག་པ་རྣམས། །གཙང་མར་ལུས་ཀྱིས་ཁྲུས་གྱིས་ལ། །གོས་གཙང་སར་པ་དེ་བགོས་ནས། །མདོ་སྡེ་དམ་པའི་རྒྱལ་པོ་འདི། །སངས་རྒྱས་ཟབ་མོའི་སྤྱོད་ཡུལ་ཏེ། །ཀློག་འདོན་རབ་ཏུ་འཛིན་པ་ལ། །གུས་པའི་སེམས་ཀྱིས་ཉོན་ཅིག་དང་། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །རྨི་ངན་ལྟས་སྡིག་འཇོམས་པ་དང་། །སྡུག་བསྔལ་ཐམས་ཅད་བཟློག་པས་ནི། །ཡོངས་སུ་མ་ལུས་ཟད་པར་འགྱུར། །འཇིག་རྟེན་སྐྱོང་བའི་རྒྱལ་པོ་བཞི། །བློན་པོ་དང་ནི་འཁོར་བཅས་དང་། །གནོད་སྦྱིན་བྱེ་བ་མང་པོ་རྣམས། །ཤིན་ཏུ་གུས་པས་རིམ་གྲོ་བསྐྱེད། །སྤོབས་པའི་ལྷ་མོ་ཆེན་མོ་དང་། །ནཻ་ར་ཉྫ་ན་ར་གནས་པའི་ལྷ། །དེ་བཞིན་འཕྲོག་མ་འབྱུང་པོའི་མ། །སྲ་བ་ས་ཡི་ལྷ་མོ་དང་། །ཚངས་པའི་དབང་པོ་བརྒྱ་བྱིན་དང་། །ཀླུ་ཡི་རྒྱལ་པོ་མིའམ་ཅི། །ནམ་མཁའ་ལྡིང་གི་རྒྱལ་པོ་དང་། །ལྷ་མ་ཡིན་གྱི་འཁོར་རྣམས་བཅས། །དེ་ལྟར་མཐུ་ཆེན་དེ་དག་ཀུན། །རང་གི་འཁོར་རྣམས་ཁྲིད་ནས་ནི། །ཉིན་མཚན་རྟག་ཏུ་མི་འབྲལ་བར། །གང་ཟག་དེ་ལ་སྲུང་བར་བྱེད། ། ཟབ་མོ་སངས་རྒྱས་སྤྱོད་ཡུལ་དང་། །སངས་རྒྱས་དགོངས་ཏེ་གསུངས་པའི་བཀའ། །མདོ་སྡེ་གང་ཡིན་ངས་བཤད་པ། །བསྐལ་པ་བྱེ་བར་ཕྲད་དཀའ་བས། །གང་གིས་མདོ་སྡེ་འདི་ཐོས་ནས། །གཞན་ལ་རྒྱ་ཆེར་སྟོན་པ་དང་། །གལ་ཏེ་སེམས་ཀྱིས་ཡི་རངས་དང་། །མཆོད་པ་བཤམས་ནས་མཆོད་བྱེད་ན། །དེ་འདྲའི་གང་ཟག་དེ་དག་ནི། །བསྐལ་པ་ཚད་མེད་སྙེད་དུ་ཡང་། །རྟག་པར་ལྷ་དང་མི་རྣམས་དང་། །ཀླུ་ལ་སོགས་པས་མཆོད་བཀུར་འགྱུར། །འདི་ཡི་བསོད་ནམས་ཚད་མེད་པས། །གང་གཱའི་བྱེ་སྙེད་གྲངས་ལས་འདས། །མདོ་སྡེ་འདི་ནི་གང་


DKG089_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཀློག་པ། །ཡོན་ཏན་འདི་དག་ཐོབ་པར་འགྱུར། །ཕྱོགས་བཅུའི་བཅོམ་ལྡན་འདས་རྣམས་དང་། །སྤྱོད་ཟབ་བྱང་ཆུབ་སེམས་དཔའ་རྣམས། །མདོ་སྡེ་འཛིན་ལ་ཡོངས་བསྲུངས་ནས། །སྡུག་བསྔལ་བགེགས་དང་བྲལ་བར་མཛད། །མདོ་སྡེ་འདི་ནི་གང་མཆོད་པས། །སྔ་མ་བཞིན་དུ་ལུས་བཀྲུས་ནས། །ཟས་དང་མེ་ཏོག་སྤོས་མཆོད་ཅིང་། །བྱམས་དང་སྙིང་རྗེའི་སེམས་བསྐྱེད་དེ། །མདོ་སྡེ་འདི་ནི་ཉན་འདོད་པས། །སེམས་གཙང་དྲི་མ་མེད་བྱས་ཏེ། །རྟག་པར་དགའ་བའི་སེམས་བསྐྱེད་ན། །ཡོན་ཏན་མང་པོ་སྐྱེ་བར་འགྱུར། །གང་ཞིག་གུས་པའི་སེམས་དག་གིས། །མདོ་སྡེ་འདི་ནི་ཉན་བྱེད་ན། །ལེགས་པར་མི་ཡི་འགྲོར་སྐྱེ་ཞིང་། །སྡུག་བསྔལ་བགེགས་དང་འབྲལ་བར་འགྱུར། །དེ་ནི་དགེ་རྩ་སྨིན་པས་ན། །སངས་རྒྱས་རྣམས་ཀྱིས་བསྔགས་པ་ཡི། །མདོ་སྡེ་འདི་ནི་ཐོས་པ་དང་། །འགྱོད་ཚངས་ཆོས་ནི་ཐོས་པ་ཡིན། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ཅེས་བྱ་བ་འདས་པའི་སངས་རྒྱས་བྱེ་བ་ཕྲག་བརྒྱ་སྟོང་ཚད་མེད་པ་རྣམས་ལ་བསྙེན་བཀུར་དང་རིམ་གྲོ་བྱས་ནས་དགེ་བའི་རྩ་བ་བསྐྱེད་པ་ཞིག་ཡོད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཅེས་བྱ་བ་གཅིག་པུ་དབེན་པར་གནས་པ་དེ་འདི་སྙམ་དུ་རྒྱུ་གང་དང་རྐྱེན་གང་གི་ཕྱིར་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སྐུ་ཚེ་ཐུང་སྟེ་ལོ་བརྒྱད་ཅུར་གྱུར་སྙམ་མོ། །གཞན་ཡང་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལྟར་ན་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ཚེ་རིང་པོར་འགྱུར་རོ། །ཞེས་གསུངས་ཏེ། གཉིས་གང་ཞེ་ན་སེམས་ཅན་གྱི་སྲོག་མི་གཅོད་པ་དང་། གཞན་དག་ལ་ཡང་བཟའ་བ་དང་བཏུང་བ་ཡོངས་སུ་བཏང་བའོ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་འདས་པའི་བསྐལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་སྙེད་དུ་སེམས་ཅན་གྱི་སྲོག་མ་བཅད་ཅིང་དགེ་བ་བཅུའི་ལས་ཀྱིས་ལམ་སྤྱོད་པ་དང་། རྟག་པར་བཟའ་བ་དང་།


DKG089_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

བཏུང་བ་དག་བཀྲེས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བཏང་སྟེ། ཉིད་ཀྱི་ཤ་དང་། ཁྲག་དང་། རུས་པ་དང་། རྐང་ལ་སོགས་པ་ཡང་ཡོངས་སུ་བཏང་ནས་རབ་ཏུ་ཚིམ་པར་མཛད་ན། བཟའ་བ་དང་། བཏུང་བ་གཞན་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །བྱང་ཆུབ་སེམས་དཔའ་དེས་བཅོམ་ལྡན་འདས་ལ་དེ་སྙམ་དུ་བསམས་པའི་ཚེ། །བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་དེའི་ཁང་ཁྱིམ་དེ་མ་ཐག་ཏུ་ཡངས་ཤིང་རྒྱ་ཆེ་བ་དང་། བཀོད་པ་དང་ལྡན་ཞིང་ཡོངས་སུ་གཙང་བ་དང་། བཻ་ཌཱུཪྱ་སྔོན་པོ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པས་སངས་རྒྱས་ཀྱི་ཞིང་ཇི་ལྟ་བ་བཞིན་དུ་སྤོས་མཆོག་དམ་པའི་དྲི་ལྷའི་སྤོས་ལས་འདས་པ་དག་འཐུལ་ཞིང་གང་བ་དང་། ཕྱོགས་བཞིན་སེང་གེའི་གདན་ཁྲི་མཆོག་དམ་པ་རིན་པོ་ཆེ་སྣ་བཞི་ལས་མངོན་པར་གྲུབ་པ། ལྷའི་རིན་པོ་ཆེའི་གོས་ཀྱིས་གཡོགས་པ་དང་། གཞན་ཡང་གདན་དེ་ལ་པདྨ་དམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཚད་དེ་བཞིན་གཤེགས་པ་དང་མཉམ་པ་དག་རང་གི་ངང་གིས་སྣང་བར་གྱུར་ཏེ། པདྨ་དེ་དག་གི་སྟེང་ན་དེ་བཞིན་གཤེགས་པ་བཞི་པོ་ཤར་ཕྱོགས་ཀྱི་མི་འཁྲུགས་པ་དང་། ལྷོ་ཕྱོགས་ཀྱི་རིན་ཆེན་མཚན་དང་། ནུབ་ཕྱོགས་ཀྱི་ཚེ་དཔག་མེད་དང་། བྱང་ཕྱོགས་ཀྱི་ལྷའི་རྔ་སྒྲ་དབྱངས་བཞུགས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བཞི་པོ་དེ་དག་སོ་སོ་ནས་གདན་དེ་དག་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་འོད་ཟེར་ཆེན་པོ་བཀྱེ་བས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བར་དུ་ཡང་སྣང་བས་ཀུན་ཏུ་ཁྱབ་པར་མཛད་དེ། ལྷའི་མེ་ཏོག་གི་ཆར་ཡང་མངོན་པར་ཕབ་ལྷའི་རོལ་མོའི་སིལ་སྙན་རྣམས་ཀྱང་དཀྲོལ་བར་གྱུར་ཏེ། དེའི་ཚེ་འཛམ་བུའི་གླིང་འདི་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། སེམས་ཅན་ཇི་སྙེད་ཡོད་པ་དེ་དག་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་བདེ་བ་མཆོག་དམ་པ་མྱོང་བར་གྱུར་པས་ཕོངས་པ་ཅི་ཡང་མེད་པར་གྱུར་ཏོ། །ལུས་ཀྱི་ཡན་ལག་


DKG089_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཚང་བ་དག་ནི་ཚང་བར་གྱུར། ལོང་བ་དག་ནི་མཐོང་བར་གྱུར། འོན་པ་རྣམས་ནི་ཐོས་པར་གྱུར། ལྐུགས་པ་དག་ནི་སྨྲ་བར་གྱུར། གླེན་པ་དག་ནི་ཤེས་རབ་དང་ལྡན་པར་གྱུར། སེམས་འཁྲུགས་པ་དག་ནི་སེམས་ཉིད་ཐོབ་པར་གྱུར། བགོ་བ་མེད་པ་དག་ནི་གོས་དང་ལྡན་པར་གྱུར། རབ་ཏུ་སྨད་ཅིང་བཤུངས་པ་དག་ནི་གཞན་གྱིས་བཀུར་བར་གྱུར། དྲི་མ་དང་བཅས་པ་དག་ནི་ལུས་གཙང་བར་གྱུར་ཏེ། འཇིག་རྟེན་གྱི་ཁམས་འདིར་ཕན་འདོགས་པའི་དངོས་པོ་ངོ་མཚར་རྨད་དུ་ཆེ་བ་སྔོན་མ་བྱུང་བ་རྣམས་ཀྱང་མངོན་དུ་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དེ་བཞིན་གཤེགས་པ་བཞི་དང་། ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་དེ་དག་མཐོང་བས་དགའ་མགུ་རངས་པར་གྱུར་ནས་ཐལ་མོ་སྦྱར་ཏེ། སེམས་རྩེ་གཅིག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཁྱད་པར་དུ་འཕགས་པ་དག་ལ་རྣམ་པར་བལྟས་ནས། གཞན་ཡང་འདི་སྙམ་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོན་ཏན་ཚད་མེད་པ་དང་ལྡན་ཡང་། སྐུ་ཚེའི་ཚད་འབའ་ཞིག་ལ་ཐེ་ཙོམ་གྱི་སེམས་སྐྱེས་པར་གྱུར་ནས། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཡོན་ཏན་ཚད་མེད་པ་མངའ་ཡང་སྐུ་ཚེ་ཐུང་སྟེ་ལོ་བརྒྱད་ཅུ་ཁོ་ན་བཞུགས་པར་གྱུར་སྙམ་མོ། །དེ་ནས་བཅོམ་ལྡན་འདས་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ངེད་ཀྱིས་ནི་བླ་ན་མེད་པའི་ཐམས་ཅད་མཁྱེན་པ་མ་གཏོགས་པར་ལྷ་དང་བཅས་པའི་འཇིག་རྟེན་ན། ཚངས་པ་དང་། བདུད་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། མི་དང་མི་མ་ཡིན་པ་གང་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་མཐའ་ཤེས་ཤིང་དཔག་པར་འགྱུར་བ་ཡང་དག་པར་མ་གཟིགས་སོ། །དེ་བཞིན་གཤེགས་པ་བཞི་པོ་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པར་བཞེད་པ་ན། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་འདོད་པ་དང་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་།


DKG089_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྟོ་འཕྱེ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་འདུས་ཏེ་ལྷགས་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གི་ཁྱིམ་ཡོངས་སུ་དག་ཅིང་གྱ་ནོམ་པ་དེར་ཞུགས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་བཞི་པོ་དེ་དག་གིས་འཁོར་མང་པོའི་ནང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཇི་སྙེད་པ་དག་བསྟན་པར་བཞེད་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། །རྒྱ་མཚོ་ཐམས་ཅད་ཀུན་གྱི་ཆུ། །ཐིགས་པའི་གྲངས་ནི་ཤེས་རུང་གི །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །གང་གིས་ཀྱང་ནི་བགྲང་མི་ནུས། །རི་རབ་ཐམས་ཅད་རྡུལ་བརླགས་ཏེ། །ཡུངས་འབྲུ་བཞིན་དུ་བགྲང་ཤེས་ཀྱང་། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །གང་གིས་ཀྱང་ནི་བགྲང་མི་ནུས། །ས་ཆེན་རྡུལ་ནི་ཐམས་ཅད་ཀུན། །རྡུལ་གྲངས་ཅི་ཡོད་ཤེས་རུང་ཡང་། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །གང་གིས་ཀྱང་ནི་བགྲང་མི་ནུས། །གལ་ཏེ་ནམ་མཁའི་ཚད་བཅལ་ཏེ། །མཐའ་ཀུན་དཔག་པར་རུང་སྲིད་ཀྱང་། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །གང་གིས་ཀྱང་ནི་དཔག་མི་ནུས། །མི་ཞིག་བསྐལ་པ་བྱེ་བར་གནས། །མཐས་གཏུགས་རྟག་པར་རྩིས་བགྲངས་ཀྱང་། །བཅོམ་ལྡན་འདས་ཀྱི་སྐུ་ཚེའི་ཚད། །ཡོངས་སུ་ཤེས་པར་མི་འགྱུར་རོ། །སེམས་ཅན་སྲོག་ནི་མ་བཅད་ཅིང་། །བཟའ་བཏུང་སྦྱིན་པ་བཏང་བ་ཡིན། །རྒྱུ་ནི་རྣམ་པ་འདི་གཉིས་ཀྱིས། །སྐུ་ཚེ་རིང་པོ་བརྙེས་པ་ཡིན། །དེ་བས་ཐུབ་པ་ཆེན་པོ་ཡི། ། སྐུ་ཚེའི་ཚད་ནི་ཤེས་པར་དཀའ། །བསྐལ་པའི་མཐའ་ནི་མེད་པ་ལྟར། །སྐུ་ཚེའི་ཚད་ཀྱང་དེ་བཞིན་ནོ། །མཛེས་པའི་ཏོག་ཁྱོད་ཤེས་བྱོས་ལ། །ཐེ་ཙོམ་སོམ་ཉི་མ་བསྐྱེད་ཅིག །རྒྱལ་བའི་སྐུ་ཚེའི་ཚད་མེད་པས། །དེ་ཡི་གྲངས་ནི་ཤེས་མི་ནུས། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། དེ་བཞིན་གཤེགས་པ་བཞི་པོ་དེ་དག་གིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་དཔག་ཏུ་མེད་པར་བཀའ་སྩལ་པ་ཐོས་པ་དང་། བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །ཅིའི་སླད་དུ་དེ་བཞིན་གཤེགས་པ་དེ་ལྟ་བུའི་སྐུ་ཚེ་ཐུང་བར་བསྟན་


DKG089_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་ལགས། དེ་ནས་བཅོམ་ལྡན་འདས་བཞི་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་བཀའ་སྩལ་པ། རིགས་ཀྱི་བུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་སྙིགས་མ་ལྔའི་དུས་སུ་འཇིག་རྟེན་དུ་བྱུང་བ་ན་མི་རྣམས་ཚེ་ལོ་བརྒྱ་པར་གྱུར་ཅིང་རང་བཞིན་དམན་པ་དང་། དགེ་བའི་རྩ་བ་ཕྲ་ཞིང་ཆུང་བ་དང་། མོས་པ་མེད་པར་གྱུར་པས་སེམས་ཅན་དེ་དག་ལས་ཕལ་ཆེར་བདག་ཏུ་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། སེམས་ཅན་དང་སྲོག་དང་། གསོ་བ་པོ་དང་། ལོག་པར་ལྟ་བ་དང་། བདག་དང་། བདག་གིར་ལྟ་བ་དང་། རྟག་པ་དང་། ཆད་པར་ལྟ་བ་ལ་སོགས་པ་དང་ལྡན་པས་སེམས་ཅན་མང་པོ་དེ་དག་དང་། མུ་སྟེགས་ཅན་མང་པོ་དེ་དག་ལ་ཕན་གདགས་ཤིང་ཡང་དག་པའི་ཤེས་པ་བསྐྱེད་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་ལྟ་བུའི་སྐུ་ཚེ་ཐུང་བ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དེས་སེམས་ཅན་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་གྱུར་ན་ཤིན་ཏུ་མཐོང་བར་དཀའ་བའི་འདུ་ཤེས་དང་། མྱ་ངན་དང་། སྡུག་བསྔལ་བ་ལ་སོགས་པའི་འདུ་ཤེས་བསྐྱེད་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་སྡེའི་བསྟན་པ་དག་མྱུར་དུ་ལེན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཀུན་ཆུབ་པར་བྱས་ནས་གཞན་དག་ལ་ཡང་དག་པར་བསྟན་པ་དང་། སྐུར་པ་འདེབས་པར་མི་འགྱུར་བར་མཛད་པར་བཞེད་པའི་ཕྱིར་དེ་ལྟ་བས་ན་དེ་བཞིན་གཤེགས་པས་དེ་ལྟ་བུའི་སྐུ་ཚེ་ཐུང་བ་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དེ་དག་གིས་གལ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་མཐོང་བར་གྱུར་ན་གུས་པས་རིམ་གྲོ་ཡང་མི་བྱེད། ཤིན་ཏུ་ཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེད་ལ་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་ཟབ་མོ་དག་ཀྱང་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཀུན་ཆུབ་པར་བྱས་ནས་གཞན་དག་ལ་སྟོན་པར་ཡང་མི་བྱེད་པས་སོ། །དེ་ཅིའི་ཕྱིར་


DKG089_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། འདི་ལྟར་རྟག་པར་སངས་རྒྱས་མཐོང་བས་གུས་པར་མི་བྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་གིས་བདག་གི་ཕ་ལ་ནོར་དང་། རིན་པོ་ཆེ་མང་ཞིང་འཕེལ་བ་དག་མཐོང་བར་གྱུར་ན། ནོར་རྫས་དག་ལ་ངོ་མཚར་དང་། མཐོང་བར་དཀའ་བའི་འདུ་ཤེས་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཕའི་ནོར་རྫས་དག་ལ་རྟག་པའི་འདུ་ཤེས་སྐྱེད་པའི་ཕྱིར་རོ། །རིགས་ཀྱི་བུ་སེམས་ཅན་མང་པོ་དེ་དག་ཀྱང་དེ་བཞིན་དུ་གལ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་མཐོང་བར་གྱུར་ན་ངོ་མཚར་དང་མཐོང་བར་དཀའ་བའི་འདུ་ཤེས་སྐྱེ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རྟག་པར་མཐོང་བའི་ཕྱིར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཕ་མ་དབུལ་ཞིང་ནོར་རྫས་ཀྱིས་ཕོངས་པར་གྱུར་པ་ལས་མི་དབུལ་པོ་དེ་རྒྱལ་པོའི་ཕོ་བྲང་ངམ། བློན་པོ་ཆེན་པོའི་ཁྱིམ་དག་ཏུ་ཕྱིན་ཏེ། བང་མཛོད་རིན་པོ་ཆེ་སྣ་ཚོགས་དང་། ནོར་རྫས་ཀྱིས་ཡོངས་སུ་གང་བ་མཐོང་བར་གྱུར་ན། ངོ་མཚར་དང་ཕྲད་པར་དཀའ་བའི་འདུ་ཤེས་བསྐྱེད་ནས་དེའི་ཚེ་མི་དབུལ་པོ་དེ་ནོར་རྫས་ཡོངས་སུ་གཉེར་བའི་ཕྱིར་སྦྱོར་བའི་ཐབས་རྒྱ་ཆེར་བཤམས་ནས་ལེ་ལོ་མི་བྱེད་པར་རབ་ཏུ་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དབུལ་ཕོངས་པ་སྤངས་ཤིང་བདེ་བའི་ལོངས་སྤྱོད་ཉམས་སུ་མྱོང་བར་བྱ་བའི་ཕྱིར་རོ། །རིགས་ཀྱི་བུ་སེམས་ཅན་མང་པོ་དེ་དག་ཀྱང་དེ་བཞིན་དུ་གལ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་གྱུར་ན། མཐོང་བར་དཀའ་བའི་འདུ་ཤེས་ནས་མྱ་ངན་དང་སྡུག་བསྔལ་བ་ལ་སོགས་པའི་འདུ་ཤེས་ཀྱི་བར་དག་ཀྱང་བསྐྱེད་ནས་གཞན་ཡང་འདི་སྙམ་དུ་དེ་བཞིན་གཤེགས་པ་རྣམས་ནི་བསྐལ་པ་གྲངས་མེད་ཚད་མེད་པ་སྙེད་འདས་ནས་གདོད་འཇིག་རྟེན་དུ་འབྱུང་བས། ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་བརྒྱ་ལ་བརྒྱ་ལམ་ན་ལན་ཅིག་འབྱུང་བར་འགྱུར་རོ། །ཞེས་སེམས་ཅན་མང་པོ་དེ་དག་ངོ་མཚར་གྱིས་བསམ་པ་བསྐྱེད་ནས་ཤིན་ཏུ་མཐོང་བར་དཀའ་བའི་འདུ་ཤེས་སྐྱེད་པར་བྱེད་དེ། གལ་ཏེ་དེ་བཞིན་གཤེགས་པ་མཐོང་བར་གྱུར་ན་ཡང་སེམས་ཀྱིས་གུས་པ་དང་དང་བསྐྱེད་


DKG089_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ལ། ཡང་དག་པའི་ཆོས་བསྟན་པ་ཐོས་པར་གྱུར་ན་ཡང་དག་པའི་བཀའ་ཡིན་ནོ་སྙམ་པའི་འདུ་ཤེས་བསྐྱེད་ནས། མདོ་སྡེ་ཇི་སྙེད་པ་ཐམས་ཅད་ཀྱང་ཡང་དག་པར་འཛིན་ཅིང་སྐུར་པ་འདེབས་པར་མི་བྱེད་དོ། །རིགས་ཀྱི་བུ་རྒྱུ་དང་རྐྱེན་དེས་ན་བཅོམ་ལྡན་འདས་དེ་ཡུན་རིང་དུ་འཇིག་རྟེན་ན་མི་བཞུགས་པར་ཡོངས་སུ་མྱ་ངན་ལས་འདའ་བ་ཡིན་ཏེ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་རྣམས་ནི་དེ་ལྟ་བུའི་ཐབས་མཁས་པ་མཁྱེན་ནས་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཡིན་ནོ། །དེའི་ཚེ་དེ་བཞིན་གཤེགས་པ་བཞི་པོ་དེ་དག་གིས་དེ་སྐད་ཅེས་བཀའ་སྩལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཚད་མེད་པ་སྙེད་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱད་སྟོང་ཚད་མེད་པ་དག་དང་ལྷན་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་དོང་སྟེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཐམས་ཅད་མཁྱེན་པའི་སྤྱན་སྔར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་དངོས་པོ་གོང་དུ་བསྟན་པ་དེ་དག་བཅོམ་ལྡན་འདས་ལ་རྒྱས་པར་གསོལ་པ་དང་། དེའི་ཚེ་དེ་བཞིན་གཤེགས་པ་བཞི་པོ་དེ་དག་ཀྱང་བྱ་རྒོད་ཕུང་པོའི་རི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་གང་ན་བ་དེར་གཤེགས་ཏེ། སོ་སོའི་ཕྱོགས་ཇི་ལྟ་བ་བཞིན་དུ་གདན་ལ་བཞུགས་ནས་ཞབས་འབྲིང་བའི་བྱང་ཆུབ་སེམས་དཔའ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་ལ་ངེད་ཀྱི་ཚིག་གིས་ཅུང་ཟད་མི་བསྙུང་ངམ། ཅུང་ཟད་མི་གདུང་ངམ། བཞེངས་ཤིང་བཞུགས་པ་ཡང་ངམ། སྤྱོད་ལམ་ཐམས་ཅད་དུ་བདེ་བར་སྤྱོད་དམ་ཞེས་སྙུན་གསོལ་ཅིག །གཞན་ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་མུ་གེའི་བགེགས་ཡོངས་སུ་བསལ་ནས་བདེ་བ་ལ་འགོད་པར་བཞེད་པའི་ཕྱིར་དེང་གསེར་འོད་དམ་པའི་མདོ་སྡེ་ཤིན་ཏུ་ཟབ་མོའི་ཆོས་ཀྱི་དོན་བསྟན་པ་


DKG089_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ་ལེགས་སོ། །བདག་ཅག་རྣམས་ཀྱང་རྗེས་སུ་ཡི་རང་ངོ་ཞེས་གསོལ་ཅིག །དེ་ནས་ཞབས་འབྲིང་བ་དེ་དག་སོ་སོ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དེ། ཅིག་ཅར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་དང་མིའི་སྟོན་པ་དེ་དག་ཚད་མ་མཆིས་པའི་གསུང་གིས་ཅུང་ཟད་མི་བསྙུང་ངམ། ཅུང་ཟད་མི་གདུང་ངམ། བཞེངས་ཤིང་བཞུགས་པ་ཡང་ངམ། སྤྱོད་ལམ་ཐམས་ཅད་དུ་བདེ་བར་སྤྱོད་དམ། ཞེས་སྙུན་གསོལ་ལགས་སོ། །གཞན་ཡང་འདི་སྐད་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་མུ་གེའི་བགེགས་ཡོངས་སུ་བསལ་ནས་བདེ་བ་ལ་འགོད་པར་བཞེད་པའི་ཕྱིར་དེང་གསེར་འོད་དམ་པའི་མདོ་སྡེ་ཤིན་ཏུ་ཟབ་པའི་ཆོས་ཀྱི་དོན་བསྟན་པ་ལེགས་སོ་ལེགས་སོ་ཞེས་གསུངས་སོ། །དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཞབས་འབྲིང་བའི་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་བཞི་པོ་དེ་དག་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བཞེད་པའི་ཕྱིར་ང་ལ་ཡང་དག་པའི་ཆོས་བསྟན་པར་བསྐུལ་བ་ལེགས་སོ་ལེགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་ནི་རྟག་པར་བྱ་རྒོད་རི་གནས་ནས། ། མདོ་སྡེ་རིན་ཆེན་འདི་ནི་འཆད་པར་མཛད། །སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར། །ཡོངས་སུ་མྱ་ངན་ལས་འདའ་བསྟན་པ་ཡིན། །སོ་སོའི་སྐྱེ་བོ་ལོག་ལྟ་བསྐྱེད་ནས་ནི། །ངས་བསྟན་དག་ལ་མངོན་པར་ཡིད་མི་ཆེས། །དེ་དག་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ། ཡོངས་སུ་མྱ་ངན་འདའ་བར་བསྟན་པ་ཡིན། །དེ་ནས་འཁོར་འདུས་པ་ཆེན་པོ་དེ་ཉིད་དུ་བྲམ་ཟེ་ཀཽཎྜི་ནྱས་ཆོས་ཀྱི་སློབ་དཔོན་གྱིས་ལུང་བསྟན་པ་ཞེས་བྱ་བ་ཞིག་ཡོད་པ་དེ་བྲམ་ཟེའི་འཁོར་བརྒྱ་སྟོང་ཚད་མེད་པ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཅོམ་ལྡན་


DKG089_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་བཀས་བཤད་པ་ཐོས་པ་དང་མཆི་མ་བླགས་ཏེ་ངུས་ནས་མདུན་དུ་འཕགས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་དེ་བཞིན་གཤེགས་པ་ཡང་དག་པར་སེམས་ཅན་རྣམས་ལ་བྱམས་པ་དང་། ཐུགས་རྗེ་ཆེན་པོ་མངའ་བ་སྟེ། ཐུགས་བརྩེ་བས་ཕན་འདོགས་ཤིང་བདེ་བ་འཐོབ་པར་མཛད་དེ།ཕ་མ་ལྟ་བུར་གྱུར་པས་གཞན་དེ་དང་མཚུངས་པ་མ་མཆིས་པ་དང་། འཇིག་རྟེན་ཐམས་ཅད་ཀྱི་མགོན་དང་སྐྱབས་མཛད་པས་ཟླ་བ་ཡོངས་སུ་རྒྱས་པ་ལྟར་གསལ་ཞིང་རྣམ་པར་དག་པར་གྱུར་པ་དང་། མཁྱེན་པ་ཆེན་པོས་གསལ་བར་མཛད་པས་གདུགས་དང་པོ་ཤར་བ་ལྟ་བུར་གྱུར་པ་དང་། སེམས་ཅན་རྣམས་ལ་སྙོམས་པར་གཟིགས་པར་མཛད་དེ་སྒྲ་གཅན་ཟིན་ལ་ཅི་ལྟ་བ་བཞིན་དུ་ཐུགས་བརྩེ་བ་ལ་མི་སྙོམས་པ་མི་མངའ་བ་ཞིག་ལགས་ན་བཅོམ་ལྡན་འདས་ཀྱིས་བདག་ལ་སྨོན་ལམ་གཅིག་གནང་བར་མཛད་དུ་གསོལ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང་། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་འཁོར་དེ་ཉིད་དུ་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བར་དགའ་བ་ཞེས་བྱ་བ་ཞིག་འདུག་པར་གྱུར་པ་དེས་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་བྲམ་ཟེ་ཆེན་པོ་ཁྱོད་དེང་བཅོམ་ལྡན་འདས་ལས་སྨོན་ལམ་ཇི་ལྟ་བུ་ཞིག་ཡོངས་སུ་གཉེར་བར་འདོད་པ་བདག་གིས་ཁྱོད་ལ་སྦྱིན་པར་བྱའོ། །བྲམ་ཟེས་སྨྲས་པ། ཀྱེ་གཞོན་ནུ་བདག་ནི་བླ་ན་མེད་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱེད་འདོད་པས། དེང་དེ་བཞིན་གཤེགས་པ་ལས་རིང་བསྲེལ་ཡུངས་འབྲུ་ཙམ་ཞིག་གསོལ་བ་འདེབས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བདག་གིས་སྔོན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སངས་རྒྱས་ཀྱི་རིང་བསྲེལ་དུ་ཡུངས་འབྲུ་ཙམ་ཞིག་ཐོབ་ནས་གུས་པས་རིམ་གྲོ་དང་མཆོད་པ་བྱས་ན་གང་ཟག་དེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་ནས་ལྷའི་དབང་པོ་བརྒྱ་བྱིན་བྱེད་པར་འགྱུར་རོ་ཞེས་ཐོས་པས་སོ། །དེ་


DKG089_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཞོན་ནུ་དེས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་རྣམ་པར་སྨིན་པ་མཆོག་ལ་ལོངས་སྤྱོད་པར་འདོད་ན་སེམས་རྩེ་གཅིག་ཏུ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་མཉན་པར་བྱ་སྟེ། མདོ་སྡེ་འདི་ནི་མདོ་སྡེ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་ཁྱད་པར་དུ་འཕགས་པ་ཡིན་པས་ཤེས་པར་དཀའ་ཞིང་འཇུག་པར་དཀའ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་ཁོང་དུ་ཆུད་པར་མི་ནུས་སོ། །མདོ་སྡེ་འདི་ནི་བསོད་ནམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཚད་མེད་པ་བསྐྱེད་པ་ནས་བླ་ན་མེད་པའི་བྱང་ཆུབ་ཀྱི་བར་དུ་ཡང་མངོན་པར་འགྲུབ་པར་བྱེད་དེ། དེང་བདག་གིས་ཁྱོད་ལ་དོན་གྱི་དངོས་པོ་མདོ་ཙམ་ཞིག་བསྟན་པ་ཡིན་ནོ། །བྲམ་ཟེས་སྨྲས་པ། གཞོན་ནུ་ལེགས་སོ། །གསེར་འོད་དམ་པ་མདོ་སྡེའི་རྒྱལ་པོ་འདི་ནི་ཤིན་ཏུ་ཟབ་ཅིང་མཆོག་ཏུ་གྱུར་པས་ཤེས་པར་ཡང་དཀའ་ལ་འཇུག་པར་ཡང་དཀའ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཀྱང་ཁོང་དུ་ཆུད་པར་མི་འགྱུར་ན་བདག་ཅག་མཐའ་འཁོབ་ཀྱི་མི་དམངས་རིགས་ཤེས་པ་ཤིན་ཏུ་ཕྲ་ཞིང་ཆུང་བས་རིག་པར་མི་འགྱུར་བ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་དེང་བདག་གིས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་ཡོངས་སུ་གཉེར་བ་ཡིན་ཏེ། རང་གི་གནས་སུ་ཁྱེར་ནས་རིན་པོ་ཆེའི་ཟ་མ་ཏོག་གི་ནང་དུ་བཅུག་སྟེ་གུས་པས་མཆོད་པ་དང་རིམ་གྲོ་བྱས་ན་ཚེ་འདས་པའི་འོག་ཏུ་བརྒྱ་བྱིན་ལྷའི་དབང་པོ་བྱས་ནས་རྟག་པར་བདེ་བ་མྱོང་བར་འགྱུར་ན་ཁྱོད་ཀྱིས་དེང་ཅིའི་ཕྱིར་བདག་གི་ཆེད་དུ་རིག་པ་དང་ཞབས་སུ་ལྡན་པ་ལ་སྨོན་ལམ་འདི་ཅི་གསོལ་བ་འདེབས་པར་མི་བྱེད། དེ་སྐད་ཅེས་སྨྲས་པ་དང་། དེའི་ཚེ་གཞོན་ནུ་དེས་བྲམ་ཟེ་དེ་ལ་ཚིགས་སུ་བཅད་དེ་འདི་སྐད་ཅེས་སྨྲས་སོ། །གང་གཱའི་འབའ་ཆུ་དྲག་པོ་ལས། །པདྨ་དཀར་པོ་སྐྱེ་འགྱུར་ཞིང་། ། འཇོལ་མོ་དུང་ལྟར་གྱུར་པ་དང་། །བྱ་རོག་དམར་པོར་འགྱུར་བའམ། །གལ་ཏེ་འཛམ་བུའི་ལྗོན་ཤིང་ལས། །ཏ་ལའི་འབྲས་བུ་ཆགས་པ་དང་། །ཁརྫུ་ར་ཡི་ཡལ་ག་ལས། །ཨ་མྲའི་ལོ་མ་སྐྱེ་འགྱུར་བ། །ཡ་མཚན་དངོས་པོ་འདི་དག་ནི། །ཕན་ཚུན་རུང་པར་འགྱུར་སྲིད་


DKG089_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བཅོམ་ལྡན་འདས་ཀྱི་རིང་བསྲེལ་ནི། །མཐར་ནི་ནམས་ཀྱང་དམིགས་མི་འགྱུར། །གལ་ཏེ་རུ་སྦལ་སྤུ་ལས་ནི། །གོས་མཆོག་དམ་པ་རབ་བཏགས་ནས། །གྲང་ཚེ་བགོ་བར་རུང་འགྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་སྦྲང་བུའི་རྐང་པ་ལས། །ཁང་པ་རྩེག་མ་བྱས་འགྱུར་ཏེ། །རབ་བརྟན་མི་གཡོ་གྱུར་པ་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་ཆུ་ཡི་ཛ་ལུ་ཀ། །ཁ་ནས་སོ་དཀར་སྐྱེས་གྱུར་ནས། །རིང་ཆེ་མཚོན་ལྟར་རྣོ་གྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་རི་བོང་རྭ་ཐོགས་ནས། ། ཐེམ་སྐས་རབ་གཙང་མངོན་བསྒྲུབས་ཏེ། །མཐོ་རིས་གནས་སུ་འཛེག་རུང་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །བྱི་བས་ཐེམ་སྐས་དེ་འཛེགས་ཏེ། །ལྷ་མ་ཡིན་ལ་བསྡོ་བ་དང་། །ནམ་མཁའི་ཟླ་བ་སྒྲིབ་ནུས་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་སྦྲང་བུ་ར་རོ་ནས། །གྲོང་ཁྱེར་ཀུན་ཏུ་རབ་རྒྱུ་ཞིང་། །ཁང་ཁྱིམ་རྒྱ་ཆེར་བྱས་གྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་བོང་བུའི་མཆུ་ཡི་མདོག །བིམ་པའི་འབྲས་ལྟར་དམར་འགྱུར་ཞིང་། །གླུ་གར་ལ་ནི་མཁས་གྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་བྱ་རོག་འུག་པ་གཉིས། །གནས་གཅིག་ལྷན་ཅིག་རབ་བརྩེ་ཞིང་། །དེ་དག་ཕན་ཚུན་མཛའ་འགྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་པ་ལའི་འདབ་མ་ལས། །གདུགས་དང་བླ་རེ་མངོན་བསྒྲུབས་ཏེ། །ཆར་ཆེན་སྐྱབས་ནི་བྱས་གྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་གྲུ་ཆེན་ཐམས་ཅད་ལས། །ནོར་དང་རིན་ཆེན་རབ་བཀང་སྟེ། །ཐང་བུ་སྐམ་ལ་འགྲོ་ནུས་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །གལ་ཏེ་སྦྲང་བུ་ལྕགས་ཕྱེ་མཆུས། །སྤོས་ཀྱི་རི་བོ་ཁྱེར་ནས་ནི། །དགའ་མགུར་འཕུར་ཞིང་འགྲོ་གྱུར་ན། །བཅོམ་ལྡན་རིང་བསྲེལ་བཙལ་བར་བྱ། །དེ་ནས་དེའི་ཚེ་བྲམ་ཟེ་ཆོས་ཀྱི་སློབ་དཔོན་གྱིས་ལུང་བསྟན་པས་ཚིགས་སུ་བཅད་པ་འདི་དག་ཐོས་ནས་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་བར་དགའ་བ་ལ་ཚིགས་སུ་བཅད་དེ་སྨྲས་པ། ལེགས་


DKG089_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སོ་གཞོན་ནུ་ཆེན་པོ་ཁྱོད། །འཁོར་འདི་ཀུན་གྱི་བཀྲ་ཤིས་ཡིན། །ཐབས་ལ་མཁས་པའི་སེམས་ཀྱིས་ནི། །བླ་མེད་སངས་རྒྱས་ལུང་བསྟན་ཐོབ། །དེ་བཞིན་གཤེགས་པ་གཟིགས་ཆེན་གྱིས། །འཇིག་རྟེན་དག་ནི་སྐྱོབ་མཛད་པས། །ཁྱོད་ཀྱིས་རྩེ་གཅིག་ཉོན་ཅིག་དང་། །དེང་བདག་རིམ་བཞིན་བཤད་པར་བྱ། །སངས་རྒྱས་སྤྱོད་ཡུལ་བསམ་དཀའ་བས། །འཇིག་རྟེན་དག་ན་མཚུངས་པ་མེད། །ཆོས་སྐུ་ངོ་བོ་རྟག་བཞུགས་པས། །རྣལ་འབྱོར་སྒོམ་ལ་ཁྱད་པར་མེད། །སངས་རྒྱས་སྐུ་ཀུན་མཚུངས་པས་ན། །ཆོས་གསུངས་པ་ཡང་དེ་བཞིན་ཏེ། །སངས་རྒྱས་རྣམས་ལ་མཛད་མི་མངའ། །གཟོད་མ་ཉིད་ནས་སྐྱེ་བ་མེད། །བཅོམ་ལྡན་རྡོ་རྗེའི་སྐུ་ཡིན་ཡང་། །ཐབས་ཀྱིས་སྤྲུལ་པའི་སྐུ་སྟོན་པས། །དེ་ཕྱིར་བཅོམ་ལྡན་རིང་བསྲེལ་ནི། །ཡུངས་འབྲུ་ཙམ་ཡང་ཡོད་པ་མིན། །བཅོམ་ལྡན་ཤ་ཁྲག་སྐུ་མིན་ན། །ཇི་ལྟར་རིང་བསྲེལ་ཡོད་པར་འགྱུར། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཐབས་ཀྱིས་སྐུ་གདུང་གཞག་པ་ཡིན། །ཆོས་སྐུ་ཡང་དག་སངས་རྒྱས་པས། །ཆོས་དབྱིངས་དེ་བཞིན་གཤེགས་པ་ཡིན། །ཡང་དག་སྐུ་ནི་འདི་ཡིན་པས། །དེ་འདྲའི་ཆོས་ནི་གསུངས་པར་མཛད། །དེ་ནས་འཁོར་འདུས་པ་དེ་ཉིད་དུ་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་ཤིན་ཏུ་རིང་བར་བསྟན་པ་ཐོས་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ངོ་མཚར་རྨད་དུ་བྱུང་བའི་དགའ་བ་དང་། མགུ་བ་དང་། རངས་པ་ཐོབ་པས་ཐམས་ཅད་མགྲིན་གཅིག་ཏུ་ཚིགས་སུ་བཅད་དེ་སྨྲས་པ། སངས་རྒྱས་མྱ་ངན་མི་འདའ་སྟེ། །ཡང་དག་ཆོས་ཀྱང་ནུབ་མི་འགྱུར། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །མྱ་ངན་འདའ་བར་བསྟན་པ་ཡིན། །བཅོམ་ལྡན་བསམ་གྱིས་མི་ཁྱབ་ཅིང་། །སྐུ་མཆོག་ཐ་དད་མཚན་མེད་ཀྱང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བཀོད་པ་སྣ་ཚོགས་སྟོན་པར་མཛད། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དེ་བཞིན་


DKG089_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་བཞི་དང་། སྐྱེས་བུ་ཆེན་པོ་དེ་གཉིས་དང་། ལྷའི་བུ་རྣམས་ལས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་མངོན་སུམ་དུ་ཐོས་པས་ཡང་འདུག་པའི་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་གུས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་ཡང་དག་པར་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་རིང་བསྲེལ་ཡང་མི་མངའ་བ་ཞིག་ལགས་ན་ཅིའི་སླད་དུ་མདོ་སྡེ་ལས་ཡོངས་སུ་མྱ་ངན་ལས་འདའ་བ་དང་། སངས་རྒྱས་ལ་རིང་བསྲེལ་མངའ་བར་གསུངས་ཤིང་། ལྷ་དང་མི་རྣམས་ཀྱིས་རིམ་གྲོ་དང་། བཀུར་སྟི་དང་། མཆོད་པ་བགྱིད་པར་འགྱུར་བའི་ཆེད་དུ་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་སྐུ་གདུང་མངའ་བར་བསྟན་ཅིང་འཇིག་རྟེན་ན་བཞུགས་པས་ལྷ་དང་མི་རྣམས་ཀྱིས་མཆོད་ཅིང་རིམ་གྲོ་བགྱིས་ན་བསོད་ནམས་དཔག་ཏུ་མ་མཆིས་པ་ཐོབ་པར་འགྱུར་རོ། །ཞེས་གསུངས་ལ། དེང་ནི་མ་མཆིས་སོ་ཞེས་གསུངས་པས་ཐེ་ཙོམ་དང་སོམ་ཉི་འཚལ་བར་གྱུར་ན། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བར་དགོངས་ཏེ་རྒྱ་ཆེར་རྣམ་པར་དབྱེ་བར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དང་། འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདའ་ཞིང་རིང་བསྲེལ་ཡོད་དོ། །ཞེས་གསུངས་པ་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་པས་འདི་ལྟར་དེའི་དོན་གང་ཡིན་པ་སེམས་རྩེ་གཅིག་ཏུ་ཉོན་ཅིག །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལྟར་ཆོས་རྣམ་པ་བཅུས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི། དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་གྱིས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་པ་གང་ཡིན་པ་ཤེས་པར་འགྱུར་བར་རིག་པར་བྱའོ། །བཅུ་གང་ཞེ་ན། དང་པོ་ནི་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པར་སྤངས་ཤིང་ཟད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །


DKG089_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ནི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་ངོ་བོ་ཉིད་མེད་པ་དང་ཆོས་ངོ་བོ་ཉིད་མེད་པར་ལེགས་པར་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གསུམ་པ་ནི་ལུས་ཀྱི་གནས་དང་ཆོས་ཀྱི་གནས་ཡོངས་སུ་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཞི་པ་ནི་སེམས་ཅན་རྣམས་ལ་དོན་མཛད་པའི་རྒྱུ་དང་རྐྱེན་རང་གི་ངང་གིས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ལྔ་པ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཐ་དད་པ་མེད་པ་མཉམ་པ་ཉིད་ཀྱིས་ཆོས་ཀྱི་སྐུ་མངོན་སུམ་དུ་བརྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དྲུག་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ལ་ངོ་བོ་ཉིད་གཉིས་སུ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདུན་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཐུགས་སུ་ཆུད་ནས། རྣམ་པར་དག་པ་མངོན་སུམ་དུ་གྱུར་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བརྒྱད་པ་ནི་ཆོས་ཐམས་ཅད་ལ་སྐྱེ་བ་མེད་ཅིང་འགག་པ་མེད་པར་རྣལ་འབྱོར་ལེགས་པར་བསྒོམས་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དགུ་པ་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པ་ཉིད་ཀྱིས་ཡང་དག་པའི་ཡེ་ཤེས་བརྙེས་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཅུ་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ལ་བྱེ་བྲག་མེད་པ་བརྙེས་པའི་ཕྱིར། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡོད་པར་བསྟན་པའི་ཆོས་རྣམ་པ་བཅུ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལྟར་ཆོས་རྣམ་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་གྱིས་མཐར་ཕྱིན་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་པ་གང་ཡིན་པ་ཤེས་པར་འགྱུར་བར་རིག་པར་བྱའོ། །བཅུ་གང་ཞེ་ན། དང་པོ་ནི་ཉོན་མོངས་པ་ཐམས་


DKG089_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ནི་འདོད་པས་གཞི་བྱས་པ་ཡིན་པས་འདོད་པ་ལས་སྐྱེས་པ་ཡིན་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདོད་པ་ཡོངས་སུ་བཅད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གཉིས་པ་ནི་དེ་བཞིན་གཤེགས་པ་རྣམས་ཉོན་མོངས་པའི་འདོད་པ་རྣམས་ཡོངས་སུ་བཅད་པས་ཆོས་འགའ་ཡང་ལེན་པར་མི་མཛད་ལ། ལེན་པར་མི་མཛད་པའི་ཕྱིར་གཤེགས་པ་ཡང་མི་མངའ་བྱོན་པ་ཡང་མི་མངའ་ཞིང་ལེན་པ་མི་མངའ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གསུམ་པ་ནི་འདི་ལྟར་དེ་བཞིན་གཤེགས་པ་ལ་གཤེགས་པ་དང་བྱོན་པ་མི་མངའ་ཞིང་ལེན་པ་མི་མངའ་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་སྐྱེ་བ་མེད་ཅིང་འགག་པ་མེད་པ་ཡིན་པས་སྐྱེ་བ་དང་འགག་པ་མེད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཞི་པ་ནི་སྐྱེ་བ་དང་འགག་པ་མེད་པ་གང་ཡིན་པ་དེ་ནི་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཏེ། ཚིག་གི་ལམ་ཡོངས་སུ་ཆད་པར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ལྔ་པ་ནི་བདག་དང་གང་ཟག་མེད་ཀྱི་ཆོས་ཙམ་འབའ་ཞིག་སྐྱེ་འགག་ཏུ་གྱུར་པའི་གནས་སུ་གྱུར་པ་བརྙེས་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དྲུག་པ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་བློ་བུར་གྱི་རྡུལ་ཡིན་ལ་ཆོས་ཉིད་གང་ཡིན་པ་དེ་ནི་བདག་པོ་ཡིན་ཏེ། འགྲོ་བ་མེད་ཅིང་འོང་བ་མེད་པར་སངས་རྒྱས་རྣམས་ཀྱིས་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདུན་པ་ནི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཡང་དག་པ་ཡིན་ལ་གཞན་ཐམས་ཅད་ནི་ཡང་དག་པ་མ་ཡིན་པ་ཡིན་པས་ཡང་དག་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཡིན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བརྒྱད་པ་ནི་ཡང་དག་པའི་མཐའི་ངོ་བོ་ཉིད་གང་ཡིན་པ་དེ་ལ་ནི་སྤྲོས་པ་མེད་དེ། དེ་བཞིན་གཤེགས་པ་ཉག་གཅིག་གིས་ཡང་དག་པའི་མཐའི་ཆོས་མངོན་སུམ་དུ་གྱུར་ནས། སྤྲོས་པ་གཏན་དུ་བཅད་པས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དགུ་པ་ནི་སྐྱེ་བ་མེད་པ་གང་ཡིན་


DKG089_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཡང་དག་པ་ཡིན་ལ། སྐྱེ་བ་གང་ཡིན་པ་དེ་ནི་མི་བདེན་པ་ཡིན་པས་བྱིས་པ་བླུན་པོ་རྣམས་འཁོར་བར་བྱིང་ཞིང་འདོད་པས་ཁྱེར་བ་ཡིན་ན། དེ་བཞིན་གཤེགས་པའི་སྐུ་ལ་ནི་ཡང་དག་པར་མི་བདེན་པ་མི་མངའ་བས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། བཅུ་པ་ནི་ཡང་དག་པའི་ཆོས་མ་ཡིན་པ་གང་ཡིན་པ་དེ་ནི་རྐྱེན་ལས་བྱུང་བ་ཡིན་ལ་ཡང་དག་པའི་ཆོས་གང་ཡིན་པ་དེ་ནི་རྐྱེན་ལས་བྱུང་བ་མ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དང་ཡིན་པ་དེ་ནི་ཡང་དག་པ་ཡིན་པས་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡོད་པར་བསྟན་པའི་ཆོས་རྣམས་པ་བཅུ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་འདི་ལྟར་ཡང་ཆོས་རྣམ་པ་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་གྱི་ཚུལ་གྱིས་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་པ་གང་ཡིན་པ་ཤེས་པར་འགྱུར་བར་རིག་པར་བྱའོ། །བཅུ་གང་ཞེ་ན། དང་པོ་ནི་དེ་བཞིན་གཤེགས་པས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་ལ་བདག་དང་བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་སྦྱིན་པ་དང་སྦྱིན་པའི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གཉིས་པ་ནི་དེ་བཞིན་གཤེགས་པས་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་ལ་བདག་དང་བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་ཚུལ་ཁྲིམས་དང་ཚུལ་ཁྲིམས་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །གསུམ་པ་ནི་དེ་བཞིན་གཤེགས་པས་བཟོད་པ་དང་བཟོད་པའི་འབྲས་བུ་ལ་བདག་དང་བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བཟོད་པ་དང་བཟོད་པའི་འབྲས་བུ་དེ་ལ། །ལོག་པར་རྟོག་པར་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཞི་པ་ནི་དེ་བཞིན་གཤེགས་པས་བརྩོན་འགྲུས་དང་། བརྩོན་


DKG089_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུས་ཀྱི་འབྲས་བུ་ལ་བདག་དང་། བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བརྩོན་འགྲུས་དང་བརྩོན་འགྲུས་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །ལྔ་པ་ནི་དེ་བཞིན་གཤེགས་པས་བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་ལ་བདག་དང་བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་བསམ་གཏན་དང་བསམ་གཏན་གྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། དྲུག་པ་ནི་དེ་བཞིན་གཤེགས་པས་ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་ལ་བདག་དང་བདག་གི་བ་མེད་པར་ལེགས་པར་ཐུགས་སུ་ཆུད་པས་ཤེས་རབ་དང་ཤེས་རབ་ཀྱི་འབྲས་བུ་དེ་ལ་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བདུན་པ་ནི་དེ་བཞིན་གཤེགས་པས་སེམས་ཅན་དང་སེམས་ཅན་མ་ཡིན་པ་ཐམས་ཅད་དང་ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་ལེགས་པར་ཐུགས་སུ་ཆུད་པས་ལོག་པར་རྟོག་པ་གཏན་དུ་བསལ་ནས་ཞི་བར་གྱུར་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། ། བརྒྱད་པ་ནི་གང་གིས་བདག་ཉིད་ལ་སྲེད་ཅིང་མངོན་པར་ཞེན་པ་དེས་ནི་ཡོངས་སུ་ཚོལ་བར་བྱེད་པ་ལ་ཡོངས་སུ་ཚོལ་བའི་ཕྱིར་ནི་སྡུག་བསྔལ་མང་པོ་མྱོང་པར་འགྱུར་བ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ནི་བདག་ཉིད་ལ་སྲེད་པ་སྤངས་པའི་ཕྱིར་ཡོངས་སུ་ཚོལ་བ་གཏན་དུ་བཅད་དེ་ཡོངས་སུ་ཚོལ་བ་མི་མངའ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །དགུ་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་གྲངས་དང་ཚད་ཡོད་པ་ཡིན་ལ་འདུས་མ་བྱས་ཀྱི་ཆོས་གང་ཡིན་པ་དེ་ནི་གྲངས་དང་ཚད་སྤངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ནི་འདུས་བྱས་ཀྱི་ཆོས་སྤངས་ཤིང་འདུས་མ་བྱས་ཀྱི་ཆོས་མངོན་དུ་མཛད་པས་གྲངས་དང་ཚད་མི་མངའ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ། །བཅུ་པ་ནི་དེ་བཞིན་གཤེགས་པས་སེམས་ཅན་དང་ཆོས་ཀྱི་ངོ་བོ་ཉིད་ཐམས་ཅད་སྟོང་ཞིང་སྟོང་པ་ཉིད་ལས་གུད་ན་སྟོང་པའི་ངོ་བོ་ཉིད་


DKG089_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ་མ་ཡིན་པ་གང་ཡིན་པ་དེ་ཉིད་ལ་ཡང་དག་པའི་ཆོས་ཀྱི་སྐུ་ཡིན་པར་ཐུགས་སུ་ཆུད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་འདི་དག་ནི་མྱ་ངན་ལས་འདས་པ་ཡོད་པར་བསྟན་པའི་ཆོས་རྣམ་པ་བཅུ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་མི་འདའ་བ་གང་ཡིན་པ་དེ་ཡང་ཅི་ངོ་མཚར་རྨད་དུ་བྱུང་བ་མ་ཡིན་ནམ། གཞན་ཡང་ངོ་མཚར་གྱི་ཆོས་རྣམ་པ་བཅུ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཡིན་ཏེ། བཅུ་གང་ཞེ་ན། འཁོར་བ་ནི་ཉེས་དམིགས་དང་བཅས་པ་ཡིན་ལ། མྱ་ངན་ལས་འདས་པ་ནི་ཉེ་བར་ཞི་བ་ཡིན་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་མཉམ་པ་ཉིད་དུ་མཁྱེན་པའི་ཕྱིར་འཁོར་བར་མི་གནས་པར་ཡང་མི་འགྱུར་ལ། མྱ་ངན་ལས་འདས་པ་ལ་གནས་པར་ཡང་མི་མཛད་པས་སེམས་ཅན་རྣམས་ལ་ཡོངས་སུ་སྐྱོ་བ་མི་སྐྱེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་འདི་སྙམ་དུ་བྱིས་པ་སོ་སོའི་སྐྱེ་བོ་འདི་དག་ནི་ཕྱིན་ཅི་ལོག་གི་ལྟ་བ་ལ་སྤྱོད་པས་ཉོན་མོངས་པ་རྣམས་ཀྱིས་དཀྲིས་ཤིང་ཉོན་མོངས་པར་གྱུར་པས་ངས་དེང་རྣམ་པར་ཕྱེ་སྟེ་ཁོང་དུ་ཆུད་པར་བྱས་ནས་རྣམ་པར་ཐར་བར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི། འོན་ཀྱང་སྔོན་གྱི་བྱམས་པའི་དགེ་བའི་རྩ་བའི་མཐུས་སེམས་ཅན་དེ་དག་གི་དབང་པོ་དང་། རང་བཞིན་དང་། བསམ་པ་དང་། མོས་པ་ཇི་ལྟ་བ་བཞིན་དུ་རྣམ་པར་རྟོག་པ་མི་སྐྱེད་པར་ཡང་རང་གི་ངང་གིས་ཡོངས་སུ་སྒྲོལ་བར་མཛད་ཅིང་། ཕྱི་མའི་མཐར་ཐུག་པའི་བར་དུ་ཡང་དག་པའི་བསྟན་པ་བཤད་ནས་ཕན་འདོགས་ཤིང་དགའ་བར་མཛད་པ་ལ་མཐར་ཐུག་པ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་ངས་དེང་གསུང་རབ་ཡན་ལག་བཅུ་གཉིས་བསྟན་ནས་སེམས་ཅན་ལ་ཕན་གདགས་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་གྱི་བྱམས་པའི་དགེ་བའི་མཐུས་ཕྱི་མའི་མཐར་ཐུག་པའི་བར་དུ་སེམས་ཅན་དེ་དག་ལ་རྒྱ་ཆེར་བསྟན་པ་མཛད་པ་ལ་མཐར་ཐུག་པ་མེད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་


DKG089_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་ངས་དེང་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དེ་དག་ཏུ་སོང་སྟེ་རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་དང་། རྒྱལ་རིགས་དང་། དམངས་རིགས་ལ་སོགས་པའི་ཕོ་བྲང་དང་། ཁྱིམ་དག་ཏུ་བསོད་སྙོམས་བསླང་བར་བྱའོ། །སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སྔོན་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་གོམས་པར་གྱུར་པའི་མཐུས་རང་གི་ངང་གིས་དེ་དག་ཏུ་གཤེགས་ནས་ཕན་པའི་དངོས་པོ་མཛད་ཅིང་བསོད་སྙོམས་སློང་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པའི་སྐུ་ལ་བཀྲེས་པ་དང་། སྐོམ་པ་དང་། བཤང་གཅི་དང་། ཉམ་ཆུང་བའི་མཚན་མ་ཡང་མི་མངའ་ལ་བསོད་སྙོམས་སློང་བར་མཛད་ཀྱང་བཤོས་གསོལ་བ་མི་མངའ་ཞིང་རྣམ་པར་རྟོག་པ་ཡང་མི་མངའ་མོད་ཀྱི། འོན་ཀྱང་རང་གི་ངང་གིས་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་བཤོས་གསོལ་བ་མངའ་བའི་མཚན་མ་སྟོན་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་སེམས་ཅན་མང་པོ་འདི་དག་ལ་རབ་དང་། འབྲིང་དང་། ཐ་མ་ཡོད་པ་དེ་དག་གི་དབང་པོ་དང་རང་བཞིན་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་མངའ་བར་ཡང་དེ་དག་གི་སྣོད་དང་དབང་པོའི་སྐྱོན་ཇི་ལྟ་བ་བཞིན་དུ་ཤིན་ཏུ་འཚམ་པར་དེ་དག་ལ་ཆོས་སྟོན་པར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ལ་སེམས་ཅན་འདི་དག་ནི་ང་ལ་བཀུར་སྟི་དང་རིམ་གྲོ་མི་བྱེད་ཅིང་རྟག་པར་ང་ལ་སྨོད་པའི་ཚིག་འབྱིན་པར་བྱེད་པས་དེ་དག་དང་ལྷན་ཅིག་ཏུ་གཏམ་སྨྲ་བར་མི་བྱའོ། །སེམས་ཅན་འདི་དག་ནི་ང་ལ་བཀུར་སྟི་དང་རིམ་གྲོ་བྱེད་ཅིང་རྟག་པར་ངའི་བསྔགས་པ་རྗོད་པར་བྱེད་པས་ངས་དེ་དག་དང་ལྷན་ཅིག་ཏུ་གཏམ་སྨྲ་བར་བྱའོ་སྙམ་པའི་དགོངས་པ་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་བྱམས་པ་དང་ཐུགས་རྗེའི་དགོངས་པ་མཉམ་པ་བསྐྱེད་ནས་གཉིས་སུ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་


DKG089_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་རྣམས་ལ་བྱམས་སྡང་དང་། ང་རྒྱལ་དང་། འདོད་པ་དང་། སེར་སྣ་དང་། ཉོན་མོངས་པ་རྣམས་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པ་རྟག་པར་རབ་ཏུ་དབེན་པ་ལ་དགྱེས་ཤིང་འདོད་པ་ཆུང་བ་དང་། འདུ་འཛི་སྤངས་པ་ལ་བསྔགས་པ་བརྗོད་པར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་ཆོས་གཅིག་ཙམ་ཡང་མི་མཁྱེན་པའམ། ལེགས་པར་ཐུགས་སུ་མ་ཆུད་པ་མི་མངའ་བས་ཐམས་ཅད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་གྱུར་ཅིང་རྣམ་པར་མི་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གིས་ལས་ཀྱི་དངོས་པོ་མངོན་པར་འདུ་བྱེད་པ་གཟིགས་ནས་དེ་དག་གི་ཡིད་དང་མཐུན་པར་འཇུག་ཅིང་ཐབས་མཁྱེན་པས་དྲངས་ཏེ་ངེས་པར་འབྱུང་བ་ཐོབ་པར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ནི་གལ་ཏེ་སེམས་ཅན་ཁ་ཅིག་ཕྱུག་ཅིང་ལོངས་སྤྱོད་དང་ལྡན་པར་གྱུར་པ་གཟིགས་ན་ཡང་དགྱེས་པ་སྐྱེ་བར་མི་འགྱུར་ལ། དེ་དག་རྒུད་ཅིང་ཕོངས་པར་གྱུར་པ་གཟིགས་ན་ཡང་ཡོངས་སུ་གདུང་བ་སྐྱེ་བར་མི་འགྱུར་མོད་ཀྱི། འོན་ཀྱང་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་ཡང་དག་པའི་སྤྱོད་པ་མངོན་པར་བསྒྲུབས་པ་གཟིགས་པར་གྱུར་ནས་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོས་རང་གི་ངང་གིས་ཡོངས་སུ་སྐྱོབ་ཅིང་སྡུད་པར་མཛད་པ་དང་། གལ་ཏེ་སེམས་ཅན་དེ་དག་ལོག་པའི་སྤྱོད་པ་མངོན་པར་བསྒྲུབ་པ་གཟིགས་པར་གྱུར་ན་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོས་རང་གི་ངང་གིས་ཡོངས་སུ་སྐྱོབ་ཅིང་སྡུད་པར་མཛད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དེ་ལྟ་བུའི་ཡང་དག་པའི་མཛད་པ་དཔག་ཏུ་མེད་པ་མངའ་བར་སྟོན་པ་ཡིན་པར་རིག་པར་བྱ་ཞིང་། ཁྱེད་ཀྱིས་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདས་པའི་ཡང་དག་པའི་མཚན་ཉིད་ཡིན་པར་རིག་


DKG089_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །རེས་འགའ་ཡོངས་སུ་མྱ་ངན་ལས་འདས་པ་ཡོད་པར་མཐོང་བ་གང་ཡིན་པ་དེ་ཡང་ཐབས་མཁྱེན་པས་བསྟན་པ་ཡིན་ལ་རིང་བསྲེལ་བཞག་ནས་སེམས་ཅན་རྣམས་ཀྱིས་བཀུར་སྟི་དང་རིམ་གྲོ་བྱས་ཏེ་མཆོད་པ་བྱེད་པར་འགྱུར་བ་ཡང་དེ་བཞིན་གཤེགས་པའི་བྱམས་པའི་དགེ་བའི་རྩ་བའི་མཐུ་ལས་གྱུར་པ་ཡིན་པས་གང་གིས་མཆོད་པ་བྱས་པ་དེ་དག་མ་འོངས་པའི་དུས་ན་མི་ཁོམ་པ་བརྒྱད་དང་བྲལ་ཞིང་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་བྱེད་པ་དང་། དགེ་བའི་བཤེས་གཉེན་དང་ཕྲད་ནས་དགེ་བའི་སེམས་སྟོར་བར་མི་འགྱུར་བ་དང་། བསོད་ནམས་ཀྱི་རྣམ་པར་སྨིན་པ་དཔག་ཏུ་མེད་པ་དང་ལྡན་ཞིང་མྱུར་དུ་ངེས་པར་བྱུང་ནས་འཁོར་བ་དག་གིས་བླངས་ཤིང་འཆིང་བར་མི་འགྱུར་བས་འདི་ལྟ་བུའི་སྤྱོད་པ་གྱ་ནོམ་པ་གང་ཡིན་པ་དེ་ཁྱོད་ཀྱིས་ནན་ཏན་གྱིས་བསྒྲུབ་པར་བྱ་ཞིང་བག་མེད་པར་མི་བྱའོ། ། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་བཅོམ་ལྡན་འདས་ལ་མངོན་སུམ་དུ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང་། ཤིན་ཏུ་ཟབ་པའི་མཛད་པ་བཀས་བཤད་པ་ཐོས་ནས་གུས་པས་ཐལ་མོ་སྦྱར་ནས་འདི་སྐད་ཅེས་བདག་ནི་དེང་གདོད་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་མི་འདའ་བ་དང་། རིང་བསྲེལ་བཞག་པ་ཡང་སེམས་ཅན་རྣམས་ལ་སྨན་པར་བགྱི་བ་ལགས་པར་ཁོང་དུ་ཆུད་པས་ལུས་དང་སེམས་དགའ་མགུ་རངས་ཤིང་ངོ་མཚར་རྨད་དུ་གྱུར་ཏོ་ཞེས་གསོལ་ཏོ། །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ལེའུ་འདི་བསྟན་པ་ན་སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་སྙེད་མི་མཉམ་པ་དང་མཉམ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་བཞི་པོ་ཡང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་འདུག་པའི་སྟན་ལས་ལངས་ཏེ་སླར་སྔོན་གྱི་གནས་སུ་སོང་ངོ་། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་


DKG089_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ལེའུ་སྟེ་གཉིས་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འཁོར་མང་པོའི་ནང་ནས་འདུག་པའི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། གསེར་དང་རིན་པོ་ཆེའི་མེ་ཏོག་དང་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་མཆོག་དམ་པས་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་ཏུ་ཟབ་པའི་གསང་བ་དག་ལ་ཆོས་བཞིན་དུ་མངོན་པར་བསྒྲུབ་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུངས་ཤིག་དང་། ངས་ཁྱོད་ལ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་རྣམ་པ་གསུམ་མངའ་སྟེ་གསུམ་གང་ཞེ་ན།སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུ་གང་ཡིན་པའོ། །འདི་ལྟར་སྐུ་རྣམ་པ་གསུམ་པོ་འདི་དག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕུན་སུམ་ཚོགས་པ་ཡོངས་སུ་སྡུད་བར་བྱེད་དེ། གང་གིས་ཡང་དག་པར་རྟོགས་ཤིང་ཁོང་དུ་ཆུད་པར་གྱུར་ན་མྱུར་དུ་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔས་ཇི་ལྟར་སྤྲུལ་པའི་སྐུ་ཁོང་དུ་ཆུད་པར་བྱ་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་སྔོན་སྤྱོད་པའི་ས་ལ་གནས་པ་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཆོས་རྣམ་པ་སྣ་ཚོགས་མངོན་པར་བསྒྲུབས་སོ། །དེ་ལྟར་མངོན་པར་བསྒྲུབས་པ་ཡང་རྣལ་འབྱོར་ཡོངས་སུ་རྫོགས་པའི་བར་དུ་མངོན་པར་བསྒྲུབས་པས་རྣལ་འབྱོར་བསྒོམས་པའི་སྟོབས་ཀྱིས་ནི་མངའ་ཆེན་པོ་བརྙེས་ལ། མངའ་ཆེན་པོ་བརྙེས་པའི་མཐུས་ནི་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་དང་སེམས་ཅན་གྱི་སྤྱོད་པ་ཇི་ལྟ་བ་དང་སེམས་ཅན་གྱི་ཁམས་ཇི་ལྟ་བ་བཞིན་དུ་


DKG089_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཐུགས་སུ་ཆུད་པས་དུས་ལ་ཡང་མི་གཞེས་ཤིང་། དུས་དང་གནས་ལས་ཀྱང་ཡོལ་བར་མི་མཛད་པས་དུས་དང་མཐུན་ཞིང་སྤྱོད་པ་དང་མཐུན་པར་རྗེས་སུ་མཐུན་པའི་ཆོས་སྟོན་པ་དང་། སྐུ་རྣམ་པ་སྣ་ཚོགས་སྟོན་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔས་ཇི་ལྟར་ལོངས་སྤྱོད་རྫོགས་པའི་སྐུ་ཁོང་དུ་ཆུད་པར་བྱ་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་རྟོགས་པ་འཐོབ་པར་བྱ་བའི་ཕྱིར་དང་། དོན་དམ་པའི་བདེན་པ་བསྟན་ནས་འཁོར་བ་དང་མྱ་ངན་ལས་འདས་པ་རོ་གཅིག་པ་ཉིད་དུ་ཤེས་པར་བྱ་བའི་ཕྱིར་དང་། འཇིག་ཚོགས་ལ་ལྟ་བ་ཡོངས་སུ་བསལ་ནས་འཇིགས་ཤིང་སྐྲག་པ་དང་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཆོས་མཐའ་མེད་པའི་གཞི་མཛད་པའི་ཕྱིར་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་དང་རྗེས་སུ་མཐུན་པའི་ཕྱིར་སྐུ་གང་གིས་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ཕུན་སུམ་ཚོགས་པ་དང་། དབུ་དང་། རྒྱབ་ཀྱི་འོད་ཡོངས་སུ་རྫོགས་པ་སྟོན་པ་གང་ཡིན་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཆོས་ཀྱི་སྐུ་ཁོང་དུ་ཆུད་པར་བྱ་ཞེ་ན། ཉོན་མོངས་པའི་སྒྲིབ་པ་ལ་སོགས་པ་ཡོངས་སུ་བསལ་ནས་དགེ་བའི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཁོ་ན་དང་ལྡན་པར་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །སྐུ་སྔ་མ་རྣམ་པ་གཉིས་ནི་བཏགས་པ་ཙམ་དུ་ཡོད་པ་ཡིན་ལ་སྐུ་གསུམ་པ་འདི་ནི་ཡང་དག་པར་ཡོད་པ་ཡིན་ཏེ། སྐུ་སྔ་མ་གཉིས་ཀྱི་རྩ་བར་གྱུར་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་མ་གཏོགས་པར་སངས་རྒྱས་ཐམས་ཅད་ལས་གུད་ན་ཆོས་གཞན་མི་མངའ་སྟེ། སངས་རྒྱས་ཐམས་ཅད་ནི་མཁྱེན་པ་ཕུན་སུམ་ཚོགས་པར་གྱུར་ན་ཉོན་མོངས་པ་ཐམས་ཅད་གཏན་དུ་ཉེ་བར་ཞི་ཞིང་


DKG089_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་ནས་སངས་རྒྱས་ཀྱིས་རྣམ་པར་དག་པ་བརྙེས་པར་འགྱུར་བས། དེའི་ཕྱིར་ཆོས་ཀྱི་དེ་བཞིན་ཉིད་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྡུད་པར་འགྱུར་རོ། །གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་བདག་དང་གཞན་ལ་ཕན་འདོགས་པའི་མཐར་བྱོན་པ་ཡིན་པས། བདག་ལ་ཕན་འདོགས་པ་ནི་ཆོས་ཀྱི་དེ་བཞིན་ཉིད་དོ། །གཞན་ལ་ཕན་འདོགས་པ་ནི་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །བདག་དང་གཞན་ལ་ཕན་འདོགས་པར་མཛད་པ་ལ་མངའ་བརྙེས་ནས་མཛད་པ་མཐའ་ཡས་པ་རྣམ་པ་སྣ་ཚོགས་ཡོངས་སུ་རྫོགས་པར་གྱུར་པའི་ཕྱིར་དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱེ་བྲག་ཐ་དད་པ་རྣམ་པ་སྣ་ཚོགས་ཚད་མེད་ཅིང་མཐའ་མེད་པ་སྙེད་ཡོད་པར་རྣམ་པར་ཕྱེ་བ་ཡིན་ནོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལ་བརྟེན་ནས་ཉོན་མོངས་པ་རྣམ་པ་སྣ་ཚོགས་དང་། ལས་ཀྱི་རྒྱུ་རྣམ་པ་སྣ་ཚོགས་དང་། འབྲས་བུ་རྣམ་པར་སྨིན་པ་རྣམ་པ་སྣ་ཚོགས་བསྟན་པ་དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས་ཀྱང་སངས་རྒྱས་ཀྱི་ཆོས་རྣམ་པ་སྣ་ཚོགས་དང་། རང་སངས་རྒྱས་ཀྱི་ཆོས་རྣམ་པ་སྣ་ཚོགས་དང་། ཉན་ཐོས་ཀྱི་ཆོས་རྣམ་པ་སྣ་ཚོགས་སྟོན་པར་མཛད་དོ། །ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་རང་དབང་ཐོབ་ནས་ཕུན་སུམ་ཚོགས་པར་འགྱུར་བས་འདི་ནི་མཆོག་ཏུ་བསམ་གྱིས་མི་ཁྱབ་པ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་རི་མོ་བྲིས་ཏེ་རྒྱན་དུ་བྱེད་པ་གང་ཡིན་པ་དེ་ནི་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་བྱེད་པ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ན་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་གཉིས་ལ་རྣམ་པར་རྟོག་པ་མི་མངའ་བར་ཡང་རང་གི་ངང་གིས་མཛད་པའི་དངོས་པོ་དག་ཕུན་སུམ་ཚོགས་པར་འགྱུར་ཞེ་ན། རིགས་ཀྱི་བུ་


DKG089_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་སྨོན་ལམ་ལ་མངའ་བརྙེས་པའི་ཕྱིར་མཛད་པའི་དངོས་པོ་རྣམ་པ་སྣ་ཚོགས་པ་ཕུན་སུམ་ཚོགས་པར་འགྱུར་བ་དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་།དེ་བཞིན་ཉིད་ཀྱི་ཡེ་ཤེས་མཛད་པའི་དངོས་པོ་དེ་དག་ཡོངས་སུ་གྲུབ་པ་ལ་མངའ་བརྙེས་པ་ཡང་དེ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སེམས་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་སྔོན་གྱི་སྨོན་ལམ་ལ་བརྟེན་ནས་ཏིང་ངེ་འཛིན་ལས་ལངས་ཏེ་བྱ་བ་མང་པོ་རྣམས་ལ་མངོན་པར་འདུ་བྱེད་དོ། ། དེ་བཞིན་དུ་ཆོས་གཉིས་པོ་དག་ལ་རྣམ་པར་རྟོག་པ་མི་མངའ་བར་ཡང་རང་གི་ངང་གིས་མཛད་པ་དག་ཡོངས་སུ་རྫོགས་པར་འགྱུར་རོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཉི་མ་དང་ཟླ་བ་ལ་ཡང་རྣམ་པར་རྟོག་པ་མེད། ཆུ་དང་མེ་ལོང་ལ་ཡང་རྣམ་པར་རྟོག་པ་མེད། འོད་སྣང་བ་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། འོན་ཀྱང་གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མི་མངའ་མོད་ཀྱི། འོན་ཀྱང་སྨོན་ལམ་ལ་མངའ་བརྙེས་པའི་ཕྱིར་སེམས་ཅན་སྐལ་བ་དང་ལྡན་པ་དག་ལ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཉི་ཟླའི་གཟུགས་བརྙན་འདུས་པ་ལས་སྣང་བ་བཞིན་དུ་སྟོན་པར་མཛད་དོ། །གཞན་ཡང་རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ཚད་མེད་དཔག་ཏུ་མེད་པའི་ཆུ་དང་མེ་ལོང་དག་འོད་སྣང་བ་ལ་བརྟེན་པའི་ཕྱིར་ནམ་མཁའ་ལ་གཟུགས་བརྙན་མཚན་མ་ཐ་དད་པ་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ཀྱང་ནམ་མཁའ་ནི་མཚན་མ་མེད་པ་ཉིད་དོ། །རིགས་ཀྱི་བུ་དེ་བཞིན་དུ་སློབ་མ་རྣམས་འདུལ་བ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུའི་གཟུགས་བརྙན་ཡིན་ཏེ། སྨོན་ལམ་གྱི་མཐུས་སྐུ་རྣམ་པ་གཉིས་ལས་མཚན་མ་རྣམ་པ་སྣ་ཚོགས་སྣང་ཡང་ཆོས་ཀྱི་སྐུའི་ས་ལ་ནི་ཐ་དད་པའི་མཚན་མ་མི་མངའོ། །རིགས་ཀྱི་བུ་སྐུ་གཉིས་པོ་དེ་དག་ལ་བརྟེན་ནས་ནི་སངས་རྒྱས་ཐམས་ཅད་ཀྱིས་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །ཆོས་ཀྱི་སྐུ་དེ་ལ་བརྟེན་ནས་ནི་ལྷག་མ་


DKG089_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་མཐར་ཟད་པར་འགྱུར་བའི་ཕྱིར་རོ། །སྐུ་གསུམ་པོ་འདི་དག་ལ་བརྟེན་ནས་ནི་སངས་རྒྱས་ཐམས་ཅད་ཀྱིས་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་ཏོ། །སྐུ་གཉིས་ཀྱི་ཕྱིར་ནི་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། ཆོས་ཀྱི་སྐུ་ལས་གུད་ན་ཡང་སངས་རྒྱས་གཞན་མེད་པས་སོ། །ཅིའི་ཕྱིར་སྐུ་གཉིས་མྱ་ངན་ལས་འདས་པ་ལ་མི་གནས་ཞེ་ན། སྐུ་གཉིས་པོ་དེ་དག་ནི་བརྟགས་པ་ཙམ་སྟེ། ཡང་དག་པ་མ་ཡིན་པས་སྐད་ཅིག་མར་སྐྱེ་ཞིང་འགག་པ་དང་བཅས་པས་ངེས་པར་མི་གནས་པའི་ཕྱིར་ཡང་དང་ཡང་དུ་འབྱུང་ཞིང་ངེས་པ་མེད་པའི་ཕྱིར་རོ། །ཆོས་ཀྱི་སྐུ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་སྐུ་གཉིས་པོ་མྱ་ངན་ལས་འདས་པ་ལ་མི་གནས་སོ། །ཆོས་ཀྱི་སྐུ་ནི་གཉིས་སུ་མེད་པས་དེའི་ཕྱིར་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་ལྟ་བས་ན་སྐུ་གསུམ་པོ་དེ་དག་ལ་བརྟེན་ནས་མི་གནས་པའི་མྱ་ངན་ལས་འདས་པ་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་སོ་སོའི་སྐྱེ་བོ་ཐམས་ཅད་ནི་མཚན་ཉིད་གསུམ་དང་ལྡན་པའི་ཕྱིར་འཆིང་བ་དང་བཅས་ཤིང་སྒྲིབ་པ་དང་བཅས་པས་སྐུ་གསུམ་པོ་དག་ཐག་རིང་དུ་སྤོང་ཞིང་སྐུ་གསུམ་པོ་དག་དང་ཉེ་བར་མི་འགྱུར་རོ། །གསུམ་གང་ཞེ་ན། ཀུན་ཏུ་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་ལས་བྱུང་བའི་མཚན་ཉིད་དང་ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །འདི་ལྟར་མཚན་ཉིད་འདི་དག་ཡོངས་སུ་མ་ཤེས་པའི་ཕྱིར་དང་ཞི་བར་མ་གྱུར་པའི་ཕྱིར་དང་ཡོངས་སུ་མ་དག་པའི་ཕྱིར་ཏེ། དེ་ལྟ་བས་ན་སྐུ་གསུམ་པོ་འདི་དག་དང་ཉེ་བར་མ་གྱུར་པ་ཡིན་ནོ། །འདི་ལྟར་མཚན་ཉིད་གསུམ་པོ་འདི་དག་ཤེས་ཤིང་ཉེ་བར་ཞི་བ་དང་ཡོངས་སུ་དག་པར་གྱུར་པའི་ཕྱིར་དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་གསུམ་དང་ལྡན་པར་འགྱུར་བ་ཡིན་ནོ། །རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སེམས་རྣམ་པ་གསུམ་པོ་འདི་དག་མ་སྤངས་པའི་ཕྱིར་སྐུ་གསུམ་པོ་དག་ཐག་རིང་དུ་སྤངས་ནས་ཉེ་བར་མི་འགྱུར་བ་ཡིན་ནོ། །གསུམ་གང་ཞེ་ན། བྱ་བ་སློང་བའི་སེམས་དང་། རྩ་བ་ལ་བརྟེན་པའི་སེམས་དང་། རྩ་


DKG089_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སེམས་གང་ཡིན་པའོ། །ཐུལ་བར་བྱེད་པའི་ལམ་རྣམས་ལ་བརྟེན་ནས་ནི་བྱ་བ་སློང་བའི་སེམས་ཟད་པར་འགྱུར་རོ། །ཆོས་ཀྱིས་སྤོང་བའི་ལམ་ལ་བརྟེན་ནས་ནི་རྩ་བ་ལ་བརྟེན་པའི་སེམས་ཟད་པར་འགྱུར་རོ། །མཆོག་ཏུ་འགྱུར་བའི་ལམ་ལ་བརྟེན་ནས་ནི། རྩ་བའི་སེམས་ཟད་པར་འགྱུར་རོ། །བྱ་བ་སློང་བའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་སྤྲུལ་པའི་སྐུ་སྟོན་པར་འགྱུར་རོ། །རྩ་བ་ལ་བརྟེན་པའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་འགྱུར་རོ། །རྩ་བའི་སེམས་ཉེ་བར་ཞི་བར་གྱུར་པའི་ཕྱིར་ནི་ཆོས་ཀྱི་སྐུ་འཐོབ་པར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུམ་དང་ལྡན་པར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་སྐུ་དང་པོའི་དབང་གིས་སངས་རྒྱས་རྣམས་དང་མཛད་པ་མཚུངས་པ་དང་། སྐུ་གཉིས་པའི་དབང་གིས་སངས་རྒྱས་རྣམས་དང་དགོངས་པ་མཚུངས་པ་དང་། སྐུ་གསུམ་པའི་དབང་གིས་སངས་རྒྱས་རྣམས་དང་སྐུ་མཚུངས་པར་གྱུར་པ་ཡིན་ནོ། །རིགས་ཀྱི་བུ་སངས་རྒྱས་རྣམས་ཀྱི་སྐུ་དང་པོ་གང་ཡིན་པ་དེ་ནི་སེམས་ཅན་གྱི་མོས་པའི་རྗེས་སུ་རྣམ་པ་མང་པོ་དང་ལྡན་པའི་ཕྱིར་མཚན་ཉིད་སྣ་ཚོགས་སྟོན་པར་མཛད་པས་དེའི་ཕྱིར་མང་པོར་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གཉིས་པ་གང་ཡིན་པ་དེ་ནི་སློབ་མ་རྣམས་ཡིད་གཅིག་ཏུ་གྱུར་པའི་ཕྱིར་མཚན་ཉིད་གཅིག་ཁོ་ན་སྟོན་པར་མཛད་པས་དེའི་ཕྱིར་གཅིག་ཏུ་བསྟན་པ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསུམ་པ་གང་ཡིན་པ་དེ་ནི་མཚན་མ་གཉིས་ཀྱི་རྣམ་པ་ཐམས་ཅད་ཀུན་ཏུ་ཁྱབ་ཅིང་མཚན་ཉིད་དུ་འཛིན་པའི་སྤྱོད་ཡུལ་མ་ཡིན་པས་དེའི་ཕྱིར་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཞེས་བསྟན་ཏོ། །རིགས་ཀྱི་བུ་སྐུ་དང་པོ་གང་ཡིན་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་རབ་ཏུ་སྣང་བར་འགྱུར་རོ། །སྐུ་གཉིས་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ལ་བརྟེན་ནས་རབ་ཏུ་སྣང་བར་འགྱུར་རོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་ཡང་དག་པར་ཡོད་པ་མ་ཡིན་པས་བརྟེན་པའི་གནས་ཅི་ཡང་མི་མངའོ། །རིགས་ཀྱི་བུ་འདི་ལྟར་ཆོས་གསུམ་པོ་དེ་དག་ནི་རྟག་པའི་དོན་དང་ལྡན་པའི་ཕྱིར་ནི་རྟག་པ་ཞེས་


DKG089_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །བསྟན་ལ་མི་རྟག་པའི་དོན་དང་ལྡན་པའི་ཕྱིར་ནི་མི་རྟག་པ་ཞེས་བསྟན་ཏེ། སྤྲུལ་པའི་སྐུ་གང་ཡིན་པ་དེ་ནི་རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་དེ་དང་དེ་དག་ཏུ་རྐྱེན་ཇི་ལྟ་བ་བཞིན་དུ་ཐབས་མཁས་པ་སྟོན་པ་ལ་རྒྱུན་འཆད་པ་མེད་པའི་ཕྱིར་དེ་ལྟ་བས་ན་རྟག་པ་ཞེས་བསྟན་ཏོ། །རྩ་བ་མ་ཡིན་པའི་ཕྱིར་དང་ཕུན་སུམ་ཚོགས་པའི་མཛད་པ་ཆེན་པོ་མངོན་དུ་མི་འབྱུང་བའི་ཕྱིར་དེ་ལྟ་བས་ན་མི་རྟག་པ་ཞེས་བསྟན་ཏོ། །ལོངས་སྤྱོད་རྫོགས་པའི་སྐུ་གང་ཡིན་པ་དེ་ནི་ཐོག་མ་མེད་པའི་དུས་ནས་རྒྱུན་འཆད་པ་མེད་པར་སངས་རྒྱས་ཐམས་ཅད་ཀྱི་མ་འདྲེས་པའི་ཆོས་རྣམས་ཡོངས་སུ་སྡུད་ཅིང་འཛིན་པའི་ཕྱིར་དང་། སེམས་ཅན་ཟད་པ་མེད་པ་བཞིན་དུ་མཛད་པ་ལ་ཡང་ཟད་པ་མི་མངའ་བའི་ཕྱིར་རྟག་པ་ཞེས་བསྟན་ཏོ། །རྩ་བ་མ་ཡིན་པའི་ཕྱིར་དང་ཕུན་སུམ་ཚོགས་པའི་མཛད་པ་ཆེན་པོ་མངོན་དུ་མི་འབྱུང་བའི་ཕྱིར་མི་རྟག་པ་ཞེས་བསྟན་ཏོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་མངོན་པར་འདུ་བྱེད་པའི་ཆོས་ཀྱང་མ་ཡིན་ལ་ཐ་དད་པའི་མཚན་ཉིད་ཀྱང་མི་མངའ་ཞིང་རྩ་བ་ཡིན་པར་གྱུར་པའི་ཕྱིར་དང་། ནམ་མཁའ་དང་མཚུངས་པར་གྱུར་པའི་ཕྱིར་རྟག་པ་ཞེས་བསྟན་ཏོ། །རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་མཆོག་ཏུ་གྱུར་པའི་ཡེ་ཤེས་མེད་ལ་ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡང་མཆོག་ཏུ་གྱུར་པའི་སྤྱོད་ཡུལ་མེད་པས་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་དང་། ཤེས་རབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེའི་དེ་བཞིན་ཉིད་རྣམ་པ་གཉིས་པོ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཆོས་ཀྱི་སྐུ་ནི་ཤེས་རབ་རྣམ་པར་དག་པར་གྱུར་པའི་ཕྱིར་དང་། འགོག་བ་རྣམ་པར་དག་པར་གྱུར་པའི་ཕྱིར་གཉིས་རྣམ་པར་དག་པར་གྱུར་པ་ཡིན་པས་དེས་ན་ཆོས་ཀྱི་སྐུ་ནི་རྣམ་པར་དག་པ་ཕུན་སུམ་ཚོགས་པར་གྱུར་པ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་སྐུ་གསུམ་པོ་དག་རབ་ཏུ་རྣམ་པར་དབྱེ་ན་ཐ་དད་པ་རྣམ་པ་བཞིར་འགྱུར་ཏེ། སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་ཡང་ཡོད། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་


DKG089_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐུ་མ་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་ཡང་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་ཡང་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པ་ཡང་ཡོད་དོ། །སྤྲུལ་པའི་སྐུ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་གང་ཞེ་ན་འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་སྨོན་ལམ་ལ་མངའ་བརྙེས་པའི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་དུ་ཕན་འདོགས་པ་གང་ཡིན་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ་སྤྲུལ་པའི་སྐུ་མ་ཡིན་པ་གང་ཞེ་ན། སའི་མདུན་རོལ་གྱི་སྐུ་གང་ཡིན་པའོ། །སྤྲུལ་པའི་སྐུ་ཡང་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་གནས་པའི་སྐུ་གང་ཡིན་པའོ། །སྤྲུལ་པའི་སྐུ་ཡང་མ་ཡིན་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཀྱི་སྐུ་གང་ཡིན་པའོ། །རིགས་ཀྱི་བུ་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་གཉིས་སུ་མེད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །གཉིས་སུ་མེད་པ་ཞེས་བྱ་བ་ཡང་གང་ཞེ་ན། ཆོས་ཀྱི་སྐུ་དེ་ལ་མཚན་ཉིད་དང་མཚན་ཉིད་ཀྱི་གནས་ཞེས་བྱ་བ་གཉི་ག་མེད་པས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན། གྲངས་ཀྱང་མ་ཡིན་གྲངས་མ་ཡིན་པ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། མུན་པ་ཡང་མ་ཡིན་ཏེ། དེ་ལྟ་བུའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་དེས་ནི་མཚན་ཉིད་དང་མཚན་ཉིད་ཀྱི་གནས་ཀྱང་མི་གཟིགས། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ཡང་མི་གཟིགས། གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པ་ཡང་མི་གཟིགས། གྲངས་ཀྱང་མ་ཡིན་གྲངས་མ་ཡིན་པ་ཡང་མི་གཟིགས། སྣང་བ་ཡང་མ་ཡིན། མུན་པ་ཡང་མ་ཡིན་པ་ཡང་མི་གཟིགས་པས་དེའི་ཕྱིར་སྤྱོད་ཡུལ་རྣམ་པར་དག་པ་དང་། ཤེས་རབ་རྣམ་པར་དག་པ་ལ་རྣམ་པར་བརྟག་ཏུ་ཡང་མི་རུང་ལ་འདིར་སྤྱོད་པ་ཞེས་བྱ་བ་མེད་ཀྱང་འགོག་པ་དང་ལམ་གྱི་གཞི་བྱེད་པའི་ཕྱིར་ཆོས་ཀྱི་སྐུ་འདི་ལ་དེ་བཞིན་གཤེགས་པའི་མཛད་


DKG089_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམ་པ་སྣ་ཚོགས་སྣང་བར་འགྱུར་བར་རིག་པར་བྱའོ། །རིགས་ཀྱི་བུ་སྐུ་འདིའི་རྒྱུ་དང་། རྐྱེན་དང་། སྤྱོད་ཡུལ་དང་། གནས་དང་། འབྲས་བུ་དང་། རྩ་བ་དཔག་པར་དཀའ་བའི་ཕྱིར་གང་གིས་ཁོང་དུ་ཆུད་པར་གྱུར་ན་སྐུ་དེ་ཉིད་ཐེག་པ་ཆེན་པོའོ། ། དེ་བཞིན་གཤེགས་པའི་རང་བཞིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོའོ། །སྐུ་འདི་ཉིད་ལ་བརྟེན་ནས་དང་པོ་བསྐྱེད་པའི་སེམས་ཀྱང་ཐོབ་པར་འགྱུར་རོ། །རྣལ་འབྱོར་སྒོམ་པའི་ས་པའི་སེམས་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །ཕྱིར་མི་ལྡོག་པའི་སེམས་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །ཚེ་གཅིག་གིས་ཐོགས་པའི་སེམས་དང་། རྡོ་རྗེའི་སེམས་དང་། དེ་བཞིན་གཤེགས་པའི་སེམས་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་གཤེགས་པའི་ཆོས་གྱ་ནོམ་པ་ཚད་མེད་ཅིང་མཐའ་མེད་པ་ཐམས་ཅད་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཆེན་པོ་རྣམས་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་ཐམས་ཅད་རབ་ཏུ་སྣང་བར་འགྱུར་བས་དེའི་ཕྱིར་སྐུ་གཉིས་པོ་འདི་དག་ནི་ཏིང་ངེ་འཛིན་དང་། ཤེས་རབ་ལ་བརྟེན་ནས་མངོན་དུ་སྣང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ལྟ་བུ་འདི་ནི་རང་གི་ངོ་བོ་ཉིད་ལ་གནས་པས་རྟག་པ་ཞེས་ཀྱང་བསྟན་ཏོ། །ང་ཞེས་ཀྱང་བསྟན་ཏོ། །ཏིང་ངེ་འཛིན་ཆེན་པོ་ལ་གནས་པའི་ཕྱིར་སྐྱིད་པ་ཞེས་ཀྱང་བསྟན་ཏོ། །ཡེ་ཤེས་ཆེན་པོ་ལ་གནས་པའི་ཕྱིར་ཡོངས་སུ་གཙང་བ་ཞེས་ཀྱང་བསྟན་ཏེ། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པར་བཞུགས་པ་དང་། མངའ་དབང་བརྙེས་པ་དང་བདེ་ཞིང་སྐྱིད་པ་དང་། ཡོངས་སུ་གཙང་བར་གྱུར་པ་ཡིན་ནོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་ནས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པ་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་དྲན་པ་ཆེན་པོ་ལ་སོགས་པ་དྲན་པ་ཉེ་བར་གཞག་པ་ཐམས་ཅད་དང་། བྱམས་པ་ཆེན་པོ་དང་། ཐུགས་རྗེ་ཆེན་པོ་དང་། གཟུངས་ཐམས་ཅད་དང་། མངོན་པར་ཤེས་པ་ཐམས་ཅད་དང་། དབང་ཐམས་ཅད་དང་། ཆོས་མཉམ་པ་


DKG089_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡང་དག་པར་སྡུད་ཅིང་དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་མངོན་དུ་འབྱུང་བར་འགྱུར་རོ། །ཡེ་ཤེས་ཆེན་པོ་འདི་ལ་བརྟེན་ནས་སྟོབས་བཅུ་དང་། བསྙེངས་པ་མི་མངའ་བ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མ་འདྲེས་པའི་ཆོས་བརྒྱ་བརྒྱད་ཅུ་དང་། ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་རབ་ཏུ་སྣང་བར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་རིན་པོ་ཆེ་ཚད་མེད་ཅིང་མཐའ་མེད་པ་རྣམ་པ་སྣ་ཚོགས་སྣང་བར་འགྱུར་བ་དེ་བཞིན་དུ་ཏིང་ངེ་འཛིན་ཆེན་པོའི་རིན་པོ་ཆེ་དང་། ཤེས་རབ་ཆེན་པོའི་རིན་པོ་ཆེ་ལ་བརྟེན་ནས་ཀྱང་སངས་རྒྱས་ཀྱི་ཆོས་གྱ་ནོམ་པ་ཚད་མེད་ཅིང་མཐའ་མེད་པ་རྣམ་པ་སྣ་ཚོགས་མངོན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟ་བུའི་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་དང་། ཤེས་རབ་གང་ཡིན་པ་དེ་ནི་མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་ཤིང་མཚན་མ་ལ་མངོན་པར་ཞེན་པར་མི་འགྱུར་བས་རྣམ་པར་བརྟག་ཏུ་མི་རུང་ལ། རྟག་པ་ཡང་མ་ཡིན་ཆད་པ་ཡང་མ་ཡིན་པས་དབུ་མའི་ལམ་ཞེས་བྱའོ། །རྣམ་པར་རྟོག་པ་མངའ་ཡང་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་མི་མངའོ། །གསུམ་དུ་བགྲང་བ་ཡོད་ཀྱང་ངོ་བོ་ཉིད་ལ་གསུམ་དུ་འགྱུར་བ་མེད་པས་འཕེལ་བ་ཡང་མེད། འགྲིབ་པ་ཡང་མེད། རྨི་ལམ་དང་སྒྱུ་མ་ལྟ་བུར་གཟུང་བ་ཡང་མེད། འཛིན་པ་ཡང་མེད་པས་ཆོས་ཀྱི་སྐུའི་དེ་བཞིན་ཉིད་རྣམ་པར་གྲོལ་བའི་གནས་འཆི་བདག་གི་རྒྱལ་པོའི་ཡུལ་ལས་ཡང་དག་པར་འདས་པ་སྐྱེ་ཤིའི་མུན་པ་ལས་མངོན་པར་འཕགས་པ། སེམས་ཅན་ཐམས་ཅད་ཀྱིས་བསྒྲུབ་པར་མི་ནུས་ཤིང་བགྲོད་པར་མི་ནུས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་པའི་གནས་སུ་གྱུར་པའོ། །རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་མི་ཞིག་གསེར་འདོད་པས་དེ་དང་དེ་དག་ཏུ་གསེར་གྱི་རྡོ་ཡོངས་སུ་བཙལ་བ་ལས་གསེར་གྱི་རྡོ་དེ་རྙེད་ནས་ཞིབ་མོར་བཏགས་ཏེ་སྙིང་པོ་གང་ཡིན་པ་བླངས་ནས་སོ་མལ་དུ་བཞུས་བཏུལ་ནས་གསེར་ཡོངས་སུ་དག་པ་རྙེད་པར་གྱུར་ན་ཡིད་བཞིན་དུ་བསྒྱུར་


DKG089_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། གདུ་བུ་ལ་སོགས་པ་རྒྱན་གྱི་རྣམ་པ་སྣ་ཚོགས་སུ་བྱས་ནས་སྤྱོད་པ་མང་པོ་དང་ལྡན་པར་གྱུར་ཀྱང་གསེར་གྱི་རང་བཞིན་ལ་ནི་འགྱུར་བ་ཅི་ཡང་མེད་དོ། །གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རྣམ་པར་གྲོལ་བའི་མཆོག་ཡོངས་སུ་གཉེར་བའམ། འཇིག་རྟེན་པའི་དགེ་བ་མངོན་པར་བསྒྲུབས་པས་དེ་བཞིན་གཤེགས་པའམ་དེའི་སློབ་མའི་འཁོར་མཐོང་ན་ཉེ་བར་བསྙེན་ཏེ། བཅོམ་ལྡན་འདས་ལ་འདི་སྐད་དུ་བཅོམ་ལྡན་འདས་དགེ་བ་ནི་གང་ལགས། མི་དགེ་བ་ནི་གང་ལགས། ཡང་དག་པའི་རྣལ་འབྱོར་བསྒོམས་པས་རྣམ་པར་དག་པའི་སྤྱོད་པ་འཐོབ་པར་འགྱུར་བ་ནི་གང་ལགས། ཞེས་གསོལ་པ་དང་། དེ་བཞིན་གཤེགས་པ་དང་སློབ་མའི་འཁོར་རྣམས་དེས་དེ་སྐད་དུ་ཞུ་བ་གསོལ་བ་གཟིགས་པར་གྱུར་ན་དེའི་ཚེ་འདི་སྙམ་དུ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འདི་ནི་རྣམ་པར་དག་པ་ཡོངས་སུ་གཉེར་བའི་ཕྱིར་ཡང་དག་པའི་ཆོས་ཡོངས་སུ་མཉན་པར་འདོད་པ་ཡིན་ནོ། །སྙམ་དུ་དགོངས་ནས་དེ་ལ་རྣམ་པར་ཕྱེ་སྟེ་བསྟན་པ་ཉིད་ཀྱིས་གོ་བར་མཛད་པར་འགྱུར་བས་དེས་ཐོས་ནས་ཀྱང་ཡང་དག་པའི་དྲན་པས་མི་བརྗེད་པར་བཟུང་སྟེ། རྣལ་འབྱོར་བསྒོམ་པར་སེམས་བསྐྱེད་པས་བརྩོན་འགྲུས་ཀྱི་སྟོབས་ཐོབ་ནས་ལེ་ལོའི་སྒྲིབ་པ་ཡོངས་སུ་བསལ་ཏེ་སྒྲིབ་པ་ཐམས་ཅད་ཡོངས་སུ་སྦྱོང་བར་བྱེད་པས་བསླབ་པའི་གནས་རྣམས་ལ་མ་གུས་པ་སྤངས་ནས་རྒོད་པ་དང་འགྱོད་པའི་སེམས་ཉེ་བར་ཞི་བར་བྱས་ཏེ་ས་དང་པོ་ལ་འཇུག་པར་འགྱུར་བས་ས་དང་པོའི་སེམས་ལ་བརྟེན་ནས་སེམས་ཅན་ལ་ཕན་འདོགས་པའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་གཉིས་པར་འཇུག་པ་འཐོབ་པར་འགྱུར་རོ། །ས་དེར་ཡང་རྣམ་པར་མི་འཚེ་བའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་གསུམ་པར་འཇུག་པར་འགྱུར་རོ། །ས་དེར་ཡང་སེམས་མཉེན་ཞིང་རྣམ་པར་བྱང་བའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་བཞི་པར་འཇུག་པར་འགྱུར་རོ། །ས་དེར་ཡང་ཐབས་མཁས་པའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་ལྔ་པར་འཇུག་པར་འགྱུར་རོ། །ས་དེར་ཡང་དོན་དམ་པ་དང་། ཀུན་རྫོབ་ཏུ་མཐོང་བའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་དྲུག་


DKG089_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཇུག་པར་འགྱུར་རོ། །ས་དེར་ཡང་མཚན་མ་ལ་མཐོང་བར་སྤྱོད་པའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་བདུན་པར་འཇུག་པར་འགྱུར་རོ། །ས་དེར་ཡང་མཚན་མ་ཉེ་བར་ཞི་བར་མི་མཐོང་བའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་བརྒྱད་པར་འདུག་པར་འགྱུར་རོ། །ས་དེར་ཡང་སྐྱེ་བའི་མཚན་མར་མི་མཐོང་བའི་སྒྲིབ་པ་ཡོངས་སུ་བསལ་ནས་ས་དགུ་པར་འཇུག་པར་འགྱུར་རོ། །ས་དེར་ཡང་མངོན་པར་ཤེས་པ་དྲུག་གི་སྒྲིབ་པ་ཡང་ཡོངས་སུ་བསལ་ནས་ས་བཅུ་པར་འཇུག་པར་འགྱུར་རོ། །ས་དེར་ཡང་ཤེས་བྱའི་སྒྲིབ་པ་དང་རྩ་བའི་སེམས་ཡོངས་སུ་བསལ་ནས་དེ་བཞིན་གཤེགས་པའི་ས་ལ་འཇུག་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ས་ལ་འཇུག་པ་གང་ཡིན་པ་དེ་ནི་རྣམ་པ་གསུམ་ཡོངས་སུ་དག་པར་གྱུར་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་སྟེ། གསུམ་གང་ཞེ་ན། ཉོན་མོངས་པ་རྣམ་པར་དག་པ་དང་། སྡུག་བསྔལ་རྣམ་པར་དག་པ་དང་། མཚན་མ་རྣམ་པར་དག་པ་གང་ཡིན་པའོ། །འདི་ལྟ་སྟེ་དཔེར་ན་གསེར་ཡང་དག་པར་བཞུས་སྦྱངས་བརྡུངས་ཏེ་དྲི་མ་མེད་པར་བྱ་བ་ཡང་གསེར་གྱི་རང་བཞིན་གཟོད་མ་ཉིད་ནས་རྣམ་པར་དག་པ་གསལ་བར་བྱེད་པ་ཡིན་པའི་ཕྱིར་གསེར་གྱི་ངོ་བོ་ཉིད་ཡོངས་སུ་དག་པའི་དབང་གིས་གསེར་མེད་པར་འགྱུར་རོ། །ཞེས་བྱར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་ཆུ་རྙོག་མ་ཅན་ཡོངས་སུ་དངས་ཏེ་དྲི་མ་མེད་པར་བྱ་བ་ཡང་ཆུའི་རང་བཞིན་གཟོད་མ་ཉིད་ནས་ཡོངས་སུ་དག་པར་གསལ་བར་བྱེད་པ་ཡིན་པའི་ཕྱིར་ཆུ་མེད་པར་འགྱུར་རོ་ཞེས་བྱར་མི་རུང་བ་དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་འདྲེས་པར་གྱུར་པས་སྡུག་བསྔལ་བ་དང་ཀུན་འབྱུང་བ་ཡོངས་སུ་བསལ་ནས་བག་ཆགས་ལྷག་མ་མེད་པར་བྱ་བ་ཡང་སངས་རྒྱས་ཀྱི་རང་བཞིན་གཟོད་མ་ཉིད་ནས་རྣམ་པར་དག་པ་གསལ་བར་བྱེད་པ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པར་འགྱུར་རོ་ཞེས་བྱར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་དུ་བ་དང་། སྤྲིན་དང་། རྡུལ་དང་། ཁུག་རྣ་རྣམས་ཀྱིས་བསྒྲིབས་པ་དག་གལ་ཏེ་ཡོངས་སུ་དང་བར་གྱུར་ན་ནམ་མཁའི་ཁམས་ཡོངས་སུ་དག་པར་གྱུར་པས་ནམ་མཁའ་


DKG089_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་འགྱུར་རོ། །ཞེས་བྱར་མི་རུང་བ་དེ་བཞིན་དུ། ཆོས་ཀྱི་སྐུ་ཡང་སྡུག་བསྔལ་མང་པོ་ཐམས་ཅད་ཡོངས་སུ་ཟད་པར་གྱུར་པའི་ཕྱིར་རྣམ་པར་དག་པ་ཞེས་བརྗོད་ཀྱང་ངོ་བོ་ཉིད་མེད་པར་འགྱུར་རོ་ཞེས་བྱར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ཞིག་གཉིད་ལོག་པའི་རྨི་ལམ་ན་ཆུ་ཆེན་པོས་ཁྱེར་བ་ལས་རྐང་ལག་བསྐྱོད་དེ་ལུས་དང་སེམས་ལེ་ལོ་མ་བྱས་པའི་ཕྱིར་ཆུ་བོ་ཐད་ཀར་བཅད་དེ་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་མཐོང་བ་ལས་རྨི་ལམ་སད་ནས་ཆུ་བོ་དང་ཚུ་རོལ་དང་ཕ་རོལ་གྱི་འགྲམ་ཐ་དད་པར་འགྱུར་བ་མི་མཐོང་ཡང་སེམས་མེད་དོ་ཞེས་བྱར་མི་རུང་ངོ་། །འདི་ལྟ་སྟེ་དཔེར་ན་འཁོར་བའི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཡོངས་སུ་ཟད་ནས་བློ་རྣམ་པར་དག་པར་གྱུར་ཀྱང་བློ་མེད་དོ་ཞེས་བྱར་མི་རུང་བ་དེ་བཞིན་དུ་ཆོས་ཀྱི་དབྱིངས་ཀྱང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་ཞེས་བརྗོད་ཀྱང་སངས་རྒྱས་རྣམས་ཀྱི་ཡང་དག་པའི་ངོ་བོ་ཉིད་མེད་ཅེས་བྱར་མི་རུང་ངོ་། །གཞན་ཡང་རིགས་ཀྱི་བུ་ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པར་གྱུར་པས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་མཛད་དོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པར་གྱུར་པས་ནི་སྤྲུལ་པའི་སྐུ་སྟོན་པར་མཛད་དོ། །ཤེས་བྱའི་སྒྲིབ་པ་རྣམ་པར་དག་པར་གྱུར་པའི་ཕྱིར་ནི་ཆོས་ཀྱི་སྐུ་སྟོན་པར་མཛད་དོ། །འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བརྟེན་ནས་ནི་གློག་འབྱུང་ལ། གློག་ལ་བརྟེན་ནས་ནི་འོད་འབྱུང་བ་དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་པའི་ཕྱིར་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་མཛད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ནས་ནི་སྤྲུལ་པའི་སྐུ་སྟོན་པར་མཛད་དོ། །རང་བཞིན་ཡོངས་སུ་དག་པར་གྱུར་པའི་ཕྱིར་ནི་ཆོས་ཀྱི་སྐུ་སྟོན་པར་མཛད་དོ། །ཤེས་རབ་རྣམ་པར་དག་པར་གྱུར་པས་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་པར་མཛད་དོ། །ཏིང་ངེ་འཛིན་རྣམ་པར་དག་པར་གྱུར་པས་ནི་སྤྲུལ་པའི་སྐུ་སྟོན་པར་མཛད་དོ། །དེ་གསུམ་རྣམ་པར་དག་པར་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་ཐ་མི་དད་དེ། དེ་བཞིན་ཉིད་དང་རོ་གཅིག་པའི་


DKG089_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཉིད་དང་། རྣམ་པར་གྲོལ་བའི་དེ་བཞིན་ཉིད་དང་། མཐར་ཐུག་པའི་དེ་བཞིན་ཉིད་གང་ཡིན་པས་དེའི་ཕྱིར་སངས་རྒྱས་རྣམས་ཀྱི་སྐུ་ལ་ཐ་དད་པར་གྱུར་པ་མེད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདི་སྐད་དུ་དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པ་ཆེན་པོ་ཡིན་ནོ་ཞེས་དེ་ལྟར་ངེས་པར་མངོན་པར་ཡིད་ཆེས་པའི་གང་ཟག་དེས་ནི་ཤིན་ཏུ་དང་བའི་བསམ་པས་དེ་བཞིན་གཤེགས་པའི་སྐུ་ཐ་དད་པ་མི་མངའ་བར་ཁོང་དུ་ཆུད་པར་གྱུར་པར། རིགས་ཀྱི་བུ་དོན་དེའི་ཕྱིར་སྤྱོད་ཡུལ་རྣམས་ལ་ཡང་དག་པ་མ་ཡིན་པའི་ཡིད་ལ་བྱེད་པ་རྣམས་ཡོངས་སུ་བསལ་བར་གྱུར་ན་ཆོས་དེ་དག་ལ་མཚན་ཉིད་གཉིས་མེད་པར་ཁོང་དུ་ཆུད་ཅིང་རྣམ་པར་རྟོག་པ་ཡང་མེད་པར་འགྱུར་རོ། །འཕགས་པའི་རྣལ་འབྱོར་སྒོམ་པ་ལ་དེ་བཞིན་ཉིད་དེ་མཚན་ཉིད་གཉིས་སུ་གྱུར་པ་མེད་ཅིང་ཡང་དག་པར་རྣལ་འབྱོར་སྒོམ་པའི་ཕྱིར་འདི་ལྟར་དེ་བཞིན་དུ་སྒྲིབ་པ་ཐམས་ཅད་ཡོངས་སུ་བསལ་བས་ཉེ་བར་ཞི་བར་འགྱུར་རོ། །དེ་བཞིན་ཉིད་སྒྲིབ་པ་ཐམས་ཅད་ཞི་བར་གྱུར་པས་འདི་ལྟར་དེ་བཞིན་དུ་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་མཆོག་ཏུ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་ཡེ་ཤེས་རྣམ་པར་དག་པར་གྱུར་པས་འདི་ལྟར་དེ་བཞིན་དུ་རང་དབང་དུ་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་ཡོངས་སུ་སྡུད་པར་འགྱུར། སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བ་ཡང་ཡོངས་སུ་རྫོགས་པར་འགྱུར་ཏེ། སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་གྱུར་པའི་ཕྱིར་དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། ཡང་དག་པའི་མཚན་ཉིད་ཅེས་བྱའོ། །དེ་ལྟར་མཐོང་བ་གང་ཡིན་པ་དེ་ནི་འཕགས་པའི་ལྟ་བ་ཞེས་བྱ་བས་དེ་ནི་ཡང་དག་པ་ཉིད་དུ་སངས་རྒྱས་མཐོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་མཐོང་བའི་ཕྱིར་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་མ་ལུས་པར་གཟིགས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཉས་ཐོས་དང་། རང་སངས་རྒྱས་ཁམས་གསུམ་ལས་ངེས་པར་བྱུང་


DKG089_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཡང་དག་པའི་སྤྱོད་ཡུལ་ཡོངས་སུ་ཚོལ་བས་ཀྱང་ཁོང་དུ་མི་ཆུད་ཅིང་མཐོང་བར་མི་ནུས་པས་སོ། །དེ་ལྟ་བུའི་འཕགས་པའི་གང་ཟག་དག་གིས་ཀྱང་མི་རིག་ཅིང་མི་མཐོང་བས་སོ་སོའི་སྐྱེ་བོ་ཐམས་ཅད་ཐེ་ཙོམ་དང་སོམ་ཉི་བསྐྱེད་ནས་ཕྱིན་ཅི་ལོག་ཏུ་རྣམ་པར་རྟོག་པར་བྱེད་པས་ཡོངས་སུ་འདའ་བར་མི་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་རི་བོང་རྒྱ་མཚོ་ལ་རྐྱལ་བར་བྱེད་ཀྱང་གདོན་མི་ཟ་བར་ཕ་རོལ་དུ་ཕྱིན་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཉམ་སྟོབས་ཤིན་དུ་ཆུང་བའི་ཕྱིར་རོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་མངོན་པར་མི་རྟོགས་སོ། །དེ་བཞིན་གཤེགས་པ་རྣམས་ནི་རྣམ་པར་རྟོག་པའི་དགོངས་པ་མི་མངའ་བར་ཡང་ཆོས་ཐམས་ཅད་ལ་མངའ་ཆེན་པོ་བརྙེས་ཤིང་ཤེས་རབ་ཤིན་ཏུ་ཟབ་ཅིང་རྣམ་པར་དག་པ་ཕུན་སུམ་ཚོགས་པར་གྱུར་པའི་ཕྱིར་དང་། རང་གི་སྤྱོད་ཡུལ་དུ་གྱུར་ཅིང་གཞན་དང་ཡང་ཐུན་མོང་དུ་མ་གྱུར་པའི་ཕྱིར་དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྣམས་བསྐལ་པ་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་ནས་ཉིད་ཀྱི་སྐུ་སྲོག་ལ་ཕངས་པ་མི་མངའ་བར་དཀའ་བ་སྤྱོད་པས་དཔེ་ཟླ་མེད་པ་བསམ་གྱིས་མི་ཁྱབ་པ། ཚིག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། རབ་ཏུ་དབེན་པ། འཇིགས་པ་རྣམས་དང་བྲལ་བའི་སྐུ་མཆོག་དམ་པ་འདི་བརྙེས་པ་ཡིན་ནོ། །རིགས་ཀྱི་བུ་དེ་ལྟར་ཆོས་ཀྱི་དེ་བཞིན་ཉིད་རིག་ཅིང་མཐོང་བ་གང་ཡིན་པ་དེ་ནི་སྐྱེ་བ་དང་། རྒ་བ་དང་། འཆི་བ་མེད་པ། ཚེའི་ཚད་ཀྱང་དཔག་ཏུ་མེད། གཉིད་ཀྱང་མེད། བཀྲེས་པ་དང་། སྐོམ་པ་ཡང་མེད་དེ། རྟག་པར་ཏིང་ངེ་འཛིན་ལ་གནས་པའི་སེམས་རྣམ་པར་གཡེང་ཞིང་གཡོ་བ་ཡང་མེད་དོ། །གང་གིས་དེ་བཞིན་གཤེགས་པ་ལ་རྩོད་པའི་བསམ་པ་སྐྱེད་པ་དེས་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་རོ། ། དེ་བཞིན་གཤེགས་པ་རྣམས་ནི་གང་ཅི་གསུང་ཡང་རུང་སྟེ་ཐམས་ཅད་ལ་ཕན་འདོགས་པར་འགྱུར་བས་གང་གིས་མཉན་ཅིང་ཐོས་པ་དེ་དག་རྣམ་པར་མི་གྲོལ་བ་གང་ཡང་མེད་དོ། །གཅན་གཟན་མ་རུངས་པ་དང་། མི་མ་རུངས་པ་དང་། འདྲེ་སྲིན་མ་རུངས་པ་དག་དང་ཡང་ཕྲད་


DKG089_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་ཏེ། ཆོས་ཐོས་པའི་དབང་གིས་འབྲས་བུ་རྣམ་པར་སྨིན་པ་ཡང་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ལ་ལུང་དུ་མི་བསྟན་པའི་དངོས་པོ་ཡང་མི་མངའ། སྤྱོད་ཡུལ་ཐམས་ཅད་ལ་མཁྱེན་པར་བྱའོ་སྙམ་པའི་དགོངས་པ་ཡང་མི་མངའ། འཁོར་བ་དང་མྱ་ངན་ལས་འདས་པ་ལ་ཐ་དད་པའི་འདུ་ཤེས་ཀྱང་མི་མངའོ། །དེ་བཞིན་གཤེགས་པ་ནི་གང་ཅི་ཡང་རུང་སྟེ་མ་ངེས་པ་མི་མངའོ། །དེ་བཞིན་གཤེགས་པ་རྣམས་ནི་སྤྱོད་ལམ་བཞི་པོ་ཐམས་ཅད་དུ་ཡེ་ཤེས་ཀྱིས་ཡོངས་སུ་མ་བཟུང་བ་མི་མངའོ། །ཆོས་ཐམས་ཅད་ལ་བྱམས་པ་དང་ཐུགས་རྗེས་ཡོངས་སུ་མ་ཟིན་པ་མི་མངའ་བས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕན་མི་འདོགས་པ་གང་ཡང་མེད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གསེར་འོད་དམ་པའི་མདོ་སྡེ་འདི་ཐོས་ནས་མངོན་པར་ཡིད་ཆེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་དང་། ལྷ་མ་ཡིན་གྱི་འགྲོ་བ་དག་ཏུ་ལྟུང་བར་མི་འགྱུར་ཞིང་རྟག་པར་ལྷ་དང་མིའི་ནང་དུ་སྐྱེ་བར་འགྱུར་བས་མ་རབས་དག་ཏུ་སྐྱེ་བར་མི་འགྱུར་ལ། རྟག་པར་དེ་བཞིན་གཤེགས་པ་རྣམས་ལ་བསྙེན་བཀུར་དང་རིམ་གྲོ་བྱས་ནས་ཡང་དག་པའི་ཆོས་མཉན་ཅིང་ལེན་པར་འགྱུར། རྟག་པར་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཟབ་མོ་འདི་ཐོས་པར་གྱུར་པའི་ཕྱིར་རོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས་མཁྱེན་ཅིང་ལུང་བསྟན་པར་འགྱུར་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཤིན་ཏུ་ཟབ་པའི་ཆོས་གྱ་ནོམ་པ་འདི་ལན་ཅིག་རྣ་བས་ཐོས་པར་གྱུར་ན་གང་ཟག་དེ་ནི་དེ་བཞིན་གཤེགས་པ་ལ་སྐུར་པ་མི་འདེབས་པ་དང་། ཡང་དག་པའི་ཆོས་ལ་མི་སྨོད་པ་དང་། འཕགས་པའི་ཚོགས་ལ་མི་བརྙས་པ་དང་། སེམས་ཅན་རྣམས་དགེ་བའི་རྩ་བ་མ་བསྐྱེད་པ་ནི་སྐྱེད་པར་བྱེད་ལ། དགེ་བའི་རྩ་བ་བསྐྱེད་པ་ནི་འཕེལ་ཞིང་ཡངས་པ་


DKG089_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཇི་སྙེད་པ་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་རྣམས་མངོན་པར་སྒྲུབ་པར་བསྐུལ་བར་འགྱུར་བར་རིག་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་འཁོར་མང་པོ་རྣམས་འདུག་པའི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ཏེ་གུས་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་གང་ཡང་རུང་བདག་ཏུ་འདི་ལྟར་གསེར་འོད་དམ་པའི་མདོ་སྡེ་ཤིན་ཏུ་གྱ་ནོམ་པ་འདི་ཡང་དག་པར་སྟོན་པར་བགྱིད་ན་ཡུལ་དེར་ཕན་ཡོན་རྣམ་པ་བཞི་དང་ལྡན་པར་འགྱུར་ལགས་སོ། །བཞི་གང་ཞེ་ན། དང་པོ་ནི་རྒྱལ་པོའི་དམག་ཚོགས་རྣམས་བཙན་ཞིང་དར་བས་པས་ཀྱི་རྒོལ་བའི་དགྲ་རྣམས་མ་མཆིས་པ་དང་། བྲོ་ནད་དང་བྲལ་ཞིང་ཚེ་རིང་བ་དང་། བཀྲ་ཤིས་དང་ལྡན་ཞིང་བདེ་སྐྱིད་པ་དང་། དམ་པའི་ཆོས་དར་ཞིང་རྒྱས་པར་འགྱུར་བའོ། །གཉིས་པ་ནི་ཕོ་བྲང་ནང་གི་བཙུན་མོ་དང་། སླས་དང་། རྒྱལ་བུ་དང་། བློན་པོ་རྣམས་འདུམ་ཞིང་རྩོད་པ་མ་མཆིས་པ་དང་། གཡོ་སྒྱུ་དང་ཕྲ་མ་སྤངས་པས་རྒྱལ་པོས་གནང་ཞིང་བཀུར་བར་འགྱུར་རོ། །གསུམ་པ་ནི་དགེ་སྦྱོང་དང་། བྲམ་ཟེ་དང་། ཡུལ་གྱི་མི་རྣམས་ཡང་དག་པའི་ཆོས་སྤྱོད་པས་བྲོ་ནད་མ་མཆིས་ཤིང་བདེ་སྐྱིད་པ་དང་། བློ་བུར་དུ་འགུམ་པ་མ་མཆིས་པ་དང་། བསོད་ནམས་མང་པོ་མངོན་པར་སྒྲུབ་པའོ། །བཞི་པ་ནི་དུས་གསུམ་པོ་དག་ཏུ་འབྱུང་བ་ཆེན་པོ་བཞི་པོ་དག་འཕྲོད་ཅིང་རྟག་པར་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ཡོངས་སུ་སྲུང་བར་འགྱུར་བ་དང་། བྱམས་པ་དང་སྙིང་རྗེ་མཉམ་པར་གྱུར་བས་གནོད་པ་མི་བགྱིད་ཅིང་རྣམ་པར་འཚེ་བའི་བསམ་པ་མ་མཆིས་པ་དང་། སྐྱེ་བོ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་ཞིང་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་མངོན་པར་སྒྲུབ་པར་འགྱུར་བ་སྟེ། འདི་དག་ནི་ཕན་ཡོན་རྣམ་པ་བཞི་ཞེས་བགྱི་ལགས་སོ། །བཅོམ་ལྡན་འདས་


DKG089_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་ཀྱང་རྟག་པར་མདོ་སྡེ་འདི་རྒྱ་ཆེར་སྤེལ་བའི་སླད་དུ་འདི་ལྟར་མདོ་སྡེ་འདི་ཡོངས་སུ་འཛིན་པའི་གང་ཟག་དེའི་སླད་དུ་རྗེས་སུ་འབྲང་ཞིང་གང་ན་གནས་པའི་གནས་དེར་སྨན་པ་དག་བགྱིད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ལེགས་སོ། །ལེགས་སོ། ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱི་རབ་ཏུ་བརྩོན་པའི་སེམས་ཀྱི་མདོ་སྡེའི་རྒྱལ་པོ་ཤིན་ཏུ་གྱ་ནོམ་པ་འདི་སྤེལ་བ་ཉིད་ཀྱིས་ཡང་དག་པའི་ཆོས་ཡུན་རིང་དུ་འཇིག་རྟེན་ན་གནས་པར་འགྱུར་རོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་སྐུ་གསུམ་རྣམ་པར་འབྱེད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མངོན་སུམ་དུ་ཤིན་ཏུ་གྱ་ནོམ་པའི་ཆོས་ཐོས་པས་དགའ་མགུ་རངས་པར་གྱུར་ཏེ། སེམས་རྩེ་གཅིག་ཏུ་ཡིད་ལ་བསམས་ནས་རང་གི་གནས་སུ་ཕྱིན་པ་དང་། མཚན་མོ་ཉལ་བའི་རྨི་ལམ་ན་གསེར་གྱི་རྔ་བོ་ཆེ་འོད་ཟེར་ཤིན་ཏུ་འབར་བ་ཉི་མའི་དཀྱིལ་འཁོར་དང་མཚུངས་པ་ཞིག་མཐོང་སྟེ། འོད་ཟེར་དེ་ལས་ཕྱོགས་བཅུའི་སངས་རྒྱས་ཚད་མེད་པ་རྣམས་རིན་པོ་ཆེའི་ཤིང་དྲུང་ན་བཻ་ཌཱུཪྱའི་གདན་ལ་བཞུགས་ནས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་བ་ལ་ཆོས་འཆད་པ་ཡང་མཐོང་། བྲམ་ཟེ་ཞིག་གིས་གསེར་གྱི་རྔ་བརྡུངས་པ་ལས་སྒྲ་ཆེན་པོ་བྱུང་སྟེ། སྒྲ་དེ་ལས་སྡིག་པ་བཤགས་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ཤིན་ཏུ་གྱ་ནོམ་པ་དག་བསྟན་པ་ཡང་མཛེས་པའི་ཏོག་གིས་ཐོས་པས་ཐམས་ཅད་མ་ལུས་པར་ཡིད་ལ་བཟུང་སྟེ་དྲན་པ་རྩེ་གཅིག་ཏུ་གནས་པར་གྱུར་ཏོ། །ནམ་ལངས་པ་དང་འཁོར་བརྒྱ་སྟོང་ཚད་མེད་པ་མང་པོས་ཡོངས་སུ་བསྐོར་ཏེ་མཆོད་པའི་ཡོ་བྱད་རྣམས་ཐོགས་ནས་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། བྱ་རྒོད་ཕུང་པོའི་རི་ག་ལ་བ་དེར་དོང་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་མེ་ཏོག་དང་སྤོས་དག་བཀྲམ་སྟེ། གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དེ་ཐལ་མོ་སྦྱར་ནས་གུས་པས་


DKG089_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གི་གཡར་ལམ་ན་བྲམ་ཟེ་ཞིག་གིས་གསེར་གྱི་རྔ་ཤིན་ཏུ་གྱ་ནོམ་པ་བརྡུངས་པ་ལས་སྒྲ་ཆེན་པོ་བྱུང་སྟེ།སྒྲ་དེ་ལས་སྡིག་པ་བཤགས་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ཤིན་ཏུ་གྱ་ནོམ་པ་དག་བསྟན་པ་བདག་གིས་ཐམས་ཅད་ཡོངས་སུ་བཟུང་སྟེ་དྲན་ལགས་ན། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོས་བདག་གིས་བཤད་པར་གནང་བར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། །བདག་གིས་མདང་སུམ་གཡར་ལམ་ན། །གསེར་གྱི་རྔ་ནི་ཆེན་པོ་ཞིག །དབྱིབས་ནི་ཤིན་ཏུ་ཁྱད་པར་འཕགས། །ཀུན་ནས་འོད་ཟེར་ཁྱབ་པར་ལྡན། །ཉི་མའི་དཀྱིལ་འཁོར་མཚུངས་པས་ན། །སྣང་བས་ཀུན་ཏུ་ཁྱབ་པར་བགྱིས། །ཕྱོགས་བཅུའི་འཇིག་རྟེན་གང་བར་མཐོང་། །སངས་རྒྱས་མང་པོ་ཐམས་ཅད་ཀུན། །རིན་ཆེན་ལྗོན་ཤིང་དྲུང་དག་ཏུ། །བཻ་ཌཱུཪྱ་ཡི་གདན་བཞུགས་ཏེ། །འཁོར་ནི་བརྒྱ་སྟོང་ཚད་མེད་སྙེད། །གུས་པས་ཡོངས་སུ་བསྐོར་བར་མཐོང་། །དེ་ནས་བྲམ་ཟེ་ཞིག་གིས་ནི། །གསེར་གྱི་རྔ་ཆེན་བརྡུངས་པས་ན། །རྔ་ཆེན་དེ་ཡི་སྒྲ་ལས་ནི། །ཚིགས་བཅད་གྱ་ནོམ་འདི་སྐད་སྨྲས། །གསེར་འོད་རྔ་ལས་གྱ་ནོམ་སྒྲ་བྱུང་བས། །སྟོང་གསུམ་ཆེན་པོའི་འཇིག་རྟེན་ཀུན་ཁྱབ་ནས། །ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟད་དང་། །མི་ཡི་སྡུག་བསྔལ་མང་པོ་གང་ཡིན་པ། །གསེར་གྱི་རྔ་སྒྲ་མཐུ་སྟོབས་དབང་གིས་ནི། །ཉོན་མོངས་སྒྲིབ་པ་ཐམས་ཅད་གཏན་ཞི་ནས། །དཔེར་ན་ཐུབ་དབང་བཅོམ་ལྡན་ཇི་བཞིན་དུ། །འཇིགས་པ་བསལ་ནས་བདེ་བ་ཉིད་དུ་ཤོག །བཅོམ་ལྡན་འཁོར་བའི་རྒྱ་མཚོ་ཆེན་པོར་ནི། །སྤྱོད་བསགས་ཐམས་ཅད་མཁྱེན་ནི་བསྒྲུབས་པས་ན། །སེམས་ཅན་བྱང་ཆུབ་ཡན་ལག་ལྡན་མཛད་ནས། །མཐར་ནི་ཡོན་ཏན་རྒྱ་མཚོ་ཕྱོགས་པར་མཛད། །གསེར་འོད་དམ་པའི་རྔ་ཆེན་སྒྲ་འདི་ནི། །ཐོས་པ་ཀུན་ནི་ཚངས་དབྱངས་ཐོབ་པར་ཤོག །བླ་མེད་བྱང་ཆུབ་འབྲས་བུ་


DKG089_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་གྱུར་ནས། །ཆོས་ཀྱི་འཁོར་ལོ་གྱ་ནོམ་རྟག་བསྐོར་ཤོག །ཚེ་ནི་བསྐལ་པ་བསམ་མི་ཁྱབ་གནས་ནས། །ཇི་བཞིན་ཆོས་བཤད་སྐྱེ་དགུ་ཕན་བྱེད་ཤོག །ཉོན་མོངས་སྡུག་བསྔལ་མང་པོ་རྒྱུན་བཅད་ནས། །འདོད་སྡང་གཏི་མུག་ལ་སོགས་ཞི་བར་ཤོག །སེམས་ཅན་གང་ཞིག་ངན་འགྲོ་གནས་གྱུར་ནས། །མེ་ཆེན་རབ་འབར་ལུས་ཀུན་ཁྱབ་པ་དག །རྔ་སྒྲ་དམ་པ་འདི་ནི་ཐོས་གྱུར་ན། །སྡུག་བསྔལ་བྲལ་ནས་སངས་རྒྱས་སྐྱབས་འགྲོར་ཤོག །ཐམས་ཅད་སྔོན་གནས་ཤེས་པ་གྲུབ་གྱུར་ནས། །འདས་པའི་ཚེ་རབས་བརྒྱ་སྟོང་དྲན་པར་ཤོག །ཐུབ་པའི་གཙོ་བོ་ཡང་དག་དྲན་གྱུར་ནས། །དེ་བཞིན་གཤེགས་བསྟན་ཟབ་མོ་ཐོས་པར་ཤོག །གསེར་གྱི་རྔ་དབྱངས་དམ་པ་ཐོས་པའི་དབང། །རྟག་པར་སངས་རྒྱས་རྣམས་ནི་ཉེར་བསྟེན་ནས། །ཐམས་ཅད་སྡིག་པའི་ལས་ནི་ཡོངས་སྤངས་ཏེ། །རྣམ་དག་དགེ་ཕྱོགས་འབའ་ཞིག་སྤྱོད་པར་ཤོག །ལྷ་དང་མི་ཡི་སྲོག་ཆགས་ཐམས་ཅད་ཀུན། །གུས་པའི་སྨོན་ལམ་རྩེ་གཅིག་འདེབས་པ་དག །གསེར་གྱི་རྔ་སྒྲ་དམ་པ་ཐོས་གྱུར་ནས། །བསམ་པ་རྣམས་ནི་ཡོངས་སུ་རྫོགས་པར་འགྱུར། ། སེམས་ཅན་གང་ཞིག་མནར་མེད་ལྷུང་གྱུར་ནས། །དམྱལ་བའི་འབར་མེས་ལུས་ནི་ཉོན་མོངས་ཏེ། །མགོན་སྐྱབས་མེད་ཅིང་འཁོར་བར་གང་གནས་པ། །ཐོས་པར་གྱུར་ན་སྡུག་བསྔལ་ཞི་བར་འགྱུར། །ལྷ་མི་ཡི་དགས་དུད་འགྲོའི་སྐྱེ་གནས་སུ། །སྡུག་བསྔལ་བགེགས་མང་མངོན་དུ་མྱོང་འགྱུར་བ། །གསེར་གྱི་རྔ་དབྱངས་དམ་པ་ཐོས་གྱུར་ན། །སྡུག་བསྔལ་སྤངས་ནས་ཐར་པ་ཐོབ་པར་འགྱུར། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། །རྟག་ཏུ་བཞུགས་པ་རྐང་གཉིས་གཙོ། །ཐུགས་རྗེ་ཆེན་པོ་ཐུགས་ཀྱིས་ནི། །བརྩེ་བས་བདག་ལ་དགོངས་སུ་གསོལ། །སེམས་ཅན་གང་ཞིག་སྐྱབས་མ་མཆིས། །མགོན་ནི་བགྱིད་པ་མ་མཆིས་པ། །དེ་ལྟ་བུ་ཡི་རྣམ་པ་ལ། །སྐྱབས་ཆེན་དག་ནི་བགྱིད་པར་ཤོག །བདག་གིས་སྔོན་ནི་བགྱིས་པའི་སྡིག། །ལས་ངན་ཤིན་ཏུ་


DKG089_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་བ་རྣམས། །དེང་བདག་སྟོབས་བཅུའི་སྤྱན་སྔར་ནི། །ཐམས་ཅད་རྩེ་གཅིག་རབ་ཏུ་བཤགས། །བདག་གིས་སངས་རྒྱས་ཡིད་མ་ཆེས། །བླ་མ་གཉེན་བཤེས་མ་གུས་དང་། །དགེ་བ་མང་པོ་མ་སྤྱད་པས། །རྟག་ཏུ་ལས་ངན་བགྱིས་པའམ། ། བདག་གིས་མཐོ་བཙུན་རུས་རིགས་དང་། །ལོངས་སྤྱོད་དག་ནི་སྙེམས་པ་དང་། །དར་ལ་བབ་པས་དྲེགས་གྱུར་ནས། །རྟག་ཏུ་ལས་ངན་བགྱིས་པའམ། །རྟག་ཏུ་ལོག་པའི་བསམ་བསྐྱེད་ནས། །ངག་གིས་ཚིག་ངན་སྨྲས་པ་དང་། །ཁ་ན་མ་ཐོ་མ་མཐོང་ནས། །རྟག་ཏུ་ལས་ངན་བགྱིས་པ་འམ། །རྟག་ཏུ་བྱིས་པའི་བློ་སྤྱད་ནས། །མ་རིག་མུན་པས་སེམས་གཡོགས་དང་། །མི་དགེའི་གྲོགས་པོའི་རྗེས་འབྲངས་ནས། །རྟག་ཏུ་ལས་ངན་བགྱིས་པ་འམ། །རྩེད་མོ་དགའ་བ་རྣམས་ཀྱི་རྒྱུས། །མྱ་ངན་དག་དང་ལྡན་འགྱུར་ཞིང་། །འདོད་ཆགས་ཞེ་སྡང་དཀྲིས་པས་ན། །དེ་སླད་སྡིག་རྣམས་བགྱིས་པ་འམ། །མི་དགེའི་གྲོགས་པོ་བསྟེན་པ་དང་། །ཕྲག་དོག་སེར་སྣ་བསམ་པ་དང་། །དབུལ་ཕོངས་གྱ་གྱུ་སྤྱད་པས་ན། །དེ་སླད་སྡིག་རྣམས་བགྱིས་པ་འམ། །སྡིག་མང་དག་ལ་མི་མོས་ཀྱང་། །འཇིགས་སྐྲག་དག་དང་བཅས་པའམ། །རང་དབང་དག་ནི་མ་མཆིས་པས། །དེ་སླད་སྡིག་རྣམས་བགྱིས་པ་འམ། །རྣམ་པར་གཡེང་བའི་བསམ་པ་དང་། །ཁོང་ཁྲོ་འཁོན་དུ་འཛིན་པ་དང་། །བཀྲེས་སྐོམ་དག་གིས་གདུངས་པའི་རྒྱུས། །དེ་སླད་སྡིག་རྣམས་བགྱིས་པ་འམ། །བཟའ་དང་བཏུང་དང་གོས་དག་དང་། །བུད་མེད་དག་ལ་ཆགས་སྲིད་པའི། །ཉོན་མོངས་མེས་ནི་བསྲེགས་པས་ན། །དེ་སླད་སྡིག་རྣམས་བགྱིས་པ་འམ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །གུས་པའི་སེམས་ནི་མ་སྐྱེད་པའི། །འདི་འདྲའི་སྡིག་མང་གང་བགྱིས་པ། །དེང་བདག་ཐམས་ཅད་སོ་སོར་བཤགས། །རང་རྒྱལ་བྱང་ཆུབ་སེམས་དཔའ་ལ། །གུས་པའི་སེམས་ནི་མ་མཆིས་པའི། །འདི་འདྲའི་སྡིག་མང་གང་བགྱིས་པ། །དེང་བདག་ཐམས་ཅད་སོ་སོར་བཤགས། །མི་ཤེས་དམ་ཆོས་སྐུར་པ་དང་། །ཕ་མ་སྲི་ཞུ་མ་


DKG089_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པའི། །དེ་འདྲའི་སྡིག་མང་གང་བགྱིས་པ། །དེང་བདག་ཐམས་ཅད་སོ་སོར་བཤགས། །གཏི་མུག་དང་ནི་ང་རྒྱལ་དང་། །འདོད་ཆགས་ཞེ་སྡང་མཐུ་ཡིས་ནི། །དེ་འདྲའི་སྡིག་མང་གང་བགྱིས་པ། །དེང་བདག་ཐམས་ཅད་སོ་སོར་བཤགས། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་ཁམས། །སངས་རྒྱས་གྲངས་མེད་གང་མཆོད་པ། །སེམས་ཅན་རྣམས་ནི་རབ་དྲངས་ནས། །སྡུག་བསྔལ་བགེགས་རྣམས་བྲལ་བགྱིད་ཤོག །སེམས་ཅན་དག་ནི་ཐམས་ཅད་ཀུན། །ས་བཅུ་ལ་ནི་གནས་གྱུར་ཏེ། །བསོད་ནམས་ཡེ་ཤེས་ཡོངས་རྫོགས་ནས། །མངོན་སངས་སྐྱེ་དགུ་འདྲེན་པར་ཤོག །བདག་གིས་སེམས་ཅན་ཀུན་གྱི་སླད། །བསྐལ་བ་བརྒྱ་སྟོང་དཀའ་སྤྱད་ནས། །ཤེས་རབ་ཆེན་པོའི་སྟོབས་ཀྱིས་ནི། །སྡུག་བསྔལ་རྒྱ་མཚོ་མཐར་བགྱིད་ཤོག །བདག་གིས་སྲོག་ཆགས་ཀུན་གྱི་སླད། །གསེར་འོད་མཆོག་ཏུ་རྣམ་པར་རྒྱལ། །ཟབ་མོའི་མདོ་སྡེ་བཤད་ནས་ནི། །ལས་ངན་རྣམས་ནི་བསལ་བར་ཤོག །གང་ཞིག་བསྐལ་པ་བརྒྱ་སྟོང་དུ། །སྡིག་ལྕི་དག་ནི་བགྱིས་པ་རྣམས། །སྐད་ཅིག་ཙམ་ཞིག་མཐོལ་བཤགས་ན། །སྡིག་པ་མང་པོ་མ་ལུས་བྱང་། །གསེར་འོད་དམ་པ་འདི་བཞིན་དུ། །དེ་ལྟར་བཤགས་པ་བགྱིས་གྱུར་ན། །སྡུག་བསྔལ་ལས་མང་ཐམས་ཅད་ཀུན། །འདི་ཡི་དབང་གིས་མྱུར་དུ་འབྱང་། །ཏིང་འཛིན་མཆོག་ནི་བརྒྱ་སྟོང་དང་། །བསམ་གྱིས་མི་ཁྱབ་གཟུངས་རྣམས་དང་། །དབང་སྟོབས་བྱང་ཆུབ་ལམ་ཡན་ལག །རྟག་ཏུ་སྒོམ་ཡང་སྐྱོ་མི་འགྱུར། །བདག་གིས་རིན་ཆེན་ཕུན་ཚོགས་ནས། །ས་བཅུ་ལ་ནི་ཕྱིན་གྱུར་ནས། །སངས་རྒྱས་ཡོན་ཏན་ཡོངས་རྫོགས་ཏེ། །འཁོར་བར་འབབ་པ་སྒྲོལ་བར་ཤོག ། བདག་གིས་སངས་རྒྱས་མཚོ་ལས་ནི། །ཤིན་ཏུ་ཟབ་མོ་ཡོན་ཏན་མཛོད། །གྱ་ནོམ་ཡེ་ཤེས་བསམ་དཀའ་བ། །ཕུན་སུམ་ཚོགས་པ་ཐོབ་པར་ཤོག །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀུན། །བདག་ལ་སོ་སོར་གཟིགས་དགོངས་ནས། །ཐུགས་རྗེ་ཆེན་པོའི་


DKG089_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱིས་ནི། །བདག་གིས་བཤགས་པ་བཞེས་སུ་གསོལ། །བདག་གིས་བསྐལ་པ་མང་པོར་ནི། །ལས་ངན་མང་པོ་བགྱིས་པས་ན། །དེ་ཡི་དབང་གིས་སྡུག་བསྔལ་མྱོང་། །ཐུགས་རྗེས་བྱང་བར་མཛད་པར་སྨོན། །བདག་གིས་ལས་ངན་མང་བགྱིས་པ། །རྟག་ཏུ་མྱ་ངན་འཇིགས་སེམས་སྐྱེས། །སྤྱོད་ལམ་བཞི་པོ་ཀུན་ཏུ་ཡང་། །དགའ་བའི་འདུ་ཤེས་ཡོད་མ་མཆིས། །སངས་རྒྱས་ཐུགས་རྗེ་ཆེན་པོ་ལྡན། །སེམས་ཅན་འཇིགས་པ་སེལ་མཛད་ན། །བདག་གིས་བཤགས་པ་བཞེས་ནས་ནི། །མྱ་ངན་སྡུག་བསྔལ་བྲལ་བར་སྨོན། །བདག་ལ་ཉོན་མོངས་སྒྲིབ་པ་དང་། །རྣམ་སྨིན་ལས་ནི་ཅི་མཆིས་པ། །ཐུགས་རྗེ་ཆེན་པོའི་ཆབ་ཀྱིས་ནི། །རབ་བཀྲུས་བྱང་བར་མཛད་པར་སྨོན། །བདག་གིས་སྔོན་ཆད་སྡིག་པ་དང་། །ད་ལྟར་ལས་ངན་བགྱིས་པ་རྣམས། ། རྩེ་གཅིག་སེམས་ཀྱིས་མནོལ་བཤགས་ན། །ཐམས་ཅད་རབ་ཏུ་བྱང་བར་ཤོག །མ་འོངས་པ་ཡི་ལས་ངན་རྣམས། །བསྡམས་ཏེ་སློང་བར་ཡོང་མི་བགྱིད། །གལ་ཏེ་འགལ་བ་མཆིས་ན་ཡང་། །ནམས་ཀྱང་འཆབ་པར་ཡོང་མི་བགྱིད། །ལུས་གསུམ་ངག་གི་རྣམ་པ་བཞི། །ཡིད་ཀྱི་ལས་ནི་རྣམ་པ་གསུམ། །སེམས་ཅན་རྣམས་ནི་འཆིང་བགྱིད་པས། །ཐོག་མ་མེད་ནས་རྒྱུན་མི་འཆད། །སྤྱོད་པ་འདི་གསུམ་དབང་གིས་ན། །མི་དགེ་ལས་བཅུ་བགྱིས་གྱུར་པས། །དེ་འདྲའི་ནོངས་པ་མང་པོ་རྣམས། །དེ་དག་ཐམས་ཅད་སོ་སོར་བཤགས། །བདག་གིས་ལས་ངན་མང་བགྱིས་པས། །སྡུག་བསྔལ་རྣམ་སྨིན་རང་ཉིད་མྱོང་། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །བསམ་པ་ཐག་པས་སོ་སོར་བཤགས། །འཛམ་བུའི་གླིང་ནི་འདི་དག་དང་། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །དགེ་བའི་ལས་མང་ཅི་མཆིས་པ། །དེང་བདག་ཐམས་ཅད་ཡི་རང་ངོ་། །མི་དགེ་ལས་བཅུ་རབ་སྤངས་ནས། །དགེ་བཅུ་ལམ་ནི་མངོན་བསྒྲུབས་ཏེ། །ས་བཅུ་དག་ལ་རབ་གནས་ནས། །ཕྱོགས་བཅུའི་སངས་རྒྱས་རྟག་མཐོང་སྨོན། །བདག་གིས་


DKG089_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དང་ངག་ཡིད་ཀྱིས། བསོད་ནམས་ཡེ་ཤེས་ལས་བསྒྲུབས་པའི། །དགེ་བའི་རྩ་བ་འདི་ཡི་མཐུས། །བླ་མེད་ཡེ་ཤེས་མྱུར་གྲུབ་ཤོག །དེང་བདག་སྟོབས་བཅུའི་སྤྱན་སྔར་མངོན་སུམ་དུ། །སྡུག་བསྔལ་བགེགས་མང་སྣ་ཚོགས་མཐོལ་ཞིང་བཤགས། །བྱིས་པ་སྲིད་གསུམ་རྨོངས་པའི་བགེགས་དག་དང་། །རྟག་པར་ལས་ངན་ལྕི་བར་བགྱིས་པའི་བགེགས། །བདག་གིས་ལོག་པའི་འདོད་པས་བསགས་པའི་བགེགས། །རྟག་ཏུ་སྲིད་བསྐྱེད་འཁོར་བར་འགྱུར་བའི་བགེགས། །འཇིག་རྟེན་འདི་ལ་མངོན་ཞེན་ཆགས་པའི་བགེགས། ། བྱིས་པ་ཐམས་ཅད་ཀུན་གྱི་ཉོན་མོངས་བགེགས། །སེམས་མྱོས་རྣམ་གཡེང་ཕྱིན་ཅི་ལོག་པའི་བགེགས། །མི་དགེ་གྲོགས་པོ་དག་ལ་བརྟེན་པའི་བགེགས། །འཁོར་བ་དག་ལ་འདོད་ཆགས་ཞེན་པའི་བགེགས། །ཞེ་སྡང་གཏི་མུག་གླེན་པས་སྡིག་བགྱིས་བགེགས། ། མི་ཁོམ་བརྒྱད་སྐྱེ་མི་དགེ་གྲོགས་པོའི་བགེགས། །བསོད་ནམས་ཡོན་ཏན་མ་བསགས་པ་ཡི་བགེགས། །དེང་བདག་རྒྱལ་བ་ཀུན་གྱི་སྤྱན་སྔར་ནི། །སྡིག་པའི་ལས་ངན་མཐའ་ཡས་བགྱིས་པ་བཤགས། །དེང་བདག་བདེ་གཤེགས་ཀུན་ལ་སྐྱབས་སུ་མཆི། ། བླ་མེད་ཡོན་ཏན་མཚོ་ལ་བདག་ཕྱག་འཚལ། །གསེར་གྱི་རི་ལྟར་ཕྱོགས་བཅུ་གསལ་མཛད་པ། །བྱམས་དང་ཐུགས་རྗེས་བདག་ནི་གཟུང་དུ་གསོལ། །སྐུ་ནི་གསེར་མདོག་རྣམ་དག་དྲི་མི་མངའ། །སྤྱན་ནི་རྣམ་དག་བཻ་ཌཱུཪྱ་དང་འདྲ། །དཔལ་དང་གཟི་བརྗིད་གྲགས་དང་ལྡན་པའི་གཙོ། །ཐུགས་རྗེ་ཤེས་རབ་ཉི་མས་མུན་སེལ་བ། །སངས་རྒྱས་ཉི་མའི་འོད་ཀྱིས་ཀུན་གསལ་མཛད། །ཤིན་ཏུ་རྣམ་དག་དྲི་མེད་རྡུལ་དང་བྲལ། །ཐུབ་པའི་ཟླ་བས་གསལ་མཛད་རབ་བསིལ་བ། །སེམས་ཅན་ཉོན་མོངས་གདུང་བ་སེལ་བར་མཛད། །སུམ་ཅུ་རྩ་གཉིས་མཚན་གྱིས་རབ་བརྒྱན་ཅིང་། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས། །ཡོན་ཏན་བསམ་དཀའ་མཚུངས་པ་མ་མཆིས་པས། །ཉི་འོད་ལྟ་བུར་འཇིག་རྟེན་གསལ་བར་མཛད། །ཁ་དོག་བཻ་ཌཱུཪྱ་འདྲ་དྲི་མེད་མངའ། །ཟླ་བ་ཉ་


DKG089_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ནམ་མཁའ་དག་ལ་བཞུགས། །ཤེལ་མཆོག་དམ་པའི་དྲ་བས་གསེར་སྐུ་བསྒྲིབས། །འོད་ཟེར་སྣ་ཚོགས་དག་གིས་རབ་ཏུ་བརྒྱན། །འཁོར་བའི་སྡུག་བསྔལ་ཆུ་བོའི་ནང་དུ་ནི། །རྒ་ནད་མྱ་ངན་ཆུ་ཡིས་དེད་པས་ན། །དེ་འདྲའི་སྡུག་བསྔལ་རྒྱ་མཚོ་བཟོད་དཀའ་བ། ། སངས་རྒྱས་ཉི་མའི་འོད་ཀྱིས་གཏན་དུ་བསྐམས། །དེང་བདག་སྟོང་གསུམ་འཇིག་རྟེན་རྨད་བྱུང་གཙོ། །ཐམས་ཅད་མཁྱེན་པ་སྤྱི་བཏུད་ཕྱག་འཚལ་ལོ། །འོད་ཟེར་རབ་གསལ་གསེར་མདོག་འདྲ་བའི་སྐུ། །དཔེ་བྱད་དམ་པ་སྣ་ཚོགས་དག་གིས་བརྒྱན། །ཇི་ལྟར་རྒྱ་མཚོའི་ཆུ་ཚད་ཤེས་དཀའ་ཞིང་། །ས་ཆེན་རྡུལ་ནི་བགྲང་དུ་མ་མཆིས་དང་། །ཇི་ལྟར་རི་རབ་སྲང་གྲངས་གཞལ་དཀའ་ཞིང་། །ནམ་མཁའ་དག་ལ་མུ་མཐའ་མ་མཆིས་ལྟར། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དེ་བཞིན་ཏེ། །སེམས་ཅན་ཐམས་ཅད་ཀུན་གྱིས་རིག་མི་འགྱུར། །བསྐལ་པ་ཚད་མེད་སྙེད་དུ་རབ་བསམས་ཀྱང་། །ཡོན་ཏན་རྒྱ་མཚོའི་ཕ་མཐའ་རྟོགས་མི་འགྱུར། །ས་ཆེན་འདི་ཡི་རི་བྲག་ཇི་སྙེད་པ། །རྡུལ་ཕྲན་བཞིན་དུ་གསེས་ཀྱང་བརྩིར་རུང་ཞིང་། །རྒྱ་མཚོའི་ཆབ་ནི་སྤུ་རྩེས་གཞལ་རུང་ཡང་། །སངས་རྒྱས་ཡོན་ཏན་བགྲང་བར་རྔོ་མི་ཐོགས། ། སེམས་ཅན་ཐམས་ཅད་ལྷན་ཅིག་འདུས་ནས་ནི། །བཅོམ་ལྡན་གྲགས་པའི་ཆོས་ནི་ཐམས་ཅད་དང་། །མཚན་བཟང་རྣམ་དག་དཀོན་མཆོག་བསྔགས་བརྗོད་ཀྱང་། །དེ་ཡི་ཕ་མཐའ་དཔག་པར་ཡོངས་མི་འགྱུར། །བདག་གི་དགེ་བའི་ལས་མང་ཅི་མཆིས་པས། །མྱུར་དུ་བླ་ན་མ་མཆིས་གཙོ་གྲུབ་ནས། །ཡང་དག་ཆོས་བཤད་སྐྱེ་དགུ་ཕན་བཏགས་ཏེ། །ཐམས་ཅད་སྡུག་བསྔལ་མང་ལས་ཐར་བགྱིད་ཤོག །བདུད་ཀྱི་དམག་ཚོགས་སྟོབས་ཆེན་རབ་བཏུལ་ནས། །བླ་མེད་དམ་ཆོས་འཁོར་ལོ་བསྐོར་བར་ཤོག །བསྐལ་པ་གྲངས་མེད་བསམ་མི་ཁྱབ་གནས་ནས། །བདུད་རྩིའི་རོ་ཡིས་སེམས་ཅན་ཚིམ་བགྱིད་ཤོག །འདས་པའི་རྒྱལ་བ་རྣམས་ནི་ཇི་ལྟ་བཞིན། །ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་བགྱིད་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ནས། །ཉོན་མོངས་བཏུལ་ཏེ་སྡུག་བསྔལ་བསལ་བར་ཤོག །བདག་


DKG089_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

གིས་རྟག་ཏུ་ཚེ་རབས་དྲན་གྱུར་ནས། །འདས་པའི་སྐྱེ་བ་བརྒྱ་སྟོང་དྲན་པ་དང་། །རྟག་པར་ཐུབ་པའི་གཙོ་བོ་དྲན་གྱུར་ཏེ། །སངས་རྒྱས་ཟབ་མོའི་ཆོས་ནི་ཐོས་པར་ཤོག །བདག་གི་དགེ་བའི་ལས་ནི་འདི་རྣམས་ཀྱིས། །རྒྱལ་བ་ཚད་མེད་དག་ལ་བསྙེན་བཀུར་ནས། །མི་དགེ་བ་ཡི་རྒྱུ་ཀུན་ཡོངས་སྤངས་ཏེ། །ཡང་དག་དམ་ཆོས་རྟག་ཏུ་སྒྲུབ་པར་ཤོག །འཇིག་རྟེན་ཐམས་ཅད་སེམས་ཅན་ཇི་སྙེད་པ། །སྡུག་བསྔལ་སྤངས་ནས་བདེ་བ་ཐོབ་པར་ཤོག །དབང་པོ་མ་ཚང་ཇི་སྙེད་མཆིས་པ་དག །དེ་དག་ལུས་ཀྱི་མཚན་རྣམས་ཡོངས་རྫོགས་ཤོག །སེམས་ཅན་གང་ཞིག་ནད་ཀྱི་སྡུག་བསྔལ་གྱིས། །ལུས་ནི་ཉམ་ཆུང་སྐྱབས་བགྱིད་མ་མཆིས་པ། །ཐམས་ཅད་ནད་ཀྱི་སྡུག་བསྔལ་ར་བཞི་ནས། །དབང་པོ་ཁ་དོག་མཐུ་ནི་རྒྱས་པར་ཤོག །གང་གིས་རྒྱལ་ཆོས་འགལ་བགྱིས་བསད་ལ་ཐུག །སྡུག་བསྔལ་མང་གཙེས་མྱ་ངན་རབ་སྐྱེས་ནས། ། དེ་ཡིས་སྡུག་བསྔལ་མི་བཟད་མྱོང་བའི་ཚེ། །མགོན་སྐྱབས་དག་ནི་བགྱིད་པ་མ་མཆིས་དང་། །གང་དག་གཞུ་བརྡེག་མཚོན་ཆས་བཅིངས་པ་དང་། །གནོད་བྱེད་ཡོ་བྱད་སྣ་ཚོགས་ལུས་ཉོན་མོངས། །མྱ་ངན་བརྒྱ་སྟོང་ཚད་མེད་མྱོང་བ་ན། །ལུས་སེམས་རབ་གཟེར་བདེ་བ་ཅུང་ཟད་མེད། །དེ་དག་ཐམས་ཅད་བཅིངས་ཤིང་བརྡེགས་པ་དང་། །སྡུག་བསྔལ་ཉོན་མོངས་དག་ལས་ཐར་བར་ཤོག །བསད་ལ་ཐུག་པ་དག་ནི་སྲོག་ཐོབ་ནས། །སྡུག་བསྔལ་མང་པོ་ཐམས་ཅད་གཏན་ཟད་ཤོག །སེམས་ཅན་གང་ཞིག་བཀྲེས་སྐོམ་གདུངས་གྱུར་པ། །རོ་མཆོག་དམ་པ་སྣ་ཚོགས་འཐོབ་པར་ཤོག །ལོང་བས་གཟུགས་མཐོང་འོན་པས་སྒྲ་ཐོས་དང་། །ཐིང་པོས་འགྲོ་ནུས་ལྐུགས་པ་སྨྲ་ནུས་ཤོག །དབུལ་ཕོངས་སེམས་ཅན་རིན་ཆེན་གཏེར་ཐོབ་ནས། །བང་མཛོད་རབ་རྒྱས་རྒུད་པ་མ་མཆིས་ཏེ། །ཐམས་ཅད་བདེ་མཆོག་དམ་པ་རབ་རྙེད་ནས། །སེམས་ཅན་སྡུག་བསྔལ་མྱོང་བ་མ་མཆིས་ཤོག །ལྷ་མི་ཐམས་ཅད་མཐོང་བར་མོས་པ་ཡི། །བྱད་བཞིན་དམ་པ་རབ་མཛེས་ཐོབ་གྱུར་ནས། །བདེ་བ་ཚད་མེད་མངོན་སུམ་མྱོང་གྱུར་ཏེ། །ལོངས་སྤྱོད་འབྱོར་རྒྱས་བསོད་ནམས་ལྡན་པར་ཤོག །སེམས་ཅན་


DKG089_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་རོལ་མོ་བསམས་པ་བཞིན། །སྒྲ་མཆོག་མང་པོ་མངོན་དུ་འབྱུང་བར་ཤོག །ཆུ་འདོད་གསེར་གྱི་མེ་ཏོག་སྟེང་འཕྱོ་བ། །རབ་བསིལ་རྫིང་བུ་མངོན་དུ་སྣང་བར་ཤོག །སེམས་ཅན་དེ་དག་ཇི་ལྟར་བསམས་པ་བཞིན། །བཟའ་བཏུང་གོས་དང་ཁྲི་དང་སྟན་རྣམས་དང་། །གསེར་དངུལ་དང་ནི་རིན་ཆེན་བཻ་ཌཱུཪྱ། །རྒྱན་ཕྲེང་ཐམས་ཅད་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་མི་སྙན་ཐོས་པར་མི་འགྱུར་ཞིང་། །ཕན་ཚུན་མི་མཐུན་མཐོང་བར་མ་གྱུར་ཅིག །ལུས་ཀྱི་བྱད་བཞིན་ཐམས་ཅད་རབ་མཛེས་ཤིང་། །སོ་སོར་བྱམས་པའི་སེམས་ཀྱིས་བརྩེ་བགྱིད་ཤོག །འཇིག་རྟེན་བདེ་བའི་ཡོ་བྱད་ལོངས་སྤྱོད་རྣམས། །ཡིད་ལ་བསམས་ཚེ་ཐམས་ཅད་འབྱོར་པར་ཤོག །ནོར་རྣམས་རྙེད་པ་ཕོངས་པ་མ་མཆིས་པར། །བགོ་བཤའ་བགྱིས་ཏེ་སེམས་ཅན་གཏོང་བར་ཤོག །བདུག་སྤོས་ཕྱེ་མ་དང་ནི་བྱུག་སྤོས་དང་། ། མེ་ཏོག་སྣ་ཚོགས་ཁ་དོག་གཅིག་མིན་པ། །ཉིན་རེ་དུས་གསུམ་ཤིང་ལས་ལྷུང་གྱུར་ནས། །ཡིད་བཞིན་ལོངས་སྤྱོད་དགའ་བསྐྱེད་པར་ཤོག །སེམས་ཅན་ཐམས་ཅད་ཕྱོགས་བཅུའི་རྒྱལ་གཙོ་དང་། །ཐེག་གསུམ་རྣམ་དག་གྱ་ནོམ་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་དཔའ་དང་ནི་རང་རྒྱལ་དང་། །ཉན་ཐོས་དགེ་འདུན་མཆོད་པ་བགྱིད་པར་ཤོག །རྟག་ཏུ་མ་རབས་དག་ཏུ་མི་སྐྱེ་ཞིང་། །མི་ཁོམ་བརྒྱད་པོ་དག་ཏུ་མི་ལྟུང་དང་། །དལ་འབྱོར་མི་ཡི་གཙོ་བོར་སྐྱེས་གྱུར་ཏེ། །ཕྱོགས་བཅུའི་སངས་རྒྱས་རིམ་གྲོ་བགྱིད་པར་ཤོག །རྟག་པར་ཕྱུག་པོ་དག་གི་ཁྱིམ་སྐྱེས་ཏེ། །ནོར་དང་རིན་ཆེན་བང་མཛོད་རྒྱས་པ་དང་། །བྱེད་བཞིན་གྲགས་པ་དཔེ་ཟླ་མ་མཆིས་ཏེ། །ཚེ་རིང་བསྐལ་པ་གྲངས་མེད་གནས་པར་ཤོག །བུད་མེད་ཐམས་ཅད་ཀུན་ནི་ཕོར་གྱུར་ནས། །དཔའ་ཞིང་སེམས་རྣོ་བློ་གྲོས་ཤིན་ཏུ་ཆེ། །ཐམས་ཅད་བྱང་ཆུབ་སེམས་དཔའི་ལམ་སྤྱད་ནས། །ཕ་རོལ་ཕྱིན་དྲུག་སྒྲུབ་ལ་བརྩོན་པར་ཤོག །རྟག་པར་ཕྱོགས་བཅུའི་སངས་རྒྱས་ཚད་མེད་སྙེད། །རིན་ཆེན་ཤིང་རྒྱལ་དྲུང་དུ་གཤེགས་ནས་ནི། །བཻ་ཌཱུཪྱ་ཡི་གདན་ལ་རབ་བཞུགས་ཏེ། །ཆོས་ཀྱི་འཁོར་ལོ་བསྐོར་བ་མཐོང་བར་


DKG089_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གལ་ཏེ་འདས་པ་དང་ནི་ད་ལྟར་ཚེ། །སྲིད་གསུམ་འཁོར་ནས་ལས་རྣམས་བགྱིས་པས་ན། །ཡིད་དུ་མི་མཆི་ངན་འགྲོ་ཐོབ་གྱུར་པ། །ཐམས་ཅད་མ་ལུས་གཏན་དུ་བྱང་བར་ཤོག །སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོར་ནི། །འཁོར་བའི་ཞགས་པས་དམ་དུ་བཅིངས་པ་ནི། །ཤེས་རབ་རལ་གྲི་དག་གིས་བཅད་བསལ་ཏེ། །སྡུག་བསྔལ་སྤངས་ནས་བྱང་ཆུབ་མྱུར་ཐོབ་ཤོག །སེམས་ཅན་གང་གིས་འཛམ་གླིང་འདི་དག་དང་། །ཡང་ན་འཇིག་རྟེན་གཞན་དག་ཏུ་ཡང་རུང་། །བསོད་ནམས་རྒྱུན་མཆོག་སྣ་ཚོགས་ཅི་བསྒྲུབས་པ། ། དེ་དག་ཐམས་ཅད་ཀུན་ལ་ཡི་རང་ངོ་། །བསོད་ནམས་དངོས་པོ་དག་ལ་ཡི་རང་དང་། །ལུས་དང་ངག་ཡིད་དགེ་བ་མང་བགྱིས་དེས། །ལས་མཆོག་དམ་པ་འདི་དག་རྟག་འཕེལ་ནས། །བླ་མེད་བྱང་ཆུབ་ཆེན་པོ་མྱུར་ཐོབ་སྨོན། །ཕྱག་བགྱིས་སངས་རྒྱས་ཡོན་ཏན་བསྔགས་པ་དང་། །བསམ་པ་དང་ཞིང་རྙོག་པ་མ་མཆིས་པས། །བསྔོ་ཞིང་སྨོན་ལམ་བཏབ་པའི་བསོད་ནམས་དེས། །བསྐལ་པ་དྲུག་ཅུའི་ངན་འགྲོ་འདས་པར་སྨོན། །རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དང་། །བྲམ་ཟེ་ལ་སོགས་རིགས་མཆོག་དམ་པ་རྣམས། །ཐལ་སྦྱར་རྩེ་གཅིག་སངས་རྒྱས་བསྔགས་བརྗོད་ན། །སྐྱེ་བ་རྟག་པར་ཀུན་དུ་ཚེ་རབས་དྲན། །དབང་པོ་ཚང་ཞིང་ལུས་ནི་ཡོངས་རྫོགས་ཏེ། །ཡོན་ཏན་དམ་པ་ཐམས་ཅད་ཕུན་ཚོགས་འགྱུར། །མ་འོངས་པ་ཡི་སྐྱེ་བ་ཐམས་ཅད་དུ། །རྟག་པར་ལྷ་མི་རྣམས་ཀྱིས་བལྟ་བར་ཤོག ། སངས་རྒྱས་གཅིག་དང་སངས་རྒྱས་བཅུ་དག་ལས། །དགེ་བའི་རྩ་བ་བསྒྲུབས་ནས་ཐོབ་པ་མིན། །སངས་རྒྱས་བརྒྱ་སྟོང་དགེ་རྩ་བསྐྱེད་པས་ན། །འགྱོད་ཚངས་ཆོས་འདི་ཐོས་པར་གྱུར་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསོལ་པ་གསན་པ་དང་། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། །རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་རྨི་ལམ་དུ་གསེར་གྱི་རྔ་བོ་ཆེ་ལས་བྱུང་བའི་སྒྲས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་བརྗོད་པ་དང་། འགྱོད་ཚངས་བྱ་བའི་ཆོས་བསྟན་པ་


DKG089_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བ་གང་ཡིན་པ་དེ་གང་ལ་ལ་ཞིག་གིས་ཐོས་པར་གྱུར་ན་བསོད་ནམས་ཤིན་ཏུ་མང་པོ་འཐོབ་པར་འགྱུར་ཞིང་སེམས་ཅན་ལ་རྒྱ་ཆེར་ཕན་འདོགས་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་རོ། །ཁྱོད་ཀྱི་ལས་མཆོག་དམ་པ་འདི་དག་ཐམས་ཅད་ནི་འདས་པའི་དུས་སུ་བསྔགས་པ་བརྗོད་ཅིང་སྨོན་ལམ་བཏབ་པའི་སྔོན་གྱི་བག་ཆགས་ཀྱི་རྒྱུ་རྐྱེན་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་མཐུས་རྒྱུ་རྐྱེན་འདི་དག་ཁྱོད་ལ་བསྟན་པ་ཡིན་པར་རིག་པར་བྱའོ། །དེའི་ཚེ་འཁོར་མང་པོ་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཐམས་ཅད་རབ་ཏུ་དགའ་ཞིང་མངོན་པར་ཡིད་ཆེས་ནས་བཀའ་བཞིན་དུ་སྤྱོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྨི་ལམ་ན་འགྱོད་ཚངས་བྱེད་པ་མཐོང་བའི་ལེའུ་སྟེ་བཞི་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་གསུམ་པ།དེ་ནས་བཅོམ་ལྡན་འདས་ཡང་དག་པའི་རྣམ་པར་རྟོག་པ་ལ་བཞུགས་ཏེ་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། སྐུའི་སྤུའི་བུ་གནས་ཁ་དོག་རྣམ་པ་སྣ་ཚོགས་བརྒྱ་སྟོང་ཚད་མེད་པ་སྙེད་དང་ལྡན་པའི་འོད་ཟེར་ཆེན་པོ་བཀྱེ་བས་ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་དག་གི་ཚད་དང་དཔེར་བྱར་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་འོད་ཟེར་གྱིས་རབ་ཏུ་སྣང་བར་གྱུར་ཏོ། །སྙིགས་མ་ལྔའི་འཇིག་རྟེན་དག་ཏུ་འོད་ཟེར་གྱིས་སྣང་བར་བྱས་པས་སེམས་ཅན་གང་དག་མི་དགེ་བ་བཅུའི་ལས་དང་། མཚམས་མེད་པ་ལྔའི་ཁ་ན་མ་ཐོ་བ་དང་། དཀོན་མཆོག་གསུམ་ལ་སྐུར་པ་བཏབ་པ་དང་། བླ་མ་དང་ཉེ་བ་དག་ལ་སྲི་ཞུ་མ་བྱས་པ་དང་། མཁན་པོ་དང་བྲམ་ཟེ་དག་ལ་བརྙས་ཤིང་ང་རྒྱལ་བྱས་པས་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་ལྟུང་བར་གྱུར་པ་དེ་དག་སོ་སོ་ནས་འོད་ཟེར་གྱི་སྣང་བ་དེ་དག་གི་གནས་སུ་ཕྱིན་པར་གྱུར་པས་སེམས་ཅན་དེ་དག་འོད་ཟེར་དེ་མཐོང་བ་དང་། འོད་ཟེར་གྱི་མཐུས་ཐམས་ཅད་ཀྱིས་བདེ་བ་དང་། ཤིན་ཏུ་སྡུག་ཅིང་མཛེས་པའི་གཟུགས་ཀྱིས་མཚན་


DKG089_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱིས་བརྒྱན་ནས་སངས་རྒྱས་རྣམས་མཐོང་བར་གྱུར་ཏོ། །དེའི་ཚེ་བརྒྱ་བྱིན་དང་། ལྷའི་འཁོར་ཐམས་ཅད་དང་། གང་གཱའི་ལྷ་མོ་དང་། འཁོར་མང་པོ་རྣམས་འོད་ཟེར་རྨད་དུ་བྱུང་བ་མཐོང་བ་དང་། ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ཏེ་གཡས་ཕྱོགས་སུ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་ཀྱི་མཐུས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གཉེར་ཞིང་ཐེག་པ་ཆེན་པོ་མངོན་པར་བསྒྲུབས་པས་ཇི་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པའི་སེམས་ཅན་ཐམས་ཅད་ཡོངས་སུ་གཟུང་བར་བགྱིས་ལགས། སྔོན་མངོན་པར་འདུས་བགྱིས་པའི་ལས་ཀྱི་སྒྲིབ་པའི་ཁ་ན་མ་ཐོ་བ་ཇི་ལྟར་བཤགས་ན་ཡོངས་སུ་འབྱང་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དེང་ཁྱེད་ཀྱིས་ཚད་མེད་དཔག་ཏུ་མེད་པའི་སེམས་ཅན་རྣམས་རྣལ་འབྱོར་བསྒོམ་ནས་རྣམ་པར་དག་པའི་རྣམ་པར་གྲོལ་བའི་བདེ་བ་འཐོབ་པར་བྱ་བ་དང་། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ་ཞིང་ཕན་པར་འདོད་པ་ལེགས་སོ་ལེགས་སོ། །སེམས་ཅན་གང་ལ་ལ་ཞིག་ལས་ཀྱི་སྒྲིབ་པའི་དབང་གིས་སྡིག་པ་རྣམས་མངོན་པར་འདུས་བྱས་པ་གང་ཡིན་པ་དེས་ནན་ཏན་བརྩོན་འགྲུས་བསྐྱེད་དེ་ཉིན་མཚན་དུས་དྲུག་ཏུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གུས་པས་ཐལ་མོ་སྦྱར་ཏེ། སེམས་རྩེ་གཅིག་ཏུ་དྲན་པ་ཉེ་བར་བསྡུས་ནས་ངག་གི་སྒོ་ནས་བདག་ཉིད་ཀྱིས་འདི་སྐད་དུ་ཕྱོགས་བཅུ་ནད་ལྟར་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ནས་དམ་པའི་ཆོས་ཀྱི་འཁོར་


DKG089_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡོངས་སུ་བསྐོར་བ། ཆོས་ཀྱི་འཁོར་ལོ་འཛིན་ཅིང་གསལ་བར་མཛད་པ། ཆོས་ཀྱི་ཆར་ཆེན་པོ་ཕབ་པ། ཆོས་ཀྱི་རྔ་ཆེན་པོ་བརྡུང་བ། ཆོས་ཀྱི་དུང་ཆེན་པོ་བུས་པ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བཙུགས་པ། ཆོས་ཀྱི་སྒྲོན་མ་ཆེན་པོ་འཛིན་པ། ཐམས་ཅད་སེམས་ཅན་རྣམས་ལ་སྨན་ཅིང་བདེ་བར་མཛད་པའི་སླད་དུ་རྟག་པར་ཆོས་ཀྱི་སྦྱིན་པ་གཏོང་བ། སྐྱེ་དགུ་རྨོངས་པ་རྣམས་དྲངས་ནས་འབྲས་བུ་ཆེན་པོ་ཐོབ་པ་ལ་བཀོད་དེ། རྟག་ཏུ་བདེ་བ་མངོན་སུམ་དུ་མཛད་པར་བཞེད་པ་དེ་ལྟ་བུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆི་སྟེ་མགོ་བོས་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་གང་དག་ཡང་དག་པའི་ཤེས་རབ་དང་། ཡང་དག་པའི་སྤྱན་དང་། ཡང་དག་པའི་མཁྱེན་པ་དང་། ཡང་དག་པའི་མཉམ་པས་སེམས་ཅན་གྱི་དགེ་སྡིག་གི་ལས་མཁྱེན་ཅིང་གཟིགས་པ་ཐམས་ཅད་ལ་ལུས་དང་ངག་དང་ཡིད་ཀྱིས་སེམས་རྩེ་གཅིག་ཏུ་སྤྱི་བོས་བཏུད་དེ་གུས་པར་ཕྱག་འཚལ་ལོ། །བདག་གིས་ཐོག་མ་མ་མཆིས་པའི་དུས་ནས་སྡིག་པའི་རྗེས་སུ་འབྲངས་ཏེ་སེམས་ཅན་རྣམས་དང་ལྷན་ཅིག་ཏུ་ལས་ཀྱི་སྒྲིབ་པ་ཁ་ན་མ་ཐོ་བ་བགྱིས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཀུན་དུ་དཀྲིས་ཤིང་བཅིངས་པས་སངས་རྒྱས་མ་འཚལ་བའི་དུས་དང་། ཆོས་མ་འཚལ་བའི་དུས་དང་། དགེ་འདུན་མ་འཚལ་བའི་དུས་ན་དགེ་སྡིག་མ་འཚལ་བའི་དབང་གིས་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་མཚམས་མ་མཆིས་པ་ངན་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་མཚལ་ཕྱུང་བ་དང་། ཡང་དག་པའི་ཆོས་ལ་སྐུར་པ་བཏབ་པའམ། དགེ་འདུན་མཐུན་པའི་དབྱེན་བགྱིས་པ་དང་། དགྲ་བཅོམ་པ་བཀུམ་པའམ། ཕ་མ་བཀུམ་བའམ། ལུས་ཀྱི་རྣམ་པ་གསུམ་དང་། ངག་གི་རྣམ་པ་བཞི་དང་། ཡིད་ཀྱི་སྤྱོད་པ་རྣམ་པ་གསུམ་གྱི་དབང་གིས་མི་དགེ་བ་བཅུའི་ལས་བདག་ཉིད་ཀྱིས་བགྱིས་པ་དང་། གཞན་བགྱིད་དུ་སྩལ་བ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། དགེ་བའི་གང་ཟག་རྣམས་ལ་ནན་གྱིས་སྐུར་པ་


DKG089_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པ་དང་། བྲེ་སྲང་གིས་བསླུས་པ་དང་། ཡང་དག་པ་མ་ལགས་པ་ལ་ཡང་དག་པར་བཟུང་བ་དང་། མི་གཙང་བའི་བཟའ་བ་དང་བཏུང་བ་གཞན་དག་ལ་སྩལ་བ་དང་། འགྲོ་བ་དྲུག་པོ་དེ་དག་ཏུ་མཆིས་པའི་ཕ་མ་ཇི་སྙེད་པ་དག་ལ་ཕན་ཚུན་གནོད་པ་བགྱིས་པ་དང་། མཆོད་རྟེན་གྱི་དཀོར་བརྐུས་པ་དང་། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་དང་། མངོན་སུམ་གྱི་དགེ་འདུན་གྱི་དཀོར་རང་དབང་བགྱིས་ཏེ་ཡོངས་སུ་སྤྱད་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དང་འདུལ་བ་ལ་བསླབ་པར་མ་མོས་པ་དང་། མཁན་པོ་དང་། བླ་མའི་གདམས་ངག་གི་རྗེས་སུ་མི་འབྲང་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་སྤྱོད་པ་མངོན་པར་བསྒྲུབས་པ་དག་ལ་སྨད་པར་དགའ་བས་རྣལ་འབྱོར་སྒོམ་པའི་གང་ཟག་རྣམས་སེམས་ལ་འགྱོད་པ་བསྐྱེད་པ་དང་། བདག་པས་ཁྱད་པར་དུ་འཕགས་པ་ཞིག་མཐོང་ན་ཕྲག་དོག་བསྐྱེད་པ་དང་། ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི་སྦྱིན་པ་དག་ལ་རྟག་པར་སེར་སྣ་དང་། ཕངས་པའི་སེམས་བསྐྱེད་པ་དང་། མ་རིག་པས་བསྒྲིབས་ཤིང་ལོག་པར་ལྟ་བས་སེམས་རྨོངས་པར་གྱུར་པ་དང་། དགེ་བའི་རྒྱུ་མ་བསྐྱེད་པས་སྡིག་པ་འཕེལ་བར་གྱུར་པ་དང་། དེ་བཞིན་གཤེགས་པ་རྣམས་ལ་སྨོད་པའི་བསམ་པ་བསྐྱེད་པ་དང་། ཆོས་ལ་ཆོས་མ་ལགས་པར་བཤད་པ་དང་། ཆོས་མ་ལགས་པ་ལ་ཆོས་སུ་བཤད་པ་ལ་སོགས་པ་འདི་ལྟ་བུའི་སྡིག་པ་མང་པོ་རྣམས་བཅོམ་ལྡན་འདས་ཡང་དག་པའི་ཤེས་རབ་དང་། ཡང་དག་པའི་སྤྱན་དང་། ཡང་དག་པའི་མཁྱེན་པ་དང་། ཡང་དག་པའི་མཉམ་པས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་དག་ལ་དེང་བདག་སྲོག་ཕྱོགས་ནས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཐམས་ཅད་མངོན་དུ་ཕྱུང་ནས་འཆབ་ཅིང་སྦེད་པར་མི་བགྱིད་དོ། །སྔར་མ་བགྱིས་པའི་ཁ་ན་མ་ཐོ་བ་རྣམས་སླན་ཆད་མི་བགྱིད་དོ། །སྔར་བགྱིས་པའི་ཁ་ན་མ་ཐོ་བ་རྣམས་དེང་ཐམས་ཅད་མཐོལ་ཞིང་བཤགས་སོ། །ངན་


DKG089_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷ་མ་ཡིན་གྱི་འཁོར་དང་། མི་ཁོམ་པ་བརྒྱད་པོ་དག་ཏུ་ལྟུང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་དང་། བདག་གིས་ཚེ་འདི་ལ་བགྱིས་པའི་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་ཐམས་ཅད་ཞུ་བྱང་ནས་སྡིག་པའི་རྣམ་པར་སྨིན་པ་ཅི་མཆིས་པ་མ་འོངས་པ་ན་མི་མྱོང་བར་སྨོན་ཏོ། །ཇི་ལྟར་འདས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་ན་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་མ་ལུས་པར་མཐོལ་ཞིང་བཤགས་པ་དེ་བཞིན་དུ་བདག་གིས་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་ཡང་མཐོལ་ཞིང་བཤགས་སོ། །ཐམས་ཅད་མངོན་དུ་ཕྱུང་སྟེ་འཆབ་ཅིང་སྦེད་པར་མི་བགྱིད་དོ། །སྔར་བགྱིས་པའི་སྡིག་པ་རྣམས་ཞུ་བྱང་བར་སྨོན་ཏོ། །མ་འོངས་པའི་སྡིག་པ་རྣམས་ཡང་བགྱིད་པའི་ཐུགས་མི་ཐུབ་བོ། །མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་མ་ལུས་པར་མཐོལ་ཞིང་འཆགས་པ་དེ་བཞིན་དུ་བདག་གིས་ལས་ཀྱི་སྒྲིབ་པ་ཡང་མཐོལ་ཞིང་བཤགས་སོ། །ཐམས་ཅད་མངོན་དུ་ཕྱུང་ནས་འཆབ་ཅིང་སྦེད་པར་མི་བགྱིད་དོ། །སྔར་བགྱིས་པའི་སྡིག་པ་རྣམས་ཞུ་བྱང་བར་སྨོན་ཏོ། །མ་འོངས་པའི་སྡིག་པ་རྣམས་ཡང་བགྱིད་པའི་ཐུགས་མི་ཐུབ་བོ། །ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པ་དག་ལས་ཀྱི་སྒྲིབ་པ་ཅི་མཆིས་པ་མཐོལ་ཞིང་འཆགས་པ་དེ་བཞིན་དུ་བདག་གིས་ལས་ཀྱི་སྒྲིབ་པ་ཡང་མཐོལ་ཞིང་བཤགས་སོ། །ཐམས་ཅད་མངོན་དུ་ཕྱུང་ནས་འཆབ་ཅིང་སྦེད་པར་མི་བགྱིད་དོ། །སྔར་བགྱིས་པའི་སྡིག་པ་རྣམས་ཞུ་བྱང་བར་སྨོན་ཏོ། །མ་འོངས་པའི་སྡིག་པ་རྣམས་ཡང་བགྱིད་པའི་ཐུགས་མི་ཐུབ་པོ་ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་རྒྱུ་དང་རྐྱེན་དེའི་ཕྱིར་གང་གིས་སྡིག་པ་བྱས་པ་ཞིག་ཡོད་ན། སྐད་ཅིག་ཙམ་དུ་ཡང་འཆབ་ཅིང་སྦར་མི་རུང་ན་ཉིན་གཅིག་གམ། མཚན་གཅིག་ནས་དུས་རིང་པོའི་བར་དུ་ལྟ་སྨོས་


DKG089_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཅི་དགོས། གང་ལ་ལ་ཞིག་གིས་སྡིག་པ་བྱས་ནས་རྣམ་པར་དག་པ་ཡོངས་སུ་ཚོལ་བར་འདོད་ཅིང་སེམས་ལ་ངོ་ཚ་བ་དང་བཅས་པས་མ་འོངས་པ་ན་གདོན་མི་ཟ་བར་སྡིག་པའི་རྣམ་པར་སྨིན་པ་ཡོད་དོ་ཞེས་མངོན་པར་ཡིད་ཆེས་ནས་འཇིགས་ཤིང་སྐྲག་པ་ཆེན་པོ་སྐྱེས་པ་དེས་འདི་ལྟར་བཤགས་པར་བྱའོ། །འདི་ལྟ་སྟེ། དཔེར་ན་མི་ལ་ལ་ཞིག་མེས་མགོ་ཐོད་བསྲེགས་སམ། གོས་བསྲེགས་པར་གྱུར་ན་མྱུར་བ་ཁོ་ནར་མེ་གསོད་པར་བྱེད་དེ། གལ་ཏེ་མེ་ཞི་བར་མ་གྱུར་ན་སེམས་ཀྱིས་བདེ་བ་ཐོབ་པར་མི་འགྱུར་རོ། །གང་གིས་སྡིག་པ་བྱས་ན་ཡང་དེ་བཞིན་དུ་མཐོལ་ཞིང་བཤགས་ནས་མྱུར་བ་ཁོ་ནས་ཡོངས་སུ་སྦྱང་བར་བྱའོ། །གང་ལ་ལ་ཞིག་ཕྱུག་པོའི་ཁྱིམ་དུ་སྐྱེས་ནས་ནོར་དང་རིན་པོ་ཆེ་མང་པོ་དང་ལྡན་པར་འདོད་པ་དང་། གཞན་ཡང་སེམས་བསྐྱེད་ནས་ཐེག་པ་ཆེན་པོ་བསྒོམ་པར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །ཆོ་རིགས་བཙུན་པའི་བྲམ་ཟེ་དང་། །རྒྱལ་རིགས་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་ཁྱིམ་བདག་ཏུ་སྐྱེ་བར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །རིགས་ཀྱི་བུ་གལ་ཏེ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་དང་། འཐབ་བྲལ་གྱི་ལྷ་དང་། དགའ་ལྡན་གྱི་ལྷ་དང་། འཕྲུལ་དགའི་ལྷ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷར་སྐྱེ་བར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །གལ་ཏེ་ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་གྱི་ལྷ་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་གྱི་ལྷ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་ཀྱི་ལྷ་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་དང་། ཤིན་ཏུ་མཐོང་དང་། འོག་མིན་(ཀྱི,གྱི)་ལྷར་སྐྱེ་བར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །གལ་ཏེ་རྒྱུན་


DKG089_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་ཡོངས་སུ་གཉེར་བར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །གལ་ཏེ་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་རང་དབང་ཐོབ་པའི་བྱང་ཆུབ་ཡོངས་སུ་གཉེར་བ་དང་། མཐར་ཐུག་པའི་སར་ཕྱིན་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཡོངས་སུ་དག་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། མི་གཡོ་བའི་ཡེ་ཤེས་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཐམས་ཅད་མཁྱེན་པ་ཡོངས་སུ་གཉེར་བར་འདོད་ན་ཡང་འགྱོད་ཚངས་བྱས་ནས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་ནི་རྒྱུ་དང་རྐྱེན་ལས་སྐྱེ་བས་དེ་བཞིན་གཤེགས་པས་ཀྱང་ཐ་དད་པའི་མཚན་ཉིད་འགག་པར་འགྱུར་རོ། །ཞེས་གསུངས་ཏེ། རྒྱུ་རྐྱེན་ཐ་དད་པའི་ཕྱིར་འདི་ལྟར་འདས་པའི་ཆོས་རྣམས་འགག་ཅིང་ཟད་པར་འགྱུར་བས་ལས་ཀྱི་སྒྲིབ་པ་ཇི་སྙེད་པ་མ་ལུས་པར་འགྱུར་བ་ཡང་འདུ་བྱེད་ཀྱི་ཆོས་རྣམས་མངོན་དུ་མ་སྐྱེས་པ་གང་ཡིན་པ་དེ་དག་དེང་གདོད་སྐྱེ་བར་འགྱུར་བས་མ་འོངས་པའི་ལས་ཀྱི་སྒྲིབ་པ་ཡང་ལྡང་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཆོས་ཐམས་ཅད་སྟོང་ཞིང་དེ་བཞིན་གཤེགས་པས་ཀྱང་བདག་དང་། གང་ཟག་དང་། སེམས་ཅན་དང་། སྲོག་མེད་པ་དང་། སྐྱེ་བ་དང་། འགག་པ་མེད་པ་དང་། འདུ་བྱེད་ཀྱི་ཆོས་ཀྱང་མེད་དོ་ཞེས་གསུངས་པས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱི་གཞི་ལ་བརྟེན་པས་བརྗོད་དུ་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདི་ལྟར་ཡང་དག་པའི་དོན་ཤིན་ཏུ་གྱ་ནོམ་པ་ལ་ཞུགས་ནས་མངོན་པར་ཡིད་ཆེས་པས་གུས་པའི་སེམས་སྐྱེས་པར་གྱུར་པ་གང་ཡིན་པ་དེ་ནི་སེམས་ཅན་མེད་ཅིང་ངོ་བོ་ཉིད་ཀྱི་གཞི་ཡོད་པ་ཞེས་བྱ་སྟེ། དོན་དེའི་ཕྱིར་


DKG089_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འགྱོད་ཚངས་ཀྱིས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱང་བར་བྱའོ་ཞེས་བསྟན་པ་ཡིན་ནོ། །རིགས་ཀྱི་བུ་གང་གིས་ཆོས་རྣམ་པ་བཞི་དང་ལྡན་པར་གྱུར་ན་ལས་ཀྱི་སྒྲིབ་པ་ཡོངས་སུ་བསལ་ནས་གཏན་དུ་ཡོངས་སུ་བྱང་བར་འགྱུར་རོ། །བཞི་གང་ཞེ་ན། ལོག་པའི་བསམ་པ་མི་སྐྱེ་ཞིང་ཡང་དག་པའི་དྲན་པ་ཕུན་སུམ་ཚོགས་པར་གྱུར་པ་དང་། ཤིན་ཏུ་ཟབ་པའི་དོན་དག་ལ་སྐུར་པ་མི་འདེབས་པ་དང་། སྤྱོད་པ་དང་པོའི་བྱང་ཆུབ་སེམས་དཔའ་དག་ཐམས་ཅད་མཁྱེན་པ་ཡིན་ནོ། །སྙམ་པའི་བསམ་པ་བསྐྱེད་པ་དང་། སེམས་ཅན་རྣམས་ལ་བྱམས་པ་ཚད་མེད་པ་སྐྱེས་པ་སྟེ། འདི་དག་ནི་རྣམ་པ་བཞི་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་དེ་བཀའ་སྩལ་པ། རྩེ་གཅིག་སེམས་ཀྱིས་ཐེག་གསུམ་སྲུང་། །ཟབ་མོའི་ཆོས་ལ་སྐུར་མི་འདེབས། །ཐམས་ཅད་མཁྱེན་པའི་འདུ་ཤེས་སྐྱེད། །བྱམས་སེམས་ལས་ཀྱི་སྒྲིབ་པ་སྦྱོང་། །རིགས་ཀྱི་བུ་ཤིན་ཏུ་བསལ་བར་དཀའ་བའི་ལས་ཀྱི་སྒྲིབ་པ་ནི་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡོམ་པ་ལས་ཤིན་ཏུ་ལྕི་བའི་ཁ་ན་མ་ཐོ་བ་བྱས་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་ལ་སེམས་ཀྱིས་སྐུར་པ་བཏབ་པ་དང་། རང་གི་དགེ་བའི་རྩ་བ་འཕེལ་བར་མི་བྱེད་པ་དང་། སྲིད་པ་གསུམ་ལ་མངོན་པར་ཞེན་ནས་ངེས་པར་འབྱུང་བའི་སེམས་མེད་པ་གང་ཡིན་པའོ། །གཞན་ཡང་ལས་ཀྱི་སྒྲིབ་པའི་གཉེན་པོར་གྱུར་པ་རྣམ་པ་བཞི་ཡོད་དེ། བཞི་གང་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསམ་པ་ཐག་པ་ནས་ཉེ་བར་བསྙེན་ནས་ཁ་ན་མ་ཐོ་བ་ཐམས་ཅད་བཤགས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་དེ་བཞིན་གཤེགས་པ་རྣམས་ལ་དམ་པའི་ཆོས་ཟབ་མོ་བཤད་པར་གསོལ་བ་འདེབས་པ་དང་། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་དག་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་གང་ཡིན་པའོ། །དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །


DKG089_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་ན་སྐྱེས་པ་དང་། བུད་མེད་ཇི་སྙེད་མཆིས་པ་དག་ལས་ཐེག་པ་ཆེན་པོའི་སྤྱོད་པ་སྤྱོད་པར་རྔོ་ཐོགས་པ་ཡང་མཆིས་སྤྱོད་པར་རྔོ་མི་ཐོགས་པ་ཡང་མཆིས་ན་ཇི་ལྟར་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་དགེ་བའི་རྩ་བ་དག་ལ་རྗེས་སུ་ཡི་རང་བར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གང་ལ་ལ་ཞིག་ཐེག་པ་ཆེན་པོ་སྒོམ་པར་མི་ནུས་མོད་ཀྱི། འོན་ཀྱང་ཉིན་མཚན་དུས་དྲུག་ཏུ་བླ་གོས་ཕྲག་པ་གཅིག་ལ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གུས་པས་ཐལ་མོ་སྦྱར་ཏེ་སེམས་རྩེ་གཅིག་ཏུ་དྲན་པ་ཉེ་བར་བཞག་ནས་རྗེས་སུ་ཡི་རང་བར་བྱེད་ནས་བསོད་ནམས་ཚད་མེད་པ་སྙེད་འཐོབ་པར་འགྱུར་བས་འདི་སྐད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་ད་ལྟར་སྦྱིན་པ་དང་། ཚུལ་ཁྲིམས་དང་། སེམས་ཀྱི་ཤེས་རབ་མངོན་པར་སྒྲུབ་པ་ཇི་སྙེད་པ་དེ་དག་ཐམས་ཅད་ལ་དེང་བདག་ཤིན་ཏུ་དང་བས་རྗེས་སུ་ཡི་རང་ངོ་། །ཞེས་བརྗོད་པར་གྱུར་ན་དེ་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་དབང་གིས་གདོན་མི་ཟ་བར་ཤིན་ཏུ་བཙུན་ཞིང་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་མཚུངས་པ་མེད་པ་མཆོག་ཏུ་གྱ་ནོམ་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་བཞིན་དུ་འདས་པ་དང་མ་འོངས་པའི་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བར་བྱའོ། །གཞན་ཡང་ད་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་པོ་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་བྱུང་བའི་བསོད་ནམས་ཇི་སྙེད་པ་དག་དང་། བསྐལ་པ་ཆེན་པོ་བརྒྱ་འདས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཆེན་པོ་གང་ཡིན་པ་དང་། མི་སྐྱེ་བའི་བཟོད་པ་ཐོབ་པ་ནས་ཕྱིར་མི་ལྡོག་པ་དང་། ཚེ་གཅིག་གིས་དབང་བསྐུར་བར་འགྱུར་བའི་བར་དག་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་གང་ཡིན་པ་དེ་དག་ཐམས་ཅད་ལ་ཡང་འདི་ལྟར་བསམ་པ་ཐག་པ་ནས་རྗེས་སུ་ཡི་རང་ཞིང་བསྔགས་པ་བརྗོད་པར་བྱའོ། །དེ་བཞིན་དུ་འདས་པ་དང་། མ་འོངས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་དག་ལ་ཡང་རྗེས་སུ་ཡི་རང་ཞིང་བསྔགས་


DKG089_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

པ་བརྗོད་པར་བྱའོ། །གཞན་ཡང་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་ཡང་དག་པའི་ཐམས་ཅད་མཁྱེན་པ། བྱང་ཆུབ་གྱ་ནོམ་པ་བརྙེས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སེམས་ཅན་མཐའ་ཡས་པ་རྣམས་ཡོངས་སུ་བཟླ་བའི་ཕྱིར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ། ཐོགས་པ་མི་མངའ་བའི་ཆོས་ཀྱི་སྦྱིན་པ་བཏང་བ། ཆོས་ཀྱི་རྔ་བརྡུངས་པ། ཆོས་ཀྱི་དུང་བུས་པ། ཆོས་ཀྱི་རྒྱལ་མཚན་བཙུགས་པ། ཆོས་ཀྱི་ཆར་ཕབ་པ་དག་གིས་ཐུགས་བརྩེ་བས་སེམས་ཅན་ཐམས་ཅད་ལ་བསྐུལ་ཞིང་ཡོངས་སུ་བཏུལ་བས་ཐམས་ཅད་མངོན་པར་ཡིད་ཆེས་པར་གྱུར་ནས་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པའི་དབང་གིས་ཟད་མི་ཤེས་པའི་བདེ་བ་ཐོབ་པ་ལ་བཀོད་པ་གང་ཡིན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱིས་བསོད་ནམས་བསགས་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་ཡིན་པ་དང་། སེམས་ཅན་གང་གིས་འདི་འདྲ་བའི་བསོད་ནམས་ད་དུང་ཕུན་སུམ་ཚོགས་པར་མ་གྱུར་པ་དག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་གང་ཡིན་པ་དེ་དག་ལ་བདག་རྗེས་སུ་ཡི་རང་ངོ་། །དེ་བཞིན་དུ་འདས་པ་དང་། མ་བྱོན་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་བསོད་ནམས་ཇི་སྙེད་པ་ཐམས་ཅད་ལ་ཡང་བསམ་པ་ཐག་པ་ནས་རྗེས་སུ་ཡི་རང་ངོ་། །ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་དེ་ལྟར་ན་རྗེས་སུ་ཡི་རང་བ་གང་ཡིན་པ་དེས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་རྙེད་ཐོབ་པར་འགྱུར་རོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཉོན་མོངས་པ་སྤངས་ཏེ་དགྲ་བཅོམ་པ་མངོན་པར་གྲུབ་པར་གྱུར་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ནམ་འཚོའི་བར་དུ་རྟག་པར་གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། གསོས་སྨན་མཆོག་དམ་པ་རྣམས་ཀྱིས་མཆོད་པ་དང་རིམ་གྲོ་བྱས་པས་འཐོབ་པའི་བསོད་ནམས་གང་ཡིན་པ་དེས་འདི་ལྟར་སྔ་མ་ལྟ་བུར་རྗེས་སུ་ཡི་རང་བའི་བསོད་ནམས་དེ་དང་བསྐྲུན་ན་སྟོང་གི་ཆ་གཅིག་ཙམ་དུ་ཡང་ཉེ་བར་མི་


DKG089_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། མཆོད་པ་བྱས་པའི་བསོད་ནམས་གང་ཡིན་པ་དེ་ནི་གྲངས་དང་བཅས་ཤིང་ཚད་དང་བཅས་པས་བསོད་ནམས་ཐམས་ཅད་ཡོངས་སུ་སྡུད་པར་མི་འགྱུར་ལ་རྗེས་སུ་ཡི་རང་བའི་བསོད་ནམས་གང་ཡིན་པ་དེ་ལ་ནི་ཚད་མེད་ཅིང་གྲངས་མེད་པས་དུས་གསུམ་གྱི་བསོད་ནམས་ཐམས་ཅད་ཡོངས་སུ་སྡུད་པར་བྱེད་པས་དེའི་ཕྱིར་གང་ལ་ལ་ཞིག་དགེ་བའི་རྩ་བ་ཁྱད་པར་ཅན་འཕེལ་བར་འདོད་པས་འདི་ལྟར་རྗེས་སུ་ཡི་རང་བའི་བསོད་ནམས་མངོན་པར་བསྒྲུབ་པར་བྱའོ། །བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ཡོངས་སུ་བསྒྱུར་ནས་སྐྱེས་པའི་ལུས་ཡོངས་སུ་འགྲུབ་པར་འདོད་ན་ཡང་རྗེས་སུ་ཡི་རང་བའི་བསོད་ནམས་མངོན་པར་སྒྲུབ་པར་བྱེད་ན་གདོན་མི་ཟ་བར་ཡིད་ལ་བསམས་པ་བཞིན་དུ་ཚེ་འདི་ཉིད་ལ་སྐྱེས་པའི་ལུས་མངོན་པར་འགྲུབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྗེས་སུ་ཡི་རང་བའི་བསོད་ནམས་གང་ལགས་པ་དེ་ནི་འཚལ་བར་གྱུར་ན་སླད་མའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བ་དང་། ད་ལྟར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པའི་རྣལ་འབྱོར་སྒོམ་པར་འགྱུར་བར་བགྱིད་པའི་སླད་དུ་བསྐུལ་བ་དང་། གསོལ་བ་བཏབ་པའི་བསོད་ནམས་གང་ལགས་པ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བ་གང་ཡིན་པ་དེས་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོའི་ལམ་བསྒོམ་པར་འདོད་ན་ཡང་གང་ཟག་དེས་ཉིན་མཚན་དུས་དྲུག་ཏུ་སྔ་མ་ལྟ་བུའི་སྤྱོད་ལམ་གྱིས་སེམས་རྩེ་གཅིག་དུ་དྲན་པ་ཉེ་བར་གཞག་ནས་འདི་སྐད་དུ་དེང་བདག་ཕྱོགས་བཅུ་ན་སངས་རྒྱས་བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་པར་གྱུར་ཀྱང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ད་དུང་མ་བསྐོར་བ་དང་། རྣམ་པར་སྨིན་པའི་སྐུ་སྤངས་ནས་ཡོངས་སུ་མྱ་ངན་ལས་འདའ་བར་


DKG089_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཞེད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་བདག་བསམ་པ་ཐག་པ་ནས་སྤྱི་བོས་བཏུད་དེ་ཕྱག་བགྱིས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་བསྒྲལ་ཞིང་བདེ་བར་བགྱི་བ་དང་། སྔར་གོང་དུ་བསྟན་པ་ལྟར་བས་པ་མ་མཆིས་པའི་བདེ་བ་འཐོབ་པར་བགྱི་བའི་སླད་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡོངས་སུ་བསྐོར་བ་དང་། ཆོས་ཀྱི་ཆར་པ་ཆེན་པོ་དབབ་པ་དང་། ཆོས་ཀྱི་སྒྲོན་མ་ཆེན་མོ་སྦར་བ་དང་། དོན་གྱི་ཚུལ་གསལ་བར་མཛད་པ་དང་། ཐོགས་པ་མི་མངའ་བའི་ཆོས་ཀྱི་སྦྱིན་པ་བཏང་ནས་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འཇིག་རྟེན་ན་ཡུན་རིང་དུ་བཞུགས་པར་བསྐུལ་ཞིང་གསོལ་བ་འཚལ་ལོ། །དེང་བདག་གིས་བསྐུལ་ཞིང་གསོལ་བ་བཏབ་པའི་བསོད་ནམས་གང་ལགས་པ་འདི་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཇི་ལྟར་འདས་པ་དང་། ད་ལྟར་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྐུལ་བ་དང་། གསོལ་བ་བཏབ་པའི་བསོད་ནམས་དེ་དག་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་བདག་གིས་ཀྱང་བསྐུལ་བ་དང་གསོལ་བ་བཏབ་པའི་བསོད་ནམས་གང་ལགས་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ་ཞེས་བརྗོད་པར་བྱའོ། །རིགས་ཀྱི་བུ་གལ་ཏེ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་བས་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བར་གསོལ་བ་བཏབ་པས་འཐོབ་པའི་བསོད་ནམས་གང་ཡིན་པ་དེ་སྔ་མ་བས་ཆེས་ཁྱད་པར་དུ་འཕགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཟང་ཟིང་གི་སྦྱིན་པ་ཡིན་ལ་འདི་ནི་ཆོས་ཀྱི་སྦྱིན་པ་ཡིན་པས་སོ། །རིགས་ཀྱི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ་སྦྱིན་པ་བཏང་བ་ལྟ་རེ་ཞིག་ཞོག་གི གལ་ཏེ་གང་ལ་ལ་ཞིག་གིས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། སངས་རྒྱས་


DKG089_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་མཆོད་པ་བྱས་པ་བས་བསྐུལ་ཞིང་གསོལ་བ་བཏབ་པའི་བསོད་ནམས་གང་ཡིན་པ་དེ་བས་ཀྱང་ཆེས་ཁྱད་པར་དུ་འཕགས་སོ། །ཆོས་ཀྱི་སྦྱིན་པ་ནི་ཁྱད་པར་དུ་འཕགས་པའི་ཕན་ཡོན་རྣམ་པ་ལྔ་དང་ལྡན་ཏེ། ལྔ་གང་ཞེ་ན། དང་པོ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་བདག་དང་གཞན་ལ་ཕན་འདོགས་པར་བྱེད་ལ། ཟང་ཟིང་གི་སྦྱིན་པ་ནི་དེ་ལྟ་མ་ཡིན་པས་སོ། །གཉིས་པ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་སེམས་ཅན་ཁམས་གསུམ་ནས་འབྱིན་པར་བྱེད་པ་ཡིན་ལ། ཟང་ཟིང་གི་སྦྱིན་པའི་བསོད་ནམས་གང་ཡིན་པ་དེ་ནི་འདོད་པའི་ཁམས་ལས་མི་འདའ་བས་སོ། །གསུམ་པ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་ཆོས་ཀྱི་སྐུ་ཡོངས་སུ་དག་པར་བྱེད་པ་ཡིན་ལ། ཟང་ཟིང་གི་སྦྱིན་པས་ནི་གཟུགས་འབའ་ཞིག་འཕེལ་བར་བྱེད་པས་སོ། །བཞི་པ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་དེར་མཐར་ཐུག་པ་མེད་པ་ཡིན་ལ་ཟང་ཟིང་གི་སྦྱིན་པ་ནི་ཟད་པར་འགྱུར་བས་སོ། །ལྔ་པ་ཆོས་ཀྱི་སྦྱིན་པ་གང་ཡིན་པ་དེ་ནི་མ་རིག་པ་ཡོངས་སུ་གཅོད་པར་བྱེད་ལ། ཟང་ཟིང་གི་སྦྱིན་པ་ནི་འདོད་པའི་སྲིད་པ་ཙམ་ཐུལ་བར་འགྱུར་བས་སོ། །དེ་ལྟ་བས་ན་རིགས་ཀྱི་བུ་བསྐུལ་བ་དང་། གསོལ་བ་བཏབ་པའི་བསོད་ནམས་ནི་ཚད་མེད་དཔག་ཏུ་མེད་པས་དཔེ་བྱར་སླ་བ་མ་ཡིན་ནོ། །ང་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡོངས་སུ་བསྐོར་བར་བསྐུལ་བས་དགེ་བའི་རྩ་བ་དེའི་དབང་གིས་དེ་ལྟ་བས་ན་དེང་བརྒྱ་བྱིན་དང་། ཚངས་པའི་རྒྱལ་པོ་ལ་སོགས་པས་ང་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡོངས་སུ་བསྐོར་བར་གསོལ་བ་བཏབ་པ་ཡིན་ཏེ། རིགས་ཀྱི་བུ་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་བསྐུལ་བ་ནི་སེམས་ཅན་རྣམས་ཡོངས་སུ་སྒྲོལ་ཞིང་བདེ་བར་བྱེད་པ་ཡིན་པའི་ཕྱིར་རོ། །ང་སྔོན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་ན་དེ་བཞིན་གཤེགས་པ་རྣམས་འཇིག་རྟེན་ན་ཡུན་རིང་དུ་བཞུགས་ཤིང་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་ན་དགེ་བའི་རྩ་བ་དེ་ལ་བརྟེན་ནས་ངས་སྟོབས་བཅུ་དང་། བསྙེངས་པ་མི་མངའ་བ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་


DKG089_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། མ་འདྲེས་པའི་ཆོས་གྲངས་མེད་པ་སྙེད་བརྙེས་པར་གྱུར་པ་ཡིན་ཏེ། ང་ལྷག་མ་མེད་པའི་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཡང་། ངའི་ཡང་དག་པའི་ཆོས་འཇིག་རྟེན་ན་ཡུན་རིང་བར་གནས་པར་འགྱུར་བ་ཡིན་ནོ། །ངའི་ཆོས་ཀྱི་སྐུ་གང་ཡིན་པ་དེ་ནི་རྣམ་པར་དག་ཅིང་དཔེ་ཟླ་མེད་པས་མཚན་མཆོག་དམ་པ་སྣ་ཚོགས་དང་། མཁྱེན་པ་ཚད་མེད་པ་དང་། དབང་ཚད་མེད་པ་དང་། ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཚད་མེད་པ་དང་ལྡན་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་མཛད་པས་བསྐལ་པ་བྱེ་བ་བརྒྱ་སྟོང་སྙེད་དུ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་རོ། །ཆོས་ཀྱི་སྐུས་ནི་ཆོས་ཐམས་ཅད་ཡོངས་སུ་སྡུད་པར་མཛད་ལ་ཆོས་ཐམས་ཅད་ཀྱིས་ནི་ཆོས་ཀྱི་སྐུ་ཡོངས་སུ་སྡུད་པར་མི་བྱེད་དོ། །ཆོས་ཀྱི་སྐུ་རྟག་པར་གནས་ཀྱང་རྟག་པའི་ལྟ་བར་ལྟུང་བར་མི་འགྱུར་རོ། །འགག་པར་འགྱུར་ཡང་ཆད་པའི་ལྟ་བར་འགྱུར་བ་མ་ཡིན་པས་སེམས་ཅན་གྱི་ཐ་དད་པའི་ལྟ་བ་རྣམ་པ་སྣ་ཚོགས་རྣམ་པར་བཤིག་ནས་སེམས་ཅན་གྱི་ཡང་དག་པའི་ལྟ་བ་རྣམ་པ་སྣ་ཚོགས་བསྐྱེད་པར་མཛད་དོ། །སེམས་ཅན་ཐམས་ཅད་ཀྱི་འཆིང་བ་དགྲོལ་བར་མཛད་ཀྱང་དགྲོལ་བར་བྱ་བ་ཅི་ཡང་མི་མངའོ། །སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་རྣམས་བསྐྱེད་པས་ཡོངས་སུ་མ་སྨིན་པ་གང་ཡིན་པ་དེ་ནི་ཡོངས་སུ་སྨིན་པར་མཛད་ལ། ཡོངས་སུ་སྨིན་པ་གང་ཡིན་པ་དེ་ནི་རྣམ་པར་གྲོལ་བར་མཛད་ཀྱང་མངོན་པར་འདུ་མཛད་པ་ཡང་མི་མངའ། །གཡོ་བ་ཡང་མི་མངའ་བས་འདུ་འཛི་ལས་ཐག་རིང་དུ་གྱུར་པ་རབ་ཏུ་དབེན་ཞིང་མཛད་པ་མི་མངའ་བས་རང་དབང་དུ་གྱུར་ཅིང་བདེ་བར་གྱུར་པ། དུས་གསུམ་ལས་ཡང་དག་པར་འདས་ཀྱང་དུས་གསུམ་སྟོན་པར་མཛད་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ངེས་པར་འབྱུང་བ། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་དང་སྐུ་ཐ་དད་པར་གྱུར་པ་མེད་པ་ཡིན་ཏེ། འདི་དག་ཐམས་ཅད་ཀྱང་བསྐུལ་ཞིང་གསོལ་བ་


DKG089_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཏབ་པའི་དགེ་བའི་རྩ་བའི་སྟོབས་ཀྱིས་བརྙེས་པ་ཡིན་པའི་ཕྱིར་འདི་ལྟ་བུའི་ཆོས་ཀྱི་སྐུ་ངས་དེང་བརྙེས་པ་ཡིན་ཏེ། དེ་ལྟ་བས་ན་གང་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་འདོད་པས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་གཅིག་གམ། ཚིགས་སུ་བཅད་པ་གཅིག་ཙམ་གཞན་དག་ལ་སྟོན་པར་བྱེད་པའི་དགེ་བའི་རྩ་བ་གང་ཡིན་པ་དེ་ཡང་ཚད་མེད་པར་གྱུར་པ་ཡིན་ན། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་ཆེན་པོ་ཡོངས་སུ་བསྐོར་བར་བསྐུལ་ཞིང་འཇིག་རྟེན་ན་ཡུན་རིང་དུ་བཞུགས་ནས་ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་ལྷའི་དབང་པོས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་ཞིང་ཐེག་པ་གསུམ་གྱི་ལམ་བསྒོམ་པར་འཚལ་བས་དགེ་བའི་རྩ་བ་ཅི་མཆིས་པ་ཇི་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་ཡོངས་སུ་བསྔོ་བར་བགྱི་བ་ལགས། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། རིགས་ཀྱི་བུ་སེམས་ཅན་གང་དག་བྱང་ཆུབ་ཡོངས་སུ་གཉེར་ཞིང་ཐེག་པ་གསུམ་གྱི་ལམ་བསྒོམ་པས་དགེ་བའི་རྩ་བ་ཅི་ཡོད་པ་ཡོངས་སུ་བསྔོ་བར་འདོད་པ་དེས་ཉིན་མཚན་དུས་དྲུག་ཏུ་གུས་པས་སེམས་རྩེ་གཅིག་ཏུ་འདི་སྐད་ཅེས། བདག་གིས་ཐོག་མ་མེད་པའི་འཁོར་བ་ནས་དཀོན་མཆོག་གསུམ་པོ་དག་གི་ཐད་དུ་རྣལ་འབྱོར་བསྒོམས་པས་ཡོངས་སུ་རྫོགས་པར་གྱུར་པ་ལས་བྱུང་བའི་དགེ་བའི་རྩ་བ་ཅི་ཡོད་པ་དང་། ཐ་ན་དུད་འགྲོའི་སྐྱེ་གནས་ཀྱི་སྲོག་ཆགས་དག་ལ་ཟན་ཆངས་གཅིག་ཙམ་བྱིན་པ་དང་། དགེ་བའི་ཚིག་གང་གིས་རྩོད་པ་དག་གི་བསྡུམས་བྱས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསླབ་པའི་གནས་རྣམས་ཡང་དག་པར་བླངས་པ་དང་། འགྱོད་ཚངས་བྱས་པ་དང་།བསྐུལ་ཞིང་གསོལ་བ་བཏབ་པ་དང་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ཇི་སྙེད་པ་དེ་དག་དེང་བདག་གིས་ཐམས་ཅད་གཅིག་ཏུ་


DKG089_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ཏེ་འགྱོད་ཅིང་ཕངས་པ་མེད་པའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་ངོ་། །རྣམ་པར་གྲོལ་བའི་ཕྱོགས་ཀྱིས་ཡོངས་སུ་བཟུང་བའི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་ཅིང་གཟིགས་པ། དཔག་ཏུ་མེད་པ་དང་། ཐོགས་པ་མི་མངའ་བའི་རྣམ་པར་དག་པས་འདི་ལྟར་བསོད་ནམས་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་དག་ཐམས་ཅད་མཚན་མའི་སེམས་ལ་མི་གནས་ཤིང་མཚན་མའི་སེམས་ཀྱང་མི་སྤྱོད་པར་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བཏང་བ་དེ་བཞིན་དུ། བདག་གིས་བསོད་ནམས་ལས་བྱུང་བའི་དགེ་བའི་རྩ་བ་ཅི་ཡོད་པ་དེ་དག་ཐམས་ཅད་ཀྱང་སེམས་ཅན་ཐམས་ཅད་ལ་ཡོངས་སུ་གཏོང་སྟེ། ཐམས་ཅད་ཀྱིས་ཡིད་བཞིན་གྱི་ལག་པ་ཐོབ་ནས་ནམ་མཁའ་ལས་རིན་པོ་ཆེ་ཕྱུང་སྟེ་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་བསྐང་བར་གྱུར་ཅིག །ལོངས་སྤྱོད་ཟད་མི་ཤེས་པ་དང་། ཤེས་རབ་མཐར་ཐུག་པ་མེད་པ་དང་། དམ་པའི་ཆོས་ཀྱི་སྤོབས་པ་ཐོགས་པ་མེད་པ་ཐོབ་ནས་སེམས་ཅན་ཐམས་ཅད་ཐུན་མོང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཐོབ་པར་གྱུར་ཅིག །དགེ་བའི་རྩ་བ་འདིའི་རྒྱུས་དགེ་བའི་ཆོས་ཚད་མེད་པ་བསྐྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །གཞན་ཡང་འདས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་སྤྱད་པ་སྤྱོད་པ་ན་བསོད་ནམས་ཀྱི་དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པར་ཡོངས་སུ་བསྔོས་པ་དང་། ད་ལྟར་དང་། མ་འོངས་པ་དག་གིས་ཇི་ལྟར་ཡོངས་སུ་བསྔོ་བ་དེ་བཞིན་དུ་བདག་གིས་བསོད་ནམས་ཀྱི་དགེ་བའི་རྩ་བ་ཇི་སྙེད་པ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། ། དགེ་བའི་རྩ་བ་འདི་དག་གི་དབང་གིས་སེམས་ཅན་ཐམས་ཅད་དང་དུས་གཅིག་ཏུ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་གཞན་དག་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཏེ་བསམ་གྱིས་མི་ཁྱབ་པ་ཐོགས་


DKG089_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པའི་རྣམ་པར་དག་པ་དང་། ཟད་མི་ཤེས་པའི་ཆོས་ཀྱི་གཟུངས་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་གནས་ནས་བདུད་སྡིག་ཅན་གྱི་དམག་ཚོགས་ཚད་མེད་པ་དག་ཕམ་པར་བྱས་ཏེ་མཁྱེན་པ་དང་། གཟིགས་པ་མངོན་པར་རྟོགས་ནས་འདི་ལྟར་དེ་དག་ཐམས་ཅད་སྐད་ཅིག་གཅིག་ལ་གསལ་བར་རྟོགས་ཏེ་ནམ་གྱི་ཆ་སྨད་ལ་བདུད་རྩིའི་ཆོས་ཐོབ་ནས་ཟིལ་དངར་གྱི་དོན་མངོན་སུམ་དུ་གྱུར་ཏེ། བདག་དང་སེམས་ཅན་ཐམས་ཅད་སངས་རྒྱས་ཚེ་དཔག་ཏུ་མེད་པ་དང་། སངས་རྒྱས་འཕགས་པའི་འོད་དང་། སངས་རྒྱས་དམ་པའི་འོད་དང་། སངས་རྒྱས་མི་འཁྲུགས་པ་དང་། སངས་རྒྱས་ཡོན་ཏན་ལེགས་པའི་འོད་དང་། སངས་རྒྱས་སེང་གེའི་འོད་དང་། སངས་རྒྱས་འོད་བརྒྱ་པ་དང་། སངས་རྒྱས་དྲན་པའི་འོད་དང་། སངས་རྒྱས་རིན་ཆེན་མཚན་དང་། སངས་རྒྱས་རིན་ཆེན་འབར་དང་། སངས་རྒྱས་འབར་བའི་འོད་དང་། སངས་རྒྱས་རྒྱས་པར་འབར་བའི་འོད་དང་། སངས་རྒྱས་བཀྲ་ཤིས་བླ་མའི་རྒྱལ་པོ་དང་། སངས་རྒྱས་དམ་པའི་སྒྲ་དང་། སངས་རྒྱས་བཀོད་པའི་མཆོག་དང་། སངས་རྒྱས་ཆོས་ཀྱི་རྒྱལ་མཚན་དང་། སངས་རྒྱས་བླ་མ་འཕགས་པའི་སྐུ་དང་། སངས་རྒྱས་མངོན་པར་དགའ་བའི་གཟུགས་སྐུ་དང་། སངས་རྒྱས་འོད་ཟེར་ཀུན་དུ་སྣང་མཛད་དང་། སངས་རྒྱས་ཚངས་པ་རྣམ་དག་རྒྱལ་པོ་དང་། སངས་རྒྱས་བླ་མའི་རང་བཞིན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གྱ་ནོམ་པར་མངོན་པར་རྫོགས་པར་སངས་རྒྱས་ནས་འདི་ལྟར་དེ་བཞིན་གཤེགས་པ་ཡང་དག་པར་མཁྱེན་པ་དེ་དག་འདས་པ་དང་། མ་འོངས་པ་དང་། ད་ལྟར་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་བསྟན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་ནས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ཏེ་སེམས་ཅན་ཡོངས་སུ་བཟླས་པ་བཞིན་དུ་བདག་ཀྱང་དེ་བཞིན་དུ་གྱུར་ཅིག་ཅེས་རྒྱ་ཆེར་གོང་དུ་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །རིགས་ཀྱི་བུ་ཤིན་ཏུ་དང་བའི་དད་པ་དང་ལྡན་པའི་སྐྱེས་པའམ་བུད་མེད་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་


DKG089_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱོང་བའི་ལེའུ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། དྲན་པས་མི་བརྗེད་པར་བྱས་ཏེ་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་ན་བསོད་ནམས་ཀྱི་ཕུང་པོ་ཚད་མེད་དཔག་ཏུ་མེད་པ་སྙེད་ཐོབ་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན།སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་དུས་གཅིག་ཏུ་མིའི་ལུས་མངོན་པར་གྲུབ་པར་གྱུར་ལ། མིའི་ལུས་ཐོབ་ནས་ཀྱང་ཐམས་ཅད་རང་སངས་རྒྱས་ཀྱི་ལམ་མངོན་པར་གྲུབ་པར་གྱུར་ཏེ། སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་གིས་ནམ་འཚོའི་བར་དུ་བཀུར་སྟི་དང་། བླ་མར་བྱས་ཏེ་ཡོ་བྱད་རྣམ་པ་སྣ་བཞི་པོ་དག་གིས་མཆོད་པར་བྱས་ཏེ། རང་སངས་རྒྱས་རེ་རེ་ལ་ཡང་སོ་སོ་ནས་རིའི་རྒྱལ་པོ་རི་རབ་དང་མཉམ་པའི་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། རང་སངས་རྒྱས་དེ་དག་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་རིན་པོ་ཆེ་ལས་མཆོད་རྟེན་བརྩིགས་ནས་མཆོད་པ་བྱས་ཏེ་མཆོད་རྟེན་དེ་དག་ཀྱང་དཔག་ཚད་བཅུ་གཉིས་ཀྱི་ཚད་ཙམ་དུ་མཐོ་ཞིང་མེ་ཏོག་དང་སྤོས་དང་རིན་པོ་ཆེའི་རྒྱལ་མཚན་དང་བ་དན་དང་གདུགས་མང་པོ་དག་གིས་རྟག་པར་མཆོད་པ་བྱས་ན་རིགས་ཀྱི་བུ་འདི་ཇི་སྙམ་དུ་སེམས། གང་ཟག་དེ་དག་གིས་ཐོབ་པའི་བསོད་ནམས་གང་ཡིན་པ་དེ་ནི་ཅི་མང་བ་ཡིན་སྙམ་མམ། ལྷའི་དབང་པོས་གསོལ་པ། བཅོམ་ལྡན་འདས་ཤིན་ཏུ་མང་ལགས་སོ། །རིགས་ཀྱི་བུ་གལ་ཏེ་གང་ལ་ལ་ཞིག་གིས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལས་ཀྱི་སྒྲིབ་པ་ཡོངས་སུ་སྦྱོང་བའི་ལེའུ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། དྲན་པས་མི་བརྗེད་པར་བྱས་ཏེ་གཞན་དག་ལ་རྒྱ་ཆེར་ཡང་དག་པར་སྟོན་པས་འཐོབ་པའི་བསོད་ནམས་གང་ཡིན་པ་དེ་སྔར་བསྟན་པའི་མཆོད་པ་བྱས་པའི་བསོད་ནམས་གང་ཡིན་པ་དེ་དང་བསྒྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ །བརྒྱ་སྟོང་དང་། བྱེ་བའི་ཆར་


DKG089_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཉེ་བར་མི་འགྲོ་བ་ནས། ཚད་དང་དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ཡང་དག་པའི་སྤྱོད་པ་ལ་གནས་ནས་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་གསོལ་བ་འདེབས་པར་བྱེད་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་རབ་ཏུ་དགྱེས་ནས་བསྔགས་པ་བརྗོད་པར་འགྱུར་བས་སོ། །རིགས་ཀྱི་བུ་ངས་ཇི་སྐད་བསྟན་པ་བཞིན་དུ་སྦྱིན་པ་ཐམས་ཅད་ཀྱི་ནང་ན་ཆོས་ཀྱི་སྦྱིན་པ་ནི་མཆོག་ཏུ་གྱུར་པ་ཡིན་པས་དེའི་ཕྱིར་རིགས་ཀྱི་བུ་དཀོན་མཆོག་གསུམ་ལ་མཆོད་པ་བྱས་པས་ཀྱང་དཔེ་བྱར་མི་ནུས་སོ། །གསུམ་ལ་སྐྱབས་སུ་འགྲོ་ཞིང་བསླབ་པ་ཐམས་ཅད་བསྲུང་བར་བསྐུལ་ནས་ཉམས་པར་མ་བྱས་པ་དང་། ལས་གསུམ་སྟོངས་པར་མ་གྱུར་པས་ཀྱང་དཔེ་བྱར་མི་ནུས་སོ། །འཇིག་རྟེན་ཐམས་ཅད་ཀྱི་མཐུ་དང་ནུས་པ་དང་མོས་པ་ཇི་ལྟ་བ་བཞིན་དུ་ཐེག་པ་གསུམ་པོ་དག་ཏུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བསྐུལ་བས་ཀྱང་དཔེ་བྱར་མི་ནུས་སོ། །དུས་གསུམ་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་ཐོགས་པ་མེད་པ་ཐོབ་ནས་བསོད་ནམས་ཚད་མེད་པ་མྱུར་དུ་ཡོངས་སུ་རྫོགས་པར་གྱུར་པས་ཀྱང་དཔེ་བྱར་མི་ནུས་སོ། །དུས་གསུམ་གྱི་ཞིང་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་ཐོགས་པ་མེད་པར་བྱང་ཆུབ་གསུམ་པོ་དག་ཐོབ་པར་བྱས་པས་ཀྱང་དཔེ་བྱར་མི་ནུས་སོ། ། དུས་གསུམ་གྱི་ཞིང་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་མྱུར་དུ་ངན་འགྲོ་བཞི་པོའི་སྡུག་བསྔལ་ལས་འབྱུང་བར་བསྐུལ་བས་ཀྱང་དཔེ་བྱར་མི་ནུས་སོ། །དུས་གསུམ་གྱི་ཞིང་དག་ན་ཡོད་པའི་སེམས་ཅན་ཐམས་ཅད་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཤིན་ཏུ་ལྕི་བ་དག་ཡོངས་སུ་སྦྱང་བར་བསྐུལ་བས་ཀྱང་དཔེ་བྱར་མི་ནུས་སོ། །སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱ་བར་བསྐུལ་བས་ཀྱང་དཔེ་བྱར་མི་ནུས་སོ། །འཇིགས་ཤིང་སྐྲག་པ་དང་སྡུག་བསྔལ་གྱིས་གཟིར་ཅིང་ཉོན་མོངས་པ་ཐམས་ཅད་ལས་གྲོལ་བར་བྱས་པས་ཀྱང་དཔེ་བྱར་མི་ནུས་སོ། །དུས་


DKG089_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་སངས་རྒྱས་རྣམས་ཀྱི་སྤྱན་སྔར་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་དག་ལ་རྗེས་སུ་ཡི་རང་བར་བསྐུལ་ནས་བྱང་ཆུབ་ཀྱི་སྨོན་ལམ་བཏབ་པས་ཀྱང་དཔེ་བྱར་མི་ནུས་སོ། །སྡིག་པའི་སྤྱོད་པ་དང་། གཤེ་ཞིང་སྤྱོ་བའི་ལས་ཡོངས་སུ་བསལ་བར་བསྐུལ་བ་དང་། ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་སྨོན་པ་དང་། སྐྱེ་བ་ཐམས་ཅད་དུ་དཀོན་མཆོག་གསུམ་པོ་ཐམས་ཅད་ལ་མཆོད་པ་དང་། བླ་མར་བྱ་བ་དང་བསྔགས་པ་བརྗོད་པར་བསྐུལ་བ་དང་། སེམས་ཅན་རྣམས་བསོད་ནམས་ཀྱི་སྤྱོད་པ་ཡོངས་སུ་དག་པ་མངོན་པར་སྒྲུབ་པར་བསྐུལ་ནས་བྱང་ཆུབ་ཡོངས་སུ་རྫོགས་པར་བྱས་པས་ཀྱང་དཔེ་བྱར་མི་ནུས་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དུས་གསུམ་གྱི་དཀོན་མཆོག་གསུམ་ལ་བསྐུལ་ཞིང་གསོལ་བ་བཏབ་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བར་བསྐུལ་བ་དང་། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བར་བསྐུལ་ཞིང་གསོལ་བ་བཏབ་པ་དང་། བསྐལ་པ་ཚད་མེད་པ་སྙེད་དུ་འཇིག་རྟེན་ན་བཞུགས་ནས་ཆོས་མཆོག་དམ་པ་ཟབ་མོ་བཤད་པར་བསྐུལ་ཞིང་གསོལ་བ་བཏབ་པའི་བསོད་ནམས་གང་ཡིན་པ་དེ་ནི་ཤིན་ཏུ་ཟབ་པས་གང་གིས་ཀྱང་དཔེ་བྱར་མི་ནུས་པར་རིག་པར་བྱའོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་དང་། གང་གཱའི་ལྷ་མོ་དང་། ཚངས་པའི་རྒྱལ་པོ་དང་། རྒྱལ་ཆེན་རིས་བཞིའི་ལྷ་ཚད་མེད་པ་རྣམས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ཐོས་པས་ཐམས་ཅད་ཡོངས་སུ་བཟུང་སྟེ་ཀློག་པ་དང་། གཡར་ཏོན་དུ་འདོན་པ་དང་། ཀུན་ཆུབ་པར་བགྱིས་ཏེ། གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་ནས་ཆོས་འདི་ལ་བརྟེན་ཏེ་རབ་ཏུ་གནས་པར་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་བླ་ན་མ་མཆིས་པ་ཡང་དག་པར་


DKG089_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་འཚལ་བས་དོན་འདི་མཚན་ཉིད་ཁྱད་པར་དུ་འཕགས་པའི་རྗེས་སུ་འབྲངས་ནས་ཆོས་བཞིན་དུ་སྤྱོད་པའི་སླད་དུའོ། །དེ་ནས་ཚངས་པ་དང་། བརྒྱ་བྱིན་ལ་སོགས་པས་ཆོས་བཤད་པའི་གནས་དེ་ཉིད་དུ་མེ་ཏོག་མནྡཱ་ར་བ་རྣམ་པ་སྣ་ཚོགས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་ཆེན་པོ་ཐམས་ཅད་རབ་ཏུ་གཡོས་པར་གྱུར་ཏོ། །ལྷའི་རྔ་བོ་ཆེ་དང་། རོལ་མོ་ཐམས་ཅད་ཀྱང་མ་དཀྲོལ་བར་སྒྲ་རང་བྱུང་སྟེ། གསེར་གྱི་ཁ་དོག་གི་འོད་ཟེར་བཀྱེ་བས་འཇིག་རྟེན་གྱི་ཁམས་ཀུན་དུ་ཁྱབ་པར་བཀང་སྟེ་སྒྲ་དབྱངས་དམ་པ་བྱུང་བར་གྱུར་པ་དང་། དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་ལ་ལྷའི་དབང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་དག་ཐམས་ཅད་ནི་གསེར་འོད་དམ་པའི་མདོ་སྡེའི་བྱིན་གྱིས་བརླབས་ཀྱི་མཐུ་ལགས་པས་བྱམས་པ་དང་ཐུགས་རྗེས་རྣམ་པ་སྣ་ཚོགས་ཀྱིས་ཡོངས་སུ་སྐྱོབ་ཅིང་ཕན་འདོགས་པ་དང་རྣམ་པ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འཕེལ་ཞིང་ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་སྦྱོང་བར་མཛད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ངས་མངོན་པར་དྲན་ཏེ་སྔོན་བྱུང་བ་འདས་པའི་བསྐལ་པ་བརྒྱ་སྟོང་ཚད་མེད་པ་སྙེད་འདས་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། བསྐལ་པ་འབུམ་ཕྲག་དྲུག་བརྒྱ་བརྒྱད་ཅུའི་བར་དུ་འཇིག་རྟེན་ན་བཞུགས་སོ། །དེའི་ཚེ་དེ་བཞིན་གཤེགས་པ་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་ཀྱིས་ལྷ་དང་། མི་དང་། བརྒྱ་བྱིན་དང་། ཚངས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླས་ནས་བདེ་བར་མཛད་པའི་ཕྱིར་འཇིག་རྟེན་དུ་བྱུང་བ་ན། འདུས་པ་དང་པོ་ལ་ཆོས་བསྟན་པས་སྲོག་


DKG089_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་སྙེད་ཡོངས་སུ་མྱ་ངན་ལས་བཟླས་ནས་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ཟག་པ་རྣམས་ཟད་ནས་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཐོགས་པ་མེད་པའི་རང་དབང་དང་ལྡན་པར་གྱུར་ཏོ། ། འདུས་པ་གཉིས་པའི་ཚེ་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་དགུ་བཅུ་ཡོངས་སུ་མྱ་ངན་ལས་བཟླས་ནས་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས་ཟག་པ་རྣམས་ཟད་ནས་རིག་པ་གསུམ་དང་། མངོན་པར་ཤེས་པ་དྲུག་དང་། ཐོགས་པ་མེད་པའི་རང་དབང་དང་ལྡན་པར་གྱུར་ཏོ། །འདུས་པ་གསུམ་པའི་ཚེ་ན་ཡང་སྲོག་ཆགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་དགུ་བཅུ་ཡོངས་སུ་མྱ་ངན་ལས་བཟླས་ནས་ཐམས་ཅད་ཀྱིས་དགྲ་བཅོམ་པའི་འབྲས་བུ་ཐོབ་པས་ཞེས་བྱ་བ་ཡང་རྒྱས་པར་གོང་མ་བཞིན་ནོ། །རིགས་ཀྱི་བུ་ང་དེའི་ཚེ་བུད་མེད་ཀྱི་ལུས་སུ་གྱུར་ཏེ། མིང་ནི་བསོད་ནམས་རིན་པོ་ཆེའི་འོད་ཅེས་བྱའོ། །འདུས་པ་གསུམ་པའི་ཚེ་ཡང་བཅོམ་ལྡན་འདས་དེ་ལ་ཉེ་བར་བསྙེན་ནས་གསེར་འོད་དམ་པའི་མདོ་སྡེ་འདི་ཡོངས་སུ་བཟུང་སྟེ་བཀླག་པ་དང་། ཁ་ཏོན་དུ་བཏོན་ནས་གཞན་དག་ལ་རྒྱ་ཆེར་ཡང་དག་པར་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བའི་ཕྱིར་དེའི་ཚེ་བཅོམ་ལྡན་འདས་དེས་ང་ལ་བུ་མོ་བསོད་ནམས་རིན་པོ་ཆེའི་འོད་འདི་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། བླ་ན་མེད་པའི། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏེ། བུད་མེད་ཀྱི་ལུས་སྤངས་ནས་དེ་ཚུན་ཆད་ངན་འགྲོ་བཞི་ལས་ཡང་དག་པར་འདས་ཏེ། ལྷ་དང་མིའི་ནང་དུ་སྐྱེས་ནས་བདེ་བའི་མཆོག་མྱོང་བར་གྱུར་ཏོ། །ཚེ་རབས་སྟོང་ཕྲག་བཞི་བརྒྱ་བརྒྱད་ཅུའི་བར་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་ཏེ། དེང་ཡང་དག་པར་མངོན་པར་རྫོགས་པར་སངས་


DKG089_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་བར་དུ་ཡང་གྲགས་པ་འཇིག་རྟེན་གྱི་ཁམས་ཀུན་དུ་གང་ཞིང་རྒྱས་པར་གྱུར་པ་ཡིན་ནོ། །དེ་ནས་དེའི་ཚེ་འཁོར་འདུས་པ་ཆེན་པོ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་ནས་ཆོས་མཆོག་དམ་པ་བཤད་པ་མཐོང་བར་གྱུར་ཏོ། །རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མི་མཇེད་འདི་ནས་ཤར་ཕྱོགས་སུ་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་བརྒྱ་སྟོང་སྙེད་འདས་པ་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་ཅེས་བྱ་བ་ད་ལྟར་དེ་ན་བཞུགས་ཏེ། ཡོངས་སུ་མྱ་ངན་ལས་འདས་པས་ཆོས་མཆོག་དམ་པ་བཤད་ནས་སྐྱེ་དགུ་རྣམས་ལ་ཕན་འདོགས་པར་མཛད་པས་ཁྱོད་ཀྱིས་མཐོང་བ་ནི་སངས་རྒྱས་དེ་ཡིན་ནོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་རིན་པོ་ཆེའི་རྒྱལ་པོ་འོད་ཆེན་སྣང་མཛད་ཅེས་མཚན་ཐོས་པར་གྱུར་ན། བྱང་ཆུབ་སེམས་དཔའི་ས་ལས་ལྡོག་པར་མི་འགྱུར་ཞིང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །བུད་མེད་གང་ལ་ལ་ཞིག་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པར་གྱུར་ན་འཆི་ཀའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་དེ་དེའི་ཐད་དུ་གཤེགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་མཐོང་བའི་དབང་གིས་ནམས་ཀྱང་བུད་མེད་ཀྱི་ལུས་ལེན་པར་མི་འགྱུར་རོ། །རིགས་ཀྱི་བུ་གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་འདི་ནི་རྣམ་པ་སྣ་ཚོགས་ཀྱིས་ཕན་འདོགས་ཤིང་རྣམ་པ་སྣ་ཚོགས་ཀྱིས་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་འཕེལ་བ་དང་། ལས་ཀྱི་སྒྲིབ་པ་རྣམས་ཡོངས་སུ་སྦྱོང་བར་བྱེད་དོ། །རིགས་ཀྱི་བུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གང་ན་གནས་པའི་གནས་དེར་གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་འདི་གཞན་དག་ལ་ཡང་དག་པར་སྟོན་པར་བྱེད་ན་ཡུལ་དེ་ནི་བསོད་ནམས་ཀྱི་ཕན་ཡོན་རྣམ་པ་བཞི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། ཡུལ་


DKG089_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱལ་པོ་ནད་མེད་ཅིང་བགེགས་རྣམས་དང་བྲལ་བ་དང་། ཚེ་རིང་ཞིང་ཐོགས་པ་མེད་པར་འགྱུར་བ་དང་། ཕས་ཀྱི་རྒོལ་བའི་དགྲ་མེད་ཅིང་དམག་ཚོགས་དཔའ་བར་འགྱུར་བ་དང་། བདེ་བའི་ལོངས་སྤྱོད་རྒྱས་ཤིང་ཡང་དག་པའི་ཆོས་འཕེལ་བར་འགྱུར་བ་གང་ཡིན་པའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིའི་རྒྱལ་པོ་དེ་ལ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་འཁོར་རྣམས་ཀྱིས་རྟག་པར་ལྷན་ཅིག་སྲུང་བར་བྱེད་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་འཁོར་རྣམས་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་དངོས་པོ་འདི་དག་བདེན་ནམ། དེ་ནས་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་འཁོར་རྣམས་ཀྱིས་སྐད་མཐུན་པར་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཡུལ་གང་དག་ན་མདོ་སྡེའི་རྒྱལ་པོ་དམ་པ་འདི་ཡང་དག་པར་བཤད་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པར་བགྱིད་ན་ཡུལ་གྱི་བདག་པོ་དེ་དག་ལ་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་རྟག་པར་མཆིས་ནས་ཡོངས་སུ་སྲུང་བར་བགྱིད་པར་མཆི་བ་དང་། གནས་པ་ན་ཡང་ལྷན་ཅིག་གནས་པར་བགྱིད་དོ། །རྒྱལ་པོ་དེ་ལ་གདོན་བགེགས་དང་རྒོལ་བའི་དགྲ་ཞིག་མཆིས་ན་ཡང་དེ་དག་ཐམས་ཅད་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པས་རབ་ཏུ་ཞི་བར་བགྱིད་དོ། །མྱ་ངན་དང་རིམས་ནད་ལ་སོགས་པ་ཡང་བསལ་ཞིང་སོས་པར་བགྱིད་པ་ནས་ཚེ་འཕེལ་བ་དང་། དགེ་བའི་རྟགས་འབྱུང་བ་དང་། སྨོན་པ་རྣམས་བསམས་པ་བཞིན་འགྲུབ་པ་དང་། རྟག་ཏུ་དགའ་བ་བསྐྱེད་པར་བགྱིད་དོ། །བདག་ཅག་གིས་ཡུལ་དེ་ན་དམག་ཚོགས་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་དཔའ་ཞིང་བརྩོན་པར་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་ཁྱེད་ཀྱིས་མངོན་པར་བསྒྲུབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཡུལ་གྱི་བདག་པོ་དེ་དག་ཆོས་བཞིན་དུ་སྤྱོད་པའི་དུས་


DKG089_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ན་འབངས་ཐམས་ཅད་ཀྱང་རྒྱལ་པོའི་རྗེས་སུ་མངོན་པར་སྒྲུབ་ཅིང་ཆོས་བཞིན་དུ་སྤྱོད་པར་བྱེད་པས་ཁྱེད་ལ་སོགས་པ་ཡང་གཟུགས་དང་སྟོབས་དང་ཕན་ཡོན་མཆོག་ཐོབ་པར་འགྱུར་ཞིང་གཞལ་མེད་ཁང་འོད་དང་ལྡན་པ་དང་འཁོར་རྣམས་ཀྱང་བརྩོན་ཞིང་རྒྱས་པར་འགྱུར་བས་སོ། །དེ་ནས་བཅོམ་ལྡན་འདས་ལ་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པས་བཅོམ་ལྡན་འདས་དེ་དེ་བཞིན་ནོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་དུ་མདོ་སྡེ་དམ་པ་འདི་ཡང་དག་པར་སྟོན་ཅིང་ཀློག་པ་དང་། སྤེལ་བའི་ཡུལ་དེའི་བློན་པོ་ཆེན་པོ་དང་། ནང་བློན་རྣམས་ཕན་ཡོན་རྣམ་པ་བཞི་ཐོབ་པར་འགྱུར་ཏེ། བཞི་གང་ཞེ་ན། དང་པོ་ནི་ཕན་ཚུན་འདུམ་ཞིང་ཉེ་བར་སེམས་པ་དང་། བླ་མར་བྱེད་ཅིང་སྡུག་པར་སེམས་པའོ། །གཉིས་པ་ནི་རྟག་པར་མིའི་རྒྱལ་པོའི་སྙིང་དུ་སྡུག་ཅིང་བཀུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཡུལ་ཆེན་པོ་དང་། ཡུལ་ཆུང་ངུའི་མི་རྣམས་ཀྱིས་བཙུན་པར་བྱེད་པའོ། །གསུམ་པ་ནི་ནོར་ལ་ཡང་དམ་པར་འཛིན་ཅིང་ཆོས་ལ་བཙུན་པར་བྱེད་པ་དང་། འཇིག་རྟེན་པའི་ཁེ་མི་ཚོལ་བས་སྙན་པའི་སྒྲ་ཀུན་དུ་གྲགས་ནས་མང་པོ་ཀུན་གྱིས་བཀུར་བར་འགྱུར་བའོ། །བཞི་པ་ནི་ཚེ་རིང་ཞིང་བདེ་སྐྱིད་པར་འགྱུར་བ་སྟེ་འདི་དག་ནི་ཕན་ཡོན་རྣམ་པ་བཞི་ཞེས་བྱའོ། །གལ་ཏེ་ཡུལ་གྱི་བདག་པོ་གང་ལ་ལ་ཞིག་གིས་མདོ་སྡེ་འདི་ཡང་དག་པར་སྟོན་པར་བྱེད་ན་དགེ་སྦྱོང་དང་། བྲམ་ཟེ་རྣམས ་ཕན་ཡོན་ཁྱད་པར་དུ་འཕགས་པ་རྣམ་པ་བཞི་ཐོབ་པར་འགྱུར་རོ། །བཞི་གང་ཞེ་ན། དང་པོ་ནི་གོས་དང་། བཟའ་བ་དང་། བཏུང་བ་དང་། མལ་ཆ་དང་། ན་བའི་གསོས་སྨན་རྣམས་ཀྱིས་ཕོངས་པ་མེད་པ་གང་ཡིན་པའོ། །གཉིས་པ་ནི་ཐམས་ཅད་སེམས་བདེ་བར་ཡིད་ལ་སེམས་ཤིང་ཀློག་པ་དང་ཁ་ཏོན་འདོན་པར་འགྱུར་བའོ། །གསུམ་པ་ནི་རི་དང་ནགས་ཚལ་དག་ལ་གནས་པ་ན་བདེ་བར་གནས་པ་ཐོབ་པར་འགྱུར་བའོ། །བཞི་པ་ནི་སེམས་ཀྱིས་ཇི་ལྟར་སྨོན་པ་བཞིན་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་སྟེ། འདི་དག་ནི་ཁྱད་པར་དུ་འཕགས་


DKG089_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕན་ཡོན་རྣམ་པ་བཞི་ཞེས་བྱའོ། །གལ་ཏེ་ཡུལ་ལ་ལར་མདོ་སྡེ་འདི་ཡང་དག་པར་སྟོན་པར་བྱེད་ན་མི་ཐམས་ཅད་དར་ཞིང་སྐྱིད་པ་དང་། རིམས་ནད་རྣམས་མེད་པ་དང་། ཚོང་པ་དང་འགྲོན་པོ་ཕན་ཚུན་འགྲོ་བའི་ནོར་དང་རིན་པོ་ཆེ་མང་དུ་ཐོབ་པ་དང་། བསོད་ནམས་ཁྱད་པར་དུ་འཕགས་པ་ཐོབ་པར་འགྱུར་ཏེ། འདི་དག་ནི་ཡོན་ཏན་གྱི་ཕན་ཡོན་རྣམ་པ་སྣ་ཚོགས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཁོར་མང་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མདོ་སྡེ་ཟབ་མོ་འདི་ལྟ་བུ་མངོན་དུ་གནས་པར་གྱུར་ན་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་འཇིག་རྟེན་ན་གནས་ཤིང་ནུབ་པར་མི་འགྱུར་ལ། ནམ་མདོ་སྡེ་འདི་ལྟ་བུ་ནུབ་པར་གྱུར་པ་ན་ཡང་དག་པའི་ཆོས་ཀྱང་ནུབ་པར་འགྱུར་བར་རིག་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་ལྟ་བས་ན་ཁྱེད་ཀྱིས་གསེར་འོད་དམ་པའི་མདོ་སྡེ་འདི་ལས་ཚིག་གཅིག་གམ་སྡེ་གཅིག་ཀྱང་རུང་སྟེ། ཐམས་ཅད་སེམས་རྩེ་གཅིག་ཏུ་ཡང་དག་པར་བཀླག་པར་བྱ། ཡང་དག་པར་ཁ་ཏོན་དུ་གདོན་པར་བྱ།ཡང་དག་པར་མཉན་པར་བྱ། ཡང་དག་པར་གཟུང་བར་བྱ། ཡང་དག་པར་ཡིད་ལ་བསམ་པར་བྱ་ཞིང་ཡང་དག་པར་བསྒོམས་ནས། སེམས་ཅན་མང་པོའི་ཆེད་དུ་རྒྱ་ཆེར་ཡང་དག་པར་བསྟན་ཏེ་ཡོངས་སུ་སྤེལ་བར་བྱེད་ན་ཡུན་རིང་པོར་བདེ་བསྐྱེད་ཅིང་བསོད་ནམས་ཀྱི་ཕན་ཡོན་མཐའ་མེད་དོ། །དེ་ནས་འཁོར་མང་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཐམས་ཅད་ཕན་ཡོན་ཁྱད་པར་དུ་འཕགས་པ་ཐོབ་པར་གྱུར་པས་རབ་ཏུ་དགའ་ཞིང་མགུ་བས་ཡང་དག་པར་བཟུང་བར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ལེའུ་སྟེ་ལྔ་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་བཞི་པ།


DKG089_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་མཚན་ཐོགས་པ་མེད་པའི་འོད་ཟེར་འབར་བ་འཁོར་བྱེ་བ་ཕྲག་ཚད་མེད་པ་སྙེད་དང་ལྷན་ཅིག་ཏུ་སྟོན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གུས་པའི་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་མེ་ཏོག་དང་སྤོས་དང་རིན་པོ་ཆེའི་རྒྱལ་མཚན་དང་། བ་དན་དང་། གདུགས་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་དུ་ཞིག་གིས་ནི་བྱང་ཆུབ་ཀྱི་སེམས་འཐོབ་པར་འགྱུར། གང་ནི་བྱང་ཆུབ་ཀྱི་སེམས་ཞེས་བགྱི་ལགས། བཅོམ་ལྡན་འདས་བྱང་ཆུབ་གང་ལགས་པ་དེ་ལ་ནི་ད་ལྟར་གྱི་སེམས་ཀྱང་དམིགས་སུ་མ་མཆིས། མ་འོངས་པའི་སེམས་ཀྱང་དམིགས་སུ་མ་མཆིས། འདས་པའི་སེམས་ཀྱང་དམིགས་སུ་མ་མཆིས་པ་ལགས་སོ། །བྱང་ཆུབ་ལས་གུད་ན་ཡང་བྱང་ཆུབ་ཀྱི་སེམས་དམིགས་སུ་མ་མཆིས་ལགས་སོ། །བྱང་ཆུབ་ཅེས་བགྱི་བ་ནི་ཚིག་གིས་བརྗོད་དུ་མ་མཆིས་པས་སེམས་ཀྱང་གཟུགས་མ་མཆིས་པ། མཚན་མ་མ་མཆིས་པ། དངོས་པོ་དང་ལས་མ་མཆིས་པ། མངོན་པར་འདུ་བགྱི་བ་མ་ལགས་པ། སེམས་ཅན་ཡང་དམིགས་སུ་མ་མཆིས་ཤིང་ཁོང་དུ་ཆུད་པར་ཡང་མི་འགྱུར་ན། བཅོམ་ལྡན་འདས་ཇི་ལྟར་ཆོས་ཟབ་མོ་འདིའི་དོན་གང་ལགས་པ་རིག་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། བྱང་ཆུབ་ཀྱི་དངོས་པོ་དང་། ལས་ནི་ཤིན་ཏུ་གྱ་ནོམ་པས་མངོན་པར་འདུ་བྱ་བར་ཡང་དམིགས་པར་མི་འགྱུར་ལ་བྱང་ཆུབ་ལས་གུད་ན་ཡང་བྱང་ཆུབ་ཀྱི་སེམས་དམིགས་པར་མི་འགྱུར་བས་བྱང་ཆུབ་ཅེས་བྱ་བ་ནི་བརྗོད་དུ་མེད་པ། སེམས་ཀྱང་བརྗོད་དུ་མེད་པ། གཟུགས་དང་མཚན་མ་མེད་པ། དངོས་པོ་དང་ལས་མེད་པ། སེམས་ཅན་ཐམས་ཅད་ཀྱང་དམིགས་སུ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་དང་སེམས་གཉི་ག་ཡང་དེ་བཞིན་ཉིད་དུ་མཚུངས་པའི་


DKG089_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་དང་མངོན་དུ་བྱེད་པ་དང་། མངོན་དུ་བྱ་བ་མཉམ་པར་གྱུར་པའི་ཕྱིར་ཏེ། འོན་ཀྱང་ཆོས་རྣམས་ཤེས་པར་བྱ་བ་མེད་པ་ནི་མ་ཡིན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གིས་དེ་ལྟར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་ཆོས་རྣམས་མངོན་པར་རྟོགས་པ་དང་། བྱང་ཆུབ་དང་བྱང་ཆུབ་ཀྱི་སེམས་ལེགས་པར་བཤད་པ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། སེམས་ཀྱང་དེ་བཞིན་ནོ། །སེམས་ཅན་ཡང་དེ་བཞིན་ཏེ། འདི་ལ་མཚན་ཉིད་གཉིས་ཡང་དག་པར་དམིགས་སུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ལ་སྐྱེ་བ་མེད་པའི་ཕྱིར་རོ། །བྱང་ཆུབ་ཀྱང་དམིགས་སུ་མེད། བྱང་ཆུབ་ཀྱི་མིང་ཡང་དམིགས་སུ་མེད། སེམས་ཅན་དང་སེམས་ཅན་གྱི་མིང་ཡང་དམིགས་སུ་མེད། ཉན་ཐོས་དང་ཉན་ཐོས་ཀྱི་མིང་ཡང་དམིགས་སུ་མེད། རང་སངས་རྒྱས་དང་རང་སངས་རྒྱས་ཀྱི་མིང་ཡང་དམིགས་སུ་མེད། བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་སེམས་དཔའི་མིང་ཡང་དམིགས་སུ་མེད། སངས་རྒྱས་དང་སངས་རྒྱས་ཀྱི་མཚན་ཡང་དམིགས་སུ་མེད། སྤྱོད་པ་དང་སྤྱོད་པ་མ་ཡིན་པ་ཡང་དམིགས་སུ་མེད། སྤྱོད་པ་དང་སྤྱོད་པ་མ་ཡིན་པའི་མིང་ཡང་དམིགས་སུ་མེད་དེ། འདི་ལྟར་དམིགས་སུ་མེད་པའི་ཕྱིར་རབ་ཏུ་དབེན་པའི་ཆོས་ཐམས་ཅད་ལ་རབ་ཏུ་གནས་པ་ཡིན་ཏེ། འདི་ཡང་བསོད་ནམས་ཀྱི་དགེ་བའི་རྩ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཡིན་ནོ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེའི་རིའི་རྒྱལ་པོ་རི་རབ་ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་འདི་ཡང་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་འདི་ནི་དང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། ། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། ས་ཆེན་པོ་བཞིན་དུ་དངོས་པོ་མང་པོ་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་འདི་ནི་གཉིས་པ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། སེང་གེ་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པ་གཅིག་པུ་འགྲོ་བ་ལ་འཇིགས་


DKG089_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་དེ་བཞིན་དུ་སྐྲག་ཅིང་དངང་བ་དང་བྲལ་བར་གྱུར་པའི་ཕྱིར་འདི་ནི་གསུམ་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། རླུང་གི་དཀྱིལ་འཁོར་སྟོབས་པོ་ཆེ་ཤུགས་དྲག་ཅིང་མྱུར་བ་བཞིན་དུ་སེམས་ལ་ནུར་བ་མེད་པའི་ཕྱིར་འདི་ནི་བཞི་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རྩེག་མ་ཐེམ་སྐས་བཞི་དང་ལྡན་པ། སྒོ་བཞི་ནས་ཤིན་ཏུ་བསིལ་བའི་རླུང་གིས་བུས་པས་ཤིན་ཏུ་བདེ་བ་མྱོང་བ་བཞིན་དུ་བསམ་གཏན་གྱི་ཆོས་ཀྱི་གཏེར་ཡོངས་སུ་བཙལ་ནས་གང་ཞིག་རྒྱས་པར་བྱེད་པའི་ཕྱིར་འདི་ནི་ལྔ་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། ཉི་མའི་དཀྱིལ་འཁོར་འོད་ཟེར་རྒྱས་པར་གྱུར་པ་དེ་བཞིན་དུ་སེམས་འདིས་ཀྱང་མྱུར་བ་ཁོ་ནར་འཁོར་བའི་མ་རིག་པའི་མུན་ནག་འཇོམས་པར་བྱེད་པའི་ཕྱིར་འདི་ནི་དྲུག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། ཚོང་དཔོན་གྱིས་ཐམས་ཅད་ཀྱི་སེམས་ལ་སྨོན་པ་ཡོངས་སུ་རྫོགས་པར་བྱས་པ་དེ་བཞིན་དུ་སེམས་འདིས་ཀྱང་འཁོར་བའི་ལམ་ཉམ་ང་བ་ལས་ཡོངས་སུ་འདས་ནས་ཡོན་ཏན་གྱི་རིན་པོ་ཆེ་འཐོབ་པར་བྱེད་པའི་ཕྱིར་འདི་ནི་བདུན་པ་ཐབས་མཁས་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པའི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། ཟླ་བ་ཡོངས་སུ་དག་ཅིང་ཤིན་ཏུ་རྒྱས་པ་ལ་རབ་རིབ་མེད་པ་བཞིན་དུ་སེམས་འདིས་ཀྱང་སྤྱོད་ཡུལ་ཐམས་ཅད་ལས་རྣམ་པར་དག་པ་ཕུན་སུམ་ཚོགས་པར་བྱེད་པའི་ཕྱིར་འདི་ནི་བརྒྱད་པ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དམག་ལ་དབང་བའི་བློན་པོ་ཆེན་པོ་ཡིད་བཞིན་དུ་དབང་བྱེད་པ་བཞིན་དུ་སེམས་འདིས་ཀྱང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཤིན་ཏུ་བརྒྱན་པ་དང་ཡོན་ཏན་ཚད་མེད་པས་སྐྱེ་དགུ་རྣམས་ལ་རྒྱ་ཆེར་ཕན་འདོགས་པར་བྱེད་པའི་ཕྱིར་འདི་ནི་དགུ་པ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱའོ། །འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་སེམས་འདིས་


DKG089_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་སྤྱོད་ཡུལ་ཐམས་ཅད་ལ་ཐོགས་པ་མེད་ཅིང་གནས་ཐམས་ཅད་དུ་རང་དབང་ཐོབ་ནས་དབང་བསྐུར་བའི་སར་ཕྱིན་པར་བྱེད་པའི་ཕྱིར་འདི་ནི་བཅུ་པ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ཞེས་བྱ་སྟེ། འདི་ལྟ་བུའི་རྒྱུ་བཅུ་ལ་ཁྱེད་ཀྱིས་རབ་ཏུ་བརྩོན་པས་བསླབ་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། དད་པའི་དབང་པོ་དང་། སྙིང་རྗེ་དང་། འདོད་པ་ཡོངས་སུ་ཚོལ་བའི་སེམས་མེད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྡུད་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་ཚོལ་བ་གང་ཡིན་པ་སྟེ།རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། ལས་རྣམ་པ་གསུམ་ཡོངས་སུ་དག་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་རྒྱུ་དང་རྐྱེན་མངོན་པར་འདུ་མི་བྱེད་པ་དང་། ངན་འགྲོའི་སྒོ་རྣམས་གཅོད་ཅིང་བདེ་འགྲོའི་སྒོ་འབྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱིས་ལས་ཡང་དག་པར་འདའ་བ་དང་། བསོད་ནམས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ལྔ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་གི་ཉོན་མོངས་པ་གདུལ་བར་ནུས་པ་དང་། ལུས་དང་སྲོག་ལ་ཕངས་པ་མེད་པར་བདེ་བ་ཡོངས་སུ་མི་ཚོལ་ཞིང་འདུ་ཤེས་ཉེ་བར་ཞི་བར་བྱེད་པ་དང་། སྔོན་གྱི་ལས་ལ་བསམས་ནས་སྡུག་བསྔལ་དང་ཕྲད་པར་གྱུར་ན་ཡང་དང་དུ་ལེན་


DKG089_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནུས་པ་དང་། བྱམས་པ་དང་། སྙིང་རྗེའི་བསམ་པ་བསྐྱེད་ནས་སེམས་ཅན་གྱི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་། མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཟབ་མོ་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། ། ལྔ་གང་ཞེ་ན། ཉོན་མོངས་པ་རྣམས་དང་ལྷན་ཅིག་གནས་པར་མི་མོས་པ་དང་བསོད་ནམས་ཡོངས་སུ་རྫོགས་པར་མ་གྱུར་གྱི་བར་དུ་བདེ་བ་ཉམས་སུ་ལེན་པར་མི་བྱེད་པ་དང་། དཀའ་བ་སྣ་ཚོགས་སྤྱོད་པ་ལ་ཡོངས་སུ་སྐྱོ་བའི་བསམ་པ་མི་སྐྱེ་བ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོས་ཡོངས་སུ་བསྡུས་ནས་ཕན་འདོགས་པའི་ཐབས་མཁས་པས་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པ་དང་། ཕྱིར་མི་ལྡོག་པའི་ས་ཡོངས་སུ་གཉེར་བར་སྨོན་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། དགེ་བའི་ཆོས་རྣམས་ཡོངས་སུ་བསྡུས་ནས་རྣམ་པར་རྟོག་པར་མི་བྱེད་པའི་ཕྱིར་དང་། རྟག་པར་རྣམ་པར་གྲོལ་བར་སྨོན་ཅིང་མཐའ་གཉིས་ལ་མངོན་པར་ཞེན་པར་མི་བྱེད་པའི་ཕྱིར་དང་། མངོན་པར་ཤེས་པ་ཐོབ་ནས་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པར་སྨོན་པའི་ཕྱིར་དང་། ཆོས་ཀྱི་དབྱིངས་ཡོངས་སུ་སྦྱངས་ནས་སེམས་ཀྱི་དྲི་མ་སེལ་བར་བྱེད་པའི་ཕྱིར་དང་། སེམས་ཅན་གྱི་ཉོན་མོངས་པའི་རྩ་བ་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་ཏེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་


DKG089_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། རྟག་པར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། གསལ་ཞིང་ཐབས་མཁས་པ་ཐམས་ཅད་ལ་མཆོད་ཅིང་ཉེ་བར་བརྟེན་ནས་ཡོངས་སུ་སྐྱོ་བ་མི་སྐྱེད་ཅིང་རྒྱབ་ཀྱིས་ཕྱོགས་པར་མི་བྱེད་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཟབ་མོ་བཤད་པ་དེ་དག་སེམས་ཀྱིས་རྟག་ཏུ་ཐོས་པར་མོས་ཤིང་ཡོངས་སུ་མི་སྐྱོ་བ་དང་། ཆོག་པའི་བསམ་པ་མེད་པ་དང་། དོན་དམ་པ་དང་། ཀུན་རྫོབ་ཀྱི་ཤེས་རབ་དམ་པས་རབ་ཏུ་རྣམ་པར་འབྱེད་པར་མོས་པ་དང་། བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་མྱུར་དུ་སྤོང་བ་དང་། འཇིག་རྟེན་པའི་མཁྱུད་དཔྱད་དང་། རིག་པའི་གནས་ལྔའི་ཆོས་ཐམས་ཅད་མངོན་པར་རྟོགས་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་མོས་པ་དང་། ཉོན་མོངས་པ་དང་། སེམས་ཀྱི་སྤྱོད་པའི་བྱེ་བྲག་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ་དང་། ཆོས་ཚད་མེད་པ་རྣམས་ཀྱི་གཉེན་པོའི་སྒོ་ཐམས་ཅད་སེམས་ཀྱིས་གསལ་བར་རྟོགས་པ་དང་། བྱམས་པ་དང་། སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་ལས་འབྱུང་ཞིང་འཇུག་པ་དག་ལ་རང་དབང་ཐོབ་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་བསྒོམས་ནས་ཡོངས་སུ་སྨིན་ཅིང་ཕུན་སུམ་ཚོགས་པར་བྱ་བར་མོས་པ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་མ་ལུས་པར་ཡོངས་སུ་བསྡུས་ནས་མངོན་པར་རྟོགས་པར་སྨོན་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐབས་མཁས་པ་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་


DKG089_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། ཆོས་ཐམས་ཅད་གཟོད་མ་ནས་མི་སྐྱེ་མི་འགོག །ཡོད་པ་མ་ཡིན། མེད་པ་ཡང་མ་ཡིན་པ་དག་ལ་སེམས་བདེ་བར་གནས་པ་དང་། ཆོས་ཐམས་ཅད་ཀྱི་དོན་གྱི་ཚུལ་མཆོག་དམ་པ་དག་ལ་དྲི་མ་དང་བྲལ་ཞིང་རྣམ་པར་དག་པར་སོ་སོར་བརྟགས་ནས་སེམས་བདེ་བར་གནས་པ་དང་། མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པའི་སེམས་ཀྱི་དེ་བཞིན་ཉིད་མངོན་པར་འདུ་བྱ་བ་མེད་པ། སྤྱོད་པ་མེད་པ། ཐ་དད་པ་མ་ཡིན་པ། མི་གཡོ་བ་དག་ལ་སེམས་བདེ་བར་གནས་པ་དང་། སེམས་ཅན་རྣམས་ལ་ཕན་གདགས་པར་འདོད་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དག་ལ་སེམས་བདེ་བར་གནས་པ་དང་། ཞི་གནས་དང་ལྷག་མཐོང་དུས་གཅིག་ཏུ་མཉམ་པར་སྤྱོད་པ་དག་ལ་སེམས་བདེ་བར་གནས་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་ལེགས་ཉེས་རབ་ཏུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཆོས་ལ་གཟུད་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་འཁོར་བར་འཁོར་བ་དག་གི་ལས་ཀྱི་རྐྱེན་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པ་དང་། སེམས་ཅན་རྣམས་ཀྱི་དབང་པོ་དང་རང་བཞིན་རྣམ་པ་གསུམ་ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་རྣམ་པར་འབྱེད་ཅིང་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་ཅན་རྣམས་ལ་ཚུལ་བཞིན་དུ་ཡང་དག་པར་བསྟན་ནས་དགེ་བའི་རྩ་བ་བསྐྱེད་དེ། ཡོངས་སུ་སྨིན་པར་བྱས་ནས་ཡེ་ཤེས་ཀྱི་སྟོབས་ཀྱིས་ཡོངས་སུ་སྒྲོལ་བ་གང་ཡིན་པ་སྟེ། རིགས་ཀྱི་


DKG089_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ཆོས་རྣམ་པ་ལྔ་ལ་བརྟེན་ནས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ལྔ་གང་ཞེ་ན། ཆོས་རྣམས་ཀྱི་ལེགས་ཉེས་རབ་ཏུ་རྣམ་པར་འབྱེད་པར་བྱེད་པ་དང་། ནག་པོ་དང་། དཀར་པོའི་ཆོས་ཡོངས་སུ་མི་སྤོང་ཞིང་ཡང་དག་པར་སྡུད་པར་བྱེད་པ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཡོངས་སུ་མི་སྐྱོ་ཞིང་མངོན་པར་མི་དགའ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་སྤྱོད་པ་དང་ལྡན་པས་མཐར་ཐུག་པའི་གནས་སུ་ཕྱིན་པར་གྱུར་པ་དང་། དབང་བསྐུར་བ་མཆོག་ཐོབ་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་པ་གང་ཡིན་པ་སྟེ། རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱའོ། །རིགས་ཀྱི་བུ་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཡིན་ཞེ་ན། འདི་ལྟ་སྟེ་ཕན་འདོགས་པ་མཆོག་མངོན་པར་སྒྲུབ་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཤིན་ཏུ་ཟབ་པའི་ཡེ་ཤེས་ཆེན་པོ་ཚད་མེད་པ་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྤྱོད་པ་དང་སྤྱོད་པ་མ་ཡིན་པའི་ཆོས་དག་ལ་སེམས་ཀྱིས་མངོན་པར་ཞེན་པ་མེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཁོར་བའི་ཉེས་དམིགས་དང་། མྱ་ངན་ལས་འདས་པའི་ཡོན་ཏན་ཡང་དག་པར་རིག་ཅིང་ཡང་དག་པར་སོ་སོར་རྟོག་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །གཏི་མུག་དང་ལྡན་པའི་གང་ཟག་དང་། ཤེས་རབ་དང་ལྡན་པའི་གང་ཟག་ཐམས་ཅད་ཡོངས་སུ་སྡུད་པར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཆོས་རིན་པོ་ཆེ་གྱ་ནོམ་པ་རྣམ་པ་སྣ་ཚོགས་རབ་ཏུ་སྟོན་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཐོགས་པ་མེད་པའི་རྣམ་པར་གྲོལ་བ་དང་། ཤེས་རབ་ཡོངས་སུ་རྫོགས་པར་གྱུར་པ་གང་ཡིན་


DKG089_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཆོས་ཀྱི་ཁམས་དང་སེམས་ཅན་གྱི་ཁམས་ཡང་དག་པར་རྣམ་པར་ཕྱེ་ནས་ཤེས་པར་གྱུར་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སྦྱིན་པ་ལ་སོགས་པ་ནས་ཡེ་ཤེས་ཀྱི་བར་དག་ཕྱིར་མི་ལྡོག་པའི་གནས་སུ་ཕྱིན་པར་གྱུར་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཀྱི་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མངོན་པར་བྱང་ཆུབ་ནས་སངས་རྒྱས་ཀྱི་སྟོབས་བཅུ་དང་། བསྙེངས་པ་མི་མངའ་བ་བཞི་དང་། མ་འདྲེས་པའི་ཆོས་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་མཚན་ཉིད་གཉིས་སུ་མེད་པར་རྟོགས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཐམས་ཅད་ལ་ཕན་འདོགས་ཤིང་ཡོངས་སུ་ཟློས་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མུ་སྟེགས་ཅན་ཐམས་ཅད་ཉེ་བར་འོངས་ནས་གང་འདྲི་བ་དག་ལ་ལེགས་པར་རྣམ་པར་བཤད་ནས་འདུལ་བར་བྱེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །ཆོས་ཀྱི་འཁོར་ལོ་ཤིན་ཏུ་གྱ་ནོམ་པ་རྣམ་པ་བཅུ་གཉིས་ཡོངས་སུ་བསྐོར་བ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །མངོན་པར་ཞེན་པ་མེད་ཅིང་མཐོང་བ་མེད་པ་དང་། སྐྱོན་དང་འབྲེལ་བ་མེད་པ་གང་ཡིན་པ་དེ་ནི་ཕ་རོལ་ཏུ་ཕྱིན་པའི་དོན་ཏོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཚད་མེད་དཔག་ཏུ་མེད་པ་རྣམས་རིན་པོ་ཆེའི་གཏེར་རྣམ་པ་སྣ་ཚོགས་ཀྱིས་ཀུན་ཏུ་གང་བ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ས་གཞི་ལག་མཐིལ་ལྟར་མཉམ་པ་ཁ་དོག་ཤིན་ཏུ་


DKG089_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

གྱ་ནོམ་པ་ཚད་མེད་པ་དཔག་ཏུ་མེད་པ་རྣམ་པ་སྣ་ཚོགས་དང་ལྡན་པ་དང་།ཡོངས་སུ་དག་པའི་རིན་པོ་ཆེའི་རྒྱན་གྱི་རྣམ་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་གསུམ་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་ཤིན་ཏུ་དཔའ་ལ་གོ་ཆས་རབ་ཏུ་བརྒྱན་པས་ཕྱིར་རྒོལ་བ་ཐམས་ཅད་ཕམ་པར་བྱེད་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་བཞི་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་གྱིས་མེ་ཏོག་དམ་པ་རྣམ་པ་སྣ་ཚོགས་མངོན་པར་གཏོར་བས་ས་གཞི་ཀུན་དུ་ཁྱབ་པར་བཀྲམ་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། རིན་པོ་ཆེའི་ཕྲེང་བ་སྣ་ཚོགས་ཀྱིས་ལུས་ཀུན་ཏུ་ཁྱབ་པར་བརྒྱན་པ་མགོ་མེ་ཏོག་གི་ཅོད་པན་གྱིས་བརྒྱན་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གི་རྫིང་བུ་ཐེམ་སྐས་ཀྱི་ལམ་བཞི་དང་ལྡན་པ། གསེར་གྱི་བྱེ་མ་ཀུན་ཏུ་བདལ་བ། ཡོངས་སུ་དང་ཞིང་དྲི་མ་མེད་པ། ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་ཀུན་ཏུ་གང་བ། མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པུཎྜ་རི་ཀས་ཀུན་ཏུ་བཀྲམ་པ། མེ་ཏོག་གི་རྫིང་བུའི་ནང་ན་རྣམ་པར་རྩེན་པ་དག་ཤིན་ཏུ་བདེ་སྐྱིད་པ་དང་། ཡོངས་སུ་དག་ཅིང་དཔེ་ཟླ་མེད་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་བདུན་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་མདུན་དུ་སེམས་ཅན་རྣམས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བའི་རིགས་པ་དག་འདི་ལྟར་བྱང་ཆུབ་སེམས་དཔའི་མཐུས་ལྟུང་བར་ཡང་མི་འགྱུར་ལ་སྨས་པ་ཡང་མེད། འཇིགས་ཤིང་སྐྲག་པ་ཡང་མེད་པར་


DKG089_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་བརྒྱད་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། བདག་ཉིད་ཀྱི་ལུས་ཀྱི་གཡས་གཡོན་ན་སེང་གེའི་རྒྱལ་པོས་ཡོངས་སུ་བསྲུངས་པས་གཅན་གཟན་མང་པོ་ཐམས་ཅད་སྐྲག་ཅིང་འཇིགས་པར་གྱུར་པ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་དགུ་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་འབུམ་ཕྲག་ཚད་མེད་པས་ཡོངས་སུ་བསྐོར་ནས་མཆོད་པ་བྱེད་པ་དང་། སྤྱི་བོའི་གདུགས་དཀར་པོ་རིན་པོ་ཆེ་སྣ་ཚོགས་ཚད་མེད་པ་དག་གིས་རབ་ཏུ་བརྒྱན་པ་དག་བྱང་ཆུབ་སེམས་དཔས་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་སྔ་རྟགས་ཀྱི་མཚན་མ་སྣང་བ་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་ཀུན་ཏུ་འཕྲོ་བ། འོད་ཟེར་ཡོངས་སུ་དག་པ། ཚད་མེད་པ། ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་པ་ལ་ཚངས་པའི་རྒྱལ་པོ་འབུམ་ཕྲག་ཚད་མེད་པ་དག་གིས་ཡོངས་སུ་བསྐོར་ནས་བཀུར་སྟི་དང་མཆོད་པ་བྱས་པས་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་ཤིན་ཏུ་གྱ་ནོམ་པ་ཡོངས་སུ་བསྐོར་བ་དག་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཐོང་བར་འགྱུར་རོ། །རིགས་ཀྱི་བུ་ས་དང་པོ་ལ་ཅིའི་ཕྱིར་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། འདི་ལྟར་ཐོག་མ་ཁོ་ནར་འཇིག་རྟེན་ལས་འདས་པའི་སེམས་སྔོན་མ་ཐོབ་པ་དེང་གདོད་ཐོབ་ནས་སྒྲུབ་པ་ཆེན་པོ་དག་ཇི་ལྟར་སྨོན་པ་བཞིན་དུ་མངོན་པར་གྲུབ་པར་གྱུར་པས་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བའི་ཕྱིར་ས་དང་པོ་ནི་རབ་ཏུ་དགའ་བ་ཞེས་བྱའོ། །དྲི་མ་ཤིན་ཏུ་ཕྲ་མོ་དང་འཆལ་པའི་ཚུལ་ཁྲིམས་ཀྱི་ཉེས་པ་ཐམས་ཅད་ཡོངས་སུ་དག་པར་གྱུར་པས་དེའི་ཕྱིར་ས་གཉིས་པ་ནི་དྲི་མ་མེད་པ་ཞེས་བྱའོ། །ཤེས་རབ་དང་ཏིང་ངེ་འཛིན་ཚད་མེད་པའི་འོད་ཟེར་སྣང་བར་བསྒུལ་བར་མི་ནུས་ཤིང་ཐུལ་བར་མི་འགྱུར་བ་དང་། ཐོས་པ་འཛིན་པའི་གཟུངས་རྩ་བར་གྱུར་པས་དེའི་ཕྱིར་ས་གསུམ་པ་ནི་འོད་བྱེད་


DKG089_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་ཞེས་བྱའོ། །ཤེས་རབ་ཀྱི་མེས་ཉོན་མོངས་པ་རྣམས་བསྲེགས་ནས་འོད་ཀྱི་སྣང་བ་འཕེལ་བར་བྱེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་སྒོམ་པར་བྱེད་པས་དེའི་ཕྱིར་ས་བཞི་པ་ནི་འོད་འཕྲོ་བའི་ས་ཞེས་བྱའོ། །ཐབས་མཁས་པས་བསྒོམས་པའི་ཡེ་ཤེས་མཆོག་རང་དབང་དུ་གྱུར་པ་ཤིན་ཏུ་འཐོབ་པར་དཀའ་བའི་ཕྱིར་དང་། མཐོང་བ་དང་བསྒོམས་པས་སྤང་བར་བྱ་བའི་ཉོན་མོངས་པ་གདུལ་བར་དཀའ་བ་ཐུལ་བར་གྱུར་པའི་ཕྱིར་ས་ལྔ་པ་ནི་ཤིན་ཏུ་རྒྱལ་བར་དཀའ་བ་ཞེས་བྱའོ། །སྤྱོད་པའི་ཆོས་རྒྱུན་ཆད་པ་མེད་པར་གསལ་བར་མངོན་སུམ་དུ་གྱུར་པ་དང་། མཚན་མ་མེད་པའི་ཡིད་ལ་བྱེད་པ་ཐམས་ཅད་མངོན་སུམ་དུ་གྱུར་པས་དེའི་ཕྱིར་ས་དྲུག་པ་ནི་མངོན་སུམ་དུ་གྱུར་པ་ཞེས་བྱའོ། །ཟག་པ་མེད་པ་ལ་བར་ཆད་མེད་པ་དང་། མཚན་མ་མེད་པ་ཡིད་ལ་བྱེད་པ་དང་། རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ཡུན་རིང་པོ་ནས་བསྒོམས་པའི་ཕྱིར་དང་། ས་དེ་རྣམ་པར་དག་ཅིང་ཐོགས་པ་མེད་པར་གྱུར་པའི་ཕྱིར་ས་བདུན་པ་ནི་རིང་དུ་སོང་བ་ཞེས་བྱའོ། །མཚན་མ་མེད་པའི་ཡིད་ལ་བྱེད་པ་བསྒོམས་པས་རང་དབང་དུ་གྱུར་ནས་ཉོན་མོངས་པ་རྣམས་ཀྱིས་བསྒུལ་བར་མི་ནུས་པས་དེའི་ཕྱིར་ས་བརྒྱད་པ་ནི་མི་གཡོ་བ་ཞེས་བྱའོ། ། ཐ་དད་པར་གྱུར་པའི་ཆོས་རྣམ་པ་སྣ་ཚོགས་ཐམས་ཅད་བསྟན་པ་ལ་རང་དབང་ཐོབ་ནས་ཉེས་པ་མེད་ཅིང་འབྲེལ་པ་མེད་པར་ཤེས་རབ་འཕེལ་བར་བྱེད་པ་དང་། དབང་དུ་གྱུར་ཅིང་ཐོགས་པ་མེད་པར་གྱུར་པར་དེའི་ཕྱིར་ས་དགུ་པ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །ཆོས་ཀྱི་སྐུ་ནམ་མཁའ་དང་འདྲ་བ་དང་། ཤེས་རབ་སྤྲིན་ཆེན་པོ་ལྟ་བུར་གྱུར་ནས་ཐམས་ཅད་ཀུན་ཏུ་ཁྱབ་པར་གཡོགས་པར་བྱེད་པའི་ཕྱིར་དེ་ལྟ་བས་ན་ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཞེས་བྱའོ། །རིགས་ཀྱི་བུ་བདག་དང་ཆོས་ལ་མཚན་མ་ཡོད་པར་མངོན་པར་ཞེན་པའི་མ་རིག་པ་དང་། འཁོར་བའི་ངན་འགྲོ་ལ་སྐྲག་ཅིང་འཇིགས་པའི་མ་རིག་པ་སྟེ།མ་རིག་པ་འདི་གཉིས་ཀྱིས་ནི་ས་དང་པོ་ལ་སྒྲིབ་པར་བྱེད་དོ། །བསླབ་པའི་གནས་ཤིན་ཏུ་ཕྲ་མོ་དག་ལ་ཤེས་བཞིན་མེད་པས་ཉམས་པར་བྱས་པའི་མ་རིག་པ་དང་། ལས་ཀྱི་འདུ་བྱེད་རྣམ་པ་སྣ་ཚོགས་སློང་བར་བྱེད་པའི་མ་རིག་པ་སྟེ།


DKG089_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མ་རིག་པ་འདི་གཉིས་ཀྱིས་ནི་ས་གཉིས་པ་ལ་སྒྲིབ་པར་བྱེད་དོ། །མ་ཐོབ་པ་ཐོབ་པར་འདོད་པ་ལ་སྲེད་ཅིང་མངོན་པར་ཞེན་པའི་མ་རིག་པ་དང་། གཟུངས་ཁྱད་པར་དུ་འཕགས་པ་དག་ལ་སྒྲིབ་པར་བྱེད་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་གསུམ་པ་ལ་སྒྲིབ་པར་བྱེད་དོ། །སྙོམས་པར་འཇུག་པའི་རོ་མྱང་བ་ལ་མངོན་པར་དགའ་བའི་མ་རིག་པ་དང་། ཤིན་ཏུ་གྱ་ནོམ་པའི་ཆོས་རྣམ་པར་དག་པ་ལ་སྲེད་ཅིང་མོས་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་བཞི་པ་ལ་སྒྲིབ་པར་བྱེད་དོ། །འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པའི་མ་རིག་པ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་གཞོལ་བའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་ལྔ་པ་ལ་སྒྲིབ་པར་བྱེད་དོ། །རྣལ་འབྱོར་མངོན་དུ་རྒྱུ་བའི་མ་རིག་པ་དང་། མཚན་མ་རིགས་པ་མངོན་དུ་སྣང་བའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་དྲུག་པ་ལ་སྒྲིབ་པར་བྱེད་དོ། །མཚན་མ་ཤིན་ཏུ་ཕྲ་མོ་རྣམས་ལ་མངོན་སུམ་དུ་སྤྱོད་པའི་མ་རིག་པ་དང་། མཚན་མ་མེད་པའི་ཡིད་ལ་བྱེད་པ་ལ་མངོན་པར་དགའ་བའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་བདུན་པ་ལ་སྒྲིབ་པར་བྱེད་དོ། །མཚན་མ་མེད་པར་སྒོམ་པ་ལ་མངོན་པར་རྩོལ་བའི་མ་རིག་པ་དང་། མཚན་མ་ལ་དབང་ཐོབ་པ་ལ་མངོན་པར་ཞེན་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་བརྒྱད་པ་ལ་སྒྲིབ་པར་བྱེད་དོ། །བསྟན་པར་བྱ་བའི་དོན་ཚད་མེད་པ་དང་། མིང་དང་ཚིག་དང་། ཡི་གེ་ཚད་མེད་པ་གཉིས་པོ་འདི་དག་ལ་མི་མཁས་པའི་མ་རིག་པ་དང་། ཚིག་གི་སྤོབས་པ་ཡིད་བཞིན་དུ་མ་གྱུར་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་དགུ་པ་ལ་སྒྲིབ་པར་བྱེད་དོ། །རྫུ་འཕྲུལ་ཆེན་པོ་སྟོན་པ་ལ་རང་དབང་མ་ཐོབ་པའི་མ་རིག་པ་དང་། ཤིན་ཏུ་ཕྲ་བའི་གསང་བའི་ལས་ཀྱི་དངོས་པོ་ཁོང་དུ་མ་ཆུད་པའི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་ས་བཅུ་པ་ལ་སྒྲིབ་པར་བྱེད་དོ། །སྤྱོད་ཡུལ་ཐམས་ཅད་ལ་ཤེས་བྱ་ཕྲ་མོས་བསྒྲིབས་པའི་མ་རིག་པ་དང་། ཉོན་མོངས་པ་ཤིན་ཏུ་ཕྲ་བའི་གནས་ངན་ལེན་གྱི་མ་རིག་པ་སྟེ། མ་རིག་པ་འདི་གཉིས་ཀྱིས་ནི་


DKG089_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ས་ལ་སྒྲིབ་པར་བྱེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་ས་དང་པོ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་གཉིས་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་གསུམ་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་བཞི་པ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་ལྔ་པ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་བདུན་པ་ལ་ཐབས་མཁས་པའི་ཡེ་ཤེས་མཆོག་གི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་བརྒྱད་པ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་དགུ་པ་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །ས་བཅུ་པ་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱེད་དོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སེམས་བསྐྱེད་པ་དང་པོས་རིན་ཆེན་མཆོག་གི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་གཉིས་པས་ཡིད་དུ་འོང་བའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་གསུམ་པས་ཤིན་ཏུ་བསྒུལ་བར་དཀའ་བའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་བཞི་པས་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་ལྔ་པས་རིན་པོ་ཆེའི་མེ་ཏོག་གི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་དྲུག་པས་ཉི་མའི་དཀྱིལ་འཁོར་འོད་ཟེར་འབར་བའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་བདུན་པས་སྨོན་ལམ་ཐམས་ཅད་ཡིད་བཞིན་དུ་མངོན་པར་གྲུབ་པའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་བརྒྱད་པས་མངོན་སུམ་དུ་གནས་པར་བྱེད་པའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་དགུ་པས་ཡེ་ཤེས་ཀྱི་སྙིང་པོའི་ཏིང་ངེ་འཛིན་ཡོངས་སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །སེམས་བསྐྱེད་པ་བཅུ་པས་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡོངས་


DKG089_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

སུ་སྡུད་ཅིང་སྐྱེད་པར་བྱེད་དོ། །རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་རྣམ་པ་བཅུ་ཞེས་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ས་དང་པོ་ལས་ཐོབ་པའི་གཟུངས་གང་ཡིན་པ་དེ་ནི་ཡོན་ཏན་ལ་གནས་པའི་སྟོབས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་བཀའ་སྩལ་པ། ཏདྱ་ཐཱ། པཱུརྞ་མ་ནོར་ཐེ། དོ་ཧོ་དོ་ཧོ། ཡཱ་བཏ་སཱུཪྱ། ཨ་བ་བྷཱ་ས་ཏཱ། ཡཱ་བད་ཙནྡྲེ་། དཽ་དནྟེ། ཏཱ་བད་རཀྵ་མཱན་དཎྜ་པ་རི་ཧཱ་རཾ་ཀུ་རུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་དང་པོའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་པ་ཡིན་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་ན་འདི་ལྟ་སྟེ། སྟག་དང་། སྤྱང་ཀི་དང་། སེང་གེ་དང་། གཅན་གཟན་མ་རུངས་པའི་རིགས་ཀྱི་རྣམ་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་། མི་མ་ཡིན་པ་ལ་སོགས་པས་ཕྱིར་རྒོལ་བ་དང་། གདོན་བགེགས་དང་། སྡུག་བསྔལ་གྱིས་འཚེ་བའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཞིང་སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ནས་ས་དང་པོ་མི་བརྗེད་ཅིང་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་གཉིས་པ་ལས་ཐོབ་པའི་གཟུངས་གང་ཡིན་པ་དེ་ནི་ཤིན་ཏུ་བདེ་བའི་གནས་ཞེས་བྱའོ། །ཏདྱ་ཐཱ། ཨུཏྟོ་ལི། ཙི་རི་ཙི་རི། ཨུཏྟོ་རཱ་ཏོ་རཱ་ཎཱ་མ། ཤཱནྟོ།ཤཱནྟོ། ཨུཏྟོ་ལི། ཧུ་ལུ་ཧུ་ལུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་སྔགས་འདི་ནི་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་གཉིས་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་པ་ཡིན་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་ན་གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པས་


DKG089_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྒོལ་བ་དང་། གདོན་བགེགས་དང་། སྡུག་བསྔལ་གྱིས་འཚེ་བའི་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་ཞིང་སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ནས་ས་གཉིས་པ་མི་བརྗེད་ཅིང་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་གསུམ་པ་ལས་ཐོབ་པའི་གཟུངས་གང་ཡིན་པ་དེ་ནི་ཤིན་ཏུ་རྒྱལ་བར་དཀའ་བའི་སྟོབས་ཞེས་བྱའོ། །ཏདྱ་ཐཱ། དནྠི་ཀེ། པནྠི་ཀེ། ཀ་ར་ཐཱ། ཀཽ་ར་ཐི། ཀེ་ཡཱུ་རེ། དནྟེ་ལེ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་གསུམ་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་པ་ཡིན་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་ན་གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པས་ཕྱིར་རྒོལ་བ་དང་། གདོན་བགེགས་དང་། སྡུག་བསྔལ་གྱིས་འཚེ་བའི་འཇིགས་པ་ལས་ཐར་བར་འགྱུར་ཞིང་སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ནས། ས་གསུམ་པ་མི་བརྗེད་ཅིང་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་བཞི་པ་ལས་ཐོབ་པའི་གཟུངས་གང་ཡིན་པ་དེ་ནི་རྒྱ་ཆེར་ཕན་འདོགས་པ་ཞེས་བྱའོ། །ཏདྱ་ཐཱ། ཤི་རི་ཤི་རི། དི་མ་དི་མ་ནི། དྷ་རི་དྷ་རི་ཎི། ཤི་རི་ཤི་རི་ཎི། བི་ཤ་ལཱ། བི་ཤ་ལཱ། བ་ཤ་བ་ཤ་ནི། བནྡྷ་ནི་ཡེ་སྭཱ་ཧཱ།རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་བཞི་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་པ་ཡིན་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་ཁ་ཏོན་དུ་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་ན་གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པས་ཕྱིར་རྒོལ་བ་དང་། གདོན་བགེགས་དང་། སྡུག་བསྔལ་གྱིས་འཚེ་བའི་འཇིགས་པ་རྣམས་ལས་ཐར་བར་འགྱུར་ཞིང་སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ནས་ས་བཞི་པ་མི་


DKG089_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བརྗེད་ཅིང་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་ལྔ་པ་ལས་འཐོབ་པའི་གཟུངས་གང་ཡིན་པ་དེ་ནི་ཡོན་ཏན་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཞེས་བྱའོ། །ཏདྱ་ཐཱ། ཧ་རི་ཧ་རི་ཎི། ཙི་རི་ཙི་རི་ཎི། རིམཱ་ཎི། སཾ་ཀ་རི་མཱ་ཎི། སཱ་མ་བཱ་ས་ནི། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། སྭ་ཡཾ་བྷུཀྐེ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་ལྔ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་ཁ་ཏོན་དུ་འདོན་ཅིང་འཛིན་པར་བྱེད་ན་འཇིགས་ཤིང་སྐྲག་པ་རྣམས་ལས་ཐར་བ་དང་། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་རྐུན་པོ་དང་། གློ་བུར་གྱི་གནོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་རྣམས་དང་། སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ཏེ་ས་ལྔ་པ་མི་བརྗེད་པར་དྲན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་དྲུག་པ་ལས། གཟུངས་ཐོབ་པའི་མིང་ཡོངས་སུ་རྒྱས་པའི་ཡེ་ཤེས་ཞེས་བྱའོ། །གཟུངས་ལ། ཏདྱ་ཐཱ། བི་ཏོ་རི། བི་ཏོ་རི། མ་རི་ཎི། ཀ་ལི་ཀ་ལི། བི་དྷོ་ཧནྟེ། ལུ་ལུ་ལུ་ལུ་ཙུ་ལུ་ཙུ་ལུ་ཏོ་ལཱུ་བ་ཏོ་ལཱུ་བ་ཤ་ཤ་ཤཙྪ། པ་རི་ཤ། སྭ་སྟི་སརྦ་སཏྭཱ་ནཱཾ།སིདྡྷྱ་ནཱུ་མ་མ་མནྟྲ། པ་ད་ནི་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་དྲུག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་འདོན་ཅིང་འཛིན་ན་འཇིགས་ཤིང་སྐྲག་པ་ལས་ཐར་བ་དང་། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་། རྐུན་པོ་དང་། བློ་བུར་གྱི་གནོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་རྣམས་དང་། སྒྲིབ་པ་ལྔ་


DKG089_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྣམ་པར་གྲོལ་ཏེ། ས་དྲུག་པ་མི་བརྗེད་པར་དྲན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་བདུན་པ་ལས་གཟུངས་ཐོབ་པའི་མིང་རྒྱལ་བའི་ཆོས་ཀྱི་སྤྱོད་པ་ཞེས་བྱ་སྟེ། གཟུངས་ལ། ཏདྱ་ཐཱ། ཛ་ཧ་ཛ་ཧ་རུ། ཛ་ཧ་ཛ་ཧ་ཛ་ཧ་རུ། བཻ་ལུ་ཀེ་བཻ་ལུ་ཀེ། ཨ་མྲྀ་ཏག་ཎི། པུ་རུ་ཥ་ཎི། བེ་རུ་ཏེ་ཀེ་པ་རུ་བཏྟ། བི་དྷེ་ཧེ་ཀེ། བིནྡ་བི་ལེ་ནི། ཨ་མྲྀ་ལུ་ཏེ་ཀི། བཻ་ཛུ་ཡུ་བཻ་ཛུ་ཡུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་བདུན་པའི་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་གཟུངས་སྔགས་འདི་འདོན་ཅིང་འཛིན་ན་འཇིགས་ཤིང་སྐྲག་པ་རྣམས་ལས་ཐར་བ་དང་། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་། རྐུན་པོ་དང་། གློ་བུར་གྱི་གནོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་གྱི་རྣམ་པ་དང་། སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ཏེ། ས་བདུན་པ་མི་བརྗེད་པར་དྲན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བརྒྱད་པ་ལས་གཟུངས་ཐོབ་པའི་མིང་ནི་མི་ཟད་པའི་མཛོད་ཅེས་བྱ་སྟེ། གཟུངས་ལ། ཏདྱ་ཐཱ། ཤི་རི་ཤི་རི་ཤི་རི་ཎི། མི་ཏེ་མི་ཏེ། ཀ་རི་ཀ་རི། ཧེ་རུ་ཧེ་རུ། ཙུ་རུ་ཙུ་རུ། བནྡྷ་ནི་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་བརྒྱདཔའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་འདོན་ཅིང་འཛིན་ན་འཇིགས་ཤིང་སྐྲག་པ་རྣམས་ལས་ཐར་བ་དང་། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་། རྐུན་པོ་དང་། གློ་བུར་གྱི་གནོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་དང་། སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ཏེ་ས་བརྒྱད་པ་མི་བརྗེད་པར་དྲན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་


DKG089_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སེམས་དཔའ་ཆེན་པོ་ས་དགུ་པ་ལས་གཟུངས་ཐོབ་པའི་མིང་དཔག་ཏུ་མེད་པའི་སྒོ་ཞེས་བྱ་སྟེ། གཟུངས་ལ། ཏདྱ་ཐཱ། ཧ་རི་ཙནྜལི་ཀེ། ཀུ་ལ་མ་བྷ་དྲི། ཏོ་ར་སི་པ་ཏ་པ་ཏ་སི། ཤི་རི་ཤི་རི་ག་ཤི་རི་ག་པི་ཤི་རི་སྭ་སྭསྟི། སརྦ་ས་ཏྭ་ནཾ་སྭ་ཧ། རིགས་ཀྱི་བུ་གཟུངས་འདི་ནི་གང་གའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་དགུ་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་འདོན་ཅིང་འཛིན་ན་འཇིགས་ཤིང་སྐྲག་པ་རྣམས་ལས་ཐར་བ་དང་། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་། རྐུན་པོ་དང་། གློ་བུར་གྱི་གནོད་པ་དང་། ཉོན་མོངས་པ་དང་། སྡུག་བསྔལ་བ་དང་། སྒྲིབ་པ་ལྔ་ལས་རྣམ་པར་གྲོལ་ཏེ་ས་དགུ་པ་མི་བརྗེད་པར་དྲན་ནོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ལ་གཟུངས་ཐོབ་པའི་མིང་རྡོ་རྗེའི་རི་འཇོམས་པ་ཞེས་བྱ་སྟེ། གཟུངས་ལ། ཏདྱ་ཐཱ། སིདྡྷེ་སུ་སིདྡྷེ། མོ་ཙ་ནི། མོ་ཀྵ་ནི། མུཀྟེ་བི་མུཀྟེ། ཨ་མ་ལེ་བི་མ་ལེ་ད་མ་ལེ། མཱངྒ་ལེ། ཧི་ར་ཎྱ་གརྦྷེ། རཏྣ་གརྦྷེ། ས་མནྟ་བྷ་དྲེ། སརྦ་ཨརྠ་སྭ་དྷ་ནི། མ་ན་སེ། མ་ཧཱ་མ་ན་སེ་ཨད་བྷུ་ཏེ།ཨ་ཏྱད་བྷུ་ཏེ་ཨ་ར་ཛེ། བི་ར་ཛེ་ཨ་ཙ་ཏེ་ཨ་མྲྀ་ཏེ་ཨ་ར་ཛེ་བི་ར་ཛེ་པྲདྨེ་པྲཧྨ་སྭ་རེ་པཱུ་ར་ཎི་པཱུ་ར་ཎི་མ་ནོ་ར་ཐེ་སྭཱ་ཧཱ།རིགས་ཀྱི་བུ་གཟུངས་འདི་ནི་དབང་བསྐུར་བའི་བཀྲ་ཤིས་ཀྱི་ཚིག་སྟེ། འདི་ནི་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་གྲངས་ལས་འདས་པའི་སངས་རྒྱས་རྣམས་ཀྱིས་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡོངས་སུ་བསྲུང་བའི་ཕྱིར་གསུངས་ཏེ། གང་ལ་ལ་ཞིག་གིས་གཟུངས་སྔགས་འདི་འདོན་ཅིང་འཛིན་ན་འཇིགས་ཤིང་སྐྲག་པ་ལས་གྲོལ་ཏེ། གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་དགྲ་དང་། རྐུན་པོ་དང་། གློ་བུར་གྱི་གནོད་པ་དང་། གདུག་ཅིང་གནོད་པ་ཐམས་ཅད་བསལ་ཅིང་ཟད་ནས་སྒྲིབ་པ་ལྔ་ལས་གྲོལ་ཏེ་ས་བཅུ་པ་མི་བརྗེད་པར་དྲན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེང་གེའི་མཚན་ཉིད་འོད་


DKG089_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་བས་སངས་རྒྱས་ཀྱིས་བསམ་གྱིས་མི་ཁྱབ་པའི་གཟུངས་བཤད་པ་འདི་ཐོས་ནས་འདུག་པའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་གུས་པར་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ་ཚིགས་སུ་བཅད་པ་འདིས་སངས་རྒྱས་ལ་བསྟོད་དོ། །དཔེ་མེད་དེ་ལ་གུས་ཕྱག་འཚལ། །ཤིན་ཏུ་ཟབ་པའི་མཚན་ཉིད་ཆོས། །སྐྱེ་བོ་ཡང་དག་ཤེས་སྟོར་བ། །སངས་རྒྱས་ཉག་གཅིག་འདྲེན་ཅིང་སྒྲོལ། །དེ་བཞིན་གཤེགས་པ་ཤེས་རབ་སྤྱན། །ཆོས་ཀྱི་མཚན་ཉིད་གཅིག་མི་གཟིགས། །ཡང་དག་ཆོས་ཀྱི་སྤྱན་གྱིས་ནི། །ཡོངས་སུ་བརྟགས་པ་བསམ་མི་ཁྱབ། །ཆོས་གཅིག་ཀྱང་ནི་སྐྱེ་བ་མེད། །ཆོས་གཅིག་ཀྱང་ནི་འགོག་པ་མེད། །དེ་ལྟར་མཉམ་པར་གཟིགས་པས་ན། །བླ་ན་མེད་པའི་གནས་སུ་སོན། །འཁོར་བ་དག་ཀྱང་མི་འཇིགས་ཏེ། །མྱ་ངན་འདས་ལ་ཡང་མི་གནས། །མཐའ་གཉིས་ལ་ཡང་མི་ཆགས་པས། །དེ་ཕྱིར་མྱ་ངན་འདས་པ་ཐོབ། །དག་དང་མ་དག་ཕྱོགས་ལ་ཡང་། །བཅོམ་ལྡན་འདས་ཀྱིས་རོ་གཅིག་མཁྱེན། །རྣམ་པར་མི་རྟོག་དབྱིངས་ཀྱིས་ནི། ། མཆོག་ཏུ་རྣམ་དག་ཐོབ་པར་འགྱུར། །བཅོམ་ལྡན་འདས་ནི་མཐའ་མེད་སྐུ། །ཡི་གེ་འབྲུ་གཅིག་མ་བཤད་ཀྱང་། །སློབ་མ་མང་པོ་རྣམས་དག་ལ། །ཆོས་ཀྱི་ཆར་གྱིས་རྒྱས་པར་མཛད། །སྐྱེ་བོ་མཚན་མ་སངས་རྒྱས་གཟིགས། །སྣ་ཚོགས་ཐམས་ཅད་ཀུན་ཀྱང་མཁྱེན། །འོན་ཀྱང་སྡུག་བསྔལ་དེ་དག་ལ། །རྟག་པར་འདྲེན་ཅིང་སྐྱོབ་པར་མཛད། །སྐྱིད་སྡུག་རྟག་དང་མི་རྟག་དང་། །བདག་ཡོད་བདག་མེད་ལ་སོགས་པ། །གཅིག་དང་ཐ་དད་མ་ཡིན་ཏེ། །མི་སྐྱེ་འགོག་པའང་མ་ཡིན་ནོ། །དེ་ལ་སོགས་པའི་གཞུང་མང་པོ། །བཤད་པའི་ཕྱིར་ནི་རྣམ་པ་ཡོད། །དཔེ་རུ་ལུང་སྟོང་བྲག་ཅ་འདྲ། །སངས་རྒྱས་ཉག་གཅིག་མངོན་པར་མཁྱེན། །ཆོས་ཀྱི་དབྱིངས་ལ་བྱེ་བྲག་མེད། །དེ་ཕྱིར་ཐེག་པ་ཐ་དད་མེད། །སྐྱེ་བོ་དག་ནི་བསྒྲལ་བའི་ཕྱིར། །བསྟན་པ་རྣམ་པ་གསུམ་ཡང་ཡོད། །


DKG089_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོ་འདུག་པའི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་གུས་པར་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་དཀོན་ཞིང་དཔག་ཏུ་མེད་པ་འདི་ཐོག་མ་དང་བར་མ་དང་ཐ་མར་དགེ་གཞུང་དང་ཚིག་འབྲུ་བཟང་པོ་སངས་རྒྱས་ཀྱི་ཆོས་ཐམས་ཅད་གྲུབ་པར་ནུས་པ་འདི་འཛིན་ཅིང་འཆང་བའི་མི་ནི་སངས་རྒྱས་ཐམས་ཅད་ལ་ལན་གློན་པ་ཞེས་བགྱིའོ། །སངས་རྒྱས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཁྱེད་ཀྱིས་སྨྲས་པ་བཞིན་ཏེ། རིགས་ཀྱི་བུ་མདོ་སྡེ་འདི་མཉན་ཅིང་ཐོས་པ་ནི་ཀུན་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་མདོ་སྡེ་འདིས་ནི་ཕྱིར་མི་ལྡོག་པའི་སའི་བྱང་ཆུབ་སེམས་དཔའ་མཆོག་གི་དགེ་བའི་རྩ་བ་སྨིན་ཅིང་གྲུབ་པར་ནུས་སོ། །འདི་ནི་མཆོག་གི་ཆོས་ཀྱི་ཕྱག་རྒྱའོ། །འདི་ནི་མདོ་སྡེ་ཐམས་ཅད་ཀྱི་རྒྱལ་པོ་སྟེ། མཉན་ཅིང་ཐོས་པ་དང་། འཆང་ཞིང་འཛིན་པ་དང་། ཀློག་ཅིང་འདོན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་སྐྱེ་བོ་རྣམས་དགེ་བའི་རྩ་བ་མ་སྐྱེད་པ། དགེ་བའི་རྩ་བ་མ་སྨིན་པ། སངས་རྒྱས་རྣམས་ལ་མ་བསྙེན་པས་ནི་མཆོག་གི་མདོ་སྡེ་འདི་མཉན་ཅིང་ཐོས་པར་མི་ནུས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་ཉན་ཅིང་འཆང་ན་སྡིག་པ་མི་དགེ་བའི་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་ཟད་ནས་མཆོག་ཏུ་རྣམ་པར་དག་ཅིང་རྟག་པར་སངས་རྒྱས་མཐོང་ནས་སངས་རྒྱས་རྣམས་དང་། དགེ་བའི་བཤེས་གཉེན་མཆོག་ཏུ་སྤྱོད་པའི་མིང་དང་མི་འབྲལ་ཞིང་རྟག་པར་དམ་པའི་ཆོས་ཐོས་ནས་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། མཆོག་གི་གཟུངས་ཀྱི་སྒོ་མི་ཟད་མི་འགྲིབ་པར་ཐོབ་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱ་མཚོའི་ཕྱག་རྒྱ་མཆོག་གི་ཡོན་ཏན་འབྱུང་བའི་


DKG089_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་མི་ཟད་མི་འགྲིབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཡིད་དང་། སྤྱོད་པ་དང་། ཚིག་ལ་ཐོགས་པ་མེད་པའི་གཟུངས་མི་ཟད་མི་འགྲིབ་པ་དང་། ཉི་མའི་དཀྱིལ་འཁོར་དྲི་མ་མེད་པ་མཚན་ཉིད་ཀྱི་འོད་ཀྱི་གཟུངས་མི་ཟད་མི་འགྲིབ་པ་དང་། ཟླ་བ་རྒྱས་པའི་མཚན་ཉིད་འོད་ཀྱི་གཟུངས་མི་ཟད་མི་འགྲིབ་པ་དང་། སླད་པ་ཐམས་ཅད་ཐུལ་ནས་ཡོན་ཏན་འཕེལ་བའི་གཟུངས་མི་ཟད་མི་འགྲིབ་པ་དང་། རྡོ་རྗེའི་རི་བསྙིལ་བའི་གཟུངས་མི་ཟད་མི་འགྲིབ་པ་དང་། བཤད་དུ་མི་རུང་བ་རྒྱུ་རྐྱེན་གྱི་སྙིང་པོ་བཤད་མི་ནུས་པ་འཆང་བའི་གཟུངས་མི་ཟད་མི་འགྲིབ་པ་དང་། བདེན་པར་སྨྲ་བའི་ཆོས་ལ་ཐོགས་པ་མེད་པའི་སྒྲའི་གཟུངས་མི་ཟད་མི་འགྲིབ་པ་དང་། ནམ་མཁའ་དྲི་མ་མེད་པའི་སེམས་དང་། སྤྱོད་པའི་ཕྱག་རྒྱའི་གཟུངས་མི་ཟད་མི་འགྲིབ་པ་དང་། མཐའ་མེད་པའི་སངས་རྒྱས་ཀྱི་སྐུ་ཐམས་ཅད་མངོན་དུ་སྣང་བའི་གཟུངས་མི་ཟད་མི་འགྲིབ་པ་དང་། རིགས་ཀྱི་བུ་འདི་ལ་སོགས་ཏེ་མི་ཟད་མི་འགྲིབ་པའི་གཟུངས་ཐམས་ཅད་ཀྱི་ཚད་ཀྱི་སྒོ་གྲུབ་ཅིང་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུར་སྤྲུལ་ནས་བླ་ན་མེད་པ་དམ་པའི་ཆོས་འཆད་དོ། །ཆོས་ཀྱི་དེ་བཞིན་ཉིད་ནི་མི་གཡོ་མི་གནས་མི་འགྲོ་མི་འོང་བའི་ཕྱིར་རོ། །སྐྱེ་བོ་ཐམས་ཅད་ཀྱི་དགེ་བའི་རྩ་བ་གྲུབ་ཅིང་སྨིན་པར་བྱས་ཀྱང་སྐྱེ་བོ་གཅིག་སྨིན་པར་ཡང་མི་མཐོང་ངོ་། །ཆོས་སྣ་ཚོགས་འཆད་མོད་ཀྱི་ཚིག་འབྲུ་ལ་མི་གཡོ་མི་གནས་མི་འགྲོ་མི་འོང་ངོ་། །སྐྱེ་ཞིང་འགོག་པ་སྟོན་ཀྱང་སྐྱེ་ཤིང་འགོག་པ་མེད་པར་ཁོང་དུ་ཆུད་དོ། །ཅིའི་རྒྱུས་ན་འདུ་བྱེད་ཀྱི་ཆོས་རྣམས་ལ་འགྲོ་བ་དང་འོང་བ་མེད་ཅེ་ན། ཆོས་སོ་ཅོག་གི་ངོ་བོ་ཉིད་ཐ་དད་པ་མེད་པའི་ཕྱིར་རོ། །ཆོས་འདི་འཆད་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འབུམ་ཕྲག་སུམ་ཁྲི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དཔག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ནུར་བ་ཐོབ་བོ། །དཔག་ཏུ་མེད་མཐའ་མེད་པའི་དགེ་སློང་དང་དགེ་སློང་མ་ཆོས་ལ་


DKG089_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་མིག་གཙང་མ་ཐོབ་བོ། །དཔག་ཏུ་མེད་པའི་སྐྱེ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །རྒྱལ་པོའི་ཆོས་ཀྱིས་འཁོར་ཀུན་བཟློག །ཟབ་ཅིང་ཡངས་མཆོག་མཐོང་བར་དཀའ། །སྐྱེ་བོ་དམུས་ལོང་འདོད་པས་ཁེབས། །མི་མཐོང་ཕྱིར་ནི་སྡུག་བསྔལ་ལེན། །དེ་ནས་ཕལ་མང་པོ་ལྷན་ཅིག་ཏུ་འདུག་པ་ལངས་ཏེ་སངས་རྒྱས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་སངས་རྒྱས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གནས་གང་ན་གསེར་འོད་དམ་པ་མདོ་སྡེའི་རྒྱལ་པོ་འདི་འཆང་བ་དང་། ཀློག་ཅིང་ཁ་ཏོན་དུ་བགྱིད་པ་དེར་བདག་ཅག་ལ་སོགས་པ་ཕལ་མང་པོ་རྣམས་ཐམས་ཅད་དེར་མཆིས་ཏེ་ཉན་པའི་འཁོར་བགྱིའོ། །ཆོས་འཆད་པའི་མཁན་པོ་དེ་ལ་ཕན་པ་དང་། བདེ་ཞིང་སྐྱིད་པ་དང་། བསྒྲིབས་པ་མེད་པ་དང་། ལུས་དང་ཡིད་བག་ཡངས་སུ་བགྱིའོ། །བདག་ཅག་ལ་སོགས་པས་སེམས་ཐག་པ་ནས་མཆོད་ཅིང་ཡང་ཕལ་མང་པོ་ཉན་པ་དེ་དག་བདེ་ཞིང་སྐྱིད་པར་བགྱིའོ། །ག་ལ་གནས་པའི་ཡུལ་དེ་ན་དགྲ་དང་། འཇིགས་ཤིང་སྐྲག་པ་དང་། གནོད་པ་དང་། མུ་གེ་དང་། ཉོན་མོངས་པ་མ་མཆིས་པར་བགྱིའོ། །ཡུལ་གྱི་མི་དར་ཞིང་རྒྱས་པར་བགྱིའོ། །ཆོས་འདི་བཤད་པའི་གནས་ཀྱི་དཀྱིལ་འཁོར་གྱིས་དེར་ལྷ་དང་། མི་མ་ཡིན་པ་དང་། སྐྱེ་བོ་རྣམས་ཀྱིས་མི་རྫི། མི་འཆག །མི་གཙང་བ་ལ་སོགས་པས་མི་བསྒོའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་འཆད་པའི་གནས་དེ་མཆོད་རྟེན་ཉིད་ལགས་པས་ན་བདུག་པ་དང་། མེ་ཏོག་དང་བ་དན་དང་། གདུགས་ཀྱིས་མཆོད་པར་བགྱིའོ། །བདག་ཅག་ལ་སོགས་པས་རྟག་པར་བསྲུངས་ནས་རྒུད་ཅིང་དམས་པ་ལས་བྲལ་བར་བགྱིའོ། །སངས་རྒྱས་ཀྱིས་ཕལ་མང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱེད་ལ་སོགས་པས་མདོ་སྡེ་མཆོག་འདི་ལ་བརྩོན་པར་བསྒོམས་ན་དེ་ནི་དམ་པའི་ཆོས་འཇིག་རྟེན་ན་ཡུན་དུ་བཞུགས་པ་ཞེས་བྱའོ། །གསེར་འོད་དམ་པ་མཆོག་


DKG089_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་ཤིན་ཏུ་རྣམ་པར་དག་པའི་གཟུངས་ཀྱི་ལེའུ་སྟེ་དྲུག་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་ལྔ་པ། དེ་ནས་སངས་རྒྱས་ཀྱིས་བྱང་ཆུབ་ཤིང་གི་ལྷ་དགེ་བའི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ད་ཁྱོད་ཀྱིས་ཤེས་པར་གྱིས་ཤིག །བཟང་པོ་དཔལ་བྱང་ཆུབ་སེམས་དཔའི་མཚན་མོའི་རྨི་ལམ་དུ་གསེར་གྱི་རྔ་ལས་སྒྲ་ཆེན་པོ་བྱུང་སྟེ། སངས་རྒྱས་ཀྱི་ཡོན་ཏན་བསྟོད་པ་དང་། འགྱོད་ཚངས་ཀྱི་ཆོས་མཐོང་བ་དེའི་རྒྱུ་ཁྱེད་ལ་སོགས་པ་ལ་རྒྱ་ཆེར་བཤད་པ་འདི་ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་། འདས་པའི་ཚེ་རྒྱལ་པོ་གསེར་ཀླུའི་དབང་པོ་ཞེས་བྱ་བས་རྟག་པར་པདྨོ་ཀ་མ་ལ་ལྟ་བུས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ལ་བསྟོད་ཅིང་བསྔགས་སོ། །དེ་ནས་ཕལ་མང་པོ་ལ་བསྟོད་པའི་ཚིགས་སུ་བཅད་པ་འདི་གསུངས་སོ། །གང་རྒྱལ་སྔ་མ་གང་དག་བྱུང་བ་དང་། །ཕྱོགས་བཅུ་དག་ན་གང་དག་བཞུགས་པ་དང་། །རྒྱལ་བ་དེ་དག་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་ཀུན་ལ་བདག་བསྟོད་དོ། །ཐུབ་དབང་ཞི་བ་རབ་ཞི་རྣམ་པར་དག །ཁ་དོག་གསེར་དང་འདྲ་བར་སྣང་བའི་སྐུ། །སངས་རྒྱས་དབྱངས་ནི་དབྱངས་ཀུན་ནང་ན་སྙན། །ཚངས་པའི་སྒྲ་སྐད་ཤིན་ཏུ་བསྒྲགས་པའི་གསུང་། །རྐང་དྲུག་རྨ་བྱ་སྣག་ཚ་འདྲ་བའི་དབུ། །སྔོན་པོ་རབ་བསྐུམས་བྱ་དང་འདྲ་བར་མཛེས། །དུང་དང་ཁ་བ་ལྟ་བུར་དཀར་བའི་ཚེམས། །གསེར་གྱིས་སྤྲས་པ་ལྟ་བུར་རྟག་ཏུ་སྣང་། །སྡོ་ཞིང་ཡངས་ལ་ཤིན་ཏུ་དྲི་མེད་སྤྱན། །མེ་ཏོག་ཨུཏྤལ་སྔོན་པོ་ཁ་འབུས་འདྲ། །ལྗགས་ཀྱི་ཁ་དོག་བཟང་ཡངས་པདྨ་འདྲ། །པདྨ་སྐྱེས་པར་སྣང་བའི་པདྨོ་འདྲ། །སྨིན་མཚམས་དུང་དང་པདྨའི་རྩ་བ་འདྲ། ། གཡས་ཕྱོགས་འཁྱིལ་པ་ཁ་དོག་བཻ་ཌཱུཪྱ། །ཟླ་བ་ཚེས་ཤིང་ཟླ་བ་ཕྲ་བ་འདྲ། །ཐུབ་པ་མགོན་སྐུ་འབར་བ་བུང་བ་འདྲ། །འཇམ་བཟངས་གསེར་གྱི་ཐུར་མ་འདྲ་བ་ཡི། །ཞལ་ལས་འཕགས་ཞིང་ལྷམ་མེར་གྱུར་པའི་ཤངས། །རབ་མཆོག་དམ་པ་འཕགས་པ་རི་ཡི་


DKG089_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག །རྒྱལ་བ་ཀུན་གྱི་རྟག་ཏུ་འཇམ་པའོ། །བ་སྤུའི་ཁུང་ནས་རེ་རེ་འབྱུང་བ་སྟེ། །སྤུ་བྱུང་བ་ནི་གཡས་ཕྱོགས་སུ་འཁྱིལ་བ། །སྔོན་པོ་ཟླུམ་པོ་ལྟ་བུར་སྐྱེས་པའོ། །སྔོན་པོ་བརྒྱན་པ་རྨ་བྱའི་མགུལ་ལྟར་མཛེས། །སྐྱེས་མ་ཐག་ཏུ་རབ་ཏུ་སྣང་བའི་སྐུ། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་གང་བར་འགྱུར། །འཇིག་རྟེན་གསུམ་ན་སྡུག་བསྔལ་ཐམས་ཅད་ཞི། །བདེ་བ་ཀུན་གྱིས་སེམས་ཅན་ངོམས་པར་མཛད། །སེམས་ཅན་དམྱལ་དང་བྱོལ་སོང་འགྲོ་བ་དང་། །ཡི་དགས་ལྷ་གནས་མི་ཡི་འགྲོ་བ་དང་། ། སེམས་ཅན་བདེ་བ་ཀུན་གྱིས་ཚོགས་པར་མཛད། །ངན་སོང་འགྲོ་བ་ཐམས་ཅད་རབ་ཞི་མཛད། །ཁ་དོག་བཟང་པོ་གསེར་དང་འདྲ་བའི་མཛེས། །ཤིན་ཏུ་སྦྱངས་པའི་གསེར་དང་འདྲ་བའི་སྐུ། །བདེ་གཤེགས་ཞལ་ནི་དྲི་མེད་ཟླ་བ་འདྲ། །མཛེས་པར་གྱུར་ཅིང་ཤིན་ཏུ་དྲི་མེད་ཞལ། །ཡན་ལག་གཞོན་པར་གྱུར་ཅིང་འཇམ་པའི་སྐུ། །འགྲོ་ཞིང་གནོན་པའི་སེང་གེའི་མཆོག་དང་འདྲ། །ཕྱག་ཕྱང་དབང་བ་རབ་ཏུ་འཕྱང་བར་གྱུར། །རླུང་གིས་སཱ་ལའི་ལྕུག་མ་བསྐྱོད་པ་བཞིན། །འདོམ་གང་འཁོར་བར་འབར་བའི་འོད་ཟེར་གཏོང་། །ཉི་མ་སྟོང་དང་འདྲ་བར་ཤིན་ཏུ་ལྷན། ། ཐུབ་པའི་དབང་པོ་དྲི་མ་མེད་པའི་སྐུ། །ཐམས་ཅད་མཐའ་ཡས་ཞིང་ཀུན་སྣང་བར་གྱུར། །ཟླ་བ་ལྟ་བུར་སྣང་བྱེད་འདྲ་བར་གྱུར། །ཞིང་རྣམས་མཐའ་ཡས་བརྒྱ་ཕྲག་སྟོང་ཀུན་ཏུ། །དེ་དག་འོད་ནི་ཐམས་ཅད་མེད་པར་གྱུར། །སངས་རྒྱས་ལྷམ་མེར་སྣང་བར་གྱུར་པའི་ཕྱིར། །སངས་རྒྱས་ཉིད་བྱེད་འཇིག་རྟེན་སྒྲོན་མར་གྱུར། །སངས་རྒྱས་ཉིན་མོ་ཉི་མ་བརྒྱ་སྟོང་གིས། །བརྒྱ་ཕྲག་སྟོང་གི་ཞིང་རྣམས་ཀུན་ཏུ་ཡང་། །དེ་བཞིན་གཤེགས་པའི་ཉི་མ་སེམས་ཅན་མཐོང་། །བསོད་ནམས་བརྒྱ་ཕྲག་སྟོང་གིས་བསྒྲུབས་པའི་སྐུ། །ཡོན་ཏན་ཐམས་ཅད་ཀྱིས་ནི་བརྒྱན་པའི་སྐུ། །རྒྱལ་ཕྱག་བལ་གླང་རྒྱལ་པོའི་སྣ་དང་འདྲ། །རབ་འབར་ཤིན་ཏུ་དྲི་མེད་རྐང་ལག་མཆོག །ས་ཡི་སྟེང་གི་རྡུལ་དང་མཉམ་པ་དང་། །སངས་རྒྱས་གང་འདས་རྡུལ་ཕྲན་མཉམ་པ་


DKG089_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གང་དག་འབྱུང་བ་རྡུལ་ཕྲན་མཉམ་པ་དང་། །གང་དག་བཞུགས་པ་རྡུལ་ཕྲན་མཉམ་པ་དང་། །རྒྱལ་བ་དེ་དག་རྣམས་ལ་ཕྱག་འཚལ་བ། །ལུས་དང་ངག་དང་ཡིད་ནི་དང་བས་སོ། །མེ་ཏོག་རབ་ཏུ་སྦྱིན་དང་དྲི་རབ་སྦྱིན། །ཁ་དོག་བརྒྱ་ཡང་ཤིན་ཏུ་སེམས་བཟང་གིས། །བདག་གི་ལྕེ་བརྒྱས་སངས་རྒྱས་ཡོན་ཏན་རྣམས། །བསྐལ་པ་སྟོང་དུ་བརྗོད་པར་མི་ནུས་སོ། །རྒྱལ་བ་དག་གི་དགེ་བ་གང་རྫོགས་པ། །སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་དག །རྒྱལ་བ་གཅིག་གི་ཡོན་ཏན་བརྗོད་མི་ནུས། ། ལྕེ་སྟོང་གིས་ཀྱང་ཆུང་ཟད་བཤད་པར་ནི། །རྒྱལ་བ་ཀུན་གྱི་ནུས་པ་ཅི་ཞིག་སྨོན། །ཡོན་ཏན་གཅིག་ལ་རྒྱ་ཆེར་བཤད་པ་ཡང་། །ལྷ་དང་འཇིག་རྟེན་ཐམས་ཅད་རྒྱ་མཚོར་གྱུར། །སྲིད་པའི་ཐོག་མ་མན་ཆད་ཀུན་ཆུ་གང་། །ཚད་གཟུང་བར་ནི་བ་སྤུའི་རྩེ་མོས་ནུས། ། བདེ་བར་གཤེགས་པའི་ཡོན་ཏན་གཅིག་མི་ནུས། །བཤད་པ་མཆོད་པ་བསྟོད་པ་ཐམས་ཅད་ཀྱང་། །ལུས་དང་ངག་ཡིད་དག་ནི་དང་བ་སྟེ། །བདག་གིས་བསོད་ནམས་འབྲས་བུ་མཆོག་གང་བསགས། །དེ་ཡིས་སེམས་ཅན་རྒྱལ་བ་ཐོབ་པར་ཤོག །རྒྱལ་པོས་སངས་རྒྱས་དེ་ལྟར་བསྟོད་ནས་སུ། །རྒྱལ་པོ་སྨོན་ལམ་འདི་ལྟར་འདེབས་པར་བྱེད། །ག་ལ་ག་ལར་བདག་སྐྱེས་གྱུར་པ་ན། །མ་འོངས་པ་ཡི་བསྐལ་པ་མཐའ་མེད་པར། །རྔ་འདི་འདྲ་བའི་རྨི་ལམ་མཐོང་བར་ཤོག །བཤགས་པ་འདི་འདྲ་དེར་ནི་ཐོས་པར་ཤོག །རྒྱལ་བསྟོད་པདྨའི་འབྱུང་གནས་འདི་དང་འདྲ། །སྐྱེ་བ་བརྒྱར་ཡང་དེ་ན་ཐོབ་པར་ཤོག །སངས་རྒྱས་ཡོན་ཏན་མཐའ་ཡས་མཉམ་པ་མེད། །གང་དེ་བསྐལ་པ་སྟོང་དུ་དཀོན་པ་སྟེ། །དེ་དག་རྨི་ལམ་དུ་ཡང་ཐོས་པར་ཤོག །དེ་དག་ཉིན་མོར་གྱུར་ན་བཤད་པར་བྱ། །སྡུག་བསྔལ་རྒྱ་མཚོ་ལས་ནི་སེམས་ཅན་དགྲོལ། །ཕ་རོལ་ཕྱིན་པ་དྲུག་ནི་རྫོགས་པར་བྱ། །བྱང་ཆུབ་བླ་མེད་ཕྱི་ནས་ཐོབ་པར་ཤོག །དགྲ་མེད་ཞིང་ནི་བདག་གིས་ཐོབ་པར་ཤོག །རྔ་རབ་བྱིན་པའི་རྣམ་སྨིན་འབྲས་བུ་དང་། །


DKG089_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་ཐམས་ཅད་བསྟོད་པའི་རྒྱུ་ཡི་ཕྱིར། །ཤཱཀྱ་ཐུབ་པའི་དབང་པོ་མངོན་མཐོང་ཤོག །བདག་གིས་ལུང་བསྟན་པ་ཡང་དེར་ཐོབ་ཤོག །གང་འདི་བདག་གི་བུ་ཕོ་གཉིས་པོ་དག །གསེར་གྱི་དཔུང་པའི་དབང་དང་གསེར་གྱི་འོད། །ཁྱེའུ་འདི་གཉིས་ཀྱང་དེ་ནས་ཐོབ་པར་ཤོག །བྱང་ཆུབ་བླ་ན་མེད་པའི་ལུང་བསྟན་ཀྱང་། །སེམས་ཅན་གང་དག་སྐྱབས་དང་དཔུང་གཉེན་མེད། །མགོན་མེད་སྡུག་བསྔལ་སོང་བར་གྱུར་པ་དག །མ་འོངས་བསྐལ་པ་ཀུན་ཏུ་དེ་དག་ལ། །མགོན་དང་སྐྱབས་དང་དཔུང་གཉེན་གྱུར་པར་ཤོག །སྡུག་བསྔལ་འབྱུང་བ་ཟད་པར་བྱེད་པ་དང་། །བདེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག །མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པ་ནི། །དེ་དག་ཇི་ཙམ་ཐོག་མའི་མཐའ་ཡོད་པར། །གསེར་འོད་དམ་པར་བཤགས་པ་བྱས་པས་ན། །བདག་གི་སྡིག་པའི་རྒྱ་མཚོ་སྐེམས་པར་ཤོག །བདག་གི་རྒྱ་མཚོ་ལས་ནི་བྱང་བར་ཤོག །བདག་གི་བསོད་ནམས་རྒྱ་མཚོ་རྫོགས་པར་ཤོག །བདག་གི་ཡེ་ཤེས་རྒྱ་མཚོ་རྣམ་དག་ཤོག །ཡེ་ཤེས་དྲི་མ་མེད་པའི་འོད་རབ་ཀྱིས། །ཡོན་ཏན་ཀུན་གྱི་རྒྱ་མཚོར་འགྱུར་བར་ཤོག །བྱང་ཆུབ་ཡོན་ཏན་རིན་ཆེན་རྫོགས་པར་ཤོག །གསེར་འོད་བཤགས་པ་བྱས་པའི་སྟོབས་ཀྱིས་སུ། །བདག་གི་བསོད་ནམས་འོད་ནི་ཐོབ་པར་ཤོག །བདག་གི་བྱང་ཆུབ་རྣམ་དག་འདི་ཐོབ་ཤོག །དྲི་མེད་ཡེ་ཤེས་སྣང་བ་དམ་པ་ཡི། །བདག་གི་ལུས་ཀྱི་འོད་ནི་ཐོབ་པར་ཤོག །བསོད་ནམས་འོད་ནི་ལྷམ་མེར་གྱུར་པས་ན། །འཇིག་རྟེན་གསུམ་པོ་ཀུན་གྱི་གཙོ་བོར་ཤོག །བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག །སྡུག་བསྔལ་རྒྱ་མཚོ་ལས་ནི་སྒྲོལ་བ་དང་། ། བདེ་བ་ཐམས་ཅད་རྒྱ་མཚོ་འདྲ་བ་དང་། །མ་འོངས་བསྐལ་པར་བྱང་ཆུབ་སྤྱོད་པར་ཤོག །ཇི་ཙམ་ཐོག་མའི་མཐར་ནི་གྱུར་པ་དང་། །འཇིག་རྟེན་གསུམ་ན་ཞིང་མཆོག་ཅི་འདྲ་བ། །རྒྱལ་བ་ཀུན་གྱི་ཡོན་ཏན་མཐའ་ཡས་ལྡན། །ཡོན་ཏན་མཐའ་ཡས་པ་


DKG089_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཞིང་དེ་འདྲ། །བདག་གིས་མ་འོངས་དུས་ན་ཐོབ་པར་ཤོག །བཟང་དཔལ་ཁྱོད་ཀྱིས་ཤེས་པར་གྱིས། །གསེར་དཔུང་དབང་པོ་ཡུལ་རྒྱལ་པོས། །སྨོན་ལམ་འདི་འདྲ་བསྐྱེད་མྱོང་བ། །དེ་ནི་ཁྱོད་ཀྱི་ལུས་ཉིད་ཡིན། །སྔོན་གྱི་དུས་ན་བུ་གཉིས་ཡོད། ། གསེར་གྱི་དཔུང་དང་གསེར་གྱི་འོད། །དེ་ནི་དངུལ་གཟུགས་དངུལ་འོད་དེ། །ང་ལས་ལུང་བསྟན་ཐོབ་པའོ། །ཕལ་མང་པོས་བཤད་པ་དེ་ཐོས་ནས་ཀུན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། ད་ལྟར་དང་མ་འོངས་པའི་དུས་ན་ཡང་འགྱོད་ཚངས་འདི་སྤྱོད་སྨོན་ལམ་བཏབ། གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་པདྨ་ལྟ་བུའི་དཔེས་བསྔགས་པ་བརྗོད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་འཁོར་མང་པོའི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་གནས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གསེར་རྒྱལ་བ་ཞེས་བྱ་བའི་གཟུངས་ཡོད་དོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་མངོན་སུམ་དུ་མཐོང་ཞིང་བཀུར་སྟི་དང་མཆོད་པ་བྱེད་པར་འདོད་པས་གཟུངས་འདི་ཡོངས་སུ་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་འདི་ནི་འདས་པ་དང་མ་བྱོན་པ་དང་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་པས་སོ། །དེ་ལྟ་བས་ན་གཟུངས་འདི་ཡོངས་སུ་འཛིན་པར་བྱེད་པ་གང་ཡིན་པ་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་ཞིང་འདས་པའི་སངས་རྒྱས་ཚད་མེད་པ་རྣམས་ལས་དགེ་བའི་རྩ་བ་བསྐྱེད་པ་དེང་ཡོངས་སུ་འཛིན་པར་འགྱུར་བ་ཡིན་ནོ། །ཚུལ་ཁྲིམས་ཡོངས་སུ་དག་པ་མི་ཞིག་མི་ཉམས་ཤིང་ཐོགས་པ་མེད་པ་དང་གདོན་མི་ཟ་བར་ཆོས་ཟབ་མོའི་སློར་འཇུག་པར་འགྱུར་བ་རིག་པར་བྱའོ། །བཅོམ་ལྡན་འདས་ཀྱིས་སྔགས་ཀྱི་སྒྲུབ་པའི་ཆོ་ག་བཀའ་སྩལ་པ། སྔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་དེ། སེམས་རྩེ་གཅིག་ཏུ་གུས་པས་ཕྱག་བྱས་ནས། དེའི་འོག་ཏུ་སྔགས་


DKG089_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ཉན་ཐོས་དང་རང་སངས་རྒྱས་དང་འཕགས་པ་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་ཏོག་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་ལྷའི་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཡངས་པའི་ཡོན་ཏན་མང་པོ་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་ཡོན་ཏན་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་བརྩེགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་པར་རྒྱལ་བའི་པདྨ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཉམ་པར་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་མེད་པའི་འོད་ཟེར་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་རབ་དགོངས་ལ་ཕྱག་འཚལ་ལོ། །སངས་རྒྱས་རྣམ་དག་ཟླ་བའི་འོད་ཟེར་མཚན་གྲགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་བཀོད་པའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྣང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལེགས་འོད་དྲི་མེད་གྲགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་རྟོག་པ་འཇིགས་མེད་དབང་ཕྱུག་ལ་ཕྱག་འཚལ་ལོ། །སངས་རྒྱས་བསྙེངས་པ་མི་མངའ་བའི་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཆོག་ཏུ་རྣམ་པར་རྒྱལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་


DKG089_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པའི་ཡིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དགེ་བའི་བློ་གྲོས་ལ་ཕྱག་འཚལ་ལོ། །གཟུངས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ཏཏྱ་ཐཱ། ཀུ་ཊི། ཀུ་ཊི་ནི། ཨི་མི་རི་ཏོ། ཀོ་ཥ་ཎི་ཨི་མི་རི་ཎེ། ཨི་རཱི་སྭཱ་ཧཱ། སངས་རྒྱས་ཀྱིས་དགེ་གནས་བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གཟུངས་འདི་དུས་གསུམ་གྱི་སངས་རྒྱས་ཀྱི་ཡུམ་སྟེ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་གཟུངས་འདི་འཆང་ཞིང་འཛིན་ན་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་མཐའ་མེད་པར་སྐྱེ་བར་འགྱུར་རོ། །གྲངས་མེད་པའི་སངས་རྒྱས་རྣམས་ལ་བཀུར་སྟི་དང་མཆོད་པ་དང་བཙུན་ཞིང་བསྟོད་པ་བྱས་པ་ཡིན་ནོ། །སངས་རྒྱས་དེ་རྣམས་ཀྱིས་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དགེ་གནས་ལ་ལ་གཟུངས་སྔགས་འདི་འཆང་ན་གོས་དང་། ཟས་དང་། ནོར་བུ་དང་། རིན་པོ་ཆེ་དང་། མང་དུ་ཐོས་ཤིང་མཁས་པ་དང་། ནད་མེད་ཅིང་ཚེ་རིང་བ་ཡིད་བཞིན་དུ་འཐོབ་སྟེ། བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །ཇི་ལྟར་སྨོན་ཅིང་སྒྲུབ་པོ་ཅོག་ཀྱང་ཡིད་བཞིན་དུ་མི་འགྲུབ་པ་མེད་དོ། །དགེ་གནས་སྔགས་འདི་འཆང་ཞིང་འཛིན་པ་ནི་བླ་ན་མེད་པའི་བྱང་ཆུབ་མ་གྲུབ་ཀྱི་བར་དུ་རྟག་པར་བྱང་ཆུབ་སེམས་དཔའ་གསེར་མཁར་རི་དང་། བྱང་ཆུབ་སེམས་དཔའ་བྱམས་


DKG089_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་མ་ཧཱ་པིང་གལ་ལ་སོགས་པ་དང་ལྷན་ཅིག་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སྲུང་བར་བྱེད་དོ། །དགེ་གནས་ཤེས་པར་གྱིས་ཤིག །གཟུངས་སྔགས་འདི་འདོན་པའི་ཚེ་ཆོ་ག་འདི་ལྟར་བྱའོ། །ཐོག་མར་ཁྲི་རྩ་བརྒྱད་ཚང་བར་བཏོན་ནས་བསྙེན་པའི་ཆོ་ག་བྱའོ། །དེ་ནས་ཁང་པ་དབེན་པའི་ནང་དུ་དཀྱིལ་འཁོར་བརྒྱན་ནས་ཚེས་གཅིག་གི་ཉིན་པར་ཁྲུས་བྱས་གོས་སར་པ་གྱོན་བདུག་པ་བསྲེགས་མེ་ཏོག་བཀྲམ་མཆོད་པ་སྣ་ཚོགས་དང་ཁ་ཟས་ཀྱིས་མཆོད་པ་རྣམ་པ་སྣ་ཚོགས་པ་བྱས་ཏེ། དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས་ཐོག་མར་སྔར་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་དེ། ཤིན་ཏུ་སེམས་ཐག་པ་ནས་སྔོན་གྱི་ཉེས་པ་འགྱོད་ནས་པུས་མོ་གཡས་པ་ས་ལ་བཙུགས་ཏེ་སྔགས་སྟོང་རྩ་བརྒྱད་རྫོགས་པར་འདོན་ཏོ། །ལུས་དྲང་པོར་འདུག་སྟེ་ཅི་ལ་སྨོན་པ་དེ་ལ་བསམ་མོ། །དེ་ནས་ཉི་མ་ཤར་བ་དང་དཀྱིལ་འཁོར་གྱི་ནང་དུ་ཁ་ཟས་གཙང་མ་ཟ་གཅིག་ཏུ་བཟའོ། །ཞག་བཅོ་ལྔ་ལོན་ནས་དཀྱིལ་འཁོར་དེ་ནས་དེ་ཕྱུང་ན་མི་དེ་བསོད་ནམས་དང་གཟི་བརྗིད་བསམ་གྱིས་མི་ཁྱབ་སྟེ། སྨོན་ཅིང་སྒྲུབ་བོ་ཅོག་མི་འགྲུབ་པ་མེད་དོ། །གལ་ཏེ་ཡིད་བཞིན་དུ་མ་གྲུབ་ན་ཡང་དཀྱིལ་འཁོར་དེར་ཞུགས་ནས་ཡིད་བཞིན་དུ་མ་གྲུབ་ཕྱིན་ཅད་རྟག་པར་གདོན་ཅིང་མི་བརྗེད་པར་བྱའོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་གསེར་རྒྱལ་གྱི་གཟུངས་ཀྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་དེ་བཀའ་སྩལ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། ལྷ་དང་། མི་དང་། འཁོར་མང་པོ་རྣམས་ལ་ཕན་གདགས་ཤིང་དེ་ཁོ་ན་ཉིད་ཀྱི་དོན་དམ་པ་ཤིན་ཏུ་ཟབ་པ་ཁོང་དུ་ཆུད་པར་མཛད་པར་བཞེད་པའི་ཕྱིར་སྟོང་པ་ཉིད་ཀྱི་རང་བཞིན་ཡང་བསྟན་པའི་ཆེད་དུ་ཚིགས་སུ་བཅད་དེ་


DKG089_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། ང་ཡིས་མདོ་སྡེ་ཟབ་མོ་གཞན་དག་ལས། ཡང་དག་སྟོང་ཉིད་དམ་ཆོས་རྒྱས་བཤད་པ། དེང་འདིར་མདོ་སྡེའི་རྒྱལ་པོ་འདི་ལས་ཀྱང་། སྟོང་ཉིད་བསམ་གྱིས་མི་ཁྱབ་མདོ་ཙམ་བཤད། །ཟབ་མོའི་ཆོས་ནི་རྒྱ་ཆེན་མང་པོ་ལ། །སེམས་ཅན་ཤེས་མེད་རིག་པར་མི་ནུས་པས། །དེ་ཕྱིར་ངས་འདིར་མདོ་འདི་བསྟན་པས་ན། །སྟོང་པའི་ཆོས་ནི་རབ་ཏུ་རྟོགས་པར་འགྱུར། །ཐུགས་རྗེ་ཆེན་པོས་སེམས་ཅན་བརྩེ་བའི་ཕྱིར། །ཤིན་ཏུ་ཐབས་མཁས་རྒྱུ་རྐྱེན་མཆོག་དག་གིས། །ངས་དེང་འཁོར་འདུས་ཆེན་པོ་འདི་ནང་དུ། །བསྟན་པས་དེ་དག་སྟོང་དོན་གསལ་རྟོགས་འགྱུར། །ལུས་འདི་གྲོང་སྟོང་འདྲ་བར་ཤེས་བྱས་ཏེ། །རྒྱལ་པོ་དྲུག་གནས་ཕན་ཚུན་ཡོང་མི་ཤེས། །ཡུལ་དྲུག་རྐུན་པོ་ཐ་དད་དབང་གནས་པ། །སོ་སོར་ཕན་ཚུན་མི་ཤེས་དེ་བཞིན་ནོ། །མིག་གི་དབང་པོ་རྟག་པར་གཟུགས་ལ་ལྟ། ། རྣ་བའི་དབང་པོ་སྒྲ་སྙན་རྒྱུན་མི་འཆད། །སྣ་ཡི་དབང་པོས་རྒྱུན་དུ་དྲི་ཡུལ་མ་ནོམ། །ལྕེ་ཡི་དབང་པོས་རྟག་པར་རོ་ཞིམ་མྱོང་། །ལུས་ཀྱི་དབང་པོས་ཡང་འཇམ་རེག་བྱ་ལེན། །ཡིད་ཀྱི་དབང་པོས་ཆོས་རིག་སྐྱོ་མི་ཤེས། །དབང་པོ་འདི་དྲུག་དངོས་པོའི་རྗེས་འབྲང་བས། །སོ་སོ་རང་ཡུལ་དག་པ་རྟོག་པ་བསྐྱེད། །རྣམ་ཤེས་སྒྱུ་སྤྲུལ་འདྲ་བས་ཡང་དག་མིན། །དབང་པོ་གནས་ནས་མི་དབེན་འདོད་པས་ཚོལ། །དཔེར་ན་མི་ཞིག་གྲོང་སྟོང་རྒྱུག་པ་ལྟར། །རྣམ་ཤེས་དྲུག་པོ་དབང་གནས་དེ་བཞིན་ནོ། །སེམས་ནི་ཀུན་ཚོལ་གནས་ཀྱི་རྗེས་སུ་འཇུག །དབང་རྟེན་ཡུལ་དམིགས་དངོས་པོ་རྣམ་རིག་པས། །རྟག་པར་གཟུགས་སྒྲ་དྲི་རོ་རེག་ལ་སྲེད། །ཆོས་ལ་སྤྱོད་པས་སྐད་ཅིག་ཙམ་མི་གནས། །རྐྱེན་ནི་ཇི་བཞིན་དབང་དྲུག་ཀུན་རྒྱུག་པས། །མཁའ་ལ་བྱ་འཕུར་ཐོགས་པ་མེད་པར་འདྲ། །དབང་པོ་རྟེན་བྱེད་དེ་ལ་ལྟོས་ནས་ནི། །ཕྱི་རོལ་ཡུལ་ནི་རྣམ་པར་རིག་པར་ནུས། །ལུས་འདི་ཤེས་མེད་བྱེད་པ་པོ་ཡང་མེད། །རང་བཞིན་མི་བརྟན་རྐྱེན་ལས་ལྟོས་ནས་འགྲུབ། །ཡང་དག་མ་ཡིན་རྣམ་རྟོག་ལས་སྐྱེས་པས། །འཁྲུལ་འཁོར་བཞིན་དུ་ལས་ཀྱི་དབང་གིས་འཇུག །ས་ཆུ་མེ་


DKG089_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྷན་ཅིག་ལུས་བསྒྲུབས་པས། །རྒྱུ་རྐྱེན་ཇི་བཞིན་ཐ་དད་འབྲས་བུ་ཐོབ། །ལྷན་ཅིག་གནས་ཀྱང་ཕན་ཚུན་གནོད་བྱས་པས། །སྦྲུལ་གདུག་བཞི་པོ་གཟེབ་གཅིག་གནས་པ་འདྲ། །འབྱུང་ཆེན་སྦྲུལ་བཞི་རང་བཞིན་ཐ་དད་པས། །ལྷན་ཅིག་གནས་ཀྱང་མཐོ་དང་དམའ་བ་ཡོད། །སྟེང་འོག་འགྲོ་ཞིང་ལུས་ནི་ཀུན་དུ་ཁྱབ། །འདི་དག་མཐར་ནི་ཟད་པའི་ཆོས་སུ་འགྲོ། །སྦྲུལ་གདུག་རྣམ་པ་བཞི་པོ་འདི་དག་ལས། །ས་ཆུ་སྦྲུལ་གཉིས་ཕལ་ཆེར་ཐུར་དུ་འབྱིང་། །མེ་རླུང་སྦྲུལ་གཉིས་རང་བཞིན་ཡང་བས་ན། །མི་མཐུན་འདི་དབང་ནད་མང་སྐྱེ་བར་འགྱུར། །སེམས་དང་རྣམ་ཤེས་ལུས་འདི་གནས་ནས་ནི། །དགེ་སྡིག་ལས་ནི་སྣ་ཚོགས་བྱེད་པས་ན། །ལྷ་མི་ངན་འགྲོ་གསུམ་དུ་སོང་ནས་ནི། །ལས་སྟོབས་ཇི་བཞིན་ལུས་ནི་ལེན་པར་བྱེད། །ནད་དང་ཕྲད་ནས་ལུས་ནི་ཤི་བའི་འོག །བཤང་གཅི་མི་གཙང་ཐམས་ཅད་ཀུན་ཏུ་གང་། །རུལ་མྱགས་འབུས་གཙེས་བལྟ་བར་ཡོང་མི་མོས། །དུར་ཁྲོད་བོར་ནས་ཤིང་རུལ་འདྲ་བར་འགྱུར། །ཁྱོད་ཀྱི་ཆོས་རྣམས་དེ་ལྟར་བལྟ་བར་བྱོས། །ཅི་ཕྱིར་བདག་དང་སེམས་ཅན་ཡོད་པར་འཛིན། །ཆོས་རྣམས་ཐམས་ཅད་འཛད་པས་མི་རྟག་སྟེ། །ཐམས་ཅད་མ་རིག་རྐྱེན་གྱི་མཐུ་ལས་བྱུང་། །འབྱུང་ཆེན་དེ་དག་ཡང་དག་མིན་པས་ན། །ཡང་དག་ཡོད་མིན་རང་བཞིན་སྐྱེ་མེད་པས། །དེ་ཕྱིར་འབྱུང་ཆེན་ངོ་བོ་སྟོང་པར་བཤད། །འདི་དག་སྟོང་ཞིང་ཡང་དག་མིན་རིག་བྱོས། །མ་རིག་རང་བཞིན་གཟོད་མ་ཉིད་ཀྱིས་མེད། །རྐྱེན་མང་མཐུ་ལྟོས་ཚོགས་ལས་ཡོད་པ་མིན། །དུས་རྣམས་ཀུན་ཏུ་ཡང་དག་བློས་སྟོང་པས། །དེ་ཕྱིར་ང་ཡིས་མ་རིག་ཡིན་པར་བཤད། །འདུ་བྱེད་རྣམ་ཤེས་རྐྱེན་བྱས་མིང་གཟུགས་ཡོད། །སྐྱེ་མཆེད་དྲུག་དང་རེག་ཚོར་རྗེས་སུ་སྐྱེ། །སྲེད་ལེན་སྲིད་སྐྱེ་རྒ་ཤི་བསྐྱེད་པས་ན། །མྱ་ངན་སྨྲེ་སྔགས་འཁྲུག་པ་རྗེས་སུ་འབྲང་། །སྡུག་བསྔལ་སྣ་ཚོགས་ལས་ངན་རྟག་དཀྲིས་གཟེར། །འཁོར་བར་འཁོར་བ་དག་ལ་ཚད་དུས་མེད། །རང་


DKG089_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཡོད་མིན་ངོ་བོ་ཉིད་སྟོང་ཡང་། །ཚུལ་བཞིན་མ་ཡིན་རྣམ་པར་རྟོག་པ་བསྐྱེད། །ང་ཡིས་ཉོན་མོངས་ཐམས་ཅད་རབ་སྤངས་ནས། །རྟག་པར་ཡང་དག་ཡེ་ཤེས་མངོན་རྒྱུ་བས། །ལྔ་ཕུང་ཁང་ཁྱིམ་ཐམས་ཅད་སྟོང་རྟོགས་ནས། །བྱང་ཆུབ་ཡང་དག་གནས་ནི་བཙལ ་བ་ཡིན། །ང་ཡིས་བདུད་རྩི་གྲོང་ཆེན་སྒོ་ཕྱེ་ནས། །གྱ་ནོམ་བདུད་རྩི་སྣོད་ནི་བསྟན་པ་ཡིན། །ཡང་དག་བདུད་རྩི་རོ་ནི་བརྙེས་ནས་ཀྱང་། །རྟག་པར་བདུད་རྩི་སྐྱེ་དགུ་སྦྱིན་པ་བཏང་། །ངས་ནི་ཆོས་ཀྱི་རྔ་ཆེན་དམ་པ་བརྡུངས། །ངས་ནི་ཆོས་ཀྱི་དུང་ཆེན་མཆོག་ཀྱང་བུས། །ངས་ནི་ཆོས་ཀྱི་སྒྲོན་ཆེན་རབ་ཀྱང་སྦར། །ངས་ནི་ཆོས་ཀྱི་ཆར་ཆེན་དམ་པ་ཕབ། །ཉོན་མོངས་དགྲ་རྣམས་རབ་ཏུ་ཕམ་བྱས་ཏེ། །བླ་མེད་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་། །འཁོར་བའི་མཚོ་ལས་སྐྱེ་དགུ་རྨོངས་པ་བཟླས། །ང་ཡིས་ངན་འགྲོ་གསུམ་གྱི་སྒོ་ཡང་བཅད། །ཉོན་མོངས་འབར་མེས་སེམས་ཅན་རབ་བསྲེགས་ཏེ། །མགོན་དང་སྐྱབས་བྱེད་མེད་པ་དག་ལ་ནི། །རབ་བསིལ་བདུད་རྩིའི་དེ་དག་ཚིམ་བྱས་ནས། །ལུས་དང་སེམས་ཀྱི་གདུང་བ་ཞི་བར་བྱས། །དེས་ན་ངས་ནི་བསྐལ་པ་ཚད་མེད་སྙེད། ། དེ་བཞིན་གཤེགས་པ་རྣམས་ལ་གུས་མཆོད་བྱས། །ཚུལ་ཁྲིམས་རབ་བསྲུངས་བྱང་ཆུབ་གཞོལ་ནས་ནི། །ཆོས་སྐུ་བདེ་བའི་གནས་སུ་བཙལ་བ་ཡིན། །གཞན་ལ་མིག་དང་རྐང་ལག་རྣ་བ་དང་། །བུ་དང་ཆུང་མ་བྲན་བཏང་ཕངས་པ་མེད། །ནོར་དང་རིན་ཆེན་བདུན་གྱི་རྒྱན་ཕྲེང་དག །སློང་བ་དག་ལ་ཐམས་ཅད་ཡོངས་སུ་བཏང་། །བཟོད་སོགས་ཕ་རོལ་ཕྱིན་པ་ཀུན་བསྒོམས་པས། །ས་བཅུ་ཡོངས་རྫོགས་ཡང་དག་མངོན་སངས་རྒྱས། །དེ་ཕྱིར་ང་ནི་ཐམས་ཅད་མཁྱེན་བརྗོད་ཀྱང་། །སེམས་ཅན་གང་ཡང་གཞལ་བར་ནུས་པ་མེད། ། གལ་ཏེ་སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཁམས། །ས་ཆེན་འདི་ལས་སྐྱེས་པའི་དངོས་རྣམས་དང་། །ནགས་ཚལ་ལྗོན་ཤིང་སཱ་ལུ་ཏིལ་རྣམས་དང་། །འོད་མ་ལ་སོགས་ཡལ་ག་ཇི་སྙེད་པ། །འདི་ལ་སོགས་པའི་དངོས་པོ་བཅད་གཏུབས་ཏེ། ཐམས་ཅད་རྡུལ་ཕྲན་ཕྱེ་མར་བྱས་


DKG089_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག །གང་ནི་བསྡུས་སྤུངས་ཚད་ནི་ཤེས་དཀའ་དང་། །དེ་བཞིན་ནམ་མཁའི་ཁམས་ནི་གང་བ་ཡི། །ཕྱོགས་བཅུའི་ཞིང་རྣམས་དག་ནི་ཐམས་ཅད་ན། །སྟོང་གསུམ་སྟོང་ཆེན་འཇིག་རྟེན་ཇི་སྙེད་པའི། །ས་རྣམས་རྡུལ་གྱི་ཕྱེ་མར་བྱས་གྱུར་ན། ། རྡུལ་གྱི་ཚད་ནི་བགྲང་བར་མི་ནུས་པས། །སེམས་ཅན་ཐམས་ཅད་ཤེས་པ་ཅི་ཡོད་པ། །ཤེས་པ་དེ་ཀུན་མི་གཅིག་རབ་བྱིན་ནས། །འདི་ལྟར་དེ་ཡི་ཤེས་པ་ཚད་མེད་པས། །རྡུལ་ཕྲན་དེ་ཡི་གྲངས་ནི་ཤེས་རུང་ཡང་། །བཅོམ་ལྡན་ཐུབ་པས་སྐད་ཅིག་གང་མཁྱེན་པ། ། ཤེས་ལྡན་དེ་དག་ལྷན་ཅིག་གཞལ་བཅུག་ན། །བསྐལ་པ་བྱེ་བ་མང་པོའི་གྲངས་སྙེད་དུ། །ཆུང་ཟད་ཙམ་ཡང་བརྩི་ཞིང་ཤེས་མི་ནུས། །དེའི་ཚེ་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ཀྱི་རང་བཞིན་ཟབ་མོ་འདི་ལྟ་བུ་བཀས་བཤད་པ་ཐོས་པ་དང་། སེམས་ཅན་ཚད་མེད་པ་སྙེད་འབྱུང་བ་ཆེན་པོ་བཞི་དང་། ཕུང་པོ་ལྔ་པོ་དག་རང་བཞིན་ཉིད་ཀྱིས་སྟོང་པ་དང་། དབང་པོ་དྲུག་དང་ཡུལ་དྲུག་པོ་དག་ཡང་དག་པ་མ་ཡིན་པས་འཆིང་བ་བསྐྱེད་པར་མངོན་པར་རྟོགས་པར་གྱུར་ནས། འཁོར་བ་ཡོངས་སུ་སྤངས་ཏེ། ངེས་པར་འབྱུང་བ་ཡང་དག་པར་སྒྲུབ་པར་སྨོན་ལམ་བཏབ་ནས་ཤིན་ཏུ་དང་བའི་སེམས་ཀྱིས་རབ་ཏུ་དགའ་བར་གྱུར་པས་ཇི་སྐད་བསྟན་པ་བཞིན་དུ་གུས་པས་སྤྱོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ལས་སྟོང་པ་ཉིད་ཀྱི་རང་བཞིན་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ལྷའི་བུ་མོ་ཡིད་བཞིན་རིན་ཆེན་འོད་འཕྲོ་འཁོར་མང་པོའི་ནང་དུ་ཆོས་ཟབ་མོ་ཐོས་པས་དགའ་མགུ་རངས་པར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དོན་གྱི་ཚུལ་ཟབ་མོ་དག་ལ་རྣལ་འབྱོར་བསྒོམས་པའི་ཆོས་གང་ལགས་པ་བཀས་བཤད་དུ་ཅི་གནང་ཞེས་གསོལ་ནས་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་འཇིག་


DKG089_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་སྣང་མཛད་དང་། །རྐང་གཉིས་གཙོ་བོ་མཆོག་ལ་ནི། །བྱང་ཆུབ་སེམས་དཔའ་ཡང་དག་སྤྱོད། །ཞུ་ན་ཐུགས་རྗེས་གནང་བར་སྨོན། །བཅོམ་ལྡན་རིགས་ཀྱི་ལྷ་མོ་ལ། །གལ་ཏེ་ཐེ་ཙོམ་ཡོད་གྱུར་ན། །ཁྱོད་ཀྱིས་ཡིད་བཞིན་ཞུས་ཤིག་དང་། །རྣམ་ཕྱེ་བསྟན་པ་བྱ་ཞེས་གསུངས། །དེ་ནས་ལྷ་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་ཇི་ལྟ་བུར། །བྱང་ཆུབ་ཡང་དག་སྤྱད་སྤྱོད་ན། །བདག་དང་གཞན་ལ་སྨན་སླད་དུ། །འཁོར་བ་མྱ་ངན་འདས་སྤངས་འགྱུར། །བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་ལ་བཀའ་སྩལ་པ། ཆོས་ཀྱི་དབྱིངས་ལ་བརྟེན་ཏེ་བྱང་ཆུབ་ཀྱི་ཆོས་སྤྱད་ནས་མཉམ་པ་ཉིད་ཀྱི་ཆོས་སྤྱོད་པ་བསྒོམ་པར་བྱའོ། །ཇི་ལྟར་ཆོས་ཀྱི་དབྱིངས་ལ་བརྟེན་ཏེ་བྱང་ཆུབ་ཀྱི་ཆོས་ལ་སྤྱད་ནས་མཉམ་པ་ཉིད་ཀྱི་སྤྱོད་པ་བསྒོམ་པར་བྱ་ཞེ་ན། འདི་ལྟར་ཕུང་པོ་ལྔ་པོ་དག་གིས་ཆོས་ཀྱི་དབྱིངས་སྟོན་པར་བྱས་པས་ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ཉིད་ཕུང་པོ་ལྔ་ཡིན་ཡང་ཕུང་པོ་ལྔ་ཡང་བརྗོད་དུ་མེད་ལ་ཕུང་པོ་ལྔ་མ་ཡིན་པ་ཡང་བརྗོད་དུ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་ཀྱི་དབྱིངས་ཕུང་པོ་ལྔ་ཡིན་པར་གྱུར་ན་ནི་ཆད་པའི་ལྟ་བར་འགྱུར་ལ། གལ་ཏེ་ཕུང་པོ་ལྔ་དང་ཐ་དད་པར་གྱུར་ན་ནི་རྟག་པའི་ལྟ་བར་འགྱུར་བས་མཚན་ཉིད་གཉིས་དང་བྲལ་བ། མཐའ་གཉིས་ལ་མངོན་པར་མ་ཆགས་པ། བལྟར་མེད་པ། བལྟ་བར་བྱ་བ་ལས་ཡང་དག་པར་འདས་པ། མིང་མེད་པ། མཚན་མ་མེད་པ་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་བསྟན་པ་ཞེས་བྱའོ། །རིགས་ཀྱི་ལྷ་མོ་ཇི་ལྟར་ཕུང་པོ་ལྔ་པོ་དག་གིས་ཆོས་ཀྱི་དབྱིངས་སྟོན་པར་བྱེད་ཅེ་ན། འདི་ལྟར་ཕུང་པོ་ལྔ་དག་ནི་རྒྱུ་དང་རྐྱེན་ལས་སྐྱེ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེས་པ་ཞིག་ཡིན་པར་གྱུར་ན་སྐྱེས་ཟིན་པའི་ཕྱིར་སྐྱེ་འམ། མ་སྐྱེས་པའི་ཕྱིར་སྐྱེ། གལ་ཏེ་སྐྱེས་ཟིན་པ་ཞིག་ཡིན་ན་ནི་རྒྱུ་དང་རྐྱེན་དགོས་པ་ཅི་ཞིག་ཡོད། གལ་ཏེ་མ་སྐྱེས་པ་ཞིག་སྐྱེ་ན་ནི་ནམས་ཀྱང་སྐྱེ་བ་དམིགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཆོས་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་པ་མིང་མེད་པ་མཚན་མ་མེད་པ་


DKG089_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དགག་པར་བྱ་བ་མ་ཡིན་པ་དཔེར་བྱར་མི་རུང་བ། རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །རིགས་ཀྱི་ལྷ་མོ་འདི་ལྟ་སྟེ། དཔེར་ན་རྔའི་སྒྲ་གང་ཡིན་པ་དེ་ནི་ཤིང་ལ་ཡང་བརྟེན། ཀོ་བ་དང་དབྱུག་གུ་དང་ལག་པ་ལ་སོགས་པ་ལ་བརྟེན་པའི་ཕྱིར་སྒྲ་འབྱུང་བར་འགྱུར་ཡང་འདི་ལྟར་རྔའི་སྒྲ་གང་ཡིན་པ་དེ་ནི་འདས་པ་ཡང་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་བྱུང་བ་ཡང་སྟོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། རྔའི་སྒྲ་གང་ཡིན་པ་དེ་ནི་ཤིང་ལས་ཀྱང་མི་འབྱུང་། ཀོ་བ་ལས་ཀྱང་མི་འབྱུང་། དབྱུག་གུ་དང་ལག་པ་ལས་ཀྱང་མི་འབྱུང་། དུས་གསུམ་ལས་ཀྱང་མི་འབྱུང་བས་དེ་ནི་མ་སྐྱེས་པའོ། །མ་སྐྱེས་པ་གང་ཡིན་པ་དེ་ནི་འགག་པར་ཡང་མི་འགྱུར་རོ། །འགག་པར་མི་འགྱུར་བ་གང་ཡིན་པ་དེ་ནི་གང་ནས་ཀྱང་མི་འོང་ངོ་། །གང་ནས་ཀྱང་མ་འོངས་པ་དེ་ནི་གང་དུ་ཡང་འགྲོ་བར་མི་འགྱུར་རོ། ། གང་དུ་ཡང་འགྲོ་བ་མེད་པ་གང་ཡིན་པ་དེ་ནི་རྟག་པར་ཡང་མ་ཡིན། །ཆད་པར་ཡང་མ་ཡིན་ནོ། །རྟག་པར་ཡང་མ་ཡིན་ཆད་པར་ཡང་མ་ཡིན་པ་གང་ཡིན་པ་དེ་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པས་སོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་འདི་གཅིག་པ་ཞིག་ཡིན་ན་ནི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་ན་ནི་སོ་སོའི་སྐྱེ་བོ་རྣམས་ཀྱང་ཡང་དག་པའི་བདེན་པ་མཐོང་ནས་བླ་ན་མེད་པ་ཡང་དག་པའི་བདེན་པ་དང་ལྡན་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་རིགས་ན། དེ་ལྟ་མ་ཡིན་པས་དེའི་ཕྱིར་གཅིག་པ་ཡང་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཐ་དད་དོ་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདུ་བྱེད་ཀྱི་མཚན་ཉིད་ཐམས་ཅད་ཀྱང་མངོན་པར་ཞེན་པ་དང་བཅས་པ་ཡིན་པས་ཉོན་མོངས་པའི་འཆིང་བ་ལས་རྣམ་པར་གྲོལ་བར་མི་འགྱུར་ཞིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་གང་ཟག་ཐམས་ཅད་ནི་འདུ་བྱེད་དང་འདུ་བྱེད་མ་ཡིན་པ་དག་ལ་ཡང་དག་པའི་ངོ་བོ་ཉིད་དུ་མཉམ་པར་རྟོགས་པས་དེའི་ཕྱིར་ཐ་དད་པ་ཡང་མ་ཡིན་ཏེ། དེ་ལྟ་


DKG089_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

བས་ན་ཕུང་པོ་ལྔ་པོ་དག་ནི་ཡོད་པ་མ་ཡིན། མེད་པ་ཡང་མ་ཡིན། རྒྱུ་དང་རྐྱེན་ལས་མ་སྐྱེས་པ། རྒྱུ་དང་རྐྱེན་མེད་པ་ལས་སྐྱེས་པ་ཡང་མ་ཡིན་པར་རིག་པར་བྱའོ། །འཕགས་པས་ཤེས་པར་བྱ་བ་ཡིན་གྱི་གཞན་གྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཚིག་དང་ཐ་སྙད་ཀྱིས་རིག་པར་མི་འགྱུར་བ། མིང་མེད་པ། མཚན་མ་མེད་པ། རྒྱུ་མེད་པ། རྐྱེན་མེད་པ། དཔེ་མེད་པ། ཐོག་མ་དང་ཐ་མ་མེད་པར་རབ་ཏུ་དབེན་པ། གཟོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པ་ཡིན་པས་དེའི་ཕྱིར་ཕུང་པོ་ལྔ་པོ་དག་གིས་ཆོས་ཀྱི་དབྱིངས་སྟོན་པར་ནུས་པ་ཡིན་ནོ། །རིགས་ཀྱི་ལྷ་མོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་གཉེར་བར་འདོད་པས་དོན་དམ་པ་དང་ཀུན་རྫོབ་ལས་གུད་ན་ཡོངས་སུ་ཚོལ་བར་བྱེད་ན་དེ་ནི་ཤིན་ཏུ་དཔག་ཅིང་བསམ་པར་དཀའ་བ་ཡིན་ཏེ། སོ་སོའི་སྐྱེ་བོ་དང་འཕགས་པའི་སྤྱོད་ཡུལ་གྱི་ངོ་བོ་ཉིད་ནི་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པས་ཀུན་རྫོབ་ཀྱང་མི་སྤོང་ལ་དོན་དམ་པ་དང་ཡང་མི་འབྲལ་བར་ཆོས་ཀྱི་དབྱིངས་ལ་བརྟེན་ནས་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་བྱའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་ལྷ་མོ་དགའ་མགུ་རངས་པར་གྱུར་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་གུས་པས་ཐལ་མོ་སྦྱར་ནས་སེམས་རྩེ་གཅིག་ཏུ་མགོ་བོས་ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གོང་དུ་ཇི་སྐད་བཀའ་སྩལ་པའི་བྱང་ཆུབ་ཀྱི་ཡང་དག་པའི་དོན་ལ་སྤྱོད་པ་གང་ལགས་པ་དེ་དག་ལ་དེང་བདག་གིས་བསླབ་པར་བགྱིའོ། །དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ཚངས་པའི་རྒྱལ་པོ་ཆེན་པོས་འཁོར་མང་པོའི་ནང་དུ་ལྷ་མོ་ཡིད་བཞིན་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་སྨྲས་སོ། །བྱང་ཆུབ་ཀྱི་སྤྱོད་པ་འདི་ནི་ཤིན་ཏུ་བསྒྲུབ་པར་དཀའ་བ་ཡིན་ན། དེང་ཁྱེད་ཀྱིས་ཇི་ལྟར་བྱང་ཆུབ་ཀྱི་སྤྱོད་པ་ལ་རང་དབང་ཐོབ་པར་འགྱུར། དེ་ནས་རིགས་ཀྱི་ལྷ་མོས་ཚངས་པའི་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །


DKG089_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ་ཚངས་པའི་རྒྱལ་པོ་ཆེན་པོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལྟར་ན་འདི་ནི་ཡང་དག་པར་ཤིན་ཏུ་ཟབ་པ་ཡིན་པས་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེའི་དོན་ཤེས་པར་མི་འགྱུར་གྱི་འདི་ནི་འཕགས་པའི་སྤྱོད་ཡུལ་ཡིན་པས་ཤིན་ཏུ་གྱ་ནོམ་ཞིང་ཤེས་པར་དཀའ་བ་ཡིན་ནོ། །གལ་ཏེ་དེང་བདག་གིས་ཆོས་འདི་ལ་བརྟེན་ནས་བདེ་བར་གནས་པར་ཐོབ་པ་བདེན་ཏེ་མི་རྫུན་པར་གྱུར་ན་དུས་ངན་པའི་སྙིགས་མ་ལྔའི་སེམས་ཅན་ཚད་མེད་གྲངས་མེད། མཐའ་མེད་པ་ཐམས་ཅད་གསེར་གྱི་ཁ་དོག་ཏུ་གྱུར་ནས་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཏེ་སྐྱེས་པ་ཡང་མ་ཡིན་བུད་མེད་ཀྱང་མ་ཡིན་པར་གྱུར་ནས་རིན་པོ་ཆེའི་པདྨ་ལ་འདུག་སྟེ་བདེ་བ་ཚད་མེད་པ་མྱོང་བ་དང་། ལྷའི་མེ་ཏོག་དམ་པའི་ཆར་མངོན་པར་འབབ་པ་དང་། ལྷའི་རོལ་མོའི་ཆ་བྱད་རྣམས་མ་དཀྲོལ་བར་རང་སྒྲ་འབྱུང་བ་དང་། མཆོད་པའི་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཅིག །ཅེས་དེའི་ཚེ་རིགས་ཀྱི་ལྷ་མོས་དེ་སྐད་ཅེས་སྨྲས་མ་ཐག་ཏུ་དུས་ངན་པའི་སྙིགས་མ་ལྔའི་སེམས་ཅན་ཇི་སྙེད་པ་ཐམས་ཅད་གསེར་གྱི་ཁ་དོག་ཏུ་གྱུར་ནས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་ཏེ་སྐྱེས་པ་ཡང་མ་ཡིན་བུད་མེད་ཀྱང་མ་ཡིན་པར་གྱུར་ནས་རིན་པོ་ཆེའི་པདྨ་ལ་འདུག་སྟེ་བདེ་བ་ཚད་མེད་པ་དག་ལ་ལོངས་སྤྱོད་པར་གྱུར་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གཞལ་མེད་ཁང་ཇི་ལྟ་བ་བཞིན་དུ་ངན་འགྲོ་རྣམས་ཀྱང་མེད་དེ། རིན་པོ་ཆེའི་ལྗོན་ཤིང་ཕྲེད་དུ་དཀྲིས་ཤིང་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གིས་འཇིག་རྟེན་གྱི་ཁམས་ཀུན་ཏུ་གང་བར་གྱུར་ཏོ། །གཞན་ཡང་ལྷའི་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་གི་ཆར་ཡང་མངོན་པར་ཕབ། ལྷའི་རོལ་མོ་རྣམས་ཀྱང་བྱས་ཏེ། རིགས་ཀྱི་ལྷ་མོ་ཡིད་བཞིན་རིན་ཆེན་འོད་འཕྲོ་ཡང་བུད་མེད་ཀྱི་ལུས་ཡོངས་སུ་བསྒྱུར་ནས་ཚངས་པའི་ལྷའི་ལུས་སུ་གྱུར་ཏོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོས་བྱང་ཆུབ་སེམས་དཔའ་ཡིད་བཞིན་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཇི་ལྟར་བྱང་ཆུབ་ཀྱི་སྤྱད་པ་ཡོངས་སུ་སྤྱོད་པར་བྱེད། སྨྲས་པ། ཀྱེ་ཚངས་པའི་རྒྱལ་པོ་གལ་ཏེ་ཆུའི་ཟླ་བ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་ན་བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་


DKG089_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པར་བྱེད་དོ། །གལ་ཏེ་རྨི་ལམ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་ན་བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་དོ། །གལ་ཏེ་སྨིག་རྒྱུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་ན་བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་དོ། །གལ་ཏེ་ལུང་པའི་བྲག་ཆ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་ན་བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པར་བྱེད་དོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོས་དེ་སྐད་ཅེས་སྨྲས་པ་ཐོས་པ་དང་། བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་དོན་གང་ལ་བརྟེན་ནས་ཚིག་འདི་སྐད་སྨྲ་བར་བྱེད། སྨྲས་པ། ཀྱེ་ཚངས་པའི་རྒྱལ་པོ་ཆོས་གཅིག་འགའ་ཙམ་ཡང་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་མ་ཡིན་པ་མེད་མོད་ཀྱི་འོན་ཀྱང་རྒྱུ་དང་རྐྱེན་གྱི་དབང་གིས་མངོན་པར་གྲུབ་པ་ཡིན་ནོ། །ཚངས་པའི་རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་བུ་ཡིན་པར་གྱུར་ན་འོ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རིགས་སོ། །སྨྲས་པ། ཁྱོད་ཅི་ལ་བསམས་ཏེ་འདི་སྐད་དུ་སྨྲ་བར་བྱེད། ཅི་གཏི་མུག་དང་ལྡན་པའི་གང་ཟག་ཀྱང་ཐ་དད། ཤེས་རབ་དང་ལྡན་པའི་གང་ཟག་ཀྱང་ཐ་དད། བྱང་ཆུབ་ཀྱང་ཐ་དད། བྱང་ཆུབ་མ་ཡིན་པ་ཡང་ཐ་དད། རྣམ་པར་གྲོལ་བ་ཡང་ཐ་དད། རྣམ་པར་གྲོལ་བ་མ་ཡིན་པ་ཡང་ཐ་དད་པ་ཞིག་ཡིན་སྙམ་མམ། ཚངས་པའི་རྒྱལ་པོ་འདི་ལྟར་ཆོས་རྣམས་ནི་མཉམ་ཞིང་ཐ་དད་པ་མེད་དེ། ཆོས་ཀྱི་དབྱིངས་འདི་ལ་དེ་བཞིན་ཉིད་ཐ་དད་པར་འགྱུར་བ་མེད་པས་མངོན་པར་ཞེན་པར་བྱ་བའི་བར་ཞེས་བྱ་བ་ཡང་མེད་དེ་འཕེལ་བ་མེད་ཅིང་འགྲིབ་པ་མེད་པར་འགྱུར་བ་ཡིན་ནོ། །ཀྱེ་ཚངས་པའི་རྒྱལ་པོ་འདི་ལྟ་སྟེ་དཔེར་ན་སྒྱུ་མ་མཁན་ནམ། སྒྱུ་མ་མཁན་གྱི་སློབ་མ་སྒྱུ་མ་སྟོན་པ་ལ་ཤིན་ཏུ་མཁས་པ་ཞིག་གིས་ལམ་གྱི་བཞི་མདོར་གསེག་མ་དང་རྩྭ་དང་ཤིང་གི་ལོ་མ་ལ་སོགས་པ་བླངས་ཏེ་ཕུང་པོ་གཅིག་ཏུ་སྤུངས་ནས་སྒྱུ་རྩལ་རྣམས་ཀྱིས་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟ་དང་། དམག་ལ་སོགས་པའི་ཚོགས་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་དང་། བང་མཛོད་རྣམ་པ་སྣ་ཚོགས་སྐྱེ་བོ་མང་པོ་རྣམས་ཀྱིས་


DKG089_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་འགྱུར་བ་མངོན་པར་སྤྲུལ་པར་གྱུར་ན་སེམས་ཅན་གང་དག་གླེན་ཞིང་གཏི་མུག་ཅན་དུ་གྱུར་པ། དཔྱོད་པར་མི་ནུས་པ། སྒྱུ་མའི་རྩ་བ་མི་ཤེས་པ་དག་གིས་མཐོང་ཞིང་ཐོས་པར་གྱུར་ན། འདི་སྙམ་དུ་བདག་གིས་མཐོང་ཞིང་ཐོས་པའི་གླང་པོ་ཆེ་དང་རྟ་ལ་སོགས་པའི་ཚོགས་གང་ཡིན་པ་དེ་དག་ནི་ཡང་དག་པར་ཡོད་པ་ཡིན་གྱི། གཞན་ནི་བརྫུན་པ་ཡིན་ནོ་སྙམ་དུ་སེམས་པས་ཕྱིས་ལེགས་པར་སོ་སོར་རྟོག་ཅིང་སེམས་པ་ཡང་མེད་དོ། །གང་བློ་དང་ལྡན་པ་དག་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མའི་རྩ་བ་རབ་ཏུ་ཤེས་པས་གལ་ཏེ་མཐོང་ངམ་ཐོས་པར་གྱུར་ན་ཡང་འདི་སྙམ་དུ་བདག་གིས་ཇི་ལྟར་མཐོང་བའི་གླང་པོ་ཆེ་དང་། རྟ་ལ་སོགས་པའི་ཚོགས་གང་ཡིན་པ་དེ་དག་ནི་ཡོད་པ་མ་ཡིན་གྱི་སྒྱུ་མའི་དངོས་པོ་མིག་སླུ་བར་བྱེད་པ་ཙམ་ཞིག་ཡོད་པར་ཟད་དེ། མི་བདེན་པས་གླང་པོ་ཆེ་ལ་སོགས་པ་དང་བང་མཛོད་རྣམས་ཡོད་དོ་སྙམ་དུ་མི་སེམས་པས་མིང་ཙམ་ཞིག་ཡོད་པར་ཟད་ཀྱི་ཡང་དག་པར་ནི་ཅི་ཡང་མེད་དོ་སྙམ་དུ་སེམས་པས་བདག་ཉིད་ཀྱིས་ཇི་ལྟར་མཐོང་ཞིང་ཐོས་པ་དེ་དག་ལ་ཡང་ཡང་དག་པ་ཉིད་དུ་འཛིན་པར་ཡང་མི་བྱེད་ལ། ཕྱིས་དཔྱོད་ཅིང་སེམས་པའི་ཚེ་ཡང་ཡང་དག་པ་མ་ཡིན་པར་རབ་ཏུ་ཤེས་པར་འགྱུར་རོ། །དེ་བཞིན་དུ་བློ་དང་ལྡན་པ་དག་གིས་ཀྱང་ཆོས་ཐམས་ཅད་ལ་ཡང་དག་པའི་ངོ་བོ་ཉིད་མེད་པར་རྟོགས་པས་ཀུན་རྫོབ་ཀྱི་རྗེས་སུ་ཇི་ལྟར་མཐོང་བ་དང་། ཇི་ལྟར་ཐོས་པ་བཞིན་དུ་དངོས་པོ་སྟོན་ཅིང་རྗོད་པར་བྱེད་ཀྱི་བདེན་པའི་ཚུལ་ཡིད་ལ་བྱེད་པའི་ཚེ་ནི་དེ་ལྟ་མ་ཡིན་ཏེ། བཏགས་པ་ཙམ་དུ་ཡང་དག་པའི་དོན་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ། །ཚངས་པའི་རྒྱལ་པོ་བྱིས་པ་སོ་སོའི་སྐྱེ་བོ་འཇིག་རྟེན་ལས་འདས་པའི་འཕགས་པའི་ཤེས་རབ་ཀྱི་མིག་མ་ཐོབ་པ་དག་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པ་མི་ཤེས་པའི་ཕྱིར་བྱིས་པ་སོ་སོའི་སྐྱེ་བོ་དག་འདུ་བྱེད་དང་འདུ་བྱེད་མ་ཡིན་པའི་ཆོས་མཐོང་ངམ་ཐོས་པར་གྱུར་ན་འདི་ལྟར་ཡང་དག་པར་ཡོད་པ་ཡིན་ནོ་སྙམ་དུ་བསམས་ནས་མངོན་པར་ཞེན་པ་བསྐྱེད་ནས་དོན་དམ་པར་ཆོས་རྣམས་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་


DKG089_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པར་མི་ཤེས་སོ། །འཕགས་པའི་གང་ཟག་གང་ཡིན་པ་དེ་དག་ནི་འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་མཐོང་ངམ་ཐོས་པར་གྱུར་ན་ཅི་ནུས་ཅི་ལྕོགས་ཀྱིས་ཡང་དག་པར་ཡོད་པ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་སྐྱེད་པར་མི་བྱེད་པས་ཐམས་ཅད་དུ་ཡང་དག་པའི་འདུ་བྱེད་ཀྱི་ཆོས་དང་ཡང་དག་པའི་འདུ་བྱེད་མ་ཡིན་པའི་ཆོས་མེད་ཀྱི་མི་བདེན་པས་བསམས་པའི་འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་མཚན་ཉིད་གང་ཡིན་པ་དེ་དག་ནི་མིང་ཙམ་ཞིག་ཡོད་པས་ཡང་དག་པའི་ངོ་བོ་ཉིད་ཅི་ཡང་མེད་དོ་སྙམ་དུ་རིག་ཅིང་ཁོང་དུ་ཆུད་པར་གྱུར་ཀྱང་འཕགས་པའི་གང་ཟག་དེ་དག་ཀུན་རྫོབ་ཀྱི་རྗེས་སུ་གཞན་དག་ཡང་དག་པའི་དོན་རྟོགས་པར་བྱ་བར་འདོད་པའི་ཕྱིར་ཡང་དག་པར་སྟོན་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་ཚངས་པའི་རྒྱལ་པོ་འཕགས་པའི་གང་ཟག་དེ་དག་ཀྱང་འཕགས་པའི་ཤེས་པ་དང་མཐོང་བས་ཆོས་རྣམས་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པར་རྟོགས་པར་གྱུར་ཀྱང་འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་འདི་ལྟར་གཞན་དག་རྟོགས་པར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་མིང་དང་ཐ་སྙད་རྣམ་པ་སྣ་ཚོགས་སྟོན་པར་བྱེད་པ་ཡིན་ནོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོས་བྱང་ཆུབ་སེམས་དཔའ་ཡིད་བཞིན་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་ཇི་སྙེད་ཅིག་གིས་ཡང་དག་པའི་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་འགྱུར། སྨྲས་པ། ཀྱེ་ཚངས་པའི་རྒྱལ་པོ་སྒྱུ་མའི་སྐྱེས་བུ་མང་པོའི་སེམས་དང་སེམས་ལས་བྱུང་བའི་ཆོས་ཀྱིས་ཡང་དག་པའི་ཆོས་ཟབ་མོ་འདི་ལྟ་བུ་ཁོང་དུ་ཆུད་པར་འགྱུར་རོ། །ཚངས་པའི་རྒྱལ་པོས་སྨྲས་པ། སྒྱུ་མས་སྤྲུལ་པའི་སྐྱེས་བུ་གང་ཡིན་པ་དེ་དག་ནི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ན། འདི་དག་གི་སེམས་དང་སེམས་ལས་བྱུང་བ་གང་ལས་སྐྱེས་པར་འགྱུར། སྨྲས་པ། གང་གིས་ཆོས་ཀྱི་དབྱིངས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་ཤེས་པའི་སེམས་ཅན་དེ་དག་གིས་དོན་ཟབ་མོ་འདི་ཤེས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚངས་པའི་རྒྱལ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་


DKG089_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བྱང་ཆུབ་སེམས་དཔའ་ཡིད་བཞིན་རིན་ཆེན་འོད་འཕྲོ་འདི་ནི་བསམ་གྱིས་མི་ཁྱབ་པས་དོན་ཟབ་མོ་འདི་ལྟ་བུ་མངོན་པར་རྟོགས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཚངས་པའི་རྒྱལ་པོ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་བཞིན་དུ་ཡིད་བཞིན་རིན་ཆེན་འོད་འཕྲོ་འདིས་བསྟན་ནས་ཁྱེད་མི་སྐྱེ་བའི་ཆོས་ཀྱི་བཟོད་པ་སྒོམ་ཞིང་བསླབ་པར་སེམས་བསྐྱེད་པ་ཡིན་ནོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོ་ཚངས་པའི་འཁོར་མང་པོ་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་གུས་པས་ཐལ་མོ་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ཡིད་བཞིན་རིན་ཆེན་འོད་འཕྲོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ནས་འདི་སྐད་དུ་ཤིན་ཏུ་དཀོན་ཞིང་ངོ་མཚར་ཆེའོ། །བདག་ཅག་ནི་དེང་སྐྱེས་བུ་ཆེན་པོ་འདི་དང་ཕྲད་པས་ཡང་དག་པའི་ཆོས་ཐོས་པར་གྱུར་ཏོ། །ཞེས་སྨྲས་སོ། ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོ་ལ་འདི་སྐད་ཅེས་ཡིད་བཞིན་རིན་ཆེན་འོད་འཕྲོ་འདི་ནི་མ་འོངས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་འབར་བ་དཔལ་གྱི་སྙིང་པོ་ཞེས་བྱ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །ལེའུ་འདི་བསྟན་པ་ན་བྱང་ཆུབ་སེམས་དཔའ་འབུམ་ཕྲག་སུམ་སྟོང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཐོབ་པར་གྱུར་ཏོ། །ལྷའི་བུ་འབུམ་ཕྲག་བརྒྱད་སྟོང་དང་། རྒྱལ་པོ་དང་། བློན་པོ་དང་། མི་ཕལ་པ་ཚད་མེད་གྲངས་མེད་པ་སྙེད་ནི་རྡུལ་སྤངས་ཤིང་དྲི་མ་དང་བྲལ་ནས་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་པར་གྱུར་ཏོ། །དེ་ནས་དེའི་ཚེ་འཁོར་མང་པོ་དེའི་ནང་ནས་དགེ་སློང་འབུམ་ཕྲག་ལྔ་བཅུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པ་རྣམས་བྱང་ཆུབ་སེམས་དཔའ་ཡིད་བཞིན་རིན་ཆེན་འོད་འཕྲོས་ཆོས་བསྟན་པ་ཐོས་པས་ཐམས་ཅད་ཤིན་ཏུ་བརྟན་པར་གྱུར་


DKG089_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་མཆོག་ཡོངས་སུ་རྫོགས་པར་འགྱུར་བས་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སོ་སོ་ནས་རང་གི་གོས་ཕུད་དེ་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་ནས་མཆོག་ཏུ་བརྩོན་པའི་སེམས་བླ་ན་མེད་པ་བསྐྱེད་དེ། སྨོན་ལམ་འདི་སྐད་དུ་བདག་ཅག་བསོད་ནམས་ཀྱི་དགེ་བའི་རྩ་བ་ཅི་བསགས་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡོངས་སུ་བསྔོའོ། །ཞེས་སྨོན་ལམ་བཏབ་བོ། །ཚངས་པའི་རྒྱལ་པོ་དགེ་སློང་མང་པོ་འདི་དག་ནི་བསོད་ནམས་འདི་ལ་བརྟེན་ནས་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་བསྒྲུབས་པས་བསྐལ་པ་ཆེན་པོ་དགུ་བཅུ་འདས་ནས་ཁོང་དུ་ཆུད་ཅིང་གོ་བར་འགྱུར་བས་འཁོར་བ་ལས་ངེས་པར་འབྱང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མང་པོ་དེ་དག་ལ་ཁྱེད་བསྐལ་པ་གྲངས་མེད་པ་སུམ་ཅུ་འདས་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། བསྐལ་པའི་མིང་ནི་རྒྱལ་བར་དཀའ་བའི་འོད་ཀྱི་རྒྱལ་པོ་ཞེས་བྱའོ། །ཞིང་གི་མིང་ནི་དྲི་མ་མེད་པའི་འོད་ཅེས་བྱ་སྟེ། དུས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་ཐམས་ཅད་མིང་མཐུན་པར་སྨོན་ལམ་གྱི་བཀོད་པས་བརྒྱན་པའི་རྒྱལ་པོ་ཞེས་བྱ་བར་འགྱུར་ཞིང་མཚན་རྣམ་པ་བཅུ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་ཏོ། །ཚངས་པའི་རྒྱལ་པོ་གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་འདི་གང་གིས་ཡང་དག་པར་མཉན་ནས་ཡོངས་སུ་འཛིན་པར་བྱེད་ན་གཟི་བྱིན་ཆེན་པོའི་སྟོབས་དང་ལྡན་པར་འགྱུར་བས་གང་ལ་ལ་ཞིག་གིས་བསྐལ་པ་ཆེན་པོ་བརྒྱ་སྟོང་དུ་མའི་བར་དུ་ཐབས་དང་མི་ལྡན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སྤྱད་པ་ལས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གསེར་འོད་དམ་པའི་མདོ་སྡེ་འདི་ཡི་གེར་བྲིས་ནས་ཟླ་བ་ཕྱེད་ཕྱེད་ཅིང་སེམས་རྩེ་གཅིག་ཏུ་ཀློག་གམ། ཁ་ཏོན་དུ་འདོན་པར་བྱེད་ན་འདིའི་བསོད་ནམས་གང་ཡིན་པ་དེ་སྔ་མའི་བསོད་ནམས་དང་བསྐྲུན་ན་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས་བགྲང་བ་དང་དཔེ་དང་རྒྱུའི་བར་དུ་ཡང་ཉེ་བར་


DKG089_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྲོའོ། །ཚངས་པའི་རྒྱལ་པོ་དེའི་ཕྱིར་ངས་དེང་ཁྱོད་ཀྱིས་བསླབ་པར་བྱ་ཞིང་དྲན་པ་ཡོངས་སུ་བཟུང་ནས་གཞན་དག་ལ་རྒྱ་ཆེར་བསྟན་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ངས་སྔོན་བྱང་ཆུབ་སེམས་དཔའི་ལམ་ཡོངས་སུ་སྤྱད་པ་ན་ཇི་ལྟར་དཔའ་བོ་གཡུལ་ངོར་འཇུག་པ་བཞིན་དུ་ལུས་དང་སྲོག་ལ་ཕངས་པ་མེད་པར་འདི་ལྟར་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་ཡོངས་སུ་སྤེལ་ཞིང་ཡང་དག་པར་བཟུང་བཀླགས་ཁ་ཏོན་དུ་བཏོན་ནས་གཞན་དག་ལ་ཡང་དག་པར་བསྟན་ཏེ་ཚངས་པའི་རྒྱལ་པོ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་གལ་ཏེ་འཇིག་རྟེན་ན་འདུག་པར་གྱུར་ན་རིན་པོ་ཆེ་སྣ་བདུན་ཡང་ནུབ་པར་མི་འགྱུར་ལ། གལ་ཏེ་རྒྱལ་པོ་ཚེ་ཟད་པར་གྱུར་ན་རིན་པོ་ཆེ་སྣ་བདུན་ཡོད་པ་དག་ཀྱང་དེ་ཉིད་དུ་ནུབ་ཅིང་ཟད་པར་འགྱུར་རོ། །ཚངས་པའི་རྒྱལ་པོ་དེ་བཞིན་དུ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་གལ་ཏེ་འཇིག་རྟེན་ན་གནས་པར་གྱུར་ན་ནི་བླ་ན་མེད་པའི་ཆོས་ཀྱི་རིན་པོ་ཆེ་རྣམས་ཀྱང་ནུབ་པར་མི་འགྱུར་ལ། གལ་ཏེ་མདོ་སྡེ་འདི་མེད་པར་གྱུར་ན་ནི་གནས་དེ་ཉིད་དུ་ནུབ་པར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེའི་རྒྱལ་པོ་འདི་སེམས་རྩེ་གཅིག་ཏུ་མཉན་ནས་ཡོངས་སུ་གཟུང་བར་བྱ། བཀླག་པར་བྱ། ཁ་ཏོན་དུ་གདོན་པར་བྱ། གཞན་དག་ལ་བསྟན་པར་བྱ་ཞིང་ཡི་གེར་འདྲི་བར་བསྐུལ་ནས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱད་དེ། ལུས་དང་སྲོག་ལ་ཡང་ཕངས་པ་མེད་པར་རབ་ཏུ་བརྩོན་པར་བྱེད་ན་བསོད་ནམས་ཀྱི་ནང་ན་མཆོག་ཏུ་འགྱུར་བས་ངའི་སློབ་མ་རྣམས་ཀྱིས་དེ་བཞིན་དུ་རབ་ཏུ་བརྩོན་པས་རྣལ་འབྱོར་བསྒོམ་པར་བསླབ་པར་བྱའོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོ་ཚངས་པའི་འཁོར་ཚད་མེད་པ་སྙེད་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་རྣམས་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་གསེར་འོད་དམ་


DKG089_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེ་འདི་དང་། ཆོས་འཆད་པའི་མཁན་པོ་གང་ལགས་པ་དེ་དག་ཡོངས་སུ་བསྲུང་ཞིང་སྤེལ་བར་བགྱིད་ལ། གལ་ཏེ་བགེགས་བགྱིད་པ་ཞིག་མཆིས་ན་ཡང་བདག་ཅག་གིས་ཡོངས་སུ་བསལ་ནས་དགེ་བ་མང་པོ་དང་ལྡན་པ་དང་། ཁ་དོག་དང་། མཐུ་སྟོབས་དང་ལྡན་པ་དང་། སྤོབས་པ་ལ་ཐོགས་པ་མ་མཆིས་པ་དང་། ལུས་དང་སེམས་བག་ཡངས་སུ་འགྱུར་བ་དང་། ཉན་པའི་འཁོར་རྣམས་བདེ་བ་མྱོང་བར་བགྱིད་དོ། །ཡུལ་གང་ན་གནས་པ་དེར་མུ་གེ་དང་། ཕྱིར་རྒོལ་བའི་དགྲ་དང་། མི་མ་ལགས་པ་དག་གིས་འཚེ་ཞིང་གནོད་པ་བགྱིད་པར་གྱུར་ན། བདག་ཅག་ལྷའི་འཁོར་རྣམས་ཀྱིས་ཡོངས་སུ་བསྲུངས་ནས་སྐྱེ་བོ་རྣམས་བདེ་སྐྱིད་ཅིང་ལོངས་སྤྱོད་རྒྱས་པ་དང་། གློ་བུར་གྱི་གནོད་པ་རྣམས་མ་མཆིས་པར་བགྱིད་དེ། འདི་དག་ཐམས་ཅད་ཀྱང་བདག་ཅག་དང་ལྷའི་འཁོར་རྣམས་ཀྱི་མཐུ་ལགས་སོ། །གང་ལ་ལ་ཞིག་གིས་མདོ་སྡེ་འདི་ལ་མཆོད་པ་བགྱིས་ན་བདག་ཅག་ཀྱང་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐ་དད་པ་མ་མཆིས་པའི་བསམ་པས་བཀུར་སྟི་དང་མཆོད་པ་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་རྒྱལ་པོ་ཆེན་པོ་དང་། ཚངས་པའི་འཁོར་རྣམས་ནས་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ལ་སོགས་པའི་བར་དག་ལ་བཀའ་སྩལ་པ་ལེགས་སོ་ལེགས་སོ། །ཁྱེད་ཀྱིས་ཆོས་ཟབ་མོ་གྱ་ནོམ་པ་ཐོས་ནས་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་དང་མདོ་སྡེ་འཛིན་པ་དག་ལ་ཡོངས་སུ་བསྲུངས་ཤིང་ཡོངས་སུ་བསྐྱབས་པས་བསོད་ནམས་ཁྱད་པར་དུ་འཕགས་པ་མཐའ་མེད་པ་སྙེད་ཐོབ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །དེ་ནས་དེའི་ཚེ་ཚངས་པའི་རྒྱལ་པོ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་རབ་ཏུ་དགའ་སྟེ་སྤྱི་བོས་བླངས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་སྟོང་པ་ཉིད་ལ་བརྟེན་ནས་སྨོན་ལམ་ཡོངས་སུ་རྫོགས་པར་འགྱུར་བའི་ལེའུ་སྟེ་བཅུ་པའོ།། །།


DKG089_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ལྷའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། ལྷའི་རྒྱལ་པོ་འཕགས་སྐྱེས་པོ་དང་། ལྷའི་རྒྱལ་པོ་མིག་མི་བཟང་ཅིག་ཆར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་རྟག་པར་དགོངས་ཤིང་གཟིགས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཀུར་སྟི་བགྱིས་པ། ལྷ་དང་ཀླུ་ཐམས་ཅད་ཀྱིས་རྟག་པར་མཆོད་པ། ལྷའི་འཁོར་རྣམས་ཀྱིས་རྟག་པར་དགའ་བ་སྐྱེད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་རྟག་པར་བསྔགས་པ་བརྗོད་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བ། ལྷའི་གཞལ་མེད་ཁང་ཐམས་ཅད་གསལ་བར་བགྱིད་པ། སེམས་ཅན་ཐམས་ཅད་ལ་ཁྱད་པར་དུ་འཕགས་པའི་བདེ་བ་སྩོལ་བ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ཉེ་བར་ཞི་བར་བགྱིད་པ། འཇིགས་ཤིང་སྐྲག་པ་ཐམས་ཅད་རབ་ཏུ་སེལ་བ། ཕས་ཀྱི་དགྲ་ཐམས་ཅད་ཕྱིར་ཟློག་པར་བགྱིད་པ། མུ་གེའི་དུས་ངན་པའི་ཚེ་ལོ་ལེགས་པར་བགྱིད་པ། རིམས་ནད་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་བགྱིད་པ། ལྟས་ངན་པ་ཐམས་ཅད་དང་། སྡུག་བསྔལ་གྱི་གནོད་པ་བརྒྱ་སྟོང་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ནི་འདི་ལྟ་བུའི་བདེ་བ་སྩོལ་ཅིང་བདག་ཅག་ལ་ཡང་སྨན་པར་བགྱིད་པ་ལགས་ན། བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ནང་དུ་རྒྱ་ཆེར་བཀས་བཤད་དུ་གསོལ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པས་བླ་ན་མ་མཆིས་པའི་བདུད་རྩིའི་ཆོས་ཀྱི་རོ་འདི་ཐོས་པར་གྱུར་ན་མཐུ་སྟོབས་དང་ལྡན་ཞིང་གཟི་བྱིན་འཕེལ་བ་དང་། བརྩོན་འགྲུས་དང་ལྡན་ཞིང་དཔའ་


DKG089_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་དང་། རྫུ་འཕྲུལ་ཡང་ཆེས་ལྷག་ཅིང་ཁྱད་པར་དུ་འཕགས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞི་ཡང་ཆོས་ཡང་དག་པ་མངོན་པར་སྒྲུབ་ཅིང་རྟག་པར་ཡང་དག་པའི་ཆོས་བསྟན་ནས་ཆོས་ཀྱིས་འཇིན་རྟེན་འདུལ་བར་བགྱིད་པས་བདག་ཅག་གིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། གྲུལ་བུམ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དག་དང་། མིའི་རྒྱལ་པོ་རྣམས་ཀྱང་རྟག་པར་ཡང་དག་པའི་ཆོས་ཀྱིས་འཇིག་རྟེན་འདུལ་བ་ལ་དགོད་པར་བགྱིད་པས་སྡིག་པ་རྣམས་འགོག་ཅིང་ཡོངས་སུ་སེལ་བར་བགྱིད་དོ། །མིའི་མདངས་འཕྲོག་པར་བགྱིད་པའི་འདྲེ་སྲིན་བྱམས་པ་དང་སྙིང་རྗེ་མ་མཆིས་པ་ཅི་མཆིས་པ་ཐམས་ཅད་ཀྱང་ཐག་རིང་དུ་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་བཞི་ཡང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་དང་བཅས་པས་ལྷའི་མིག་རྣམ་པར་དག་པ་མི་ལས་ཡང་དག་པར་འདས་པས་འཛམ་བུའི་གླིང་འདིར་ལྟ་བར་བགྱིད་ཅིང་ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བསྲུང་བར་བགྱིད་དེ། བཅོམ་ལྡན་འདས་རྒྱུ་དང་རྐྱེན་དེས་ན་བདག་ཅག་རྒྱལ་པོ་རྣམས་ཀྱང་འཇིག་རྟེན་སྐྱོང་བ་ཞེས་བགྱི་བ་ལགས་སོ། །གཞན་ཡང་འཛམ་བུའི་གླིང་འདིར་ཡུལ་གྱི་རྒྱལ་པོ་གང་ལ་ལ་ཞིག་ལ་ཕས་ཀྱི་རྒོལ་བའི་དགྲ་རྣམས་རྟག་པར་ཉེ་བར་མཆིས་ཏེ་གནོད་པ་བགྱིས་པར་གྱུར་ཏམ། མུ་གེ་དང་རིམས་ནད་མང་པོས་གནོད་པར་གྱུར་ཏམ། ལྟས་ངན་གྱི་དངོས་པོ་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་བྱུང་བར་གྱུར་ན། བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་པོ་དག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ལ་བཀུར་སྟི་དང་མཆོད་པ་བགྱིད་པའི་དགེ་སློང་ཆོས་སྨྲ་བ་གང་ལ་ལ་མདོ་སྡེ་འདི་ལེན་པ་དང་། འཛིན་པ་དང་། ཀློག་ཅིང་ཀུན་ཆུབ་བ་ཞིག་མཆིས་པར་གྱུར་ན་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དེའི་ཐད་དུ་མཆིས་ཏེ་གོ་བར་བགྱིས་ནས་དེ་ལ་སྐུལ་ཞིང་གསོལ་བ་འདེབས་པར་བགྱིད་དེ། ཆོས་སྨྲ་བ་དེ་ཡང་བདག་ཅག་གི་རྫུ་འཕྲུལ་གྱིས་གོ་བར་


DKG089_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་པའི་མཐུས་ཡུལ་ཁམས་དེར་མཆིས་ནས་གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་འདི་རྒྱ་ཆེར་ཡང་དག་པར་སྤེལ་བར་བགྱིད་པས་མདོ་སྡེ་འདིའི་མཐུས་གནོད་པ་དང་། ལྟས་ངན་གྱི་དངོས་པོ་བརྒྱ་སྟོང་ཚད་མ་མཆིས་པ་དེ་དག་ཐམས་ཅད་ཉེ་བར་ཞི་ཞིང་ཡོངས་སུ་སེལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གི་ཡུལ་དུ་མདོ་སྡེ་འདི་ཡོངས་སུ་འཛིན་པའི་དགེ་སློང་ཆོས་སྨྲ་བ་ཡུལ་དེར་མཆིས་པར་གྱུར་ན་མདོ་སྡེ་འདི་ཡང་ཡུལ་དེར་གཤེགས་པར་རིག་པར་བགྱི་ལགས་སོ། །བཅོམ་ལྡན་འདས་དེའི་ཚེ་ཡུལ་དེའི་རྒྱལ་པོ་དེ་ཆོས་སྨྲ་བའི་ཐད་དུ་མཆིས་ནས་དེས་ཆོས་བསྟན་པ་གང་ལགས་པ་མཉན་པར་བགྱིའོ། །ཐོས་ནས་ཀྱང་རབ་ཏུ་དགའ་བས་ཆོས་སྨྲ་བ་དེ་ལ་བཀུར་སྟི་དང་། མཆོད་པ་དང་། རིམ་གྲོ་བགྱིས་ཏེ། ཤིན་ཏུ་དང་བའི་བསམ་པས་ཡོངས་སུ་བསྲུངས་ནས་མྱ་ངན་དང་གནོད་པ་མ་མཆིས་པར་བགྱིས་ཏེ། མདོ་སྡེ་འདི་ཡང་དག་པར་བསྟན་ནས་ཐམས་ཅད་ལ་ཕན་གདགས་པར་བགྱིའོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་དེས་ན་བདག་ཅག་རྒྱལ་པོ་ཆེན་པོ་བཞི་པོ་ཐམས་ཅད་སེམས་རྩེ་གཅིག་ཏུ་མིའི་རྒྱལ་པོ་དེ་དང་། ཡུལ་གྱི་མི་ཐམས་ཅད་ཡོངས་སུ་བསྲུངས་ནས་གནོད་པ་རྣམས་སྤོང་ཞིང་རྟག་པར་བདེ་བ་ལ་འགོད་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེ་འདི་ཡོངས་སུ་འཛིན་པར་བགྱིད་པ་ཞིག་མཆིས་པར་གྱུར་ན་དེའི་ཚེ་མིའི་རྒྱལ་པོ་དེས་ཅི་དང་ཅི་འཚལ་བ་སྦྱར་ཏེ། མཆོད་པ་བགྱིས་ནས་ཕོངས་པ་མ་མཆིས་པར་བགྱིད་པར་གྱུར་ན་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཡུལ་གྱི་བདག་པོ་དེ་དང་ཡུལ་གྱི་མི་ཐམས་ཅད་རབ་ཏུ་བདེ་བར་བགྱིད་ཅིང་གནོད་པ་རྣམས་ཐག་རིང་དུ་སྤོང་བར་བགྱིད་དོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་མདོ་སྡེ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པར་བགྱིས་པ་ལ་མིའི་རྒྱལ་པོ་དེས་མཆོད་པ་དང་། བཀུར་སྟི་དང་། བླ་མར་བགྱིས་ཏེ་བསྔགས་པ་བརྗོད་པར་བགྱིད་ན་བདག་ཅག་རྒྱལ་པོ་དེ་རྒྱལ་པོ་རྣམས་ཀྱི་ནང་ན་མཆོག་ཏུ་བཙུན་པ་


DKG089_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

དང་གུས་པས་བླ་མར་བགྱིས་པས་ཡུལ་གྱི་རྒྱལ་པོ་གཞན་རྣམས་ཀྱིས་ཀྱང་བསྔགས་པ་བརྗོད་པར་འགྱུར་རོ། །འཁོར་མང་པོ་རྣམས་དེ་སྐད་ཅེས་ཐོས་པ་དང་རབ་ཏུ་དགའ་བས་ཡོངས་སུ་འཛིན་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོ་ཆེན་པོ་བཞིས་ལྷ་དང་མི་རྣམས་ལ་བལྟ་ཞིང་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེ་ལ་བཀུར་སྟི་དང་། མཆོད་པ་བྱས་པ་དང་། མདོ་སྡེ་འཛིན་པ་དག་ལ་ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་སྲུང་བར་བྱེད་པ་གསན་པ་དང་། ལེགས་སོ་ལེགས་སོ། །ཞེས་བསྔགས་པ་བརྗོད་ནས་རྒྱལ་པོ་ཆེན་པོ་བཞི་པོ་ཁྱེད་ཅག་ནི་འདས་པའི་སངས་རྒྱས་འབུམ་ཕྲག་བརྒྱ་སྟོང་ཚད་མེད་པ་སྙེད་ལ་བཀུར་སྟི་དང་། རིམ་གྲོ་དང་། མཆོད་པ་དང་། བླ་མར་བྱས་ནས་བསྔགས་པ་བརྗོད་དེ་དགེ་བའི་རྩ་བ་བསྐྱེད་པ་དང་། ཡང་དག་པའི་ཆོས་མངོན་པར་བསྒྲུབས་ནས་རྟག་པར་ཡང་དག་པའི་ཆོས་བསྟན་ཏེ། འདི་ལྟར་ཆོས་ཀྱིས་འཇིག་རྟེན་འདུལ་བ་ཡིན་པས་ཁྱེད་ཅག་ཡུན་རིང་པོ་ནས་སེམས་ཅན་རྣམས་ལ་རྟག་པར་ཕན་འདོགས་ཤིང་བྱམས་པ་ཆེན་པོའི་སེམས་བསྐྱེད་ནས་བདེ་བ་སྦྱིན་པར་སྨོན་པའི་རྒྱུ་དང་རྐྱེན་དེས་ན་ཁྱེད་ཅག་ད་ལྟར་རྣམ་པར་སྨིན་པ་མཆོག་ལ་ལོངས་སྤྱོད་པ་ཡིན་ནོ། ། མིའི་རྒྱལ་པོ་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེ་འདི་ལ་བཀུར་སྟི་བྱས་ནས་མཆོད་པ་བྱེད་པ་ཞིག་ཡོད་ན་ཁྱེད་ཀྱིས་ནན་ཏན་བསྐྱེད་དེ་ཡོངས་སུ་བསྲུངས་ནས་བདེ་བ་འཐོབ་པར་བྱའོ། །ཁྱེད་ཅག་རྒྱལ་པོ་ཆེན་པོ་བཞི་དང་། འཁོར་གཞན་རྣམས་དང་། གནོད་སྦྱིན་བརྒྱ་སྟོང་ཚད་མེད་གྲངས་མེད་པ་སྙེད་ཀྱིས་མདོ་སྡེ་འདི་ཡོངས་སུ་སྲུང་བར་བྱེད་ན་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཡང་དག་པའི་ཆོས་ཡོངས་སུ་བསྲུང་བར་འགྱུར་བས་ཁྱེད་ཅག་རྒྱལ་པོ་ཆེན་པོ་བཞི་


DKG089_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ལྷའི་འཁོར་གཞན་རྣམས་དང་། གནོད་སྦྱིན་རྣམས་དང་། ལྷ་མ་ཡིན་དང་འཐབ་པའི་ཚེ་རྟག་ཏུ་རྒྱལ་བའི་ཕན་ཡོན་འཐོབ་པར་འགྱུར་རོ། །ཁྱེད་ཅག་མདོ་སྡེ་འདི་ཡོངས་སུ་བསྲུང་ཞིང་ཡོངས་སུ་འཛིན་པར་བྱེད་ན་མདོ་སྡེ་འདིའི་མཐུས་སྡུག་བསྔལ་མང་པོ་དང་། ཕྱིར་རྒོལ་བའི་དགྲ་དང་། མུ་གེ་དང་། ནད་དང་། རིམས་ནད་ཐམས་ཅད་རབ་ཏུ་ཞི་ཞིང་ཡོངས་སུ་སེལ་བར་བྱེད་པས་དེའི་ཕྱིར་ཁྱེད་ཀྱིས་གལ་ཏེ་འཁོར་བཞི་པོ་དག་མདོ་སྡེའི་རྒྱལ་པོ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་མཐོང་བར་གྱུར་ན་རབ་ཏུ་བརྩོན་པའི་སེམས་ཀྱིས་ཡོངས་སུ་བསྲུངས་ནས་གནོད་པ་བསལ་ཏེ་བདེ་བ་སྦྱིན་པར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་སླད་མའི་དུས་ཀྱི་ཚེ་ཡུལ་ལམ། གྲོང་ངམ། གྲོང་ཁྱེར་རམ། རིའམ། ནགས་ཚལ་ལམ། འབྲོག་དགོན་པའི་གནས་གང་ཡང་རུང་བ་དག་ཏུ་ཡོངས་སུ་སྤེལ་ཞིང་གནས་པར་གྱུར་པ་ན། ཡུལ་དེའི་རྒྱལ་པོས་མདོ་སྡེ་འདི་སེམས་རྩེ་གཅིག་ཏུ་མཉན་ནས་ཡོངས་སུ་བཟུང་སྟེ་བསྔགས་པ་བརྗོད་ནས་མཆོད་པར་བགྱིད་པ་དང་། མདོ་སྡེ་འདི་འཛིན་པའི་འཁོར་བཞི་པོ་དག་ལ་ཡོ་བྱད་སྦྱར་ཏེ་མཆོད་པ་བགྱིས་ནས་ཤིན་ཏུ་དང་བའི་སེམས་ཀྱིས་ཡོངས་སུ་བསྲུངས་ཏེ་གནོད་ཅིང་མི་བདེ་བ་དག་ཡོངས་སུ་སྤོང་བར་བགྱིད་ན། རྒྱུ་དང་རྐྱེན་དེས་བདག་ཅག་རྒྱལ་པོ་དེ་དང་མི་མང་པོ་རྣམས་ཡོངས་སུ་བསྲུངས་ནས་བདེ་བ་ལ་བཀོད་དེ། མྱ་ངན་དང་། སྡུག་བསྔལ་རྣམས་ཐག་རིང་དུ་སྤངས་ནས་ཚེ་འཕེལ་བ་དང་། གཟི་བྱིན་ཕུན་སུམ་ཚོགས་པར་བགྱིད་དོ། །བཅོམ་ལྡན་འདས་ཡུལ་གྱི་རྒྱལ་པོ་དེས་འཁོར་བཞི་པོ་དག་མདོ་སྡེ་འདི་ཡོངས་སུ་འཛིན་པ་མཐོང་ནས་གུས་པས་ཡོངས་སུ་བསྲུངས་ཏེ་ཕ་མ་བཞིན་དུ་ཅི་འཚལ་བ་ཐམས་ཅད་སྦྱར་ཏེ་མཆོད་པར་བགྱིད་ན། བདག་ཅག་རྒྱལ་པོ་ཆེན་པོ་བཞིས་རྟག་པར་ཡོངས་སུ་བསྲུངས་


DKG089_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སེམས་ཅན་མང་པོ་ཀུན་གྱིས་བཀུར་བར་འགྱུར་བར་བགྱིད་པས། དེའི་སླད་དུ་བདག་ཅག་གནོད་སྦྱིན་དང་འདྲེ་སྲིན་ཚད་མ་མཆིས་པ་དང་བཅས་པར་མདོ་སྡེའི་རྒྱལ་པོ་འདི་གང་དུ་སྤེལ་བའི་གནས་དེར་ལུས་སྦས་ནས་ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་སྲུང་བ་བགྱིད་པས་བགེགས་རྣམས་དང་བྲལ་བར་འགྱུར་རོ། །མདོ་སྡེ་འདི་ཉན་པའི་གང་ཟག་དང་རྒྱལ་པོ་ལ་སོགས་པ་ལ་ཡང་ཡོངས་སུ་སྲུང་ཞིང་རྗེས་སུ་དྲན་པར་བགྱིད་པས་གནོད་པ་ཡོངས་སུ་བསལ་ནས་བདེ་བ་ལ་འགོད་པ་དང་། ཕྱོགས་གཞན་ནས་མཆིས་པའི་དགྲ་རྣམས་ཀྱང་སླར་ཟློག་པར་བགྱིད་པར་བགྱིད་དོ། ། མིའི་རྒྱལ་པོ་གང་ལ་ལ་ཞིག་མདོ་སྡེ་འདི་ཉན་པའི་ཚེ་ཉེ་འཁོར་ན་གནས་པའི་དགྲ་ཕྱིར་རྒོལ་བ་དམག་རྣམ་པ་བཞི་བཤམས་ཏེ། ཡུལ་དེ་དག་གཞོམ་མོ་སྙམ་དུ་སེམས་པར་གྱུར་ན་ཡང་བཅོམ་ལྡན་འདས་འདི་ལྟར་མདོ་སྡེའི་རྒྱལ་པོ་འདིའི་བྱིན་གྱི་བརླབས་ཀྱི་མཐུས་དེའི་ཚེ་ཉེ་འཁོར་གྱི་དགྲ་དེ་ལ་ཕྱིར་རྒོལ་བའི་དགྲ་ཐ་དད་པ་གཞན་མཆིས་ནས་གཞོམ་པར་བགྱིད་ཅིང་། དེའི་ཡུལ་ཁམས་སུ་ལྟས་ངན་མང་པོ་དང་རིམས་ནད་རྣམས་འབྱུང་བར་འགྱུར་བས་དེའི་ཚེ་རྒྱལ་པོ་དེས་དེ་ལྟ་བུ་མཐོང་བ་དང་། དམག་རྣམ་པ་བཞི་བཤམས་ནས་ཡུལ་དེར་ཆས་ཏེ་གཞོམ་པར་བགྱིད་པ་ན་བདག་ཅག་ཀྱང་དེའི་ཚེ་གནོད་སྦྱིན་དང་འདྲེ་སྲིན་གྱི་འཁོར་ཚད་མ་མཆིས་ཤིང་མཐའ་མ་མཆིས་པ་སྙེད་དང་བཅས་པར་སོ་སོ་ནས་རང་གི་ལུས་སྦས་ཏེ་ཡོངས་སུ་བསྲུངས་ནས་གྲོགས་བགྱིས་པས་དེ་ཉིད་ཀྱིས་ཕྱིར་རྒོལ་བའི་དགྲ་དེ་རང་དུལ་བར་འགྱུར་བས་ཡུལ་ཁམས་དེར་མཆི་བའི་ཐུགས་ཀྱང་མི་ཐུབ་ན། ཕན་ཚུན་དམག་དང་མཚོན་གྱིས་འཐབ་པ་ལྟ་སྨོས་ཀྱང་ཅི་འཚལ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བཞི་པོ་ཁྱེད་ཀྱིས་འདི་ལྟར་མདོ་སྡེ་འདི་ཡོངས་སུ་སྐྱོང་ཞིང་ཡོངས་སུ་སྲུང་བར་བྱེད་པ་ལེགས་སོ་ལེགས་སོ། །ང་སྔོན་འདས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་འདས་པ་ན་དཀའ་བ་རྣམ་པ་སྣ་ཚོགས་སྤྱད་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐམས་ཅད་མཁྱེན་པ་ཉིད་བརྙེས་ནས་ཆོས་འདི་བསྟན་པ་ཡིན་པས་མིའི་རྒྱལ་པོ་གང་ལ་ལ་ཞིག་


DKG089_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེ་འདི་ཡོངས་སུ་བཟུང་ནས་བཀུར་སྟི་དང་མཆོད་པ་བྱེད་ན། གནོད་པ་རྣམས་ཉེ་བར་ཞི་ནས་རབ་ཏུ་བདེ་བར་འགྱུར། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཡོངས་སུ་སྲུང་བར་འགྱུར། ཕྱིར་རྒོལ་བའི་དགྲ་རྣམས་ཟློག་པར་འགྱུར། འཛམ་བུའི་གླིང་དུ་གཏོགས་པའི་རྒྱལ་པོ་ཐམས་ཅད་ལ་གནོད་པ་དང་། འཐབ་པ་དང་། རྩོད་པའི་དངོས་པོ་རྣམས་གཏན་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་འཛམ་བུའི་གླིང་འདི་ན་ཡོད་པའི་གྲོང་དང་། གྲོང་ཁྱེར་དང་། རི་དང་། གྲོང་རྡལ་བརྒྱད་ཁྲི་བཞི་སྟོང་དག་གི་མིའི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་པོ་རྣམས་ཀྱང་སོ་སོ་ནས་རང་རང་གི་ཡུལ་དུ་ལོངས་སྤྱོད་ཀྱི་བདེ་བ་མྱོང་ཞིང་རང་དབང་དང་ལྡན་པར་འགྱུར། །ནོར་དང་རིན་པོ་ཆེ་དཔལ་འབྱོར་གྱིས་རྒྱས་པ་དག་ལ་ལོངས་སྤྱོད་པར་བྱེད་པས་ཕན་ཚུན་འཕྲོག་པར་མི་བྱེད་ཅིང་སྔོན་གྱི་རྒྱུ་ཇི་ལྟ་བ་བཞིན་དུ་རྣམ་པར་སྨིན་པ་དག་ལ་ལོངས་སྤྱོད་པར་བྱེད་པས། བསམ་པ་ངན་པ་བསྐྱེད་ནས་གཞན་གྱི་ཡུལ་ལ་འདོད་པས་ཡོངས་སུ་ཚོལ་བ་མེད་དེ། ཐམས་ཅད་འདོད་པ་ཆུང་ཞིང་ཕན་འདོགས་པའི་བསམ་པ་སྐྱེ་བར་འགྱུར། འཐབ་པ་དང་། རྩོད་པ་དང་། བཅིང་བ་ལ་སོགས་པའི་སྡུག་བསྔལ་ཡང་མེད་པར་འགྱུར། ཡུལ་དེ་དག་ན་གནས་པའི་མི་རྣམས་ཀྱང་རང་བཞིན་གྱིས་བདེ་བ་མྱོང་བར་འགྱུར། བླ་འོག་མཐུན་ཞིང་ཆུ་དང་འོ་མ་འདྲེས་པ་ལྟ་བུར་སེམས་ཀྱིས་ཕན་ཚུན་སྡུག་ཅིང་བཀུར་བར་འགྱུར། རབ་ཏུ་དགའ་བས་རྣམ་པར་རྩེ་བར་འགྱུར། བྱམས་པ་དང་། སྙིང་རྗེས་ཕན་འདོགས་ཤིང་དགེ་བའི་རྩ་བ་འཕེལ་བར་བྱེད་པས་རྒྱུ་དང་རྐྱེན་དེས་ན་འཛམ་བུའི་གླིང་འདི་རབ་ཏུ་བདེ་ཞིང་ལོ་ལེགས་པ་དང་། མི་རྣམས་རྒྱས་ཤིང་རབ་ཏུ་གང་བར་འགྱུར། ས་ཆེན་པོ་མཐུ་དང་ལྡན་པར་འགྱུར། གྲང་དྲོ་རན་པར་འགྱུར། དུས་ཚིགས་མི་མཐུན་པ་མེད་པར་འགྱུར། ཉི་མ་དང་། ཟླ་བ་དང་། གཟའ་དང་། རྒྱུ་སྐར་རྣམས་ཀྱང་སྔོན་གྱི་གནས་ལས་འཕོ་ཞིང་འགྱུར་བ་མེད་པར་འགྱུར། རླུང་དང་ཆར་པ་ཡང་དུས་བཞིན་དུ་ལྡང་ཞིང་འབབ་པར་འགྱུར། ལྟས་ངན་རྣམས་དང་འབྲལ་བར་འགྱུར། ནོར་དང་རིན་པོ་ཆེ་རྣམས་འབྱོར་


DKG089_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་རྒྱས་པར་འགྱུར། སེམས་ལ་སེར་སྣའི་འཇུངས་པ་མེད་ཅིང་རྟག་པར་སྦྱིན་པ་གཏོང་བར་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར། མི་རྣམས་ཚེ་འཕོས་པར་གྱུར་ན་ཡང་ཕལ་ཆེར་མཐོ་རིས་སུ་སྐྱེ་བར་འགྱུར་བས་ལྷའི་འཁོར་རྣམས་རབ་ཏུ་འཕེལ་བར་འགྱུར་བར་རིག་པར་བྱའོ། །རྒྱལ་པོ་ཆེན་པོ་དག་མ་འོངས་པའི་དུས་ན་མིའི་རྒྱལ་པོ་གང་ལ་ལ་ཞིག །མདོ་སྡེ་འདི་མཉན་ཏེ་ཡོངས་སུ་བསྲུངས་ནས་གུས་པས་མཆོད་པ་བྱེད་པ་དང་། མདོ་སྡེ་འཛིན་པའི་འཁོར་བཞི་པོ་དག་ལ་བླ་མར་བྱེད་ཅིང་བསྔགས་པ་བརྗོད་པར་འདོད་པ་དང་། གཞན་ཡང་ཁྱེད་འཁོར་དང་བཅས་པ་དང་། གནོད་སྦྱིན་གྱི་འཁོར་བརྒྱ་སྟོང་ཚད་མེད་པ་སྙེད་ལ་ཕན་པ་དང་། བདེ་བས་ཕན་འདོགས་པར་འདོད་ན་དེའི་ཕྱིར་རྒྱལ་པོ་དེས་རྟག་པར་མདོ་སྡེའི་རྒྱལ་པོ་དམ་པ་འདི་མཉན་ནས་ཡོངས་སུ་གཟུང་བར་བྱས་ཏེ། ཡང་དག་པའི་ཆོས་ཀྱི་ཆུ་བདུད་རྩིའི་རོ་མཆོག་དམ་པ་འདི་ཐོས་པའི་དབང་གིས་ཁྱེད་ལ་སོགས་པའི་ལུས་དང་སེམས་ཀྱི་མཐུ་སྟོབས་འཕེལ་བར་བྱེད་པས་བརྩོན་འགྲུས་དང་ལྡན་ཞིང་དཔའ་བ་དང་། བསོད་ནམས་དང་གཟི་བྱིན་རྣམས་རབ་ཏུ་རྒྱས་པར་འགྱུར་རོ། །མིའི་རྒྱལ་པོ་དེ་དག་གལ་ཏེ་སེམས་རྩེ་གཅིག་ཏུ་མདོ་སྡེ་འདི་མཉན་ནས་ཡོངས་སུ་འཛིན་པར་བྱེད་ན་དེ་ནི་ཡངས་ཤིང་རྒྱ་ཆེ་བ་དང་། ཤིན་ཏུ་དཀོན་པའི་མཆོད་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ལ་མཆོད་པ་བྱེད་པར་འགྱུར་ཏེ། གང་གིས་ང་ལ་མཆོད་པ་བྱས་པ་གང་ཡིན་པ་དེ་ནི་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ལ་མཆོད་པ་བྱས་པར་འགྱུར་རོ། །གང་གིས་དུས་གསུམ་གྱི་སངས་རྒྱས་རྣམས་ལ་མཆོད་པ་བྱས་ནས་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་སྙེད་འཐོབ་པར་འགྱུར་བས། རྒྱུ་དང་རྐྱེན་དེས་ན་ཁྱེད་ལ་སོགས་པས་རྒྱལ་པོ་དེ་དང་། བཙུན་མོ་དང་། སླས་དང་། འཁོར་རྣམས་ཡོངས་སུ་བསྲུངས་ནས་གནོད་ཅིང་ཉམ་ང་བ་མེད་པར་བྱས་ཏེ། ཕོ་བྲང་བསྲུང་བའི་ལྷ་རྣམས་ཀྱང་རྟག་ཏུ་བདེ་བའི་ལོངས་སྤྱོད་མྱོང་བ་ལ་འགོད་པར་བྱེད་ན། བསོད་ནམས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། ཡུལ་དེ་


DKG089_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

དག་ན་གནས་པའི་མི་རྣམས་ཀྱང་འདོད་པ་ལྔའི་བདེ་བ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར། དངོས་པོ་ངན་པ་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ཀྱི་ཚེ་མིའི་རྒྱལ་པོ་གང་ལ་ལ་ཞིག་འདི་ལྟར་གསེར་འོད་དམ་པའི་མདོ་སྡེ་འདི་ཉན་པར་མོས་པ་དང་། བདག་ཉིད་དང་། བཙུན་མོ་དང་། རྒྱལ་བུ་ནས་ཕོ་བྲང་ནང་གི་སླས་ལ་སོགས་པའི་བར་དག་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཕོ་བྲང་ཡོངས་སུ་སྲུང་ཞིང་སྐྱོབ་པ་དང་། བསམ་གྱིས་མི་ཁྱབ་པའི་དགའ་བ་མཆོག་དམ་པ་དང་། རབ་ཏུ་དབེན་པའི་བདེ་བ་འཐོབ་པར་འཚལ་བ་དང་། ཚེ་འདི་ཉིད་ལ་རྒྱལ་ཐབས་བཙུན་ཞིང་མཐོ་བ་དང་། དབང་ཕྱུག་དང་ལྡན་ཞིང་དར་བ་དང་། རྟག་ཏུ་འཕེལ་བར་འཚལ་བ་དང་། གཞན་ཡང་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོ་ཚད་མ་མཆིས་ཤིང་མཐའ་མ་མཆིས་པ་ཡོངས་སུ་སྡུད་པ་དང་། རང་གི་ཡུལ་དུ་ཕྱིར་རྒོལ་བའི་དགྲ་དང་། མྱ་ངན་དང་། འཁྲུག་པ་དང་། གདོན་བགེགས་ཀྱི་དངོས་པོ་རྣམས་མ་མཆིས་པར་འཚལ་ན། བཅོམ་ལྡན་འདས་འདི་ལྟར་མིའི་རྒྱལ་པོ་དེས་བག་མ་མཆིས་པས་སེམས་གཡེང་བར་མི་བགྱི་ཞིང་ཤིན་ཏུ་གུས་པ་བསྐྱེད་དེ་བསམ་པ་ཐག་པ་ནས་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་མཉན་ཅིང་ཡོངས་སུ་གཟུང་བར་བགྱིའོ། །ཆོས་ཉན་པར་འཚལ་བའི་ཚེ། སྔར་རྒྱལ་པོ་ལ་གཅེས་པའི་ཕོ་བྲང་མཆོག་དམ་པ་རབ་ཏུ་བརྒྱན་ཏེ་གསལ་བའི་ཕྱོགས་སུ་སྤོས་ཆབ་ཀྱིས་ཆག་ཆག་བཏབ་སྟེ། མེ་ཏོག་མཆོག་དམ་པ་སྣ་ཚོགས་མངོན་པར་གཏོར་ནས་སེང་གེའི་ཁྲི་ཆོས་ཀྱི་གདན་ཁྱད་པར་དུ་འཕགས་པ་བཙུགས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་སྟེ། རིན་ཐང་མ་མཆིས་པའི་སྦོས་བསྲེགས་ནས་རོལ་མོ་རྣམས་བགྱིའོ། །རྒྱལ་པོ་དེས་དེའི་ཚེ་ཡོངས་སུ་དག་པར་ཁྲུས་བགྱིས་ཏེ། སྤོས་ཀྱི་བྱུག་པས་ལུས་བསྐུས་ནས་གོས་སར་པ་གཙང་མ་བགོས་ཏེ། རྒྱན་ཕྲེང་རྣམས་ཀྱིས་བརྒྱན་ནས་


DKG089_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་དམའ་བ་ལ་མཆིས་ཏེ། མཐོ་བའི་བསམ་པ་མི་བསྐྱེད་པར་དབང་ཕྱུག་གི་ཐབས་ཡོངས་སུ་སྤང་བར་བགྱིའོ། །ང་རྒྱལ་རྣམས་སྤངས་ཏེ་སེམས་རྩེ་གཅིག་ཏུ་དྲན་པ་ཉེ་བར་གཞག་ནས་མདོ་སྡེའི་རྒྱལ་པོ་འདི་མཉན་པར་བགྱིའོ། །ཆོས་སྨྲ་བའི་མཁན་པོ་ལ་སྟོན་པ་ཆེན་པོའི་འདུ་ཤེས་བསྐྱེད་པར་བགྱིའོ། །ཕོ་བྲང་ནང་གི་བཙུན་མོ་དང་། རྒྱལ་བུ་དང་། སླས་དང་། འཁོར་རྣམས་ལ་བྱམས་པ་དང་། བརྩེ་བའི་སེམས་བསྐྱེད་ནས་རབ་ཏུ་དགའ་བས་ཕན་ཚུན་བལྟ་བར་བགྱིའོ། །ཤིན་ཏུ་མཐུན་པའི་མདངས་ཀྱིས་ཚིག་འཇམ་པོར་སྨྲ་བར་བགྱིའོ། །བདག་ཉིད་ཀྱི་ལུས་དང་སེམས་ལ་དགའ་བ་ཆེན་པོས་ཀུན་དུ་ཁྱབ་པར་བགྱིའོ། །དེང་བདག་ནི་ཤིན་ཏུ་བསམ་པར་དཀའ་ཞིང་ཁྱད་པར་དུ་འཕགས་པའི་ཕན་ཡོན་ཆེན་པོ་ཡངས་ཤིང་རྒྱ་ཆེ་བ་འདི་ལྟ་བུ་འཐོབ་པར་འགྱུར་རོ་སྙམ་དུ་བསམས་ནས་མདོ་སྡེའི་རྒྱལ་པོ་དེ་ལ་རབ་ཏུ་མཆོད་པར་བགྱིའོ། །དེ་ལྟར་བསམས་ལགས་ནས་ཆོས་སྨྲ་བའི་མཁན་པོ་དེར་མཆིས་པ་མཐོང་བར་གྱུར་ན་ཤིན་ཏུ་གུས་པས་དཀོན་པའི་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ། འདི་ལྟར་ཆོས་སྨྲ་བའི་མཁན་པོ་དེ་མི་བསུ་བར་མི་བྱའི། དེའི་ཚེ་མིའི་རྒྱལ་པོ་དེས་གོས་སར་པ་གཙང་མ་བགོས་ནས་རྒྱན་དང་། ཕྲེང་བ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་ཏེ། བདག་ཉིད་གདུགས་དཀར་པོ་དང་། སྤོས་དང་། མེ་ཏོག་ཐོགས་ནས་དམག་གི་དཔུང་བཤམས་ཏེ། རོལ་མོ་རྒྱས་པར་བྱས་ནས་རྐང་གིས་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། བཀྲ་ཤིས་ཀྱི་དངོས་པོ་ཐོབ་པར་བྱ་བའི་ཕྱིར་གུས་པའི་འདུ་ཤེས་བསྐྱེད་ནས་ཆོས་སྨྲ་བའི་མཁན་པོ་དེ་བསུ་བར་བྱའོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་རྒྱུ་དང་རྐྱེན་གང་གི་ཕྱིར་མིའི་རྒྱལ་པོ་དེས་བདག་ཉིད་ཀྱིས་བཀུར་སྟི་དང་། མཆོད་པ་དེ་ལྟ་བུ་བྱ་དགོས་ཤེ་ན། མིའི་རྒྱལ་པོ་དེ་རྐང་པ་བཏེག་ཅིང་རྐང་པ་བཞག་པ་ན་གོམ་པ་རེ་རེ་ཞིང་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་པོ་རྣམས་ལ་བཀུར་སྟི་དང་། མཆོད་པ་དང་། རིམ་གྲོ་དང་། བླ་མར་བྱེད་པར་འགྱུར་ཞིང་། གཞན་ཡང་བསྐལ་པའི་གྲངས་དེ་སྙེད་ཀྱི་འཁོར་བའི་སྡུག་བསྔལ་ལས་


DKG089_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་འདའ་བར་འགྱུར་བས་སོ། །གཞན་ཡང་མ་འོངས་པའི་དུས་ན་བསྐལ་པའི་གྲངས་དེ་སྙེད་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལོངས་སྤྱོད་མཆོག་ཁྱད་པར་དུ་འཕགས་པ་དག་ལ་ལོངས་སྤྱོད་པར་འགྱུར། གོམ་པ་རེ་རེ་བོར་བའི་དབང་གིས་ཚེ་འདི་ཉིད་ལ་ཡང་བསོད་ནམས་འཕེལ་བས་རང་དབང་དུ་རྒྱལ་པོ་བྱེད་ཅིང་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྨིན་པ་དང་ལྡན་པ་དང་། མང་པོ་ཀུན་གྱིས་བཀུར་བར་འགྱུར། བསྐལ་པ་འབུམ་ཕྲག་བརྒྱ་སྟོང་ཚད་མེད་པ་སྙེད་དུ་ལྷ་དང་མིས་ཡོངས་སུ་སྤྱད་པའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དག་ལ་ལོངས་སྤྱོད་པར་འགྱུར། སྐྱེ་བ་ཐམས་ཅད་དུ་རྒྱལ་པོ་བྱེད་པར་འགྱུར། ཚེ་རིང་བར་འགྱུར། ཚིག་གི་སྤོབས་པ་དང་ལྡན་པས་ལྷ་དང་མི་ཀུན་གྱིས་མངོན་པར་ཡིད་ཆེས་པར་འགྱུར། འཇིགས་ཤིང་སྐྲག་པ་མེད་པར་འགྱུར། གྲགས་པ་ཆེན་པོ་དང་ལྡན་ཞིང་མང་པོ་ཀུན་གྱིས་ཡོངས་སུ་བལྟ་བར་འགྱུར། ལྷ་དང་མིའི་ནང་དུ་ཁྱད་པར་དུ་འཕགས་པའི་བདེ་བ་དག་ལ་ལོངས་སྤྱོད་པར་འགྱུར། མཐུ་སྟོབས་ཆེན་པོ་ཐོབ་པར་འགྱུར། གཟི་བྱིན་ཆེན་པོའི་ཡོན་ཏན་དང་ལྡན་པར་འགྱུར། ལུས་ཀྱི་མཚན་མ་གྱ་ནོམ་ཞིང་ཤིན་ཏུ་མཛེས་པས་དཔེ་ཟླ་མེད་པར་འགྱུར། ལྷ་དང་མིའི་སྟོན་པ་མཐོང་བར་འགྱུར། དགེ་བའི་བཤེས་གཉེན་དང་ཕྲད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་མངོན་པར་གྲུབ་ཅིང་ཕུན་སུམ་ཚོགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་འདི་ལྟར་ཤེས་པར་བྱ་སྟེ། མིའི་རྒྱལ་པོ་དེ་དག་གིས་ཡོན་ཏན་གྱི་ཕན་ཡོན་རྣམ་པ་སྣ་ཚོགས་ཚད་མེད་པ་དེ་ལྟ་བུ་མཐོང་བའི་ཕྱིར་བདག་ཉིད་དཔག་ཚད་གཅིག་ནས་དཔག་ཚད་བརྒྱ་སྟོང་དུ་མའི་བར་དུ་ཆོས་སྨྲ་བའི་མཁན་པོ་བསུ་བར་བྱ་ཞིང་། ཆོས་སྨྲ་བའི་མཁན་པོ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །སླར་གྲོང་དང་། གྲོང་ཁྱེར་དུ་ཕྱིན་ནས་ཀྱང་དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བདག་གི་ཕོ་བྲང་དུ་གཤེགས་ནས་བདག་གི་མཆོད་པ་བཞེས་ཏེ་བདག་ལ་ཆོས་སྟོན་པར་མཛད་དོ། །བདག་ཀྱང་ཆོས་ཐོས་པའི་དབང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བས་


DKG089_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་ཕྲད་པར་གྱུར་པ་ཡིན་ནོ། །དེང་བདག་གིས་ནི་ཤིན་ཏུ་ཡངས་ཤིང་རྒྱ་ཆེ་བ་མཆོག་ཏུ་ཁྱད་པར་དུ་འཕགས་པའི་བདེ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་ཅིང་རིམ་གྲོ་བྱས་སོ། །དེང་བདག་གིས་ནི་གཤིན་རྗེའི་འཇིག་རྟེན་དང་། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་ཀྱི་སྡུག་བསྔལ་ཐམས་ཅད་རྩ་བ་ནས་བཏོན་ཏོ། །དེང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། བརྒྱ་བྱིན་དང་། ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་ཀྱི་དགེ་བའི་རྩ་བ་རབ་ཏུ་བསྐྱེད་དོ། །དེང་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་འཁོར་བའི་སྡུག་བསྔལ་ལས་བཏོན་ནས་མྱ་ངན་ལས་འདས་པའི་བདེ་བ་ལ་བཀོད་དོ། །དེང་ཚད་མེད་མཐའ་མེད་ཅིང་བསམ་གྱིས་མི་ཁྱབ་པའི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་བསགས་སོ། །ཕོ་བྲང་ནང་གི་སླས་དང་སྐྱེ་བོ་མང་པོ་བདེ་བ་ལ་བཀོད་ནས་ཡུལ་རྣམས་རབ་ཏུ་ཞི་བར་བྱས་པས། གནོད་པ་དང་། དུག་གདུག་པ་དང་། མི་མ་རུངས་པ་མེད་ཅིང་ཕྱོགས་གཞན་ནས་འོང་བའི་དགྲ་རྣམས་ཉེ་བར་འོངས་ནས་གནོད་པ་མི་བྱེད་པ་དང་། མྱ་ངན་དང་ནད་རྣམས་མེད་པར་འགྱུར་རོ་སྙམ་དུ་བསམ་པར་བྱའོ། །རྒྱལ་པོ་ཆེན་པོ་དག་འདི་ལྟར་རིག་པར་བྱ་སྟེ། དེའི་ཚེ་མིའི་རྒྱལ་པོ་དེ་དག་གིས་དེ་ལྟར་ཡང་དག་པའི་ཆོས་ལ་བཙུན་པར་བྱས་ཤིང་བླ་མར་བྱས་པ་དང་། མདོ་སྡེ་དམ་པ་འདི་ཡོངས་སུ་འཛིན་པའི་དགེ་སློང་དང་། དགེ་སློང་མ་དང་། ། དགེ་བསྙེན་དང་། དགེ་བསྙེན་མ་དག་ལ་མཆོད་པ་དང་། བཀུར་སྟི་དང་། བླ་མར་བྱས་ཤིང་བསྔགས་པ་བརྗོད་པ་ལས་བྱུང་བའི་དགེ་བའི་རྩ་བ་གང་ཡིན་པ་དེ་དག་དང་། བསོད་ནམས་མཆོག་གང་ཡིན་པ་དེ་དག་ཐོག་མ་ཁོ་ནར་ཁྱེད་འཁོར་དང་བཅས་པ་ལས་ཡོངས་སུ་སྔོ་བར་བྱེད་ན་མིའི་རྒྱལ་པོ་དེ་དག་བསོད་ནམས་ཆེན་པོའི་དགེ་བའི་ལས་ཀྱི་རྒྱུ་དང་། རྐྱེན་དང་ལྡན་པར་འགྱུར་བས་ཚེ་འདི་ཉིད་ལ་དབང་ཆེན་པོ་ཐོབ་ནས་གཟི་བྱིན་ཆེན་པོ་རབ་ཏུ་འཕེལ་བར་འགྱུར། དཔལ་དང་མཚན་མཆོག་རྣམས་ཀྱིས་རབ་ཏུ་བརྒྱན་པར་འགྱུར། ཕྱིར་རྒོལ་བ་ཐམས་ཅད་ཡང་དག་པའི་ཆོས་


DKG089_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཚར་གཅོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་དེ་ལྟར་ཡང་དག་པའི་ཆོས་ལ་གུས་པས་བཀུར་སྟི་བགྱིས་ནས་མདོ་སྡེ་འདི་མཉན་པར་བགྱིད་པ་དང་། མདོ་སྡེ་འདི་འཛིན་པའི་འཁོར་བཞི་པོ་དག་ལ་བཀུར་སྟི་དང་། མཆོད་པ་དང་། བླ་མར་བགྱིས་ནས་བསྔགས་པ་བརྗོད་པར་བགྱིད་པ་ན། དེའི་ཚེ་མིའི་རྒྱལ་པོ་དེས་བདག་ཅག་རྣམས་དགའ་བར་བགྱི་བའི་སླད་དུ་ཆོས་ཀྱི་གདན་དང་ཉེ་བའི་ཕྱོགས་གཅིག་ཏུ་སྤོས་ཆབ་ཀྱིས་ཆག་ཆག་བཏབ་སྟེ། མེ་ཏོག་མཆོག་དམ་པ་མང་པོ་མངོན་པར་གཏོར་ནས་རྒྱལ་པོ་ཆེན་པོ་བཞི་མཆིས་པའི་སྟན་ཡང་བཤམས་ཏེ་བཏིང་བར་གྱུར་ན། བདག་ཅག་ཀྱང་རྒྱལ་པོ་དེ་དག་དང་ལྷན་ཅིག་ཡང་དག་པའི་ཆོས་ཉན་པར་བགྱིད་དོ། །རྒྱལ་པོ་དེས་ཀྱང་བདག་ཅག་ལ་ཕན་འདོགས་པའི་དགེ་བའི་རྩ་བ་ཅི་མཆིས་པའི་བསོད་ནམས་ཀྱི་སྐལ་བ་གང་ལགས་པ་བདག་ཅག་ལ་ཡང་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་དེའི་ཚེ་མིའི་རྒྱལ་པོ་དེས་ཆོས་སྨྲ་བ་ལ་ཆོས་བཤད་པར་གསོལ་བ་བཏབ་ནས་སྟན་ལ་མཆིས་པའི་ཚེ་བདག་ཅག་གི་སླད་དུ་སྤོས་མཆོག་དམ་པ་སྣ་ཚོགས་བསྲེགས་ནས་མདོ་སྡེ་འདི་ལ་མཆོད་པར་བགྱིའོ། །བཅོམ་ལྡན་འདས་དེའི་ཚེ་སྤོས་ཀྱི་བདུག་པ་དེ་དག་སྐད་ཅིག་མ་གཅིག་ལ་ནམ་མཁའ་ལ་མངོན་པར་འཕགས་ནས་བདག་ཅག་རྣམས་ཀྱི་གཞལ་མེད་ཁང་དུ་མཆིས་ཏེ། སྤོས་ཀྱི་གདུགས་སུ་འགྱུར་བས་བདག་ཅག་ལྷའི་འཁོར་རྣམས་ཀྱིས་ཀྱང་སྤོས་ཀྱི་དྲི་མཆོག་དེ་ཚོར་བར་འགྱུར། སྤོས་ཀྱི་དུ་བ་དེ་ཡང་གསེར་གྱི་འོད་དང་ལྡན་པས་བདག་ཅག་གནས་པའི་ཁང་ཁྱིམ་ནས་ཚངས་པའི་གནས་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། ལྷ་མོ་སྤོབས་པ་ཆེན་མོ་དང་། ལྷ་མོ་དཔལ་ཆེན་མོ་དང་། སའི་ལྷ་མོ་བརྟན་མ་དང་། སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང་། ལག་ན་རྡོ་རྗེ་གསང་བའི་བདག་པོ་དང་། སྡེ་དཔོན་ཆེན་པོ་རིན་ཆེན་བཟང་དང་། འཕྲོག་མའི་བུ་འཁོར་ལྔ་བརྒྱ་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ཀྱི་བར་ཐམས་ཅད་ཀྱང་


DKG089_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་གསལ་བར་བགྱིད་དོ། །བཅོམ་ལྡན་འདས་འདི་ལྟ་བུ་ལ་སོགས་པའི་འཁོར་རྣམས་ཀྱིས་རང་རང་གི་གཞལ་མེད་ཁང་དུ་སྤོས་ཀྱི་བདུག་པ་དེས་སྐད་ཅིག་ཡུད་ཙམ་ཅིག་ལ་སྤོས་ཀྱི་གདུགས་སུ་གྱུར་པར་ཡང་མཐོང་ལ་སྤོས་ཀྱི་དྲི་ཡང་ཚོར་བར་འགྱུར། འོད་ཟེར་གྱི་ཁ་དོག་གིས་ལྷའི་གཞལ་མེད་ཁང་ཐམས་ཅད་གསལ་བར་བགྱིད་པ་ཡང་མཐོང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་བཀའ་སྩལ་པ། སྤོས་ཀྱི་འོད་ཟེར་དེས་གཞལ་མེད་ཁང་དེ་དག་འབའ་ཞིག་གསལ་བར་བྱས་ནས་སྤོས་ཀྱི་གདུགས་སུ་གྱུར་ཏེ་འོད་ཟེར་ཆེན་པོ་འགྱེད་པ་མ་ཡིན་ཏེ། མིའི་རྒྱལ་པོ་དེ་དག་ལག་པས་པོག་ཕོར་བཟུང་སྟེ། སྤོས་མཆོག་དམ་པ་བསྲེགས་ནས་མདོ་སྡེ་འདི་ལ་མཆོད་པ་བྱེད་པའི་ཚེ་སྤོས་ཀྱི་དུ་བ་དེ་ཐང་ཅིག་ཡུད་ཙམ་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་ཉི་མ་དང་། ཟླ་བ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། གླིང་བཞི་པ་བྱེ་བ་ཕྲག་བརྒྱ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཁང་ཁྱིམ་ཐམས་ཅད་གསལ་བར་བྱས་ནས་ནམ་མཁའ་ཀུན་དུ་གང་ཞིང་རྒྱས་པ་དང་། སྤོས་ཀྱི་བདུག་པ་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་སྤྲིན་གྱི་གདུགས་སུ་གྱུར་ཏེ། གདུགས་དེ་ཡང་གསེར་གྱི་ཁ་དོག་དང་ལྡན་པས་ལྷའི་ཁང་ཁྱིམ་ཐམས་ཅད་གསལ་བར་བྱེད་དེ། འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྤོས་ཀྱི་སྤྲིན་དང་། སྤོས་ཀྱི་གདུགས་རྣམ་པ་སྣ་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་ནི་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོའི་གཟི་བྱིན་གྱི་མཐུ་ལས་གྱུར་པ་ཡིན་ནོ། །མིའི་རྒྱལ་པོ་དེ་དག་ལག་ཏུ་པོག་ཕོར་ཐོགས་ནས་མདོ་སྡེ་འདི་ལ་མཆོད་པར་བྱེད་པའི་ཚེ་སྤོས་ཀྱི་བདུག་པ་རྣམ་པ་སྣ་ཚོགས་གང་ཡིན་པ་དེ་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འབའ་ཞིག་ཏུ་ཁྱབ་པར་འགྱུར་བ་མ་ཡིན་གྱི། སྐད་ཅིག་ཡུད་ཙམ་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ་བྱེ་བ་ཁྲག་


DKG089_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིག་བརྒྱ་སྟོང་ཚད་མེད་མཐའ་མེད་པ་ཀུན་དུ་ཁྱབ་ཅིང་། སངས་རྒྱས་ཀྱི་ཞིང་རྣམས་ཀྱི་ནམ་མཁའ་ཀུན་དུ་སྤོས་ཀྱི་གདུགས་སུ་གྱུར་ནས་ཀུན་དུ་གསལ་བར་བྱེད་པ་ཡང་དེ་བཞིན་ཏེ། དེའི་ཚེ་སངས་རྒྱས་མང་པོ་དེ་དག་སྤོས་གྱ་ནོམ་པའི་དྲི་གང་ཡིན་པ་དེ་དག་ཀྱང་རིག་ཅིང་མཁྱེན། སྤོས་ཀྱི་བླ་རེ་དང་། གསེར་གྱི་ཁ་དོག་དེ་དག་ཀྱང་གཟིགས་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོ་འཕྲུལ་བསྟན་ནས། སངས་རྒྱས་བཅོམ་ལྡན་འདས་མང་པོ་དེ་དག་གིས་མཐུན་པར་གཟིགས་ཤིང་སོ་སོར་བརྟགས་ཏེ། གསུང་མཐུན་པར་ཆོས་སྨྲ་བའི་མཁན་པོ་དེ་ལ་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ཤིན་ཏུ་ཟབ་པའི་མདོ་སྡེ་གྱ་ནོམ་པ་འདི་རྒྱ་ཆེར་ཡོངས་སུ་སྤེལ་ནས། བསོད་ནམས་ཀྱི་ཕུང་པོ་ཚད་མེད་མཐའ་མེད་ཅིང་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་པར་གྱུར་པ་ལེགས་སོ་ལེགས་སོ། ། ཞེས་བསྔགས་པ་བརྗོད་པར་འགྱུར་རོ། །གང་ལ་ལ་ཞིག་མདོ་སྡེ་འདི་ལྟ་བུ་མཉན་ནས་ཐོས་པའི་བསོད་ནམས་གང་ཡིན་པ་དེའི་ཚད་ཀྱང་ཤིན་ཏུ་མང་བ་ཡིན་ན། ཡི་གེར་འདྲི་བ་དང་། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། གཞན་དག་ལ་ཡང་དག་པར་སྟོན་པ་དང་། ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དག་སེམས་ཅན་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ཐོས་པར་གྱུར་པ་གང་ཡིན་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་མི་འགྱུར་བས་སོ། །དེའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་དག་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་གསུང་གཅིག་ཏུ་ཆོས་ཀྱི་སྟན་ལ་འདུག་པའི་ཆོས་སྨྲ་བའི་མཁན་པོ་དེ་ལ་ལེགས་སོ་ལེགས་སོ། །ཞེས་བསྔགས་པ་འདི་བརྗོད་ནས་རིགས་ཀྱི་བུ་ཁྱོད་མ་འོངས་པའི་དུས་ན། བརྩོན་འགྲུས་ཀྱི་སྟོབས་ཀྱིས་དཀའ་བ་བརྒྱ་སྟོང་ཚད་མེད་པ་སྙེད་མངོན་པར་བསྒྲུབས་ཏེ། ཚོགས་ཡོངས་སུ་རྫོགས་པར་བྱས་ནས་འཕགས་པ་མང་


DKG089_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས་ཡང་དག་པར་འདས་ཏེ། ཁམས་གསུམ་ལས་ངེས་པར་བྱུང་ནས་གཙོ་བོ་མཆོག་ཏུ་གྱུར་ཏེ་བྱང་ཆུབ་ཀྱི་ཤིང་གི་རྒྱལ་པོའི་དྲུང་དུ་འདུག་ནས། ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ཡོངས་སུ་བརྒྱན་པར་འགྱུར། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རྐྱེན་དང་ལྡན་པའི་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པར་འགྱུར། ཤིན་ཏུ་འཇིགས་སུ་རུང་བའི་བདུད་ཀྱི་དམག་ཚོགས་རྣམས་ཚར་གཅོད་པར་འགྱུར། ཤིན་ཏུ་རྣམ་པར་དག་པའི་ཆོས་རྣམས་དང་། ཤིན་ཏུ་ཟབ་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རབ་ཏུ་རྟོགས་པར་འགྱུར་རོ། །རིགས་ཀྱི་བུ་ཁྱོད་རྡོ་རྗེའི་སྟན་ལ་འདུག་ནས་སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ། ཤིན་ཏུ་ཟབ་པ་གྱ་ནོམ་པ་རྣམ་པ་བཅུ་གཉིས་ཡོངས་སུ་བསྐོར་བར་འགྱུར། བླ་ན་མེད་པའི་ཆོས་ཀྱི་རྔ་ཆེན་པོ་མཆོག་ཏུ་གྱུར་པ་རབ་ཏུ་རྡུང་བར་འགྱུར། བླ་ན་མེད་པའི་ཆོས་ཀྱི་དུང་ཤིན་ཏུ་གྱ་ནོམ་པ་འབུད་པར་འགྱུར། བླ་ན་མེད་པའི་ཆོས་ཀྱི་རྒྱལ་མཚན་ཁྱད་པར་དུ་འཕགས་པ་སྒྲེང་བར་འགྱུར། བླ་ན་མེད་པའི་ཆོས་ཀྱི་སྒྲོན་མ་ཤིན་ཏུ་གསལ་བར་སྤར་བར་འགྱུར། བླ་ན་མེད་པའི་བདུད་རྩིའི་ཆོས་ཀྱི་ཆར་རབ་ཏུ་འབེབས་པར་འགྱུར། ཉོན་མོངས་པའི་དགྲའི་འཆིང་བ་ཚད་མེད་པ་ཡོངས་སུ་གཅོད་པར་འགྱུར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་མཐའ་མེད་ཅིང་འཇིགས་སུ་རུང་བའི་རྒྱ་མཚོ་ལས་ཡོངས་སུ་བཟླས་པར་འགྱུར། མུ་མེད་པའི་སྐྱེ་ཤིའི་འཁོར་བ་ལས་ཐར་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་དང་ཕྲད་པར་འགྱུར་རོ། །ཞེས་གསུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ནི་སླད་མ་དང་། ད་ལྟར་གྱི་ཚེ་ཡོན་ཏན་ཚད་མ་མཆིས་པ་འདི་ལྟ་བུ་ཡོངས་སུ་རྫོགས་པར་བགྱིད་པས་དེའི་སླད་དུ་མིའི་རྒྱལ་པོ་གང་གིས་མདོ་སྡེ་ཤིན་ཏུ་གྱ་ནོམ་པ་འདི་ཐོས་པར་གྱུར་པ་དེ་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་ལས་དགེ་བའི་རྩ་བ་བསྐྱེད་པ་ལགས་པས་


DKG089_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་རྒྱལ་པོ་དེ་དག་ལ་བདག་ཅག་རྣམས་ཡོངས་སུ་བསྲུང་ཞིང་རྗེས་སུ་དྲན་པར་བགྱིད་དོ། །གཞན་ཡང་བསོད་ནམས་ཀྱི་ཕན་ཡོན་ཚད་མ་མཆིས་པ་སྙེད་མཐོང་བའི་སླད་དུ་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། འཁོར་གཞན་རྣམས་དང་། ཡི་དགས་འབུམ་ཕྲག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་རང་རང་གི་གཞལ་མེད་ཁང་རྣམས་སུ་སྤོས་ཀྱི་བདུག་པའི་སྤྲིན་གྱི་གདུགས་དང་། ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་དེ་དག་མཐོང་བ། དེའི་ཚེ་བདག་ཅག་རང་གི་ལུས་མི་སྣང་བར་བགྱིས་ནས་ཆོས་ཉན་པའི་སླད་དུ་རྒྱལ་པོ་དེའི་ཕོ་བྲང་ཡོངས་སུ་གཙང་ཞིང་མཛེས་པར་བརྒྱན་པ་ཆོས་འཆད་པའི་གནས་སུ་མཆི་བར་འཚལ་ལོ། །དེ་བཞིན་དུ་ཚངས་པ་དང་། བརྒྱ་བྱིན་དང་། ལྷ་མོ་སྤོབས་པ་ཆེན་མོ་དང་། དཔལ་གྱི་ལྷ་མོ་ཆེན་མོ་དང་། སའི་ལྷ་མོ་བརྟན་མ་དང་། སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། ལག་ན་རྡོ་རྗེ་གསང་བའི་བདག་པོ་དང་། སྡེ་དཔོན་ཆེན་པོ་རིན་ཆེན་བཟང་དང་། འཕྲོག་མའི་བུ་འཁོར་ལྔ་བརྒྱ་པ་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ལྷ་དང་གནོད་སྦྱིན་ལ་སོགས་པའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་ཀྱང་ཆོས་ཉན་པའི་སླད་དུ་སོ་སོ་ནས་རང་རང་གི་ལུས་མི་སྣང་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཕོ་བྲང་ཤིན་ཏུ་ཁྱད་པར་དུ་འཕགས་པ་ཆོས་ཀྱི་གདན་ཤིན་ཏུ་མཛེས་པར་བགྱིས་པ་ཆོས་བཤད་པའི་གནས་སུ་མཆི་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། འཁོར་གཞན་རྣམས་དང་། གནོད་སྦྱིན་རྣམས་ཐམས་ཅད་སེམས་རྩེ་གཅིག་ཏུ་མིའི་རྒྱལ་པོ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་བཤེས་གཉེན་བགྱིས་ནས་བླ་ན་མ་མཆིས་པའི་ཆོས་ཀྱི་སྦྱིན་བདག་ཆེན་པོར་འགྱུར་བའི་རྒྱུས་བདུད་རྩིའི་རོས་བདག་ཅག་ཚིམ་པར་གྱུར་པས། དེའི་སླད་དུ་བདག་ཅག་རྒྱལ་པོ་དེ་ལ་ཡོངས་སུ་བསྲུངས་ནས་གནོད་པ་རྣམས་ཡོངས་སུ་བསལ་ཏེ་བདེ་བ་ཐོབ་པར་བགྱིད་དོ། །དེའི་ཕོ་བྲང་དང་། གྲོང་དང་། གྲོང་ཁྱེར་དང་། ཡུལ་རྣམས་སུ་ཡང་སྡིག་པ་དང་ལྟས་


DKG089_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ངན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ཅིག་ཅར་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་རང་གི་ཡུལ་དུ་མདོ་སྡེ་འདི་བཞུགས་པར་གྱུར་ཀྱང་ཡོངས་སུ་སྤེལ་བར་ཡང་མི་བགྱིད་ལ་སེམས་ཀྱིས་ཀྱང་སྤོང་བར་བགྱིད་ཅིང་ཉན་པར་ཡང་མི་མོས། མཆོད་པར་ཡང་མི་བགྱིད། བླ་མར་ཡང་མི་བགྱིད། བསྔགས་པ་བརྗོད་པར་ཡང་མི་བགྱིད་ལ། འཁོར་བཞི་པོ་དག་མདོ་སྡེ་འཛིན་པ་མཐོང་བར་གྱུར་ན་ཡང་། བླ་མར་མི་བགྱིད་ཅིང་མཆོད་པ་དང་། རིམ་གྲོ་ཡང་མི་བགྱིད་ན་བདག་ཅག་དང་། འཁོར་གཞན་རྣམས་དང་། ལྷ་ཚད་མ་མཆིས་པ་རྣམས་ཀྱང་ཤིན་ཏུ་ཟབ་ཅིང་གྱ་ནོམ་པའི་ཆོས་འདི་ཐོས་པར་མི་འགྱུར་བས་བདུད་རྩིའི་རོ་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཡང་དག་པའི་ཆོས་ཀྱི་རྒྱུད་ཀྱང་སྟོར་བར་འགྱུར། གཟི་བྱིན་དང་མཐུ་སྟོབས་ཀྱང་མ་མཆིས་པར་འགྱུར། ངན་འགྲོ་འཕེལ་བར་བགྱིད་ཅིང་ལྷ་དང་མི་རྣམས་ཡོངས་སུ་ཉམས་པར་འགྱུར། འཁོར་བའི་ཆུ་བོར་བྱིང་བར་འགྱུར་ཞིང་། མྱ་ངན་ལས་འདས་པའི་ཤུལ་དང་གོལ་བར་འགྱུར་བས་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། འཁོར་གཞན་རྣམས་དང་། གནོད་སྦྱིན་ལ་སོགས་པ་དེ་ལྟ་བུའི་དངོས་པོ་མཐོང་བར་གྱུར་ན་ཡུལ་དེ་ཡོངས་སུ་སྤོང་བར་བགྱིད་ལ། ཡོངས་སུ་སྐྱོབ་ཅིང་ཡོངས་སུ་བསྲུང་བའི་སེམས་ཀྱང་མ་མཆིས་པར་འགྱུར་བ་ལགས་སོ། །བདག་ཅག་འབའ་ཞིག་རྒྱལ་པོ་དེ་སྤོང་བར་བགྱིད་པ་མ་ལགས་ཀྱི་ཡུལ་སྐྱོང་བའི་ལྷ་དགེ་བ་ཆེན་པོ་ཚད་མ་མཆིས་པ་རྣམས་ཀྱང་ཡལ་བར་བོར་ནས་མཆི་བར་འགྱུར་ལགས་སོ། །དེ་ལྟར་ཡལ་བར་བོར་བའི་དབང་གིས་ཡུལ་དེར་གནོད་པ་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཞིང་རྒྱལ་ཐབས་ཀྱང་སྟོར་བར་འགྱུར། མིའི་ཚོགས་ཐམས་ཅད་ཀྱང་དགེ་བའི་སེམས་ནི་མ་མཆིས་ཀྱི་གཅིག་ལ་གཅིག་འཆིང་བ་དང་། གསོད་པ་དང་། གཤེ་བ་དང་། རྩོད་པ་དང་། ཕན་ཚུན་ཕྲ་མ་དང་། གྱ་གྱུ་བགྱིད་ཅིང་ནོངས་པ་མ་མཆིས་པ་ལ་ཆད་པ་གཅོད་པ་འབའ་ཞིག་སེམས་པས། ནད་དང་། རིམས་ནད་རྣམས་


DKG089_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར། གཟའ་མཇུག་རིངས་ཡང་ནས་ཡང་དུ་འབྱུང་བར་འགྱུར། གདུགས་གཉིས་ཅིག་ཅར་འཆར་བར་འགྱུར། གཟའ་འཇུག་པ་ལ་རྒྱུན་ཆད་པ་མ་མཆིས་པར་འགྱུར། གཞའ་དཀར་ནག་གིས་བཀྲ་ཤིས་པ་མ་ལགས་པའི་མཚན་མ་སྟོན་པར་འགྱུར། སྐར་མདའ་ལྟུང་ཞིང་ས་གཡོ་བར་འགྱུར། ཁྲོན་པའི་ནང་ནས་སྒྲ་འབྱུང་བར་འགྱུར། ཆར་དང་རླུང་དྲག་པོ་དུས་མ་ལགས་པར་འབབ་ཅིང་ལྡང་བར་འགྱུར། རྟག་པར་མུ་གེའི་གནོད་པ་འབྱུང་བར་འགྱུར། འབྲུ་རྣམས་ཡོངས་སུ་སྨིན་པར་མི་འགྱུར། ཕས་ཀྱི་རྒོལ་བའི་དགྲ་མང་པོས་གཙེས་པས་ཡུལ་གྱི་མི་རྣམས་སྡུག་བསྔལ་གྱི་གནོད་པ་མང་པོ་མྱོང་བར་འགྱུར། ཡུལ་གྱི་ས་ཕྱོགས་ཀྱང་ཡིད་དུ་མི་མཆི་ཞིང་མངོན་པར་དགའ་བ་ཅི་ཡང་མ་མཆིས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། ལྷ་བརྒྱ་སྟོང་ཚད་མ་མཆིས་པ་དང་། སྔོན་ཡུལ་སྐྱོང་བའི་ལྷ་དགེ་བ་ཆེན་པོ་རྣམས་ཀྱིས་ཡོངས་སུ་སྤངས་ནས། མཆི་བའི་ཚེ་ལྟས་ངན་པའི་དངོས་པོ་བརྒྱ་སྟོང་ཚད་མ་མཆིས་པ་དེ་ལྟ་བུ་དག་འབྱུང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་ཡུལ་སྐྱོང་ཞིང་རྟག་པར་བདེ་བའི་ལོངས་སྤྱོད་མྱོང་བར་འཚལ་བ་དང་། སྐྱེ་བོ་མང་པོ་རྣམས་བདེ་བ་ལ་འགོད་པར་འཚལ་བ་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་བཀུམ་ནས་རང་གི་ཡུལ་ཁམས་གཏན་དུ་རྒྱས་ཤིང་དར་བར་འཚལ་བ་དང་། ཡང་དག་པའི་བསྟན་པ་འཇིག་རྟེན་དུ་གནས་ནས་སྡུག་བསྔལ་གྱི་གནོད་པ་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཉེ་བར་ཞི་བར་འགྱུར་བར་འཚལ་ན། བཅོམ་ལྡན་འདས་ཡུལ་གྱི་བདག་པོ་དེ་དག་གིས་གདོན་མི་འཚལ་བར་མདོ་སྡེའི་རྒྱལ་པོ་དམ་པ་འདི་མཉན་ནས་ཡོངས་སུ་གཟུང་བར་བགྱི་ཞིང་མདོ་སྡེ་འདི་ཀློག་པ་དང་། འདོན་པ་དང་། ལེན་པ་དང་། འཛིན་པ་དག་ལ་ཡང་བསྙེན་བཀུར་བ་དང་། རིམ་གྲོ་དང་། མཆོད་པར་བགྱིད་ན། བདག་ཅག་དང་། ཚད་མ་མཆིས་པའི་ལྷའི་འཁོར་གཞན་རྣམས་ཆོས་མཉན་པའི་དགེ་བའི་རྩ་བའི་བྱིན་གྱིས་བརླབས་ཀྱི་མཐུས་བླ་ན་མ་མཆིས་པའི་བདུད་རྩིའི་ཆོས་ཀྱི་རོ་མྱོང་བར་


DKG089_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བས་བདག་ཅག་འཁོར་དང་བཅས་པ་ལ་སྨན་པར་འགྱུར་ཞིང་ལྷ་གཞན་རྣམས་ཀྱང་སྨན་ཡོན་མཆོག་ཐོབ་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མིའི་རྒྱལ་པོ་དེས་སེམས་རྩེ་གཅིག་ཏུ་མདོ་སྡེ་འདི་མཉན་ནས་ཡོངས་སུ་བཟུང་བའི་སླད་དུའོ། །བཅོམ་ལྡན་འདས་འདི་ལྟར་ཚངས་པ་ཆེན་པོས་ཀྱང་སེམས་ཅན་རྣམས་ལ་རྟག་པར་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བསྟན་བཅོས་ཡང་དག་པར་བསྟན། བརྒྱ་བྱིན་ལྷའི་དབང་པོས་ཀྱང་བསྟན་བཅོས་རྣམ་པ་སྣ་ཚོགས་ཡང་དག་པར་བསྟན། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་རྣམས་ཀྱིས་ཀྱང་བསྟན་བཅོས་མང་པོ་བསྟན་ཏེ། བཅོམ་ལྡན་འདས་ཚངས་པ་དང་། བརྒྱ་བྱིན་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་གིས་བསྟན་བཅོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་བསྟན་མོད་ཀྱི། འོན་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱམས་པ་དང་ཐུགས་རྗེས་ཐུགས་བརྩེ་བར་དགོངས་ནས་ལྷ་དང་མིའི་ཚོགས་རྣམས་ཀྱི་ཆེད་དུ་གསེར་འོད་དམ་པའི་མདོ་སྡེ་ཤིན་ཏུ་གྱ་ནོམ་པ་བཀས་བཤད་པ་གང་ལགས་པ་སྔར་བསྟན་པ་དེ་དག་དང་བསྒྲུན་ན། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འགྱུར་སྙེད་ཀྱིས་ཆེས་ཁྱད་པར་དུ་འཕགས་པས་དཔེར་བགྱིར་ཡང་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདིའི་དབང་གིས་འཛམ་བུའི་གླིང་ན་རྒྱལ་པོ་ཇི་སྙེད་མཆིས་པ་དེ་དག་ཡང་དག་པའི་ཆོས་ཀྱིས་འཇིག་རྟེན་བཏུལ་ནས་སེམས་ཅན་ལ་བདེ་བའི་དངོས་པོ་སྩལ་བ་དང་། བདག་དང་འཁོར་རྣམས་ཡོངས་སུ་བསྲུངས་ནས་སྡུག་བསྔལ་གྱི་གནོད་པ་མ་མཆིས་པར་བགྱིད་པ་དང་། གཞན་ཡང་ཕས་ཀྱི་རྒོལ་བས་གནོད་པ་བགྱིད་པ་མ་མཆིས་པ་དང་། སྡིག་པ་མི་དགེ་བ་ཅི་སྙེད་པ་ཐམས་ཅད་ཐག་རིང་དུ་སྤོང་བ་དང་། ཡུལ་གྱི་གདོན་བགེགས་རྣམས་ཡོངས་སུ་བསལ་ནས་ཡང་དག་པའི་ཆོས་ཀྱིས་འདུལ་ཞིང་རྩོད་པ་མ་མཆིས་པར་བགྱིད་པའི་སླད་དུའོ། །དེའི་སླད་དུ་མིའི་རྒྱལ་པོ་རྣམས་སོ་སོ་ནས་རང་གི་ཡུལ་དུ་ཆོས་ཀྱི་སྒྲོན་མ་སྦར་ཏེ་མཐའ་ཡས་པ་རྣམས་གསལ་བར་བགྱིས་ནས་ལྷའི་ཚོགས་དང་རང་རང་གི་འཁོར་རྣམས་ལ་སྨན་པར་བགྱིའོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་།


DKG089_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་། གནོད་སྦྱིན་གྱི་འཁོར་ཚད་མ་མཆིས་པ་དང་། འཛམ་བུའི་གླིང་ན་ལྷ་དང་། ཡི་དགས་ཅི་མཆིས་པ་ཐམས་ཅད་རྒྱུ་དང་རྐྱེན་འདིའི་དབང་གིས་བླ་ན་མ་མཆིས་པའི་བདུད་རྩིའི་ཆོས་ཀྱི་རོ་མྱོང་བར་འགྱུར་ཞིང་གཟི་བྱིན་ཆེན་པོའི་མཐུ་སྟོབས་དང་ལྡན་པ། འོད་ཀྱི་སྣང་བ་ཕུན་སུམ་ཚོགས་པ་དང་། སེམས་ཅན་ཐམས་ཅད་བདེ་བར་འགྱུར་བ་དང་། གཞན་ཡང་སླད་མའི་དུས་ཀྱི་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་ཤིང་བསམ་གྱིས་མི་ཁྱབ་པ་སྙེད་དུ་རྟག་པར་ཤིན་ཏུ་བདེ་བའི་ལོངས་སྤྱོད་མྱོང་བ་དང་། གཞན་ཡང་སངས་རྒྱས་ཚད་མ་མཆིས་པ་སྙེད་མཉེས་པར་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་དེ། དེ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས། འདི་ལྟ་བུའི་སྨན་ཡོན་ཚད་མ་མཆིས་ཤིང་མཐའ་མ་མཆིས་པ་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོ་ཚངས་པའི་འཁོར་ལས་ཡང་དག་པར་འདས་པ་མཁྱེན་པ་ཆེན་པོ་བརྒྱ་བྱིན་པས་ལྷག་པ། དཀའ་བ་རྣམ་པ་སྣ་ཚོགས་ཡོངས་སུ་སྤྱད་པ་མངོན་པར་ཤེས་པ་ལྔ་དང་ལྡན་པའི་དྲང་སྲོང་ལས་ཁྱད་པར་དུ་འཕགས་པར་གྱུར་པས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འགྱུར་སྙེད་ཀྱིས་ཆེས་ལྷག་པར་གྱུར་ཏེ་བརྗོད་དུ་མ་མཆིས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་རྣམས་ཀྱི་ཆེད་དུ་འདི་ལྟ་བུའི་མདོ་སྡེ་ཤིན་ཏུ་གྱ་ནོམ་པ་ཡང་དག་པར་བཀས་བཤད་ནས་འཛམ་བུའི་གླིང་གི་ཡུལ་གྱི་བདག་པོ་ཐམས་ཅད་དང་། མིའི་ཚོགས་མང་པོ་རྣམས་འཇིག་རྟེན་ན་ཆོས་ཀྱི་ཆོ་ག་དང་ཡུལ་ཡོངས་སུ་སྐྱོང་ཞིང་མི་རྣམས་གདུལ་བ་དང་བསྐུལ་བར་བྱ་བའི་དངོས་པོ་ཇི་སྙེད་པ་དེ་དག་གསལ་བར་ཁོང་དུ་ཆུད་པ་ལས་གྱུར་པ་ལགས་ཏེ། མདོ་སྡེའི་རྒྱལ་པོ་འདིའི་བྱིན་གྱིས་བརླབས་ཀྱི་མཐུས་ཐམས་ཅད་བདེ་བ་ཐོབ་པའི་བསོད་ནམས་ཀྱི་ཕན་ཡོན་འདི་དག་ཐམས་ཅད་ཀྱང་སྟོན་པ་ཆེན་པོ་ཤཱཀྱ་ཐུབ་པས་བྱམས་པ་དང་། ཐུགས་རྗེའི་མཐུས་མདོ་སྡེ་འདི་རྒྱ་ཆེར་ཡང་དག་པར་སྤེལ་བ་ལས་གྱུར་པ་ལགས་པས། བཅོམ་ལྡན་འདས་རྒྱུ་དང་རྐྱེན་དེའི་སླད་དུ་མིའི་རྒྱལ་པོ་རྣམས་ཀྱིས་མདོ་སྡེ་དམ་པ་འདི་


DKG089_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་བཟུང་སྟེ། མཆོད་པ་དང་། བཀུར་སྟི་དང་། བླ་མར་བགྱིས་ནས་བསྔགས་པ་བརྗོད་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟ་བུ་ལ་སོགས་པའི་ཡོན་ཏན་ཁྱད་པར་དུ་འཕགས་པ་བསམ་གྱིས་མི་ཁྱབ་པ་དག་གིས་ཐམས་ཅད་ལ་སྨན་པར་བགྱིས་པས་དེའི་སླད་དུ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ཞེས་བགྱི་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱེད་ཅག་རྒྱལ་པོ་ཆེན་པོ་བཞི་དང་། འཁོར་གཞན་རྣམས་དང་ལྷའི་འཁོར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་རྣམས་མིའི་རྒྱལ་པོ་དེ་དག་གལ་ཏེ་སེམས་རྩེ་གཅིག་ཏུ་མདོ་སྡེ་འདི་མཉན་ནས་མཆོད་པ་དང་། བཀུར་སྟི་དང་། བླ་མར་བྱས་ཏེ། བསྔགས་པ་བརྗོད་པ་མཐོང་ནས་ཡོངས་སུ་བསྲུངས་ཏེ། གནོད་པ་རྣམས་ཡོངས་སུ་སེལ་བར་བྱེད་ན། ཁྱེད་ཅག་རབ་ཏུ་བདེ་བ་མྱོང་བར་འགྱུར་བར་བྱེད་དོ། །གལ་ཏེ་འཁོར་བཞི་པོ་དག་གིས་མདོ་སྡེའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་སྤེལ་བར་བྱེད་ན་དེས་ནི་ལྷ་དང་མིའི་ནང་ན་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེར་ཡང་དག་པར་བྱས་པ་ཡིན་པས་སེམས་ཅན་ཚད་མེད་པ་སྙེད་ལ་ཕན་བཏགས་པ་ཡིན་ཏེ། འདི་ལྟ་བུའི་གང་ཟག་གང་ཡིན་པ་དེ་ལ་ཁྱེད་ཀྱིས་རྟག་པར་བསྲུང་ཞིང་ཡོངས་སུ་བསྐྱབ་པར་བྱའོ། །འདི་ལྟ་བུའི་འཁོར་བཞི་པོ་དག་རྐྱེན་གཞན་གྱིས་ཕན་ཚུན་གནོད་པ་བྱེད་པ་མེད་པར་བྱོས་ལ། དེ་དག་ལུས་དང་སེམས་རབ་ཏུ་དབེན་ཞིང་བདེ་བས་མདོ་སྡེའི་རྒྱལ་པོ་འདི་ཡང་དག་པར་སྤེལ་ནས་ཕྱི་མའི་མཐའ་ཇི་སྲིད་པའི་བར་དུ་སེམས་ཅན་ཕན་འདོགས་པ་ལ་རྒྱུན་ཆད་པ་མེད་པར་བྱོས་ཤིག །དེ་ནས་ལྷའི་རྒྱལ་པོ་རྣམ་ཐོས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་ཀྱི་ཆོ་ག་མཆིས་ཏེ། སེམས་ཅན་གང་ལ་ལ་ཞིག་ཡོངས་སུ་འཛིན་པར་མོས་ན་ཡོན་ཏན་ཚད་མ་མཆིས་པ་དང་ལྡན་པར་འགྱུར་ཞིང་བདག་གིས་རྟག་པར་བསྲུངས་བས་སེམས་ཅན་དེ་སྡུག་བསྔལ་སྤངས་ནས་བདེ་བ་ཐོབ་པར་འགྱུར། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པ་གཉིས་


DKG089_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །གང་ཞིག་ཡོངས་སུ་འཛིན་པར་འཚལ་བས་སྔར་ལུས་བསྲུང་བའི་སྔགས་འདི་གདོན་པར་བགྱིའོ། །སྔགས་ནི་འདི་ལྟ་སྟེ། ན་མོ་བཻ་ཤྲ་བ་ཎཱ་ཡ།མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ར་ར་ར་ར། ཀུ་ནོ་ཀུ་ནོ། ། ཁུ་ནོ་ཁུ་ནོ། རུ་ཎོ་རུ་ཎོ། ས་བ་ས་བ། ཀ་ར་ཀ་ར། མ་ཧཱ་བི་ཀ་རཾ། མ་ཧཱ་བི་ཀ་རཾ། མ་ཧཱ་ཀཱ་ལ། མ་ཧཱ་རཱ་ཛ། རཀྵ་རཀྵ་ཏུ། བདག་ཉིད་ཀྱི་མིང་བརྗོད་པར་བྱ། མཱཾ་སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བཅོམ་ལྡན་འདས་སྔགས་འདི་འདོན་པས་སྐུད་པ་དཀར་པོ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་ལན་རེ་མདུད་པ་རེ་རེ་བོར་ནས་དཔུང་པ་ལ་བཅིངས་ན། དེའི་དོན་གདོན་མི་འཚལ་བར་འགྲུབ་པར་འགྱུར་ལགས་སོ། །སྤོས་མང་པོ་འདི་ལྟ་སྟེ། གུ་གུལ་དང་། ཙནྡན་དང་། དུ་རུསྐ་དང་། ཏ་ཀ་རའི་པོག་འདི་རྣམས་ཆ་མཉམ་པར་གཅིག་ཏུ་བསྲེས་ཏེ་སུག་པར་པོག་ཕོར་ཐོགས་ནས་པོག་བསྲེགས་ཏེ་མཆོད་པར་བགྱིའོ། །ཁྲུས་ཡོངས་སུ་དག་པར་བགྱིས་ཏེ། གོས་སར་པ་གཙང་མ་བགོས་ནས་ཁང་པ་དབེན་པར་སྔགས་བཟླས་ཏེ་ལྷའི་རྒྱལ་པོ་རྣམ་ཐོས་བདག་གཡར་དྲང་བར་བགྱི་ལགས་སོ། །སྔགས་ནི་འདི་ལྟ་སྟེ། ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་དྷ་ན་དཱ་ཡ། ཙཎྜེ་ཤྭ་རཱ་ཡ། ཨཱ་ཀརྵ། ཨ་པ་ར་ཛི་ཏ། ཙཎྜེ་ཤྭ་ར། པ་ར་མ་ཀཱ་རུ་ཎི་ཀ །སརྦ་སཏྭཱ་ཧི་ཏ་ཙིནྟཱ།བདག་གི་མིང་བརྗོད། མ་མ་དྷ་ན་བརྔྷོ། པ་ར་ཡེ་ཤྭ་ར། སྭ་ཡཾ་ཨཱ་ཀརྵ་ཡ་སྭཱ་ཧཱ། སྔགས་འདི་ལན་བདུན་ཚང་བར་བཟླས་ན་དེའི་རྗེས་ལ་སྔགས་ཀྱི་སྙིང་པོ་གདོན་པར་བགྱིའོ། །སྔགས་འདོན་པའི་ཚེ་སྔར་དཀོན་མཆོག་གསུམ་ལ་གུས་པར་ཕྱག་བགྱིས་ནས་ལྷའི་དབང་པོ་རྣམ་ཐོས་ཀྱི་མིང་ནས་འདོན་པར་བགྱིད་ན། ནོར་རྫས་རྣམས་སྩོལ་ཅིང་སེམས་ཅན་རྣམས་ཅི་དང་ཅི་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ནས་བདེ་བ་སྩོལ་བར་བགྱིད་དོ། །དེ་ལྟར་ཕྱག་བགྱིས་ནས་དེའི་རྗེས་ལ་རྒྱལ་པོ་རྣམ་ཐོས་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྔགས་ཀྱི་སྙིང་པོ་འདོན་པར་བགྱིད་ན། ཡིད་བཞིན་གྱི་བདེ་བ་སྩོལ་བར་བགྱིད་དོ། །དེ་ནས་ལྷའི་རྒྱལ་པོ་རྣམ་ཐོས་ཀྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡིད་བཞིན་གྱི་ནོར་བུ་རིན་པོ་


DKG089_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་སྔགས་ཀྱི་སྙིང་པོ་སྨྲས་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡྡཱ་ཡ། ཨཱཏྨ་ནཱཾ་ནི་ཏ་ཏྱན་ཨནྟརྡྷཱ་ཏུ་སྭཱ་ཧཱ། ན་མོ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། དྷ་ན་དཱ་ཡ་སྭཱ་ཧཱ། མ་ནོ་ར་ཐ་པ་རི་པཱུ་ར་ཡ་སྭཱ་ཧཱ། སྔགས་འདོན་པའི་ཚེ་སྔར་ལན་སྟོང་ཚང་བར་བཟླས་ནས། དེའི་རྗེས་ལ་ཁང་པ་གཙང་མ་དག་ཏུ་བ་ལང་གི་ལྕི་བས་དོག་ས་ལ་ཞལ་ཞལ་བགྱིས་ཏེ་དཀྱིལ་འཁོར་ཆུང་ངུ་ཞིག་བགྱིས་ནས་ཟས་ཅི་འབྱོར་བས་སེམས་རྩེ་གཅིག་ཏུ་མཆོད་པར་བགྱིའོ། །རྟག་པར་པོག་སྤོས་དམ་པ་བསྲེགས་ནས་དུད་པ་རྒྱུན་མི་འཆད་པར་བགྱིའོ། །སྔགས་ཀྱི་སྙིང་པོ་སྔ་མ་གདུགས་མཚན་དུ་སེམས་དྲན་པ་ཉེ་བར་གཞག་ནས། བདག་ཉིད་ཀྱིས་ཐོས་པ་ཙམ་དུ་ཟློས་ཤིང་གཞན་གྱིས་རིག་པར་མི་བགྱིད་ན། དེའི་ཚེ་རྣམ་ཐོས་ཀྱི་བུ་ཤ་ནི་ཤི་ཞེས་བགྱི་བ་གཞོན་ནུའི་གཟུགས་ཉེ་བར་བསྟན་ཏེ། དྲུང་དུ་མཆིས་ནས་འདི་སྐད་དུ་ཅིའི་ཕྱིར་བདག་གི་ཕ་འབོད་ཅེས་འདྲི་བར་འགྱུར་བས་ལན་དུ་འདི་སྐད་ཅེས་བདག་དཀོན་མཆོག་གསུམ་མཆོད་པའི་དོན་དུ་ནོར་འཚལ་ན། དེ་བཞིན་དུ་སྩལ་བར་གསོལ་ཞེས་སྨྲ་བར་བགྱིའོ། །དེའི་ཚེ་ཤ་ནི་ཤི་ཚིག་དེ་ཐོས་པ་དང་སླར་ཕའི་ཐད་དུ་མཆིས་ནས་ཕ་ལ་འདི་སྐད་དུ་དེང་དགེ་བ་སྤྱོད་པའི་མི་ཞིག་སེམས་རྩེ་གཅིག་ཏུ་དཀོན་མཆོག་གསུམ་མཆོད་དེ། ནོར་གྱིས་ཕོངས་པའི་སླད་དུ་ཡབ་ལ་གསོལ་བ་འདེབས་སོ་ཞེས་བགྱིས་པ་དང་། ཕས་ཁྱོད་མྱུར་དུ་སོང་ལ་ཉིན་གཅིག་བཞིན་དུ་དེ་ལ་ཀཱརྞཱ་པ་ཎ་བརྒྱ་བརྒྱ་བྱིན་ཅིག་ཅེས་མཆི་བར་འགྱུར་ཏེ་སྔགས་འདོན་པས་དེ་ལྟ་བུའི་མཚན་མ་མཐོང་བར་གྱུར་ན་དོན་འགྲུབ་པར་འགྱུར་བར་རིག་པར་བགྱིས་ནས་གཅིག་པུ་ཁང་པ་གཙང་མའི་ནང་དུ་བདུག་སྤོས་བསྲེགས་ཏེ་མཆིས་ཉལ་བའི་ཁྲིའི་དྲུང་དུ་སྤོས་ཀྱི་སྤྲོག་མ་གཅིག་བཞག་ནས་རྟག་པར་ནམ་ལངས་པའི་ཚེ་སྤྲོག་མའི་ནང་དུ་ནོར་ཅི་ཐོབ་པ་བལྟ་བར་བགྱིའོ། །རྟག་པར་ནོར་ཐོབ་པའི་ཚེ་དེ་ཉིད་ཀྱི་གདུགས་ལ་སྤོས་དང་མེ་ཏོག་དང་། ཞལ་ཟས་ཀྱིས་དཀོན་མཆོག་གསུམ་ལ་མཆོད་ཅིང་དབུལ་ཕོངས་པ་རྣམས་ལ་


DKG089_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་ནས་བས་པར་བགྱིའོ། །བསྲིས་ཏེ་གཞག་པར་མི་བགྱིའོ། །སེམས་ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་བསམ་པ་བསྐྱེད་པར་བགྱི། ཞེ་སྡང་དང་གཡོ་སྒྱུ་དང་། གནོད་སེམས་ཀྱི་བསམ་པ་བསྐྱེད་པར་མི་བགྱིའོ། །གལ་ཏེ་ཞེ་སྡང་སྐྱེས་པར་གྱུར་ན། དངོས་གྲུབ་ཀྱི་མཐུ་སྟོར་བར་འགྱུར་བས་རྟག་པར་སེམས་བསྲུངས་ཏེ་ཞེ་སྡང་བསྐྱེད་པར་མི་བགྱིའོ། །གཞན་ཡང་སྔགས་འཛིན་པས་རྟག་པར་ལྷའི་རྒྱལ་པོ་རྣམ་ཐོས་བདག་དང་། བུ་དང་། བུ་མོ་དང་། འཁོར་རྣམས་རྗེས་སུ་དྲན་པར་བགྱིས་ཏེ་བསྔགས་པ་བརྗོད་ན་རྟག་པར་དགེ་བ་བཅུ་པོ་དག་གིས་བསྟངས་ཏེ། ལྷ་དེ་དག་བསོད་ནམས་ཀྱི་མཐུ་འཕེལ་ཞིང་རྒྱས་པ་དང་། དགེ་བ་མང་པོ་ཀུན་དུ་འཕེལ་ནས་བྱང་ཆུབ་མངོན་པར་རྟོགས་པར་འགྱུར་བར་བགྱིད་ན། ལྷ་མང་པོ་དེ་དག་གིས་དངོས་པོ་དེ་ལྟ་བུ་མཐོང་བ་དང་། ཐམས་ཅད་རབ་ཏུ་དགའ་བས་ལྷན་ཅིག་ཏུ་ཉེ་བར་མཆིས་ཏེ། སྔགས་འདོན་པའི་གང་ཟག་དེ་ལ་ཡོངས་སུ་བསྲུང་བར་བགྱིའོ། །གཞན་ཡང་སྔགས་འཛིན་པ་དེ་ཚེ་རིང་ཞིང་ལོ་ཚད་མ་མཆིས་པ་སྙེད་དུ་གནས་པར་འགྱུར། ངན་སོང་གསུམ་དང་རྟག་ཏུ་བྲལ་ཞིང་རྟག་པར་གནོད་པ་མ་མཆིས་པར་འགྱུར། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་གཏེར་རྣམས་འཐོབ་པར་འགྱུར། མངོན་པར་ཤེས་པ་དང་། དབང་ཕྱུག་དང་། སྨོན་པ་ཐམས་ཅད་མངོན་པར་འགྲུབ་པར་འགྱུར། གལ་ཏེ་བློན་ཐབས་འཚལ་ན་ཡང་ཡིད་བཞིན་དུ་འགྲུབ་པར་འགྱུར། གཅན་གཟན་ཐམས་ཅད་ཀྱི་སྐད་ཀྱང་འཚལ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་སྔགས་འདོན་པའི་ཚེ་བདག་གི་ལུས་མངོན་དུ་སྟོན་པར་མཐོང་བར་འཚལ་ན་ཚེས་བརྒྱད་དམ། བཅྭ་ལྔའི་གདུགས་ལ་རས་དཀར་པོ་ལ་སངས་རྒྱས་ཀྱི་སྐུ་གཟུགས་ཤིག་སྦྱིན་དང་ཚོན་སྣ་ཚོགས་ཀྱིས་བརྒྱན་པ་བྲི་བར་བགྱིའོ། ། སྐུ་གཟུགས་འདྲི་བའི་རི་མོ་མཁན་དེ་ཡང་བསླབ་པའི་གནས་བརྒྱད་ཡང་དག་པར་བླང་བར་བགྱིའོ། །སངས་རྒྱས་ཀྱི་གཡོན་ཕྱོགས་སུ་དཔལ་གྱི་ལྷ་མོའི་གཟུགས་བྲི་བར་བགྱིའོ། །སངས་རྒྱས་ཀྱི་གཡས་ཕྱོགས་སུ་རྒྱལ་པོ་རྣམ་ཐོས་བདག་དང་། བུ་དང་། བུ་མོ་དང་།


DKG089_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྣམས་ཀྱི་གཟུགས་བྲིས་ནས། མཆིས་པའི་སྟན་ལེགས་པར་བཤམས་ཏེ་མེ་ཏོག་སྣ་ཚོགས་བཀྲམ་ནས་སྤོས་མཆོག་དམ་པ་བསྲེགས་ཏེ་གདུགས་མཚན་རྒྱུན་ཆད་པ་མ་མཆིས་པར་མར་མེ་སྦར་བར་བགྱིའོ། །བཟའ་བ་དང་བཏུང་བ་མཆོག་དམ་པ་སྣ་ཚོགས་ཀྱིས་གུས་པའི་སེམས་བསྐྱེད་དེ་དུས་གསུམ་དུ་མཆོད་པ་བགྱིས་ནས་སྔགས་གདོན་པར་བགྱིའོ། །བརྙས་པའི་སེམས་བསྐྱེད་པར་མི་བགྱིའོ། །བདག་གཡར་འདྲེན་པའི་ཚེ་སྔགས་འདི་གདོན་པར་བགྱིའོ། །ན་མཿཤྲཱི་ཀཎྛཱ་ཡ། བུད་དྷཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། ཡཀྵ་རཱ་ཛཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཨ་ཏི་རཱ་ཛཱ་ཡ། ན་མཿཤྲཱི་མ་ཧཱ་དེ་བི་ཡེ། ཏདྱ་ཐཱ། ཏ་ར་ཏ་ར། ཏུ་རུ་ཏུ་རུ། བ་ར་བ་ར། སུ་ཤུདྡྷོ་སུ་ཤུདྡྷོ། ཧ་ན་ཧ་ན། མ་ཎི་ཀ་ན་ཀ། བཛྲ་བཻ་ཌཱུཪྱ། མུཀྟི་ཀཱ་བཾ་ཀྲྀ་ཏ། ཤ་རཱི་རཱ་ཡ། སརྦ་ས་ཏྭཱ་ནཱཾ་ཧི་ཏ་ཀཱ་མ། བཻ་ཤྲ་བ་ཎ། ཤྲཱི་ཡ་དེ་བཱི་པྲ་བྷཱ་ཡ། ཨེ་ཧི་ཨེ་ཧི། མཱ་བི་ལམྦ། གཱུརྞ་་གཱུརྞ། པ་ར་སྱ། པ་ར་སྱ། ད་དཱ་ཧི་མ་མ་ཨ་མུ་ཀ་ནཱ་མ་སྱ། དརྴ་ན་ཀཱ་མ་སྱ་དརྴ་ནཾ། མ་མ་མ་ན། པྲ་ལ་ཧ་དཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གིས་སྔགས་འདོན་པའི་མི་དེ་དང་། གཞན་ཡང་དེ་ལྟ་བུའི་མཆོད་པ་རྒྱས་པར་བགྱིས་མཐོང་བར་གྱུར་ན་བྱམས་ཤིང་སྡུག་པ་དང་། རབ་ཏུ་དགའ་བའི་སེམས་བསྐྱེད་ནས་བདག་བྱིས་པ་གཞོན་ནུའི་གཟུགས་སམ། རྒན་པོའམ། དགེ་སློང་གི་གཟུགས་སུ་ལུས་བསྒྱུར་ནས་སུག་པ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་གསེར་གྱི་སྣོད་ཐོགས་ཏེ། དཀྱིལ་འཁོར་གྱི་ནང་དུ་ཞུགས་ཏེ་ལུས་ཀྱིས་གུས་པ་བསྟན་ཏེ། སངས་རྒྱས་ཀྱི་མཚན་ནས་བརྗོད་དེ་སྔགས་འདོན་པ་དེ་ལ་ཁྱོད་ཀྱིས་བསམ་པ་བཞིན་དུ་སྨོན་པ་རྣམས་འགྲུབ་པར་བྱའོ་ཞེས་མཆི་བར་འགྱུར་ལགས་སོ། །ནགས་ཚལ་གྱི་ནང་དུ་མི་སྣང་བར་འཚལ་ལམ། རིན་པོ་ཆེ་མངོན་པར་འགྲུབ་པར་བགྱིད་པ་དང་། སྐྱེ་བོ་མང་པོ་ཀུན་གྱི་སྙིང་དུ་སྡུག་ཅིང་བཀུར་བར་འཚལ་ལམ། གསེར་དང་དངུལ་ལ་སོགས་པའི་ནོར་རྣམས་ཡོངས་སུ་གཉེར་བར་འཚལ་ལམ། སྔགས་ཀྱི་དངོས་གྲུབ་འགྲུབ་པར་འཚལ་ལམ། མངོན་པར་ཤེས་པ་དང་། ཚེ་ཤིན་ཏུ་རིང་


DKG089_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ལོངས་སྤྱོད་མཆོག་དམ་པ་ཡོངས་སུ་གཉེར་བར་འཚལ་ན་ཡང་བསམ་པ་བཞིན་དུ་མི་འགྲུབ་པ་གང་ཡང་མ་མཆིས་པར་འགྱུར་ལགས་སོ། །དེང་བདག་གིས་རེ་ཞིག་དངོས་པོ་འདི་ཙམ་ཞིག་བསྟན་པ་ལགས་ཏེ། གལ་ཏེ་ཡང་གཞན་དག་ཡོངས་སུ་གཉེར་བར་བགྱིད་ན་ཡང་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་མངོན་པར་འགྲུབ་ཅིང་རིན་པོ་ཆེའི་གཏེར་བས་པ་མ་མཆིས་པ་དང་། ཡོན་ཏན་མཐར་ཐུག་པ་མ་མཆིས་པ་ཡང་མངོན་པར་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་ཉི་མ་དང་ཟླ་བ་དོག་ས་ལ་ལྟུང་བར་འགྱུར་ཡང་སྲིད། ས་ཆེན་པོ་རེས་འགའ་གཞན་དུ་འགྱུར་ཡང་སྲིད་ཀྱི་བདག་གི་བདེན་པའི་ཚིག་འདི་ནི་ནམ་ཡང་ཆབ་འཚལ་བར་མི་འགྱུར་བས་རྟག་པར་ཡིད་བཞིན་གྱི་བདེ་བ་འཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་མདོ་སྡེའི་རྒྱལ་པོ་འདི་ལེན་པ་དང་། ། འཛིན་པ་དང་། ཀློག་པ་དང་། ཁ་དོན་དུ་འདོན་པ་དེས་སྔགས་འདི་འདོན་པར་བགྱིད་ན། ངལ་བ་མ་མཆིས་པར་ཆོ་ག་རྣམས་མྱུར་དུ་འགྲུབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དེང་བདག་གིས་དབུལ་ཕོངས་པ་དང་། སྡུག་བསྔལ་གྱི་གནོད་པར་འགྱུར་བའི་སེམས་ཅན་དེ་དག་གི་ཆེད་དུ་སྔགས་འདི་བསྟན་པས་ཕན་ཡོན་ཆེན་པོ་ཐོབ་ནས་ཐམས་ཅད་ཕྱུག་ཅིང་སྐྱིད་པ་དང་རང་དབང་དང་ལྡན་ཞིང་གནོད་པ་མ་མཆིས་པ་འཐོབ་པར་འགྱུར་ལགས་སོ། །བདག་གིས་ནམ་འཚོའི་བར་དུ་གང་ཟག་དེའི་རྗེས་སུ་འབྲངས་ནས་ཡོངས་སུ་བསྲུངས་ཏེ། གནོད་པ་རྣམས་ཡོངས་སུ་སེལ་བར་བགྱིད་དོ། །གཞན་ཡང་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ཡོངས་སུ་བཟུང་ནས་སྤེལ་བར་བགྱིད་པ་དང་། སྔགས་འདོན་པའི་གང་ཟག་དེ་ལ་གོམ་པ་བརྒྱ་ཚུན་ཆད་དུ་འོད་ཀྱིས་ཀུན་དུ་གསལ་བར་བགྱིད་ལགས་སོ། །བདག་གིས་གནོད་སྦྱིན་བརྒྱ་སྟོང་ཇི་སྙེད་མཆིས་པ་ཡང་རྟག་པར་རིམ་གྲོ་བགྱིད་ཅིང་ཇི་ལྟར་མོས་པ་བཞིན་དུ་གཡོག་བགྱིས་པས་ཡིད་བཞིན་དུ་མི་འགྲུབ་པ་གང་ཡང་མ་མཆིས་ལགས་སོ། །བདག་གིས་བདེན་ཚིག་སྨྲ་བ་ལ་མི་མད་པ་མ་མཆིས་པར་ནི་བཅོམ་ལྡན་འདས་ཉག་གཅིག་དབང་དུ་གྱུར་ཅིང་


DKG089_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མཁྱེན་པར་གྱུར་པ་ལགས་སོ། །དེའི་ཚེ་ལྷའི་རྒྱལ་པོ་རྣམ་ཐོས་ཀྱིས་སྔགས་འདི་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དབུལ་ཕོངས་པའི་སྡུག་བསྔལ་གྱི་དྲ་བ་དྲལ་ནས་བདེ་བ་འཐོབ་པར་བྱ་བ་དང་། མདོ་སྡེ་འདི་འཇིག་རྟེན་དུ་རྒྱ་ཆེར་སྤེལ་བའི་ཕྱིར་རིག་སྔགས་འདི་བཤད་པ་ལེགས་སོ་ལེགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་ཅིག་ཅར་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་གུས་པས་ཐལ་མོ་སྦྱར་ཏེ། ཚིགས་སུ་བཅད་པ་གྱ་ནོམ་པ་དག་གིས་བཅོམ་ལྡན་འདས་ཀྱི་ཡོན་ཏན་ལ་མངོན་པར་བསྟོད་པ། བཅོམ་ལྡན་ཞལ་ནི་ཟླ་གཙང་ཉ་འདྲ་ཞིང་། །ཉི་མ་སྟོང་གིས་འོད་ཟེར་བཀྱེ་དང་མཚུངས། །སྤྱན་ནི་དག་ཡངས་པདྨ་སྔོན་པོ་འདྲ། །ཚེམས་དཀར་གཏམས་པ་དཔེར་ན་དུང་དང་མཚུངས། །བཅོམ་ལྡན་ཡོན་ཏན་མཐའ་མེད་རྒྱ་མཚོ་འདྲ། །རིན་ཆེན་གྱ་ནོམ་ཚད་མེད་བདེན་པ་བསགས། །མཁྱེན་པའི་ཡོན་ཏན་ཆབ་ཀྱིས་རྟག་རྒྱས་ཤིང་། །ཏིང་འཛིན་དམ་པ་བརྒྱ་སྟོང་རབ་ཏུ་གང་། །ཞབས་མཐིལ་འཁོར་ལོའི་མཚན་ནི་ཐམས་ཅད་མཛེས། །ལྟེ་བ་མུ་ཁྱུད་རྩིབས་སྟོང་ཀུན་རབ་མཉམ། །ཕྱག་དང་ཞབས་ཀྱི་དྲ་བས་ཀུན་བརྒྱན་པས། །ངང་པའི་རྒྱལ་བཞིན་མཚན་ནི་ཕུན་སུམ་ཚོགས། །བཅོམ་ལྡན་སྐུ་འོད་གསེར་གྱི་རི་བོ་འདྲ། །རྣམ་དག་ཁྱད་འཕགས་དཔེ་ཟླ་ཡོད་མ་མཆིས། །རི་རབ་བཞིན་དུ་ཡོན་ཏན་ཀུན་རྒྱས་པས། །བཅོམ་ལྡན་རི་རྒྱལ་ཁྱོད་ལ་བདག་ཕྱག་འཚལ། །མཚན་དང་དཔེ་བྱད་མཁའ་བཞིན་དཔག་མི་རིག །ཟླ་བ་སྟོང་བས་ལྷག་པར་འོད་ཟེར་བཀྱེ། །སྨིག་རྒྱུ་སྒྱུ་ལྟར་བསམ་གྱིས་མི་ཁྱབ་པས། །ཐུགས་ཞེན་མི་མངའ་ཁྱོད་ལ་བདག་ཕྱག་འཚལ། །དེའི་ཚེ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ཚིགས་སུ་བཅད་དེ་བཀའ་སྩལ་པ། གསེར་འོད་དམ་པའི་མདོ་སྡེ་མཆོག་འདི་ནི། །བླ་མེད་སྟོབས་བཅུ་དག་གིས་རབ་ཏུ་


DKG089_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །ཁྱེད་ཅག་རྒྱལ་པོ་བཞི་ཡིས་རབ་བསྲུངས་ལ། །རབ་དགའ་ནུར་བ་མེད་པའི་སེམས་སྐྱེད་ཅིག །མདོ་སྡེའི་རིན་ཆེན་གྱ་ནོམ་ཟབ་མོ་འདི། །སེམས་ཅན་ཐམས་ཅད་བདེ་བ་སྦྱིན་པར་བྱེད། །སེམས་ཅན་དེ་དག་བདེ་བར་གྱུར་པའི་ཕྱིར། །རྟག་ཏུ་འཛམ་གླིང་རབ་ཏུ་སྤེལ་བར་འགྱུར། །སྟོང་ཆེན་འཇིག་རྟེན་ཁམས་ནི་འདི་དག་ཏུ། །སེམས་ཅན་རྣམ་པ་ཐམས་ཅད་ཇི་སྙེད་པ། །ཡི་དགས་དུད་འགྲོ་སེམས་ཅན་དམྱལ་བ་ཡི། །སྡུག་བསྔལ་འགྲོ་བ་དེ་ཀུན་སེལ་བར་བྱེད། །འཛམ་གླིང་འདི་ན་གནས་པའི་རྒྱལ་པོ་དང་། །གཞན་ཡང་སེམས་ཅན་རྣམ་པ་ཐམས་ཅད་ཀུན། །མདོ་སྡེའི་མཐུ་ཡིས་རྟག་ཏུ་རབ་དགའ་ཞིང་། །ནད་མང་སྡུག་བསྔལ་བསལ་བས་ཆོམ་རྐུན་མེད། །ཡུལ་དེར་མདོ་སྡེ་རྒྱ་ཆེར་སྤེལ་བའི་ཕྱིར། །རབ་བདེ་ལོ་ལེགས་མི་མཐུན་གནོད་པ་མེད། །གང་ཞིག་མདོ་སྡེའི་རྒྱལ་པོ་འདི་མཉན་ནས། །ཆོ་རིགས་བཙུན་ཞིང་དོན་ནི་གཉེར་བ་དང་། །ཡུལ་ན་ལོ་ལེགས་རྩོད་པ་མེད་འདོད་ན། །སེམས་ལ་བསམས་བཞིན་ཐམས་ཅད་འགྲུབ་པར་འགྱུར། །ཕ་རོལ་དགྲ་རྣམས་ཕྱིར་ནི་ཟློག་བྱེད་ཅིང་། །རང་གི་ཡུལ་ཁམས་རྟག་ཏུ་བདེ་བར་འགྱུར། །མདོ་སྡེའི་རྒྱལ་པོ་དམ་པ་འདི་ཡི་མཐུས། །སྡུག་བསྔལ་མང་སྤོང་མྱ་ངན་འཇིགས་པ་མེད། །རིན་ཆེན་ཤིང་རྒྱལ་ཁྱིམ་ན་གང་གནས་པ། །བདེ་བའི་ཡོ་བྱད་ཐམས་ཅད་སྐྱེད་པ་ལྟར། །མདོ་སྡེའི་རྒྱལ་པོ་དམ་པའང་དེ་བཞིན་ཏེ། །མི་རྒྱལ་དག་ལ་ཡོན་ཏན་མཆོག་སྦྱིན་བྱེད། །དཔེར་ན་རབ་དང་ཆུ་ནི་གྲང་མོ་ཡིས། །སྐོམ་པའི་གདུང་བ་རྣམས་ནི་སེལ་བ་ལྟར། །མདོ་སྡེའི་རྒྱལ་པོ་དམ་པའང་དེ་བཞིན་ཏེ། །བསོད་ནམས་མོས་པའི་སེམས་ནི་ཡོངས་རྫོགས་བྱེད། །མི་ཞིག་གྱ་ནོམ་རིན་ཆེན་གཟེབ་བདོག་ན། ལོངས་སྤྱོད་སེམས་ལ་བསམས་བཞིན་འབྱོར་པ་ལྟར། ། མདོ་སྡེའི་རྒྱལ་པོ་དམ་པའང་དེ་བཞིན་ཏེ། །བསོད་ནམས་བསམས་བཞིན་འགྲུབ་པས་རྒུད་པ་མེད། །ལྷ་ཡི་བདག་པོ་ཁྱེད་དང་ལྷ་ཚོགས་ཀྱིས། །མདོ་སྡེའི་རྒྱལ་པོ་འདི་ལ་མཆོད་པ་གྱིས། །གལ་ཏེ་བསྟན་བཞིན་མདོ་སྡེ་འཛིན་བྱེད་ན། །ཤེས་རབ་གཟི་བྱིན་ཐམས་ཅད་ཕུན་ཚོགས་


DKG089_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ད་ལྟར་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་ཀུན། །མདོ་སྡེའི་རྒྱལ་པོ་འདི་ནི་གསུང་དགོངས་པས། །ཀློག་འདོན་འཛིན་པ་དག་ནི་གཟིགས་གྱུར་ན། །ལེགས་སོ་ངོ་མཚར་ཆེ་ཞེས་བསྔགས་པར་འགྱུར། །གང་ཞིག་མདོ་སྡེ་འདི་ནི་ཉན་བྱེད་ན། །ལུས་དང་སེམས་ནི་དགའ་རངས་མགུ་བ་སྐྱེ། །རྟག་པར་གནོད་སྦྱིན་བརྒྱ་ཕྲག་མང་པོ་ཡིས། །གང་དུ་གནས་པ་དེར་ནི་དེ་སྲུང་བྱེད། །འཇིག་རྟེན་ཁམས་འདིའི་ལྷ་ནི་མང་པོ་རྣམས། །དེ་ཡི་གྲངས་ནི་ཚད་མེད་བསམ་མི་ཁྱབ། །ཐམས་ཅད་མདོ་སྡེའི་དབང་པོ་འདི་ཉན་པས། །རབ་དགའ་སྲུང་བྱེད་ནུར་བ་ཅི་ཡང་མེད། །གང་ཞིག་མདོ་སྡེའི་རྒྱལ་པོ་འདི་མཉན་ན། །མཐུ་ཆེ་རབ་དཔའ་རྟག་པར་དབང་དང་ལྡན། །མི་ཡི་འཁོར་མང་ཐམས་ཅད་ཕན་འདོགས་པས། །གནོད་པ་རབ་སྤོང་སྣང་བ་འཕེལ་བར་བྱེད། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཚིགས་སུ་བཅད་པ་འདི་དག་ཐོས་ནས། དགའ་མགུ་རངས་པར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ནི་སྔོན་ཆད་ནམ་ཡང་མདོ་སྡེ་ཟབ་མོ་ཤིན་ཏུ་གྱ་ནོམ་པ་འདི་ལྟ་བུ་མ་ཐོས་སོ་ཞེས་རབ་ཏུ་དགའ་བའི་ཤུགས་ཀྱིས་མཆི་མ་བླགས་ཏེ་ངུས་ནས་ལུས་ཀྱི་ཡན་ལག་འདར་ཞིང་གཡོ་བར་གྱུར་ཏེ། ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་བསམ་གྱིས་མི་ཁྱབ་པ་མངོན་དུ་གྱུར་པས་ལྷའི་མེ་ཏོག་མན་དཱ་ར་བ་དང་། མན་དཱ་ར་བ་ཆེན་པོ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་གཏོར་ཏེ། ཁྱད་པར་དུ་འཕགས་པའི་མཆོད་པ་བྱས་ནས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ལ་སོ་སོ་ནས་གནོད་སྦྱིན་གྱི་འཁོར་ལྔ་བརྒྱ་ལྔ་བརྒྱ་མཆིས་པས་རྟག་པར་གནས་དེ་དང་དེ་དག་ཏུ་མདོ་སྡེ་འདི་དང་། ཆོས་སྨྲ་བ་དེ་དག་ལ་ཡོངས་སུ་བསྲུང་ཞིང་ཡོངས་སུ་སྐྱོབ་པར་བྱེད་པས་ཡེ་ཤེས་ཀྱི་སྣང་བས་ཡོངས་སུ་སྐྱོབ་པར་བགྱིད་དོ། །གལ་ཏེ་མདོ་སྡེ་འདིའི་ཚིག་དང་། དོན་བསྐྱུད་པ་ཞིག་མཆིས་ན་ཡང་བདག་ཅག་གིས་དེ་དག་རྗེས་སུ་དྲན་ཞིང་མི་བསྐྱུད་པར་བགྱི་བའི་སླད་དུ་གཟུངས་ཀྱི་སྒོ་ཤིན་ཏུ་ཁྱད་པར་དུ་


DKG089_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྩལ་ནས་ཡོངས་སུ་རྫོགས་པར་བགྱིད་དོ། །གཞན་ཡང་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་གང་དུ་གནས་པ་དེར་སེམས་ཅན་རྣམས་ལ་རྒྱ་ཆེར་སྤེལ་ཞིང་མྱུར་དུ་ནུབ་པར་མི་འགྱུར་བར་བགྱིད་ལགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ནང་དུ་ཆོས་འདི་བསྟན་པ་ན་སེམས་ཅན་ཚད་མེད་པ་སྙེད་ཤེས་རབ་ཆེན་པོའི་སྤོབས་པ་ཐོབ་ནས་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་སྙེད་ཡོངས་སུ་བསྡུས་ཏེ་མྱ་ངན་གྱི་གནོད་པ་དང་བྲལ་ནས་རབ་ཏུ་དགའ་བའི་སེམས་ཐོབ་པར་གྱུར་པས་བསྟན་བཅོས་སྣ་ཚོགས་ལ་རབ་ཏུ་མཁས་པ་དང་། ངེས་པར་འབྱུང་བའི་ལམ་ཐོབ་ནས་ཕྱིར་མི་ལྡོག་པར་གྱུར་པས་མྱུར་དུ་བྱང་ཆུབ་མངོན་པར་རྟོགས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཡུལ་བསྲུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཆོས་ཀྱི་རྣམ་གྲངས་མངོན་པར་ཞེན་པ་མེད་པའི་གཟུངས་ཞེས་བྱ་བ་ཡོད་དེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་བསྒྲུབ་པར་བྱ་བའི་ཆོས། འདས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བཟུང་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མར་གྱུར་པ་ཡིན་ནོ། །ཞེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་གང་གི་ཚིག་དང་དོན་གང་ཞིག་ལགས། བཅོམ་ལྡན་འདས་གཟུངས་ཞེས་བགྱི་བ་ནི་ཕྱོགས་དང་གནས་མ་ལགས་པ། ཕྱོགས་དང་གནས་མ་ལགས་པ་ཡང་མ་ལགས་སོ་ཞེས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བཀའ་སྩལ་པ། ཤཱ་རིའི་བུ་ཁྱོད་ཐེག་པ་ཆེན་པོ་ལ་ཡང་དག་པར་གཞོལ་ཞིང་། ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་ནས། ཐེག་པ་ཆེན་པོ་ལ་བླ་མར་བྱས་


DKG089_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་དུ་གཟུངས་ཞེས་བྱ་བ་ནི་ཕྱོགས་དང་གནས་ཡོད་པ་ཡང་མ་ཡིན། ཕྱོགས་དང་གནས་མེད་པ་ཡང་མ་ཡིན། ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། དངོས་པོ་ཡང་མ་ཡིན། དངོས་པོ་མ་ཡིན་པ་ཡང་མ་ཡིན། རྐྱེན་ཡང་མ་ཡིན། རྐྱེན་མ་ཡིན་པ་ཡང་མ་ཡིན། འདུ་བྱེད་ཀྱང་མ་ཡིན། འདུ་བྱེད་མ་ཡིན་པ་ཡང་མ་ཡིན། ཆོས་སྐྱེ་བར་འགྱུར་བ་ཡང་མེད། ཆོས་འགག་པར་འགྱུར་བ་ཡང་མེད་མོད་ཀྱི། འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་གདགས་པའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ཏེ་གཟུངས་འདིའི་ཡོན་ཏན་གྱི་ནུས་པ་དང་ཡང་དག་པའི་ལམ་གྱི་ཚུལ་དང་མཐུ་སྟོབས་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཡོན་ཏན་དང་། སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་དང་། སངས་རྒྱས་རྣམས་ཀྱི་བསླབ་པ་དང་། སངས་རྒྱས་རྣམས་ཀྱི་གསང་བའི་དགོངས་པ་དང་། སངས་རྒྱས་རྣམས་ཀྱི་སྐྱེ་བའི་འབྱུང་གནས་ཡིན་པའི་ཕྱིར་མངོན་པར་ཞེན་པ་མེད་པའི་གཟུངས་མཆོག་ཏུ་གྱ་ནོམ་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདེ་བར་གཤེགས་པས་བདག་ལ་གཟུངས་འདིའི་ཆོ་ག་གང་ལགས་པ་བཀས་བཤད་དུ་གསོལ། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདི་ལ་གནས་པར་གྱུར་ན་བླ་ན་མ་མཆིས་པའི་བྱང་ཆུབ་ལས་ལྡོག་པར་མི་འགྱུར་ཞིང་ཡང་དག་པའི་སྨོན་ལམ་ཡོངས་སུ་རྫོགས་ནས་གནས་མ་མཆིས་པ་དང་། རང་བཞིན་གྱི་སྤོབས་པ་འཐོབ་པར་འགྱུར་བ་དང་། ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་ཐོབ་ནས་འཕགས་པའི་ལམ་ལ་གནས་པར་འགྱུར་བ་འདི་དག་ཐམས་ཅད་ཀྱང་གཟུངས་འདི་ཐོབ་པར་འགྱུར་བའི་སླད་དུའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ལེགས་སོ་ལེགས་སོ། །དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཁྱོད་ཀྱིས་ཇི་སྐད་སྨྲས་པ་


DKG089_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས་གཟུངས་འདི་ཐོབ་པར་གྱུར་ན། གང་ཟག་དེ་ནི་སངས་རྒྱས་དང་ཐ་དད་པ་མེད་པར་རིག་པར་བྱའོ། །གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་དེ་ལ་མཆོད་ཅིང་བཀུར་སྟི་བྱེད་པ་དང་། བླ་མར་བྱེད་ཅིང་ཡོ་བྱད་སྦྱིན་པར་བྱེད་ན་དེ་ནི་སངས་རྒྱས་རྣམས་ལ་མཆོད་པ་བྱས་པ་ཡིན་པར་རིག་པར་བྱའོ། །ཤཱ་རིའི་བུ་གང་ཟག་གཞན་གང་ལ་ལ་ཞིག་གཟུངས་འདི་ཐོས་ནས་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། མངོན་པར་ཡིད་ཆེས་པར་གྱུར་པ་དེ་ལ་འདི་ལྟར་སངས་རྒྱས་དང་ཐ་དད་པ་མེད་པར་བཀུར་སྟི་བྱས་ནས་མཆོད་ཅིང་རིམ་གྲོ་བྱས་ན་རྒྱུ་དང་རྐྱེན་དེས་བླ་ན་མེད་པའི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་བཀའ་སྩལ་པ། ཏདྱ་ཐཱ། སན་དྷཱ་ར་ཎི། ཨུཏ་དྷཱ་ར་ཎི། སུ་སཾ་པྲ་ཏི་ཥྛི་ཏེ། སུ་ནཱ་མ། སུ་པྲ་ཏིཥྛི་ཏེ། བི་ཛ་ཡ་བ་ལ། སཏྟྱ་པྲ་ཏི་ཛྙཱ། སུ་ཨཱ་རོ་ཧ། ཛྙཱ་ན་པྲ་ཏི། ཨུཏྤཱ་ད་ནི། ཨ་བ་ནཱ་བ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བ་ཡ་ཧཱ་ར། ཤུ་བྷ་བ་ཏི། སུ་ནི་ཤྲི་ཏ། བ་ཧུ་གུཾ་བྷ། ཨ་བྷི་བ་དཱ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་མངོན་པར་ཞེན་པ་མེད་པའི་གཟུངས་ཀྱི་ཚིག་འདི་ལ་བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་རབ་ཏུ་གནས་ནས་ཡང་དག་པར་འཛིན་པར་བྱེད་ན། གང་ཟག་དེ་ནི་བསྐལ་པ་གཅིག་གམ། བསྐལ་པ་བརྒྱའམ། བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་སྟོང་གི་བར་དུ་ཡང་དག་པའི་སྨོན་ལམ་བསྐྱེད་པ་མཐར་ཐུག་པ་མེད་ཅིང་རལ་གྲི་དང་། དབྱུག་པ་དང་། དུག་དང་། ཆུ་དང་། མེ་དང་། གཅན་གཟན་མ་རུངས་པ་རྣམས་ཀྱིས་དེའི་ལུས་ལ་གནོད་པར་བྱེད་མི་ནུས་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མངོན་པར་ཞེན་པ་མེད་པའི་གཟུངས་འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱི་ཡུམ་དང་། མ་བྱོན་པའི་སངས་རྒྱས་རྣམས་ཀྱི་ཡུམ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་པས་སོ། །ཤཱ་རིའི་བུ་གང་ལ་ལ་ཞིག་གིས་གྲངས་མེད་པ་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་


DKG089_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་དེ་བཞིན་གཤེགས་པ་ལ་ཕུལ་ནས་བསྐལ་པ་གྲངས་མེད་པའི་བར་དུ་ན་བཟའ་དང་། ཞལ་ཟས་མཆོག་དམ་པ་རྣམ་པ་སྣ་ཚོགས་ཀྱི་མཆོད་པ་བྱས་པ་བས། གང་ལ་ལ་ཞིག་གིས་གཟུངས་འདི་ནི་ཐ་ན་ཚིག་གཅིག་ཙམ་ཡང་དག་པར་བཟུང་བ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་ཆེས་རབ་ཏུ་མང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་མངོན་པར་ཞེན་པ་མེད་པའི་གཟུངས་ཤིན་ཏུ་ཟབ་པའི་ཆོས་ཀྱི་རྣམ་གྲངས་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཡུམ་ཡིན་པའི་ཕྱིར་རོ། །དེའི་ཚེ་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། འཁོར་མང་པོ་རྣམས་ལ་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས་ཐམས་ཅད་རབ་ཏུ་དགའ་བར་གྱུར་པས་ཐམས་ཅད་ཀྱིས་ཡོངས་སུ་འཛིན་པར་མོས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་མངོན་པར་ཞེན་པ་མེད་པའི་གཟུངས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ནང་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བྱ་བའི་གཟུངས་གནོད་པ་ཐམས་ཅད་རིང་དུ་སྤོང་བ་འབྲུག་དང་གློག་མ་རུངས་པ་ཐམས་ཅད་འགོག་ཅིང་འཇིལ་བར་བྱེད་པ་ཡོད་དེ། དེ་ནི་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ཡིན་པས། ངས་ཀྱང་དེང་མདོ་སྡེ་འདི་ལྷ་དང་མི་རྣམས་ལ་ཕན་པ་དང་། འཇིག་རྟེན་ལ་བརྩེ་བ་དང་། ཐམས་ཅད་ཡོངས་སུ་བསྲུངས་ནས་བདེ་བ་འཐོབ་པར་བྱ་བའི་ཕྱིར་འཁོར་མང་པོ་ཁྱེད་ལ་ཡང་དག་པར་བསྟན་པར་བྱའོ། །དེ་ནས་འཁོར་མང་པོ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པ་དང་། སོ་སོ་ནས་སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་རིག་སྔགས་མཉན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱེད་ཅག་ལེགས་པར་ཉོན་ཅིག །འདི་ནས་ཤར་ཕྱོགས་ན་གློག་འོད་སྣང་བའི་རྒྱལ་པོ་ཨ་ག་ཏ་


DKG089_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་དང་། ལྷོ་ཕྱོགས་ན་གློག་འོད་སྣང་བའི་རྒྱལ་པོ་ཤ་ཏེ་རུ་ཞེས་བྱ་བ་དང་། ནུབ་ཕྱོགས་ན་གློག་འོད་སྣང་བའི་རྒྱལ་པོ་ཙུ་ཏེ་ཀྭང་ཞེས་བྱ་བ་དང་། བྱང་ཕྱོགས་ན་གློག་འོད་སྣང་བའི་རྒྱལ་པོ་སུ་ཏ་མ་ནི་ཞེས་བྱ་བ་སོ་སོ་ན་ཡོད་དེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གློག་གི་རྒྱལ་པོ་འདི་དག་གི་མིང་ཐོས་ཤིང་ཕྱོགས་ཤེས་པར་གྱུར་ན། གང་ཟག་དེ་འཇིགས་ཤིང་སྐྲག་པའི་དངོས་པོ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་གློ་བུར་གྱི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གལ་ཏེ་གང་དུ་གནས ་པའི་གནས་དེར་ཕྱོགས་བཞིའི་གློག་གི་རྒྱལ་པོ་འདི་དག་གི་མིང་ཡི་གེར་བྲིས་པར་གྱུར་ན་གང་དུ་གནས་པའི་གནས་དེ་དག་ཏུ་འབྲུག་དང་གློག་གིས་འཇིགས་པ་མེད་ཅིང་གདོན་བགེགས་དང་གནོད་པའི་སྒྲིབ་པ་མེད་པར་འགྱུར། དུས་མ་ཡིན་པར་གློ་བུར་དུ་འཆི་བ་ཐམས་ཅད་ཐག་རིང་དུ་སྤོང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་སྔགས་བཀའ་སྩལ་པ། ཏདྱ་ཐཱ། ནི་མི་ནི་མི་ནི་མིནྡྷ་རི་ཨིན་དྲེ་སྟྲཻ་ལོ་ཀ །ལོ་ཀ་ནི། ཤི་རི་ཤོ་ལ་བ་ཏི། ཧ་རཀྵ་ཧ་རཀྵ། བདག་མིང་འདི་ཞེས་བྱ་བའི་གནས་འདིར་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་། སྡུག་བསྔལ་ཐམས་ཅད་ཀྱིས་འཚེ་བ་དང་། འབྲུག་དང་། གློག་དང་། ཐོག་འབབ་པ་དང་། གློ་བུར་དུ་འཆི་བར་འགྱུར་བ་ཇི་སྙེད་པ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འཁོར་མང་པོའི་ནང་དུ་འདུག་པའི་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ལ་གཟར་ནས་གུས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཀྱང་དེང་ལྷ་དང་མི་རྣམས་ལ་སྨན་པར་བགྱི་བ་དང་། འཇིག་རྟེན་ལ་བརྩེ་བ་དང་། ཐམས་ཅད་ཡོངས་སུ་བསྲུངས་ནས་བདེ་བ་འཐོབ་པར་བགྱི་བ་དང་། མཐུ་ཆེན་པོའི་སྟོབས་དང་ལྡན་ཞིང་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་བགྱི་བའི་སླད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་གང་


DKG089_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་པ་མདོ་ཙམ་ཞིག་བསྟན་པར་བགྱིའོ། །དེ་ནས་གཟུངས་སྔགས་སྨྲས་པ། ཏདྱ་ཐཱ། ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། པྲ་ཏྱརྠི་ཀེ །པྲ་ཏྱ་མི་ཏྲེ། ཤུདྡྷེ་མུཀྟེ། བི་མ་ལེ། པྲ་བྷཱ་སྭ་རེ། ཨཎྜ་རེ། པཎྜ་རེ། ཤྭེ་ཏེ། པཎྜ་ར་བཱ་སི་ནི། ཧ་རི་ཀཎྜ་རི། པིངྒ་ལ། ཨ་ཀྵི་ད་དྷི་མུ་ཁི་རཀྵ་རཀྵ། བདག་མིང་འདི་ཞེས་བགྱི་བའི་གནས་འདིར་འཇིགས་ཤིང་སྐྲག་པ་ཐམས་ཅད་དང་། སྡུག་བསྔལ་གྱིས་འཚེ་བ་ནས་གློ་བུར་དུ་འཆི་བའི་བར་ཐམས་ཅད་བྲལ་བར་གྱུར་ཅིག །བདག་གིས་སྡིག་པའི་དངོས་པོ་ངན་པ་ཐམས་ཅད་མི་མཐོང་ཞིང་རྟག་པར་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་དགོངས་ཤིང་ཡོངས་སུ་བསྲུང་བར་གྱུར་ཅིག་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་གསང་བའི་བདག་པོ་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཀྱང་དེང་ལྷ་དང་མི་རྣམས་ལ་སྨན་པ་ཆེར་བགྱི་བ་དང་། འཇིག་རྟེན་ལ་བརྩེ་བ་དང་། ཐམས་ཅད་ཡོངས་སུ་བསྲུངས་ནས་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པ་དང་། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་བགྱི་བའི་ཆེད་དུ་མི་ཕམ་པ་ཞེས་བགྱི་བའི་གཟུངས་བཤད་པར་བགྱིའོ། །དེ་ནས་གཟུངས་སྔགས་སྨྲས་པ། ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་ན་དྷ་རི། མུ་ནི་མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ་མ་བྷ་ཡནྟཱི་ཏི་པཱ་པ། བཛྲ་པཱ་ཎི་ཨཱ་ཧ་དྲཱ་བི་ཌ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གིས་གཟུངས་སྔགས་འདི་ནི་མི་ཕམ་པར་སྲུང་བ་ཞེས་བགྱི་སྟེ། སྐྱེས་པའམ་བུད་མེད་གང་ལ་ལ་ཞིག་སེམས་རྩེ་གཅིག་ཏུ་ཡང་དག་པར་བཟུང་སྟེ་ཡི་གེར་འདྲི་བ་དང་། ཀློག་པ་དང་། འདོན་པ་དང་། མི་བསྐྱུད་ཅིང་རྗེས་སུ་དྲན་པར་བགྱིད་ན་བདག་གདུགས་མཚན་དུ་དེ་ལ་ཡོངས་སུ་བསྲུང་བར་བགྱིད་པས་འཇིགས་ཤིང་སྐྲག་པ་ཐམས་ཅད་ནས་གློ་བུར་དུ་འཆི་བ་ཐམས་ཅད་ཐག་རིང་དུ་སྤོང་བར་འགྱུར་ལགས་སོ། །དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ། གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་


DKG089_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཡང་ཤིན་ཏུ་གྱ་ནོམ་པའི་ཆོས་ཀྱི་རྣམ་གྲངས་ཀྱི་གཟུངས་ལྷ་དང་མི་རྣམས་ལ་རྒྱ་ཆེར་ཕན་འདོགས་པ། འཇིག་རྟེན་ལ་རབ་ཏུ་འཚེ་བ་ཐམས་ཅད་ཡོངས་སུ་སྲུང་བར་བགྱིད་པ། གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པ། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་བགྱིད་པ་མཆིས་ཏེ། གཟུངས་སྔགས་དེ་བཤད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སྭཱ་ཧཱ། བྲཧྨཔཱུ་རེ་སྭཱ་ཧཱ། བྲཧྨ་སྭ་རེ་སྭཱ་ཧཱ། བྲཤྤུ་བྷི་སུ་གརྦྷེ། པུཥྤ་སཾ་སྟ་རེ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་གཟུངས་འདི་ནི་ཚངས་པའི་ཆད་པས་བཅད་པ་ཞེས་བགྱི་སྟེ་གཟུངས་འདི་འཛིན་པ་དག་ལ་ཡོངས་སུ་བསྲུང་བར་བགྱིད་པས་མྱ་ངན་གྱིས་གནོད་པ་དང་། སྡིག་པའི་ལས་རྣམས་ཐག་རིང་དུ་སྤོང་ཞིང་། གློ་བུར་དུ་འཆི་བའི་བར་ཐམས་ཅད་ཀྱང་ཡོངས་སུ་སྤོང་བར་བགྱིད་དོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཡང་བཛྲ་ཤ་ནི་ཞེས་བགྱི་བའི་གཟུངས་རིག་སྔགས་ཆེན་མོ་འཇིགས་ཤིང་སྐྲག་པ་དང་། གདོན་བགེགས་ཐམས་ཅད་རབ་ཏུ་སེལ་བ། གློ་བུར་དུ་འཆི་བའི་བར་ཐམས་ཅད་ཐག་རིང་དུ་སྤོང་བ་སྡུག་བསྔལ་ལས་དྲངས་ནས་བདེ་བ་སྩོལ་བ་ལྷ་དང་མི་རྣམས་ལ་སྨན་པར་བགྱིད་པ་མཆིས་ཏེ་གཟུངས་དེ་བཤད་པར་བགྱིའོ། །ཏདྱ་ཐཱ། ནི་བ་རཱ་ཎི། བནྡྷ་མཱ་དནྟི་མ་ཏི་ཏི་ཏི་ཏི། གཽ་རཱི་གནྡྷ་རི། ཙཎྜ་ལི། མཱ་ཏངྒི་། པུཀྐ་སི། པ་ར་ཎ་ལེ་ཧི་ན་མ་དྷྱ་མ་དྷ་རི་ཎི། མ་ལ་ནི། ད་ལ་མ་ད་དེ། ཙ་དྲཱ་བཱ་ཀྲཱི། ཤ་བ་རི་ཤ་བ་རི་སྭཱ་ཧཱ། དེ་ནས་ལྷའི་རྒྱལ་པོ་རྣམ་ཐོས་དང་། ལྷའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། ལྷའི་རྒྱལ་པོ་འཕགས་སྐྱེས་པོ་དང་། ལྷའི་རྒྱལ་པོ་མིག་མི་བཟང་ཅིག་ཅར་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཡང་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བགྱི་བའི་གཟུངས་སྡུག་བསྔལ་གྱིས་ཉོན་མོངས་པ་ལས་རྟག་པར་ཡོངས་སུ་བསྐྱབས་ནས་བདེ་བ་ཐོབ་པར་བགྱིད་


DKG089_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེ་འཕེལ་བར་བགྱིད་ཅིང་ནད་ཀྱི་སྡུག་བསྔལ་མ་མཆིས་པར་བགྱིད་པ་གློ་བུར་དུ་འཆི་བའི་བར་ཐམས་ཅད་ཐག་རིང་དུ་སྤོང་བར་བགྱིད་པ་མཆིས་ཏེ་གཟུངས་སྔགས་དེ་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ། སུ་པུཥྤེ། དྷུ་མ་པ་རི་ཧཱ་རེ། ཨཱཪྱ་པྲ་ཤ་སྟེ་ཤཱནྟི། ནིརྨུ་ཀྟེ། མཾ་ག་ལྱ། ཧི་ར་ཎྱ་གརྦྷེ་སྟུ་ཏེ། སྟ་བི་ཏེ་སྭཱ་ཧཱ། དེ་ནས་ཡང་ཀླུའི་རྒྱལ་པོ་ཆེན་པོ་མང་པོ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་ནཱ་ག་སི་དང་། ཀླུའི་རྒྱལ་པོ་གློག་འོད་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་གློག་ལྕེ་དང་། ཀླུའི་རྒྱལ་པོ་གྱ་ནོམ་འོད་ལ་སོགས་པ་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ལ་ཡང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཞེས་བགྱི་བའི་གཟུངས་གློག་མ་རུངས་པ་འགོག་པར་བགྱིད་པ། འཇིགས་ཤིང་སྐྲག་པ་རྣམས་རབ་ཏུ་སེལ་བ། ལྷ་དང་མི་རྣམས་ལ་རྒྱ་ཆེར་ཕན་འདོགས་པ། འཇིག་རྟེན་ལ་སྙིང་བརྩེ་བ་ཐམས་ཅད་ཡོངས་སུ་སྐྱོབ་པ། གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པ། སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པ། གློ་བུར་དུ་འཆི་བའི་བར་ཐམས་ཅད་ཐག་རིང་དུ་སྤོང་བ། དུག་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། བྱད་སྟེམས་དང་། སྔགས་དང་། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཡོངས་སུ་སེལ་བར་བགྱིད་པ་མཆིས་ཏེ། བདག་ཅག་གཟུངས་སྔགས་འདི་བཅོམ་ལྡན་འདས་ལ་འབུལ་ན་ཐུགས་རྗེས་ཐུགས་བརྩེ་བར་དགོངས་ཏེ། བདག་ཅག་ཀླུའི་འགྲོ་བ་འདི་དང་བྲལ་ནས་སེར་སྣའི་འདོད་པ་གཏན་དུ་སྤང་བའི་སླད་དུ་བཞེས་སུ་གསོལ། དེ་ཅིའི་ཕྱིར་ཞེ་ན། སེར་སྣའི་འདོད་པ་འདིའི་དབང་གིས་འཁོར་བ་ན་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བས། བདག་ཅག་སེར་སྣའི་འདོད་པའི་ས་བོན་ཡོངས་སུ་གཅོད་པར་འཚལ་ལགས་སོ། །དེ་ནས་གཟུངས་སྔགས་སྨྲས་པ། ཏདྱ་ཐཱ། ཨ་ཙ་ལེ། ཨ་མ་རེ། ཨ་མྲྀ་ཏེ། ཨཀྵ་ཡེ། ཨ་བྷི་ཡེ། པུ་ཎྱཻ་པ་ཪྱ་བ་ཏེ། སརྦ་པཱ་པཾ་པྲ་ཤ་མཱ་ནི་ཡེ་སྭཱ་ཧཱ། ཨཱརྻ་པུ་ཎྱ་སོ་བཱ་ཀི་ཡེ་སྭཱ་ཧཱ། བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་རིག་སྔགས་འདི་གཡར་ཁ་ནས་བརྗོད་


DKG089_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིད་དམ། ཡི་གེར་བྲིས་ཏེ་གླེགས་བམ་དུ་བགྱིས་ནས་འཆང་ཞིང་འཛིན་པར་བགྱིད་དམ། ཀློག་ཅིང་འདོན་པར་བགྱིད་དམ། གུས་པས་མཆོད་པར་བགྱིད་ན། འབྲུག་དང་གློག་དང་ཐོག་མི་འབབ་ཅིང་སྐྲག་པ་དང་འཇིགས་པ་དང་སྡུག་བསྔལ་གྱིས་ཉོན་མོངས་པ་དང་། མྱ་ངན་དང་ནད་དང་གློ་བུར་དུ་འཆི་བའི་བར་ཐམས་ཅད་ཐག་རིང་དུ་སྤོང་བར་འགྱུར། དུག་དང་བྱད་སྟེམས་དང་མི་ལ་གནོད་པ་བགྱིད་པའི་སྟག་དང་། སེང་གེ་དང་། སྤྱང་ཀི་དང་། སྦྲུལ་གདུག་པ་རྣམས་དང་། སྦྲང་མ་དང་། སྦྲང་བུ་མཆུ་རིངས་ལ་སོགས་པས་ཀྱང་གནོད་པ་བགྱིད་པར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ་ལེགས་སོ་ལེགས་སོ། །གཟུངས་སྔགས་འདི་དག་ཐམས་ཅད་མཐུ་ཆེན་པོ་དང་ལྡན་པས་སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་སེམས་ལ་བསམ་པའི་དངོས་པོ་རྣམས་ཡོངས་སུ་རྫོགས་པར་བྱེད། རྒྱ་ཆེར་ཕན་འདོགས་པར་བྱེད་དོ། །སེམས་རྩེ་གཅིག་ཏུ་མ་བྱས་པ་ནི་མ་གཏོགས་སོ། །ཁྱེད་ཅག་ཐེ་ཙོམ་མ་ཟ་ཤིག །དེ་ནས་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པ་དང་། རབ་ཏུ་དགའ་བས་མངོན་པར་ཡིད་ཆེས་པར་གྱུར་ནས་བཀའ་ཡང་དག་པར་བཟུང་བར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ལྷ་མོ་སྤོབས་པ་ཆེན་མོ་འཁོར་མང་པོའི་ནང་ནས་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་སྨྲ་བའི་མཁན་པོ་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ཡང་དག་པར་སྟོན་པར་བགྱིད་ན། བདག་གིས་ཤེས་རབ་འཕེལ་བར་བགྱིས་ནས་རྒྱན་དང་ལྡན་པའི་ཚིག་གིས་སྤོབས་པ་ཕུན་སུམ་ཚོགས་པར་བགྱིད་དོ། །གལ་ཏེ་ཆོས་སྨྲ་བའི་མཁན་པོ་དེ་མདོ་སྡེ་འདིའི་ཚིག་འབྲུ་དང་། ཡི་གེ་དང་། ཚིག་གི་དོན་བསྐྱུད་པ་ཞིག་མཆིས་ན་ཡང་


DKG089_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་རྗེས་སུ་དྲན་ཞིང་ལེགས་པར་ཁོང་དུ་ཆུད་པར་བགྱིས་ནས་གཟུངས་ཀྱི་ཀུན་འཛིན་ཐོགས་པ་མ་མཆིས་པ་སྩལ་བར་བགྱིའོ། །གཞན་ཡང་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་སེམས་ཅན་གང་དག་སངས་རྒྱས་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་བསྐྱེད་ནས་ཡོངས་སུ་འཛིན་པར་བགྱིད་པ་དེ་དག་གིས་འཛམ་བུའི་གླིང་འདིར་རྒྱ་ཆེར་སྤེལ་ནས་མྱུར་དུ་ནུབ་པར་མི་འགྱུར་ཞིང་སེམས་ཅན་ཚད་མ་མཆིས་པ་སྙེད་མདོ་སྡེ་འདི་ཐོས་པའི་དབང་གིས་ཐམས་ཅད་ཤིན་ཏུ་མྱུར་བའི་སྤོབས་པ་དང་། བསམ་པ་མ་མཆིས་པའི་ཤེས་རབ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཐོས་ནས་བསྟན་བཅོས་སྣ་ཚོགས་དང་། སྒྱུ་རྩལ་རྣམས་ལ་རབ་ཏུ་མཁས་པ་དང་། འཁོར་བ་ལས་མྱུར་དུ་ངེས་པར་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་དོ། །ཚེ་འདི་ཉིད་ལ་ཡང་ཚེ་འཕེལ་ཞིང་འཚོ་བའི་ཡོ་བྱད་རྣམས་ཕུན་སུམ་ཚོགས་པར་བགྱིད་དོ། །བཅོམ་ལྡན་འདས་བདག་གིས་མདོ་སྡེ་འཛིན་པའི་ཆོས་ཀྱི་མཁན་པོ་དེ་དག་དང་སེམས་ཅན་གཞན་གང་མདོ་སྡེ་འདི་མཉན་པར་མོས་པ་དེ་དག་གི་ཆེད་དུ་སྨན་ལ་སྔགས་ཀྱིས་བཏབ་ནས་ཁྲུས་བགྱི་བའི་ཆོ་ག་བཤད་པར་འཚལ་ཏེ། དེས་དེ་དག་ལ་གཟའ་མ་རུངས་པ་ལྟས་ངན་སྟོན་པ་ཅི་མཆིས་པ་དང་། དང་པོ་བཙས་པའི་གཟའ་སྐར་དང་། ཕན་ཚུན་མི་མཐུན་པར་གྱུར་པ་དང་། ནད་ཀྱི་སྡུག་བསྔལ་དང་། འཐབ་པ་དང་། རྩོད་པ་དང་། གཡུལ་འགྱེད་པ་དང་། རྨི་ལམ་ངན་པ་དང་། གདོན་བགེགས་དང་། བྱད་སྟེམས་དང་། དུག་དང་། ངན་དུ་བགྱིས་པ་དང་། སྔགས་དང་། རོ་ལངས་དང་། འདི་ལྟ་བུ་ལ་སོགས་པའི་སྡིག་པ་རྣམས་ཀྱི་སྒྲིབ་པ་དང་བགེགས་བགྱིད་པ་ཐམས་ཅད་ཡོངས་སུ་བསལ་ནས་རབ་ཏུ་ཞི་བར་བགྱིད་པས་བློ་དང་ལྡན་པ་རྣམས་ཀྱིས་ཁྲུས་ཀྱི་ཆོ་ག་འདི་ལྟར་བགྱིས་ཏེ། དེས་སྨན་སྤོས་ཀྱི་རོ་དང་ལྡན་པ་སུམ་ཅུ་རྩ་གཉིས་པོ་འདི་ལྟ་སྟེ། ཤུ་དག་གིའུ་ཝང་དང་ནི་སྤྲི་ཀ་སྤོས། །གླ་རྩི་བ་བླ་དག་དང་ཤི་རི་ཤ། །ཨིན་དྲ་ཧསྟ་ཤ་མ་ཀ་ཤ་མི། །ཐང་ཆུ་དང་ནི་ཤིང་ཚ་གླ་སྒང་དང་། ཨ་ག་རུ་དང་


DKG089_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་ཏ་ཀ་ར། །ས་ལ་ཀི་དང་གུར་ཀུམ་ཧ་ལ་ས། །ན་ཏྲ་སྨིག་བཅུད་སུ་ཀི་མ་ལེ་དང་། །ཐང་ཤིང་པ་ཏྲ་དང་ནི་ཨོན་ཤ་ལ། །ས་ལ་ཀེ་དང་སྤྲ་བ་གུ་གུལ་དང་། །ཡུངས་ཀར་གོ་སྙོད་ནཱ་ག་གེ་སར། །སརྫ་ར་ས་རུ་རྟ་ཆ་མཉམ་བགྱི། །སྐར་མ་རྒྱལ་ལ་གཅིག་ཏུ་བཏགས་ནས་ནི། །སྤོས་ཀྱི་ཕྱེ་མ་དེ་དག་རབ་བླངས་ཏེ། །སྔགས་འདིས་ལན་བརྒྱ་རྩ་བརྒྱད་གདབ་པར་བགྱི། །སྔགས་ནི་འདི་ལྟ་སྟེ། ཏདྱ་ཐཱ། སུ་ཏེ། ཀྲྀ་ཏེ། ཀ་མ་ཏ་ལི། ན་ལེ་ཛ་ན་ཀར་ཏེ། ཧངྐ་ར་ཏེ། ཨིནྡྲ་ཛ་ལི་ནི། ཤཾ་ཀ་ར་དྲི། པ་ཤད་དྲེ། ཨ་བརྟ་ཀ སི་ཀེ་ན་ཀུ་ཏྲ་ཀུ་ཀ། ཁ་ཀེ་བ་བཱིརྱེ། བི་ལ་ཀ་བི་ལ་མ་ཏི། ཤཱི་ལ་མ་ཏི། ཤཱི་ལ་མ་ཏི། སནྡྷི་དྷུ་དྷུ་མ་བ་ཏི། པ་པང་ཀུ། བཉྩི་ལེ། ཤི་རི་ཤ་རི། སངྟྱ་སྠི་ཏི་སྭཱ་ཧཱ། གལ་ཏེ་ཆོས་བཞིན་ཁྲུས་ནི་བགྱིད་འཚལ་ན། །དཀྱིལ་འཁོར་གྲུ་བཞི་ཁྲུ་བརྒྱད་པ་བགྱིས་ནས། །རབ་ཏུ་དབེན་ཞིང་བདེ་བའི་གནས་དག་ཏུ། །དོན་གང་སྒྲུབ་པ་སེམས་ལ་དྲན་པར་བགྱི། །བ་ལང་ལྕི་བས་དཀྱིལ་འཁོར་བྱུགས་ནས་ནི། །སྟེང་དུ་མེ་ཏོག་ཀུན་ཏུ་དགྲམ་པར་བགྱི། །གསེར་དངུལ་སྣོད་ནི་ཤིན་ཏུ་གཙང་མ་དག །རོ་མཆོག་འོ་མ་སྦྲང་རྩིས་དགང་བར་བགྱི། །དཀྱིལ་འཁོར་དེ་ཡི་སྒོ་བཞི་དག་ཏུ་ཡང་། །སྐྱེས་བུ་བཞི་ཞིག་ཆོས་བཞིན་བསྲུང་དུ་སྩལ། གཞོན་ནུ་བཞི་ཞིག་ལུས་ནི་རབ་བརྒྱན་ནས། །སོ་སོར་གྲྭ་རེར་ཆབ་ཀྱི་བུམ་པ་ཐོགས། །དེར་ནི་རྟག་པར་གུ་གུལ་བསྲེགས་ནས་ནི། །དབྱངས་ལྔའི་རོལ་མོ་རྒྱུན་མི་འཆད་པར་བགྱི། །དཀྱིལ་འཁོར་དེ་ཡི་ངོས་བཞི་དག་ཏུ་ཡང་། །བ་དན་གདུགས་དང་ལྡ་ལྡིས་མཛེས་པར་བགྱི། །དཀྱིལ་འཁོར་ནང་དུ་མེ་ལོང་གསལ་བ་དང་། །རལ་གྲི་རྣོན་པོ་མདའ་བཞི་གཞག་པར་བགྱི། །དཀྱིལ་འཁོར་དབུས་སུ་གཞོང་ཁུང་ཆེར་སྩལ་ནས། །འཛེག་པའི་ཤིང་ལེབ་དེ་ཡི་སྟེང་དུ་བཞག །སྔ་མའི་ཕྱི་མ་ཆབ་དང་སྦྱར་ནས་ནི། །དཀྱིལ་འཁོར་དེ་ཡི་ནང་དུ་གཞག་པར་བགྱི། །དེ་ལྟར་བཀྲམ་ཞིང་རྣམ་པར་བཞག་ནས་ནི། །དེ་ནས་སྔགས་བཟླས་དཀྱིལ་འཁོར་མཚམས་བཅད་བགྱི། །མཚམས་བཅད་པ་ཡི་སྔགས་ནི་འདི་ལྟ་སྟེ། །སཱདྱ་ཐེ་དན། ཨ་ཀ་ར་ཀེ །ན་ཡ་ནེ། ཧི་ལེ་


DKG089_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལེ་གི་ལེ། ཁི་ཁི་ལེ་སྭཱ་ཧཱ། །དེ་ལྟར་མཚམས་ནི་རབ་བཅད་ནས། །དཀྱིལ་འཁོར་ནང་དུ་ཞུགས་ནས་ནི། །ཉི་ཤུ་རྩ་གཅིག་ཆབ་བསྔགས་ཏེ། །ཕྱོགས་བཞི་དག་ཏུ་གཏོར་བར་བགྱི། །དེ་ནས་སྤོས་ཆབ་དག་ལ་ནི། །བརྒྱ་རྩ་བརྒྱད་ཚང་སྔགས་བཏབ་སྟེ། །ངོས་བཞིར་ཡོལ་བས་བསྐོར་ནས་ནི། །དེ་འོག་ལུས་ནི་བཀྲུ་བར་བགྱི། །ཆབ་དང་སྤོས་ཆབ་ལ་གདབ་པའི་སྔགས་ནི་འདི་ལྟ་སྟེ། །ཏདྱ་ཐཱ། ས་ག་ཌེ་བི་ག་ཌེ། བི་ག་ཏ་བ་ཏི་སྭཱ་ཧཱ། ཁྲུས་བགྱིས་ལགས་ནས་ཁྲུས་བགྱིས་པའི་ཆབ་དང་། དཀྱིལ་འཁོར་གྱི་ནང་དུ་མཆོད་པར་བགྱིས་པའི་བཟའ་བ་དང་། བཏུང་བ་ཅི་མཆིས་པ་གཙང་པོའམ། རྫིང་གི་ནང་དུ་དོར་བར་བགྱི་ཞིང་གཞན་ནི་བསྡུ་བར་བགྱིའོ། །དེ་ལྟར་ཁྲུས་བགྱིས་ལགས་ནས་གོས་གཙང་མ་བགོས་ཏེ། དཀྱིལ་འཁོར་ནས་ཕྱིར་བྱུང་ནས་ཁང་པ་གཙང་མའི་ནང་དུ་ཞུགས་ཏེ། སྔགས་མཁན་གྱིས་དེ་དག་ཡི་དམ་རྒྱ་ཆེན་པོ་སླད་དུ་སྩལ་ནས་སྡིག་པ་སྣ་ཚོགས་གཏན་དུ་བཅད་ཅིང་དགེ་བ་སྣ་ཚོགས་རྟག་པར་སྤྱད་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པར་བགྱི་སྟེ། རྒྱུ་དང་རྐྱེན་དེས་ན་ཡིད་བཞིན་གྱི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཚད་མ་མཆིས་པ་སྙེད་ཐོབ་པར་འགྱུར་ལགས་སོ། །ཡང་ཚིགས་སུ་བཅད་དེ་གསོལ་པ། སེམས་ཅན་གང་ཞིག་ནད་ཀྱི་སྡུག་བསྔལ་ཉེན། །སྨན་སྤྱད་སྣ་ཚོགས་གསོས་ཀྱང་མ་སོས་པ། །ཁྲུས་ཀྱི་ཆོ་ག་འདི་བཞིན་ཁྲུས་བགྱིས་ཏེ། །གཞན་ཡང་མདོ་སྡེ་འདི་ནི་ཀློག་བཏོན་ནས། །གདུགས་མཚན་རྟག་པར་སེམས་ནི་མི་གཡེང་བར། །རྩེ་གཅིག་གུས་པས་དང་སེམས་བསྐྱེད་བགྱིད་ནས། །ནད་ཀྱི་སྡུག་བསྔལ་བས་པར་ཞི་བར་འགྱུར། །དབུལ་ཕོངས་ཐར་ནས་ནོར་དང་ལྡན་པར་འགྱུར། །ཕྱོགས་བཞི་ཡི་གཟའ་སྐར་ཉི་ཟླ་ཡི་ལྷ། །མཐུ་ཡིས་རབ་བསྲུངས་ཚེ་ནི་རིང་བར་འགྱུར། །བཀྲ་ཤིས་རབ་བདེ་བསོད་ནམས་ཡོངས་སུ་འཕེལ། །ལྟས་ངན་གནོད་པ་ཐམས་ཅད་སེལ་བར་བགྱིད། །དེའི་འོག་ཏུ་ལུས་བསྲུང་བའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླ་བར་བགྱིའོ། །སྔགས་ནི་འདི་ལྟ་སྟེ། །ཏདྱ་ཐཱ། ས་མེ། བི་ས་མེ་སྭཱ་ཧཱ། ས་ག་ཌེ།བི་ག་ཌེ་སྭཱ་ཧཱ། སཱ་ག་ར་སཾ་བུད་དྷཱ་ཡ་སྭཱ་ཧཱ། སྐན་དྷ་མཱ་ཏཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛཱ


DKG089_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་སྭཱ་ཧཱ། ཨ་པ་རཱ་ཛི་ཏ་བིཪྱ་ཡ་སྭཱ་ཧཱ། ཧི་མ་བནྡྷ་སཾ་བྷུ་ཏཱ་ཡ་སྭཱ་ཧཱ། ཨ་ནི་བི་ལ་བཀྟཱ་ཡ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ། བྲཧྨ་ཎེ་སྭཱ་ཧཱ། ན་མཿས་ར་སྭ་ཏྱཻ་མ་ཧཱ་དེ་བི་ཡེ་སྭཱ་ཧཱ། སིདྡྷྱནྟུ་མནྟྲ་པ་དཱ་སྭཱ་ཧཱ། དྷ་ར་ཏོ། བི་ཙི་ཏ། བྲཧྨཱ་ནུ་མ་ནྱ་ཏུ་སྭཱ་ཧཱ། དེ་ནས་ལྷ་མོ་སྤོབས་པ་ཆེན་མོ་ཁྲུས་ཀྱི་ཆོ་ག་དང་། དཀྱིལ་འཁོར་གྱི་སྔགས་བཤད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་མདོ་སྡེའི་རྒྱལ་པོ་དམ་པ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། ཡི་གེར་བྲིས་ནས་སྤེལ་བ་དང་། ཇི་སྐད་བསྟན་པ་བཞིན་དུ་སྤྱོད་པར་བགྱིད་ན། གྲོང་ཁྱེར་རམ། གྲོང་རྡལ་ལམ། འབྲོག་དགོན་པའམ། རི་འམ། ནགས་ཚལ་ལམ། དགེ་སློང་ངམ། དགེ་སློང་མའི་གནས་གང་ཡང་རུང་བ་དག་ཏུ་གནས་ཀྱང་རུང་སྟེ། བདག་དེའི་ཆེད་དུ་འཁོར་རྣམས་དང་ལྷན་ཅིག་ལྷའི་འཁོར་མོ་བགྱིས་ནས་དེའི་ཐད་དུ་མཆིས་ཏེ། ཡོངས་སུ་སྐྱོབ་པ་དང་བསྲུང་བ་བགྱིས་ནས་ནད་ཀྱི་སྡུག་བསྔལ་དང་། སྐར་མདའ་ལྟུང་བ་དང་། ལྟས་ངན་དང་། རིམས་ནད་དང་། འཐབ་ཅིང་རྩོད་པ་རྣམས་སེལ་བར་བགྱིད། རྒྱལ་པོའི་ཁྲིམས་ཀྱིས་གཟུང་བ་དང་། རྨི་ལམ་ངན་པ་དང་། འདྲེ་སྲིན་མ་རུངས་པས་གནོད་པར་བགྱིད་པ་དང་། བྱད་སྟེམས་ཐམས་ཅད་རབ་ཏུ་ཞི་བར་བགྱིས་ནས། མདོ་སྡེ་འཛིན་པའི་གང་ཟག་དགེ་སློང་ལ་སོགས་པའི་འཁོར་དང་། ཉན་པའི་འཁོར་རྣམས་མྱུར་དུ་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་ཡོངས་སུ་བཟླས་ནས་བྱང་ཆུབ་ལས་ལྡོག་པར་མི་འགྱུར་བར་ཕན་འདོགས་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་གསོལ་པ་གསན་པ་དང་། ལྷ་མོ་སྤོབས་པ་ཆེན་མོ་ལ། ལྷ་མོ་ཁྱོད་ཀྱིས་སེམས་ཅན་ཚད་མེད་ཅིང་མཐའ་མེད་པ་དག་ལ་ཕན་པ་དང་། བདེ་བར་བྱ་བའི་ཆེད་དུ་རིག་སྔགས་དེ་དག་དང་། སྤོས་ཆུས་ཁྲུས་བྱ་བ་དང་། དཀྱིལ་འཁོར་གྱི་ཆོ་ག་རྣམ་པར་སྨིན་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡང་དག་པར་བཤད་


DKG089_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས་ཁྱོད་ཀྱིས་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི་བསྲུངས་ནས་མྱུར་དུ་ནུབ་པར་མི་འགྱུར་ཞིང་རྟག་པར་རྒྱ་ཆེར་གནས་པར་འགྱུར་བར་བྱོས་ཤིག །དེ་ནས་ལྷ་མོ་སྤོབས་པ་ཆེན་མོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་རང་གི་སྟན་ལ་འདུག་པར་གྱུར་ཏོ། །དེ་ནས་བྲམ་ཟེ་ཀཽཎྜི་ནྱས་ཆོས་ཀྱི་སློབ་དཔོན་གྱིས་ལུང་བསྟན་པ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱི་མཐུས་འཁོར་མང་པོའི་མདུན་དུ་ལྷ་མོ་སྤོབས་པ་ཆེན་མོ་ལ་མངོན་པར་བསྟོད་པ། ཤེས་རབ་གསལ་དཔའ་སྤོབས་པའི་ལྷ་མོ་ཁྱོད། །ལྷ་མིའི་མཆོད་པ་དག་གིས་མཆོད་པར་འོས། །གྲགས་པས་འཇིག་རྟེན་ཀུན་དུ་རྒྱས་པས་ན། །སེམས་ཅན་ཐམས་ཅད་རེ་བ་རྫོགས་པར་བྱེད། །རི་རྩེ་མཐོན་པོའི་གནས་མཆོག་དག་ཏུ་ནི། །རྩྭ་བསྡུས་ཁྱིམ་བྱས་དེ་ན་རབ་ཏུ་གནས། །རྒྱུན་དུ་རྩྭ་འཇམ་མདུན་ནས་གོས་བྱས་ཏེ། །རྟག་པར་རྐང་པ་ཡ་གཅིག་བཀུག་སྟེ་འགྲེང་། །ལྷ་འཁོར་མང་པོ་ཐམས་ཅད་འདུས་ནས་ལྷགས། །ཐམས་ཅད་རྩེ་གཅིག་སེམས་ཀྱིས་ཁྱོད་ལ་བསྔགས། །ཤེས་རབ་སྤོབས་པ་ལྡན་པའི་ལྷ་མོ་ཁྱོད། །ཚིག་སྙན་གྱ་ནོམ་ཐམས་ཅད་སྦྱིན་པར་གྱིས། ། དེ་ནས་ལྷ་མོ་སྤོབས་པ་ཆེན་མོ་དེས་གསོལ་བ་བཏབ་པ་མཉན་ནས་གཟུངས་སྔགས་སྨྲས་པ། སཱདྱ་ཐེ་དན། མུ་རེ་ཙི་རེ། ཨ་བ་ཛེ། ཨ་བ་ཛ་བ་ཏིི། ཧིངྒུ་ལེ། མིདྒུ་ལེ། པིངྒ་ལ་བ་ཏི། མུངྒ་ཥེ། མ་རཱི་ཙྱཻ། སྭ་མ་ཏི། ད་ཤ་མ་ཏི། ཨ་གྷྲི་ཏམ་གྷྲི་ཏ་ར་ཙི། ཏ་ར་ཙ་བ་ཏི། ཙི་ཙི་རི། ཤི་རི་མི་རི། མ་ནནྡྷི། ད་མ་ཁི། མ་རཱི་ཙྱཻ། པྲཱ་ན་པྲི་ཡེ། ལོ་ཀ་ཛྱེཥྛེ། ལོ་ཀ་ཤྲེཥྛེ། བི་ར་ཙེ། ལོ་ཀ་པྲི་ཡ། སིདྡྷ་པྲ་ཏེ། བྷཱི་མ་མུ་ཁི། ཤུ་ཙི་ཙ་རི། ཨ་པྲ་ཏི་ཧ་ཏེ། ཨ་པྲ་ཏི་ཧ་ཏ་བུདྡྷི། ནམུ་ཙི། མ་ཧཱ་ན་མུ་ཙི། མ་ཧཱ་ན་མུ་ཙི། མ་ཧཱ་དེ་བྱི། པྲ་ཏི། གྲཱིཧཱ། ན་མ་སྐ་རཱ་ན་བདག་གི་མིང་བརྗོད། མ་མ་བུདྡྷི། དྲ་ཤ་ཧི་བུདྡྷི། ཨ་པྲ་ཏི་ཧ་ཏ། བྷ་ཏུ། སི་བྷ་མེ། བི་ཤུད་ཙི་ཏོ། ཤ་ཤྠ་ཤོ་ལོ་ཀ །མནྟྲ་བི་དྷི་ཀ །ཀ་པི་ཡ་དྷི་ཤོ། ཏདྱ་ཐཱ། མ་ཧཱ་པྲ་བྷཱ་བེ། ཧི་ལི་ཧི་ལི། མི་ལི་མི་ལི། བི་ཙ་རོ། བི་ཙ་ཏོ། བི་བུདྡྷི། བདག་གི་


DKG089_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མིང་བརྗོད། མ་མ་བུདྡྷི། བི་ཤུདྡྷི། བྷ་ག་བད་ཏྱཾ། བེ་བ་ཡཾ། སྤ་ར་ས་ཏྱ། ཀ་ར་དེ། ཀེ་ཡཱུ་རེ། ཀེ་ཡཱུ་ར་མ་ཏི། ཧི་ལི་མི་ལི། ཨ་པ་ཡ་མེ། མ་ཧཱ་དེ་བེ། བུདྡྷ་ས་ཏྱ་ན། དྷརྨ་ས་ཏྱ། སཾ་གྷ་ས་ཏྱེ་ན། ཨིནྡྲ་ས་ཏྱེ་ན། བ་རུ་ཎ་ས་ཏྱེ་ན། ཡེ་ལོ་ཀེ། ས་ཏྱ་ས་ཏྱེ་ན། ཏེ་ཤ་མ་ས་ཏྱེ་ན། སཏྟི་བད་ཙ་ནི་ནི། ཨ་བ་ཧ་ཡ་མི། མ་ཧཱ་དེ་བེ། ཧི་ལི་མི་ལི། ཧི་ལི་མི་ལི། བི་ཙི་ད་ཏོ།བདག་གི་མིང་བརྗོད། མ་མ་བུདྡྷི། ན་མོ་བྷ་བ་ཏི། མ་ཧཱ་དེ་བེ་ས་ར་ས་ཏྱ་སིདྦྷྱནྟུ་མནྟྲ་པ་དཱ་ནི་སྭཱ་ཧཱ། དེ་ནས་ལྷ་མོ་སྤོབས་པ་ཆེན་མོས་གཟུངས་སྔགས་འདི་བསྟན་ནས་བྲམ་ཟེ་དེ་ལ་འདི་སྐད་ཅེས་ཀྱེ་སྐྱེས་བུ་ཆེན་པོ་སེམས་ཅན་རྣམས་ཀྱི་ཆེད་དུ་སྤོབས་པ་གྱ་ནོམ་པ་དང་། རིན་པོ་ཆེ་དང་། རྫུ་འཕྲུལ་དང་། ཤེས་རབ་ཡོངས་སུ་གཉེར་ནས་ཐམས་ཅད་ལ་རྒྱ་ཆེར་ཕན་བཏགས་ཏེ་མྱུར་དུ་བྱང་ཆུབ་མངོན་དུ་བྱེད་པར་འདོད་པ་ལེགས་སོ་ལེགས་སོ། །དེ་ལྟར་ཤེས་པར་བྱས་ནས་ཆོ་ག་འདི་གཟུང་བར་བྱའོ། །ཞེས་སྨྲས་ནས་ཡང་ཚིགས་སུ་བཅད་དེ་སྨྲས་པ། ཐོག་མ་ཁོ་ནར་གཟུངས་འདི་ཁ་ཏོན་དུ། །བྱང་ཞིང་ནོར་བ་མེད་པར་བཀླགས་ནས་ནི། །བྱིན་གྱིས་རློབ་ཅིང་སྨོན་པ་རྫོགས་བྱའི་ཕྱིར། །དཀོན་མཆོག་གསུམ་དང་ལྷ་རྣམས་སྐྱབས་འགྲོ་ཞིང་། །སངས་རྒྱས་ཆོས་དང་བྱང་ཆུབ་སེམས་དཔའ་དང་། །རང་རྒྱལ་ཉན་ཐོས་ཚོགས་ལ་གུས་ཕྱག་བྱས། །དེ་འོག་ཚངས་དང་བརྒྱ་བྱིན་ལྷ་དབང་དང་། །འཇིག་རྟེན་སྐྱོང་དང་རྒྱལ་པོ་ཆེན་པོ་བཞིས། །རྟག་པར་ཚངས་པར་སྤྱོད་པ་ཐམས་ཅད་ལ། །རྩེ་གཅིག་ཡིད་ཀྱིས་གུས་པར་ཕྱག་བྱས་ནས། །དགོན་པ་རབ་ཏུ་དབེན་པའི་གནས་དག་ཏུ། །སྐད་ཆེར་སྔ་མའི་སྔགས་དང་ཆོ་ག་གདོན། །སངས་རྒྱས་སྐུ་གཟུགས་ལྷ་ཀླུའི་མདུན་དག་ཏུ། །ཇི་ཙམ་འབྱོར་བས་མཆོད་པ་བསྒྲུབ་པར་བྱ། །སེམས་ཅན་རྣམ་པ་དེ་དག་ཐམས་ཅད་ལ། །བྱམས་དང་སྙིང་རྗེས་བརྩེ་བའི་སེམས་ཀྱང་བསྐྱེད། །བཅོམ་ལྡན་གསེར་སྐུ་ཤིན་ཏུ་གྱ་ནོམ་མཚན། །གཡེང་བ་མེད་སེམས་རྩེ་གཅིག་དྲན་པར་བྱ། །བཅོམ་ལྡན་ཡང་དག་ཆོས་སྟོན་དགོངས་མཛད་པས། །


DKG089_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ཇི་བཞིན་ཏིང་འཛིན་སྒོམ་ལ་འགོད། །དེ་ཡི་ཚིག་གི་དོན་ནི་ལེགས་སོམས་ལ། །སྟོང་པ་ཉིད་བརྟེན་རབ་ཏུ་བསྒོམ་པར་གྱིས། །བཅོམ་ལྡན་སྐུ་གཟུགས་དག་གི་སྤྱན་སྔར་ནི། །རྩེ་གཅིག་ཡང་དག་དྲན་པས་གནས་བྱེད་ན། །གྱ་ནོམ་ཡེ་ཤེས་ཏིང་ངེ་འཛིན་དག་དང་། །གཟུངས་མཆོག་དམ་པ་དག་ཀྱང་འཐོབ་པར་འགྱུར། །བཅོམ་ལྡན་གསེར་ཞལ་ཡང་དག་ཆོས་བསྟན་ནས། །གྱ་ནོམ་དབྱངས་ཀྱིས་ལྷ་མི་འདུལ་བར་མཛད། །ལྗགས་མཚན་རྐྱེན་བཞིན་ངོ་མཚར་རབ་སྟོན་པས། །ཡངས་རིང་སྟོང་གསུམ་འཇིག་རྟེན་ཁྱབ་པར་མཛད། །བཅོམ་ལྡན་གསུང་དབྱངས་གྱ་ནོམ་དེ་འདྲ་བ། །རྩེ་གཅིག་དྲན་ན་སེམས་ལ་འཇིགས་མེད་འཐོབ། །བཅོམ་ལྡན་སྨོན་ལམ་རྒྱ་ཆེན་བཏབ་པའི་དབང་། །ལྗགས་མཚན་བསམ་གྱིས་མི་ཁྱབ་འདི་བརྙེས་ནས། །ཆོས་རྣམས་ཡོད་པ་མ་ཡིན་གསུང་མཛད་པས། །དཔེར་ན་ནམ་མཁའ་ཆགས་པ་མེད་པ་འདྲ། །བཅོམ་ལྡན་གསུང་དབྱངས་དག་དང་ལྗགས་མཚན་རྣམས། །དྲན་པ་ཉེ་གཞག་གཞལ་བྱེད་སྨོན་རྫོགས་འགྱུར། །གལ་ཏེ་ལྷ་མོ་སྤོབས་ཆེན་མཆོད་མཐོང་ངམ། །སློབ་མས་སློབ་དཔོན་རྗེས་སློབ་མཐོང་ནས་ནི། །གསང་བའི་ཆོ་ག་འདི་བླངས་སྒོམ་བྱེད་དམ། །བླ་མར་བྱེད་ན་སེམས་ལ་བསམ་པ་འགྲུབ། །གང་ཞིག་ཡེ་ཤེས་དམ་པ་མཆོག་འདོད་ན། །རྩེ་གཅིག་སེམས་ཀྱིས་ཆོས་འདི་གཟུང་བར་བྱ། །བསོད་ནམས་ཡེ་ཤེས་ཡོན་ཏན་འཕེལ་བྱེད་པས། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །ནོར་ཚོལ་དག་ནི་ནོར་མང་རྙེད་པར་འགྱུར། །གྲགས་པ་གཉེར་བ་གྲགས་ཆེན་ཐོབ་པར་འགྱུར། །ངེས་འབྱུང་ཚོལ་བ་རྣམ་པར་གྲོལ་འགྱུར་བས། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །ཡོན་ཏན་ཚད་མེད་མཐའ་ལས་ཇི་སྙེད་པ། ། སེམས་ལ་བསམས་བཞིན་ཡོངས་སུ་སྡུད་པར་བྱེད། །གལ་ཏེ་དེ་ལྟར་ཆོས་བཞིན་སྤྱོད་ནུས་ན། །ངེས་པར་འགྲུབ་འགྱུར་ཐེ་ཙོམ་ཡོངས་མ་བསྐྱེད། །གཙང་མའི་གནས་སུ་གོས་སར་བགོས་ནས་ནི། །དཀྱིལ་འཁོར་ཆེ་ཆུང་ཅི་ཙམ་ནུས་པར་བྱ། །བུམ་པ་གཙང་མ་བཞིར་


DKG089_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རོ་ཞིམ་བཀང་། །མེ་ཏོག་པོག་སྤོས་ཅི་འབྱོར་མཆོད་པར་བྱ། །ལྡ་ལྡི་བ་དན་དག་དང་གདུགས་བྲེས་ཏེ། །བྱུག་སྤོས་ཕྱེ་མ་ཀུན་དུ་ཁྱབ་བརྒྱན་ནས། །སངས་རྒྱས་ལྷ་མོ་སྤོབས་ཆེན་མཆོད་བྱེད་ན། །ལྷ་ལུས་མཐོང་བར་འདོད་ནའང་སྨོན་བཞིན་འགྲུབ། །ལྷ་མོ་སྤོབས་ཆེན་མདུན་དུ་སྔ་མའི་སྔགས། །ཞག་ནི་ཉི་ཤུ་རྩ་གཅིག་གདོན་པར་བྱ། །གལ་ཏེ་ལྷ་དེ་མཐོང་བར་མ་གྱུར་ན། །རྩེ་གཅིག་སེམས་ཀྱིས་ཞག་དགུ་དྲན་པར་བྱེད། །ནམ་གྱི་ཆ་སྨད་འོན་ཀྱང་མ་མཐོང་ན། །གནས་གཙང་དམ་པ་གཞན་དག་བཙལ་ནས་ནི། །ལྷ་མོ་སྤོབས་ཆེན་གཟུགས་ནི་རབ་བྲིས་ཏེ། །མཆོད་གནས་བཟླས་བརྗོད་སེམས་ཀྱིས་མི་བཏང་ཞིང་། །གཉིད་དང་ལེ་ལོ་སེམས་ནི་མི་བསྐྱེད་ན། །བདག་དང་གཞན་ལ་ཕན་འདོགས་མཐར་ཐུག་མེད། །རྣམ་སྨིན་གང་ཐོབ་སྐྱེ་དགུ་སྨིན་བྱེད་ན། །སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར། །གལ་ཏེ་ཡིད་བཞིན་མ་གྲུབ་ཟླ་བ་གསུམ། །ཡང་ན་དྲུག་དང་དགུ་དང་ལོ་གཅིག་པར། །རབ་བརྩོན་གསོལ་འདེབས་སེམས་ནི་མི་གཡོ་ན། །ལྷ་ཡི་མིག་དང་གཞན་སེམས་ཤེས་ཐོབ་འགྱུར། །དེ་ནས་བྲམ་ཟེ་ཀཽཎྜི་ནྱས་དེ་སྐད་ཅེས་བསྟན་པ་ཐོས་པ་དང་། དགའ་མགུ་རངས་ཤིང་ངོ་མཚར་དུ་གྱུར་པས་འཁོར་མང་པོ་རྣམས་འདི་སྐད་ཅེས་ཀྱེ་ཁྱེད་ཅག་ལྷ་དང་མིའི་འཁོར་མང་པོ་ཐམས་ཅད་ཤེས་པར་བྱོས་ལ། སེམས་རྩེ་གཅིག་ཏུ་དེང་བདག་གིས་ཀུན་རྫོབ་ཀྱི་བདེན་པའི་ཆོས་ལ་བརྟེན་ནས་ལྷ་མོ་སྤོབས་པ་མཆོག་དམ་པ་དེ་དག་ལ་བསྔགས་པ་བརྗོད་པ་ཉོན་ཅིག །ཅེས་སྨྲས་ནས་ཚིགས་སུ་བཅད་དེ་སྨྲས་པ། འཇིག་རྟེན་དག་ན་དབང་ཕྱུག་ཐོབ་འགྱུར་བ། །ལྷ་མོ་མཐུ་ཆེན་ཐོབ་ལ་གུས་ཕྱག་འཚལ། །དེང་བདག་གཙོ་མོ་དེ་ལ་བསྔགས་པ་ཡང་། སྔོན་གྱི་དྲང་སྲོང་ཇི་སྐད་བསྟན་པ་བཞིན། །བཀྲ་ཤིས་ཡོངས་རྫོགས་སེམས་ནི་བདེ་བར་གནས། །སེམས་གསལ་ངོ་ཚ་ཁྲེལ་ཡོད་གྲགས་དང་ལྡན། །མ་མ་བྱས་ཏེ་འཇིག་རྟེན་རབ་ཏུ་བསྐྱེད། །རབ་དཔའ་རྟག་པར་བརྩོན་འགྲུས་ཆེན་པོ་སྤྱོད། །ཐབ་མོའི་གཡུལ་དུ་རྟག་པར་རྒྱུན་དུ་རྒྱལ། །རབ་


DKG089_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

དུལ་བྱམས་སེམས་བཟོད་པ་གསོལ་བར་བྱེད། །ད་ལྟར་གཤིན་རྗེའི་སྲིང་མོ་ཆེན་མོར་གྱུར། །གོས་སུ་རྟག་པར་དར་ཚོན་སྔོན་པོ་གྱོན། །སྡུག་དང་མི་སྡུག་བྱད་བཞིན་ཀུན་དང་ལྡན། །མིག་ནི་མཐོང་བ་ཐམས་ཅད་རབ་ཏུ་དངང་། །སྤྱོད་མཆོག་དམ་པ་ཚད་མེད་འཇིག་རྟེན་འདས། །ཕྱོགས་ཤིང་མངོན་དང་མི་ཀུན་ཡོངས་སུ་སྡུད། །རེས་འགའ་རི་བྲག་ཟབ་མོ་དག་ན་གནས། །རེས་འགའ་བྲག་ཕུག་གཙང་པོའི་འགྲམ་ན་གནས། །རེས་འགའ་ལྗོན་ཤིང་ནགས་ཚལ་ཆེན་པོར་གནས། །ལྷ་མོ་ཕལ་ཆེར་དེ་དག་ཀུན་དུ་གནས། །རི་དང་ནགས་ཚལ་མི་རྒོད་ཇི་སྙེད་པ། །རྟག་པར་ལྷ་མོ་ལ་ནི་མཆོད་པར་བྱེད། །རྨ་བྱའི་སྒྲོས་ནི་རྒྱལ་མཚན་བ་དན་བྱེད། །དུས་སོ་ཅོག་ཏུ་རྟག་པར་འཇིག་རྟེན་སྐྱོང་། །སྟག་དང་སེང་གེ་སྤྱང་ཀིས་རྒྱུན་དུ་བསྐོར། །གནག་ལུག་བྱ་ལ་སོགས་པས་རྟེན་ཡང་འཆའ། །དྲིལ་ཆེན་བསྒྲགས་ནས་སྒྲ་ནི་ཕྱུང་བས་ན། །བིན་དྷའི་རི་ལ་སྒྲ་ནི་ཀུན་དུ་གྲགས། །རེས་འགའ་རྩེ་གསུམ་ཏྲི་ཤཱུལ་ཐོགས་བྱེད་ཅིང་། །གཡས་གཡོན་རྒྱུན་དུ་ཉི་ཟླ་རུ་མཚོན་འཛིན། །ཟླ་བ་ནག་པོའི་ཚེས་དགུ་བཅུ་གཅིག་ལ། །དེ་ཡི་དུས་སུ་རྟག་པར་མཆོད་པར་བྱ། །རེས་འགའ་བ་སུ་ལྷ་ཆེན་སྲིང་མོར་སྟོན། །གཡུལ་འགྱེད་མཐོང་ན་རྟག་པར་སྙིང་ཡང་བརྩེ། །སེམས་ཅན་ཐམས་ཅད་རྣམ་པར་ལྟ་བ་ལ། །ལྷ་མོ་མཆོག་ཏུ་གྱུར་པས་བདས་པ་མེད། །རེས་འགའ་བ་རྫིའི་བུ་མོ་དགའ་མོར་སྟོན། །ལྷ་དང་འཐབ་ཚེ་རྟག་པར་རྒྱལ་བ་འཐོབ། །འཇིག་རྟེན་དག་ན་ཡུན་རིང་གནས་པར་བྱེད། །རབ་དུལ་བཟོད་དང་ཁྲོ་གཏུམ་སྟོན་པར་བྱེད། །བྲམ་ཟེ་ཆེན་པོ་རིག་པའི་ཆོས་བཞི་དང་། །སྒྱུ་འཕྲུལ་སྔགས་སོགས་ཐམས་ཅད་རབ་ཏུ་རྟོགས། །དྲང་སྲོང་ནང་ན་རང་དབང་དག་དང་ལྡན། །ས་བོན་དང་ནི་ས་ཆེན་བྱེད་པར་ནུས། །ལྷ་མོ་བུ་མོ་ལ་སོགས་འདུས་པའི་ཚེ། །རྒྱ་མཚོའི་རླབས་ལྟར་ངེས་པར་དེར་ཡང་འདུ། །ཀླུ་དང་གནོད་སྦྱིན་མང་པོའི་ཚོགས་ཀུན་གྱི། །གཙོ་བོར་གྱུར་པས་རབ་ཏུ་དུལ་བར་བྱེད། །བུད་མེད་ནང་ན་ཚངས་སྤྱོད་མཆོག་དང་ལྡན། །ཚིག་བྱུང་དཔེར་ན་འཇིག་རྟེན་བདག་པོ་འདྲ། །རྒྱལ་པོའི་གནས་ན་


DKG089_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དག་དང་མཚུངས། །ཆུ་བོའི་འགྲམ་ན་གནས་ཚེ་གྲུ་ཟབ་བཞིན། །བྱད་བཞིན་སྡུག་མཛེས་ཟླ་བ་ཉ་བ་འདྲ། །མང་ཐོས་ཕུན་ཚོགས་གནས་དང་རྟེན་ཡང་བྱེད། །སྤོབས་པ་མཆོག་བྱུང་རི་རྩེ་མཐོན་པོ་འདྲ། །དྲན་པ་ཐམས་ཅད་ཀུན་གྱི་གླིང་ཡང་བྱེད། །ལྷ་མ་ཡིན་ལ་སོགས་ཏེ་ལྷ་ཚོགས་རྣམས། །ཐམས་ཅད་འདི་ཡི་ཡོན་ཏན་བསྔགས་པར་བྱེད། །མིག་སྟོང་བརྒྱ་བྱིན་ལྷ་ཡི་དབང་པོས་ཀྱང་། །གུས་པའི་སེམས་ཀྱིས་ལྟ་ཞིང་རབ་ཏུ་རྟོག །སེམས་ཅན་གང་ཞིག་རེ་ཞིང་ཚོལ་བ་ཡོད། །དེ་དག་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད། ། ཡིད་མྱུར་སྤོབས་དང་ཆོས་འཛིན་ལྡན་བྱེད་པས། །ས་ཆེན་སྟེང་ན་མཆོག་ཏུ་གྱུར་པ་ཡིན། །ཕྱོགས་བཅུའི་འཇིག་རྟེན་ཁམས་ནི་འདི་དག་ཏུ། །མར་མེ་ཆེ་ལྟར་རྟག་པར་ཀུན་གསལ་བྱེད། །ཐ་ན་ལྷ་འདྲེ་གཅན་གཟན་དག་ལ་ཡང་། །དེ་དག་བསམས་བཞིན་ཐམས་ཅད་རྫོགས་བྱེད་འགྱུར། །བུད་མེད་རྣམས་ཀྱི་ནང་ན་རི་རྩེ་འདྲ། །སྔོན་གྱི་དྲང་སྲོང་ཇི་བཞིན་ཡུན་རིང་གནས། །ལྷ་མོ་གཞོན་ནུ་ཇི་བཞིན་འདོད་ཆགས་སྤངས། །འཇིག་རྟེན་བདག་པོ་ཇི་བཞིན་བདེན་ཚིག་སྨྲ། །འཇིག་རྟེན་ཀུན་གྱི་ཁྱད་པར་རྒྱན་རྣམས་དང་། །འདོད་ཁམས་ལྷ་ཡི་ཁང་པ་ཀུན་བལྟས་ན། །ལྷ་མོ་འབའ་ཞིག་གཙོ་མོར་གྲགས་པས་ན། །སེམས་ཅན་མཆོག་ཏུ་གྱུར་པ་ཡོངས་མི་སྣང་། །གལ་ཏེ་གཡུལ་འགྱེད་འཇིགས་པའི་གནས་དག་དང་། །མེ་དོང་ལྷུང་བ་བདག་ནི་མཐོང་བར་གྱུར། །ཆུ་བོ་ཉམ་ང་ཆོམ་རྐུན་འཇིགས་པའི་ཚེ། །འཇིགས་པ་དེ་དག་ཐམས་ཅད་སེལ་བར་ནུས། །གལ་ཏེ་རྒྱལ་པོའི་ཁྲིམས་ཀྱིས་བཅིངས་བསྒྲོགས་སམ། །གལ་ཏེ་ཤ་ཆགས་གསོད་པར་བྱེད་པའི་ཚེ། །སེམས་ནི་རྩེ་གཅིག་མི་གཡོ་གནས་གྱུར་ན། །ངེས་པར་མྱ་ངན་སྡུག་བསྔལ་ཀུན་ལས་ཐར། །དགེ་སྡིག་མི་ཀུན་ཡོངས་སུ་སྐྱོབ་པས་ན། ། བྱམས་དང་སྙིང་རྗེའི་བརྩེ་བ་རྟག་མངོན་སྣང་། །དེ་ཕྱིར་བདག་ནི་བསམ་པ་རྩེ་གཅིག་ཏུ། །ལྷ་མོ་ཆེ་ལ་ཕྱག་འཚལ་སྐྱབས་སུ་མཆི། །དེ་ནས་བྲམ་ཟེ་དེས་སྔགས་དང་། བསྔགས་པ་བརྗོད་པའི་ཚིག་གིས་ལྷ་མོ་དེ་ལ་མངོན་པར་བསྟོད་པ། འཇིག་རྟེན་གཙོ་ལ་ཕྱག་འཚལ་


DKG089_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

གུས་ཕྱག་འཚལ། །མི་རྣམས་ནང་ན་ཀུན་གྱི་མཆོག་གྱུར་པས། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་མཆོད། །བྱད་བཞིན་རབ་མཛེས་ཀུན་གྱིས་བལྟ་བར་མོས། །ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན། །མིག་ཡངས་པདྨ་སྔོན་པོའི་འདབ་མ་འདྲ། །བསོད་ནམས་ཡེ་ཤེས་སྣང་བའི་གྲགས་པས་རྒྱས། །དཔེར་ན་རིན་ཐང་མེད་པའི་ནོར་བུ་མཚུངས། །དེང་བདག་དམ་པ་ཁྱོད་ལ་བསྔགས་པས་ན། །སེམས་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །ཡང་དག་ཡོན་ཏན་བཀྲ་ཤིས་གྱ་ནོམ་པ། །པདྨ་ལྟ་བུར་ཤིན་ཏུ་རྣམ་པར་དག །ལུས་མདོག་རབ་མཛེས་ཀུན་གྱིས་བལྟ་བར་མོས། །མཚན་མང་ངོ་མཚར་བསམ་གྱིས་ཡང་མི་ཁྱབ། །དྲི་མེད་ཡེ་ཤེས་འོད་ཟེར་རབ་འགྱེད་པས། །དྲན་པས་ཀུན་གྱི་ནང་ན་མཆོག་ཏུ་གྱུར། །ཇི་ལྟར་སེང་གེ་གཅན་གཟན་མཆོག་གྱུར་ལྟར། །རྟག་པར་ལག་པ་བརྒྱད་ཀྱིས་བདག་ཉིད་བརྒྱན། །སོ་སོར་མདའ་གཞུ་རལ་གྲི་སྟ་རེ་དང་། །ཐོ་རིངས་ལྕགས་ཀྱི་འཁོར་ལོ་ཞགས་པ་ཐོགས། །རབ་མཛེས་ལྷ་མོ་ཟླ་བ་ཉ་བ་འདྲ། །ཚིག་ལ་ཐོགས་མེད་དབྱངས་སྙན་འབྱིན་པར་བྱེད། །སེམས་ཅན་གང་ཞིག་སེམས་ལ་སྨོན་ཡོད་ན། །སྐྱེས་བུ་དམ་པས་བསམས་བཞིན་རྫོགས་པར་བྱེད། །བརྒྱ་བྱིན་ལྷ་མང་ཀུན་གྱིས་ཁྱོད་མཆོད་ནས། །ཐམས་ཅད་བསྔགས་བརྗོད་སྐྱབས་སུ་འགྲོ་བར་བྱེད། །བསམ་གྱིས་མི་ཁྱབ་ཡོན་ཏན་སྐྱེད་བྱེད་པས། །དུས་རྣམས་རྟག་ཏུ་གུས་པ་སྐྱེད་པར་བྱེད་སྭཱ་ཧཱ། །གལ་ཏེ་སྤོབས་ཆེན་ལྷ་མོ་གསོལ་འདོད་ན། །བསྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་བཞིན། །ནད་པར་རྣམ་དག་སེམས་ཀྱིས་རྩེ་གཅིག་གདོན། །བསམ་པའི་དངོས་པོ་ཐམས་ཅད་བསམས་བཞིན་འགྲུབ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་དེ་ལ་ཁྱོད་ཀྱིས་སེམས་ཅན་རྣམས་ལ་ཕན་གདགས་ཤིང་བདེ་བ་སྦྱིན་པའི་ཆེད་དུ། ལྷ་མོ་དེ་ལ་བསྔགས་པ་བརྗོད་པས་བྱིན་གྱིས་རློབ་པར་གསོལ་བ་བཏབ་ནས། བསོད་ནམས་དཔག་ཏུ་མེད་པ་འཐོབ་པར་འགྱུར་བ་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ཏོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་


DKG089_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་མདོ་སྡེའི་རྒྱལ་པོ། །བམ་པོ་བརྒྱད་པ། དེ་ནས་བྲམ་ཟེ་ཀཽཎྜི་ནྱས་གོང་དུ་བསྟན་པ་དེ་ལྟ་བུའི་མངོན་པར་བསྟོད་པའི་ཚིག་དང་། སྔགས་ཀྱི་ཚིག་གིས་ལྷ་མོ་སྤོབས་པ་ཆེན་མོ་ལ་མངོན་པར་བསྟོད་ནས་འཁོར་མང་པོ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། ། ཁྱེད་ཅག་ལྷ་མོ་སྤོབས་པ་ཆེན་མོ་ལ་གསོལ་བ་བཏབ་ནས་སྙིང་བརྩེ་བས་བྱིན་གྱིས་བརླབས་ནས་ཚེ་འདི་ཉིད་ལ་ཐོགས་པ་མེད་པའི་སེམས་མྱུར་བ་དང་། ཡེ་ཤེས་ཆེན་པོ་དང་། ཚིག་ལ་ཤིན་ཏུ་མཁས་པ་དང་། ཤེས་པ་རྒྱ་ཆེན་པོ་འཐོབ་པ་དང་། འབེལ་བའི་གཏམ་གྱིས་ཕན་ཚུན་ལན་འདེབས་པ་དང་། ཚིག་འབྲུའི་རྒྱན་ཡིད་བཞིན་དུ་གྲུབ་ནས་ཐོགས་པ་མེད་པར་འདོད་ན་སེམས་རྩེ་གཅིག་ཏུ་གུས་པས་འདི་ལྟར་གསོལ་བ་གདབ་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་ཚོགས་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། འཕགས་པ་ཐམས་ཅད་དང་། འདས་པ་དང་། མ་བྱོན་པ་དང་། ཕྱོགས་བཅུའི་སངས་རྒྱས་ཡང་དག་པའི་བདེན་ཚིག་མངོན་པར་གྲུབ་པ་དང་། དབང་པོ་ཇི་ལྟ་བ་བཞིན་དུ་ཡང་དག་པའི་བདེན་ཚིག་གསུང་བ། མི་སླུ་བའི་ཚིག་གསུང་བ། བསྐལ་པ་ཆེན་པོ་བྱེ་བ་ཚད་མེད་པ་སྙེད་དུ་རྟག་པར་ཡང་དག་པའི་བདེན་ཚིག་གསུང་ཞིང་། ཡང་དག་པའི་བདེན་ཚིག་དང་ལྡན་པ་ཐམས་ཅད་ལ་རྗེས་སུ་ཡི་རངས་ནས་ཕྱག་འཚལ་ལོ། །མི་བདེན་པའི་ཚིག་མི་གསུང་བའི་ཕྱིར་ཡངས་ཤིང་རིང་བའི་ལྗགས་ཕྱུང་ནས་ཉིད་ཀྱི་ཞལ་དང་། འཛམ་བུའི་གླིང་དང་གླིང་བཞི་པ་དང་སྟོང་དང་སྟོང་གཉིས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀུན་ཏུ་ཁྱབ་པར་གཡོགས་ནས་ཉོན་མོངས་པའི་གདུང་བ་ཐམས་ཅད་རབ་ཏུ་སེལ་བར་མཛད་པ་ལ་གུས་པར་ཕྱག་འཚལ་ལོ། །སངས་རྒྱས་ལྗགས་ཀྱི་མཚན་དེ་ལྟ་བུ་དང་ལྡན་པ་ཐམས་ཅད་ལ་གུས་པར་ཕྱག་བྱས་ནས་བདག་མིང་འདི་ཞེས་བྱ་བ་ཤིན་ཏུ་གྱ་ནོམ་པའི་སྤོབས་པ་ཐམས་ཅད་དང་ལྡན་པར་སྨོན་ནས་སེམས་རྩེ་གཅིག་ཏུ་སྲོག་ཕྲོགས་སོ། །


DKG089_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་སྤོབས་པ་དམ་པ་དང་། །བྱང་ཆུབ་སེམས་དཔའི་སྤོབས་པ་དམ་པ་དང་། །རང་རྒྱལ་འཕགས་པའི་སྤོབས་པ་དམ་པ་དང་། །ཞུགས་བཞི་འབྲས་བཞིའི་སྤོབས་པ་དམ་པ་དང་། །འཕགས་པའི་བདེན་པའི་ཚིག་གི་སྤོབས་མཆོག་དང་། །དྲང་སྲོང་ལྷ་ཡི་སྤོབས་པ་དམ་པ་དང་། །ཚངས་འཁོར་དྲང་སྲོང་སྤོབས་པ་དམ་པ་དང་། །ལྷ་ཆེན་ཨུ་མའི་སྤོབས་པ་དམ་པ་དང་། །སྐལ་ལྡན་ལྷ་ཡི་སྤོབས་པ་དམ་པ་དང་། །རྒྱལ་པོ་མ་ན་སི་ཡི་སྤོབས་མཆོག་དང་། །ཡིད་བཞིན་ལྷ་མོའི་སྤོབས་པ་དམ་པ་དང་། །རྒྱལ་ཆེན་བཞི་ཡི་སྤོབས་པ་དམ་པ་དང་། །རབ་གནས་ལྷ་ཡི་བུ་ཡི་སྤོབས་མཆོག་དང་། །རྡོ་རྗེ་གསང་བའི་བདག་པོའི་སྤོབས་མཆོག་དང་། །ཁྱབ་འཇུག་ལྷ་ཡི་སྤོབས་པ་དམ་པ་དང་། །ལྷ་མོ་བི་མའི་སྤོབས་པ་དམ་པ་དང་། །བིཥྞུའི་ལྷ་མོའི་སྤོབས་པ་དམ་པ་དང་། ལྷ་མོ་བཟང་མོའི་སྤོབས་པ་དམ་པ་དང་། །ཤི་རི་མ་ཏའི་སྤོབས་པ་དམ་པ་དང་། །ཧ་རི་ཚིག་གི་སྤོབས་པ་དམ་པ་དང་། །མ་དང་མ་ཆེན་སྤོབས་པ་དམ་པ་དང་། །ཧ་རི་ཏ་མའི་སྤོབས་པ་དམ་པ་དང་། །གནོད་སྦྱིན་རྣམས་ཀྱི་སྤོབས་པ་དམ་པ་དང་། །ཕྱོགས་བཅུའི་རྒྱལ་པོའི་སྤོབས་ལ་གུས་ཕྱག་འཚལ། །ལས་མཆོག་ཅི་མངའ་ཐམས་ཅད་བདག་བསྟངས་ནས། །སྤོབས་མཆོག་དམ་པ་མཐའ་མེད་འཐོབ་པར་ཤོག །བསླུ་བ་མེད་ལ་གུས་ཕྱག་འཚལ། །རྣམ་པར་གྲོལ་ལ་གུས་ཕྱག་འཚལ། །འདོད་ཆགས་སྤངས་ལ་གུས་ཕྱག་འཚལ། །འཆིང་སྒྲིབ་སྤངས་ལ་གུས་ཕྱག་འཚལ། །རྣམ་དག་སེམས་ལ་གུས་ཕྱག་འཚལ། །འོད་དང་ལྡན་ལ་གུས་ཕྱག་འཚལ། །བདེན་ཚིག་སྨྲ་ལ་གུས་ཕྱག་འཚལ། །རྡུལ་ཆགས་མེད་ལ་གུས་ཕྱག་འཚལ། །དོན་མཆོག་གནས་ལ་གུས་ཕྱག་འཚལ། །འཁོར་མང་དག་ལ་གུས་ཕྱག་འཚལ། ། སྤོབས་པའི་ལྷ་ལ་གུས་ཕྱག་འཚལ། །བདག་གི་ཚིག་ལ་ཐོགས་མེད་ཤོག །བདག་གིས་སྨོན་ཅིང་གཉེར་བའི་དངོས། །ཐམས་ཅད་མྱུར་དུ་གྲུབ་པར་ཤོག །ནད་མེད་རྟག་ཏུ་རབ་བདེ་ཞིང་། །ཚེ་རིང་ལོ་ནུར་འཐོབ་པར་ཤོག །རིག་སྔགས་ཀུན་ལ་རབ་མཁས་


DKG089_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། །ནན་ཏན་བྱང་ཆུབ་ལམ་བསྒོམས་ནས། །སྐྱེ་དགུ་རྒྱ་ཆེར་ཕན་བཏགས་ཏེ། །བསམ་པ་མྱུར་དུ་གྲུབ་པར་སྨོན། །བདག་གིས་བདེན་ཚིག་སྨྲས་པ་དང་། །བདག་གིས་བསླུ་མེད་སྨྲས་པ་ཡིས། །ལྷ་མོའི་སྤོབས་པ་གང་ཡིན་པ། །བདག་ལ་གྲུབ་པར་མཛད་དུ་གསོལ། །ལྷ་མོ་ཁྱོད་ནི་འདིར་གཤེགས་ཏེ། །ཚིག་ཐོགས་མ་མཆིས་བགྱི་སླད་དུ། །བདག་ལུས་ཁར་ནི་མྱུར་ཞུགས་ནས། །ཡིད་མྱུར་སྤོབས་དང་ལྡན་པར་མཛོད། །བདག་གི་ལྕེ་ཡི་དབང་པོ་ཡིས། །དེ་བཞིན་གཤེགས་པའི་སྤོབས་ཐོབ་ནས། ། ཚིག་དེའི་མཐུ་སྟོབས་དབང་གིས་ནི། །སེམས་ཅན་རྣམས་ནི་འདུལ་བར་ཤོག །བདག་ནི་ཚིག་དག་སྨྲས་པའི་ཚེ། །དོན་ནི་ཇི་བཞིན་གྲུབ་གྱུར་ཅིག །ཐོས་པ་དག་ནི་གུས་བསྐྱེད་ནས། །བྱས་པ་ཆུད་གསོན་མ་གྱུར་ཅིག །བདག་གིས་སྤོབས་པ་གཉེར་བ་ཡི། ། དངོས་པོ་གལ་ཏེ་མ་གྲུབ་ན། །ལྷ་མོའི་བདེན་ཚིག་གང་ཡིན་པ། །ཐམས་ཅད་བརྫུན་པ་ཉིད་དུ་འགྱུར། །གང་གིས་མཚམས་མེད་སྡིག་བྱས་པ། །སངས་རྒྱས་གསུང་གིས་འདུལ་བར་འགྱུར། །དེ་བཞིན་དགྲ་བཅོམ་གང་ཡིན་དང་། །དྲིན་གཟོའི་ཚིག་ནི་ཇི་སྙེད་དང་། ། ཤཱ་རིའི་བུ་དང་མཽད་གལ་བུ། །བཅོམ་ལྡན་འཁོར་མང་མཆོག་གྱུར་པ། །འདི་ལ་སོགས་པའི་བདེན་ཚིག་རྣམས། །ཐམས་ཅད་བདག་ལ་གྲུབ་པར་མཛོད། །དེང་བདག་སངས་རྒྱས་ཉན་ཐོས་འཁོར། །ཐམས་ཅད་འདིར་ནི་སྤྱན་འདྲེན་ན། །ཐམས་ཅད་མྱུར་དུ་འདིར་གཤེགས་ཏེ། །བདག་གི་སྨོན་པ་རྫོགས་མཛད་སྨོན། །ཡང་དག་བདེན་ཚིག་གང་གཉེར་བ། །ཐམས་ཅད་བསླུ་བ་མ་མཆིས་སྨོན། །གོང་དུ་འོག་མིན་ལྷ་མན་ཆད། །གནས་གཙང་རིས་ཀྱི་ལྷ་དག་དང་། །ཚངས་ཆེན་ཚངས་ལྷ་ཉེ་ཕན་དང་། །ཚངས་པའི་རྒྱལ་པོའི་འཁོར་རྣམས་དང་། །སྟོང་གསུམ་འཇིག་རྟེན་ཀུན་ཁྱབ་དང་། །མི་མཇེད་འཇིག་རྟེན་བདག་པོ་དང་། །འཁོར་ནི་མང་པོ་ཐམས་ཅད་ཀུན། །དེང་བདག་ཐམས་ཅད་སྤྱན་འདྲེན་ན། །བྱམས་དང་ཐུགས་རྗེ་རབ་བསྐྱེད་དེ། །ཐམས་ཅད་བརྩེ་བས་གཟུང་དུ་གསོལ། །གཞན་འཕྲུལ་


DKG089_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བྱེད་ལྷ་རྣམས་དང་། །འཕྲུལ་དགའི་ལྷ་ནི་དེ་དག་དང་། །དགའ་ལྡན་པ་ཡི་ལྷ་ཚོགས་དང་། །བྱམས་པ་མངོན་པར་རྫོགས་འགྱུར་དང་། །འཐབ་བྲལ་བ་ཡི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་ལྷ་དག་དང་། །རྒྱལ་ཆེན་རིས་བཞིའི་ལྷ་ཚོགས་དང་། །ལྷ་མང་འཁོར་ནི་ཐམས་ཅད་དང་། །ས་ཆུ་མེ་རླུང་ལྷ་རྣམས་དང་། །རི་རབ་བརྟེན་ནས་གནས་པ་དང་། །མཚོ་བདུན་རི་ཡི་ལྷ་ཚོགས་རྣམས། །འཁོར་ནི་མང་པོར་བཅས་པ་དང་། །ནོར་རྒྱས་དང་ནི་མགོ་ལྔ་དང་། །ཉི་ཟླ་གཟའ་སྐར་ལྷ་དག་དང་། །འདི་ལ་སོགས་པའི་ལྷ་མང་པོ། ། འཇིག་རྟེན་བདེ་བར་བྱེད་པས་ན། །འདི་ལ་སོགས་པའི་ལྷ་མང་པོ། །སྡིག་པའི་ལས་ནི་མི་བྱེད་མོས། །སངས་རྒྱས་གུས་པ་འཕྲོག་མ་དང་། །དེ་ཡི་བུ་སྡུག་ཐ་ཆུངས་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མ་ཡིན། །མི་འམ་ཅི་ཡི་འཁོར་རྣམས་དང་། ། ལྟོ་འཕྱེ་ཆེན་པོ་ལ་སོགས་པ། །བདག་ནི་བཅོམ་ལྡན་མཐུ་སྟོབས་ཀྱིས། །དེ་དག་ཐམས་ཅད་སྤྱན་འདྲེན་ན། །བྱམས་དང་སྙིང་རྗེའི་སེམས་བསྐྱེད་ནས། །བདག་ལ་ཐོགས་མེད་སྤོབས་པ་སྩོལ། །ལྷ་དང་མི་ཡི་འཁོར་རྣམས་ལས། །གཞན་གྱི་སེམས་ནི་རིག་གྱུར་པ། ། ཐམས་ཅད་བྱིན་གྱིས་བརླབས་ནས་ནི། །བདག་ལ་སྤོབས་པ་དམ་པ་སྩོལ། །ནམ་མཁའི་ཁམས་ནི་མཐར་ཐུག་དང་། །ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ན། །སེམས་ཅན་རྣམ་པ་ཇི་སྙེད་པས། །བདག་ལ་སྤོབས་པ་དམ་པ་སྩོལ། །དེ་ནས་ལྷ་མོ་སྤོབས་པ་ཆེན་མོས་དེ་སྐད་ཅེས་གསོལ་བ་བཏབ་པ་ཐོས་པ་དང་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་ལེགས་སོ། །སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་སྔགས་དེ་དང་།སྔགས་ཀྱི་མངོན་པར་བསྟོད་པ་དེ་དག་ལ་བརྟེན་ནས་སྔར་གོང་དུ་བསྟན་པ་བཞིན་དུ་ཆོ་ག་ཡང་དག་པར་བླངས་ཏེ། དཀོན་མཆོག་གསུམ་ལ་གུས་པས་སྐྱབས་སུ་འགྲོ་ཞིང་སེམས་རྩེ་གཅིག་ཏུ་དྲན་པ་ཉེ་བར་འཇོག་པར་བྱེད་ན་ཅི་དང་ཅི་བསྒྲུབས་པ་ཐམས་ཅད་ཆུད་ཟ་བར་མི་འགྱུར་རོ། །གཞན་ཡང་གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་པའི་མདོ་སྡེ་འདི་ཡང་དག་པར་བཟུང་སྟེ། ཀློག་ཅིང་འདོན་པར་བྱེད་ན་


DKG089_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་པ་ཐམས་ཅད་འབྲས་བུ་དང་ལྡན་པར་འགྱུར་ཞིང་མྱུར་དུ་མངོན་པར་འགྲུབ་པར་འགྱུར་ཏེ། སེམས་རྩེ་གཅིག་ཏུ་མ་བྱས་པ་ནི་མ་གཏོགས་སོ། །དེའི་ཚེ་བྲམ་ཟེ་དེ་ཤིན་ཏུ་དང་བའི་སེམས་ཀྱིས་རབ་ཏུ་དགའ་བར་གྱུར་པས་ཐལ་མོ་སྦྱར་ནས་སྤྱི་བོས་ཡང་དག་པར་བླངས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་སྤོབས་པ་ཆེན་མོ་ལ་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ཁྱོད་ཀྱིས་མདོ་སྡེའི་རྒྱལ་པོ་དམ་པ་འདི་རྒྱ་ཆེར་སྤེལ་ནས་མདོ་སྡེ་ཡང་དག་པར་འཛིན་པ་དག་ལ་ཡོངས་སུ་སྐྱོབ་པ་དང་། ཡོངས་སུ་བསྲུང་བ་བྱས་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་བདེ་བ་ཐོབ་པར་བྱ་བའི་ཆེད་དུ་ཆོས་དེ་ལྟ་བུ་བསྟན་ནས་བསམ་གྱིས་མི་ཁྱབ་པའི་སྤོབས་པ་བྱིན་ཏེ། བསོད་ནམས་ཚད་མེད་པ་ཐོབ་པར་གྱུར་པ་དང་། སེམས་བསྐྱེད་པ་རྣམས་མྱུར་དུ་བྱང་ཆུབ་ལ་གཞོལ་བར་བྱས་པ་ལེགས་སོ་ལེགས་སོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལྷ་མོ་སྤོབས་པ་ཆེན་མོའི་ལེའུ་སྟེ་བཅྭ་ལྔ་པའོ།། །།དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་གུས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། གཞན་དག་ལ་ཡང་དག་པར་སྟོན་པར་བགྱིད་པ་ཞིག་མཐོང་བར་གྱུར་ན་བདག་གིས་སེམས་རྩེ་གཅིག་ཏུ་གུས་པས་བཀུར་སྟི་དང་མཆོད་པ་བགྱིད་དོ། །ཆོས་སྨྲ་བ་དེ་ལ་འདི་ལྟ་སྟེ། བཟའ་བ་དང་། བཏུང་བ་དང་། གོས་དང་། མལ་ཆ་དང་། གསོས་སྨན་དང་། ཡོ་བྱད་ཅི་འཚལ་བ་ཐམས་ཅད་ཕུན་སུམ་ཚོགས་པར་སྦྱར་ཏེ་བྲེལ་ཅིང་ཕོངས་པ་མ་མཆིས་པར་བགྱིད་དོ། །གདུགས་མཚན་དུ་མདོ་སྡེའི་རྒྱལ་པོ་འདིའི་ཚིག་གི་དོན་ཇི་སྙེད་པ་དག་ལ་སོ་སོར་བརྟགས་ཏེ། ཡིད་ལ་བསམས་ཤིང་ཡོངས་སུ་བཙལ་ནས་བདེ་བར་གནས་པ་དང་། མདོ་སྡེ་འདི་འཛམ་བུའི་


DKG089_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

གླིང་དུ་རྒྱ་ཆེར་སྤེལ་བའི་སླད་དུ་སེམས་ཅན་གང་ལ་ལ་དག་སངས་རྒྱས་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་ལས་དགེ་བའི་རྩ་བ་བསྐྱེད་པ་དེ་དག་རྟག་ཏུ་ཐོས་པར་འགྱུར་ཞིང་། མྱུར་དུ་ནུབ་པར་མི་འགྱུར་བར་བགྱིད་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་དུ་ལྷ་དང་མིའི་ལོངས་སྤྱོད་མཆོག་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་ལགས་སོ། །རྟག་པར་ལོ་ལེགས་ཤིང་མུ་གེའི་རྒུད་པ་གཏན་དུ་སེལ་བར་འགྱུར་བས་སྐྱེ་བོ་རྣམས་གཏན་དུ་བདེ་བ་མྱོང་བར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མཇལ་བར་འགྱུར། སླད་མའི་དུས་ཀྱི་ཚེ་མྱུར་དུ་བྱང་ཆུབ་ཆེན་པོའི་འབྲས་བུ་འཐོབ་པར་འགྱུར་བས་ངན་འགྲོ་གསུམ་དང་། འཁོར་བའི་སྡུག་བསྔལ་གྱི་བགེགས་གཏན་དུ་གཅོད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་མངོན་པར་དྲན་ལགས་ཏེ། འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཻ་ཌཱུཪྱ་དང་གསེར་གྱི་རི་བོ་རིན་པོ་ཆེའི་མེ་ཏོག་སྣང་བ་དཔལ་གྱི་ཡོན་ཏན་རྒྱ་མཚོ་ཞེས་བགྱི་བ་མཚན་རྣམ་པ་བཅུ་དང་ལྡན་པ་ཞིག་བྱུང་སྟེ་བདག་དེ་ལས་དགེ་བའི་རྩ་བ་བསྐྲུན་ཏེ། དེ་བཞིན་གཤེགས་པ་དེས་བྱམས་པ་དང་ཐུགས་རྗེའི་བྱིན་གྱིས་བརླབས་ཀྱི་མཐུས་བརྩེ་བར་དགོངས་པར་གྱུར་པའི་སླད་དུ་དེང་བདག་གང་དུ་བསམས་པའི་གནས་དེ་དང་། གང་དུ་བལྟས་པའི་ཕྱོགས་དེ་དང་གང་དུ་མཆིས་པའི་ཡུལ་དེ་དང་དེ་དག་ཏུ་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་ཤིན་ཏུ་བདེ་བའི་ལོངས་སྤྱོད་མྱོང་ཞིང་གོས་དང་། ། བཟའ་བ་དང་། བཏུང་བ་དང་། འཚོ་བའི་ཡོ་བྱད་དང་། གསེར་དང་། དངུལ་དང་། བཻ་ཌཱུཪྱ་དང་། སྤུག་དང་། རྡོའི་སྙིང་པོ་དང་། བྱི་རུ་དང་། འགྲོན་བུ་དང་། མུ་ཏིག་ལ་སོགས་པ་རིན་པོ་ཆེ་ཅི་འཚལ་བ་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་ལགས་སོ། ། གང་ལ་ལ་ཞིག་སེམས་རྩེ་གཅིག་ཏུ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ཀློག་ཅིང་འདོན་པ་དེས་གདུགས་གཅིག་བཞིན་དུ་སྤོས་སྣ་ཚོགས་བསྲེགས་ནས་མེ་ཏོག་དམ་པ་རྣམས་ཀྱིས་བདག་གི་ཆེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་


DKG089_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པའི་སངས་རྒྱས་བཻ་ཌཱུཪྱ་དང་། གསེར་གྱི་རི་བོ་རིན་པོ་ཆེའི་མེ་ཏོག་སྣང་བ་དཔལ་གྱི་ཡོན་ཏན་རྒྱ་མཚོ་དེ་ལ་མཆོད་པ་བགྱིའོ། །གཞན་ཡང་གདུགས་གཅིག་བཞིན་དུ་དུས་གསུམ་དུ་བདག་གི་མིང་ནས་བརྗོད་ཅིང་རྗེས་སུ་དྲན་པར་བགྱིས་ནས་ལོགས་ཤིག་ཏུ་སྤོས་དང་། མེ་ཏོག་དང་། ཟས་མཆོག་རྣམས་ཀྱིས་བདག་ལ་མཆོད་ཅིང་རྟག་པར་མདོ་སྡེའི་རྒྱལ་པོ་དམ་པ་འདི་ཉན་པར་བགྱིད་ན་བསོད་ནམས་འདི་ལྟ་བུ་དག་འཐོབ་པར་འགྱུར་ལགས་སོ། །དེ་ནས་ཚིགས་སུ་བཅད་དེ་གསོལ་པ། འདི་ལྟར་མདོ་སྡེ་འདི་ནི་འཛིན་པའི་སླད། ། བདག་དང་འཁོར་རྣམས་གནོད་པ་ཀུན་དང་འབྲལ། །གོས་ཟས་ཅི་འཚལ་ཕོངས་པ་མ་མཆིས་འགྱུར། །གཟི་བྱིན་ལྡན་ཞིང་ཚེ་ཡང་དཔག་པར་དཀའ། །ས་ཡི་རོ་ཡང་རྟག་པར་འཕེལ་བར་འགྱུར། །ལྷ་རྣམས་དུས་བཞིན་ཆར་ནི་རབ་ཏུ་འབེབས། །ལྷ་འཁོར་དེ་དག་རབ་ཏུ་དགའ་བར་འགྱུར། །སྐྱེད་མོས་ཚལ་དང་འབྲུ་ཡི་ལྷ་རྣམས་ཀྱིས། །ནགས་ཚལ་ལྗོན་ཤིང་འབྲས་བུ་རབ་འཕེལ་ཞིང་། །འབྲུ་རྣམས་ཐམས་ཅད་ཡོངས་སུ་སྨིན་པར་བགྱིད། །རིན་ཆེན་ནོར་ཚོལ་བསམ་པ་རྫོགས་འགྱུར་ཞིང་། །ཅི་དང་ཅི་སྨོན་བསམས་བཞིན་འགྲུབ་པར་འགྱུར། ། བཅོམ་ལྡན་འདས་ཀྱིས་དཔལ་གྱི་ལྷ་མོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་ལྟར་སྔོན་གྱི་རྒྱུད་རྗེས་སུ་དྲན་ནས་དྲིན་རྗེས་སུ་བསབ་པའི་ཕྱིར་མཆོད་པ་བྱས་པ་དང་། མཐའ་ཡས་པའི་སེམས་ཅན་རྣམས་ལ་ཕན་གདགས་ཤིང་བདེ་བར་བྱ་བའི་ཆེད་དུ་མདོ་སྡེ་འདི་ཡོངས་སུ་སྤེལ་ནས་ཡོན་ཏན་ཟད་མི་ཤེས་པར་བྱས་པ་ལེགས་སོ་ལེགས་སོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་དཔལ་གྱི་ལྷ་མོ་ཆེན་མོའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་དཔལ་གྱི་ལྷ་མོ་ཆེན་མོས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཕྱོགས་ན་ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུའི་གྲོང་ཁྱེར་ནོར་ལྡན་ཞེས་བགྱི་བ་མཆིས་ཏེ། གྲོང་ཁྱེར་དེ་ལས་མི་རིང་བ་ན་མེ་ཏོག་དམ་པའི་བསོད་ནམས་ཀྱི་འོད་ཅེས་བགྱི་བའི་ཀུན་དགའ་ར་བ་མཆིས་པ་དེ་ན་གཞལ་མེད་ཁང་མཆོག་དམ་པ་རིན་པོ་ཆེ་


DKG089_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བདུན་ལས་མངོན་པར་གྲུབ་པ་ཞིག་མཆིས་ཏེ། བཅོམ་ལྡན་འདས་བདག་ནི་རྟག་པར་དེ་ན་གནས་ལགས་པས་གང་ལ་ལ་ཞིག་འབྲུ་རྣམ་པ་ལྔ་གདུགས་གཅིག་བཞིན་དུ་འཕེལ་བ་དང་། བང་མཛོད་རྣམས་རྒྱས་ཤིང་གང་བར་འཚལ་བས་གུས་པས་དང་བའི་སེམས་བསྐྱེད་དེ་ཁང་པ་གཅིག་གཙང་མར་བྱས་ནས་བ་ལང་གི་ལྕི་བས་དོག་ས་ལ་ཞལ་ཞལ་བགྱིས་ཏེ། བདག་གི་གཟུགས་རྒྱན་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་རི་མོར་བྲིས་ནས་ལུས་ལེགས་པར་བཀྲུས་ཏེ། གོས་གཙང་མ་བགོས་ནས་བྱུག་པ་དམ་པས་བྱུགས་ཏེ་ཁང་པ་གཙང་མའི་ནང་དུ་ཞུགས་ཏེ། བདག་གི་ཆེད་དུ་གདུགས་རེ་ཞིང་དུས་གསུམ་དུ་སངས་རྒྱས་དེའི་མཚན་དང་། མདོ་སྡེ་འདིའི་མཚན་ནས་བརྗོད་པར་སེམས་བསྐྱེད་དེ་དེ་བཞིན་གཤེགས་པ་བཻ་ཌཱུཪྱ་དང་གསེར་གྱི་རི་བོ་རིན་པོ་ཆེའི་མེ་ཏོག་སྣང་བ་དཔལ་གྱི་ཡོན་ཏན་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ནས་མེ་ཏོག་དང་སྤོས་རྣམས་ཐོགས་ཏེ། ཞལ་ཟས་བདའ་བ་སྣ་ཚོགས་སེམས་རྩེ་གཅིག་ཏུ་དབུལ་བར་བགྱིའོ། །གཞན་ཡང་སྤོས་དང་མེ་ཏོག་དང་བཟའ་བ་དང་བཏུང་བ་རྣམས་ཀྱིས་བདག་གི་གཟུགས་བརྙན་ལ་མཆོད་པར་བགྱིའོ། །གཞན་ཡང་བཟའ་བ་དང་བཏུང་བ་དག་ཐོགས་ཏེ། ཕྱོགས་གཞན་དུ་གཏོར་ནས་འདྲེ་སྲིན་རྣམས་ལ་སྩལ་བར་བགྱིའོ། །ཡང་དག་པའི་བདེན་ཚིག་གིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་གསོལ་བ་བཏབ་ནས་ཅི་དང་ཅི་གཉེར་བའི་སྨོན་ལམ་གདབ་པར་བགྱིའོ། །གལ་ཏེ་ཇི་སྐད་སྨྲས་པ་བཞིན་དུ་བརྫུན་པ་མ་ལགས་ན་གསོལ་བ་བཏབ་པ་དོན་དང་ལྡན་པར་མཛད་དུ་གསོལ་ཞེས་བརྗོད་པར་བགྱིའོ། །དེའི་ཚེ་དཔལ་གྱི་ལྷ་མོས་དངོས་པོ་དེ་རིག་ནས་བརྩེ་བའི་སེམས་སྐྱེ་བར་འགྱུར་བས་དེའི་ཁྱིམ་དུ་ནོར་དང་འབྲུ་རྣམས་རབ་ཏུ་འཕེལ་བར་བགྱིད་དོ། །དེ་ནས་སྔགས་བཟླས་ནས་བདག་གཡར་དྲང་བར་བགྱིས་ཏེ། སྔར་སངས་རྒྱས་ཀྱི་མཚན་དང་བྱང་ཆུབ་སེམས་དཔའི་མིང་ནས་བརྗོད་དེ་སེམས་རྩེ་གཅིག་ཏུ་གུས་པས་ཕྱག་བགྱིའོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མ་


DKG089_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་འོད་ཟེར་རིན་པོ་ཆེའི་ཏོག་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་ཏོག་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་བརྒྱའི་འོད་ཀྱི་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་གསེར་གདུགས་རིན་པོ་ཆེ་བརྩེགས་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་གསེར་གྱི་མེ་ཏོག་འོད་ཟེར་རྒྱལ་མཚན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྒྲོན་མ་ཆེན་པོའི་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་པོ་ཆེ་ཆེན་པོའི་ཏོག་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་ལྷའི་རྔ་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་འོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་མཛོད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་བཤུམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཤིན་ཏུ་བདེ་བར་གནས་པ་ལ་ཕྱག་འཚལ་ལོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་ཕྱག་བགྱིས་ནས་དེའི་རྗེས་ལ་སྔགས་བཟླས་ཏེ། དཔལ་གྱི་ལྷ་མོ་ཆེན་མོ་བདག་གཡར་འདྲེན་པར་བགྱིད་ན་སྔགས་འདིའི་མཐུས་ཡོངས་སུ་གཉེར་བའི་དངོས་པོ་རྣམས་ཐམས་ཅད་མངོན་པར་འགྲུབ་པར་འགྱུར་རོ། །དཔལ་གྱི་ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔགས་ནི་འདི་ལྟ་སྟེ། སཱདྱ་ཐེ་དན། པྲ་ཏི་པཱུརྞུ་ཙ་རེ། ས་མནྟཱ་དརྴ་ཎེ། མ་ཧཱ་བི་ཧཱ་ར་ག་ཏི། ས་མནྟ། བི་མཱ་ན་ག་ཏི། མ་ཧཱ་ཀཱཪྱ། པྲ་ཏི་པྲཱ་བ་ཎེ། སཏྭཱ་ཨརྠ་ས་མ་ཏཱ་ནུ་པྲ་པཱུ་རེ།ཨ་ཡཱ་ན། དྷརྨ་ཏཱ། མ་ཧཱ་བྷོ་གི་ནི། མ་ཧཱ་མཻ་ཏྲི། ཨུ་པ་སཾ་ཧི་ཏེ། ཧི་ཏཻ་ཥི། ས་གྲྀ་ཧཱི་ཏེ། ས་མཱརྠ་ཨ་ནུ་པཱ་ལི་ནེ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་གཟུངས་སྔགས་འདི་འདོན་ཅིང་ཡོངས་སུ་བཟུང་བས་བདག་གཡར་འདྲེན་པར་བགྱིད་ན། བདག་གིས་


DKG089_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཡར་འདྲེན་པ་ཐོས་ནས་དེའི་ཐད་དུ་མཆིས་ཏེ་སྨོན་པ་རྣམས་འགྲུབ་པར་བགྱིད་དོ། །བཅོམ་ལྡན་འདས་འདི་ནི་དབང་བསྐུར་བའི་ཆོ་གའི་ཚིག །ཏིང་ངེ་འཛིན་མངོན་པར་འགྲུབ་པའི་ཚིག །ཡང་དག་པའི་ཚིག །སླུ་བ་མ་མཆིས་པའི་ཚིག །ཡང་དག་པའི་སྤྱོད་པ་སེམས་ཅན་རྣམས་ཀྱི་ཡང་དག་པའི་དགེ་བའི་རྩ་བ་ལགས་པས། གང་ལ་ལ་ཞིག་སྔགས་འདི་ཡང་དག་པར་འཛིན་ཅིང་ཀློག་པ་དང་། འདོན་པ་དེས་གདུགས་མཚན་བདུན་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་སྡོམ་པ་ཡང་དག་པར་བླངས་ནས་སྔ་དྲོའི་དུས་ཀྱི་ཚེ་སྔར་སོ་ཤིང་བཅས་ཏེ་དག་པར་བཀྲུས་ནས་སྔ་དྲོའི་དུས་ཀྱི་ཚེ་སྤོས་དང་། མེ་ཏོག་གིས་སངས་རྒྱས་ཐམས་ཅད་ལ་མཆོད་པ་བགྱིས་ཏེ། བདག་ཉིད་ཀྱིས་དངོས་སྡིག་བཤགས་ནས་བདག་དང་སེམས་ཅན་རྣམས་སྨོན་པ་མྱུར་དུ་འགྲུབ་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོ་ཞིང་སྨོན་ལམ་གདབ་པར་བགྱིའོ། །ཁང་པ་གཅིག་གཙང་མར་བགྱིས་པའམ། ཡང་ན་དབེན་པའི་གནས་སམ། དགོན་པའི་གནས་ཀྱང་རུང་སྟེ། བ་ལང་གི་ལྕི་བས་དཀྱིལ་འཁོར་བགྱིས་ནས་ཙནྡན་བསྲེགས་ཏེ་མཆོད་པར་བགྱིའོ། །སྟན་མཆོག་གཅིག་བཏིང་སྟེ་བ་དན་དང་གདུགས་ཀྱིས་བརྒྱན་པར་བགྱིའོ། །མེ་ཏོག་དམ་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ནང་བཀྲམ་སྟེ་སེམས་རྩེ་གཅིག་ཏུ་སྔགས་བཟླས་ནས་བདག་དེར་མཆི་བར་རེ་བར་བགྱིའོ། །བདག་དེའི་ཚེ་དེ་ལ་རྗེས་སུ་སེམས་ཤིང་ལྟ་བར་བགྱིད་པས་དེའི་ཁང་པར་ཞུགས་ཏེ་སྟན་ལ་མཆིས་ནས་དེའི་མཆོད་པ་ལེན་པར་བགྱིད་དོ། །དེ་སླན་ཆད་མི་དེས་གཡར་ལམ་ན་བདག་མཐོང་བར་འགྱུར་བས་ཅི་དང་ཅི་སྨོན་པའི་དངོས་པོ་རྣམས་ཡང་དག་པའི་ཚིག་གིས་བསྒོ་ནས་གོ་བར་བགྱིད་དོ། །གྲོང་ངམ། གྲོང་ཁྱེར་རམ། འབྲོག་དགོན་པའམ། དགེ་འདུན་གྱི་གཙུག་ལག་ཁང་ཡང་རུང་སྟེ། ཅི་དང་ཅི་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པས་གསེར་དང་། དངུལ་དང་། ནོར་དང་། རིན་པོ་ཆེ་དང་། བ་ལང་དང་། ལུག་དང་། འབྲུ་རྣམས་དང་། བཟའ་བ་དང་། བཏུང་བ་དང་། གོས་རྣམས་ཡིད་བཞིན་དུ་འཐོབ་པར་འགྱུར་ཞིང་། བདེ་བ་


DKG089_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལོངས་སྤྱོད་མཆོག་ལ་ཡོངས་སུ་ལོངས་སྤྱོད་པར་འགྱུར་ལགས་སོ། །དེ་ལྟར་འབྲས་བུ་རྣམ་པར་སྨིན་པ་མཆོག་དམ་པ་ཐོབ་ནས་ཀྱང་སྐལ་བ་མཆོག་གང་ལགས་པ་དེས་དཀོན་མཆོག་གསུམ་ལ་མཆོད་ཅིང་བདག་ལ་ཡང་སྩལ་བར་བགྱིའོ། །ཆོས་ཀྱི་འདུས་པ་རྒྱ་ཆེར་བཤམས་ནས་བཟའ་བ་དང་བཏུང་བ་རྣམས་སྦྱར་ཏེ། སྤོས་དང་མེ་ཏོག་གཅལ་དུ་བཀྲམ་ནས་མཆོད་པར་བགྱིའོ། །མཆོད་པ་བགྱིས་ནས་མཆོད་པར་བགྱིས་པའི་ཟས་ལྷག་མ་ཅི་མཆིས་པ་བཙོངས་ཏེ། རིན་བླངས་ནས་ཡང་མཆོད་པར་བགྱིད་ན་བདག་ནམ་འཚོའི་བར་དུ་རྟག་ཏུ་དེ་ན་གནས་ནས་གང་ཟག་དེ་ལ་བསྲུང་ཞིང་བསྐྱབ་པ་དང་། ཕོངས་ཤིང་བྲེལ་བ་མ་མཆིས་པ་དང་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པར་བགྱིད་དོ། །དུས་དུས་སུ་དབུལ་ཕོངས་པ་རྣམས་ལ་ཡང་སྩལ་བར་བགྱི་ཞིང་བདག་གཅིག་པུའི་ཆེད་དུ་སེར་སྣས་ཕངས་པར་མི་བགྱིའོ། །རྟག་པར་མདོ་སྡེ་འདི་བཀླགས་ནས་རྒྱུན་འཆད་པ་མ་མཆིས་པར་མཆོད་པར་བགྱི་སྟེ། བསོད་ནམས་ཅི་མཆིས་པ་དེ་ཡང་ཐམས་ཅད་ལ་གཏོང་ཞིང་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ནས་འཁོར་བ་ལས་ངེས་པར་འབྱུང་ཞིང་མྱུར་དུ་རྣམ་པར་གྲོལ་བ་ཐོབ་པར་འགྱུར་བར་སྨོན་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་གྱི་ལྷ་མོ་ལ་ཁྱོད་ཀྱིས་དེ་ལྟར་མདོ་སྡེ་འདི་རྒྱ་ཆེར་སྤེལ་ནས་བདག་དང་གཞན་གཉིས་ཀ་ལ་ཕན་པ་བསམ་གྱིས་མི་ཁྱབ་པ་བྱས་པ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་དཔལ་གྱི་ལྷ་མོ་ཆེན་མོས་ནོར་འཕེལ་བར་བྱེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་སའི་ལྷ་མོ་བརྟན་མ་འཁོར་མང་པོའི་ནང་ནས་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ད་ལྟར་རམ། སླད་མའི་དུས་ཀྱི་ཚེ་གལ་ཏེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། རྒྱལ་པོའི་ཕོ་བྲང་ངམ། དགོན་པའི་གནས་སམ། རི་འམ། ཕུག་གམ། ནགས་ཚལ་དག་


DKG089_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་རུང་སྟེ་མདོ་སྡེའི་རྒྱལ་པོ་འདི་སྤེལ་བར་བགྱིད་ན། བཅོམ་ལྡན་འདས་བདག་དེར་མཆིས་ནས་མཆོད་པ་དང་། བཀུར་སྟི་དང་ཡོངས་སུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་བགྱིས་ཏེ་རྒྱ་ཆེར་སྤེལ་བར་བགྱིད་དོ། །ས་ཕྱོགས་གང་ཡང་རུང་བ་དག་ཏུ་ཆོས་སྨྲ་བའི་མཁན་པོའི་ཆེད་དུ་ཁྲི་མཐོན་པོ་བཙུགས་ཏེ་མདོ་སྡེ་འདི་འཆད་པར་བགྱིད་ན། བདག་རྫུ་འཕྲུལ་གྱི་མཐུས་ལུས་མི་གདའ་བར་བགྱིས་ནས་དེར་མཆིས་ཏེ། དེའི་རྐང་པ་ནས་སྤྱི་བོས་འདེགས་པར་བགྱིད་དོ། །བདག་ཆོས་ཐོས་པར་གྱུར་ནས་ཀྱང་ཤིན་ཏུ་དང་བའི་བསམ་པས་རབ་ཏུ་དགའ་བར་བགྱིད་དོ། །ཆོས་ཀྱི་རོ་ཐོབ་པའི་དབང་གིས་གཟི་བྱིན་འཕེལ་བར་འགྱུར་བས་མགུ་བ་ཚད་མ་མཆིས་པ་ཐོབ་པར་འགྱུར་ཏེ། བདག་ཉིད་དེ་ལྟ་བུའི་ཕན་ཡོན་ཐོབ་པ་ཉིད་ཀྱིས་ས་ཆེན་པོ་འདི་ཡང་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྡོ་རྗེའི་དཀྱིལ་འཁོར་ལ་ཐུག་པ་ཚུན་ཆད་སའི་བཅུད་ཐམས་ཅད་རབ་ཏུ་འཕེལ་བར་བགྱིད་དོ། །རྒྱ་མཚོ་བཞི་ཚུན་ཆད་ཀྱིས་ཆེན་པོ་ཇི་སྙེད་པ་དེ་དག་སའི་བཅུད་རྒྱས་ཤིང་རབ་ཏུ་གཤིན་པས་སྔོན་བས་ཀྱང་ལྷག་པ་དང་། ཆེས་ཁྱད་པར་དུ་འཕགས་པར་བགྱིད་དོ། །འཛམ་བུའི་གླིང་འདི་ན་ཆུ་བོ་དང་། རྫིང་དང་། རྫིང་བུ་དང་། ལྗོན་ཤིང་དང་། སྨན་དང་། ནགས་ཚལ་དང་། མེ་ཏོག་དང་། འབྲས་བུ་དང་། རྩ་བ་དང་། སྡོང་བུ་དང་། ཡལ་ག་དང་། ལོ་མ་དང་། འབྲུ་རྣམ་པ་སྣ་ཚོགས་ཅི་མཆིས་པ་དེ་དག་ཀྱང་དབྱིབས་མཛེས་ཤིང་ཡིད་དུ་མཆི་བ་དང་། མང་པོ་ཀུན་གྱིས་བལྟ་བར་མོས་པ་དང་། ཁ་དོག་དང་། དྲི་ཕུན་སུམ་ཚོགས་པ་དང་ལོངས་སྤྱོད་དུ་རུང་བར་བགྱིད་དོ། །སེམས་ཅན་གང་གིས་བཟའ་བ་དང་། བཏུང་བ་མཆོག་དེ་ལྟ་བུ་དག་ལ་ལོངས་སྤྱོད་པ་རྣམས་ཀྱང་ཚེ་རིང་ཞིང་ཁ་དོག་དང་སྟོབས་དང་ལྡན་པ་དང་། དབང་པོ་རྣམས་བདེ་ཞིང་གཟི་བྱིན་འཕེལ་བ་དང་། བྲོ་ནད་རྣམས་མ་མཆིས་པ་དང་། སེམས་ཀྱི་ཤེས་རབ་དཔའ་ཞིང་ཅི་ཡང་རྩོལ་རྔོ་ཐོགས་པར་འགྱུར་ལགས་སོ། །གཞན་ཡང་ས་ཆེན་པོ་འདི་ལས་ཇི་ཙམ་དུ་ཡོངས་སུ་སྤྱད་པར་བགྱི་བའི་དངོས་པོ་བརྒྱ་སྟོང་ཇི་སྙེད་པ་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་བགྱིད་ལགས་སོ། །བཅོམ་


DKG089_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྒྱུ་དང་རྐྱེན་དེས་ན་འཛམ་བུའི་གླིང་རྣམས་སུ་རབ་ཏུ་བདེ་ཞིང་ལོ་ལེགས་པ་དང་། མི་རྣམས་དར་ཞིང་རྒྱས་པ་དང་། གནོད་པ་རྣམས་མ་མཆིས་པས་སེམས་ཅན་ཇི་སྙེད་མཆིས་པ་དེ་དག་ཐམས་ཅད་བདེ་བ་མྱོང་བར་འགྱུར་ལགས་སོ། །དེ་ལྟར་ལུས་དང ་སེམས་ཀྱིས་བདེ་བ་མྱོང་བར་གྱུར་ནས་ཀྱང་མདོ་སྡེའི་རྒྱལ་པོ་འདི་ལ་ཤིན་ཏུ་གུས་པ་བསྐྱེད་ནས་གང་དུ་གནས་ཀྱང་རུང་སྟེ། ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་དང་། མཆོད་པ་དང་། བཀུར་སྟི་དང་། བླ་མར་བགྱིས་ཤིང་བསྔགས་པ་བརྗོད་པར་སྨོན་པར་བགྱིའོ། །གཞན་ཡང་ཆོས་འཆད་པའི་མཁན་པོ་ཆེན་པོ་དེ་དག་གང་དུ་ཆོས་འཆད་པའི་གནས་དེར་ཡང་མཆིས་ཏེ། སེམས་ཅན་རྣམས་ཀྱི་ཆེད་དུ་མདོ་སྡེའི་རྒྱལ་པོ་དམ་པ་འདི་འཆད་པར་གསོལ་བ་གདབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མདོ་སྡེ་འདི་བཤད་པའི་དབང་གིས་བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ་སྨན་པར་འགྱུར་ཞིང་འོད་དང་། ཁ་དོག་དང་། མཐུ་སྟོབས་དང་། དཔའ་ཞིང་གཟི་བྱིན་དང་ལྡན་པ་དང་། བྱད་བཞིན་ཤིན་ཏུ་སྡུག་ཅིང་སྔོན་བས་ཆེས་ཁྱད་པར་དུ་འཕགས་པར་འགྱུར་བས་སོ། །བཅོམ་ལྡན་འདས་བདག་སའི་ལྷ་མོ་བརྟན་མ་ཡང་ཆོས་ཀྱི་རོས་ཚིམ་པར་གྱུར་པའི་དབང་གིས་འཛམ་བུའི་གླིང་དཔག་ཚད་བདུན་སྟོང་ཚུན་ཆད་ས་ཐམས་ཅད་བཅུད་དང་ལྡན་པ་དང་། སྔ་མ་བཞིན་དུ་སེམས་ཅན་ཇི་སྙེད་པ་ཐམས་ཅད་ཀྱང་བདེ་བ་མྱོང་བར་བགྱིད་ལགས་སོ། །དེ་ལྟ་བས་ན་བཅོམ་ལྡན་འདས་དེའི་ཚེ་སེམས་ཅན་དེ་དག་གིས་ཀྱང་བདག་གི་དྲིན་བསབ་པའི་སླད་དུ་བདག་ཅག་གདོན་མི་འཚལ་བར་མདོ་སྡེ་འདི་མཉན་ནས་བཀུར་སྟི་དང་། རིམ་གྲོ་དང་། མཆོད་པ་དང་། བླ་མར་བགྱིས་ནས་བསྔགས་པ་བརྗོད་པར་བགྱིའོ་སྙམ་དུ་བསམ་པར་བགྱིའོ། །དེ་ལྟར་བསམས་ནས་ཀྱང་གནས་ནས་བྱུང་སྟེ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ཁང་ཁྱིམ་དང་། དགོན་པའི་གནས་གང་དུ་ཆོས་བཤད་པའི་འདུས་པ་དེར་མཆིས་ནས་ཆོས་བཤད་པའི་མཁན་པོ་ལ་སྤྱི་བོས་བཏུད་དེ་ཕྱག་བགྱིས་ནས་མདོ་སྡེ་འདི་མཉན་པར་བགྱིའོ། །མདོ་སྡེ་འདི་མཉན་ནས་ཀྱང་སོ་སོ་ནས་རང་གི་


DKG089_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་མཆིས་ཏེ་རབ་ཏུ་དགའ་བའི་སེམས་བསྐྱེད་དེ། འདི་སྐད་དུ་བདག་ཅག་དེང་ཤིན་ཏུ་ཟབ་ཅིང་བླ་ན་མ་མཆིས་པའི་ཆོས་གྱ་ནོམ་པ་ཐོས་པས་འདི་ནི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་སྙེད་ཡོངས་སུ་བསྡུས་པར་གྱུར་ཏོ། །མདོ་སྡེའི་མཐུ་སྟོབས་ཀྱི་དབང་གིས་བདག་ཅག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་ཤིང་མཐའ་མ་མཆིས་པ་སྙེད་ལ་མཆོད་ཅིང་རིམ་གྲོ་བགྱིས་པས་ངན་སོང་གསུམ་གྱི་སྡུག་བསྔལ་མི་བཟད་པ་དང་བྲལ་བར་གྱུར་ཏོ། །མ་འོངས་པའི་ཚེ་རབས་བརྒྱ་སྟོང་གི་བར་དུ་ཡང་རྟག་པར་མཐོ་རིས་དང་མིའི་ནང་དུ་སྐྱེས་ནས་བདེ་བ་མཆོག་མྱོང་བར་འགྱུར་རོ་ཞེས་བརྗོད་པར་འགྱུར་རོ། །དེའི་ཚེ་མི་མང་པོ་དེ་དག་སོ་སོ་ནས་སླར་རང་རང་གི་གནས་སུ་མཆིས་ནས་ཀྱང་སྐྱེ་བོ་མང་པོ་རྣམས་ལ་མདོ་སྡེའི་རྒྱལ་པོ་འདི་ལས་གསུངས་པའི་དཔེ་གཅིག་ཙམ་མམ། ལེའུ་གཅིག་ཙམ་མམ། སྔོན་གྱི་གཏམ་རྒྱུད་གཅིག་ཙམ་མམ། དེ་བཞིན་གཤེགས་པ་གཅིག་གི་མཚན་ཙམ་མམ། བྱང་ཆུབ་སེམས་དཔའ་གཅིག་གི་མིང་ཙམ་མམ། ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་མམ། ཡང་ཚིག་གཅིག་ཙམ་ཞིག་སེམས་ཅན་རྣམས་ལ་ཡང་དག་པར་སྟོན་པར་བགྱིད་དམ། ཐ་ན་མདོ་སྡེ་འདིའི་མཚན་ཙམ་ཞིག་བརྗོད་པར་བགྱིད་ན། བཅོམ་ལྡན་འདས་སེམས་ཅན་དེ་དག་གང་ན་གནས་པའི་ས་ཕྱོགས་དེ་དག་ཐམས་ཅད་བཅུད་དང་ལྡན་ཞིང་གཞན་བས་ལྷག་པར་འགྱུར་བ་དང་། ས་ཆེན་པོ་ལས་སྐྱེ་བར་འགྱུར་བའི་དངོས་པོ་ཐམས་ཅད་ཀྱང་རྒྱ་ཆེར་རབ་ཏུ་འཕེལ་ཞིང་རབ་ཏུ་རྒྱས་པར་འགྱུར་བས་སེམས་ཅན་རྣམས་ཤིན་ཏུ་བདེ་བའི་ལོངས་སྤྱོད་མྱོང་བར་འགྱུར་རོ། །རིན་པོ་ཆེ་དང་ནོར་མང་བར་འགྱུར། སྦྱིན་པ་ལེགས་པར་གཏོང་བར་འགྱུར། རྟག་པར་སེམས་བརྟན་ཞིང་དཀོན་མཆོག་གསུམ་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པར་འགྱུར་ལགས་སོ། ། དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སེམས་ཅན་གང་ལ་ལ་ཞིག་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ལས་ཐ་ན་ཚིག་གཅིག་ཙམ་ཞིག་ཐོས་པར་གྱུར་ན་ཡང་ཚེ་འཕོས་པའི་འོག་


DKG089_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སུམ་ཅུ་རྩ་གསུམ་དང་། ལྷའི་གནས་གཞན་དག་ཏུ་སྐྱེ་བར་འགྱུར་རོ། །སེམས་ཅན་གང་ལ་ལ་ཞིག་མདོ་སྡེའི་རྒྱལ་པོ་འདི་མཆོད་པར་འདོད་པའི་ཕྱིར་ཁང་ཁྱིམ་དག་རབ་ཏུ་བརྒྱན་ནས་བླ་རེ་གཅིག་བྲེ་བར་བྱེད་དམ། བ་དན་གཅིག་ཙམ་དཔྱངས་པར་བྱེད་ན་རྒྱུ་དང་རྐྱེན་དེས་ལྷའི་རིས་དྲུག་པོ་དག་ཏུ་ཇི་ལྟར་བསམས་པ་བཞིན་དུ་སྐྱེ་བར་འགྱུར་བས་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་མཆོག་དམ་པ་དག་ལ་ཡིད་བཞིན་དུ་ལོངས་སྤྱོད་པར་འགྱུར། སོ་སོ་ནས་ལྷའི་བུ་མོ་བདུན་སྟོང་དང་ཕན་ཚུན་ལྷན་ཅིག་རྩེ་ཞིང་ཉིན་མཚན་རྟག་པར་ཁྱད་པར་དུ་འཕགས་པའི་བདེ་བ་བསམ་གྱིས་མི་ཁྱབ་པ་དག་ལ་ལོངས་སྤྱོད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རྒྱུ་དང་རྐྱེན་དེས་ན་འཁོར་བཞི་པོ་ལས་གང་ལ་ལ་ཞིག་ཆོས་ཀྱི་སྟན་ལ་མཆིས་ནས་ཆོས་འདི་ཡང་དག་པར་སྟོན་པ་ན། བདག་གདུགས་མཚན་དུ་གང་ཟག་དེ་ལ་ཡོངས་སུ་སྲུང་ཞིང་ཡོངས་སུ་སྐྱོབ་པར་བགྱིད་ན། རང་གི་ལུས་མི་གདའ་བར་བགྱིས་ནས་ཆོས་ཀྱི་སྟན་གྱི་དྲུང་དུ་མཆིས་ཏེ་དེའི་རྐང་པ་ལ་འདེགས་པར་བགྱིད་ལགས་སོ། །བཅོམ་ལྡན་འདས་མདོ་སྡེ་འདི་ལྟ་བུ་འདི་ནི་སེམས་ཅན་དེ་དག་གིས་སངས་རྒྱས་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་བསྐྲུན་པས་ན་འཛམ་བུའི་གླིང་འདིར་རྒྱ་ཆེར་འཕེལ་ཞིང་ནུབ་པར་མི་འགྱུར་བ་ལགས་སོ། །སེམས་ཅན་གང་གིས་མདོ་སྡེ་འདི་མཉན་པར་བགྱིད་པ་དེ་དག་ནི་སླད་མའི་དུས་ཀྱི་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མ་མཆིས་པ་སྙེད་ཀྱི་བར་དུ་ལྷ་དང་མིའི་ནང་དུ་རྟག་པར་བདེ་བ་མཆོག་ལ་ལོངས་སྤྱོད་པར་འགྱུར། སངས་རྒྱས་མང་པོ་དང་མཇལ་ནས་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་མྱོང་བར་མི་འགྱུར་ལགས་སོ། ། དེ་ནས་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་སྔགས་ཀྱི་སྙིང་པོ་ལྷ་དང་མི་རྣམས་ལ་ཕན་འདོགས་ཤིང་ཐམས་ཅད་ལ་བདེ་བར་བགྱིད་པ་མཆིས་ཏེ། སྐྱེས་པ་དང་། བུད་མེད་དང་། འཁོར་བཞི་པོ་དག་ལས་གང་ལ་ལ་ཞིག་


DKG089_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་ལུས་ཡང་དག་པ་མངོན་སུམ་དུ་མཐོང་བར་འཚལ་བ་དེས་སེམས་རྩེ་གཅིག་ཏུ་གཟུངས་འདི་ཡོངས་སུ་འཛིན་པར་བགྱིད་ན། ཇི་ལྟར་སྨོན་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བགྱིད་དོ། །འདི་ལྟ་སྟེ། ནོར་དང་རིན་པོ་ཆེའི་གཏེར་དང་། མངོན་པར་ཤེས་པ་དང་། ཚེ་རིང་བའི་སྨན་དམ་པ་གཉེར་བ་དང་། སེམས་ཅན་གྱི་ནད་མང་པོ་གསོ་བ་དང་། ཕྱིར་རྒོལ་བའི་དགྲ་ཕམ་པར་བགྱི་བ་དང་ཐ་དད་པར་སྨྲ་བ་རྣམས་ཚར་གཅོད་པར་འཚལ་ན་ཁང་པ་གཙང་མར་བགྱིས་ཏེ་དཀྱིལ་འཁོར་བགྱིའོ། །ལུས་བཀྲུས་ཏེ་གོས་སར་པ་གཙང་མ་བགོས་ནས་རྩྭའི་སྟན་གྱི་སྟེང་དུ་མཆིས་ཏེ་རིང་བསྲེལ་དང་སྐུ་གཟུགས་ཀྱི་སྤྱན་སྔར་རམ། ཡང་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་བདུག་པ་བསྲེགས་ཏེ། མེ་ཏོག་གཏོར་ནས་བཟའ་བ་དང་། བཏུང་བ་དག་གིས་མཆོད་པ་བགྱིས་ཏེ། ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ་སྐར་མ་རྒྱལ་རྫོགས་པ་ན་གཡར་འདྲེན་པའི་སྔགས་འདི་བཟླ་བར་བགྱིའོ། །ཏདྱ་ཐཱ། ཙི་ལི་ཙི་ལི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། ཀུ་ཊུ་ཀུ་ཊུ། ཏོ་ཊུ་ཏོ་ཊུ། བ་ཧ་བ་ཧ། བ་རི་ཤ་བ་རི་ཤ་སྭཱ་ཧཱ། བཅོམ་ལྡན་འདས་རིག་སྔགས་འདི་འཁོར་བཞི་པོ་ལས་གང་ལ་ལ་ཞིག་གིས་ལན་བརྒྱ་རྩ་བརྒྱད་བཟླས་ནས་བདག་གཡར་འདྲེན་པར་བགྱིད་ན་བདག་གིས་དེའི་ཆེད་དུ་གཡར་འདྲེན་པ་དེར་མཆི་བར་འགྱུར་ལགས་སོ། །གཞན་ཡང་བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་བདག་དངོས་པོ་མངོན་སུམ་དུ་མངོན་པར་མཐོང་ཞིང་ལྷན་ཅིག་གཏམ་བགྱིད་པར་འཚལ་ན་ཡང་སྔ་མ་བཞིན་དུ་ཆོ་ག་བཤམས་ནས་གཟུངས་འདི་བཟླས་པར་བགྱིའོ། །ཏདྱ་ཐཱ། ཨཉྩ་ནི། ཀྱ་ལི་ཀྵ་ནི། ཤི་ཤི་དྷ་རི། ཧ་ཧ་ཧི་ཧི། ཀུ་རུ་བ་རེ་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཞིག་སྔགས་འདི་འདོན་པ་ན་ལན་བརྒྱ་རྩ་བརྒྱད་བཟླས་ནས་སྔགས་སྔ་མ་ཡང་འདོན་པར་བགྱིད་ན་བདག་གདོན་མི་འཚལ་བར་ལུས་མངོན་དུ་བསྟན་ནས་དེས་ཇི་ལྟར་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པས་ནམ་ཡང་ཆབ་མི་འཚལ་བར་བགྱིད་དོ། །གལ་ཏེ་སྔགས་འདི་འདོན་པར་འཚལ་ན་སྔར་ལུས་བསྲུང་བའི་སྔགས་འདི་འདོན་པར་བགྱིའོ། །ཏདྱ་ཐཱ། ཤི་རི་ཤི་རི། བཱ་ཤ་ཀ་ཏི། ཏ་ཏི་ཀུཊྚི། པཱུ་ཏ། པཱུ་དེ་རི། པཱུ་དེ་རི།


DKG089_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཊི་ཊེ་པ་ཊི། ཀུ་ཀུ་ཊི། ཀ་བ་ཙི་ལི་སྭཱ་ཧཱ། བཅོམ་ལྡན་འདས་སྔགས་འདི་འདོན་པའི་ཚེ་ཚོན་སྣ་ལྔའི་སྐུད་པ་བླངས་ནས་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བགྱིས་ནས། དཔུང་པ་གཡོན་པ་ལ་བཅིངས་ན་སླན་ཆད་ལུས་བསྲུང་བ་བགྱིས་པས་འཇིགས་པ་མ་མཆིས་པར་འགྱུར་རོ། །གང་ལ་ལ་ཞིག་སེམས་རྩེ་གཅིག་ཏུ་སྔགས་འདི་ཟློས་པར་བགྱིད་ན། བསམ་པ་རྣམས་ཡིད་བཞིན་དུ་འགྲུབ་པར་འགྱུར་ཏེ། བདག་ཤོ་བེ་མི་མཆི་སྟེ། བདག་གི་དབང་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གསུམ་བཞུགས་པས་མད་པ་ཉིད་དུ་རབ་ཏུ་མཁྱེན་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་བཀའ་སྩལ་པ། ཁྱོད་ཡང་དག་པའི་བདེན་ཚིག་གི་སྔགས་ཀྱིས་བཏབ་པའི་མདོ་སྡེའི་རྒྱལ་པོ་འདི་དང་།ཆོས་སྨྲ་བ་དག་ལ་ཡོངས་སུ་བསྲུང་བར་བྱས་པ་ལེགས་སོ་ལེགས་སོ། །རྒྱུ་དང་རྐྱེན་འདིས་ཁྱོད་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཚད་མེད་པ་སྙེད་འཐོབ་པར་འགྱུར་རོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་སའི་ལྷ་མོ་བརྟན་མའི་ལེའུ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་བྱ་བ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་པོ་དག་དང་ལྷན་ཅིག་ཏུ་འཁོར་མང་པོའི་ནང་ནས་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་འདི་ད་ལྟར་རམ། སླད་མའི་དུས་ཀྱི་ཚེ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རིའམ། དགོན་པའམ། ནགས་ཚལ་ལམ། རྒྱལ་པོའི་ཕོ་བྲང་ངམ། དགེ་འདུན་གནས་པའི་གནས་དག་ཏུ་ཡང་རུང་སྟེ། ཡང་དག་པར་བསྟན་ནས་རྒྱ་ཆེར་སྤེལ་བར་བགྱིད་ན། བཅོམ་ལྡན་འདས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་དེར་མཆིས་


DKG089_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོ་སོ་ནས་རང་གི་ལུས་མི་གདའ་བར་བགྱིས་ཏེ། ཅི་རིགས་པར་ཆོས་སྨྲ་བའི་མཁན་པོ་དེ་དང་། ཆོས་ཉན་པའི་འཁོར་དེ་དག་ཡོངས་སུ་བསྲུངས་ནས་གནོད་པ་རྣམས་སྤངས་ཏེ་རྟག་པར་བདེ་བ་མྱོང་བར་བགྱིད་དོ། །སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཞིག་མདོ་སྡེ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་དག་པར་འཛིན་པར་བགྱིད་དམ། ཚིག་གཅིག་ཙམ་ཡང་དག་པར་འཛིན་པར་བགྱིད་དམ།མདོ་སྡེའི་རྒྱལ་པོ་འདིའི་མཚན་ཙམ་སྨོས་པར་བགྱིད་དམ། མདོ་སྡེ་འདི་ལས་གསུངས་པའི་དེ་བཞིན་གཤེགས་པ་གཅིག་གི་མཚན་ཙམ་མམ། བྱང་ཆུབ་སེམས་དཔའ་གཅིག་གི་མིང་ཙམ་བརྗོད་པར་སེམས་བསྐྱེད་ནས་གུས་པས་རིམ་གྲོ་དང་། མཆོད་པ་བགྱིད་ན་བདག་གིས་ཡོངས་སུ་བསྲུང་ཞིང་བྱིན་གྱིས་བརླབས་ནས་གནོད་པ་མ་མཆིས་པར་བགྱིས་ཏེ་སྡུག་བསྔལ་སྤངས་ནས་བདེ་བ་འཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་ཅིའི་སླད་དུ་བདག་གི་མིང་ཡང་དག་ཤེས་ཞེས་བགྱི་བའི་རྒྱུ་དང་རྐྱེན་གང་ལགས་པ་དེ་ནི་བཅོམ་ལྡན་འདས་ཉིད་ཀྱིས་མངོན་སུམ་དུ་མཁྱེན་པ་ལགས་ཏེ། བདག་གིས་ཆོས་རྣམས་རིག་པ་དང་། བདག་གིས་ཆོས་ཐམས་ཅད་ཀྱི་ཇི་སྙེད་པ་དང་། ཆོས་ཐམས་ཅད་ཀྱི་ཇི་ལྟ་བ་དང་། ཆོས་ཐམས་ཅད་ཀྱི་རྣམ་པ་དང་། ངོ་བོ་ཉིད་དང་། བྱེ་བྲག་ཇི་སྙེད་པ་ཐམས་ཅད་གསལ་བར་རྟོགས་པ་ལགས་སོ། །བཅོམ་ལྡན་འདས་འདི་ལྟར་ཆོས་རྣམས་བདག་གིས་ཁོང་དུ་ཆུད་པར་གྱུར་པས་བདག་དཔག་པར་དཀའ་བའི་ཡེ་ཤེས་ཀྱི་སྣང་བ་དང་ལྡན་པ་དང་། བདག་དཔག་པར་དཀའ་བའི་ཡེ་ཤེས་ཀྱི་སྒྲོན་མ་དང་ལྡན་པ་དང་། བདག་དཔག་པར་དཀའ་བའི་ཡེ་ཤེས་ཀྱི་སྤྱོད་པ་དང་ལྡན་པ་དང་། བདག་དཔག་པར་དཀའ་བའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྡན་པ་དང་། བདག་དཔག་པར་དཀའ་བའི་ཡེ་ཤེས་ཀྱི་སྤྱོད་ཡུལ་རྣམས་མངོན་པར་རྟོགས་པར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་བདག་གིས་འདི་ལྟར་ཆོས་ཐམས་ཅད་ཡང་དག་པར་རིག །ཡང་དག་པར་གསལ་བར་རྟོགས། ཡང་དག་པར་ཁོང་དུ་ཆུད། ཡང་དག་པར་སོ་སོར་རྟོགས་པར་བགྱིད་པས་བཅོམ་ལྡན་འདས་རྒྱུ་དང་རྐྱེན་དེའི་སླད་


DKG089_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་བགྱི་བ་ལགས་ཏེ། དོན་དེའི་སླད་དུ་བདག་གིས་ཆོས་སྨྲ་བའི་མཁན་པོ་དེའི་ཚིག་གི་སྤོབས་པ་གསལ་ཞིང་རྒྱན་དང་ལྡན་པ་དང་། གཟི་བྱིན་དང་མདངས་བ་སྤུའི་བུ་ག་ཀུན་ནས་འཇུག་པ་དང་། ལུས་ཀྱི་མཐུ་སྟོབས་དང་ལྡན་པ་དང་། གཟི་བྱིན་དང་ལྡན་ཞིང་དཔའ་བ་དང་། དཔག་པར་དཀའ་བའི་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡང་དག་པའི་དྲན་པ་ཐོབ་ནས་སྤ་གོང་བ་མ་མཆིས་པ་དང་། དེའི་ལུས་ལ་ཕན་འདོགས་ཤིང་ཉམས་པ་མ་མཆིས་པ་དང་། དབང་པོ་རྣམས་བདེ་ཞིང་རྟག་པར་དགའ་བ་བསྐྱེད་པར་བགྱིའོ། །རྒྱུ་དང་རྐྱེན་དེའི་སླད་དུ་སེམས་ཅན་གང་དག་སངས་རྒྱས་བརྒྱ་སྟོང་དུ་མ་ལས་དགེ་བའི་རྩ་བ་བསྐྱེད་ནས་བསོད་ནམས་ཀྱི་ལས་མངོན་པར་སྒྲུབ་པ་དག་གི་ཆེད་དུ་འཛམ་བུའི་གླིང་དག་ཏུ་རྒྱ་ཆེར་སྤེལ་ནས་མྱུར་དུ་ནུབ་པར་མི་འགྱུར་བར་བགྱིད་པས་སེམས་ཅན་དེ་དག་གིས་མདོ་སྡེ་འདི་ཐོས་ནས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་དང་། བསོད་ནམས་ཀྱི་ཕུང་པོ་ཚད་མ་མཆིས་པ་འཐོབ་པར་འགྱུར་ཞིང་སླད་མའི་དུས་ཀྱི་ཚེ་ཡང་བསྐལ་པ་བྱེ་བ་ཁྲག་ཁྲིག་ཚད་མ་མཆིས་པའི་བར་དུ་བསམ་གྱིས་མི་ཁྱབ་པའི་ལྷ་དང་། མིའི་བདེ་བ་མྱོང་བ་དང་། རྟག་པར་སངས་རྒྱས་མང་པོ་དང་མཇལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་གཤིན་རྗེའི་འཇིག་རྟེན་དང་། ངན་སོང་གསུམ་གྱི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་དག་ཀྱང་མྱོང་བར་མི་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་གཟུངས་མཆིས་ཏེ། སེམས་ཅན་རྣམས་ལ་སྨན་པར་བགྱི་ཞིང་བརྩེ་བའི་སླད་དུ་དེང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་བཤད་པར་བགྱིའོ། ། དེ་ནས་སྔགས་སྨྲས་པ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསྃ་གྷཱ་ཡ། ན་མོ་པྲ་ཧྨཱ་ཡ། ན་མ་ཨིནྡྲཱ་ཡ། ན་མཤྩ་ཏུར་ཎཱཾ་མ་ཧཱ་རཱ་ཛཱ་ནཱཾ། ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། གཽ་རི་མ་ཧཱ་གཽ་རི། གནྡྷ་རི། མ་ཧཱ་གནྡྷ་རི། དྲི་མི་ཌི། མ་ཧཱ་དྲི་མི་ཌི། དནྜ་ཁུ་ཁུན་ཏི། ཧ་ཧ་ཧ་ཧ་


DKG089_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཧ། ཧི་ཧི་ཧི་ཧི་ཧི། ཧུ་ཧུ་ཧུ་ཧུ་ཧུ། ཧ་ལོ་དྷ་མེ། གུདྡྷ་མེ། ཙ་ཙ་ཙ་ཙ། ཙི་ཙི་ཙི་ཙི། ཙུ་ཙུ་ཙུ་ཙུ། ཙཎྜེ་ཤྭ་ར། ཤི་ཁ་ར་ཤི་ཁ་ར།ཨུ་ཏིཥྛ་ཧེ། བྷ་ག་བཱན་སཾ་བིད་ཛྙཱ་ཡ་སྭཱ་ཧཱ། གང་ལ་ལ་ཞིག་རིག་སྔགས་འདི་འཛིན་པར་བགྱིད་ན་བདག་གིས་འཚོ་བའི་ཡོ་བྱད་སྨན་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། མེ་ཏོག་དང་། འབྲས་བུ་དང་། རིན་པོ་ཆེ་ངོ་མཚར་ཆེ་བ་དག་གིས་རིམ་གྲོ་བགྱིད་དོ། །གལ་ཏེ་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་ཕྲེང་གི་རྣམ་པ་རྣམས་ཡོངས་སུ་གཉེར་བར་བགྱིད་ན་ཡང་བདག་གིས་ཐམས་ཅད་སྦྱར་ནས་ཇི་ལྟར་སྨོན་པ་བཞིན་རྒུད་ཅིང་ཕོངས་པ་མ་མཆིས་པར་བགྱིད་དོ། །རིག་སྔགས་འདི་མཐུ་ཆེན་པོ་དང་ལྡན་པས་སྔགས་འདོན་པའི་ཚེ། བདག་མྱུར་དུ་དེའི་ཐད་དུ་མཆིས་ནས་ཐོགས་པ་མ་མཆིས་པར་ཡིད་བཞིན་དུ་འགྲུབ་པར་བགྱིད་དོ། །སྔགས་འདི་འདོན་པའི་ཚེ་ཆོ་ག་ཅི་རིགས་པར་བགྱིས་ནས་ཐོག་མ་ཁོ་ནར་གནོད་སྦྱིན་ཡང་དག་ཤེས་ཀྱི་གཟུགས་འཕང་དུ་ཆག་བཞི་ལྔ་ཙམ་མཆིས་པ་སུག་པ་ན་དགྲ་སྟ་ཐོགས་པ་རི་མོར་བྲི་བར་བགྱིའོ། །གཟུགས་བརྙན་དེའི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བགྱིས་ནས་བུམ་པ་བཞི་སྦྲང་རྩིའི་ཆབ་བམ། བུ་རམ་གྱི་ཆབ་ཀྱིས་བཀང་སྟེ་བཞག་ནས་བྱུག་སྤོས་དང་། ཕྱེ་མ་དང་། བདུག་སྤོས་དང་། མེ་ཏོག་དང་། ཕྲེང་བ་རྣམས་ཀྱང་བཀྲམ་པར་བགྱིའོ། །གཞན་ཡང་དཀྱིལ་འཁོར་གྱི་མདུན་དུ་ཐབ་གཅིག་བགྱིས་ཏེ། དེའི་ནང་དུ་སོལ་བའི་ཞུགས་སྩལ་ནས་མར་དང་ཡུངས་ཀར་བསྲེགས་ཏེ། སྔ་མའི་སྔགས་དེ་ལན་བརྒྱ་རྩ་བརྒྱད་བཟླས་ནས། སྔགས་ལན་རེ་ཞིང་ལན་ཅིག་བསྲེགས་ན། བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རང་ཉིད་དྲུང་དུ་མཆིས་ནས་ལུས་མངོན་དུ་བསྟན་ཏེ། སྔགས་འདོན་པའི་མི་དེ་ལ་ཁྱོད་ཅི་དང་ཅི་དགོས་པ་དང་། ཡིད་ལ་ཅི་འདོད་པའི་དངོས་པོ་གང་ཡིན་པ་དེ་སྨྲོས་ཤིག་ཅེས་འདྲི་བར་བགྱིད་དོ། །བདག་གིས་ཇི་སྐད་མཆི་བ་བཞིན་ཡོངས་སུ་གཉེར་བའི་དངོས་པོ་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིད་དོ། །གལ་ཏེ་གསེར་དང་། དངུལ་དང་། གཏེར་འཚལ་བར་གྱུར་ཏམ། ཡང་ན་ལྷའི་དྲང་སྲོང་


DKG089_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གྱུར་ནས་ནམ་མཁའ་ལ་མཆི་བར་འཚལ་ལམ། ལྷའི་མིག་གི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་འཚལ་བ་དང་། སེམས་ཅན་ཐམས་ཅད་ལ་ཡིད་བཞིན་དུ་རང་དབང་ཐོབ་ནས་ཉོན་མོངས་པ་བཅད་དེ་མྱུར་དུ་རྣམ་པར་གྲོལ་བ་ཐོབ་པ་ལ་དགོད་པར་འཚལ་ན་ཡང་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལ་བཀའ་སྩལ་པ། ཁྱོད་ཀྱིས་འདི་ལྟར་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་རིག་སྔགས་འདི་བཤད་དེ། ཡང་དག་པའི་ཆོས་ཡོངས་སུ་བསྲུངས་ནས་བསོད་ནམས་ཀྱིས་མཐའ་ཡས་པ་རྣམས་ལ་ཕན་བཏགས་པ་ལེགས་སོ་ལེགས་སོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཀྱི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་སའི་ལྷ་མོ་ཆེན་མོ་བརྟན་མ་ཞེས་བྱ་བ་འཁོར་མང་པོའི་ནང་ནས་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ནས་གུས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཡུལ་རྣམས་སུ་མིའི་རྒྱལ་པོ་བགྱིད་པ་ལ་གལ་ཏེ་ཡང་དག་པའི་ཆོས་མ་མཆིས་པར་གྱུར་ན། ཡུལ་སྐྱོང་ཞིང་སྐྱེ་བོ་མང་པོ་རྣམས་ཀྱང་གསོ་བའི་རྔོ་མི་ཐོགས་ལ་བདག་ཉིད་ཀྱང་ཡུན་རིང་དུ་ཁྱད་པར་དུ་འཕགས་པའི་རྒྱལ་ཐབས་ལ་གནས་པར་མི་འགྱུར་ན། བཅོམ་ལྡན་འདས་བྱམས་པ་དང་། ཐུགས་རྗེས་ཐུགས་བརྩེ་བར་དགོངས་ཏེ།བདག་ལ་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་ཡུལ་སྐྱོང་བར་བགྱིད་པའི་དོན་གང་ལགས་པ་བཀས་བཤད་དུ་གསོལ། །དེས་ན་མིའི་རྒྱལ་པོ་རྣམས་ཆོས་འདི་ཐོས་པའི་དབང་གིས་ཇི་སྐད་བསྟན་པ་བཞིན་དུ་མངོན་པར་སྒྲུབ་ཅིང་ཡང་དག་པར་འཇིག་རྟེན་འདུལ་བ་དང་། ཁྱད་པར་དུ་འཕགས་པའི་རྒྱལ་ཐབས་གཏན་དུ་བདེ་ཞིང་ཞི་བ་དང་། ཡུལ་ན་གནས་པའི་སྐྱེ་བོ་ཐམས་ཅད་ལ་ཡང་སྨན་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་


DKG089_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་འཁོར་མང་པོའི་ནང་དུ་སའི་ལྷ་མོ་བརྟན་མ་ལ་བཀའ་སྩལ་པ། ཁྱོད་ལེགས་པར་ཉོན་ཅིག །སྔོན་འདས་པའི་དུས་ཀྱི་ཚེ་རྒྱལ་པོ་སྟོབས་ཀྱི་གཙོ་བོའི་ཏོག་ཅེས་བྱ་བ་བྱུང་ངོ་། །རྒྱལ་པོ་དེའི་བུ་མཛེས་པའི་ཏོག་ཅེས་བྱ་བ་ཞིག་ཡོད་དེ། སྤྱི་བོ་ནས་དབང་བསྐུར་ནས་རིང་པོ་མ་ལོན་པར་དེ་ནས་རྒྱལ་པོ་ཡབ་ཀྱིས་མཛེས་པའི་ཏོག་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་ལྷའི་བདག་པོའི་མན་ངག་ཅེས་བྱ་བ་ཡོད་དེ། ང་སྔོན་སྤྱི་བོ་ནས་དབང་བསྐུར་ནས་ཡུལ་གྱི་བདག་པོ་བྱས་པའི་ཚེ་ངའི་ཡབ་ཤེས་པའི་སྟོབས་ཀྱི་གཙོ་བོའི་ཏོག་ཅེས་བྱ་བས་ང་ལ་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་འདི་བསྟན་པས། ངས་བསྟན་བཅོས་འདི་ལ་བརྟེན་ནས་ལོ་ཉི་ཁྲིའི་བར་དུ་ཡུལ་ལེགས་པར་བསྐྱངས་ཏེ། ངས་སྐད་ཅིག་གཅིག་ཙམ་གྱི་བར་དུ་ཡང་ཆོས་མ་ཡིན་པ་སྤྱད་པར་བྱའོ་སྙམ་པའི་བསམ་པ་བྱུང་མ་མྱོང་ངོ་། །དེང་ཁྱོད་ཀྱང་དེ་བཞིན་དུ་ཆོས་མ་ཡིན་པས་ཡུལ་སྐྱོང་བར་མ་བྱེད་ཅིག །ཅིའི་ཕྱིར་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་ཞེས་བྱ་ཞེ་ན། ཁྱོད་དེང་ལེགས་པར་ཉོན་ཅིག་དང་ཁྱོད་ལ་བསྟན་པར་བྱའོ། ། དེ་ནས་དེའི་ཚེ་རྒྱལ་པོ་སྟོབས་ཀྱི་གཙོ་བོའི་ཏོག་གིས་རྒྱལ་བུ་དེ་ལ་ཚིགས་སུ་བཅད་པ་གྱ་ནོམ་པ་དག་གིས་ཡང་དག་པར་བསྟན་བཅོས་མངོན་པར་བསྟན་པ། ངས་ནི་སེམས་ཅན་བདེ་བྱ་དང་། །འཇིག་རྟེན་ཐེ་ཙོམ་བཅད་པ་དང་། །ཉེས་དམིགས་མང་པོ་བསལ་བའི་ཕྱིར། ། རྒྱལ་ཁྲིམས་བསྟན་བཅོས་བཤད་པར་བྱ། །ལྷ་ཡི་བདག་པོ་ཐམས་ཅད་དང་། །མི་ཡི་རྒྱལ་པོ་གང་ཡིན་པ། །དགའ་བའི་སེམས་ནི་རབ་སྐྱེད་ལ། །ཐལ་མོ་སྦྱར་ནས་ངས་བཤད་ཉོན། །སྔོན་བྱུང་ལྷ་འཁོར་མང་པོ་རྣམས། །རྡོ་རྗེའི་རི་ལ་འདུས་པ་ན། །རྒྱལ་བཞི་སྟན་ལས་ལངས་ནས་ནི། །ཚངས་ཆེན་ལ་ནི་འདི་སྐད་ཞུས། །ཚངས་བདག་མཆོག་ཏུ་གཙོར་གྱུར་ཅིང་། །ལྷ་ཡི་ནང་ན་དབང་ཕྱུག་ཆེ། །བདག་ཅག་ལ་ནི་བརྩེར་དགོངས་ནས། །ཐེ་ཙོམ་རྣམས་ནི་གཅད་དུ་གསོལ། །ཇི་ལྟར་མི་ཡི་འཇིག་རྟེན་སྐྱེས། །རྒྱལ་


DKG089_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་ནི་བགྱི་བར་འགྱུར། །གཞན་ཡང་རྒྱུ་རྐྱེན་གང་གི་སླད། །ལྷ་ཡི་བུ་ཞེས་བགྱི་བར་འགྱུར། །ཇི་ལྟར་མིར་ནི་སྐྱེས་པ་ལ། །གཅིག་པུ་མི་ཡི་བདག་པོ་འཐོབ། །ཇི་ལྟར་མཐོ་རིས་གནས་དག་ཏུ། །ལྷ་ཡི་རྒྱལ་པོ་བགྱིད་པར་འགྱུར། །དེ་ལྟར་འཇིག་རྟེན་སྐྱོང་དག་གིས། །ཚངས་རྒྱལ་དེ་ལ་ཞུས་པ་དང་། །དེ་ཚེ་ཚངས་པའི་བདག་པོ་ཡིས། །དེ་དག་ལ་ནི་འདི་སྐད་སྨྲས། །འཇིག་རྟེན་སྐྱོང་ཁྱོད་ཤེས་པར་བྱོས། །སེམས་ཅན་ལ་ནི་ཕན་བྱའི་ཕྱིར། །ང་ལ་ཡུལ་སྐྱོང་ཆོས་དྲིས་པས། །ངས་བཤད་ཁྱོད་ཀྱིས་ལེགས་པར་ཉོན། །སྔོན་གྱི་ལས་ཀྱི་མཐུ་ཡིས་ནི། །ལྷར་སྐྱེས་རྒྱལ་པོར་གྱུར་པ་ཡིན། །གལ་ཏེ་མི་ནང་གནས་གྱུར་ནས། །དབང་སྡུད་མི་ཡི་བདག་པོ་བྱེད། །ལྷ་རྣམས་ལྷན་ཅིག་བྱིན་བརླབས་ནས། །དེ་འོག་མ་ཡི་མངལ་དུ་འཇུག །མ་ཡི་མངལ་ན་གནས་པ་ན། །ལྷ་རྣམས་ཀྱིས་ནི་སྲུང་བར་བྱེད། །མི་ཡི་འཇིག་རྟེན་སྐྱེས་གྱུར་ཀྱང་། །གཙོ་མཆོག་གྱུར་ཕྱིར་ལྷ་ཞེས་བྱ། །ལྷ་རྣམས་ཀྱིས་ནི་བསྲུངས་པས་ན། །ལྷ་ཡི་བུ་ཞེས་བརྗོད་པ་ཡིན། །སུམ་ཅུ་རྩ་གསུམ་བདག་པོ་ཡིས། །སྟོབས་བགོས་མི་རྒྱལ་སྟོངས་པར་བྱེད། །ལྷ་ནི་མང་པོ་ཐམས་ཅད་ཀྱིས། །རང་དབང་སྟོབས་ནི་རབ་བསྟངས་ནས། །ཆོས་མིན་ཀུན་ནི་རབ་བསལ་ཏེ། །སྡིག་པའི་ལས་ནི་སྐྱེད་མི་བྱེད། །སེམས་ཅན་དགེ་བ་སྒྲུབ་བསྐུལ་ནས། །མཐོ་རིས་གནས་སུ་སྐྱེ་བར་བྱེད། །མི་དང་ལྷ་མིན་འཁོར་དག་དང་། །དྲི་ཟ་དང་ནི་སྲིན་པོ་དང་། །གདོལ་པ་ལ་སོགས་ཐམས་ཅད་ཀྱིས། །སྟོབས་ཀྱི་ཕྱེད་ནི་སྟོར་བར་བྱེད། །ཕ་མས་སྟོབས་ཕྱེད་བསྟངས་ནས་ནི། །སྡིག་སྤོང་དགེ་བ་སྒྲུབ་ལ་འཛུད། །ལྷ་རྣམས་ལྷན་ཅིག་རབ་བསྲུངས་ནས། །དགེ་སྡིག་རྣམ་སྨིན་སྟོན་པར་བྱེད། །དགེ་སྡིག་ལས་ནི་བྱས་གྱུར་ན། །ད་ལྟར་ཚེ་འདི་ཉིད་ལ་ནི། །ལྷ་རྣམས་ལྷན་ཅིག་རབ་བསྲུངས་ནས། །དགེ་སྡིག་རྣམ་སྨིན་སྟོན་པར་བྱེད། །ཡུལ་མིས་སྡིག་པའི་ལས་བྱས་ལ། །རྒྱལ་སྤངས་ནན་ཏུར་མི་བྱེད་ན། །འདི་ནི་ཡང་དག་རིགས་པ་མིན། །ཆོས་བཞིན་ཆད་པས་གཅད་པར་


DKG089_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །གལ་ཏེ་ཉེས་མཐོང་མི་འགོག་ན། །ཆོས་མིན་རབ་ཏུ་འཕེལ་འགྱུར་བས། །རྒྱལ་པོ་དེ་ཡི་ཡུལ་ཁམས་སུ། །གཡོ་སྒྱུ་མང་དུ་འཕེལ་བར་འགྱུར། །རྒྱལ་པོས་ཉེས་བྱེད་མཐོང་བ་ལ། །གལ་ཏེ་ཟློག་པར་མི་བྱེད་ན། །སུམ་ཅུ་རྩ་གསུམ་ལྷ་འཁོར་རྣམས། ། ཐམས་ཅད་ཁོང་ཁྲོའི་སེམས་སྐྱེ་འགྱུར། །རྒྱུ་དེས་རྒྱལ་ཁྲིམས་ཉམས་འགྱུར་ཞིང་། །གཡོ་སྒྱུ་འཇིག་རྟེན་འཕེལ་འགྱུར་བས། །ཕ་རོལ་དགྲ་འཁོར་དག་གིས་ནི། །ཡུལ་དེ་བཅོམ་ནས་འཇིག་པར་བྱེད། །གནས་པའི་ཁྱིམ་དང་ཡོ་བྱད་དང་། ནོར་བསགས་ཐམས་ཅད་སྟོར་བར་འགྱུར། །གཡོ་སྒྱུ་སྣ་ཚོགས་སྐྱེས་པས་ན། །ཕན་ཚུན་གཅིག་ལ་གཅིག་ཀྱང་འཕྲོག །ཡང་དག་ཆོས་ཀྱིས་རྒྱལ་ཐོབ་ཀྱང་། །ཆོས་བཞིན་དུ་ནི་མི་སྤྱོད་པས། །ཡུལ་མི་ཐམས་ཅད་འཐོར་འགྱུར་ཏེ། །གླང་པོས་པདྨའི་རྫིང་བརྫིས་འདྲ། ། རླུང་དྲག་ལྡང་ལ་དུས་ཀྱང་མེད། །མི་འཕྲོད་ཆར་ནི་དུས་མིན་འབབ། །རྒྱུ་སྐར་ལྟས་ངན་མང་པོ་སྟོན། །ཉི་ཟླ་གཅན་ཟིན་འོད་ཀྱང་མེད། །རྒྱལ་པོས་ཡང་དག་ཆོས་སྤངས་པས། །འབྲུ་རྣམས་མེ་ཏོག་འབྲས་བུ་དང་། ལོ་ཏོག་ཐམས་ཅད་མི་སྨིན་ཅིང་། །ཡུལ་ན་མུ་གེ་འབྱུང་བར་འགྱུར། །རྒྱལ་པོས་ཡང་དག་ཆོས་སྤངས་ནས། །སྡིག་ཆོས་མི་ནི་སྟོན་བྱེད་ན། །གཞལ་མེད་ཁང་གནས་ལྷ་རྣམས་ཀྱིས། །མཐོང་ནས་མྱ་ངན་སྐྱེ་བར་འགྱུར། །ལྷ་རྒྱལ་འཁོར་བཅས་དེ་དག་གིས། །འདི་སྐད་དུ་ནི་སྨྲ་བར་འགྱུར། །རྒྱལ་འདིས་ཆོས་མིན་རབ་སྤྱད་ནས། །སྡིག་པའི་གྲོགས་པོ་བསྟེན་པས་ན། །རྒྱལ་སྲིད་ཡུན་རིང་བརྟན་མི་འགྱུར། །ལྷ་རྣམས་ཐམས་ཅད་རབ་མི་དགའ། །དེ་དག་ཁྲོས་པར་གྱུར་པའི་ཕྱིར། །ཡུལ་དེ་འཇིག་པར་འགྱུར་ཞེས་ཟེར། །ཆོས་མིན་མི་ནི་རབ་བརྟེན་པས། ། ཡུལ་ཁམས་འཕེལ་བར་འགྱུར་བས་ན། །འཐབ་རྩོད་གཡོ་སྒྱུ་མང་པོར་འགྱུར། །རིམས་ནད་སྡུག་བསྔལ་མང་པོ་སྐྱེ། །ལྷ་ཡི་བདག་པོ་སྲུང་མི་བྱེད། །ལྷ་གཞན་ཐམས་ཅད་སྤོང་བར་བྱེད། །དེ་ཡི་ཡུལ་ནི་རང་ཞིག་ནས། །རྒྱལ་པོ་སྡུག་བསྔལ་མྱོང་བར་


DKG089_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཕ་མ་ཆུང་མ་བུ་རྣམས་དང་། །ཕུ་ནུ་དང་ནི་སྲིང་མོ་རྣམས། །ཅིག་ཅར་སྡུག་དང་བྲལ་འགྱུར་ཞིང་། །ཐ་མར་བདག་ཀྱང་འཆི་བར་འགྱུར། །ལྟས་ངན་སྐར་མདའ་དག་ཀྱང་ལྟུང་། །ཉི་མ་གཉིས་ནི་ཅིག་ཅར་འཆར། །ཕ་རོལ་དགྲ་ནི་ཉེར་འོངས་པས། །ཡུལ་མི་འཆི་བར་འཁྲུག་ཕྲད་འགྱུར། །ཡུལ་བཀུར་བློན་པོ་ཆེན་པོ་རྣམས། །ཉེས་མེད་གློ་བུར་འཆི་བར་འགྱུར། །གླང་པོ་རྟ་སོགས་གཅེས་པ་རྣམས། །ཐམས་ཅད་འཐོར་ཞིང་སྟོངས་པར་འགྱུར། །ཡུལ་ཡུལ་ཀུན་དུ་དགྲ་ཡོད་པས། །མི་ནི་ཕལ་ཆེར་དུས་མིན་འཆི། །འདྲེ་སྲིན་མང་པོ་ཡུལ་ཞུགས་པས། །རིམས་ནད་ཀུན་དུ་འཕེལ་བར་འགྱུར། །ཡུལ་མི་བློན་པོ་ཆེན་པོ་དང་། །ཉེ་ཕན་མང་པོ་ཐམས་ཅད་ཀྱང་། །སེམས་ནི་གཡོ་སྒྱུ་བཅས་པས་ན། །ཐམས་ཅད་ཆོས་མིན་སྤྱོད་པར་འགྱུར། ། ཆོས་མིན་སྤྱོད་པ་མཐོང་གྱུར་ན། །སྙིང་དུ་སྡུག་ཅིང་བཀུར་བར་བྱེད། །དགེ་ཆོས་སྤྱོད་པའི་མི་དག་ལ། །སྡུག་བསྔལ་ཉོན་མོངས་ཆད་པས་གཅོད། །མ་རུངས་བྱམས་ཤིང་བཀུར་བ་དང་། །དགེ་བ་ཆད་པས་བཅད་པའི་ཕྱིར། །གཟའ་སྐར་རླུང་དང་ཆར་པ་རྣམས། ། ཐམས་ཅད་དུས་སུ་རྒྱུ་མི་འགྱུར། །ཉེས་དམིགས་རྣམ་གསུམ་སྐྱེ་བར་འགྱུར། །ཡང་དག་ཆོས་ནི་ནུབ་འགྱུར་ཞིང་། །སེམས་ཅན་ཁ་དོག་འོད་མི་ལྡན། །ས་ཡི་བཅུད་ནི་ཐུར་དུ་འབབ། །སྡིག་བཀུར་དགེ་ལ་བརྙས་པས་ན། །གཞན་ཡང་ཉེས་དམིགས་རྣམ་གསུམ་འབྱུང་། །དུས་མིན་སད་དང་སེར་བ་འབབ། །མུ་གེའི་སྡུག་བསྔལ་ཀུན་དུ་ཁྱབ། །ལོ་ཏོག་(འདྲས,འབྲས)་བུ་མང་པོ་རྣམས། །ཐམས་ཅད་རོ་ཞིམ་ཉམས་པར་འགྱུར། །དེ་དག་གི་ནི་ཡུལ་ཁམས་ན། །སེམས་ཅན་ཕལ་ཆེར་ན་བར་འགྱུར། །དེ་ཡི་ཡུལ་ན་ལྗོན་ཤིང་རྣམས། །སྔོན་ཆད་འབྲས་བུ་ཞིམ་ཆགས་པ། །དེ་ཡི་དབང་གིས་ཉམས་འགྱུར་བས། །ཁ་རྩུབ་རོ་མཆོག་མེད་པར་འགྱུར། །སྔོན་གྱི་ཀུན་དགའ་ནགས་ཚལ་མཆོག །སྙིང་དུ་སྡུག་ཅིང་རྩེ་བའི་གནས། །ཐམས་ཅད་སྐམས་ཤིང་རྙིངས་འགྱུར་བས། །མཐོང་


DKG089_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཀུན་གྱིས་མྱ་ངན་སྐྱེ། །སཱ་ལུ་ནས་དང་ལོ་ཏོག་རྣམས། །རོ་ཞིམ་ཁད་ཀྱིས་མེད་གྱུར་པས། །བཟའ་ཚེ་སེམས་ཀྱང་མི་དགའ་ན། །འབྱུང་ཆེན་འཕེལ་བྱེད་ག་ལ་ནུས། །སེམས་ཅན་ཁ་དོག་འོད་ཉམས་ཤིང་། །མཐུ་སྟོབས་ཟད་ཅིང་ཉམས་པར་འགྱུར། །ཁ་ཟས་མང་པོ་ཟོས་ཀྱང་ནི། །འགྲངས་པ་ཉིད་དུ་ཡོང་མི་འགྱུར། །ཡུལ་ཁམས་དེ་ན་ཡོད་པ་ཡི། །སེམས་ཅན་རྣམ་པ་ཇི་སྙེད་པ། །སྟོབས་ཆུང་དཔའ་བཤོར་མེད་པས་ན། །བྱ་བ་དག་ནི་བྱེད་མི་ནུས། །ཡུལ་མི་ཕལ་ཆེར་ནད་ཐེབས་པས། །སྡུག་བསྔལ་སྣ་ཚོགས་ལུས་གཟིར་འགྱུར། །འདྲེ་སྲིན་ཀུན་དུ་ཁྱབ་པས་ན། །ཐམས་ཅད་ཀུན་དུ་སྲིན་པོར་སྐྱེ། །རྒྱལ་པོས་ཆོས་མིན་རབ་སྤྱད་ནས། །མི་དགེའི་གྲོགས་པོ་བསྟེན་པས་ན། །འཇིག་རྟེན་རྣམ་པ་གསུམ་པོ་ཀུན། །དེས་ན་གནོད་པ་སྣ་ཚོགས་མྱོང་། །དེ་འདྲའི་ཉེས་དམིགས་མཐའ་མེད་པ། །ཡུལ་ནས་འབྱུང་བར་འགྱུར་བ་ཡང་། །སྡིག་ཅན་མི་ནི་མཐོང་འགྱུར་ཡང་། །ཡལ་བོར་མ་བསྐྲད་པ་ལས་གྱུར། །ལྷ་རྣམས་ཀུན་གྱིས་བྱིན་བརླབས་ནས། །ཡུལ་གྱི་རྒྱལ་པོ་བྱས་གྱུར་ཀྱང་། །ཡང་དག་དམ་པའི་ཆོས་དག་གིས། །ཡུལ་ཁམས་ཡོངས་སུ་སྲུང་མི་བྱེད། །གང་ཞིག་དགེ་སྤྱོད་སྒྲུབ་བྱེད་ན། །རྟག་ཏུ་མཐོ་རིས་གནས་སུ་སྐྱེ། །གལ་ཏེ་སྡིག་པའི་ལས་བྱས་པ། །ཚེ་འཕོས་ངེས་པར་ངན་འགྲོར་ལྟུང་། །གལ་ཏེ་རྒྱལ་པོས་ཡུལ་མི་རྣམས། །ཐལ་རངས་ཉེས་པ་བྱེད་འཇུག་ན། ། སུམ་ཅུ་རྩ་གསུམ་ལྷ་ཚོགས་རྣམས། །ཐམས་ཅད་རབ་གདུངས་སེམས་སྐྱེ་འགྱུར། །ལྷ་རྣམས་དང་ནི་ཕ་མ་ཡི། །བསྟན་དག་བཞིན་དུ་མི་བྱེད་པ། །འདི་ནི་ཆོས་མིན་མི་ཡིན་པས། །རྒྱལ་པོ་སྲི་ཞུའི་བུ་མ་ཡིན། །གལ་ཏེ་རང་གི་ཡུལ་ཁམས་སུ། །ཆོས་མིན་སྤྱོད་པ་མཐོང་བའི་ཚེ། །ཆོས་བཞིན་ཆད་པས་གཅོད་བྱེད་ཅིང་། །ཡལ་དོར་སེམས་ནི་མི་བསྐྱེད་ན། །དེ་ཕྱིར་ལྷ་ཚོགས་མང་པོ་ཀུན། །རྒྱལ་པོ་དེ་ལ་སྐྱོབ་པར་བྱེད། །བྱང་ཆུབ་སྤྱོད་པ་བསྒྲུབ་པའི་ཕྱིར། །སྡིག་པའི་ཆོས་རྣམས་ཞི་བྱེད་ན། །རྒྱལ་པོ་ཚེ་འདི་ཉིད་ལ་ནི། །


DKG089_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བའི་རྣམ་སྨིན་ངེས་པར་མྱོང་། །དགེ་དང་མི་དགེའི་ལས་དག་ལ། །སྤྱོད་སྤོང་སེམས་ཅན་བསྐུལ་ནས་ནི། །དགེ་སྡིག་རྣམ་སྨིན་བསྟན་པས་ན། །དེ་ཕྱིར་མི་རྒྱལ་ཐོབ་ནས་ཀྱང་། །ལྷ་རྣམས་ལྷན་ཅིག་བྱིན་བརླབས་ནས། །ཐམས་ཅད་ཡི་རང་འགྱུར་བ་ཡིན། །བདག་དང་གཞན་ལ་ཕན་གདགས་ཕྱིར། །ཡང་དག་ཆོས་ཀྱིས་ཡུལ་བསྐྱང་བྱ། །གཡོ་སྒྱུ་བྱེད་པ་མཐོང་གྱུར་ན། །ཆོས་བཞིན་ཆད་པས་གཅད་པར་བྱ། །གལ་ཏེ་རྒྱལ་ཐབས་སྟོར་བ་དང་། །སྲོག་འབབ་རྐྱེན་ཞིག་བྱུང་ན་ཡང་། །ནམས་ཀྱང་སྡིག་ཆོས་མི་སྤྱོད་ཅིང་། །སྡིག་པ་མཐོང་ན་སྤང་བར་བྱ། །གནོད་པའི་ནང་ན་མཆོག་ལྕི་བས། །རྒྱལ་སྲིད་སྟོར་ལས་ལྷག་པ་མེད། །འདི་ཀུན་གཡོ་སྒྱུ་མི་ལས་གྱུར། །དེས་ན་ཆད་པས་གཅད་པར་བྱ། །གཡོ་སྒྱུ་བྱེད་པ་ཡོད་གྱུར་ན། །རྒྱལ་སྲིད་དག་ཀྱང་སྟོར་འགྱུར་ཞིང་། །རྒྱལ་སྲིད་དག་ཀྱང་ཉམས་འགྱུར་བས། །གླང་ཆེན་མེ་ཏོག་ཚལ་ཞུགས་འདྲ། །དེ་ཡིས་མི་རྒྱལ་བྱས་ཀྱང་ནི། །ཆོས་ཀྱིས་ཡུལ་ནི་མ་བསྐྱངས་པས། །ལྷ་དབང་ཐམས་ཅད་མི་དགའ་ཞིང་། །ལྷ་མ་ཡིན་ཡང་དེ་བཞིན་ནོ། །དེ་ལྟ་བས་ན་ཆོས་བཞིན་དུ། །སྡིག་པ་བྱེད་པ་ཆད་པས་གཅད། །དགེ་བས་སེམས་ཅན་གདུལ་བྱ་ཞིང་། །ཆོས་མིན་རྗེས་སུ་འབྲང་མི་བྱ། །ལུས་དང་སྲོག་ནི་སྤང་སླ་ཡི། །མི་དགེ་གྲོགས་རྗེས་འབྲང་མི་བྱ། །ཉེ་བ་དང་ནི་ཉེ་མིན་པ། །ཐམས་ཅད་མཉམ་པ་ཉིད་དུ་བལྟ། །ཡང་དག་ཆོས་ཀྱིས་རྒྱལ་བྱེད་ན། །ཡུལ་མི་མི་དྲང་མེད་པའི་ཕྱིར། །ཆོས་རྒྱལ་གྲགས་དང་ལྡན་འགྱུར་བས། །ཁམས་གསུམ་ཀུན་དུ་གྲགས་པར་འགྱུར། །སུམ་ཅུ་རྩ་གསུམ་ལྷ་ཚོགས་རྣམས། །དགའ་ནས་འདི་སྐད་སྨྲ་བར་འགྱུར། །འཛམ་གླིང་ཆོས་རྒྱལ་གང་ཡིན་པ། ། དེ་ནི་བདག་གི་བུ་ཡིན་ཏེ། །དགེ་བས་སེམས་ཅན་འདུལ་བྱེད་ཅིང་། །ཡང་དག་ཆོས་ཀྱིས་ཡུལ་བསྐྱངས་ནས། །ཡང་དག་ཆོས་སྤྱོད་བསྐུལ་བས་ན། །བདག་ཅག་གནས་སུ་སྐྱེ་འགྱུར་ཟེར། །ལྷ་དང་མི་ཡི་བུ་རྣམས་དང་། །ལྷ་མ་ཡིན་གྱི་འཁོར་རྣམས་ཀྱང་། །


DKG089_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་ཡང་དག་ཆོས་འདུལ་རྒྱུས། །རྟག་ཏུ་སེམས་ནི་དགའ་བར་འགྱུར། །ལྷ་ཚོགས་ཐམས་ཅད་རབ་དགའ་ནས། །མི་རྒྱལ་དེ་ལ་སྲུང་བར་བྱེད། །གཟའ་སྐར་རང་གི་ལམ་རྒྱུ་ཞིང་། །ཉི་ཟླ་ཚད་ལས་འདའ་མི་བྱེད། །རླུང་ནི་རྟག་པར་དུས་བཞིན་ལྡང་། །བདུད་རྩིའི་ཆར་ནི་དུས་བཞིན་འབབ། །ལོ་ཏོག་ཐམས་ཅད་སྨིན་ལེགས་པས། །མི་རྣམས་མུ་གེ་མེད་པར་འགྱུར། །ལྷ་ཚོགས་མང་པོ་ཐམས་ཅད་ཀུན། །རང་གི་ཕོ་བྲང་གང་འགྱུར་བས། །དེ་ཕྱིར་མི་རྗེ་ཁྱོད་ཀྱིས་ནི། །ལུས་སྤངས་ཡང་དག་ཆོས་སྤེལ་བྱོས། །རིན་ཆེན་ཆོས་ལ་བཀུར་བྱེད་ན། །དེས་ན་མང་པོ་བདེ་འགྱུར་བས། །རྟག་པར་ཡང་དག་ཆོས་བསྟེན་ནས། །ཡོན་ཏན་བདག་ཉིད་བརྒྱན་པར་བྱ། །འཁོར་རྣམས་རྟག་པར་རབ་དགའ་ཞིང་། །སྡིག་པ་རྣམས་ནི་སྤོང་བར་བྱེད། །ཆོས་ཀྱིས་སེམས་ཅན་འདུལ་བྱེད་པས། །རྒྱུན་དུ་བདེ་བ་འཐོབ་པར་འགྱུར། །མི་རྣམས་དེ་དག་ཐམས་ཅད་ཀུན། །དགེ་བ་བཅུ་ནི་སྤྱོད་བྱེད་ན། །ཡུལ་ཁམས་རྟག་པར་ལོ་ལེགས་ཤིང་། །ཡུལ་ནི་ཞི་བ་ཉིད་དུ་འགྱུར། །རྒྱལ་པོ་ཆོས་ཀྱིས་མི་འདུལ་ཞིང་། །དགེ་བས་སྡིག་སྤྱོད་འདུལ་བྱེད་ན། །སྙན་པའི་གྲགས་པ་འཐོབ་འགྱུར་ཞིང་། །སེམས་ཅན་རྣམས་ནི་བདེ་བར་བྱེད། །དེ་ནས་དེའི་ཚེ་ས་ཆེན་པོ་ལ་གནས་པའི་མིའི་རྒྱལ་པོ་ཐམས་ཅད་དང་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་སྔོན་གྱི་མིའི་རྒྱལ་པོས་ཡུལ་སྐྱོང་བའི་ཆོས་ཀྱི་དོན་བཀས་བཤད་པ་ཐོས་པས་ཐམས་ཅད་ངོ་མཚར་རྨད་དུ་གྱུར་པ་དང་། རབ་ཏུ་དགའ་བ་ཐོབ་པར་གྱུར་པས་ཤིན་ཏུ་དང་བའི་མངོན་པར་ཡིད་ཆེས་པ་དག་གིས་བཀའ་ཡང་དག་པར་བླངས་ཏེ་སྤྱོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་བཅོས་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་དགུ་པ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་རྒྱལ་པོའི་ཆོས་ལུགས་ཡང་དག་པའི་བསྟན་


DKG089_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་བཀས་བཤད་ནས་ཡང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ཁྱེད་ལ་སོགས་པ་ལེགས་པར་ཉོན་ཅིག་དང་། ངས་དེང་ཁྱོད་ལ་སྔོན་ཆོས་ཡང་དག་པར་སྤྱོད་པའི་རྒྱུ་དང་རྐྱེན་བཤད་པར་བྱའོ། །དེ་ནས་དེའི་ཚེ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ངས་སྔོན་འཁོར་ལོས་སྒྱུར་རྒྱལ་བྱས་པ་ན། །ས་ཆེན་འདི་དང་རྒྱ་མཚོར་བཅས་པ་བཏང་། །གླིང་བཞི་རིན་ཆེན་གྱིས་ནི་རབ་བཀང་བ། །ཐམས་ཅད་དེ་བཞིན་གཤེགས་པ་རྣམས་ལ་མཆོད། །ངས་སྔོན་བསྐལ་པ་དག་ནི་ཚད་མེད་སྙེད། །རྣམ་དག་ཡང་དག་ཆོས་སྐུ་གཉེར་བའི་ཕྱིར། །ཕངས་པའི་ནོར་དང་རང་གི་ལུས་སྲོག་ཀྱང་། །སེར་སྣ་མེད་པའི་སེམས་ཀྱིས་ཡོངས་སུ་བཏང་། །གཞན་ཡང་འདས་པའི་བསྐལ་པ་བསམ་དཀའ་ན། །ཡང་དག་མཁྱེན་པ་རིན་ཆེན་གཙུག་ཕུད་བྱུང་། །དེ་བཞིན་གཤེགས་དེ་མྱ་ངན་འདས་པའི་འོག ། རྒྱལ་པོ་ལེགས་སྐྱེས་ཞེས་བྱ་འཇིག་རྟེན་བྱུང་། །འཁོར་ལོས་སྒྱུར་རྒྱལ་བྱས་ནས་གླིང་བཞི་བཏུལ། །རྒྱ་མཚོའི་མཐར་ཐུག་ཚུན་ཆད་སྐྱབས་སུ་དོང་། །གྲོང་ཁྱེར་མིང་ནི་གྱ་ནོམ་སྒྲ་ཞེས་བྱ། །དེ་ཚེ་འཁོར་ལོས་སྒྱུར་རྒྱལ་དེ་ན་གནས། །རྨི་ལམ་སངས་རྒྱས་བསོད་ནམས་ཡེ་ཤེས་ཐོས། །ཆོས་སྨྲ་རིན་ཆེན་བརྩེགས་པ་ཞེས་བྱ་བ། །ཉི་མའི་དཀྱིལ་འཁོར་ལྟར་མཛེས་སྟན་འདུག་ནས། །གསེར་འོད་དམ་པའི་མདོ་སྡེ་འཆད་པའང་མཐོང་། །དེ་ཚེ་རྒྱལ་དེ་རྨི་ལམ་སད་པ་དང་། །རབ་ཏུ་དགའ་བ་སྐྱེས་ནས་ལུས་ཀུན་ཁྱབ། །ནམ་ལངས་རྒྱལ་པོའི་ཕོ་བྲང་ཕྱིར་བྱུང་ནས། །དགེ་སློང་དགེ་འདུན་རྣམས་ཀྱི་ཐད་དུ་སོང་། །འཕགས་པའི་ཚོགས་ལ་གུས་པས་རབ་མཆོད་ནས། །ཚོགས་ཆེན་མང་པོ་དེ་ལ་འདི་སྐད་དྲིས། །ཆོས་སྨྲ་རིན་ཆེན་བརྩེགས་པ་ཞེས་བགྱི་བ། །ཡོན་ཏན་ཕུན་ཚོགས་སེམས་ཅན་འདུལ་མཆིས་སམ། །དེ་ཚེ་ཆོས་སྨྲ་ཆེན་པོ་རིན་ཆེན་བརྩེགས། །གནས་ཁང་གཅིག་པུར་ཡང་དག་གནས་ནས་ནི། །དྲན་པ་ཉེར་གཞག་མདོ་སྡེ་འདི་བཏོན་པས། །དྲང་འདུག་མི་གཡོ་ལུས་དང་སེམས་ཀྱང་བདེ། །དེ་ཚེ་དགེ་སློང་ཞིག་གིས་རྒྱལ་ཁྲིད་ནས། །རིན་


DKG089_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་བརྩེགས་པ་དེ་ཡི་གནས་སུ་ཕྱིན། །གནས་ཁང་ནང་དུ་ལུས་ནི་དྲང་བསྲང་སྟེ། །འོད་དང་མཚན་མཆོག་ལུས་ཀུན་ཁྱབ་པར་མཐོང་། །རྒྱལ་པོ་དེ་ལ་འདི་ནི་རིན་ཆེན་བརྩེགས། །མདོ་སྡེའི་རྒྱལ་པོ་མཆོག་གྱུར་འདི་ལྟ་སྟེ། །གསེར་འོད་དམ་པ་ཤིན་ཏུ་གྱ་ནོམ་མཆོག །སངས་རྒྱས་སྤྱོད་ཡུལ་ཟབ་མོ་འཛིན་ཅེས་སྨྲས། །རྒྱལ་པོས་རིན་ཆེན་བརྩེགས་ལ་ཕྱག་བྱས་ནས། །གུས་པས་ཐལ་མོ་སྦྱར་ནས་འདི་སྐད་སྨྲས། །ཟླ་བ་ཉ་ལྟར་ཞལ་མདོག་མཛེས་གྱུར་པ། །གསེར་འོད་དམ་པའི་ཆོས་འདི་བཤད་དུ་གསོལ། །རིན་ཆེན་བརྩེགས་ཀྱིས་རྒྱལ་པོའི་ཚིག་མཉན་ནས། །གསེར་འོད་དམ་པ་འདི་ནི་བཤད་གནང་བས། །སྟོང་གསུམ་འཇིག་རྟེན་ཁམས་འདི་ཀུན་ཁྱབ་པའི། །ལྷ་མི་ཐམས་ཅད་རབ་ཏུ་དགའ་བར་འགྱུར། །རྒྱལ་པོས་ས་ཕྱོགས་ཡངས་ཤིང་གཙང་མའི་གནས། །རིན་ཆེན་གྱ་ནོམ་མཆོག་གིས་རབ་བརྒྱན་ཏེ། །སྤོས་ཆུ་དམ་པ་དག་གིས་ཆག་ཆག་བཏབ། །མེ་ཏོག་སྣ་ཚོགས་དག་ནི་གཅལ་དུ་བཀྲམ། །གནས་མཆོག་དེར་ནི་སྟན་མཐོ་རབ་བཏིང་སྟེ། །བ་དན་བླ་རེ་བྲེས་ནས་མཛེས་པར་བྱས། །ཕྱེ་མ་བྱུག་སྤོས་རྣམ་པ་སྣ་ཚོགས་ཀྱིས། །བདུག་པ་དག་ནི་ཀུན་དུ་ཁྱབ་པར་བྱས། །ལྷ་ཀླུ་ལྷ་མ་ཡིན་དང་མི་འམ་ཅི། །ལྟོ་འཕྱེ་ཆེན་པོ་དང་ནི་གནོད་སྦྱིན་དང་། །ལྷ་རྣམས་མན་དཱ་ར་བའི་ཆར་ཕབ་ནས། །ཐམས་ཅད་ཉེར་འོངས་སྟན་མཆོག་དེ་ལ་མཆོད། །གཞན་ཡང་ལྷ་ནི་འབུམ་ཕྲག་བརྒྱ་སྟོང་རྣམས། །དམ་ཆོས་ཉན་མོས་ཐམས་ཅད་དེར་ནི་འདུས། །ཆོས་སྨྲ་དང་པོ་སྟན་ལས་ལངས་པའི་ཚེ། །ཐམས་ཅད་ལྷ་ཡི་མེ་ཏོག་དག་གིས་མཆོད། །དེ་ཚེ་ཆོས་སྨྲ་ཆེན་པོ་རིན་ཆེན་བརྩེགས། །ཤིན་ཏུ་ལུས་བཀྲུས་གོས་གཙང་རབ་བགོས་ཏེ། །ཚོགས་ཆེན་ཆོས་སྟན་དེ་དྲུང་སོང་ནས་ནི། །ཐལ་སྦྱར་རྩེ་གཅིག་སེམས་ཀྱིས་གུས་ཕྱག་བྱས། །ལྷ་དབང་ལྷ་ཚོགས་ལྷ་ཡི་བུ་མོ་རྣམས། །ཐམས་ཅད་མེ་ཏོག་མན་དཱ་ར་ཡང་གཏོར། །ལྷ་ཡི་རོལ་མོ་བརྒྱ་སྟོང་བསམ་མི་ཁྱབ། །མཁའ་ལ་གནས་ནས་སྒྲ་དབྱངས་སྙན་པར་ཕྱུང་། །དེ་ཚེ་ཆོས་སྨྲ་ཆེན་པོ་རིན་ཆེན་བརྩེགས། །སྟན་ལ་འདུག་སྟེ་སྐྱིལ་མོ་ཀྲུང་བཅས་ནས། །


DKG089_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་ཞིང་ན་བཞུགས་པའི་བྱམས་ཆེན་གཙོ། །བྱེ་བ་བརྒྱ་སྟོང་དེ་དག་ཡིད་ལ་བསམས། །སྡུག་བསྔལ་སེམས་ཅན་ཐམས་ཅད་ཇི་སྙེད་པ། །ཐམས་ཅད་བྱམས་སེམས་མཉམ་པ་ཉེར་གཞག་ནས། །གསོལ་འདེབས་བདག་པོ་རྒྱལ་པོ་ལེགས་པའི་ཕྱིར། ། གསེར་འོད་དམ་པའི་མདོ་སྡེ་རབ་ཏུ་བཤད། །རྒྱལ་པོས་དེ་འདྲའི་ཆོས་ནི་ཐོས་གྱུར་ནས། །ཐལ་སྦྱར་རྩེ་གཅིག་རྗེས་སུ་ཡི་རང་སྨྲས། །ཡ་མཚན་ཆོས་ཐོས་མཆི་མ་བླགས་ཏེ་ངུས། །ལུས་དང་སེམས་ནི་དགའ་ཆེན་ཀུན་ཁྱབ་གྱུར། །དེ་ཚེ་ཡུལ་བདག་རྒྱལ་པོ་ལེགས་སྐྱེས་ཀྱིས། །མདོ་སྡེ་འདི་ནི་མཆོད་པར་འདོད་པའི་ཕྱིར། །ལག་ན་ཡིད་བཞིན་ནོར་བུ་ཐོགས་ནས་ནི། །སེམས་ཅན་ཀུན་ཕྱིར་སྨོན་ལམ་འདི་སྐད་བཏབ། །འཛམ་གླིང་འདི་ནི་ཀུན་དུ་ཁྱབ་པར་ཡང་། །རིན་ཆེན་རྒྱན་ཕྲེང་ཆར་ནི་རབ་ཕབ་ནས། །ནོར་དང་ཡོ་བྱད་རྒུད་ཕོངས་ཇི་སྙེད་པ། །ཐམས་ཅད་ཡིད་བཞིན་བདེ་བ་མྱོང་བར་ཤོག །དེ་ནས་རིན་ཆེན་སྣ་བདུན་ཆར་ཕབ་ནས། །གླིང་བཞི་ཀུན་དུ་ཆོག་ཅིང་ཚིམ་བྱས་པས། །ལུས་ཀྱི་རྒྱན་ཕྲེང་གོས་དང་ཟས་སྐོམ་དང་། །ཅི་དང་ཅི་འདོད་ཕོངས་པ་མེད་པར་གྱུར། །དེ་ཚེ་ཡུལ་བདག་རྒྱལ་པོ་ལེགས་སྐྱེས་ཀྱིས། །གླིང་བཞི་རིན་ཆེན་ཆར་བབ་མཐོང་བ་དང་། །ཐམས་ཅད་སངས་རྒྱས་རིན་ཆེན་གཙུག་ཕུད་ཀྱི། །བསྟན་ལ་ཞུགས་པའི་དགེ་སློང་དགེ་འདུན་མཆོད། །འདས་པའི་རྒྱལ་པོ་ལེགས་སྐྱེས་གང་ཡིན་པ། །ཤཱཀྱ་ཐུབ་པ་ང་ཡིན་ཤེས་པར་བྱོས། །སྔོན་ཡང་ས་ཆེན་མང་པོ་རབ་བཏང་སྟེ། །རིན་ཆེན་དག་གིས་གླིང་བཞི་ཡོངས་སུ་བཀང་། །སྔོན་ཚེ་ཆོས་མཁན་ཆེན་པོ་རིན་ཆེན་བརྩེགས། །ལེགས་སྐྱེས་དེ་ལ་གྱ་ནོམ་ཆོས་བཤད་དེ། །མདོ་སྡེའི་རྒྱལ་པོ་དེ་དག་བཤད་པའི་ཕྱིར། །ཤར་ཕྱོགས་སངས་རྒྱས་མི་འཁྲུགས་གྲུབ་པ་ཡིན། །ངས་ནི་མདོ་སྡེའི་རྒྱལ་པོ་འདི་མཉན་ནས། །ཐལ་སྦྱར་རྩེ་གཅིག་ཡི་རང་བརྗོད་པ་དང་། །རིན་ཆེན་སྣ་བདུན་བཏང་བའི་བསོད་ནམས་ཀྱིས། །རྡོ་རྗེ་སྐུ་མཆོག་འདི་ནི་བརྙེས་པ་ཡིན། །གསེར་འོད་བསོད་ནམས་བརྒྱ་ཡི་མཚན་བརྒྱན་པས། །མཐོང་བ་ཐམས་ཅད་ཀུན་ནི་རབ་དགའ་ཞིང་། །


DKG089_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀུན་གྱི་སྙིང་དུ་སྡུག །ལྷ་ཚོགས་མང་པོ་བྱེ་བ་ཀུན་དེ་བཞིན། །འདས་ཚེ་བསྐལ་པ་བྱེ་བ་དགུ་བཅུ་དགུ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དག་ཀྱང་བྱས། །ཡུལ་ཁམས་ཆུང་ངུར་མི་ཡི་རྒྱལ་པོ་བྱས། །གཞན་ཡང་བསྐལ་པ་བརྒྱ་སྟོང་ཚད་མེད་སྙེད། །བརྒྱ་བྱིན་ལྷ་ཡི་དབང་པོ་དག་ཀྱང་བྱས། །ཚངས་པའི་རྒྱལ་པོ་ཆེན་པོ་དག་བྱས་ཏེ། །ཕྱོགས་བཅུའི་བྱམས་ཆེན་གཙོ་ལ་མཆོད་པ་ཡི། །དེ་ཡི་གྲངས་ཚད་ཤིན་ཏུ་མཐར་ཐུག་དཀའ། །ངས་སྔོན་མདོ་ཐོས་རྗེས་སུ་ཡི་རང་དགེ། །བསོད་ནམས་ཕུང་པོ་ཅི་ཡོད་ཚད་ཤེས་དཀའ། །བསོད་ནམས་དེ་དབང་བྱང་ཆུབ་མངོན་རྟོགས་ནས། །ཆོས་སྐུ་ཡང་དག་ཡེ་ཤེས་དམ་པ་བརྙེས། །དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པས་ངོ་མཚར་རྨད་དུ་གྱུར་ནས་ཐམས་ཅད་ཀྱིས་མདོ་སྡེ་གསེར་འོད་དམ་པ་སྤེལ་ཞིང་རྒྱུན་མི་འཆད་པར་སྤྱད་པར་མོས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་རྒྱལ་པོ་ལེགས་སྐྱེས་ཀྱི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་གྱི་ལྷ་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤིན་ཏུ་དང་བའི་སེམས་དད་པ་དང་ལྡན་པའི་རིགས་ཀྱི་བུའམ། །རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འདས་པ་དང་། །མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ལ་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་། ཡངས་ཤིང་རྒྱ་ཆེ་བ་དག་གིས་མཆོད་པར་བྱེད་པར་འདོད་པ་དང་། དུས་གསུམ་གྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཤེས་ཤིང་རྟོགས་པར་འདོད་པ་གང་ཡིན་པ་དེས་གདོན་མི་ཟ་བར་སེམས་རྩེ་གཅིག་ཏུ་མདོ་སྡེའི་རྒྱལ་པོ་འདི་གྲོང་ཁྱེར་རམ། གྲོང་རྡལ་ལམ། རི་འམ། ནགས་ཚལ་གང་ཡང་རུང་སྟེ། གནས་དེ་དང་དེ་དག་ཏུ་སེམས་ཅན་རྣམས་ལ་རྒྱ་ཆེར་ཡང་དག་པར་བསྟན་ནས་ཡོངས་སུ་སྤེལ་བར་བྱའོ། །ཆོས་ཉན་པ་གང་ཡིན་པ་དེ་ཡང་རྣམ་པར་གཡེང་བའི་འདུ་ཤེས་སྤངས་ནས་རྣ་བླགས་ཏེ་སེམས་རྩེ་གཅིག་ཏུ་གཞག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དེ་དང་འཁོར་མང་པོ་རྣམས་ལ་ཚིགས་སུ་བཅད་དེ་བཀའ་


DKG089_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། གང་ཞིག་སངས་རྒྱས་མང་པོ་ལ། །བསམ་གྱིས་མི་ཁྱབ་མཆོད་པ་དང་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྤྱོད་ཡུལ་ཟབ་མོ་ཤེས་འདོད་ན། །གལ་ཏེ་གསེར་འོད་དམ་པ་འདི། །ཡང་དག་ཕྱེ་བཤད་མཐོང་གྱུར་ན། །དེ་ཡི་ཕྱོགས་སུ་ཉེར་སོང་ནས། །དེ་ཡི་དྲུང་དུ་འགྲོ་བར་བྱ། །མདོ་འདི་བསམ་གྱིས་མི་ཁྱབ་པས། །ཡོན་ཏན་མང་པོ་སྤྱོད་བྱེད་ཅིང་། །སྡུག་བསྔལ་རྒྱ་མཚོ་མཐའ་མེད་ལས། །སེམས་ཅན་རྣམས་ནི་ཐར་བར་བྱེད། །ང་ཡི་མདོ་འདི་རྣམ་བལྟས་ན། །ཐོག་མ་བར་དང་ཐ་མར་དགེ། །ཤིན་ཏུ་ཟབ་པས་དཔག་པར་དཀའ། །དཔེ་དག་གིས་ནི་ཟླ་བྱར་མེད། །གང་གཱའི་བྱེ་མ་ས་ཆེན་རྡུལ། །རྒྱ་མཚོའི་ཆུ་དང་ནམ་མཁའ་དང་། །རི་བྲག་ཐམས་ཅད་གང་གིས་ཀྱང་། །ཆ་ཤས་ཙམ་ཡང་དཔེར་བྱར་མེད། །ཆོས་དབྱིངས་ཟབ་མོར་འཇུག་འདོད་ན། །མདོ་འདི་སྔར་ནི་མཉན་པར་བྱ། །ཆོས་ཉིད་མཆོད་རྟེན་གང་ན་བར། །ཟབ་མོ་ཤིན་ཏུ་བདེ་བར་གནས། །མཆོད་རྟེན་འདི་ཡི་ནང་དག་ཏུ། །ཤཱཀྱ་ཐུབ་པ་ང་ཡིས་ནི། །ཡིད་འོང་སྒྲ་དབྱངས་དམ་པ་ཡིས། །མདོ་སྡེ་འདི་བཤད་མཐོང་བར་འགྱུར། །དེས་ན་གྲངས་ཚད་བསམ་དཀའ་བའི། ། བསྐལ་པ་བྱེ་བ་སྙེད་དུ་ནི། །ལྷ་དང་མི་ཡི་ནང་སྐྱེས་ནས། །རྟག་ཏུ་བདེ་བ་མཆོག་མྱོང་འགྱུར། །མདོ་སྡེ་འདི་ནི་མཉན་པ་ཡིས། །བདག་ནི་བསམ་གྱིས་མི་ཁྱབ་པའི། །བསོད་ནམས་ཕུང་པོ་འཐོབ་འགྱུར་ཞེས། །དེ་སྙམ་དུ་ནི་བསམ་པར་བྱ། །གལ་ཏེ་མེ་ཆེན་ཕུང་པོ་དག །དཔག་ཚད་བརྒྱ་ནི་གང་གྱུར་ཀྱང་། །མདོ་སྡེའི་རྒྱལ་པོ་འདི་མཉན་ཕྱིར། །དཀའ་བ་མེད་པར་འགྲོ་བར་བྱ། །དེ་ཡི་གནས་སུ་ཕྱིན་ནས་ནི། །འདི་འདྲའི་མདོ་འདི་ཐོས་གྱུར་ན། །སྡིག་པའི་ལས་རྣམས་འབྱང་འགྱུར་ཞིང་། །རྨི་ལམ་ངན་པ་སེལ་བར་འགྱུར། ། གཟའ་སྐར་མ་རུངས་ལྟས་ངན་དང་། །བྱད་སྟེམས་ལོག་པའི་གདོན་ལ་སོགས། །མདོ་སྡེ་འདི་ནི་ཐོས་པའི་ཚེ། །སྡིག་པ་མང་པོ་སྤོང་བར་བྱེད། །སྟན་མཐོ་མཆོག་ནི་རབ་བརྒྱན་ནས། །རབ་གཙང་པདྨ་འདྲ་བ་ལ། །ཆོས་སྨྲ་སྟེང་དུ་ཕྱིན་ནས་ནི། །ཀླུ་ཆེན་ལྟ་བུར་


DKG089_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པར་བྱ། །དེ་ལ་བདེ་བར་འདུག་ནས་ནི། །ཟབ་མོའི་མདོ་འདི་བཤད་པར་བྱ། །ཡི་གེར་བྲིས་ནས་ཀློག་འཛིན་དང་། །དེ་ཡི་དོན་ནི་བཤད་པར་བྱ། །ཆོས་སྨྲ་སྟན་ནི་སྤངས་ནས་ནི། །ཕྱོགས་གཞན་དག་ཏུ་སོང་གྱུར་ཀྱང་། །ཁྲི་སྟན་མཐོན་པོ་དེ་ལས་ནི། ། ཆོ་འཕྲུལ་མཚན་མ་མང་འབྱུང་བ། །རེས་འགའ་ཆོས་སྨྲ་མཁན་པོའི་གཟུགས། །སྟན་མཐོ་སྟེང་ན་འདུག་པར་མཐོང་། །རེས་འགའ་སངས་རྒྱས་བཅོམ་ལྡན་འདས། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་མཐོང་། །རེས་འགའ་ཀུན་དུ་བཟང་པོའི་གཟུགས། །རེས་འགའ་འཇམ་དཔལ་ལྟ་བུ་དང་། །རེས་འགའ་བྱམས་པ་གཙོ་བོའི་གཟུགས། །སྟན་མཐོའི་སྟེང་ན་འདུག་པར་མཐོང་། །རེས་འགའ་ཡ་མཚན་མཚན་མ་དང་། །ལྷ་ནི་མང་པོ་རྣམས་ཀྱི་གཟུགས། །ཡུད་ཙམ་དུ་ནི་མཐོང་གྱུར་ཀྱང་། །དེ་མ་ཐག་ཏུ་མི་སྣང་འགྱུར། །བཀྲ་ཤིས་མང་པོ་རྫོགས་བྱེད་པས། །བྱས་པ་ཐམས་ཅད་ཡིད་བཞིན་འགྲུབ། །ཡོན་ཏན་རྣམས་ནི་ཡོངས་རྫོགས་པར། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས། །མཆོག་ཏུ་རྣམ་རྒྱལ་གྲགས་དང་ལྡན། །ཉོན་མོངས་མང་པོ་ཞི་བར་བྱེད། །ཕ་རོལ་དགྲ་རྣམས་རབ་ཏུ་སེལ། །གཡུལ་འགྱེད་ཚེ་ན་རྟག་པར་རྒྱལ། །རྨི་ལམ་ངན་པ་ཐམས་ཅད་མེད། །དུག་དང་གནོད་པ་མང་པོ་ཞི། །ལས་གསུམ་སྡིག་པ་ཅི་བྱས་པ། །མདོ་སྡེའི་མཐུ་ཡིས་བྱང་བར་བྱེད། །འཛམ་བུའི་གླིང་ནི་འདི་དག་ཀུན། །གྲགས་པ་ཀུན་དུ་རྒྱས་པར་འགྱུར། ། འཁོན་འཛིན་དགྲ་ནི་ཇི་སྙེད་པ། །ཕན་ཚུན་འཁོན་ནི་གཏོང་བར་འགྱུར། །གལ་ཏེ་དགྲ་ནི་ཕྱིན་གྱུར་ཀྱང་། །མིང་ཐོས་ཙམ་གྱིས་ལྡོག་འགྱུར་བས། །མཚོན་ཆ་གཡོ་བ་མི་ལྟོས་པས། །དགྲ་གཉིས་དགའ་བ་སྐྱེ་བར་འགྱུར། །ཚངས་རྒྱལ་དང་ནི་བརྒྱ་བྱིན་དབང་། །འཇིག་རྟེན་སྐྱོང་དང་རྒྱལ་ཆེན་བཞི། །ལག་ན་རྡོ་རྗེ་གནོད་སྦྱིན་དང་། །སྡེ་དཔོན་ཆེན་པོ་ཡང་དག་ཤེས། །ཀླུ་ཡི་རྒྱལ་པོ་མ་དྲོས་དང་། །ཀླུ་ཡི་རྒྱལ་པོ་རྒྱ་མཚོ་དང་། །མི་འམ་ཅི་དང་རོལ་མོའི་ལྷ། །ལྷ་མོ་ཡིན་དང་གསེར་འདབ་བདག །ལྷ་མོ་སྤོབས་པ་ཆེན་མོ་དང་། །


DKG089_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་ལྷ་མོ་ཆེན་མོ་དང་། །འདི་ལ་སོགས་པ་ལྷ་ཡི་གཙོ། །སོ་སོར་ལྷ་ཚོགས་ཁྲིད་ནས་ནི། །སངས་རྒྱས་རྣམས་ལ་མཆོད་པར་བྱེད། །དཀོན་མཆོག་ཆོས་ནི་བསམ་མི་ཁྱབ། །རྟག་པར་དགའ་བའི་སེམས་ཀྱིས་ནི། །མདོ་སྡེ་ལ་ནི་བཀུར་སྟི་བྱེད། །འདི་ལ་སོགས་པའི་ལྷ་མང་པོ། །ཐམས་ཅད་ལྷན་ཅིག་འགྲོགས་ནས་ནི། །བསོད་ནམས་སྒྲུབ་པ་རྣམ་བལྟས་ནས། །ལྷན་ཅིག་འདི་སྐད་སྨྲ་བར་བྱེད། །སེམས་ཅན་འདི་དག་རབ་ཏུ་ལྟོས། །བསོད་ནམས་ཡོན་ཏན་ཆེ་ལྡན་ཞིང་། །དགེ་རྩ་བརྩོན་འགྲུས་སྟོབས་ཀྱིས་ནི། །བདག་ཅག་ལྷ་གནས་སྐྱེ་འགྱུར་ཟེར། །མདོ་སྡེ་ཟབ་མོ་མཉན་པའི་ཕྱིར། །གུས་པའི་སེམས་ཀྱིས་དེར་འོངས་ནས། །ཡང་དག་ཆོས་ནི་བཀུར་བའི་ཕྱིར། །ཆོས་ཀྱི་མཆོད་རྟེན་མཆོད་པར་བྱེད། །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །ཕན་པ་ཆེན་པོ་བྱེད་པས་ན། །མདོ་སྡེ་ཟབ་མོ་འདི་དག་གི། །ཆོས་ཀྱི་རིན་ཆེན་སྣོད་ཀྱང་བྱེད། །ཆོས་ཀྱི་སྒོ་འདིར་གང་ཞུགས་པ། །ཆོས་ཉིད་ལ་ནི་འཇུག་འགྱུར་བས། །མདོ་སྡེ་གསེར་འོད་དམ་པ་འདི། །རྩེ་གཅིག་སེམས་ཀྱིས་མཉན་པར་བྱ། །སངས་རྒྱས་བརྒྱ་སྟོང་ཚད་མེད་ལ། ། གང་ཟག་དེ་དག་མཆོད་པས་ན། །དགེ་བའི་རྩ་བ་དེ་དབང་གིས། །མདོ་སྡེ་འདི་ནི་ཐོས་པ་ཡིན། །འདི་ལྟར་ལྷ་ཡི་བདག་པོ་དང་། །ལྷ་མོ་སྤོབས་པ་ཆེན་མོ་དང་། །དཔལ་གྱི་ལྷ་མོ་དེ་དང་ནི། །རྒྱལ་ཆེན་རིས་བཞིའི་ལྷ་རྣམས་དང་། །གནོད་སྦྱིན་འཁོར་ནི་གྲངས་མེད་པ། ། དཔའ་ཞིང་རྫུ་འཕྲུལ་ལྡན་པ་རྣམས། །སོ་སོར་ཕྱོགས་བཞི་དག་ནས་ནི། །རྟག་ཏུ་འོངས་ནས་སྐྱོབ་པར་བྱེད། །ཉི་ཟླ་བརྒྱ་བྱིན་ལྷ་དབང་དང་། །རླུང་དང་ཆུ་དང་མེ་ཡི་ལྷ། །ཁྱབ་འཇུག་དང་ནི་ཕྲག་ཆེན་དང་། །གཤིན་རྗེ་སྤོབས་པ་ལྷ་མོ་དང་། །འཇིག་རྟེན་མགོན་པོ་ལ་སོགས་པ། །རབ་དཔལ་གཟི་ལྡན་ཐམས་ཅད་ཀུན། །མདོ་སྡེ་འཛིན་པ་སྲུང་བྱེད་པས། །ཉིན་མཚན་རྟག་པར་ཡོང་མི་འབྲལ། །གནོད་སྦྱིན་རྒྱལ་པོ་སྟོབས་པོ་ཆེ། །མཐུ་ཆེན་དང་ནི་དབང་ཕྱུག་དང་། །གཙོ་བོ་ཡང་དག་ཤེས་ལ་སོགས། །གནོད་སྦྱིན་ཉི་ཤུ་རྩ་བརྒྱད་


DKG089_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཞན་ཡང་གནོད་སྦྱིན་བརྒྱ་སྟོང་རྣམས། །རྫུ་འཕྲུལ་སྟོབས་ཆེན་ལྡན་པ་དག །རྟག་པར་འཇིགས་པའི་གནས་རྣམས་སུ། །ཉེར་འོངས་གང་ཟག་དེ་སྲུང་བྱེད། །ལག་ན་རྡོ་རྗེ་གནོད་སྦྱིན་རྒྱལ། །འཁོར་ནི་ལྔ་བརྒྱ་བཅས་པ་དང་། །བྱང་ཆུབ་སེམས་དཔའ་ཆེན་པོའི་ཚོགས། །རྟག་པར་ཉེར་འོངས་དེ་སྲུང་བྱེད། །རིན་ཆེན་རྒྱལ་པོ་གནོད་སྦྱིན་དབང་། །དེ་བཞིན་རྫོགས་བཟང་རྒྱལ་པོ་དང་། །འབྲོག་གནས་དང་ནི་ཀུ་པེ་ར། །ཟས་སྦྱིན་ཁ་དོག་སེར་པོ་དང་། །འདི་ལ་སོགས་པའི་གནོད་སྦྱིན་རྒྱལ། །སོ་སོར་གཡོག་འཁོར་ལྔ་བརྒྱར་བཅས། །ཐམས་ཅད་ཉེར་འོང་སྲུང་བར་བྱེད། །སྣ་ཚོགས་སྡེ་དང་དྲི་ཟ་དང་། །འདམ་བུ་རྒྱལ་པོ་རྟག་ཏུ་རྒྱལ། །ནོར་བུ་གཙུག་དང་ནེ་གན་དང་། །ཆར་པའི་དབང་པོ་དེ་དག་དང་། །མཆོག་ཏུ་རྒྱལ་བ་ནག་པོ་ཆེ། །སུ་བརྞ་དང་ཀེ་ཤ་དང་། །པཉྩི་ཀ་དང་ར་རྐང་དང་། ། དེ་བཞིན་སྐལ་བ་ཆེན་པོ་དང་། །པྲ་མ་ལི་ཆུང་ཆོས་སྐྱོང་དང་། །སྤྲེའུ་རྣམས་ཀྱི་ནི་རྒྱལ་པོ་དང་། །ཁབ་སྤུ་དང་ནི་ཉི་མའི་གཉེན། །རིན་ཆེན་གཙུག་ཕུད་སྲུང་བར་བྱེད། །པྲ་ནི་ལི་ཆེན་ན་ཀུ་ལ། །བདུན་པ་དང་ནི་འདོད་མཆོག་དང་། །མཐུ་བོ་ཆེ་དང་གངས་རི་དང་། ། བདེ་བའི་རི་ཡང་དེ་བཞིན་ཏེ། །ཐམས་ཅད་རྫུ་འཕྲུལ་ཆེ་ལྡན་ཞིང་། །རབ་དཔའ་མཐུ་སྟོབས་ལྡན་པ་ཡང་། །མདོ་སྡེ་འདི་འཛིན་མཐོང་གྱུར་ན། །ཐམས་ཅད་འོངས་ནས་སྲུང་བར་བྱེད། །མ་དྲོས་ཀླུ་ཡི་རྒྱལ་པོ་དང་། ཀླུ་ཡི་རྒྱལ་པོ་རྒྱ་མཚོ་དང་། བཏང་བཟུང་དང་ནི་ཨེ་ལའི་འདབ། །དགའ་བོ་དང་ནི་ཉེ་དགའ་བོ། །ཀླུ་ནི་བརྒྱ་སྟོང་མང་པོའི་ནང་། །རྫུ་འཕྲུལ་དང་ནི་གཟི་བྱིན་ལྡན། །མདོ་སྡེ་འཛིན་པ་སྲུང་བྱེད་པས། །ཉིན་མཚན་རྟག་པར་ཡོང་མི་འབྲལ། །བ་ལི་དང་ནི་སྒྲ་གཅན་དང་། །ཐགས་ཟངས་རིས་དང་སྡོམ་བ་པ། ། བོང་བུ་དཔུང་དང་ཕྲག་ཆེན་དང་། །དེ་བཞིན་དུ་ནི་རབ་དགའ་དང་། །ལྷ་མིན་རྒྱལ་པོ་གཞན་རྣམས་དང་། །ལྷ་ཡི་ཚོགས་ནི་གྲངས་མེད་པ། །སྟོབས་ཆེན་རབ་ཏུ་དཔའ་བ་རྣམས། །ཐམས་ཅད་འོངས་ནས་དེ་སྲུང་བྱེད། །འཕྲོག་མ་འབྱུང་པོ་རྣམས་ཀྱི་མ། །གནོད་


DKG089_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་འཁོར་ནི་ལྔ་བརྒྱ་རྣམས། །མི་དེ་གཉིད་ལོག་སད་ཀྱང་རུང་། །རྟག་པར་འོངས་ནས་སྲུང་བར་བྱེད། །མ་རུངས་པ་དང་གདུག་པ་དང་། །གནོད་སྦྱིན་ལག་ན་དབྱུག་ཐོགས་དང་། །དུང་ཆེན་དང་ནི་སོ་བརྩེགས་མ། །སེམས་ཅན་ཀུན་གྱི་མདངས་འཕྲོག་པ། །དེ་འདྲའི་ལྷ་ཚོགས་མང་པོ་རྣམས། །མཐུ་ཆེན་རྫུ་འཕྲུལ་ལྡན་པ་ཀུན། །མདོ་སྡེ་འཛིན་པ་རྟག་བསྲུངས་པས། །ཉིན་མཚན་རྟག་པར་ཡོང་མི་འབྲལ། །གཙོ་མོ་སྤོབས་པ་ཆེན་མོ་དང་། །ལྷ་ཡི་བུ་མོ་ཚད་མེད་དང་། །དཔལ་གྱི་ལྷ་མོ་གཙོ་མོ་དང་། །དེ་ཡི་འཁོར་ནི་མང་པོ་དང་། །ས་ཆེན་འདི་ཡི་ལྷ་མོ་དང་། །ལོ་ཏོག་ཀུན་དགའ་ནགས་ཚལ་ལྷ། །ཤིང་གི་ལྷ་དང་ཆུ་རླུང་ལྷ། །མཆོད་རྟེན་ལྷ་ལ་སོགས་པ་དང་། །དེ་ལ་སོགས་པའི་ལྷ་མང་པོ། །དགའ་ཆེན་སེམས་ནི་རབ་བསྐྱེད་ནས། །མདོ་སྡེ་འདི་ནི་འཛིན་པ་ལ། །ཐམས་ཅད་འོངས་ནས་སྲུང་བར་བྱེད། །མདོ་སྡེ་འཛིན་པ་མཐོང་གྱུར་ན། །ཚེ་དང་ཁ་དོག་སྟོབས་འཕེལ་བྱེད། །གཟི་བྱིན་དང་ནི་ཡོན་ཏན་དང་། །མཚན་མཆོག་གིས་ནི་བརྒྱན་པར་འགྱུར། །གཟའ་སྐར་ལྟས་ངན་སྟོན་པ་དང་། །དེ་ལ་ཉམ་ཐག་བྱུར་བྱུང་དང་། །རྨི་ལམ་ལྟས་ངན་མཐོང་བ་ཡང་། །ཐམས་ཅད་རབ་ཏུ་ཞི་བར་བྱེད། །ས་ཆེན་འདི་ཡི་ལྷ་མོ་ཡང་། །རབ་བརྟན་གཟི་བྱིན་མཐུ་སྟོབས་ལྡན། །མདོ་སྡེ་འདི་ཡི་མཐུ་ཡིས་ནི། །ཆོས་ཀྱི་རོ་ཡིས་རྟག་ཚིམ་པས། །ས་བཅུད་ཐུར་དུ་སོང་བ་ཡང་། །དཔག་ཚད་བརྒྱ་ནི་ཡན་ཆད་དུ། ། ས་བཅུད་གྱེན་དུ་འཕགས་བྱས་ནས། །ས་ཆེན་འདི་ནི་སྣུམ་པར་བྱེད། །ས་ཡི་རྔམས་སུ་དཔག་ཚད་ནི། །འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་ནས། །རྡོ་རྗེའི་གཞི་ལ་ཐུག་པའི་བར། །ས་བཅུད་ཐམས་ཅད་གྱེན་དུ་འཕགས། །མདོ་སྡེའི་རྒྱལ་པོ་འདི་ཐོས་དབང་། ། བསོད་ནམས་ཕུང་པོ་ཆེ་ཐོབ་པས། །ལྷ་ཡི་འཁོར་ནི་མང་པོ་རྣམས། །ཐམས་ཅད་ཕན་ཡོན་ཐོབ་པར་འགྱུར། །གཞན་ཡང་ལྷ་ཚོགས་མང་པོ་རྣམས། །མཐུ་སྟོབས་འོད་དང་ལྡན་འགྱུར་ཞིང་། །རབ་དགའ་རྟག་ཏུ་བདེ་བྱེད་པས། །ཉམས་པའི་མཚན་མ་སྤོང་


DKG089_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །འཛམ་བུའི་གླིང་ནི་འདི་ནང་གི། །ནགས་ཚལ་འབྲས་བུ་ལོ་ཏོག་ལྷ། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །སེམས་ནི་རྟག་ཏུ་དགའ་ཐོབ་པ། །ལོ་ཏོག་ཐམས་ཅད་ལེགས་འགྱུར་ཞིང་། །ཀུན་དུ་མེ་ཏོག་དམ་པ་དང་། །འབྲུ་རྣམས་ཐམས་ཅད་འཕེལ་འགྱུར་བས། །ས་ཆེན་ཀུན་དུ་རྒྱས་པར་འགྱུར། །འབྲས་བུའི་ལྗོན་ཤིང་མང་པོ་དང་། །ཐམས་ཅད་ལོ་ཏོག་མཆོག་སྐྱེས་ནས། །དྲི་ཞིམ་རྟག་པར་ཀུན་དུ་འཐུལ། །རྩྭ་མང་ལྗོན་ཤིང་རྣམས་ལས་ཀྱང་། །མེ་ཏོག་དམ་པ་སྐྱེ་འགྱུར་ཞིང་། །འབྲས་བུ་ཞིམ་པོ་སྐྱེ་འགྱུར་བས། །ཐམས་ཅད་ཀུན་དུ་གང་བར་འགྱུར། །འཛམ་བུའི་གླིང་ནི་འདི་དག་ཏུ། །ཀླུ་ཡི་བུ་མོ་ཚད་མེད་སྙེད། །རབ་ཏུ་དགའ་བའི་སེམས་བསྐྱེད་ནས། །ཐམས་ཅད་ཀུན་དུ་ཞུགས་ནས་ནི། །མེ་ཏོག་རྣམ་པ་དུ་མ་དང་། །དེ་བཞིན་པདྨ་དཀར་པོ་དང་། ། པདྨ་སྔོན་པོ་དམར་པོ་གཉིས། །བསྐྱེད་ནས་རྫིང་ཀུན་གང་བར་འགྱུར། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །ནམ་མཁའ་གཙང་ཞིང་སྒྲིབ་པ་མེད། །སྤྲིན་དང་ཁུག་རྣ་ཡོངས་སུ་སེལ། །མུན་ནག་ཐམས་ཅད་སྣང་བར་འགྱུར། །ཉི་མའི་འོད་ཟེར་སྟོང་འགྱེད་པས། །དྲི་མེད་འོད་ནི་རྣམ་པར་དག །མདོ་སྡེའི་རྒྱལ་པོ་འདི་ཡི་མཐུས། །གླིང་བཞི་ཡོངས་བསྐོར་གསལ་བར་བྱེད། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །ལྷ་ཡི་བུ་རྣམས་བསྟངས་པས་ན། །ཐམས་ཅད་འཛམ་བུའི་གསེར་དག་གིས། །གཞལ་མེད་ཁང་ནི་བྱེད་པར་འགྱུར། ། ཉི་ཟླ་དང་པོ་འཆར་བའི་ཚེ། །གླིང་འདི་མཐོང་ན་རབ་དགའ་བས། །རྟག་པར་སྣང་བ་ཆེན་པོ་ཡིས། །ཐམས་ཅད་ཀུན་དུ་གསལ་བར་བྱེད། །ས་ཆེན་འདི་ལ་ཡོད་པ་ཡི། །པདྨའི་རྫིང་ནི་ཇི་སྙེད་པ། །ཉི་མས་དུས་བཞིན་གསལ་བྱེད་པས། །ཁ་ནི་མི་འབྱེད་གང་ཡང་མེད། །འཛམ་བུའི་གླིང་ནི་འདི་དག་ཏུ། །ལོ་ཏོག་འབྲས་བུ་སྨན་རྣམས་ཀུན། །ཐམས་ཅད་ལེགས་ཤིང་སྨིན་འགྱུར་བས། །ས་ཆེན་ཀུན་དུ་གང་བར་འགྱུར། །མདོ་སྡེ་འདི་ཡི་བྱིན་བརླབས་ཀྱིས། །ཉི་ཟླ་སྣང་བར་བྱེད་པའི་གནས། །རྒྱུ་སྐར་ཚད་ལས་མི་འདའ་


DKG089_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རླུང་ཆར་དུས་བཞིན་ལྡང་འབབ་པས། །འཛམ་གླིང་འདི་དག་ཀུན་དུ་ཡང་། །ཡུལ་རྣམས་ལོ་ལེགས་སྐྱིད་པར་འགྱུར། །གང་ན་མདོ་སྡེ་འདི་བཞུགས་པ། །ཕྱོགས་གཞན་དག་ལས་ཁྱད་པར་འཕགས། །གསེར་འོད་དམ་པའི་མདོ་སྡེ་འདི། །གང་དུ་སྤེལ་ཞིང་འདོན་པ་དང་། །རྣམ་ཕྱེ་འཆད་པར་བྱེད་པའི་གནས། །བསོད་ནམས་གོང་མ་ཐོབ་པར་འགྱུར། །དེ་ནས་དཔལ་གྱི་ལྷ་མོ་ཆེན་མོ་དང་། ལྷ་ལ་སོགས་པ་མང་པོ་དེ་དག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། ། དེ་ཐམས་ཅད་རབ་དུ་དགའ་བས་མདོ་སྡེའི་རྒྱལ་པོ་འདི་དག་ཡོངས་སུ་འཛིན་པར་བྱེད་པ་དེ་དག་ལ། སེམས་རྩེ་གཅིག་ཏུ་ཡོངས་སུ་བསྲུངས་ནས་མྱ་ངན་གྱི་གནོད་པ་མེད་ཅིང་རྟག་ཏུ་བདེ་བ་ཐོབ་པར་འགྱུར་བས་མོས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལྷ་དང་གནོད་སྦྱིན་རྣམས་ཀྱིས་ཡོངས་སུ་བསྲུང་ཞིང་འཛིན་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པས་འཁོར་མང་པོའི་ནང་དུ་རྒྱ་ཆེར་ཡང་དག་པར་ཆོས་བཤད་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དང་། དེའི་བུ་གཉིས་པོ་དངུལ་གྱི་ཏོག་དང་། དངུལ་གྱི་འོད་ཅེས་བྱ་བ་གཉིས་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བཞེད་པར་གྱུར་པ་དང་། དེའི་ཚེ་ལྷའི་བུ་སྟོང་ཕྲག་བཅུ་མཆོག་ཏུ་རྒྱལ་བའི་འོད་ཅེས་བྱ་བ་གཙོ་བོར་གྱུར་པ་དང་ལྷན་ཅིག་ཏུ་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་བབས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ཀྱི་བཀས་བཤད་པའི་ཆོས་ཉན་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱོད་མ་འོངས་པའི་དུས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་སྙེད་འདས་པ་ན་གསེར་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་བླ་ན་


DKG089_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་རི་བོའི་རྒྱལ་པོ་ཞེས་བྱ་བར་གྱུར་ནས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་ཆོས་རྣམས་ནུབ་པར་གྱུར་པ་དང་། དེའི་ཚེ་འདིའི་བུ་ཆེན་པོ་དངུལ་གྱི་ཏོག་ཅེས་བྱ་བ་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་དེ་བཞིན་གཤེགས་པའི་རྒྱལ་ཚབ་ཏུ་གྱུར་ཏེ། །དེའི་ཚེ་དེའི་མིང་བསྒྱུར་ནས་རྣམ་དག་ཏོག་ཅེས་བྱ་བར་འགྱུར་ཞིང་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ།སངས་རྒྱས་བཅོམ་ལྡན་འདས་གསེར་ཏོག་འོད་ཅེས་བྱ་བར་འགྱུར་རོ། །དེའི་ཚེ་དེ་བཞིན་གཤེགས་པ་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པའི་ཆོས་རྣམས་ནུབ་པར་གྱུར་པ་དང་། འདིའི་བུ་ཆུང་ངུ་དངུལ་གྱི་འོད་དེ་བཞིན་གཤེགས་པ་དེའི་རྒྱལ་ཚབ་ཏུ་འགྱུར་བས་འཇིག་རྟེན་གྱི་ཁམས་དེ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་འོད་ཅེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་དེའི་ཚེ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས་སྐྱེས་བུ་ཆེན་པོ་གསུམ་པོ་དེ་དག་གིས་ལུང་བསྟན་པ་ཡང་ཐོས། འདི་ལྟར་མདོ་སྡེའི་རྒྱལ་པོ་མཆོག་དམ་


DKG089_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ཡང་ཐོས་པས་སེམས་རབ་ཏུ་དགའ་བ་སྐྱེས་ནས་རྣམ་པར་དག་ཅིང་དྲི་མ་མེད་པར་གྱུར་པས་དཔེར་ན་ནམ་མཁའ་ལྟ་བུར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པས་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཐུགས་ཀྱིས་མཁྱེན་པས་བྱང་ཆུབ་ཆེན་པོར་ལུང་བསྟན་ནས། འདི་སྐད་དུ་ལྷའི་བུ་ཁྱེད་ཅག་མ་འོངས་པའི་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱ་སྟོང་ཚད་མེད་གྲངས་མེད་པ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་དབང་པོའི་ཏོག་མངོན་པར་འཕགས་པ་ཞེས་བྱ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རུས་རིགས་ཀྱང་མཐུན། མིང་ཡང་མཐུན་པར་འགྱུར་བས་ཐམས་ཅད་ཞལ་དང་སྤྱན་རྣམ་པར་དག་ཅིང་། ཨུཏྤ་ལའི་དྲིའི་རི་མོ་ཞེས་བྱ་བ་མཚན་རྣམ་པ་བཅུ་ཕུན་སུམ་ཚོགས་པར་འགྱུར་ཏེ། འདི་ལྟར་རིམ་བཞིན་དུ་སངས་རྒྱས་སྟོང་ཕྲག་བཅུ་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་ཀྱི་ཤིང་གི་ལྷ་མོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་ནི་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་ཆོས་མཉན་པའི་སླད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་པ་ལགས་ན། ཅིའི་སླད་དུ་དེ་བཞིན་གཤེགས་པས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པར་མཛད་ལགས། བདག་གིས་ནི་ལྷའི་བུ་འདི་དག་ཕ་རོལ་ཏུ་ཕྱིན་པ་དྲུག་ཕུན་སུམ་ཚོགས་པར་བསྒོམས་ནས་དཀའ་བ་སྤྱད་དེ། ལག་པ་དང་། རྐང་པ་དང་། མགོ་དང་། མིག་དང་། རྐང་དང་། ཀླད་རྒྱས་དང་། གཡོག་འཁོར་དང་། བུ་དང་། འཆིས་འབྲང་དང་། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། བྲན་ཕོ་དང་། བྲན་མོ་དང་། མངག་གཞུག་བགྱིད་པ་དང་། ཁང་ཁྱིམ་དང་། ཀུན་དགའ་ར་བ་དང་། ནགས་ཚལ་དང་། གསེར་དང་། དངུལ་དང་། བཻ་ཌཱུཪྱ་དང་། སྤུག་དང་། རྡོའི་སྙིང་པོ་དང་། བྱི་རུ་དང་། མན་ཤེལ་དང་། དུང་དང་། བཟའ་བ་དང་། བཏུང་བ་དང་། གོས་དང་། མལ་ཆ་དང་། གསོས་སྨན་དག་སྦྱིན་པ་ཡོངས་སུ་


DKG089_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

གཏོང་བར་ཡང་མ་ཐོས་ཏེ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཚད་མ་མཆིས་པ་གཞན་དག་ནི་མཆོད་པའི་ཡོ་བྱད་མང་པོས་འདས་པའི་སངས་རྒྱས་འབུམ་ཕྲག་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་སྙེད་ལ་མཆོད་པ་བགྱིས་ནས། འདི་ལྟར་བྱང་ཆུབ་སེམས་དཔའ་དེ་དག་སོ་སོ་ནས་བསྐལ་པ་ཚད་མ་མཆིས་ཤིང་མཐའ་མ་མཆིས་པ་སྙེད་ལོན་ནས་གདོད་དེའི་རྗེས་ལ་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པར་འགྱུར་བ་ལགས་ན། བཅོམ་ལྡན་འདས་ལྷའི་བུ་འདི་དག་རྒྱུ་རྐྱེན་ནི་གང་། སྤྱོད་པ་མཆོག་ནི་ཇི་ལྟ་བུ་ཞིག་མངོན་པར་བསྒྲུབས། དགེ་བའི་རྩ་བ་ནི་ཇི་ལྟ་བུ་ཞིག་བསྐྲུན་ན་ལྷའི་གནས་དེ་ནས་འདིར་མཆིས་ཏེ། ཡུད་ཙམ་ཞིག་ཆོས་ཐོས་པ་འདི་ཉིད་ཀྱིས་ལུང་བསྟན་པ་ཐོབ་པར་གྱུར་ལགས།བཅོམ་ལྡན་འདས་ཀྱིས་བདག་ལ་བཀས་བཤད་དེ་ཐེ་ཙོམ་གྱི་དྲ་བ་གཅད་དུ་གསོལ། བཅོམ་ལྡན་འདས་ཀྱིས་ཤིང་གི་ལྷ་མོ་ལ་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་བཞིན་ཏེ། འདི་དག་ཐམས་ཅད་ནི་དགེ་བའི་རྩ་བ་མཆོག་དམ་པའི་རྒྱུ་དང་རྐྱེན་དང་ནན་ཏན་བརྩོན་འགྲུས་ཀྱིས་དཀའ་བ་བསྒྲུབས་ནས་གདོད་ལུང་བསྟན་པ་ཐོབ་པ་ཡིན་པས་ལྷའི་བུ་མང་པོ་འདི་དག་ལྷའི་གཞལ་མེད་ཁང་མཆོག་དམ་པ་ནས་འདོད་པ་ལྔའི་བདེ་བ་སྤངས་ཏེ། ཆེད་དུ་གསེར་འོད་དམ་པའི་མདོ་སྡེ་འདི་མཉན་དུ་འོངས་པ་ཡིན་པས་ཆོས་ཐོས་པར་གྱུར་ནས་ཀྱང་མདོ་སྡེ་འདི་ལ་སེམས་ཀྱིས་གུས་པ་བསྐྱེད་དེ། བཻ་ཌཱུཪྱ་ཡོངས་སུ་དག་པ་ལྟར་སྐྱོན་གྱི་དྲི་མ་མེད་པར་གྱུར་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུམ་པོ་འདི་ལུང་བསྟན་པའི་དངོས་པོ་ཡང་ཐོས་པ་དང་། གཞན་ཡང་འདས་པའི་དུས་ཀྱི་ཚེ་ཡུན་རིང་པོར་ཡང་དག་པའི་སྤྱོད་པ་བསྒྲུབས་ནས་ཡི་དམ་ཆེན་པོ་བླངས་པའི་རྒྱུ་དང་རྐྱེན་དེའི་ཕྱིར། ངས་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་པ་ཡིན་ནོ། །དེ་དག་ཤིང་གི་ལྷ་མོ་དེས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་ནས། རབ་ཏུ་དགའ་བས་མངོན་པར་ཡིད་ཆེས་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་


DKG089_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་ལ་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ལེགས་པར་ཉོན་ལ་ཤིན་ཏུ་ཡིད་ལ་ཟུང་ཤིག་དང་། ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་གི་སྔོན་གྱི་སྨོན་ལམ་གྱི་རྒྱུ་དང་རྐྱེན་གང་ཡིན་པ་དེང་ཁྱོད་ལ་བཤད་པར་བྱའོ། །རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ཀྱི་བསྐལ་པ་གྲངས་མེད་པ། ཚད་མེད་ཅིང་བསམ་གྱིས་མི་ཁྱབ་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ཅེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་ལྷ་མོ་དེའི་ཚེ་བཅོམ་ལྡན་འདས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་དག་པའི་ཆོས་ནུབ་པར་གྱུར་ནས་གཟུགས་བརྙན་གྱི་ཆོས་ཀྱི་ཚེ་རྒྱལ་པོ་ལྷའི་དབང་ཕྱུག་གི་འོད་ཅེས་བྱ་བ་ཞིག་ཡོད་དེ། རྟག་པར་ཡང་དག་པའི་ཆོས་ཀྱིས་ཕ་མ་བཞིན་དུ་མི་རྣམས་ལ་རྗེས་སུ་སྟོན་པར་བྱེད་དོ། །རྒྱལ་པོ་དེའི་ཡུལ་ན་ཚོང་དཔོན་ཆུ་འཛིན་ཅེས་བྱ་བ་སྨན་གྱི་རིག་པ་ལ་ཤིན་ཏུ་མཁས་པ། ཤེས་པའི་ཡན་ལག་བརྒྱད་ལེགས་པར་ཁོང་དུ་ཆུད་པ། སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་འབྱུང་བ་ཆེན་པོ་བཞི་མི་མཐུན་པ་ལས་གྱུར་པ་ཐམས་ཅད་ཡོངས་སུ་སྐྱོབ་ཅིང་གསོ་བར་བྱེད་པ་ཞིག་ཡོད་དེ། རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་ཆུ་འཛིན་དེ་ལ་བུ་ཆུ་འབེབས་ཞེས་བྱ་བ་བྱད་བཞིན་སྡུག་ཅིང་མཛེས་པ། མང་པོ་ཀུན་གྱིས་བལྟ་བར་མོས་པ། །རང་བཞིན་གྱིས་སེམས་མྱུར་བ། གཙུག་ལག་རྣམས་ལེགས་པར་རྟོགས་པ། ཡི་གེ་དང་། རི་མོ་དང་། རྩིས་དང་། གྲངས་རྣམས་མངོན་པར་མི་རྟོགས་པ་གང་ཡང་མེད་པ་ཞིག་ཡོད་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོ་དེའི་ཡུལ་ཁམས་ན་སེམས་ཅན་བརྒྱ་སྟོང་ཚད་མེད་པ་སྙེད་ནད་ཀྱི་སྡུག་བསྔལ་སྣ་ཚོགས་ཀྱིས་རབ་ཏུ་གཟིར་བར་གྱུར་པས་ཐ་ན་དགའ་བར་གྱུར་པའི་སེམས་ཅུང་ཟད་ཙམ་ཡང་མེད་པར་


DKG089_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་སེམས་ཅན་བརྒྱ་སྟོང་ཚད་མེད་པ་དེ་དག་ནད་ཀྱི་སྡུག་བསྔལ་མྱོང་བར་གྱུར་པ་མཐོང་བ་དང་། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་ནས་འདི་སྙམ་དུ་སེམས་ཅན་ཚད་མེད་པ་འདི་སྙེད་སྡུག་བསྔལ་མི་བཟད་པས་ཉོན་མོངས་པར་གྱུར་ཏེ། བདག་གི་ཕ་ཚོང་དཔོན་སྨན་དཔྱད་ལ་ཤིན་ཏུ་མཁས་ཤིང་ཤེས་པའི་ཡན་ལག་བརྒྱད་ལེགས་པར་ཁོང་དུ་ཆུད་དེ། འབྱུང་བ་ཆེན་པོ་བཞི་འཕེལ་ཞིང་འགྲིབ་པ་ལས་བྱུང་བའི་ནད་སྣ་ཚོགས་གསོ་བར་ནུས་ཀྱང་རྒས་འཁོགས་པས་ལུས་ཀྱི་ཉམ་ཆུང་ཞིང་དམའ་བ་དང་། འཁར་བ་ལ་བརྟེན་ནས་གདོད་འགྲོ་བས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་སུ་སོང་ནས་ནད་ཀྱི་སྡུག་བསྔལ་རྣམས་ཡོངས་སུ་སྐྱོབ་པར་བྱེད་མི་ནུས་ལ། དེང་སེམས་ཅན་བརྒྱ་སྟོང་ཚད་མེད་པ་སྙེད་ནི་ནད་ཚབས་ཆེན་པོས་ཐེབས་པས་ཡོངས་སུ་སྐྱོབ་པར་ནུས་པ་མེད་ན། དེང་བདག་ཕ་སྨན་པ་ཆེན་པོའི་དྲུང་དུ་སོང་ལ་ནད་གསོ་བའི་སྨན་དཔྱད་གསང་བ་དྲིས་ཏེ། གལ་ཏེ་ཤེས་པར་གྱུར་ན་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དག་ཏུ་སོང་ལ་སེམས་ཅན་རྣམས་ཀྱི་ནད་རྣམ་པ་སྣ་ཚོགས་གསོས་ཏེ་ཡུན་རིང་པོར་བདེ་བ་མྱོང་བར་བྱའོ་སྙམ་མོ། །དེ་ནས་ཚོང་དཔོན་གྱི་བུས་དེ་སྙམ་དུ་བསམས་ནས་ཕའི་ཐད་དུ་སོང་སྟེ། རྐང་པ་ལ་མགོ་བོས་གཏུགས་ནས་ཕྱག་བྱས་ཏེ་གུས་པས་ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འཁོད་དེ། ཚིགས་སུ་བཅད་པ་འདི་དག་གིས་ཕ་ལ་འདི་སྐད་ཅེས་དྲིས་སོ། །བདག་ནི་སེམས་ཅན་བསྐྱབ་པའི་སླད། །སྨན་དཔྱད་རྣམས་ནི་ཞུ་ལགས་ན། །བྱམས་པའི་ཡབ་ཀྱིས་བརྩེར་དགོངས་ཏེ། །བདག་ལ་བཀས་ནི་བཤད་དུ་གསོལ། །ཇི་ལྟར་ལུས་ནི་འཇིག་པ་ན། །འབྱུང་ཆེན་རྣམས་ནི་འཕེལ་འགྲིབ་འགྱུར། །གཞན་ཡང་དུས་ནི་གང་གི་ཚེ། །ནད་མང་རྣམས་ནི་སྐྱེ་འགྱུར་ལགས། ། ཇི་ལྟར་ཟས་སྐོམ་འཚལ་འགྱུར་ན། །བདེ་བ་དག་ནི་མྱོང་འགྱུར་ཞིང་། །ལུས་ཀྱི་ནང་གི་མེ་ཡི་མཐུ། །ཉམས་ཤིང་གནོད་པར་མི་འགྱུར་ལགས། །སེམས་ཅན་ནད་ནི་བཞི་མཆིས་ཏེ། །རླུང་དང་མཁྲིས་པ་བད་ཀན་དང་། །ཀུན་འདུས་པ་ཡི་ནད་ལགས་ན། །དེ་དག་ཇི་


DKG089_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གསོ་བར་བགྱི། །གང་གི་ཚེ་ནི་རླུང་ནད་ལྡང་། །གང་གི་ཚེ་ནི་མཁྲིས་ནད་སློང་། །གང་གི་ཚེ་ནི་བད་ཀན་གཡོ། །གང་གི་ཚེ་ནི་ཀུན་འདུས་སྐྱེ། །དེ་ནས་ཚོང་དཔོན་གྱི་བུས་གསོལ་བ་བཏབ་པ་ཐོས་པ་དང་། ཚིགས་སུ་བཅད་དེ་སྨྲས་པ། ངས་དེང་དྲང་སྲོང་རྙིང་པ་ཡི། །ནད་གསོ་དཔྱད་ལ་བརྟེན་ནས་ནི། །རིམ་བཞིན་ཁྱོད་ལ་རབ་བསྟན་གྱིས། །ལེགས་པར་ཉོན་ལ་སེམས་ཅན་སྐྱོབ། །ཟླ་བ་གསུམ་ནི་དཔྱིད་ཀྱི་དུས། །ཟླ་བ་གསུམ་ནི་དབྱར་ཞེས་བྱ། །ཟླ་བ་གསུམ་ནི་སྟོན་གྱི་ཕྱོགས། །ཟླ་བ་གསུམ་ནི་དགུན་ཞེས་བྱ། ། འདི་ནི་ལོ་གཅིག་ལས་བརྩམས་པས། །གསུམ་གསུམ་སོ་སོར་བཤད་པར་བྱ། །གཉིས་གཉིས་དུས་ཚིགས་གཅིག་བྱས་ན། །ལོ་གཅིག་དུས་ནི་དྲུག་ཏུ་འགྱུར། །དང་པོ་གཉིས་ནི་མེ་ཏོག་དུས། །གསུམ་དང་བཞི་པ་ཚ་བའི་དུས། །ལྔ་དང་དྲུག་པ་ཆར་པའི་དུས། །བདུན་དང་བརྒྱད་པ་སྟོན་གྱི་དུས། །དགུ་དང་བཅུ་པ་གྲང་བའི་དུས། །ཕྱི་མ་གཉིས་ནི་ཁ་བའི་དུས། །དེ་ལྟར་བྱེ་བྲག་ཤེས་གྱུར་ན། །འགལ་བ་མེད་པར་སྨན་གཏང་བྱ། །དུས་ནི་འདི་དག་རྗེས་མཐུན་པར། །ཟས་སྐོམ་ལེགས་པར་སྦྱོར་བྱེད་ན། །ལྟོར་ནི་མྱུར་དུ་འཇུ་འགྱུར་བས། །ནད་མང་དག་ནི་སྐྱེ་མི་འགྱུར། །དུས་ཚིགས་གལ་ཏེ་ལོག་འགྱུར་ཞིང་། །འབྱུང་ཆེན་བཞི་ནི་འཕོས་གྱུར་ལ། །དེ་ཚེ་གསོས་སྨན་མེད་གྱུར་ན། །ངེས་པར་ནད་ཀྱི་སྡུག་བསྔལ་སྐྱེ། །སྨན་པས་དུས་བཞི་ཤེས་བྱ་ཞིང་། །དུས་ཚིགས་དུག་ཀྱང་ཤེས་པར་བྱ། །ལུས་ཀྱི་ཁམས་བདུན་རིག་བྱས་ནས། །འགལ་བ་མེད་པར་ཟས་སྨན་གཏོང་། །རོ་ཡི་ཁམས་དང་ཁྲག་དང་ཤ། །རུས་དང་རྐང་དང་ཀླད་རྒྱས་སུ། །ནད་ནི་འདི་དག་ཞུགས་པའི་ཚེ། །གསོར་རུང་མི་རུང་ཤེས་པར་བྱ། །ནད་ནི་ཐ་དད་རྣམ་བཞི་ཡོད། །རླུང་དང་མཁྲིས་པ་བད་ཀན་དང་། །ཀུན་འདུས་པ་ཡི་ནད་ཡིན་ཏེ། །གཡོ་བའི་དུས་ནི་ཤེས་པར་བྱ། །དཔྱིད་ཀའི་དུས་སུ་བད་ཀན་གཡོ། །དབྱར་ནི་རླུང་ནད་སྐྱེ་བར་འགྱུར། །སྟོན་གྱི་དུས་སུ་མཁྲིས་པ་རྒྱས། །དགུན་ནི་གསུམ་པོ་ཅིག་ཅར་ལྡང་། །དཔྱིད་ནི་ཚ་རྩུབ་དྲོ་བ་བཟའ། །དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར། །སྟོན་


DKG089_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གྲང་དང་མངར་དང་སྣུམ། །དགུན་ནི་རྩུབ་སྐྱུར་སྣུམ་དང་མངར། །དུས་ནི་བཞི་པོ་འདི་དག་ཏུ། །སྨན་དང་ཟས་སྐོམ་གང་བཟའ་བ། །གལ་ཏེ་དེ་བཞིན་ཟ་བྱེད་ན། །ནད་མང་དག་ནི་སྐྱེ་མི་འགྱུར། །ཟོས་འོག་ན་བ་བད་ཀན་དབང་། །ཞུ་ཚེ་ན་བ་མཁྲིས་ལས་གྱུར། །ཞུ་འོག་ལྡང་བ་རླུང་གི་དབང་། །དུས་དང་སྦྱར་ནས་ནད་ཤེས་བྱ། །ནད་ཀྱི་རྩ་བ་ཤེས་གྱུར་ནས། །ནད་ནི་ཇི་བཞིན་སྨན་གཏང་བྱ། །ནད་དབྱིབས་བྱེ་བྲག་ཐ་དད་ཀྱང་། །སྔར་ནི་རྩ་བ་ཤེས་པར་བྱ། །རླུང་ནད་དག་ལ་སྣུམ་བག་གཏང་། །མཁྲིས་པའི་ནད་ནི་འཁྲུ་ན་བཟང་། །བད་ཀན་ནད་ནི་སྐྱུག་པར་བྱ། །ཀུན་འདུས་ལ་ནི་སྨན་གསུམ་དགོས། །རླུང་མཁྲིས་བད་ཀན་གསུམ་ལྡན་པ། །དེ་ནི་ཀུན་འདུས་པ་ཞེས་བྱ། །ནད་ལྡང་དུས་ནི་ཤེས་གྱུར་ཀྱང་། །རང་བཞིན་དག་ནི་ཤེས་པར་བྱ། །དེ་ལྟར་བརྟགས་ཏེ་ཤེས་གྱུར་ནས། །དུས་བཞིན་དུ་ནི་སྨན་གཏང་བྱ། ། ཟས་སྐོམ་སྨན་ནི་འགལ་མེད་པ། །དེ་ནི་སྨན་པ་མཁས་ཞེས་བྱ། །ཤེས་པའི་ཡན་ལག་བརྒྱད་རིག་ན། །སྨན་དཔྱད་རྣམས་ནི་ཀུན་བ་སྡུད་པས། །འདི་དག་ལ་ནི་གསལ་བྱས་ནས། །སེམས་ཅན་ནད་ནི་གསོ་བར་བྱ། །གཏར་བ་དང་ནི་རྨས་སྣད་དང་། །ལུས་ཀྱི་ནད་དང་འདྲེ་གདོན་དང་། །མ་རུངས་དུག་དང་བྱིས་པ་དང་། །ཚེ་བསྲིང་དང་ནི་མཐུ་སྐྱེད་ཡིན། །སྔར་ནི་དེ་ཡི་ཁ་དོག་དང་། །སྨྲ་ཚིག་རང་བཞིན་རབ་བརྟགས་ནས། །དེ་འོག་རྨི་ལམ་དྲིས་གྱུར་ན། །རླུང་མཁྲིས་བད་ཀན་བྱེ་བྲག་ཤེས། །སྐེམ་རིད་མགོ་ཡི་སྐྲ་ངན་ཅིང་། །སེམས་ཀྱི་རང་བཞིན་མི་བརྟན་ལ། །ཚིག་མང་རྨི་ལམ་འཕུར་མཐོང་བ། །དེ་ནི་རླུང་གི་རང་བཞིན་ཅན། །གཞོན་ནུར་སྐྲ་དཀར་སྐྱེ་བ་དང་། །རྔུལ་ཆེ་གཤེར་བ་མང་བ་དང་། །ཡིད་གཞུངས་རྨི་ལམ་མེ་མཐོང་བ། །དེ་ནི་མཁྲིས་པའི་རང་བཞིན་ཅན། །སེམས་བརྟན་ལུས་ནི་མཉམ་ལ་དྲང་། ། ཞིབ་རྟོག་མགོ་དག་སྣུམ་ཞིང་རླན། །རྨི་ལམ་ཆུ་དང་རྫས་དཀར་མཐོང་། །བད་ཀན་རང་བཞིན་ཤེས་པར་བྱ། །ཀུན་འདུས་རང་བཞིན་ཀུན་ལྡན་པས། །ཁ་ཅིག་གཉིས་དང་གསུམ་དང་ལྡན། །ཕྱོགས་གཅིག་ལྷག་པར་གང་མང་བ། །དེ་ཡི་རང་བཞིན་ཤེས་པར་བྱོས། །རང་


DKG089_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རིག་པར་གྱུར་ནས་ནི། །ནད་བཞིན་སྨན་ནི་གཏང་བར་བྱ། །འཆི་བའི་མཚན་མ་མེད་གྱུར་ན། །མི་དེ་གསོར་རུང་བ་ཞེས་བྱ། །དབང་པོས་ལོག་པར་ཡུལ་འཛིན་ཅིང་། །བླ་མ་སྨན་པ་དག་ལ་བརྙས། །ཉེ་དུ་དག་ལ་ཁོང་ཁྲོ་ན། །འཆི་བའི་མཚན་མར་ཤེས་པར་བྱ། །མིག་ཡོན་ཁ་དོག་དཀར་འགྱུར་ཞིང་། །ལྕེ་གནག་སྣ་ཟུར་ཡོ་བ་དང་། །རྣ་བའི་འཁོར་ལོ་སྔོ་ལས་གྱུར། །མ་མཆུ་ཐུར་འཕྱང་འཆི་བའི་མཚན། །ཨ་རུ་ར་ནི་རྣམ་གཅིག་ལ། །རོ་ནི་རྣམ་པ་དྲུག་ལྡན་ཏེ། །ནད་ནི་ཐམས་ཅད་སེལ་བྱེད་པས། །ཉེས་མེད་སྨན་རྣམས་ཀུན་གྱི་རྒྱལ། །འབྲས་བུ་གསུམ་དང་ཚ་བ་གསུམ། །སྨན་རྣམས་ནང་ན་རྙེད་པར་སླ། །བུ་རམ་སྦྲང་རྩི་འོ་མ་མར། །འདི་དག་ནད་མང་གསོ་བར་ནུས། །དེ་ལས་གཞན་པའི་སྨན་རྣམས་ནི། །ནད་དང་སྦྱར་ཏེ་བསྐྱེད་པར་བྱ། །སྔར་ནི་བརྩེ་བའི་སེམས་བསྐྱེད་ནས། །ནོར་དང་ཁེ་ལ་བལྟ་མི་བྱ། །ངས་ནི་ཁྱོད་ལ་ནད་གསོ་བའི། །གཅེས་པའི་དོན་ནི་བསྟན་པ་ཡིན། །འདི་ཡིས་སེམས་ཅན་གསོ་བྱས་ན། །མཐའ་མེད་འབྲས་བུ་ཐོབ་པར་འགྱུར། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཕ་ལས་མངོན་སུམ་དུ་ཤེས་པའི་ཡན་ལག་བརྒྱད་ཀྱི་དོན་ཤེས་པ་དང་། འབྱུང་བ་ཆེན་པོ་བཞི་འཕེལ་ཞིང་འགྲིབ་པ་དང་། དུས་ཚིགས་མི་མཐུན་པ་དང་། སྨན་དཔྱད་ཀྱི་ཆོ་ག་ཐོས་པས་ལེགས་པར་ཁོང་དུ་ཆུད་པར་གྱུར་ནས། བདག་ཉིད་ནད་མང་པོ་གསོ་ནུས་པར་རིག་པར་གྱུར་པས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ཀུན་དུ་ཁྱབ་པར་དེ་དང་དེ་དག་ཏུ་སོང་སྟེ། ནད་ཀྱི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་འབུམ་ཕྲག་བརྒྱ་སྟོང་དུ་མ་དེའི་ཐད་དུ་ལྷགས་པ་རྣམས་ལ་ལེགས་པའི་ཚིག་གིས་སྤྲོ་བ་བསྐྱེད་ནས་འདི་སྐད་དུ་ང་ནི་སྨན་པའོ། །ང་ནི་སྨན་པ་སྟེ། སྨན་དཔྱད་ལ་ཤིན་ཏུ་མཁས་པས་དེང་ཁྱེད་ཅག་གི་ནད་མང་པོ་གསོས་ནས་ཐམས་ཅད་སོས་པར་བྱའོ་ཞེས་སྨྲས་སོ། །རིགས་ཀྱི་ལྷ་མོ་དེའི་ཚེ་མི་མང་པོ་རྣམས་ཚོང་དཔོན་གྱི་བུས་ལེགས་པའི་ཚིག་གིས་སྤྲོ་བ་བསྐྱེད་ནས་ནད་གསོ་བར་གནང་བ་ཐོས་པ་དང་། དེ་ནས་སེམས་ཅན་ནད་ཚབས་ཆེན་པོས་བཏབ་པ་བརྒྱ་སྟོང་ཚད་མེད་པ་སྙེད་ཅིག་ཚིག་


DKG089_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་སྨྲས་པ་ཐོས་ནས་ལུས་དང་སེམས་དགའ་མགུ་རངས་ཤིང་ངོ་མཚར་རྨད་དུ་བྱུང་བ་ཐོས་པར་གྱུར་པས་རྒྱུ་དང་རྐྱེན་དེས་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ་ཐམས་ཅད་སོས་ཤིང་ཞི་བར་གྱུར་པས་ཉམས་སྟོབས་རྟས་ཏེ་སྔ་མཁོ་བཞིན་དུ་སོས་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་གཞན་ཡང་ནད་ཀྱི་སྡུག་བསྔལ་ཤིན་ཏུ་ལྕི་ཞིང་གསོ་བར་དཀའ་བའི་སེམས་ཅན་བརྒྱ་སྟོང་ཚད་མེད་པ་རྣམས་ཀྱང་ལྷན་ཅིག་ཏུ་ཚོང་དཔོན་གྱི་བུའི་ཐད་དུ་ལྷགས་ནས་ནད་གསོ་བར་གསོལ་བ་བཏབ་པ་དང་། དེའི་ཚེ་ཚོང་དཔོན་གྱི་བུས་སྨན་གྱ་ནོམ་པ་དག་བཏང་ནས་ཐམས་ཅད་སོས་པར་གྱུར་ཏེ། རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུ་དེས་ཡུལ་ཁམས་དེ་ཀུན་གྱི་ནད་ཀྱི་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་སོས་པར་བྱས་སོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུ་ཆུ་འབེབ་ཀྱིས་སྔོན་རྒྱལ་པོ་ལྷའི་དབང་ཕྱུག་གི་འོད་ཀྱི་ཡུལ་ཁམས་སུ་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཇི་སྙེད་ཡོད་པ་དག་གསོས་ནས་སྔ་མཁོ་བཞིན་དུ་རྟས་ཏེ་བདེ་བ་མྱོང་བར་གྱུར་བ་དང་། དེའི་ཚེ་སེམས་ཅན་མང་པོ་དེ་དག་ནད་སོས་པར་གྱུར་པའི་ཕྱིར་བསོད་ནམས་ཀྱི་ལས་མང་དུ་བསགས་ནས་སྦྱིན་པ་རྒྱ་ཆེར་བཏང་བ་ལ་བདག་ཉིད་ལོངས་སྤྱོད་པར་གྱུར་པས་ཐམས་ཅད་ལྷན་ཅིག་ཚོང་དཔོན་གྱི་བུའི་ཐད་དུ་དོང་སྟེ། ཐམས་ཅད་གུས་པ་བསྐྱེད་ནས་འདི་སྐད་དུ་ཚོང་དཔོན་ཆེན་པོའི་བུ་བསོད་ནམས་ཀྱི་དངོས་པོ་ཤིན་ཏུ་ལེགས་པར་བསྐྱེད་དེ་བདག་ཅག་ལ་ཕན་བཏགས་ནས་བདེ་བར་འཚོ་བར་བྱས་པ་ལེགས་སོ་ལེགས་སོ། །ཁྱོད་ནི་ཡང་དག་པའི་མཐུ་ཆེན་པོ་དང་ལྡན་པའི་སྨན་པའི་རྒྱལ་པོ་བྱམས་པ་དང་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། སྨན་དཔྱད་ལ་ཤིན་ཏུ་མཁས་པས་སེམས་ཅན་གྱི་ནད་ཀྱི་སྡུག་བསྔལ་ཚད་མེད་པ་དག་ལེགས་པར་གསོས་སོ། །ཞེས་གྲོང་དང་གྲོང་ཁྱེར་ཀུན་དུ་ཁྱབ་པར་བསྔགས་པ་བརྗོད་


DKG089_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུ་དེའི་ཆུང་མ་ཆུའི་པདྨའི་མཛོད་ཅེས་བྱ་བ་ལ་བུ་གཉིས་ཡོད་དེ། གཅིག་གི་མིང་ནི་ཆུ་རྒྱས་ཞེས་བྱའོ། །གཅིག་གི་མིང་ནི་ཆུའི་མཛོད་ཅེས་བྱའོ། །དེ་ནས་ཆུ་འབེབས་ཀྱིས་བུ་གཉིས་ཁྲིད་ནས་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྒྱུ་ཞིང་དོང་བ་ལས་དགོན་པའི་གནས་ཤིན་ཏུ་ཉམ་ང་བ་ཞིག་འདས་པ་དང་། དེ་ན་འཕར་བ་དང་། སྤྱང་ཀི་དང་། ཝ་དང་། སྤྲ་ཆེན་དང་། བྱ་རྒོད་ལ་སོགས་པ་གཅན་གཟན་གྱི་རྣམ་པ་ཤ་ཁྲག་ཟ་ཞིང་འཐུང་བ་མང་པོ་ཕྱོགས་གཅིག་ཏུ་རྒྱུག་ཅིང་འཕུར་ཏེ་དོང་བ་མཐོང་ངོ་། །དེ་ནས་ཚོང་དཔོན་གྱི་བུ་དེ་འདི་སྙམ་དུ་གཅན་གཟན་འདི་དག་རྒྱུ་དང་རྐྱེན་གང་གི་ཕྱིར་ཕྱོགས་གཅིག་ཏུ་འཕུར་ཞིང་རྒྱུག་པར་གྱུར། བདག་གིས་སྐད་ཅིག་ཕྱི་བཞིན་དུ་བརྟག་གོ་སྙམ་དུ་བསམས་ནས། །ཕྱི་བཞིན་དུ་སོང་བ་ལས་རྫིང་ཆེན་པོ་དགོན་པ་སྐྱེས་ཞེས་བྱ་བ་དེ་ནི་ཆུ་ཟད་ལ་ཐུག་པས་རྫིང་དེའི་ནང་ན་ཉ་མང་པོ་ཡོད་པ་མཐོང་བར་གྱུར་ཏོ། །ཆུ་འབེབས་ཀྱིས་མཐོང་ནས་ཀྱང་སྙིང་རྗེ་ཆེན་པོའི་སེམས་སྐྱེས་པ་དང་། དེའི་ཚེ་ཤིང་གི་ལྷ་ཞིག་གིས་ལུས་ཕྱེད་ཙམ་བསྟན་ནས་འདི་སྐད་དུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ནི་ཡང་དག་པའི་དོན་དང་ལྡན་པའི་ཕྱིར་ཆུ་འབེབས་ཞེས་བྱ་བས་ཉ་འདི་དག་ལ་སྙིང་བརྩེ་བས་ཆུ་སྦྱིན་པའི་རིགས་སོ། །རྒྱུ་དང་རྐྱེན་རྣམ་པ་གཉིས་དང་ལྡན་པའི་ཕྱིར་ཆུ་འབེབས་ཞེས་བྱ་སྟེ། ཆུ་འབབ་པར་བྱེད་པ་དང་། ཆུ་སྦྱིན་པར་བྱེད་པའོ། །དེང་ཁྱོད་ཀྱིས་མིང་ཇི་ལྟ་བ་བཞིན་དུ་བྱོས་ཤིག །དེ་ནས་ཆུ་འབེབས་ཀྱིས་ཤིང་གི་ལྷ་ལ་སྨྲས་པ། ཉ་འདི་དག་གི་གྲངས་ཇི་ཙམ་ཞིག་ཡོད། ཤིང་གི་ལྷས་སྨྲས་པ། གྲངས་ནི་སྟོང་ཕྲག་བཅུ་ཚང་བ་སྙེད་ཡོད་དོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུས་གྲངས་དེ་སྙེད་ཡོད་པར་ཐོས་པ་དང་། ལྷག་པར་སྙིང་རྗེའི་བསམ་པ་སྐྱེས་པར་གྱུར་ཏོ། །དེའི་ཚེ་རྫིང་ཆེན་པོ་དེ་ཡང་ཉི་མས་གདུངས་ནས་ཆུའི་ལྷག་མ་ཆུང་ཟད་ཅིག་ལུས་པར་གྱུར་པས་ཉ་སྟོང་ཕྲག་བཅུ་པོ་དེ་དག་ཀྱང་འཆི་བའི་སྒོར་ཞུགས་ཏེ་ལུས་ཀྱིས་འདྲེ་ལྡོག་བྱས་པ་ན་ཚོང་དཔོན་དེས་མཐོང་བ་དང་། སེམས་ལ་རེ་བ་དང་བཅས་པས་མིག་མི་


DKG089_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

འཛུམས་པར་རྗེས་སུ་འབྲང་ཞིང་ལྟ་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུས་དངོས་པོ་དེ་མཐོང་ནས་ཕྱོགས་བཞིར་བརྒྱུགས་ཏེ། ཆུ་བཙལ་བར་འདོད་ཀྱང་རྙེད་པར་མ་གྱུར་པས་ཡང་ཕྱོགས་གཅིག་ཏུ་རྣམ་པར་བལྟས་པ་ལས་ལྗོན་ཤིང་ཆེན་པོ་ཞིག་མཐོང་བ་དང་། སྟེང་དུ་འཛེགས་ནས་ཡལ་ག་དང་ལོ་མ་བཅད་དེ་བསིལ་གྲིབ་བྱས་སོ། །གཞན་ཡང་རྫིང་འདིའི་ཆུ་གང་ནས་འོངས་ཞེས་ཡོངས་སུ་བཙལ་བ་ལས་ཆུ་བོ་ཆེན་པོ་ཆུ་སྐྱེས་ཞེས་བྱ་བ་ཞིག་མཐོང་ངོ་། །དེའི་ཚེ་ཆུ་བོ་དེའི་འགྲམ་ན་ཉ་པ་མང་པོ་ཡོད་པས་ཉ་བླང་བའི་ཕྱིར་ཆུ་བོ་དེའི་གོང་དུ་གཡང་ས་ཆེན་པོ་ཡོད་པའི་གནས་སུ་ཆུ་བོ་ནས་འབབ་ཏུ་མི་སྟེར་བས་ཆུ་དྲལ་བའི་གནས་དེ་ཡང་ཤིན་ཏུ་བཅོས་དཀའ་བར་གྱུར་པས་འདི་སྙམ་དུ་གང་བ་འདི་ནི་ཤིན་ཏུ་ཟབ་ཅིང་གཡང་ས་ཆེ་བས་མི་བརྒྱ་སྟོང་གིས་ཟླ་བ་གསུམ་གྱི་བར་དུ་ཡང་གཅོད་པར་མི་ནུས་ན་བདག་གཅིག་པུས་ནུས་པ་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །དེ་ནས་ཚོང་དཔོན་གྱི་བུ་མྱུར་དུ་རང་གི་གྲོང་ཁྱེར་དུ་སོང་སྟེ་རྒྱལ་པོ་ཆེན་པོའི་དྲུང་དུ་ཕྱིན་ནས་མགོ་བོས་རྐང་པ་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་གུས་པས་ཐལ་མོ་སྦྱར་ཏེ། འདི་སྐད་དུ་བདག་གིས་རྒྱལ་པོ་ཆེན་པོའི་མངའ་རིས་ན་འབངས་ལ་བྲོ་ནད་སྣ་ཚོགས་ཅི་མཆིས་པ་གསོས་ནས། ཐམས་ཅད་བདེ་བར་བགྱིས་ཏེ། མཐར་གྱིས་ལྗོངས་རྒྱུར་མཆིས་པ་ལས་འབྲོག་དགོན་པ་ཞིག་ཏུ་མཆིས་པ་དང་། རྫིང་དགོན་པ་ཆུ་སྐྱེས་ཞེས་བགྱི་བ་དེའི་ཆབ་བས་སུ་ཉེ་བས་དེ་ན་ཉ་སྟོང་ཕྲག་བཅུ་མཆིས་པ་ཡང་གདུགས་ཀྱིས་སྐམས་པས་རིང་པོ་མི་ཐོགས་པར་འགུམ་པར་འགྱུར་བ་དག་མཐོང་ལགས་ན། རྒྱལ་པོ་ཆེན་པོ་བྱམས་པ་དང་ཐུགས་རྗེས་ཐུགས་བརྩེ་བར་དགོངས་ཏེ་གླང་པོ་ཆེ་ཉི་ཤུ་ཞིག་ཆབ་དགལ་བར་སྐད་ཅིག་སྩལ་དུ་གསོལ། །ཇི་ལྟར་བདག་གིས་ནད་པ་མང་པོ་དག་ལ་སྲོག་སྩལ་བ་དེ་བཞིན་དུ་ཉ་དེ་དག་གི་སྲོག་གི་སྐྱབས་བགྱིད་པ་ལགས་སོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་ཆེན་པོས་ཀྱང་བློན་པོ་ཆེན་པོ་ལ་སྨན་པའི་རྒྱལ་པོ་འདི་ལ་མྱུར་དུ་གླང་པོ་ཆེ་བྱིན་ཅིག་ཅེས་བསྒོའོ། །དེའི་ཚེ་བློན་པོ་ཆེན་པོས་ཀྱང་རྒྱལ་པོའི་བཀའ་ཁྱེར་ནས་ཚོང་དཔོན་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་ལེགས་སོ། །ཁྱོད་


DKG089_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་གླང་པོ་ཆེའི་ལྷས་སུ་སོང་སྟེ། ཡིད་ལ་ཇི་ལྟར་འདོད་པ་བཞིན་དུ་གླང་པོ་ཆེ་ཉི་ཤུ་ཞིག་འདམས་ཏེ་ཁྱེར་ལ་སེམས་ཅན་ལ་ཕན་བཏགས་ནས་བདེ་བ་ཐོབ་པར་གྱིས་ཤིག །དེ་ནས་ཆུ་འབེབས་བུ་གཉིས་དང་ལྷན་ཅིག་ཏུ་གླང་པོ་ཆེ་ཉི་ཤུ་ཁྲིད་དེ་ཆང་པའི་ཁྱིམ་ནས་རྐྱལ་པ་མང་པོ་གཡར་ཏེ། ཆུ་དྲལ་བའི་གནས་སུ་ཕྱིན་ནས་རྐྱལ་པ་ཆུས་བཀང་སྟེ་གླང་པོ་ཆེ་ལ་བཀལ་ནས་རྫིང་གི་དྲུང་དུ་ཕྱིན་ཏེ། རྫིང་གི་ནང་དུ་བླུགས་པ་དང་སྔ་མཁོ་བཞིན་དུ་གང་ཞིང་རྒྱས་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུས་རྫིང་གི་ངོས་བཞིར་འཁོར་བར་བལྟས་པ་དང་། དེ་ནས་ཉ་མང་པོ་དེ་དག་ཀྱང་ཕྱི་བཞིན་འབྲངས་ནས་འགྲམ་དུ་རྒྱུ་བར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་བུ་ཡང་འདི་སྙམ་དུ་ཉ་མང་པོ་འདི་དག་ཅིའི་ཕྱིར་བདག་གི་ཕྱི་བཞིན་འབྲང་། གདོན་མི་ཟ་བར་བཀྲེས་པའི་མེས་གདུངས་ནས་བདག་ལ་ཟས་སློང་བ་ཡིན་པས་བདག་གིས་སྦྱིན་པར་བྱའོ་སྙམ་དུ་བསམས་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་ཀྱིས་གླང་པོ་ཆེ་མཆོག་ཏུ་སྟོབས་དང་ལྡན་པ་ཞིག་བླངས་ཏེ་མྱུར་དུ་ཁྱིམ་དུ་དེང་ལ་ཡབ་ཚོང་དཔོན་ལ་གསོལ་ཏེ། ཁྱིམ་ན་བཟར་རུང་བའི་དངོས་པོ་ཅི་ཡོད་པ་དང་། ཕ་མ་ཟ་བའི་སྐལ་བ་དང་། བུ་དང་ཆུང་མ་དང་། བྲན་དང་། བྲན་མོའི་སྐལ་བ་ཅི་ཡོད་པ་ཐམས་ཅད་ཀྱང་བསྡུས་ཏེ་ཁྱེར་ལ་ཤོག་ཤིག །དེ་ནས་བུ་གཉིས་ཕའི་བསྟན་པ་མཉན་ནས་གླང་པོ་ཆེ་མཆོག་ལ་ཞོན་ཏེ། རིངས་པར་ཁྱིམ་དུ་སོང་ནས་མེས་པོའི་དྲུང་དུ་ཕྱིན་པ་དང་། དངོས་པོ་གོང་མ་རྒྱས་པར་སྨྲས་ནས་ཁྱིམ་ན་བཟར་རུང་བའི་དངོས་པོ་ཅི་ཡོད་པ་བླངས་ཏེ་གླང་པོ་ཆེ་ལ་བཀལ་ནས་མྱུར་ཞིང་རིངས་པར་ཕ་འདུག་པའི་རྫིང་དྲུང་དུ་ཕྱིན་པ་དང་། དེ་ནས་ཆུ་འབེབས་བུ་འོངས་པ་མཐོང་ནས་ལུས་དང་སེམས་དགའ་མགུ་རངས་པར་གྱུར་ཏེ། ཟས་རྣམས་བླངས་ནས་རྫིང་ཀུན་དུ་ཁྱབ་པར་གཏོར་བ་དང་། ཉ་རྣམས་ཟས་ཐོབ་པ་དང་ཐམས་ཅད་འགྲངས་ཤིང་ཚིམ་པར་གྱུར་ཏོ། །ཡང་འདི་སྙམ་དུ་དེང་བདག་གིས་ཟས་ཡོངས་སུ་བཏང་ནས་ཉ་རྣམས་སྲོག་ཐོབ་པར་གྱུར་པས་མ་འོངས་པའི་དུས་ཀྱི་ཚེ་ཡང་ཆོས་ཀྱི་ཟས་ཡོངས་སུ་བཏང་ནས་སེམས་ཅན་མཐའ་ཡས་


DKG089_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཚིམ་པར་བྱེད་པར་གྱུར་ཅིག་སྙམ་མོ། །གཞན་ཡང་འདི་སྙམ་དུ་བདག་གིས་སྔོན་དགོན་པའི་ནགས་ཚལ་ན་དགེ་སློང་ཞིག་ཐེག་པ་ཆེན་པོའི་མདོ་སྡེ་ཀློག་པ་ལས་རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོའི་དོན་གཅེས་པ་སྟོན་པ་ཡང་མཐོང་ཞིང་ཐོས། གཞན་ཡང་མདོ་སྡེ་ལས་སེམས་ཅན་གང་ལ་ལ་ཞིག་འཆི་ཀའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཀྱི་མཚན་ཐོས་པར་གྱུར་ན་མཐོ་རིས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པས། དེང་བདག་གིས་ཉ་སྟོང་ཕྲག་བཅུ་པོ་དེ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོ་ཡང་བསྟན་ལ་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཀྱི་མཚན་ཡང་བརྗོད་པར་བྱའོ། །འཛམ་བུའི་གླིང་འདི་ན་སེམས་ཅན་རྣམ་པ་གཉིས་ཡོད་དེ། ཐེག་པ་ཆེན་པོ་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པ་དང་། ཡིད་མི་ཆེས་ཤིང་སྨོད་པར་བྱེད་པ་སྟེ། དེ་དག་ཀྱང་མངོན་པར་ཡིད་ཆེས་པའི་སེམས་འཕེལ་བར་བྱའོ་སྙམ་མོ། །དེའི་ཚེ་ཚོང་དཔོན་གྱི་བུ་འདི་སྙམ་དུ་བདག་རྫིང་གི་ནང་དུ་ཞུགས་ཏེ་ཉ་མང་པོ་དེ་དག་ལ་ཆོས་ཟབ་མོ་ཤིན་ཏུ་གྱ་ནོམ་པ་བཤད་པར་བྱའོ་སྙམ་དུ་བསམས་ནས་ཆུའི་ནང་དུ་ཞུགས་ཏེ། འདི་སྐད་ཅེས་འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པའི་སྐྱེས་བུ་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཕུད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འདི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་འདི་ལྟར་ཐུགས་དམ་བཞེས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་གང་དག་འཆི་ཀའི་དུས་ཀྱི་ཚེ་ངའི་མིང་ཐོས་པར་གྱུར་ན་ཤི་འཕོས་པའི་འོག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ་ཞེས་བསྒྲགས་སོ། །དེ་ནས་ཆུ་འབེབས་ཀྱིས་རྫིང་གི་ཉ་དེ་དག་ལ་ཆོས་ཟབ་མོ་གྱ་ནོམ་པ་ཡང་འདི་སྐད་དུ་འདི་ཡོད་པའི་ཕྱིར་དེ་ཡོད། འདི་སྐྱེས་པའི་ཕྱིར་དེ་སྐྱེ་བར་འགྱུར་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་


DKG089_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། འཁྲུག་པ་འབྱུང་སྟེ། སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ། །འདི་འགགས་པའི་ཕྱིར་དེ་འགག་པར་འགྱུར་བ་འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག །འདུ་བྱེད་འགགས་པས་རྣམ་པར་ཤེས་པ་འགག །རྣམ་པར་ཤེས་པ་འགགས་པས་མིང་དང་གཟུགས་འགག །མིང་དང་གཟུགས་འགགས་པས་སྐྱེ་མཆེད་དྲུག་འགག །སྐྱེ་མཆེད་དྲུག་འགགས་པས་རེག་པ་འགག ། རེག་པ་འགགས་པས་ཚོར་བ་འགག །ཚོར་བ་འགགས་པས་སྲེད་པ་འགག །སྲེད་པ་འགགས་པས་ལེན་པ་འགག །ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་འགག །སྐྱེ་བ་འགགས་པས་རྒ་ཤི་འགག །རྒ་ཤི་འགགས་པས་མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། འཁྲུག་པ་རྣམས་འགག་པར་འགྱུར་ཏེ། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཞིག་འགག་པར་འགྱུར་རོ་ཞེས་བཤད་དོ། །ཆོས་འདི་དག་བཤད་ནས་གཞན་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་མཚུངས་པར་ལྡན་པའི་གཟུངས་འདི་བསྟན་ཏོ། །ཏདྱ་ཐཱ། བི་ཙ་ནི། བི་ཙ་ནི། བི་ཙ་ནི། སཾཤྩ་ནི། སཾཤྩ་ནི། སཾཤྩ་ནི། བྷི་ཤི་ནི། བྷི་ཤི་ནི། བྷི་ཤི་ནི་སྭཱ་ཧཱ། ཏདྱ་ཐཱ། ན་མི་ནི། ན་མི་ནི། ན་མི་ནི། ཤ་དྷི་ནི། ཤ་དྷི་ནི། ཤ་དྷི་ནི། སྲ་པྲ་ཤི་ནི། སྲ་པྲ་ཤི་ནི། སྲ་པྲ་ཤི་ནི་སྭཱ་ཧཱ། ཏདྱ་ཐཱ། བེ་ཏྲ་ནི། བེ་ཏྲ་ནི། བེ་ཏྲ་ནི། ཏྲི་ཤི་ནི་ནི། ཏྲི་ཤི་ནི་ནི། ཏྲི་ཤི་ནི་ནི། ཨུ་པ་དྷི་ནི། ཨུ་པ་དྷི་ནི། ཨུ་པ་དྷི་ནི་སྭཱ་ཧཱ། ཏདྱ་ཐཱ། བྷ་བི་ནི། བྷ་བི་ནི། བྷ་བི་ནི། ཤ་ཏི་ནི། ཤ་ཏི་ནི། ཤ་ཏི་ནི། ཤ་མ་ནི་ནི། ཤ་མ་ནི་ནི། ཤ་མ་ནི་ནི་སྭཱ་ཧཱ། དེའི་ཚེ་བཅོམ་ལྡན་འདས་


DKG089_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཁོར་མང་པོ་རྣམས་ལ་ཚོང་དཔོན་གྱི་བུའི་སྔོན་གྱི་རྒྱུ་འདི་བསྟན་པ་ན་ལྷ་དང་མིའི་འཁོར་རྣམས་ཀྱིས་ཤིན་ཏུ་ངོ་མཚར་ཆེའོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་དག་སོ་སོ་ནས་གནས་དེ་ཉིད་དུ་མགྲིན་གཅིག་ཏུ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ་ཤཱཀྱ་ཐུབ་པའི་གཙོ། །ཡན་ལག་བཅུ་གཉིས་མཚུངས་ལྡན་པ། །དམ་ཆོས་རིག་སྔགས་བཀས་བཤད་ནས། །སྡིག་བསལ་བསོད་ནམས་འཕེལ་བར་མཛད། །བདག་ཅག་ཀྱང་ནི་སྔགས་བརྗོད་ནས། །དམ་པའི་ཆོས་ནི་སྲུང་བར་བགྱིད། །གང་ཞིག་འགལ་བར་བགྱིས་ནས་ནི། །ལེགས་པར་རྗེས་སུ་མི་འབྲང་ན། །ཨརྫ་ཀ་ཡི་ཡལ་ག་བཞིན། །མགོ་ནི་ཚལ་པ་བདུན་དུ་འགས། །བདག་ཅག་བཅོམ་ལྡན་སྤྱན་སྔར་ནི། །རིག་སྔགས་ལན་ཅིག་བརྗོད་པར་བགྱི། །ཏདྱ་ཐཱ། ཧི་རི་མི་གཱ་ཏེ། གནྡྷ་རི། ཙནྡྷ་རི། དྷ་རི་ཛེ་བྷ་རེ། ཤི་ཧི་བྷ་རི། པུ་རེ་པུ་རེ། གུ་གུ་མ་ཏི། ཁི་ར་མ་ཏི། དྷ་དྷི་མུ་ཁི། ལཽ་རུ་བྷ། མུ་རུ་བྷི། ཀུ་ཙ་མུ་རུ་གནྟེ།ཏུ་རུ་ཏུ་རུ་ཏུ་རུ་བཱི་རྱེ། ཨ་དྷི་སིདྡྷི། ད་བ་བྱེ། དྷ་ད་བ་བྱེ། ཨུསྟེ། ཨུ་སྟ་བད་དྷེ། ཨན་ལེ་བད་དྷེ། པ་དུ་མ་བད་དྷེ། ཨ་སུ་མ་བད་དྷེ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་དེའི་ཚེ་ཚོང་དཔོན་གྱི་བུ་ཆུ་འབེབས་དང་བུ་གཉིས་ཀྱིས་རྫིང་དེའི་ཉ་དག་ལ་ཆུ་དང་ཟས་བྱིན་ནས་ཆོས་བཤད་དེ་སླར་རང་གི་ཁྱིམ་དུ་དོང་ངོ་། །ཚོང་དཔོན་གྱི་བུ་ཆུ་འབེབས་དེ་དུས་གཞན་ཞིག་ན་སྟོན་མོ་ལ་འདུས་ཏེ། སྟོན་མོ་སྣ་ཚོགས་བྱས་ནས་ཆང་གིས་ར་རོ་སྟེ་ཉལ་བ་དང་། དེའི་ཚེ་ཉ་སྟོང་ཕྲག་བཅུ་པོ་དེ་དག་དུས་གཅིག་ཏུ་ཚེ་འདས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པས། དེ་དག་འདི་སྙམ་དུ་བདག་ཅག་དགེ་བའི་ལས་ཀྱི་རྒྱུ་དང་རྐྱེན་གང་གིས་ལྷའི་གནས་འདིར་སྐྱེས་པར་གྱུར་ཅེས་བསམས་ནས་ཕན་ཚུན་གཅིག་ལ་གཅིག་འདི་སྐད་དུ་བདག་ཅག་ནི་སྔོན་འཛམ་བུའི་གླིང་དུ་དུད་འགྲོའི་སྐྱེ་གནས་སུ་ལྷུང་ནས་ཉའི་ལུས་བླངས་པ་ལས། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་བདག་ཅག་ལ་ཆུ་དང་ཟས་བྱིན་ནས། གཞན་ཡང་བདག་ཅག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོ་དང་གཟུངས་ཀྱང་བཤད། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་ཀྱི་མཚན་ནས་ཀྱང་བརྗོད་པའི་རྒྱུ་


DKG089_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྐྱེན་དེས་བདག་ཅག་ལྷའི་གནས་འདིར་སྐྱེས་པ་ཡིན་པས། དེའི་ཕྱིར་བདག་ཅག་ཐམས་ཅད་ཚོང་དཔོན་གྱི་བུ་དེའི་ཐད་དུ་དོང་ལ་དྲིན་བསབ་པའི་ཕྱིར་མཆོད་པ་བྱ་བའི་རིགས་སོ་ཞེས་སྨྲས་སོ། །དེ་ནས་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་ལྷའི་གནས་དེ་ནས་མི་སྣང་བར་གྱུར་ཏེ་འཛམ་བུའི་གླིང་དུ་སྨན་པའི་རྒྱལ་པོ་ཆེན་པོའི་ཐད་དུ་ལྷགས་སོ། །དེའི་ཚེ་ཚོང་དཔོན་གྱི་བུ་དེ་ཡང་ཐོག་མཐོན་པོའི་སྟེང་དུ་བདེ་བར་གཉིད་ལོག་པ་ལས་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས་མུ་ཏིག་གི་ཕྲེང་བ་སྟོང་ཕྲག་བཅུ་ནི་མགོ་དྲུང་དུ་བཞག །ཡང་སྟོང་ཕྲག་བཅུ་ནི་རྐང་པའི་དྲུང་དུ་བཞག །ཡང་སྟོང་ཕྲག་བཅུ་ནི་གཡས་ཕྱོགས་སུ་བཞག །ཡང་སྟོང་ཕྲག་བཅུ་ནི་གཡོན་ཕྱོགས་སུ་བཞག་སྟེ། མེ་ཏོག་མནྡཱ་ར་བ་དང་། མནྡཱ་ར་བ་ཆེན་པོའི་ཆར་པུས་ནུབ་ཙམ་དུ་ཕབ་ནས་འོད་ཀྱིས་ཀུན་དུ་སྣང་བར་བྱས་ཏེ། ལྷའི་རོལ་མོ་རྣམ་པ་སྣ་ཚོགས་ལས་སྒྲ་དབྱངས་སྙན་པ་དག་བྱུང་བས་འཛམ་བུའི་གླིང་དུ་གཉིད་ལོག་པ་ཐམས་ཅད་སད་པར་བྱས་སོ། །ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱང་གཉིད་ལོག་པ་ལས་སད་པར་གྱུར་པ་དང་། དེ་ནས་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གིས་མཆོད་པ་བྱས་ནས་ནམ་མཁའ་ལ་འཕུར་ཏེ་དོང་ངོ་། །རྒྱལ་པོ་ལྷའི་དབང་ཕྱུག་གི་འོད་ཀྱི་ཡུལ་ཁམས་སུ་ཡང་གནས་དེ་དང་དེ་དག་ཐམས་ཅད་དུ་ལྷའི་མེ་ཏོག་པདྨ་དམ་པའི་ཆར་མངོན་པར་ཕབ་བོ། །ལྷའི་བུ་མང་པོ་དེ་དག་སྔོན་གྱི་གནས་དགོན་པའི་རྫིང་དྲུང་དུ་དོང་ནས་ལྷའི་མེ་ཏོག་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་སྟེ། དེ་ནས་མི་སྣང་བར་གྱུར་ནས་སླར་ལྷའི་གནས་སུ་དོང་སྟེ། ཡིད་བཞིན་དུ་ཅི་དགའ་བར་འདོད་པ་ལྔའི་བདེ་བ་དག་ལ་ལོངས་སྤྱོད་པར་གྱུར་ཏོ། །རྒྱལ་པོ་ལྷའི་དབང་ཕྱུག་གི་འོད་ཀྱང་ནམ་ལངས་པ་དང་བློན་པོ་ཆེན་པོ་དེ་དག་ལ་མདང་སུམ་རྒྱུ་དང་རྐྱེན་གང་གི་ཕྱིར་ཡ་མཚན་གྱི་མཚན་མ་དེ་ལྟ་བུ་དག་སྣང་ཞིང་འོད་ཟེར་ཆེན་པོ་དག་ཀྱང་བཀྱེ་བར་གྱུར་ཅེས་སྨྲས་སོ། །བློན་པོ་ཆེན་པོས་གསོལ་བ། རྒྱལ་པོ་ཆེན་པོ་མཁྱེན་པར་མཛོད་ཅིག །ལྷའི་ཚོགས་མང་པོ་རྣམས་ཀྱིས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་སྡུམ་པར་མུ་ཏིག་གི་ཕྲེང་བ་སྟོང་ཕྲག་བཞི་བཅུ་དང་། མེ་ཏོག་མནྡཱ་ར་བའི་ཆར་མངོན་པར་ཕབ་པ་པུས་ནུབ་ཙམ་དུ་བགྱིས་ལགས་སོ། །རྒྱལ་པོས་བློན་པོ་ལ་


DKG089_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོ་བ། ཚོང་དཔོན་གྱི་ཁྱིམ་དུ་སོང་ལ་དེའི་བུ་བོས་ཤིག །བློན་པོ་ཆེན་པོས་བཀའ་མཉན་ནས་དེའི་ཁྱིམ་དུ་སོང་སྟེ། རྒྱལ་པོའི་བཀའ་བཟླས་ནས། ཚོང་དཔོན་གྱི་བུ་བཀུག་གོ། །དེ་ནས་ཚོང་དཔོན་གྱི་བུ་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། མདང་སུམ་རྒྱུ་དང་རྐྱེན་གང་གི་ཕྱིར་ཡ་མཚན་ཆེ་བའི་མཚན་མ་དེ་ལྟ་བུ་དག་བྱུང་བར་གྱུར་ཅེས་དྲིས་སོ། །ཚོང་དཔོན་གྱི་བུས་སྨྲས་པ། བདག་གིས་དཔྱད་པ་ལྟར་ན་གདོན་མི་འཚལ་བར་རྫིང་དེའི་ནང་གི་ཉ་མང་པོ་དེ་དག་མདོ་སྡེ་ལས་གསུངས་པ་བཞིན་དུ་ཚེ་འདས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་པས་དེ་དག་དྲིན་ལ་ལན་གླན་པའི་སླད་དུ་ཡ་མཚན་ཆེ་བའི་མཚན་མ་དེ་ལྟ་བུ་བསྟན་སྙམ་བགྱིད་ལགས་སོ། །རྒྱལ་པོས་སྨྲས་པ། ཇི་ལྟར་ཤེས། ཆུ་འབེབས་ཀྱིས་སྨྲས་པ། ལྷས་ཕོ་ཉ་འགའ་ཞིག་དང་། བདག་གི་བུ་གཉིས་རྫིང་དེའི་དྲུང་དུ་བཏང་སྟེ། ཉ་སྟོང་ཕྲག་བཅུ་པོ་དེ་གུམ་མམ་འཚོ་བརྟགས་ན་མད་དམ་མི་མད་མཁྱེན་པར་འགྱུར་ལགས་སོ། །རྒྱལ་པོས་དེ་སྐད་སྨྲས་པ་ཐོས་ནས་ཕོ་ཉ་དང་། དེའི་བུ་གཉིས་རྫིང་དེའི་དྲུང་དུ་བཏང་བ་ལས་རྫིང་གི་ནང་ན་མེ་ཏོག་མནྡཱ་ར་བ་མང་པོ་ཕུང་པོ་ཆེན་པོར་གྱུར་པ་དང་། ཉ་མང་པོ་ཐམས་ཅད་དུས་ལས་འདས་པར་མཐོང་ངོ་། །མཐོང་ནས་ཀྱང་སླར་མྱུར་དུ་ལོག་སྟེ་རྒྱས་པར་རྒྱལ་པོ་ལ་གསོལ་བ་དང་། རྒྱལ་པོ་ཡང་དེ་ལྟར་གྱུར་པ་ཐོས་པས་རབ་ཏུ་དགའ་བར་གྱུར་ནས་སྔོན་ཆད་དེ་ལྟ་བུ་མ་བྱུང་ངོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་ཁྱོད་ཀྱིས་འདི་ལྟར་ཤེས་པར་བྱ་སྟེ། སྔོན་བྱུང་བ་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བྱ་བ་དེ་ནི་ང་ཉིད་ཡིན་ནོ། །ཚོང་དཔོན་ཆུ་འཛིན་ཅེས་བྱ་བ་དེ་ནི་མཛེས་པའི་ཏོག་ཡིན་ནོ། །དེའི་བུ་གཉིས་ལས་བུ་ཆེན་པོ་ཆུ་རྒྱས་ཞེས་བྱ་བ་དེ་ནི་དངུལ་གྱི་ཏོག་ཅེས་བྱ་བ་འདི་ཉིད་དོ། །དེའི་བུ་ཆུང་ངུ་ཆུའི་མཛོད་ཅེས་བྱ་བ་དེ་ནི་དངུལ་གྱི་འོད་ཅེས་བྱ་བ་འདི་ཉིད་ཡིན་ནོ། །རྒྱལ་པོ་ལྷའི་དབང་ཕྱུག་གི་འོད་ཅེས་བྱ་བ་དེ་ནི་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་ཁྱོད་ཉིད་ཡིན་ནོ། །ཉ་སྟོང་ཕྲག་བཅུ་པོ་དེ་དག་ནི་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་ཉིད་ཡིན་ནོ། །ངས་སྔོན་ཉ་དེ་དག་ལ་ཆུ་དང་ཟས་བྱིན་ཏེ་ཚིམ་པར་བྱས་ནས་རྟེན་


DKG089_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པའི་ཆོས་ཟབ་མོ་དང་མཚུངས་པར་ལྡན་པའི་གཟུངས་འདི་བཤད་པའི་རྒྱུ་དེ་དང་། གཞན་ཡང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཕུད་དེའི་མཚན་ནས་བརྗོད་དེ་བསྟན་པའི་དགེ་བའི་རྩ་བ་དེའི་རྒྱུས་མཐོ་རིས་སུ་སྐྱེས་པར་གྱུར་པས། དེང་ངའི་ཐད་དུ་འོངས་ནས་རབ་ཏུ་དགའ་བས་ཆོས་མཉན་པས་ངས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ནས་དེ་དག་གི་མིང་བསྟན་པ་ཡིན་ནོ། །རིགས་ཀྱི་ལྷ་མོ་ཇི་ལྟར་ངས་སྔོན་སྲིད་པ་རྣམས་སུ་འཁོར་བ་ན་འཁོར་བའི་ཚེ་སེམས་ཅན་ཚད་མེད་པ་སྙེད་ལ་རྒྱ་ཆེར་ཕན་བཏགས་ནས་ཐམས་ཅད་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བཞིན་དུ་ཁྱེད་ཅག་ཐམས་ཅད་ཀྱིས་ཀྱང་ནན་ཏན་བརྩོན་འགྲུས་ཀྱིས་ངེས་པར་འབྱུང་བ་ཡོངས་སུ་གཉེར་ནས། བག་མེད་པར་མི་བྱའོ། །དེ་ནས་འཁོར་མང་པོ་རྣམས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པ་དང་། ཐམས་ཅད་ཀྱིས་བྱམས་པ་དང་། སྙིང་རྗེ་ཆེན་པོས་ཐམས་ཅད་ཡོངས་སུ་སྐྱོ་བ་དང་། ནན་ཏན་བརྩོན་འགྲུས་ཀྱི་དཀའ་བ་སྤྱད་ནས། གདོད་བླ་ན་མེད་པའི་བྱང་ཆུབ་རྟོགས་ཤིང་མངོན་དུ་བྱེད་པར་འགྱུར་བར་ཁོང་དུ་ཆུད་པར་གྱུར་པས་ཤིན་ཏུ་དང་བའི་སེམས་ཀྱིས་མངོན་པར་ཡིད་ཆེས་ཤིང་རབ་ཏུ་དགའ་བར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །།གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ།བམ་པོ་བཅུ་པ་སྟེ་ཐ་མ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་རྣམས་ལ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་གི་སྔོན་གྱི་རྒྱུ་དང་རྐྱེན་བཀས་བཤད་ནས།ཡང་བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་དང་འཁོར་མང་པོ་རྣམས་ལ་བཀའ་སྩལ་པ། ངས་འདས་པའི་དུས་ཀྱི་ཚེ་བྱང་ཆུབ་སེམས་དཔའི་ལམ་སྤྱོད་པ་ན་ཆུ་དང་ཟས་སྦྱིན་པ་བཏང་ནས་ཉ་དེ་དག་གི་སྲོག་ལ་ཕན་བཏགས་པ་འབའ་ཞིག་བྱས་པ་མ་ཡིན་གྱི། ཤིན་ཏུ་ཕངས་པའི་ལུས་ཀྱང་ཡོངས་སུ་བཏང་སྟེ། དེའི་རྒྱུ་དང་རྐྱེན་གང་ཡིན་པ་ལྷན་ཅིག་བལྟ་བར་བྱའོ། །


DKG089_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷའི་གནས་ཀྱི་སྟེང་དང་། ལྷའི་གནས་ཀྱི་འོག་ཐམས་ཅད་ན་མཆོག་ཏུ་རྣམ་པར་རྒྱལ་བ། མཆོག་ཏུ་བཙུན་པ། འོད་ཟེར་བརྒྱ་སྟོང་དུ་མས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསལ་བར་མཛད་པ། མཁྱེན་པ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་པ། ཡོན་ཏན་ཡོངས་སུ་རྫོགས་པར་གྱུར་པ་དེས་དགེ་སློང་རྣམས་དང་། འཁོར་མང་པོ་རྣམས་དང་ཐབས་ཅིག་ཏུ་པཉྩ་ལའི་ལྗོངས་སུ་བྱོན་ནས། ནགས་ཚལ་ས་གཞི་ཤིན་ཏུ་མཉམ་ལ་ཚེར་མ་རྣམས་མེད་པ་མེ་ཏོག་མཆོག་དམ་པ་དང་རྩྭ་འཇམ་པོ་དག་གིས་ཀུན་དུ་ཁྱབ་པར་བཀྲམ་པར་གཤེགས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཤིང་འདིའི་དྲུང་དུ་ངའི་ཆེད་དུ་སྟན་ཐིང་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཀའ་མཉན་ནས་གདན་བཏིང་ངོ་། །བཏིང་ཟིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་ལགས་ན་འཕགས་པས་དུས་མཁྱེན་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་གདན་གྱི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་ནས། ཡང་དག་པའི་དྲན་པ་ཉེ་བར་བཞག་སྟེ་བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་ཅག་སྔོན་དཀའ་བ་སྤྱད་པའི་བྱང་ཆུབ་སེམས་དཔའི་སྔོན་གྱི་ལུས་ཀྱི་རིང་བསྲེལ་བལྟ་བར་འདོད་དམ། དགེ་སློང་རྣམས་ཀྱིས་གསོལ་བ། བདག་ཅག་མཐོང་བར་མོས་ལགས་སོ། །དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱས་རབ་ཏུ་བརྒྱན་པ། མཚན་དང་དཔེ་བྱད་དང་ལྡན་པའི་ཕྱག་གིས་ས་ལ་བསྣུན་པ་དང་། དེའི་ཚེ་ས་ཆེན་པོ་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་པས་ས་གས་ཤིང་བྱེ་བར་གྱུར་པ་དང་། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱི་དྲ་བས་རབ་ཏུ་བརྒྱན་པ་ཞིག་མངོན་པར་འཕགས་ཏེ་བྱུང་བ་འཁོར་མང་པོ་ཀུན་གྱིས་མཐོང་ནས་ངོ་མཚར་ཆེ་བའི་བསམ་པ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ཕྱག་མཛད་ནས་གཡས་


DKG089_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་བསྐོར་བ་མཛད་དེ་སླར་གདན་ལ་བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་མཆོད་རྟེན་འདིའི་སྒོ་ཕྱེ་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྒོ་དེ་ཕྱེ་སྟེ། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒྲོམ་བུ་རིན་པོ་ཆེ་མཆོག་དམ་པས་བརྒྱན་པ་ཞིག་མཐོང་བ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིན་པོ་ཆེ་སྣ་བདུན་ལས་བགྱིས་པའི་སྒྲོམ་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པ་ཞིག་གདའ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱིས་སྒྲོམ་ཕྱེ་ཤིག་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཀའ་མཉན་ནས་ཕྱེ་བ་དང་རིང་བསྲེལ་ཁ་དོག་དུང་དང་མེ་ཏོག་ཀུ་མུ་ད་འདྲ་བ་ཞིག་མཐོང་ནས་བཅོམ་ལྡན་འདས་ལ་གསོལ་བ། སྒྲོམ་གྱི་ནང་ན་རིང་བསྲེལ་ཁ་དོག་དམ་པ་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་གདའ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྐྱེས་བུ་ཆེན་པོའི་རུས་པ་འདིར་ཁྱེར་ཏེ་ཤོག་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རིང་བསྲེལ་དེ་བླངས་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་བཞེས་ནས་དགེ་སློང་རྣམས་ལ་ཁྱེད་ཀྱིས་དཀའ་བ་སྤྱད་པའི་བྱང་ཆུབ་སེམས་དཔའ་ལུས་ཀྱི་རིང་བསྲེལ་བཞག་པ་ལ་ལྟོས་ཤིག་ཅེས་བཀའ་སྩལ་ནས་ཚིགས་སུ་བཅད་དེ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཡོན་ཏན་མཆོག་ལྡན་བློ། །རབ་དཔའ་བརྩོན་པས་ཕ་རོལ་ཕྱིན་དྲུག་རྫོགས། །རྟག་སྒོམ་བྱང་ཆུབ་ཕྱིར་ནི་རྒྱུན་འཆད་མེད། །བཏང་སྙོམས་ཆེ་བསྟན་སེམས་ལ་ངལ་བ་མེད། །དགེ་སློང་དག་ཁྱེད་ཅག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའི་སྔོན་གྱི་ལུས་ཀྱི་རིང་བསྲེལ་ལ་གུས་པས་ཕྱག་བྱོས་ཤིག །རིང་བསྲེལ་འདི་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དྲི་ཚད་མེད་པ་དག་གིས་ཡོངས་སུ་བདུགས་པ། བསོད་ནམས་ཀྱི་ཞིང་མཆོག་དམ་པ་ཡིན་པས་ཤིན་ཏུ་ཕྲད་པར་དཀའོ། །དེ་ནས་དགེ་སློང་རྣམས་དང་། འཁོར་མང་པོ་རྣམས་ཀྱིས་སེམས་རྩེ་གཅིག་ཏུ་གུས་


DKG089_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཐལ་མོ་སྦྱར་ཏེ་མགོ་བོས་རིང་བསྲེལ་ལ་ཕྱག་བྱས་ནས། སྔོན་ཆད་ནམ་ཡང་དེ་ལྟ་བུ་མ་བྱུང་ངོ་ཞེས་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་མདུན་དུ་འཕགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་ནི་ཐམས་ཅད་ལས་མངོན་པར་འཕགས་པ་ལགས་པས་སེམས་ཅན་ཀུན་གྱིས་བསྙེན་བཀུར་བགྱི་བ་ལགས་ན། རྒྱུ་དང་རྐྱེན་གང་གི་སླད་དུ་ལུས་ཀྱི་རུས་པ་འདི་ལ་ཕྱག་མཛད་ལགས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ང་ནི་རུས་པ་འདིའི་རྒྱུས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པས་སྔོན་གྱི་དྲིན་བསབ་པའི་ཕྱིར་དེང་ངས་ཕྱག་བྱས་པ་ཡིན་ནོ། །ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ངས་དེང་ཁྱོད་དང་འཁོར་མང་པོའི་ཐེ་ཙོམ་དང་སོམ་ཉི་བཅད་པའི་ཕྱིར་རིང་བསྲེལ་འདིའི་སྔོན་གྱི་རྒྱུ་དང་རྐྱེན་གང་ཡིན་པ་ཡང་དག་པར་བཤད་ཀྱིས་ཁྱེད་ཅག་ལེགས་པར་ཡིད་ལ་བྱོས་ལ་སེམས་རྩེ་གཅིག་ཏུ་ཉོན་ཅིག །ཚེ་དང་ལྡན་པ་ཀུན་དགའ་བོས་གསོལ་བ། བདག་ཅག་ཤིན་ཏུ་ཐོས་པར་མོས་ལགས་ན་རྣམ་པར་ཕྱེ་སྟེ་བཀས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ཀྱི་ཚེ་ཡུལ་གཅིག་གི་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་ཤིན་ཏུ་ཕྱུག་ཅིང་ནོར་མང་བ། བང་མཛོད་རྒྱས་པ། དམག་གི་དཔུང་རབ་ཏུ་དཔའ་བ། མང་པོ་ཀུན་གྱིས་བཀུར་ཞིང་ངག་ཉན་པ། རྟག་པར་ཡང་དག་པའི་ཆོས་ཀྱིས་སྐྱེ་བོ་འདུལ་བ། མི་རྣམས་དར་ཞིང་རྒྱས་པ། ཕྱིར་རྒོལ་བའི་དགྲ་མེད་པ་ཞིག་ཡོད་དེ། བཙུན་མོ་དམ་པ་བྱད་བཞིན་ཤིན་ཏུ་སྡུག་ཅིང་མཛེས་པ། མང་པོ་ཀུན་གྱིས་བལྟ་བར་མོས་པའི་བུ་གསུམ་ཡོད་དེ། བུ་ཆེན་པོའི་མིང་ནི་སྒྲ་ཆེན་པོ་ཞེས་བྱའོ། །བུ་འབྲིང་པོའི་མིང་ནི་ལྷ་ཆེན་པོ་ཞེས་བྱའོ། །བུ་ཐ་ཆུངས་ཀྱི་མིང་ནི་སེམས་ཅན་ཆེན་པོ་ཞེས་བྱའོ། །དེའི་ཚེ་རྒྱལ་པོ་ཆེན་པོ་དེ་རྩེ་ཞིང་ལྟད་མོ་བལྟ་བའི་ཕྱིར་རི་


DKG089_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དང་ནགས་ཚལ་ཀུན་དུ་བལྟ་བར་ཆས་པ་དང་། བུ་གསུམ་པོ་དེ་ཡང་ཕྱི་བཞིན་དུ་དོང་ངོ་། །མེ་ཏོག་དང་འབྲས་བུ་བཙལ་བའི་ཕྱིར་ཕ་སྤངས་ཏེ་ཀུན་དུ་འཁྱམ་པ་ལས་འོད་མའི་ཚལ་ཆེན་པོ་ཞིག་ཏུ་ཕྱིན་ཏེ་ངལ་བསོས་སོ། །དེ་ནས་རྒྱལ་བུ་ཆེན་པོས་འདི་སྐད་དུ་དེང་བདག་ནི་སེམས་སྐྲག་ཅིང་འཇིགས་པར་གྱུར་ན། ནགས་ཚལ་འདིར་གཅན་གཟན་མ་རུངས་པ་དག་གིས་བདག་ཅག་གསོད་པར་མི་འགྱུར་རམ་ཞེས་སྨྲས་སོ། །རྒྱལ་བུ་འབྲིང་པོས་ཡང་འདི་སྐད་དུ་བདག་ནི་རང་གི་ལུས་ལ་དང་པོ་ནས་ཕངས་པ་མེད་ན་སྙིང་དུ་སྡུག་པ་འདི་དང་འབྲལ་བའི་སྡུག་བསྔལ་ཞིང་འབྱུང་དུ་དོགས་སོ་ཞེས་སྨྲས་སོ། །རྒྱལ་བུ་ཐ་ཆུངས་ཀྱིས་ཕོ་བོ་གཉིས་ལ་སྨྲས་པ། །འདི་ནི་ལྷ་དང་དྲང་སྲོང་འདུ་བའི་གནས། །བདག་ལ་འཇིགས་དངངས་འབྲལ་བའི་མྱ་ངན་མེད། །ལུས་སེམས་ཀུན་ཁྱབ་དགའ་བ་སྐྱེས་པས་ན། །ཁྱད་པར་འཕགས་པའི་ཡོན་ཏན་འཐོབ་པར་འགྱུར། །དེའི་ཚེ་རྒྱལ་བུ་རྣམས་སོ་སོ་ནས་རང་གི་སེམས་ལ་ཅི་བསམས་པའི་དངོས་པོ་དག་སྨྲས་ནས་མཐར་གྱིས་མདུན་དུ་དོང་བ་ལས་སྟག་མོ་ཞིག་བུ་བདུན་བཙས་ནས་ཞག་བདུན་ལོན་པ་བུ་རྣམས་ཀྱིས་བསྐོར་བ། བཀྲེས་པ་དང་སྐོམ་པ་དག་གིས་རབ་ཏུ་གཟིར་བ། ལུས་རིད་ཅིང་ཉམ་ཆུང་བ་རིང་པོ་མི་ཐོགས་པར་འཆི་བར་འགྱུར་བ་ཞིག་མཐོང་བ་དང་། རྒྱལ་བུ་ཆེན་པོས་འདི་སྐད་དུ་ཀྱེ་མ་སྟག་མོ་འདི་ནི་བུ་བཙས་ནས་ཞག་བདུན་ལོན་ཏེ། བུ་བདུན་གྱིས་ཡོངས་སུ་བསྐོར་བས་ཟས་བཙལ་ཡང་མི་ཁོམ་སྟེ། བཀྲེས་པ་དང་སྐོམ་པ་དག་གིས་རབ་ཏུ་གཟིར་བས་གདོན་མི་ཟ་བར་བུ་རྣམས་ཟ་བར་འགྱུར་རོ་ཞེས་སྨྲས་སོ། །རྒྱལ་བུ་སེམས་ཅན་ཆེན་པོས་སྨྲས་པ། སྟག་འདི་དག་རྟག་པར་ཟས་ཇི་ལྟ་བུ་ཞིག་ཟ། རྒྱལ་བུ་ཆེན་པོས་སྨྲས་པ། སྟག་དང་སེང་གེ་འཕར་སྤྱང་རྣམས། །ཤ་ཁྲག་དྲོན་མོ་འབའ་ཞིག་ཟ། །དེ་ལས་གཞན་པའི་ཟས་སྐོམ་གྱིས། །འདི་ཡི་ཉམ་ཆུང་སེལ་མི་ནུས། །རྒྱལ་བུ་འབྲིང་པོས་དེ་སྐད་སྨྲས་པ་ཐོས་པ་དང་འདི་སྐད་ཅེས་སྨྲས་སོ། །སྟག་མོ་འདི་ནི་རིད་ཅིང་ཉམ་ཆུང་ལ་བཀྲེས་སྐོམ་གྱིས་ཉོན་མོངས་པས་སྲོག་གི་ལྷག་མ་ཆུང་ཟད་ཙམ་ཞིག་ལུས་ན། བདག་ཅག་གིས་ཇི་ལྟར་


DKG089_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་རྙེད་པར་དཀའ་བའི་ཟས་དང་སྐོམ་བཙལ་བར་ནུས། སུ་ཞིག་ནི་འདི་དག་གི་ཆེད་དུ་རང་གི་ལུས་དང་སྲོག་སྤངས་ནས་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་སེལ་བར་བྱེད། རྒྱལ་བུ་ཆེན་པོས་སྨྲས་པ། སྤང་བར་དཀའ་བ་ཐམས་ཅད་ཀྱི་ནང་ན་བདག་གི་ལུས་ལས་ལྷག་པ་གང་ཡང་མེད་དོ། །རྒྱལ་བུ་སེམས་ཅན་ཆེན་པོས་སྨྲས་པ། དེང་བདག་ཅག་ནི་སོ་སོ་ནས་རང་གི་ལུས་ལ་སྲེད་ཅིང་མངོན་པར་ཞེན་པ་དང་། ཤེས་རབ་མེད་པས་གཞན་ལ་ཕན་འདོགས་པར་མི་ནུས་ཀྱི། སྐྱེས་བུ་དམ་པ་དག་ནི་སྙིང་རྗེ་ཆེན་པོའི་སེམས་དང་ལྡན་པས་རྟག་པར་གཞན་ལ་ཕན་གདགས་པའི་ཕྱིར་རང་གི་ལུས་ཁྱད་དུ་བསད་ནས་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་དོ། །གཞན་ཡང་འདི་སྙམ་དུ་བདག་གི་ལུས་འདི་ནི་ཚེ་རབས་བརྒྱ་སྟོང་དུ་མའི་བར་དུ་དོན་མེད་པར་རུལ་ཅིང་མྱགས་ཏེ་བོར་བས་ཕན་པ་ཅི་ཡང་བྱས་པ་མེད་ན། ཅིའི་ཕྱིར་དེང་མཆིལ་སྣབས་བཞིན་དུ་ཡོངས་སུ་སྤངས་ནས་བཀྲེས་པ་དག་གིས་ཉེན་པའི་སྡུག་བསྔལ་སེལ་བར་མི་བྱེད་སྙམ་མོ། །དེའི་ཚེ་རྒྱལ་བུ་དེ་དག་ཚིག་དེ་ལྟ་བུ་དག་སྨྲས་ནས་སོ་སོ་ནས་བྱམས་ཤིང་བརྩེ་བའི་སེམས་བསྐྱེད་དེ། སྟག་མོ་ཉམ་ཆུང་བ་དེ་ལ་མིག་མི་གཡེང་བར་བལྟས་ནས་རིང་ཞིག་ཏུ་བསྐོར་ཏེ་ཅིག་ཆར་སྤངས་ནས་དོང་ངོ་། །དེ་ནས་རྒྱལ་བུ་སེམས་ཅན་ཆེན་པོ་འདི་སྙམ་དུ་བདག་གིས་ལུས་དང་སྲོག་བཏང་བའི་དུས་ནི་དེང་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ཡུན་རིང་ལུས་འདི་རབ་བཟུང་ཡང་། །མི་གཙང་མནམ་ལ་རྣག་འཛག་ཡིད་མི་འོང་། །ཡོ་བྱད་གོས་ཟས་ཤིང་རྟ་གླང་པོ་རྟ། །ནོར་དང་རིན་ཆེན་རིམ་གྲོ་བྱས་ཀྱང་ནི། །འགྱུར་ཞིང་འཇིག་ཆོས་ངོ་བོ་ཉིད་མི་རྟག །རྟག་ཚོལ་དགང་དཀའ་བསྲུང་བར་རབ་ཏུ་དཀའ། །རྟག་ཏུ་མཆོད་ཅིང་རིམ་གྲོ་བྱས་ཀྱང་ནི། །ནམས་ཀྱང་བདག་འདོར་བྱས་པའི་དྲིན་མི་ཤེས། ། གཞན་ཡང་ལུས་འདི་ནི་མི་བརྟན་པས་བདག་ལ་ཕན་པ་མེད་པ། འཇིགས་སུ་རུང་བས་དགྲ་དང་འདྲ་བ། མི་གཙང་བས་ལུད་དང་མཚུངས་པ་ཡིན་པས། དེང་བདག་གི་ལུས་འདིས་ཡངས་ཤིང་རྒྱ་ཆེ་བའི་ལས་མངོན་པར་བསྒྲུབས་ནས་སྐྱེ་ཤིའི་རྒྱ་མཚོར་གྲུ་གཟིངས་ཆེན་


DKG089_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བྱས་ཏེ། འཁོར་བ་ཡོངས་སུ་སྤངས་ནས་ངེས་པར་འབྱུང་བ་ཐོབ་པར་བྱའོ་སྙམ་མོ། །གཞན་ཡང་འདི་སྙམ་དུ་གལ་ཏེ་ལུས་འདི་སྤངས་པར་གྱུར་ན་འདི་ཉིད་འབྲས་དང་། ནད་མ་རུངས་པ་ཚད་མེད་པ་དང་། འཇིགས་ཤིང་སྐྲག་པ་བརྒྱ་སྟོང་དུ་མ་སྤངས་པ་ཡིན་ནོ། །ལུས་འདི་ནི་བཤང་གཅི་འབའ་ཞིག་དང་ལྡན་པ། ཆུ་བུར་ལྟ་བུར་མི་བརྟན་པ། སྲིན་བུ་མང་པོ་འདུས་པ། རྩ་རྒྱུས་དང་རུས་པ་ཕན་ཚུན་འབྲེལ་པ། ཤིན་ཏུ་ཡོངས་སུ་སྐྱོ་བར་བྱ་བ། ཉེས་དམིགས་དང་བཅས་པ་ཡིན་པས་དེའི་ཕྱིར་དེང་བདག་གིས་ལུས་ཡོངས་སུ་སྤངས་ནས་བླ་ན་མེད་པ་མཐར་ཕྱིན་པའི་མྱ་ངན་ལས་འདས་པ་ཡོངས་སུ་བཙལ་ཏེ། མྱ་ངན་གྱི་ཉེས་པ་དང་། མི་རྟག་པའི་སྡུག་བསྔལ་དང་། འཁྲུག་པ་གཏན་དུ་སྤངས་ནས་འཁོར་བ་རྒྱུན་བཅད་དེ། ཉེས་པ་རྣམས་སྤངས་ནས་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ཀྱིས་ཕུན་སུམ་ཚོགས་པར་བསྒོམས་ནས་བསོད་ནམས་བརྒྱ་སྟོང་མང་པོས་བརྒྱན་པ། ཐམས་ཅད་མཁྱེན་པར་གྱུར་པ། སངས་རྒྱས་མང་པོས་རབ་ཏུ་བསྔགས་པའི་ཆོས་ཀྱི་སྐུ་ཤིན་ཏུ་གྱ་ནོམ་པ་འཐོབ་པར་བྱའོ། །ཐོབ་པར་གྱུར་ནས་ཀྱང་སེམས་ཅན་རྣམས་ལ་ཆོས་ཀྱིས་སྨན་ཚད་མེད་པ་གཏང་བར་བྱའོ་སྙམ་མོ། །དེའི་ཚེ་རྒྱལ་བུ་དེ་ཤིན་ཏུ་བརྟུལ་བའི་དཔའ་སྲན་དང་། སྨོན་ལམ་ཆེན་པོ་བཏབ་ནས་སྙིང་རྗེ་ཆེན་པོའི་བསམ་པས་སེམས་རྟས་ཤིང་འཕེལ་པར་གྱུར་ཀྱང་ཕུ་བོ་གཉིས་སྐྲག་ཅིང་དངངས་པས་བར་ཆད་ཀྱི་བགེགས་བྱས་ནས་སྨོན་པ་མི་འགྲུབ་པར་དོགས་པས། ཕུ་བོ་གཉིས་ལ་གཅེན་གཉིས་སླར་གཤེགས་ཤིག །བདག་ནི་རེ་ཞིག་སླར་མཆིའོ་ཞེས་སྨྲས་སོ། །དེ་ནས་རྒྱལ་བུ་སེམས་ཅན་ཆེན་པོ་སླར་ཚལ་གྱི་ནང་དུ་ཞུགས་ནས་སྟག་མོའི་དྲུང་དུ་ཕྱིན་ཏེ། གོས་ཕུད་ནས་འོད་མའི་སྟེང་དུ་བཞག་སྟེ་སྨོན་ལམ་འདི་སྐད་དུ་བཏབ་བོ། །བདག་ནི་ཆེས་མཁས་སེམས་ཅན་ཀུན་གྱི་ཕྱིར། །བླ་མེད་བྱང་ཆུབ་གནས་ནི་གཉེར་བས་ན། །སྙིང་རྗེ་ཆེན་པོའི་སེམས་བསྐྱེད་གཡོ་བ་མེད། །སྐྱེ་བོས་ཕངས་པའི་ལུས་ནི་གཏོང་བར་བྱེད། །བྱང་ཆུབ་ནད་མེད་གདུང་བ་མེད་པས་ན། །བློ་དང་ལྡན་པ་ཀུན་གྱིས་རབ་ཏུ་མོས། །ཁམས་གསུམ་


DKG089_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་རྒྱ་མཚོའི་སེམས་ཅན་ཀུན། །དེང་བདག་དྲངས་ནས་བདེ་ལ་འགོད་པར་ཤོག །དེ་ནས་རྒྱལ་བུས་ཚིག་དེ་སྐད་སྨྲས་ནས་སྟག་མོ་ལྟོགས་པའི་མདུན་དུ་ལུས་བོར་ཏེ་ཉལ་བ་དང་། བྱང་ཆུབ་སེམས་དཔའ་དེའི་བྱམས་པ་དང་སྙིང་རྗེའི་གཟི་བྱིན་གྱི་མཐུས་སྟག་མོས་ཅི་ཡང་བྱེད་མ་ནུས་སོ། །བྱང་ཆུབ་སེམས་དཔས་དེ་ལྟ་བུ་མཐོང་བ་དང་རི་མཐོན་པོའི་སྟེང་དུ་འཛེགས་ཏེ་ལུས་བོར་ནས་ཡང་འདི་སྙམ་དུ་སྟག་མོ་འདི་ནི་ཉམ་ཆུང་ཞིང་དམའ་བས་བདག་ལ་བཟའ་བར་མི་ནུས་སོ་སྙམ་དུ་བསམས་ནས་ལངས་ཏེ་མཚོན་བཙལ་ན་ཡང་མ་རྙེད་པས་འོད་མ་སྐམ་པོའི་ཚལ་བས་ལྐོག་མར་ཁྲག་ཕྱུང་སྟེ། མཐར་གྱིས་སྟག་མོའི་དྲུང་དུ་ཉེ་བར་བསྙེན་པ་དང་། དེའི་ཚེ་ཇི་ལྟར་རླུང་གིས་ཆུ་བོ་བསྐྱོད་པ་བཞིན་དུ་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར། ཉི་མ་ཡང་སྒྲ་གཅན་གྱིས་བསྒྲིབས་པ་བཞིན་དུ་འོད་དང་མི་ལྡན་པས་ཕྱོགས་བཅུ་ཀུན་དུ་མུན་ནག་ཏུ་གྱུར་ནས་ལྷ་རྣམས་ཀྱིས་ཀྱང་མེ་ཏོག་དམ་པ་དང་། སྤོས་མཆོག་དམ་པའི་ཕྱེ་མའི་ཆར་ཡང་མངོན་པར་ཕབ་པས་ཚལ་གྱི་ནང་དུ་ཀུན་དུ་ཁྱབ་ཅིང་གང་བར་གྱུར་ཏོ། །དེའི་ཚེ་བར་སྣང་ལ་གནས་པའི་ལྷའི་ཚོགས་མང་པོ་རྣམས་ཀྱིས་དངོས་པོ་དེ་ལྟ་བུ་མཐོང་བ་དང་། རྗེས་སུ་ཡི་རང་བའི་སེམས་བསྐྱེད་ནས་སྔོན་ཆད་ནམ་ཡང་འདི་ལྟ་བུ་མ་བྱུང་ངོ་ཞེས་བསྔགས་པ་བརྗོད་དེ་ཐམས་ཅད་ཀྱིས་སྐྱེས་བུ་ཆེན་པོ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས་ཚིགས་སུ་བཅད་དེ་སྨྲས་པ། སྐྱེས་ཆེན་ཡོངས་སྐྱོབ་སྙིང་རྗེའི་སེམས་བསྐྱེད་ནས། །བུ་གཅིག་བཞིན་དུ་སེམས་ཅན་མཉམ་པར་ལྟ། །རབ་དཔའ་དགའ་ཆེན་སེམས་ལ་འཇུངས་མེད་པས། །ལུས་སྤངས་ཕོངས་སྐྱོབ་བསོད་ནམས་དཔག་པར་དཀའ། །ངེས་པར་རྟག་བདེ་གྱ་ནོམ་གནས་ཕྱིན་ནས། །འཁོར་བའི་འཆིང་བ་མང་པོ་གཏན་དུ་སྤོང་། ། རིང་པོར་མི་ཐོགས་བྱང་ཆུབ་འབྲས་འཐོབ་ནས། །ཉེར་ཞི་བདེ་བ་སྐྱེ་མེད་མངོན་རྟོགས་འགྱུར། །དེའི་ཚེ་སྟག་མོ་ལྟོགས་པ་དེས་བྱང་ཆུབ་སེམས་དཔའི་ལྐོག་མ་ནས་ཁྲག་ཟག་པ་མཐོང་བ་དང་ཁྲག་བལྡགས་ཏེ་ཤ་མ་ལུས་པར་ཟོས་པས་རུས་པ་འབའ་ཞིག་ལུས་པར་བྱས་སོ། །


DKG089_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྒྱལ་བུ་ཆེན་པོས་ས་གཡོས་པ་མཐོང་བ་དང་ནུ་བོ་ལ་སྨྲས་པ། ས་ཆེན་རི་ཀླུངས་ཀུན་ཀྱང་རབ་ཏུ་གཡོས། །ཕྱོགས་ཀུན་མུན་ནག་ཉི་མའི་འོད་མི་ལྡན། །ལྷ་ཡི་མེ་ཏོག་ལྷུང་བས་མཁའ་ཁྱབ་པས། །འདི་ནི་ནུ་བོས་ངེས་པར་ལུས་སྤངས་རྟགས། །རྒྱལ་བུ་འབྲིང་པོས་ཕུ་བོས་དེ་སྐད་སྨྲས་པ་ཐོས་པ་དང་ཚིགས་སུ་བཅད་དེ་སྨྲས་པ། སྟག་མོ་ལུས་ལྟོགས་ཤིན་ཏུ་ཉམ་ཆུང་བ། བཀྲེས་གཟིར་བུ་ཕྲུག་བཟའ་དོགས་མཐོང་ནས་ནི། །སེམས་ཅན་ཆེན་པོ་སྨྲེ་བ་དག་ཐོས་པས། །ནུ་བོས་ལུས་བཏང་དེང་བདག་ཐེ་ཙོམ་འཚལ། །དེ་ནས་རྒྱལ་བུ་གཉིས་མྱ་ངན་དང་། སྡུག་བསྔལ་ཆེན་པོ་སྐྱེས་པས་སྨྲེ་སྔགས་བཏོན་ཏེ་ངུས་ནས་གཉིས་ཀ་ལྷན་ཅིག་ཏུ་སླར་སྟག་མོའི་དྲུང་དུ་ཕྱིན་ཏེ། ནུ་བོའི་གོས་ནི་འོད་མའི་ཡལ་ག་ལ་བཀལ། རུས་པ་དང་། སྐྲ་ནི་ཀུན་དུ་འཐོར། ཁྲག་བབས་པས་ནི་རྫབ་ཏུ་གྱུར་ནས་ས་གཞི་ཀུན་དུ་ཁྱབ་པར་གྱུར་པ་མཐོང་བ་དང་བརྒྱལ་ནས་རང་གི་ལུས་ཀྱང་གཟུང་མ་ནུས་པས་རུས་པའི་དྲུང་དུ་ལུས་བརྡབས་ཏེ། རིང་ཞིག་ལོན་ནས་དྲན་པ་སླར་ཐོབ་པ་དང་། ལངས་ནས་ལག་པ་བཏེག་སྟེ་རབ་ཏུ་ངུས་ནས་སྨྲེ་སྔགས་བཏོན་པ། བདག་ཅག་ནུ་བོ་བྱད་སྡུག་མཛེས། །ཕ་མ་གཉི་ག་ལྷག་པར་བྱམས། །ཅི་ཕྱིར་ལྷན་ཅིག་ཕྱིར་བྱུང་ནས། །ལུས་སྤངས་སླར་ནི་མ་ལོག་གྱུར། །གལ་ཏེ་ཕ་མས་དྲིས་གྱུར་ན། །བདག་ཅག་ལན་ནི་ཇི་སྐད་གདབ། །ལྷན་ཅིག་སྲོག་ནི་བཏང་སླ་ན། །རང་གི་ལུས་ནི་ཅི་ཕྱིར་བཞག ། དེ་ནས་རྒྱལ་བུ་གཉིས་སྨྲེ་སྔགས་བཏོན་ཏེ་ངུས་ནས་ཡིད་ལ་གཅགས་བཞིན་དུ་མཐར་གྱིས་སྤངས་ཏེ་དོང་ངོ་། །དེའི་ཚེ་རྒྱལ་བུ་ཐ་ཆུངས་ཀྱིས་ཁྲིད་པའི་གཡོག་འཁོར་རྣམས་ཕན་ཚུན་གཅིག་ལ་གཅིག་འདི་སྐད་དུ་རྒྱལ་བུ་གང་ན་ཡོད་པ་ལྷན་ཅིག་བཙལ་བའི་རིགས་སོ་ཞེས་སྨྲས་པར་གྱུར་ཏོ། །དེའི་ཚེ་རྒྱལ་པོའི་བཙུན་མོ་དམ་པ་ཡང་ཐོག་མཐོན་པོའི་སྟེང་དུ་ཉལ་བའི་རྨི་ལམ་ན་ལྟས་ངན་གྱི་མཚན་མ་མཐོང་བ་འདི་ལྟ་སྟེ། ནུ་མ་གཉིས་གཞན་གྱིས་བཅད་པ་དང་། སོ་ལྷུང་བ་དང་། ཕུག་རོན་གྱི་ཕྲུ་གུ་གསུམ་ཐོབ་པ་ལས་གཅིག་ནི་ཁྲས་


DKG089_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱེར། གཉིས་ནི་དངངས་ཤིང་སྐྲག་པར་གྱུར་པ་དག་མཐོང་བར་གྱུར་ཏོ། །ས་གཡོས་པའི་ཚེ་བཙུན་མོ་སད་དེ་སེམས་ལ་མྱ་ངན་ཆེན་པོ་སྐྱེས་ནས་འདི་སྐད་དུ་སྨྲས་སོ། །ཅི་ཕྱིར་དེང་ནི་ས་ཆེན་རབ་ཏུ་གཡོས། །ཆུ་ཀླུང་ནགས་ཚལ་ལྗོན་ཤིང་ཀུན་ཀྱང་འགུལ། །ཉི་མའི་འོད་མེད་གཡོགས་ཤིང་བསྒྲིབས་པ་འདྲ། །མིག་འགུལ་ནུ་གཡོ་སྔོན་ཆད་ཡང་མི་འདྲ། །སྙིང་ལ་མདས་ཕོག་བཞིན་དུ་སྡུག་བསྔལ་གཟིར། །ལུས་ཀུན་རབ་གཡོ་བདེ་བ་ཅི་ཡང་མེད། །བདག་གིས་རྨི་ལམ་ལྟས་ངན་མཐོང་བས་ན། །ངེས་པར་སྔོན་མེད་ལྟས་ངན་དངོས་པོ་ཡོད། །བཙུན་མོའི་ནུ་མ་གཉིས་ལས་ཞོ་ཟགས་པ་དང་འདི་སྙམ་དུ་འདི་ནི་གདོན་མི་ཟ་བར་ལྟས་ངན་ཀྱི་དངོས་པོ་སྟོན་པ་ཡིན་ནོ་སྙམ་མོ། །དེའི་ཚེ་ནང་འཁོར་མ་ཞིག་ཕྱི་རོལ་གྱི་མི་རྣམས་རྒྱལ་བུ་བཙལ་བ་ལས་ད་དུང་མ་རྙེད་དོ་ཞེས་ཟེར་བ་ཐོས་པ་དང་། སེམས་ལ་ཤིན་ཏུ་སྐྲག་ཅིང་འཇིགས་པ་སྐྱེས་པས་ཕོ་བྲང་གི་ནང་དུ་སོང་སྟེ་བཙུན་མོ་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་མོ་མཁྱེན་ལགས་སམ་སླད་རོལ་གྱི་མི་རྣམས་ལས་ཀུན་དུ་སོ་སོར་རྒྱལ་བུ་བཙལ་བ་ལས་ད་དུང་མ་རྙེད་ཅེས་མཆི་བ་ཐོས་ལགས་སོ། །དེ་ནས་བཙུན་མོ་དེས་ཚིག་དེ་སྐད་སྨྲས་པ་ཐོས་པ་དང་། མྱ་ངན་ཆེན་པོ་སྐྱེས་པས་སྨྲེ་སྔགས་བཏོན་ཏེ། མིག་མཆི་མས་གང་བཞིན་དུ་རྒྱལ་པོའི་དྲུང་དུ་ཕྱིན་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་ཆེན་པོ་བདག་གིས་སླད་རོལ་གྱི་མི་རྣམས་ལས་འདི་སྐད་དུ་བདག་གི་བུ་སྡུག་ཐ་ཆུངས་སྟོར་ཅེས་མཆི་བ་ཐོས་ལགས་སོ། །རྒྱལ་པོས་ཚིག་དེ་ཐོས་པ་དང་ཤིན་ཏུ་སྐྲག་པར་གྱུར་པས་བརྣངས་བཞིན་དུ་སྨྲེ་ཚིག་འདི་སྐད་དུ་ཀྱི་ཧུད་སྡུག་བསྔལ་ལོ། །དེང་ངའི་བུ་ཡིད་དུ་འོང་བ་སྟོར་བར་གྱུར་ཏོ་ཞེས་སྨྲས་ནས་མཆི་མ་ཕྱིས་ཏེ། བཙུན་མོ་ལ་སྤྲོ་བ་བསྐྱེད་ནས་འདི་སྐད་དུ་བཞིན་བཟང་མ་ཁྱོད་མྱ་ངན་མ་བྱེད་ཅིག །ངས་དེང་ལྷན་ཅིག་ཕྱིར་བྱུང་སྟེ་བུ་སྡུག་བཙལ་བར་བྱའོ་ཞེས་སྨྲས་ནས། རྒྱལ་པོ་བཙུན་མོ་དང་། སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཏུ་གྲོང་ཁྱེར་ནས་ཕྱིར་བྱུང་སྟེ། སོ་སོར་གྱེས་ཏེ་


DKG089_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀུན་དུ་བཙལ་བ་ལས་རིང་པོ་མ་ལོན་པར་བློན་པོ་ཆེན་པོ་ཞིག་ཉེ་བར་མདུན་དུ་འོངས་ཏེ་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་རྒྱལ་བུ་མི་བཞུགས་ཞེས་ཐོས་པས་ཐུགས་ངན་མི་མཛད་དུ་གསོལ། རྒྱལ་བུ་ཐ་ཆུངས་ནི་ད་དུང་མི་གདའ་ལགས་སོ། །རྒྱལ་པོས་ཚིག་དེ་ཐོས་པ་དང་སྨྲེ་སྔགས་བཏོན་ནས་འདི་སྐད་དུ་ཀྱི་ཧུད་ངའི་བུ་ཡིད་དུ་འོང་བ་སྟོར་བར་གྱུར་ཏོ་ཞེས་སྨྲས་པར་གྱུར་ཏོ། །དང་པོ་བུ་ཡོད་ཚེ་ན་དགའ་བ་ཆུང་། །ཕྱིས་ནི་བུ་སྟོར་ཚེ་ན་སྡུག་བསྔལ་ཆེ། །གལ་ཏེ་ངའི་བུའི་སྲོག་ནི་སླར་ཐོབ་ན། ། ངའི་ལུས་ཤི་ཡང་སྡུག་བསྔལ་ཅི་ཡང་མེད། །བཙུན་མོས་དེ་སྐད་ཐོས་པ་དང་། །དཔེར་ན་མདས་ཕོག་པ་བཞིན་དུ་མྱ་ངན་གྱིས་ཀུན་དུ་དཀྲིས་པར་གྱུར་པས་སྨྲེ་ཚིག་འདི་སྐད་ཅེས་སྨྲས་སོ། །བདག་གི་བུ་གསུམ་འཁོར་དང་བཅས་པར་ནི། །ནགས་ཚལ་དོང་སྟེ་ལྷན་ཅིག་རྩེ་བ་ལས། །བུ་སྡུག་ཐ་ཆུངས་གཅིག་པུ་མ་འོངས་པས། །ངེས་པར་འབྲལ་བའི་ལྟས་ངན་དངོས་ཡོད་འགྱུར། །དེའི་འོག་ཏུ་ཡང་བློན་པོ་འབྲིང་པོ་རྒྱལ་པོའི་དྲུང་དུ་ཉེ་བར་འོངས་པ་ལ་རྒྱལ་པོས་བློན་པོ་དེ་ལ་བུ་སྡུག་གང་ན་འདུག་ཅེས་སྨྲས་པ་ལས། བློན་པོ་འབྲིང་པོས་དེ་ཡིད་ལ་གཅགས་ཏེ་ངུས་པས་ལྐོག་མ་དང་ལྕེ་ཡང་སྐམས་ནས་ཚིག་འབྱིན་ཅིང་ལན་འདེབས་ཀྱང་མ་ནུས་པ་དང་བཙུན་མོས་འདི་སྐད་ཅེས་དྲིས་སོ། །བུ་ཆུང་ད་ལྟར་གང་ན་མྱུར་དུ་སྨྲོས། །བདག་གི་ལུས་ཀུན་རབ་ཏུ་བསྲེགས་པར་གྱུར། །མྱོས་འཁྲུགས་རྨོངས་པས་ནང་གི་སེམས་ཉིད་སྟོར། ། བདག་གི་བྲང་ནི་དེ་རིང་གས་སྙམ་བྱེད། །དེ་ནས་བློན་པོ་འབྲིང་པོས་རྒྱལ་བུས་ལུས་ཡོངས་སུ་བཏང་བའི་དངོས་པོ་དེ་དག་ཞིབ་ཏུ་རྒྱལ་པོ་ལ་གསོལ་ཏེ་ཤེས་པར་བྱས་པ་དང་། རྒྱལ་པོ་དང་། བཙུན་མོས་གཏམ་དེ་ཐོས་ནས་སྨྲེ་ཞིང་མཆི་མས་བརྣངས་བཞིན་དུ་ལུས་ཡོངས་སུ་བཏང་བའི་ས་ཕྱོགས་སུ་མྱུར་ཞིང་རིངས་པར་དོང་སྟེ། འོད་མའི་ཚལ་བྱང་ཆུབ་སེམས་དཔས་ལུས་བཏང་བའི་གནས་སུ་ཕྱིན་ནས་རུས་པ་རྣམས་ཀུན་དུ་འཐོར་བ་མཐོང་བ་དང་ཅིག་ཅར་ས་ལ་འགྱེལ་ཏེ། ཤི་བ་དང་འདྲ་བར་བརྒྱལ་བར་གྱུར་པས་དཔེར་ན་རླུང་དྲག་པོས་ལྗོན་ཤིང་ཆེན་པོ་བསྒྱེལ་བཞིན་


DKG089_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སེམས་རྨོངས་ཤིང་དྲན་པ་སྟོར་བས་ཤེས་པ་ཅི་ཡང་མེད་པར་གྱུར་ཏོ། །དེ་ནས་བློན་པོ་ཆེན་པོ་ལ་སོགས་པས་ཆུས་ཀུན་དུ་གཏོར་བ་དང་། རྒྱལ་པོ་དང་བཙུན་མོ་རིང་ཞིག་ལོན་ནས་གདོད་དྲན་པ་ཐོབ་པར་གྱུར་ཏོ། །དེ་ནས་ལག་པ་བཏེག་སྟེ་འདུག་ནས་སྨྲེ་ཚིག་སྨྲས་པ། ཀྱི་ཧུད་བུ་སྡུག་མཛེས་པའི་མཚན་དང་ལྡན། ཅིའི་ཕྱིར་འཆི་བའི་སྡུག་བསྔལ་སྔར་འོངས་གཙེས། གལ་ཏེ་ཁྱོད་ཀྱི་མདུན་དུ་བདག་ཤི་ན། །འདི་འདྲའི་སྡུག་བསྔལ་མཐོང་བར་ག་ལ་འགྱུར། །དེ་ནས་བཙུན་མོ་མྱོས་ཤིང་བརྒྱལ་བ་ཁད་ཀྱིས་ཞི་བར་གྱུར་ནས་ཀྱང་སྐྲ་ལོང་ལོང་པོར་གྱུར་ཏེ་ལག་པ་གཉིས་ཀྱིས་བྲང་བརྡུངས་ནས་ཉ་སྐམས་ལ་འགྲེ་བ་བཞིན་དུ་ས་ལ་འགྲེས་ཏེ། བ་བུ་སྟོར་བ་བཞིན་དུ་ངུས་ནས་སྨྲེ་ཚིག་སྨྲས་པ། བདག་གི་བུ་ནི་སུས་གཏུབས་ན། །རུས་པ་ལྷག་མ་ས་ལ་གཏོར། །བདག་གི་བུ་སྡུག་སྟོར་བས་ན། །མྱ་ངན་སྨྲེ་བ་རང་མི་ཐེག ། ཀྱི་ཧུད་བུ་ནི་སུས་བསད་ན། མྱ་ངན་དངོས་པོ་འདི་འདྲ་མྱོང་། །བདག་སྙིང་རྡོ་ནི་མ་ཡིན་ན། །ཅི་ཡི་ཕྱིར་ན་གས་མ་གྱུར། །བདག་གི་རྨི་ལམ་ནུ་མ་གཉིས། །གཞན་དག་གིས་ནི་བཅད་པ་དང་། །སོ་རྣམས་ལྷུང་བར་མཐོང་བས་ན། །དེང་ནི་སྡུག་བསྔལ་ཆེན་པོ་མྱོང་། །ཕུག་རོན་ཕྲུ་གུ་གསུམ་ལས་ནི། །གཅིག་ནི་ཁྲས་ཁྱེར་མཐོང་བས་ན། །དེང་ནི་བུ་སྡུག་སྟོར་གྱུར་པས། །ལྟས་ངན་སྟོན་ལ་མི་བདེན་མེད། །དེ་ནས་རྒྱལ་བུ་ཆེན་པོ་དེ་བཙུན་མོ་དང་། བུ་གཉིས་དང་བཅས་པར་བརྩེ་བས་གཏུགས་ཏེ་ངུས་ནས་རྒྱན་ཐམས་ཅད་བཀྲོལ་ཏེ་སྐྱེ་བོའི་ཚོགས་མང་པོ་དང་ལྷན་ཅིག་ཏུ་བྱང་ཆུབ་སེམས་དཔའ་བཞག་པའི་ལུས་ཀྱིས་རིང་བསྲེལ་བསྡུས་ཏེ་མཆོད་པ་བྱ་བའི་ཕྱིར་མཆོད་རྟེན་གྱི་ནང་དུ་བཞག་གོ། །ཀུན་དགའ་བོ་ཁྱོད་ཀྱིས་འདི་ཉིད་ནི་བྱང་ཆུབ་སེམས་དཔའ་དེའི་རིང་བསྲེལ་ཡིན་པར་རིག་པར་བྱའོ། །ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ང་སྔོན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་ལྡན་པའི་ཚེ་ན་ཡང་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་ལ་སོགས་པའི་འགྲོ་བ་ལྔ་པོ་དག་ཏུ་ཡང་རྐྱེན་ཇི་ལྟ་བ་བཞིན་དུ་ཡོངས་སུ་


DKG089_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱབས་ནས་ཕན་བཏགས་ཏེ་ངེས་པར་འབྱུང་བ་ཐོབ་པར་བྱས་ན། །ད་ལྟར་ཉོན་མོངས་པ་ཐམས་ཅད་ཟད་ནས་བག་ཆགས་ཀྱི་ལྷག་མ་མེད་དེ། ལྷ་དང་མིའི་སྟོན་པར་གྱུར་ནས་ཐམས་ཅད་མཁྱེན་པ་དང་ལྡན་པས་སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་མང་པོའི་བར་དུ་སེམས་ཅན་དམྱལ་བ་དང་། གནས་གཞན་དག་ཏུ་གནས་ཏེ། སྡུག་བསྔལ་སྣ་ཚོགས་དང་དུ་བླངས་ནས་སྐྱེ་ཤི་དང་ཉོན་མོངས་པའི་འཁོར་བ་ལས་ངེས་པར་འབྱུང་བ་འཐོབ་པར་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་དེ་ཉིད་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་བཀའ་སྩལ་པ། ང་སྔོན་འདས་པའི་དུས་ཀྱི་ཚེ། །བསྐལ་པ་གྲངས་མེད་ཚད་མེད་སྙེད། །རེས་འགའ་ཡུལ་གྱི་རྒྱལ་པོ་བྱས། །རེས་འགའ་རྒྱལ་བུ་བྱས་པ་ན། །རྟག་པར་སྦྱིན་པ་ཆེར་བཏང་བས། །ཤིན་ཏུ་ཕངས་པའི་ལུས་བཏང་ནས། །འཁོར་བ་ལས་ནི་ངེས་བྱུང་སྟེ། །བྱང་ཆུབ་དམ་པར་ཕྱིན་པར་སྨོན། །སྔོན་བྱུང་ཡུལ་ཆེན་ཞིག་ཏུ་ནི། །ཡུལ་བདག་ཤིང་རྟ་ཆེ་ཞེས་བྱ། །རྒྱལ་བུ་དཔའ་བོ་ཞེས་བྱ་བ། །རྟག་པར་སྦྱིན་གཏོང་སེར་སྣ་མེད། །དེ་ལ་ཕུ་བོ་གཉིས་ཡོད་དེ། །སྒྲ་ཆེན་ལྷ་ཆེན་པོ་ཞེས་བྱ། །གསུམ་པོ་ལྷན་ཅིག་ཕྱིར་བྱུང་སྟེ། །མཐར་གྱིས་རི་དང་ནགས་ཚལ་ཕྱིན། །སྟག་མོ་བཀྲེས་པས་ཉེན་མཐོང་ནས། །འདི་འདྲའི་སེམས་ནི་སྐྱེས་པར་གྱུར། །སྟག་མོ་བཀྲེས་མེས་རབ་བསྲེགས་ཀྱང་། །གཞན་བཟར་རུང་བ་ཅི་ཡང་མེད། །སྐྱེས་ཆེན་དེ་འདྲ་མཐོང་ནས་ནི། །དེ་ཡིས་བུ་ནི་ཟོས་དོགས་ཕྱིར། །ཆགས་མེད་ལུས་ནི་རབ་བཏང་ནས། །བུ་སྐྱབས་སྨས་པ་མེད་པར་བྱས། །ས་ཆེན་དང་ནི་རི་རྣམས་ཀྱང་། །དུས་གཅིག་ཐམས་ཅད་རབ་ཏུ་གཡོས། །ཆུ་ཀླུང་རྒྱ་མཚོ་ཤིན་ཏུ་འཁྲུགས། །རླབས་དྲག་ཆུ་ནི་གྱེན་དུ་འབབ། །གནམ་ས་འོད་ནི་སྟོར་བས་ན། །མུན་ནག་ཅི་ཡང་མཐོང་བ་མེད། །ནགས་ཚལ་དགོན་པའི་གཅན་གཟན་རྣམས། ། འཕུར་རྒྱུག་གནས་ནི་ཡོངས་སུ་སྤངས། །ཕུ་གཉིས་ཅི་ཕྱིར་མ་ལོག་ཅེས། །མྱ་ངན་བརྩེ་བའི་སྡུག་བསྔལ་སྐྱེས། །གཡོག་འཁོར་མང་པོ་རྣམས་དང་ནི། །ནགས་ཚལ་ཀུན་དུ་ཡོངས་སུ་བཙལ། །སྤུན་གཉིས་ལྷན་ཅིག་རབ་འགྲོགས་ཏེ། །རི་གཟར་ནགས་སུ་ཕྱིན་ནས་ནི། །ཕྱོགས་བཞིར་


DKG089_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

བལྟས་ཀྱང་ཅི་མ་མཐོང་། །སྟག་མོ་མཐོང་བའི་ནགས་སྟོང་དུ། །མ་དང་བུ་བདུན་བཅས་པར་ནི། །ཐམས་ཅད་ཁྲག་གིས་ཁ་བསྐུས་དང་། །རུས་པ་ལྷག་མ་སྐྲ་རྣམས་ནི། །ས་ལ་ཀུན་དུ་འཐོར་བ་མཐོང་། །གཞན་ཡང་ཁྲག་ནི་ཟགས་པ་རྣམས། །འོད་མའི་ཚལ་ཀུན་སྦགས་པ་དག །ཕུ་བོ་གཉིས་ཀྱིས་མཐོང་ནས་ནི། །སེམས་ལ་འཇིགས་སྐྲག་ཆེན་པོ་སྐྱེས། །གཉི་ག་བརྒྱལ་ནས་ས་ལ་འགྱེལ། །འཁྲུགས་མྱོས་ཅི་ཡང་མི་དྲན་པས། །ས་རྡུལ་དག་གིས་ལུས་ཀུན་གོས། །རྣམ་ཤེས་དྲུག་ནི་དྲན་པ་ཉམས། །རྒྱལ་བུ་གཡོག་ནི་མང་པོ་རྣམས། །ཆོ་ངེ་སེམས་ལ་མྱ་ངན་སྐྱེས། །ཆུས་གཏོར་དྲན་པ་ཐོབ་ནས་ཀྱང་། །ལག་བཏེག་སྐད་ཆེར་ཕྱུང་སྟེ་ངུས། །བྱང་ཆུབ་སེམས་དཔས་ལུས་བཏང་ཚེ། །བྱམས་པའི་མ་ནི་ཕོ་བྲང་ན། །བུད་མེད་ལྔ་བརྒྱ་རྣམས་དང་ནི། །ལྷན་ཅིག་ལོངས་སྤྱོད་མྱོང་བ་ལས། །བཙུན་མོ་དམ་པའི་ནུ་མ་གཉིས། །རང་གི་ནུ་ཞོ་ཟགས་གྱུར་པས། །ལུས་ཀུན་ཁབ་ཀྱིས་ཕུག་པ་བཞིན། །ཤིན་ཏུ་སྡུག་བསྔལ་རབ་མི་བདེ། །བུ་སྟོར་འདུ་ཤེས་སྐྱེས་པས་ན། །མྱ་ངན་ཟུག་རྔུ་སེམས་ལ་ཟུག །རྒྱལ་པོ་ཆེན་པོ་ཤེས་བྱས་ནས། །སྡུག་བསྔལ་དངོས་པོ་དེ་དག་བཤད། །ཆོ་ངེས་སྨེ་བ་མི་བཟོད་པས། །བརྩེ་བའི་སྐད་ཀྱིས་རྒྱལ་པོ་ལ། །རྒྱལ་པོ་ཆེན་པོ་མཁྱེན་པར་མཛོད། །དེང་བདག་སྡུག་བསྔལ་ཆེན་པོ་སྐྱེས། །ནུ་ཞོ་གཉིས་ནི་རང་བྱུང་པས། །བཀག་ཀྱང་བསམ་པ་བཞིན་མ་གྲུབ། །ཁབ་ཀྱིས་ལུས་ཀུན་ཕུག་པ་བཞིན། །མྱ་ངན་བྲང་ནི་གས་ལ་ཐུག། །བདག་གི་གཡར་ལམ་སྔ་ལྟས་ངན། །ངེས་པར་བུ་སྡུག་སྟོར་བར་གྱུར། །ལྷས་ནི་བདག་གི་སྲོག་སྐྱོབས་ལ། །བུ་ནི་གུམ་གསོན་མཁྱེན་པར་མཛོད། །གཡར་ལམ་ཕུག་རོན་གསུམ་མཐོང་བ། །ཆུང་ངུ་དེ་ནི་བུ་སྡུག་ལགས། །ཁྲས་ནི་ཕྲོགས་ཏེ་འཚལ་བས་ནི། །མྱ་ངན་རྫོགས་པར་གསོལ་བར་དཀའ། །དེང་བདག་མྱ་ངན་མཚོར་བྱིང་བས། །འཆི་བར་འགྱུར་བ་རིང་མི་ཐོགས། །བུ་སྲོག་མི་གསོན་བློ་བ་ཆུང་། །མྱུར་བ་ཉིད་དུ་བཙལ་བར་གསོལ། །གཞན་ཡང་སླད་རོལ་མི་རྣམས་ལས། །བུ་ཆུང་མ་རྙེད་ཐོས་པས་ན། །དེང་བདག་སེམས་ནི་རབ་མི་བདེ། །ལྷས་ནི་བདག་ལ་བརྩེ་བར་མཛོད། །བཙུན་མོས་དེ་སྐད་སྨྲས་


DKG089_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནི། །ལུས་བཏེག་ས་ལ་རབ་ཏུ་བརྡབས། །རབ་བརྩེ་ན་བས་སེམས་བརྒྱལ་མྱོས། །རབ་རྨོངས་ཤེས་པ་ཅི་ཡང་མེད། །ནང་འཁོར་བུད་མེད་བཙུན་མོ་དེ། །བརྒྱལ་ཏེ་ས་ལ་འགྱེལ་མཐོང་སྟེ། །སྐད་ཆེན་ཕྱུང་སྟེ་རབ་ཏུ་ངུས། །མྱ་ངན་དངངས་སྐྲག་གནས་ཀྱང་སྟོར། །རྒྱལ་པོས་ཚིག་དེ་ཐོས་པས་ན། །མྱ་ངན་རང་ཉིད་གཟུང་མ་ནུས། །བློན་པོ་ཐམས་ཅད་བཀུག་ནས་ནི། །བུ་སྡུག་ཚོལ་བ་ཡོངས་སུ་བཀྱེ། །ཐམས་ཅད་གྲོང་ཁྱེར་ཕྱིར་བྱུང་སྟེ། །དེ་དང་དེ་དག་ཀུན་དུ་བཙལ། །ངུས་ནས་མི་ནི་མང་པོ་ལ། །རྒྱལ་བུ་གང་ན་ཡོད་ཅེས་སྨྲས། །ད་ལྟར་གསོན་ནམ་འོན་ཏེ་ཤི། །གང་དུ་སོང་བ་སུ་ཡིས་ཤེས། །ཇི་ལྟར་བྱས་ན་མཐོང་གྱུར་ནས། །བདག་ཅག་མྱ་ངན་བསལ་བར་འགྱུར། །སྐྱེ་བོ་མང་པོ་ཐམས་ཅད་ཀུན། །རྒྱལ་བུ་དེ་ནི་ཤི་ཟེར་བས། །ཐོས་པ་ཐམས་ཅད་རབ་ཏུ་གདུང་། །སྨྲེ་སྔགས་སྡུག་བསྔལ་བརྗོད་པར་དཀའ། ། དེ་ཚེ་རྒྱལ་པོ་ཤིང་རྟ་ཆེ། །ཆོ་ངེས་སྨྲས་ནས་སྟན་ལས་ལངས། །བཙུན་མོའི་དྲུང་དུ་ཉེར་སོང་སྟེ། །དེ་ཡི་ལུས་ལ་ཆུས་ཀྱང་གཏོར། །བཙུན་མོ་ཆུས་ནི་གཏོར་བས་ན། །རིང་ཞིག་ལོན་ནས་དྲན་པ་ཐོབ། །རབ་སྨྲེས་རྒྱལ་པོ་ལ་ཞུས་པ། །བདག་བུ་ད་ལྟ་གང་ན་མཆིས། །རྒྱལ་པོས་བཙུན་མོ་ལ་བསྒོ་བ། །ངས་ནི་ཕོ་ཉ་མང་བཀྱེ་སྟེ། །ཕྱོགས་བཞིར་རྒྱལ་བུ་ཚོལ་བཅུག་ན། །ད་དུང་གཏམ་སྐྱེས་ཡོང་མ་འོངས། །རྒྱལ་པོས་བཙུན་མོ་ཡང་བསྒོ་བ། །ཁྱོད་ནི་མྱ་ངན་མ་བྱེད་པར། །རེ་ཞིག་རང་ཉིད་བདེ་བར་བྱོས། །ལྷན་ཅིག་ཕྱིར་བྱུང་བཙལ་བར་བྱ། །དེ་ནས་རྒྱལ་པོ་བཙུན་མོར་བཅས། །བཞོན་པ་ཞོན་ནས་མདུན་དུ་ཆས། །སྨྲེ་བའི་སྐད་ཀྱིས་ཆོ་ངེས་བཏབ། །གདུང་སེམས་མེ་ནི་འབར་བ་འདྲ། །ཡ་རབས་མ་རབས་བརྒྱ་སྟོང་རྣམས། །རྒྱལ་པོའི་རྗེས་སུ་གྲོང་ཁྱེར་བྱུང་། །བརྩེ་བའི་ངུ་སྒྲ་མི་འཆད་པར། །སོ་སོར་རྒྱལ་བུ་ཡོངས་སུ་བཙལ། ། རྒྱལ་པོས་བུ་སྡུག་བཙལ་བའི་ཕྱིར། །མིག་གིས་ཕྱོགས་བཞིར་བལྟས་པ་ལས། །སྐྲ་བཤིག་ཁྲག་གིས་ལུས་བསྐུས་ཏེ། །ལུས་ཀུན་རྡུལ་གྱིས་གོས་པ་དང་། །ངུས་ནས་མདུན་བཅད་འོང་བ་ཡི། །མི་ཞིག་ཀྱང་ནི་མཐོང་བར་གྱུར། །རྒྱལ་པོས་ལྟས་ངན་དེ་མཐོང་ནས། །ལྷག་པར་


DKG089_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མྱ་ངན་སྐྱེས་པར་འགྱུར། །རྒྱལ་པོས་ལག་པ་གཉིས་བཏེག་ནས། །བརྩེ་བས་ངུས་ཏེ་བཀུག་མ་ནུས། །ཐོག་མར་བློན་པོ་ཆེན་པོ་ཞིག །རིངས་བརྟབས་རྒྱལ་པོའི་དྲུང་འོངས་ནས། །རྒྱལ་པོ་དེ་ལ་འདི་སྐད་སྨྲས། །ལྷ་ནི་ཐུགས་ངན་མི་མཛད་གསོལ། །ལྷ་ཡི་ཐུགས་བརྩེ་སྲས་བུ་དེ། །ད་དུང་རྙེད་པར་མ་གྱུར་ཀྱང་། །རིང་པོར་མི་ཐོགས་ཕྱིན་པར་མཆི། །ལྷ་ནི་ཐུགས་ངན་མི་མཛད་གསོལ། །རྒྱལ་པོ་ཡང་ནི་སོང་བ་ལས། །བློན་པོ་འབྲིང་པོ་འོངས་པ་མཐོང་། །བློན་པོ་རྒྱལ་པོའི་དྲུང་འོངས་ནས། །ངུས་ཏེ་རྒྱལ་ལ་འདི་སྐད་སྨྲས། །རྒྱལ་བུ་གཉིས་ནི་བཞུགས་པ་ཡང་། །མྱ་ངན་ཞུགས་ཀྱིས་ཡོངས་སུ་གདུངས། །རྒྱལ་བུ་ཐ་ཆུངས་གང་ལགས་པ། །དེ་ནི་མི་རྟག་པ་ཡིས་ཟིན། །བུ་བཙས་སྟག་མོ་ལྟོགས་པ་ཞིག །བུ་འཚལ་སྙམ་པ་གཟིགས་ནས་ནི། །རྒྱལ་བུ་སེམས་ཅན་ཆེན་པོ་ཡིས། །ཐུགས་རྗེ་ཆེན་པོའི་སེམས་བསྐྱེད་དེ། །བླ་མེད་ལམ་ནི་གཉེར་བ་དང་། །མང་པོ་ཐམས་ཅད་བཟླ་བའི་སླད། །བྱང་ཆུབ་མཆོག་ལ་འདུ་ཤེས་བཅིངས། །ཤིན་ཏུ་ཟབ་ཡངས་རྒྱ་མཚོ་བཞིན། །རི་མཐོ་རྩེ་ལ་འཛེགས་ནས་ནི། །སྟག་མོ་ལྟོགས་མདུན་སྐུ་ཡང་བོར། །ཉམ་ཆུང་འཚལ་རྔོ་མ་ཐོགས་ནས། ། འོད་མས་མགུལ་དུ་ཁྲག་ཕྱུང་བས། །རྒྱལ་བུའི་སྐུ་ནི་འཚལ་བས་ན། །སྐུ་གདུང་ལྷག་མ་ཙམ་ཞིག་ལུས། །དེ་ཚེ་རྒྱལ་པོ་བཙུན་མོར་བཅས། །དེ་སྐད་ཐོས་ནས་བརྒྱལ་བར་གྱུར། །སེམས་ནི་མྱ་ངན་མཚོར་བྱིང་སྟེ། །ཉོན་མོངས་མེ་ཡིས་རབ་ཏུ་བསྲེགས། །བློན་པོས་ཙནྡན་ཆུ་དག་གིས། །རྒྱལ་པོ་བཙུན་མོ་གཏོར་བས་ན། །ཅིག་ཆར་ལངས་ནས་རབ་ཏུ་ངུས། །ལག་བཏེགས་བྲང་དག་ལ་ཡང་བརྡུངས། །བློན་པོ་ཆུང་ངུ་འོངས་ནས་ནི། །རྒྱལ་པོ་དེ་ལ་འདི་སྐད་སྨྲས། །བདག་གིས་རྒྱལ་བུ་གཉིས་པོ་ནི། །ཚལ་ན་བརྒྱལ་བར་གྱུར་པ་མཐོང་། ། བདག་གིས་ཆབ་གྲང་གཏོར་བས་ན། །དྲན་པ་ཅུང་ཟད་ཐོབ་པར་གྱུར། །ཕྱོགས་བཞི་དག་ཏུ་གཟིགས་པ་ནི། །རབ་ཏུ་འབར་མེ་ཀུན་ཁྱབ་འདྲ། །སྐད་ཅིག་བཞེངས་ཀྱང་སླར་ཡང་འགྱེལ། །ཆོ་ངེས་བདག་ཉིད་འཛིན་མི་སྤྱོད། །ཕྱག་བཏེག་བརྩེ་བའི་ཚིག་དག་གིས། །གཅུང་གི་ཡ་


DKG089_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་བསྔགས་པར་མཛད། །རྒྱལ་པོས་དེ་སྐད་ཐོས་ནས་ཀྱང་། །མྱ་ངན་མེ་ཡིས་ལྷག་པར་བཙོས། །བཙུན་མོས་རབ་ཏུ་ངུས་ནས་ནི། །སྐད་ཆེར་ཕྱུང་སྟེ་འདི་སྐད་སྨྲས། །བདག་གི་བུ་སྡུག་ལྷག་པར་བྱམས་པ་དེ། །མི་རྟག་སྲིན་པོ་དག་གིས་མིད་པར་གྱུར། །ད་ལྟར་བུ་གཉིས་ལུས་པར་གྱུར་པ་ཡང་། །མྱ་ངན་མེ་ཡིས་རབ་བསྲེགས་ཉོན་ཡང་མོངས། །བདག་དེང་རི་དྲུང་དག་ཏུ་མྱུར་སོང་ལ། །སྤྲོ་བསྐྱེད་སྲོག་གི་ལྷག་མ་བསྲུང་བར་བྱ། །དེ་ནས་བཞོན་ཞོན་ལམ་དུ་མྱུར་ཞུགས་ནས། །རྩེ་གཅིག་སེམས་ཀྱིས་ལུས་སྤངས་བྲག་དྲུང་སོང་། །བུ་གཉིས་ཡིད་གཅགས་བྲང་བརྡུངས་སྤྱོད་ཚུལ་ཉམས། །འགྲོ་བཞིན་ངུ་བ་དག་དང་ལམ་དུ་ཕྲད། །ཕ་མས་པང་བླངས་མྱ་ངན་སྨྲེ་སྔགས་བཏོན། །ཅིག་ཅར་ལུས་བཏང་རི་དང་ནགས་སུ་དོང་། །བྱང་ཆུབ་སེམས་དཔས་ལུས་སྤངས་ནགས་ཕྱིན་ནས། །ལྷན་ཅིག་འདུས་ནས་རབ་ངུས་སྡུག་བསྔལ་ཆེ། །རྒྱན་ཕྲེང་བཀྲོལ་ཏེ་སྙིང་ཚིམ་ངུས་ནས་ནི། །བྱང་ཆུབ་སེམས་དཔའི་རུས་བུ་ལྷག་མ་བསྡུས། །སྐྱེ་བོ་མང་པོས་ལྷན་ཅིག་མཆོད་པ་བྱས། །རིན་ཆེན་སྣ་བདུན་མཆོད་རྟེན་བརྩིགས་ནས་ནི། །རིང་བསྲེལ་དེ་ནི་སྒྲོམ་གྱི་ནང་དུ་བཞག །མྱ་ངན་བཅས་བཞིན་སླར་ནི་གྲོང་ཁྱེར་དོང་། །ཀུན་དགའ་ལ་ནི་བཀའ་སྩལ་པ། །སྔོན་བྱུང་སེམས་ཅན་ཆེན་པོ་ནི། །ཤཱཀྱ་ཐུབ་པ་ང་ཡིན་པས། །གཞན་ཡིན་སྙམ་དུ་བསམ་མི་བྱ། །རྒྱལ་པོ་ཟས་གཙང་ཡབ་ཡིན་ཏེ། །བཙུན་མོ་ང་ཡུམ་སྒྱུ་འཕྲུལ་ཡིན། །རྒྱལ་བུ་ཆེན་པོ་བྱམས་པ་ཡིན། །རྒྱལ་བུ་འབྲིང་པོ་འཇམ་དཔལ་ཡིན། །སྟག་མོ་སྐྱེ་དགུའི་བདག་མོ་ཡིན། །བུ་ལྔ་དགེ་སློང་ལྔ་པོ་ཡིན། །གཅིག་ནི་མཽད་གལ་ཆེན་པོའི་བུ། །གཅིག་ནི་ཤཱ་རིའི་བུ་ཡིན་ནོ། །ངས་ནི་ཁྱེད་ཅག་ཐམས་ཅད་ལ། །སྔོན་གཞན་ཕན་བཏགས་པ་ཡི་གཏམ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བཤད། །སངས་རྒྱས་འགྲུབ་རྒྱུ་འདི་སློབ་བྱོས། །བྱང་ཆུབ་སེམས་དཔས་ལུས་བཏང་ཚེ། །སྨོན་ལམ་རྒྱ་ཆེན་འདི་སྐད་བཏབ། །བདག་ལུས་རུས་པ་ལྷག་མ་ཡིས། །མ་འོངས་སེམས་ཅན་ཕན་འདོགས་ཤོག །འདི་ནི་ལུས་བཏང་གནས་ཡིན་ཏེ། །རིན་ཆེན་སྣ་བདུན་མཆོད་རྟེན་དེ། །ལོ་ནི་ཚད་མེད་བར་དུ་གནས། །དེ་ནས་ས་འོག་བྱིང་བར་གྱུར། །སྔོན་གྱི་སྨོན་ལམ་མཐུ་སྟོབས་ཀྱིས། །


DKG089_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་ནི་ཇི་བཞིན་སེམས་ཅན་ཟློས། །ལྷ་མི་ཀུན་ལ་ཕན་གདགས་ཕྱིར། །ས་ལས་འཕགས་ཏེ་བྱུང་བ་ཡིན། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྔོན་གྱི་རྒྱུད་འདི་བསྟན་པ་ན་ལྷ་དང་མིའི་སྐྱེ་བོའི་ཚོགས་ཚད་མེད་གྲངས་མེད་པ་སྙེད་ཡོངས་སུ་གདུང་བ་དང་དགའ་བ་ཆེན་པོ་སྐྱེས་ཏེ། སྔོན་ཆད་ནམ་ཡང་འདི་ལྟ་བུ་མ་བྱུང་ངོ་ཞེས་བསྔགས་པ་བརྗོད་ནས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །བྱང་ཆུབ་ཀྱི་ཤིང་གི་ལྷ་མོ་ལ་ཡང་བཀའ་སྩལ་པ། ངས་ནི་དྲིན་ལ་ལན་གླན་པའི་ཕྱིར་གུས་པས་ཕྱག་བྱས་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་མཐུ་མངོན་པར་བསྡུས་པ་དང་། མཆོད་རྟེན་དེ་ཡང་སླར་སའི་འོག་ཏུ་བྱིང་བར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལུས་ཡོངས་སུ་བཏང་བའི་ལེའུ་སྟེ་ཉི་ཤུ་དྲུག་པའོ།། །།དེའི་ཚེ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་རྣམ་གྲངས་འདི་བཀའ་སྩལ་བ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་བྱང་ཆུབ་སེམས་དཔའི་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཚད་མེད་པ་སྙེད་སོ་སོ་ནས་རང་རང་གི་ཞིང་ཁམས་ནས་བྱ་རྒོད་ཕུང་པོའི་རིར་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་ཡན་ལག་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་སེམས་རྩེ་གཅིག་ཏུ་ཐལ་མོ་སྦྱར་ཏེ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། །བཅོམ་ལྡན་སྐུ་མཆོག་གསེར་གྱི་ཁ་དོག་ལྡན། །འོད་ཟེར་ཀུན་གསལ་གསེར་གྱི་རི་བོ་འདྲ། །རྣམ་དག་རབ་མཉམ་པདྨ་དག་དང་མཚུངས། །མཚན་མཆོག་དམ་པ་ཚད་མེད་ཀུན་དུ་བཀོད། །མཚན་ནི་སུམ་ཅུ་རྩ་གཉིས་རབ་བརྒྱན་ཏེ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ཡོངས་སུ་རྫོགས། །འོད་ཟེར་རབ་གསལ་དཔེ་ཟླ་ཡོང་མ་མཆིས། །དྲི་བྲལ་དཔེར་ན་རྣམ་དག་ཟླ་ཉ་འདྲ། །གསུང་དབྱངས་རབ་དང་ཤིན་ཏུ་གྱ་ནོམ་པས། །སེང་གེ་བཞིན་དུ་འབྲུག་སྒྲ་སྒྲོགས་པར་མཛད། ། དམ་པ་རྣམ་བརྒྱད་དབང་པོ་མཐུན་མཛད་པས། །ཀ་ལ་པིང་ཀའི་སྒྲ་སྒྲོགས་ཀུན་ལས་འཕགས། །བསོད་ནམས་བརྒྱ་ཡི་མཚན་མཆོག་སྐུ་བརྒྱན་པས། །འོད་ཟེར་ཕུན་ཚོགས་དྲི་མ་ཡོངས་མི་མངའ། །མཁྱེན་བློ་རབ་གསལ་དཔེར་ན་རྒྱ་མཚོ་འདྲ། །ཡོན་ཏན་རྒྱ་ཆེན་ནམ་མཁའ་དག་དང་མཚུངས། །ཡོངས་རྫོགས་


DKG089_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་བཀང་། །རྐྱེན་ནི་ཇི་བཞིན་སེམས་ཅན་སྒྲོལ་བར་མཛད། །ཉོན་མོངས་སྲེད་པའི་བག་ཆགས་ཀུན་བསལ་བས། །ཆོས་ཀྱི་སྒྲོན་མ་རྟག་པར་རྒྱུན་མི་འཆད། །ཐུགས་བརྩེས་སེམས་ཅན་དག་ལ་ཕན་འདོགས་པས། །ད་ལྟར་སླད་མའི་དུས་ཚེ་བདེ་བ་སྩོལ། །རྟག་པར་དོན་མཆོག་དམ་པ་རབ་བཤད་ནས། །ཡང་དག་རབ་དབེན་མྱ་ངན་འདས་ལ་འགོད། །བཅོམ་ལྡན་བདུད་རྩིའི་ཆོས་མཆོག་རབ་བསྟན་ནས། །བདུད་རྩིའི་གྱ་ནོམ་དོན་ནི་སྩོལ་མཛད་པས། །བདུད་རྩིའི་གྲོང་ཁྱེར་དག་ཏུ་རབ་དྲངས་ནས། །བདུད་རྩི་འདུས་མ་བགྱིས་ཀྱི་བདེ་ལ་འགོད། །རྟག་པར་འཁོར་བའི་རྒྱ་མཚོ་ཆེན་པོ་ནས། །སྡུག་བསྔལ་སེམས་ཅན་ཐམས་ཅད་ཐར་བར་མཛད། །དེ་དག་བདེ་བའི་ཤུལ་དུ་རབ་བཙུད་དེ། །ཡིད་བཞིན་བདེ་བ་བསམ་མི་ཁྱབ་པ་སྩོལ། །བཅོམ་ལྡན་ཡོན་ཏན་རྒྱ་མཚོ་ཟབ་ལ་ཡངས། །དཔེ་ནི་མང་པོ་དག་གིས་རིག་མི་འགྱུར། །རྟག་པར་ཀུན་ལ་ཐུགས་རྗེ་ཆེར་གཟིགས་པས། །ཐབས་མཁྱེན་བརྩོན་འགྲུས་དག་ནི་རྒྱུན་མི་འཆད། །བཅོམ་ལྡན་ཡོན་ཏན་རྒྱ་མཚོ་མཐའ་མ་མཆིས། །བསྐལ་པ་བྱེ་བ་བརྒྱ་སྟོང་བར་དུ་ནི། །ལྷ་མི་ཐམས་ཅད་ལྷན་ཅིག་དཔག་བསམས་ཀྱང་། །ཆ་ཤས་ཙམ་ཡང་རིག་པར་ཡོང་མི་འགྱུར། །བདག་ཅག་སངས་རྒྱས་ཡོན་ཏན་རྒྱ་མཚོ་ལས། །ཐིགས་པ་འགའ་ཞིག་བསྔགས་པ་བརྗོད་པ་ཡི། །བསོད་ནམས་དེ་དག་སྐྱེ་དགུ་ཡོངས་བསྔོས་ནས། །ཐམས་ཅད་བྱང་ཆུབ་འབྲས་བུ་མྱུར་ཐོབ་སྨོན། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མང་པོ་དེ་དག་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཁྱེད་ཀྱིས་འདི་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་ཉིད་ཀྱིས་སེམས་ཅན་ལ་ཕན་འདོགས་ཤིང་སངས་རྒྱས་ཀྱི་མཛད་པ་རྒྱ་ཆེར་བྱེད་པར་འགྱུར་བས་སྡིག་པ་རྣམས་ཡོངས་སུ་བྱང་ནས་བསོད་ནམས་ཚད་མེད་པ་སྙེད་སྐྱེ་བར་འགྱུར་རོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་


DKG089_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཏོག་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་པ། ཐུབ་པ་བསོད་ནམས་བརྒྱ་ཡི་མཚན་རྫོགས་ཤིང་། །ཡོན་ཏན་ཚད་མ་མཆིས་པས་སྐུ་རབ་བརྒྱན། །རྣམ་དག་རྒྱ་ཆེན་སེམས་ཅན་ལྟ་མོས་པས། །ཉི་མ་སྟོང་བཞིན་འོད་ཀྱིས་སྣང་བར་མཛད། །ཁ་དོག་མཐའ་ཡས་འོད་ནི་རབ་ཏུ་རྒྱས། །རིན་ཆེན་པདྨའི་ཕུང་བཞིན་མཚན་རྣམས་མཛེས། །དཔེར་ན་གདུགས་ཤར་ནམ་མཁའ་སྣང་བགྱིད་བཞིན། །ཁ་དོག་དཀར་གསལ་གསེར་གྱི་མདོག་ཀྱང་གནོན། །གསེར་གྱི་རི་བཞིན་འོད་ཀྱིས་གསལ་མཛད་པས། །ཞིང་ནི་བརྒྱ་སྟོང་མང་པོ་ཀུན་དུ་ཁྱབ། །སེམས་ཅན་སྡུག་བསྔལ་ཚད་མེད་ཞི་མཛད་ནས། །བདེ་བ་དམ་པ་མཐའ་ཡས་སྩལ་བར་མཛད། །མཚན་རྣམས་ཕུན་ཚོགས་རྣམ་དག་རབ་མཛེས་པས། །སེམས་ཅན་ལྟ་མོས་སྐྱོ་བ་ཡོང་མ་མཆིས། །དབུ་སྐྲ་རབ་མཉེན་ཁ་དོག་མཐོན་མཐིང་གནས། །བུང་བ་ནག་པོ་མེ་ཏོག་བསྡུས་པ་འདྲ། །དགྱེས་དང་བཏང་སྙོམས་ཆེན་པོ་དག་པས་བརྒྱན། ། བྱམས་དང་ཐུགས་རྗེ་ཆེན་པོ་ཕུན་སུམ་ཚོགས། །མཚན་དང་དཔེ་བྱད་དམ་པ་རབ་མཛེས་པ། །བྱང་ཆུབ་ཡན་ལག་ཆོས་ལས་གྲུབ་པ་ལགས། །བཅོམ་ལྡན་བསོད་ནམས་ཕན་པ་མང་བཏང་བས། །དེ་དག་རྟག་ཏུ་བདེ་བ་ཆེན་པོ་འཐོབ། །ཡོན་ཏན་རྣམ་པ་སྣ་ཚོགས་རབ་བརྒྱན་པས། །འོད་ཀྱི་ཞིང་ནི་བརྒྱ་སྟོང་སྣང་བར་མཛད། །བཅོམ་ལྡན་འོད་ཟེར་ཤིན་ཏུ་རྫོགས་པས་ན། །དཔེར་ན་གདུགས་ཀྱིས་ནམ་མཁའ་ཀུན་ཁྱབ་འདྲ། །བཅོམ་ལྡན་རི་རབ་བཞིན་དུ་ཡོན་ཏན་ལྡན། །ཕྱོགས་བཅུ་ཀུན་དུ་ཁྱབ་པར་སྟོན་པ་མཛད། ། བཅོམ་ལྡན་གསེར་ཞལ་དམ་པ་རབ་ཏུ་མཛེས། །ཚེམས་དཀར་གཏམས་པ་དུང་གི་ཁ་དོག་འདྲ། །བཅོམ་ལྡན་ཞལ་མཛེས་དཔེ་ཟླ་ཡོང་མ་མཆིས། །སྨིན་མཚམས་བ་སྤུ་རྟག་པར་གཡས་སུ་འཁྱིལ། །འོད་མཉེན་དཀར་གསལ་ཆུ་ཤེལ་དག་དང་མཚུངས། །


DKG089_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་ཟླ་ཉ་ནམ་མཁའི་ཁམས་གནས་འདྲ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་བཀའ་སྩལ་པ། །ཁྱོད་ཀྱིས་འདི་ལྟར་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་ནི་བསམ་གྱིས་མི་ཁྱབ་པ་ཡིན་པས་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཞིང་། གང་དག་ཁོང་དུ་མ་ཆུད་པ་དེ་དག་ཀྱང་རྗེས་སུ་མཐུན་པར་རྣལ་འབྱོར་སྒོམ་པ་ལ་སློབ་པར་འགྱུར་རོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་བསྔགས་པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།དེ་ནས་བྱང་ཆུབ་ཀྱི་ཤིང་གི་ལྷ་མོས་ཀྱང་ཚིགས་སུ་བཅད་པ་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། །བཅོམ་ལྡན་རྣམ་དག་བློ་ལ་གུས་ཕྱག་འཚལ། །རྣམ་དག་ཆོས་གཉེར་བློ་ལ་གུས་ཕྱག་འཚལ། །ཡང་དག་ཆོས་གཉེར་བློ་ལ་གུས་ཕྱག་འཚལ། །ཆོས་མིན་སྤོང་བའི་བློ་ལ་གུས་ཕྱག་འཚལ། །རྣམ་རྟོག་མི་མངའ་བློ་ལ་གུས་ཕྱག་འཚལ། །ཀྱེ་མ་ངོ་མཚར་བཅོམ་ལྡན་མཐའ་ཡས་སྤྱོད། །ཀྱེ་མ་མཐོང་དཀའ་ཨུ་དུམ་བཱ་ར་འདྲ། །ཀྱེ་མ་ངོ་མཚར་རྒྱ་མཚོའི་རི་རྒྱལ་འདྲ། །ཀྱེ་མ་ངོ་མཚར་བདེ་གཤེགས་འོད་ཚད་མེད། །ཀྱེ་མ་ངོ་མཚར་ཁ་བསྒྱུར་སྨོན་ལམ་ཆེ། །ཀྱེ་མ་ངོ་མཚར་ཤཱཀ་རིགས་ཉི་མ་འདིས། །འདི་འདྲའི་མདོ་སྡེ་དཀོན་མཆོག་བཀས་བཤད་ནས། །བརྩེ་བས་སྐྱེ་དགུ་རྣམས་ལ་ཕན་འདོགས་མཛད། །ཐུབ་པ་རབ་དབེན་དབང་པོ་མཉམ་འཇོག་པས། །རབ་ཞི་མྱ་ངན་འདས་པའི་གྲོང་ཁྱེར་གཤེགས། །རབ་དབེན་གཟུངས་ཀྱི་སྒོ་ལ་བཞུགས་པས་ན། །རབ་དབེན་སྤྱོད་ཡུལ་ཟབ་མོ་དག་ཀྱང་མཁྱེན། །རྐང་གཉིས་གཙོ་བོ་རབ་དབེན་བཞུགས་པས་ན། །ཉན་ཐོས་སློབ་མ་ལུས་ཀྱང་དེ་བཞིན་སྟོང་། །ཆོས་རྣམས་ཐམས་ཅད་ངོ་བོ་མ་མཆིས་པས། །སེམས་ཅན་ཐམས་ཅད་ཀྱང་ནི་སྟོང་ཞིང་དབེན། །བདག་ནི་རྟག་ཏུ་བཅོམ་ལྡན་དྲན་པར་བགྱིད། །བདག་ནི་རྟག་ཏུ་བཅོམ་ལྡན་


DKG089_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་བར་མོས། །བདག་ནི་རྟག་ཏུ་གུས་སེམས་བསྐྱེད་པས་ན། །རྟག་པར་དེ་བཞིན་གཤེགས་པའི་གདུགས་དང་མཇལ། །བདག་ནི་རྟག་ཏུ་བཅོམ་ལྡན་ཕྱག་བགྱིས་ནས། །རྟག་པར་ཞལ་ལྟ་སེམས་ཀྱིས་མི་སྤོང་སྨོན། །རབ་ཏུ་གདུང་སེམས་བར་ཆད་མ་མཆིས་པར། །རྟག་པར་རིམ་གྲོ་བགྱིས་ཀྱང་སྐྱོ་མི་བགྱིད། །བཅོམ་ལྡན་ཐུགས་རྗེའི་ཐུགས་ནི་རབ་བསྐྱེད་ནས། །མདངས་ལྡན་ཞལ་ནི་བདག་གིས་རྟག་མཐོང་མཛོད། །བཅོམ་ལྡན་ཉན་ཐོས་དགེ་འདུན་རྣམ་དག་པས། །རྟག་པར་ལྷ་མི་དག་ནི་བསྒྲལ་བར་སྨོན། །སྐུ་ནི་རང་བཞིན་རྣམ་དག་ནམ་མཁའ་འདྲ། །སྒྱུ་མ་སྨིག་རྒྱུ་ཆབ་ཀྱི་ཟླ་བ་མཚུངས། །བདུད་རྩི་མྱ་ངན་འདས་པའི་ཆོས་བཤད་ནས། །ཡོན་ཏན་ཕུང་པོ་ཐམས་ཅད་སྐྱེད་པར་སྨོན། །བཅོམ་ལྡན་རྣམ་དག་སྤྱོད་ཡུལ་བྱམས་པ་དང་། །ཐུགས་རྗེ་ཡང་དག་སྤྱོད་ཡུལ་བསམ་མི་ཁྱབ། །ཉན་ཐོས་རང་རྒྱལ་གཞལ་བར་མི་འགྱུར་ཞིང་། །དྲང་སྲོང་བྱང་ཆུབ་སེམས་དཔས་དཔོག་མི་འགྱུར། །དེ་བཞིན་གཤེགས་པས་བདག་ལ་ཐུགས་བརྩེ་ནས། །ཐུགས་རྗེ་ཆེན་པོའི་སྐུ་ནི་རྟག་མཐོང་སྨོན། ། ལས་གསུམ་ངལ་མེད་བྱམས་གཙོ་མཆོད་ནས་ནི། །མྱུར་དུ་ངེས་འབྱུང་ཡང་དག་མཐའ་ཕྱོགས་སྨོན། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བསྔགས་པ་བརྗོད་པ་གསན་པ་དང་། །ཚངས་པའི་དབྱངས་ཀྱིས་ཤིང་གི་ལྷ་མོ་ལ་བཀའ་སྩལ་པ། །རིགས་ཀྱི་ལྷ་མོ་ཁྱོད་ཀྱིས་ངའི་ཡང་དག་པའི་མི་བརྫུན་པའི་ཆོས་ཀྱི་སྐུ་རྣམ་པར་དག་པའི་བསྔགས་པ་བརྗོད་ནས་བདག་དང་གཞན་ལ་ཕན་གདག་པའི་ཕྱིར་མཚན་མཆོག་གྱ་ནོམ་པ་ཡང་དག་པར་བསྒྲགས་པ་ལེགས་སོ་ལེགས་སོ། །བསོད་ནམས་འདིས་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་སེམས་ཅན་ཐམས་ཅད་མཚུངས་པར་རྣལ་འབྱོར་བསྒོམ་པར་འགྱུར་ལ། གང་གིས་ཐོས་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པའི་བདུད་རྩིའི་ཆོས་ཀྱི་སྒོར་འཇུག་པར་འགྱུར་རོ། །


DKG089_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་བྱང་ཆུབ་ཀྱི་ཤིང་གི་ལྷ་མོས་བསྔགས་པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།དེ་ནས་ལྷ་མོ་སྤོབས་པ་ཆེན་མོ་སྟན་ལས་ལངས་ཏེ་གུས་པས་ཐལ་མོ་སྦྱར་ནས ་ཡང་དག་པའི་ཚིག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་ཡང་དག་པར་གསེར་གྱི་ཁ་དོག་དང་ལྡན་པ། མགུར་དུང་གི་དབྱིབས་དང་འདྲ་བ། ཞལ་ཟླ་བ་ཉ་བ་ལྟ་བུ་སྤྱན་པདྨ་སྔོན་པོ་དང་མཚུངས་པ། སྒྲོས་དམར་ཞིང་བཟང་བ། ཆུ་ཤེལ་གྱི་ཁ་དོག་དང་འདྲ་བ། ཤངས་ཀྱི་དབྱིབས་མཐོ་ཞིང་དྲང་བས་གསེར་གྱི་གར་བུ་བཅད་པ་ལྟ་བུར་གྱུར་པ། ཚེམས་དཀར་ཞིང་ཐགས་བཟང་བ་མེ་ཏོག་ཀུ་མུ་ད་དང་མཚུངས་པ། འོད་ཀྱིས་ཀུན་དུ་སྣང་བར་མཛད་པས་ཉི་མ་བརྒྱ་སྟོང་ལྟ་བུར་གྱུར་པ། འོད་ཀྱི་ཁ་དོག་ཀུན་དུ་ཁྱབ་པས་འཛམ་བུའི་གསེར་དང་འདྲ་བ། ཚིག་གསུང་བ་ལ་ནོར་ཞིང་འཁྲུལ་པ་མི་མངའ་བ། རྣམ་པར་ཐར་པའི་སྒོ་གསུམ་ཡང་དག་པར་བསྟན་ནས། བྱང་ཆུབ་རྣམ་པ་གསུམ་གྱི་ལམ་ཡང་དག་པར་འབྱེད་པ། ཐུགས་རྟག་ཏུ་རྣམ་པར་དག་ཅིང་ཐུགས་ཀྱི་མོས་པ་ཡང་དེ་བཞིན་དུ་གྱུར་པ། བཅོམ་ལྡན་འདས་བཞུགས་པའི་གནས་དང་སྤྱོད་ཡུལ་རྣམས་རྟག་པར་རྣམ་པར་དག་པར་གྱུར་པ། སྤྱོད་ལམ་མ་ལགས་པ་སྤངས་པས་གཤེགས་ཤིང་བཞུགས་པ་དག་ལ་འཁྲུལ་པ་མི་མངའ་བ། ལོ་དྲུག་དཀའ་བ་མཛད་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར་བ། སྡུག་བསྔལ་བའི་སེམས་ཅན་ཡོངས་སུ་བཟླས་ནས་ཕ་རོལ་གྱི་འགྲམ་དུ་ཕྱིན་པར་མཛད་པ། སྐུའི་མཚན་ཡོངས་སུ་རྫོགས་པ་ནྱ་གྲོ་དྷའི་ལྗོན་ཤིང་ལྟ་བུར་གྱུར་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་བསྒོམས་པས་ཕྲིན་ལས་རྣམ་པ་གསུམ་ལ་སྐྱོན་མི་མངའ་བ། ཐམས་ཅད་མཁྱེན་པ་དང་ལྡན་པས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་མཛད་པ། གང་


DKG089_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་གསུང་ཡང་རུང་སྟེ། རྟག་པར་སེམས་ཅན་གྱི་དོན་དུ་འགྱུར་བར་མཛད་པས་དོན་མ་མཆིས་པར་མི་གསུང་བ། ཤཱཀྱའི་རིགས་ཀྱི་ནང་ནས་སེང་གེ་ཆེན་པོར་གྱུར་པས་རབ་ཏུ་བརྟན་ཞིང་དཔའ་བ། རྣམ་པར་ཐར་པ་བརྒྱད་ཕུན་སུམ་ཚོགས་པར་གྱུར་པ་ལ་ཕྱག་འཚལ་ལོ། །དེང་བདག་གི་ཉམས་ཀྱིས་ཇི་ཙམ་ལྕོགས་པའི་རྗེས་སུ་དེ་བཞིན་ཤེགས་པའི་ཡོན་ཏན་གྱི་ཕྱོགས་ལས་ཅུང་ཟད་ཙམ་ཞིག་བསྔགས་པ་བརྗོད་པ་ནི་འདི་ལྟ་སྟེ། དཔེར་ན་སྦྲང་བུས་རྒྱ་མཚོ་ཆེན་པོའི་ཆབ་འཚལ་བ་དང་འདྲ་ཡང་བསོད་ནམས་དེའི་དབང་གིས་སེམས་ཅན་ཐམས་ཅད་འཁོར་བ་གཏན་དུ་སྤངགས་ནས་བླ་ན་མ་མཆིས་པའི་ལམ་མངོན་པར་གྲུབ་པར་སྨོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་སྤོབས་པ་ཆེན་མོ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཡུན་རིང་པོ་ནས་བསྒོམས་པས་སྤོབས་པ་ཆེན་པོ་དང་ལྡན་པར་གྱུར་ནས། དེང་ངའི་ཡོན་ཏན་རྒྱ་ཆེར་བསྔགས་པ་བརྗོད་པ་ལེགས་སོ་ལེགས་སོ། །འདིའི་དབང་གིས་ཁྱོད་མྱུར་དུ་བླ་ན་མེད་པའི་ཆོས་ཀྱི་སྒོ་མོ་མངོན་པར་རྟོགས་ནས་མཚན་དང་དཔེ་བྱད་བཟང་པོ་ཕུན་སུམ་ཚོགས་པར་གྱུར་ཏེ། ཐམས་ཅད་ལ་རྒྱ་ཆེར་ཕན་འདོགས་པར་འགྱུར་རོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ལྷ་མོ་སྤོབས་པ་ཆེན་མོས་བསྔགས་པ་བརྗོད་པའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཚད་མེད་པ་སྙེད་རྣམས་དང་། ལྷ་དང་། མི་རྣམས་དང་། འཁོར་མང་པོ་ཐམས་ཅད་ལ་བཀའ་སྩལ་པ། ཁྱེད་ཀྱིས་འདི་ལྟར་རིག་པར་བྱ་སྟེ། ངས་བསྐལ་པ་ཆེན་པོ་ཚད་མེད་གྲངས་མེད་པ་ནས་ནན་ཏན་བརྩོན་འགྲུས་ཀྱིས་དཀའ་བ་སྤྱད་དེ་ཐོབ་པའི་ཆོས་ཤིན་ཏུ་ཟབ་པ་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་གང་ཡིན་པ་དེ་ནི་ཁྱེད་ལ་ཡང་དག་པར་བསྟན་ཟིན་ན། ཁྱེད་ཅག་ལས་སུ་ཞིག་རབ་ཏུ་བརྟུལ་བའི་སེམས་བསྐྱེད་ནས་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཆོས་ཀྱི་རྣམ་གྲངས་འདི་གུས་པས་ཡོངས་སུ་བསྲུངས་ནས་


DKG089_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེར་ཡང་དག་པར་སྤེལ་ཏེ། ཡང་དག་པའི་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་པར་བྱེད། དེ་ནས་འཁོར་མང་པོའི་ནང་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བྱེ་བ་ཕྲག་དྲུག་ཅུ་དང་། ལྷའི་འཁོར་ཕལ་མང་པོ་བྱེ་བ་ཕྲག་དྲུག་ཅུས་མགྲིན་གཅིག་ཏུ་འདི་སྐད་ཅེས། བཅོམ་ལྡན་འདས་བདག་ཅག་ཐམས་ཅད་ལ་ཡང་མོས་པའི་སེམས་མཆིས་པས་བཅོམ་ལྡན་འདས་ཀྱིས་བསྐལ་པ་ཆེན་པོ་ཚད་མ་མཆིས་པ་ནས་ནན་ཏན་བརྩོན་འགྲུས་ཀྱིས་དཀའ་བ་མཛད་དེ། བརྙེས་པའི་ཆོས་ཤིན་ཏུ་ཟབ་པ་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་གང་ལགས་པ་དེ་ལ་གུས་པས་ཡོངས་སུ་བསྲུངས་ནས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་སླད་ན་ཡང་ལུས་དང་སྲོག་ལ་ཕངས་པ་མ་མཆིས་པར་ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་སྤེལ་ཏེ། ཡང་དག་པའི་ཆོས་འཇིག་རྟེན་ན་ཡུན་རིང་དུ་གནས་པར་བགྱིད་དོ་ཞེས་གསོལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་ཡང་དག་བདེན་ཚིག་གསུང་། །ཡང་དག་ཆོས་ལ་རབ་ཏུ་བཞུགས། །ཡང་དག་བདེན་པ་དེ་དབང་གིས། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །ཐུགས་རྗེ་ཆེན་པོའི་གོ་མནབས་ནས། །ཐུགས་རྗེ་ཆེ་ལ་རབ་ཏུ་བཞུགས། །བྱམས་དང་ཐུགས་རྗེ་དེ་སྟོབས་ཀྱིས། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། ། བསོད་ནམས་ཚོགས་ནི་ཡོངས་རྫོགས་ནས། །ཡེ་ཤེས་ཚོགས་ནི་རབ་ཏུ་བསྐྱེད། །ཚོགས་རྣམས་ཡོངས་སུ་རྫོགས་པའི་སླད། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །བདུད་རྣམས་ཐམས་ཅད་རབ་བརྟུལ་ཏེ། །ལོག་སྨྲ་ཐམས་ཅད་རྣམ་པར་བཤིག ། ངན་ལྟ་ཐམས་ཅད་བསལ་བའི་སླད། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །འཇིག་རྟེན་སྐྱོང་དང་བརྒྱ་བྱིན་དང་། །ཚངས་པ་དང་ནི་ལྷ་མ་ཡིན། །ཀླུ་དང་གནོད་སྦྱིན་ལ་སོགས་པས། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །ས་ཡི་སྟེང་


DKG089_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཁའ་གནས་པ། །ཡུན་རིང་འདིར་ནི་གནས་པ་རྣམས། །བཅོམ་ལྡན་བསྟན་པ་འཛིན་བགྱིད་པ། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །ཚངས་པའི་བཞུགས་བཞི་མཚུངས་ལྡན་ཞིང་། །འཕགས་བདེན་བཞི་ཡིས་རབ་བརྒྱན་ནས། །བདུད་བཞི་དག་ནི་ཕམ་མཛད་སླད། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །ནམ་མཁའ་ཐོགས་བཅས་འགྱུར་ཡང་སྲིད། །ཐོགས་བཅས་ནམ་མཁར་འགྱུར་སྲིད་ཀྱི། །སངས་རྒྱས་རྣམས་ཀྱིས་བསྲུངས་བཟུང་བ། ། སུས་ཀྱང་བསྒུལ་ཞིང་བསྐྱོད་མི་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་འདི་བསྲུང་བ་བཀས་བཤད་པ་ཐོས་པ་དང་། སོ་སོ་ནས་རྗེས་སུ་ཡི་རང་བའི་སེམས་བསྐྱེད་ནས་ཡང་དག་པའི་ཆོས་ཡོངས་སུ་བསྲུང་བའི་སེམས་ཀྱིས་ཅིག་ཅར་མགྲིན་གཅིག་ཏུ་ཚིགས་སུ་བཅད་དེ་གསོལ་པ། བདག་ཅག་མདོ་སྡེ་འདི་ལ་ནི། །བུ་དང་བུ་མོ་འཁོར་དང་བཅས། །ཐམས་ཅད་རྩེ་གཅིག་རབ་བསྲུངས་ནས། །རྒྱ་ཆེར་ཡང་དག་སྤེལ་བར་བགྱིད། །གང་ཞིག་མདོ་འདི་རབ་བཟུང་ནས། །བྱང་ཆུབ་རྒྱུ་ནི་སྒྲུབ་བགྱིད་ན། །བདག་ཅག་རྟག་པར་ཕྱོགས་བཞི་ནས། །སྲུང་སྐྱོབ་རིམ་གྲོ་དག་ཀྱང་བགྱིད། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་པ་གསོལ་པ། སངས་རྒྱས་ཆོས་ནི་ཐུགས་ཆུད་ནས། ། དྲིན་ནི་བསབ་པར་བཞེད་པ་དང་། །བྱང་ཆུབ་སེམས་དཔའ་ཕན་གདགས་སླད། །འཇིག་རྟེན་འདས་ཀྱང་མདོ་སྡེ་གསུངས། །བདག་ཀྱང་སངས་རྒྱས་དེ་དག་ལ། །དྲིན་བསབ་སླད་དུ་རྟག་མཆོད་ནས། །འདི་འདྲའི་མདོ་སྡེ་འདི་དང་ནི། །མདོ་སྡེ་འདི་ལ་སྲུང་བར་བགྱིད། །དེ་ནས་དགའ་ལྡན་པའི་ལྷའི་བུ་རྣམས་ཀྱིས་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་གསུངས་པའི་མདོ་སྡེ་འདི། །གང་ཞིག་འཛིན་པར་བགྱིད་པ་ནི། །བྱང་ཆུབ་གནས་སྐབས་གནས་པས་ན། །


DKG089_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་ལྡན་ལྷར་ནི་རབ་ཏུ་འགྱུར། །བཅོམ་ལྡན་བདག་ཅག་རབ་དགའ་ནས། །ལྷ་ཡི་རྣམ་སྨིན་མཆོག་སྤངས་ནས། །འཛམ་གླིང་དག་ཏུ་གནས་ནས་ནི། །མདོ་སྡེ་འདི་ནི་སྒྲོགས་པར་བགྱིད། །དེ་ནས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་ཚངས་པ་ལྷའི་རྒྱལ་པོས། གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བསམ་གཏན་རྣམས་དང་ཐེག་རྣམས་དང་། །རྣམ་ཐར་ཚད་མེད་ཐམས་ཅད་ཀྱང་། །མདོ་སྡེ་འདི་ལས་བྱུང་བས་ན། །དེ་སླད་མདོ་འདི་རབ་ཏུ་གསུངས། །མདོ་སྡེ་འདི་ནི་སྟོན་པའི་གནས། །ཚངས་པའི་བདེ་བ་བདག་སྤངས་ནས། །མདོ་སྡེ་འདི་ནི་མཉན་པའི་སླད། །རྟག་པར་ཡོངས་སུ་སྲུང་སྐྱོབ་བགྱིད། །དེ་ནས་བདུད་ཀྱི་རྒྱལ་པོའི་བུ་ཚོང་དཔོན་ཞེས་བྱ་བས་ཡང་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། ཡང་དག་དོན་དང་ལྡན་པའི་མདོ། །བདུད་སྤྱོད་རྗེས་སུ་མི་འབྲང་ཞིང་། །བདུད་ཀྱི་ལས་ངན་སྦྱོང་བགྱིད་པ། །འདི་ནི་གང་ཞིག་འཛིན་བགྱིད་ན། །བདག་ཀྱང་མདོ་སྡེ་འདི་ལ་ནི། །བརྩོན་པ་དག་གིས་རབ་བསྲུངས་ནས། །བརྩོན་འགྲུས་ཆེན་པོའི་སེམས་བསྐྱེད་དེ། །ཀུན་དུ་རྒྱ་ཆེར་སྤེལ་བར་བགྱིད། །དེ་ནས་བདུད་ཀྱི་རྒྱལ་པོས་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། གང་ཞིག་མདོ་སྡེ་འདི་བཟུང་ནས། །ཉོན་མོངས་རྣམས་ནི་ཕམ་བགྱིད་པ། །དེ་འདྲའི་སེམས་ཅན་དེ་དག་ལ། །སྲུང་སྐྱོབ་བདེ་ལ་འགོད་པར་བགྱིད། །མདོ་སྡེ་འདི་ནི་གང་འཆང་བ། །བདུད་རྣམས་ཀྱིས་ནི་གླགས་མི་རྙེད། །བཅོམ་ལྡན་བྱིན་གྱིས་བརླབས་ཀྱི་མཐུས། །བདག་གིས་དེ་ལ་སྲུང་བར་བགྱིད། །དེ་ནས་ལྷའི་བུ་བཀྲ་ཤིས་དམ་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིགས་སུ་བཅད་དེ་གསོལ་པ། སངས་རྒྱས་རྣམས་ཀྱི་བྱང་ཆུབ་མཆོག །མདོ་སྡེ་འདི་ལས་བསྟན་པས་ན། །གང་ཞིག་མདོ་སྡེ་འཛིན་བགྱིད་པ། །དེ་བཞིན་གཤེགས་


DKG089_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་པར་འགྱུར། །བདག་གིས་མདོ་སྡེ་འདི་བཟུང་ནས། །བྱེ་བའི་ལྷ་ལ་རབ་བཤད་ནས། །གུས་པས་ཉན་པར་བགྱིད་པ་དག །བྱང་ཆུབ་གནས་སུ་བསྐུལ་བར་བགྱིད། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པས་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བྱང་ཆུབ་ལ་ནི་རབ་གནས་ནས། །གསོལ་བ་མ་བཏབ་གྲོགས་མཐོང་ན། །ལུས་སྲོག་དག་ཀྱང་རབ་སྤངས་ནས། །མདོ་སྡེ་རྒྱལ་པོ་འདི་སྲུང་བགྱིད། །འདི་འདྲའི་ཆོས་ནི་བདག་ཐོས་ནས། །དགའ་ལྡན་ལྷ་གནས་མཆིས་ནས་ཀྱང་། །བཅོམ་ལྡན་བྱིན་བརླབས་དབང་གིས་ན། །ལྷ་མི་རྒྱ་ཆེན་སྟོན་པར་བགྱིད། །དེ་ནས་གནས་བརྟན་འོད་སྲུང་ཆེན་པོས་གུས་པས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བཅོམ་ལྡན་ཉན་ཐོས་ཐེག་པར་ནི། །བདག་ནི་ཤེས་རབ་ཆུང་བར་གསུངས། །དེང་བདག་རང་གི་སྟོབས་ཀྱི་མཐུས། །མདོ་སྡེ་འདི་ནི་སྲུང་འཛིན་བགྱིད། །གང་ཞིག་མདོ་འདི་འཛིན་བགྱིད་ན། །བདག་གིས་དེ་ནི་རབ་བསྲུངས་ཏེ། །ཚིག་དང་སྤོབས་པའི་མཐུ་སྩལ་ནས། །རྗེས་འབྲང་རྟག་པར་ལེགས་ཞེས་བརྗོད། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ནས་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་བཅོམ་ལྡན་མངོན་སུམ་དུ། །མདོ་སྡེ་ཚད་མེད་ཐོས་གྱུར་ཀྱང་། །ཆོས་མཆོག་རྒྱལ་པོ་འདི་འདྲ་བ། །ནམ་ཡང་ཐོས་པར་ཡོངས་མ་གྱུར། ། དེང་བདག་མདོ་འདི་བཅོམ་ལྡན་ལས། །མངོན་ཐོས་ཡོངས་སུ་བཟུང་བས་ན། །གང་དག་བྱང་ཆུབ་མོས་པ་ལ། །རྒྱ་ཆེན་རབ་ཏུ་སྤེལ་བར་བགྱིད། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་། མིའི་འཁོར་མང་པོ་དེ་དག་སོ་སོ་ནས་མདོ་སྡེ་འདི་རྒྱ་ཆེར་སྤེལ་ཞིང་རྒྱས་པ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བསྲུང་བར་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དག་པར་བསྐུལ་ཏེ། སེམས་ཅན་ལ་རྒྱ་ཆེར་ཕན་འདོགས་པ་གཟིགས་པ་དང་། ལེགས་སོ་ལེགས་སོ། །


DKG089_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བསྔགས་པ་བརྗོད་ནས། །ཁྱོད་ཀྱིས་འདི་ལྟར་མདོ་སྡེའི་རྒྱལ་པོ་མཆོག་དམ་པ་འདི། སེམས་རྩེ་གཅིག་ཏུ་རྒྱ་ཆེར་སྤེལ་ནས། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་། །འཐོར་ཞིང་ནུབ་པར་མི་འགྱུར་བར་བྱེད་པ་དེ་ནི། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་ཡང་དག་པ་ཡིན་པས། བསོད་ནམས་ཇི་སྙེད་ཅིག་འཐོབ་པར་འགྱུར་བ་ནི། བསྐལ་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་རོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་སོགས་པ། གང་ལ་ལ་ཞིག་མཆོད་པ་དང་། བཀུར་སྟི་བྱས་ནས། ཡི་གེར་བྲིས་ཏེ། རྒྱ་ཆེར་སྤེལ་བ་དང་། གཞན་དག་ལ་ཡང་དག་པར་སྟོན་པར་བྱེད་པས་ཐོབ་པའི། བསོད་ནམས་གང་ཡིན་པ་དེ་ཡང་དེ་བཞིན་ནོ། །དེ་ལྟ་བས་ན་ཁྱེད་ཀྱིས་ཡང་དག་པའི་བརྩོན་པས་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཚད་མེད་མཐའ་མེད་པའི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་འཁོར་མང་པོ་རྣམས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་ཐོས་པས་ཐམས་ཅད་རབ་ཏུ་དགའ་བར་གྱུར་ནས། ཤིན་ཏུ་དང་བའི་དད་པས་ཡང་དག་པར་བླངས་ནས་བཀའ་བཞིན་དུ་སྤྱོད་པར་གྱུར་ཏོ། །གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བ་མདོ་སྡེའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།ཞུ་ཆེན་གྱི་མཁན་པོ་དང་ལོཙྪ་བ་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།

འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ།


DKG089_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སུ་ཝརྞྞ་པྲ་བྷཱ་སོཏྟ་མ་སཱུ་ཏྲེནྡྲ་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། །བམ་པོ་དང་པོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རིའི་ཟོམ་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཟབ་མོ། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་ཡུལ་དམ་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དགེ་སློང་དགུ་ཁྲི་བརྒྱད་སྟོང་དང་ཐབས་ཅིག་ཏུ་བཞུགས་པ་ཐམས་ཅད་ཀྱང་དགྲ་བཅོམ་པ་ཆེན་པོ། གླང་པོ་ཆེའི་རྒྱལ་པོ་ལྟར་ཤིན་ཏུ་དུལ་བ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། བྱ་བ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་བཅད་པ། དབང་ཕྱུག་དམ་པའི་མཆོག་ཐོབ་པ། ཚུལ་ཁྲིམས་རྣམ་པར་དག་པ་ལ་རབ་ཏུ་གནས་པ། ཐབས་དང་ཤེས་རབ་ཀྱིས་ཡོངས་སུ་བཀོད་པ། རྣམ་པར་གྲོལ་བ་བརྒྱད་མངོན་དུ་གྱུར་ཅིང་། ཕ་རོལ་གྱི་མཐར་ཕྱིན་པར་གྱུར་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་དང་། ཚེ་དང་ལྡན་པ་རྟ་ཐུལ་དང་། ཚེ་དང་ལྡན་པ་རླངས་པ་དང་། ཚེ་དང་ལྡན་པ་མིང་ཆེན་དང་། ཚེ་དང་ལྡན་པ་བཟང་པོ་དང་། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང་། ཚེ་དང་ལྡན་པ་ག་ཡཱ་འོད་སྲུང་དང་། ཚེ་དང་ལྡན་པ་ཆུ་བོ་འོད་སྲུང་དང་། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། དགའ་བོ་དང་འདི་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རྣམས་ཕྱི་དྲོའི་དུས་ཀྱི་ཚེ། སོ་སོ་ནས་ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་བྱང་


DKG089_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱེ་བ་བརྒྱ་སྟོང་དང་ཡང་ཐབས་ཅིག་པ་དེ་དག་ཀྱང་། ཀླུའི་རྒྱལ་པོ་ཆེན་པོ་ལྟར་དཔལ་དང་གཟི་བརྗིད་ཆེན་པོར་ལྡན་པས་ཀུན་དུ་གྲགས་པ། སྦྱིན་པ་དང་། ཚུལ་ཁྲིམས་རྣམ་པར་དག་པ། རྟག་ཏུ་སྲུང་བར་མོས་པ་དང་། བཟོད་པ་དང་། བརྩོན་འགྲུས་བསྐལ་པ་གྲངས་མེད་པར་སྤྱོད་པ་བསམ་གཏན་ཀུན་ལས་འདས་པའི་དྲན་པ་མངོན་དུ་གྱུར་པ། ཤེས་རབ་ཀྱི་སྒོ་རྣམ་པར་ཕྱེ་བ་ཐབས་མཁས་པ་ཤིན་ཏུ་བསྒྲུབས་པ། དབང་དམ་པས་རྣམ་པར་རོལ་ཅིང་མངོན་པར་ཤེས་པ་དམ་པ་བརྙེས་པ། གཟུངས་ཆེན་པོ་ཐོབ་པ། སྤོབས་པ་མི་ཟད་པ། ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པ་ཐམས་ཅད་སྤངས་པས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་ཅིང་བདུད་དང་ཕྱིར་རྒོལ་བའི་དཔུང་འཇོམས་པ་ཆོས་ཀྱི་རྔ་ཆེན་པོ་རྡུང་བས་མུ་སྟེགས་ཅན་ཐམས་ཅད་འདུལ་ཞིང་སེམས་རྣམ་པར་དང་བ་སྐྱེད་པར་བྱེད་པ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལྷ་དང་མི་རྣམས་སྒྲོལ་བར་བྱེད་པ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་བརྒྱན་པར་བྱེད་པ། འགྲོ་བ་དྲུག་ན་གནས་པ་རྣམས་ལ་ཕན་དམ་པ་འདོགས་པ། ཡེ་ཤེས་ཆེན་པོ་ཕུན་སུམ་ཚོགས་པ། བཟོད་པ་ཆེན་པོ་དང་ལྡན་པ། བྱམས་པ་དང་ལྡན་པ། སྙིང་རྗེ་ཆེན་པོའི་སེམས་ལ་གནས་པ། མཐུ་ཆེན་པོ་བརྟན་པ་དང་ལྡན་པ། སངས་རྒྱས་ཐམས་ཅད་ལ་བསྙེན་བཀུར་བྱས་པ། ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་མ་འོངས་པའི་མཐའ་ཀླས་པས་གནས་པར་ཡི་དམ་ཆེན་པོ་འཆའ་བ། སངས་རྒྱས་མང་པོ་ལ་རྒྱུ་རྣམ་པར་དག་པ་བསྐྱེད་པ། དུས་གསུམ་གྱི་ཆོས་མི་སྐྱེ་བར་བཟོད་པ་ཐོབ་པ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་ལས་ཤིན་ཏུ་འདས་པ། ཐབས་མཁས་པ་ཆེན་པོས་འཇིག་རྟེན་འདྲེན་པ་སྟོན་པ་ཆེན་པོས་བསྟན་པའི་ཆོས་ཟབ་མོའི་དགོངས་པ་འགྲེལ་པ་ལ་མཁས་པ། སྟོང་པ་ཉིད་མངོན་དུ་གྱུར་པས་ཐེ་ཙོམ་ཡོངས་སུ་ཆད་པར་གྱུར་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཐོགས་པ་མེད་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་སེམས་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའ་


DKG089_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྟག་ཏུ་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་མི་གཏོང་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤོབས་པ་ཆེན་པོས་བཀོད་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལྷུན་པོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཟབ་མོའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ལག་ན་རིན་ཆེན་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དགའ་བའི་སྟོབས་དང་། བྱང་ཆུབ་སེམས་དཔའ་ཆོས་ཆེན་མཐུ་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་འོད་བཀོད་དང་། བྱང་ཆུབ་སེམས་དཔའ་གསེར་འོད་ཆེན་པོས་བཀོད་པ་དང་། བྱང་ཆུབ་སེམས་དཔའ་ཚུལ་ཁྲིམས་རྣམ་དག་དང་། བྱང་ཆུབ་སེམས་དཔའ་རྟག་ཏུ་ཏིང་ངེ་འཛིན་དང་། བྱང་ཆུབ་སེམས་དཔའ་ཤིན་ཏུ་རྣམ་དག་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བརྩོན་འགྲུས་བརྟན་དང་། བྱང་ཆུབ་སེམས་དཔའ་སེམས་ནམ་མཁའ་བཞིན་དང་། བྱང་ཆུབ་སེམས་དཔའ་སྨོན་ལམ་ཆེན་པོ་མི་གཏོང་བ་དང་། བྱང་ཆུབ་སེམས་དཔའ་སྨན་སྦྱིན་དང་། བྱང་ཆུབ་སེམས་དཔའ་ཉོན་མོངས་ནད་སེལ་དང་། བྱང་ཆུབ་སེམས་དཔའ་སྨན་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་དགའ་བས་མཐོ་བའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་ལུང་བསྟན་མཆོག་ཐོབ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམ་དག་འོད་དང་།བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཆོས་འཛིན་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་གྲགས་དགའ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་གྲགས་པ་མཐའ་མེད་སྟོན་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སེང་གེའི་སྒྲ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཁྱུ་མཆོག་སྒྲ་དང་། བྱང་ཆུབ་སེམས་


DKG089_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་སྤྲིན་ཆེན་བཀྲ་ཤིས་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རིན་ཆེན་དཔལ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཉི་མའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཟླ་བའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་སྐར་མའི་འོད་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་མེའི་འོད་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་གློག་གི་འོད་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་འབྲུག་སྒྲ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཤེས་རབ་ཀུན་དུ་འཆར་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རྣམ་དག་ཆར་པའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་མེ་ཏོག་ཤིང་རྒྱལ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་ཨུཏྤ་ལའི་དྲི་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རིན་པོ་ཆེ་ཙནྡན་དྲི་བསིལ་སྐུ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་མུན་སེལ་དང་། བྱང་ཆུབ་སེམས་དཔའ་སྤྲིན་ཆེན་རབ་རིབ་སེལ་བ་ལ་སོགས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་གྲངས་མེད་པ་རྣམས་སོ་སོ་ནས་ཕྱི་དྲོའི་དུས་ཀྱི་ཚེ། ནང་དུ་ཡང་དག་པར་འཇོག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཡང་ལིཙྪ་བཱི་གཞོན་ནུ་རྣམས་ལ་འདི་ལྟ་སྟེ། གཞོན་ནུ་སེང་གེའི་འོད་དང་། གཞོན་ནུ་སེང་གེའི་བློ་གྲོས་དང་། གཞོན་ནུ་ཆོས་སྦྱིན་དང་། གཞོན་ནུ་དབང་པོ་སྦྱིན་དང་། གཞོན་ནུ་འོད་ཆེན་དང་། གཞོན་ནུ་དཔལ་ཆེན་དང་། གཞོན་ནུ་སངས་རྒྱས་སྐྱོང་དང་། གཞོན་ནུ་ཆོས་སྐྱོང་དང་། གཞོན་ནུ་དགེ་འདུན་སྐྱོང་དང་། གཞོན་ནུ་རྡོ་རྗེ་སྐྱོང་དང་། གཞོན་ནུ་ནམ་མཁའ་སྐྱོང་དང་། གཞོན་ནུ་ནམ་མཁའ་སྒྲོགས་དང་། རིན་ཆེན་སྙིང་པོ་གཞོན་ནུ་དང་། བཀྲ་ཤིས་མཆོག་གི་སྙིང་པོ་གཞོན་ནུ་ལ་སོགས་པ་ལྔ་འབུམ་བརྒྱད་སྟོང་དེ་དག་ཀྱང་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བདེ་བར་གནས་པ། ཐེག་པ་ཆེན་པོ་ལ་རབ་ཏུ་མོས་པ་དེ་དག་སོ་སོ་ནས་ཕྱི་དྲོའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་


DKG089_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། །གཞན་ཡང་ལྷའི་སྲས་པོ་ལ་འདི་ལྟ་སྟེ། ལྷའི་སྲས་པོ་དགའ་བ་མཐོང་བ་དང་། ལྷའི་སྲས་པོ་རབ་དགའ་དང་། ལྷའི་སྲས་པོ་ཉི་འོད་དང་། ལྷའི་སྲས་པོ་ཟླ་བའི་གཙུག་ཕུད་དང་། ལྷའི་སྲས་པོ་ཤེས་རབ་གསལ་དང་། ལྷའི་སྲས་པོ་ནམ་མཁའ་རྣམ་དག་ཤེས་རབ་དང་། ལྷའི་སྲས་པོ་ཉོན་མོངས་ནད་སེལ་དང་། ལྷའི་སྲས་པོ་བཀྲ་ཤིས་དང་། དེ་དག་ལ་སོགས་པ་ལྷའི་སྲས་པོ་བཞི་ཁྲི་ཉིས་སྟོང་ཡང་། ཐེག་པ་ཆེན་པོ་སྲུང་བ་དང་། ཡང་དག་པའི་ཆོས་རྗེས་སུ་འཛིན་ཅིང་། རྒྱུན་མི་འཆད་པར་བྱ་བར་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་དེ་དག་ཐམས་ཅད་ཀྱང་ཕྱི་དྲོའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་ཀླུའི་རྒྱལ་པོ་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་པདྨོ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་མ་དང་། ཀླུའི་རྒྱལ་པོ་སྟོབས་ཆེན་དང་། ཀླུའི་རྒྱལ་པོ་སྒྲ་ཆེན་དང་། ཀླུའི་རྒྱལ་པོ་དབའ་རླབས་ཆུང་དང་། ཀླུའི་རྒྱལ་པོ་ཀླུང་འཛིན་དང་། ཀླུའི་རྒྱལ་པོ་གསེར་གདོང་དང་། ཀླུའི་རྒྱལ་པོ་གཟི་ཅན་ལ་སོགས་པ། ཀླུའི་རྒྱལ་པོ་ཉི་ཁྲི་བརྒྱད་སྟོང་པོ་དེ་དག་ཀྱང་ཐེག་པ་ཆེན་པོའི་ཆོས་འཆང་ཞིང་འཛིན་པར་མོས་པ་དང་། ཡོངས་སུ་རྒྱས་པ་དང་། བསྲུང་བར་སེམས་བསྐྱེད་པ་ཤ་སྟག་སྟེ། དེ་དག་ཐམས་ཅད་ཀྱང་སོ་སོ་ནས་ཕྱི་དྲོའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ལ་སོགས་པ་སུམ་ཁྲི་དྲུག་སྟོང་ལ་འདི་ལྟ་སྟེ། གནོད་སྦྱིན་ཨ་མྲ་དང་། གནོད་སྦྱིན་ཨ་མྲ་འཆང་དང་། གནོད་སྦྱིན་པདྨོའི་འོད་ཀྱི་སྙིང་པོ་དང་། གནོད་སྦྱིན་པདྨོའི་གདོང་དང་། གནོད་སྦྱིན་ཁྲོ་གཉེར་ཅན་དང་། གནོད་སྦྱིན་འཇིགས་པ་ཆེན་པོ་སྟོན་དང་། གནོད་སྦྱིན་ས་གཡོ་བྱེད་དང་། གནོད་སྦྱིན་ཟས་འཕྲོག་ལ་སོགས་པའི་གནོད་


DKG089_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་དེ་དག་ཀྱང་། དེ་བཞིན་གཤེགས་པའི་ཆོས་ཡང་དག་པ་ལ་དད་ཅིང་བསྲུང་བ་ལ་བརྩོན་པ་ཤ་སྟག་སྟེ། དེ་དག་ཐམས་ཅད་ཀྱང་ཕྱི་དྲོའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འཁོད་དོ། །གཞན་ཡང་ནམ་མཁའ་ལྡིང་གི་རྒྱལ་པོ་སྤོས་ཀྱི་གླང་པོ་ཆེ་མཐུ་སྟོབས་རྒྱལ་པོ་ལ་སོགས་པ་བཞི་ཁྲི་དགུ་སྟོང་དང་། གཞན་ཡང་དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་དང་། རི་དང་། ནགས་ཚལ་དང་། ཆུ་བོ་དང་། རྒྱ་མཚོའི་ལྷའི་དྲང་སྲོང་རྣམས་དང་། རྒྱལ་པོ་ཆེན་པོ་དང་། དེའི་འཁོར་དང་། བཙུན་མོ་དང་། སྲས་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། ལྷ་དང་། མི་ལ་སོགས་པ་དེ་དག་ཐམས་ཅད་བླ་ན་མེད་པའི་ཐེག་པ་ཆེན་པོ་འདི་ཀློག་ཅིང་འདོན་པ་དང་། འཆང་ཞིང་འཛིན་པ་དང་། འདྲི་བ་དང་། རྒྱས་པར་བྱེད་པ་དང་། སྲུང་ཞིང་སྐྱོབ་པར་སྨོན་ལམ་ཡོངས་སུ་འདེབས་པ་དེ་དག་ཐམས་ཅད་ཀྱང་ཕྱི་དྲོའི་དུས་ཀྱི་ཚེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ལྟར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་ལ་སོགས་པ་སྡེ་བརྒྱད་པོ་དེ་དག་སྤྲིན་བཞིན་དུ་འདུས་པ། སེམས་རྩེ་གཅིག་ཏུ་བྱས་ནས་ཐལ་མོ་སྦྱར་ཏེ། མིག་མི་འཛུམས་པས། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟ་ཞིང་། དམ་པའི་ཆོས་བསྟན་པར་མོས་པས་གསོལ་བ་འདེབས་སོ། །དེ་ནས་བཅོམ་ལྡན་འདས་ཕྱི་དྲོའི་དུས་ཀྱི་ཚེ། ཏིང་ངེ་འཛིན་ལས་བཞེངས་ཏེ། འཁོར་འདུས་པ་མང་པོ་ལ་གཟིགས་ནས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །མདོ་སྡེའི་རྒྱལ་པོའི་དབང་པོ་སྟེ། །མཉན་ན་ཤིན་ཏུ་ཟབ་པ་དང་། །ཡོངས་སུ་བརྟགས་ན་ཟབ་པ་ཉིད། །གསེར་འོད་དམ་པ་འདི་འཆད་དོ། །ཕྱོགས་བཞིར་སངས་རྒྱས་རྣམས་ཀྱིས་ནི། །བྱིན་གྱིས་རླབས་ཀྱིས་བྱིན་བརླབས་པ། །


DKG089_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཁྲུགས་པས་ནི་ཤར་ཕྱོགས་སུ། །རིན་ཆེན་རྟོག་གིས་ལྷོ་ཕྱོགས་སུ། །འོད་དཔག་མེད་ཀྱིས་ནུབ་ཕྱོགས་སུ། །རྔ་སྒྲ་ཡིས་ནི་བྱང་ཕྱོགས་སུ། །སྡིག་པ་ཐམས་ཅད་གཞིག་པའི་ཕྱིར། །བཤད་པ་དམ་པ་བཀྲ་ཤིས་པ། །སྡིག་པའི་ལས་རྣམས་ཟད་བྱེད་པ། །བདེ་བ་ཐམས་ཅད་སྦྱིན་བྱེད་པ། །སྡུག་བསྔལ་ཐམས་ཅད་འཇིག་བྱེད་པ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །བྱིན་གྱིས་བརླབས་ཏེ་བརྗོད་པར་བྱ། །སེམས་ཅན་གང་དག་དབང་པོ་ཉམས། །ཚེ་ཟད་པ་དང་ཚེ་ཉམས་དང་། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །བྲན་གཟའ་ལ་སོགས་གཙེས་པ་དང་། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ནི་གནོད་པ་དང་། །མྱ་ངན་ངལ་དང་གནོད་པ་དང་། །འཇིགས་པ་དང་ནི་ཕོངས་པ་དང་། ། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །མི་བཟད་གདོན་གྱིས་ཉེན་པ་དང་། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང་། །གོས་གཙང་རྣམས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་འདི་ཉན་པར་བྱེད་ན་ནི། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་ཀུན་གྱི་གནོད་པ་དག །ཤིན་ཏུ་མི་བཟད་འདི་འདྲ་བ། །དེ་དག་རྟག་ཏུ་ཞི་བར་འགྱུར། །འཇིག་རྟེན་སྐྱོང་བ་བདག་ཉིད་དང་། །བློན་པོ་ཚོགས་ཀྱི་དབང་ཕྱུག་བཅས། །གནོད་སྦྱིན་བྱེ་བ་དུ་མ་ཡིས། །དེ་དག་ལ་ནི་སྲུང་བར་བྱེད། །ལྷ་མོ་ཆེན་མོ་དབྱངས་ཅན་དང་། །ནཻ་རཉྫ་ནར་གནས་པ་དང་། །འབྱུང་པོའི་མ་མོ་འཕྲོག་མ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཚངས་པའི་དབང་དང་ལྷ་དབང་དང་། །ཀླུ་དབང་མཐུ་ཆེན་རྣམས་དང་ནི། །མི་འམ་ཅི་དབང་ལྷ་མིན་དབང་། །དེ་བཞིན་ནམ་མཁའ་ལྡིང་དབང་རྣམས། །སྡེ་དང་སྟོབས་དང་བཞོན་པ་དང་། །བཅས་ཏེ་དེ་དག་དེར་ལྷགས་ནས། །ཉིན་དང་མཚན་མོ་མི་གཡེལ་བར། །དེ་དག་ལ་ནི་སྲུང་བར་བྱེད། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །སངས་


DKG089_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་གྱི་གསང་བ་སྟེ། །བསྐལ་པ་བྱེ་བར་རྙེད་དཀའ་བ། །མདོ་འདི་རབ་ཏུ་བཤད་པར་བྱ། །གང་དག་མདོ་འདི་ཉན་པ་དང་། །གང་དག་གཞན་ལ་ཐོས་བྱེད་དང་། །གང་དག་རྗེས་སུ་ཡི་རང་དང་། །གང་དག་མཆོད་པ་བྱེད་པ་རྣམས། །དེ་དག་ལྷ་དང་ཀླུ་དག་དང་། །མི་དང་མི་འམ་ཅི་དག་དང་། །ལྷ་མིན་གནོད་སྦྱིན་དུ་མ་ཡིས། །བསྐལ་པ་བྱེ་བར་མཆོད་པར་འགྱུར། །སྲོག་ཆགས་བསོད་ནམས་བྱེད་པ་རྣམས། །དེ་དག་བསོད་ནམས་ཕུང་པོ་ནི། །མཐའ་ཡས་གྲངས་ཀྱང་མེད་པ་དང་། །བསམ་གྱིས་མི་ཁྱབ་སྐྱེ་བར་འགྱུར། ། ཕྱོགས་བཅུའི་རྫོགས་པའི་སངས་རྒྱས་དང་། །དེ་བཞིན་ཟབ་མོར་སྤྱོད་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །རབ་ཏུ་གཟུང་བར་འགྱུར་བ་ཡིན། །གཙང་མའི་གོས་རྣམས་རབ་བགོས་ལ། །དྲི་ཞིམ་པ་ཡི་གོས་འཆང་ཞིང་། །བྱམས་པའི་སེམས་ནི་ཉེར་བཞག་ནས། ། གཡེལ་བ་མེད་པས་མཆོད་པར་བྱ། །རང་གི་སེམས་ནི་དྲི་མེད་ཅིང་། །རྒྱ་ཆེ་བར་ཡང་རབ་བྱེད་ལ། །སེམས་ཀྱང་ཤིན་ཏུ་དང་བྱེད་ཀྱིས། །མདོ་སྡེའི་དམ་པ་མཉན་པར་གྱིས། །གང་དག་མདོ་འདི་ཉན་པ་ནི། །དེ་དག་མི་ནང་ལེགས་པར་འོངས། །མི་ཡི་སྲིད་པ་ལེགས་པར་ཐོབ། ། འཚོ་བ་བདེ་བས་འཚོ་བར་འགྱུར། །གང་གི་རྣ་བའི་བུ་གར་ཡང་། །བཤད་པ་འདི་ནི་གྲག་གྱུར་པ། །དེ་དག་དགེ་རྩ་སྦྱངས་པ་སྟེ། །སངས་རྒྱས་མང་པོས་རབ་ཏུ་བསྔགས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེའི་ཚེ་དེའི་དུས་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ཅེས་བྱ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་རིམ་གྲོ་བྱས་པ་ཞིག་གནས་པ་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟ་སྟེ། ལོ་བརྒྱད་ཅུ་ཞིག་ཐུབ་སྟེ། འདི་ལྟར་སྐུ་ཚེ་ཐུང་སྙམ་ནས། དེ་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། རྒྱུ་དང་རྐྱེན་གཉིས་ཀྱིས་ཚེ་


DKG089_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བར་འགྱུར་ཏེ། གཉིས་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང་། ཁ་ཟས་རབ་ཏུ་སྦྱིན་པའོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོ་ནས། སྲོག་གཅོད་པ་སྤངས་པར་གྱུར་པ་ནས། དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དུ་ཡང་དག་པར་བླངས་ཏེ་གནས་པར་གྱུར། ཁ་ཟས་ཀྱང་ཕྱི་ནང་གི་དངོས་པོ་རྣམས་སེམས་ཅན་དག་ལ་ཡོངས་སུ་བཏང་སྟེ། ཆེར་ན་རང་གི་ལུས་ཀྱི་ཤ་དང་། ཁྲག་དང་། རུས་པ་དང་། རྐང་གིས་ཀྱང་སེམས་ཅན་ལྟོགས་པ་རྣམས་ཚིམ་པར་མཛད་ན། ཟས་གཞན་གྱིས་ལྟ་ཅི་སྨོས་སྙམ་མོ། །དེ་ནས་སྐྱེས་བུ་དམ་པ་དེས། སངས་རྒྱས་ལ་སོང་བའི་ཡིད་ལ་བྱེད་པ་དག་ལས་འདི་ལྟ་བུའི་ཚུལ་གྱི་བསམ་པ་འདི་དག་སེམས་པ་ན། དེའི་ཁྱིམ་ཡངས་ཤིང་རྒྱ་ཆེ་བ། བཻ་ཌཱུཪྱ་སྔོན་པོ་ལས་གྲུབ་པ། ལྷའི་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ། ལྷ་རྫས་ལས་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཏོ། །ཁྱིམ་དེའི་ཕྱོགས་བཞི་ནས། ལྷའི་རིན་པོ་ཆེའི་ཁྲི་བཞི་བྱུང་བར་གྱུར་ཏེ། ཁྲི་དེ་དག་ལས་ཀྱང་ལྷའི་རས་བཅོས་བུ་རིན་པོ་ཆེའི་ཕྲུགས་རྣམས་བཏིང་བ་དག་བྱུང་བར་གྱུར་ཏོ། །ཁྲི་དེ་དག་ལས་ཀྱང་ལྷའི་མེ་ཏོག་པདྨ་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ་དག་བྱུང་ངོ་། །པདྨ་དེ་དག་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བཞི་བྱུང་བར་གྱུར་ཏོ། །ཤར་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པ་བྱུང་། ལྷོ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་རིན་ཆེན་ཏོག་བྱུང་། ནུབ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་བྱུང་། བྱང་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་རྔ་སྒྲ་བྱུང་སྟེ། སེང་གེའི་ཁྲི་དེ་དག་ལས། སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱུང་མ་ཐག་ཏུ་དེ་ནས་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དང་། ཕྱོགས་བཅུ་ཀུན་དུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དག་སྣང་བས་ཁྱབ་པར་གྱུར། ལྷའི་མེ་ཏོག་དག་གི་ཆར་ཡང་བབ། ལྷའི་སིལ་སྙེན་དག་གི་


DKG089_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡང་བྱུང་ངོ་། །སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད་ཀྱང་ལྷའི་བདེ་བ་དང་ལྡན་པར་གྱུར་ཏེ། སེམས་ཅན་དབང་པོ་མ་ཚང་བ་རྣམས་ནི། དབང་པོ་ཐམས་ཅད་དང་ལྡན་པར་གྱུར། སེམས་ཅན་དམུས་ལོང་རྣམས་ནི་མིག་གིས་གཟུགས་རྣམས་མཐོང་། སེམས་ཅན་འོན་པ་དག་གིས་ནི་རྣ་བས་སྒྲ་རྣམས་ཐོས། སེམས་ཅན་སྨྱོན་པ་དག་ནི་དྲན་པ་སོ་སོར་རྙེད། སེམས་ཅན་སེམས་རྣམ་པར་གཡེངས་པ་དག་ནི་སེམས་རྣམ་པར་མི་གཡེང་བར་གྱུར། སེམས་ཅན་སྒྲེན་མོ་རྣམས་ནི་གོས་བགོས་པར་གྱུར། སེམས་ཅན་བཀྲེས་པ་དག་ནི་ལྟོ་འགྲངས་པར་གྱུར། སེམས་ཅན་སྐོམ་པ་རྣམས་ནི་སྐོམ་དང་ཕྲད་པར་གྱུར། སེམས་ཅན་ནད་ཀྱིས་བཏབ་པ་དག་ནི་ནད་དང་བྲལ་བར་གྱུར། སེམས་ཅན་དབང་པོ་ཉམས་པ་དག་ནི་དབང་པོ་རྣམས་ཚང་བར་གྱུར་ཏེ། འཇིག་རྟེན་དུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་རྒྱ་ཆེར་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ངོ་མཚར་རྨད་དུ་གྱུར་ཏེ། དེ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་རྣམས་ལས་རྗེས་སུ་དྲན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡོན་ཏན་རྗེས་སུ་དྲན་ཞིང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ལ་ཐེ་ཚོམ་ཟ་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་ལོ་བརྒྱད་ཅུ་ཞིག་ཐུབ་སྟེ། སྐུ་ཚེ་ཐུང་བ་འདི་ཇི་ལྟ་བུ་འདི་ཅི་ཞིག་སྙམ་དུ་བསམ་པ་དེ་སེམས་ཤིང་འདུག་པར་གྱུར་ཏོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དེ་དག་དགོངས་ཤིང་མཁྱེན་བཞིན་དུ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་འདི་སྙམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་སྐུ་ཚེ་ཐུང་ངོ་སྙམ་དུ་མ་སེམས་ཤིག །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་


DKG089_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་མ་གཏོགས་པར། ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་། བྲམ་ཟེའི་སྐྱེ་དགུ་དང་བཅས་པའི་འཇིག་རྟེན་ན། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱི་མཐའ། ཕྱི་མའི་མཐའི་མུའི་བར་དུ་ཡང་རྟོགས་པར་ནུས་པ་ངེད་ཀྱིས་སུ་ཡང་མ་མཐོང་ངོ་། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བཤད་པ་བརྗོད་མ་ཐག་ཏུ་དེ་ནས་དེའི་མོད་ལ་སངས་རྒྱས་ཀྱི་མཐུས། ལྷའི་བུ་འདོད་པ་ན་སྤྱོད་པ་རྣམས་དང་། གཟུགས་ན་སྤྱོད་པ་རྣམས་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་བར་དག་དང་། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འདུས་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གི་ཁྱིམ་དེར་ལྷགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གིས་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བཤད་པའི་ཚིགས་སུ་བཅད་དེ་མདོར་བཀའ་སྩལ་པ། །རྒྱ་མཚོའི་ཆུ་རྣམས་ཐམས་ཅད་ཀྱི། །ཐིགས་པ་དག་ནི་བགྲང་བར་ནུས། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། །རི་རབ་རྣམས་ནི་ཐམས་ཅད་ཀྱང་། །ཕྲ་རབ་རྡུལ་བརླགས་བགྲང་བར་ནུས། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། །ས་ལ་གང་དག་ཡོད་པ་ཡི། །རབ་ཏུ་ཕྲ་རྡུལ་ཇི་སྙེད་པ། །ཐམས་ཅད་བགྲང་བར་ནུས་སྲིད་ཀྱི། །རྒྱལ་བའི་སྐུ་ཚེའི་ཚད་མི་ནུས། །གལ་ཏེ་ལ་ལས་ནམ་མཁའ་ལ། །སྣ་འགའ་ཞིག་གིས་དཔག་འདོད་ཀྱང་། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། ། རྫོགས་པའི་སངས་རྒྱས་འདི་སྲིད་བཞུགས། །བསྐལ་པ་དག་ནི་དེ་སྙེད་ཅིག །བསྐལ་པ་བྱེ་བ་བརྒྱ་དག་ཅེས། །གྲངས་ནི་རྙེད་པར་མི་རུང་ངོ་། །གང་ཕྱིར་དེ་ཡི་བྱེད་རྒྱུ་གཉིས། །རྒྱུ་ཡང་རྣམ་པ་གཉིས་གསུངས་ཏེ། །གཞན་ལ་འཚེ་བ་སྤངས་པ་དང་། །ཁ་ཟས་མང་པོ་བྱིན་


DKG089_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། །དེ་ཕྱིར་བདག་ཉིད་ཆེན་པོ་དེའི། །སྐུ་ཚེའི་ཚད་གྲངས་མི་རྙེད་དེ། །བསྐལ་པ་འདི་སྙེད་ཅིག་ཅེ་འམ། །གྲངས་མེད་པ་ཡང་དེ་བཞིན་ཏེ། །དེ་བས་ཐེ་ཙོམ་མེད་པར་འགྱུར། །ཐེ་ཙོམ་ཅུང་ཟད་མ་ཟ་ཤིག །རྒྱལ་བའི་སྐུ་ཚེའི་ཐ་མ་ཡི། །གྲངས་ནི་གང་དུའང་མི་དམིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བཤད་པ་དེ་ཐོས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་འདི་སྐད་ཅེས་གསོལ་ཏོ། །ཇི་ལྟར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས། དེ་ལྟར་སྐུ་ཚེའི་ཚད་ཐུང་བར་བསྟན་པར་གྱུར་ཅེས་དེ་སྐད་ཅེས་གསོལ་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དེ་ནི་སྙིགས་མ་རྣམ་པ་ལྔའི་འཇིག་རྟེན་དུ་སྐྱེ་དགུའི་ཚེའི་ཚད་ལོ་བརྒྱ་ཐུབ་པའི་དུས་སུ་བལྟམས་ནས། སེམས་ཅན་མོས་པ་དམན་པ། དགེ་བའི་རྩ་བ་དང་། དད་པ་ཆུང་བའི་སེམས་ཅན་དེ་དག་བདག་ཏུ་ལྟ་བ་དང་། སེམས་ཅན་དུ་ལྟ་བ་དང་། སྲོག་ཏུ་ལྟ་བ་དང་། གསོ་བར་ལྟ་བ་དང་། གང་ཟག་ཏུ་ལྟ་བ་དང་། ལོག་པར་ལྟ་བ་དང་། བདག་དང་བདག་གིར་འཛིན་པ་དག་དང་། རྟག་པ་དང་ཆད་པར་ལྟ་བ་ལ་སོགས་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཕན་གདགས་པ་དང་། གཞན་ཡང་མུ་སྟེགས་ཅན་རྣམས་ལ་ཡང་དག་པའི་ལྟ་བ་བསྐྱེད་པས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་སྐུ་ཚེའི་ཚད་ཐུང་བ་བསྟན་ཏོ། །གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་དེ་མྱ་ངན་ལས་འདའ་བ་བསྟན་པས། སེམས་ཅན་རྣམས་དེ་ལ་དཀོན་པ་དང་ཕྲད་པར་དཀའ་བའི་འདུ་ཤེས་དང་། མྱ་ངན་དང་། སྡུག་བསྔལ་གྱི་འདུ་ཤེས་ལ་སོགས་པ་བསྐྱེད་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་འདི་དག་མྱུར་དུ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་ལ་


DKG089_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་པ་འདེབས་པ་མེད་པར་འགྱུར་བས། དེའི་ཕྱིར་དེ་བཞིན་གཤེགས་པས་སྐུ་ཚེ་ཐུང་བར་བསྟན་ཏོ། །དེ་ཡང་དེ་བཞིན་གཤེགས་པ་རྟག་ཏུ་བཞུགས་ཤིང་མྱ་ངན་ལས་མི་འདའ་ན། སེམས་ཅན་རྣམས་གུས་པ་མེད་པ་དང་། ཕྲད་པར་དཀའ་བའི་འདུ་ཤེས་ཀྱང་མི་སྐྱེད་པས། དེ་བཞིན་གཤེགས་པས་གསུངས་པའི་མདོ་ཟབ་མོ་དག་འཛིན་ཅིང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་བཅོམ་ལྡན་འདས་རྟག་ཏུ་འཇིག་རྟེན་ན་བཞུགས་པར་འཛིན་པའི་ཕྱིར་རོ། །རིགས་ཀྱི་བུ་དཔེར་ན། གང་ལ་ལ་ཞིག་ཕ་མ་ལ་ནོར་བུ་རིན་པོ་ཆེ་རྒྱས་པ་མང་དུ་ཡོད་པ་མཐོང་ན། ནོར་དེ་ལ་དཀོན་པ་དང་། ངོ་མཚར་གྱི་འདུ་ཤེས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཕ་མའི་ནོར་རྫས་དེ་ལ་རྟག་ཏུ་ཡོད་པའི་འདུ་ཤེས་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་བཅོམ་ལྡན་འདས་རྟག་ཏུ་མྱ་ངན་ལས་མི་འདའ་ན། དེ་ལ་དཀོན་པ་དང་། ཕྲད་པར་དཀའ་བའི་འདུ་ཤེས་མི་འབྱུང་བའི་ཕྱིར་རོ། །རིགས་ཀྱི་བུ་གཞན་ཡང་དཔེར་ན་གང་ལ་ལ་ཞིག་ཕ་མ་དབུལ་ཞིང་ནོར་དང་མི་ལྡན་པ་ཞིག་དེ་རྒྱལ་པོའམ། བློན་པོ་ཆེན་པོ་ཞིག་གི་གནས་སུ་ཕྱིན་ཏེ། དེ་དག་གི་བང་མཛོད་དང་། ནོར་དང་། རིན་པོ་ཆེ་ལ་སོགས་པ་མང་པོ་རྒྱས་པ་མཐོང་ན། དེ་དཀོན་པ་དང་། རྙེད་པར་དཀའ་བའི་འདུ་ཤེས་སྐྱེ་སྟེ། དབུལ་པོ་དེ་ནོར་བཙལ་བའི་ཐབས་བསྒྲུབ་པ་ལ་བརྩོན་པར་བྱེད་དོ། །དེ་ནི་དབུལ་བ་དང་ཕོངས་པ་སྤངས་ཏེ། བདེ་བ་དང་འབྱོར་པ་བསྒྲུབ་པར་འདོད་པའི་ཕྱིར་རོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་མྱ་ངན་ལས་འདའ་བ་མཐོང་ན། དེ་དཀོན་པ་དང་། ཕྲད་པར་དཀའ་བ་དང་། མྱ་ངན་དང་སྡུག་བསྔལ་གྱི་འདུ་ཤེས་ཀྱང་སྐྱེད་ཅིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ཡང་། བསྐལ་པ་གྲངས་མེད་པ་ན་ལན་འགའ་ཞིག་འབྱུང་སྟེ། ཇི་ལྟར་མེ་ཏོག་ཨུ་དུམ་བཱ་ར་བརྒྱ་ལམ་ན་ལན་འགའ་ཞིག་འབྱུང་བ་བཞིན་པས། སེམས་ཅན་རྣམས་དེ་ལ་དཀོན་པ་དང་ཕྲད་པར་དཀའ་བའི་འདུ་ཤེས་བསྐྱེད་ཅིང་། བཅོམ་ལྡན་འདས་དེ་ལ་གུས་པ་སྐྱེ་བར་འགྱུར། ཞལ་ནས་གསུངས་པའི་མདོ་རྣམས་


DKG089_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡང་བདེན་པའི་འདུ་ཤེས་དང་། ཡོངས་སུ་གཟུང་བའི་འདུ་ཤེས་བསྐྱེད་ཅིང་སྐུར་པ་འདེབས་པར་མི་བྱེད་དོ། །རིགས་ཀྱི་བུ་དེ་ལྟ་བས་ན། དེ་བཞིན་གཤེགས་པ་རྒྱུ་དེ་དང་རྐྱེན་དེའི་ཕྱིར། འཇིག་རྟེན་ན་ཡུན་རིང་དུ་མི་བཞུགས་ཤིང་མྱུར་དུ་མྱ་ངན་ལས་འདའ་བར་མཛད་པས། དེ་བཞིན་གཤེགས་པ་རྣམས་ནི་ཐབས་མཁས་པ་ཕུན་སུམ་ཚོགས་པ་དེ་ལྟ་བུས། སེམས་ཅན་རྣམས་ཡོངས་སུ་སྨིན་པར་མཛད་དོ། །དེ་ནས་དེ་བཞིན་གཤེགས་པ་བཞི་པོ་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་དང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཚད་མེད་པ་དང་། གཞན་ཡང་སྲོག་ཆགས་བྱེ་བ་བརྒྱ་སྟོང་ཚད་མེད་པ་དང་། ཐབས་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་ཇི་ལྟར་གྱུར་པ་དེ་དག་གསོལ་ནས། དེ་ནས་དེ་བཞིན་གཤེགས་པ་དེ་བཞི་ཡང་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པར་བྱོན་ནས། ཕྱོགས་སོ་སོའི་གདན་གྱི་སྟེང་ན་བཞུགས་ཏེ། འཁོར་གྱི་བྱང་ཆུབ་སེམས་དཔའ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སོང་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་གནོད་པ་དང་། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། བདེ་བ་ལ་རེག་པར་གནས་སམ་ཞེས་གསོལ་ཅིག །གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ཤིན་ཏུ་ཟབ་པ་འདི། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། མུ་གེའི་ཡ་ང་བ་ཡོངས་སུ་བསལ་ཏེ། ཐམས་ཅད་བདེ་བ་དང་ལྡན་པའི་ཕྱིར་འདི་བསྟན་པ་ལེགས་ཏེ། རྗེས་སུ་དགྱེས་པར་མཛད་དོ་ཞེས་ཀྱང་གསོལ་ཅིག །དེ་ནས་སོ་སོའི་ཞམ་རིང་ནས་མཆིས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་བཞི་པོ་དེ་དག་གིས་ཇི་སྐད་


DKG089_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ་དེ་བཞིན་དུ་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །དེ་བཞིན་གཤེགས་པ་བཞིས་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་དོན་དུ་དམ་པའི་ཆོས་འདི་བཤད་པར་ང་ལ་བསྐུལ་བ་མཛད་པས། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བྱ་རྒོད་ཕུང་པོའི་རི་ལ་ང་བཞུགས་ཏེ། །མདོ་སྡེ་རིན་ཆེན་འདི་ནི་འཆད་མཛད་ཀྱང་། །སྐྱེ་བོ་མང་པོ་འདི་དག་བསྒྲལ་བའི་ཕྱིར། །ཡོངས་སུ་མྱ་ངན་འདའ་བའང་སྟོན་པ་མཛད། །བྱིས་པ་ལྟ་བ་ལོག་པར་གྱུར་པ་རྣམས། །ང་ཡི་བསྟན་ལ་མོས་པར་མི་བྱེད་པ། །དེ་དག་ཀུན་དུ་བསྒྲལ་བའི་དོན་གྱི་ཕྱིར། །ཡོངས་སུ་མྱ་ངན་འདའ་བའང་སྟོན་མཛད་དོ། །དེ་ནས་དེའི་ཚེ། འཁོར་དེར་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ཞེས་བྱ་བ་དང་། བྲམ་ཟེ་སྟོང་ཕྲག་དུ་མས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲ་ཐོས་ནས། འཕྲལ་དུ་ངུས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་ཕན་པར་བཞེད་པ། སེམས་ཅན་ཐམས་ཅད་ལ་ཕ་མ་ལྟ་བུ་མི་མཉམ་པ་དང་མཉམ་པར་གྱུར་པ། ཟླ་བ་ལྟ་བུ་སྣང་བ་མཛད་པ། ཤེས་རབ་དང་ཡེ་ཤེས་ཆེན་པོའི་ཉི་མ་ཤར་བ་ལྟ་བུ་ལགས་ཤིང་། གལ་ཏེ་ཁྱོད་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་ན། བདག་ལ་དམ་པ་ཞིག་སྩལ་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་མཐུས་འཁོར་དེར་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་སྤོབས་པ་སྐྱེས་ནས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྲམ་ཟེ་ཆེན་པོ་ཁྱོད་བཅོམ་ལྡན་འདས་ལ་དམ་པ་གཅིག་གསོལ་ལམ། བདག་གིས་ཁྱོད་ལ་


DKG089_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་སྦྱིན་ནོ། །བྲམ་ཟེས་སྨྲས་པ། ལིཙྪ་བཱི་གཞོན་ནུ་བདག་ནི། བཅོམ་ལྡན་འདས་ལ་མཆོད་པ་དང་། རིང་བསྲེལ་གྱི་ཕྱེ་མ་དགོས་པའི་ཕྱིར། བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཡུངས་འབྲུ་ཙམ་ལ་བརྟེན་པར་འདོད་དོ། །རིང་བསྲེལ་ཡུངས་འབྲུ་ཙམ་དེ་མངོན་པར་མཆོད་ན། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བདག་པོ་འབའ་ཞིག་འཐོབ་ཅེས་གྲག་གོ། །ཀྱེ་ལིཙྪ་བཱི་གཞོན་ནུ་གསེར་འོད་དམ་པའི་མདོ་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཤེས་པར་དཀའ་བ། ཁོང་དུ་ཆུད་པར་དཀའ་བ་དེ་ལྟ་བུའི་མཚན་ཉིད་དང་ཡོན་ཏན་དང་ལྡན་པ། གསེར་འོད་དམ་པའི་མདོ་འཆད་ཅེས་གྲག་གིས་ཉོན་ཅིག །ཀྱེ་ལིཙྪ་བཱི་གཞོན་ནུ་གསེར་འོད་དམ་པའི་མདོ་འདི་ནི་དེ་ལྟར་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བས་ན། ཁོ་བོ་ཅག་མཐའ་འཁོབ་ཀྱི་གླིང་གི་བྲམ་ཟེ་རྣམས་ནི་གང་བཅངས་ནས། སེམས་ཅན་རྣམས་མྱུར་དུ་སུམ་ཅུ་རྩ་གསུམ་པའི་བདག་པོ་ཐོབ་པར་འགྱུར་བའི་རིང་བསྲེལ་ཡུངས་འབྲུ་ཙམ་ཟ་མ་ཏོག་གི་ནང་དུ་བཅུག་ལ་བཅངས་ཀྱང་རུང་ངོ་། །ཀྱེ་ལིཙྪ་བཱི་གཞོན་ནུ་ཁྱོད་ཅི་དེ་བཞིན་གཤེགས་པ་ལས་རིང་བསྲེལ་ཡུངས་འབྲུ་ཙམ་གསོལ་ནས། རིང་བསྲེལ་ཟ་མ་ཏོག་གི་ནང་དུ་བཅུག་སྟེ། བཅངས་པས་སེམས་ཅན་རྣམས་སུམ་ཅུ་རྩ་གསུམ་གྱི་བདག་པོ་ཐོབ་པར་མི་འདོད་དམ། ཀྱེ་ལིཙྪ་བཱི་གཞོན་ནུ་ཁོ་བོས་ནི་དམ་པ་དེ་ལྟ་བུ་གསོལ་ཏོ། །དེ་ནས་ལིཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱ་ལ་ཚིགས་སུ་བཅད་པ་དག་གིས་སླར་སྨྲས་པ། ནམ་ཞིག་གང་གཱའི་ཆུ་རྒྱུན་ལས། །མེ་ཏོག་རྣམས་ནི་སྐྱེ་བ་དང་། །བྱ་རོག་དམར་པོར་འགྱུར་བ་དང་། །ཁུ་བྱུག་དུང་མདོག་འདྲར་འགྱུར་དང་། །འཛམ་བུར་ཏ་ལའི་འབྲུ་ཆགས་དང་། །བྲ་གོར་ཨ་མྲའི་དོག་པ་ཆགས། ། དེ་ཡི་ཚེ་ན་ཡུངས་འབྲུ་ཙམ། །རིང་བསྲེལ་དུ་ནི་སྩལ་བར་འགྱུར། །ནམ་ཞིག་རུ་སྦལ་སྤུ་རྣམས་ལས། །གོས་སུ་ལེགས་པར་བཏགས་གྱུར་ཏེ། །དགུན་གྱི་གྲང་བ་སེལ་བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྦྲང་བུའི་རྐང་ལག་ལས། །ཡང་


DKG089_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་ལེགས་པར་བྱས་གྱུར་ཏེ། །བརྟན་ཞིང་རབ་ཏུ་མི་གཡོ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྲིན་བུ་པདྨ་ཀུན། །སོ་ནི་དཀར་པོར་སྐྱེས་གྱུར་ཏེ། །རྣོ་ཞིང་ཆེན་པོར་གྱུར་པ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །མཐོ་རིས་སུ་ནི་འཛེག་པའི་ཕྱིར། ། ནམ་ཞིག་རི་བོང་རྭ་རྣམས་ལས། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྐས་ནི་དེར་འཛེགས་ཏེ། །བྱི་བས་ཟླ་བ་ཟ་བ་དང་། །སྒྲ་གཅན་ལ་ཡང་གནོད་བྱེད་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །གྲོང་དུ་རྒྱུ་བའི་སྦྲང་བུ་ཡིས། །ནམ་ཞིག་རྫ་མའི་ཆང་འཐུངས་ཏེ། །ཁྱིམ་ན་གནས་པར་བྱེད་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་བོང་བུ་བདེར་གྱུར་ལ། །མཆུ་དམར་བིམ་པ་འདྲར་གྱུར་ཞིང་། །གླུ་གར་རྣམས་ལ་མཁས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་འུག་པ་བྱ་རོག་རྣམས། །དབེན་པར་དོང་ནས་རྩེ་བ་དང་། །ཕན་ཚུན་མཐུན་པར་འགྱུར་བ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །བ་ལ་ཤ་ཡི་ལོ་མ་རྣམས། །རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ། །ཆར་འབབ་སྐྱབས་སུ་ནམ་འགྱུར་བ། ། དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རྒྱ་མཚོའི་གྲུ་བོ་ཚེ། །འཁྲུལ་འཁོར་དང་ནི་གཡོར་མོར་བཅས། །ཐང་ལ་ཕྱུང་སྟེ་འགྲོ་བ་ན། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་བྱ་ནི་འུག་པ་རྣམས། །རི་བོ་སྤོས་ཀྱི་ངད་ལྡང་བ། །མཆུ་ལ་ཐོགས་ཏེ་འགྲོ་འགྱུར་བ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱས་ཚིགས་སུ་བཅད་པ་འདི་དག་ཐོས་ནས། ལིཙྪ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་ཚིགས་སུ་བཅད་པ་འདི་དག་གིས་སླར་སྨྲས་པ། །ལེགས་སོ་ལེགས་སོ་གཞོན་ནུ་མཆོག །རྒྱལ་བའི་སྲས་པོ་ཚིག་པོ་ཆེ། །དཔའ་ཞིང་ཐབས་ལ་མཁས་ལྡན་པ། །ལུང་བསྟན་པ་ནི་དམ་པ་ཐོབ། །འཇིག་རྟེན་མགོན་པོ་སྐྱོབ་པ་པོ། །དེ་བཞིན་གཤེགས་པ་ཆེ་བ་ཉིད། །བསམ་གྱིས་མི་ཁྱབ་གོ་རིམས་བཞིན། །གཞོན་ནུས་བདག་


DKG089_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཉན་པར་གྱིས། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ཅད་རྟག་ཏུ་ཞི། །སངས་རྒྱས་ཐམས་ཅད་ཡང་དག་འབྱུང་། །སངས་རྒྱས་ཐམས་ཅད་ཁ་དོག་མཚུངས། །འདི་ནི་སངས་རྒྱས་ཆོས་ཉིད་ཡིན། །བཅོམ་ལྡན་འདི་ནི་བཅོས་མ་མིན། །དེ་བཞིན་གཤེགས་པ་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་སྲ་བའི་སྐུ། །སྤྲུལ་པའི་སྐུ་ནི་སྟོན་པར་མཛད། །དྲང་སྲོང་ཆེན་པོའི་རིང་བསྲེལ་ནི། །ཡུངས་འབྲུ་ཙམ་ཞེས་བྱ་བ་མེད། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་བསྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །ཆོས་སྟོན་མཛད་པ་ཅི་འདྲ་བ། །བཅོམ་ལྡན་འདས་ཀྱི་སྐུ་དེ་འདྲ། །བདག་གིས་འདི་ཐོས་ཤེས་ནས་ནི། །བདག་གིས་དམ་པ་གསོལ་བར་བྱས། །དེ་ཉིད་ཁོ་ན་ལུང་བསྟན་ཕྱིར། །གཏམ་གླེང་བ་ནི་བདག་གིས་བྱས། །དེ་ནས་ལྷའི་བུ་སུམ་ཁྲི་ཉིས་སྟོང་གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ཟབ་མོ་དེ་ལྟ་བུ་འདི་ཐོས་ནས། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཡིད་ཀྱི་ཀུན་དུ་རྟོག་པ་རབ་ཏུ་དགའ་ནས། སྒྲ་སྐད་མཐུན་པར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །ཡོངས་སུ་མྱ་ངན་འདའ་བ་སྟོན། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་སྟོན། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། སྐྱེས་བུ་དམ་པ་དེ་གཉིས་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་ཐོས་ནས་ཡང་སྟན་ལས་ལངས་ཏེ། ཐལ་མོ་སྦྱར་


DKG089_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏུད་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་མྱ་ངན་ལས་མི་འདའ་ལ། རིང་བསྲེལ་འཇིག་རྟེན་དུ་བཞག་པ་ཡང་མ་མཆིས་ན། ཅིའི་སླད་དུ་མདོ་སྡེ་དག་ལས་སངས་རྒྱས་མྱ་ངན་ལས་འདའ་ཞིང་། རིང་བསྲེལ་འཇིག་རྟེན་དུ་བཞག་པ་ལ་ལྷ་དང་མིས་གུས་པ་དང་བཅས། བཀུར་སྟི་དང་བཅས་པས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རིང་བསྲེལ་འཇིག་རྟེན་དུ་བཞག་པ་ལ་ལྷ་དང་མིར་བཅས་པའི་འཇིག་རྟེན་གྱིས་མཆོད་པ་བྱས་ན། བསོད་ནམས་དཔག་ཏུ་མེད་པ་འཐོབ་པོ་ཞེས་ཀྱང་གསུངས་ལ། ད་འདིར་ནི་དེ་དག་མེད་དོ་ཞེས་ཀྱང་གསུངས་པ་དེ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཐུགས་བརྩེ་བས་རྣམ་པར་དབྱེ་ཞིང་བཤད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ལ་སོགས་པའི་འཁོར་འདུས་པ་དེ་དག་ལ་བཀའ་སྩལ་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་ཏེ། རིང་བསྲེལ་འཇིག་རྟེན་དུ་བཞག་ཅེས་གསུངས་པ་ཡང་དགོངས་པའི་དོན་དུ་བསྟན་པར་ཤེས་པར་བྱའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་བཅུས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དག་པ་དང་། བདེན་པའི་ཚུལ་དུ་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་པར་ཤེས་པར་བྱའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཡོངས་སུ་སྤངས་པས་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་མངོན་དུ་མཁྱེན་པས་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ལུས་ཀྱི་གནས་དང་། ཆོས་ཀྱི་གནས་སུ་གྱུར་པས་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། སེམས་ཅན་རྣམས་འདུལ་བའི་མཛད་པ་ལྷུན་གྱིས་གྲུབ་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཡང་དག་པ་ཉིད་མངོན་དུ་གྱུར་པས་མཚན་ཉིད་ཐ་དད་པ་མེད་པས་ཆོས་ཀྱི་སྐུར་མཉམ་


DKG089_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་རང་བཞིན་གཉིས་སུ་མེད་པར་མངོན་དུ་གཟིགས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྟོགས་པས། རྣམ་པར་དག་པ་མངོན་དུ་གྱུར་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཆོས་ཐམས་ཅད་སྐྱེ་བ་དང་། འཇིག་པ་མེད་པའི་སྒྲུབ་པ་ལ་མཁས་པས་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་མཉམ་པའི་ཡེ་ཤེས་ཐོབ་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་མྱ་ངན་ལས་འདའ་བའི་དེ་བཞིན་ཉིད་ལ་བྱེ་བྲག་མེད་པར་མཁྱེན་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་འདི་བཅུས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དག་པ་དང་། བདེན་པའི་ཚུལ་དུ་མྱ་ངན་ལས་འདས་པ་ཆེན་པོ་ཡོད་པར་གསུངས་སོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་ཐམས་ཅད་ཀྱི་གཞི་ནི་མོས་པ་དང་། འདོད་པ་སྟེ། གང་ལ་མོས་པ་ལ་འདོད་པ་སྐྱེའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མོས་པ་དང་། འདོད་པ་ལས་བྲལ་བའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ནི་མོས་པ་དང་། འདོད་པ་ཐམས་ཅད་དང་བྲལ་ནས། ཆོས་གང་ཡང་མི་ལེན་པའི་ཕྱིར་གཟུང་བ་མེད་པ་དང་། འགྲོ་བ་དང་། འོང་བ་དང་། ལེན་པ་མེད་པ་སྟེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། འགྲོ་བ་དང་། འོང་བ་དང་། བླང་བར་བྱ་བ་མེད་པ་དེ་ནི་ཆོས་ཀྱི་སྐུ་སྟེ། སྐྱེ་བ་དང་། འགོག་པ་མེད་པའོ། །སྐྱེ་བ་དང་། འགོག་པ་མེད་པ་དེ་ཉིད་ལ། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། སྐྱེ་བ་དང་། འགོག་པ་མེད་པ་དེ་ཚིག་གིས་མི་བརྗོད་པ་ཚིག་གི་ལམ་ཆད་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། བདག་དང་གང་ཟག་མེད་ཅིང་སྐྱེ་བ་དང་། འགག་པའི་ཆོས་ཙམ་ལས་གནས་འཕོ་བ་ཐོབ་པའི་ཕྱིར་མྱ་ངན་ལས་འདས་


DKG089_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དག་བློ་བུར་ཉིད་དུ་གཟིགས་ཤིང་། གང་ཆོས་ཉིད་དེ་ནི་གནས་པ་སྟེ། འགྲོ་བ་དང་འོང་བ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་དུ་གྱུར་པའི་ཕྱིར། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཡང་དག་པ་ནི་བདེན་པ་སྟེ། དེ་ལས་གཞན་པ་ནི་བརྫུན་པའོ། །གང་བདེན་པ་དེ་ཉིད་ནི་ཡང་དག་པ་སྟེ། ཡང་དག་པ་ཉིད་ནི་དེ་བཞིན་གཤེགས་པ་ཉིད་པས། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཡང་དག་པའི་མཐའ་ཉིད་ནི་སྤྲོས་པ་མེད་པ། དེ་བཞིན་གཤེགས་པ་ཉག་གཅིག་གིས་ཡང་དག་པའི་མཐའ་མངོན་དུ་གྱུར་ཅིང་། སྤྲོས་པ་ཉེ་བར་ཞི་བ་དེ་ཉིད་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། མི་སྐྱེ་བ་ནི་བདེན་པ། སྐྱེ་བ་ནི་བརྫུན་པ་ཡིན་པས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་འཁོར་བའི་འདམ་དུ་བྱིང་བ། དེ་བཞིན་གཤེགས་པའི་སྐུ་ནི་བདེན་པ་ཡང་དག་པ་མ་ཡིན་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། ཡང་དག་པ་མ་ཡིན་པའི་ཆོས་ནི་རྐྱེན་ལས་སྐྱེ་བ། ཡང་དག་པ་བདེན་པའི་ཆོས་ནི་རྐྱེན་གྱིས་བསྐྱེད་པ་མ་ཡིན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ཡང་ཡང་དག་པ། བདེན་པ་ཉིད་ཡིན་པས་དེ་ལ་མྱ་ངན་ལས་འདས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་རྣམ་པ་འདི་བཅུས་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་དག་པ་དང་། བདེན་པའི་ཚུལ་རྟོགས་པས། མྱ་ངན་ལས་འདས་པ་ཆེན་པོར་ཤེས་པར་འགྱུར་རོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པས་སྦྱིན་པ་དང་། སྦྱིན་པའི་འབྲས་བུ་ལ་བདག་དང་། བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས་སྦྱིན་པ་དེ་དང་། དེའི་འབྲས་བུ་ལ་ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་ཚུལ་ཁྲིམས་དང་། ཚུལ་ཁྲིམས་ཀྱི་འབྲས་བུ་ལ་བདག་དང་བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས། ཚུལ་ཁྲིམས་དེ་དང་དེའི་འབྲས་བུ་ལ་ལོག་


DKG089_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་བཟོད་པ་དང་། བཟོད་པའི་འབྲས་བུ་ལ་བདག་དང་བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས། བཟོད་པ་དེ་དང་དེའི་འབྲས་བུ་ལ་ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་བརྩོན་འགྲུས་དང་། བརྩོན་འགྲུས་ཀྱི་འབྲས་བུ་ལ་བདག་དང་བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས། བརྩོན་འགྲུས་དེ་དང་དེའི་འབྲས་བུ་ལ་ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་བསམ་གཏན་དང་། བསམ་གཏན་གྱི་འབྲས་བུ་ལ་བདག་དང་བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས། བསམ་གཏན་དེ་དང་དེའི་འབྲས་བུ་ལ་ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་ཤེས་རབ་དང་། ཤེས་རབ་ཀྱི་འབྲས་བུ་ལ་བདག་དང་བདག་གིར་བྱ་བ་མེད་པར་རབ་ཏུ་ཤེས་པས། ཤེས་རབ་དེ་དང་དེའི་འབྲས་བུ་ལ་ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་དང་། སེམས་ཅན་མེད་པར་རབ་ཏུ་མཁྱེན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་མེད་པ་ལ། ལོག་པའི་རྣམ་པར་རྟོག་པ་ཡོངས་སུ་སྤངས་པས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། གང་སྲེད་པའི་བདག་ཉིད་ཅན་ནི་ཚོར་བ་ལ་ནན་ཏན་བྱེད་དོ། །ཚོར་བ་ལ་ནན་ཏན་བྱེད་པའི་དབང་གིས་སྡུག་བསྔལ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནི་བདག་དང་བདག་གིར་འཛིན་པ་ཡོངས་སུ་བཅད་ཅིང་ཚོལ་བ་མི་མངའ་བས། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་བགྲང་ཞིང་དཔག་ཏུ་ཡོད་ལ། འདུས་མ་བྱས་ཀྱི་ཆོས་ནི་བགྲང་ཞིང་དཔག་པ་ཐམས་ཅད་དང་བྲལ་བ་སྟེ། སངས་རྒྱས་ཀྱིས་འདུས་བྱས་ཀྱི་ཆོས་སྤངས་ཤིང་། འདུས་མ་བྱས་ཀྱི་ཆོས་མངོན་དུ་མཛད་དེ། བགྲང་


DKG089_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་དཔག་པ་མི་མངའ་བས་དེའི་ཕྱིར། མྱ་ངན་ལས་འདས་པ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པས་སེམས་ཅན་དང་། ཆོས་ཀྱི་རང་བཞིན་ཀུན་སྟོང་པ་དང་། སྟོང་པ་དེ་ལས་གཞན་པ་ལའང་ཡོད་པ་མ་ཡིན་པ་དང་། སྟོང་པའི་རང་བཞིན་དེ་ཉིད་ཡང་དག་པའི་ཆོས་ཀྱི་སྐུ་ཡིན་པས་དེའི་ཕྱིར། དེ་ལ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་གིས་ནི་མྱ་ངན་ལས་འདས་པ་ཞེས་བྱའོ། །གཞན་ཡང་རིགས་ཀྱི་བུ་དེ་བཞིན་གཤེགས་པ་མྱ་ངན་ལས་མི་འདའ་བ་དེ་འབའ་ཞིག་ངོ་མཚར་ཆེ་བ་མ་ཡིན་གྱིས། གཞན་ཡང་ངོ་མཚར་དུ་བྱ་བ་ཆོས་རྣམ་པ་བཅུ་ཡོད་པ། དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །བཅུ་གང་ཞེ་ན། འདི་ལྟ་སྟེ། འཁོར་བ་ནི་སྐྱོན་དང་ལྡན་པ་མྱ་ངན་ལས་འདས་པ་ནི་ཞི་ཞིང་དབེན་པ་ཡིན་ན། འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་མཉམ་པར་མཁྱེན་པས། འཁོར་བ་ལ་ཡང་མི་གནས། མྱ་ངན་ལས་འདས་པ་ལ་ཡང་མི་བཞུགས་ཤིང་། གང་སེམས་ཅན་རྣམས་ཀྱི་དོན་ལ་མི་སྐྱོ་བ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པས་བྱིས་པ་སོ་སོའི་སྐྱེ་བོ་ཕྱིན་ཅི་ལོག་ཏུ་སྤྱོད་པ་དང་། ཉོན་མོངས་པ་སྣ་ཚོགས་ཀྱིས་གླགས་པར་གཟིགས་ཀྱང་འདི་དག་རྣམ་པར་གྲོལ་བར་བྱའོ། །སྙམ་དུ་མི་དགོངས་མོད་ཀྱི། སྔོན་གྱི་ཐུགས་རྗེ་དང་། དགེ་བའི་རྩ་བའི་མཐུས་སེམས་ཅན་འདི་དག་སོ་སོའི་དབང་པོ་དང་། རང་བཞིན་ཅན་དང་། བསམ་པ་ཅི་ལ་མོས་པ་རྟོག་པ་མི་མངའ་བར་ལྷུན་གྱིས་གྲུབ་པའི་ཚུལ་གྱིས། ཕྱི་མའི་མཐར་ཐུག་པ་མེད་པར་ཕན་འདོགས་ཤིང་། སྟོན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པས་སེམས་ཅན་རྣམས་ལ་གསུང་རབ་ཡན་ལག་བཅུ་གཉིས་རྒྱས་པར་བསྟན་པས། ཕན་གདགས་སོ་སྙམ་དུ་མི་དགོངས་མོད་ཀྱི། སྔོན་གྱི་ཐུགས་རྗེ་དང་། དགེ་བའི་རྩ་བའི་མཐུས་སེམས་ཅན་འདི་དག་ལ་ཕྱི་མའི་མཐར་ཐུག་པ་མེད་པར་ཆོས་རྒྱས་པར་སྟོན་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པ་གྲོང་དང་། གྲོང་ཁྱེར་དང་། གྲོང་


DKG089_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་ཏུ་གཤེགས་ཤིང་། རྒྱལ་པོ་དང་། བློན་པོ་དང་། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ལ་སོགས་པའི་ཁྱིམ་དུ་བསོད་སྙོམས་བླང་ངོ་སྙམ་དུ་མི་དགོངས་མོད་ཀྱི། སྔོན་གྱི་སྐུ་དང་། གསུང་དང་། ཐུགས་ཀྱི་སྤྱོད་པ་ལ་གོམས་པའི་མཐུས། ལྷུན་གྱིས་གྲུབ་པར་བསོད་སྙོམས་ལ་གཤེགས་ཤིང་ཕན་པའི་དོན་མཛད་པ་དེ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པའི་སྐུ་ལ་སྦྲེབས་པ་དང་སྐྱེམས་པ་ཡང་མི་མངའ། བཤང་གཅི་དང་། སྐུ་ཉམ་ཆུང་བ་ཡང་མི་མངའ་བར་བསོད་སྙོམས་ལེན་པར་སྣང་ཡང་། དེ་ལ་གསོལ་བ་ཡང་མེད། དེའི་རྣམ་པར་རྟོག་པ་ཡང་མི་མངའ་མོད་ཀྱི། སེམས་ཅན་ལ་ཕན་གདགས་པའི་ཕྱིར། བསོད་སྙོམས་གསོལ་བར་ཡང་སྣང་བ་དེ་ནི། དེ་བཞིན་གཤེགས་པའི་སྤྱོད་པ་ལྷུན་གྱིས་གྲུབ་པའོ། །གང་དེ་བཞིན་གཤེགས་པས་སེམས་ཅན་འདི་དག་གི་དབང་པོ་རབ་དང་། འབྲིང་དང་། ཐ་མ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་ཏོ་སྙམ་དུ་མི་དགོངས་མོད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སོ་སོའི་དབང་པོ་དང་སྣོད་ཇི་ལྟ་བུ་ཡིན་པ་རྟོག་པ་མི་མངའ་བར་རབ་ཏུ་མཁྱེན་ཅིང་། དེ་དག་ལ་ཆོས་སྟོན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པས་སེམས་ཅན་འདི་དག་ནི། གུས་པ་མེད་པ་རྟག་ཏུ་ཚིག་རྩུབ་པོས་ངན་དུ་སྨྲ་བ་ཡིན་པས། འདི་དག་དང་། ལྷན་ཅིག་མི་སྨྲའོ། །སེམས་ཅན་འདི་དག་ནི་ང་ལ་རྟག་ཏུ་གུས་པར་བྱེད་པ། བསྟོད་ཅིང་སྙན་པར་སྨྲ་བ་ཡིན་པས། འདི་དག་དང་ལྷན་ཅིག་སྨྲ་བར་བྱའོ་ཞེས་དེ་བཞིན་གཤེགས་པ་མི་དགོངས་ཏེ། བྱམས་པ་དང་། ཐུགས་རྗེས་མཉམ་པར་དགོངས་ཤིང་གཉིས་སུ་མེད་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བྱམས་སྡང་དང་། ང་རྒྱལ་དང་། འདོད་པ་དང་། སེར་སྣ་ལ་སོགས་པའི་ཉོན་མོངས་པ་མི་མངའ་མོད་ཀྱི། དེ་བཞིན་གཤེགས་པ་ནི་རྟག་པར་དབེན་པ་ལ་དགྱེས་ཤིང་། འདུ་འཛི་ཐམས་ཅད་སྤངས་ཏེ། འདོད་པ་ཆུང་བ་ལ་བསྔགས་པ་མཛད་


DKG089_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པ་ནི་ཆོས་འགའ་ཙམ་ཡང་མི་མཁྱེན་པའམ། ཐུགས་སུ་མ་ཆུད་པ་མི་མངའ་བ་དང་། གནས་ཐམས་ཅད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་པས། རྣམ་པར་མི་རྟོག་མོད་ཀྱི། དེ་བཞིན་གཤེགས་པས་སེམས་ཅན་འདི་དག་གི་ལས་དང་སྤྱོད་པ་ལ་གཟིགས་ནས། དེ་དག་གི་བསམ་པ་དང་མཐུན་པར་སྦྱོར་བས། ཐབས་ཀྱིས་འདྲེན་ཅིང་འཁོར་བ་ལས་སྒྲོལ་བ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །དེ་བཞིན་གཤེགས་པས་སེམས་ཅན་གང་དག་ཕྱུག་ཅིང་དར་བ་གཟིགས་ན་ཡང་དགྱེས་པ་མི་སྐྱེ། རྒུད་པ་དང་དམའ་བ་གཟིགས་ན་ཡང་ཐུགས་ངལ་མི་མཛད་མོད་ཀྱི། དེ་བཞིན་གཤེགས་པ་སེམས་ཅན་དེ་དག་ཡང་དག་པའི་སྤྱོད་པ་སྒྲུབ་པ་གཟིགས་ནས། ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོས་སྐྱོབ་པར་མཛད་དོ། །སེམས་ཅན་ལ་ལ་ལོག་པར་སྤྱོད་པ་གཟིགས་ན་ཡང་། ཆགས་པ་མེད་པའི་ཐུགས་རྗེ་ཆེན་པོས་སྐྱོབ་ཅིང་འཛིན་པ་དེ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྤྱོད་པའོ། །རིགས་ཀྱི་བུ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡང་དག་པའི་སྤྱོད་པ་མཐའ་མེད་པར་བསྟན་པ་དང་། མྱ་ངན་ལས་འདས་པ་ཡང་དག་པ་བདེན་པའི་མཚན་ཉིད་དུ་འདུ་ཤེས་པར་གྱིས་ཤིག །སྐབས་གཞན་དག་ཏུ་མྱ་ངན་ལས་འདའ་བ་དང་། རིང་བསྲེལ་འཇིག་རྟེན་དུ་བཞག་ཅེས་བྱ་བ་དེ་ནི་ཐབས་མཁས་པ་བསྟན་པ་སྟེ། སེམས་ཅན་རྣམས་ཀྱི་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་དག་ཀྱང་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་དགེ་བའི་རྩ་བའི་མཐུ་ཡིན་པར་བལྟ་བར་བྱའོ། །དེ་ལ་གང་ཞིག་མཆོད་པ་དང་། རིམ་གྲོ་བྱེད་པ་དེ་ནི། མ་འོངས་པའི་དུས་ན། མི་ཁོམ་པ་བརྒྱད་ཡོངས་སུ་སྤངས་ཏེ། དེ་བཞིན་གཤེགས་པ་རྣམས་དང་ཕྲད་ཅིང་། དགེ་བའི་བཤེས་གཉེན་དང་ལྡན་པ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། བསོད་ནམས་དཔག་ཏུ་མེད་པ་འཕེལ་བ་དང་། འཁོར་བ་ལས་མྱུར་དུ་འདའ་ཞིང་འཁོར་བའི་འཆིང་བས་གླགས་པར་མི་འགྱུར་བའི་སྤྱོད་པ་དམ་པ་འདི་ཡིན་པས། ཁྱེད་


DKG089_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནན་ཏན་དུ་བསྒྲུབ་ཅིང་གཡེལ་བ་མེད་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བའི་དོན་དང་། བཟོད་པ་ཟབ་མོ་བསྟན་པ། བཅོམ་ལྡན་འདས་ལ་མངོན་དུ་ཐོས་ནས། ཐལ་མོ་སྦྱར་བ་བཏུད་དེ། འདི་སྐད་ཅེས་གསོལ་ཏོ། །དེང་གཟོད་བདག་གིས་དེ་བཞིན་གཤེགས་པ་སྟོན་པ་ཆེན་པོ་མྱ་ངན་ལས་མི་འདའ་བ་དང་། རིང་བསྲེལ་འཇིག་རྟེན་དུ་བཞག་ཅིང་། སེམས་ཅན་རྣམས་ལ་ཕན་པ་རྒྱ་ཆེར་མཛད་པ། འདི་འཚལ་བར་གྱུར་ནས། ལུས་དང་སེམས་དགའ་ཞིང་རངས་པ་ངོ་མཚར་དུ་གྱུར་ཏོ། །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་འདི་བསྟན་པ་ན། གྲངས་མེད་དཔག་ཏུ་མེད་ཅིང་མཐའ་ཡས་པའི་སེམས་ཅན་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེས་སོ། །དེ་བཞིན་གཤེགས་པ་དེ་དག་ཀྱང་མི་སྣང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཀྱང་སྟན་ལས་ལངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། སླར་ཡང་རང་གི་གནས་དེ་ཉིད་དུ་འདུག་གོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ཞེས་བྱ་སྟེ་ལེའུ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་འཁོར་འདུས་པ་དེའི་ནང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་འཚལ་ཏེ། གསེར་དང་རིན་པོ་ཆེའི་མེ་ཏོག་དང་། རིན་པོ་ཆེའི་རྒྱལ་མཚན་དང་། གདུགས་དམ་པས་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་དགོངས་པ་ཤིན་ཏུ་ཟབ་པ་དེ། ཚུལ་བཞིན་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཁྱོད་ལ་དེའི་དོན་རྣམ་པར་ཕྱེ་སྟེ་བསྟན་པར་


DKG089_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་རྣམ་པ་གསུམ་མངའ་སྟེ། གསུམ་གང་ཞེ་ན། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུའོ། །འདི་ལྟ་བུ་སྐུ་གསུམ་ལྷུན་གྱིས་གྲུབ་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་ཏེ། གང་གིས་དེ་མངོན་དུ་གྱུར་པ་རྣམས་འཁོར་བ་ལས་འབྱུང་བར་བྱེད་དོ། །དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་སྤྲུལ་པའི་སྐུ་ཤེས་པར་བྱ་ཞེ་ན། རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་སྔོན་ས་རྣམ་པར་སྦྱོང་བའི་དུས་ན། སྐྱེ་བོ་ཐམས་ཅད་ཀྱི་ཕྱིར་ཆོས་རྣམ་པ་སྣ་ཚོགས་སྒྲུབ་བོ། །དེ་ལྟར་སྤྱོད་པ་སྦྱངས་པས་རྣལ་འབྱོར་གྱི་མཐར་ཕྱིན་པ་ཡིན་ནོ། །རྣལ་འབྱོར་དེའི་སྟོབས་ཀྱིས་དབང་ཆེན་པོ་ཐོབ་བོ། །དབང་ཆེན་པོའི་མཐུས་སྐྱེ་བོའི་བསམ་པ་ཇི་ལྟ་བ་དང་། སྤྱོད་པ་ཇི་ལྟ་བ་དང་། ཁམས་ཇི་ལྟ་བ་བཞིན་དུ་ཐམས་ཅད་མངོན་དུ་གྱུར་ནས། དུས་ལ་མི་གཞེས་དུས་ལས་མི་འདའ། གནས་དང་མཐུན་པ། དུས་དང་མཐུན་པ། སྤྱོད་པ་དང་མཐུན་པ། ཆོས་བཤད་པ་དང་ཡང་མཐུན་པར་སྐུ་རྣམ་པ་སྣ་ཚོགས་སྟོན་པ་དེ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །རིགས་ཀྱི་བུ་ཇི་ལྟར་ན་བྱང་ཆུབ་སེམས་དཔས་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་པར་བྱ་ཞེ་ན།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོགས་པ་མེད་པ་ཐོབ་པར་བྱ་བའི་ཕྱིར། དོན་དམ་པའི་བདེན་པ་སྟོན་ཏེ། འཁོར་བ་དང་མྱ་ངན་ལས་འདའ་བ་རོ་གཅིག་པ་ཉིད་དུ་ཤེས་པར་བྱ་བ་དང་། འཇིག་ཚོགས་ལ་ལྟ་བ་བསལ་ནས། སེམས་ཅན་འཇིགས་པར་གྱུར་པ་རྣམས་དགའ་བར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་རྣམས་མཐའ་ཡས་པའི་རྒྱུར་གྱུར་པས། བདེན་པ་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་དང་མཐུན་པར་སྔོན་གྱི་སྨོན་ལམ་གྱི་མཐུས། སྐུ་དེ་སྟོན་པར་འགྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། འོད་སྐུ་ལ་འཁོར་བ་གྲུབ་པ་དེ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱའོ། །རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཀྱི་སྐུ་ཤེས་པར་བྱ་ཞེ་ན། ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་དང་བྲལ་བ། དགེ་བའི་ཆོས་ཐམས་ཅད་རྫོགས་པའི་ཕྱིར།


DKG089_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ཉིད་ཙམ་དུ་གནས་པ། དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །སྐུ་སྔ་མ་དེ་གཉིས་ནི་བཏགས་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ། སྐུ་དེ་གཉིས་ཀྱི་གཞི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་དེ་བཞིན་ཉིད་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་སངས་རྒྱས་རྣམས་ཀྱི་ཆོས་གང་ཡང་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་ཉོན་མོངས་པ་ཐམས་ཅད་སྤངས་པའི་ཕྱིར་མཐར་ཕྱིན་པས། སངས་རྒྱས་ཀྱི་རྣམ་པར་དག་པ་བརྙེས་པའི་ཕྱིར་ཆོས་ཀྱི་དེ་ཁོ་ན་ཉིད་དང་ཡང་དག་པའི་ཡེ་ཤེས་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་ཏོ། །གཞན་ཡང་རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ནི་བདག་དང་གཞན་གྱི་དོན་གྱི་མཐར་ཕྱིན་པ་སྟེ། དེ་ལ་ཆོས་ཀྱི་དེ་བཞིན་ཉིད་ཀྱིས་ནི་བདག་གི་དོན་མཛད། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་གཞན་གྱི་དོན་མཛད་དོ། ། བདག་དང་གཞན་ལ་ཕན་པའི་དོན་མཛད་པ་ལ་དབང་བརྙེས་པའི་ཕྱིར་མཛད་པ་མཐའ་ཡས་པ་སྣ་ཚོགས་ལྷུན་གྱིས་གྲུབ་བོ། །དེ་བས་ན་སངས་རྒྱས་ཐམས་ཅད་ཀྱི་ཆོས་དཔག་ཏུ་མེད་པ་མཐའ་ཡས་པ། རྣམ་པ་མང་པོ་ཁྱད་པར་དུ་བསྟན་ཏོ། །རིགས་ཀྱི་བུ་དཔེར་ན་རྣམ་པར་རྟོག་པའི་སེམས་ལ་བརྟེན་ནས། ཉོན་མོངས་པ་རྣམ་པ་མང་པོ་དང་། ལས་རྣམ་པ་མང་པོ་དང་། འབྲས་བུ་རྣམ་པ་མང་པོ་སྟོན་པ་དེ་བཞིན་དུ། ཆོས་ཀྱི་ཆོས་ཉིད་དང་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས། སངས་རྒྱས་ཀྱི་ཆོས་རྣམ་པ་སྣ་ཚོགས་དང་། རང་སངས་རྒྱས་ཀྱི་ཆོས་རྣམ་པ་སྣ་ཚོགས་དང་། ཉན་ཐོས་ཀྱི་ཆོས་རྣམ་པ་སྣ་ཚོགས་མང་པོ་སྟོན་ཏོ། །ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་བརྟེན་ནས། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལ་དབང་ཕུན་སུམ་ཚོགས་པ་བརྙེས་པ་དེ་ནི་དམ་པ་དཔག་པར་དཀའ་བ་ཡིན་ནོ། །དཔེར་ན་ནམ་མཁའ་ལ་རི་མོ་བྲིས་ཏེ། རྒྱན་དུ་བྱས་པ་དེ་ནི་དཔག་པར་དཀའ་བ་ཡིན་ནོ། །དེ་བཞིན་དུ་ཡང་དག་པའི་ཆོས་དང་། ཡང་དག་པའི་ཡེ་ཤེས་ལ་བརྟེན་ནས། སངས་རྒྱས་ཀྱི་ཆོས་རྣམས་བསྒྲུབ་པ་ཡང་དཔག་པར་དཀའ་བ་ཡིན་ནོ། །རིགས་ཀྱི་བུ་ཇི་ལྟར་ན། ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྣམ་པར་


DKG089_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་མི་མངའ་ཞིང་། ཕྲིན་ལས་ལ་མངའ་བརྙེས་པ་ཡིན་ཞེ་ན། རིགས་ཀྱི་བུ་དཔེར་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ཀྱང་སྨོན་ལམ་ལ་མངའ་བརྙེས་པས་ཕྲིན་ལས་ཀྱི་རྣམ་པ་ཐམས་ཅད་ཀྱང་མཛད་དེ། དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱིས་དོན་ཐམས་ཅད་གྲུབ་པར་མངའ་མཛད་པའང་དེ་བཞིན་ནོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་དུ་སྙོམས་པར་ཞུགས་པ་ལས་སྔོན་གྱི་སྨོན་ལམ་གྱི་དབང་གིས། བསམ་གཏན་དེ་ལས་བཞེངས་ཏེ། དོན་དང་ཕྲིན་ལས་ཐམས་ཅད་མཛད་པ་ལྟར་ཆོས་རྣམ་པ་གཉིས་ཀྱང་རྣམ་པར་རྟོག་པ་མེད་པར་དོན་ཐམས་ཅད་མཛད་པ་ལ་མངའ་བརྙེས་པའོ། །རིགས་ཀྱི་བུ་དཔེར་ན། ཉི་མ་དང་། ཟླ་བ་ལ་ཡང་རྣམ་པར་རྟོག་པ་མེད། ཆུ་དང་མེ་ལོང་ལ་ཡང་རྣམ་པར་རྟོག་པ་མེད། སྣང་བ་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། གསུམ་འདུས་པ་ལས་གཟུགས་བརྙན་འབྱུང་ངོ་། །དེ་བཞིན་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་ཡང་རྣམ་པར་རྟོག་པ་མེད་མོད་ཀྱི། སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་བ་ཅན་དག་ལ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་ཡང་ཉི་ཟླའི་གཟུགས་བརྙན་བཞིན། རྒྱུ་དང་རྐྱེན་འདུས་པ་ལས་འབྱུང་ངོ་། །རིགས་ཀྱི་བུ་གཞན་ཡང་དཔེར་ན། ཚད་མེད་གྲངས་མེད་པའི་ཆུ་དང་མེ་ལོང་དག་ནི་སྣང་བ་ལ་བརྟེན་ནས། སྟོང་པའི་གཟུགས་བརྙན་མཚན་ཉིད་ཐ་དད་པ་དག་སྣང་ངོ་། །སྟོང་པ་ཞེས་བྱ་བ་ནི་མཚན་ཉིད་མེད་པའོ། །རིགས་ཀྱི་བུ་དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུས་ནི་འཁོར་རྣམས་ལ་ཆོས་ཀྱི་སྐུའི་གཟུགས་བརྙན་སྟོན་པར་སྨོན་ལམ་གྱི་དབང་གིས་སྐུ་དེ་གཉིས་སྣང་སྟེ། མཚན་མ་སྣ་ཚོགས་སུ་སྣང་ཡང་ཆོས་ཀྱི་སྐུའི་གནས་ལ་ནི་མཚན་ཉིད་ཐ་དད་པ་མེད་དོ། །རིགས་ཀྱི་བུ་སྐུ་དེ་གཉིས་ལ་གནས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ཞེས་གསུང་ངོ་། །ཆོས་ཀྱི་སྐུ་ལས་དགོངས་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཞེས་གསུང་ངོ་། །དེ་ཅིའི་ཕྱིར་ཞེ་ན། དེར་ནི་ཆོས་ཐམས་ཅད་ཟད་པའི་མཐར་གྱུར་པའི་ཕྱིར་སྐུ་འདི་གསུམ་


DKG089_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་མི་གནས་པའི་མྱ་ངན་ལས་འདས་པ་ལ་གནས་པ་ཞེས་བཤད་དོ། །སྐུ་གཉིས་ལ་ནི་མྱ་ངན་ལས་འདས་པ་ཞེས་མི་གསུང་སྟེ། ཆོས་ཀྱི་སྐུ་ལས་གཞན་པའི་སངས་རྒྱས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་སྐུ་གཉིས་པོ་ལ་མྱ་ངན་ལས་འདས་པ་ཞེས་མི་བྱ་ཞེ་ན། སྐུ་དེ་གཉིས་ནི་ཡང་དག་པ་མ་ཡིན་པ་བཏགས་པ་ཙམ་པས། སྐད་ཅིག་ཏུ་སྐྱེ་ཞིང་འགག་པ་རྟག་པར་མི་གནས་པ་དང་། ཡང་དང་ཡང་དུ་འབྱུང་བས་མ་ངེས་པ་ལྟར་ཆོས་ཀྱི་སྐུ་ནི་དེ་ལྟ་མ་ཡིན་ནོ།། །།བམ་པོ་གཉིས་པ། །དེའི་ཕྱིར་སྐུ་དེ་གཉིས་ནི་མྱ་ངན་ལས་འདས་པ་ཞེས་མི་བྱའོ། །ཆོས་ཀྱི་སྐུ་ཡང་དེ་དང་མི་གཉིས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་གནས་པ་མ་ཡིན་པས། སྐུ་དེ་གསུམ་ལ་བརྟེན་ཏེ། མི་གནས་པའི་ཕྱིར་མྱ་ངན་ལས་འདས་པ་ཞེས་གསུང་ངོ་། །རིགས་ཀྱི་བུ་དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མཚན་ཉིད་གསུམ་གྱི་ཕྱིར་འཆིང་བ་དང་། སྒྲིབ་པ་ཡོད་པས་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །མཚན་ཉིད་དེ་རྣམས་ཤེས་པ་དང་། འགོག་པ་དང་། དག་པར་མ་གྱུར་པ་དེའི་ཕྱིར་སྐུ་གསུམ་མ་ཐོབ་བོ། །དེ་ལྟ་བུའི་མཚན་ཉིད་གསུམ་ཤེས་པ་དང་། འགོག་པ་དང་རྣམ་པར་བྱང་བར་གྱུར་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་སྐུ་གསུམ་ཡོངས་སུ་རྫོགས་པར་གྱུར་ཏོ། །རིགས་ཀྱི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས། རྣམ་པར་ཤེས་པ་གསུམ་མ་སྤངས་པའི་ཕྱིར་སྐུ་གསུམ་ལས་རིང་དུ་གྱུར་ཏོ། །གསུམ་གང་ཞེ་ན། དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་དང་། ཀུན་གཞི་ལ་གནས་པའི་ཡིད་དང་། ཀུན་གཞི་རྣམ་པར་ཤེས་པའོ། །ལམ་སྦྱོང་བ་དག་ལ་གནས་པས་འཇུག་པའི་རྣམ་པར་ཤེས་པ་སྦྱོང་ངོ་། །གཅོད་པའི་ལམ་ལ་གནས་པས། ཀུན་གཞི་ལ་གནས་པའི་ཡིད་སྦྱོང་ངོ་། །མཆོག་ཏུ་རྒྱལ་བའི་ལམ་ལ་གནས་པས། ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་སོ། །འཇུག་པའི་རྣམ་པར་ཤེས་པ་སྦྱངས་ན། སྤྲུལ་པའི་སྐུ་མངོན་དུ་འགྱུར་རོ། །ཀུན་གཞི་


DKG089_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་པའི་ཡིད་སྦྱངས་པས་ལོངས་སྤྱོད་རྫོགས་པའི་སྐུ་སྟོན་ཏོ། །ཀུན་གཞིའི་རྣམ་པར་ཤེས་པ་སྦྱངས་པས་ནི། ཆོས་ཀྱི་སྐུ་འཐོབ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་གསུམ་ལྷུན་གྱིས་གྲུབ་པ་ཞེས་བྱའོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་། སྤྱོད་པ་མཐུན་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་སངས་རྒྱས་ཐམས་ཅད་དང་དགོངས་པ་མཐུན་པའོ། །ཆོས་ཀྱི་སྐུ་ནི་སངས་རྒྱས་ཐམས་ཅད་དང་སྐུ་མཐུན་པའོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ནི་སྐྱེ་བོ་སོ་སོའི་ཡིད་དང་མཐུན་པར་རྣམ་པ་མང་པོས་མཚན་མ་སྣ་ཚོགས་སྟོན་པའི་ཕྱིར་མང་པོ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་འཁོར་རྣམས་ཀྱི་བསམ་པ་གཅིག་པས། མཚན་ཉིད་གཅིག་པའི་ཕྱིར་མཚན་ཉིད་གཅིག་ཅེས་བྱའོ། །ཆོས་ཀྱི་སྐུ་ནི་མཚན་མ་སྣ་ཚོགས་ལས་ཡང་དག་པར་འདས་པ། མཚན་མར་གཟུང་བའི་སྤྱོད་ཡུལ་མ་ཡིན་པ་སྟེ། དེ་བས་ན་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པ་ཞེས་བྱའོ། །རིགས་ཀྱི་བུ། སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཆོས་ཀྱི་སྐུ་ལ་བརྟེན་ཏེ་མངོན་པར་སྣང་ངོ་། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ། ཅི་ལ་ཡང་མི་གནས་པའོ། །རིགས་ཀྱི་བུ་སྐུ་དེ་གསུམ་ནི་རྟག་པར་བཤད་པའི་རྣམ་གྲངས་ཀྱང་ཡོད། མི་རྟག་པར་བཤད་པའི་རྣམ་གྲངས་ཀྱང་ཡོད་དོ། །སྤྲུལ་པའི་སྐུ་ནི་ཐབས་མཁས་པས་རྣམ་པ་ཐམས་ཅད་དུ་དམིགས་པ་ཇི་ལྟ་བ་བཞིན་དུ་རྒྱུན་མི་འཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རྟག་པ་ཞེས་བྱའོ། །དེ་གཞིར་མ་གྱུར་པས་མཛད་པ་ཆེན་པོ་ཕུན་སུམ་ཚོགས་པ་མངོན་དུ་མི་སྟོན་པའི་ཕྱིར་མི་རྟག་པ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ཐོག་མ་མེད་པའི་དུས་ནས་རྒྱུན་མི་འཆད་ཅིང་སངས་རྒྱས་ཐམས་ཅད་ཀྱི་ཆོས་མ་འདྲེས་པས་ཡོངས་སུ་འཛིན་ཅིང་སྡུད་པའི་ཕྱིར། སེམས་ཅན་ཟད་པ་མེད་པས། སྤྱོད་པ་ཡང་མི་ཟད་དེ། དེའི་ཕྱིར་རྟག་པ་ཞེས་བྱའོ། །དེ་ཡང་གཞིར་མ་གྱུར་པའི་ཕྱིར་མཛད་པ་ཆེན་པོ་ཕུན་སུམ་ཚོགས་པ་མངོན་དུ་མི་སྟོན་པས་མི་རྟག་པ་ཞེས་བྱའོ། །ཆོས་ཀྱི་སྐུ་ནི་འདུ་བྱེད་ཀྱི་ཆོས་མ་ཡིན་པ་མཚན་མ་ཐ་དད་པ་མེད་པ་རྩ་བ་དང་


DKG089_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར་གྱུར་པའི་ཕྱིར། ནམ་མཁའ་ཇི་ལྟ་བ་བཞིན་པས་དེ་ནི་རྟག་པ་ཞེས་བྱའོ། །རིགས་ཀྱི་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་གུད་ན་འཕགས་པའི་ཡེ་ཤེས་མེད་དོ། །དེ་བཞིན་ཉིད་ཀྱི་ཆོས་ཉིད་ལས་ཀྱང་ལྷག་པའི་སྤྱོད་ཡུལ་མེད་དོ། །དེ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་། ཡེ་ཤེས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་དེ་གཉིས་ཀྱི་དེ་བཞིན་ཉིད་ནི་གཅིག་པ་ཡང་མ་ཡིན་ཐ་དད་པ་ཡང་མ་ཡིན་པས་དེའི་ཕྱིར་ཆོས་ཀྱི་སྐུ་ནི་ཡེ་ཤེས་རྣམ་པར་དག་པ་དང་། སྤངས་པ་རྣམ་པར་དག་པ་གཉིས་ཀྱི་ཕྱིར། ཆོས་ཀྱི་སྐུ་ནི་རྣམ་པར་དག་པ་ཕུན་སུམ་ཚོགས་པ་ཞེས་བྱའོ། །རིགས་ཀྱི་བུ་གཞན་ཡང་སྐུ་འདི་གསུམ་དབྱེ་བ་ལ་ཡང་རྣམ་པ་བཞི་སྟེ། སྤྲུལ་པའི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་ཡང་ཡོད། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྤྲུལ་པའི་སྐུ་མ་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཡང་ཡོད། སྤྲུལ་པའི་སྐུ་ཡང་མ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པའོ། །སྤྲུལ་པའི་སྐུ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་མ་ཡིན་པ་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་མྱ་ངན་ལས་འདས་སུ་ཟིན་ཀྱང་། སྨོན་ལམ་གྱི་དབང་གིས་སྐལ་བ་ཇི་ལྟ་བ་བཞིན་ཕན་འདོགས་པ་ནི་སྤྲུལ་པའི་སྐུ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། སྤྲུལ་པའི་སྐུ་མ་ཡིན་པ་གང་ཞེ་ན། སའི་སྔ་རོལ་པའི་སྐུའོ། །སྤྲུལ་པའི་སྐུ་ཡང་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་ཡིན་པ་དེ་གང་ཞེ་ན། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་སྐུའོ། །སྤྲུལ་པའི་སྐུ་ཡང་མ་ཡིན་ལ། ལོངས་སྤྱོད་རྫོགས་པའི་སྐུ་ཡང་མ་ཡིན་པ་དེ་ནི་ཆོས་ཀྱི་སྐུའོ། །རིགས་ཀྱི་བུ་ཆོས་ཀྱི་སྐུ་དེ་ནི་ཆོས་གཉིས་སུ་མེད་པ་མངོན་དུ་གྱུར་པའོ། །གཉིས་གང་ཞེ་ན། ཆོས་ཀྱི་སྐུ་དེ་ལ་མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་གཉི་ག་མེད་པ་སྟེ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན། བགྲང་བ་ཡང་མ་ཡིན། བགྲང་བར་མི་བྱ་བ་ཡང་མ་ཡིན། སྣང་བ་ཡང་མ་ཡིན། མུན་པ་ཡང་མ་ཡིན་པ་སྟེ། དེ་ལྟ་བུའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་མཚན་ཉིད་དང་།


DKG089_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཉིད་ཀྱི་གཞིར་ཡང་མི་དམིགས། ཡོད་པ་དང་མེད་པར་ཡང་མི་དམིགས། གཅིག་པ་དང་ཐ་དད་པར་ཡང་མི་དམིགས། བགྲང་བར་ཡང་མི་དམིགས། བགྲང་བར་མི་བྱ་བར་ཡང་མི་དམིགས། སྣང་བ་དང་མུན་པར་ཡང་མི་དམིགས་པ་སྟེ། འདི་ལྟར་སྤྱོད་ཡུལ་རྣམ་པར་དག་པ་དང་། ཡེ་ཤེས་རྣམ་པར་དག་པ་དེ་དབྱེར་མེད་པ། བར་མཚམས་མེད་པ་འགོག་པ་དང་ལམ་གྱི་གཞིར་གྱུར་པ་སྟེ། དེའི་ཕྱིར་ན་ཆོས་ཀྱི་སྐུ་དེ་ནི་དེ་བཞིན་གཤེགས་པའི་མཛད་པ་སྣ་ཚོགས་མངོན་དུ་གྱུར་པའོ། །རིགས་ཀྱི་བུ་སྐུ་འདི་ནི་རྒྱུ་དང་རྐྱེན་དང་སྤྱོད་ཡུལ་དང་། གནས་དང་འབྲས་བུ་དག་གཞི་ཉིད་ལ་བརྟེན་པ་བསམ་གྱིས་མི་ཁྱབ་པ་སྟེ། དོན་དེ་མངོན་པར་ཤེས་ན། སྐུ་དེ་ཉིད་ཐེག་པ་ཆེན་པོའོ། །དེ་ཉིད་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་སྟེ། སྐུ་དེ་ལ་བརྟེན་ནས། སེམས་དང་པོ་སྐྱེད་པ་དང་། ས་ཡོངས་སུ་སྦྱངས་པའི་སེམས་མངོན་པར་འབྱུང་སྟེ། ས་ལས་ཕྱིར་མི་ལྡོག་པའི་སེམས་ཀྱང་མངོན་དུ་འགྱུར་བ་དང་། སྐྱེ་བ་གཅིག་གིས་ཐོགས་པ་ལ་གནས་པའི་སེམས་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། དེ་བཞིན་གཤེགས་པའི་དགོངས་པ་ཡང་མངོན་པར་འབྱུང་། དེ་བཞིན་གཤེགས་པའི་དམ་པའི་ཆོས་ཚད་མེད་གྲངས་མེད་པ་ཐམས་ཅད་ཀྱང་མངོན་དུ་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་ལ་བརྟེན་ནས་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ཆེན་པོ་ཡང་མངོན་དུ་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ལ་བརྟེན་ནས་ཡེ་ཤེས་ཆེན་པོ་ཐམས་ཅད་ཀྱང་སྣང་བར་འགྱུར་རོ། །དེ་ལྟ་བས་ན་སྐུ་གཉིས་ནི་ཏིང་ངེ་འཛིན་དང་ཡེ་ཤེས་ལ་བརྟེན་ནས་འབྱུང་བར་འགྱུར་རོ། །ཆོས་ཀྱི་སྐུ་འདི་ནི་རང་གི་ངོ་བོ་ཉིད་ལ་བརྟེན་པས་རྟག་པ་ཞེས་བྱའོ། །བདག་ཅེས་བྱའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་པས་ན་བདེ་བ་ཞེས་བྱའོ། །ཡེ་ཤེས་ཆེན་པོ་ལ་བརྟེན་པས་ན་རྣམ་པར་དག་པ་ཞེས་བྱ་སྟེ། དེའི་ཕྱིར་དེ་བཞིན་གཤེགས་པ་རྟག་པར་བདེ་བ་དང་། རྣམ་པར་དག་པ་ལ་མངའ་བརྙེས་ཤིང་བཞུགས་པའོ། །ཏིང་ངེ་འཛིན་ཆེན་པོ་ལ་བརྟེན་ནས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ། དྲན་པ་ཉེ་བར་གཞག་པ་ཐམས་


DKG089_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། གཟུངས་ཐམས་ཅད་དང་། མངོན་པར་ཤེས་པ་ཐམས་ཅད་དང་། དབང་ཐམས་ཅད་དང་། མཉམ་པ་ཉིད་ཀྱི་ཆོས་ཐམས་ཅད་འཛིན་པ་ལ་སོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་པར་འབྱུང་ངོ་། ། ཡེ་ཤེས་ཆེན་པོ་ལ་བརྟེན་པས་ནི་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་སོགས་པ་མ་འདྲེས་པའི་ཆོས་བརྒྱ་བརྒྱད་ཅུ་དང་། རྨད་དུ་བྱུང་བ་ཐམས་ཅད་དང་། བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་མངོན་དུ་འགྱུར་རོ། །འདི་ལྟ་སྟེ་དཔེར་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་བརྟེན་ནས་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཚད་མེད་གྲངས་མེད་པ་ཐམས་ཅད་སྣང་བར་འགྱུར་རོ། །དེ་བཞིན་དུ་ཏིང་ངེ་འཛིན་ཆེན་པོའི་རིན་པོ་ཆེ་དང་ཡེ་ཤེས་ཆེན་པོའི་རིན་པོ་ཆེ་ལ་བརྟེན་པས་སངས་རྒྱས་ཐམས་ཅད་ཀྱི་དམ་པའི་ཆོས་རྣམ་པ་སྣ་ཚོགས་ཚད་མེད་གྲངས་མེད་པ་མངོན་དུ་འབྱུང་བར་འགྱུར་རོ། །རིགས་ཀྱི་བུ་དེ་ལྟར་ན་ཆོས་ཀྱི་སྐུ་དང་། ཏིང་ངེ་འཛིན་དང་། ཡེ་ཤེས་ནི་མཚན་མ་ཐམས་ཅད་ལས་ཡང་དག་པར་འདས་པ། མཚན་མས་མི་གོས་པ། རྣམ་པར་མི་རྟོག་པ། རྟག་པའང་མ་ཡིན། ཆད་པའང་མ་ཡིན་པ་སྟེ། དེ་ནི་དབུ་མའི་ལམ་སྒྲུབ་པ་ཞེས་བྱའོ། །རྣམ་པར་རྟོག་པ་ཡོད་པར་སྣང་ཡང་། ངོ་བོ་ཉིད་ལ་ནི་རྣམ་པར་རྟོག་པ་ཡང་མེད།གསུམ་དུ་བགྲང་བ་ཡང་ཡོད་མོད་ཀྱི། དངོས་པོ་གསུམ་དུའང་མེད་དོ། །འཕེལ་བ་དང་འགྲིབ་པ་མེད་པ་དེ་ནི་རྨི་ལམ་དང་སྒྱུ་མ་ལྟ་བུ་སྟེ། གཟུང་བ་ཡང་མེད། འཛིན་པ་ཡང་མེད་དོ། །ཆོས་ཀྱི་ངོ་བོའི་དེ་བཞིན་ཉིད་ནི་རྣམ་པར་གྲོལ་བའི་གནས་ཏེ། འཆི་བདག་གི་སྤྱོད་ཡུལ་ལས་ཡང་དག་པར་འདས་པ། འཁོར་བའི་མུན་པ་ལས་མངོན་དུ་རྒལ་བ། སྐྱེ་བོ་ཐམས་ཅད་ཀྱིས་བསྒྲུབ་པར་མི་ནུས་པ། མཐར་ཕྱིན་པར་མི་ནུས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བཞུགས་པར་བྱ་བའི་གནས་སོ། །རིགས་ཀྱི་བུ་དཔེར་ན། གང་ལ་ལ་ཞིག་གསེར་འདོད་དེ། གནས་ཀུན་དུ་བཙལ་བ་ལས་གསེར་གྱི་སྦྲམ་བུ་རྙེད་ནས་སྦྲམ་བུ་དེ་ཞིབ་ཏུ་བཏགས་ཏེ། སྙིང་པོ་བཞུ་ཞིང་སྦྱངས་ནས་རྣམ་པར་བྱང་བར་གྱུར་པ་དང་། གསེར་དེ་


DKG089_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གདུ་བུ་ལ་སོགས་པ། རྒྱན་རྣམ་པ་སྣ་ཚོགས་པ་ཡིད་བཞིན་དུ་བསྒྱུར་ཏེ། སྤྱད་ཀྱང་གསེར་གྱི་རང་བཞིན་ཉིད་ནི་མི་འགྱུར་རོ། །རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་འཇིག་རྟེན་གྱི་དགེ་བར་སྤྱོད་པར་མོས་པ་དེས། དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་འཁོར་དེ་དག་མཐོང་སྟེ། ཉེ་བར་བསྙེན་ནས་དེ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་བ་ནི་གང་། མི་དགེ་བ་ནི་གང་། ཡང་དག་པའི་བསྒྲུབ་པ་གང་བགྱིས་པས། རྣམ་པར་དག་པའི་སྤྱོད་པ་ཐོབ་པར་འགྱུར། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། དེའི་འཁོར་དག་གིས་དེ་སྐད་ཅེས་འདྲི་བ་ལ་འདི་སྙམ་དུ་དགོངས་ཏེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་འདི་དག་ནི། དམ་པའི་ཆོས་ཉན་པར་མོས་པ་དང་། རྣམ་པར་བྱང་བར་འདོད་པ་སྟེ། འདི་དག་ལ་ཡང་དག་པའི་ཆོས་བསྟན་ཏོ་སྙམ་མོ། །དེ་ཐོས་ནས་ཀྱང་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། ནན་ཏན་གྱིས་བསམ་པ་སྐྱེས་ཤིང་། བརྩོན་པར་གྱུར་པའི་མཐུས། ལེ་ལོའི་སྒྲིབ་པ་དང་། སྡིག་པ་མི་དགེ་བའི་ཆོས་ཐམས་ཅད་བསལ་ཏེ། བསླབ་པའི་གནས་ཐམས་ཅད་ལ་རབ་ཏུ་གུས་པར་གནས་ཤིང་། སེམས་བྱིང་བ་དང་། རྒོད་པ་དག་བསལ་ཏེ་ས་དང་པོ་ལ་འཇུག་གོ། །ས་དང་པོའི་སེམས་ལ་བརྟེན་ནས། སེམས་ཅན་མང་པོའི་དོན་ལ་བརྩོན་པ་ལ་སྒྲིབ་པ་སྤངས་པས། ས་གཉིས་པ་ལ་འཇུག་གོ། །ས་དེ་ལས་ཉོན་མོངས་པའི་སྒྲིབ་པ་སྤངས་ནས། ས་གསུམ་པ་ལ་འཇུག་གོ། །ས་དེ་ལས་སེམས་རྣམ་པར་སྦྱོང་བ་ལ་སྒྲིབ་པ་སྤངས་ནས། ས་བཞི་པ་ལ་འཇུག་གོ། །ས་དེ་ལས་ཐབས་མཁས་པའི་སྒྲིབ་པ་སྤངས་ནས། ས་ལྔ་པ་ལ་འཇུག་གོ། །ས་དེ་ལས་དོན་དམ་པ་དང་ཀུན་རྫོབ་ཏུ་དམིགས་པའི་སྒྲིབ་པ་སྤངས་ནས། ས་དྲུག་པ་ལ་འཇུག་གོ། །ས་དེ་ལས་མཚན་མ་དང་སྤྱོད་པ་ལ་དམིགས་པའི་སྒྲིབ་པ་སྤངས་ནས། ། ས་བདུན་པ་ལ་འཇུག་གོ། །ས་དེ་ལས་མཚན་མ་འགོག་པར་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས། ས་བརྒྱད་པ་ལ་འཇུག་གོ། །ས་དེ་ལས་མཚན་མ་སྐྱེ་བར་ཡང་མི་དམིགས་པའི་སྒྲིབ་པ་སྤངས་ནས། ས་དགུ་པ་ལ་འཇུག་གོ། །ས་དེ་ལས་དྲུག་པ་མངོན་པར་ཤེས་པའི་སྒྲིབ་པ་


DKG089_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས་ནས། ས་བཅུ་པ་ལ་འཇུག་གོ། །ས་དེ་ལས་ཤེས་བྱའི་སྒྲིབ་པ་དང་། ཀུན་གཞི་རྣམ་པར་ཤེས་པ་སྤངས་པས། དེ་བཞིན་གཤེགས་པའི་ས་ལ་འཇུག་གོ། །དེ་བཞིན་གཤེགས་པའི་ས་ནི་རྣམ་པར་དག་པ་གསུམ་གྱི་ཕྱིར། རབ་ཏུ་རྣམ་པར་དག་པ་ཞེས་བྱའོ། །གསུམ་གང་ཞེ་ན། འདི་ལྟ་སྟེ། ཉོན་མོངས་པ་རྣམ་པར་དག་པ་དང་། སྡུག་བསྔལ་རྣམ་པར་དག་པ་དང་། མཚན་མ་རྣམ་པར་དག་པ་སྟེ། ཇི་ལྟར་གསེར་བཟང་པོ་བཞུ་ཞིང་བཏུལ་ཏེ། སྦྱངས་པ་ལ་རྡུལ་དང་དྲི་མས་ཕྱིར་མི་གོས་ཤིང་། རང་བཞིན་རྣམ་པར་དག་པའི་གསེར་ཉིད་དུ་སྣང་སྟེ། གསེར་གྱི་དངོས་པོ་རྣམ་པར་དག་པ་ཡང་མེད་པར་གྱུར་པ་མ་ཡིན་པ་བཞིན་ནོ། །དཔེར་ན་ཆུ་རྙོག་པ་ཅན་དངས་ཏེ། རྣམ་པར་དངས་ནས་ཆུའི་རང་བཞིན་ཉིད་གསལ་བར་གྱུར་པ་ཡིན་གྱི། ཆུ་དེ་ཉིད་མེད་པར་གྱུར་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཡང་ཉོན་མོངས་པ་དང་། སྡུག་བསྔལ་སྣ་ཚོགས་འདུས་པ་སྤངས་ནས། བག་ཆགས་མ་ལུས་པར་བསལ་ཏེ། སངས་རྒྱས་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ཉིད་སྣང་བར་གྱུར་པ་ཡིན་གྱི། དངོས་པོ་མེད་པར་གྱུར་པ་ཉིད་ནི་མ་ཡིན་ནོ། །ཡང་དཔེར་ན་ནམ་མཁའ་ལ་དུ་བ་དང་། སྤྲིན་དང་། རྡུལ་དང་། ན་བུན་གྱིས་བསྒྲིབས་པ་དེ་མེད་པར་གྱུར་ན། ནམ་མཁའི་ཁམས་དེ་རྣམ་པར་དག་པར་གྱུར་པ་ཡིན་གྱི། ནམ་མཁའ་དེ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་སྐུ་ཉོན་མོངས་པ་ཐམས་ཅད་ཟད་པའི་ཕྱིར་རྣམ་པར་དག་པ་ཞེས་བྱའི། སྐུ་ཉིད་མེད་པར་གྱུར་པ་ནི་མ་ཡིན་ནོ། །གཞན་ཡང་དཔེར་ན་འགའ་ཞིག་གཉིད་ལོག་པའི་རྨི་ལམ་ན་ཆུ་ཆེན་པོས་ཁྱེར་ནས། ལུས་དང་རྐང་ལག་བསྐྱོད་དེ། ལུས་དང་སེམས་འབད་པ་དང་བཅས་པས་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་རྨིའོ། །རྨི་ལམ་དེ་ལས་སད་པ་དང་། ཆུ་དང་ཕན་ཚུན་གྱི་འགྲམ་ཐ་དད་པར་ཡོད་པ་མཐོང་བ་མེད་ཀྱང་། སེམས་ཉིད་མེད་པ་ནི་མ་ཡིན་ནོ། །འཁོར་བར་རྣམ་པར་རྟོག་པ་ཟད་པ་ཡང་བློ་རྣམ་པར་དག་པ་སྟེ། སངས་རྒྱས་པ་དེ་མེད་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་རྣམ་པར་རྟོག་པ་ཐམས་ཅད་མི་སྐྱེ་བའི་ཕྱིར་རྣམ་པར་དག་པ་ཞེས་བྱ་སྟེ། སངས་


DKG089_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་རྣམས་ཀྱི་ཡང་དག་པའི་སྐུ་ནི་མེད་པ་མ་ཡིན་ནོ། །གཞན་ཡང་རིགས་ཀྱི་བུ་ཆོས་ཀྱི་སྐུ་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་རྣམ་པར་དག་པས་སྤྲུལ་པའི་སྐུ་སྣང་བར་འགྱུར་རོ། །ཡེ་ཤེས་ཀྱི་སྒྲིབ་པ་རྣམ་པར་དག་པས་ཆོས་ཀྱི་སྐུ་སྣང་བར་འགྱུར་རོ། །དཔེར་ན་ནམ་མཁའ་སྟོང་པ་ལ་བརྟེན་ནས་གློག་འབྱུང་ངོ་། །གློག་ལ་བརྟེན་ཏེ་འོད་སྣང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བརྟེན་ཏེ་སྤྲུལ་པའི་སྐུ་སྣང་ངོ་། །དེ་ལ་རང་བཞིན་རྣམ་པར་དག་པའི་ཕྱིར་ཆོས་ཀྱི་སྐུ་སྣང་ངོ་། །ཡེ་ཤེས་རྣམ་པར་དག་པས་ལོངས་སྤྱོད་རྫོགས་པའི་སྐུ་སྣང་ངོ་། །ཏིང་ངེ་འཛིན་རྣམ་པར་དག་པས་སྤྲུལ་པའི་སྐུ་སྣང་ངོ་། །དེ་གསུམ་རྣམ་པར་དག་པ་ནི་ཆོས་ཀྱི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། རོ་གཅིག་པའི་དེ་བཞིན་ཉིད་དང་། རྣམ་པར་གྲོལ་བའི་དེ་བཞིན་ཉིད་དང་། མཐས་ཀླས་པའི་དེ་བཞིན་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་ནི་སྐུ་ཐ་མི་དད་པའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་། དེ་བཞིན་གཤེགས་པ་ནི་བདག་གི་སྟོན་པ་ཆེན་པོའོ། །ཞེས་སྨྲ་ཞིང་མོས་པ་དེ་ནི། དེ་བཞིན་གཤེགས་པའི་སྐུ་གཉིས་སུ་མེད་པར་བསམ་པ་ཐག་པས་ཤེས་པ་ཡིན་ནོ། །རིགས་ཀྱི་བུ་དེའི་ཕྱིར་སྤྱོད་ཡུལ་ཐམས་ཅད་ལ་ཡང་དག་པ་མ་ཡིན་པའི་རྟོག་པ་ཡོངས་སུ་བསལ་བས། ཆོས་དེ་དག་ལ་མཚན་ཉིད་གཉིས་སུ་མེད་པ་དང་། རྣམ་པར་རྟོག་པ་མེད་པ་འཕགས་པ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་ལ་ཇི་ལྟ་ཇི་ལྟར་གཉིས་སུ་མེད་པའི་ཚུལ་གྱིས་ཡང་དག་པར་བསྒྲུབས་པས། དེ་ལྟ་དེ་ལྟར་སྒྲིབ་པ་ཐམས་ཅད་སྦྱོང་བར་འགྱུར་རོ། །ཇི་ཙམ་དུ་སྒྲིབ་པ་བྱང་བར་གྱུར་པ་དེ་ཙམ་དུ་ཆོས་ཀྱི་དེ་བཞིན་ཉིད་དང་། དེ་བཞིན་ཉིད་ཀྱི་ཡེ་ཤེས་རྣམ་པར་དག་པ་མཆོག་ཐོབ་པར་འགྱུར་རོ། །ཅི་ཙམ་དུ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་ཡེ་ཤེས་རྣམ་པར་དག་པ་དེ་བཞིན་དུ་དབང་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་འཛིན་ཅིང་ཡོངས་སུ་རྫོགས་པར་འགྱུར་རོ། །སྒྲིབ་པ་ཐམས་ཅད་ཀྱང་སྦྱོང་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་ཕྱིར། དེ་ནི་ཡང་དག་


DKG089_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉིད་དང་། ཡང་དག་པའི་ཡེ་ཤེས་དང་། བདེན་པའི་མཚན་ཉིད་དུ་མཐོང་ན། དེ་ནི་ཡང་དག་པ་ཞེས་བྱ། འཕགས་པའི་གཟིགས་པ་ཞེས་བྱ། ཡང་དག་པ་བདེན་པའི་ཚུལ་དུ་སངས་རྒྱས་མཐོང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་བཞིན་དུ་ཆོས་ཉིད་མཐོང་བའི་ཕྱིར། སངས་རྒྱས་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་མངོན་དུ་གཟིགས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཉན་ཐོས་དང་། རང་སངས་རྒྱས་ནི་ཁམས་གསུམ་ལས་མངོན་པར་འབྱུང་ཞིང་ཡང་དག་པའི་མཐའ་ལས་གཞོལ་བས། འཕགས་པའི་གང་ཟག་དེ་ལྟ་བུས་མཐོང་བར་མི་ནུས་སོ། །དེ་མ་མཐོང་བས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ཐམས་ཅད་ཀྱང་ཕྱིན་ཅི་ལོག་གིས་བསླད་པ་དང་། ལོག་པའི་རྣམ་པར་རྟོག་པས་ཤེས་པར་མི་ནུས་ཏེ། དཔེར་ན་ཤིན་ཏུ་མཐུ་ཆུང་བའི་རི་བོང་གི་རྐྱལ་གྱིས་རྒྱ་མཚོ་མི་རྒལ་བ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོའི་ཤེས་པས་ཆོས་ཀྱི་དེ་བཞིན་ཉིད་མངོན་པར་ཤེས་པར་མི་ནུས་སོ། །འོན་ཀྱང་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་མེད་པར་ཆོས་ཐམས་ཅད་ལ་དབང་ཆེན་པོ་བརྙེས་པ། རྣམ་པར་དག་པའི་ཡེ་ཤེས་ཟབ་མོ་དང་ལྡན་པ་རྣམས་ཀྱི་རང་གི་སྤྱོད་ཡུལ་ཡིན་ཏེ། གཞན་དང་ཐུན་མོང་དུ་མ་གྱུར་པའོ། །དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་བསྐལ་པ་ཚད་མེད་གྲངས་མེད་པར་སྐུ་དང་སྲོག་མི་ཕངས་པར་དཀའ་བ་སྤྱད་པས་ཤིན་ཏུ་མཆོག་དམ་པ། བླ་ན་མེད་པ་བསམ་གྱིས་མི་ཁྱབ་པ། ཚིག་དང་བརྗོད་པའི་སྤྱོད་ཡུལ་ལས་འདས་པ། ཤིན་ཏུ་ཞི་བ། འཇིགས་པ་ཐམས་ཅད་དང་བྲལ་བའི་སྐུ་དེ་བརྙེས་པར་གྱུར་ཏོ། །རིགས་ཀྱི་བུ་དེ་ལྟ་བུའི་ཆོས་ཀྱི་ཆོས་ཉིད་ཤེས་ཤིང་མཐོང་བ་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་མེད་པས། ཡུན་རིང་དུ་འཚོ་བའོ། །གཉིད་ཀྱིས་ལོག་པ་དང་། བཀྲེས་པ་དང་། སྐོམ་པ་མེད་པར་སེམས་རྟག་པར་ཏིང་ངེ་འཛིན་དུ་གནས་ཏེ། གཡོ་ཞིང་སྤྲོས་པ་མེད་པའོ། །གང་ཞིག་དེ་བཞིན་གཤེགས་པ་ལ་སྤྲོས་པ་དང་བཅས་པའི་སེམས་བསྐྱེད་ན། དེས་ནི་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་རོ། །གང་ཞིག་དེ་བཞིན་གཤེགས་པ་རྣམས་ཀྱིས། བཤད་པ་འདི་ནི་ཕན་པ་དང་བཅས་


DKG089_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ། སུས་མདོ་འདི་ཐོས་པ་དེ་གཅན་གཟན་དང་། ཡི་དགས་མ་རུངས་པ་དང་། སྐྱེ་བོ་མི་བགྲུངས་པ་རྣམས་དང་ཡང་ཕྲད་པར་མི་འགྱུར་རོ། །ཆོས་འདི་ཐོས་པའི་འབྲས་བུ་རྣམ་པར་སྨིན་པ་ཡང་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པ་རྣམས་ནི་ལུང་དུ་མི་སྟོན་པ་དང་ཡུལ་ཐམས་ཅད་ལ་མཁྱེན་པར་བཞེད་པའི་དགོངས་པ་མི་མངའོ། །འཁོར་བ་དང་མྱ་ངན་ལས་འདས་པ་ལ་དགོངས་པ་ཐ་དད་པ་མི་མངའོ། །དེ་བཞིན་གཤེགས་པ་ལ་མ་བརྟགས་པའི་ལུང་སྟོན་པ་མི་མངའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་སྤྱོད་ལམ་རྣམ་པ་བཞིར་ཡེ་ཤེས་ཀྱིས་མ་བཟུང་བ་མེད་དོ། །ཆོས་ཐམས་ཅད་ལ་ཐུགས་རྗེས་མ་ཟིན་པ་མེད་དོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བས་མ་བཟུང་བ་མེད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་གསེར་འོད་དམ་པའི་མདོ་སྡེ་འདི་ཐོས་ཏེ་མོས་ན་དེ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་གནས་སུ་ནམ་ཡང་མི་ལྟུང་ངོ་། །རྟག་ཏུ་ལྷ་དང་། མིའི་གནས་སུ་སྐྱེ་སྟེ། དམན་པར་མི་སྐྱེ་བ་དང་། རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱེད་ཅིང་། དམ་པའི་ཆོས་ཉན་པ་དང་། འཛིན་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དག་ཏུ་སྐྱེ་བར་ཡང་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་ཤིན་ཏུ་ཟབ་མོ་འདི་ཐོས་པའི་ཕྱིར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་ནི་དེ་བཞིན་གཤེགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ཡང་མཁྱེན་ཅིང་། ལུང་ཡང་སྟོན་ཏོ། །གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལས་ཤིན་ཏུ་ཟབ་མོ་དམ་པའི་ཆོས་འདི་རྣ་ལམ་དུ་ལན་ཅིག་ཙམ་ཐོས་ན་ཡང་། དེ་ནི་དེ་བཞིན་གཤེགས་པ་ལ་དབང་ཟ་བར་མི་འགྱུར། དམ་པའི་ཆོས་ལ་མི་དམོད། འཕགས་པ་རྣམས་ལ་མི་བརྙས། སྐྱེ་དགུ་ཐམས་ཅད་ཀྱི་དགེ་བའི་རྩ་བ་མ་སྐྱེས་པ་ནི་སྐྱེད་པར་བྱེད། དགེ་བའི་རྩ་བ་སྐྱེས་པ་རྣམས་ནི་འཕེལ་བ་དང་།ཡོངས་སུ་སྨིན་པར་བྱེད་ཅིང་། འཇིག་རྟེན་གྱི་ཁམས་ན་སེམས་ཅན་ཇི་སྙེད་པ་དེ་དག་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སྟོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་


DKG089_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་ལྷ་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། ཤིན་ཏུ་གུས་པ་དང་བཅས་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཆད་པའི་གནས་དེ་དང་ཡུལ་དེ་དག་ཏུ་ཕན་པའི་ཡོན་ཏན་རྣམ་པ་འདི་བཞི་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། ཡུལ་དེར་རྒྱལ་པོ་ཕ་རོལ་པོའི་དགྲ་དང་དཔུང་དར་བས་མི་ཚུགས་པ་དང་། ནད་ཐམས་ཅད་བསལ་ཅིང་ཚེ་རིང་བ་དང་། བཀྲ་ཤིས་ཤིང་བདེ་བས་ཡང་དག་པའི་ཆོས་སྟོན་པར་བྱེད་དོ། །བཙུན་མོ་དང་། སླས་དང་། སྲས་དང་། སྲས་མོ་དང་། བློན་པོ་རྣམས་ཀྱང་འདུམ་ཞིང་རྩོད་པ་མེད་པ་དང་། གཅམ་བུ་དང་། སྒྱུས་འཚོ་བ་སྤངས་པས། རྒྱལ་པོས་གནང་ཞིང་། བཀུར་བར་འགྱུར་བ་དང་། དགེ་སྦྱོང་དང་། བྲམ་ཟེ་ལ་སོགས་པ་རྣམས་དམ་པའི་ཆོས་སྤྱོད་ཅིང་། ནད་མེད་པ་དང་། བདེ་བས་གློ་བུར་དུ་འཆི་བ་མེད་པ་དང་། བསོད་ནམས་ཀྱི་ཚོགས་ཐམས་ཅད་སྒྲུབ་ཅིང་ཡོངས་སུ་འཛིན་པ་དང་། གང་དུས་ཐམས་ཅད་དུ་འབྱུང་བ་ཆེན་པོ་བཞི་མི་འཕྲོད་པ་མེད་པ་དང་། རྟག་པར་ལྷ་རྣམས་ཀྱིས་སྲུང་ཞིང་སྐྱོབ་པ་དང་། བྱམས་པ་དང་། སྙིང་རྗེ་མཉམ་པས། གནོད་པ་མེད་པ་དང་། འཚེ་བའི་སེམས་མེད་པ་དང་། སེམས་ཅན་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྲུབ་པར་སྨོན་ལམ་འདེབས་སོ། །བཅོམ་ལྡན་འདས་བདག་ཅག་ཀྱང་རྟག་ཏུ་མདོ་སྡེ་འདི་རྒྱས་པར་བགྱི་བའི་སླད་དུ། མདོ་སྡེ་འདི་སུ་འཛིན་པའི་གང་ཟག་དེའི་གནས་སུ་མཆི་ཞིང་ཕན་གདགས་པར་བགྱིའོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དེ་ལྟར་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་མདོ་སྡེའི་རྒྱལ་པོ་དམ་པ་འདི་འཇིག་རྟེན་ན་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་སྤེལ་བ་དང་། རྒྱས་པར་བྱ་བ་ལ་བརྩོན་པར་གྱིས་ཤིང་། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་


DKG089_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། སྐུ་གསུམ་རྣམ་པར་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཉིད་ལོག་པའི་རྨི་ལམ་ན། གསེར་གྱི་རྔ་ཀུན་དུ་སྣང་བ། དཔེར་ན་ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ་། །ཕྱོགས་ཐམས་ཅད་ན་ཡང་། སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་རིན་པོ་ཆེའི་ཤིང་དྲུང་ན། རིན་པོ་ཆེ་བཻ་ཌཱུཪྱའི་ཁྲི་རྣམས་ལ་བཞུགས་ཤིང་། འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ། མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ་། །དེ་ནས་ཡང་སྐྱེས་བུ་བྲམ་ཟེའི་གཟུགས་ལྟ་བུ་ཞིག་རྔ་དེ་རྡུང་བ་མཐོང་སྟེ། རྔའི་སྒྲ་དེ་ལས་བསྟན་པའི་ཚིགས་སུ་བཅད་པ་འདི་ལྟ་བུ་དག་བྱུང་བ་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སད་མ་ཐག་ཏུ་བསྟན་པའི་ཚིགས་སུ་བཅད་པ་འདི་དག་རྗེས་སུ་དྲན་ནོ། །རྗེས་སུ་དྲན་ནས་ཀྱང་། དེའི་མཚན་མོ་ཟད་པ་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བྱ་རྒོད་ཀྱི་ཕུང་པོའི་རི་ག་ལ་བ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། རྨི་ལམ་ན་རྔའི་སྒྲ་ལས་བསྟན་པའི་ཚིགས་སུ་བཅད་པ་གང་དག་ཐོས་པ་དེ་དག་གསོལ་ཏོ། །ནུབ་གཅིག་གཡེལ་བ་མེད་པར་ཡང་། །བདག་གི་རྨི་ལམ་རྨིས་པ་ནི། །མཛེས་པའི་རྔ་ཆེན་མཐོང་བ་སྟེ། །ཐམས་ཅད་དུ་ནི་གསེར་གྱི་འོད། །ཉི་མ་ཇི་ལྟ་བཞིན་དུ་འབར། །ཀུན་དུ་རྣམ་པར་ལྷང་ངེ་སྟེ། །ཕྱོགས་བཅུ་རྣམས་སུ་སྣང་བར་འགྱུར། །ཀུན་དུ་རིན་ཆེན་ཤིང་དྲུང་ན། །རིན་ཆེན་བཻ་ཌཱུཪྱ་དག་གི། །ཁྲི་ལ་སངས་རྒྱས་རྣམས་བཞུགས་ཏེ། །བརྒྱ་སྟོང་ཕྲག་ནི་དུ་མ་ཡི། །འཁོར་དབུས་མདུན་གྱིས་བལྟས་པ་མཐོང་། །བྲམ་ཟེའི་གཟུགས་ནི་འདྲ་བ་ཞིག །རྔ་ཆེན་རབ་ཏུ་རྡུང་བར་མཐོང་། །དེ་ཡིས་དེ་ལ་བརྡུངས་པ་དང་། །ཚིགས་


DKG089_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ་འདི་དག་བྱུང་། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང་། །དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་རྨོངས་པ་ཐམས་ཅད་ཞི་གྱུར་ཅིག །ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག །ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི། །ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐམས་ཅད་ཚངས་པའི་སྒྲ་ལྡན་གྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ། །དེ་དག་རྔ་ཆེན་བསྒྲགས་པ་ཐོས་གྱུར་ཅིག །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་གྱུར་ནས། །སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག །སེམས་ཅན་ཀུན་གྱི་ཚེ་རབས་བརྒྱ་དག་དང་། །ཚེ་རབས་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །སྡིག་པའི་ལས་རྣམས་རྣམ་པར་སྤོང་བར་ཤོག །བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག །མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱི། །དེ་དག་བསམ་དང་སྨོན་ལམ་གང་ཡིན་པ། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་རེ་ཀུན་རྫོགས་གྱུར་ཅིག །སེམས་ཅན་གང་དག་སེམས་དམྱལ་མི་བཟད་སྐྱེས། །ལུས་ལ་མེ་ལྕེ་ཀུན་དུ་རབ་ཏུ་


DKG089_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་དེ་དག་རབ་ཏུ་ཞི་བར་ཤོག །སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང་། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག །རྟེན་མེད་དཔུང་གཉེན་མེད་པ་དང་། །སྐྱབས་མེད་པར་ནི་གྱུར་པ་དག །དེ་རྣམས་ལ་ནི་སྐྱོབ་པ་དང་། །དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག །སངས་རྒྱས་རྐང་གཉིས་དམ་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང་། །ཕྱུག་ཅིང་རྒྱགས་པས་དྲེགས་པ་དང་། །རིགས་དང་ལོངས་སྤྱོད་རྒྱགས་པ་དང་། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཉེས་བསམས་ཉེས་པར་སྨྲས་པ་དང་། །ཉེས་པར་བགྱིས་པའི་ལས་རྣམས་དང་། །ཉེས་པའི་དམིགས་སུ་མ་བལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང་། །བྱིས་པའི་བློ་ཡིས་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱི་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་བ་དང་། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་པ་འབྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་


DKG089_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་དག་དང་། །བཀྲེས་དང་སྐོམ་གྱིས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་སྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱིས་སྡིག །ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང་། །ཕ་མ་རྣམས་ལ་མ་གུས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་བསྒྲིབས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་ནི་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་ཤོག །བདག་ནི་ཕྱོགས་བཅུར་འཇིག་རྟེན་རྣམས། །སྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་དག་ལ་འགོད་པར་ཤོག །ས་བཅུ་དག་ལ་གནས་ནས་ཀྱང་། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག ། ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱོད་པར་ཤོག །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བྱེད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་སྟོན་གྱུར་


DKG089_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། ། བཤགས་པས་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་ཤོག །སངས་རྒྱས་ཡོན་ཏན་སྣང་གྱུར་ཅིག །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །སངས་རྒྱས་རྒྱ་མཚོ་ཆུ་བོ་དང་། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་ཤོག །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང་། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང་། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་ཤོག །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེར་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། ། ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་འགྲོ་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེར་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པ་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །ཐུགས་རྗེ་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང་། །ད་ལྟར་བདག་གིས་སྡིག་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱི་བསྡམ་པར་བགྱི། །བདག་གིས་ནོངས་པར་བགྱིས་


DKG089_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

པ་གང་། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱིས་ལ། །ས་བཅུ་ལ་ནི་བདག་གནས་ཤིང་། །སྟོབས་བཅུ་མཆོག་ཏུ་གྱུར་པར་ཤོག །བདག་གིས་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང་། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། ། དེ་དག་ཀུན་ལ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །བདག་གིས་བསོད་ནམས་གང་བསྒྲུབས་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་ཤོག །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང་། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང་། །ཞེ་སྡང་གཏི་མུག་མུན་པའི་ཉམ་ང་དང་། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གིས་ཀྱང་། །རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣང་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམས་ལ་སྐྱབས་སུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་


DKG089_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ནི་དྲི་མ་མེད་པའི་གསེར་གྱི་འོད། །དྲི་མེད་རྣམ་དག་བཻ་ཌཱུཪྱ་ཡི་ཡན་ལག་སྤྱན། །སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས། །ཐུགས་རྗེའི་འོད་ཟེར་དག་གིས་མུན་པ་མུན་ནག་བསལ། །ཡན་ལག་རབ་ཏུ་དྲི་མེད་རབ་བཟང་རྣམ་པར་མཛེས། །སངས་རྒྱས་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ཁྱབ། །ཉོན་མོངས་མེས་གདུངས་ཡིད་ཅན་འབར་བའི་མེ་འདྲ་ལ། །ཐུབ་པ་ཟླ་བའི་འོད་ཟེར་དྲ་བས་ཚིམ་པར་མཛད། །མཚན་མཆོག་སུམ་ཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས། །དཔེ་བྱད་བཟང་པོ་དག་གིས་ཡན་ལག་རྣམ་པར་མཛེས། ། དཔལ་གཟི་བསོད་ནམས་འབར་འཁྲུངས་འོད་ཟེར་དྲ་བ་ཡིས། །འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས། །དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་ཌཱུཪྱ། །སྐྱ་རེངས་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར། །འོད་ཟེར་དྲ་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པ། ། ཐུབ་ཆེན་ཁྱོད་ནི་ཉི་མ་བཞིན་དུ་དེ་ཡིས་མཛེས། །མྱ་ངན་འཁྲུགས་པའི་འཆི་ཆུ་རྒ་བའི་དབའ་རླབས་ཅན། །འཁོར་བའི་ཀླུང་ཆེན་ཕོངས་པའི་ཆུ་བོར་ལྷུང་བ་ལ། །སྡུག་བསྔལ་རྒྱ་མཚོའི་མཆོག་ཏུ་རྩུབ་ཅིང་ཤུགས་དྲག་པ། །བདེ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱིས་སྐོམས། །ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང་། །ཡེ་ཤེས་འབྱུང་གནས་འཇིག་རྟེན་གསུམ་ཀུན་མཆོག །རབ་མཛེས་མཚན་གྱིས་ཡན་ལག་རྣམས་སྤྲས་པ། །སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ། །ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང་། ། ཇི་ལྟར་ས་ལ་ས་རྡུལ་མཐའ་ཡས་དང་། །ཇི་ལྟར་རི་རབ་རྡོ་མཐའ་མཚུངས་མེད་དང་། །ཇི་ལྟར་ནམ་མཁའི་མཐའ་མ་མཐའ་ཡས་པ། །དེ་བཞིན་སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། །བསྐལ་པ་དུ་མར་གཞལ་ཞིང་བསམས་ཀྱང་ནི། །ཡོན་ཏན་མཐའ་མ་ཤེས་པར་མི་ནུས་སོ། །ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང་། །རྡོར་བཅས་རིར་བཅས་རྒྱ་མཚོར་བཅས་པ་ནི། །བསྐལ་པར་བགྲངས་ན་ཤེས་པར་ནུས་ཀྱང་སྲིད། །སངས་རྒྱས་ཡོན་ཏན་ཤེས་པར་མི་ནུས་སོ། །ཡོན་ཏན་ཁ་དོག་སྙན་


DKG089_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

དང་གྲགས་པ་དང་། །དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་གྱུར་པར་ཤོག །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་འགྱུར་བར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མང་གཟིར་ཐར་བྱེད་ཤོག །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་ཤོག །བསྐལ་པ་བསམ་གྱིས་མི་ཁྱབ་གནས་གྱུར་ཅིག ། བདུད་རྩི་ཆུ་ཡིས་སེམས་ཅན་ཚིམ་བྱེད་ཤོག །ཇི་ལྟར་སྔོན་གྱི་རྒྱལ་བ་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་ཤོག །ཉོན་མོངས་བཅོམ་ཞིང་སྡུག་བསྔལ་སེལ་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བྱེད་ཤོག །ཚེ་རབས་བརྒྱ་དང་ཚེ་རབས་བྱེ་བ་སྟོང་། །བདག་ནི་རྟག་ཏུ་ཚེ་རབས་དྲན་པར་ཤོག །ཐུབ་པའི་དབང་པོ་རྟག་ཏུ་དྲན་གྱུར་ཅིག །དེ་དག་རྣམས་ཀྱི་གསུང་རྒྱ་ཆེ་ཐོས་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་ཤོག །སྡིག་པའི་ལས་རྣམས་རྣམ་པར་སྤོང་གྱུར་ཅིག །དགེ་བའི་འབྱུང་གནས་དགེ་རྣམས་སྤྱོད་པར་ཤོག །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང་། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེ་རིང་དབང་པོ་ཚང་བར་ཤོག །གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང་། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག །ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག །གང་དག་རྒྱལ་པོ་ཆོམ་རྐུན་དགྲས་བསྡིགས་བསད་ཐུག་དང་། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡིས་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག །གང་དག་བརྡེགས་ཤིང་བཅིངས་པས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང་། །ཉོན་མོངས་སྟོང་


DKG089_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དུ་མས་དཀྲུགས་ནས་ཀྱང་། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིག །བརྡེགས་པ་དག་ནི་བརྡེགས་ལས་ཐར་བར་ཤོག །བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག །ཕོངས་གྱུར་ཐམས་ཅད་འཇིགས་པ་མེད་པར་ཤོག །སེམས་ཅན་གང་དག་བཀྲེས་སྲེད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག །ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག །འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག །གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག །ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོ་ཡིས། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག །གང་ཡང་སྡུག་བསྔལ་ཚོར་བས་གནོད་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུག་པ་དང་། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག །རྟག་ཏུ་བདེ་བ་དུ་མ་སོགས་གྱུར་ཅིག །ཡིད་ཀྱི་ཟས་སྐོམ་རབ་འབྱོར་བསོད་ནམས་དག །བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག །རྫ་རྔ་ཅང་ཏེའུ་པི་བང་སྒྲ་སྙན་དང་། །ཆུ་མིག་མཚེའུ་དང་རྫིང་བུ་ལྟེང་ཀ་དག །གསེར་གྱི་པདྨ་ཨུཏྤལ་འདབ་མ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག །རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་ཌཱུཪྱ། །དེ་དག་བསམས་མ་ཐག་ཏུ་གྲུབ་གྱུར་ཅིག །འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང་། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང་། །ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག །མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་བསམས་པར་སྐྱེ་བར་དེ་དག་གྱུར། །བསམ་པ་ཐམས་ཅད་བསམས་མ་ཐག་ཏུ་ཡང་། །བསོད་ནམས་འབྲས་བུ་ཡོངས་སུ་རྫོགས་པར་ཤོག །སྤོས་དང་ཕྲེང་བ་དག་དང་བྱུག་པ་དང་། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག །ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག །སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག །དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང་། །རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་


DKG089_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །རྡུལ་བྲལ་དྲི་མེད་བརྟན་པའི་ཆོས་ལ་ཡང་། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག །འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག །མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག །དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག །རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབ་པར་ཤོག །རྟག་ཏུ་མཐོན་པོའི་རིགས་སུ་སྐྱེ་བར་ཤོག །ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག །སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག །བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོད་མཁས་ཤིང་གསལ་བར་ཤོག །དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག །ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང་། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་ཌཱུཪྱའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག །ཆོས་བསྟན་པ་ཡང་དེ་དག་ཐོས་པར་ཤོག །བདག་གིས་སྡིག་པའི་ལས་རྣམས་བསྒྲུབས་པ་ནི། །སྲིད་པ་ཉམ་ངར་སྔོན་ཅད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག ། སེམས་ཅན་གང་དག་སྲིད་པར་བཅིངས་གནས་ཀུན། །འཁོར་བའི་ཞགས་པའི་ཐག་པས་དམ་བཅིངས་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག །སྡུག་བསྔལ་རྣམས་ལས་ཐར་གྱུར་ཐོབ་གྱུར་ཅིག །སེམས་ཅན་གང་དག་འཛམ་བུ་གླིང་འདི་དང་། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡི། །བདག་གི་རྗེས་སུ་ཡི་རང་བསོད་ནམས་དེས། །བདག་ནི་སྨོན་གྲུབ་འབྲས་བུ་ཡོད་པར་ཤོག །བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག །གང་དག་རྟག་དང་དྲི་མ་བྲལ་བ་དང་། །དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད་པ་དང་། །ཡོངས་སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་པ་དྲུག་ཅུར་ངན་སོང་སྤོང་བར་འགྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་


DKG089_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་པ། །ཚེ་རབས་ཀུན་དུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོས་རྟག་ཏུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་གྲགས་འགྱུར་བ། །དེ་དག་སངས་རྒྱས་གཅིག་གི་གན་ནས་དགེ་བ་བྱས་མ་ཡིན། །གཉིས་ལ་མ་ཡིན་བཞི་ལ་མ་ཡིན་ལྔ་མིན་བཅུ་ལ་མིན། །དེ་ལྟར་སངས་རྒྱས་སྟོང་གི་གན་ནས་དགེ་བ་བྱས་པ་ཡིན། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་དེ་དག་གསན་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱི་རྨི་ལམ་ན། གསེར་གྱི་རྔ་ལས་དེ་བཞིན་གཤེགས་པའི་ཡང་དག་པའི་ཡོན་ཏན་བསྔགས་པ་དང་། སྡིག་པ་བཤགས་པ་འདི་དག་གང་གིས་ཐོས་པ་དེ་དག་ཐམས་ཅད་བསོད་ནམས་ཀྱི་ཕུང་པོ་རྒྱ་ཆེན་པོ་དང་ལྡན་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བས་ཚིམ་པར་བྱེད་དེ།སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་བར་ཤེས་པར་གྱིས་ཤིག །འདི་ལྟ་བུའི་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་འདི་དག་ནི། ཐམས་ཅད་ཀྱང་སྔོན་འདས་པའི་དུས་ན། དེ་བཞིན་གཤེགས་པ་དག་ལ་བསྟོད་པ་དང་། སྨོན་ལམ་རྒྱ་ཆེན་པོ་བཏབ་པའི་རྒྱུ་དང་། དེ་བཞིན་གཤེགས་པའི་བྱིན་གྱི་རླབས་ཀྱིས་དེ་དག་ཐོས་པར་གྱུར་པ་ཡིན་ནོ་ཞེས་བཀའ་སྩལ་ནས། དེ་ནས་འཁོར་འདུས་པ་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྨི་ལམ་ན་བཤགས་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཡང་དག་པར་རྣམ་པར་དབྱེ་བ་ལ་བཞུགས་ཏེ། ཤིན་ཏུ་ཟབ་མོ་མཆོག་ཏུ་གྱུར་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐུའི་བ་སྤུའི་བུ་ག་ནས། འོད་ཟེར་ཁ་དོག་རྣམ་པ་སྣ་ཚོགས་བརྒྱ་སྟོང་ཚད་མེད་པ་བྱུང་བས། སངས་རྒྱས་ཀྱི་ཞིང་ཐམས་ཅད་འོད་དེའི་ནང་དུ་སྣང་བར་


DKG089_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་པ་ནི། ཕྱོགས་བཅུའི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་དཔེ་དང་ཚད་ཀྱིས་བསྐྲུན་པར་མི་ནུས་སོ། །སྙིགས་མ་ལྔའི་འཇིག་རྟེན་གྱི་ཁམས་འོད་ཟེར་དེས་སྣང་བར་གྱུར་པའི་སེམས་ཅན་དེ་དག་མི་དགེ་བ་བཅུའི་ལས་ཀྱི་ལམ་དང་། མཚམས་མེད་པ་ལྔ་བྱེད་པ་དང་། དཀོན་མཆོག་གསུམ་ལ་སྐུར་པ་འདེབས་པ་དང་། བླ་མ་དང་གཉེན་པ་ལ་སྲི་ཞུ་ཆུང་བ་དང་། སློབ་དཔོན་དང་། བྲམ་ཟེ་ལ་བཀུར་སྟི་མི་བྱེད་པ་རྣམས། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་ཀྱི་གནས་སུ་ལྟུང་བར་འགྱུར་བ་དེ་དག་གི་གནས་སུ་འོད་དེས་རེག་མ་ཐག་ཏུ་བདེ་བ་སོ་སོར་མྱོང་བར་གྱུར་ཏོ། །གང་གིས་འོད་དེ་མཐོང་བ་དང་། འོད་དེའི་མཐུས་ཐམས་ཅད་ཀྱང་བདེ་ཞིང་ཉམས་དགའ་བ་དང་། ཁ་དོག་དང་དབྱིབས་ལེགས་པའི་མཆོག་ཐོབ་པས། མཚན་ཕུན་སུམ་ཚོགས་པ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་རྒྱན་དང་ལྡན་པས། དེ་བཞིན་གཤེགས་པ་རྣམས་མཐོང་བར་གྱུར་ཏོ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོ་ལྷའི་ཚོགས་མང་པོ་དང་། གང་གཱའི་ལྷ་མོ་ལ་སོགས་ཏེ། འཁོར་འདུས་པ་དེ་དག་ཡ་མཚན་དུ་གྱུར་པའི་འོད་དེས་བསྐུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ལས་ཀྱི་སྒྲིབ་པ་རྣམས་ཇི་ལྟར་སོ་སོར་བཤགས་པར་བགྱི། དེ་སྐད་ཅེས་གསོལ་པ་


DKG089_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་སྦྱིན་པ་རབ་ཏུ་མཛད་པ། ཆོས་ཀྱི་སྒྲོན་མ་རབ་ཏུ་འབར་བར་མཛད་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་རྔ་རབ་ཏུ་རྡུང་བ། ཆོས་ཀྱི་རྔ་བོ་ཆེ་རབ་ཏུ་རྡུང་བ། ཆོས་ཀྱི་དུང་རབ་ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་རབ་ཏུ་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་འཇུག་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་བདག་ཕྱག་འཚལ་ལོ།། །།བམ་པོ་གསུམ་པ། སངས་རྒྱས་བཅོམ་ལྡན་འདས་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོ་བགྱི་བའི་གནས། མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་ལ། བདག་མགོ་དང་། ངག་དང་ཡིད་ཀྱིས་ཕྱག་འཚལ་ལོ། །ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་


DKG089_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཀྱིས་གཟིར་བའམ། ཞེ་སྡང་གིས་གཟིར་བའམ། གཏི་མུག་གིས་གཟིར་བའི་ལུས་དང་། ངག་དང་ཡིད་ཀྱིས་ལས་ཀྱི་སྒྲིབ་པ་གང་མངོན་པར་འདུས་བགྱིས་པ། སངས་རྒྱས་སུ་མ་འཚལ་བ་དང་། ཆོས་སུ་མ་འཚལ་བ་དང་། དགེ་འདུན་དུ་མ་འཚལ་བ་དང་། དགེ་བ་དང་མི་དགེ་བར་མ་འཚལ་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ཆོས་སྤངས་པ་དང་། དགེ་འདུན་གྱི་དབྱེན་བགྱིས་པ་དང་། དགེ་སློང་དགྲ་བཅོམ་པ་བཀུམ་པ་དང་། ཕ་མ་བཀུམ་པ་དང་། ལུས་ཀྱི་རྣམ་པ་གསུམ། ངག་གི་རྣམ་པ་བཞི། ཡིད་ཀྱི་རྣམ་པ་གསུམ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་དང་། སེམས་ཅན་ཁ་ཅིག་ལ་ངག་རྩུབ་པོ་སྨྲས་པ་དང་། སྐུར་པ་བཏབ་པ་དང་། སྲང་ལ་གཡོ་བགྱིས་པ་དང་། གཞལ་བ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བར་འཁོར་བ་ན། ཕ་མ་མི་དགའ་བར་བགྱིས་པ་དང་། གང་ཟག་གིའམ། མཆོད་རྟེན་གྱིའམ། དགེ་འདུན་གྱིའམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ནོར་བརྐུས་པ་དང་། ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་། འགལ་བར་བགྱིས་པ་དང་། མཁན་པོ་དང་། སློབ་དཔོན་གྱིས་བསྒོ་བ་མ་མཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ལ་མི་སྙན་པ་བགྱིས་པ་དང་། སྤྱོས་པ་དང་། བརྡེགས་པ་དང་། དེ་དག་ལ་ཐ་བ་དང་། ཞེ་སྡང་བསྐྱེད་པ་དང་། ཕྲག་དོག་དང་། སེར་སྣ་ལས་བྱུང་བའི་སེམས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ་པོ་སྨྲས་པ་དང་། དམ་པའི་ཆོས་ལ་ཆོས་མ་ལགས་ཞེས་བགྱིས་པ་དང་། ཆོས་མ་ལགས་པ་ལ། དམ་པའི་ཆོས་ལགས་ཞེས་བགྱིས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་


DKG089_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། །སླན་ཅད་ཀྱང་མི་བགྱིད་དོ། །བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་མཉེས་པར་བགྱིད་པར་མི་འགྱུར་བ་དང་། མི་ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་དེ་ལུས་འདི་ཉིད་ལ་རྣམ་པར་སྨིན་ཏེ། གཞན་དུ་མི་མྱོང་བར་ཤོག་ཅིག །དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཁྱེན་པར་གྱུར་པ། སྤྱན་དུ་གྱུར་པ། དཔང་དུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ་དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་པོ་སླན་ཅད་ཀྱང་མི་བགྱིད་དོ། །ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། མ་བཅབས་པ་དེ་བཞིན་དུ་བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། སླན་ཅད་ཀྱང་མི་བགྱིད་དོ། །ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པར་འགྱུར་བ་དང་། མི་འཆབ་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། སླན་ཅད་ཀྱང་མི་བགྱིད་དོ། །ཇི་ལྟར་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པ་དང་། མི་འཆབ་པ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། །སླན་ཅད་ཀྱང་མི་བགྱིད་དོ། །ཇི་ལྟར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་


DKG089_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པ་དང་། སོ་སོར་འཆགས་པ་དང་། སོ་སོར་འཆགས་པར་འགྱུར་བ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ། །མཐོལ་ལོ་མི་འཆབ་བོ། སླན་ཅད་ཀྱང་མི་བགྱིད་དོ། །ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པ་རྣམ་པར་དག་པ་ཐོབ་པར་འདོད་པས། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་རྒྱལ་རིགས་ཀྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ་ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། ། སུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །དེ་བཞིན་དུ་སུ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། །


DKG089_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་པ་ཀུན་འཁོར་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། སེམས་ཅན་འདུ་ཤེས་མེད་པ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། མི་ཆེ་བ་དང་། མི་གདུང་བ་དང་། འོག་མིན་གྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་གཟུགས་མེད་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་རིག་པ་གསུམ་མམ། མངོན་པར་ཤེས་པ་དྲུག་གམ། སྟོབས་རྣམས་སམ། དབང་པོ་རྣམས་སམ། ཉན་ཐོས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ཉན་ཐོས་དབང་ཆེ་བར་གྲགས་པའམ། རང་བྱང་ཆུབ་མངོན་སུམ་དུ་བྱ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །སུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རྣམ་པར་དག་པའི་ཡེ་ཤེས་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་། མཚུངས་པ་མེད་པའི་ཡེ་ཤེས་དང་། ཡང་དག་པར་རྫོགས་


DKG089_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ། །མི་བཅབ་པར་བྱའོ། །ཕྱིན་ཅད་ཀྱང་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གཞན་དང་། གཞན་གྱིས་གཞན་སྐྱེའོ་གཞན་འགོག་གོ། །དེ་ལ་འདས་པའི་ཆོས་གང་ཡིན་པ་དེ་དག་ནི་འགགས་པ་ཟད་པ་དང་བྲལ་བ་རྣམ་པར་གྱུར་པ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ལྟར་ན་འདུ་བྱེད་གང་ཡིན་པ་རྣམས་ཀྱང་མེད་པ་ལས་བྱུང་བ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ནི་སྟོང་པ། སེམས་ཅན་མེད་པ། སྲོག་མེད་པ། གང་ཟག་མེད་པ། མ་སྐྱེས་པ། མ་འགགས་པ། འདུས་མ་བྱས་པ། ཞེས་གསུངས་པའི་ཕྱིར་རོ། །ཤཱ་རིའི་བུ་ཆོས་ཐམས་ཅད་བདག་ལས་བྱུང་བ་ཡང་བདག་ཀྱང་ཡོད་པ་ཡིན་ནོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདི་ལྟ་སྟེ། སེམས་ཅན་མེད་པའི་མཐའི་ཆོས་ཀྱི་ཚུལ་འདི་ལ་འཇུག་པ་འདི་ནི། ལས་ཀྱི་སྒྲིབ་པའི་རྒྱུན་གཅོད་པ་ཞེས་བྱ་བ་སྟེ། ཤཱ་རིའི་བུ་འདི་ནི་སོ་སོར་བཤགས་པའོ། །དེ་ནས་ཡང་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཇི་ལྟར་དགེ་བའི་རྩ་བ་རྣམས་ལ་རྗེས་སུ་ཡི་རང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་


DKG089_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས། ཉིན་ལན་གསུམ། མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུས་བགྱིས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པར་འགྱུར་བ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་།མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་འཇིག་རྟེན་ན་སེམས་ཅན་གང་སུ་དག་སྦྱིན་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བགྱི་བའི་དངོས་པོ་མངོན་པར་འདུ་བགྱིད་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་གང་དག་ད་ལྟར་ན། སེམས་དང་པོ་བསྐྱེད་པ་དེ་དག་གི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་བསྐལ་པ་བརྒྱས་བྱུང་བ་རྣམས་ཀྱི་


DKG089_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དང་། བྱང་ཆུབ་སེམས་དཔའ་སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་བསོད་ནམས་ཀྱི་ཕུང་པོ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ངོ་། །མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པར་འགྱུར་བ་གང་ལགས་པ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན་དེ་དག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བགྱིད་པ་གང་ལགས་པ་དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་ངོ་། །རྗེས་སུ་ཡི་རང་བ་དམ་པ་དང་། གཙོ་


DKG089_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བོ་དང་། ཁྱད་པར་ཅན་དང་། རབ་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་དང་། ལྟག་ན་མེད་པ་དང་། མཉམ་པ་མེད་པ་དང་། མི་མཉམ་པ་དང་། མཉམ་པས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་པ། ཆོས་ཀྱི་ཚུལ་རབ་ཏུ་བཟུང་བ། ཆོས་ཀྱི་ཆར་རབ་ཏུ་ཕབ་པ། ཆོས་ཀྱི་ཆར་རབ་ཏུ་བཏང་བ། ཆོས་ཀྱི་རྔ་རབ་ཏུ་བརྡུངས་པ། ཆོས་ཀྱི་རྔ་བོ་ཆེ་བརྡུངས་པ། ཆོས་ཀྱི་དུང་བུས་པ། ཆོས་ཀྱི་སྲོག་ཤིང་བསྒྲེང་བ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ་ཉམ་བག་ཏུ་སྤྱོད་དུ་འཛུད་པ་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམ། དེ་ལས་གཞན་པའི་སེམས་ཅན་རྣམས་ཀྱིས་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བའི་བར་དག་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་


DKG089_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའི་ཐེག་པ་པའམ། དེ་ལས་གཞན་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་བསྐྱེད་པར་འགྱུར་བ་གང་ལགས་པ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་། །སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་སྟོན་པ། ཆོས་ཀྱི་ཚུལ་རབ་ཏུ་འཛིན་པ། ཆོས་ཀྱི་ཆར་རབ་ཏུ་འབེབས་པ། ཆོས་ཀྱི་ཆར་རབ་ཏུ་གཏོང་བ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་པ། ཆོས་ཀྱི་རྔ་བརྡུང་བ། ཆོས་ཀྱི་རྔ་བོ་ཆེ་བརྡུང་བ། ཆོས་ཀྱི་དུང་འབུད་པ། ཆོས་ཀྱི་སྲོག་ཤིང་སྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་འཛུད་པ་གང་ལགས་པ་དང་། དེ་ལ་ཉན་ཐོས་ཀྱི་ཐེག་པ་པའམ། རང་སངས་རྒྱས་ཀྱི་ཐེག་པ་པའམ། བྱང་ཆུབ་སེམས་དཔའི་ཐེག་པ་པའམ། དེ་ལས་གཞན་པའི་སེམས་ཅན་དེ་དག་དགེ་བའི་རྩ་བ་བསྐྱེད་པ་གང་ལགས་པ། དེ་དག་ཐམས་ཅད་ལ་ཡང་རྗེས་སུ་ཡི་རང་བའི་མཆོག་གིས་རྗེས་སུ་ཡི་རང་བ་ནས། རྗེས་སུ་ཡི་རང་བ་མི་མཉམ་པ་དང་། མཉམ་པའི་བར་གྱིས་རྗེས་སུ་ཡི་རང་ངོ་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ནི་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཕུང་པོའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་རྗེས་སུ་ཡི་རང་བའི་བསོད་ནམས་ཀྱི་ཕུང་པོ་འདིས་རྗེས་སུ་ཡི་རང་ན། བསོད་ནམས་ཀྱི་ཕུང་པོ་མང་པོ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ནས། འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་


DKG089_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པར་གྱུར་ལ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་དེ་དག་ལ་ཇི་སྲིད་འཚོའི་བར་དུ། གོས་དང་། ཟས་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱས་པ་བས། གང་ཞིག་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་བྱའོ། །བུད་མེད་སྐྱེས་པའི་ལུས་ཀྱི་དབང་པོ་ཐོབ་པར་འདོད་ཅིང་། བུད་མེད་ཀྱི་དབང་པོ་བརྗེ་བར་འདོད་པས་ཀྱང་རྗེས་སུ་ཡི་རང་བ་འདིས་རྗེས་སུ་ཡི་རང་བར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མ་འོངས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་བ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་མོས་པ་སྐྱེད་པར་འགྱུར་བའི་བསྐུལ་བའི་ཕུང་པོ་ཡང་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། བླ་ན་མེད་པ་ཡང་དག་པར་རྫོགས་


DKG089_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་བསྐུལ་གྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་དུ་གསོལ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟན་དུ་གསོལ། ཆོས་ཀྱི་ཚུལ་རབ་ཏུ་གཟུང་དུ་གསོལ། ཆོས་ཀྱི་སྦྱིན་པ་མཛད་དུ་གསོལ། ཆོས་ཀྱི་སྒྲོན་མ་འབར་བར་མཛད་དུ་གསོལ། ཆོས་ཀྱི་ཆར་དབབ་ཏུ་གསོལ། ཆོས་ཀྱི་ཆར་གཏང་དུ་གསོལ། ཆོས་ཀྱི་རྔ་བརྡུང་དུ་གསོལ། ཆོས་ཀྱི་རྔ་བོ་ཆེ་བརྡུང་དུ་གསོལ། ཆོས་ཀྱི་དུང་འབུད་དུ་གསོལ། ཆོས་ཀྱི་སྲོག་ཤིང་བསྒྲེང་དུ་གསོལ་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། ཉིན་ལན་གསུམ། མཚན་ལན་གསུམ་དུ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་ཚིག་འདི་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་གང་དག་ད་ལྟ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྐུ་ཚེའི་འདུ་བྱེད་བཏང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ནས། གསོལ་བ་འདེབས་ཀྱིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་ནི་རབ་ཏུ་བསྐོར། ཆོས་ཀྱི་སྒྲོན་མ་ནི་རབ་ཏུ་འབར་བར་


DKG089_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཆོས་ཀྱི་ཆར་ནི་རབ་ཏུ་འབེབས། ཆོས་ཀྱི་ཆར་ནི་རབ་ཏུ་གཏོང་། ཆོས་ཀྱི་རྔ་ནི་རབ་ཏུ་རྡུང་། ཆོས་ཀྱི་རྔ་བོ་ཆེ་ནི་རབ་ཏུ་རྡུང་། ཆོས་ཀྱི་དུང་ནི་རབ་ཏུ་འབུད། ཆོས་ཀྱི་སྲོག་ཤིང་ནི་སྒྲེང་། ཆོས་ཀྱི་སྒྲོན་མ་ནི་མཆེད་པར་མཛད། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ནི་ཚིམ་པར་མཛད། ཉམ་བག་ཏུ་སྤྱོད་དུ་འཛུད་ཅིང་རེ་ཞིག་བཞུགས་སུ་གསོལ། གསོལ་བ་བཏབ་པའི་ཕུང་པོ་འདི་ཡང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ཏེ། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་བཞིན་དུ་འདི་ཡོངས་སུ་བསྔོའོ་ཞེས་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ནི་གསོལ་བ་གདབ་པའི་ཕུང་པོ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གསོལ་བ་གདབ་པའི་ཕུང་པོ་འདིས་གསོལ་བ་འདེབས་ན། བསོད་ནམས་མང་པོ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཇི་སྙེད་པ་དེ་དག་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྟ་ཞོག་སྟེ། ཤཱ་རིའི་བུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་ཇི་སྙེད་པ་དེ་དག་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། དེ་བཞིན་གཤེགས་པ་རྣམས་ལ་དབུལ་བ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དེ་དག་ལ་གསོལ་བ་བཏབ་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་ངས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་སྟེ། དགེ་བའི་རྩ་བ་དེས་ན་ང་ལ་ལྷའི་དབང་པོ་བརྒྱ་བྱིན་དང་། མི་


DKG089_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་ཞེས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་གསོལ་བ་བཏབ་བོ། །ཤཱ་རིའི་བུ་ངས་སྔོན་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་པ་ན། དེ་བཞིན་གཤེགས་པ་རྣམས་ལ་རིང་དུ་བཞུགས་པར་གསོལ་ཏེ། དགེ་བའི་རྩ་བ་དེས་ནི་ང་མི་འཇིགས་པ་བཞི་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་སྟེ། ངའི་དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཇི་ལྟར་ཡོངས་སུ་བསྔོ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤཱ་རིའི་བུ་འདི་ལ་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་


DKG089_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ། མཚན་ལན་གསུམ་དུ་ཚིག་འདི་སྐད་ཅེས། ཐོག་མ་དང་ཐ་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ། བདག་གིས་དགེ་བའི་རྩ་བ་མངོན་པར་འདུས་བགྱིས་པར་གྱུར་པ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། གང་ཟག་གམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་སམ། སེམས་ཅན་གཞན་དག་ལ་ཡང་རུང་སྟེ། ཟན་ཆངས་གཅིག་ཙམ་སྩལ་བར་གྱུར་པ་དང་། འཆགས་པ་གང་ལགས་པ་དང་། གསོལ་བ་གདབ་པ་གང་ལགས་པ་དང་། སྐྱབས་སུ་མཆི་བ་གང་ལགས་པ་དང་། བསླབ་པའི་གཞི་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། སོ་སོར་འཆགས་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དང་། རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བགྱི་བའི་དངོས་པོ་གང་ལགས་པ་དང་། གསོལ་བ་གདབ་པ་དང་ལྡན་པའི་དགེ་བའི་རྩ་བ་གང་ལགས་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ་སེམས་དུལ་ཞིང་རྣམ་པར་གྲོལ་བ་དང་། གཟུང་བ་མ་མཆིས་པས། སེམས་ཅན་ཐམས་ཅད་ལ་སྩལ་ཏོ། །ཇི་ལྟར་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་ལ་གཏང་བར་བགྱི་བ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་ཡེ་ཤེས་ཆགས་པ་མི་མངའ་བས། ཇི་ལྟར་མཁྱེན་པ་དེ་ལྟ་བུས། བདག་གིས་དགེ་བའི་རྩ་བ་དེ་བཏང་སྟེ། སེམས་ཅན་ཐམས་ཅད་ལག་ན་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །ནམ་མཁའི་མཛོད་དང་། ལོངས་སྤྱོད་ཟད་མི་ཤེས་པ་དང་། བསོད་ནམས་ཟད་མི་ཤེས་པ་དང་། ཆོས་ཟད་མི་ཤེས་པ་དང་། ཡེ་ཤེས་ཟད་མི་ཤེས་པ་དང་། སྤོབས་པ་ཟད་མི་ཤེས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །བདག་གིས་དགེ་བའི་རྩ་བ་འདི་སེམས་ཅན་ཐམས་ཅད་ལ་སྩལ་བ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས། གཞལ་བཟླུམས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་


DKG089_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། དེ་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོས་པ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་། སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བར་འགྱུར་བ་དེ་བཞིན་དུ་བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་དེ་ལྟ་ན་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་ན། ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ་དེ་བཞིན་དུ། བདག་གིས་ཀྱང་ཐམས་ཅད་མཁྱེན་པ་ཉིད་དུ་འགྱུར་བར་བགྱི་བའི་སླད་དུ་དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོའོ། །དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་


DKG089_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཏེ། སངས་རྒྱས་ཀྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། དྲི་མ་མེད་པ། ཤིན་ཏུ་དཀར་བ་ལ་བཞུགས་ནས། བདུད་སྡིག་ཅན་བཅོམ་སྟེ། ཤེས་པར་བགྱི་བ་དང་། བལྟ་བར་བགྱི་བ་དང་། རྟོག་པར་བགྱི་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་ནམ་གྱི་ཐོ་རངས་སྐྱ་རེངས་འཆར་ཀར་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བདུད་རྩི་བརྙེས་ཏེ། འཆི་བ་མེད་པར་འགྲོ་བའི་ལམ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་དང་། འོད་མཆོག་དང་། འོད་དགེ་དང་། བསོད་ནམས་འོད་དང་། མི་འཁྲུགས་པ་དང་།སེང་གེ་དང་། འོད་ཟེར་བརྒྱ་པ་དང་། འོད་ཟེར་མཐོ་བ་དང་། འོད་ཀྱི་དྲ་བ་ཅན་དང་། རིན་ཆེན་འོད་འཕྲོ་དང་། འོད་འབར་དང་། སྣང་བའི་རྒྱལ་པོ་དང་། ཤིན་ཏུ་བརྒྱན་དང་། རིན་ཆེན་ཏོག་དང་། ཆོས་ཀྱི་རྒྱལ་མཚན་དང་། ཡན་ལག་མཆོག་ཅེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་དང་། སངས་རྒྱས་བཅོམ་ལྡན་འདས་གཞན་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ཇི་ཙམ་དུ་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་བཞིན་དུ། བདག་དང་སེམས་ཅན་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་


DKG089_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སངས་རྒྱས་ནས། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་མི་རྣམས་ཀྱི་དོན་དང་། སྨན་པ་དང་། བདེ་བའི་སླད་དུ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་ཤོག་ཅིག་ཅེས་བརྗོད་པར་བྱའོ། །ཤཱ་རིའི་བུ་འདི་ནི་ཡོངས་སུ་བསྔོ་བའི་ཕུང་པོ་སྟེ། བསོད་ནམས་ཀྱི་ཕུང་པོ་སྔ་མས་ཡོངས་སུ་བསྔོ་བའི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མདོ་འདི་ལེན་ཏམ། ཀུན་ཆུབ་པར་བྱེད་དམ། འཛིན་ཏམ། ཀློག་གམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ན། དེ་ནི་བསོད་ནམས་ཀྱི་ཕུང་པོ་དེ་བས་ཆེས་མང་དུ་གྲངས་མེད་དཔག་ཏུ་མེད་པ་སྐྱེད་དོ། ། ཤཱ་རིའི་བུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། སྔ་ཕྱི་མེད་པར་མིའི་ལུས་ཐོབ་ནས་ཀྱང་། རང་བྱང་ཆུབ་ཐོབ་པར་གྱུར་ཏེ། དེ་དག་ལ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་བསྟི་སྟང་དང་། ཕུ་དུད་དུ་བྱ་བའི་ཕྱིར། གོས་དང་། ཟས་དང་། མལ་ཆ་དང་། ན་བའི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱས་ཏེ། རིམ་གྲོ་བྱ་བ་ལ་ལན་ཅིག་ཙམ་ཡང་རིན་པོ་ཆེའི་ཕུང་པོ་རི་རབ་ཙམ་གྱི་རིན་པོ་ཆེ་རྣམས་ཡོངས་སུ་ཟད་པར་བྱས་ལ། ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་དག་གི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་ཏེ། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུཪྱ་དང་། ཤེལ་དང་། སྤུག་དང་། མུ་ཏིག་དམར་པོ་ལས་འཕང་དུ་དཔག་ཚད་བཅུ་པ་བྱས་ཏེ། དེ་དག་ལ་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བ་དན་ཕྲ་མོ་རྣམས་ཀྱིས་མཆོད་པ་བྱས་ན། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གཞི་དེ་ལས་བསོད་ནམས་མང་དུ་སྐྱེད་དམ། གསོལ་པ། བཅོམ་ལྡན་


DKG089_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཀའ་སྩལ་པ། ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་མདོ་འདི་འཛིན་ཏམ། ཀུན་ཆུབ་པར་བྱེད་དམ། འདོན་པར་བྱེད་དམ། ཀློག་གམ། སྐྱེ་བོ་མང་པོ་ལ་ཡང་དག་པར་རབ་ཏུ་སྟོན་ཏམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་ན། དེ་ནི་དེ་བས་བསོད་ནམས་ཆེས་མང་དུ་སྐྱེད་དོ། །བསོད་ནམས་ཀྱི་ཕུང་པོ་སྔ་མས་བསོད་ནམས་ཀྱི་ཕུང་པོ་འདིའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་བ་ནས། དཔེའི་བར་དུ་ཡང་མི་བཟོད་དོ། ། དེ་ཅིའི་ཕྱིར་ཞེ་ན། ཤཱ་རིའི་བུ་འདི་ལྟར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་བསྒྲུབ་པ་འདི་ལ་གནས་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཕྱིར་རོ། །ཤཱ་རིའི་བུ་སྦྱིན་པ་རྣམས་ཀྱི་ནང་ན་འདི་ལྟ་སྟེ། ཆོས་ཀྱི་སྦྱིན་པ་མཆོག་ཅེས་ངས་བཤད་དོ། །དེ་ནས་འཁོར་དེ་ལས་སྲོག་ཆགས་ཁྲི་སྟན་ལས་ལངས་ཏེ། སོ་སོ་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་མདོ་འདི་གཟུང་བར་བགྱིའོ། །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བགྱིའོ། །བསྒྲུབ་པ་ལ་གནས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ནི་དགེ་བའི་ཆོས་དེ་ལྟ་བུ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང་དོན་དུ་གཉེར་བ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་དང་། ཆོས་ཀྱི་རྣམ་གྲངས་འདི་ལ་ལྷའི་མེ་ཏོག་མན་དཱ་ར་བས་མངོན་པར་གཏོར་ཏོ། །མངོན་པར་གཏོར་ནས་ཀྱང་། ཚིག་འདི་སྐད་ཅེས། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་བསྐྲུན་པ་དང་། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པའི་གཅེས་སྤྲས་བགྱིད་པ་ལགས་སོ། །བཅོམ་


DKG089_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ནོ། །ཀཽ་ཤི་ཀ་དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་ངས་མངོན་པར་ཤེས་ཏེ། འདི་ནས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པར་གྱུར་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་། །ལྷའི་དབང་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་དེའི་སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་དྲུག་ཅུ་ཐུབ་པར་གྱུར་ཏོ། །དེའི་ཉན་ཐོས་ཐོག་མར་འདུས་པ་ནི། བྱེ་བ་ཕྲག་འབུམ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ། །དེའི་ཉན་ཐོས་འདུས་པ་གཉིས་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ། །དེའི་ཉན་ཐོས་འདུས་པ་གསུམ་པ་ནི་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་ཡོད་དེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ་ཤ་སྟག་གོ། །ལྷའི་དབང་པོ་དེ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཟེར་གྱི་ཕུང་པོ་ཆེན་པོ་དེ་ལྷ་དང་བཅས་པའི་འཇིག་རྟེན་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུའི་དོན་གྱི་ཕྱིར་རྒྱུའོ། །ལྷའི་དབང་པོ་དེའི་ཚེ། བུད་མེད་གང་གཱའི་ལྷ་མོ་ཞེས་བྱ་བ་ཞིག་འཁོར་འདུས་པ་དེ་ཉིད་ཀྱི་ནང་དུ་འདུས་པར་གྱུར་ཏེ། འདུག་པ་དེས་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་ཟེར་གྱི་ཕུང་པོ་ཆེན་པོ་ལས་མངོན་སུམ་དུ་བཟུང་། ཀུན་ཆུབ་པར་བྱས། བླངས་ནས་སྐྱེ་བོ་མང་པོ་ལ་ཡང་དག་པར་བསྟན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་ཞུགས་པར་གྱུར་ཏོ། །དེ་དེ་ནས་ཤི་འཕོས་ནས་བུད་མེད་ཀྱི་ལུས་སྤངས་ཏེ།


DKG089_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་པའི་དབང་པོ་ཐོབ་ནས། རྟག་པར་རྒྱུན་དུ་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། ལན་བརྒྱད་ཁྲི་བཞི་སྟོང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱས་ནས།དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་ཞེས་བྱ་བར་གྱུར་ཏོ། །ཀཽ་ཤི་ཀ་འདི་ནས་ཤར་ཕྱོགས་ན་སངས་རྒྱས་ཀྱི་ཞིང་བྱེ་བ་སྟོང་ཕྲག་བརྒྱ་ན་ཆོས་སྟོན་ཏེ་ངས་ད་ལྟ་ན་ཡང་མཐོང་ངོ་། །ཀཽ་ཤི་ཀ་སུ་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེའི་མིང་ཐོས་པ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ངེས་པར་འགྱུར་རོ། ། བུད་མེད་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ་དེའི་མིང་ཐོས་སམ་འཆི་ཀར་ཡང་མངོན་སུམ་དུ་བྱེད་ན་དེ་ཉིད་དེའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ནོ། །རིགས་ཀྱི་བུ་གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདིའི་ཕན་ཡོན་རྣམ་པ་སྣ་ཚོགས་འབྱུང་བར་འགྱུར་ཏེ། བྱང་ཆུབ་ཀྱི་དགེ་བའི་ཆོས་རྣམས་ཡོངས་སུ་རྒྱས་པར་འགྱུར་བ་དང་། ལས་ཀྱི་སྒྲིབ་པའི་རྒྱུན་ཐམས་ཅད་གཅོད་པར་འགྱུར་རོ། །ཡང་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདི་འཆད་ཅིང་སྟོན་པའི་གནས་དང་། ཡུལ་འཁོར་དེར་ཕན་ཡོན་རྣམ་པ་འདི་བཞི་འབྱུང་བར་འགྱུར་རོ། །བཞི་གང་ཞེ་ན། ཡུལ་དེའི་རྒྱལ་པོ་ནད་མེད་ཅིང་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར་བ་དང་། ཚེ་རིང་ཞིང་བར་ཆད་མི་འབྱུང་བ་དང་། དགྲ་དང་ཕ་རོལ་གྱི་དམག་ཚོགས་ཀྱིས་འཇོམས་པར་མི་འགྱུར་བ་དང་། བདེ་བར་ལོངས་སྤྱོད་ཅིང་དམ་པའི་ཆོས་ཡོངས་སུ་རྒྱས་པར་བྱེད་པ་དེ་ནི། མིའི་རྒྱལ་པོ་དེ་ལ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་བཞི་དང་། གནོད་སྦྱིན་གྱི་བདག་པོ་ལ་སོགས་པས་ཡོངས་སུ་བསྲུངས་པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་འཁོར་དེ་དག་ལ་རིགས་ཀྱི་བུ་དག །དེ་དེ་ལྟ་ཡིན་ནམ་ཞེས་བཀའ་སྩལ་པ་དང་། དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ཚད་མེད་པའི་འཁོར་དེ་དག་གིས་སོ་སོ་ནས་ཚིག་


DKG089_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ། །དེ་དེ་ལྟ་ལགས་སོ། །བཅོམ་ལྡན་འདས་ཡུལ་འཁོར་གང་དུ་མདོ་སྡེའི་དབང་པོ་འདི་ཀློག་ཅིང་འདོན་པ་དང་། སྟོན་པ་དེའི་རྒྱལ་པོ་དང་། ཡུལ་འཁོར་དེར་མཆིས་ཏེ། དེ་ལ་བདག་ཅག་གིས་རྟག་ཏུ་བསྲུང་བ་དང་། ལྷན་ཅིག་གནས་པར་བགྱིས་ཏེ། རྒྱལ་པོ་དེའི་ཕས་ཀྱི་དགྲ་དང་། གནོད་པ་དང་། བར་ཆད་དང་། ནད་དང་། མྱ་ངན་ལ་སོགས་པ་ཐམས་ཅད་མ་མཆིས་པར་བགྱིའོ། །ཚེ་རིང་བ་དང་། བདེ་བ་དང་། བཀྲ་ཤིས་སུ་ལྡན་ཞིང་བསམ་པ་ཐམས་ཅད་འགྲུབ་པས། རྟག་པར་སེམས་དགའ་བར་ཡང་བགྱིའོ། །རྒྱལ་པོའི་འཁོར་དེའི་དམག་རྣམས་ཀྱང་དཔའ་ཞིང་རྟུལ་ཕོད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་དག་ཇི་སྐད་སྨྲས་པ་དེ་བཞིན་དུ་སྒྲུབས་ཤིག་དང་། རྒྱལ་པོ་དེ་ཆོས་བཞིན་དུ་སྤྱོད་པས། དེའི་འབངས་རྣམས་ཀྱང་རྒྱལ་པོ་བཞིན་ཆོས་བཞིན་སྤྱོད་པར་འགྱུར་རོ། །དེ་ལ་ཁྱེད་ཀྱི་མཐུ་དང་ཁ་དོག་ཕུན་སུམ་ཚོགས་པས་བསྟང་ཞིང་ཕན་པ་དམ་པས་གནས་དང་། འཁོར་ལ་སོགས་པ་འོད་ཅན་དུ་གྱིས་ཤིག །དེ་ནས་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པས་ཀྱང་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་བགྱིའོ་ཞེས་གསོལ་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མདོ་སྡེའི་དབང་པོ་འདི་སྟོན་པ་དང་། རྒྱས་པར་བྱེད་པའི་གནས་དང་། ཡུལ་དེར་རྒྱལ་པོའི་བློན་པོ་རྣམས་ལ་ཕན་ཡོན་རྣམ་པ་འདི་བཞི་འབྱུང་བར་འགྱུར་ཏེ། བཞི་གང་ཞེ་ན། གཅིག་ལ་གཅིག་གུས་ཤིང་། མཛའ་བའི་སེམས་སུ་འགྱུར་བ་དང་། རྟག་ཏུ་རྒྱལ་པོས་གནང་ཞིང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ་ཕྲན་ལ་སོགས་པས་བཙུན་པར་འཛིན་པ་དང་། དམ་པའི་ཆོས་དོན་དུ་གཉེར་ཞིང་ཁེ་དང་གྲགས་པ་མི་ཚོལ་བས་གྲགས་པ་ཆེན་པོ་ཕྱོགས་སུ་རྒྱས་ཤིང་ཀུན་གྱིས་བསྟོད་པ་དང་། ཚེ་རིང་ཞིང་བདེ་བར་ལོངས་སྤྱོད་པ་སྟེ། བཞི་པོ་དེ་དག་གོ། །གཞན་ཡང་དམ་པའི་ཆོས་འདི་སྟོན་པའི་ཡུལ་དེའི་དགེ་སྦྱོང་དང་། བྲམ་ཟེ་རྣམས་


DKG089_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་ཡོན་འདི་བཞི་འབྱུང་སྟེ། བཞི་གང་ཞེ་ན། གོས་དང་། བསོད་སྙོམས་དང་། མལ་ཆ་དང་། སྨན་ལ་སོགས་པས་ཕོངས་པར་མི་འགྱུར་བ་དང་། དེ་དག་ཀུན་ཀྱང་ཀློག་པ་དང་། འདོན་པའི་བསམ་པས་སེམས་བདེ་བར་འགྱུར་བ་དང་། རི་དང་ནགས་ཚལ་ལ་སོགས་པར་གནས་པས་བདེ་བར་གནས་པར་འགྱུར་བ་དང་། གང་བརྣག་པར་བྱ་བའི་བསམ་པ་དེ་ཡོངས་སུ་རྫོགས་པར་འགྱུར་བ་དང་བཞི་པོ་དེ་དག་གོ། །གཞན་ཡང་མདོ་འདི་འདོན་པའི་ཡུལ་དེའི་སྐྱེ་བོ་དེ་དག་ནད་མེད་ཅིང་བདེ་བ་འཕེལ་བ་དང་། ནོར་དང་ཡོ་བྱད་དང་། རིན་པོ་ཆེ་ལ་སོགས་པ་བསྒྲུབ་པ་མྱུར་དུ་འགྲུབ་ཅིང་། བསོད་ནམས་འཕེལ་བ་ལ་སོགས་ཏེ། ཕན་ཡོན་རྣམ་པ་དེ་དག་དང་ལྡན་པར་འགྱུར་རོ། །དེ་ནས་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པའི་འཁོར་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དོན་ཟབ་མོ་སྟོན་པའི་མདོ་སྡེ་འདི་ཇི་སྲིད་འཇིག་རྟེན་ན་གནས་ཀྱི་བར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱང་གནས་པར་འགྱུར་རོ། །མདོ་སྡེ་འདི་ནམ་མི་བཞུགས་པར་གྱུར་པའི་དུས་དེར། དམ་པའི་ཆོས་རྣམས་ཀྱང་མེད་པར་འགྱུར་རོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་ལྟའོ། །རིགས་ཀྱི་བུ་དག་དེ་ལྟ་བས་ན་ཁྱོད་ཀྱིས་གསེར་འོད་དམ་པའི་མདོ་འདི་ལས་ཐ་ན་ཚིག་གཅིག་གམ། ཚིགས་སུ་བཅད་པ་གཅིག་གམ། ལེའུ་གཅིག་གམ། སྡེ་ཚང་བར་ཡང་རུང་སྟེ། ཡང་དག་པར་གདོན་པར་བྱ། གཟུང་བར་བྱ། བསམ་པར་བྱ། ཡོངས་སུ་བསྒྲུབ་པར་བྱའོ། །སེམས་ཅན་མང་པོའི་ཡུན་གྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་ཀུན་ལ་སྟོན་ཅིང་རྒྱས་པར་བྱེད་ན། དེ་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པར་འགྱུར་རོ། །ཞེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལས་ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །།བམ་པོ་བཞི་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་


DKG089_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་མི་ཟད་པ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་མེ་ཏོག་གི་གདུགས་དང་། མེ་ཏོག་གི་ཕུར་མས་མཆོད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་བྱང་ཆུབ་ཀྱི་སེམས་ཞེས་བགྱི་བ། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལགས། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་གང་ལགས། བཅོམ་ལྡན་འདས་བྱང་ཆུབ་ལ་ནི་སེམས་སམ། བྱང་ཆུབ་སེམས་དཔའ་མ་དམིགས། མི་དམིགས་དམིགས་པར་ཡང་མི་འགྱུར་རོ། །བྱང་ཆུབ་ལས་གུད་ན་ཡང་བྱང་ཆུབ་ཀྱི་སེམས་མི་དམིགས་ཏེ། བྱང་ཆུབ་ནི་བརྗོད་དུ་མ་མཆིས། སེམས་ནི་གཟུགས་མ་མཆིས། བསྟན་དུ་མ་མཆིས། ཐོགས་པ་མ་མཆིས། རྣམ་པར་རིག་པ་མ་མཆིས་ཤིང་། སེམས་དཔའ་ཡང་མི་དམིགས་ན། བཅོམ་ལྡན་འདས་ཇི་ལྟར་ཆོས་འདི་དག་གི་དོན་རྟོགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ལ་བྱང་ཆུབ་ནི་བརྡའམ། གདགས་པའམ། ཐ་སྙད་དུ་མི་དམིགས་ཤིང་། བྱང་ཆུབ་ལས་གུད་ན། བྱང་ཆུབ་ཀྱི་སེམས་ཀྱང་མི་དམིགས་ལ། བྱང་ཆུབ་ནི་བརྗོད་དུ་མེད། སེམས་ནི་གཟུགས་མེད། བསྟན་དུ་མེད། ཐོགས་པ་མེད། རྣམ་པར་རིག་པ་མེད་དེ། སེམས་དཔའ་ཡང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་བརྗོད་དུ་མེད་པ་སྟེ། བྱང་ཆུབ་ཇི་ལྟ་བར་སེམས་ཀྱང་དེ་བཞིན་ནོ། །སེམས་ཇི་ལྟ་བར་བྱང་ཆུབ་ཀྱང་དེ་བཞིན་ནོ། །བྱང་ཆུབ་དང་སེམས་ཇི་ལྟ་བར་སེམས་དཔའ་རྣམས་ཀྱང་དེ་བཞིན་ནོ། །སེམས་དཔའ་རྣམས་ཇི་ལྟ་བར་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ། །རིགས་ཀྱི་བུ་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་མིང་འཐོབ་བོ། །ཆོས་ཐམས་


DKG089_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་རྗེས་སུ་སོང་བའི་སེམས་དེ་ནི། བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །བྱང་ཆུབ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཡང་མ་ཡིན་ཏེ། སེམས་ཀྱང་དེ་བཞིན་ནོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་འདི་ལ་ཅི་ཡང་རྙེད་པ་མེད་དེ། བྱང་ཆུབ་ཀྱང་མེད། བྱང་ཆུབ་ཏུ་གདགས་པ་ཡང་མེད། སེམས་ཅན་ཡང་མེད། སེམས་ཅན་དུ་གདགས་པ་ཡང་མེད། ཉན་ཐོས་ཀྱང་མེད། ཉན་ཐོས་སུ་གདགས་པ་ཡང་མེད། རང་སངས་རྒྱས་ཀྱང་མེད། རང་སངས་རྒྱས་སུ་གདགས་པ་ཡང་མེད། བྱང་ཆུབ་སེམས་དཔའ་ཡང་མེད། བྱང་ཆུབ་སེམས་དཔར་གདགས་པ་ཡང་མེད། སངས་རྒྱས་ཀྱང་མེད། སངས་རྒྱས་སུ་གདགས་པ་ཡང་མེད། འདུས་བྱས་ཀྱང་མེད། འདུས་བྱས་སུ་གདགས་པ་ཡང་མེད། འདུས་མ་བྱས་ཀྱང་མེད། འདུས་མ་བྱས་སུ་གདགས་པ་ཡང་མི་དམིགས་དམིགས་པར་མི་འགྱུར་བའོ། ། རིགས་ཀྱི་བུ་འོན་ཀྱང་དཔེར་ན་རི་རབ་ཀྱི་ཚུལ་དུ་དགེ་བའི་རྩ་བ་ཐམས་ཅད་ཀྱིས་ཡང་དག་པར་འཕགས་པའི་སེམས་དང་པོ་སྐྱེས་ཏེ། དེ་ལ་རྒྱུ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་གཉིས་པ་ནི་ཆོས་ཐམས་ཅད་ཀྱི་བྱ་བའི་གནས་ཀྱི་ཚུལ་གྱིས་ས་ལྟ་བུར་བལྟ་སྟེ་དེ་ལ་རྒྱུ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་གསུམ་པ་ནི་འཇིགས་པ་མེད་པ་དང་། བག་ཚ་བ་མེད་པ་དང་། སྐྲག་པ་མེད་པའི་ཚུལ་གྱིས། རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་གྱི་རྩལ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་བཞི་པ་ནི་ཕྱིར་མི་ལྡོག་པའི་ཚུལ་གྱིས། སྲེད་མེད་ཀྱི་བུའི་མཐུ་དང་། སྟོབས་དང་། དྲག་ཤུལ་དང་། བརྩོན་འགྲུས་དང་། བརྟུལ་བ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་ལྔ་པ་ནི་བསོད་ནམས་ཀྱིས་ཆོག་མི་ཤེས་པའི་ཚུལ་གྱིས། དགེ་བ་སྣ་ཚོགས་ཀྱིས་ཡང་དག་པར་འཕགས་པ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་དྲུག་པ་ནི་མུན་པ་མུན་ནག་ཆེན་པོ་སེལ་བའི་ཚུལ་གྱིས་ཉི་མའི་དཀྱིལ་འཁོར་འོད་གསལ་བ་ལྟ་བུར་བལྟ་སྟེ། །


DKG089_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རྒྱུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་བདུན་པ་ནི་དེད་དཔོན་མཛོད་ཆེན་པོས་ཕྱུག་པ་ལྟ་བུར་འཁོར་བའི་འབྲོག་དགོན་པ་ལས་སྒྲོལ་བའི་ཚུལ་གྱིས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་དེ་ལ་ལེགས་པར་བརྒྱན་པ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་བརྒྱད་པ་ནི་ཟླ་བ་ཉ་བའི་དཀྱིལ་འཁོར་རྣམ་པར་དག་པའི་དཔེའི་ཚུལ་གྱིས་སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཡོངས་སུ་རྫོགས་པར་བྱེད་པ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་དགུ་པ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཡོན་ཏན་གྱི་རྒྱན་བཀོད་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །སེམས་བསྐྱེད་པ་བཅུ་པ་ནི། ཡོན་ཏན་དང་། ཡེ་ཤེས་དང་། ཆོས་ཐམས་ཅད་ལ་དབང་སྒྱུར་བར་དབང་བསྐུར་བ་ཐོབ་པས་འཁོར་ལོས་སྒྱུར་བའི་མཚན་གྱི་དཔེའི་ཚུལ་གྱིས། ནམ་མཁའ་དང་མཚུངས་པ་ལྟ་བུར་བལྟ་སྟེ། དེ་ལ་རྒྱུ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་ནི་བཅུ་པོ་འདི་དག་ཡིན་ཏེ། འདི་དག་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དོན་དམ་པར་ན་འདི་ལ་བྱང་ཆུབ་ཀྱང་མེད། བྱང་ཆུབ་སེམས་དཔའ་ཡང་མེད། བྱང་ཆུབ་ཀྱི་སེམས་ཀྱང་མེད་དོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། དད་པའི་དབང་པོ་སྔོན་དུ་འགྲོ་བ་དང་། བསམ་པ་སྔོན་དུ་འགྲོ་བ་དང་། ལྷག་པའི་བསམ་པ་སྔོན་དུ་འགྲོ་བ་དང་། ཕ་རོལ་ཏུ་ཕྱིན་པ་སྔོན་དུ་འགྲོ་བ་དང་། བྱམས་པ་ཆེན་པོ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སེམས་ཅན་གྱི་རྟེན་སྔོན་དུ་འགྲོ་བ་དང་། བསྡུ་བའི་དངོས་པོ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་འདོད་པ་སྔོན་དུ་འགྲོ་བ་དང་། ཐམས་ཅད་མཁྱེན་པའི་


DKG089_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་འདོད་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི། སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། ལུས་ཀྱི་ལས་ཡོངས་སུ་དག་པ་སྔོན་དུ་འགྲོ་བ་དང་། ངག་གི་ལས་ཡོངས་སུ་དག་པ་སྔོན་དུ་འགྲོ་བ་དང་། ཡིད་ཀྱི་ལས་ཡོངས་སུ་དག་པ་སྔོན་དུ་འགྲོ་བ་དང་། རྣམ་པར་མི་འཚེ་བ་སྔོན་དུ་འགྲོ་བ་དང་། ངན་སོང་ཐམས་ཅད་རྣམ་པར་སྤོང་བ་སྔོན་དུ་འགྲོ་བ་དང་། མི་ཁོམ་པ་བརྒྱད་རྣམ་པར་སྤོང་བ་སྔོན་དུ་འགྲོ་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཡོན་ཏན་ལ་དགོད་པ་སྔོན་དུ་འགྲོ་བ་དང་། བསམ་པ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་དང་། སྨོན་ལམ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་འདི་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། རྗེས་སུ་འཆགས་པ་སྤོང་བ་སྔོན་དུ་འགྲོ་བ་དང་། ཁོང་ཁྲོ་བ་སྤོང་བ་སྔོན་དུ་འགྲོ་བ་དང་། ལུས་ལ་མི་ལྟ་བ་སྔོན་དུ་འགྲོ་བ་དང་། སྲོག་ལ་ཡིད་མི་རྟོན་པ་སྔོན་དུ་འགྲོ་བ་དང་། མོས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྔོན་དུ་འགྲོ་བ་དང་། བྱམས་པའི་སྟོབས་སྔོན་དུ་འགྲོ་བ་དང་། ཟབ་མོའི་ཆོས་ལ་བཟོད་པ་སྔོན་དུ་འགྲོ་བ་དང་། རྒྱ་ཆེན་པོ་ལ་མོས་པ་སྔོན་དུ་འགྲོ་བ་དང་། མི་ཤེས་པ་བསལ་བ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་


DKG089_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བྱ་བ་ཅི་ཡོད་སྙམ་པ་སྔོན་དུ་འགྲོ་བ་དང་། དགེ་བའི་ལུས་དང་། ངག་དང་ཡིད་མངོན་པར་བསྒྲུབ་པ་ལ་རྗེས་སུ་ཡི་རང་བ་སྔོན་དུ་འགྲོ་བ་དང་། ཞུམ་པ་མེད་པ་སྔོན་དུ་འགྲོ་བ་དང་། ཕྱིར་མི་ལྡོག་པའི་ས་ལ་བསྡུ་བ་ཐོབ་པར་བྱ་བ་སྔོན་དུ་འགྲོ་བ་དང་། ཡང་དག་པའི་རྩོལ་བ་སྔོན་དུ་འགྲོ་བ་དང་། དྲན་པ་ཉེ་བར་གཞག་པ་སྔོན་དུ་འགྲོ་བ་དང་། ཉོན་མོངས་པའི་དགྲ་འདུལ་བ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་ཀྱིས་དབེན་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྔོན་དུ་འགྲོ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡང་དག་པར་སྒྲུབ་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཆོས་ལ་གནས་པ་སྔོན་དུ་འགྲོ་བ་དང་། ཏིང་ངེ་འཛིན་སྔོན་དུ་འགྲོ་བ་དང་། སྙོམས་པར་འཇུག་པ་སྔོན་དུ་འགྲོ་བ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་སྔོན་དུ་འགྲོ་བ་དང་། བསམ་གཏན་དང་རྣམ་པར་ཐར་པ་སྔོན་དུ་འགྲོ་བ་དང་། ཏིང་ངེ་འཛིན་གྱི་དབང་པོ་སྔོན་དུ་འགྲོ་བ་དང་། ཏིང་ངེ་འཛིན་གྱི་སྟོབས་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་སྤོང་བ་སྔོན་དུ་འགྲོ་བ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱེད་པ་སྔོན་དུ་འགྲོ་བ་དང་། དམ་པའི་ཆོས་ཡོངས་སུ་བསྲུང་བ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་འདི་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་ལ་མཁས་པ་སྔོན་དུ་འགྲོ་བ་དང་། ཁམས་ལ་མཁས་པ་སྔོན་དུ་འགྲོ་བ་དང་། སྐྱེ་མཆེད་ལ་མཁས་པ་སྔོན་དུ་འགྲོ་བ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་སྔོན་དུ་འགྲོ་བ་དང་། བདེན་པ་ལ་


DKG089_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པ་སྔོན་དུ་འགྲོ་བ་དང་། ལྟ་བར་གྱུར་པ་ཐམས་ཅད་བསལ་བ་སྔོན་དུ་འགྲོ་བ་དང་། ཤེས་རབ་ཀྱི་དབང་པོ་སྔོན་དུ་འགྲོ་བ་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་སྔོན་དུ་འགྲོ་བ་དང་། སྒྲིབ་པ་མེད་པའི་ཡེ་ཤེས་མཐོང་བ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་གྱི་རྟེན་སྔོན་དུ་འགྲོ་བ་དང་། བྱམས་པ་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མི་སྐྱོ་བ་སྔོན་དུ་འགྲོ་བ་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་འཇུག་པ་སྔོན་དུ་འགྲོ་བ་དང་། ཁྱད་པར་ཅན་གྱི་ཡེ་ཤེས་མཐོང་བ་ཁོང་དུ་ཆུད་པ་སྔོན་དུ་འགྲོ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བྱང་བར་བྱ་བ་ཡོངས་སུ་སྨིན་པར་བྱ་བ་སྔོན་དུ་འགྲོ་བ་དང་། དངོས་པོ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྟོག་པ་སྔོན་དུ་འགྲོ་བ་དང་། སེམས་ཀྱི་སྟོབས་ཉེ་བར་བསྒྲུབ་པ་སྔོན་དུ་འགྲོ་བ་དང་། ཕྱིར་མི་ལྡོག་པའི་ས་ཡོངས་སུ་ཐོབ་པར་བྱེད་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་མོས་པ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་


DKG089_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། ལྷག་པའི་བསམ་པ་དང་། མོས་པ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་ཐ་དད་པ་དང་། ཁམས་གསུམ་གྱི་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་། བག་ལ་ཉལ་གྱི་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་འཆི་འཕོ་དང་། སྐྱེ་བ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཕུང་པོ་གསུམ་དུ་རྣམ་པར་གཞག་པ་ཐིབས་པོ་ཉེ་བར་རྒྱུ་བ་ཤེས་པ་སྔོན་དུ་འགྲོ་བ་དང་། དབང་པོ་མི་སྐྱོ་བའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ཤེས་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་གཟོད་མ་ནས་འབྱུང་བ་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་མཚན་ཉིད་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་སྐྱེ་བ་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་ཡོད་པ་མ་ཡིན་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་གཟོད་མ་ནས་ཆགས་པ་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་འཇུག་པ་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་ལྡོག་པ་མེད་པ་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་ཀྱི་ཐོག་མ་དང་བར་མ་དང་ཐ་མ་མཉམ་པ་ཉིད་སྔོན་དུ་འགྲོ་བ་དང་། ཆོས་ཐམས་ཅད་དེ་བཞིན་ཉིད་ལ་འཇུག་པའི་རྟོག་པ་དང་། རྣམ་པར་རྟོག་པ་མེད་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུ་


DKG089_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་རྣམ་པར་དབྱེ་བ་ལ་ཤིན་ཏུ་རྣམ་པར་བརྟགས་པ་སྔོན་དུ་འགྲོ་བ་དང་། དཀར་པོའི་ཆོས་ཤིན་ཏུ་ཡོངས་སུ་རྫོགས་པ་སྔོན་དུ་འགྲོ་བ་དང་། བྱང་ཆུབ་ཀྱི་ཚོགས་བསགས་པ་དཔག་ཏུ་མེད་པ་སྔོན་དུ་འགྲོ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་ཡོངས་སུ་བཟུང་བ་སྔོན་དུ་འགྲོ་བ་དང་། སྙིང་རྗེ་ཆེན་པོ་ཡངས་པ་ཁོང་དུ་ཆུད་པར་བྱ་བ་སྔོན་དུ་འགྲོ་བ་དང་། འཇིག་རྟེན་གྱི་ཁམས་རྣམ་པར་དབྱེ་བའི་རིམ་པ་ཤེས་པ་སྔོན་དུ་འགྲོ་བ་དང་། སེམས་ཅན་གྱི་ཁམས་དང་། ཉོན་མོངས་པའི་སྤྱོད་པ་ལ་འཇུག་པ་སྔོན་དུ་འགྲོ་བ་དང་། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་འཇུག་ཅིང་རྗེས་སུ་འགྲོ་བ་ཤེས་པ་ཡིད་ལ་བྱེད་པ་སྔོན་དུ་འགྲོ་བ་དང་། སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་ལྷག་པར་དམིགས་ཤིང་ཀུན་ཤེས་པར་བྱ་བ་སྔོན་དུ་འགྲོ་བ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དབང་བསྐུར་བའི་ས་ཐོབ་པ་སྔོན་དུ་འགྲོ་བ་སྟེ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་བཅུའོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་དོན་གང་ཞེ་ན། སྤྱོད་པའི་ཁྱད་པར་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཡེ་ཤེས་ཟབ་ཅིང་རྒྱ་ཆེ་བ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །འདུས་བྱས་དང་འདུས་མ་བྱས་ལ་ཆགས་པ་མེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །འཁོར་བའི་ཉེས་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སྐྱེ་བོ་མི་མཁས་པ་རྣམས་ཁོང་དུ་ཆུད་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཆོས་ཀྱི་མཛོད་ཟད་མི་ཤེས་པ་ཡང་དག་པར་སྟོན་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སྒྲིབ་པ་མེད་པའི་རྣམ་པར་ཐར་པ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སེམས་ཅན་གྱི་ཁམས་རབ་ཏུ་ཤེས་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སྦྱིན་པ་མཉམ་པ་ཉིད་རྗེས་སུ་རྟོགས་པའི་དོན་ནི།


DKG089_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བསམ་གཏན་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་པར་མཁས་པ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བརྩོན་འགྲུས་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བསམ་གཏན་མཉམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེས་པར་མཁས་པ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཆོས་ཐམས་ཅད་རབ་ཏུ་ཤེས་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཡོངས་སུ་རྫོགས་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཕྱིར་མི་ལྡོག་པའི་ས་ཡང་དག་པར་ཐོབ་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བྱང་ཆུབ་ཀྱི་སྙིང་པོ་ལ་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བདུད་ཐམས་ཅད་གདུལ་བར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པར་སྟོན་ཅིང་སྒྲོལ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཡོན་ཏན་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཕས་ཀྱི་རྒོལ་བ་ཐམས་ཅད་ཚར་གཅོད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སྟོབས་བཅུ་དང་། མི་འཇིགས་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭ་བརྒྱད་ཡོངས་སུ་རྫོགས་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པའི་དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་


DKG089_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ནི། ཕ་རོལ་ཏུ་ཕྱིན་པའི་དོན་ནོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དང་པོའི་སྔ་ལྟས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཏེར་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ཡོངས་སུ་གང་བར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་གཉིས་པའི་སྔ་ལྟས་ནི། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་ལྟ་བུར་གྱུར་པ་ལ་རིན་པོ་ཆེ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ལེགས་པར་བརྒྱན་པར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་གསུམ་པའི་སྔ་ལྟས་ནི། བདག་ཉིད་དཔའ་ཞིང་ལག་ཆ་དང་གོ་ཆ་སྲ་བ་ཐོགས་ནས་ཕས་ཀྱི་རྒོལ་བ་ཐམས་ཅད་འདུལ་བར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བཞི་པའི་སྔ་ལྟས་ནི། ཕྱོགས་བཞི་ནས་རླུང་གི་དཀྱིལ་འཁོར་བཞིས་ཐམས་ཅད་དང་ལྡན་པའི་སའི་དཀྱིལ་འཁོར་ཆེན་པོ་ལ་མེ་ཏོག་སྣ་ཚོགས་ཀྱིས་མངོན་དུ་འཐོར་བར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་ལྔ་པའི་སྔ་ལྟས་ནི། རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་ཀྱིས་མགོ་ལ་མེ་ཏོག་ཙམ་པ་ཀའི་ཕྲེང་བ་འདོགས་པར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དྲུག་པའི་སྔ་ལྟས་ནི། རྫིང་ཐེམ་སྐས་བཞི་དང་ལྡན་པ་གསེར་གྱི་བྱེ་མ་བདལ་བ་རྙོག་པ་མེད་ཅིང་དང་ལ་ཡན་ལག་བརྒྱད་དང་ལྡན་པའི་ཆུས་ཡོངས་སུ་གང་བ་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོས་བརྒྱན་པའི་ཆུ་མཐོང་སྟེ། དེ་ལ་བདག་ཉིད་རྩེ་དགའ་ཞིང་ཡོངས་སུ་སྤྱོད་པར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བདུན་པའི་སྔ་ལྟས་ནི། ཕྱོགས་གཡས་གཡོན་གཉིས་ན། སེམས་ཅན་དམྱལ་བའི་གཡང་ས་མཐོང་སྟེ། དེ་ནས་བདག་ཉིད་མ་རྨས་མ་ཉམས་པར་སླར་ལྡོག་པ་མཐོང་


DKG089_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བརྒྱད་པའི་སྔ་ལྟས་ནི། ཕྲག་པ་གཉིས་ན་རི་དགས་ཀྱི་རྒྱལ་པོ་སེང་གེ་རལ་པ་ཅན་ཅོད་པན་ཐོགས་པ། གཅན་གཟན་ཕྲ་མོ་ཐམས་ཅད་སྐྲག་པར་བྱེད་ཅིང་འདུག་པར་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དགུ་པའི་སྔ་ལྟས་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོར་མཐོང་སྟེ་སྐྱེ་བོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ལ་མགོའི་སྟེང་ན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་གདུགས་དཀར་པོ་འཛིན་པ་མཐོང་ངོ་། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་བཅུ་པའི་སྔ་ལྟས་ནི། དེ་བཞིན་གཤེགས་པའི་སྐུ་མཐོང་སྟེ། ཁ་དོག་གསེར་ལྟ་བུའི་འོད་འདོམ་གང་བ་ཚངས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་པར་མཐོང་སྟེ། རིགས་ཀྱི་བུ་བཅུ་པོ་འདི་དག་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི། བྱང་ཆུབ་སེམས་དཔའི་ས་བཅུ་པོའི་སྔ་ལྟས་ཡིན་ནོ། །དེ་ལ་རིགས་ཀྱི་བུ་དེ་ཅིའི་ཕྱིར་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱ་ཞེ་ན། དེ་ནི་ཐོག་མར་འཇིག་རྟེན་ལས་འདས་པའི་སེམས་སྔོན་མ་ཐོབ་པ་དེ་མངོན་དུ་གྱུར་ཏེ། དོན་ཆེན་པོའི་བསམ་པ་ཕུན་སུམ་ཚོགས་པའི་ཕྱིར། རབ་ཏུ་དགའ་བ་ཆེན་པོ་སྐྱེ་བས་ས་དང་པོ་ལ་རབ་ཏུ་དགའ་བ་ཞེས་བྱའོ། །ལྟུང་བ་ཕྲ་མོའི་དྲི་མ་དང་། ཚུལ་ཁྲིམས་ཀྱི་ཉེས་པ་ཐམས་ཅད་རྣམ་པར་དག་པའི་ཕྱིར། ས་གཉིས་པ་ནི་དྲི་མ་མེད་པ་ཞེས་བྱའོ། །ཚད་མེད་པའི་ཡེ་ཤེས་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་འོད་སྣང་བ་དེ་བསྐྱོད་པར་མི་ནུས་ཤིང་གང་གིས་ཀྱང་ཟིལ་གྱིས་མི་ནོན་པ་དང་། ཐོས་པ་འཛིན་པའི་གཟུངས་ལ་གནས་པའི་ཕྱིར་ས་གསུམ་པ་ནི་འོད་བྱེད་པ་ཞེས་བྱའོ། །ཤེས་རབ་ཀྱི་མེས་ཉོན་མོངས་པ་ཐམས་ཅད་སྲེག་ཅིང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམས་པའི་མེའི་འོད་འཕྲོ་བ་ཆེར་གྱུར་པས་ས་བཞི་པ་ལ་ནི་འོད་འཕྲོ་བ་ཞེས་བྱའོ། །དེ་བསྒོམ་པའི་


DKG089_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་དང་། མཆོག་གི་ཡེ་ཤེས་ལ་དབང་སྒྱུར་བར་དཀའ་བ་དང་། མཐོང་བ་དང་། བསྒོམས་པས་སྤངས་པའི་ཉོན་མོངས་པ་ཐུལ་བར་དཀའ་བ་ཐུལ་བའི་ཕྱིར་ས་ལྔ་པ་ལ་ཤིན་ཏུ་སྦྱང་དཀའ་བ་ཞེས་བྱའོ། །འདུ་བྱེད་ཀྱི་ཆོས་བར་ཆད་མེད་པར་མངོན་དུ་གྱུར་ཏེ། མཚན་མ་མེད་པ་ཡིད་ལ་བྱེད་པ་ཐམས་ཅད་མངོན་དུ་བྱེད་པས། ས་དྲུག་པ་ལ་མངོན་སུམ་པ་ཞེས་བྱའོ། །ཟག་པ་མེད་པའི་ཆོས་རྣམས་ལ་བར་ཆད་མེད་ཅིང་མཚན་མ་མེད་པ་ཡིད་ལ་བྱེད་པས། རྣམ་པར་གྲོལ་བའི་ཏིང་ངེ་འཛིན་ལ་རྒྱུན་རིང་དུ་བསྒོམས་པས། ས་དེ་རྣམ་པར་དག་ཅིང་ཐོགས་པ་མེད་པའི་ཕྱིར། ས་བདུན་པ་ནི་རིང་དུ་སོང་བ་ཞེས་བྱའོ། །མཚན་མ་མེད་པ་ཡིད་ལ་བྱེད་པ་བསྒོམ་པ་ལ་དབང་ཐོབ་སྟེ། ཉོན་མོངས་པ་རྣམས་ཀྱིས་གཡོ་བར་མི་ནུས་པས་ན། ས་བརྒྱད་པ་ནི་མི་གཡོ་བ་ཞེས་བྱའོ། །རྣམ་པ་ཐམས་ཅད་དུ་ཆོས་སྟོན་པ་ལ་དབང་དུ་གྱུར་པས། ཁ་ན་མ་ཐོ་བ་མེད་ཅིང་། བློ་གྲོས་ཤིན་ཏུ་ཡངས་པ་ཐོགས་པ་མེད་པ་ཐོབ་པའི་ཕྱིར། ས་དགུ་པ་ནི་ལེགས་པའི་བློ་གྲོས་ཞེས་བྱའོ། །ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ལ། ཡེ་ཤེས་ཆེན་པོའི་སྤྲིན་ལྟ་བུས་ཁྱབ་པར་འགེབས་པའི་ཕྱིར། ས་བཅུ་པ་ནི་ཆོས་ཀྱི་སྤྲིན་ཅེས་བྱའོ། ། དེ་ལ་རིགས་ཀྱི་བུ་ཆོས་དང་གང་ཟག་ལ། མཚན་མ་ཅན་དུ་མངོན་པར་ཞེན་པའི་རྨོངས་པ་དང་། འཁོར་བ་དང་ངན་སོང་གི་ཉོན་མོངས་པས་འཇིགས་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དང་པོ་ལ་སྒྲིབ་བོ། །ལྟུང་བ་ཕྲ་མོའི་འཁྲུལ་པ་ལ་རྨོངས་པ་དང་། ལས་དང་སྤྱོད་པ་རྣམ་པ་སྣ་ཚོགས་མངོན་པར་སྐྱེད་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་གཉིས་པ་ལ་སྒྲིབ་པོ། །མ་ཐོབ་པ་ཐོབ་པར་འདོད་པའི་རྨོངས་པ་དང་། གཟུངས་དམ་པའི་མཆོག་ཐོབ་པ་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་གསུམ་པ་ལ་སྒྲིབ་བོ། །མཉམ་པར་གཞག་པའི་རོའི་དགའ་བ་ལ་སྲེད་པའི་རྨོངས་པ་དང་། ཆོས་རྣམ་པར་དག་པ་ལ་སྲེད་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བཞི་པ་ལ་སྒྲིབ་པོ། །འཁོར་བ་ལ་ཤིན་ཏུ་སྐྱོ་བའི་རྨོངས་པ་དང་། མྱ་ངན་ལས་འདས་པ་ལ་མངོན་


DKG089_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

པར་གཞོལ་བའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་ལྔ་པ་ལ་སྒྲིབ་པོ། །འདུ་བྱེད་ཀྱི་རྒྱུ་བ་མངོན་དུ་གྱུར་པའི་རྨོངས་པ་དང་། མཚན་མ་སྦོམ་པོ་མངོན་དུ་གྱུར་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དྲུག་པ་ལ་སྒྲིབ་པོ། ། མཚན་མ་ཕྲ་མོ་མངོན་དུ་གྱུར་པའི་རྨོངས་པ་དང་། མཚན་མ་མེད་པ་ཡིད་ལ་བྱེད་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བདུན་པ་ལ་སྒྲིབ་པོ། །མཚན་མ་མེད་པ་ལ་ཆེད་དུ་རྩོལ་བའི་རྨོངས་པ་དང་། མཚན་མར་འཛིན་པ་ལ་དབང་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བརྒྱད་པ་ལ་སྒྲིབ་པོ། །གང་ཆོས་སྟོན་པ་ཚད་མེད་པ་དང་། ཚིག་དང་ཡི་གེ་ཚད་མེད་པ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། སྤོབས་པ་ལ་དབང་མ་ཐོབ་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་དགུ་པ་ལ་སྒྲིབ་པོ། །མངོན་པར་ཤེས་པ་ཆེན་པོ་ལ་དབང་སྒྱུར་བ་མ་ཐོབ་པའི་རྨོངས་པ་དང་། དོན་དང་། ལས་གསང་བ་ཕྲ་མོ་ལ་མཁས་པར་མ་གྱུར་པའི་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་ས་བཅུ་པ་ལ་སྒྲིབ་བོ། །སྤྱོད་ཡུལ་ཤིན་ཏུ་ཕྲ་བ་ཐམས་ཅད་ལ། ཤེས་བྱའི་སྒྲིབ་པའི་རྨོངས་པ་དང་། ཉོན་མོངས་པ་ཤིན་ཏུ་ཕྲ་བའི་གནས་ངན་ལེན་ལ་རྨོངས་པ་དང་། རྨོངས་པ་འདི་གཉིས་ཀྱིས་སངས་རྒྱས་ཀྱི་ས་ལ་སྒྲིབ་པའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །བྱང་ཆུབ་སེམས་དཔའི་ས་གཉིས་པ་ལ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་གསུམ་པ་ལ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་བཞི་པ་ལ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་ལྔ་པ་ལ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་དྲུག་པ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་བདུན་པ་ལ་ནི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་བརྒྱད་པ་ལ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་དགུ་པ་ལ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གནོན་ཏོ། །ས་བཅུ་པ་ལ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་


DKG089_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

པ་གནོན་ཏོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་བསྐྱེད་པ་དང་པོ་ནི། རིན་པོ་ཆེ་ཡང་དག་པར་འཕགས་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་གཉིས་པ་ནི་གནས་པ་མེད་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་གསུམ་པ་ནི་རབ་ཏུ་མི་གཡོ་བའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་བཞི་པ་ནི་ཕྱིར་མི་ལྡོག་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་ལྔ་པ་ནི་རིན་པོ་ཆེའི་མེ་ཏོག་གི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་དྲུག་པ་ནི་ཉི་མའི་འོད་ཀྱི་གཟི་བརྗིད་ཀྱི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་བདུན་པ་ནི་དོན་ཐམས་ཅད་གྲུབ་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་བརྒྱད་པ་ནི་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་དགུ་པ་ནི་ཡེ་ཤེས་སྒྲོན་མའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་སྟེ་སྐྱེའོ། །སེམས་བསྐྱེད་པ་བཅུ་པ་ནི་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཡོངས་སུ་བཟུང་ནས་སྐྱེ་སྟེ། རིགས་ཀྱི་བུ་འདི་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་བཅུའོ། །རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་སེམས་དཔའི་ས་དང་པོ་ལ་ཁྱད་པར་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་གཟུངས་འདི་སྐྱེ་སྟེ་གཟུངས་ལ། ཏདྱ་ཐཱ། པཱུརྞ་མ་ནོ་ར་ཐེ། དུ་ཧུ་དུ་ཧུ་དུ་ཧུ། ཡཱ་བཏ་སཱུཪྱ་ཨ་བ་བྷཱ་ས་ཏཱ། ཡཱ་བཏ་ཙནྡྲ་དཽ་དཏྟེ། དཱ་བཱ་ད་རཀྵ་མཱན། དཎྜ་པ་རི་ཧཱ་རམ་ཀུ་རུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་གཅིག་གི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་དང་པོའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུ་ཞིག་གཟུངས་སྔགས་འདི་འདོན་ཅིང་འཛིན་ན།འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་བ་ནི། འདི་ལྟ་སྟེ། སྟག་དང་


DKG089_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེ་ལ་སོགས་པ་གཅན་གཟན་མ་རུངས་པའི་རིགས་དང་། ཡི་དགས་ཐམས་ཅད་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། དགྲ་དང་། རྐུན་པོ་དང་། གཟའ་དང་། ཉོན་མོངས་པ་རྣམས་དང་། སྒྲིབ་པ་རྣམ་པ་ལྔ་ལས་རྣམ་པར་གྲོལ་ཏེ། ས་དང་པོ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་གཉིས་པ་ལ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཨུཏྟོ་ལི། ཙི་རི་ཙི་རི། ཨུཏྟོ་རཱ། ཏོ་ར་ཎཾ། ཤཱནྟོ་ཤཱནྟོ། ཨཏྟོ་ལི། ཧུ་ལུ་ཧུ་ལུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་གཉིས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་སོ། །གང་ལ་ལ་ཞིག་གཟུངས་སྔགས་འདི་ཀློག་ཅིང་འཛིན་ན། འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ། དེ་གཅན་གཟན་མ་རུངས་པ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་པས་གཙེ་བ་དང་། ཕ་རོལ་གྱི་དགྲ་དང་། གཟའ་དང་། ཉོན་མོངས་པ་དང་། སྡུག་བསྔལ་བ་དང་། སྒྲིབ་པ་རྣམ་པ་ལྔ་ལས་རྣམ་པར་གྲོལ་ཏེ། ས་གཉིས་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་གསུམ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རབ་ཏུ་གནས་པ་ཞེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། དཎྛི་ཀེ། བཎིྛ་ཀེ། ཀ་ར་ཋཱི། ཀཽ་ར་ཋི། ཀཻ་ཡཱུ་རེ་དནྟི་ལི་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། ས་གསུམ་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུ་གཟུངས་སྔགས་འདི་འཆང་བ་དང་། འདོན་པ་དེ་འཇིགས་པ་ཐམས་ཅད་དང་། གཅན་གཟན་མ་རུངས་པ་དང་། གདོན་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་ལ་སོགས་པས་གཙེ་བ་དང་། གཟའ་དང་། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་དང་།


DKG089_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་པ་རྣམ་པ་ལྔ་ལས་རྣམ་པར་གྲོལ་ཏེ། ས་གསུམ་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་བཞི་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་གདུལ་དཀའ་བ་ཞེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཤི་རི་ཤི་རི། དི་མི་དི་མི་ནི། ད་རི་ད་རི་ཎི། ཤི་རི་ཤི་རི་ཎི། བི་ཤཱ་ལཱ། བི་ཤཱི་ལཱ། པ་ཤ་པ་ཤ་ནི། བནྡྷ་ནི་ཡེ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་བཞི་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ།སུས་གཟུངས་སྔགས་འདི་འདོན་པ་དང་། འཆང་བ་དེ་འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་མང་པོས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་ཀྱང་རྣམ་པར་གྲོལ་ཏེ། ས་བཞི་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡོན་ཏན་སྣ་ཚོགས་ཀྱིས་བཀོད་པ་ཅེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཧ་རི་ཧ་རི་ཎི། ཙི་རི་ཙི་རི་ཎི། ཀ་རི་མཱ་ཎི། སང་ཀ་རི་མཱ་ཎི། སམྦཱ་ས་ནི། ཛམྦྷ་ནི། སྟམྦྷ་ནི། མོ་ཧ་ནི། སྭ་ཡ་མཱུཀྐེ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་ལྔའི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་རྣམ་པར་གྲོལ་ཏེ། ས་ལྔ་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྒྲོན་མ་ཞེས་བྱ་བའི་གཟུངས་


DKG089_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། བི་ཏོ་རི། བི་ཏོ་རི། མ་རི་ཎི། ཀ་ལི་ཀ་ལི། བི་དྷོ་ཧན་ཏི། ལུ་ལུ་ལུ་ལུ། ཙུ་ལུ་ཙུ་ལུ། ཏོ་ལུ་བ་ཏོ་ལུ་བ། ཤ་ཤ། ཤཙྪ། བ་རི་ཤ་སྭ་སྟི། སརྦ་སཏྭ་ནཾ། སིད་དྷྱནྟུ་མཱ་མ། མནྟྲ་བཱ་དཱ་ནི་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་དྲུག་གི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་ཀྱང་རྣམ་པར་གྲོལ་ཏེ། ས་དྲུག་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཛ་ཧ་ཛ་ཧ་རུ། ཛ་ཧ་ཛ་ཧ་ཛ་ཧ་རུ། བཻ་ལུ་ཀེ། བཻ་ལུ་ཀེ། ཨ་མྲྀ་ཏགྷ་ཎེ། པ་རུ་ཤ་ཎེ། བཻ་རུ་ཏི་ཀེ། བ་རུ་བཏྟེ། བི་དྷི་ཧི་ཀེ། བིནྡ་བི་ལི་ནི། ཨ་མྲྀ་ལུ་ཏི་ཀེ། བྷཻ་ཛུ་ཡུ། བྷཻ་ཛུ་ཡུ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་བདུན་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་ཀྱང་རྣམ་པར་གྲོལ་ཏེ། ས་བདུན་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་རྙོག་པ་མེད་པའི་རྟོག་པ་ཞེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཤི་རི་


DKG089_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་རི། ཤི་རི་ཎི། མི་ཏེ་མི་ཏེ། ཀ་རི་ཀ་རི། ཧེ་རུ་ཧེ་རུ། ཙུ་རུ་ཙུ་རུ། བནྡྷ་ནི་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་ཀྱང་རྣམ་པར་གྲོལ་ཏེ། ས་བརྒྱད་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སྒོ་མཐའ་ཡས་པའི་རྒྱུན་ཅེས་བྱ་བའི་གཟུངས་འདི་སྐྱེའོ། །གཟུངས་ལ། ཏདྱ་ཐཱ། ཧ་རི་ཙཎྜ་ལི་ཀེ། ཀུ་ལ་མཱ་བྷ་ཏེ། ཏོ་ར་ཤི་པ་ཏ་པ་ཏ་སི། ཤི་རི་ཤི་རི། ག་ཤི་རི། ག་བི་ཤི་རི། སྭ་སྟི་སརྦ་སཏྭཱ་ནཱཾ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་གང་གཱའི་ཀླུང་དགུའི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། སྒྲིབ་པ་རྣམ་པ་ལྔ་ལས་ཀྱང་རྣམ་པར་གྲོལ་ཏེ། ས་དགུ་པ་རྗེས་སུ་དྲན་པར་འགྱུར་རོ། །རིགས་ཀྱི་བུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཟད་མི་ཤེས་པའི་ཟ་མ་ཏོག་ཅེས་བྱ་བའི་གཟུངས་འདི་སྐྱེ་སྟེ། གཟུངས་ལ། ཏདྱ་ཐཱ། སིདྡྷེ་སུདྡྷེ། མོ་ཙ་ནི། མོ་ཀྵ་ནི། མུཀྟེ། བི་མུཀྟེ། ཨ་མ་ལེ། བི་མ་ལེ། ད་མ་ལེ། མཱངྒ་ལེ། ཧི་ར་ཎྱ་གརྦྷེ། རཏྣ་གརྦྷེ། ས་མནྟ་བྷ་དྲེ། སརྦ་ཨརྠཱ། སཱ་དྷ་ནི། མ་ན་སི་མ་ཧཱ་མ་ན་སི། ཨདྡྷུ་ཏེ། ཨ་ཏྱདྡྷུ་ཏེ། ཨ་ར་ཛེ།


DKG089_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བི་ར་ཛེ། ཨུ་ཙྱུཏེ། ཨ་མྲཱྀ་ཏེ། ཨ་ར་ཛེ། བི་ར་ཛེ། བྲ་ཧྨེ་བྲ་ཧྨ། སཱ་རེ་པཱུ་ར་ཎི་པཱུ་ར་ཎ། མ་ནོ་ར་ཐེ་སྭཱ་ཧཱ། རིགས་ཀྱི་བུ་གཟུངས་འདི་ནི་བཀྲ་ཤིས་པ་དང་སྤྱི་བོ་ནས་དབང་བསྐུར་བ་སྟེ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ལས་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་གསུངས་ཏེ། སུས་གཟུངས་སྔགས་འདི་འདོན་ཅིང་འཆང་ན། འཇིགས་པ་ཐམས་ཅད་དང་། གཅན་གཟན་ཁྲོ་བོ་དང་། ཡི་དགས་མ་རུངས་པ་དང་། མི་དང་མི་མ་ཡིན་པ་ལ་སོགས་ཏེ། ཕ་རོལ་གྱི་དགྲ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་གཙེ་བ་དང་། གཟའ་དང་། གདུག་པ་ཅན་ཐམས་ཅད་དང་། སྒྲིབ་པ་རྣམ་པ་ལྔ་ལ་སོགས་པ་ལས་རྣམ་པར་གྲོལ་ཏེ། ས་བཅུ་པ་རྗེས་སུ་དྲན་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེང་གེའི་ཏོག་གི་འོད་ཟེར་སྣང་བ་ཐོགས་པ་མེད་པ་ཞེས་བྱ་བས། བཅོམ་ལྡན་འདས་ཀྱིས་གཟུངས་འདི་དག་བཤད་པ་ཐོས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས་ཞབས་ལ་ཕྱག་འཚལ་ཏེ་ཚིགས་སུ་བཅད་པ་འདིས་བསྟོད་དོ། །ཟབ་མོ་མཚན་ཉིད་མེད་ཆོས་ལ། །སྐྱེ་བོ་ཤེས་པ་ཉམས་པ་རྣམས། །བཅོམ་ལྡན་ཉག་གཅིག་སྒྲོལ་མཛད་པ། །དཔེ་མེད་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་ཤེས་རབ་སྤྱན། ། ཆོས་ཀྱི་མཚན་ཉིད་གཅིག་མི་གཟིགས། །ཡང་དག་ཆོས་ཀྱི་སྤྱན་གྱིས་ནི། །ཀུན་དུ་གསལ་བ་བསམ་མི་ཁྱབ། །ཆོས་འགའང་སྐྱེ་བ་མེད་པ་སྟེ། །འགོག་པར་ཡང་ནི་མི་འགྱུར་རོ། །དེ་ལྟར་མཉམ་པར་གཟིགས་པས་ན། །བླ་མེད་གནས་སུ་བཞུགས་པར་འགྱུར། ། འཁོར་བ་དག་ཀྱང་མི་འཇིག་ལ། །མྱ་ངན་འདས་ལའང་མི་བཞུགས་ཤིང་། །མཐའ་གཉིས་ལ་ནི་མི་གནས་ཏེ། །དེའི་ཕྱིར་མྱ་ངན་འདའ་བ་བརྙེས། །དག་དང་མ་དག་ཕྱོགས་ལ་ཡང་། །རྣམ་པར་དབྱེ་བ་མེད་པའི་ཕྱིར། །བཅོམ་ལྡན་རོ་གཅིག་མཁྱེན་


DKG089_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། །རྣམ་པར་དག་པའི་མཆོག་བརྙེས་སོ། །བཅོམ་ལྡན་འདས་ཀྱི་ཚད་མེད་སྐུས། །ཚིག་གཅིག་སྟོན་པ་མེད་པར་ཡང་། །འཁོར་མང་འདི་དག་ཐམས་ཅད་ལ། །ཆོས་ཀྱི་ཆར་གྱིས་ཚིམ་པར་མཛད། །སེམས་ཅན་འདི་དག་ཐམས་ཅད་ཀྱི། །མཚན་ཉིད་རྣམ་པར་གཟིགས་མེད་ཀྱང་། །ཉོན་མོངས་སྡུག་བསྔལ་ཐམས་ཅད་ལས། །བཅོམ་ལྡན་རྟག་ཏུ་སྐྱོབ་པར་མཛད། །བདེ་དང་སྡུག་བསྔལ་རྟག་མི་རྟག །བདག་དང་བདག་མེད་ལ་སོགས་དང་། །གཅིག་དང་ཐ་དད་མ་ཡིན་དང་། །སྐྱེ་བ་མེད་དང་འགོག་མེད་པའི། །དེ་འདྲའི་དོན་གྱི་རྣམ་པ་ལ། །རྣམ་པར་དབྱེ་ཞིང་སྟོན་པར་མཛད། །དཔེར་ན་བྲག་ཅ་སྟོང་པར་ནི། །དེ་དོན་སངས་རྒྱས་རྣམས་ཀྱིས་མཁྱེན། །ཆོས་ཀྱི་དབྱིངས་ནི་དབྱེར་མེད་པས། །ཐེག་པ་མི་མཐུན་གཞན་མེད་དེ། །སེམས་ཅན་རྣམས་ནི་བསྒྲལ་བའི་ཕྱིར། །གསུམ་དུ་རྣམ་པར་དབྱེ་བ་མཛད། །དེ་ནས་ཚངས་པའི་རྒྱལ་པོ་དབང་ཕྱུག་ཆེན་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཤིན་ཏུ་དཀོན་ཞིང་། དཔག་པར་དཀའ་བ། ཐོག་མར་ཡང་དགེ་བ། བར་དུ་ཡང་དགེ་བ། ཐ་མར་ཡང་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ་ཡོངས་སུ་རྫོགས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཕུན་སུམ་ཚོགས་པར་མཛད་པ་འདི་གང་ཞིག་འཆང་བ་དང་། འཛིན་པ་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཛད་པ་གཟོ་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། རིགས་ཀྱི་བུ་གང་མདོ་སྡེ་འདི་ཉན་པར་བྱེད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན།


DKG089_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་འདིས་ནི། ས་ལས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་མཆོག་ཏུ་སྨིན་པར་བྱེད་པ་དང་། ཆོས་ཀྱི་ཕྱག་རྒྱ་དམ་པ་ཡིན་པ་དང་། མདོ་སྡེ་ཀུན་གྱི་རྒྱལ་པོར་གྱུར་པ་སྟེ། དེའི་ཕྱིར་མཉན་པ་དང་། གཟུང་བ་དང་། བཀླག་པ་དང་། གདོན་པར་བྱའོ། །དེ་ཡང་རིགས་ཀྱི་བུ་དགེ་བའི་རྩ་བ་མ་བསྐྱེད་པ་དང་། དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པ་དང་། སངས་རྒྱས་མང་པོ་ལ་བསྙེན་བཀུར་མ་བྱས་པའི་སེམས་ཅན་དེ་དག་གིས་ནི་དམ་པའི་ཆོས་འདི་མཉན་པར་མི་ནུས་སོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་ཙམ་གྱིས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ལྷག་པའི་བསམ་པ་ཡོངས་སུ་དག་ཅིང་སངས་རྒྱས་མཐོང་བ་དང་མི་འབྲལ་བར་འགྱུར་རོ། །དམ་པའི་ཆོས་ཉན་པ་དང་མི་འབྲལ་བར་འགྱུར། དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་འགྱུར། རྒྱ་མཚོའི་ཕྱག་རྒྱ་མི་ཟད་པ་མངོན་པར་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར། སེམས་ཅན་གྱི་བསམ་པ་དང་། སྤྱོད་པ་དང་། སྒྲ་ལ་འཇུག་པའི་གཟུངས་དང་མི་འབྲལ་བར་འགྱུར། ཉི་མའི་ཏོག་སྣང་བའི་གཟུངས་དང་མི་འབྲལ་བར་འགྱུར། ཟླ་བའི་ཏོག་སྣང་བའི་གཟུངས་དང་མི་འབྲལ་བར་འགྱུར། ཀུན་ནས་ལྡང་བ་ཐམས་ཅད་རྣམ་པར་གནོན་པ་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར། རྡོ་རྗེ་ལྟར་སྲ་ཞིང་བརྟན་པའི་རི་རྣམ་པར་འཇོམས་པའི་གཟུངས་དང་མི་འབྲལ་བར་འགྱུར། བརྗོད་དུ་མེད་པའི་དོན་བསྟན་པ་ལ་ཡང་དག་པར་གཞོལ་བའི་གཟུངས་དང་མི་འབྲལ་བར་འགྱུར། ཚིག་དང་སྤྱོད་པ་དང་། སྒྲ་ཐམས་ཅད་ལ་འཇུག་པའི་གཟུངས་དང་མི་འབྲལ་བར་འགྱུར། ནམ་མཁའི་དཀྱིལ་འཁོར་དྲི་མ་མེད་པ་བསྒྲུབ་པའི་ཕྱག་རྒྱས་བཏབ་པའི་གཟུངས་དང་མི་འབྲལ་བར་འགྱུར། སངས་རྒྱས་ཀྱི་སྐུ་མཐའ་ཡས་པ་ཡོངས་སུ་རྫོགས་པ་བསྒྲུབ་པའི་གཟུངས་དང་མི་འབྲལ་བར་འགྱུར་རོ། །ལྷའི་བུ་གཟུངས་འདི་དག་ཐོབ་པས་བྱང་ཆུབ་སེམས་དཔའ་རྣམས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་ཀྱི་


DKG089_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མངོན་པར་སྤྲུལ་ནས་ཆོས་སྟོན་ཏོ། །ཆོས་ཉིད་ལས་ཀྱང་མི་གཡོ་ལ། འགྲོ་བ་ཡང་མེད། འོང་བ་ཡང་མེད་དོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་ཀྱང་། སེམས་ཅན་དུ་དམིགས་པ་ཡང་མེད་དོ། །ཆོས་སྟོན་ཀྱང་ཡི་གེ་མཉམ་པ་ཉིད་ལས་གཡོ་བ་མེད་དོ། ། འཆི་འཕོ་བ་དང་སྐྱེ་བ་སྟོན་ཀྱང་འཕོ་བ་ཡང་མེད། སྐྱེ་བ་ཡང་མེད་དོ། །ཆོས་ཐམས་ཅད་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར། འདུ་བྱེད་རྣམས་གང་དུ་ཡང་འགྲོ་བར་མི་འགྱུར། གང་ནས་ཀྱང་འོང་བར་ཡང་མི་འགྱུར་རོ། །ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་སུམ་སྟོང་གིས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་ཚད་མེད་པ་རྣམས་ཀྱིས་ནི། བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །དགེ་སློང་དང་། དགེ་སློང་མ་ཚད་མེད་པ་རྣམས་ཀྱིས་ནི། ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པ་ཐོབ་བོ། །སེམས་ཅན་ཚད་མེད་པ་རྣམས་ཀྱིས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་པ་དང་། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །འཁོར་བའི་རྒྱུན་གཅོད་དམ་ཆོས་འདི། །ཟབ་ཅིང་ཕྲ་ལ་བལྟ་དཀའ་སྟེ། །འདོད་པས་བསྒྲིབས་པའི་དམུས་ལོང་དག །དེ་མ་མཐོང་བས་སྡུག་བསྔལ་ལེན། །དེ་ནས་འཁོར་འདུས་པ་དེ་དག་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཀློག་ཅིང་འདོན་པ་དང་། སྟོན་ཅིང་གནས་པ་དེར་བདག་ཅག་ཐམས་ཅད་མཆིས་ནས། ཆོས་སྟོན་པའི་འཁོར་དུ་བགྱིས་ཏེ། དེ་ལ་ཕན་པ་དང་། བདེ་བ་སྩལ་ཅིང་ལུས་དང་སེམས་བདེ་བར་བགྱིའོ། །བདག་ཅག་གིས་སེམས་རྩེ་གཅིག་ཏུ་གྱུར་པས་མཆོད་པར་བགྱིའོ། །ཉན་པའི་འཁོར་རྣམས་ཀྱང་བདེ་བས་ཚིམ་པར་བགྱིའོ། །རྒྱལ་པོའི་ཡུལ་དེར་ཡང་ཕ་རོལ་གྱི་དགྲའི་འཇིགས་པ་དང་། འཚེ་བ་དང་། མུ་གེའི་ཡ་ང་བས་སྡུག་བསྔལ་བ་མ་མཆིས་པ་དང་། སྐྱེ་བོ་མང་པོས་རྒྱས་ཤིང་


DKG089_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་དར་བར་བགྱིའོ། །ཆོས་འདི་བཤད་པའི་གནས་ཀྱི་དཀྱིལ་འཁོར་འདི་ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་མི་བརྫི་ཞིང་གཙང་མར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཆོས་བཤད་པའི་གནས་འདི་ནི་མཆོད་རྟེན་ལགས་པའི་སླད་དུ། གདུགས་དང་། རྒྱལ་མཚན་དང་། མེ་ཏོག་དང་། བདུག་པ་དང་། ལྷབ་ལྷུབ་ཀྱིས་ཡོངས་སུ་མཆོད་པར་བགྱིའོ། །བདག་ཅག་གིས་ཀྱང་རྟག་ཏུ་བསྲུང་ཞིང་བསྐྱབས་ཏེ་ཉམས་པ་མ་མཆིས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་དེ་དག་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་མདོ་སྡེ་དམ་པ་འདི་བསྒྲུབ་པ་ལ་བརྩོན་པར་གྱིས་ཤིག་དང་། དམ་པའི་ཆོས་འདི་འཇིག་རྟེན་འདིར་ཡུན་རིང་དུ་གནས་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ས་རྣམ་པར་སྦྱོང་བ་ཞེས་བྱ་བའི་ལེའུ་ཞེས་བྱ་སྟེ་དྲུག་པའོ།། །།བམ་པོ་ལྔ་པ། དེ་ནས་བཅོམ་ལྡན་འདས་ཀྱིས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་གསེར་གྱི་ལག་པའི་དབང་པོ་ཞེས་བྱ་བ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ། པདྨོའི་འབྱུང་གནས་འདིས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བསྟོད་དོ། །རྒྱལ་བ་གང་དག་སྔར་འགྱུར་གང་བྱུང་དང་། །ཕྱོགས་བཅུའི་འཇིག་རྟེན་དག་ན་གང་འཚོ་བ། །རྒྱལ་བ་དེ་དག་རྣམས་ལ་ཕྱག་བགྱིའོ། །རྒྱལ་བ་དེ་དག་ཀུན་ལ་བདག་གིས་བསྟོད། །ཐུབ་དབང་ཞི་ཞིང་རབ་ཞི་རྣམ་པར་དག །སྐུ་ནི་གསེར་གྱི་མདོག་ཏུ་རབ་ཏུ་གདའ། །དབྱངས་རྣམས་ཀུན་པས་སངས་རྒྱས་གསུང་སྙན་ཏེ། །ཚངས་པའི་སྒྲ་དབྱངས་རབ་ཏུ་བསྒྲགས་པའི་གསུང་། །བུང་བ་རྨ་བྱ་ཨུཏྤལ་སྔོན་པོའི་དབུ། །མཐོན་མཐིང་ལྕང་ལོ་བྱ་ནི་ཙ་ཤ་འདྲ། །ཁ་བ་དུང་ལྟར་རབ་ཏུ་དཀར་བའི་ཚེམས། །རྟག་ཏུ་གསེར་ལྟར་རྣམ་པར་མཛེས་པར་གདའ། །སྤྱན་ནི་རིང་ཞིང་མཐོན་མཐིང་དྲི་མ་མེད། །


DKG089_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཨུཏྤལ་སྔོན་པོ་རབ་ཏུ་རྒྱས་པ་འདྲ། །ལྗགས་ནི་ཆེ་ཞིང་ལེགས་པ་པདྨའི་མདོག །པདྨ་འདྲར་སྣང་པདྨའི་ཟེ་བ་འདྲ། །ཞལ་གྱི་མཛོད་སྤུ་པད་རྩ་དུང་དང་འདྲ། །བཻ་ཌཱུཪྱ་ཡི་མདོག་འདྲ་གཡས་སུ་འཁྱིལ། །ཐུབ་པའི་སྐུ་ནི་ཟླ་བ་ཕྲ་འདྲ་ཞིང་། །ཟླ་བ་ཟད་འདྲ་སྤྱན་བཀྲག་བུང་བ་བཞིན། །ཞལ་མཐོ་ཤངས་ནི་རྟག་ཏུ་ལྷང་ངེ་སྟེ། །འཇམ་ཞིང་ས་ཡི་གསེར་ལྟར་ཁ་དོག་བཟང་། །རྟག་པར་རྒྱུན་དུ་རྒྱལ་བ་ཐམས་ཅད་ཀྱི། །རོ་མཆོག་འཇམ་ཞིང་དམ་པའི་མཆོག་རབ་འཕགས། །སྤུ་ཡི་བུ་ག་ནས་ནི་རེ་རེ་སྐྱེས། །སྤུ་རྣམས་སྐྱེས་པ་གཡས་སུ་འཁྱིལ་པ་སྟེ། །མཐོན་མཐིང་འདྲ་བར་འཚེར་ཞིང་ལྕང་ལོ་ཅན། །རྨ་བྱའི་མགྲིན་སྡུག་འདྲ་བར་སྔོ་ལ་མཛེས། །བལྟམས་མ་ཐག་ཏུ་སྐུ་ཡིས་སྣང་བར་བགྱིས། །ཕྱོགས་བཅུའི་འཇིག་རྟེན་དག་ནི་ཐམས་ཅད་གང་། །འཇིག་རྟེན་གསུམ་ན་སྡུག་བསྔལ་མཐའ་ཡས་ཞི། ། བདེ་བ་ཀུན་གྱིས་སེམས་ཅན་རྣམས་ཀྱང་ཚིམ། །སེམས་དམྱལ་འགྲོ་དང་དུད་འགྲོར་འགྲོ་བ་དང་། །ཡི་དགས་ལྷ་གནས་མི་ཡི་འགྲོ་རྣམས་སུ། །སེམས་ཅན་དེ་དག་ཐམས་ཅད་བདེ་བས་ཚིམ། །ངན་སོང་འགྲོ་བ་རྣམས་ནི་ཐམས་ཅད་ཞི། །ཁ་དོག་བཟང་བ་གསེར་དང་འདྲ་བའི་འོད། །བཙོ་མའི་གསེར་ལྟར་རབ་ཏུ་སྣང་བའི་སྐུ། །བདེ་གཤེགས་ཟླ་བ་རབ་ཏུ་དྲི་མེད་ཞལ། །འཛུམ་ཞིང་རྣམ་མཛེས་ཤིན་ཏུ་དྲི་མེད་ཞལ། །གཞོན་ནུ་བཙས་འདྲར་སྐུ་ལུས་ཡན་ལག་འཇམ། །སེང་གེ་འདྲ་བར་རྩལ་གྱིས་གནོན་པའི་མཆོག །ཕྱག་རིང་ཕྱག་ནི་རབ་ཏུ་རིང་བ་སྟེ། །སཱ་ལའི་ལྕུག་མ་རླུང་གིས་བསྐྱོད་པ་བཞིན། །འདོམ་གང་འོད་འབར་འོད་ཟེར་རབ་ཏུ་གཏོང་། །ཉི་མ་སྟོང་ལྟར་རབ་ཏུ་ལྷང་ངེའོ། །ཐུབ་པའི་དབང་པོའི་སྐུ་མཆོག་དྲི་མ་མེད། །ཞིང་རྣམས་མཐའ་ཡས་ཐམས་ཅད་རབ་ཏུ་སྣང་། །སངས་རྒྱས་འོད་ནི་རྣམ་པར་ལྷང་ངེ་བས། །ཞིང་རྣམས་མཐའ་ཡས་བརྒྱ་སྟོང་རྣམས་སུ་ཡང་། །མཚན་བྱད་ཟླ་བ་ཉི་མ་མང་པོ་དག །དེ་དག་ཐམས་ཅད་འོད་ནི་མེད་པར་འགྱུར། །སངས་རྒྱས་ཉི་མ་འཇིག་རྟེན་སྒྲོན་མ་སྟེ། །སངས་རྒྱས་ཉི་མ་བརྒྱ་ཕྲག་སྟོང་རྣམས་ནི། །ཞིང་རྣམས་མཐའ་ཡས་སྟོང་ཕྲག་


DKG089_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་དག་ན། །དེ་བཞིན་གཤེགས་པའི་ཉི་མ་སེམས་ཅན་མཐོང་། །བསོད་ནམས་སྟོང་ཕྲག་བརྒྱ་དང་ལྡན་པའི་སྐུ། །ཡོན་ཏན་ཀུན་གྱིས་རབ་ཏུ་བརྒྱན་པའི་སྐུ། །གླང་ཆེན་དབང་པོའི་སྣ་འདྲ་རྒྱལ་བའི་ཕྱག །ཕྱག་དང་ཞབས་འོད་རབ་མཛེས་དྲི་མ་མེད། །ས་ཡི་སྟེང་གི་རྡུལ་དང་མཚུངས་འདྲ་སྙེད། །ཕྲ་བའི་རྡུལ་སྙེད་སངས་རྒྱས་གང་འདས་དང་། །གང་དག་ཕྲ་བའི་རྡུལ་སྙེད་བྱུང་བ་དང་། །གང་དག་ཕྲ་བའི་རྡུལ་སྙེད་བཞུགས་པ་ཡི། །རྒྱལ་བ་དེ་དག་ལ་ནི་རབ་དང་བའི། །ངག་ཡིད་ལུས་ཀྱིས་མེ་ཏོག་དབུལ་བ་དང་། །སྤོས་རྣམས་དབུལ་དང་བསྔགས་པ་བརྒྱ་དག་དང་། །དགེ་བའི་སེམས་ཀྱིས་ཀྱང་ནི་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་གང་དག་དགེ་གྱུར་པ། །སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་སྟེ། །བདག་གིས་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས། །སངས་རྒྱས་ཡོན་ཏན་བརྗོད་པར་མི་ནུས་སོ། །རྒྱལ་བ་གཅིག་གི་ཡོན་ཏན་རྣམས་ཀྱང་ནི། །ལྕེ་སྟོང་གིས་ཀྱང་ཅུང་ཟད་བརྗོད་མི་ནུས། །བདག་གིས་རྒྱལ་བ་དག་ནི་ཐམས་ཅད་ཀྱི། །ཡོན་ཏན་གཅིག་རྒྱས་བརྗོད་པར་ག་ལ་ནུས། །ལྷར་བཅས་འཇིག་རྟེན་ཐམས་ཅད་མཚོར་གྱུར་ཏེ། །སྲིད་པའི་རྩེ་མོ་མན་ཆད་ཆུས་གང་བ། །སྐྲ་ཡི་རྩེ་མོས་དཔག་པར་ནུས་སྲིད་ཀྱིས། །བདེ་གཤེགས་རྣམས་ཀྱི་ཡོན་ཏན་གཅིག་ལ་མིན། །ལུས་དང་ངག་དང་ཡིད་རབ་དང་བ་ཡིས། །རྒྱལ་བ་ཀུན་ལ་བདག་གིས་བསྔགས་བསྟོད་པས། །བདག་གིས་བསོད་ནམས་འབྲས་བུ་མཆོག་བསགས་གང་། །དེས་ནི་སེམས་ཅན་རྒྱལ་བ་རེག་གྱུར་ཅིག །དེ་ལྟར་རྒྱལ་པོས་སངས་རྒྱས་རྣམས་བསྟོད་ནས། །རྒྱལ་པོ་འདི་ལྟར་སྨོན་ལམ་འདེབས་པ་ནི། །མ་འོངས་བསྐལ་པ་མཐའ་ཡས་རྣམས་སུ་ཡང་། །གང་དང་གང་དུ་བདག་ནི་སྐྱེ་བ་ན། །རྨི་ལམ་དུ་ནི་འདི་འདྲའི་རྔ་མཐོང་ཞིང་། །དེར་ནི་བཤགས་པ་འདི་འདྲ་ཐོས་པར་ཤོག །རྒྱལ་བསྟོད་པདྨ་འབྱུང་རྒྱལ་འདི་འདྲ་བ། །ཚེ་རབས་དེ་དང་དེར་ནི་རྙེད་གྱུར་ཅིག །སངས་རྒྱས་ཡོན་ཏན་མཐའ་ཡས་མཚུངས་མེད་དང་། །གང་ཡང་བསྐལ་པ་སྟོང་དུ་རྙེད་དཀའ་


DKG089_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བ། །དེ་དག་རྨི་ལམ་ན་ཡང་ཐོས་པར་ཤོག །ཉིན་གྱུར་ཚེ་ཡང་དེ་དག་སྟོན་གྱུར་ཅིག །སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་བྱེད་ཤོག །ཕ་རོལ་ཕྱིན་པ་དྲུག་པོ་རྫོགས་བགྱིས་ནས། །ཕྱིན་ཆད་བླ་མེད་བྱང་ཆུབ་ཐོབ་པར་ཤོག །བདག་གིས་ཞིང་ནི་འགྲན་ཟླ་མེད་གྱུར་ཅིག །རྔ་ཕུལ་རྣམ་པར་སྨིན་པའི་འབྲས་བུ་དང་། །རྒྱལ་བ་ཐམས་ཅད་ལ་ཡང་བསྟོད་པའི་རྒྱུས། །ཤཱཀྱ་ཐུབ་དབང་མངོན་དུ་མཐོང་བར་ཤོག །དེར་ནི་བདག་གིས་ལུང་བསྟན་ཐོབ་གྱུར་ཅིག །གསེར་གྱི་ལག་པའི་དབང་དང་གསེར་གྱི་འོད། །བདག་གི་ཁྱེའུ་ནི་གང་ཡིན་འདི་གཉིས་ཀྱང་། །དེར་ནི་བུ་ཕོ་དེ་དག་གཉི་ག་ཡང་། །བྱང་ཆུབ་བླ་མེད་ལུང་བསྟན་ཐོབ་པར་ཤོག །སེམས་ཅན་གང་དག་གནས་མེད་རྟེན་མེད་ཅིང་། །སྐྱབས་དང་བྲལ་ནས་ཕོངས་པར་གྱུར་པ་དག །དེ་དག་ལ་ཡང་མ་འོངས་དུས་རྣམས་ན། །སྐྱོབ་དང་དཔུང་གཉེན་སྐྱབས་དང་རྟེན་གྱུར་ཤོག །སྡུག་བསྔལ་ཀུན་འབྱུང་ཟད་པར་བྱེད་གྱུར་ཅིག །བདེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག །སྔོན་མཐའ་འདས་པ་དེ་དག་ཇི་སྲིད་པ། །མ་འོངས་བསྐལ་པར་བྱང་ཆུབ་སྤྱོད་གྱུར་ཅིག །གསེར་འོད་དམ་པ་ཡི་ནི་བཤགས་པ་ཡིས། །བདག་གི་སྡིག་པའི་རྒྱ་མཚོ་སྐེམས་པར་ཤོག །བདག་གི་ལས་ཀྱི་རྒྱ་མཚོ་ཟད་གྱུར་ཅིག །བདག་གི་ཉོན་མོངས་རྒྱ་མཚོ་ཆད་པར་ཤོག །བདག་གི་བསོད་ནམས་རྒྱ་མཚོ་རྫོགས་གྱུར་ཅིག །ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས། །བདག་གི་ཡེ་ཤེས་རྒྱ་མཚོ་རྣམ་དག་ཤོག །ཡོན་ཏན་ཀུན་གྱི་རྒྱ་མཚོར་འགྱུར་བར་ཤོག །བྱང་ཆུབ་ཡོན་ཏན་ཡོན་ཏན་རིན་ཆེན་རྫོགས། །གསེར་འོད་དམ་པའི་བཤགས་པའི་སྟོབས་ཀྱིས་ནི། །བདག་གི་བསོད་ནམས་རབ་ཏུ་སྣང་བར་ཤོག །བདག་གི་བྱང་ཆུབ་སྣང་བ་རྣམ་དག་གྱུར། །ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡིས། །བདག་གི་ལུས་ཀྱི་འོད་ནི་སྣང་བར་ཤོག །བསོད་ནམས་སྣང་བ་ལྷང་ངེར་བྱ་བའི་ཕྱིར། །འཇིག་རྟེན་གསུམ་ན་ཁྱད་པར་འཕགས་གྱུར་ཅིག །བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག །སྡུག་བསྔལ་རྒྱ་


DKG089_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་ལས་ནི་སྒྲོལ་བ་དང་། །བདེ་བ་ཀུན་གྱི་རྒྱ་མཚོ་འདྲ་བ་ཡིས། །མ་འོངས་བསྐལ་པར་བྱང་ཆུབ་སྤྱོད་པར་བགྱི། །འཇིག་རྟེན་གསུམ་ན་སྔོན་མཐར་ཇི་སྙེད་གཤེགས། །དེ་དག་ཞིང་ནི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་མཐའ་ཡས་ཁྱད་འཕགས་ཅི་འདྲ་བ། །ཡོན་ཏན་མཐའ་ཡས་རྣམས་ཀྱིས་བདག་གི་ཞིང་། །མ་འོངས་དུས་ན་དེ་འདྲར་འགྱུར་བར་ཤོག །མཛེས་པའི་ཏོག་གིས་ཤེས་པར་བྱོས། །རྒྱལ་པོ་གསེར་གྱི་ལག་དབང་གིས། །སྔོན་ཚེ་སྨོན་ལམ་འདི་བཏབ་སྟེ། །དེ་ཉིད་ད་ལྟར་ཁྱོད་ཡིན་ནོ། །སྔོན་གྱི་དུས་ཀྱི་བུ་གཉིས་ནི། །གསེར་གྱི་ལག་དང་གསེར་གྱི་འོད། །དེ་ཉིད་དངུལ་ཏོག་དངུལ་འོད་ཅེས། །ངས་ནི་དེ་ཚེ་ལུང་བསྟན་ཏོ། །འཁོར་མང་དེ་དག་འདི་ཐོས་ནས། །ཀུན་གྱིས་བྱང་ཆུབ་སེམས་བསྐྱེད་པ། །ད་ལྟར་མ་འོངས་དུས་དག་ཏུ། ། རྟག་པར་བཤགས་པ་འདི་བྱེད་ཤོག །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ལ་བསྟོད་པའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་དེའི་ནང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བར་གནས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་གསེར་ཅན་ཞེས་བྱ་བའི་གཟུངས་འདི་གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་ཐམས་ཅད་མངོན་དུ་མཆོད་ཅིང་བཀུར་སྟི་བྱེད་འདོད་པས་གཟུངས་འདི་བཅང་ཞིང་གཟུང་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཟུངས་འདི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུམ་ཡིན་པའི་ཕྱིར། གཟུངས་འདི་འཛིན་པ་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་འཕེལ་བར་འགྱུར་རོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་དཔག་ཏུ་མེད་པ་དག་ལ་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱིས་འཛིན་ཅིང་འཆང་བར་འགྱུར་རོ། །ཚུལ་ཁྲིམས་རྣམ་པར་དག་པ་མ་ཉམས་ཤིང་སྐྱོན་མེད་


DKG089_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

པ་རྣམས་ཀྱིས། ཆོས་ཀྱི་རྣམ་གྲངས་ཤིན་ཏུ་ཟབ་མོ་འདི་ལ་འཇུག་ནུས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུངས་སྔགས་བསྒྲུབ་པའི་ཆོ་ག་ནི། སྔར་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའི་མཚན་འདི་དག་བརྗོད་ཅིང་། སེམས་རྩེ་གཅིག་པས་ཕྱག་འཚོལ་ལ་དེ་ནས་སྔགས་འདི་གདོན་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཕྱག་འཚལ་ལོ། །ཉན་ཐོས་དང་རང་སངས་རྒྱས་དང་། འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་ཏོག་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་སངས་རྒྱས་རྔ་སྒྲའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་ཡངས་པའི་དཔལ་ལ་ཕྱག་འཚལ་ལོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་སྣང་བ་དམ་པའི་དཔལ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་སྙིང་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་ཏུ་སྣང་བ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོས་མཆོག་བརྩེགས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་པདྨ་དམ་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་མཉམ་པར་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་རིན་ཆེན་འོད་ལ་ཕྱག་འཚལ་ལོ། །སངས་རྒྱས་དྲི་མེད་འོད་སྣང་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤོབས་པས་བཀོད་པར་དགོངས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཟླ་འོད་རྣམ་དག་གྲགས་པའི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་མེ་ཏོག་འོད་བཀོད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་སྣང་རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་དགེ་འོད་དྲི་མ་མེད་པར་གྲགས་པའི་


DKG089_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་རས་གཟིགས་དབང་མི་འཇིགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་འཇིགས་མེད་གྲགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་རབ་མཆོག་རྒྱལ་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལེགས་པའི་བློ་གྲོས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས་གཟུངས་འདི་གདོན་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཏདྱ་ཐཱ། ཀུ་ཊི་ཀུ་ཊི་ནི། ཨི་མི་རི་ཏོ། ཀོ་ཥ་ཎི། ཨི་མི་རི་ཎི། ཨི་རཱི་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བདེ་བར་གནས་པ་ལ་བཀའ་སྩལ་པ། གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་ཡུམ་ཡིན་པའི་ཕྱིར། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གཟུངས་འདི་འཆང་ཞིང་འཛིན་ན། བསོད་ནམས་ཀྱི་ཚོགས་ཚད་མེད་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །གྲངས་མེད་པའི་སངས་རྒྱས་རྣམས་ལ་བཀུར་སྟི་དང་། མཆོད་པ་དང་། རིམ་གྲོ་དང་། བསྔགས་པར་བྱས་པར་འགྱུར་རོ། །སངས་རྒྱས་དེ་རྣམས་ཀྱིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལ་ལུང་སྟོན་པར་འགྱུར་རོ། །བདེ་བར་གནས་པ་གང་ཞིག་གཟུངས་སྔགས་འདི་འཆང་བ་དེས་གོས་དང་། བསོད་


DKG089_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྙོམས་དང་། རིན་པོ་ཆེ་དང་། མང་དུ་ཐོས་ཤིང་མཁས་པ་དང་། ནད་མེད་ཅིང་ཚེ་རིང་བ་ལ་སོགས་པ་ཡིད་བཞིན་དུ་འཐོབ་སྟེ། བསོད་ནམས་ཤིན་ཏུ་མང་དུ་འཕེལ་ལོ། །ཅི་དང་ཅི་འདོད་པ་དེ་དང་དེ་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །བདེ་བར་གནས་ནས་སྔགས་འདི་འཆང་ཞིང་འཛིན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། རྟག་པར་བྱང་ཆུབ་སེམས་དཔའ་གསེར་གྱི་གྲོང་ཁྱེར་རི་བོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་པིང་ག་ལ་ཆེན་པོ་ལ་སོགས་པ་དང་ལྷན་ཅིག་ཏུ་གནས་ཏེ། བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས་སྲུང་བར་བྱེད་དོ། །བདེ་བར་གནས་པས་གཟུངས་འདི་སྒྲུབ་པའི་ཆོ་ག་ནི་འདི་ཡིན་པར་ཤེས་པར་བྱའོ། །ཐོག་མར་བཟླས་བརྗོད་ཁྲི་རྩ་བརྒྱད་ཚང་བར་བཟླས་པས་བསྙེན་པར་བྱའོ། །དེ་ནས་ཁང་པ་དབེན་པའི་ནང་དུ། དཀྱིལ་འཁོར་བྱས་ཏེ། ཚེས་བཅུ་དྲུག་གི་ཉིན་པར་ཁྲུས་བྱས་གོས་སར་པ་གྱོན་ཏེ། བདུག་པ་དང་། མེ་ཏོག་དང་། ཞལ་ཟས་སྣ་མང་པོ་ལ་སོགས་པས། མཆོད་པ་བྱ་ཞིང་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། ཐོག་མར་སྔར་སྨོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཚན་ནས་བརྗོད་དེ། གུས་པར་ཕྱག་འཚལ་ཞིང་སྡིག་པ་བཤགས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྔགས་དེ་སྟོང་རྩ་བརྒྱད་ཚང་བར་བཟླས་སོ། །དེ་ནས་ལུས་བསྲང་སྟེ་འདུག་ནས་ཅི་འདོད་པ་དེ་བསམ་པར་བྱའོ། །དེ་ནས་ཉི་མ་མ་ཤར་བར་དཀྱིལ་འཁོར་གྱི་ནང་དུ་ཁ་ཟས་གཙང་མ་ཟ་གཅིག་ཏུ་བཟའོ། །དེ་ནས་ཞག་བཅྭ་ལྔ་ལོན་པ་དང་། གཟོད་དཀྱིལ་འཁོར་དེ་ནས་བྱུང་བར་བྱས་ཏེ། མི་དེ་ནི་བསོད་ནམས་དང་གཟི་བརྗིད་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་བསམ་པ་མ་གྲུབ་ན་ཡང་དཀྱིལ་འཁོར་དེར་ཞུགས་ན། བསམ་པ་ཡོངས་སུ་


DKG089_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་འགྱུར་བས། དེ་ཕྱིན་ཅད་ཀྱང་རྟག་ཏུ་རྗེས་སུ་དྲན་པར་བྱའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གསེར་ཅན་ཞེས་བྱ་བའི་གཟུངས་ཏེ་ལེའུ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གཟུངས་དེ་གསུངས་ནས། ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ལྷ་དང་མི་ལ་སོགས་པའི་འཁོར་འདུས་པ་དེ་དག་ལ་ཕན་པ་དང་། བདེ་བའི་ཕྱིར་དོན་དམ་པའི་བདེན་པ་སྟོང་པའི་མཚན་ཉིད་དེ་བསྟན་པའི་ཕྱིར་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གྱིས་མི་ཁྱབ་མདོ་རྣམས་གཞན་དག་ཏུ། །སྟོང་པའི་ཆོས་རྣམས་རབ་ཏུ་རྒྱས་བཤད་དེ། །དེ་ལྟ་བས་ན་མདོ་མཆོག་དམ་པ་འདིར། །སྟོང་པའི་ཆོས་རྣམས་མདོ་ཙམ་བཤད་པར་བྱ། །སེམས་ཅན་བློ་ཆུང་རྣམ་པར་མི་ཤེས་པས། །ཆོས་རྣམས་ཐམས་ཅད་ཤེས་པར་མི་ནུས་ཏེ། །དེ་ལྟ་བས་ན་མདོ་མཆོག་དམ་པ་འདིར། །སྟོང་པའི་ཆོས་རྣམས་མདོ་ཙམ་རབ་ཏུ་བཤད། །སེམས་ཅན་ཀུན་གྱིས་ཅི་ནས་ཤེས་འགྱུར་དང་། །སེམས་ཅན་འབྱུང་བྱའི་ཕྱིར་ནི་སྙིང་རྗེའི་དབང་། །ཐབས་དང་ཚུལ་དང་རྒྱུ་གཞན་རྣམས་ཀྱིས་ནི། །མདོ་མཆོག་དམ་པ་དབང་པོ་འདི་བཤད་དོ། །ལུས་འདི་གྲོང་ཁྱིམ་སྟོང་པ་ཇི་བཞིན་ཏེ། །དབང་པོ་རྣམས་ནི་དམག་དང་ཆོམ་རྐུན་འདྲ། །དེ་དག་ཐམས་ཅད་གྲོང་གཅིག་གནས་མོད་ཀྱི། །དེ་དག་ཕན་ཚུན་རྣམ་པར་མི་ཤེས་སོ། །མིག་གི་དབང་པོ་གཟུགས་གྱུར་རྣམས་ལ་རྒྱུག །རྣ་བའི་དབང་པོ་སྒྲ་ལ་རྣམ་པར་དཔྱོད། །སྣ་ཡི་དབང་པོ་སྣ་ཚོགས་དྲི་རྣམས་འཕྲོག །ལྕེ་ཡི་དབང་པོ་རྟག་ཏུ་རོ་ལ་རྒྱུག །ལུས་ཀྱི་དབང་པོ་རེག་པ་དག་ལ་རྒྱུག །ཡིད་ཀྱི་དབང་པོ་ཆོས་རྣམས་རྣམ་པར་དཔྱོད། །དབང་པོ་དྲུག་པོ་འདི་དག་ཕན་ཚུན་དུ། །རང་རང་ཡུལ་ལ་རབ་ཏུ་འཇུག་པར་བྱེད། །སེམས་ནི་སྒྱུ་མ་ལྟ་བུར་གཡོ་བ་ཡིན། །དབང་པོ་དྲུག་ནི་ཡུལ་ལ་རྣམ་དཔྱོད་དེ། །ཇི་ལྟར་མི་ཞིག་གྲོང་སྟོང་རྒྱུག་པ་དང་། །དམག་དང་ཆོམ་རྐུན་དག་དང་གནས་པ་བཞིན། །ཇི་ལྟར་བྱ་ཞིག་ཡུལ་དྲུག་གནས་བཅས་ཤིང་། །དབང་པོའི་སྤྱོད་ཡུལ་དག་ཀྱང་རབ་ཤེས་པ། །དེ་ལྟར་སེམས་ནི་ཡུལ་


DKG089_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གནས་བཅས་ཏེ། །དབང་པོའི་སྤྱོད་ཡུལ་རྣམས་ཀྱང་རབ་ཏུ་ཤེས། །གཟུགས་དང་སྒྲ་དང་དེ་བཞིན་དྲི་རྣམས་དང་། །རོ་དང་རེག་བྱ་དེ་བཞིན་སྤྱོད་ཡུལ་ཆོས། །སེམས་ནི་དབང་པོ་དྲུག་པོ་ཐམས་ཅད་ལ། །དབང་པོར་ཞུགས་པར་བྱ་བཞིན་གཡོ་བར་གྱུར། །དབང་པོ་གང་དང་གང་དུ་གནས་བཅས་པ། །དབང་པོ་དེ་ནི་ཤེས་པ་བདག་ཉིད་བྱེད། །ལུས་ནི་གཡོ་བ་མེད་ཅིང་བྱེད་པ་མེད། །སྙིང་པོ་མེད་ཅིང་རྐྱེན་ལས་བྱུང་བ་ཡིན། །ཡང་དག་མ་ཡིན་ཡོངས་སུ་རྟོག་ལས་བྱུང་། །གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནས། །ས་དང་མེ་དང་ཆུ་དང་རླུང་རྣམས་ནི། །གྲོང་གཞན་གནས་ཏེ་ཕྱོགས་དང་ཕྱོགས་ན་གནས། །དཔེར་ན་སྦྲུལ་གདུག་གནས་གཅིག་ཇི་བཞིན་ཏེ། །རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་བཞིན། །ཁམས་ཀྱི་སྦྲུལ་རྣམས་བཞི་པོ་དེ་དག་ཀྱང་། །གཉིས་ནི་སྟེང་འགྲོ་གཉིས་ནི་ཐུར་དུ་འགྲོ། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གཉིས་གཉིས་ཏེ། །ཁམས་སྦྲུལ་དེ་དག་ཐམས་ཅད་འཇིག་པར་འགྱུར། །ས་ཡི་སྦྲུལ་དང་ཆུ་ཡི་སྦྲུལ་དག་དང་། །འདི་གཉིས་(འགོ,འོག)་ཏུ་ཟད་པར་འགྱུར་བ་ཡིན། །མེ་ཡི་སྦྲུལ་དང་རླུང་གི་སྦྲུལ་དག་དང་། །འདི་གཉིས་སྟེང་གི་ནམ་མཁར་འགྲོ་བ་ཡིན། །ཇི་ལྟར་སྔོན་ཆད་བྱས་པའི་ལས་རྣམས་ཀྱིས། །སེམས་དང་རྣམ་ཤེས་ཀུན་ཏུ་གནས་ནས་དོང་། །ལྷ་དང་མི་དང་ངན་སོང་གསུམ་དག་ཏུ། །ཇི་ལྟར་བྱས་པའི་ལས་ཀྱིས་སྲིད་པར་སྐྱེ། །བད་ཀན་རླུང་དང་མཁྲིས་པ་ཟད་གྱུར་ན། ། ལུས་ནི་གཅིན་དང་ངན་སྐྱུགས་རྣམས་ཀྱིས་གང་། །མངོན་པར་མི་དགའ་སྲིན་བུའི་ཕུང་པོར་གྱུར། །དུར་ཁྲོད་དག་ན་འཐོར་བ་ཤིང་བཞིན་གྱུར། །ལྷ་མོ་ཁྱོད་ནི་ཆོས་འདི་རྣམས་ལ་ལྟོས། །འདི་ལ་སེམས་ཅན་གང་ཟག་གང་ཞིག་ཡོད། །ཆོས་རྣམས་འདི་དག་ཐམས་ཅད་སྟོང་པ་སྟེ། །མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན། །འབྱུང་བ་ཆེན་པོ་འདི་དག་ཆེ་འབྱུང་མིན། །མ་བྱུང་བ་ལས་བྱུང་ཞིང་མི་འབྱུང་སྟེ། །གང་གི་ཕྱིར་ནི་འབྱུང་བ་མི་འབྱུང་བ། །དེ་ཕྱིར་འབྱུང་བ་ཆེ་ཞེས་ངས་བརྗོད་དོ། །ཡོད་པ་མིན་ཞིང་ནམ་ཡང་ཡོད་མིན་ལ། །མ་རིག་


DKG089_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡི་རྐྱེན་ལས་འབྱུང་བ་ཡིན། །མ་རིག་འདི་ནི་ཡོད་པ་མ་ཡིན་ཏེ། །དེ་བས་ངས་ནི་མ་རིག་འདི་བཤད་དོ། །འདུ་བྱེད་རྣམ་ཤེས་མིང་དང་གཟུགས་བཅས་དང་། །སྐྱེ་མཆེད་དྲུག་དང་རེག་དང་ཚོར་བ་དང་། །སྲེད་དང་ལེན་དང་དེ་བཞིན་སྲིད་པ་དང་། །སྐྱེ་དང་རྒ་ཤི་མྱ་ངན་གནོད་པ་རྣམས། །འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ། །འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དག །མ་བྱུང་བ་ལས་བྱུང་དང་མི་འབྱུང་དང་། །ཚུལ་བཞིན་མ་ཡིན་སེམས་ཀྱིས་རྣམ་དཔྱད་དང་། །བདག་གི་ལྟ་བར་གྱུར་པ་གཅད་པར་བགྱིས། །ཡེ་ཤེས་རལ་གྲིས་ཉོན་མོངས་རྒྱ་མོ་དྲོལ། །ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྟོས། །བྱང་ཆུབ་ཡོན་ཏན་རྒྱ་ཆེན་རེག་པར་གྱིས། །ངས་ནི་བདུད་རྩི་གྲོང་ཁྱེར་སྒོ་ཡང་ཕྱེ། །བདུད་རྩིའི་ཁུ་བའི་སྣོད་ཀྱང་ཀུན་ཏུ་བསྟན། །ངས་ནི་བདུད་རྩིའི་གྲོང་ཁྱེར་གནས་དེར་འཇུག །ངས་ནི་བདུད་རྩིའི་ཁུ་བས་བདག་ཚིམ་བྱས། །ངས་ནི་ཆོས་ཀྱི་རྔ་ཆེན་དམ་པ་བརྡུངས། །ངས་ནི་ཆོས་ཀྱི་དུང་གི་མཆོག་ཀྱང་བུས། །ངས་ནི་ཆོས་ཀྱི་སྒྲོན་མ་མཆོག་འབར་བྱས། །ངས་ནི་ཆོས་ཀྱི་ཆར་པ་དམ་པ་ཕབ། །ངས་ནི་ཉོན་མོངས་དགྲ་ཚོགས་རྣམས་ལས་རྒྱལ། ། ངས་ནི་ཆོས་ཀྱི་རྒྱལ་མཚན་དམ་པ་བསྒྲེང་། །སྲིད་པའི་མཚོ་ལས་སེམས་ཅན་རབ་ཏུ་བསྒྲལ། །ངས་ནི་ངན་སོང་གསུམ་གྱི་ལམ་རྣམས་བཀག །སེམས་ཅན་ཉོན་མོངས་མེ་ཡིས་གདུངས་གྱུར་པ། །རྟེན་མེད་གྱུར་ཅིང་དཔུང་གཉེན་མེད་པ་དག །སྲོག་ཆགས་ཉོན་མོངས་མེས་གདུངས་ཞི་བྱས་ནས། །བདུད་རྩི་ཁུ་བ་བསིལ་བས་ཚིམ་པར་བྱས། །གང་ཕྱིར་བསྐལ་བ་དུ་མར་སྔོན་ཆད་ངས། །འདྲེན་པ་བསམ་གྱིས་མི་ཁྱབ་མཆོད་པ་བྱས། །ཆོས་ཀྱི་སྐུ་དེ་ཡོངས་སུ་ཚོལ་བ་ན། །བརྟུལ་ཞུགས་བརྟན་པས་བྱང་ཆུབ་ཕྱིར་སྤྱད་དེ། །ལག་པ་དང་ནི་མིག་དང་རྐང་པ་དང་། །ཡན་ལག་མཆོག་དང་བུ་སྡུག་བུ་མོ་དང་། །ནོར་དབྱིག་ནོར་བུ་མུ་ཏིག་རྒྱན་དང་གསེར། །བཻ་ཌཱུཪྱ་དང་རིན་ཆེན་སྣ་ཚོགས་བཏང་། །སྟོང་གསུམ་ཤིང་ལྗོན་ཐམས་ཅད་དང་། །རྩྭ་དང་རྩྭ་རྣམས་ཐམས་ཅད་དང་། །ནགས་ཚལ་དག་


DKG089_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དང་ས་ལས་ནི། །འཁྲུངས་པ་ཐམས་ཅད་གཅད་གཏུབས་ཏེ། །དེ་དག་ཐམས་ཅད་ཕྱེར་བརླགས་ནས། །རབ་ཏུ་ཕྲ་བའི་རྡུལ་འདྲར་བྱས། །ནམ་མཁའི་དཀྱིལ་འཁོར་ཇི་ཙམ་པར། །ཕྱེ་མའི་ཕུང་པོ་སྤུངས་ནས་ནི། །འདི་ལ་ཆ་གསུམ་དབྱེ་བར་ནུས། །ས་ལ་རྡུལ་ནི་ཡོད་པ་རྣམས། །སྟོང་གསུམ་དག་ནི་ཐམས་ཅད་ཀྱི། །རྡུལ་ཁམས་བསམ་གྱིས་མི་ཁྱབ་པ། །སེམས་ཅན་ཀུན་གྱིས་ཤེས་པ་གང་། །དེ་ནི་སེམས་ཅན་གཅིག་གིར་གྱུར། །ཤེས་པ་དེ་ཡིས་རྡུལ་རྣམས་ཀྱི། །ཕྱེ་མ་བགྲང་བར་བྱེད་ན་ནི། །སེམས་ཅན་ཀུན་ལས་རབ་འཕགས་པ། །ཡེ་ཤེས་རབ་ལྡན་མི་རྣམས་ཀྱིས། །ཐམས་ཅད་བགྲང་བར་ནུས་སྲིད་ཀྱི། །རྒྱལ་བའི་མཁྱེན་པ་མི་ནུས་སོ། །ཐུབ་པ་ཆེན་པོའི་ཡེ་ཤེས་གང་། །སྐད་ཅིག་གཅིག་ལ་འཇུག་པ་ཡང་། །བསྐལ་པ་བྱེ་བ་དུ་མར་ནི། །གང་དུའང་བགྲང་བར་མི་ནུས་སོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་སྟེ་དགུ་པའོ།། །།དེ་ནས་ལྷ་མོ་རིན་ཆེན་འོད་འཕྲོས་ཆོས་བསྟན་པ་ཤིན་ཏུ་ཟབ་མོ་དེ་ཐོས་ནས། དགའ་བ་དང་རངས་པ་སྐྱེས་ཏེ། འཁོར་འདུས་པ་དེའི་ནང་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བསྟན་པ་ཟབ་མོ་འདི་ལ་ཇི་ལྟར་རྣལ་འབྱོར་དུ་བྱ་བ་ཞུ་བའི་ཕྱིར། བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། རྒྱལ་བ་རྐང་གཉིས་གཙོ་ལགས་ཏེ། །འཇིག་རྟེན་ཀུན་ཏུ་སྣང་མཛད་པ། །བྱང་ཆུབ་སྤྱོད་པ་ཡང་དག་ཚུལ། །བདག་ལ་ཐུགས་རྗེས་བཤད་དུ་གསོལ། །རིགས་ཀྱི་ལྷ་མོ་ལ་བཀའ་སྩལ་པ། ཁྱོད་ལ་ཐེ་ཚོམ་ཅི་ཡོད་པ། །འདྲི་བའི་དོན་དེ་ཞུས་ཤིག་དང་། །རྣམ་པར་ཕྱེ་སྟེ་བསྟན་པར་བྱ། །དེ་ནས་ཡང་རིགས་ཀྱི་ལྷ་མོས་བཅོམ་ལྡན་འདས་ལ་གསོལ་བ། བདག་དང་གཞན་ལ་ཕན་གདགས་ཕྱིར། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འཁོར་དང་མྱ་ངན་འདས་བྲལ་


DKG089_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །བྱང་ཆུབ་སྤྱོད་པ་ཇི་ལྟར་སྤྱད། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷ་མོ་ཆོས་ཀྱི་དབྱིངས་ལ་གནས་ཏེ། བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པས་ན། མཉམ་པ་ཉིད་ལ་ནན་ཏན་དུ་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་ལྷ་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཀྱི་དབྱིངས་ལ་གནས་ཏེ། བྱང་ཆུབ་ཀྱི་སྤྱད་པ་སྤྱོད་ཅིང་མཉམ་པ་ཉིད་ལ་ནན་ཏན་དུ་བགྱི་བ་ལགས། བཀའ་སྩལ་པ། ལྷ་མོ་དེ་ནི་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་འདོགས་ཏེ། ཆོས་ཀྱི་དབྱིངས་ནི་ཕུང་པོ་ལྔ་ཉིད་དོ། །ཕུང་པོ་ལྔ་ཡང་བརྗོད་དུ་མེད་པ། ཕུང་པོ་ལྔ་མ་ཡིན་པ་ཡང་བརྗོད་དུ་མེད་པ་སྟེ། དེ་ལ་ཆོས་ཀྱི་དབྱིངས་དེ་ཉིད་ཕུང་པོ་ལྔ་ཡིན་ན་ནི་ཆད་པར་འགྱུར་རོ། །གལ་ཏེ་ཕུང་པོ་ལྔ་ལས་གཞན་པར་འདོད་ན་ནི་རྟག་པར་འགྱུར་ཏེ། མཚན་མ་གཉིས་དང་བྲལ་བ། མཐའ་གཉིས་ལ་མི་གནས་པ། བལྟར་མེད་པ། བལྟ་བར་བྱ་བ་ལས་འདས་པ། མིང་དང་མཚན་མ་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཞེས་བརྗོད་དོ། །རིགས་ཀྱི་ལྷ་མོ་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་ཇི་ལྟར་གདགས་ཞེ་ན། ཕུང་པོ་ལྔ་དེ་ནི་རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པ་དེ། དེ་ཡང་གལ་ཏེ་རྒྱུ་དང་རྐྱེན་ལས་སྐྱེ་བ་ཞིག་ཡིན་ན་ནི། སྐྱེས་ཟིན་པ་སྐྱེའམ། མི་སྐྱེ་བ་སྐྱེ་ཞེས་བྱ། གལ་ཏེ་སྐྱེས་ཟིན་པ་སྐྱེ་ན་ནི། རྒྱུ་དང་རྐྱེན་ཀྱང་མི་དགོས་པའི་རིགས་སོ། །གལ་ཏེ་མ་སྐྱེས་པ་སྐྱེ་ན་ནི། སྐྱེ་བ་དམིགས་སུ་མེད་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་མ་སྐྱེས་པའི་ཆོས་རྣམས་ནི་ཡོད་པ་མ་ཡིན་པ་ཉིད་པས་མིང་མེད་པ་མཚན་མ་མེད་པ། གཞལ་བ་དང་། དཔག་པ་དང་། དཔེར་བྱ་བས་མི་བརྗོད་པ་སྟེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པར་བྱ་བ་མ་ཡིན་ནོ། །རིགས་ཀྱི་ལྷ་མོ་དཔེར་ན། རྔའི་སྒྲ་ནི་ཤིང་དང་། ཀོ་བ་དང་། ལག་པ་ལ་བརྟེན་ཏེ་སྒྲ་འབྱུང་མོད་ཀྱི། རྔའི་སྒྲ་དེ་ནི་འདས་པ་ཡང་སྟོང་། མ་འོངས་པ་ཡང་སྟོང་། ད་ལྟར་གནས་པ་ཡང་སྟོང་སྟེ། རྔའི་སྒྲ་དེ་ནི་ཤིང་ལས་མ་བྱུང་། ཀོ་བ་དང་ལག་པ་ལས་


DKG089_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་བྱུང་། དུས་གསུམ་གྱིས་མ་བསྐྱེད་པས་མི་སྐྱེ་བ་སྟེ། གང་མི་སྐྱེ་བ་དེ་ནི་མི་འགོག་པའོ། །གང་མི་(འོགས,འགོག)་པ་དེ་ནི་གང་ནས་ཀྱང་མ་འོངས་པའོ། །གང་ནས་ཀྱང་མ་འོངས་པ་དེ་ནི་གང་དུ་ཡང་མི་འགྲོ་བའོ། །གང་དུ་ཡང་མི་འགྲོ་བ་དེ་ནི་རྟག་པ་དང་ཆད་པ་མ་ཡིན་པས་གཅིག་པ་ཡང་མ་ཡིན། ཐ་དད་པ་ཡང་མ་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན།གལ་ཏེ་གཅིག་པ་ཡིན་ན། ཆོས་ཀྱི་དབྱིངས་དང་ཐ་མི་དད་པས། འོ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀྱང་། དོན་དམ་པའི་བདེན་པ་མངོན་དུ་གྱུར་པས། མྱ་ངན་ལས་འདས་པའི་བདེ་བ་དམ་པ་ཐོབ་པར་འགྱུར་བ་ཞིག་ན། དེ་ལྟ་མ་ཡིན་པས་དེ་གཅིག་པ་མ་ཡིན་ནོ། །གལ་ཏེ་དེ་ཐ་དད་པ་ཡིན་ན་ནི། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་ཡང་། མཚན་མ་དེ་ཉིད་འཛིན་པ་ཡིན་པས། རྣམ་པར་གྲོལ་བར་ཡང་མི་འགྱུར་ཞིང་། ཉོན་མོངས་པའི་འཆིང་བ་དང་མ་བྲལ་བས། དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པ་རྣམས་ནི་འདུ་བྱེད་དང་། འདུ་བྱེད་མ་ཡིན་པ་ཡང་དག་པའི་ངོ་བོར་གཅིག་པའི་ཕྱིར་ཐ་དད་པ་མ་ཡིན་ནོ། །དེ་བས་ན་ཕུང་པོ་ལྔ་པོ་དེ་ནི་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡང་མ་ཡིན། རྒྱུ་དང་རྐྱེན་མེད་པས་བསྐྱེད་པ་ཡང་མ་ཡིན་པ། ཚིག་གིས་ཐོག་ཏུ་མི་ཕེབས་པ། མིང་དང་མཚན་མ་མེད་པ། རྒྱུ་དང་རྐྱེན་མེད་པ། དཔེས་བསྟན་དུ་མེད་པ། ཐོག་མ་དང་ཐ་མར་དབེན་པ། རང་གི་ངང་གིས་སྟོང་པ་སྟེ། དེ་ནི་འཕགས་པ་རྣམས་ཀྱིས་མཁྱེན་པར་བྱ་བ་ཡིན་གྱི། གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པའོ། །དེ་བས་ན་ཕུང་པོ་ལྔ་ལ་ཆོས་ཀྱི་དབྱིངས་སུ་སྟོན་ཏོ། །གཞན་ཡང་རིགས་ཀྱི་ལྷ་མོ་གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དམ་པ་དང་། ཀུན་རྫོབ་གཞན་དང་གཞན་མ་ཡིན་པར་འདོད་པ་དེ་ནི་དཔག་པར་དཀའ་བ་སྟེ། འཕགས་པ་དང་། མ་རབས་ཀྱི་སྤྱོད་ཡུལ་ནི་གཅིག་


DKG089_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཐ་དད་པའི་རང་བཞིན་མ་ཡིན་ཏེ། ཀུན་རྫོབ་ཀྱང་མ་སྤངས། དོན་དམ་པ་དང་ཡང་བྲལ་བར་མ་གྱུར་པ་དེ་ནི། ཆོས་ཀྱི་དབྱིངས་ལ་གནས་ཤིང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་ལྷ་མོ་དེ་རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། ཐལ་མོ་སྦྱར་བས་བཏུད་དེ། སྤྱི་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལ་བདག་གིས་བསླབ་པར་འཚལ་ལོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་འཁོར་འདུས་པ་དེའི་ནང་ན་འདུག་པས། རིགས་ཀྱི་ལྷ་མོ་རིན་ཆེན་འོད་འཕྲོ་ལ་འདི་སྐད་ཅེས་དྲིས་སོ། །ལྷ་མོ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན་ཏུ་བསྒྲུབ་པར་དཀའ་བ་འདི་ཁྱོད་ཇི་ལྟར་སྤྱོད་པས་དེ་ལ་དབང་ཐོབ་པར་འགྱུར། དེ་ནས་རིགས་ཀྱི་ལྷ་མོས་ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཚངས་པའི་རྒྱལ་པོ་ཆེན་པོ་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་དེ་ཤིན་ཏུ་ཟབ་པས་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་དེའི་དོན་མི་ཤེས་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་བས། མཆོག་ཏུ་ཕྲ་བ་ཤེས་པར་དཀའ་བའོ། །བདག་ནི་ཆོས་འདི་ལ་བརྟེན་ཏེ། བདེ་བར་གནས་པ་ཐོབ་བོ། །གལ་ཏེ་ཚིག་དེ་བདེན་པ་ལྟ་ན། སྙིགས་མ་ལྔའི་འཇིག་རྟེན་གྱི་ཁམས་འདི་དག་ན། ཚད་མེད་གྲངས་མེད་དཔག་ཏུ་མེད་པའི་སེམས་ཅན་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏེ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་པ་ཤ་སྟག་ཏུ་གྱུར་ཏེ། རིན་པོ་ཆེའི་པདྨ་ལ་འདུག་ཅིང་། བདེ་བ་ཚད་མེད་པ་ལ་ལོངས་སྤྱོད་པ་དང་། ལྷའི་མེ་ཏོག་མཆོག་གི་ཆར་འབབ་ཅིང་། ལྷའི་སིལ་སྙན་དང་། རོལ་མོ་མ་དཀྲོལ་བར་རང་བྱུང་བའི་མཆོད་པ་དེ་ལྟ་བུ་དང་ལྡན་པར་ཤོག་ཅིག་ཅེས་སྨྲས་མ་ཐག་ཏུ། སྙིགས་མ་ལྔའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན། སེམས་


DKG089_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་གསེར་གྱི་ཁ་དོག་ཅན། སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ། སྐྱེས་པ་ཡང་མ་ཡིན། བུད་མེད་ཀྱང་མ་ཡིན་པར་གྱུར་ནས། རིན་པོ་ཆེའི་པདྨ་ལ་འདུག་ཅིང་། བདེ་བ་ཚད་མེད་པས་ལོངས་སྤྱོད་པར་གྱུར་པ་ནི། ཇི་ལྟར་གཞན་འཕྲུལ་དབང་བྱེད་ལྷའི་གཞལ་མེད་ཁང་པ་ནངན་འགྲོ་ཐམས་ཅད་མེད་ཅིང་རིན་པོ་ཆེའི་ལྗོན་ཤིང་སྣ་ཚོགས་བྲེས་པ། རིན་པོ་ཆེ་སྣ་བདུན་གྱི་པདྨས་འཇིག་རྟེན་གྱི་ཁམས་ཁྱབ་པར་བྱས་པ། རིན་པོ་ཆེ་སྣ་བདུན་དང་། ལྷའི་མེ་ཏོག་གི་ཆར་འབབ་པ། ལྷའི་རོལ་མོ་སྣ་ཚོགས་ཀྱིས་ལོངས་སྤྱོད་པར་གནས་པ་བཞིན་དུ་གྱུར་ཏོ། །དེ་ནས་རིགས་ཀྱི་ལྷ་མོ་རིན་ཆེན་འོད་འཕྲོ་ཡང་བུད་མེད་ཀྱི་ལུས་ལས། ཚངས་པའི་ལུས་སུ་བསྒྱུར་ཅིང་འདུག་གོ། །བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་ལ་ཚངས་པའི་རྒྱལ་པོས་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཁྱོད་ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད། སྨྲས་པ། ཚངས་པའི་རྒྱལ་པོ་ཆེན་པོ་ཆུའི་ཟླ་བ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་བཞིན། བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །རྨི་ལམ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་བཞིན། བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །སྨིག་རྒྱུ་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་བཞིན། བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །སྒྲ་བརྙན་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་པ་བཞིན། བདག་ཀྱང་བྱང་ཆུབ་ཀྱི་སྤྱད་པ་སྤྱོད་དོ། །དེ་སྐད་ཅེས་བཤད་པ་ཚངས་པ་ཆེན་པོས་ཐོས་ནས། བྱང་ཆུབ་སེམས་དཔའ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་ཁྱོད་དོན་གང་ལ་གནས་ཏེ་ཚིག་དེ་སྐད་ཅེས་སྨྲ། ལྷ་མོས་སྨྲས་པ། ཚངས་པའི་རྒྱལ་པོ་ཆོས་གང་ཡང་བདེན་པའི་མཚན་ཉིད་དུ་མ་གྲུབ་ཅིང་། རྒྱུ་དང་རྐྱེན་ལ་བརྟེན་ནས་གྲུབ་པའི་ཕྱིར་རོ། །ཚངས་པའི་རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་རིགས་སོ། སྐྱེས་བུ་ཁྱོད་ཅིའི་ཕྱིར། དེ་སྐད་ཅེས་སྨྲ། བྱིས་པ་ཡང་གཞན། མཁས་པ་ཡང་གཞན། བྱང་ཆུབ་ཀྱང་གཞན།བྱང་ཆུབ་མ་ཡིན་པ་ཡང་གཞན། རྣམ་པར་


DKG089_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་ཡང་གཞན། རྣམ་པར་གྲོལ་བ་མ་ཡིན་པ་ཡང་གཞན་མ་ཡིན་མོད་ཀྱི་ཚངས་པ་ཆེན་པོ་དེ་དག་ཐམས་ཅད་ནི། ཆོས་ཀྱི་དབྱིངས་སུ་མཉམ་པ་ཉིད་དེ་སོ་སོ་མ་ཡིན་པ། ཡང་དག་པར་དབྱེར་མེད་པ། བར་མཚམས་མེད་པ། འཕེལ་བ་དང་། འགྲིབ་པ་མེད་པ་ལ་མངོན་པར་ཆགས་ཤིང་འཛིན་ཏོ། །ཚངས་པའི་རྒྱལ་པོ་དཔེར་ན། སྒྱུ་མ་མཁན་ནམ། དེའི་སློབ་མ་སྒྱུ་མ་སྤྲུལ་པ་ལ་མཁས་ཤིང་བྱང་བར་གྱུར་པ་ཞིག་གིས། ལམ་གྱི་བཞི་མདོར། ས་དང་། བྱེ་མ་དང་། ཤིང་དང་། རྩྭ་དང་། ལོ་མ་ལ་སོགས་པ་གནས་གཅིག་ཏུ་བསྡུས་ཏེ། སྒྱུ་མ་སྤྲུལ་པ་འདི་ལྟ་སྟེ། རྟ་དང་གླང་པོ་ཆེའི་ཚོགས་དང་། དམག་དང་ཤིང་རྟ་ལ་སོགས་པའི་ཚོགས་དང་། རིན་པོ་ཆེ་སྣ་བདུན་གྱི་ཕུང་པོ་དང་། བང་བ་དང་མཛོད་ལ་སོགས་པ་རྣམ་པ་སྣ་ཚོགས་ཀུན་ལ་སྟོན་ཏོ། །དེ་ལ་སེམས་ཅན་བྱིས་པ་བླུན་པོ་མི་ཤེས་པའི་རང་བཞིན་ཅན་དག་གིས་མཐོང་ན། སྒྱུ་མ་སྤྲུལ་པར་མི་ཤེས་ཏེ། རྟ་དང་གླང་པོ་ཆེ་ལ་སོགས་པ་མཐོང་བ་དང་། ཐོས་པ་འདི་དག་ནི་ཡང་དག་པར་ཡོད་པ་ཡིན་ཏེ། གཞན་ནི་བརྫུན་པ་སྙམ་དུ་སེམས་ཤིང་། ཕྱིས་ཀྱང་དེ་ལ་ཞིབ་ཏུ་རྟོག་པར་མི་བྱེད་དོ། །དེ་ལ་མཁས་པ་ཤེས་པའི་རང་བཞིན་ཅན་རྣམས་ནི་དེ་ལྟ་མ་ཡིན་ཏེ། སྒྱུ་མ་སྤྲུལ་པ་ཡིན་པར་ཤེས་ནས། ཐོས་པ་དང་མཐོང་བ་དེ་དག་ལ་འདི་སྙམ་དུ་སེམས་ཏེ། རྟ་དང་གླང་པོ་ཆེ་ལ་སོགས་པ་བདག་གིས་མཐོང་བ་འདི་དག་ནི་ཡང་དག་པ་མ་ཡིན་པ། སྒྱུ་མ་སྤྲུལ་པས་འགྲོ་བའི་མིག་སླུ་བར་བྱེད་པ་སྟེ། རྟ་དང་གླང་པོ་ཆེ་དང་། བང་མཛོད་ལ་སོགས་པ་འདི་དག་ནི་དེར་སྣང་བ་ཙམ་དུ་ཟད་དེ། བདག་གིས་མཐོང་བ་དང་ཐོས་པ་བཞིན་དུ་བདེན་པ་མ་ཡིན་པར་ཡང་འཛིན་ལ། ཕྱིས་ཞིབ་ཏུ་བརྟགས་ན་ཡང་བརྫུན་པ་སླུ་བའི་ཆོས་སུ་ཤེས་སོ། །དེ་ལྟ་བས་ན་ཐབས་མཁས་པ་རྣམས་ཀྱིས་ནི། ཆོས་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའི་རང་བཞིན་དུ་རྟོགས་ཏེ། ཇི་ལྟར་མཐོང་བ་དང་ཐོས་པ་ཡང་ཀུན་རྫོབ་ཙམ་དུ་དེ་དག་གི་དོན་མཚོན་པ་དང་ཚིག་གི་ཐ་སྙད་ལ་བརྟེན་ནས། ཡང་དག་


DKG089_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ཤེས་པར་བྱ་བ་ཙམ་དུ་ཟད་ཀྱི་དོན་དམ་པ་ནི་དེ་ལྟ་མ་ཡིན་ནོ་སྙམ་མོ། །ཡང་ཚངས་པ་ཆེན་པོ་བྱིས་པ་སོ་སོའི་སྐྱེ་བོ་འཕགས་པ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་མིག་མ་ཐོབ་པ་རྣམས་ཀྱིས་ནི། ཆོས་འདི་དག་ཐམས་ཅད་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པར་ཡང་མི་ཤེས་ལ། གང་མཐོང་བ་དང་། ཐོས་པ་དང་། འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་རྣམས་ཇི་ལྟར་བརྟགས་པ་ལྟར་བདེན་པ་ཉིད་དུ་མངོན་པར་ཞེན་ཏེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པ་དོན་དམ་པའི་ཚུལ་དེ་ཤེས་པར་མི་ནུས་སོ། །དེ་ལ་འཕགས་པ་རྣམས་ཀྱིས་ནི་གང་གཟིགས་ཤིང་གསན་པ་དང་། འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་རྣམས་ཀྱིས་མཐུ་དང་། ལས་ཇི་ལྟ་བུ་ཡིན་པ་དེ་ལ་བདེན་པའོ་ཞེས་མངོན་པར་མི་ཞེན་ཏེ། འདུ་བྱེད་ཀྱི་ཆོས་ཀྱང་མི་བདེན་པ། འདུ་བྱེད་མ་ཡིན་པའི་ཆོས་ཀྱང་མི་བདེན་པ། ཡང་དག་པ་མ་ཡིན་པའི་རྟོག་པས་བརྟགས་པ་ཙམ་དུ་འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་མཚན་ཉིད་ཀྱང་མིང་ཙམ་དུ་ཟད་པ། བདེན་པའི་རང་བཞིན་དུ་མི་གྲུབ་པ་སྟེ། འཕགས་པ་རྣམས་ཀྱིས་ཀུན་རྫོབ་ཀྱི་ཐ་སྙད་ལ་བརྟེན་ནས། ཡང་དག་པའི་བདེན་པའི་དོན་དེ་སྟོན་པར་བྱེད་དོ། །དེ་བཞིན་དུ་ཚངས་པ་ཆེན་པོ་གང་འཕགས་པ་རྣམས་ནི། འཕགས་པའི་ཡེ་ཤེས་དང་། འཕགས་པའི་གཟིགས་པས་ཆོས་རྣམས་ཀྱི་དེ་བཞིན་ཉིད་བརྗོད་དུ་མེད་པ་བཞིན། འདུ་བྱེད་དང་། འདུ་བྱེད་མ་ཡིན་པའི་ཆོས་ཀྱང་དེ་བཞིན་དུ་ལྟ་སྟེ། ཀུན་རྫོབ་ཏུ་མིང་དང་མཚན་མ་སྣ་ཚོགས་ལ་བརྟེན་ནས། གཞན་ལ་སྟོན་པར་བྱེད་དོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་ལ་ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །སེམས་ཅན་ཇི་སྙེད་ཅིག་གིས་ཆོས་ཟབ་མོ་འདི་ལྟ་བུ་རྟོགས་ཤིང་ཤེས་པར་ནུས། སྨྲས་པ། ཚངས་པ་ཆེན་པོ་གང་སྤྲུལ་པ་མང་པོའི་སེམས་དང་སེམས་ལས་བྱུང་བས་ཆོས་ཟབ་མོ་འདི་ཡང་དག་པར་ཤེས་པར་གྱུར་པ་དེ་སྙེད་ཀྱིས་ཤེས་སོ། །ཚངས་པའི་རྒྱལ་པོས་སྨྲས་པ། སྤྲུལ་པ་དེ་དག་ཉིད་ཀྱང་རང་བཞིན་ཡོད་པ་མ་ཡིན་ན། དེ་དག་གིས་སེམས་དང་། སེམས་ལས་བྱུང་བ་གང་


DKG089_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྐྱེ་བར་འགྱུར། སྨྲས་པ། གང་ཆོས་ཀྱི་དབྱིངས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་པར་ཡང་དག་པར་ཤེས་པ་དེ་དག་གིས། ཟབ་མོ་དེའི་དོན་ཤེས་པར་ནུས་སོ། །དེ་ནས་ཚངས་པ་ཆེན་པོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་འདི་ནི་བསམ་གྱིས་མི་ཁྱབ་པ་སྟེ། ཆོས་ཀྱི་གཞུང་ཟབ་མོ་འདི་ལ་མཁས་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དེ་བཞིན་ཏེ། ཚངས་པ་ཆེན་པོ་དེ་ཇི་ལྟར་ཁྱོད་ཀྱིས་སྨྲས་པ་དེ་བཞིན་ནོ། །བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་འདིས་ཁྱེད་ལ་ཇི་སྐད་བསྟན་པ་བཞིན་དུ་ནན་ཏན་དུ་སྒྲུབས་ཤིག་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་རྒྱལ་པོ་ཚངས་པ་ཆེན་པོ་དང་། གཞན་ཡང་ཚངས་པའི་འཁོར་དེ་དག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བས་བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། ཚིག་འདི་སྐད་ཅེས་སྨྲས་སོ། ། དེང་སྐྱེས་བུ་ཆེན་པོ་ཁྱོད་དང་ཕྲད་ཅིང་བདག་ཅག་གིས་དམ་པའི་ཆོས་འདི་ལྟ་བུ་ཐོས་པར་གྱུར་པ་ངོ་མཚར་ཆེ་བ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་ཆེན་པོ་ལ་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོ་འདི་མ་འོངས་པའི་དུས་ན། རིན་པོ་ཆེའི་འོད་དཔལ་གྱི་སྙིང་པོ་ཞེས་བྱ་བ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། བླ་ན་མེད་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བཀའ་སྩལ་ཏོ། །དེ་སྐད་ཅེས་བཀའ་སྩལ་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་སུམ་སྟོང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷའི་བུ་ཁྲི་ཕྲག་བརྒྱད་


DKG089_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་། རྒྱལ་པོ་དང་། བློན་པོ་ལ་སོགས་པ། ཚད་མེད་གྲངས་མེད་པ་རྣམས་ཀྱིས་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པར་གྱུར་ཏོ། །དེ་ནས་འཁོར་འདུས་པ་དེའི་ནང་ན། དགེ་སློང་ཁྲི་ཕྲག་ལྔ་བཅུ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་བྱང་ཆུབ་ཀྱི་སེམས་ལས་ཕྱིར་མི་ལྡོག་པར་སེམས་པ་དེ་དག་ཀྱང་། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་འཕྲོས་ཆོས་བསྟན་པ་འདི་ཐོས་ནས། བྱང་ཆུབ་ཀྱི་སེམས་ཕྱིར་ཞིང་བརྟན་པ་དང་། བསམ་གྱིས་མི་ཁྱབ་པ་བླ་ན་མེད་པའི་སྨོན་ལམ་ཡོངས་སུ་རྫོགས་ནས་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་དེ། སོ་སོ་ནས་རང་རང་གི་གོས་གྱོན་པ་ཕུད་དེ། བྱང་ཆུབ་སེམས་དཔའ་ལ་གསོལ་ནས། བླ་ན་མེད་པ་མཆོག་དམ་པའི་སེམས་བསྐྱེད་དེ་སྨོན་ལམ་འདི་སྐད་ཅེས་གསོལ་ཏོ། །བདག་ཅག་གིས་དགེ་བའི་རྩ་བ་ཅི་མཆིས་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་སྨོན་ལམ་བཏབ་བོ། །ཚངས་པ་ཆེན་པོ་དགེ་སློང་དེ་དག་གིས། བསོད་ནམས་དེ་ལ་བརྟེན་ནས། ཇི་སྐད་སྨྲས་པ་བཞིན་ནན་ཏན་དུ་བསྒྲུབས་ནས། བསྐལ་པ་ཆེན་པོ་དགུ་བཅུ་འདས་པ་ན། འཁོར་བ་ལས་ཡོངས་སུ་འདས་པའི་ཤེས་པ་སྐྱེས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་བསྐལ་པ་གྲངས་མེད་པ་སུམ་ཅུ་འདས་པའི་འོག་ཏུ། བླ་ན་མེད་པའི་སངས་རྒྱས་སུ་འགྱུར་ཏེ། བསྐལ་པའི་མིང་ནི་རྒྱལ་བར་དགའ་བའི་འོད་ཀྱི་རྒྱལ་པོ་ཞེས་བྱ་བ། ཡུལ་གྱི་མིང་ནི་དྲི་མ་མེད་པའི་འོད་ཅེས་བྱ་བར་དུས་གཅིག་ཏུ་ཀུན་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་དག་ཀུན་ཀྱང་མཚན་སྨོན་ལམ་རྣམ་པར་བཀོད་པའི་རྒྱལ་པོ་ཞེས་བྱ་བ་ཡོན་ཏན་གྱི་མཚན་བཅུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །གཞན་ཡང་ཚངས་པ་ཆེན་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་གང་ཉན་པ་དང་འཛིན་པ་དེ་དག་ནི་མཐུ་དང་། གཟི་བརྗིད་ཆེན་པོ་དང་ལྡན་པར་འགྱུར་ཏེ། དཔེར་ན་གང་ལ་ལ་ཞིག་


DKG089_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

གིས། ཐབས་དང་མི་ལྡན་པས་ཕ་རོལ་ཏུ་ཕྱིན་པ་དྲུག །བསྐལ་པ་ཆེན་པོ་བརྒྱད་སྟོང་དུ་སྤྱོད་པ་བས། གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གླེགས་བམ་དུ་བྲིས་ཏེ། ཟླ་བ་ཕྱེད་ཕྱེད་ཅིང་སེམས་རྩེ་གཅིག་ཏུ་བྱས་ཏེ་ཀློག་ཅིང་འདོན་ན། བསོད་ནམས་ཀྱི་ཕུང་པོ་འདི་ལ། བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་ཕོད་པ་ནས། གྲངས་སུ་བགྲང་བ་དང་དཔེར་བསྒྲུན་པར་ཡང་མི་བཟོད་དོ། །ཚངས་པ་ཆེན་པོ་དེ་ལྟ་བས་ན། ཁྱོད་ཀྱིས་རྟག་ཏུ་ཡིད་ལ་བྱ་ཞིང་། ནན་ཏན་དུ་བསྒྲུབ་པ་དང་། གཟུང་ཞིང་གཞན་ལ་ཡང་ཡང་དག་པར་རྒྱ་ཆེར་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་འདས་པའི་དུས་ན་ང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ། ཇི་ལྟར་སྐྱེས་བུ་དཔའ་བོ་གཡུལ་ངོར་ལུས་དང་སྲོག་ལ་མི་ལྟ་བ་བཞིན་དུ། ངས་ཀྱང་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གཟུང་ཞིང་འཛིན་པ་དང་། ཀློག་ཅིང་འདོན་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པ་ལ་ཐོགས་པ་མེད་པར་གྱུར་ཏོ། །ཚངས་པ་ཆེན་པོ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནམ་འཇིག་རྟེན་ན་གནས་ཀྱི་བར་དུ་རིན་པོ་ཆེ་སྣ་བདུན་ཡང་མེད་པར་མི་འགྱུར་རོ། །གལ་ཏེ་རྒྱལ་པོ་མི་བཞུགས་ན། རིན་པོ་ཆེ་སྣ་བདུན་ཡང་མོད་ལ་མེད་པར་འགྱུར་རོ། །ཚངས་པ་ཆེན་པོ་དེ་ལྟར་དེ་བཞིན་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཇིག་རྟེན་ན་གནས་ཀྱི་བར་དུ། བླ་ན་མེད་པའི་ཆོས་རིན་པོ་ཆེ་ཐམས་ཅད་ཀྱང་ནུབ་པར་མི་འགྱུར་རོ། །མདོ་སྡེའི་རྒྱལ་པོ་འདི་ནམ་མེད་པ་ན་གཞན་དག་ཀྱང་ནུབ་པར་འགྱུར་རོ། །དེ་ལྟ་བས་ན་མདོ་སྡེའི་རྒྱལ་པོ་འདི་སེམས་རྩེ་གཅིག་ཏུ་བྱས་ཏེ། མཉན་པ་དང་། གཟུང་བ་དང་། ཀློག་པ་དང་། གཞན་ལ་ཡང་རྒྱ་ཆེར་བཤད་པ་དང་། ཡི་གེར་འདྲིར་འཇུག་པ་དང་། ལུས་དང་སྲོག་ལ་མི་བལྟ་བས་ངལ་བ་དང་། དུབ་པ་ཁྱད་དུ་གསོད་ཅིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ། བསོད་ནམས་ཀྱི་ནང་ན་མཆོག་ཡིན་པར་ངའི་འཁོར་རྣམས་


DKG089_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་དེ་བཞིན་དུ་བསླབ་ཅིང་ནན་ཏན་དུ་བྱའོ། །དེ་ནས་ཚངས་པའི་རྒྱལ་པོ་ཆེན་པོ་ལ་སོགས་ཏེ། ཚངས་པའི་འཁོར་གྲངས་མེད་པ་དང་། བརྒྱ་བྱིན་ལྷའི་དབང་པོ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གཞན་ཡང་གནོད་སྦྱིན་གྱི་དབང་པོ་ལ་སོགས་པ་དེ་དག་ཐམས་ཅད་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྲུང་བ་དང་ཡོངས་སུ་རྒྱས་པར་བགྱིའོ། །ཆོས་འདི་སྟོན་པའི་ཚེ་བགེགས་དང་བར་ཆད་ཀུན་བསལ་ཏེ། དགེ་བར་འགྱུར་བ་དང་། ཁ་དོག་དང་། མཐུ་ཡོངས་སུ་རྫོགས་པ་དང་། སྤོབས་པ་ཐོགས་པ་མེད་པ་དང་། ལུས་དང་སེམས་བདེ་བར་འགྱུར་བ་དང་། དེའི་འཁོར་རྣམས་ཀྱང་བདེ་བ་ཉམས་སུ་མྱོང་བ་དང་། གང་ན་གནས་པའི་ཡུལ་འཁོར་དེ་ཡང་མུ་གེ་དང་དགྲའི་འཇིགས་པ་དང་། མི་མ་ཡིན་པས་འཚེ་བ་ཞིག་མཆིས་ན་ཡང་བདག་ཅག་ལྷའི་འཁོར་གྱིས་ཡོངས་སུ་བསྲུངས་པས། དེ་དག་བདེ་ཞིང་སྐྱིད་པ་དང་། གནོད་པ་རྣམས་མ་བྱུང་བར་གྱུར་ན། དེ་དག་ཀྱང་བདག་ཅག་ལྷའི་མཐུ་ལགས་པར་འཚལ་བར་བགྱིའོ། །གང་ལ་ལ་ཞིག་མདོ་སྡེ་འདི་ལ་མཆོད་ཅིང་རིམ་གྲོ་བགྱིད་ན། དེ་ལ་བདག་ཅག་གིས་སངས་རྒྱས་བཅོམ་ལྡན་འདས་དང་འདྲ་བར་མཆོད་ཅིང་རིམ་གྲོ་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་རྒྱལ་པོ་ཚངས་པ་ཆེན་པོ་ལ་སོགས་ཏེ། ཚངས་པའི་འཁོར་དེ་དག་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་དབང་པོ་ལ་སོགས་པ་རྣམས་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ཀྱིས་དམ་པའི་ཆོས་ཟབ་མོ་འདི་ཡང་ཐོས། མདོ་སྡེའི་དབང་པོ་འདི་དང་འདི་འཛིན་པ་ལ་བསྲུང་བ་དང་། བསྐྱབ་པའི་སེམས་བསྐྱེད་པ་དེས་བསོད་ནམས་ཀྱི་ཁྱད་པར་ཚད་མེད་པ་དང་ལྡན་པས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་


DKG089_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚངས་པའི་རྒྱལ་པོ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་སྟོང་པ་ཉིད་ལ་བརྟེན་ནས་བསམ་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ། ལྷའི་ཚོགས་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་པ། ལྷའི་དབང་པོའི་ཚོགས་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྔགས་ཏེ། བརྗོད་ནས་རབ་ཏུ་བཀུར་བ། ལྷའི་ཁང་ཁྱིམ་ཐམས་ཅད་སྣང་བར་བགྱིད་པ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བདེ་བ་ཐམས་ཅད་རབ་ཏུ་སྦྱིན་པར་བགྱིད་པ། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་སྐེམས་པ། འཇིགས་པ་ཐམས་ཅད་ཀྱི་རྒྱུན་གཅོད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཟློག་པ། མུ་གེའི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ནད་ཀྱི་ཡ་ང་བ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། གཟའི་གནོད་པ་ཐམས་ཅད་སེལ་བ། མཆོག་ཏུ་ཞི་བར་བགྱིད་པ། མྱ་ངན་དང་ཉོན་


DKG089_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། གནོད་པ་རྣམ་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱིད་པ། གནོད་པ་འབུམ་རབ་ཏུ་འཇོམས་པར་བགྱིད་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ན། ཆོས་མཉན་པ་ཆོས་བདུད་རྩིའི་ཁུ་བ་འདིས་བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་བཞིའི་ལྷའི་ལུས་འདི་གཟི་བྱིན་ཆེན་པོས་རྣམ་པར་འཕེལ་བར་འགྱུར་རོ། །བདག་ཅག་གི་ལུས་ལ་བརྩོན་པ་དང་། སྟོབས་དང་མཐུ་ཡང་བསྐྱེད་པར་འགྱུར། གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པ་ཡང་བདག་ཅག་གི་ལུས་ལ་འཇུག་པར་འགྱུར་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ནི་ཆོས་དང་ལྡན་པ། ཆོས་སྨྲ་བ་ཆོས་ཀྱི་རྒྱལ་པོ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱིས། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་རྒྱལ་པོ་བགྱིའོ། །འབྱུང་པོའི་ཚོགས་མི་བཟད་པ། སྙིང་རྗེ་མ་མཆིས་པ། གཞན་གྱི་གཟི་བྱིན་འཕྲོག་པ་རྣམས་བཟློག་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། གནོད་སྦྱིན་འབུམ་འཕྲག་དུ་མ་དང་ལྷན་ཅིག་ཏུ་རྟག་པར་རྒྱུན་དུ་ལྷའི་མིག་རྣམ་པར་དག་པ། མིའི་ལས་འདས་པས་འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བགྱི། བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ། བདག་ཅག་རྒྱལ་པོ་ཆེན་པོ་བཞི། འཇིག་རྟེན་སྐྱོང་ཞེས་མིང་དུ་ཆགས་སོ། །བཙུན་པ་བཅོམ་ལྡན་འདས་གང་སུ་དག་འཛམ་བུའི་གླིང་འདིར་ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར་རམ། མུ་གེའི་ཡ་ང་བའམ། ནད་ཀྱི་ཡ་ང་བའམ། གནོད་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྟོང་དང་། གནོད་པ་འབུམ་དག་གིས་གཙེས་པར་འགྱུར་བ་


DKG089_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བསྐུལ་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ནམ་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། རྫུ་འཕྲུལ་དང་། བྱིན་གྱིས་རླབས་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་དག་བསྐུལ་བ་ན། ཡུལ་གང་དང་གང་དུ་མཆིས་པར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡུལ་དེ་དང་དེ་དག་ཏུ་རྒྱ་ཆེར་ཡང་དག་པར་སྟོན་པར་འགྱུར་ཏེ། གང་དག་གནོད་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྣ་ཚོགས་སྟོང་ཡུལ་དུ་འབྱུང་བ་འདི་ལྟ་བུ་འདི་དག་རབ་ཏུ་ཞི་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གི་ཡུལ་དུ་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་མཆི་བར་འགྱུར་བའི་ཡུལ་དེ་དག་ཏུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་བསྙེན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་ཏེ་ཐོས་ནས། མདོ་སྡེའི་དབང་པོ་འདི་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལས་ཀུན་ཏུ་སྲུང་བར་བགྱིད། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་འཛིན་པ་དང་། ཡོངས་སུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོས་ནམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་ལ་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ལ། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བདེ་བ་དང་


DKG089_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས། ནམ་མིའི་རྒྱལ་པོས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་ལ། བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད་ཅིང་མཆོད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་ཆེན་པོ་དེ་ལ། རྒྱལ་པོ་ཐམས་ཅད་པས་ཆེས་བསྟི་སྟང་དུ་བགྱི། ཆེས་བླ་མར་བགྱི། ཆེས་རིམ་གྲོར་བགྱི། ཆེས་མཆོད་པར་བགྱི་སྟེ། ཡུལ་ཐམས་ཅད་དུ་ཡང་རབ་ཏུ་བསྔགས་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྒྱལ་པོ་ཆེན་པོ་བཞིས་ལྷ་དང་མི་ལ་རྣམ་པར་ལྟ་བ་ཞེས་བྱ་སྟེ་ལེའུ་བཅུ་གཅིག་པའོ།། །།བམ་པོ་དྲུག་པ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱེད་ཡང་ལེགས་སོ་ལེགས་སོ། །འདི་ལྟ་སྟེ། ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་དང་ལྡན་པ། ཆོས་སྨྲ་བ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱིས་ལྷ་དང་མི་རྣམས་ཀྱི་རྒྱལ་པོ་བྱེད་པའོ། །འདི་ལྟ་སྟེ། ཁྱོད་ནི་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བདེ་བ་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བའི་ལྷག་པའི་བསམ་པ་ལ་ཞུགས་པ་མི་ཕན་པ་ཐམས་ཅད་འགོག་པ། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པར་བརྩོན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པ་དང་། རིམ་གྲོ་བྱེད་པར་བརྩོན་པ་དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་


DKG089_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཤིག །དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་། བཅས་པ་ཁྱེད་བཞིས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་ཚུལ་ཀུན་ཏུ་བསྲུང་བར་འགྱུར་རོ། །ཡོངས་སུ་བསྐྱང་བ་དང་། ཡོངས་སུ་གཟུང་བར་ཡང་འགྱུར་རོ། །དེས་ན་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་བཅས་པ་ཁྱེད་བཞིས། ལྷ་དང་། ལྷ་མ་ཡིན་དུ་གཡུལ་འགྱེད་པ་ན་རྒྱལ་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །འདི་ལྟར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་འདུལ་བར་བྱེད་པ་འདིའི་ཕྱིར། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་འཁོར་གང་དུ་སྤྱོད་པར་འགྱུར་བ་དང་། མིའི་རྒྱལ་པོ་གང་དང་གང་གི་ཡུལ་དུ་སྤྱོད་པར་འགྱུར་བ་དང་། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོར་འགྱུར་བ་གང་ལ་ལ་ཞིག །ལྷའི་དབང་པོའི་དམ་ཚིག་རྒྱལ་པོའི་བསྟན་བཅོས་འདིས་རྒྱལ་པོ་བགྱིད་ཅིང་། རྟག་པར་རྒྱུན་དུ་གསེར་འོད་དམ་པ་


DKG089_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ཏམ། རིམ་གྲོ་བགྱིད་དམ། མཆོད་པ་བགྱིད་དམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། གང་དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་དུ་བགྱིད། བཙུན་པར་བགྱིད། རིམ་གྲོ་བགྱིད་ཅིང་མཆོད་དེ་རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ན། ཆོས་མཉན་པའི་ཆུ་བོའི་ཆུས། ཆོས་བདུད་རྩིའི་ཁུ་བ་འདིས་བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་བཞི་དང་། གནོད་སྦྱིན་འབུམ་ཕྲག་དུ་མའི་ལྷའི་ལུས་འདི་དག་གཟི་བྱིན་ཆེན་པོ་རྣམ་པར་འཕེལ་བར་འགྱུར། བདག་ཅག་ལ་བརྩོན་འགྲུས་དང་མཐུ་སྟོབས་ཆེན་པོར་ཡང་བགྱིད་པར་འགྱུར། བདག་ཅག་གི་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལུས་བལྟར་མི་གདའ་བར་བགྱིས་ཏེ། ད་ལྟར་དང་། མ་འོངས་པའི་དུས་ན། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ཡུལ་འཁོར་རམ། ཕོ་བྲང་འཁོར་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་སྤྱོད་པར་འགྱུར་བ་དེ་དག་ཏུ་མཆི་བར་བགྱིའོ། །མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བགྱིད་པ་དང་། མཆོད་པ་བགྱིད་པ་དེ་དག་ལ་ཀུན་ཏུ་བསྲུང་བར་བགྱིའོ། ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་། ཡུལ་འཁོར་དེ་དག་དང་། ཡུལ་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །ཡུལ་དེ་དག་ཀྱང་འཇིགས་པ་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་


DKG089_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་སླར་བཟློག་པར་བགྱིའོ། །མིའི་རྒྱལ་པོ་གང་ལ་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བགྱིད་པ་དང་། མཆོད་པ་བགྱིད་པ་དེའི་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་གཞན་ཞིག་མཆིས་ལ། བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བ་དེའི་རྒྱལ་པོ་དེ་འདི་སྙམ་དུ་བདག་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ཡུལ་དེར་སོང་སྟེ། ཡུལ་དེ་རྣམ་པར་གཞིག་གོ་སྙམ་དུ་སེམས་བསྐྱེད་ན། བཙུན་པ་བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་རྒྱལ་པོ་གཞན་དག་དང་གཡུལ་འགྱེད་པར་འགྱུར། རང་གི་ཡུལ་དུ་ཕྱིན་ན་ཡང་ཡུལ་འཁྲུག་པར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་ཡང་འབྱུང་བར་འགྱུར། ཡུལ་དུ་གཟའ་དང་། ནད་ཀྱང་འབྱུང་བར་འགྱུར། ཡུལ་དུ་བྲེལ་བ་སྣ་ཚོགས་བརྒྱ་དག་ཀྱང་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་རང་གི་ཡུལ་དུ་ཕྱིན་ན། གནོད་པ་སྣ་ཚོགས་བརྒྱ་དང་། བྲེལ་བ་སྣ་ཚོགས་བརྒྱ་འདི་ལྟ་བུ་འབྱུང་ངོ་། །བཙུན་པ་བཅོམ་ལྡན་འདས་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་ཡན་ལག་བཞི་པའི་དམག་བསོགས་ཏེ། ཕ་རོལ་གྱི་དམག་ཚོགས་སུ་མཆི་བའི་སླད་དུ། རང་གི་ཡུལ་ནས་བྱུང་སྟེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ཡུལ་དེར་མཆི་འཚལ་བ་དང་། གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གནས་པའི་ཡུལ་དེ་རྣམ་པར་གཞིག་པར་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ལུས་མི་གདའ་བར་བགྱིས་ཏེ། དེར་མཆི་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་དེ་ཤུལ་དུ་ཞུགས་པ་ལས་ཀྱང་། དེ་ཉིད་ནས་ལྡོག་པར་བགྱིའོ། །བྲེལ་བ་སྣ་ཚོགས་བརྒྱ་དག་ཀྱང་ཉེ་བར་བསྒྲུབ་


DKG089_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིའོ། །བགེགས་ཀྱང་བགྱིའོ། །འདི་ལྟ་སྟེ། ཡུལ་དེར་ཕ་རོལ་གྱི་དམག་ཚོགས་དེ་མཆིར་ཡང་མི་ནུས་ན། ཡུལ་གཞིག་པར་བགྱིད་པར་ལྟ་ག་ལ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དག་ཁྱེད་ཡང་ལེགས་སོ། །ཁྱེད་བསྐལ་པ་གྲངས་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ཡང་དག་པར་བསྒྲུབས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདིའི་ཕྱིར། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བྱེད་པ་དང་། མཆོད་པ་བྱེད་པ་དེ་དག་ལ་ཀུན་ཏུ་བསྲུང་བར་གྱིས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག །རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་། གྲོང་ཁྱེར་དེ་དག་དང་། ཡུལ་འཁོར་དེ་དག་དང་། ཡུལ་དེ་དག་ཀྱང་ཀུན་ཏུ་སྲུངས་ཤིག །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་གྱིས་ཤིག །ཡུལ་དེ་དག་ཀྱང་འཇིགས་པ་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱིས་ཤིག །ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་ཟློག་པར་གྱིས་ཤིག །འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མིའི་རྒྱལ་པོ་དེ་དག་མི་འཐབ་པ་དང་། མཚང་མི་འདྲུ་བ་དང་། མི་རྩོད་པ་དང་། མི་འགྱེད་པར་བྱ་བ་ལ་སྤྲོ་བར་གྱིས་ཤིག །རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞིས། འཛམ་བུའི་གླིང་འདིར་ནམ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དེ་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་པོ་དེ་དག་རང་རང་གི་ཡུལ་ལ་མངོན་པར་དགའ་བ་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་དེས་མངོན་པར་དགའ་བ་དང་། རང་གི་ནོར་གྱི་ཕུང་པོས་ཕན་ཚུན་རྣམ་པར་མི་འཚེ་བ་དང་། ཕན་ཚུན་རྣམ་པར་འཚེ་བ་མི་སྐྱེད་པ་དང་།རང་གིས་


DKG089_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྔོན་གྱི་ལས་བསགས་པས་རྒྱལ་པོ་ཐོབ་པའི་རང་གི་རྒྱལ་སྲིད་ཀྱི་དབང་ཕྱུག་གིས་དགའ་བ་དང་། ཕན་ཚུན་དུ་ཡུལ་འཇིག་པར་མི་བྱེད་པ་དང་། ཡུལ་གཞིག་པའི་ཕྱིར་ཕ་རོལ་གྱིས་མི་གནོད་པ་དང་། ནམ་འཛམ་བུའི་གླིང་འདིར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཕན་ཚུན་དུ་བྱམས་པའི་སེམས་སུ་འགྱུར། བྱམས་པའི་སེམས་དང་། ཕན་པའི་སེམས་སུ་འགྱུར་ཏེ། ཕན་ཚུན་དུ་མི་འཐབ། མཚང་མི་འདྲུ། མི་རྩོད་མི་འགྱེད་པར་རང་རང་གི་ཡུལ་དག་ན་དགའ་བར་འགྱུར་ན། དེའི་ཕྱིར་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞིས། འཛམ་བུའི་གླིང་འདི་རྒྱས་པར་འགྱུར། ལོ་ལེགས་པར་འགྱུར། ཉམས་དགའ་བར་འགྱུར། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར། ས་ཡང་བྱིན་ཅན་དུ་འགྱུར། དུས་དང་། ཟླ་བ་དང་། ཟླ་བ་ཕྱེད་དང་། ལོ་ཁྱུད་ཀོར་ཐམས་ཅད་ཀྱང་ཡང་དག་པའི་དུས་དང་ལྡན་པར་འགྱུར། གཟའ་དང་། རྒྱུ་སྐར་དང་། ཟླ་བ་དང་། ཉི་མ་ཡང་ཉིན་མཚན་དུ་ལེགས་པར་རྒྱུ་བར་འགྱུར། ཆར་པའི་རྒྱུན་ཀྱང་ས་ལ་དུས་དུས་སུ་འབབ་པར་འགྱུར། འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱང་། ནོར་དང་འབྲུ་ཐམས་ཅད་འབྱོར་པར་འགྱུར། ལོངས་སྤྱོད་ཆེ་བ་དང་། སེར་སྣ་མེད་པར་འགྱུར། གཏོང་བ་དང་ལྡན་པར་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར། ཕལ་ཆེར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ལྷའི་ཁང་ཁྱིམ་རྣམས་ཀྱང་། ལྷ་དང་ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་ཏེ། རིམ་གྲོ་བྱས། མཆོད་པ་བྱས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་རྒྱལ་པོ་ཆེན་པོ་ཁྱོད་བཞི་དཔུང་དང་གཡོག་ཏུ་བཅས་


DKG089_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནོད་སྦྱིན་འབུམ་ཕྲག་དུ་མ་ལ་སྙིང་བརྩེ་བའི་ཕྱིར། རྟག་པར་རྒྱུན་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ན། ཆོས་མཉན་པའི་ཆུ་ཀླུང་། ཆོས་བདུད་རྩིའི་ཁུ་བ་འདིས། ཁྱེད་ཅག་གི་ལུས་འདི་དག་ཚིམ་པར་འགྱུར་རོ། །ཁྱེད་ཀྱི་ལྷའི་ལུས་འདི་དག་གི་གཟི་བྱིན་ཆེན་པོ་ཡང་རྣམ་པར་འཕེལ་ལོ། །ཁྱེད་ཀྱི་བརྩོན་འགྲུས་དང་མཐུ་སྟོབས་ཀྱང་སྐྱེད་དོ། །ཁྱེད་ཀྱི་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །མིའི་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ལ་ཡང་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེན་པོ་ཡངས་པ་བྱས་པར་འགྱུར་རོ། །མིའི་རྒྱལ་པོ་དེ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་ཡང་ཡོ་བྱད་བསམ་གྱིས་མི་ཁྱབ་པ། རྒྱ་ཆེ་བ་ཡངས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། བཙུན་མོའི་འཁོར་ཐམས་ཅད་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱང་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར་རོ། །རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱང་ཆེས་གཟི་བརྗིད་དང་ལྡན་པ་དང་། ཆེས་སྟོབས་དང་ལྡན་པ་དང་། བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། དགའ་བ་སྣ་ཚོགས་མྱོང་བར་འགྱུར། གྲོང་ཁྱེར་དེ་དག་དང་། ཡུལ་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་འགྱུར། ཡོངས་སུ་བསྐྱང་བར་འགྱུར། གནོད་


DKG089_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པར་འགྱུར། དགྲ་མེད་པར་འགྱུར། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་བརྫི་བ་དང་། གནོད་པ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་ཉན་འཚལ་བར་འགྱུར། བདག་ཉིད་ལ་ཡང་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་དང་། བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་ཡང་། བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་དེ་ཐམས་ཅད་ལ་ཡང་ཞི་བ་དང་། བདེ་ལེགས་སུ་འགྱུར་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ། མཆོག་ཏུ་ཁྱད་པར་དུ་འཕགས་པ། བླ་ན་མེད་པ་བགྱིད་འཚལ་བར་འགྱུར། ཚེ་འདི་ཉིད་ལ་བདག་གི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བགྱིད་འཚལ་བར་འགྱུར། རྒྱལ་པོ་ཉིད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡང་ཡོངས་སུ་འཛིན་འཚལ་བར་འགྱུར། བདག་གི་ཡུལ་ཐམས་ཅད་ཀྱང་ཀུན་ཏུ་བསྲུང་འཚལ་བར་འགྱུར། ཡོངས་སུ་བསྐྱང་འཚལ་བར་འགྱུར། རང་གི་ཡུལ་ན་གནོད་པ་མ་མཆིས་པ་དང་། དགྲ་མ་མཆིས་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་མི་བརྫི་བ་དང་། ནད་འགོ་བ་མ་མཆིས་པ་དང་། འཁྲུག་པ་མ་མཆིས་པར་བགྱིད་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གཡེང་བ་མ་མཆིས་པའི་སེམས་དང་།གུས་པ་དང་བཅས་པའི་སེམས་དང་། རིམ་གྲོ་དང་བཅས་པས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི། བསྟི་སྟང་དུ་བགྱིས་ཏེ་


DKG089_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

མཉན་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པའི་སླད་དུ། མིའི་རྒྱལ་པོ་དེས། རྒྱལ་པོའི་ཕོ་བྲང་ཁྱད་པར་དུ་འཕགས་པར་མཆི་བར་བགྱིའོ། །དེར་མཆིས་ནས་ཀྱང་། རྒྱལ་པོའི་ཕོ་བྲང་སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་གདབ་ཅིང་། མེ་ཏོག་སིལ་མ་སྣ་ཚོགས་དགྲམ་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་བཏབ་པ་དེར་ཆོས་ཀྱི་ཁྲི་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་བཤམ་པར་བགྱིའོ། །ཕྱོགས་དེར་གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བགྱིའོ། །མིའི་རྒྱལ་པོ་དེས་ལུས་བཀྲུ་བར་བགྱིའོ། །གོས་དྲི་རབ་ཏུ་བདའ་བ། གོས་སར་པ་མཛེས་པ་བགོས་ནས། རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བགྱིའོ། །བདག་གི་སྟན་རབ་ཏུ་དམའ་བ་གདིང་བར་བགྱི་སྟེ། སྟན་དེ་ལ་མཆིས་ནས། རྒྱལ་པོའི་རྒྱགས་པས་དྲེགས་པར་མི་བགྱིའོ། །དེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཆགས་པར་མི་བགྱིའོ། །རྒྱགས་པ་དང་། ང་རྒྱལ་དང་། དྲེགས་པ་ཐམས་ཅད་རྣམ་པར་སྤངས་པའི་སེམས་ཀྱིས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱིའོ། །དགེ་སློང་ཆོས་སྨྲ་བ་དེ་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །མིའི་རྒྱལ་པོ་དེས་དེའི་ཚེ་དེའི་དུས་ན། བཙུན་མོ་དམ་པ་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་དང་། བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་སྡུག་པ་དང་། ཕན་པས་བལྟ་བར་བགྱིའོ། །བཙུན་མོ་དམ་པ་རྣམས་དང་། རྒྱལ་བུ་རྣམས་དང་། རྒྱལ་པོའི་བུ་མོ་རྣམས་ལ་ཚིག་སྙན་པ་སྨྲ་བར་བགྱིའོ། །བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལ་ཡང་ཚིག་སྙན་པ་སྨྲ་བར་བགྱིའོ། །ཆོས་མཉན་པའི་ཕྱིར་མཆོད་པ་རྣམ་པ་སྣ་ཚོགས་སྦྱོར་དུ་སྩལ་བར་བགྱིའོ། །དགའ་བ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མ་མཆིས་པས། བདག་ཚིམ་པར་བགྱིའོ། །དགའ་བ་དང་བདེ་བ་བསམ་གྱིས་མི་ཁྱབ་པས་བདེ་བར་བགྱིའོ། །དབང་པོ་བདེ་


DKG089_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །བདག་ཉིད་དོན་ཆེན་པོ་ཐོབ་པར་བསམ་པར་བགྱིའོ། །བདག་དགའ་བ་ཆེན་པོས་དགའ་བར་བགྱིའོ། །རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས། ཆོས་སྨྲ་བ་བསུ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་དེའི་ཚེ་དེའི་དུས་ན། མིའི་རྒྱལ་པོ་དེས་གོས་ཐམས་ཅད་དཀར་པོ་སར་པ་མཛེས་པ་བགོ་བར་བྱའོ། །སྤུད་པ་དང་། རྒྱན་སྣ་ཚོགས་ཀྱིས་བདག་ལེགས་པར་བརྒྱན་པར་བྱའོ། །གདུགས་དཀར་པོ་ཡང་གཟུང་བར་བྱའོ། །རྒྱལ་པོའི་མཐུ་ཆེན་པོ་དང་། རྒྱལ་པོའི་བཀོད་པ་ཆེན་པོས་བཀྲ་ཤིས་ཐ་དད་པ་སྣ་ཚོགས་ཐོགས་ཏེ། རྒྱལ་པོའི་ཕོ་བྲང་དེ་ནས་བྱུང་ལ་ཆོས་སྨྲ་བ་དེ་བསུ་བའི་ཕྱིར་དེར་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིའི་རྒྱལ་པོས་དེར་གོམ་པ་ཇི་སྙེད་བོར་བ། དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་གྱི་འཁོར་བ་ཕྱིར་བསྙིལ་བར་འགྱུར། དེ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་འཐོབ་པར་འགྱུར། དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་དུ་ཚེ་འདི་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཕེལ་བར་འགྱུར། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་གནས་ཡངས་ཤིང་རྒྱ་ཆེ་བ། ལྷའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དག་འཐོབ་པར་འགྱུར། མི་རྣམས་ཀྱིས་རྒྱལ་རིགས་དང་། ལྷའི་རྒྱ་ཆེ་ཞིང་རྒྱ་ཆེ་བ་འབུམ་ཕྲག་དུ་མ་འཐོབ་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར། ཚེ་རིང་བར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། སྤོབས་པ་དང་ལྡན་པར་འགྱུར། ཚིག་གཟུང་བར་འོས་པར་འགྱུར། གྲགས་པ་དང་ལྡན་པར་འགྱུར། བརྗོད་པ་ཤིན་ཏུ་རྒྱ་ཆེ་བར་འགྱུར། བསྔགས་པར་འོས་པར་འགྱུར། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཕན་པར་འགྱུར། ལྷ་དང་མི་རྣམས་ཀྱི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་ཐོབ་པར་འགྱུར། སྟོབས་ཆེ་བར་འགྱུར། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུགས་དང་ལྡན་ཞིང་གཟུགས་


DKG089_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བར་འགྱུར། མཛེས་པ་དང་། བལྟ་ན་སྡུག་པ་དང་། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། དགེ་བའི་བཤེས་གཉེན་རྣམས་རྙེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་གཟུང་བར་འགྱུར་ཏེ། རྒྱལ་པོ་ཆེན་པོ་དག་ཡོན་ཏན་གྱི་ཕན་ཡོན་འདི་ལྟ་བུ་དག་མཐོང་ནས། མིའི་རྒྱལ་པོ་དེས་དཔག་ཚད་ཙམ་དུ་ཆོས་སྨྲ་བ་ལ་བསུ་བར་བྱ། དཔག་ཚད་བརྒྱ་དང་། དཔག་ཚད་སྟོང་དུ་ཡང་བསུ་བར་བྱ། ཆོས་སྨྲ་བ་དེ་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེང་བདག་གི་རྒྱལ་པོའི་ཕོ་བྲང་འདིར་འཇུག་པར་འགྱུར་རོ། །དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། བདག་གི་རྒྱལ་པོའི་ཕོ་བྲང་འདིར་བཤོས་གསོལ་བར་འགྱུར་རོ། །དེང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་མཉན་པར་བྱའོ། ། དེང་བདག་གིས་ཆོས་མཉན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་བྱའོ། །དེང་བདག་གིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་མཉེས་པར་བྱས་པར་འགྱུར་རོ། །དེང་བདག་གིས་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། མཆོད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡངས་ཤིང་རྒྱ་ཆེ་བ་བྱས་པར་འགྱུར་རོ། །དེང་བདག་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་འགྱུར་རོ། །དེང་བདག་གིས་ཚངས་པའི་དབང་པོའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་བརྒྱ་བྱིན་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་འབུམ་


DKG089_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དུ་མ་འཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོབ་པ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་འཁོར་བ་ལས་ཡོངས་སུ་ཐར་བར་བྱས་པར་འགྱུར་རོ། །དེང་བདག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བླ་ན་མེད་པ་ཡངས་ཤིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་གཟུང་བར་འགྱུར་རོ། །དེང་བདག་གིས་བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེང་བདག་གིས་རྒྱལ་པོའི་ཕོ་བྲང་འཁོར་འདིར་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བསམ་གྱིས་མི་ཁྱབ་པ། མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །དེང་བདག་གིས་ཡུལ་འདི་དག་ཐམས་ཅད་ཀུན་ཏུ་བསྲུངས་པར་འགྱུར་རོ། །ཡོངས་སུ་བསྐྱངས་པ་དང་། གནོད་པ་མེད་པ་དང་། དགྲ་མེད་པ་དང་། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་བརྫི་བ་དང་། ནད་འགོ་བ་མེད་པ་དང་། འཁྲུག་པ་མེད་པར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པ། དེ་དག་ལ་མིའི་རྒྱལ་པོ་དེ་དམ་པའི་ཆོས་ལ་གུས་པ་དེ་ལྟ་བུས་བསྟི་སྟང་བྱེད། བླ་མར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་ཅིང་། རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། ལྷའི་ཚོགས་དེ་དག་དང་གནོད་སྦྱིན་འབུམ་ཕྲག་དུ་མ་དག་ལ་ཤས་ཀྱིས་དམ་པ་བྱིན་ན། མིའི་རྒྱལ་པོ་དེ་བསོད་ནམས་མངོན་པར་འདུ་བྱེད་པ་དང་། དགེ་བ་མངོན་པར་འདུ་བྱེད་པ་དེ་དང་། ཚེ་འདིའི་ལུས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་དེས་རྣམ་པར་འཕེལ་བར་འགྱུར། ཚེ་འདི་ལ་རྒྱལ་པོའི་གཟི་བརྗིད་ཆེན་པོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །དཔལ་དང་། ཕུན་སུམ་ཚོགས་པ་དང་། གཟི་བརྗིད་ཀྱིས་ཀྱང་


DKG089_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པར་འགྱུར་རོ། །ཕྱིར་རྒོལ་བ་ཐམས་ཅད་དང་། དགྲ་ཐམས་ཅད་ཆོས་དང་མཐུན་པར་ཤིན་ཏུ་ཚར་ཆོད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་ཆོས་ལ་གུས་པ་དེ་ལྟ་བུས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ལ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱིད། བླ་མར་བགྱིད། རིམ་གྲོར་བགྱིད། མཆོད་པར་བགྱིད་ཅིང་། རྒྱལ་པོ་ཆེན་པོ་བདག་ཅག་གི་སླད་དུ། རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་དག་པར་ཕྱག་དར་བགྱིད། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་འདེབས་ལ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། ལྷན་ཅིག་ཏུ་ཐུན་མོང་དུ་ཆོས་མཉན་པ་དེ་ཉན་ཅིང་བདག་དང་ལྷ་ཐམས་ཅད་ཀྱི་སླད་དུ་དགེ་བའི་རྩ་བའི་ཤས་ཅུང་ཟད་ཅིག་སྦྱིན་པར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་དགེ་སློང་ཆོས་སྨྲ་བ་དེ་ཆོས་ཀྱི་སྟན་ལ་མཆིས་མ་ཐག་ཏུ། མིའི་རྒྱལ་པོ་དེས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་དོན་གྱི་སླད་དུ། སྤོས་སྣ་ཚོགས་ཀྱིས་བདུག་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་ལ་མཆོད་པའི་སླད་དུ། བདུག་པས་བདུགས་མ་ཐག་ཏུ་སྤོས་སྣ་ཚོགས་རྣམས་ལས། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ། རྒྱལ་པོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར་རོ། །སྤོས་ཀྱི་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་སྣང་བ་དེས་བདག་ཅག་གི་ཁང་པ་རྣམས་ཀྱང་སྣང་བ་བགྱིས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སྤོས་དང་། བདུག་པ་སྣ་ཚོགས་ཀྱི་འཁྲི་


DKG089_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མའི་བུ་ལྔ་བརྒྱ་འཁོར་དང་ལྡན་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་། དེ་དག་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་བྱུང་སྟེ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་གི་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་སྣ་ཚོགས་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ཁང་པ་རྣམས་ཀྱི་ནང་དུ་གསེར་དུ་སྣང་བ་འབྱུང་བར་འགྱུར་ཞིང་། སྣང་བ་དེས་གནས་ཐམས་ཅད་སྣང་བ་བགྱིས་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་རྒྱལ་པོ་ཆེན་པོ་ཁྱེད་བཞིའི་རང་རང་གི་ཁང་པ་རྣམས་ཀྱི་སྟེང་གི་བར་སྣང་ལ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པར་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དག །མིའི་རྒྱལ་པོ་དེས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་ལག་ན་པོག་སྣོད་ཅིག་ཐོགས་པ་དེ་ལས། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་རྣམས་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་། ཉི་མ་བྱེ་བ་ཕྲག་བརྒྱ་དང་། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་བརྒྱ་དང་། རིའི་རྒྱལ་པོ་འཁོར་ཡུག་དང་། འཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་། གླིང་ཆེན་པོ་བཞི་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་དང་། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང་


DKG089_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་སོང་བའི་བར་གྱི་ལྷ་བྱེ་བ་ཕྲག་བརྒྱ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་དུ་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་པོ་ཐམས་ཅད་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་ཚོགས་རྣམས་ཀྱི་རང་རང་གི་ཁང་པ་དག་གི་སྟེང་གི་བར་སྣང་ལ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ལྷའི་ཁང་པ་རྣམས་སུ་གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཡང་འབྱུང་བར་འགྱུར་ཞིང་སྣང་བ་དེས་ཀྱང་ལྷའི་ཁང་པ་རྣམས་སྣང་བ་བྱས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་ཁང་པ་ཐམས་ཅད་ཀྱི་སྟེང་གི་བར་སྣང་ལ། སྤོས་དང་བདུག་པའི་འཁྲི་ཤིང་དེ་དག་གདུགས་རྣམས་སུ་གནས་པ་དེ་བཞིན་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། མིའི་རྒྱལ་པོ་དེས། སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀུན་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དུ་མ། གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་རྣམས་སུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ། གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་བར་སྣང་ལ། སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་རྣམས་སུ་གནས་པར་འགྱུར། དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ། སྤོས་དང་བདུག་པ་སྣ་ཚོགས་རྒྱ་ཆེ་ཞིང་རྒྱ་ཆེ་བ་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་། སྣང་བ་དེས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་གང་གཱའི་ཀླུང་གི་


DKG089_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་མ་སྙེད་དག་སྣང་བ་བྱས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དག་ཆོ་འཕྲུལ་ཆེན་པོ་དེ་ལྟ་བུ་དེ་དག་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཆོས་སྨྲ་བ་དེ་ལ་དགོངས་པར་འགྱུར་ཏེ། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་ཁྱོད་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཚུལ་འདི་ལྟ་བུ་ཟབ་མོའི་དོན་འདི་ལྟ་བུ་ཟབ་མོར་སྣང་བ་འདི་ལྟ་བུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འདི་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འདོད་པ་ཁྱོད་ཡང་ལེགས་སོ་ལེགས་སོ། །ཞེས་བྱ་བ་སྦྱིན་པར་འགྱུར་རོ། །སུ་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པའི་སེམས་ཅན་དེ་དག་ཀྱང་། དགེ་བའི་རྩ་བ་ངན་ངོན་དང་ལྡན་པར་མི་འགྱུར་ན། གང་དག་འཛིན་པ་དང་། འཆང་བ་དང་། འཆད་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། འཁོར་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། །དེ་ཅིའི་སླད་དུ་ཞེ་ན། སྐྱེས་བུ་དམ་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་ནས་ཐོས་མ་ཐག་ཏུ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་རོ། །དེ་ནས་ཕྱོགས་བཅུ་ཀུན་དུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་རང་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་དག་གིས། དེའི་ཚེ་དེའི་དུས་ན། ཚིག་མཐུན་པ་དང་། ངག་མཐུན་པ་དང་། སྒྲ་སྐད་མཐུན་པས་དགེ་སློང་ཆོས་སྨྲ་བ་ཆོས་ཀྱི་ཁྲི་སྟན་ལ་འདུག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་མ་འོངས་པའི་དུས་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། ཤིང་གི་རྒྱལ་པོའི་དྲུང་དུ་འདུག་ནས། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པ་སེམས་ཅན་ཐམས་ཅད་ལས་རབ་ཏུ་


DKG089_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པའི་བརྟུལ་ཞུགས་དང་། དཀའ་ཐུབ་སྤྱོད་པའི་སྟོབས་སྐྱེད་པའི་བྱིན་གྱིས་བརླབས་དཀའ་བ་སྤྱོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་སྟོན་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོར་ལེགས་པར་བརྒྱན་པར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངས་སུ་སྐྱོབ་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཤིང་གི་རྒྱལ་པོའི་དྲུང་དུ་འདུག་སྟེ། བདུད་ཀྱི་སྡེ་བསམ་གྱིས་མི་ཁྱབ་པ། གཟུགས་རབ་ཏུ་འཇིགས་འཇིགས་ལྟར་འདུག་པ། མི་སྡུག་པ་སྟོན་པ། གཟུགས་མི་སྡུག་པ་སྣ་ཚོགས་དག་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔེ་མེད་པར་རབ་ཏུ་ཞི་བ་རྡུལ་དང་བྲལ་བ་ཟབ་མོ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་རྡོ་རྗེའི་གདན་སྙིང་པོ་བརྟན་པ་ལ་འདུག་སྟེ། ཆོས་ཀྱི་འཁོར་ལོ་རྒྱལ་བ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། མཆོག་ཏུ་ཟབ་པ། བླ་ན་མེད་པ་རྣམ་པ་བཅུ་གཉིས་རབ་ཏུ་བསྐོར་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྔ་ཆེན་པོ་བླ་ན་མེད་པ་བརྡུང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་དུང་བླ་ན་མེད་པ་འབུད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་སྒྲོན་མ་བླ་ན་མེད་པ་འབར་བ་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་ཆར་བླ་ན་མེད་པ་འབེབས་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཉོན་མོངས་པའི་དགྲ་འབུམ་ཕྲག་དུ་མ་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཤིན་ཏུ་འཇིགས་སུ་རུང་བ། འཇིགས་པ་ཆེན་པོའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག །འཁོར་བའི་འཁོར་བ་ལས་ཡོངས་སུ་ཐར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་མཉེས་པར་བྱེད་པར་འགྱུར་རོ། །


DKG089_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཡོན་ཏན་ཚེ་འདི་དང་། མ་འོངས་པ་ན་འབྱུང་བ་འདི་ལྟ་བུ་འདི་དག་མཐོང་བ། སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་སྐྱེད་པ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངས་སུ་འཛིན་པ་མཐོང་ནས། སྙིང་བརྩེ་བའི་སླད་དུ། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་རང་རང་གི་ཁང་པ་ན་མཆིས་པ་དག །སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་ཀྱིས་བསྐུལ་མ་ཐག་ཏུ། ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཁང་པ་བརྩེགས་པ་ཕྱག་དར་མ་མཆིས་པ། ལེགས་པར་ཕྱག་དར་བགྱིས་པ། སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་ལེགས་པར་བཏབ་པ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པའི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆིས་པར་བགྱིའོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། ལྷ་མོ་ཆེན་མོ་དཔལ་དང་། སའི་ལྷ་མོ་བརྟན་མ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། ལྷའི་བུ་དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་། འཕྲོག་མའི་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དེ་ག་ལ་བ་དང་། ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་སྟན་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ། མེ་ཏོག་བཀྲམ་པའི་ས་ལ་བཤམས་པར་འགྱུར་བ་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆིས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་


DKG089_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་འབུམ་ཕྲག་དུ་མ་དེ་དག་ཐམས་ཅད་མཐུན་པར་བགྱིས་ཏེ། མིའི་རྒྱལ་པོ་དགེ་བའི་གྲོགས་བགྱིད་པ། དགེ་བ་ཐོབ་པར་བགྱིད་པ། བླ་ན་མེད་པ་ཆོས་ཀྱི་སྦྱིན་པ་ཆེན་པོ་སྦྱིན་པ་དེ་ལ། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར་མ་ཐག་ཏུ། མིའི་རྒྱལ་པོ་དེ་ལ་ཀུན་དུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །མིའི་རྒྱལ་པོའི་ཕོ་བྲང་དེ་དང་། གྲོང་ཁྱེར་དེ་དང་། ཡུལ་དེ་ཡང་ཀུན་དུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཆད་པ་སྤང་བར་ཡང་བགྱིའོ། །ཡུལ་དེར་ཡང་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ཏེ། མིའི་རྒྱལ་པོ་དེའི་ཡུལ་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འབྱུང་ལ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པ་དག་ལ་བསྟི་སྟང་མི་བགྱིད། བླ་མར་མི་བགྱིད། རིམ་གྲོར་མི་བགྱིད། མཆོད་པར་མི་བགྱིད་ན། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལ་ཆོས་མཉན་པ་འདི་དང་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་མི་བགྱིད། རིམ་གྲོར་མི་བགྱིད། ལྷའི་ལུས་འདི་དག་གི་གཟི་བྱིན་ཡང་རྣམ་པར་འཕེལ་བར་མི་བགྱིད་དོ། །བདག་ཅག་གི་བརྩོན་འགྲུས་དང་། མཐུ་དང་སྟོབས་ཀྱང་མི་སྐྱེད། བདག་ཅག་གི་ལུས་ལ་གཟི་བརྗིད་དང་། དཔལ་དང་ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་བར་མི་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་


DKG089_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་དུ་མ་དག་གིས་ཡུལ་དེ་ཡལ་བར་དོར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གིས་ཡུལ་དེ་ཡལ་བར་བོར་ན། ཡུལ་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཀྱིས་ཀྱང་། ཡུལ་དེ་ཡལ་བར་འདོར་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ལྷ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་ཡུལ་རྣམ་པར་འཁྲུག་པ་སྣ་ཚོགས་འབྱུང་བར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་དག་འབྱུང་བར་འགྱུར། ཡུལ་གང་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱང་འཐབ་པ་སྐྱེ་བ་དང་། མཚང་འདྲུ་བ་སྐྱེ་བ་དང་། རྩོད་པ་སྐྱེ་བར་འགྱུར། དངོགས་པ་དང་འགྱེད་པར་འགྱུར་བ་དང་། གཟའ་དང་ནད་རྣམ་པ་སྣ་ཚོགས་ཡུལ་དུ་འབྱུང་བར་འགྱུར་རོ། །ཕྱོགས་ཐ་དད་པ་ནས་སྐར་མདའ་ལྟུང་བར་འགྱུར། གཟའ་དང་རྒྱུ་སྐར་རྣམས་ཀྱང་ཕན་ཚུན་མི་མཐུན་པར་གདའ་བར་འགྱུར། དགུང་ཟླ་འཆར་བ་ན་ཉི་མ་ལྟ་བུར་གདའ་བར་འགྱུར། ཟླ་བའི་གཟའ་དང་། ཉི་མའི་གཟའ་འབྱུང་བར་འགྱུར། ཉི་མ་དང་ཟླ་བ་ནམ་མཁའ་ལ་གནས་པ་ཡང་རྟག་པར་རྒྱུན་དུ་སྒྲ་གཅན་གྱི་གནོད་པ་དང་ལྡན་པར་འགྱུར། དུས་དུས་སུ་ནམ་མཁའ་ལ་འཇའི་ཁ་དོག་ལྟ་བུ་འཁྱིལ་བར་འགྱུར། ས་ཡང་གཡོ་བར་འགྱུར། ས་ལ་གནས་པའི་ཁྲོན་པ་ཡང་སྒྲ་འབྱིན་པ་གྲག་པར་འགྱུར། ཡུལ་དུ་རླུང་དྲག་པོ་ལྡང་བར་འགྱུར། ཆར་པ་དྲག་པོ་འབབ་པར་འགྱུར། ཡུལ་དུ་མུ་གེའི་ཡ་ང་བ་འབྱུང་བར་འགྱུར། ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམས་པར་འགྱུར། ཡུལ་དེ་ཕུང་བར་འགྱུར་སེམས་ཅན་དེ་དག་ཀྱང་ཉོན་མོངས་པ་མང་བར་འགྱུར། ཡུལ་དེ་ཉམས་མི་དགའ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་དུ་བཅས་པ་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་ཡུལ་ན་གནས་པའི་ལྷ་དང་ཀླུ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་འདི་ལྟ་བུའི་གནོད་པ་རྣམ་པ་སྣ་ཚོགས་བརྒྱ་དང་། གནོད་པ་སྟོང་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས། གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་བདག་ཉིད་ལ་ཀུན་དུ་བསྲུང་བ་ཆེན་པོ་


DKG089_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིད་འཚལ་བར་གྱུར། རྒྱལ་པོའི་བདེ་བ་སྣ་ཚོགས་ཡུན་རིང་པོར་མྱོང་བར་འཚལ་བར་གྱུར། བདེ་བ་ཐམས་ཅད་བསྟབས་པའི་སེམས་ཀྱི་རྒྱལ་པོ་ཉིད་བགྱིད་འཚལ་བར་གྱུར། ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བར་བགྱིད་འཚལ་བར་གྱུར། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཕམ་པར་བགྱིད་འཚལ་བར་གྱུར། ཡུལ་ཐམས་ཅད་དུ་ཡུན་རིང་དུ་ཡོངས་སུ་སྐྱོང་འཚལ་བར་གྱུར། ཆོས་ཀྱི་རྒྱལ་པོ་ཉིད་བགྱིད་འཚལ་བར་གྱུར། རང་གི་ཡུལ་ཡང་འཇིགས་པ་དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིད་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱི། བླ་མར་བགྱི། རིམ་གྲོར་བགྱི། མཆོད་པ་བགྱི། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་རྣམས་ཀྱང་། ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱི། བདག་ཅག་གི་ལྷའི་ལུས་འདི་དག་གི་གཟི་བྱིན་ཆེན་པོ་ཡང་རྣམ་པར་འཕེལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས། མིའི་རྒྱལ་པོ་དེས་གདོན་མི་འཚལ་བར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་ཚངས་པའི་དབང་པོས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་པ་བསྟན་པ་དག་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་པ་བསྟན་པ་དག་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་དག་གི་དོན་གྱི་སླད་དུ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་པས་ཆེས་མཆོག་ཆེས་ཁྱད་པར་དུ་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི། བཙུན་


DKG089_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་ཚངས་པའི་དབང་པོ་འབུམ་ཕྲག་དེ་དག་དང་། བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཐམས་ཅད་པས་ཆེས་མཆོག་ཆེས་ཁྱད་པར་དུ་འཕགས་པའི་དེ་བཞིན་གཤེགས་པས། སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པ་ལགས་སོ། །ཅི་ནས་ཀྱང་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མི་རྣམས་ཀྱི་རྒྱལ་པོས་རྒྱལ་པོ་ཉིད་བགྱི་བ་དང་། ཅི་ནས་སེམས་ཅན་ཐམས་ཅད་བདེ་བར་འགྱུར་བ་དང་། ཅི་ནས་རང་གི་ཡུལ་ཀུན་དུ་བསྲུངས་པར་འགྱུར་བ་དང་། ཡོངས་སུ་བསྐྱངས་པར་འགྱུར་བ་དང་། ཅི་ནས་ཡུལ་ཐམས་ཅད་ན་གནོད་པ་དང་། དགྲ་མ་མཆིས་པར་འགྱུར་བ་དང་། ཅི་ནས་ཕ་རོལ་གྱི་དམག་ཚོགས་རྣམས་ཕམ་སྟེ། ཕྱིར་ཕྱོགས་པར་འགྱུར་བ་དང་། ཅི་ནས་ཡུལ་དེ་དག་ན་ནད་འགོ་བ་མ་མཆིས་ཤིང་། འཁྲུག་པ་མ་མཆིས་པར་འགྱུར་བ་དང་། ཅི་ནས་ཡུལ་ཐམས་ཅད་ཆོས་ཀྱིས་འཁྲུག་པ་མ་མཆིས་ཤིང་། མི་རྫི་བར་འགྱུར་བ་དང་། ཅི་ནས་མིའི་རྒྱལ་པོ་དེ་དག་གིས། རང་རང་གི་ཡུལ་རྣམས་སུ་ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བགྱིས་ཤིང་། སྣང་བར་བགྱིས་པར་འགྱུར་བ་དང་། ཅི་ནས་ལྷའི་ཁང་ཁྱིམ་ཐམས་ཅད་ལྷ་དག་དང་། ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་བ་དང་། ཅི་ནས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་། གནོད་སྦྱིན་འབུམ་ཕྲག་དུ་མ་དང་། འཛམ་བུའི་གླིང་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཚིམ་པ་དང་། རིམ་གྲོ་བགྱིད་པར་འགྱུར་བ་དང་། ཅི་ནས་བདག་ཅག་གི་ལྷའི་ལུས་འདི་དག་གཟི་བྱིན་ཆེན་པོས་རྣམ་པར་འཕེལ་བར་འགྱུར་བ་དང་། ཅི་ནས་བདག་ཅག་གི་ལུས་ལ་བརྩོན་འགྲུས་དང་སྟོབས་དང་། མཐུ་ཆེན་པོ་སྐྱེད་པར་འགྱུར་བ་དང་། ཅི་ནས་བདག་ཅག་གི་ལུས་ལ་གཟི་བརྗིད་དང་། དཔལ་དང་། ཕུན་སུམ་ཚོགས་པ་རབ་ཏུ་འཇུག་པར་འགྱུར་བ་དང་། ཅི་ནས་འཛམ་བུའི་གླིང་ཐམས་ཅད་དུ་ལོ་ལེགས་ཤིང་ཉམས་དགའ་ལ། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར་བ་དང་། ཅི་ནས་འཛམ་བུའི་གླིང་ཐམས་ཅད་ན་གནས་


DKG089_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སེམས་ཅན་རྣམས་བདེ་བར་འགྱུར་བ་དང་། དགའ་བ་སྣ་ཚོགས་མྱོང་བར་འགྱུར་བ་དང་། ཅི་ནས་སེམས་ཅན་ཐམས་ཅད་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལྷ་དང་མིའི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་དག་མྱོང་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ལྷན་ཅིག་གནས་པར་འགྱུར་བ་དང་། མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དག་ཐམས་ཅད། ད་ལྟ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱིས་ཚངས་པའི་དབང་པོ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་པས་ཆེས་འཕགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་དང་ལྡན་པའི་བྱིན་གྱིས་བརླབས་དང་། བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དག་གི་ལྷའི་ཤེས་པ་བས། ཆེས་འཕགས་པ་དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པ་དང་། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་ཀྱི་ཚོགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ཐམས་ཅད་བས་ཆེས་འཕགས་པའི་བྱིན་གྱིས་བརླབས་ཀྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི། འཛམ་བུའི་གླིང་འདིར་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་དོ། །མིའི་རྒྱལ་པོའི་དགོས་པ་དང་། རྒྱལ་པོའི་བསྟན་བཅོས་དང་། རྒྱལ་པོའི་བགྱི་བ་གང་དག་འཛམ་བུའི་གླིང་ཐམས་ཅད་ན་མཆིས་པ་དང་། གང་དག་གིས་སེམས་ཅན་འདི་དག་ཐམས་ཅད་བདེ་བར་འགྱུར་བ་དེ་དག་ཐམས་ཅད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉེ་བར་བསྟན། ཡོངས་སུ་བརྗོད། ཡང་དག་པར་རབ་ཏུ་བཤད་དོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེ་དང་རྐྱེན་དེས་མིའི་རྒྱལ་པོ་དེས། གདོན་མི་འཚལ་བར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གུས་པར་མཉན་པར་བགྱི། གུས་པར་རིམ་གྲོར་་


DKG089_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི། གུས་པར་མཆོད་པར་བགྱིའོ།། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པས། གདོན་མི་ཟ་བར་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་། རིམ་གྲོ་བྱེད་པ་དང་མཆོད་པ་བྱེད་པ་དེ་དག་ཀུན་ཏུ་བསྲུང་བའི་ཕྱིར་སྤྲོ་བ་རྒྱ་ཆེར་གྱིས་ཤིག །རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་མདོ་སྡེའི་དབང་པོ་འདི་འཛིན་པ་དེ་དག་ཀྱང་། སངས་རྒྱས་ཀྱི་མཛད་པ་འཛིན་དུ་ཆུག་ཅིག་དང་། དེ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདི་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས་ཅི་ནས་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་བསྲུང་བ་དང་། གནོད་པ་མེད་པ་དང་། ནད་མེད་པ་དང་། འཁྲུག་པ་མེད་པ་དང་། སེམས་བདེ་བར་འགྱུར་ཞིང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བར། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ཀུན་དུ་བསྲུང་བར་བྱ། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྟན་ལས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བའི་གཟུངས་མཆིས་པ་འདི། སེམས་ཅན་གང་ལ་ལ་དག་འཛིན་ཅིང་འཆང་བར་མོས་པ་དེ་ལ། བསོད་ནམས་དཔག་ཏུ་མ་མཆིས་པར་འགྱུར་བ་དང་། རྟག་ཏུ་དེ་ལ་བདག་གིས་བསྲུང་ཞིང་བསྐྱབས་པས། དེའི་སྡུག་བསྔལ་ཐམས་ཅད་བསལ་ཏེ། བདེ་བར་གནས་པར་བགྱིའོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱང་


DKG089_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པར་བགྱིའོ། །གང་གཟུངས་སྔགས་འདི་འཛིན་པར་འདོད་པས་ལུས་བསྲུང་བའི་ཕྱིར་སྔགས་འདི་སྔར་བརྗོད་པར་བྱའོ། །ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། ར་ར་ར་ར། ཀུ་ནོ་ཀུ་ནོ། ཁུ་ནོ་ཁུ་ནོ། རུ་ནོ་རུ་ནོ། ས་བ་ས་བ། ཀ་ར་ཀ་ར། མ་ཧཱ་བི་ཀ་རཾ། མ་ཧཱ་བི་ཀ་རཾ། མ་ཧཱ་ཀཱ་ལ། མ་ཧཱ་རཱ་ཛ། རཀྵ་རཀྵ་ཏུ་མཱཾ། སརྦ་སཏྭཱ་ནཱཉྩ་སྭཱ་ཧཱ། བཅོམ་ལྡན་འདས་སྔགས་འདི་སྐུད་པ་དཀར་པོ་ལ་སྔགས་ལན་རེ་བཟླས་ཤིང་མདུད་པ་ལན་རེ་བོར་ཏེ། དེ་ལྟར་ལན་བདུན་བྱས་ནས། དཔུང་པ་ལ་བཏགས་ན་དོན་དེ་ངེས་པར་འགྲུབ་པར་འགྱུར་རོ། །དེ་ནས་ཁང་པ་དབེན་པའི་ནང་དུ་ཁྲུས་བྱས་ལ་གོས་གཙང་མ་གྱོན་ཏེ། སྤོས་གུ་གུལ་དང་། ཙནྡན་དང་། ག་བུར་དང་། དུ་རུ་སྐ་དང་། ཨ་ག་རུ་དང་། སྤོས་དཀར་པོ་ལ་སོགས་པ་འདི་དག་ཆ་མཉམ་པར་སྦྱར་བའི་སྤོས་ཀྱིས་མཆོད་ཅིང་། སྔགས་འདི་བཟླས་པས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྤྱན་དྲང་བར་བྱའོ། །ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་དྷ་ན་དཱ་ཡ། ཙཎྜེ་ཤྭ་རཱ་ཡ། ཨཱ་ཀརྵ། ཨ་པ་ར་ཛི་ཏ། ཙཎྜེ་ཤྭ་ར། པ་ར་མ། ཀཱ་རུ་ཎི་ཀ །སརྦ་སཏྭཱ། ཧི་ཏ་ཙིནྟཱ། མ་མ་དྷ་ན་བར་དྷོ། པརྱེ་ཤྭ་ར་སྭ་ཡམ། ཨཱ་ཀརྵ་ཡ་སྭཱ་ཧཱ། སྔགས་འདི་ལན་བདུན་བཟླས་པའི་འོག་ཏུ་རྩ་བའི་སྔགས་བཟླས་པར་བྱའོ། །སྔགས་འདི་འདོན་པའི་དུས་སུ་དཀོན་མཆོག་གསུམ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་སྔར་ཕྱག་འཚལ་བར་བྱའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྐོང་ཞིང་ནོར་སྦྱིན་པས་སེམས་ཅན་ཐམས་ཅད་བདེ་བར་མཛད་པའི་ཕྱིར་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བའི་སྔགས་འདི་བཟླས་ན། སེམས་ཅན་དེ་དག་ཡིད་བཞིན་དུ་བདེ་བ་རྙེད་པར་འགྱུར་རོ། །དེ་ནས་ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བའི་སྔགས་ཀྱི་སྙིང་པོ་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙཎྜ་ཙཎྜ། ཙ་ར་ཙ་ར། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། སནྡྷུ་ཡ། ཨཱཏྨ་ནཱཾ།


DKG089_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཏ་ཏྱ་ན། ཨནྟརྡྷཱ་ཏུ་སྭཱ་ཧཱ། ན་མོ་བཻ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། དྷ་ན་དཱ་ཡ་སྭཱ་ཧཱ། མ་ནོ་ར་ཐ་པ་རི་པཱུ་ར་ཡ་སྭཱ་ཧཱ། སྔགས་འདི་སྔར་ལན་སྟོང་བཟླས་པའི་འོག་ཏུ་ཁང་པ་དབེན་པའི་ནང་དུ་ལྕི་བས་དཀྱིལ་འཁོར་ཆུང་ངུ་ཞིག་བྱས་ཏེ་བཤོས་ཅི་འབྱོར་པས་མཆོད་པར་བྱའོ། །སྤོས་དམ་པ་བསྲེགས་པའི་དུ་བའི་རྒྱུན་མི་འཆད་པར་བྱ་ཞིང་ཉིན་མཚན་དུ་སེམས་རྩེ་གཅིག་པས་སྔགས་ཀྱི་སྙིང་པོ་འདི་བདག་ཉིད་ཀྱིས་ཐོས་པ་ཙམ་དུ་བཟླས་པ་བྱས་ན། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྲས་ཛི་ནར་ཤ་བྷ་ཞེས་བྱ་བ་གཞོན་ནུའི་གཟུགས་ཀྱིས་དེའི་གན་དུ་མཆིས་ཏེ་ངའི་ཡབ་ལ་ཅི་ཞིག་གསོལ་ཞེས་དྲི་བར་བྱེད་དོ། །དེ་ནས་དེས་བདག་ནི་དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར། ནོར་ཞིག་གསོལ་གྱིས་སྩོལ་ཅིག་ཅེས་སྨྲོས་ཤིག །དེ་ནས་སྲས་ཛི་ནར་ཤ་བྷས་ཡབ་ལ་གསོལ་བ། སྐྱེས་བུ་དམ་པ་ཞིག་དཀོན་མཆོག་གསུམ་ལ་མཆོད་པའི་ཕྱིར། ནོར་ཞིག་གསོལ་ལོ་ཞེས་གསོལ་པ་དང་། ཡབ་ཀྱིས་ཁྱོད་མྱུར་དུ་སོང་ལ་ཉིན་གཅིག་བཞིན་དུ་ཀཱ་པ་ཎ་བརྒྱ་བརྒྱ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དེ་ནས་སྔགས་སྒྲུབ་པ་དེས་ལྟས་དེ་ལྟ་བུ་མཐོང་ནས། དོན་དེ་གྲུབ་པར་ཤེས་ཏེ། གནས་དབེན་པར་བདག་གཅིག་པུ་སྤོས་བསྲེགས་ལ་ཉལ་ཁར་སྔས་སུ་དྲིའི་ཟ་མ་ཏོག་གཅིག་བཞག་སྟེ་ཉལ་བར་བྱའོ། །དེ་ཕྱིན་ཆད་ནང་གཅིག་བཞིན་དུ་ཟ་མ་ཏོག་དེའི་ནང་ནས་ནོར་ཅི་འབྱུང་བ་ལས་ནོར་དེ་དེའི་ཉིན་པར་དཀོན་མཆོག་གསུམ་ལ་མཆོད་པའི་ཡོ་བྱད་མེ་ཏོག་དང་། སྤོས་དང་། ཞལ་ཟས་ལ་སོགས་པར་སྦྱར་བ་དང་། བྲེལ་ཅིང་ཕོངས་པ་རྣམས་ལ་ཡང་སྦྱིན་ཞིང་ཟད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པར་བསམ་མོ། །ཁྲོ་བ་དང་འཚེ་བའི་བསམ་པ་བསྐྱེད་ན། དེ་ཉམས་པར་འགྱུར་བས། ཁྲོ་བའི་སེམས་མི་སྐྱེ་བར་རྟག་ཏུ་བསྲུང་བར་བྱའོ། །དེ་ནས་ཡང་སྔགས་འདི་འཛིན་པ་དེས་ཉིན་གཅིག་བཞིན་དུ་ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། གཞན་ཡང་སྲས་དང་། སྲས་མོའི་འཁོར་དུ་བཅས་པ་ལ། རྟག་པར་བསམ་ཞིང་། བསྟོད་པ་དང་། བསྔགས་པ་


DKG089_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །རྟག་པར་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་གཏོང་ཞིང་ལྷ་ལ་སོགས་པ་རྣམས་ཀྱི་མཐུ་དང་བསོད་ནམས་མངོན་པར་འཕེལ་བར་འགྱུར་བ་དང་། དགེ་བ་རྒྱས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། །ལྷ་དེ་དག་གིས་དེ་ལྟར་བྱེད་པ་དེ་མཐོང་ནས་ཀུན་དགའ་ཞིང་མགུ་རངས་པས་འོང་ཞིང་དེ་ལ་བསྲུང་བ་དང་། སྐྱོབ་པར་བྱེད་དོ། །སྔགས་མཁན་དེ་ཉིད་ཀྱང་ཚེ་ལོ་དཔག་ཏུ་མེད་པར་གནས་ཤིང་། ངན་སོང་གསུམ་ཡོངས་སུ་སྤོང་བ་དང་བགེགས་དང་། བར་ཆད་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །ཡིད་བཞིན་གྱི་ནོར་བུ་འདི་དང་། གཏེར་གཞན་དག་ཀྱང་ཐོབ་པར་འགྱུར་རོ། །རྫུ་འཕྲུལ་ལ་དབང་སྒྱུར་ཞིང་བསམ་པ་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །གལ་ཏེ་ལོངས་སྤྱོད་ཅན་དུ་འདོད་ན་ཡང་ཡིད་བཞིན་དུ་གྲུབ་པ་དང་། བྱ་དང་གཅན་གཟན་གྱི་སྐད་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །བཅོམ་ལྡན་འདས་སྔགས་སྒྲུབ་པ་དེས་བདག་མཐོང་བར་འཚལ་ན། ཚེས་བརྒྱད་དམ། ཚེས་བཅྭ་ལྔའི་ཉིན་པར་རས་དཀར་པོ་ལ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀ་པི་ཏ་དང་སྦྱར་བའི་ཚོན་རྩིས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རི་མོ་མཁན་གསོ་སྦྱོང་གི་ཡན་ལག་བརྒྱད་དང་ལྡན་པས། སངས་རྒྱས་ཀྱི་གཡོན་ཕྱོགས་སུ་ནི་དཔལ་གྱི་ལྷ་མོའི་གཟུགས་བྲི། སངས་རྒྱས་ཀྱི་གཡས་ཕྱོགས་སུ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བདག་བུ་སྨད་དང་འཁོར་དུ་བཅས་པ་བྲིས་ཏེ། གནས་དེར་བཀྲམ་ནས། མེ་ཏོག་སྣ་ཚོགས་དང་། དྲི་སྣ་མང་པོ་དང་། མར་མེ་དམ་པ་དང་། ཞལ་ཟས་བདའ་བ་སྣ་ཚོགས་ཀྱིས། ཉིན་མཚན་རྒྱུན་མི་འཆད་པར་མཆོད་པར་བྱའོ། །སྔགས་འདི་ཟློས་པས་སེམས་མི་གཡེང་བར་བྱ་ཞིང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྤྱན་དྲང་བའི་སྔགས་འདི་བཟླས་པར་བྱའོ། །ན་མཿཤྲཱི་ཀཎ་ཋཱ་ཡ། བུད་དྷཱ་ཡ། ན་མོ་བཻ་ཤྲ་བ་ཎཱ་ཡ། ཡཀྵ་རཱ་ཛཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཨ་ཏི་རཱ་ཛཱ་ཡ། ན་མཿཤྲཱི། མ་ཧཱ་དེ་བྱཻ། ཏདྱ་ཐཱ། ཏ་ར་ཏ་ར། ཏུ་རུ་ཏུ་རུ། བ་ར་བ་ར། སུ་


DKG089_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷོ་སུ་ཤུདྡྷོ། ཧ་ན་ཧ་ན། མ་ཎི་ཀ་ན་ཀ །བཛྲ་བཻ་ཌཱུཪྱ། མུཀ་ཏི་ཀ །ཨ་ལཾ་ཀྲྀ་ཀྲཱི་ཏ་ཤ་རཱི་རཱ་ཡ། སརྦ་སཏྭཱ། ཧི་ཏ་ཀཱ་མ། བཻ་ཤྲ་བ་ཎ་ཤྲཱི་ཡ་དེ་བཱི་པྲ་བྷཱ་ཡ། ཨེ་ཧི་ཨེ་ཧི། མཱ་བི་ལམྦ། གྷཱུརྞ་གྷཱུརྞ། པ་ར་སྱ་པ་ར་སྱ། ད་དཱ་ཧི་མ་མཱ། དརྴ་ན་ཀཱ་མ་སྱ། དརྴ་ནྃ། མ་མ་མ་ན། པྲ་ལ་ཧ་དཱ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གིས་སྔགས་ཟློས་པ་དེ་དང་། མཆོད་པ་རྒྱ་ཆེན་པོ་མཐོང་ནས། བདག་བྱམས་པ་དང་། དགའ་བའི་བསམ་པ་སྐྱེས་ནས། བདག་དེའི་མདུན་དུ་བྱིས་པ་གཞོན་ནུའི་གཟུགས་སམ། ཡང་ན་རྒན་པོའམ། དགེ་སློང་གི་གཟུགས་སུ་བྱས་ཏེ། བདག་ལག་ན་ཡིད་བཞིན་གྱི་ནོར་བུ་གསེར་གྱི་སྣོད་དང་བཅས་པ་ཐོགས་ཏེ། དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། ལུས་ཀྱིས་གུས་པ་སྟོན་ཅིང་། སངས་རྒྱས་ཀྱི་མཚན་གཅིག་ཏུ་བརྗོད་དེ། སྔགས་མཁན་དེ་ལ་འདི་སྐད་ཅེས་སྨྲའོ། །ཁྱོད་ཅི་དང་ཅི་སློང་བ་དེ་དག་ཐམས་ཅད་གྲུབ་པར་བྱས་ཏེ། ནགས་ཚལ་དབེན་པར་འགྲོ་འདོད་པའམ། ནོར་བུ་རིན་པོ་ཆེ་འདོད་པའམ། མི་མང་པོའི་ཡིད་དུ་འོང་བར་འདོད་པའམ། གསེར་དང་། དངུལ་ལ་སོགས་པའི་ནོར་འདོད་པའམ། སྔགས་གཞན་སྒྲུབ་པའི་དངོས་གྲུབ་འདོད་པའམ། རྫུ་འཕྲུལ་དང་། མངོན་པར་ཤེས་པ་དང་། ཚེ་རིང་བར་འདོད་པ་དང་། སྨན་བཅུད་ཀྱིས་ལེན་འདོད་པ་ལ་སོགས་པ་ཐམས་ཅད་བསམ་པ་བཞིན་དུ་གྲུབ་པར་བྱའོ། །བདག་གིས་དངོས་པོ་དེ་དག་ལ་སོགས་པ་མདོ་ཙམ་ཞིག་སྨོས་པར་ཟད་ཀྱི། དེ་མ་ཡིན་པ་གཞན་ཞིག་འདོད་ན་ཡང་ཐམས་ཅད་བསམ་པ་བཞིན་དུ་ཡོངས་སུ་གྲུབ་པར་བྱ་སྟེ། རིན་པོ་ཆེའི་གཏེར་མི་ཟད་པ་དང་། བསོད་ནམས་ཚད་མེད་པ་དང་ལྡན་པར་འགྱུར་རོ། ། དཔེར་ན་ཉི་ཟླ་འདི་ས་ལ་ལྷུང་བར་འགྱུར་བ་དང་། ས་ཆེན་པོ་འདི་གཞན་དུ་འགྱུར་བའི་དུས་ནི་ཡོད་ཀྱང་སྲིད་ཀྱི། བདེན་པའི་ཚིག་འདི་ནི་ནམ་ཡང་སླུ་བར་མི་འགྱུར་བས་རྟག་ཏུ་བདེ་བ་དང་། ཡིད་བཞིན་དུ་སྐྱིད་པ་དང་ལོངས་སྤྱོད་པ་ཐོབ་པར་འགྱུར་རོ། །གཞན་


DKG089_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བཅོམ་ལྡན་འདས་མདོ་སྡེའི་རྒྱལ་པོ་འདི་གང་ཞིག་འཛིན་ཅིང་འཆང་བ་དང་། ཀློག་ཅིང་འདོན་པ་ཡང་རུང་། སྔགས་འདི་སྒྲུབ་པ་ཡང་རུང་སྟེ། ཚེགས་ཆུང་ངུས་མྱུར་དུ་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་བདག་གིས་སེམས་ཅན་དབུལ་ཞིང་ཕོངས་པའི་སྡུག་བསྔལ་གྱིས་ཉེན་པའི་སེམས་ཅན་རྣམས་ཀྱི་ཆེད་དུ་སྔགས་འདི་བཤད་པས། དེ་ཕྱུག་ཅིང་བདེ་བའི་མཆོག་དང་ཕུན་སུམ་ཚོགས་པ་ཚེ་གཅིག་ཏུ་འབྱོར་བར་འགྱུར་རོ། །བདག་གིས་ཀྱང་དེ་ཡོངས་སུ་བསྲུང་ཞིང་བསྐྱབ་པའི་ཕྱིར། རྗེས་སུ་འབྲང་ཞིང་གནོད་པ་དང་། འཚེ་བ་ཐམས་ཅད་མ་མཆིས་པར་བགྱིའོ། །གཞན་ཡང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་འཛིན་ཅིང་རྒྱས་པར་བྱེད་པ་དང་། སྔགས་འདི་འཆང་བའི་གང་ཟག་དེ་གོམ་པ་བརྒྱ་ཚུན་ཆད་འོད་ཀྱིས་སྣང་བར་བྱས་ཏེ། བདག་གི་འཁོར་གནོད་སྦྱིན་སྟོང་རྣམས་ཀྱིས་ཀྱང་རྟག་ཏུ་དེའི་གཡོག་ཏུ་བསྐོ་ཞིང་མངག་གཞུག་ཡིད་བཞིན་དུ་བྱེད་དུ་གཞུག་གོ། །བདག་གི་བདེན་པའི་ཚིག་འདི་སླུ་བ་མེད་པར་ཡང་བཅོམ་ལྡན་འདས་ཀྱིས་དགོངས་སུ་གསོལ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་སྔགས་དེ་སྐད་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་ལེགས་སོ་ལེགས་སོ་ཞེས་བཀའ་སྩལ་ཏེ། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་སྲེད་པས་གདུངས་པའི་སྡུག་བསྔལ་གྱི་དྲ་བ་ཐམས་ཅད་བྲལ་བས་ཕྱུག་ཅིང་བདེ་བར་བྱ་བའི་ཕྱིར་སྔགས་འདི་སྨྲས་པ་དང་། གཞན་ཡང་མདོ་སྡེ་འདི་འཇིག་རྟེན་དུ་ཡོངས་སུ་རྒྱས་པར་བྱ་བའི་ཕྱིར། སྔགས་འདི་བཤད་པ་ནི་ལེགས་སོ་ལེགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་བ་བཏུད་ནས། ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། དེའི་ཚེ་མངོན་སུམ་དུ་ཚུལ་དང་མཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས། བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་


DKG089_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང་། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་དུ་གང་། །རྒྱལ་བའི་ཞབས་ནི་འཁོར་ལོས་བྲིས་འདྲ་སྟེ། །ཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབ་མ་སྟོང་། །ཕྱག་དང་ཞབས་ནི་དྲ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་རྒྱལ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། ། སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པའི་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་མེད་པ། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། སྟོབས་བཅུ་དག་གིས་གསེར་འོད་དམ་པ་ཡི། །མདོ་སྡེའི་དབང་པོའི་རྒྱལ་པོ་རབ་མཆོག་འདི། །འཇིག་རྟེན་སྐྱོང་བ་ཁྱེད་ཅག་རྣམས་ཀྱིས་ནི། །བརྩོན་འགྲུས་རབ་ཏུ་བརྟན་པས་བསྐྱང་བར་བྱ། །འདི་ལྟར་མདོ་སྡེ་དཀོན་མཆོག་ཟབ་མོ་འདི། །སེམས་ཅན་ཀུན་ལ་བདེ་བ་སྦྱིན་བྱེད་པ། །སེམས་ཅན་རྣམས་ལ་ཕན་དང་བདེ་བའི་ཕྱིར། །འཛམ་བུའི་གླིང་འདིར་ཡུན་རིང་གནས་པར་འགྱུར། །འདི་ལྟར་སྟོང་གསུམ་གྱི་ནི་སྟོང་ཆེན་གྱི། །འཇིག་རྟེན་དག་ན་ངན་སོང་སྡུག་བསྔལ་དང་། །སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ནི། །སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ཡིན། །འཛམ་གླིང་འདི་ན་འཛམ་གླིང་གནས་པ་ཡི། །རྒྱལ་པོ་གང་དག་ཡིན་པ་ཐམས་ཅད་ཀྱིས། །རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ནི། །ཆོས་རྣམས་ཀྱིས་ནི་ཡུལ་དག་བསྐྱང་བར་གྱིས། །གང་གིས་འཛམ་བུའི་གླིང་འདི་བདེ་བ་དང་། །ཤིན་ཏུ་ལོ་ལེགས་ཉམས་ཀྱང་དགར་འགྱུར་ཞིང་། །འཛམ་བུའི་གླིང་ནི་ཐམས་ཅད་དག་ན་ཡང་། །སེམས་ཅན་ཐམས་ཅད་བདེ་བར་འགྱུར་བར་གྱིས། །འདི་ན་མི་ཡི་དབང་པོ་གང་རྣམས་ནི། །


DKG089_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ལ་དགའ་དང་བདག་བ་དེ་དགའ་བ་དང་། །རྒྱལ་སྲིད་རྣམ་པར་འབྱོར་པ་དགའ་བ་དེས། །མདོ་སྡེའི་དབང་པོ་འདི་ནི་མཉན་པར་བྱ། །མདོ་སྡེའི་དབང་འདི་མཆོག་ཏུ་དགེ་བར་བྱེད། །ཕ་རོལ་དགྲ་ནི་ཡང་དག་ཟད་པར་བྱེད། །ཕ་རོལ་དམག་ཚོགས་ཟློག་བྱེད་དགེ་བ་བྱེད། །མཆོག་ཏུ་འཇིགས་པས་ཕོངས་པ་སེལ་བར་བྱེད། །དཔེར་ན་རིན་ཆེན་ཤིང་ལྗོན་རབ་མཛེས་པ། །ཡོན་ཏན་ཀུན་འབྱུང་ཁྱིམ་ན་ཡོད་པ་ལྟར། །རྒྱལ་པོ་ཡོན་ཏན་འདོད་པ་རྣམས་ཀྱིས་ཀྱང་། །མདོ་སྡེའི་དབང་པོའི་མཆོག་འདི་དེ་ལྟར་བལྟ། །དཔེར་ན་ཆུ་གྲང་སྐོམ་པ་སེལ་བྱེད་པ། །ཚ་བས་ཉམ་ཐག་དེ་ནི་རྙེད་པ་ལྟར། །ཡོན་ཏན་དག་གིས་སྐོམ་པའི་རྒྱལ་པོ་ལ། །མདོ་སྡེའི་དབང་པོའི་མཆོག་འདི་དེ་བཞིན་ནོ། །དཔེར་ན་རིན་ཆེན་ཐམས་ཅད་འབྱུང་བའི་གནས། །རིན་ཆེན་སྣོད་ནི་ལག་མཐིལ་ཡོད་པ་ལྟར། ། མི་ཡི་དབང་པོ་ཚོགས་ལ་གསེར་འོད་མཆོག །མདོ་སྡེའི་དབང་པོའི་མཆོག་འདི་དེ་བཞིན་ནོ། །འདི་ནི་ལྷ་ཡི་ཚོགས་ཀྱིས་མངོན་མཆོད་པ། །མདོ་སྡེའི་དབང་པོ་ལྷ་དབང་ཕྱག་བྱས་པས། །འཇིག་རྟེན་སྐྱོང་བ་རྫུ་འཕྲུལ་ཆེན་པོ་པ། །བཞི་པོ་དག་གིས་ཀུན་དུ་བསྲུངས་པ་ཡིན། །ཕྱོགས་བཅུ་དག་ན་སངས་རྒྱས་རྣམས་ཀྱིས་ཀྱང་། །མདོ་སྡེའི་དབང་པོ་འདི་ནི་རྟག་ཏུ་དགོངས། །མདོ་སྡེའི་དབང་པོ་འདི་ནི་བཤད་པ་ན། །སངས་རྒྱས་རྣམས་ཀྱིས་ལེགས་ཞེས་བརྗོད་པ་བྱིན། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །ཕྱོགས་བཅུ་དག་ཏུ་ཡུལ་ཡང་སྲུང་བར་བྱེད། །རབ་ཏུ་དགའ་ཞིང་རབ་ཏུ་མགུ་སེམས་ཀྱིས། །མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །འཛམ་བུའི་གླིང་ན་གནས་པར་གྱུར་པ་ཡི། །ལྷ་ཡི་ཚོགས་རྣམས་བསམ་གྱིས་མི་ཁྱབ་པ། །ལྷ་ཚོགས་དེ་དག་ཀུན་ཀྱང་རབ་དགའ་བས། ། མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །ཆོས་རྣམས་མཉན་པར་བྱ་བ་འདི་ཡིས་ནི། །གཟི་བརྗིད་དང་ནི་སྟོབས་དང་བརྩོན་འགྲུས་ཐོབ། །གཟི་བྱིན་ཆེན་པོ་ཡིས་ནི་ལྷ་ཡི་ལུས། །ཤིན་ཏུ་རྒྱས་ཤིང་རྣམ་པར་འཕེལ་བར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་


DKG089_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཚིགས་སུ་བཅད་པ་འདི་ལྟ་བུ་འདི་དག་ཐོས་པ་དང་ངོ་མཚར་དུ་གྱུར། རྨད་དུ་བྱུང་བར་གྱུར། དགའ་བར་གྱུར་ཏེ། དེ་དག་ཆོས་ཀྱི་ཤུགས་ཀྱིས་ཡུད་ཙམ་ཞིག་ཏུ་ངུས་ནས་མཆི་མ་ཕྱིས་ཏེ། དེ་དག་ལུས་འཕར་ཡན་ལག་འདར་ཞིང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ནས། ཡང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་གཏོར། མངོན་པར་གཏོར་ཏོ། །མངོན་པར་གཏོར་ནས་ཀྱང་སྟན་རྣམས་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་རྒྱལ་པོ་ཆེན་པོ་རེ་རེ་ལ་ཡང་གནོད་སྦྱིན་ལྔ་བརྒྱ་ལྔ་བརྒྱ་དང་། ཆོས་སྨྲ་བ་དེ་ལ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ། རྟག་ཏུ་དགེ་སློང་ཆོས་སྨྲ་བའི་སླད་བཞིན་འབྲང་བར་བགྱིའོ། །གལ་ཏེ་མདོ་སྡེ་འདི་ལས་ཚིག་གི་དོན་འགའ་ཞིག་བརྗེད་པར་གྱུར་ན་ཡང་། བདག་ཅག་གིས་དེ་ལ་དྲན་པ་དང་། མི་བརྗེད་པའི་མཆོག་གི་གཟུངས་ཆོས་ཀྱི་རྣམ་གྲངས་ཡོངས་སུ་རྫོགས་པར་བགྱིའོ། །མདོ་སྡེའི་དབང་པོ་འདི་དག་གང་ན་བཞུགས་པའི་གནས་དེ་དག་གི་སེམས་ཅན་རྣམས་ཀྱིས་ཡོངས་སུ་རྒྱས་པར་བྱེད་པས། ནམ་ཡང་ནུབ་པར་མི་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་འདུས་པ་དེ་དག་ལ་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཚེ། སེམས་ཅན་དེ་དག་གིས་ཡེ་ཤེས་དང་། སྤོབས་པ་དང་། བསོད་ནམས་ཀྱི་ཚོགས་ཚད་མེད་པ་ཐོབ་པས། ཉོན་མོངས་པ་སྤངས་པའི་བདེ་བ་དང་ལྡན་ཏེ། བསྟན་བཅོས་ཐམས་ཅད་ལ་མཁས་ཤིང་འཁོར་བ་ཡོངས་སུ་སྤངས་ཏེ། བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་མྱུར་དུ་ཐོབ་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་རྒྱལ་པོ་ཆེན་པོ་བཞིས་ཡུལ་འཁོར་ཡོངས་སུ་སྐྱོང་བའི་ལེའུ་ཞེས་བྱ་སྟེ། བཅུ་གཉིས་པའོ།། །།


DKG089_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བམ་པོ་བདུན་པ། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་འདི་ལྟ་སྟེ། ཆགས་པ་མེད་པའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ནི། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་བསྒོམས་པ་རྣམས་ཀྱི་མ་དང་། བྱང་ཆུབ་སེམས་དཔའི་སྔོན་གྱི་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་འཛིན་པ་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ནི་ཡུལ་ན་མི་གནས། ཕྱོགས་ན་མི་གནས་པ་ལགས་ན། བཅོམ་ལྡན་འདས་གཟུངས་གཟུངས་ཞེས་བགྱི་བའི་གཟུངས་ཀྱི་ཚིག་གི་དོན་དེ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ཇི་ལྟར་ཁྱོད་ཐེག་པ་ཆེན་པོ་ལ་གནས་པ་དང་། ཐེག་པ་ཆེན་པོ་ལ་མོས་པ་དང་། ཐེག་པ་ཆེན་པོ་ལ་ལྷག་པར་བྱ་བ་བྱས་པ་ཡིན་ན། ཤ་ར་དྭ་ཏིའི་བུ་ཇི་ལྟར་ཁྱོད་གཟུངས་ནི་ཡུལ་ན་མི་གནས་ཕྱོགས་ན་མི་གནས་ཤིང་། ཆོས་ཀྱང་མ་ཡིན། ཆོས་མ་ཡིན་པ་ཡང་མ་ཡིན། འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། དངོས་པོ་ཅན་ཡང་མ་ཡིན། དངོས་པོ་མེད་པ་ཅན་ཡང་མ་ཡིན། རྐྱེན་ལས་བྱུང་བ་ཡང་མ་ཡིན། རྐྱེན་མེད་པ་ལས་བྱུང་བ་ཡང་མ་ཡིན། འགྲོ་བ་ལས་བྱུང་བ་ཡང་མ་ཡིན། འགྲོ་བ་མེད་པ་ལས་བྱུང་བ་ཡང་མ་ཡིན། ཆོས་གང་གི་སྐྱེ་བ་ཡང་མ་ཡིན། འགོག་པ་ཡང་མ་ཡིན་པར་ཆོས་སྟོན་མོད་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ལ་ཕན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། སངས་རྒྱས་ཀྱི་ཡོན་ཏན་དང་། སངས་རྒྱས་ཀྱི་ཚུལ་ཁྲིམས་དང་། སངས་རྒྱས་ཀྱི་བསླབ་པ་དང་། སངས་རྒྱས་ཀྱི་དགོངས་པ་དང་། སངས་རྒྱས་འབྱུང་བ་འདི་ལྟ་སྟེ། ཆགས་པ་མེད་པའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་སྒྲུབ་པའི་ལམ་གྱི་རིག་པ་དང་། སྟོབས་ཀྱི་གནས་སྟོན་པ་ལེགས་སོ་ལེགས་སོ། །དེ་སྐད་ཅེས་བཀའ་སྩལ་


DKG089_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་།བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། གཟུངས་ཐོབ་པས་གང་ལ་གནས་ན། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། ཡང་དག་པར་དམ་བཅས་པར་འགྱུར་བ་དང་། རྟེན་མེད་པའི་ཆོས་ཀྱི་རང་བཞིན་གྱི་སྤོབས་པ་ཅན་གྱི་སློབ་དཔོན་དང་། ལམ་ལ་ཤིན་ཏུ་གནས་པར་འགྱུར་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་ཉིད་དུ་བརྗོད་པར་བྱ་སྟེ། ཤ་ར་དྭ་ཏིའི་བུ་གང་ལ་ལ་གཟུངས་ཐོབ་པའི་བྱང་ཆུབ་སེམས་དཔའ་ལ་བཀུར་སྟིར་བྱེད་པ་དང་། བླ་མར་བྱེད་པ་དང་། རིམ་གྲོར་བྱེད་པ་དང་། མཆོད་པར་བྱེད་པ་དེས་སངས་རྒྱས་ལ་བཀུར་སྟིར་བྱས་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གང་ལ་ལ་གཟུངས་འདི་ཉན་པར་བྱེད་པ་དང་། གང་དག་གཟུངས་འདི་འཆང་བར་བྱེད་པ་དང་། གང་དག་མོས་པར་བྱེད་པ་དེ་རྣམས་ལ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས། སངས་རྒྱས་ལ་ཇི་ལྟར་མཆོད་པ་དེ་བཞིན་དུ་འགྱུར་རོ། །ཤ་ར་དྭ་ཏིའི་བུ་གཟུངས་དེ་ནི་འདི་ཡིན་ཏེ་ཏདྱ་ཐཱ། སན་དྷཱ་ར་ཎི། ཨུཏ་དྷཱ་ར་ཎི། སུ་སཾ་པྲ་ཏི་ཥྛི་ཏེ། སུ་ནཱ་མ། སུ་པྲ་ཏིཥྛི་ཏེ། བི་ཛ་ཡ་བ་ལ། སཏྟྱ་པྲ་ཏི་ཛྙཱ། སུ་ཨཱ་རོ་ཧ། ཛྙཱ་ན་པྲ་ཏི། ཨུཏྤཱ་ད་ནི། ཨ་བ་ནཱ་བ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ་ཧཱ་ར། ཤུ་བྷ་བ་ཏི། སུ་ནིཿཤྲི་ཏ། བ་ཧུ་གུཾ་བྷ། ཨ་བྷི་བ་དཱ་སྭཱ་ཧཱ། ཤ་ར་དྭ་ཏིའི་བུ་ཆགས་པ་མེད་པའི་གཟུངས་ཀྱི་ཚིག་འདི་བྱང་ཆུབ་སེམས་དཔའ་གང་གིས་ཤིན་ཏུ་གནས་པ་དང་། ལེགས་པར་གཟུང་བ་བྱས་ནས། འཆང་བར་བྱེད་པ་དེ་བསྐལ་པའམ། བསྐལ་པ་ལས་ལྷག་པའམ། བསྐལ་པ་སྟོང་ངམ། བསྐལ་པ་བརྒྱ་ཕྲག་སྟོང་


DKG089_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་སྨོན་ལམ་ཟད་པར་མི་འགྱུར་ལ། དེའི་ལུས་ལ་མཚོན་གྱིས་ཚུགས་པར་མི་འགྱུར་ཏེ། དུག་གིས་མ་ཡིན་ཞིང་སྦྲུལ་གྱིས་ཚུགས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ་ཆགས་པ་མེད་པའི་གཟུངས་འདི་ནི། འདས་པའི་སངས་རྒྱས་རྣམས་ཀྱི་ཡུམ། མ་བྱོན་པའི་སངས་རྒྱས་རྣམས་ཀྱི་ཡུམ། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱི་ཡུམ་སྟེ། འདི་ལྟ་སྟེ། ཆགས་པ་མེད་པའི་གཟུངས་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཡིན་ནོ། །ཤ་ར་དྭ་ཏིའི་བུ་གང་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ཕྲག་བཅུ་རིན་པོ་ཆེ་སྣ་བདུན་གྱིས་བཀང་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོན་དུ་ཕུལ་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ལ་བསྐལ་པ་གྲངས་མེད་པར་ན་བཟའ་དང་། ཞལ་ཟས་གྱ་ནོམ་པས་བཞུགས་པར་བྱེད་པ་བས། གང་དག་གིས་ཆགས་པ་མེད་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་གཅིག་ཙམ་འཛིན་པར་བྱེད་པའི་སེམས་ཅན་དེ་དག་དེ་བས་ཆེས་བསོད་ནམས་མང་དུ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལ་ཆགས་པ་མེད་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ནི། སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཡིན་ནོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་ཆགས་པ་མེད་པའི་གཟུངས་ཞེས་བྱ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གློག་ཐམས་ཅད་ཟློག་པ། སོ་སོར་འབྲང་བ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། ང་ཡང་ད་ལྟར་འཆད་ཀྱིས་ཟུང་ཤིག །ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ལྷོ་ཕྱོགས་ན་སྐད་བརྒྱ་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ནུབ་ཕྱོགས་ན་འོད་ཉམས་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དེ། ཀུན་དགའ་བོ་གང་ལ་ལ་གློག་འདི་རྣམས་ཀྱི་མིང་ཤེས་པ་དང་། ཕྱོགས་རྣམ་པར་གནས་


DKG089_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཤེས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མི་འབྱུང་བར་ཤེས་པར་བྱའོ། །གློག་གི་མིང་འདི་དག་ཡི་གེར་བྲིས་ཏེ། གནས་གང་དུ་བཞག་པའི་གནས་དེ་དག་ཏུ། གློག་ཐམས་ཅད་མི་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། དྲཱ་བི་ཌའི་གསང་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ནི་མི་ནི་མི། ནི་མིན་དྷ་རི། འཇིག་རྟེན་གསུམ་སྣང་བར་བྱེད་པ། ལག་ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ། དྲཱ་བི་ཌའི་གསང་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཀ་ཊེ་བི་ཀ་ཊེ། ནི་ཀ་ཊེ། པྲ་ཏྱ་རྠི་ཀེ །པྲཏྱ་མི་ཏྲེ། ཤུདྡྷེ། མུཀྟེ། བི་མ་ལེ། པྲ་བྷཱ་སྭ་རེ། ཨཎྜ་རེ། པཎྜ་རེ། ཤྭེ་ཏེ། པཎྜ་ར་བཱ་སི་ནི། ཧ་རི་ཀཎྜ་རི། ཀ་པི་ལི། པིཾ་ག་ལ། ཨཀྵི་ད་དྷི་མུ་ཁི། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས། བདག་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཐོང་བར་མ་གྱུར་ཅིག་སྭཱ་ཧཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་ན་དྷ་རི་མུ་ནི། མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ། ཁྱོད་ལ་སྡིག་པ་མེད་ཀྱིས་མ་འཇིགས་ཤིག་ཅེས་ལག་ན་རྡོ་རྗེས་སྨྲས་ཀྱིས་དྲཱ་བི་ཌ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་བསྲུང་བ་གཞན་གྱིས་མི་ཐུབ་པ་འདི་སུའི་སྙིང་ལ་འཛིན་ཏམ། ཡི་གེར་བྲིས་པ་དེ་བདག་གིས་རྟག་


DKG089_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྒྱུན་དུ། འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཐར་བར་བགྱིའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་བསྐྱེད་པའི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་ལ། གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སྭཱ་ཧཱ། བྲཧྨ་པཱུ་རེ་སྭཱ་ཧཱ། བྲཧྨ་སྭ་རེ་སྭཱ་ཧཱ། བྲཧྨ་བྷི་སུ་གརྦྷེ། པུཥྤ་སཾ་སྟ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་བསྲུང་བ་ཚངས་པའི་ཆད་པ་ཞེས་བགྱི་སྟེ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ནི་བ་རཱ་ཎི། བནྡྷ་མཱ་རནྟེ་མ་ཏི་ཏི། ཏི་ཏི། གཽ་རཱི། གནྡྷ་རི། ཙཎྜཱ་ལི། མཱ་ཏངྒི། པ་རྞ་ལེ། ཧི་ན་མ་དྷྱ་མ་དྷ་རི་ཎི་མ་ལ་ནི། ད་ལ་མད་དེ། ཙཀྲ་བཱ་ཀྲཱི། ཤ་བ་རི། ཤ་བ་རི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་བདག་གི་རིག་སྔགས་རྡོ་རྗེའི་ལྕེ་འབེབས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་ཐར་བར་བགྱིད་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་


DKG089_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་སླད་དུ། ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ་སུ་པུཥྤེ། དྷུ་མ་པ་རི་ཧཱ་རེ། ཨཱཪྱ་པུ་ཤ་སྟེ། ཤཱན་ཏི། ནིརྨུཀ་ཏེ། མངྒ་ལྱ། ཧི་ར་ཎྱ་གདྡྷེ་སྟུ་ཏེ། སྟ་བི་ཏེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་གི་བསྲུང་བ་འཇིགས་པ་མ་མཆིས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་མི་འཇིགས་པར་བགྱིད་པ། ཚེ་སྐྱོང་བ་དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་གློག་འོད་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་གློག་ལྕེ་དང་། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་སྲུང་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བ། གློག་ཐམས་ཅད་ཟློག་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་སེལ་བ། དུག་རྣམས་མི་གདུག་པར་བགྱིད་པ། གཤེད་བྱེད་དང་། བྱད་སྟེམས་དང་། རོ་ལངས་དང་། བཀྲ་མི་ཤིས་པའི་འཇིགས་པ་ཞི་བར་བགྱིད་པ་མཆིས་ན། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་འདི་ནས་དབྱུང་བ་དང་། སེར་སྣ་སྤང་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་སེར་སྣ་ཅན་ཏེ་སེམས་སེར་སྣས་བསྐོར་བ་ལགས་སོ། །ཏདྱ་ཐཱ། ཨཱཪྱ་ཛེ་ཨ་མ་རེ་ཨ་མྲྀ་ཏེ། ཨཀྵ་ཡེ། ཨ་བྷི་ཡེ། པུཎྱཻ། བཪྱ་བ་ཏེ། སརྦ་པཱ་པྃ། པྲ་ཤ་མཱ་ནི་ཡེ་སྭཱ་ཧཱ། ཨཱཪྱ་པུཎྱ་སོ་པཱ་ཀཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གསང་སྔགས་ཀྱི་ཚིག་འདི་དག་སྐྱེས་པའམ། བུད་མེད་གང་ལ་ལའི་ལྕེ་ལ་འདོན་པའམ། ཡི་གེར་བྲིས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མ་མཆིས་པར་རིག་པར་བགྱིའོ། །རྩ་བའི་དུག་གམ། མཆེ་བའི་


DKG089_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གམ། དབྱིག་དུག་གམ། གང་དག་གཞན་ཡང་ཡན་ལག་ལས་བྱུང་བའི་དུག་དེ་དག་གིས་དེ་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བདག་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ཀླུའི་དབང་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། བཞིན་བཟངས་དག་ཁྱེད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་ཡོངས་སུ་བཟུང་བའི་ཕྱིར། དྲཱ་བི་ཌའི་གསང་སྔགས་ཀྱི་ཚིག་རྣམས་བཤད་པ་ལེགས་སོ་ལེགས་སོ། །ཕྱོགས་རྣམས་ནི་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་རྣམས་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ཀླུའི་དབང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཡིད་བཞིན་གྱི་ནོར་བུའི་གཟུངས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་བཞི་པའོ།། །།དེ་ནས་ལྷ་མོ་ཆེན་མོ་དབྱངས་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དབྱངས་ཅན་བདག་གིས་ཀྱང་། དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ། སྤོབས་པ་ཉེ་བར་བསྒྲུབ་པར་བགྱི། གཟུངས་ཀྱང་སྩལ་བར་བགྱི། ངེས་པའི་ཚིག་གིས་བརྗོད་པ་ཀུན་ཏུ་གཞག་པར་བགྱི། དགེ་སློང་ཆོས་སྨྲ་བ་དེ་ལ་ཤེས་པའི་སྣང་བ་ཆེན་པོ་བགྱི། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཚིག་འགའམ། ཡི་གེ་གང་ཡང་རུང་བ་དག་


DKG089_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག །ཡོངས་སུ་ཉམས་པར་གྱུར་ཏམ། བསྐྱུད་ན་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ངེས་པའི་སྒྲ་དང་ཚིག་དང་། ཡི་གེ་དེ་དག་ཐམས་ཅད་བསྒྲུབ་པར་བགྱིའོ། །ཅི་ནས་སངས་རྒྱས་བཅོམ་ལྡན་འདས་འབུམ་ཕྲག་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་ན་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་དུ་མ་དག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་ནས། ཤེས་རབ་རྣོ་བ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དང་། ཤེས་རབ་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་། ཚེ་འདི་ལ་ཚེ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང་། སྲོག་ལ་ཕན་གདགས་པ་དང་། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་རབ་ཏུ་འཛིན་པར་འགྱུར་བ་དང་། ཐབས་སྣ་ཚོགས་རབ་ཏུ་འཚལ་བར་འགྱུར་བ་དང་། བསྟན་བཅོས་ཐམས་ཅད་ལ་རབ་ཏུ་མཁས་པར་འགྱུར་བ་དང་། བཟོའི་བགྱི་བ་སྣ་ཚོགས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་བ་དང་། བསྐྱུད་པ་མ་མཆིས་པར་བགྱི་བའི་སླད་དུ། དེ་ལ་གཟུངས་ཀྱང་སྩལ་བར་བགྱིའོ། །དགེ་སློང་ཆོས་སྨྲ་བ་དེ་དང་། སེམས་ཅན་ཆོས་ཉན་པ་དེ་དག་གི་དོན་གྱི་སླད་དུ། སྔགས་དང་། སྨན་དང་ལྡན་པའི་ཁྲུས་ཀྱི་ལས་བརྗོད་པར་བགྱི་སྟེ། གཟའ་དང་། རྒྱུ་སྐར་དང་། སྐྱེ་བ་དང་། འཆི་བའི་གནོད་པ་དང་། འཐབ་པ་དང་། རྙོག་པ་དང་། འཁྲུག་གློང་དང་། ཁྲག་ཁྲུག་དང་། རྨི་ལམ་ངན་པ་དང་། ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱད་དང་རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར། གང་གིས་མཁས་པ་དག་ཁྲུས་བགྱིད་དུ་སྩལ་བའི་སྨན་དང་སྔགས་ནི་འདི་དག་སྟེ། ཤུ་དག་གིའུ་ཝང་སྤྲྀ་ཀ་དང་། །ཤ་མྱ་ཤ་མྱི་ཤཱི་རི་ཤཱ། །ཨིནྡྲ་ཧསྟ་སྐལ་བ་ཆེ། །ཛྷ་མ་ཤིང་ཚ་ཨ་ག་རུ། །ཤི་རི་བི་སྟ་སྲ་རྩི་པོག །གུ་གུལ་ར་ས་ཤ་ལ་ཀི། །རྡོ་དྲེག་ལོ་མ་རྒྱ་སྤོས་དང་། །ཙནྡན་དང་ནི་ལྡོང་རོས་དང་། །


DKG089_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

གིའུ་ཝང་བཅས་དང་རུ་རྟ་དང་། །གུར་གུམ་གླ་སྒང་ཡུངས་ཀར་དང་། །དབྱི་མོ་སུག་སྨེལ་ན་ལ་དང་། །ནཱ་ག་གེ་སར་ཨུ་ཤི་ར། །འདི་དག་ཆ་ནི་མཉམ་བགྱིས་ནས། །སྐར་མ་རྒྱལ་ལ་བཏག་པར་བགྱི། །ཕྱེ་མ་ལ་ནི་སྔགས་ཚིག་འདི། །ལན་བརྒྱ་མངོན་པར་གདབ་པར་བགྱི། །ཏདྱ་ཐཱ། སུ་ཏེ་ཀྲྀ་ཏེ། ཀ་མ་ཏ་ལི། ན་ལེ་ཛ་ན་ཀ་ར་ཏེ། ཧངྐ་ར་ཏེ། ཨིནྡྲ་ཛ་ལི་ནི། ཤཾ་ཀ་ར་དྲི་པ་ཤད་དྲི། ཨ་བརྟ་ཀ །སེ་ཀེ་ན་ཀུ་ཏྲ་ཀུ། །ཀ་བི་ལ། ཀ་བི་ལ་མ་ཏི། ཤཱི་ལ་མ་ཏི། ཤཱི་ལ་མ་ཏི། སནྡྷི། དྷུ་དྷུ་མ་བ་ཏི། ཤི་རི་ཤི་རི། སད་ཏྱ་སྠི་ཏི་སྭཱ་ཧཱ། ལྕི་བས་དཀྱིལ་འཁོར་བགྱིས་ནས་ནི། །མེ་ཏོག་སིལ་མ་དགྲམ་པར་བགྱི། །གསེར་གྱི་སྣོད་དང་དངུལ་སྣོད་དུ། །མངར་བའི་ཁུ་བ་གཞག་པར་བགྱི། །སྐྱེས་བུ་གོ་ཆ་བགོས་པ་ནི། །བཞི་ཞིག་དེར་ཡང་གཞག་པར་བགྱི། ། རབ་ཏུ་བརྒྱན་པའི་བུ་མོ་བཞི། །བུམ་པ་ཐོགས་པ་གཞག་པར་བགྱི། །རྟག་ཏུ་གུ་གུལ་བདུག་པར་བགྱི། །སིལ་སྙན་སྣ་ལྔ་བགྱིད་དུ་སྩལ། །གདུགས་དང་བ་དན་རྒྱལ་མཚན་གྱིས། །ལྷ་མོ་དེ་ནི་ལེགས་པར་བརྒྱན། །བར་བར་དག་ཏུ་མེ་ལོང་བཞག ། མདའ་དང་མདུང་རྩེ་སྣེ་སྤྲད་བཞག །དེ་ནས་མཚམས་ཀྱང་གཅད་པར་བགྱི། །དེ་ཡི་འོག་ཏུ་དགོས་པ་བརྩམ། །སྔགས་ཀྱི་ལས་ནི་འདི་དག་གིས། །མཚམས་གཅད་པ་ཡང་བརྩམ་པར་བགྱི། །སཱདྱ་ཐེད་ན། ཨ་ཀ་ར་ཀེ། ན་ཡ་ནེ།ཧི་ལེ་མི་ལེ། གི་ལེ། ཁི་ཁི་ལེ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱི་སྣ་མ་ལོགས་སུ་ཁྲུས་བགྱིས་ནས། སྔགས་འདི་བཟླས་བརྗོད་བགྱིས་ན་ཁྲུས་ཀྱིས་ཞི་བར་སྦྱར་རོ། །ཏདྱ་ཐཱ། ས་ག་ཌེ། བི་ག་ཌེ། བི་ག་ཏ་བ་ཏི་སྭཱ་ཧཱ། ཕྱོགས་བཞི་དག་ན་གང་གནས་པའི། །རྒྱུ་སྐར་དག་གིས་ཚེ་སྲུངས་ཤིག །བཙས་པའི་སྐར་མའི་གནོད་པ་དང་། །ཕུང་པོའི་ལས་ཀྱི་འཇིགས་འབྱུང་དང་། །འབྱུང་པོའི་ཁམས་རྣམས་འཁྲུགས་བགྱིད་པ། །འཇིགས་པ་མི་བཟད་ཞི་གྱུར་ཅིག །ཏདྱ་ཐཱ། ས་མེ་བི་ཤ་མེ་སྭཱ་ཧཱ། ས་ག་ཌེ། བི་ག་ཌེ་སྭཱ་ཧཱ། བི་ག་ཌེ་བ་ཏེ་


DKG089_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། སཱ་ག་ར་སྃ་བྷུ་ཏཱ་ཡ་སྭཱ་ཧཱ། སྐནྡྷ་མཱ་ཏཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སྭཱ་ཧཱ། ཨ་པ་ར་ཛི་ཏ། བིཪྱ་ཡ་སྭཱ་ཧཱ། ཧཱི་མ་བནྡྷ་སྃ་བྷུ་ཏཱ་ཡ་སྭཱ་ཧཱ། ཨི་ནི་བི་ལ་བག་ཏྲཱ་ཡ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ། བྲཧྨཱ་ཎེ། ན་མ་སྭ་ར་སྭ་ཏྱཻ། མ་ཧཱ་དེ་བཻ་སིན་ཏུ་མཱཾ། མནྟྲ་པ་དཱ། ཏ་ར་ཏུ་བི་ཙི་ཏྃ། བྲ་ཧྨཱ་ནུ་མ་ནྱ་ཏུ་སྭཱ་ཧཱ། དགེ་སློང་ཆོས་སྨྲ་བ་དེ་ལ་བསྲུང་བ་དང་། ཆོས་མཉན་པ་དེ་དག་དང་། ཡི་གེར་འདྲི་བ་དེ་དག་གི་དོན་གྱི་སླད་དུ། ཁྲུས་ཀྱི་ལས་འདིས་བདག་ཉིད་དེར་མཆིས་པར་བགྱིའོ། །ལྷའི་ཚོགས་ཐམས་ཅད་དང་ལྷན་ཅིག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་དེར་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །ཅི་ནས་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་སྲོག་ལ་ཕན་གདགས་པར་འགྱུར་བ་དང་། འཁོར་བ་ལས་འབྱུང་བ་ཐོབ་པར་འགྱུར་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། གཟའ་དང་། འཐབ་པ་དང་། རྙོག་པ་དང་། བཙས་པའི་སྐར་མའི་གནོད་པ་དང་། རྨི་ལམ་ངན་པ་དང་། ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་། བྱད་དང་། རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དབྱངས་ཅན་ལ། ལྷ་མོ་ཆེན་མོ་དབྱངས་ཅན་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུས་ཏེ། ཁྱོད་ཀྱི་སྔགས་དང་། སྨན་དང་ལྡན་པའི་ཚིག་འདི་འདྲ་བ་བཤད་པ་ནི། ལེགས་སོ་ལེགས་སོ། །ཞེས་བྱ་བ་བྱིན་ཏེ། ལྷ་མོ་ཆེན་མོ་དབྱངས་ཅན་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། །དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་ཎྜི་ནྱས་ལྷ་མོ་དབྱངས་ཅན་དེ་བཀུག་གོ །ལྷ་མོ་ཆེན་མོ་དབྱངས་ཅན་མཆོད་འོས་དཀའ་ཐུབ་ཆེ། །འཇིག་རྟེན་ཀུན་དུ་


DKG089_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གྲངས་མཆོག་སྦྱིན་ཡོན་ཏན་ཆེ། །རྩེར་གནས་མཛེས་མ་དཱུར་བ་རྩྭ་ཡིས་གོས་བསྐུས་པ། །དཱུར་བའི་རྩྭ་ཡི་གོས་གྱོན་རྐང་པ་གཅིག་གི་གནས། །ལྷ་རྣམས་ཐམས་ཅད་ལྷགས་ནས་འདི་སྐད་ཚིག་སྨྲས་ཏེ། །སེམས་ཅན་རྣམས་ལ་དགེ་བའི་ཚིག་ཤོད་ལྕེ་ཁྲོལ་མཛོད། །སཱདྱ་ཐེ་དན། མུ་རེ། ཙི་རེ། ཨ་བ་ཛེ། ཨ་བ་ཛ་བ་ཏི། ཧིངྒུ་ལེ། མིདྒུ་ལེ། པིངྒ་ལ་བ་ཏེ། མུངྒ་ཥེ། མ་མ་རཱི་ཙྱཻ། སྭ་མ་ཏི། ད་ཤ་མ་ཏི། ཨ་གྷྲི་ཏ་མ་གྷྲི། ཏ་ར་ཙི། ཏ་ར་ཙ་བ་ཏི། ཙི་ཙི་ཙི་རི། ཤི་རི་མི་རི། མ་རི་ཙྱཻ། པྲཱ་ན་པྲི་ཡེ། ལོ་ཀ་ཛྱེཥྛེ། ལོ་ཀ་ཤྲེཥྛེ། ལོ་ཀ་པྲེ་ཡ། སིདྡྷ་པྲ་ཏེ། བྷཱི་མ་མུ་ཁི། ཤུ་ཙི་ཙ་རི། ཨ་པྲ་ཏི་ཧ་ཏེ། ཨ་པྲ་ཏི་ཧ་ཏ་བུདྡྷི། ན་མུ་ཙི། མ་ཧཱ་ན་མུ་ཙི། མ་ཧཱ་དེ་བྱི། པྲ་ཏི་གྲཱི་ཧཱ། ན་མ་སྐ་རཱ་ན། བདག་གི་བློ་ཐོགས་པ་མེད་པར་གྱུར་ཅིག །བསྟན་བཅོས་དང་། ཚིགས་སུ་བཅད་པའི་རྒྱུད་དང་། སྡེ་སྣོད་དང་། སྙན་དངགས་ལ་སོགས་པ་ལ། བདག་གི་རིག་སྔགས་དངོས་གྲུབ་ཏུ་གྱུར་ཅིག །ཏདྱ་ཐཱ། མ་ཧཱ་པྲ་བྷཱ་བེ། ཧི་ལི་ཧི་ལི། མི་ལི་མི་ལི། བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་གྱི་མཐུས་བདག་རྣམ་པར་རྒྱལ་བར་གྱུར་ཅིག །ཀཱ་ར་ཏེ། ཀེ་ཡཱུ་རེ། ཀེ་ཡཱུ་ར་མ་ཏེ། ཧི་ལི་མི་ལི། ཧི་ལི་མི་ལི། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། དབང་པོའི་བདེན་པ་དང་།ཆུ་ལྷའི་བདེན་པས་ལྷ་མོ་ཆེན་མོ་དགུག་པར་བྱའོ། ། གང་དག་འཇིག་རྟེན་ན་བདེན་པ་སྨྲ་བ་དེ་དག་གི་བདེན་པ་དང་། བདེན་པའི་ཚིག་གིས་ལྷ་མོ་ཆེན་མོ་དབྱངས་ཅན་དགུག་པར་བྱའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཧི་ལི་མི་ལི། ཧི་ལི་མི་ལི། བདག་རྣམ་པར་རྒྱལ་བར་གྱུར་ཅིག །བཅོམ་ལྡན་འདས་མ་ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སྭཱ་ཧཱ། དེ་ནས་ལྷ་མོ་དབྱངས་ཅན་གྱི་གསང་སྔགས་ཀྱི་ཚིག་དེ་དག་སྨྲས་ནས། ཡང་བྲམ་ཟེ་ཀཽ་ཎྜི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་ཆེན་པོ་ཁྱོད་སེམས་ཅན་ཐམས་ཅད་ལ་སྤོབས་པ་


DKG089_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་དང་། རྫུ་འཕྲུལ་དང་། མངོན་པར་ཤེས་པ་དང་། ཤེས་རབ་ཆེ་བ་དང་། ནོར་དང་། དབྱིག་ལ་སོགས་པ་སྦྱིན་པས་ཕན་འདོགས་ཤིང་། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་པ་ལེགས་སོ་ལེགས་སོ། །མདོ་སྡེ་འདི་འཛིན་པའི་ཆོ་ག་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གཟུངས་འདི་དང་པོར་སུ་འདོན་པས། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཏེ། །འཁྲུལ་པ་མེད་པར་བཟླས་བྱས་ན། །དངོས་གྲུབ་དམ་པ་ཐོབ་པར་འགྱུར། །སངས་རྒྱས་རྣམས་དང་དམ་ཆོས་དང་། །བྱང་ཆུབ་རང་རྒྱལ་ཉན་ཐོས་དང་། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ཞིང་། །རྟག་ཏུ་ཚངས་པར་སྤྱོད་པ་ཡང་། །རིམ་གྲོ་གུས་པར་བསམ་བྱས་ཏེ། །ཞི་ལ་དབེན་པའི་གནས་སུ་ནི། །སྒྲ་བསྐྱེད་གཟུངས་དང་བསྟོད་པ་བརྗོད། ། ཇི་སྙེད་སངས་རྒྱས་ལྷ་ཀླུ་ལ། །མཆོད་པ་རྒྱ་ཆེར་བཤམ་པར་བྱ། །སྐྱེ་བོའི་རིགས་ནི་མང་པོ་ལ། །སྙིང་རྗེའི་སེམས་ཀྱང་བསྐྱེད་པར་བྱ། །བཅོམ་ལྡན་གསེར་མདོག་མཚན་རབ་ཅན། །རྩེ་གཅིག་སེམས་ཀྱིས་བསམ་བྱ་ཞིང་། །བཅོམ་ལྡན་གསུང་རབ་དམ་ཆོས་ཀྱིས། །དབང་པོ་སོ་སོར་ངེས་མཛད་པའི། །དེ་ཡི་ཚིག་དོན་ལེགས་བསམས་ཏེ། །སྟོང་ཉིད་བསྒྲུབ་ལའང་གནས་པར་བྱོས། །བཅོམ་ལྡན་ཐམས་ཅད་མངོན་སུམ་དུ། །རྩེ་གཅིག་སེམས་ཀྱིས་བསམ་བྱས་ན། །ཏིང་ངེ་འཛིན་དང་ཡེ་ཤེས་དང་། ། གཟུངས་མཆོག་དམ་པ་ཐོབ་པར་འགྱུར། །བཅོམ་ལྡན་དཔལ་མགུར་གསུང་ཆོས་ཀྱིས། །དམ་པའི་དབྱངས་དེས་འཁོར་རྣམས་འདུལ། །ལྗགས་ཀྱིས་སྟོང་གསུམ་ཁེབས་མཛད་ཅིང་། །སོ་སོར་ཅི་རིགས་ཡ་མཚན་སྟོན། །དེ་ལྟའི་གསུང་མཆོག་དམ་པ་ལ། ། རྟག་པར་བསམ་ཞིང་འཇིགས་པ་སྤོངས། །བསམ་གྱིས་མི་ཁྱབ་ལྗགས་མཚན་འདི། །སྨོན་ལམ་རྒྱ་ཆེན་དབང་གིས་བརྙེས། །ཆོས་རྣམས་མེད་པར་སྟོན་མཛད་པ། །ཇི་ལྟར་མཁའ་ལ་མ་ཆགས་བཞིན། །སངས་རྒྱས་ལྗགས་མཚན་གསུང་སྒྲ་ལ། །དེ་བསམས་


DKG089_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཚད་མེད་འགྲུབ། །གང་ཞིག་དབྱངས་ཅན་མངོན་མཆོད་དམ། །ཡང་ན་སློབ་མས་མན་ངག་བཞིན། །ལུང་བཞིན་ཆོས་དེ་གང་སྒྲུབ་པ། །བཀུར་སྟིའི་མཆོག་རྣམས་ཐོབ་པར་འགྱུར། །གང་ཞིག་ཡེ་ཤེས་མཆོག་སྒྲུབ་པའང་། །རྩེ་གཅིག་སེམས་ཀྱིས་ཆོས་འདི་གཟུང་། །བསོད་ནམས་ཡེ་ཤེས་ཚོགས་འཕེལ་ཞིང་། །ངེས་པར་འགྲུབ་ལ་ཡིད་གཉིས་སྤོངས། །གང་ཞིག་ནོར་སྒྲུབ་ནོར་དང་ལྡན། །ཁེ་དང་གྲགས་པའང་དེ་བཞིན་འགྲུབ། །འབྱུང་བར་འདོད་པའང་རྣམ་གྲོལ་བར། །ངེས་པར་འགྲུབ་པས་ཡིད་གཉིས་སྤོངས། ། ཡོན་ཏན་མང་པོ་ཚད་མེད་པའང་། །བསམ་པ་བཞིན་དུ་ཀུན་གྲུབ་པས། །འདི་ལ་ཚུལ་བཞིན་གང་གནས་པ། །ངེས་པར་འགྲུབ་པས་ཡིད་གཉིས་སྤོངས། །དབེན་པར་གཙང་མའི་གོས་གྱོན་ཏེ། །དཀྱིལ་འཁོར་ཅི་རན་བྱས་པ་དེར། །བུམ་པ་རྒྱས་པ་བཞི་བཞག་སྟེ། །དུས་བཞིན་མེ་ཏོག་བདུག་པས་མཆོད། །བ་དན་གདུགས་དང་ལྡ་ལྡི་བྲེ། །ཕྱེ་མ་བྱུག་པས་རྒྱས་པར་བརྒྱན། །སངས་རྒྱས་དང་ནི་དབྱངས་ཅན་མཆོད། །ལྷ་དེ་མཐོང་འདོད་མཐོང་བར་འགྱུར། །དབྱངས་ཅན་ལྷ་མོ་དེ་མདུན་དུ། །ཞག་བདུན་གསུམ་དུ་བཟླས་བརྗོད་དེ། །གལ་ཏེ་ལྷ་དེ་མ་མཐོང་ན། །བསམ་པ་བརྟན་པས་ཞག་དགུར་བཟླས། །དེ་ཡི་ནུབ་མོའང་མ་མཐོང་ན། །གཞན་དུ་ཤིས་པའི་གནས་བཙལ་ཏེ། །ཚུལ་བཞིན་ལྷ་མོའི་གཟུགས་བྲིས་ལ། །མཆོད་ཅིང་བཟླས་བརྗོད་རྒྱུན་མི་གཅད། ། བདག་དང་གཞན་དོན་ཚད་མེད་ལ། །ཉིན་མཚན་རྒྱུན་ཏུ་བརྩོན་བསྐྱེད་དེ། །དེ་ཡི་འབྲས་བུ་གཞན་ལ་སྟོབས། །དེ་ནི་བསམ་པ་འགྲུབ་པར་འགྱུར། །དེ་སྟེའང་བསམ་པ་མ་གྲུབ་ན། །ཟླ་བ་གསུམ་དང་དྲུག་དང་དགུ། །ཡང་ན་བརྩོན་པས་ལོར་བཟླས་ན། ། མངོན་ཤེས་དྲུག་ལ་སོགས་པའང་འཐོབ། །དེ་ནས་བྲམ་ཟེ་ཀཽཎྜི་ནྱས། དེ་སྐད་ཅེས་བཤད་པ་ཐོས་ནས་དགའ་བ་དང་། རངས་པ་ཚད་མེད་པ་སྐྱེས་ཏེ། འཁོར་འདུས་པ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་དང་མི་ལ་སོགས་པའི་འཁོར་ཐམས་ཅད་ཀྱིས།


DKG089_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་མ་གཡེང་བར་བདག་ལ་ཉོན་ཅིག་དང་། བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ། དབྱངས་ཅན་ལྷ་མོ་མཆོག་ལ་བསྟོད་པའི་ཕྱིར། ཚིགས་སུ་བཅད་དེ་སྨྲ་བར་བགྱིའོ། །ཕྱག་འཚལ་ལྷ་མོ་མཐུ་ཆེན་ལ། །འཇིག་རྟེན་ཁམས་འདིར་དབང་བརྙེས་པར། །སྔོན་གྱི་དྲང་སྲོང་གིས་བཤད་པས། །དེ་ཕྱིར་བདག་གིས་ཁྱོད་ལ་བསྟོད། །དཔལ་ལྡན་ཐུགས་ནི་བདེ་བ་དང་། །ཐོས་འཛིན་མཛེས་ལྡན་གྲགས་ལྡན་པ། །འཇིག་རྟེན་འདི་སྐྱེད་ཡུམ་ཡང་ཡིན། །རྟག་ཏུ་དཔལ་ལ་བརྩོན་ཆེན་སྤྱོད། །གཡུལ་གྱི་གནས་ལས་རྟག་ཏུ་རྒྱལ། །སྙིང་རྗེ་བཟོད་ལ་དུལ་བས་བསྐྱེད། །གཤིན་རྗེའི་སྲིང་མོར་ལུས་སྟོན་ཅིང་། །རྟག་ཏུ་དར་གོས་སྔོན་པོ་མནབས། །མཛེས་དང་མི་མཛེས་ཀུན་སྟོན་ཅིང་། །སྤྱན་མིག་སུས་མཐོང་དང་བ་སྐྱེད། །སྤྱོད་པ་ཚད་མེད་འཇིག་རྟེན་འདས། །སྐྱབས་སུ་སུ་འོངས་རྗེས་སུ་འཛིན། །བར་འགའ་རི་དང་བྲག་ལ་གནས། །བར་འགའ་ཕུག་དང་ཆུ་བོའི་འགྲམ། །ཡང་ན་ལྗོན་སྡོང་ནགས་རྣམས་སུ། །གནས་དེ་དག་ནི་ལྷ་མོའི་རྟེན། །ཅི་ལྟར་རི་བྲགས་མི་རྣམས་ཀྱིས། །རྨ་བྱའི་མདོངས་ལས་གདུགས་བྱས་ཤིང་། །རྟག་ཏུ་ལྷ་མོ་དེ་མཆོད་ན། །ཐམས་ཅད་དུས་སུ་འཇིག་རྟེན་སྐྱོབ། །སྟག་དང་སེང་གེས་འཁོར་བྱས་ཤིང་། །བྱ་དང་ཕྱུགས་ཀྱང་དེ་ལ་བརྟན། །དྲིལ་ཆེན་སྒྲ་དག་མངོན་བསྒྲགས་པས། །བིན་དྷུའི་རི་ལའང་གྲག་པར་གྱུར། །ཕྱག་ན་རྩེ་གསུམ་ཐོར་ཚུགས་དབུ། །ཡང་ན་ཉི་ཟླའི་རུ་མཚོན་བསྣམས། །ཟླ་བ་མར་ངོ་བཅུ་གཅིག་གམ། །དགུ་ཡི་དུས་སུ་མཆོད་པ་བྱ། །གཡུལ་འགྱེད་དུས་སུ་ཐུགས་བརྩེ་བས། །འཇིག་རྟེན་ཀུན་ལ་གཟིགས་པའི་ཕྱིར། །ལྷ་མོ་བ་སུའི་གཟུགས་སྟོན་པས། །ལྷ་མོའི་མཆོག་སྟེ་དཔེ་མེད་པའོ། ། ཕྱུགས་རྫི་རྒན་མོའི་གཟུགས་སྟོན་ཅིང་། །ལྷ་དག་འཐབ་པའང་རྟག་ཏུ་རྒྱལ། །ཡུན་རིང་འཇིག་རྟེན་བདེ་བར་གནས། །བར་འགའ་ཁྲོས་ཤིང་བར་འགའ་ཞི། །བྲམ་ཟེར་སྨྲ་ཞིང་ཆོས་བཞི་དང་། །རྫུ་འཕྲུལ་གསང་སྔགས་ཀུན་ལ་མཁས། །དྲང་སྲོང་ལྷ་ཡི་དབང་བརྙེས་པས། །


DKG089_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ས་ཆེན་འདི་དང་ས་བོན་བྱེད། །ལྷ་མོ་འདུ་བའི་དུས་སུ་ཡང་། །རྒྱ་མཚོ་ལུད་བཞིན་ངེས་པར་འདུ། །གནོད་སྦྱིན་ཀླུ་ལ་སོགས་རྣམས་ཀྱིས། །ཀུན་གྱི་གཙོ་བྱེད་འདུལ་བར་ནུས། །མོ་རྣམས་ཀུན་གྱི་ཚངས་སྤྱོད་མཆོག །འཇིག་རྟེན་གཙོ་སྦྱིན་བདག་ལ་དགོངས། །རྒྱལ་པོའི་གནས་ལའང་པདྨོ་བཞིན། །ཆུ་བོ་ལ་ཡང་གྲུ་དང་གཟིངས། །ཟླ་བ་ཉ་བཞིན་ཞལ་ཡང་རྒྱས། །མང་དུ་ཐོས་ལྡན་རྟེན་ཡང་བྱེད། །རི་བོའི་རྩེ་བཞིན་སྤོབས་པ་འཕགས། །བསམས་པས་གླིང་དང་རབ་ཀྱང་སྟོན། །ལྷ་མིན་ལ་སོགས་ལྷ་རྣམས་ཀྱིས། །ཀུན་གྱིས་ཡོན་ཏན་བསྟོད་ཅིང་བསྔགས། །སྤྱན་སྟོང་བརྒྱ་བྱིན་ལྷ་རྒྱལ་ཡང་། །གུས་པའི་སེམས་ཀྱིས་ཞལ་དུ་ལྟ། །སེམས་ཅན་གང་དག་ཅི་འདོད་པ། །དེ་ཀུན་བསམ་པ་མྱུར་དུ་སྐོང་། །བློ་མྱུར་ཐོས་པ་འཛིན་པ་ཡང་། །ས་ཆེན་འདི་གནས་ཀུན་གྱི་མཆོག །ཕྱོགས་བཅུའི་འཇིག་རྟེན་ཁམས་དག་ཏུ། །རྟག་ཏུ་སྒྲོན་ཆེན་སྣང་བྱེད་བཞིན། །བྱ་དང་གཅན་གཟན་རི་དགས་ཀྱིའང་། །ཀུན་གྱི་བསམ་པ་ཡོངས་སུ་སྐོང་། །བུད་མེད་ཀྱི་མཆོག་རི་བོ་བཞིན། །དྲང་སྲོང་འཇིག་རྟེན་རི་གནས་བཞིན། །ལྷ་མོ་གཞོན་བཞིན་འདོད་དང་བྲལ། །མི་མཇེད་བདག་བཞིན་བདེན་པར་སྨྲ། །འཇིག་རྟེན་མཐུན་པར་གཟུགས་སྟོན་ཅིང་། །འདོད་ཁམས་བར་གྱི་ལྷ་གནས་སུའང་། །ཁྱོད་ནི་ལྷ་མོའི་གཙོ་ཡིན་པས། །དེ་ལས་མཆོག་པའི་སེམས་ཅན་མེད། ། གལ་ཏེ་གཡུལ་དང་འཇིགས་པའི་གནས། །མེ་ཡི་དོང་དུ་ལྷུང་འགྱུར་རམ། །ཆུ་བོ་གཡང་ས་མི་རྒོད་ལས། །འཇིགས་པ་དེ་ལས་སྒྲོལ་བར་མཛད། །རྒྱལ་པོའི་ཆད་པས་བཅིངས་པའམ། །ཡང་ན་དགྲ་ཡིས་བསད་པར་ཡང་། །རྩེ་གཅིག་སེམས་ནི་མ་གཡོས་ན། ། སྡུག་བསྔལ་དག་ལས་ཐར་བར་འགྱུར། །དགེ་དང་མི་དགེ་ཀུན་ལ་སྐྱོབ། །བྱམས་དང་བརྩེ་བས་མདུན་དུ་གནས། །དེ་ཕྱིར་བདག་ནི་སེམས་བཏུད་དེ། །ཕྱག་འཚལ་ལྷ་མོ་ཆེན་མོ་ལའོ། །དེ་ནས་ཡང་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱས། ལྷ་མོ་ཆེན་མོ་


DKG089_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་ཅན་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་ང་ལ་ཉན་པར་གྱིས། །ལྷ་དང་དྲི་ཟ་ལྷ་དབང་བཅས་པའི་འཇིག་རྟེན་ན། །བུད་མེད་དམ་པ་ལྷ་མོ་མཆོག་གི་རབ་གང་ཡིན། ། ལྷ་མོ་དམ་པ་མཆོག་ཏུ་མཛེས་པའི་ཞལ་ལ་བསྟོད། །ཡོན་ཏན་རྣམ་པ་སྣ་ཚོགས་བསགས་པས་ཡན་ལག་བརྒྱན། །དབྱངས་ཅན་ཞེས་བྱ་སྤྱན་ནི་ཡངས་ཤིང་བསོད་ནམས་འབར། །དྲི་མེད་ཡེ་ཤེས་ཡོན་ཏན་རྣམས་ཀྱིས་རྣམ་པར་བརྒྱན། །རིན་ཆེན་སྣ་ཚོགས་ཐ་དད་ལྟ་བུར་བལྟ་བའི་ཕྱིར། །མཆོག་རབ་ངག་གི་ཡོན་ཏན་ཁྱད་པར་དེ་བསྟོད་དོ། །དམ་པ་མཆོག་གི་དངོས་གྲུབ་བྱེད་པ་དང་། །ཡང་དག་བསྔགས་པ་ཡོན་ཏན་བྱེད་པ་དང་། །དྲི་མེད་མཆོག་དང་པདྨ་འབར་བ་དང་། །མིག་མཆོག་དང་ནི་མིག་གི་དམ་པ་དང་། །དགེ་བའི་གནས་དང་དགེ་བ་མཐོང་བ་དང་། །ཡོན་ཏན་བསམ་མི་ཁྱབ་པས་བརྒྱན་པ་དང་། །ཟླ་བ་འདྲ་དང་དྲི་མ་མེད་འོད་དང་། །ཡེ་ཤེས་འབྱུང་གནས་དྲན་པ་དམ་པ་དང་། །སེང་གེ་མཆོག་དང་མི་ལ་ཞོན་པ་དང་། །ལག་པ་བརྒྱད་རྣམས་ཀྱིས་ནི་བརྒྱན་པ་ལ། །མདའ་གཞུ་མདུང་ཐུང་རལ་གྲི་དགྲ་སྟ་དང་། །བེ་ཅོན་ལྕགས་ཀྱི་འཁོར་ལོ་ཞགས་པ་བསྣམས། །ཟླ་བ་ཉ་བ་ལྟ་བུར་སྣང་བའི་ཞལ། །ཡིད་དུ་འོང་བའི་ངག་དང་དབྱངས་སྙན་དང་། །ཤེས་རབ་ཟབ་མོ་དང་ནི་ལྡན་པ་དང་། །དགོས་མཆོག་སྒྲུབ་བྱེད་སེམས་ཅན་དམ་པ་དང་། །ལྷ་དང་ལྷ་མིན་དབང་པོས་མཆོད་པ་དང་། །ལྷ་དང་ལྷ་མིན་ཚོགས་ཀུན་གནས་བརྗོད་དང་། །འབྱུང་པོའི་ཚོགས་ཀྱི་གནས་རྟག་མཆོད་པའི་ཕྱིར། །སྭཱ་ཧཱ་བདག་ཅག་ལྷ་མོ་འདི་ལ་ཕྱག་བྱའོ། །བདག་ལ་ཡོན་ཏན་ཁྱད་པར་ཀུན་སྩོལ་ཅིག །དགོས་པ་ཀུན་ཏུ་བདག་ལ་དངོས་གྲུབ་སྩོལ། །དགྲ་རྣམས་ཁྲོད་ན་བདག་ལ་རྟག་ཏུ་སྲུངས། །ཡི་གེ་རྫོགས་ཤིང་ཚིག་རྒྱས་འདི་དག་ནི། །ནང་པར་ལངས་ནས་གཙང་མར་བརྗོད་པར་བྱ། །བསམ་པ་དང་ནི་ནོར་འབྲུ་ཐམས་ཅད་རྙེད། །དངོས་གྲུབ་དགེ་བ་རྒྱ་ཆེན་ཐོབ་པར་འགྱུར། །དེ་ནས་བཅོམ་


DKG089_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བྲམ་ཟེ་ཀཽཎྜི་ནྱ་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར། ལྷ་མོ་དབྱངས་ཅན་ལ་བསྟོད་པ་དང་། དངོས་གྲུབ་དམ་པ་སློང་བས་བསོད་ནམས་ཚད་མེད་པ་དང་ལྡན་པར་འགྱུར་རོ།། །། བམ་པོ་བརྒྱད་པ། དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽཎྜི་ནྱས་བསྟོད་པ་དང་། གསང་སྔགས་ཀྱི་ཚིག་གིས། ལྷ་མོ་ཆེན་མོ་དབྱངས་ཅན་ལ་གསོལ་ནས། ཡང་འཁོར་དེ་དག་ལ་སྨྲས་པ། སྐྱེས་བུ་ཁྱེད་ཀྱིས་ལྷ་མོ་དབྱངས་ཅན་སྤྱན་དྲང་བ་དང་། དེའི་ཐུགས་རྗེས་བསྐྱབ་ཅིང་། ཚེ་འདི་ཉིད་ལ་སྤོབས་པ་ཐོགས་པ་མེད་པ་དང་། ཐོས་པ་འཛིན་ཅིང་ཤེས་རབ་ཆེན་པོ་དང་ལྡན་པར་འགྱུར་བ་དང་། གཙུག་ལག་ཐམས་ཅད་ལ་མཁས་ཤིང་། ཚིག་སྦྱོར་བའི་རྒྱན་ལ་གསལ་ཞིང་ཐོགས་པ་མེད་པ་གྲུབ་པར་འདོད་པས། བསམ་པ་དེ་དེས་ཤིང་གུས་པའི་སེམས་ཀྱིས་ལྷ་མོ་དབྱངས་ཅན་སྤྱན་དྲང་བའི་ཚིག་འདི་བརྗོད་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པའི་འཕགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་བདེན་པའི་གསུང་ལ་གནས་པ། སོ་སོའི་དབང་པོ་དང་མཐུན་པ། བདེན་པ་སྟོན་པ་ལ་མི་སླུ་བར་གསུང་བ། བསྐལ་པ་བྱེ་བ་ཚད་མེད་པར་ཡང་དག་པར་བདེན་པའི་ཚིག་རྟག་ཏུ་སྟོན་ཅིང་། གསུང་བ་དེ་དག་ལ་རྗེས་སུ་ཡི་རང་ངོ་། །བདེན་པ་གསུང་བས་ལྗགས་ཡངས་ལ་རིང་བ་བཀྲམ་སྟེ། ཞལ་དང་འཛམ་བུའི་གླིང་དང་། རྒྱལ་ཆེན་བཞི་དང་། སྟོང་གཅིག་དང་། སྟོང་གཉིས་དང་། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་པ་ཐམས་ཅད་རྒྱས་པར་འགེངས་ཤིང་། ཉོན་མོངས་པའི་གདུང་བ་ཐམས་ཅད་སེལ་བའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ལ་ལུས་བཏུད་དེ་ཕྱག་འཚལ་


DKG089_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །ལྗགས་ཀྱི་མཚན་དམ་པ་དེ་འདྲ་བ་དང་། སྤོབས་པ་ཚད་མེད་པ་དང་བདག་ལྡན་པར་གྱུར་ཅིག །ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །བྱང་ཆུབ་ཆེན་པོ་དབྱངས་ཅན་མཆོག །འཕགས་པ་རང་རྒྱལ་དབྱངས་ཅན་མཆོག །ཟུང་བཞི་ཡ་བརྒྱད་དབྱངས་ཅན་མཆོག །བདེན་པ་བཞི་གསུང་དབྱངས་ཅན་མཆོག །ཡང་དག་གཟིགས་པ་དབྱངས་ཅན་མཆོག །དྲང་སྲོང་ཚངས་འཁོར་དབྱངས་ཅན་མཆོག །ལྷ་མོ་ཨུ་མ་དབྱངས་ཅན་མཆོག །སྐེམ་བྱེད་ལྷ་ཡང་དབྱངས་ཅན་མཆོག ། གཟི་ཅན་ཀླུ་ཡང་དབྱངས་ཅན་མཆོག །མཚན་མོ་ལྷ་མོ་དབྱངས་ཅན་མཆོག །རྒྱལ་ཆེན་བཞི་པོ་དབྱངས་ཅན་མཆོག །བདེ་གནས་ལྷ་སྲས་དབྱངས་ཅན་མཆོག །རྡོ་རྗེ་གསང་བདག་དབྱངས་ཅན་མཆོག །ཁྱབ་འཇུག་ལྷ་ཡང་དབྱངས་ཅན་མཆོག །ལྷ་མོ་པེ་མ་དབྱངས་ཅན་མཆོག །ཚོགས་བདག་ལྷ་ཡང་དབྱངས་ཅན་མཆོག །དཔལ་གྱི་ལྷ་མོ་དབྱངས་ཅན་མཆོག །དཔལ་གྱི་བློ་གྲོས་དབྱངས་ཅན་མཆོག །ཧི་རི་ཚིག་འཆང་དབྱངས་ཅན་མཆོག །མ་མོ་ཀུན་མཆོག་དབྱངས་ཅན་མཆོག །འཕྲོག་མ་མོ་ཡང་དབྱངས་ཅན་མཆོག །གནོད་སྦྱིན་ཀུན་ཀྱང་དབྱངས་ཅན་མཆོག །ཕྱོགས་བཅུའི་རྒྱལ་པོ་དབྱངས་ཅན་མཆོག །བདག་ལ་ལས་མཆོག་ཀུན་གྱིས་སྟོབས། །མཐའ་མེད་དབྱངས་ཅན་མཆོག་ཐོབ་མཛོད། །སླུ་མེད་པ་ལ་ཕྱག་འཚལ་ལོ། །རྣམ་པར་གྲོལ་ལ་ཕྱག་འཚལ་ལོ། །འདོད་ཆགས་བྲལ་ལ་ཕྱག་འཚལ་ལོ། །བཅིངས་པ་བཅད་ལ་ཕྱག་འཚལ་ལོ། །རྣམ་དག་སེམས་ལ་ཕྱག་འཚལ་ལོ། །འོད་སྣང་མཛད་ལ་ཕྱག་འཚལ་ལོ། །བདེན་ཚིག་གསུང་ལ་ཕྱག་འཚལ་ལོ། །རྡུལ་དང་བྲལ་ལ་ཕྱག་འཚལ་ལོ། །དོན་དམ་གནས་ལ་ཕྱག་འཚལ་ལོ། །འཁོར་མང་གཙོ་ལ་ཕྱག་འཚལ་ལོ། །དབྱངས་ཅན་ལྷ་ལ་ཕྱག་འཚལ་ལོ། །བདག་ནི་ཚིག་ལ་ཐོགས་མེད་མཛོད། །བདག་གི་བསམ་པ་ཅི་མཆིས་པ། །ཐམས་ཅད་མྱུར་དུ་གྲུབ་པར་མཛོད། །ནད་མེད་རྟག་ཏུ་བདེ་བ་


DKG089_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཚེ་རིང་བ་ཡང་ཐོབ་པར་ཤོག །རིག་པའི་གནས་ལ་མཁས་པ་དང་། །བྱང་ཆུབ་ལམ་ལ་བརྩོན་པ་དང་། །སྐྱེ་བོ་ཀུན་ལ་ཕན་མང་མཛོད། །རེ་བ་ཐམས་ཅད་མྱུར་དུ་སྐོང་། །བདག་གི་ཡང་དག་བདེན་ཚིག་དང་། །བདག་གིས་མི་སླུ་ཚིག་སྨྲས་པ། ། དབྱངས་ཅན་ལྷ་མོ་མཆོག་གིས་ནི། །བདག་གི་དོན་དེ་གྲུབ་པར་མཛོད། །ལྷ་མོ་འདིར་ནི་གཤེགས་པར་གསོལ། །བདག་གི་ཚིག་ལ་ཐོགས་མེད་མཛོད། །ལུས་དང་ངག་ལ་མྱུར་ཞུགས་ཤིང་། །ཡིད་མྱུར་སྤོབས་པ་རྫོགས་པར་མཛོད། །བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་མཛོད། །ཚིག་གི་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་མཛོད། །བདག་གིས་ཚིག་ནི་ཅི་སྨྲས་པ། །དོན་དེ་ཐམས་ཅད་གྲུབ་པར་ཤོག །ཚིག་ལ་ཐམས་ཅད་གུས་སྐྱེད་ཅིང་། །བྱེད་པ་ཐམས་ཅད་ཆུད་མ་གཟོན། །ནམ་ཞིག་བདག་གི་སྤོབས་འདོད་པ། །དོན་དེ་གྲུབ་པར་མ་གྱུར་ན། །ལྷ་མོ་ཁྱོད་ཀྱི་བདེན་ཚིག་ནི། །ཐམས་ཅད་བརྫུན་པ་ཉིད་དུ་འགྱུར། །མཚམས་མེད་ལྔ་ཡི་སྡིག་བགྱིས་པ། །སངས་རྒྱས་བཀས་ནི་འདུལ་བར་འགྱུར། །གང་ཡང་དགྲ་བཅོམ་པ་དག་དང་། ། བྱས་པ་གཟོ་བའི་ཚིག་རྣམས་དང་། །ཤཱ་རིའི་བུ་དང་མཽད་གལ་དང་། །བཅོམ་ལྡན་འཁོར་གྱི་གཙོ་བོ་སྟེ། །དེ་ལ་སོགས་པའི་བདེན་ཚིག་ཀྱང་། །ཐམས་ཅད་བདག་ལ་གྲུབ་པར་ཤོག །སངས་རྒྱས་ཉན་ཐོས་འཁོར་རྣམས་དག །བདག་གིས་དེང་འདིར་སྤྱན་དྲང་གིས། ། བདག་གི་རེ་བ་བསྐང་བའི་ཕྱིར། །ཐམས་ཅད་མྱུར་དུ་གཤེགས་པར་མཛོད། །ཡང་དག་བདེན་པའི་ཚིག་གསོལ་བ། །ཐམས་ཅད་སླུ་བ་མེད་པར་ཤོག །སྲིད་པའི་རྩེ་མོ་མན་ཆད་དང་། །གཙང་མའི་གནས་ནི་ཐམས་ཅད་དང་། །ཚངས་པ་ཚངས་ཆེན་མདུན་འདོན་དང་། ། ཚངས་པའི་རྒྱལ་འཁོར་ཐམས་ཅད་དང་། །སྟོང་གསུམ་འཁོར་བའི་བར་དག་དང་། །མི་མཇེད་འཇིག་རྟེན་གཙོ་བོ་དང་། །དེ་དང་དེ་ཡི་འཁོར་རྣམས་དང་། །དེ་ཀུན་དེང་འདིར་སྤྱན་དྲངས་ཏེ། །ཐུགས་རྗེས་བདག་ལ་དགོངས་མཛད་ཅིང་། །བརྩེ་བ་ཀུན་གྱིས་གཟུང་


DKG089_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛོད། །གཞན་འཕྲུལ་དབང་བྱེད་ལྷ་དག་དང་། །གཞན་ཡང་འཕྲུལ་དགའི་ལྷ་དག་དང་། །བྱམས་པ་མངོན་པར་འཚང་རྒྱའི་གནས། །དགའ་ལྡན་གནམ་གྱི་ལྷ་རྣམས་དང་། །འཐབ་བྲལ་གྱི་ནི་ལྷ་རྣམས་དང་། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །རྒྱལ་ཆེན་བཞི་ཡི་ལྷ་རྣམས་དང་། །གཞན་ཡང་ལྷ་འཁོར་ཐམས་ཅད་དང་། །ས་ཆུ་མེ་རླུང་ལྷ་དག་དང་། །རི་རབ་ལྷུན་ལ་གནས་པ་དང་། །ཆུ་བདུན་རི་བོ་ལྷ་རྣམས་དང་། །དེ་ཀུན་འཁོར་དང་བཅས་པ་དང་། །ཟུར་ཕུད་ལྔ་ཅན་ནོར་རྒྱས་དང་། །ཉི་ཟླ་གཟའ་དང་རྒྱུ་སྐར་དང་། །དེ་ལ་སོགས་པའི་ལྷ་རྣམས་དང་། །འཇིག་རྟེན་བདེ་བར་མཛད་པའི་གནས། །དེ་ལ་སོགས་པའི་ལྷ་ཐམས་ཅད། །སྡིག་པའི་ལས་ལ་མ་མོས་པ། །སངས་རྒྱས་ལ་གུས་འབྱུང་བའི་མ། །བུ་རབ་གཞོན་ལ་བྱམས་པ་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་རྣམས། །དྲི་ཟ་དང་ནི་ལྷ་མ་ཡིན། །གཞན་ཡང་མི་འམ་ཅི་དག་དང་། །ལྟོ་འཕྱེ་ཆེ་ལ་སོགས་པ་རྣམས། །ཀུན་ཀྱང་བཅོམ་ལྡན་མཐུ་ཡིས་ནི། །བདག་གིས་དེང་འདིར་སྤྱན་དྲངས་ཏེ། །ཐུགས་རྗེ་བརྩེ་བའི་དགོངས་པ་ཡིས། །བདག་ལ་ཐོགས་མེད་སྤོབས་པ་སྐྱེད། །ལྷ་དང་མི་རྣམས་ཐམས་ཅད་ཀྱིས། །གཞན་གྱི་སེམས་རིག་མཁྱེན་པ་རྣམས། །ཀུན་གྱི་མཐུ་ཡིས་བྱིན་བརླབས་ཤིང་། །བདག་ལ་སྤོབས་པའི་མཆོག་སྩོལ་ཅིག །ཇི་སྙེད་ནམ་མཁའི་མཐས་གཏུགས་ཤིང་། །ཆོས་ཀྱི་དབྱིངས་ཀྱི་མུས་ཀླས་པའི། །སེམས་ཅན་དེ་དག་ཐམས་ཅད་ཀྱིས། །བདག་ལ་སྤོབས་པའི་མཆོག་སྩོལ་ཅིག །དེ་ནས་དབྱངས་ཅན་ལྷ་མོ་ལ་བྲམ་ཟེ་ཀཽཎྜི་ནྱས་དེ་སྐད་ཅེས་གསོལ་པ་དང་། ལྷ་མོས་སྐྱེས་བུ་ཆེན་པོ་དེ་ལ་དགེའོ་ཞེས་སྨྲས་ཏེ། གང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཚིགས་སུ་བཅད་པས་བསྟོད་པ་དང་། གསང་སྔགས་ཀྱི་ཚིག་དེ་དག་འཆང་ཞིང་འཛིན་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་སྟེ། སེམས་འདུན་པས་རྗེས་སུ་དམིགས་


DKG089_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་། ཅི་འདོད་པའི་དོན་ཆོ་ག་བཞིན་དུ་བསྒྲུབས་ན། ཆུད་ཟ་བར་མི་འགྱུར་རོ། །གཞན་ཡང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཤིན་ཏུ་ཕྲ་ཞིང་། ཟབ་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། འདོན་པ་དེ་བསམ་པ་ཐམས་ཅད་མྱུར་དུ་འགྲུབ་པར་འགྱུར་ཏེ། སེམས་གཡེང་བས་བྱས་པ་ནི་མ་གཏོགས་སོ། །དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེ་ཀཽཎྜི་ནྱ་རབ་ཏུ་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། ཐལ་མོ་སྦྱར་བ་བྱས་ནས་རྗེས་སུ་འཛིན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དབྱངས་ཅན་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། ལྷ་མོ་ཁྱོད་ཀྱིས་དམ་པའི་ཆོས་འདི་ཡོངས་སུ་བསྲུང་ཞིང་། ཡོངས་སུ་རྒྱས་པར་བྱ་བ་དང་། མདོ་འདི་འཛིན་པའི་སེམས་ཅན་ཐམས་ཅད་ལ་ཆོས་འདི་ལྟ་བུ་བསྟན་པས་བདེ་བ་དང་། བསོད་ནམས་དང་། སྤོབས་པ་ཚད་མེད་པ་འཕེལ་བར་འགྱུར་ཏེ། གང་སེམས་བསྐྱེད་པ་རྣམས་ཀྱང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱས་པ་ལེགས་སོ་ལེགས་སོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷ་མོ་དབྱངས་ཅན་གྱི་ལེའུ་ཞེས་བྱ་སྟེ་བཅྭ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ཆེན་མོ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་བདག་གིས་ཅི་ནས་ཀྱང་། ཆོས་སྨྲ་བའི་དགེ་སློང་དེ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དང་། བྲེལ་ཕོངས་པ་མ་མཆིས་པ་འཐོབ་པར་འགྱུར་བ་དང་། སེམས་བརྟས་པ་འཐོབ་པར་འགྱུར་བ་དང་། སེམས་བདེ་བར་གདུགས་མཚན་བས་པར་འགྱུར་བ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཚིག་དང་། ཡི་གེ་རྣམ་པ་ཐ་དད་པ་དག་ཆུབ་པར་འགྱུར་བ་དང་། རྣམ་པར་རྟོག་པར་འགྱུར་བ་དང་། ཡང་དག་པར་བརྗོད་པར་འགྱུར་བ་དང་། སངས་རྒྱས་འབུམ་ཕྲག་དག་ལ། དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་


DKG089_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་པར་འགྱུར་ཞིང་། མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལྷ་དང་། མིའི་བདེ་བ་མྱོང་བར་འགྱུར་བ་དང་། མུ་གེ་མ་མཆིས་པར་འགྱུར་བ་དང་། ལོ་ལེགས་པར་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་འགྱུར་བ་འདི་ལྟ་སྟེ། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ན་བའི་གསོས་སྨན་དང་། སྨན་ཟོང་དང་། ཡོ་བྱད་དང་། འཚོག་ཆས་ཀྱི་བྱེ་བྲག་གཞན་དག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེ་སྤྲོ་བར་བགྱིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུཪྱ་དང་། གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་དེ་ལ། ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དེ། དེས་ད་ལྟར་ཕྱོགས་གང་དང་། གང་དུ་སེམས་པ་དང་། ཕྱོགས་གང་དང་གང་དུ་ལྟ་བ་དང་། ཕྱོགས་གང་དང་། གང་དུ་འགྲོ་བའི་ཕྱོགས་དེ་དང་། དེར་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར། ཟས་དང་། སྐོམ་དང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། ཡོ་


DKG089_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

བྱད་གཞན་དག་གིས་ཀྱང་མི་ཕོངས་པར་འགྱུར། སེམས་ཅན་དེ་དག་ཡོ་བྱད་ཐམས་ཅད་འབྱོར་བར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་གྱི་མཐུས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱ། སྤོས་དང་། མེ་ཏོག་དང་། བདུག་པ་ཡང་དབུལ་བར་བྱ། ལྷ་མོ་ཆེན་མོ་དཔལ་གྱི་མིང་ནས་ལན་གསུམ་བརྗོད་ཅིང་། དེ་ལ་སྤོས་དང་། བདུག་པ་དང་། མེ་ཏོག་ཀྱང་བྱིན་ལ། རོ་སྣ་ཚོགས་ཀྱང་བྱིན་ན། དེའི་འབྲུའི་ཕུང་པོ་ཆེན་པོ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ལ་ས་ཡི་བཅུད་དག་རྣམ་པར་འཕེལ། །ལྷ་རྣམས་རྟག་ཏུ་རབ་ཏུ་དགའ་བར་འགྱུར། །འབྲས་བུ་ལོ་ཐོག་ལྡུམ་སྡོང་ལྗོན་ཤིང་རྣམས། །ལོ་ཐོག་ཤིན་ཏུ་སྣ་ཚོགས་རྣམས་ཀྱང་སྐྱེད། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་བརྗོད་པའི་སེམས་ཅན་དེ་དག་ལ་ལྷ་མོ་ཆེན་མོ་དཔལ་ནི་སེམས་པར་འགྱུར། དེ་དག་ལ་དཔལ་ཆེན་པོར་བྱེད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ལྷ་མོ་ཆེན་མོ་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། ལེགས་སོ་ལེགས་སོ། །ལྷ་མོ་ཁྱོད་ཀྱིས་སྔོན་བྱས་པ་རྗེས་སུ་དྲན་པས། དེ་བཞིན་གཤེགས་པ་ལ་མཆོད་པ་དང་། སེམས་ཅན་ཚད་མེད་པ་རྣམས་ལ་ཕན་པ་དང་། བདེ་བས་ཕན་འདོགས་ཤིང་། མདོ་སྡེ་འདི་ཡང་ཡོངས་སུ་རྒྱས་པར་བྱེད་པའི་བསོད་ནམས་ཟད་མི་ཤེས་པ་དང་ལྡན་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷ་མོ་དཔལ་གྱི་ལེའུ་ཞེས་བྱ་སྟེ་བཅུ་དྲུག་པའོ།། །།དེ་ནས་ལྷ་མོ་དཔལ་ཆེན་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདི་ནས་བྱང་ཕྱོགས་སུ་མི་རིང་བ་ཞིག་ན། ལྷའི་རྒྱལ་པོ་རྣམ་ཐོས་ཀྱི་བུའི་ཕོ་བྲང་ལྕང་ལོ་ཅན་གྱི་འཁོར་ན་སྐྱེད་མོས་ཚལ་དམ་པ་བསོད་ནམས་ཀྱི་མེ་ཏོག་འོད་ཅེས་བྱ་བ་ན། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་བཟངས་པདྨ་དམ་པ་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་ན་བདག་གནས་ཏེ། མི་གང་ལ་ལ་འབྲུའི་ཕུང་པོ་སྤེལ་བར་འདོད་པ་


DKG089_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དེས་རང་གི་ཁྱིམ་ཕྱག་དར་ལེགས་པར་བྱ། ཁྲུས་ལེགས་པར་བྱ། གོས་དཀར་པོ་གཙང་མ་བགོ་བར་བྱ། གོས་དྲི་རབ་ཏུ་ཞིམ་པ་བགོ་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻ་ཌཱུཪྱ་དང་། གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ཞིང་མཚན་ནས་ཀྱང་ལན་གསུམ་བརྗོད། ལྷ་མོ་ཆེན་མོ་དཔལ་གྱི་ལག་ནས། དེ་བཞིན་གཤེགས་པ་ལ་མཆོད་པ་བྱེད། མེ་ཏོག་དང་། བདུག་པ་དང་། སྤོས་ཀྱང་འབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་ཡང་ལན་གསུམ་བརྗོད། བདེན་པའི་ཚིག་ཀྱང་བརྗོད། ལྷ་མོ་ཆེན་མོ་དཔལ་ལ་ཡང་མཆོད་ཅིང་། མེ་ཏོག་དང་། བདུག་པ་ཡང་འབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡི་མཐུས། དེའི་ཚེ་ལྷ་མོ་ཆེན་མོ་དཔལ་ཁྱིམ་དེ་ལ་སེམས་པར་འགྱུར། དེའི་འབྲུའི་ཕུང་པོ་ཆེན་པོ་ཡང་འཕེལ་བར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་འགུགས་པར་འདོད་པ་དེས་རིག་པའི་གསང་སྔགས་འདི་དག་དྲན་པར་བྱའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་འབར་བ་རིན་ཆེན་འོད་ཟེར་སྣང་བའི་རྟོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་རི་རིན་


DKG089_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་འབྱུང་གནས་གདུགས་བརྩེགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེན་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །ལྷོ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །ནུབ་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཕྱོགས་ཀྱི་དེ་བཞིན་གཤེགས་པ་རྔ་སྒྲ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་བྱམས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གསེར་གྱི་སྙིང་པོ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆོས་འཕགས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་རབ་གནས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས་རིག་པ་འདི་དག་ལ་སྦྱོར་བར་བྱ་སྟེ། །རིག་སྔགས་འདི་བདག་ལ་འབྱོར་བར་གྱུར་ཅིག །སཱདྱ་ཐེ་དན། པྲ་ཏི་པཱུརྞ་ཙ་རེ། ས་མནྟཱ་དརྴ་ཎེ། མ་ཧཱ་བི་ཧཱ་ར་ག་ཏི། ས་མན་ཏ། བི་མཱ་ན་ག་ཏེ། མ་ཧཱ་ཀཱཪྱ། པྲ་ཏི་པྲཱ་བ་ཎི། ས་ཏྭཱ། ཨརྠ་ས་མ་ཏཱ་ནུ། པྲ་པཱུ་རེ། ཨ་ཡཱ་ན་དྷརྨ་ཏཱ། མ་ཧཱ་བྷོ་གི་ནི། མ་ཧཱ་མཻ་ཏྲི། ཨུ་པ་སང་ཧི་ཏེ། ཧི་ཏཻ་ཥི། སང་གྲྀ་ཧཱི་ཏེ། ས་མར་ཐཱ་ནུ་པཱ་ལ་ནེ་སྭཱ་ཧཱ། འདི་དག་ནི་སྤྱི་བོ་ནས་དབང་བསྐུར་བའི་ཆོས་ཉིད་ཀྱི་གསང་སྔགས་ཀྱི་ཚིག་གཅིག་ཏུ་དེ་ཁོ་ན་ཡང་དག་པར་གྲུབ་པ་སྦྱིན་པ་མི་སླུ་བའི་དོན་གྱི་ཚིག་སྟེ། སེམས་ཅན་བར་མ་ལ་སྤྱོད་པ་རྣམས་དགེ་བའི་རྩ་བ་ཁ་ན་མ་ཐོ་བ་མེད་པ་དག་གིས། ལོ་བདུན་དུ་འདོན་ཅིང་། འཛིན་པ་དག་ཡན་ལག་བརྒྱད་པའི་བསྙེན་


DKG089_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པར་གནས་པ་ལ་བསྙེན་ཏེ། བདག་དང་སེམས་ཅན་ཀུན། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྔ་དྲོ་དང་། ཕྱི་དྲོ་སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་། སྤོས་རྣམས་ཀྱིས་མཆོད་ནས།དེས་བདག་གི་བསམ་པ་འདི་འབྱོར་པར་གྱུར་ཅིག །མྱུར་དུ་འབྱོར་པར་གྱུར་ཅིག །གཙུག་ལག་ཁང་ངམ། དགོན་པའི་གནས་ཀྱང་རུང་སྟེ། ཁྱིམ་དེ་ཤིན་ཏུ་གཙང་མར་བྱས་ལ། ལྕི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་། བདུག་པ་ཡང་དབུལ་བར་བྱ། སྟན་གཙང་མ་ཡང་གདིང་བར་བྱའོ། །ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ་བསྡད་པར་བྱའོ། །དེ་ནས་སྐད་ཅིག་དེ་ཉིད་ལ། ལྷ་མོ་ཆེན་མོ་དཔལ་འོངས་ནས། དེར་གནས་པར་འགྱུར་རོ། །དེ་ཕྱིན་ཆད་ཁྱིམ་མམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། གཙུག་ལག་ཁང་ངམ། དགོན་པའི་གནས་སུ་ནམ་ཡང་བྲེལ་ཅིང་ཕོངས་པ་མེད་པར་འགྱུར་རོ། །འགྲོན་བུ་དང་། གསེར་དང་། རིན་པོ་ཆེ་དང་། ནོར་དང་། འབྲུ་དང་། ཡོ་བྱད་ཐམས་ཅད་འབྱོར་པ་དང་། བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་རོ། །དགེ་བའི་རྩ་བ་གང་དག་བྱེད་པ་དེ་དག་ཐམས་ཅད་ལས། ལྷ་མོ་ཆེན་མོ་དཔལ་ལ་ཤས་ཀྱི་མཆོག་སྦྱིན་པར་བྱ་སྟེ། དེས་ན་དེ་ཅི་སྲིད་འཚོ་བའི་བར་དུ་དེ་ན་གནས་པར་འགྱུར། འཕང་བར་མི་འགྱུར། དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷ་མོ་ཆེན་མོ་དཔལ་གྱིས་ནོར་ཡོངས་སུ་སྤེལ་བའི་ལེའུ་ཞེས་བྱ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི། ད་ལྟར་དང་། མ་འོངས་པའི་དུས་ན། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ།


DKG089_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་གང་དུ་གནས་པར་འགྱུར་བའི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་མཆི་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་བ་དང་། ས་ཕྱོགས་གང་དང་གང་ན། དགེ་སློང་ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་ཤོམ་པར་འགྱུར་བ་དང་། གང་དང་གང་དུ་ཆོས་སྨྲ་བ་སྟན་ལ་མཆིས་ནས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་འགྱུར་བ་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་དག་ས་ཕྱོགས་དེ་དང་དེ་དག་ཏུ་མཆི་བར་བགྱིའོ། །ལུས་མི་གདའ་བར་ཆོས་ཀྱི་ཁྲིའི་འོག་ལོགས་སུ་མཆིས་ཏེ། ཡན་ལག་གི་དམ་པ་མགོས་དགེ་སློང་ཆོས་སྨྲ་བ་དེའི་རྐང་མཐིལ་ནས་བརྟེན་པར་བགྱིའོ། །བདག་ཀྱང་ཆོས་མཉན་པ་དང་། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱི། ཡང་དག་པར་རིམ་གྲོར་བགྱི། ཡང་དག་པར་མཆོད་པར་བགྱིའོ། །བདག་ཚིམ་པར་གྱུར། རིམ་གྲོ་བགྱི་བ་བགྱིས་པར་གྱུར། རབ་ཏུ་དགའ་བར་གྱུར་ནས། སའི་ཕུང་པོ་དཔག་ཚད་སྟོང་ཕྲག་དྲུག་ཅུ་བརྒྱད་པོ་འདི་ནས། སའི་གཞི་རྡོ་རྗེ་ལ་ཐུག་པའི་བར་དུ། སའི་བཅུད་ཀྱིས་རྣམ་པར་འཕེལ་བར་བགྱི། ཡང་དག་པར་ནི་རིམ་གྲོ་བགྱི། ཡོངས་སུ་རྫོགས་པར་བགྱིའོ། །སྟེང་དུ་ཡང་རྒྱ་མཚོའི་མཐའ་ལ་ཐུག་པའི་སའི་དཀྱིལ་འཁོར་འདི། སའི་བཅུད་ཀྱི་སྣུམ་གྱིས་བརླན་པར་བགྱིའོ། །ས་ཆེན་པོ་འདི་རབ་ཏུ་གཟི་བྱིན་དང་ལྡན་པར་བགྱིའོ། །དེ་ནས་འཛམ་བུའི་གླིང་འདིར་རྩྭ་དང་། ཤིང་གེལ་པ་དང་། སྨན་དང་། ནགས་ཚལ་སྣ་ཚོགས་རྣམས་གཟི་བྱིན་དང་རབ་ཏུ་ལྡན་པར་


DKG089_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུང་བར་འགྱུར། ཀུན་དགའ་ར་བ་དང་། ནགས་ཚལ་དང་། ཤིང་ལྗོན་པ་ཐམས་ཅད་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དང་། ལོ་ཐོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་། རབ་ཏུ་གཟི་བྱིན་དང་ལྡན་པར་འགྱུར་བ་དང་། དྲི་དང་རབ་ཏུ་ལྡན་པ་དང་། སྣུམ་པ་དང་རབ་ཏུ་ལྡན་པ་དང་། རོ་ཞིམ་པོར་འགྱུར། བལྟ་ན་རབ་ཏུ་སྡུག་པ་དང་། རབ་ཏུ་ཆེ་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་བཏུང་བ་དང་། བཟའ་བ་རྣམ་པ་སྣ་ཚོགས་དེ་དག་འཚལ་ནས། ཚེ་དང་། སྟོབས་དང་། ཁ་དོག་དང་། དབང་པོ་རྣམས་རྣམ་པར་འཕེལ་བར་འགྱུར་རོ། །གཟི་བྱིན་དང་། སྟོབས་དང་། ཁ་དོག་དང་། གཟུགས་དང་རབ་ཏུ་ལྡན་པར་གྱུར་ནས་ཀྱང་། ས་ལ་མཆིས་པའི་དགོས་པ་རྣམ་པ་སྣ་ཚོགས་ཐ་དད་པ་འབུམ་ཕྲག་དུ་མ་དག་བགྱིད་པར་འགྱུར། བརྩོན་པར་འགྱུར། འབད་པར་འགྱུར། སྟོབས་སུ་བགྱི་བའི་ལས་རྣམས་བགྱིད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་འཛམ་བུའི་གླིང་ཐམས་ཅད་ཞི་བར་འགྱུར་བ་དང་། ལོ་ལེགས་པ་དང་། རྒྱས་པ་དང་། ཉམས་དགའ་བར་འགྱུར། སྐྱེ་བོ་དང་མི་མང་པོས་གང་བར་འགྱུར། འཛམ་བུའི་གླིང་གི་སེམས་ཅན་དེ་དག་ཐམས་ཅད་བདེ་བར་འགྱུར། དགའ་བ་རྣམ་པ་སྣ་ཚོགས་མྱོང་བར་འགྱུར། སེམས་ཅན་དེ་དག་གཟི་བྱིན་དང་། སྟོབས་དང་། ཁ་དོག་དང་། གཟུགས་དང་ལྡན་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་སླད་དུ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ཆོས་ཀྱི་ཁྲི་སྟན་ལ་མཆིས་པའི་གན་དུ་མཆི་བར་འགྱུར། མཆིས་ནས་ཀྱང་སེམས་རབ་ཏུ་དང་བས་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བ་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱི་བའི་སླད་དུ། ཆོས་སྨྲ་བ་དེ་དག་


DKG089_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསོལ་བ་འདེབས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རབ་ཏུ་བཤད་པ་ན་སའི་ལྷ་མོ་བརྟན་མ་བདག་གཡོག་དང་བཅས་ཏེ། རབ་ཏུ་གཟི་བྱིན་དང་ལྡན་པ་དང་། རབ་ཏུ་སྟོབས་དང་ལྡན་པར་འགྱུར་རོ། །བདག་ཅག་གི་ལུས་ལ་སྟོབས་དང་། བརྩོན་འགྲུས་དང་། མཐུ་ཆེན་པོ་བསྐྱེད་པར་འགྱུར། བདག་ཅག་གི་ལུས་ལ་གཟི་བྱིན་དང་། དཔལ་དང་། ཕུན་སུམ་ཚོགས་པ་ཡང་འཇུག་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར། གཟི་བྱིན་དང་། །སྟོབས་དང་། བརྩོན་འགྲུས་དང་།མཐུ་དང་། ཤུགས་ཆེན་པོ་ཐོབ་པར་གྱུར་ན། ས་ཆེན་པོ་དཔག་ཚད་སྟོང་ཕྲག་བདུན་པའི་འཛམ་བུའི་གླིང་འདི་སའི་བཅུད་ཆེན་པོས་རྣམ་པར་འཕེལ་བར་འགྱུར་རོ། །ས་ཆེན་པོ་གཟི་བྱིན་དང་རབ་ཏུ་ལྡན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ས་ལ་བརྟེན་པའི་སེམས་ཅན་འདི་དག་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་ལ་ཡངས་པར་འགྱུར། རྒྱ་ཆེན་པོར་ཡང་འགྱུར་རོ། །ས་ལ་གནས་པའི་སེམས་ཅན་དེ་དག་ཆེན་པོར་གྱུར་ནས་ཀྱང་། ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་སྣ་ཚོགས་ལ་སྤྱོད་པར་འགྱུར། བདེ་བ་དག་ཀྱང་མྱོང་བར་འགྱུར་རོ། །དེ་དག་ཐམས་ཅད་བཟའ་བ་དང་། བཏུང་བ་དང་བཅའ་བ་རྣམ་པ་སྣ་ཚོགས་དང་། གོས་དང་། མལ་ཆ་དང་། སྟན་དང་། གནས་དང་། ཁང་པ་དང་། གཞལ་མེད་ཁང་དང་། སྐྱེད་མོས་ཚལ་དང་། ཆུ་བོ་དང་། རྫིང་དང་། ཆུ་མིག་དང་། མཚེའུ་དང་། མཚོ་དང་། ལྟེང་ཀ་དང་། འདི་ལྟ་བུའི་ཡོ་བྱད་བདེ་བ་རྣམ་པ་སྣ་ཚོགས་ས་ལ་གནས་པ་ས་ལས་འབྱུང་བ་ས་ལ་རྟེན་པ་འདི་དག་ལ་སྤྱོད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདག་ལ་བྱས་པ་གཟོ་བར་བགྱིའོ། །གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་


DKG089_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་ཏེ། མཉན་པར་བགྱི། བཀུར་སྟིར་བགྱི། བླ་མར་བགྱི། རིམ་གྲོར་བགྱི། མཆོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་སེམས་ཅན་དེ་དག་ཆོས་སྨྲ་བའི་གན་དུ་མཆི་བའི་སླད་དུ། རིགས་ཐ་དད་པ་དང་། ཁྱིམ་ཐ་དད་པ་དག་ནས་བྱུང་སྟེ་མཆིས་ནས། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་གྱུར་ལ། ཐོས་ནས་ཀྱང་རང་རང་གི་རིགས་དང་། ཁྱིམ་དང་། གྲོང་དང་། གྲོང་རྡལ་ཐ་དད་པ་དག་ཏུ་ཞུགས་ནས། རང་རང་གི་ཁྱིམ་ན་གནས་པ་དག་ཕན་ཚུན་དུ་འདི་སྐད་ཅེས་བདག་ཅག་གིས་དེ་རིང་ཆོས་མཉན་པ་ཟབ་མོ་ཐོས་སོ། །དེ་རིང་བདག་ཅག་གིས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་ངོ་། །བདག་ཅག་གིས་ཆོས་མཉན་པ་དེས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་མཉེས་པར་བྱས་སོ། །དེང་བདག་ཅག་གིས་ཆོས་མཉན་པ་འདིས་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་ཏོ། །དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ལས་ཡོངས་སུ་ཐར་རོ། ། དེང་བདག་ཅག་གིས་ཆོས་མཉན་པ་འདིས་མ་འོངས་པའི་དུས་ན། ཚེ་རབས་འབུམ་ཕྲག་དུ་མར་ལྷ་དང་མིའི་སྐྱེ་བ་ཡོངས་སུ་བཟུང་བར་འགྱུར་རོ་ཞེས་གཏམ་ཟེར་བར་འགྱུར་རོ། །ཁྱིམ་ཐ་དད་པ་ན་གནས་པར་གྱུར་པ་དེ་དག་སེམས་ཅན་གཞན་དག་ལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་དཔེ་གཅིག་ཙམ་བརྗོད་དམ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ལེའུ་གཅིག་གམ། སྔོན་བྱུང་བ་གཅིག་གམ། ཐ་ན་བྱང་ཆུབ་སེམས་དཔའི་མིང་ངམ། དེ་བཞིན་གཤེགས་པའི་མཚན་གཅིག་གམ། ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་གམ། ཚིག་གཅིག་ཅིག་སེམས་ཅན་གཞན་དག་ལ་ཐོས་པར་བགྱིད་དམ། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མཚན་གཞན་དག་ལ་རབ་ཏུ་སྟོན་ཏམ། བཙུན་


DKG089_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅོམ་ལྡན་འདས་གང་དང་གང་ན་སེམས་ཅན་རྣམ་པ་ཐ་དད་པ་དེ་དག་ཕྱོགས་རྣམ་པ་ཐ་དད་པ་དག་ཏུ་མདོ་སྡེའི་གཏན་ཚིགས་རྣམ་པ་སྣ་ཚོགས་འདི་ལྟ་བུ་འདི་དག་གཅིག་ལ་གཅིག་བརྗོད་དམ། ཐོས་པར་བགྱིད་དམ། གཏམ་རྒྱུད་བརྗོད་ན། བཙུན་པ་བཅོམ་ལྡན་འདས་ས་ཕྱོགས་དེ་དག་ཐམས་ཅད་ཤིན་ཏུ་གཟི་བྱིན་དང་ལྡན་པ་དང་། ཤིན་ཏུ་སྣུམ་པར་འགྱུར་རོ། །ས་ཕྱོགས་དེ་དང་དེ་དག་ཏུ་སེམས་ཅན་དེ་དག་ཐམས་ཅད་ཀྱི་ཕྱིར། སའི་བཅུད་རྣམ་པ་སྣ་ཚོགས་དང་། ཡོ་བྱད་ཐམས་ཅད་རྒྱས་པར་སྐྱེ་བར་འགྱུར། རྣམ་པར་འཕེལ་བར་འགྱུར། ཤིན་ཏུ་རྒྱས་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །ནོར་ཆེ་བ་དང་།ལོངས་སྤྱོད་ཆེ་བ་དང་། སྦྱིན་པ་ལ་མོས་པར་འགྱུར། དཀོན་མཆོག་གསུམ་ལ་མངོན་པར་དད་པར་འགྱུར་རོ། ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་གཅིག་ཉན་ན། དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་ལྷའི་རིས་ཀྱི་ནང་དུ་ལྷའི་རིས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུར་རོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་དག་ལ་མཆོད་པའི་ཕྱིར། གནས་དེ་དག་ལེགས་པར་བརྒྱན་པར་བྱེད་དམ། ཐ་ན་གདུགས་གཅིག་གམ། བ་དན་གཅིག་གམ། རས་བཅོས་བུ་གཅིག་གིས་གཡོགས་ན། སའི་ལྷ་མོ་རྟག་ཏུ་བརྒྱན་པའི་གནས་དེ་དག་འདོད་པ་ན་སྤྱོད་པའི་ལྷའི་རིས་བདུན་པོ་དེ་དག་ཏུ་ལྷའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་དག་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་སེམས་ཅན་དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འཕོས་ཏེ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དེ་དག་ཏུ་སྐྱེ་བ་དེའི་ཚེ། སའི་ལྷ་མོ་རིན་པོ་ཆེ་སྣ་བདུན་གྱི་གཞལ་


DKG089_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཁང་རེ་རེར་ཡང་ལན་བདུན་བདུན་དུ་སྐྱེ་བར་འགྱུར་རོ། །ལྷའི་བདེ་བ་བསམ་གྱིས་མི་ཁྱབ་པ་དག་ཀྱང་མྱོང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེས་ན་སའི་ལྷ་མོ་བརྟན་མ་བདག་དགེ་སློང་ཆོས་སྨྲ་བ། ཆོས་ཀྱི་ཁྲི་སྟན་ལ་མཆིས་པ་དེའི་ཚེ་ཆོས་ཀྱི་སྟན་གྱི་འོག་ལོགས་ཀྱི་ས་ཕྱོགས་དེ་དང་དེ་དག་ཏུ་གནས་པར་བགྱིའོ། །ཅི་ནས་ཀྱང་སངས་རྒྱས་འབུམ་ཕྲག་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལྷ་དང་། མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་ཆད་པར་འགྱུར་བར་ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་དེའི་རྐང་པ་ལ་ཡན་ལག་གི་དམ་པ་མགོས་བརྟེན་པར་བགྱིའོ། །དེ་ནས་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་སྔགས་ཀྱི་སྙིང་པོ་ཞིག་མཆིས་པ་འདི་ལྷ་དང་མི་ཐམས་ཅད་ལ་ཕན་པ་དང་བདེ་བར་འགྱུར་བ་སྟེ། གང་སྐྱེས་པའམ། བུད་མེད་དམ། འཁོར་བཞི་པོ་གང་ལ་ལ་ཞིག་གིས། བདག་མངོན་སུམ་དུ་མཐོང་བར་འདོད་པ་དང་། ནོར་དང་། ནོར་བུ་རིན་པོ་ཆེ་དང་། དབྱིག་ལ་སོགས་པ་འདོད་པ་དང་།


DKG089_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་བཟང་པོས་ཚེ་རིང་ཞིང་ནད་མེད་པར་འདོད་པ་དང་། ཕས་ཀྱི་དགྲ་ཐམས་ཅད་དང་། ཕྱིར་རྒོལ་བ་ཐམས་ཅད་འཇིལ་བར་འདོད་ན། གནས་དབེན་པར་དཀྱིལ་འཁོར་བྱས་ཏེ། ཁྲུས་བྱས་གོས་སར་པ་བགོས་ཏེ། རྩྭ་བཏིང་བའི་སྟེང་དུ་འདུག་ནས། སྐུ་གཟུགས་རིང་བསྲེལ་ཅན་གྱི་མདུན་ནམ། མཆོད་རྟེན་རིང་བསྲེལ་ཅན་གྱི་མདུན་དུ། མེ་ཏོག་དང་། བདུག་པ་དང་། ཞལ་ཟས་སྣ་ཚོགས་ཀྱིས་མཆོད་དེ། སྐར་མ་རྒྱལ་དང་སྦྱར་བའི་ཚེས་བརྒྱད་ལ་སེམས་རྩེ་གཅིག་གིས་གཟུངས་སྔགས་འདི་བཟླས་པས་སྤྱན་དྲངས་པར་འགྱུར་ཏེ། སྔགས་ལ།ཏདྱ་ཐཱ། ཙི་ལི་ཙི་ལི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། ཀུ་ཊུ་ཀུ་ཊུ། ཏོ་ཊུ་ཏོ་ཊུ། བ་ཧ་བ་ཧ། བ་རི་ཤེ། བ་རི་ཤེ་སྭཱ་ཧཱ། བཅོམ་ལྡན་འདས་འཁོར་བཞི་པོ་གང་ལ་ལ་ཞིག་གིས། བདག་སྤྱན་དྲང་བའི་ཕྱིར་སྔགས་ཀྱི་ཚིག་འདི་བརྒྱ་རྩ་བརྒྱད་བཟླས་ན། བདག་དེའི་གན་དུ་མཆི་བར་བགྱིའོ། །གཞན་ཡང་བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་བདག་དང་མཇལ་ཞིང་སྨྲ་བར་འཚལ་ན། ཆོ་ག་སྔ་མའི་ཚུལ་དུ་བཤམས་ཏེ། སྔགས་འདི་བཟླས་པར་བྱའོ། །ཏདྱ་ཐཱ། ཨཉྩ་ནི། ཀྱ་ལིཀྵ་ནི། ཤི་ཤི་དྷ་རི། ཧ་ཧ། ཧི་ཧི། ཀུ་རུ་བ་རེ་སྭཱ་ཧཱ། བཅོམ་ལྡན་འདས་སྔགས་ཀྱི་ཚིག་འདི་བརྒྱ་རྩ་བརྒྱད་བཟླས་ཏེ། སྔགས་སྔ་མ་བཟླས་པ་བྱས་ན། དེའི་མདུན་དུ་ལུས་བསྟན་ཏེ། ངེས་པར་བསམ་པ་རྫོགས་པར་བགྱིའོ། །གང་སྔགས་འདི་ཟློས་པར་འདོད་པས། སྔར་ལུས་བསྲུང་བའི་ཕྱིར་སྔགས་འདི་བརྗོད་དོ། །ཏདྱ་ཐཱ། ཤི་རི་ཤི་རི། བཱ་ཤ་ཀ་ཏི། ཏ་ཏི། ཀུཊྚི། པཱུ་ཏ། པཱུ་དེ་རི། པུ་དེ་རི་ཊི་ཊེ། པ་ཊི་ཀུ་ཀུ་ཊི། ཀ་པ་ཙི་ལི་སྭཱ་ཧཱ། བཅོམ་ལྡན་འདས་གཟུངས་སྔགས་འདི་བསྒྲུབ་པའི་ཚེ་ཚོན་སྐུད་སྣ་ལྔ་ལ་སྔགས་ལན་རེ་གདབ་ཅིང་མདུད་པ་རེ་རེ་བཅིང་ངོ་། །དེ་འདྲ་བ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དཔུང་པ་གཡོན་པ་ལ་བཏགས་ན་འཇིགས་པ་ཐམས་ཅད་བསལ་ཏེ། ལུས་བསྲུངས་པར་


DKG089_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །སེམས་མི་གཡེང་བར་སྔགས་འདི་བཟླས་ན། བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །བདག་གི་ཚིག་འདི་མི་བསླུ་བར་ནི་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་རྣམས་བདག་ལ་མངོན་དུ་གཟིགས་ཤིང་དགོངས་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ། གང་ཁྱོད་ཀྱི་བདེན་པའི་སྔགས་ཀྱི་ཚིག་འདིས་མདོ་སྡེའི་དབང་པོ་འདི་དང་། ཆོས་སྨྲ་བ་དེ་ལ་བསྲུང་བ་བྱས་པ་དེ་ནི་ལེགས་སོ་ལེགས་སོ། །དེའི་ཕྱིར་ཁྱོད་ཀྱང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སའི་ལྷ་མོ་བརྟན་མའི་ལེའུ་ཞེས་བྱ་སྟེ་བཅྭ་བརྒྱད་པའོ།། །།དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་། མ་འོངས་པའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་གང་དུ་འབྱུང་བར་འགྱུར་བ་དེར། བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་དང་ལྷན་ཅིག་ཏུ་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་ཕྱོགས་སམ། རིའི་སྨན་ལྗོངས་སམ། ཕོ་བྲང་འཁོར་དེར་མཆི་བར་བགྱིའོ། །ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་དེ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་།


DKG089_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོ་ཆོས་ཉན་པ་དེ་དག་ཐམས་ཅད་དང་། གང་སུ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཉན་པ་དང་། ཐ་ན་ཚིག་གཅིག་གམ། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་གཅིག་ཙམ་ཐོས་པར་གྱུར་ཏེ། གཟུང་བ་དང་། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མིང་ཐོས་པར་གྱུར་ཏེ། གཟུང་བ་དེ་དག་ཐམས་ཅད་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །རིགས་དེ་དག་དང་། ཁྱིམ་དེ་དག་དང་། གྲོང་དེ་དག་དང་། གྲོང་ཁྱེར་དེ་དག་དང་། གྲོང་རྡལ་དེ་དག་དང་། དགོན་པ་དེ་དག་དང་། ཕོ་བྲང་འཁོར་དེ་དག་ཀྱང་ཀུན་དུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཆད་པ་སྤང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་གང་གིས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་པར་གྱུར་ཅེ་ན། འདི་ནི་བཙུན་པ་བཅོམ་ལྡན་འདས་ཉིད་ཀྱི་མངོན་སུམ་ལགས་ཏེ། བཙུན་པ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་འཚལ་ཏོ། །ཆོས་ཐམས་ཅད་ཡོངས་སུ་འཚལ་ཏོ། །ཆོས་ཐམས་ཅད་ཁོང་དུ་ཆུད་དོ། །ཆོས་ཐམས་ཅད་ཇི་སྙེད་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་དང་། ཆོས་ཐམས་ཅད་གནས་པ་གང་ལགས་པ་དང་། ཆོས་ཐམས་ཅད་གང་དག་ལགས་པ་དང་། ཆོས་ཐམས་ཅད་ཀྱི་རིགས་གང་དག་ལགས་པ་དང་། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་བདག་ལ་མངོན་སུམ་མོ། །བཙུན་པ་བཅོམ་ལྡན་འདས་ཆོས་


DKG089_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་བདག་གི་ཡེ་ཤེས་སྣང་བ་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་གསལ་བ་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་རྒྱུ་བ་བསམ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གི་ཡེ་ཤེས་ཀྱི་ཡུལ་འཇུག་པ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བདག་ཆོས་ཐམས་ཅད་ཡང་དག་པར་འཚལ་བ་དང་། ཡང་དག་པར་ཡོངས་སུ་བརྟགས་པ་དང་། ཡང་དག་པར་ཡོངས་སུ་འཚལ་བ་དང་། ཡང་དག་པར་རྣམ་པར་བལྟས་པ་དང་། ཡང་དག་པར་ཁོང་དུ་ཆུད་པའི་རྒྱུ་དེས་ན། བཙུན་པ་བཅོམ་ལྡན་འདས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པར་བགྱི་བའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱིའོ། །ཅི་ནས་དགེ་སློང་ཆོས་སྨྲ་བ་དེའི་ལུས་མི་ངལ་བར་འགྱུར་བ་དང་། ལུས་ཀྱི་དབང་པོ་བདེ་བར་འགྱུར་བ་དང་། རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང་། གང་གི་སླད་དུ་སངས་རྒྱས་འབུམ་ཕྲག་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་། མྱུར་དུ་ནུབ་པར་མི་འགྱུར་བ་དང་། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་། ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང་། ཤེས་རབ་དང་ལྡན་པར་འགྱུར་བ་དང་། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་འཛིན་པར་འགྱུར་བ་དང་། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མར་ལྷ་དང་། མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་དག་མྱོང་བར་འགྱུར་བ་དང་། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་། མ་འོངས་པའི་དུས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང་། སེམས་ཅན་དམྱལ་བ་དང་། དུད་


DKG089_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བགྱི་བའི་སླད་དུ། དེའི་སྤུའི་བུ་ག་རྣམས་སུ་གཟི་བྱིན་སྩལ་བར་བགྱིའོ། །དེའི་ལུས་ལ་མཐུ་དང་། སྟོབས་དང་། བརྩོན་འགྲུས་ཆེན་པོ་བསྐྱེད་པར་བགྱིའོ། །དེའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བགྱིའོ། །དེའི་དྲན་པ་ཁོང་དུ་ཆུད་པར་བགྱིའོ། །དེ་ཆེར་སྤྲོ་བར་བགྱིའོ། །དེ་ནས་གནོད་སྦྱིན་བདག་པོ་ཆེན་པོ་ཡང་དག་ཤེས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་གཟུངས་སྔགས་ཤིག་མཆིས་པ་འདི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་སྙིང་བརྩེ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ཉིད་ཀྱིས་སྔགས་འདི་གདོན་པར་བགྱིའོ། །སྔགས་ལ། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མོ་བྲཧྨ་ཡ། ན་མ་ཨིནྡྲཱ་ཡ། ན་མཤྩ་ཏུར་ཎྃ། མ་ཧཱ་རཱ་ཛཱ་ནཱྃ། ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། གཽ་རི། མ་ཧཱ་གཽ་རི། གནྡྷ་རི། མ་ཧཱ་གནྡྷ་རི། དྲི་མི་ཌི། མ་ཧཱ་དྲི་མི་ཌི། དནྜ་ཁུ་ཁུན་ཏི། ཧ་ཧ་ཧ་ཧ། ཧི་ཧི་ཧི་ཧི། ཧུ་ཧུ་ཧུ་ཧུ། ཧ་ལོ་དྷ་མེ། གུ་དྷ་མེ། ཙ་ཙ་ཙ་ཙ། ཙི་ཙི་ཙི་ཙི། ཙུ་ཙུ་ཙུ་ཙུ། ཙཎྜེ་ཤྭ་ར། ཤི་ཁ་ར། ཤི་ཁ་ར། ཨུ་ཏིཥྛ་ཧེ་བྷ་ག་བཱན། སཾ་བིད་ཛྙཱ་ཡེ་སྭཱ་ཧཱ། གང་ལ་ལ་ཞིག་གིས་རིག་སྔགས་འདི་འཆང་ཞིང་འཛིན་ན་བདག་གིས་དེ་ལ་འཚོ་བའི་ཡོ་བྱད་བསོད་སྙོམས་དང་། གོས་དང་། མེ་ཏོག་དང་། འབྲས་བུ་དང་། ནོར་དང་། རིན་པོ་ཆེ་ལ་སོགས་པ་ཐམས་ཅད་སྩལ་བར་བགྱིའོ། །གང་ལ་ལ་ཞིག་བུ་ཕོ་མོ་སྨོས་པ་དང་། བྲན་ཕོ་དང་། བྲན་མོ་དང་། གསེར་དང་། དངུལ་དང་། རིན་པོ་ཆེ་དང་། རྒྱན་ལ་སོགས་པའི་ཡོ་བྱད་འདོད་ན་ཡང་། བདག་གིས་དེ་ལ་ཡིད་བཞིན་དུ་སོ་སོར་སྩལ་བར་བགྱིའོ། །རིག་སྔགས་འདིའི་མཐུ་དང་། གཟི་བརྗིད་ཆེན་པོ་དང་ལྡན་པའི་ཕྱིར། གང་གསང་སྔགས་འདི་ཟློས་པའི་ཚེ། བདག་མྱུར་དུ་དེའི་གན་དུ་མཆི་སྟེ། ཅི་ཡང་ཐོགས་པ་མེད་པར་འགྲུབ་པར་བགྱིའོ། །གསང་སྔགས་འདི་སྒྲུབ་པའི་ཆོ་ག་ནི། ཐོག་མར་གནོད་སྦྱིན་གྱི་བདག་པོ་ཆེན་པོ་ཡང་དག་ཤེས་ཀྱི་གཟུགས། སྲིད་


DKG089_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཆག་བཞི་པའམ། ལྔ་པ་ལག་ན་དགྲ་སྟ་ཐོགས་པ་བྲིས་པའི་མདུན་དུ་དཀྱིལ་འཁོར་གྲུ་བཞིར་བྱས་པའི་གྲྭ་བཞིར་སྦྲང་རྩིའམ། བུ་རམ་ཆུས་གང་བའི་བུམ་པ་བཞི་ཞོག་ལ། བྱུག་པ་དང་། ཕྱེ་མ་དང་། བདུག་པ་བསྲེག་ཅིང་། མེ་ཏོག་གི་ཕྲེང་བས་ཀྱང་མཆོད་པར་བྱའོ། །ཡང་དཀྱིལ་འཁོར་དེའི་མདུན་དུ་སྦྱིན་སྲེག་གི་ཐབ་ཁུང་བརྐོས་པ་ལ་དུད་པ་མེད་པའི་མེའི་ནང་དུ། མར་དང་ཡུངས་ཀར་དུ་བསྲེས་ལ། སྔགས་ལན་རེ་བཟླས་ཤིང་ཐབ་དེའི་ནང་དུ་སྦྱིན་སྲེག་བྱའོ། །དེ་ལྟར་ལན་བརྒྱ་རྩ་བརྒྱད་བསྲེགས་པ་དང་། བདག་དེ་ལ་ལུས་མངོན་པར་བསྟན་ཏེ། ཁྱོད་ཅི་འདོད་ཅེས་དྲི་བར་བྱའོ། །དེ་ནས་སྒྲུབ་པ་པོ་དེས་ཀྱང་ཅི་འདོད་པ་དེ་ལ་སྨྲོས་ཤིག་དང་། ཅི་འདོད་པ་དེ་དག་སྦྱིན་པར་བྱེད་དོ། །གང་གསེར་དངུལ་འདོད་པ་དང་། གཏེར་ཚོལ་བར་འདོད་པ་དང་། ལྷའི་དྲང་སྲོང་འདོད་པ་ཡང་འགྲུབ་སྟེ། ནམ་མཁའ་ལ་འགྲོའོ། །གཞན་ཡང་ལྷའི་མིག་དང་། ཕ་རོལ་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་ཐམས་ཅད་ཀྱང་ཐོབ་པར་བྱེད་དོ། །སེམས་ཅན་ཐམས་ཅད་ལ་ཡིད་བཞིན་དུ་དབང་སྒྱུར་ཞིང་ཉོན་མོངས་པ་ཐམས་ཅད་ཀྱི་རྒྱུན་བཅད་དེ། རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ལ་ལེགས་སོ་ཞེས་བཀའ་སྩལ་ཏེ་ལེགས་སོ་ལེགས་སོ། །གང་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་ཞིང་བདེ་བ་དང་། དམ་པའི་ཆོས་འདི་ཡོངས་སུ་བསྲུང་བའི་ཕྱིར། གསང་སྔགས་ཀྱི་ཚིག་འདི་སྨྲས་པས་བསོད་ནམས་དཔག་ཏུ་མེད་པ་འཕེལ་བར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་གནོད་སྦྱིན་གྱི་དབང་པོ་ཡང་དག་ཤེས་ཀྱི་ལེའུ་ཞེས་བྱ་སྟེ་བཅུ་དགུ་པའོ།། །།དེ་ནས་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་དེ་འཁོར་མང་པོ་དེའི་ནང་ན་འདུག་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཐལ་མོ་སྦྱར་བ་བཏུད་དེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་ཡུལ་འཁོར་ན་མིའི་རྒྱལ་པོ་བྱེད་པས་ཡང་དག་པའི་


DKG089_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་མི་སྤྱོད་ན། ཡུལ་གྱི་སྲིད་འཛིན་ཅིང་སེམས་ཅན་མང་པོ་ལ་བདེ་བ་དང་རང་གི་ལུས་རྒྱལ་ཐབས་མཐོན་པོའི་ས་ན་ཡུན་རིང་པོར་གནས་པར་མི་འགྱུར་བས། བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པས་རྒྱལ་པོའི་བསྟན་བཅོས་ཡང་དག་པས། ཡུལ་གྱི་སྲིད་ཇི་ལྟར་འཛིན་པ་བཤད་པར་གསོལ། དེ་ཐོས་པས་མིའི་རྒྱལ་པོ་རྣམས་ཆོས་དེ་ལྟ་བུས་འཇིག་རྟེན་སྐྱོང་ཞིང་རྒྱལ་ཐབས་དམ་པ་ལ་ཡུན་རིང་དུ་གནས་པས་བདེ་བར་འགྱུར་བ་དང་། ཡུལ་འཁོར་གྱི་སྐྱེ་བོ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་བདེ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོའི་ཚོགས་ཀྱི་ནང་ན་སའི་ལྷ་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སའི་ལྷ་མོ་ཁྱོད་དེའི་ཕྱིར་ཤིན་ཏུ་ལེགས་པར་ཉོན་ཅིག །སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་ཅེས་བྱ་བ་ལ་བུ་མཛེས་པའི་ཏོག་ཅེས་བྱ་བ་དེ། སྤྱི་བོ་ནས་དབང་བསྐུར་ནས་རིང་པོར་མ་ལོན་པ་ཞིག་ན། ཡབ་མཆོག་གི་རྒྱལ་པོ་དབང་པོའི་ཏོག་ལས་བླངས་པ། རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་ཞིག་ཡོད་དེ། ངས་སྔོན་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་དེས་ལོ་ཉི་ཁྲིའི་བར་དུ་རྒྱལ་པོ་ཉིད་བྱས་པར་གྱུར་ཏེ། ཐ་ན་སེམས་ཀྱི་སྐད་ཅིག་གཅིག་ཙམ་གྱི་ཚོད་ཀྱང་སྔོན་ཆོས་མ་ཡིན་པའི་ཕྱོགས་འགའ་ཞིག་ལ་གནས་པར་མ་ཤེས་སོ། །བུ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་དེ་གང་ཞེ་ན། དེ་ནས་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གིས། བུ་རྒྱལ་པོ་མཛེས་པའི་ཏོག་ལ། རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་ཚིགས་སུ་བཅད་པ་འདི་དག་གིས། རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་པོ། །ཉེས་བྱས་ཐམས་ཅད་འཇིག་བྱེད་པ། །རྒྱལ་པོའི་བསྟན་བཅོས་བཤད་པར་བྱ། །རྒྱལ་པོ་ཐམས་ཅད་སོ་སོ་ནས། །དགའ་བའི་སེམས་སུ་འགྱུར་བྱོས་ལ། །ལྷ་ཡི་དབང་པོའི་དམ་ཚིག་ཀུན། །ཐལ་མོ་སྦྱར་ཏེ་མཉན་པར་བྱོས། །རྡོ་རྗེའི་འབྱུང་གནས་རི་དབང་འདིར། །ལྷ་ཡི་དབང་པོ་འདུས་པ་ན། །ཚངས་དབང་ལ་ནི་དྲི་བའི་ཕྱིར། །འཇིག་རྟེན་


DKG089_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བ་རྣམས་ཀྱང་ལངས། །ཁྱོད་ནི་ལྷ་གཙོ་ཚངས་པ་སྟེ། །ཁྱོད་ནི་ལྷ་རྣམས་དབང་ཕྱུག་ལགས། །ཁྱོད་ནི་བདག་ཅག་ཐེ་ཚོམ་གཅོད། །བདག་ཅག་དོགས་པ་བཅད་དུ་གསོལ། །མིར་སྐྱེས་པ་ཡི་རྒྱལ་པོ་ལ། །ཇི་ལྟ་བུར་ན་ལྷ་ཞེས་བགྱི། །གང་གི་རྒྱུས་ན་རྒྱལ་པོ་ལ། །ལྷ་སྲས་ཞེས་ནི་བགྱི་བར་འགྱུར། །གལ་ཏེ་ལྷ་ནི་ཇི་ལྟ་བུར། །མི་ཡི་འཇིག་རྟེན་འདིར་སྐྱེ་ཞིང་། །མི་བདག་གྱུར་ཏེ་མི་རྣམས་ལ། །རྒྱལ་པོ་ཉིད་ནི་བགྱིད་པར་འགྱུར། །འཇིག་རྟེན་སྐྱོང་བས་ཚངས་དབང་ལ། །དེ་སྐད་ཡོངས་སུ་དྲིས་པ་དང་། །ལྷ་ཡི་གཙོ་བོ་ཚངས་པ་དེས། ། འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། །དེ་ལྟར་འཇིག་རྟེན་སྐྱོང་རྣམས་ཀྱིས། །དེ་ལྟར་བདག་ལ་དྲིས་པས་ན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བསྟན་བཅོས་དམ་པ་ཁོ་བོས་བསྟན། །མི་ཡི་གནས་སུ་སྐྱེས་པ་ནི། །རྒྱལ་པོ་རྣམས་ཀྱི་སྐྱེ་བ་དང་། །རྒྱུ་གང་གིས་ན་ཡུལ་རྣམས་སུ། ། རྒྱལ་པོར་གྱུར་པ་བཤད་པར་བྱ། །ལྷ་དབང་རྣམས་ཀྱི་བྱིན་བརླབས་ཀྱིས། །མ་ཡི་རུམ་དུ་འཇུག་འགྱུར་ཏེ། །ལྷ་ཡིས་སྔར་ནི་བྱིན་བརླབས་ནས། །ཕྱི་ནས་མངལ་དུ་འཇུག་པར་འགྱུར། །མི་ཡི་འཇིག་རྟེན་སྐྱེས་ཀྱང་ནི། །མི་ཡི་དབང་པོར་གྱུར་པ་ཡིན། །ལྷ་ལས་སྐྱེས་པར་གྱུར་པས་ན། །དེ་ནི་ལྷ་ཡི་སྲས་ཞེས་བྱ། །ཁྱོད་ནི་ལྷ་ཀུན་བུ་ཡིན་ཞེས། །སུམ་ཅུ་རྩ་གསུམ་ལྷ་དབང་གིས། །རྒྱལ་པོའི་སྐལ་བ་བྱིན་ནས་ནི། །མི་རྣམས་ཀྱི་ནི་དབང་པོར་སྤྲུལ། །ཉེས་པར་བྱས་པ་རྣམས་འགོག་པ། །ཆོས་མ་ཡིན་པ་གཞིག་པ་དང་། །སེམས་ཅན་ལེགས་བྱེད་དགོད་པ་དང་། །ལྷ་ཡི་གནས་སུ་དགྱེ་བའི་ཕྱིར། །མི་ཡི་དབང་པོ་མི་ཤས་དང་། །ལྷ་ཡི་ཤས་དང་དྲི་ཟའི་ཤས། །གདོལ་པའི་ཤས་དང་སྲིན་ཤས་ཀྱིས། །ཉེས་པར་བྱེད་པ་ཟློག་པར་བྱེད། །ལེགས་པར་བྱ་བ་བྱེད་རྣམས་ལ། །མི་ཡི་དབང་པོ་ཕ་མའི་ཤས། །རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར། །ལྷ་ཡིས་རྒྱལ་པོར་བྱིན་གྱིས་བརླབས། །ཚེ་འདི་ལེགས་པར་བྱས་པ་དང་། །ཉེས་པར་བྱས་པའི་ལས་རྣམས་ཀྱིས། །རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར། །ལྷ་ཡིས་རྒྱལ་པོར་བྱིན་གྱིས་བརླབས། །ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་


DKG089_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

ཡལ་བོར་ཞིང་། །སྡིག་པ་ཅན་གྱི་སྐྱེ་བོ་ལ། །མཐུན་པའི་ཆད་པས་མི་གཅོད་ཅིང་། །ཉེས་པར་བྱེད་པ་ཡལ་བོར་བ། །དེ་ཚེ་ཆོས་མིན་ཤིན་ཏུ་འཕེལ། །ཐབ་མོ་དང་ནི་གཡོ་རྣམས་ཀྱང་། །ཡུལ་འཁོར་དེར་ནི་ཕྱི་ཕྱིར་འབྱུང་། །སུམ་ཅུ་རྩ་གསུམ་ཁང་པ་ན། །ལྷ་ཡི་དབང་པོ་འཁྲུག་པར་འགྱུར། །ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་ཡལ་བོར་བ། །དེ་ཚེ་གཡོ་ནི་མི་བཟད་པ། །དྲག་པོ་རྣམས་ཀྱིས་ཡུལ་འཇོམས་འགྱུར། །ཕ་རོལ་དམག་ཚོགས་ལྷགས་ནས་སུ། །ཡུལ་འཁོར་དེ་ནི་རྣམ་པར་འཇིག །ལོངས་སྤྱོད་རྣམས་དང་རིགས་ཀྱང་འཇིག །གང་གི་ནོར་བསགས་ཡོད་པ་ཡང་། །གཡོ་བྱེད་རྣམ་པ་མང་པོ་ཡིས། །ཕན་ཚུན་དུ་ནི་འཕྲོག་པར་འགྱུར། །བྱ་བ་གང་གིས་རྒྱལ་པོ་ཉིད། །བྱ་བ་དེ་ནི་མི་བྱེད་ན། །གླང་ཆེན་དབང་པོས་རྫིང་བུ་བཞིན། །རང་གི་ཡུལ་འཁོར་རྣམ་པར་འཇིག །མ་རུངས་པ་ཡི་རླུང་ལྡང་ཞིང་། །མ་རུངས་པ་ཡི་ཆར་པ་འབབ། །ཉི་མ་དང་ནི་ཟླ་བ་དང་། །གཟའ་དང་རྒྱུ་སྐར་མ་རུངས་འགྱུར། །རྒྱལ་པོས་ཡལ་བར་བོར་ན་དེར། །ས་བོན་ལོ་ཏོག་མེ་ཏོག་འབྲས། །ལེགས་པར་སྨིན་པར་མི་འགྱུར་ཞིང་། །མུ་གེ་དག་ཀྱང་འབྱུང་བར་འགྱུར། །ཡུལ་ན་ཉེས་བྱེད་གནས་པ་དག །གང་ཚེ་རྒྱལ་པོས་ཡལ་བོར་ན། །དེ་ཚེ་ལྷ་རྣམས་ཁང་པ་ན། །ཡིད་ནི་དགའ་བར་མི་འགྱུར་རོ། །ལྷ་རྒྱལ་དབང་པོ་དེ་དག་ཀུན། །རྒྱལ་འདི་ཆོས་དང་མི་ལྡན་ཏེ། །ཆོས་མིན་ཕྱོགས་ལ་གནས་པའོ་ཞེས། །ཕན་ཚུན་དུ་ནི་སྨྲ་བར་འགྱུར། །རྒྱལ་འདིས་རིང་པོར་མི་ཐོགས་པར། །ལྷ་རྣམས་འཁྲུག་པར་བྱེད་པར་འགྱུར། །ལྷ་རྣམས་རབ་ཏུ་འཁྲུགས་པས་ན། །དེ་ཡི་ཡུལ་ནི་རྣམ་པར་འཇིག །ཡུལ་དུ་ཆོས་མིན་འབྱུང་འགྱུར་ཞིང་། །མཚོན་ཆས་ཀྱང་ནི་འཇིག་པར་འགྱུར། །གཡོ་རྣམས་དང་ནི་ཐབ་མོ་དང་། །ནད་ཀྱང་ཀུན་ཏུ་འབྱུང་བར་འགྱུར། །ལྷ་དབང་རྣམས་ནི་རབ་ཁྲོས་ཤིང་། །ལྷ་རྣམས་ཀྱིས་ཀྱང་ཡལ་བར་འདོར། །ཡུལ་འཁོར་དེ་ནི་འཇིག་པར་འགྱུར། །རྒྱལ་པོ་དེ་ནི་མྱ་ངན་རྙེད། །སྤུན་ནམ་ཡང་ན་བུ་ཡང་རུང་། །སྡུག་པ་རྣམས་དང་བྲལ་བར་འགྱུར། །སྡུག་པའི་ཆུང་མ་དང་ཡང་བྲལ། །ཡང་ན་


DKG089_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མོ་འཆི་བར་འགྱུར། །སྐར་མདའ་དག་ཀྱང་ལྷུང་བར་འགྱུར། །དེ་བཞིན་ཉི་མ་འདྲ་བ་འབྱུང་། །ཕ་རོལ་གྱི་ནི་དམག་ཚོགས་དང་། །མུ་གེ་ཤིན་ཏུ་འབྱུང་བར་འགྱུར། །དེ་ཡི་གླང་པོ་ཕངས་པ་དང་། །བློན་པོ་ཕངས་པ་འཆི་བར་འགྱུར། །དེ་ཡི་འོག་ཏུ་རྔ་མོ་ནི། །ཕངས་པ་དག་ཀྱང་འཆི་བར་འགྱུར། །ཁྱིམ་དང་ལོངས་སྤྱོད་ནོར་རྣམས་ཀྱང་། །ཕན་ཚུན་དུ་ནི་འཕྲོག་པར་འགྱུར། །ཡུལ་ཡུལ་དུ་ནི་མཚོན་ཆ་ཡིས། །ཕན་ཚུན་དུ་ནི་འདེབས་པར་འགྱུར། །ཐབ་མོ་དག་དང་རྩོད་དང་གཡོ། །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །ཡུལ་འཁོར་དུ་ནི་གདོན་འཇུག་ཅིང་། །མི་བཟད་པ་ཡི་ནད་ཀྱང་འབྱུང་། །དེ་ཡི་འོག་ཏུ་སྦྱིན་གནས་ཀྱང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །དེ་ཡི་འཁོར་དང་བློན་པོ་ཡང་། །ཆོས་དང་ལྡན་པ་མ་ཡིན་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་ལ། །དེ་ཡི་འོག་ཏུ་མཆོད་བྱེད་འགྱུར། །ཆོས་དང་ལྡན་པའི་སེམས་ཅན་ལ། །རྟག་ཏུ་ཆད་པས་གཅོད་པར་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་བཀུར། །ཆོས་ལྡན་ཆད་པས་བཅད་པས་ན། །དེར་ནི་ཆུ་དང་རྒྱུ་སྐར་རླུང་། །རྣམ་གསུམ་རྣམ་པར་འཁྲུག་པར་འགྱུར། །ཆོས་མིན་སྐྱེ་བོ་བཟུང་བས་ན། །དམ་ཆོས་རོ་ཡི་སྙིང་པོ་མདངས། ། སེམས་ཅན་མདངས་དང་ས་ཡི་བཅུད། །དངོས་པོ་རྣམ་གསུམ་རྣམ་པར་འཇིག །སྐྱེ་བོ་ངན་པ་རབ་བཀུར་ཅིང་། །སྐྱེ་བོ་དམ་པ་སྨད་པས་ན། །འཆི་དང་ལྕེ་འབབ་མུ་གེ་དང་། །རྣམ་པ་གསུམ་ནི་དེར་འབྱུང་འགྱུར། །འབྲས་བུ་ལོ་ཐོག་རོ་དང་མདངས། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་ནད་པ་མང་པོ་དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །མངར་ཞིང་ཆེ་བའི་འབྲས་བུ་དག །ཡུལ་རྣམས་ན་ནི་ཡོད་པ་ཡང་། །ཁ་བ་དང་ནི་ཚ་བ་དང་། །ཆུང་བ་དག་ནི་ཉིད་དུ་འགྱུར། །རྩེ་དང་དགོད་དང་དགའ་བ་དང་། །སྔན་ཆད་དགའ་བའི་དངོས་པོ་དང་། །དགའ་བ་ཉམས་ཤིང་མི་དགར་འགྱུར། །ཉོན་མོངས་བརྒྱ་ཡིས་རྣམ་པར་འཁྲུགས། །ལོ་ཐོག་རྣམས་དང་འབྲས་བུ་ཡི། །སྣུམ་དངོས་ཁུ་བ་ཟད་པས་ན། །ལུས་དང་ཁམས་དང་དབང་པོ་ལ། །དེ་ལྟར་ཚིམ་པར་མི་འགྱུར་རོ། །སེམས་ཅན་


DKG089_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ནི་མདོག་ངན་ཅིང་། །མཐུ་ཆུང་ཤིན་ཏུ་རིད་པར་འགྱུར། །ཁ་ཟས་མང་པོ་ཟོས་ཀྱང་ནི། །ཚིམ་པར་འགྱུར་བ་མ་ཡིན་ནོ། །སྟོབས་དང་མཐུ་དང་བརྩོན་འགྲུས་ཀྱང་། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་བརྩོན་འགྲུས་ཉམས་པ་དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །སྣ་ཚོགས་ནད་ཀྱིས་གཟིར་བ་ཡི། །སེམས་ཅན་ནད་མང་འབྱུང་བར་འགྱུར། །སྲིན་པོ་སྣ་ཚོགས་ལས་གྱུར་པའི། །གཟའ་དང་རྒྱུ་སྐར་འབྱུང་བར་འགྱུར། །ཆོས་མིན་ཕྱོགས་ལ་རབ་གནས་ཏེ། །རྒྱལ་པོ་ཆོས་དང་མི་ལྡན་པས། །འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ན། །ཁམས་གསུམ་རྣམ་པར་འཇིག་པར་འགྱུར། །གང་ཚེ་རྒྱལ་པོ་ཕྱོགས་གནས་ཏེ། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །འདི་འདྲའི་ཉེས་པ་དུ་མ་དག །ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །ལྷ་དབང་རྣམས་ཀྱིས་དགོས་གང་ཕྱིར། ། རྒྱལ་པོའི་བྱིན་གྱིས་བརླབས་པ་ཡི། །རྒྱལ་པོ་ཉིད་ནི་མི་བྱེད་ཅིང་། །ཉེས་བྱེད་ཡལ་བར་འདོར་ན་ནི། །ལེགས་པར་བྱས་པས་སེམས་ཅན་རྣམས། །ལྷ་ཡི་གནས་སུ་ལྷར་ཡང་སྐྱེ། །ཉེས་པར་བྱས་པས་ཡི་དགས་དང་། །སེམས་ཅན་དམྱལ་དང་དུད་འགྲོར་སྐྱེ། །གང་ཚེ་རྒྱལ་པོ་ཡུལ་རྣམས་ན། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །སུམ་ཅུ་གསུམ་གྱི་ལྷ་གནས་ནས། །ཉེས་པ་བྱས་པས་ལྟུང་བར་འགྱུར། །རྒྱལ་པོ་ཉིད་ནི་མི་བྱེད་ན། །དེ་ཡི་བུ་ཡང་མ་ཡིན་ལ། །ལྷ་ཡི་རྒྱལ་པོ་ཕ་རྣམས་ཀྱི། །གནས་ལ་ཉེས་དང་བཅས་པར་འགྱུར། ། གཡོ་ནི་ཤིན་ཏུ་མི་བཟད་པས། །གང་ཚེ་ཡུལ་འཁོར་འཇིག་འགྱུར་བ། །དེ་ཕྱིར་ལྷ་ཡི་དབང་རྣམས་ཀྱིས། །མིའི་གནས་རྒྱལ་པོ་བྱིན་གྱིས་བརླབས། །ཉེས་པར་བྱས་པ་ཞི་བྱའི་ཕྱིར། །ལེགས་པར་བྱེད་ལ་འཛུད་པ་སྟེ། །ཚེ་འདི་ལ་ནི་སེམས་ཅན་ལ། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །རྣམ་སྨིན་སྐྱེད་པ་རྒྱལ་པོ་ཡིན། །ལེགས་བྱས་དང་ནི་ཉེས་བྱས་ཀྱི། །ལས་ཀྱི་རྣམ་པར་སྨིན་པའི་འབྲས། །རྣམ་པ་ཐ་དད་བསྟན་པའི་ཕྱིར། །བྱེད་པ་གང་ཡིན་རྒྱལ་པོར་བརྗོད། །བདག་གི་དོན་དང་གཞན་དོན་དང་། །ཡུལ་གྱི་ཆོས་


DKG089_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་གྱི་ཕྱིར། །ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་བརླབས། །ལྷ་རྣམས་དག་ཀྱང་རྗེས་ཡི་རང་། །ཡུལ་འཁོར་རྣམས་ན་སྐྱེ་བོ་ནི། །སྡིག་ཅན་གཡོན་ཅན་འདུལ་བ་དང་། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །སྲོག་དང་རྒྱལ་སྲིད་རྣམས་ཀྱང་བཏང་། །ཆོས་མ་ཡིན་པ་བཟོད་བྱེད་ཅིང་། །ཤེས་བཞིན་ཡལ་བར་འདོར་བ་ནི། །ཡུལ་ན་འཇིགས་པ་མི་བཟད་པ། །དེ་འདྲ་གཞན་དུ་ཡོད་མ་ཡིན། །ཇི་ལྟར་གཡོ་རྣམས་བྱུང་བ་ལ། །གཡོ་བྱེད་ཆད་པས་མ་བཅད་ན། །ཡུལ་དུ་ཤིན་ཏུ་མི་བཟད་པའི། །གཡོ་རྣམས་ཕྱིར་ནི་འབྱུང་བར་འགྱུར། ། གླང་ཆེན་རྣམས་ཀྱིས་རྫིང་ཆེན་བཞིན། །ཡུལ་འཁོར་དེར་ནི་རྣམ་པར་འཇིག །ལྷ་དབང་རྣམས་ཀྱང་འཁྲུག་པར་འགྱུར། །ལྷ་ཡི་གནས་ནི་རྣམ་པར་འཇིག །ཡུལ་དུ་དངོས་པོ་ཐམས་ཅད་ནི། །མ་རུངས་པར་ཡང་འགྱུར་བས་ན། །དེ་ཕྱིར་སྡིག་པ་བྱེད་པ་རྣམས། །ཉེས་པའི་རིམ་བཞིན་གདུལ་བར་བྱ། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་མ་ཡིན་པ་སྤྱད་མི་བྱ། །སྲོག་ཀྱང་ཡོངས་སུ་གཏང་བྱ་ཞིང་། །ཉེས་མགོན་བྱ་བར་མི་བྱའོ། །སྐྱེ་བོ་གཉེན་དང་སྐྱེ་བོ་གཞན། །ཡུལ་འཁོར་སྐྱེ་བོ་ཐམས་ཅད་ལ། །རྒྱལ་པོས་ཕྱོགས་ཀྱང་གཅིག་བྱ་ཡི། ། ཕྱོགས་སུ་ལྷུང་བར་གྱུར་ཏ་རེ། །རྒྱལ་པོ་ཆོས་དང་ལྡན་པ་ཡི། །གྲགས་པ་འཇིག་རྟེན་གསུམ་གང་སྟེ། །སུམ་ཅུ་གསུམ་གྱི་གནས་རྣམས་ན། །ལྷ་ཡི་དབང་པོ་དགར་གྱུར་ཏེ། །འཛམ་བུའི་གླིང་ན་ངེད་ཀྱི་བུ། །འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་ནས། །ལེགས་པར་བྱུང་ལ་སྐྱེ་བོ་བཀོད། །རྒྱལ་པོ་དེ་ནི་ལེགས་བྱེད་པས། །སྐྱེ་བོ་དག་ནི་འདིར་འགྱེད་དེ། །ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་གནས་གང་བར་བྱེད་སྙམ་མོ། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་ནས། །རྒྱལ་པོ་རྣམས་ནི་རབ་ཏུ་དགའ། །ལྷ་དབང་རབ་ཏུ་དད་གྱུར་པས། །མི་ཡི་རྒྱལ་པོ་དེ་ལ་སྲུང་། །ཉི་ཟླ་དང་ནི་དེ་བཞིན་དུ། །རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། །རླུང་ཡང་དུས་སུ་ལྡང་འགྱུར་ཞིང་། །ཆར་པའང་དུས་སུ་འབབ་པར་འགྱུར། །ལྷ་གནས་རྣམས་དང་དེ་བཞིན་དུ། །ཡུལ་འཁོར་རྣམས་སུ་ལོ་ལེགས་བྱེད། །


DKG089_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་ལྷ་ཡི་བུ་རྣམས་ཀྱིས། །ལྷ་ཡི་གནས་རྣམས་གང་བར་བྱེད། །དེ་ལྟ་བས་ན་རྒྱལ་པོ་ཡིས། །བདག་གི་ཕངས་པའི་སྲོག་བཏང་གིས། །གང་གིས་འཇིག་རྟེན་བདེར་འགྱུར་བ། །དཀོན་མཆོག་ཆོས་ནི་མི་བཏང་སྟེ། །ཡོན་ཏན་རྣམས་ཀྱིས་གང་བརྒྱན་པ། །ཆོས་དང་ལྡན་པ་བསྟེན་པར་བྱ། །རང་གི་སྐྱེ་བོས་རྟག་དགའ་བ། །རྟག་པར་སྡིག་པ་རྣམ་པར་སྤོངས། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །ལེགས་པར་བྱེད་ལ་སེམས་ཅན་དགོད། །ཉེས་བྱེད་ལས་ནི་བཟློག་པར་བྱ། །གང་ཚེ་སྡིག་པ་བྱེད་པ་རྣམས། །ཚུལ་བཞིན་གདུལ་བར་བྱེད་པའི་ཚེ། །ཡུལ་འཁོར་དུ་ནི་ལོ་ལེགས་ཤིང་། །རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང་། །སྐྱེ་དགུ་རྣམས་ཀྱང་བདེ་བར་སྐྱོང་། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།བམ་པོ་དགུ་པ། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །དེ་ཚེ་རྒྱ་མཚོར་བཅས་པའི་ས་རྣམས་དང་། །གླིང་བཞི་རིན་ཆེན་གང་བར་བཅས་པ་ཡང་། །སྔོན་གྱི་རྒྱལ་བ་དག་ལ་ངས་ཕུལ་ལོ། །ཆོས་ཀྱི་སྐུ་དེ་ཡོངས་སུ་བཙལ་བའི་ཕྱིར། །གང་སྔོན་ཡིད་དུ་འོང་ཞིང་ཕངས་པ་ཡི། །དངོས་པོ་དེ་དག་ངས་ནི་མ་བཏང་མེད། །བསྐལ་པ་དུ་མར་ཕངས་པའི་སྲོག་ཀྱང་བཏང་། །ཇི་ལྟར་སྔོན་གྱི་བསྐལ་པ་བསམ་ཡས་ན། །རིན་ཆེན་གཙུག་ཏོར་ཅན་གྱི་བདེ་བར་གཤེགས། །མྱ་ངན་འདས་པའི་བདེ་བར་གཤེགས་དེ་ཡི། །བསྟན་ལ་ལེགས་བྱུང་ཞེས་བྱའི་རྒྱལ་པོ་བྱུང་། །དེ་ནི་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར། །རྒྱ་མཚོར་ཐུག་པའི་ས་ལ་རབ་ཏུ་སྟོན། །རྒྱལ་དབང་གསུང་ཕྱིར་རྒྱལ་པོའི་ཕོ་བྲང་ན། །དེ་ཚེ་རྒྱལ་པོ་དམ་པ་གཉིད་ཀྱིས་ལོག །རྨི་ལམ་དུ་ནི་སངས་རྒྱས་ཡོན་ཏན་ཐོས། །ཆོས་སྨྲ་རིན་ཆེན་སོགས་ཀྱི་རྨི་ལམ་ན། །རྣམ་པར་ལྷང་ངེར་མདོ་སྡེའི་རྒྱལ་པོ་འདི། །རབ་ཏུ་འཆད་ཅིང་འདུག་པ་མཐོང་བར་གྱུར། །རྒྱལ་པོ་དེ་ནི་གཉིད་


DKG089_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ལོག་ལས་སད། །དེ་ཡི་ལུས་ཀུན་དགའ་བས་ཁྱབ་པར་གྱུར། །མགུ་ནས་རྒྱལ་པོའི་ཁབ་ནས་མངོན་བྱུང་སྟེ། །ཉན་ཐོས་དགེ་འདུན་མཆོག་གི་གནས་སུ་སོང་། །རྒྱལ་བའི་ཉན་ཐོས་རྣམས་ལ་མཆོད་བྱེད་ཅིང་། །འཕགས་པའི་དགེ་འདུན་འདི་ནི་རིན་ཆེན་སོགས། །ཡོན་ཏན་ལྡན་པའི་དགེ་སློང་གང་ཡོད་ཅེས། །ཆོས་སྨྲ་རིན་ཆེན་སོགས་པ་ཀུན་ཏུ་དྲིས། །དེ་ཡི་ཚེ་ན་རིན་ཆེན་སོགས་པ་ནི། །ཕུག་གཞན་ཞིག་གི་ནང་ན་འདུག་གྱུར་ཏེ། །མདོ་སྡེའི་རྒྱལ་པོ་འདི་ནི་རྣམ་སེམས་ལ། །ཁ་ཏོན་བྱེད་ཅིང་བདེ་བར་རབ་ཏུ་འདུག །དགེ་སློང་ཆོས་སྨྲ་རིན་ཆེན་སོགས་པ་དེ། །ཕུན་སུམ་གཟི་བརྗིད་དཔལ་གྱིས་རབ་འབར་ཞིང་། །ཕུག་གཞན་ཞིག་ན་འདུག་པར་གྱུར་པ་དེས། །དེ་ཡི་ཚེ་ན་རྒྱལ་པོ་དེ་ལ་བསྟན། །འདི་ན་ཆོས་སྨྲ་རིན་ཆེན་སོགས་པ་འདི། །རྒྱལ་པོའི་སྤྱོད་ཡུལ་ཟབ་མོ་འཛིན་པ་སྟེ། །གསེར་འོད་དམ་པ་ཞེས་ནི་བྱ་བ་ཡི། །མདོ་སྡེའི་དབང་པོའི་རྒྱལ་པོ་རྟག་ཏུ་སྟོན། །རིན་ཆེན་སོགས་པའི་རྐང་ལ་ཕྱག་འཚལ་ཏེ། །རྒྱལ་པོ་ལེགས་པར་བྱུང་བས་འདི་སྐད་སྨྲས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ། །ཟླ་བ་ཉ་བའི་ཞལ་འདྲ་བཤད་དུ་གསོལ། །རྒྱལ་པོ་ལེགས་པར་བྱུང་བ་དེ་ཉིད་ལ། །རིན་ཆེན་སོགས་པས་ཁས་ནི་བླངས་པས་ན། །སྟོང་གསུམ་པ་ཡི་འཇིག་རྟེན་ཐམས་ཅད་དུ། །ལྷ་རྣམས་ཐམས་ཅད་རབ་ཏུ་དགའ་བར་གྱུར། །དེ་ཚེ་མི་ཡི་དབང་པོས་ས་ཕྱོགས་གཞི། །གཙང་ཞིང་མཆོག་ཏུ་ཁྱད་པར་འཕགས་པ་དེར། །རིན་ཆེན་ཆུ་དང་སྤོས་ཆུས་ཆག་ཆག་བཏབ། །མེ་ཏོག་སིལ་མ་བཀྲམ་སྟེ་ཁྲི་བཤམས་ནས། །རྒྱལ་པོས་ཁྲི་དེ་གདུགས་དང་རྒྱལ་མཚན་དང་། །དར་ཡུག་སྟོང་ཕྲག་དུ་མས་ལེགས་པར་བརྒྱན། །རྒྱལ་པོས་ཁྲི་དེར་ཙནྡན་དམ་པ་དག །རྣམ་པ་སྣ་ཚོགས་རྣམས་ཀྱང་མངོན་པར་གཏོར། །ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི། །གནོད་སྦྱིན་དབང་དང་གནོད་སྦྱིན་ལྟོ་འཕྱེ་ཆེས། །ལྷ་ཡི་མེ་ཏོག་མན་དཱ་ར་བའི་ཆར། །ཁྲི་དེ་ལ་ནི་མངོན་པར་རབ་ཏུ་ཕབ། །ཆོས་འདོད་ལྷ་ནི་བྱེ་བ་ཁྲག་ཁྲིག་སྟོང་། །བསམ་གྱིས་མི་ཁྱབ་གང་དག་ལྷགས་གྱུར་པ། །རིན་ཆེན་སོགས་པ་མངོན་པར་བྱུང་


DKG089_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན། །ས་ལ་མེ་ཏོག་དག་གིས་མངོན་པར་འཐོར། །ཆོས་སྨྲ་རིན་ཆེན་སོགས་པ་དེ་ཉིད་ཀྱང་། །ཤིན་ཏུ་ལུས་བཀྲུས་གཙང་མའི་གོས་བགོས་ཏེ། །ཁྲི་དེར་ཉེ་བར་སོང་བ་བྱས་ནས་ནི། །ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་ཀྱང་འཚལ། །ལྷ་དབང་དང་ནི་ལྷ་དང་ལྷ་མོ་རྣམས། །བར་སྣང་འདུག་ནས་མེ་ཏོག་མན་དཱ་རའི། །ཆར་པ་འབེབས་ཤིང་སིལ་སྙན་བརྒྱ་སྟོང་ཕྲག །བསམ་གྱིས་མི་ཁྱབ་པ་དག་རབ་ཏུ་སྒྲོགས། །རིན་ཆེན་སོགས་པ་དགེ་སློང་ཆོས་སྨྲ་དེས། །ཕྱོགས་བཅུ་དག་གི་སངས་རྒྱས་བྱེ་བ་སྟོང་། །བསམ་གྱིས་མི་ཁྱབ་པ་དག་དྲན་བྱས་ནས། །དེ་ནི་མངོན་པར་འཛེགས་ཏེ་འདུག་པར་གྱུར། །སེམས་ཅན་ཀུན་ལ་སྙིང་བརྩེ་བསྐྱེད་ནས་ནི། །སྙིང་རྗེའི་སེམས་ཀྱང་ཡང་དག་བསྐྱེད་བྱས་ཏེ། །རྒྱལ་པོ་ལེགས་པར་བྱུང་བ་དེ་ལ་ནི། །དེ་ཡི་ཚེ་ན་མདོ་སྡེ་འདི་བསྟན་ཏེ། །རྒྱལ་པོས་ཐལ་མོ་སྦྱར་བྱས་འདུག་ནས་སུ། །ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ། །ཆོས་ཀྱི་ཤུགས་ཀྱིས་མིག་ནས་མཆི་མ་བྱུང་། །དེ་ཡི་ལུས་ནི་དགའ་བས་ཁྱབ་པར་གྱུར། །མདོ་སྡེ་འདི་ལ་མཆོད་པ་བྱ་བའི་ཕྱིར། །དེ་ཚེ་རྒྱལ་པོ་ལེགས་པར་བྱུང་བ་ཡིས། །ཡིད་བཞིན་ནོར་བུ་རིན་ཆེན་རྒྱལ་པོ་བླངས། །སེམས་ཅན་རྣམས་ཕྱིར་སྨོན་ལམ་བཏབ་པ་ནི། །རིན་ཆེན་བདུན་དང་ལྡན་པའི་རྒྱན་རྣམས་དང་། །གང་ཡང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས། །བདེ་བར་གྱུར་པའི་ནོར་བུ་རིན་པོ་ཆེའི། །ཆར་པ་དེ་རིང་འཛམ་བུའི་གླིང་དུ་ཕོབ། །དེ་ཡི་ཚེ་ན་རིན་ཆེན་སྣ་བདུན་དང་། །དཔུང་རྒྱན་དང་ནི་དོ་ཤལ་རྣ་ཆ་མཆོག །དེ་བཞིན་ཟས་དང་གོས་དང་སྐོམ་རྣམས་ཀྱང་། །གླིང་བཞི་དག་ཏུ་རབ་ཏུ་བབ་པར་གྱུར། །རྒྱལ་པོ་ལེགས་པར་བྱུང་བས་འཛམ་གླིང་དུ། །རིན་ཆེན་ཆར་པ་འབབ་པ་དེ་མཐོང་ནས། །གླིང་བཞི་རིན་ཆེན་གང་བར་བཅས་པ་ནི། །རིན་ཆེན་གཙུག་ཏོར་ཅན་གྱི་བསྟན་ལ་ཕུལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང་། །རྒྱལ་པོ་ལེགས་པར་བྱུང་ཞེས་བྱ་བ་གྱུར། །གླིང་བཞི་དག་ནི་རིན་ཆེན་གང་བཅས་ཀྱི། །ས་འདི་དེ་ཚེ་ང་ཡིས་ཡོངས་སུ་བཏང་། །གང་གིས་རྒྱལ་པོ་ལེགས་པར་བྱུང་དེ་ལ། །དེ་ཚེ་མདོ་སྡེ་འདི་ནི་རབ་བསྟན་པ། །རིན་ཆེན་སོགས་པ་ཆོས་སྨྲ་དགེ་སློང་དེ། །


DKG089_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་མི་འཁྲུགས་དེར་གྱུར་ཏོ། །ངས་གང་དེ་ཚེ་མདོ་སྡེ་འདི་ཐོས་ཤིང་། །ཚིག་གཅིག་གིས་ནི་རྗེས་སུ་ཡི་རངས་ཏེ། །ང་ནི་དགེ་བའི་ལས་ནི་དེ་ཉིད་དང་། །ཆོས་ཉན་པ་དང་རྗེས་སུ་ཡི་རང་བས། །གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡི་མཚན། ། བལྟ་ན་སྡུག་ཅིང་མིག་ཏུ་མངོན་མཛེས་ལ། །ལྷ་སྟོང་བྱེ་བ་རབ་ཏུ་དགའ་བྱེད་པ། །སྐྱེ་བོས་མཐོང་ན་དགའ་ལུས་རྟག་ཏུ་འཐོབ། །བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲག །དགུ་བཅུ་རྩ་དགུར་འཁོར་ལོས་སྒྱུར་རྒྱལ་གྱུར། །བསྐལ་པ་བརྒྱ་སྟོང་དུ་མ་མང་པོར་ཡང་། །ངས་ནི་ཁམས་ཀྱི་རྒྱལ་པོ་མྱོང་བར་གྱུར། །བསྐལ་པ་བསམ་གྱིས་མི་ཁྱབ་བརྒྱ་བྱིན་གྱུར། །ཚངས་པའི་དབང་པོ་ཡིད་བཞིན་དེ་བཞིན་ནོ། །གང་དག་ཚད་ནི་ནམ་ཡང་ཡོད་མིན་པའི། །སྟོབས་བཅུ་དཔག་མེད་ངས་ནི་མཉེས་པར་བྱས། །ངས་གང་མདོ་ཐོས་རྗེས་སུ་ཡི་རང་བ། །བསོད་ནམས་ཕུང་པོ་དེ་ལྟར་ཚད་མེད་མང་། །བསམ་པ་ཇི་བཞིན་ངས་ནི་བྱང་ཆུབ་ཐོབ། །ཆོས་སྐུ་དམ་པ་ཡང་ནི་ངས་ཐོབ་བོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལེགས་པར་བྱུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དཔལ་ལྡན་ལྷ་མོ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དད་པ་གང་ལ་ལ་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་ཆེན་པོ་ཤིན་ཏུ་རྒྱས་ཤིང་རྒྱ་ཆེ་བ། བསམ་གྱིས་མི་ཁྱབ་པ་བྱེད་པར་འདོད་ཅིང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཡོངས་སུ་ཤེས་པར་འདོད་པ་དེས། གཙུག་ལག་ཁང་ངམ། དགོན་པའི་ཕྱོགས་ཀྱང་རུང་སྟེ། གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའི་ས་ཕྱོགས་དེར། དེས་གདོན་མི་ཟ་བར་གཡེང་བ་མེད་པའི་སེམས་ཀྱིས་རྣ་བ་བླགས་ཏེ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་འཁོར་ལ་རྒྱ་ཆེར་བརྗོད་པའི་ཕྱིར། དེའི་


DKG089_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །གང་ཞིག་སངས་རྒྱས་ཐམས་ཅད་ལ། །བསམ་ཡས་མཆོད་པ་བྱེད་འདོད་ཅིང་། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ། །ཟབ་མོ་རབ་ཏུ་ཤེས་འདོད་པས། །གཙུག་ལག་ཁང་ངམ་གནས་ཁང་ངམ། །གང་ན་གསེར་འོད་དམ་པ་ཡི། །མདོ་སྡེ་དམ་པ་འདི་སྟོན་པ། །ས་ཕྱོགས་དེར་ནི་འགྲོ་བར་བྱ། །མདོ་འདི་བསམ་གྱིས་མི་ཁྱབ་སྟེ། །ཡོན་ཏན་རྒྱ་མཚོ་མཐའ་ཡང་ཡས། །སྡུག་བསྔལ་རྒྱ་མཚོ་དུ་མ་ལས། །སེམས་ཅན་ཐམས་ཅད་ཐར་བར་བྱེད། །མདོ་སྡེ་ཡི་ནི་ཐོག་མ་དང་། །དབུས་དང་དེ་བཞིན་ཐ་མ་མཐོང་། ། མདོ་སྡེའི་དབང་པོ་རབ་ཟབ་སྟེ། །འདི་ལ་དཔེ་ནི་ཡོད་མ་ཡིན། །གང་གཱ་དང་ནི་ས་རྣམས་དང་། །རྒྱ་མཚོ་དང་ནི་ནམ་མཁའ་ལ། །གནས་པའི་རྡུལ་ནི་གང་ཡང་རུང་། །དཔེར་བྱ་བར་ནི་མི་ནུས་སོ། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས། །དེ་ཡི་ཚེ་ན་འཇུག་པར་བྱ། །ཆོས་ཀྱི་བདག་ཉིད་མཆོད་རྟེན་ནི། །ཟབ་མོར་རབ་བརྟན་གང་ཡིན་པ། །མཆོད་རྟེན་དེ་ཡི་དབུས་ན་ནི། །རྒྱལ་བ་ཤཱཀྱ་ཐུབ་པ་མཐོང་། །ཡིད་དུ་འོང་བའི་དབྱངས་ཀྱིས་སུ། །མདོ་སྡེ་འདི་ནི་རབ་ཏུ་སྟོན། །གྲངས་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་པ་བྱེ་བ་ཇི་སྙེད་པར། །ལྷ་ཡི་དང་ནི་མི་རྣམས་ཀྱི། །བདེ་བ་དག་ནི་རྗེས་སུ་མྱོང་། །གང་ཞིག་མདོ་སྡེ་འདི་ཉན་པ། །དེ་ལྟར་བདག་གི་བསོད་ནམས་ཀྱི། །ཕུང་པོ་བསམ་ཡས་བསྒྲུབ་སྙམ་དུ། །དེ་ཚེ་དེས་ནི་དེ་ལྟར་ཤེས། །མེས་གང་འོབས་ཀྱིས་བསྐོར་བ་ཡི། །དཔག་ཚད་བརྒྱ་དག་འདའ་བྱེད་ཅིང་། །ཚོར་བ་དྲག་པོ་བཟོད་བྱས་ནས། །མདོ་སྡེ་ཉན་པར་གང་ནུས་པ། །གཙུག་ལག་ཁང་ངམ་གནས་ཁང་དུ། །ཞུགས་ནས་དེ་མ་ཐག་ཏུ་ནི། །སྡིག་པ་རྣམས་ནི་མེད་པར་འགྱུར། །རྨི་ངན་མཚན་ཉིད་ཐམས་ཅད་དང་། །གཟའ་དང་རྒྱུ་སྐར་གནོད་པ་དང་། །བྱད་དང་གདོན་ནི་མི་བཟད་ཀྱང་། །ཞུགས་ནས་དེ་མ་ཐག་ཏུ་ནི། །ཐམས་ཅད་གཞན་དུ་ཕྱོགས་པར་འགྱུར། །ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ནི། །རྨི་ལམ་བསྟན་པ་ཅི་འདྲ་བར། །དེར་ནི་པདྨ་འདྲ་བའི་ཁྲི། །དེ་ལྟ་བུར་ཡང་བཤམ་པར་བྱ། །ཁྲི་དེ་ལ་ནི་འདུག་ནས་སུ། །མདོ་སྡེ་འདི་ནི་རབ་ཏུ་བསྟན། །ཡི་གེར་བྲིས་པ་བཀླག་


DKG089_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ། །དེ་བཞིན་ཡོངས་སུ་ཆུབ་པར་བྱ། །ཁྲི་དེ་ལས་ནི་བབས་ནས་སུ། །ཡུལ་གཞན་སོང་བར་གྱུར་ན་ཡང་། །ཁྲི་དེ་ལ་ནི་ཡོད་པ་ཡི། །ཆོ་འཕྲུལ་རྣམས་ཀྱང་སྣང་བར་འགྱུར། །ཆོས་སྨྲ་བ་ཡི་གཟུགས་སུ་ཡང་། །དེ་ན་རེས་འགའ་སྣང་བར་འགྱུར། །རེས་འགའ་སངས་རྒྱས་གཟུགས་སུ་སྟེ། །རེས་འགའ་བྱང་ཆུབ་སེམས་དཔར་ཡང་། །རེས་འགའ་ཀུན་ཏུ་བཟང་པོ་དང་། །དེ་བཞིན་འཇམ་དཔལ་གཟུགས་སུ་སྟེ། །རེས་འགའ་བྱམས་པའི་གཟུགས་སུ་ཡང་། །ཁྲི་དེ་ལ་ནི་སྣང་བར་འགྱུར། །རེས་འགའ་འོད་ནི་འབའ་ཞིག་སྣང་། །རེས་འགའ་ལྷ་རྣམས་སྣང་བར་འགྱུར། །ཡུད་ཙམ་ཞིག་ནི་དེར་སྣང་ནས། །དེ་ནས་མི་སྣང་བར་ཡང་འགྱུར། །སངས་རྒྱས་མཐོང་ན་བསྔགས་པར་འགྱུར། །ཐམས་ཅད་དུ་ཡང་གྲུབ་པར་བྱེད། །དཔལ་ཡོན་བཀྲ་ཤིས་ཕུན་སུམ་ཚོགས། །མཚན་མ་སངས་རྒྱས་སྤྲུལ་པ་ཡིན། །རྒྱལ་དང་དཔལ་དང་གྲགས་པར་བྱེད། །ཕྱིར་རྒོལ་བ་ཡང་ཟློག་པར་བྱེད། །ཕ་རོལ་དགྲ་ཚོགས་རབ་ཏུ་འཇོམས། །གཡུལ་དུ་དགྲ་རྣམས་ཕུང་བར་བྱེད། །རྨི་ངན་ཐམས་ཅད་ཞི་བར་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག །སྡིག་པ་ཐམས་ཅད་རབ་ཞི་བྱེད། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །གྲགས་པས་རབ་ཏུ་གང་བར་འགྱུར། །དེ་ཡི་དགྲ་རྣམས་ཐམས་ཅད་ནི། །ཤིན་ཏུ་ཕམ་པ་ཉིད་དུ་འགྱུར། །རྟག་ཏུ་དགྲ་ནི་ཆོམས་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །གཡུལ་ངོའི་གདོང་ལས་རྣམ་པར་རྒྱལ། ། དགྲ་དང་བྲལ་ཞིང་མཆོག་ཏུ་དགའ། །ཚངས་དབང་སུམ་ཅུ་རྩ་གསུམ་དབང་། །དེ་བཞིན་འཇིག་རྟེན་སྐྱོང་རྣམས་དང་། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས། །ཀླུ་ཡི་དབང་པོ་མ་དྲོས་དང་། །དེ་བཞིན་དུ་ནི་རྒྱ་མཚོ་དང་། །མི་འམ་ཅི་དབང་ལྷ་མིན་དབང་། །དེ་བཞིན་ནམ་མཁའ་ལྡིང་དབང་པོ། །དེ་དག་ལ་ནི་སོགས་པ་དང་། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །ཆོས་ཀྱི་མཆོད་རྟེན་བསམ་ཡས་ལ། །རྟག་ཏུ་མཆོད་པ་བྱེད་པར་འགྱུར། །ཞེ་སར་བཅས་པའི་སེམས་ཅན་རྣམས། །མཐོང་ནས་ཤིན་ཏུ་དགའ་བར་འགྱུར། །


DKG089_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་དབང་པོ་མཆོག་དེ་དག །ཐམས་ཅད་འདི་སྙམ་སེམས་པར་འགྱུར། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །ཕན་ཚུན་དུ་ནི་སྨྲ་བྱེད་པ། །བསོད་ནམས་དཔལ་དང་གཟི་བརྗིད་དག །བསགས་པ་དེ་དག་ཀུན་ལ་ལྟོས། །གང་དག་མདོ་སྡེ་ཟབ་མོ་འདི། །ཉན་པའི་དོན་དུ་འདིར་ལྷགས་པ། །མི་དེ་དག་ནི་རབ་སྦྱངས་བའི། །དགེ་བའི་རྩ་བས་འདིར་ལྷགས་སོ། །དད་པ་བསམ་གྱིས་མི་ཁྱབ་པས། །ཆོས་ཀྱི་མཆོད་རྟེན་གུས་དང་བཅས། །དེ་དག་འཇིག་རྟེན་སྙིང་རྗེར་ལྡན། །དེ་དག་སེམས་ཅན་ཕན་བྱེད་པ། །དེ་དག་ཟབ་མོའི་ཆོས་རྣམས་ཀྱི། །དམ་པའི་ཆོས་ཀྱི་རོ་ཡི་སྣོད། །ཆོས་ཀྱི་དབྱིངས་ལ་འཇུག་པ་ཡིས། །དེ་དག་རབ་ཏུ་འཇུག་པ་ཡིན། །གང་དག་གསེར་འོད་དམ་པའི་མདོ། །དགེ་བ་དམ་པ་འདི་ཉན་པས། །དེ་དག་སྔོན་ཆད་སངས་རྒྱས་ནི། །བརྒྱ་སྟོང་རྣམས་ལ་མཆོད་པ་ཡིན། །དགེ་བའི་རྩ་བ་འདི་ཡིས་ནི། །མདོ་འདི་ཉན་པ་དེ་དག་ལ། །ལྷ་དབང་རྒྱལ་པོ་དེ་ཀུན་དང་། །དབྱངས་ཅན་དང་ནི་དེ་བཞིན་དུ། །དཔལ་ལྡན་རྣམ་ཐོས་བུ་དང་ནི། །དེ་བཞིན་རྒྱལ་པོ་བཞི་རྣམས་དང་། །གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །ཕྱོགས་བཞི་དག་ནི་ཀུན་ནས་ཀྱང་། །སྲུང་བ་ཤིན་ཏུ་བྱེད་པར་འགྱུར། །དབང་པོ་ཟླ་བ་གཤིན་རྗེ་དང་། །རླུང་དང་ཆུ་ལྷ་ཉིད་དང་ནི། །སྐེམ་བྱེད་འཇུག་སེལ་དབྱངས་ཅན་དང་། །བསྲེག་བྱ་ཟ་དང་སྐྱེ་དགུ་དང་། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །འཇིག་རྟེན་སྐྱོང་བ་དེ་ཀུན་ཀྱང་། ། ཉིན་མཚན་གཡེལ་བ་མེད་པར་ནི། །དེ་དག་རྣམས་ལ་སྲུང་བར་བྱེད། །སྟོབས་ཆེན་གནོད་སྦྱིན་དབང་གཉིས་དང་། །སྲེད་མེད་བུ་དང་དབང་ཕྱུག་ཆེ། །ཡང་དག་ཤེས་ལ་སོགས་པ་དག །གཞན་ཡང་ཉི་ཤུ་རྩ་བརྒྱད་དང་། །གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །འཇིགས་ཤིང་སྐྲག་པ་ཐམས་ཅད་ལས། །དེ་དག་ལ་ནི་སྲུང་བར་བྱེད། །ལག་ན་རྡོ་རྗེ་གནོད་སྦྱིན་དབང་། །གནོད་སྦྱིན་དག་ནི་ལྔ་བརྒྱ་དང་། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་། །དེ་དག་ལ་ནི་སྲུང་བར་བྱེད། །གནོད་སྦྱིན་དབང་


DKG089_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནོར་བུ་བཟང་། །དེ་བཞིན་གང་བ་བཟང་པོ་དང་། །ཇི་འཇིགས་དང་ནི་འབྲོག་གནས་དང་། །དམར་སེར་དང་ནི་སེར་སྐྱ་དང་། །གནོད་སྦྱིན་དབང་པོ་རེ་རེ་ཡང་། །གནོད་སྦྱིན་ལྔ་བརྒྱ་དག་གིས་ནི། །གང་དག་མདོ་སྡེ་འདི་ཐོས་པས། །དེ་དག་རྣམས་ལ་སྲུང་བྱེད་འགྱུར། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །རྒྱལ་བ་ཁྱུ་མཆོག་རྒྱལ་བའི་རྒྱལ། །ནོར་བུའི་མགུལ་དང་ངེས་མགྲིན་དང་། །དེ་བཞིན་ཆར་པའི་བདག་པོ་དང་། །ཁམ་པོ་ཆེ་དང་ནག་པོ་དང་། །དེ་བཞིན་གསེར་འདྲའི་སྐྲ་དང་ནི། །ལྔས་རྩེན་དང་ནི་ར་རྐང་དང་། །དེ་བཞིན་སྐལ་བ་ཆེན་པོ་དང་། །ཡུར་བ་ཅན་དང་ཆོས་སྐྱོང་དང་། །སྤྲེའུ་དང་དེ་བཞིན་འཁྲི་བྱེད་དང་། །ཁབ་ཀྱི་སྤུ་དང་གཉེན་བཤེས་དང་། །དེ་བཞིན་རིན་ཆེན་སྐྲ་དང་ནི། །ཡུལ་ཆེན་ཅན་དང་ཁྱིམ་མེད་དང་། །འདོད་པའི་མཆོག་དང་ཙནྡན་དང་། །མཐུ་བོ་ཆེ་དང་གངས་ཅན་དང་། །བདེ་བའི་རི་ཉིད་དེ་བཞིན་ཏེ། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང་། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་ལ་ནི་སྲུང་བར་བྱེད། །ཀླུ་ཡི་དབང་པོ་མ་དྲོས་དང་། །དེ་བཞིན་དུ་ནི་རྒྱ་མཚོ་དང་། །ཨེ་ལའི་འདབ་དང་བཏང་བཟུང་དང་། །དགའ་བོ་ཉེ་དགའ་གཉིས་ཀ་དང་། །ཀླུ་ནི་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །འཇིགས་ཤིང་སྐྲག་པ་ཐམས་ཅད་ལས། །དེ་དག་ལ་ནི་སྲུང་བར་བྱེད། །སྟོབས་ཆེན་སྒྲ་གཅན་མི་གཏོང་དང་། །ཐགས་ཟངས་རིས་དང་བདེ་མཆོག་དང་། །རབ་ཚིམ་བྱེད་དང་ཕྲག་རྩུབ་དང་། །དེ་བཞིན་ལྷ་མིན་དབང་གཞན་དང་། །ལྷ་མིན་བརྒྱ་ཕྲག་སྟོང་པོ་དག །སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམས་ཀྱིས། །འཇིགས་སྐྲག་བྱུང་བར་གྱུར་པ་ལས། །དེ་དག་ལ་ནི་སྲུང་བར་འགྱུར། །འབྱུང་པོའི་མ་མོ་འཕྲོག་མ་ནི། །ལྔ་བརྒྱའི་བུ་དང་བཅས་པ་ཡང་། །འདུག་དང་ཉལ་དང་ར་རོའི་ཚེ། །དེ་དག་ལ་ནི་སྲུང་བར་བྱེད། །གདོལ་པ་མོ་དང་གཏུམ་མོ་དང་། །དེ་བཞིན་གནོད་སྦྱིན་གཏུམ་མོ་དང་། །དུང་ཅན་དང་ནི་སོ་བརྩེགས་དང་། །སེམས་ཅན་ཀུན་གྱི་གཟི་འཕྲོག་མ། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང་། །ཕྱོགས་


DKG089_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དག་ནི་ཀུན་ནས་སུ། །དེ་དག་རྣམས་ལ་སྲུང་བར་བྱེད། །དབྱངས་ཅན་དག་ལ་སོགས་པ་རྣམས། །ལྷ་མོ་བསམ་གྱིས་མི་ཁྱབ་དང་། །དཔལ་ལ་སོགས་པ་དེ་བཞིན་དུ། །ལྷ་མོ་དག་ནི་ཐམས་ཅད་དང་། །ས་ཡི་ལྷ་མོ་ཉིད་དང་ནི། །ལོ་ཐོག་འབྲས་བུ་ནགས་ལྷ་དང་། ། ཀུན་དགའ་ཤིང་ལྗོན་མཆོད་རྟེན་ལ། །གནས་པ་དག་དང་རླུང་ལྷ་དང་། །ལྷ་རྣམས་དེ་དག་ཐམས་ཅད་འདིར། །རབ་ཏུ་དགའ་བའི་སེམས་ཀྱིས་ནི། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་རྣམས་ལ་སྲུང་བར་བྱེད། །ཚེ་དང་མདོག་དང་སྟོབས་རྣམས་ལ། །སེམས་ཅན་དག་ནི་སྦྱོར་བར་བྱེད། །དཔལ་དང་བསོད་ནམས་གཟི་བརྗིད་ཀྱི། །ཕུན་སུམ་ཚོགས་པས་རྟག་ཏུ་བརྒྱན། །གཟའ་དང་རྒྱུ་སྐར་གནོད་པ་དག །དེ་དག་ཐམས་ཅད་ཞི་བར་བྱེད། །རྒུད་དང་སྡིག་དང་རྨི་ངན་པ། །དེ་དག་ཐམས་ཅད་ཞི་བར་བྱེད། །ཟབ་ཅིང་སྟོབས་ཆེན་ལྡན་པ་ཡི། ། ས་ཡི་ལྷ་མོ་ཉིད་ཀྱང་ནི། །གསེར་གྱི་འོད་ཀྱི་དམ་པ་ཡི། །མདོ་སྡེའི་དབང་པོའི་རོ་ཡིས་ཚིམ། །དཔག་ཚད་དག་ནི་བརྒྱ་ཡི་ཕྲག །སྟོང་ཕྲག་དྲུག་ཅུ་རྩ་བརྒྱད་ནས། །རྡོ་རྗེའི་གདན་ལ་ཐུག་བར་དུ། །ས་ཡི་བཅུད་ནི་རབ་ཏུ་འཕེལ། །དཔག་ཚད་བརྒྱར་ནི་ཚང་བ་ཡི། །འོག་ཏུ་ས་ཡི་བཅུད་སོང་སྟེ། །དེ་ནི་ཕྱིར་ཡང་ལོག་ནས་སུ། །ས་ཡི་སྟེང་དག་སྣུམ་པར་བྱེད། །མདོ་འདི་མཉན་པའི་སྟོབས་ཀྱིས་ནི། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང་། །གསེར་གྱི་འོད་ནི་དམ་པ་ཡི། །མདོ་སྡེའི་དབང་པོའི་རོས་ཚིམ་འགྱུར། །གཟི་བྱིན་ལྡན་པར་རབ་འགྱུར་ཞིང་། །དེ་བཞིན་རབ་ཏུ་སྟོབས་ལྡན་འགྱུར། །བདེ་བར་འགྱུར་ཞིང་ཚིམ་པར་འགྱུར། །འཛམ་བུའི་གླིང་འདི་ཐམས་ཅད་ན། །འབྲས་བུ་ལོ་ཐོག་ནགས་ལྷ་རྣམས། །སྣ་ཚོགས་རོ་ཡིས་ཚིམ་འགྱུར་ཞིང་། །ཤིན་ཏུ་རབ་ཏུ་དགའ་བར་འགྱུར། །མདོ་འདིའི་རོ་ཡིས་ཚིམ་གྱུར་ནས། ། འབྲས་བུ་རྣམས་དང་ལོ་ཐོག་དང་། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །འབྲས་བུའི་ཤིང་ལྗོན་སྣ་ཚོགས་ཀྱང་། །ཀུན་ནས་རབ་ཏུ་སྐྱེ་བར་བྱེད། །འབྲས་བུའི་ཤིང་ལྗོན་ཐམས་ཅད་དང་། །ཀུན་དགའ་དག་དང་ནགས་ཚལ་རྣམས། །མེ་ཏོག་རབ་ཏུ་འཆག་བྱེད་ཅིང་། །སྣ་ཚོགས་


DKG089_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་ནི་རབ་ཏུ་འབྱིན། །མེ་ཏོག་རྣམ་པ་སྣ་ཚོགས་དང་། །འབྲས་བུ་སྣ་ཚོགས་ལྡན་པ་ཡི། །རྩ་དང་ནགས་ཚལ་ཐམས་ཅད་དག །ས་ཡི་སྟེང་ན་སྐྱེ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་ན། །ཀླུ་ཡི་བུ་མོ་བསམ་མི་ཁྱབ། །རབ་ཏུ་དགའ་བའི་སེམས་གྱུར་ནས། །རྫིང་བུའི་དྲུང་དུ་ཉེར་སོང་སྟེ། །རྫིང་བུ་རྣམས་ནི་ཐམས་ཅད་དུ། །ཀུ་མུ་ད་དང་པདྨ་དང་། །ཨུཏྤ་ལ་དང་དེ་བཞིན་དུ། །པདྨ་དཀར་པོ་སྣ་ཚོགས་སྐྱེ། །ནམ་མཁའ་ལ་ནི་དུ་བ་དང་། །སྤྲིན་གྱི་དྲ་བ་མེད་ཅིང་དག །མུན་པ་དང་ནི་རྡུལ་མེད་ཅིང་། །ཕྱོགས་རྣམས་རབ་ཏུ་འོད་གསལ་ལོ། །ཉི་མ་འོད་ཟེར་སྟོང་ལྡན་ཡང་། །འོད་ཟེར་དྲ་བས་འོད་ཀྱང་འགྱེད། །སྣང་བ་དག་ནི་ཟབ་མོ་ཡིས། །རབ་ཏུ་དགའ་བ་འཆར་བར་འགྱུར། །དབང་པོ་ཉི་མ་ལྷ་ཡི་བུ། །འཛམ་བུའི་གླིང་གི་གསེར་གྱི་ནི། །གཞལ་མེད་ཁང་ན་འདུག་པ་ཡང་། །མདོ་སྡེ་འདིས་ནི་རབ་ཏུ་ཚིམ། །དབང་པོ་ཉི་མ་རབ་དགའ་ནས། །འཛམ་བུའི་གླིང་དུ་འཆར་བྱེད་ཅིང་། །འོད་ཟེར་མཐའ་ཡས་དྲ་བ་ཡིས། །ཀུན་ནས་རབ་ཏུ་སྣང་བར་བྱེད། །དེ་ནི་ཤར་བ་ཙམ་གྱིས་ཀྱང་། །འོད་ཟེར་དྲ་བ་རབ་གཏོང་ཞིང་། །རྫིང་བུ་སྣ་ཚོགས་ཁེངས་པ་ཡི། །པདྨ་དག་ནི་ཁ་ཡང་འབྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །མེ་ཏོག་འབྲས་བུ་སྨན་སྣ་ཚོགས། །ཡང་དག་ཡོངས་སུ་སྨིན་བྱེད་ཅིང་། །ས་རྣམས་ཐམས་ཅད་སིམ་པར་བྱེད། །ཟླ་བ་དང་ནི་ཉི་མ་ཡང་། །དེ་ཚེ་ཁྱད་འཕགས་སྣང་བར་འགྱུར། །རྒྱུ་སྐར་ཡང་དག་འབྱུང་འགྱུར་ཞིང་། །རླུང་ཡང་དེ་བཞིན་ལྡང་བར་འགྱུར། །འཛམ་བུའི་གླིང་ནི་ཐམས་ཅད་དུ། །ཀུན་ཏུ་ལོ་ཡང་ལེགས་འགྱུར་ཏེ། །གང་ན་མདོ་སྡེ་འདི་ཡོད་པ། །ཡུལ་འཁོར་དེར་ནི་ཁྱད་པར་འཕགས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གནོད་སྦྱིན་གྱི་གནས་ཞེས་བྱ་བ་ཀུན་ཏུ་སྲུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་གཉིས་པའོ།། །།དེ་སྐད་ཅེས་བཀའ་སྩལ་པ་དང་། །བཅོམ་ལྡན་འདས་ལ་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ། ལྷའི་བུ་ཁྲི་པོ་དག་


DKG089_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་གང་དང་། རྐྱེན་གང་དང་། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་དང་། གང་བགྱིས་ཤིང་བསགས་པས། སྐྱེས་བུ་དམ་པ་གསུམ་པོ་འདི་དག་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས། ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ཆོས་ཉན་པའི་སླད་དུ་མཆིས་ཏེ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག །སྐྱེས་བུ་དམ་པ་འདི་མ་འོངས་པའི་དུས་ན། བསྐལ་པ་བགྲང་བ་ལས་འདས་པ་གྲངས་མ་མཆིས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་དུ་སྣང་ཞེས་བྱ་བར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། །བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་འབྱུང་གནས། གདུགས་བརྩེགས་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །ཇི་ཙམ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་པ་དེ། ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་སྟེ། དེའི་བསྟན་པ་ཡོང་ཡེ་ཐམས་ཅད་དུ་ནུབ་པར་གྱུར་པ་ན། ཁྱེའུ་དངུལ་གྱི་ཏོག་འདི་དེ་བཞིན་གཤེགས་པ་དེའི་མཚམས་སྦྱོར་ཞིང་། འཇིག་རྟེན་གྱི་ཁམས་རྡུལ་མེད་པའི་རྒྱལ་མཚན་དེ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་ཅེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་། །ཇི་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེའི་བསྟན་པ་ཡོང་ཡེ་ཐམས་ཅད་དུ་ནུབ་པའི་བར་དུ་གྱུར་པ་ན། ཁྱེའུ་དངུལ་གྱི་འོད་འདི་དེ་བཞིན་གཤེགས་པ་དེའི་མཚམས་སྦྱོར་ཞིང་། འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་མཚན་དེ་ཉིད་དུ། བླ་


DKG089_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་བརྒྱའི་འོད་ཟེར་དུ་སྣང་བའི་སྙིང་པོ་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་ངོ་ཞེས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས། དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ལ་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་དེ་དག་ནི་དེ་ཙམ་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེར་ཡང་མ་གྱུར། སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱད་སྐད་ཀྱང་མི་གདའ། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་དམ་པ་མགོ་དང་། བུ་དང་། ཆུང་མ་དང་། བུ་མོ་ཕངས་པ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་དང་། རིན་པོ་ཆེ་རྣམས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། །བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་།ཀུན་དགའ་ར་བ་དང་། རྫིང་བུ་དང་། ལྡེང་ཀ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། གླང་པོ་ཆེ་དང་། བ་ལང་དང་། རྟ་ཕོ་རྒོད་དང་། བྲན་ཕོ་དང་། བྲན་མོ་སྣ་ཚོགས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མ་མཆིས་པ་དུ་མ་དེ་དག་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། དེ་བཞིན་གཤེགས་པའི་མིང་དུ་ལུང་བསྟན་པ་མ་ཐོབ་ཀྱི་བར་དུ་སྔོན་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་


DKG089_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མ་མཆིས་པ་དུ་མ་ནས། དེ་དག་ནི་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མ་མཆིས་པ་དུ་མ་དག་ལ་མཆོད་པ་སྣ་ཚོགས་ཐ་དད་པ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་དུ་མ་དག་དང་། ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བགྱིས། ཡོངས་སུ་གཏང་བར་བགྱི་བའི་དངོས་པོ་ཐམས་ཅད་ཡོངས་སུ་བཏང་། ལག་པ་དང་། རྐང་པ་དང་། མིག་དང་། ཡན་ལག་གི་དམ་པ་མགོ་དང་། བུ་དང་། ཆུང་མ་དང་། བུ་མོ་ཕངས་པ་ཡོངས་སུ་གཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་བཏང་། ནོར་དང་། འབྲུ་དང་། འགྲོན་བུ་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུཪྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། དངུལ་དང་། ས་ལེ་སྦྲམ་རྣམས་ཡོངས་སུ་གཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་བཏང་། བཟའ་བ་དང་། བཏུང་བ་དང་། བཞོན་པ་དང་། གོས་དང་། མལ་ཆ་དང་། སྟན་དང་། ཁང་ཁྱིམ་དང་། གཞལ་མེད་ཁང་དང་། ཀུན་དགའ་ར་བ་དང་། སྐྱེད་མོས་ཚལ་དང་། རྫིང་བུ་དང་། ལྡེང་ཀ་དང་། གླང་པོ་ཆེ་དང་། བ་ལང་དང་། རྟ་ཕོ་རྒོད་དང་། བྲན་ཕོ་དང་། བྲན་མོ་ཡོངས་སུ་གཏང་བར་བགྱི་བ་རྣམས་ཀྱང་ཡོངས་སུ་བཏང་ཞིང་། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད། རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བགྱིས་ནས། བདེ་བ་འབུམ་ཕྲག་མང་པོ་ཡང་འབྱོར་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དང་། རྐྱེན་གང་དང་། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་ཞིག་གིས། འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ། ལྷའི་བུ་ཁྲི་པོ་འདི་དག་བཅོམ་ལྡན་འདས་ལ་ཆོས་ཉན་པའི་སླད་དུ་མཆིས་པ། འདི་དག་བཅོམ་ལྡན་འདས་ཀྱིས་འདི་ལྟར་མ་འོངས་པའི་དུས་ན། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དུ་མ་ན། འཇིག་རྟེན་གྱི་ཁམས་སཱ་ལའི་དབང་པོ་མཐོན་པོའི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་དེ་ཉིད་དུ་རིགས་དང་རུས་གཅིག་པ་དང་མིང་གཅིག་ཏུ་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། རབ་ཏུ་དང་བའི་ཞལ་ཨུཏྤ་ལའི་དྲི་བརྩེགས་


DKG089_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞེས་བྱ་བ་སངས་རྒྱས་ཁྲི་འཇིག་རྟེན་དུ་འབྱུང་སྟེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་དག་གང་བྱས་ཤིང་བསགས་པས་ཆོས་མཉན་པའི་ཕྱིར། ད་ལྟར་སུམ་ཅུ་རྩ་གསུམ་གྱི་གནས་ནས། འདིར་ལྷགས་པ་དེའི་དགེ་བའི་རྩ་བ་སྦྱངས་པ་ཡོད། དེའི་རྒྱུ་ཡོད། དེའི་བྱེད་རྒྱུ་ཡོད་དེ། རིགས་ཀྱི་ལྷ་མོ་སྐྱེས་བུ་དམ་པ་འདི་གསུམ་གྱིས་བྱང་ཆུབ་ཏུ་ལུང་བསྟན་པ་འདི་ཐོས་ནས་ཐོས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས། ཤིན་ཏུ་རི་མོར་བྱེད་ཅིང་དགའ་བ་དང་དང་བ་ཐོབ་པར་གྱུར་ཏོ། །དེ་ཙམ་དུ་བཻ་ཌཱུཪྱ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་སེམས་དང་ལྡན་པར་གྱུར་ཏོ། །དྲི་མ་མེད་ལ་ཤིན་ཏུ་རྒྱ་ཆེ་ཞིང་རྒྱས་པའི་ནམ་མཁའ་ལྟར་ཟབ་པའི་སེམས་རབ་ཏུ་དང་བ་དང་ལྡན་པར་གྱུར་ཏོ། །བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངས་སུ་བཟུང་བ་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་དག་དེ་ཙམ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་མ་ཐག་ཏུ། ལྷག་པར་རི་མོ་བྱེད་པ་དང་། རབ་ཏུ་དང་བ་ཐོབ་པར་གྱུར་ཏོ། །དེ་ཙམ་དུ་བཻ་ཌཱུཪྱ་དྲི་མ་མེད་པ་ལྟར་ཡོངས་སུ་དག་པའི་སེམས་དང་ལྡན་པར་གྱུར་ཏེ། དེའི་ཕྱིར་ལུང་བསྟན་པས་རྗེས་སུ་སྟོན་ཏོ། །རིགས་ཀྱི་ལྷ་མོ་ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་དག །ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །གསེར་


DKG089_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷའི་བུ་སྟོང་ཕྲག་བཅུ་ལུང་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།རིགས་ཀྱི་ལྷ་མོ་སྔོན་གྱི་སྨོན་ལམ་དེ་དག་གང་ཞེ་ན། རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་རྒྱས་པ་བསམ་གྱིས་མི་ཁྱབ་པ། ཚད་མེད་པར་གྱུར་པ་དེའི་ཚེ། དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དམ་པའི་ཆོས་ནུབ་པར་གྱུར་ཏེ། དམ་པའི་ཆོས་ལྟར་བཅོས་པར་གྱུར་པ་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ། ཆོས་ཅན་ཆོས་ཀྱི་རྒྱལ་པོ། ཆོས་ཀྱིས་རྒྱལ་སྲིད་སྐྱོང་གི །ཆོས་མ་ཡིན་པས་མ་ཡིན་ཏེ། ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱི་ཕ་མ་ལྟ་བུར་གྱུར་པ་ཞིག་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ། སྨན་པ་གསོ་བ་བྱེད་པ་ཁམས་ལ་མཆོག་ཏུ་མཁས་པ་ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །ཀྱེ་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་དེའི་བུ་ཚོང་དཔོན་གྱི་བུ་ཆུ་འབེབས་ཞེས་བྱ་བ། གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ། རྒྱས་པ་མཆོག་དང་ལྡན་པ། བསྟན་བཅོས་སྣ་ཚོགས་ལ་མཁས་པ། བསྟན་བཅོས་ཐམས་ཅད་རྟོགས་པར་ཁོང་དུ་ཆུད་པ། ཡི་གེ་དང་། གྲངས་དང་། ལག་རྩིས་དང་། རྩིས་རྣམས་ཤིན་ཏུ་བསླབས་པར་གྱུར་པ་ཞིག་བྱུང་ངོ་། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་དེའི་ཡུལ་དེ་ན་སེམས་ཅན་


DKG089_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ཕྲག་དུ་མ་ནད་སྣ་ཚོགས་ཀྱིས་བཏབ་པར་གྱུར་ཅིང་། ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་བར་གྱུར་ཏེ། སྡུག་བསྔལ་མི་བཟད་པ། རྩུབ་པ། དྲག་པོ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་ཆུ་འབེབས་དེ་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་ནད་སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་གི་དོན་གྱི་ཕྱིར། སྙིང་རྗེ་ཆེན་པོའི་སེམས་སྐྱེས་པར་གྱུར་ཏོ། །སེམས་ཅན་འབུམ་ཕྲག་དུ་མ་དེ་དག་ནི་ནད་སྣ་ཚོགས་ཀྱིས་བཏབ་ཅིང་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏེ། དེ་ལྟར་སྡུག་བསྔལ་མི་བཟད་པ། རྩུབ་པ། དྲག་པོ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་ལ། བདག་གི་ཕ་ཚོང་དཔོན་རལ་པ་འཛིན་སྨན་པ་གསོ་བར་བྱེད་པ་ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་འདི་ནི། རྒས། འཁོགས། གཏུགས། ལམ་དུ་ཞུགས། ན་ཚོད་རྗེས་སུ་ཐོབ་འཁར་བ་ལ་བརྟེན་ཅིང་འདར་ཏེ། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་བར་མི་ནུས་ན། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར། བདག་ཉིད་བདག་གི་ཕ་རལ་པ་འཛིན་གྱི་གན་དུ་སོང་ལ། ནད་ཀྱི་ཕྱིར་ཁམས་ལ་མཁས་པར་བྱ་བ་ཡོངས་སུ་དྲིས་ཏེ། ཁམས་ལ་མཁས་པར་བྱ་བ་དྲིས་པ་དེས་བདག་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་བར་བྱའོ། །སོང་ནས་ཀྱང་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འབུམ་ཕྲག་དུ་མ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱའོ་སྙམ་ནས་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་བུ་ཆུ་འབེབས་རང་གི་ཕ་རལ་པ་འཛིན་ག་ལ་བ་དེར་སོང་སྟེ། ཕྱིན་ནས་རང་གི་ཕ་རལ་པ་འཛིན་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་ཕྱོགས་གཅིག་ཏུ་འདུག་གོ །ཕྱོགས་གཅིག་


DKG089_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་འདུག་ནས་ཀྱང་། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་རང་གི་ཕ་རལ་པ་འཛིན་ལ་ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་དྲིས་པ། ཇི་ལྟར་དབང་པོ་འཇིག་འགྱུར་ཞིང་། །ཁམས་རྣམས་ཀྱང་ནི་ཡོངས་སུ་འགྱུར། །གང་གི་དུས་ན་ལུས་ཅན་ལ། །ནད་ཀྱི་རིགས་རྣམས་འབྱུང་བར་འགྱུར། །དུས་དང་དུས་མིན་ཟས་ཟོས་པ། །ཇི་ལྟ་བུར་ན་བདེ་བར་འགྱུར། །གང་གི་ལུས་ཀྱི་ནང་དུ་ནི། །ལུས་ཀྱི་མི་ལ་གནོད་མི་འགྱུར། །རླུང་ལས་གྱུར་དང་མཁྲིས་གྱུར་དང་། །འདུས་ལས་གྱུར་དང་བད་ཀན་གྱུར། །ནད་རྣམས་ཞི་བར་བགྱི་སླད་དུ། །ཅི་ལྟ་བུར་ནི་གསོ་བར་བགྱི། །གང་གིས་མི་ལ་གནོད་འགྱུར་བའི། །རླུང་ནི་གང་གི་དུས་ན་གཡོ། །གང་གི་དུས་ན་མཁྲིས་པ་གཡོ། །བད་ཀན་གང་གི་དུས་ན་གཡོ། །དེ་ནས་ཚོང་དཔོན་རལ་པ་འཛིན་གྱིས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ། །ཚིགས་སུ་བཅད་པ་འདི་དག་གིས་ཁམས་ལ་མཁས་པར་བྱ་བ་རྣམ་པར་བསྟན་ཏོ། །ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམས་དུས་ནི་དྲུག །ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུམ་དུ་ནི་ཚིགས་རྣམས་སྡུད་པར་ཤེས། །ཟླ་བ་གཉིས་གཉིས་ཤིང་ནི་དུས་སུ་བསྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར། །སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་པོ་དང་ནི་ཁམས་རྣམས་དེ་དག་ཀྱང་། །ལོ་གཅིག་ནང་གི་ཚིགས་ཚིགས་ཡོངས་སུ་འགྱུར། །དབང་པོ་དག་ནི་ཡོངས་སུ་འགྱུར་བ་ན། །ལུས་ཅན་རྣམས་ལ་སྣ་ཚོགས་ནད་ཀྱང་འབྱུང་། །དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། །ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། །ཟས་སྐོམ་སྨན་རྣམས་གོ་རིམས་ཇི་བཞིན་ཏེ། །རླུང་གི་ཤས་ཆེའི་ནད་ནི་དབྱར་ན་ལྡང་། །སྟོན་དུ་གྱུར་པ་ན་ནི་མཁྲིས་པ་གཡོ། །དགུན་གྱི་དུས་སུ་དེ་བཞིན་འདུས་པ་སྟེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ལྡང་ངོ་། །དབྱར་ནི་སྣུམ་དྲོ་ལན་ཚྭ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་བསིལ་བག་གོ། །དགུན་ནི་མངར་དང་སྣུམ་དང་སྐྱུར་བག་སྟེ། །དཔྱིད་ཀྱི་དུས་ན་རྩུབ་རོ་ཚྭ་


DKG089_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང་། །མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང་། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང་། །ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་གསོ། །བཀྲུ་སྨན་གྱིས་ནི་མཁྲིས་པ་བསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་མཐུན་ལྡན་པ། །བད་ཀན་ཚིགས་སུ་བབ་ན་སྐྱུགས་སྨན་གཏང་། །རླུང་ཤས་ཆེ་དང་མཁྲིས་དང་འདུས་པ་དང་། །བད་ཀན་ཤས་ཆེའི་ཚིགས་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་བཟའ་བཏུང་བསྟན་པར་བྱ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཁམས་ལ་མཁས་པར་བྱ་བ་འདི་ལྟ་བུ་དེ་ཙམ་ཞིག་ཡོངས་སུ་དྲིས་པ་དེས། ཚེའི་རིག་བྱེད་ཀྱི་ཡན་ལག་བརྒྱད་པོ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་སོང་ནས། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འབུམ་ཕྲག་དུ་མ་དེ་དག་ལ་ཁོ་བོ་ནི་སྨན་པའོ། ། ཁོ་བོ་ནི་སྨན་པའོ། །ཞེས་བདག་ཉིད་ཀྱིས་ཁས་འཆེས་ཏེ། ཁོ་བོས་ཁྱེད་རྣམས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱའོ་ཞེས་དབུགས་ཕྱུང་ངོ་། །རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་འདི་ལྟ་བུའི་ཚིག་བརྗོད་པ་དེ་ཐོས་མ་ཐག་ཏུ་སྲོག་ཆགས་འབུམ་ཕྲག་དུ་མ་དེ་དག་ཐམས་ཅད་རབ་ཏུ་དགའ་བ་ཆེན་པོ་སྐྱེས་པར་གྱུར་ཏོ། །དབུགས་ཕྱིན་པ་རྙེད་ནས་ཀྱང་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ་འབུམ་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངས་སུ་ཐར་ཏེ་ནད་མེད་པར་གྱུར་ཏོ། །ནད་མེད་པར་གྱུར་ནས་ཀྱང་སྔ་མ་ཁོ་ན་བཞིན་དུ། མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་


DKG089_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་གི་ནང་ནས། གང་སུ་དག་ནད་དྲག་པོས་བཏབ་པ། དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས། སྨན་དཔྱད་གང་ཅི་བསྟན་པ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་སོ། །ནད་མེད་པ་དང་། ནད་ཉུང་བར་གྱུར་ནས་ཀྱང་སྔ་མཁོ་བཞིན་དུ་མཐུ་དང་། སྟོབས་དང་། བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཆེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན། གྲོང་དང་།གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ན། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ། ནད་སྣ་ཚོགས་ཀྱིས་གཟིར་བ། འབུམ་ཕྲག་དུ་མ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས། ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་བྱས་པར་གྱུར་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བཞི་པའོ།། །།རིགས་ཀྱི་ལྷ་མོ་གཞན་ཡང་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས། སེམས་ཅན་ཐམས་ཅད་ནད་མེད་པར་བྱས་པས། ན་བ་ཉུང་ཞིང་སྔ་མཁོ་བཞིན་དུ་སྤྲོ་བ་དང་། སྟོབས་དང་ལྡན་པའི་ལུས་སུ་གྱུར་ཏོ། །རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན། སེམས་ཅན་ཐམས་ཅད་དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དེ། སྦྱིན་པ་དག་ཀྱང་སྦྱིན་པར་བྱེད་བསོད་ནམས་དག་ཀྱང་བྱེད་དེ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ལ་ཡང་། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག །སྨན་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བ། མངོན་སུམ་དུ་བྱང་ཆུབ་སེམས་དཔར་ངེས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་པ་ཐམས་ཅད་རྟོགས་པ་ཞེས་མངོན་པར་འདུ་བྱེད་དོ། །རིགས་ཀྱི་ལྷ་མོ། །ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་དེ་ལ་ཆུང་མ་ཆུའི་


DKG089_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྙིང་པོ་ཞེས་བྱ་བ་ཞིག་ཡོད་དེ། རིགས་ཀྱི་ལྷ་མོ་ཆུའི་པདྨའི་སྙིང་པོ་དེ་ལ་ཁྱེའུ་གཉིས་ཡོད་དེ། གཅིག་གི་མིང་ནི་ཆུའི་གོས་ཞེས་བྱ། གཅིག་གི་མིང་ནི་ཆུའི་སྙིང་པོ་ཞེས་བྱའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཁྱེའུ་དེ་གཉིས་དང་ལྷན་ཅིག་ཏུ་མཐར་གྱིས་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོའོ། །རིགས་ཀྱི་ལྷ་མོ་དེ་ནས་དུས་གཞན་ཞིག་ན། ཚོང་དཔོན་གྱི་བུ་ཆུ་འབེབས་འབྲོག་ཁོང་ཁོང་ཞིག་ཏུ་ཕྱིན་ཏོ། །དེ་ནས་འབྲོག་ཁོང་ཁོང་དེར་ཤ་ཟ་བའི་ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཁྭ་དང་། བྱ་དག་འབྲོག་ཁོང་ཁོང་ན་རྫིང་ཞིག་ཡོད་པ་ག་ལ་བ་དེར་རྒྱུག་པ་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཤ་ཟ་བའི་ཁྱི་དང་། སྤྱང་ཀི་ནས་བྱའི་བར་དག་འདི་དག་ཕྱོགས་འདིར་རྒྱུག་སྙམ་མོ། །དེ་ནས་ཡང་འདི་སྙམ་དུ་སེམས་ཏེ། བདག་ཁྱི་དང་། སྤྱང་ཀི་དང་། ཝ་དང་། ཁྭ་དང་། བྱ་རྣམས་ཕྱོགས་གང་དུ་རྒྱུག་པའི་ཕྱོགས་དེར་འགྲོ་བར་བྱའོ་སྙམ་མོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་མཐར་གྱིས་རྒྱུ་ཞིང་སོང་སོང་ནས། འབྲོག་ཁོང་ཁོང་ན་རྫིང་ཞིག་ག་ལ་ཡོད་པ་དེར་ཕྱིན་ཏོ། །རྫིང་ཆེན་པོ་དེ་ན་ཉ་ཁྲི་ཞིག་གནས་ཏེ། དེས་དེར་ཉ་བརྒྱ་ཕྲག་མང་པོ་ཞིག་ཆུ་དང་བྲལ་བ་མཐོང་ནས། དེས་དེ་ལ་སྙིང་རྗེ་བའི་སེམས་སྐྱེས་པ་དང་། དེ་ན་ལྷ་མོ་ཞིག་ཤིང་ལས་ལུས་ཕྱེད་ཙམ་ཕྱུང་བ་ཞིག་མཐོང་སྟེ། ལྷ་མོ་དེས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་ལེགས་སོ་ལེགས་སོ། །གང་གི་ཕྱིར་ཆུ་འབེབས་ཞེས་བྱ་བ་ཁྱོད་ཀྱིས་ཉ་འདི་རྣམས་ལ་ཆུ་བྱིན་ཅིག །རྣམ་པ་གཉིས་ཀྱི་ཕྱིར་ཆུ་འབེབས་ཞེས་བྱ་སྟེ། གང་ཆུ་འབེབས་དང་གང་ཆུ་སྦྱིན་པའོ། །དེ་བས་ན་རང་གི་མིང་དང་མཐུན་པའི་བྱ་བ་བྱོས་ཤིག །ཆུ་འབེབས་ཀྱིས་སླར་སྨྲས་པ། ལྷ་མོ་ཉ་འདི་དག་ལ་ཉ་ཇི་སྙེད་ཅིག་མཆིས། ལྷ་མོས་སྨྲས་པ། ཉ་ཁྲི་ཐམ་པའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཆེར་མཆོག་ཏུ་སྙིང་རྗེ་བའི་སེམས་སྐྱེས་སོ། །རིགས་ཀྱི་ལྷ་མོ་དེའི་ཚེ། འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་ཆེན་


DKG089_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ན་ཆུའི་ལྷག་མ་ཅུང་ཟད་ཙམ་ཞིག་ལུས་ཏེ། དེ་ནས་ཉ་ཁྲི་འཆི་བའི་སྒོར་ཞུགས་ཤིང་ཆུ་དང་བྲལ་བ་དེ་དག་རྒྱུག་ཅིང་རྣམ་པར་རྒྱུག་གོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་པ་དང་། ཉ་ཁྲི་པོ་དེ་དག་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེ་ལོགས་སུ་ཆུ་འབེབས་ལ་སྙིང་རྗེ་རྗེ་ལྟར་བ་ལྟའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་ཕྱོགས་བཞིར་བརྒྱུགས་ཏེ། ཆུ་བཙལ་ཀྱང་དེར་ཆུ་མ་རྙེད་ནས་ཕྱོགས་བཞིར་བལྟས་པ་དང་། དེས་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤིང་ལྗོན་པ་ཆེན་པོ་མང་པོ་ཞིག་མཐོང་ནས་ཤིང་ལྗོན་པ་དེ་དག་ལ་འཛེགས་ཏེ། ཤིང་གི་ཡལ་ག་རྣམས་བཅད་ནས། ཤིང་གི་ཡལ་ག་དེ་དག་ཁྱེར་ཏེ། རྫིང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཤིང་གི་ཡལ་ག་དེ་རྣམས་ཀྱིས་ཉ་ཁྲི་པོ་དེ་དག་ལ་ཤིན་ཏུ་བསིལ་བའི་གྲིབ་མར་བྱས་སོ། ། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་རྫིང་དེར་ཆུ་འབབ་པ་ཚོལ་ཏེ། གང་ནས་ཆུ་འབབ་ཅེས་ཕྱོགས་བཞིར་བརྒྱུགས་ཀྱང་ཆུ་མ་རྙེད་ནས། དེར་མྱུར་བ་མྱུར་བར་ཆུའི་རྒྱུན་དེ་ཉིད་ཀྱི་སྲོལ་དུ་སོང་སྟེ། རིགས་ཀྱི་ལྷ་མོ་འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་དེར། ཆུ་འབབ་པ་ཞེས་བྱ་བའི་ཆུ་ཀླུང་ཆེན་པོ་དེ་ལས་དེར་ཆུ་འབབ་པའི་ཀླུང་དེ་ཡང་དེའི་ཚེ། སྡིག་པ་ཅན་གྱི་སེམས་ཅན་ཞིག་གིས་ཉ་ཁྲི་པོ་དེ་དག་གི་ཕྱིར་ཅི་ནས་ཀྱང་ཕྱིས་ཉ་དེ་དག་ལ་ཆུ་འབབ་པར་མི་འགྱུར་བ་དེ་ལྟ་བུའི་ཕྱོགས་ཀྱི་གྲོག་པོ་ཆེན་པོར་ཀླུང་དེ་ཕབ་བོ། །དེས་དེ་མཐོང་ནས་བསམས་པ་ཀླུང་འདི་ནི་སྐྱེ་བོ་སྟོང་གིས་ཀྱང་། སྲོལ་དེ་ཉིད་དུ་དབབ་པར་མི་ནུས་ན། བདག་གིས་ལྟ་དབབ་པར་ག་ལ་ནུས་སྙམ་ནས་དེ་ཕྱིར་ལོག་གོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་རིངས་པ་རིངས་པར་རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་རྐང་པ་ལ་མགོ་བོས་མཆོད་དེ་ཕྱོགས་གཅིག་ཏུ་འདུག་ནས་དེ་དག་རྒྱུས་ཀྱིས་སྨྲས་ཏེ། བདག་གིས་ལྷའི་ཆགས་འོག་ཏུ་གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་ནད་ཀྱི་རྒྱུན་ནི་བཀུམ་ན། གནས་ཆེ་གེ་


DKG089_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཞེས་བགྱི་བ་དེ་ན་འབྲོག་ཁོང་ཁོང་ན་ཡོད་ཅེས་བགྱི་བའི་རྫིང་ཞིག་མཆིས་པ་དེ་ན། ཉ་ཁྲི་ཞིག་གནས་པ་ཆབ་དང་བྲལ་ནས་གདུགས་ཀྱིས་གདུངས་ཤིང་མཆིས་ཏེ། ཇི་ལྟར་མི་རྣམས་ལ་སྩལ་བ་ལྟར་ཅི་ནས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ། དེ་དག་ལ་ཡང་སྲོག་སྩོལ་བར་འཚལ་ན། ལྷས་གླང་པོ་ཆེ་ཉི་ཤུ་ཞིག་བདག་ལ་སྩལ་དུ་གསོལ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས། སྨན་པའི་རྒྱལ་པོ་ཆེན་པོ་ལ་གླང་པོ་ཆེ་ཉི་ཤུ་ཞིག་བྱིན་ཅིག་ཅེས་བློན་པོ་རྣམས་ལ་བསྒོའོ། །བློན་པོ་རྣམས་ཀྱིས་སྨྲས་པ། སེམས་ཅན་ཆེན་པོ་གླང་པོ་ཆེའི་ལྷས་ག་ལ་བར་སོང་ལ་གླང་པོ་ཆེ་ཉི་ཤུ་ཁྲིད་དེ་སེམས་ཅན་རྣམས་ལ་ཕན་གདགས་པ་དང་། བདེ་བ་གྱིས་ཤིག །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཁྱེའུ་ཆུ་འབེབས་རང་གི་བུ་ཆུའི་གོས་དང་། ཆུའི་སྙིང་པོ་དང་ལྷན་ཅིག་ཏུ། གླང་པོ་ཆེ་ཉི་ཤུ་ཁྲིད་ནས། གླང་པོ་ཆེའི་རྫི་བོ་ལས་བ་ལང་གི་རྐྱལ་པ་བརྒྱ་བླངས་ཏེ། སླར་ལོག་ནས་ཆུ་འབབ་ཅེས་བྱ་བའི་ཀླུང་ཆེན་པོ་གང་དུ་འབབ་པ་དེར་སོང་སྟེ། རྐྱལ་པ་དེ་དག་ཆུས་བཀང་ནས། གླང་པོ་ཆེའི་རྒྱབ་ཏུ་ཆུ་བཀལ་ཏེ། མྱུར་བ་མྱུར་བར་འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ཆུ་དེ་གླང་པོ་ཆེའི་སྟེང་ནས་ཕབ་སྟེ། ཕྱོགས་བཞི་ནས་རྫིང་བུ་ཆུས་བཀང་ནས། ཕྱོགས་བཞིར་འགྲོ་བ་དང་། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་གང་དང་གང་དུ་འགྲོ་བའི་དེ་དང་དེ་ལོགས་སུ་ཉ་ཁྲི་པོ་དེ་དག་རྒྱུག་གོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཉ་ཁྲི་པོ་འདི་དག་བདག་ག་ལ་བ་དེ་ལོགས་སུ་རྒྱུག་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཉ་ཁྲི་པོ་འདི་དག་ནི་བཀྲེས་པའི་མེས་ཡོངས་སུ་ཉེན་ནས། བདག་ལ་བཟའ་བ་སློང་དུ་ངེས་ཀྱིས། བདག་གིས་ཁ་ཟས་སྦྱིན་པར་བྱའོ་སྙམ་ནས། རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་རང་གི་བུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ། །བུ་གླང་པོ་ཆེ་ཐམས་ཅད་ཀྱི་ནང་ན་མགྱོགས་པའི་མཆོག་ལ་ཞོན་ཏེ། བདག་ཅག་གི་ཁྱིམ་དུ་མྱུར་བ་མྱུར་བར་སོང་སྟེ། མེས་པོ་ཚོང་དཔོན་ལ། ཀྱེ་མེས་པོ་ཆུ་འབེབས་


DKG089_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མཆིད་ནས། ཁྱིམ་འདི་ན་ཕ་མ་དང་། སྤུན་དང་། སྲིང་མོ་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བགྱིད་པ་རྣམས་ཀྱི་ཁ་ཟས་སྦྱར་བ་གང་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཆུའི་གོས་གླང་པོ་ཆེ་ལ་ཞོན་པའི་ལག་ཏུ་མྱུར་བར་རྫོངས་ཤིག་ཅེས་མཆིའོ་ཞེས་དེ་སྐད་གྱིས་ཤིག །དེ་ནས་ཁྱེའུ་ཆུའི་གོས་གླང་པོ་ཆེ་དེ་ལ་ཞོན་ནས་མྱུར་བ་མྱུར་བར་རྒྱུག་ཅིང་རབ་ཏུ་རྒྱུག་སྟེ། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། དེ་དག་རྒྱུས་ཀྱིས་ཞིབ་ཏུ་སྨྲས་ཏེ། དེ་ནས་ཁྱེའུ་ཆུའི་གོས་ཀྱིས་སྔར་སྨོས་པའི་ཟས་སྦྱར་བ་དེ་དག་ཐམས་ཅད་གླང་པོ་ཆེའི་རྒྱབ་ཏུ་བཀལ་ནས་གླང་པོ་ཆེ་དེ་ལ་ཞོན་ཏེ། འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་བ་དང་། ཆུ་འབེབས་ཀྱིས་རང་གི་བུ་ཆུའི་གོས་མཐོང་ནས་དགའ་མགུ་སྟེ། བུ་ལས་ཟས་བླངས་ནས་ཕྲུལ་ཏེ་རྫིང་དེར་གཏོར་ནས། ཉ་ཁྲི་པོ་དེ་དག་ཚིམ་པར་བྱས་ཏེ། དེ་འདི་སྙམ་དུ་བདག་གིས་དུས་གཞན་ཞིག་ན་དགོན་པའི་གནས་ཤིག་ན། དགེ་སློང་ཐེག་པ་ཆེན་པོ་ཀློག་པ་ལས་ཐོས་ན་སུ་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཐོས་པ་དེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ་ཞེས་ཐོས་ཀྱིས། བདག་གིས་ཉ་དེ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཟབ་མོ་ཡང་བཤད་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེའི་མཚན་ཀྱང་བསྒྲག་པར་བྱའོ་སྙམ་མོ། །དེའི་ཚེ་འཛམ་བུའི་གླིང་དེ་ན། སེམས་ཅན་རྣམས་ཀྱི་ལྟ་བ་གཉིས་སུ་གྱུར་ཏེ། ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་མངོན་པར་ད་དོ། །ཁ་ཅིག་ནི་སྨོད་དོ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་དེའི་ཚེ་རྫིང་དེར་རྐང་པ་གཉི་གའི་པུས་མོ་ནུབ་ཙམ་དུ་འབོགས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་དེ་སྐད་དུ་ཆེད་དུ་བརྗོད་དོ། །དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱོགས་བཅུ་དག་ན་གང་སུ་དག་འཆི་བའི་དུས་ཀྱི་ཚེ་


DKG089_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ངའི་མིང་ཐོས་པ་དེ་དག་དེ་ནས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་ཅེས་བཏབ་བོ། །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཆོས་འདི་བཤད་དེ། འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་བ་སྟེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་དག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་པར་འགྱུར་བ་ནས། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་ཡང་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རིགས་ཀྱི་ལྷ་མོ་དེ་ལྟར་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ། ཆོས་དང་ལྡན་པའི་གཏམ་འདི་བརྗོད་ནས། རང་གི་བུ་ཆུའི་གོས་དང་། ཆུའི་སྙིང་པོ་དང་ལྷན་ཅིག་ཏུ་རང་གི་ཁྱིམ་དུ་ཕྱིན་པའི་བར་དུའོ། །དེ་ནས་དུས་གཞན་ཞིག་ན། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་དུས་སྟོན་ཆེན་པོ་ཟོས་ནས་ཆང་གིས་ར་རོ་སྟེ་མལ་ན་ཉལ་བ་དང་། དེའི་ཚེ་དེའི་དུས་ན། ལྟས་ཆེན་པོ་བྱུང་བར་གྱུར་ཏེ། མཚན་མོ་དེ་འདས་པ་དང་། ཉ་ཁྲི་པོ་དེ་དག་འཆི་བའི་དུས་བྱས་པར་གྱུར་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །སྐྱེས་མ་ཐག་ཏུ་དེ་དག་འདི་ལྟ་བུའི་ཚུལ་གྱི་སེམས་ཀྱི་རྣམ་པར་རྟོག་པ་སྐྱེས་ཏེ། བདག་ཅག་དགེ་བའི་ལས་ཀྱི་རྒྱུ་གང་གིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་འདིར་སྐྱེས་སོ་སྙམ་མོ། །དེ་དག་


DKG089_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་འདི་སྙམ་དུ་སེམས་ཏེ། བདག་ཅག་འཛམ་བུའི་གླིང་དེ་ན་ཉ་ཁྲིར་གྱུར་ཏེ། བདག་ཅག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལས། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས། ཆུ་མང་པོ་དང་། ཁ་ཟས་ཀྱི་མཆོག་གིས་ཚིམ་པར་བྱས་ཏེ། བདག་ཅག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་ཆོས་ཀྱང་བསྟན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཡང་བསྒྲགས་པས། དགེ་བའི་ཆོས་ཀྱི་རྒྱུ་དེ་དང་། རྐྱེན་དེས་བདག་ཅག་ལྷ་རྣམས་ཀྱི་ནང་འདིར་སྐྱེས་ཀྱིས། བདག་ཅག་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། དེ་ལ་མཆོད་པར་བྱའོ་སྙམ་ནས། དེ་ནས་ལྷའི་བུ་ཁྲི་བོ་དེ་དག་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ནས། མི་སྣང་བར་གྱུར་ནས། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ཁྱིམ་དུ་ལྷགས་ཏེ། དེའི་ཚེ་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་མལ་ན་ཉལ་ཞིང་འདུག་པ་དེ་ལ། ལྷའི་བུ་དེ་དག་གིས་མུ་ཏིག་གི་སེ་མོ་དོ་ཁྲི་ནི་མགོའི་ཐད་ཀར་བཞག །མུ་ཏིག་གི་སེ་མོ་དོ་ཁྲི་ནི་རྐང་པའི་དྲུང་དུ་བཞག །མུ་ཏིག་གི་སེ་མོ་དོ་ཁྲི་ནི་གཡས་ལོགས་སུ་བཞག །མུ་ཏིག་གི་སེ་མོ་དོ་ཁྲི་ནི་གཡོན་ལོགས་སུ་བཞག་སྟེ། པུས་མོ་ནུབ་ཙམ་དུ་མེ་ཏོག་མན་དཱ་ར་བའི་ཆར་ཆེན་པོ་ཡང་ཕབ། ལྷའི་སིལ་སྙན་རྣམས་ཀྱང་དཀྲོལ་ནས། དེས་འཛམ་བུའི་གླིང་པ་ཐམས་ཅད་གཉིད་ཀྱང་སད། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱང་སད་དོ། །དེ་ནས་ལྷའི་བུ་ཁྲི་བོ་དེ་དག་ནམ་མཁའ་ལ་དོང་སྟེ། ལྷའི་བུ་དེ་དག་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་གྱི་གནས་དང་། གནས་གཞན་དུ་ཡང་མེ་ཏོག་མན་དཱ་ར་བའི་ཆར་འབེབས་ཤིང་། ནགས་ཁོང་ཁོང་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་དོང་ནས། དེ་དག་གིས་རྫིང་ཆེན་པོ་དེར་མེ་ཏོག་མན་དཱ་ར་བའི་ཆར་ཆེན་པོ་མངོན་པར་ཕབ་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ནས་སླར་ཡང་ལྷའི་གནས་སུ་དོང་སྟེ། དེ་ན་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་ཞིང་རྩེ་སྟེ། དགའ་མགུར་སྤྱོད་ཅིང་དཔལ་དང་སྐལ་བ་བཟང་པོ་ཆེན་པོ་དག་ཀྱང་མྱོང་ངོ་། །འཛམ་བུའི་གླིང་དུ་ནམ་ལངས་པ་དང་། དེ་ནས་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱིས་སྐར་མཁན་དང་། བློན་པོ་


DKG089_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་རྣམས་ལ་སྨྲས་པ། ཅིའི་ཕྱིར་མདང་སུམ་ལྟས་འདི་དག་བྱུང་། དེ་དག་གིས་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱི་ཁྱིམ་དུ་མུ་ཏིག་གི་སེ་མོ་དོ་བཞི་ཁྲིའི་ཆར་བབ་ཅིང་། མེ་ཏོག་མན་དཱ་ར་བའི་ཆར་ཡང་བབ་པོ་ཞེས་བྱས་པ་དང་། ཁྱེད་དེང་ལ་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ལ་སྙན་པའི་ཚིག་གིས་བོས་ཤིག ། དེ་ནས་སྐར་མཁན་དང་། བློན་པོ་ཆེན་པོ་རྣམས་ཆུ་འབེབས་ཀྱི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ལྷའི་དབང་ཕྱུག་འོད་ཁྱོད་ལ་འབོད་དོ། །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་བློན་པོ་ཆེན་པོ་རྣམས་དང་ལྷན་ཅིག་ཏུ་རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་བ་དང་། རྒྱལ་པོས་སྨྲས་པ། ཆུ་འབེབས་མདང་སུམ་དེ་འདྲ་བའི་ལྟས་བྱུང་བ་འདི་ཅིའི་ལྟས་ཤེས་སམ། དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་རྒྱལ་པོ་ལྷའི་དབང་ཕྱུག་འོད་ལ་འདི་སྐད་ཅེས་སྨྲས་སོ། །ལྷ་བདག་གིས་འཚལ་ཏེ། ཉ་ཁྲི་པོ་དེ་དག་གུམ་པར་གྱུར་དུ་ངེས་སོ། །རྒྱལ་པོས་སྨྲས་པ། ཇི་ལྟར་ཤེས། ཆུ་འབེབས་ཀྱིས་སྨྲས་པ། ལྷ་ཆུའི་གོས་རྫིང་དེར་ཉ་ཁྲི་པོ་དེ་དག་གུམ་མམ་མ་གུམ་ལྟར་སྩལ་ཏོ། །རྒྱལ་པོས་སྨྲས་པ། དེ་ལྟར་གྱིས་ཤིག །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས། ཁྱེའུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ། །འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་གི་ཉ་ཁྲི་པོ་དེ་དག་ཤི་འམ་མ་ཤི་ལྟོས་ཤིག །དེ་ནས་ཁྱེའུ་ཆུའི་གོས་མྱུར་བ་མྱུར་བར་འབྲོག་ཁོང་ཁོང་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་སོང་བ་དང་། ཉ་ཁྲི་པོ་དེ་དག་ཤི་བའི་དུས་བྱས་པར་གྱུར་ཅིང་། མེ་ཏོག་མན་དཱ་ར་བའི་ཆར་ཆེན་པོ་བབ་པ་ཡང་མཐོང་ནས་སླར་ལོག་སྟེ་ཕ་ལ་སྨྲས་པ། ཉ་རྣམས་གུམ་པར་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས། ཁྱེའུ་ཆུའི་གོས་ལ་ཚིག་དེ་ཐོས་པ་དང་རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་ནས་དེ་དག་རྒྱུས་ནས་ཞིབ་ཏུ་སྨྲས་ཏེ། ལྷ་མཁྱེན་པར་མཛད་དུ་གསོལ། ཉ་ཁྲི་པོ་དེ་དག་ཐམས་ཅད་ནི་གུམ་པར་གྱུར་ནས། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་དག་བདག་གི་མཐུས་མདང་སུམ་དེ་ལྟ་བུའི་དགེ་བའི་ལྟས་དེ་དག་བྱུང་སྟེ། བདག་གི་


DKG089_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་དུ་ཡང་མུ་ཏིག་གི་སེ་མོ་དོ་བཞི་ཁྲི་དང་། ལྷའི་མེ་ཏོག་མན་དཱ་ར་བའི་ཆར་ཡང་བབ་བོ། །དེ་ནས་རྒྱལ་པོ་དེ་མགུ་ཞིང་དགའ་སྟེ་ཡི་རངས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ། འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་པ་དེ། གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱཀྱ་ལག་ན་བེ་ཅོན་ཅན་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་པ་དེ། གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཟས་གཙང་མ་དེའི་ཚེ་དེའི་དུས་ན། ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་གྱི་ཁྱེའུ་ཆུ་འབེབས་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱཀྱའི་བུ་མོ་ས་འཚོ་མ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱི་ཆུང་མ་ཆུའི་པདྨའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །སྒྲ་གཅན་ཟིན་ནི་དེའི་ཚེ་དེའི་དུས་ན་ཁྱེའུ་ཆུའི་གོས་ཞེས་བྱ་བར་གྱུར་ཏོ། ། ཀུན་དགའ་བོ་ནི་དེའི་ཚེ་དེའི་དུས་ན་ཁྱེའུ་ཆུའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཉ་ཁྲི་པོར་གྱུར་པ་དེ་དག་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། འབར་བའི་ཁྱད་པར་གྱི་གཟི་བརྗིད་ཀྱི་རྒྱལ་པོ་ལ་སོགས་པ་ལྷའི་བུ་ཁྲི་པོ་འདི་དག་དེའི་ཚེ་དེའི་དུས་ན་ཉ་ཁྲིར་གྱུར་ཏེ། གང་དག་ངས་ཆུ་དང་ཁ་ཟས་ཀྱི་མཆོག་གིས་ཚིམ་པར་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ། ཟབ་མོའི་ཆོས་ཀྱང་བསྟན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཀྱང་


DKG089_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲགས་པ་སྟེ། དགེ་བའི་ལས་ཀྱི་རྒྱུ་དེས་ངའི་གན་དུ་འདིར་ལྷགས་ཏེ། དེས་ན་ད་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །རབ་ཏུ་དགའ་བ་དང་། རབ་ཏུ་དང་བ་དང་། མཆོག་ཏུ་དགའ་བ་དང་། གུས་པར་ཆོས་མཉན་པས་ཐམས་ཅད་ལུང་བསྟན་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཤིང་གི་ལྷ་མོར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་ལྷ་མོ་ཁྱོད་དེའི་ཚེ་དེའི་དུས་ན། ཤིང་གི་ལྷ་མོར་གྱུར་ཏོ། །རིགས་ཀྱི་ལྷ་མོ་རྣམ་གྲངས་འདིས་ན་འཁོར་བ་ན་འཁོར་བའི་ཚེ། ངས་ཇི་ལྟར་སེམས་ཅན་མང་པོ་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱས་ཏེ། དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ས་ཐོབ་པར་གྱུར་པར་རིག་པར་བྱའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཆུ་འབེབས་ཀྱིས་གདུལ་བའི་ཉའི་སྔོན་བྱུང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།བམ་པོ་བཅུ་པ། རིགས་ཀྱི་ལྷ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་ཕྱིར། ལུས་ཀྱང་ཡོངས་སུ་བཏང་ངོ་། །དེ་ཅི་ལྟ་ཞེ་ན། དྲི་མ་མེད་ཅིང་ཤིན་ཏུ་རྒྱས་པའི་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱའི་འོད་ཟེར་སྣང་བ་དང་ལྷ་ཡུལ་དུ་རྣམ་པར་འཕྲོ་བ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་། སྟོབས་ཀྱིས་ཕ་རོལ་གནོན་པའི་བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཡོངས་སུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངས་སུ། ལྗོངས་རྒྱུ་ཞིང་གཤེགས་ནས། ནགས་ཚོགས་ཤིག་ཏུ་བྱོན་པ་དང་། དེས་དེར་སྔོ་ཞིང་འཇམ་ལ་མཐིང་ཀར་འདུག་པའི་སྤང་གི་ངོས་ལ་མེ་ཏོག་དྲི་ཞིམ་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་ས་ཕྱོགས་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་ཕྱོགས་འདི་ནི་མཛེས་པ་སྟེ། འདི་ན་གཏམ་གྱི་གནས་ཀྱི་མཚན་མ་ཡོད་ཀྱིས་ད་དེ་བཞིན་གཤེགས་པའི་གདན་ཐིང་ཤིག །དེ་ནས་དེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་གདན་བཏིང་ངོ་། །གདན་བཏིང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གདན་བཏིང་ལགས་ན་བཅོམ་ལྡན་གཙོ་བོ་མཆོག །


DKG089_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་མཆོག་སྩོལ་དམ་པ་སྲིད་བཅིངས་གྲོལ། །ཞུགས་ཏེ་མི་ལ་སྨན་སླད་ཐར་བགྱིད་ཀྱི། །བཀའ་མཆིད་དམ་པ་བདུད་རྩི་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་བྱ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའི་རུས་པ་རྣམས་བལྟ་བར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་འདི་སྐད་གསོལ་ཏོ། །དྲང་སྲོང་དམ་པ་སེམས་ཅན་མཆོག་གི་སྙིང་པོ་པ། །བཟོད་དང་བརྩོན་འགྲུས་ཆེ་ལ་ཞི་དང་དུལ་དགའ་ཞིང་། །བློ་གྲོས་དྲན་དགའ་ཡོན་ཏན་དཔག་མེད་གནས་གྱུར་གྱི། །རུས་པ་བདག་ཅག་བལྟ་བའི་དུས་ལགས་དེ་ལེགས་ཤོད། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་གི་རི་མོ་ཅན་དང་མེ་ཏོག་ཀ་མ་ལ་གསར་དུ་ཁ་ཕྱེ་བ་ལྟར་འཇམ་པའི་ཕྱག་གིས། སའི་ངོས་ལ་བརྡབས་ཏེ། བསྣུན་མ་ཐག་ཏུ། ས་རྣམ་པ་དྲུག་ཏུ་གཡོས་ཏེ། ནོར་བུ་དང་། གསེར་དང་། དངུལ་ལས་བྱས་པའི་མཆོད་རྟེན་ཞིག་དེ་ནས་བྱུང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་མཆོད་རྟེན་འདི་ཕྱེ་ཞིང་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། མཆོད་རྟེན་དེ་ཕྱེ་བ་དང་། དེས་དེར་གསེར་གྱི་འོད་འཕྲོ་བ་ཅན་གྱི་ནོར་བུ་དང་མུ་ཏིག་གིས་ཁེབས་པར་གཡོགས་པའི་གསེར་གྱི་ཟ་མ་ཏོག་ཅིག་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་གྱི་ཟ་མ་ཏོག་དག་ཅིག་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟ་མ་ཏོག་བདུན་པོ་འདི་དག་ཐམས་ཅད་ཕྱེ་ཞིག །དེ་བཞིན་དུ་ཐམས་ཅད་ཁ་ཕྱེ་བ་དང་། དེས་དེར་རུས་པའི་ཁ་དོག་ཁ་བ་དང་། མེ་ཏོག་ཀུ་མུ་ད་འདྲ་བ་དག་ཅིག་མཐོང་ངོ་། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རུས་པ་དག་ཅིག་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་སྐྱེས་བུ་ཆེན་པོའི་རུས་པ་རྣམས་ཁྱེར་ཏེ་ཤོག །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་རུས་པ་དེ་དག་བླངས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་རུས་པ་རྣམས་


DKG089_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་གྱི་མདུན་དུ་བསྣམས་ཏེ། ཕྱག་ཏུ་བཞེས་ནས་བཀའ་སྩལ་པ། རུས་པ་འདི་དག་ཡོན་ཏན་མཆོག་རབ་ཚོགས་ལྡན་བློ་གྲོས་མཆོག །དུལ་དང་བསམ་གཏན་བཟོད་པ་སྤྲོ་བ་གྲགས་མཆོག་དམ་པ་སྟེ། །བློ་གྲོས་ལྡན་རྣམས་ཕྱིར་ཞིང་རྟག་ཏུ་བྱང་ཆུབ་འདི་ལ་ནི། །སྤྲོ་བརྟན་མོས་དང་བློ་གྲོས་མཆོག་ཏུ་སྦྱིན་ལ་དགའ་བར་བྱས། །དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའི་རུས་པ་ཚུལ་ཁྲིམས་དང་ཡོན་ཏན་གྱིས་ཡོངས་སུ་བསྒོས་པ། མཆོག་ཏུ་མཐོང་བར་དཀའ་བ། བསོད་ནམས་ཀྱི་ཞིང་དུ་གྱུར་པ་རྣམས་ལ་ཕྱག་འཚོལ་ཅིག །དེ་ནས་དགེ་སློང་དེ་དག་གིས་ཐལ་མོ་སྦྱར་ཏེ། འདུན་པའི་ཡིད་ཀྱིས་རུས་པ་རྣམས་ལ་ཕྱག་འཚལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། སེམས་ཅན་ཐམས་ཅད་ཀྱིས་ཕྱག་བགྱིས་པ་ལགས་ན། ཇི་ལྟར་དེ་བཞིན་གཤེགས་པ་ཉིད་རུས་པ་འདི་དག་ལ་ཕྱག་བཞེས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་རུས་པ་འདི་དག་གིས་ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན། རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞོན་པ་དང་། སྟོབས་དུ་མ་དང་ལྡན་པ། ཐོགས་པ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་ཞིག་བྱུང་སྟེ། དེ་ལ་བུ་ལྷ་གཞོན་ནུ་དང་འདྲ་བ་གསུམ་ཞིག་ཡོད་དེ། སྒྲ་ཆེན་པོ་དང་། ལྷ་ཆེན་པོ་དང་། སྙིང་སྟོབས་ཆེན་པོའོ། །དེ་ནས་རྒྱལ་པོ་རྩེ་བའི་ཕྱིར་སྐྱེད་མོས་ཚལ་གྱི་སར་བྱུང་བ་དང་། གཞོན་ནུ་དེ་དག་སྐྱེད་མོས་ཚལ་དེའི་ཡོན་ཏན་ལ་ཆགས་ཤིང་མེ་ཏོག་འདོད་པས་ཕན་ཚུན་དུ་རྒྱུ་སྟེ། ནགས་ཁྲོད་ཆེན་པོ་བཅུ་གཉིས་སུ་ཞུགས་སོ། །དེ་ནས་རྒྱལ་པོའི་བུ་དག་དོང་བ་དང་གཞོན་ནུ་རིམ་གྲོ་བ་རྣམས་ཀྱང་རྒྱལ་བུས་བསྐྲད་ནས་ཕན་ཚུན་དུ་དོང་སྟེ། ཀུན་ཏུ་བསྲུངས་པའི་སྐྱེད་མོས་ཚལ་ཆེན་


DKG089_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ནགས་ཁྲོད་བཅུ་གཉིས་སུ་ཞུགས་སོ། །དེ་ནས་སྒྲ་ཆེན་པོས་ནུ་བོ་གཉིས་ལ་སྨྲས་པ། ཁོ་བོའི་སྙིང་ལ་འཇིགས་པས་ནོན་ན། འདིར་བདག་ཅག་གཅན་གཟན་གྱིས་བསད་དུ་འོང་གིས་ད་ཚུར་ཤོག །ལྷ་ཆེན་པོས་སྨྲས་པ། བདག་ལ་འཇིགས་པ་ནི་མ་མཆིས་ན། སྐྱེ་བོ་སྡུག་པ་དང་བྲལ་བ་སྙམ་བགྱིད་པའི་སྙིང་དུ་གྱུར་ཏོ། །སྙིང་སྟོབས་ཆེན་པོས་སྨྲས་པ། ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པ་འདིར། །བདག་ནི་མི་འཇིགས་མྱ་ངན་མ་མཆིས་ཀྱི། །ཤིན་ཏུ་རྒྱས་མཆོག་དོན་ཆེན་རྙེད་སྙམ་སྟེ། །བདག་གི་སྙིང་འདིར་རབ་ཏུ་དགའ་བར་གྱུར། ། དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་ནགས་ཁྲོད་བཅུ་གཉིས་པོ་དེ་དག་གི་ཁྲོད་དུ་རྒྱུ་བ་ན། སྟག་མོ་བུ་བྱུང་ནས་ཞག་དྲུག་གམ་ཞག་བདུན་ལོན་པ་ཞིག །བུ་ལྔས་བསྐོར་ཏེ་བཀྲེས་ཤིང་སྐོམ་པས་ཉམས་སྨད་ནས། ལུས་མཆོག་ཏུ་ཉམ་ཆུང་བར་གྱུར་པ་དེ་འདྲ་བ་ཞིག་མཐོང་ངོ་། །མཐོང་ནས་ཀྱང་སྒྲ་ཆེན་པོས་སྨྲས་པ། ཀྱེ་མའོ་ཉོན་མོངས་མ་འདི་བུ་བྱུང་ནས་ཞག་དྲུག་གམ། ཞག་བདུན་ཞིག་ལོན་པར་གྱུར་ལ། ད་ལྟར་ཟས་མ་རྙེད་པས། ཡང་ན་ནི་རང་གི་བུ་ལ་ཟ་བར་འགྱུར། ཡང་ན་ནི་བཀྲེས་པས་འཆི་བའི་དུས་བྱེད་པར་འགྱུར་རོ། །སྙིང་སྟོབས་ཆེན་པོས་སྨྲས་པ། ཉོན་མོངས་མ་འདིའི་ཟས་ནི་ཅི། སྒྲ་ཆེན་པོས་སྨྲས་པ། འདིར་གང་ཤ་གསར་པ་དང་ཁྲག་དྲོན་པོ་ཡོད་ན། དེ་ནི་སྟག་དང་། དོམ་དང་། དྲེད་དང་། སེང་གེ་རྣམས་ཀྱི་ཟས་ཡིན་ནོ་ཞེས་ཟེར་རོ། །ལྷ་ཆེན་པོས་སྨྲས་པ། འདིར་ཉོན་མོངས་མ་འདི་བཀྲེས་པ་དང་། སྐོམ་པ་དང་ལྡན་པའི་ལུས་སུ་གྱུར་པས་སྲོག་གི་ལྷག་མ་ཅུང་ཟད་ཅིག་ལུས་ཏེ། རབ་ཏུ་ཉམ་ཆུང་བ་འདིས། གནས་འདིར་ཟས་སྐོམ་ཚོལ་ནི་མི་ནུས་ན། འདིའི་སྲོག་ཡོངས་སུ་བསྲུང་བའི་ཕྱིར། སུ་ཞིག་རང་གི་ལུས་ཡོངས་སུ་གཏོང་བར་བྱེད་པར་འགྱུར་ཞིག་གུ། སྒྲ་ཆེན་པོས་སྨྲས་པ། ཀྱེ་རང་གི་ལུས་ཡོངས་སུ་གཏོང་བ་ནི་བྱ་དཀའ་བའོ། །སྙིང་སྟོབས་ཆེན་པོས་སྨྲས་པ། བདག་ཅག་ལྟ་བུ་སྲོག་དང་ལུས་ལ་མངོན་པར་ཆགས་པ། བློ་ཆུང་བ་རྣམས་ལ་ནི་ཚུལ་འདི་བྱ་དཀའ་བ་ལགས་ཀྱི། གཞན་ལུས་ཡོངས་སུ་གཏོང་བ་ལ་ཞུགས་པ། །གཞན་ལ་ཕན་པར་བརྩོན་པའི་སྐྱེས་བུ་དམ་པ་རྣམས་ལ་ནི་བྱ་


DKG089_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་བ་མ་ལགས་སོ། །ཡང་སྙིང་བརྩེ་སྙིང་རྗེ་ལས་བྱུང་འཕགས་པའི་སེམས་ཅན་དག །ལྷ་ཡུལ་དང་ནི་ས་འདིར་རང་ལུས་རྙེད་སྙམ་སྟེ། །གཞན་གྱི་སྲོག་ཕྱིར་མཐུན་པར་དགའ་བའི་ཡིད་ཀྱིས་ནི། །འགྱུར་བ་མེད་པར་འདིར་ནི་རྣམ་པ་བརྒྱ་ཡིས་བརྩེ། །དེ་ནས་རྒྱལ་བུ་གཞོན་ནུ་དེ་ཤིན་ཏུ་མི་དགའ་སྟེ། སྟག་མོ་དེ་ལ་མིག་མི་འཛུམས་པར་རིང་ཞིག་ཏུ་བལྟས་ནས་སོང་ངོ་། །དེ་ནས་སྙིང་སྟོབས་ཆེན་པོ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གི་ལུས་འདི་ཡོངས་སུ་གཏང་བའི་དུས་ལ་བབ་བོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་ཅིང་འགྱེས་པའི་ཆོས་ཅན་མཐར་འབྱེ་མཐའ་ངན་པ། །རྣག་ཅན་ལུས་འདི་ཟས་དང་སྐོམ་དང་མལ་ཆ་དང་། །བཞོན་པ་འོས་པ་ཆེན་པོ་དག་གིས་རིང་བསྲུངས་ཀྱང་། །སྔར་མེད་རང་གི་རང་བཞིན་མི་འདོར་བྱས་དོན་མེད། །ཡང་ཐམས་ཅད་མི་གཙང་བར་གྱུར་པས་ན། དེའི་འཚོ་བ་མེད་ཀྱིས། ད་བདག་གིས་དེ་ལས་བཟང་པོའི་ལས་སྦྱར་བར་བྱའོ། །དེའི་ཕྱིར་བདག་སྐྱེ་བ་དང་། འཆི་བའི་རྒྱ་མཚོ་ལས་བསྒྲལ་བའི་གྲུ་བོ་ཆེ་ལྟ་བུར་འགྱུར་རོ། །ཡང་སྙིང་པོ་མེད་ལུས་དབུ་བ་འདྲ་ལ་སྲིན་བུ་བརྒྱས་གང་བྱས་པ་ཆུད་གཟོན་པ། །འབྲས་འདྲ་བ་ཡི་སྲིད་པ་བརྒྱ་ལྡན་གཅིན་དང་ཕྱི་སས་གང་བ་འདི་བཏང་སྟེ། །མྱ་ངན་མེད་ཅིང་འགྱུར་མེད་ཕུང་མེད་དྲི་མེད་བསམ་གཏན་ལ་སོགས་ཡོན་ཏན་གྱིས། །ཀུན་ཏུ་གང་བའི་ཆོས་སྐུ་ཡོན་ཏན་བརྒྱས་གང་རྡུལ་དང་བྲལ་བ་ཐོབ་པར་བྱ། །དེ་སྙིང་རྗེ་ཆེན་པོ་མཆོག་དང་ལྡན་པའི་སྙིང་དུ་གྱུར་པས་དེ་ལྟར་བཏུལ་ནས། ཁྱེད་གཉིས་གཤེགས་སུ་གསོལ། །བདག་ནི་རང་གི་བགྱི་བ་ཞིག་གི་སླད་དུ། ནགས་ཁྲོད་བཅུ་གཉིས་སུ་འཇུག་གོ། །ཞེས་དེ་གཉིས་བསྐྲད་དོ། །དེ་ནས་རྒྱལ་བུ་གཞོན་ནུ་སྙིང་སྟོབས་ཆེན་པོ་ནགས་འདབ་དེ་ནས་སླར་ལོག་སྟེ། སྟག་གི་གནས་སུ་སོང་ནས། ནགས་ཀྱི་ཡལ་ག་ལ་གོས་གཟར་ཏེ། བདག་ནི་འགྲོ་ལ་ཕན་ཕྱིར་བྱང་ཆུབ་མཚུངས་པ་མེད་པ་ཞི་བ་ཐོབ་འདོད་དེ། །གཞན་གྱིས་གཏང་བར་དཀའ་བའི་ལུས་ནི་བློ་གྲོས་འགྱུར་བ་མེད་པའི་སྙིང་རྗེས་སྦྱིན། །བདག་གིས་སྐྱོན་མེད་བྱང་ཆུབ་རིང་མེད་རྒྱལ་སྲས་རྣམས་ཀྱིས་གཉེར་བ་ཐོབ་པར་ཤོག །བདག་གིས་སྲིད་པའི་རྒྱ་མཚོ་རབ་ཏུ་འཇིགས་ལས་འཇིག་རྟེན་གསུམ་པོ་བསྒྲལ་


DKG089_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱ། ཞེས་སྨོན་ལམ་བཏབ་བོ། །དེ་ནས་སྙིང་སྟོབས་ཆེན་པོས་སྟག་མོའི་མདུན་དུ་ཉལ་བ་དང་། དེ་ནས་བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ། སྟག་མོས་ཅི་ཡང་མ་བྱས་སོ། །བྱང་ཆུབ་སེམས་དཔས། ཀྱེ་མའོ་འདི་ནི་ཉམ་ཆུང་བས་མི་ནུས་སོ་སྙམ་ནས་ལངས་ཏེ། སྙིང་བརྩེ་བའི་བློ་གྲོས་ཀྱིས་མཚོན་ཆ་བཙལ་ན། གང་ནས་ཀྱང་མཚོན་ཆ་མ་རྙེད་ནས། དེས་འོད་མའི་ཡལ་ག་ལོ་བརྒྱ་ལོན་པ་སྲ་བ་ཞིག་བླངས་ཏེ། བདག་གི་མགུལ་པ་བཅད་ནས་སྟག་མོའི་མདུན་དུ་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་འགྱེལ་མ་ཐག་ཏུ་ཆུའི་དབུས་སུ་སོན་པའི་གྲུ་རླུང་གིས་བསྐྱོད་པ་བཞིན་དུ་ས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ཉི་མ་ཡང་སྒྲ་གཅན་གྱིས་ཟིན་པ་བཞིན་དུ་འོད་ཟེར་རྣམས་ཀྱིས་མཛེས་པ་མེད་དོ། །ལྷའི་སྤོས་དང་། ཕྱེ་མ་དང་འདྲེས་པའི་མེ་ཏོག་གི་ཆར་ཡང་བབ་བོ། །དེ་ནས་ལྷ་ཞིག་གིས་ངོ་མཚར་དུ་གྱུར་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་བསྟོད་པ། བློ་གྲོས་བཟང་པོ་ཁྱོད་འདིར་ཇི་ལྟར་ཐུགས་རྗེས་སེམས་ཅན་རྣམས་ཁྱབ་སྟེ། །མི་ཡི་དཔའ་བོ་རབ་ཏུ་དགྱེས་པས་ཇི་ལྟར་སྐུ་འདི་ཡོངས་སུ་བཏང་བས་ན། །སྐྱེ་བ་དང་ནི་འཆི་བའི་དོན་དང་བྲལ་བ་ཞི་བའི་གནས་ཀྱི་མཆོག །ཞི་བ་གཙང་མ་ཁྱོད་ཀྱིས་འདིར་ནི་ཚེགས་མེད་རིང་པོར་མི་ཐོགས་བརྙེས། ། དེ་ནས་སྟག་མོ་དེས་བྱང་ཆུབ་སེམས་དཔའི་ལུས་ཁྲག་གིས་སྦགས་པ་ལ་བལྟས་ནས། ཡུད་ཙམ་གྱིས་ཤ་དང་ཁྲག་མེད་པར་རུས་པ་ཙམ་ཞིག་ལུས་པར་བྱས་སོ། །དེ་ནས་སྒྲ་ཆེན་པོས་ས་གཡོས་པ་དེ་ལ་བསམས་ནས་ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཕྱོགས་བཅུར་རྒྱ་མཚོ་མཐར་ཐུག་རྒྱ་མཚོར་བཅས་པ་ཡི། །ས་འདི་རབ་ཏུ་གཡོས་ཤིང་ཉི་མ་འང་འོད་ནི་མེད་གྱུར་ལ། །མེ་ཏོག་ཆར་པ་འབབ་ཅིང་ཁོ་བོའི་ཡིད་ཀྱང་འཁྲུགས་པས་ན། །ད་གཟོད་བདག་གི་ནུ་བོས་རང་གི་ལུས་ནི་བཏང་ཡང་དག །ལྷ་ཆེན་པོས་སྨྲས་པ། དེ་ནི་ཇི་ལྟར་སྙིང་རྗེའི་ཚིག་སྨྲ་ལ། ། བཀྲེས་དང་ལྡན་ཞིང་སྡུག་བསྔལ་བརྒྱས་གཙེས་པ། །ཤིན་ཏུ་ཉམ་ཆུང་རང་གི་བུ་ལ་ཡང་། །ཟ་བར་ཆས་ལ་བལྟ་བས་བདག་ཀྱང་དོགས། །དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་རབ་ཏུ་མྱ་ངན་གྱིས་ནོན་ནས་མཆི་མས་མིག་གང་སྟེ། ལམ་དེ་ཉིད་ནས་སླར་ལོག་ནས་སྟག་མོའི་དྲུང་དུ་ཕྱིན་


DKG089_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གོས་ཐམས་ཅད་ནི་འོད་མའི་ཡལ་ག་དག་ལ་གཟར། རུས་པ་རྣམས་ནི་བྱེ་ཞིང་བྲལ། ཁྲག་ནི་རྫབ་ཏུ་གྱུར། སྐྲ་ནི་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བར་མཐོང་ངོ་། །མཐོང་ནས་ཀྱང་བརྒྱལ་ཏེ་རུས་པའི་སྟེང་དུ་འགྱེལ་ནས་རིང་ཞིག་ལོན་པ་དང་། འདུ་ཤེས་རྙེད་དེ་ལངས་ནས་ལག་པ་བསྒྲེང་སྟེ་ཉམ་ཐག་པའི་སྒྲ་ཕྱུང་ངོ་། །ཀྱེ་མའོ་ནུ་བོ་སྡུག་པ་དང་ནི་རྒྱལ་པོ་དང་། །དེ་བཞིན་དུ་ནི་བུ་ལ་རབ་ཏུ་གདུང་བའི་མ། །པདྨ་འདྲ་མིག་དེ་རིང་ཁྱེད་ཀྱིས་གར་བཞག་ཅེས། །མ་ནི་བདག་ཅག་ལ་ཡང་ཐ་ཆུངས་འདྲི་བར་འགྱུར། །ཀྱེ་མ་བདག་ཅག་གཉིས་ནི་ས་ཕྱོགས་འདི་ཉིད་དུ། །ཤི་ན་ལེགས་ཀྱིས་གསོན་པ་དེ་ལྟ་མ་ཡིན་ནོ། །སྙིང་སྟོབས་ཆེན་པོ་མེད་པར་གྱུར་པས་བདག་ཅག་ལ། །ཕ་མ་དག་གིས་ཇི་ལྟར་ལྟོ་བ་སྟེར་བར་འགྱུར། །དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་ཀྱིས་སྙིང་རྗེ་རྗེའི་སྐད་དུ་རྣམ་པ་མང་པོར་ངུས་ནས་དོང་ངོ་། །དེ་ནས་རྒྱལ་བུ་གཞོན་ནུའི་རིམ་གྲོ་པ་རྣམས་ཀྱང་གཞོན་ནུ་ཚོལ་ཞིང་། ཕྱོགས་དང་ཕྱོགས་མཚམས་རྣམས་སུ་རྒྱུག་པ་དང་། གཅིག་གིས་གཅིག་མཐོང་ནས། གཞོན་ནུ་ག་རེ། གཞོན་ནུ་ག་རེ་ཞེས་འདྲིའོ། །དེའི་ཚེ་བཙུན་མོ་མལ་ན་ཉལ་བའི་རྨི་ལམ་ན་སྡུག་པ་དང་བྲལ་བར་རྨིས་པ་འདི་ལྟ་སྟེ། ནུ་མ་གཉིས་བཅད་པ་དང་། སོ་ཕྱུང་བ་དང་། ཐི་བའི་ཕྲུ་གུ་སྡུག་པ་གསུམ་ཞིག་རྙེད་པ་ལས་གཅིག་ཁྲས་ཁྱེར་བ་རྨིས་སོ། །དེ་ནས་བཙུན་མོ་ས་གཡོས་པས་སྙིང་དངངས་ཏེ། མོད་ལ་སད་ནས་སེམས་པ་ལ་ཞུགས་ཏེ། འབྱུང་པོའི་རྟེན་མ་རྒྱ་མཚོའི་གོས་ཅན་འདི་ནི་ཀུན་ཏུ་རབ་གཡོ་ཅི་ཞིག་གུ། །ཉི་མའི་འོད་ཟེར་མེད་པར་གྱུར་པས་ང་ཡི་སྙིང་ལ་མྱ་ངན་འགྱུར་བ་སྟོན། །ང་ཡི་ལུས་ནི་ཞུམ་ཞིང་མིག་ཀྱང་གཡོ་ལ་རང་གི་ནུ་མ་བཅད་རྨིས་པ། །ང་ཡི་བུ་རྣམས་ནགས་ཁྲོད་འདིར་ནི་རྩེར་དོང་བ་ལ་དགེ་བར་གྱུར་རམ་ཀྱེ། །དེ་ནས་དེ་སྙམ་དུ་བསམས་པ་དང་། བྲན་མོ་ཡང་སྙིང་མྱོས་ཏེ་འོངས་ནས་བཙུན་མོ་ལ་སྨྲས་པ། ཇོ་མོ་གཞོན་ནུའི་རིམ་གྲོ་པ་དག་གཞོན་ནུ་ཚོལ་ཞིང་མཆིས་ན། ཇོ་བོ་སྟོར་ཞེས་གདའོ། །དེ་སྐད་ཐོས་མ་ཐག་ཏུ་བཙུན་མོ་སྙིང་འདར་ཞིང་། མིག་དང་གདོང་མཆི་མས་གང་སྟེ། རྒྱལ་པོའི་གན་དུ་སོང་ནས་སྨྲས་པ། ལྷ་བདག་གི་བུ་སྡུག་པ་སྟོར་ཅེས་ཐོས་སོ། །རྒྱལ་པོ་ཡང་སྙིང་


DKG089_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

འདར་ཞིང་ཤིན་ཏུ་མྱོས་ཏེ། ཀྱི་ཧུད་བདག་གི་བུ་སྡུག་པ་དང་བྲལ་བ་ལྟ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས། བཙུན་མོ་དབུགས་དབྱུང་བའི་ཕྱིར། ང་གཞོན་ནུ་བཙལ་བ་ལ་ནན་ཏན་དུ་བྱེད་ཀྱིས། བཟང་མོ་མྱ་ངན་མ་བྱེད་ཅིག །དེར་གཞོན་ནུ་ཚོལ་བ་ལ་ཞུགས་པ་དང་སྐྱེ་བོའི་ཚོགས་དག་རོད་རོད་པོར་གྱུར་ཏོ། །དེ་ནས་རིང་པོར་མ་ལོན་པར་རྒྱལ་པོས། རྒྱལ་བུ་གཞོན་ནུ་གཉིས་རྒྱང་རིང་པོ་ནས་འོང་བ་མཐོང་ངོ་། །མཐོང་ནས་ཀྱང་སྨྲས་པ། གཞོན་ནུ་དེ་དག་ནི་འོང་ན་ཐམས་ཅད་ནི་མ་ཡིན་ཏེ། ཀྱི་ཧུད་བུ་དང་བྲལ་བ་ཞེས་བྱ་བ་ནི་སྡུག་བསྔལ་བའོ། །ཇི་ལྟར་བུ་དང་བྲལ་བར་གྱུར་ན་ཡིད་ནི་མི་བདེ་བ། །མི་རྣམས་བུ་རྙེད་པ་ནི་དེ་ལྟར་དགའ་བ་མ་ཡིན་ནོ། །འཇིག་རྟེན་ན་ནི་གང་དག་བུ་མེད་པ་དང་ཤི་བའམ། །མི་རྣམས་གང་དག་བུ་གསོན་དེ་དག་བདེ་བ་ཡིན་ནམ་ཅི། །དེ་ནས་བཙུན་མོ་ཤིན་ཏུ་མྱ་ངན་གྱིས་ནོན་ནས། རྔ་མོ་གནད་དུ་བསྣུན་པ་བཞིན་དུ། ཤིན་ཏུ་མི་བཟད་པའི་སྒྲ་ཕྱུང་ངོ་། ། དེ་ལྟར་བུ་གསུམ་དག་ནི་གཡོག་གི་ཚོགས་བཅས་ཏེ། །མེ་ཏོག་རྣམས་ཀྱིས་གང་བའི་ནགས་ཁྲོད་ཞུགས་པ་ལས། །བདག་གི་བུ་དགེ་ཐ་ཆུངས་འོངས་པར་མ་གྱུར་ན། །བདག་གི་སྙིང་དང་འདྲ་བའི་ཐ་ཆུངས་དེ་ག་རེ། །དེ་ནས་དེ་གཉིས་ལྷགས་པ་དང་། རྒྱལ་པོས་བུ་ལ་དྲིས་པ། ཁྱེའུ་ཐ་ཆུངས་ག་རེ་ཞེས་གཞོན་ནུ་གཉིས་ལ་དྲིས་པ་དང་། དེ་ནས་མྱ་ངན་གྱིས་ཉམ་ཐག་ཅིང་མིག་མཆི་མས་གང་སྟེ། རྐན་དང་། མཆུ་དང་། ཁ་དང་། སོ་སྐམས་ནས་ཅང་མི་ཟེར་རོ། །བཙུན་མོས་སྨྲས་པ།ཁོ་མོའི་བུ་སྡུག་ཐ་ཆུངས་དེ་ག་རེ། ཁོ་མོའི་སྙིང་འདི་གས་ལ་ཐུག་གྱུར་ཅིང་། །ལུས་ནི་མི་བཟད་རབ་ཏུ་གཟིར་གྱུར་ཏེ། །ཁོ་མོའི་དྲན་པ་ཉམས་གྱུར་མྱུར་དུ་སྨྲོས། །དེ་ནས་གཞོན་ནུ་དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་དེ་ཞིབ་ཏུ་སྨྲས་སོ། །དེ་ཐོས་མ་ཐག་ཏུ་རྒྱལ་པོ་དང་། བཙུན་མོ་མྱོས་པར་གྱུར་ཏེ། མྱོས་པ་སངས་ནས་སྙིང་རྗེ་རྗེའི་སྐད་དུ་ངུ་ཞིང་ཕྱོགས་དེར་དོང་ངོ་། །དེ་ནས་རྒྱལ་པོ་དང་བཙུན་མོས་རུས་པ་དེ་དག །ཤ་དང་། ཁྲག་དང་། རྒྱུས་པ་མེད་ཅིང་། སྐྲ་ཕྱོགས་དང་ཕྱོགས་མཚམས་སུ་འཐོར་བ་མཐོང་ནས་ཤིང་རླུང་གིས་བཏབ་པ་བཞིན་དུ་འགྱེལ་ཏོ། །དེ་ནས་མདུན་ན་འདོན་པ་དང་། བློན་པོ་དག་གིས་དེ་ལྟར་གྱུར་པ་དེ་མཐོང་ནས། ཆུ་དང་རི་མ་ལ་ཡའི་ཙནྡན་


DKG089_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྡེ་གུས། རྒྱལ་པོ་དང་བཙུན་མོའི་ལུས་སིམ་པར་བྱས་སོ། །དེ་ནས་རིང་ཞིག་ལོན་པ་དང་། འདུ་ཤེས་རྙེད་ནས། རྒྱལ་པོ་ལངས་ཏེ་སྙིང་རྗེ་རྗེའི་སྐད་དུ་འབོད་པ། ཀྱི་ཧུད་བུ་སྡུག་ཡིད་འོང་མཐོང་དགའ་བ། །འཆི་བདག་དབང་དུ་ཅི་ཕྱིར་མྱུར་དུ་སོང་། །འཆི་བདག་ཅི་ཕྱིར་ང་ལ་སྔར་མ་འོངས། །ང་ལ་སྡུག་བསྔལ་འདི་ལས་གཞན་མི་འབྱུང་། །བཙུན་མོ་ཡང་མྱོས་པ་ལས་ལངས་ནས། སྐྲ་ཞིག་ཅིང་ལག་པ་གཉིས་ཀྱིས་བྲང་བརྡུངས་ཏེ། ཉ་ཐང་ལ་ཕྱུང་བ་བཞིན་དུ་སའི་སྟེང་ན་འགྲེ་ལྡོག་ཅིང་མ་ཧེའི་བེའུ་སྟོར་བ་དང་། རྔ་མོ་རྔེའུ་སྟོར་བ་བཞིན་དུ་སྙིང་རྗེ་རྗེའི་སྐད་དུ་ངུའོ། །ཀྱི་ཧུད་སྡུག་ཅིང་གཅེས་པའི་བུ་ནི་པདྨ་འདི། །སུ་ཡིས་ས་ཡི་སྟེང་དུ་བཤིག་ནས་རབ་ཏུ་གཏོར། །ཡིད་འོང་མིག་ལྡན་ཟླ་འདྲའི་བཞིན་ཅན་བདག་གི་བུ། །བདག་གི་དགྲ་བོ་གང་གིས་དེ་རིང་ས་འདིར་བཅོམ། །ཀྱི་ཧུད་ས་འདིར་བུ་མཆོག་བསད་མཐོང་བ། །ལུས་འདི་ཅི་ཕྱིར་དེ་རིང་ཞིག་མ་གྱུར། །སྡུག་བསྔལ་འདི་འདྲ་མཐོང་ཡང་མ་གས་པས། །བདག་གི་སྙིང་འདི་ལྕགས་ནི་ཡིན་ཡང་དག །དེ་རིང་རྨི་ལམ་དུ་ནི་བདག་གི་ནུ་མ་འགའ་ཞིག་གིས་ནི་རལ་གྲིས་བཅད། །སོ་ཡང་ཕྱུང་བས་དེ་རིང་བདག་གི་བུ་སྡུག་དེ་ནི་མྱུར་དུ་མ་རུང་གྱུར། །བདག་གིས་ཐི་བའི་ཕྲུ་གུ་གསུམ་ཞིག་རྙེད་པ་གཅིག་འདིར་ཇི་ལྟར་ཁྲས་ཁྱེར་བཞིན། །བདག་ནི་བུ་གསུམ་དག་གིས་བསྐོར་བ་ལས་ཀྱང་གཅིག་ནི་དེ་རིང་འཆི་བདག་ཁྱེར། །ཀྱི་ཧུད་སྡིག་པ་ཅན་གྱི་རྨི་ལམ་དེ་ཡི་འབྲས་བུ་གྲུབ་པ་འདི་ཡིན་ནོ། །དེ་ནས་རྒྱལ་པོ་དང་བཙུན་མོ་སྙིང་རྗེ་རྗེའི་སྐད་དུ་རྣམ་པ་མང་པོས་སྨྲེ་ཞིང་རྒྱན་ཐམས་ཅད་བཀྲོལ་ནས། སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། གཞོན་ནུའི་རུས་པ་རྣམས་ས་ཕྱོགས་འདིར་བཞག་གོ། །ཀུན་དགའ་བོ་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་སྙིང་སྟོབས་ཆེན་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན། རྒྱལ་བུ་གཞོན་ནུ་སྙིང་སྟོབས་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་ཡོངས་སུ་མ་གྲོལ་བ་དེའི་ཚེ་ཡང་


DKG089_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས། ངས་འགྲོ་བ་མཐའ་དག་ལ་ཕན་བཏགས་ནས་སྐྱོན་ཐམས་ཅད་དང་བྲལ་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་ད་ལྟར་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་སེམས་ཅན་རེ་རེའི་ཕྱིར་ཡང་སེམས་ཅན་དམྱལ་བ་རྣམས་སུ་བསྐལ་པར་གནས་པར་སྤྲོ་ཞིང་། སྐྱེ་བའི་འཁོར་བ་ལས་རྣམ་པར་དགྲོལ་ལོ། །སེམས་ཅན་གྱི་སྙིང་པོས་ཤིན་ཏུ་བྱ་དཀའ་བ་རྣམ་པ་སྣ་ཚོགས་པ་དུ་མས་འགྲོ་བ་མཐའ་དག་ལ་ཕན་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བྱང་ཆུབ་མཆོག་འདི་ཡོངས་སུ་ཚོལ་བ་ན། །བསྐལ་པ་མང་པོར་ངས་ནི་ལུས་བཏང་སྟེ། །ཇི་ལྟར་རྒྱལ་པོ་དང་ནི་རྒྱལ་བུར་གྱུར། །དེ་ལྟར་ངས་ནི་ལུས་རྣམས་ཡོངས་སུ་བཏང་། །སྔོན་གྱི་ཚེ་རབས་རྣམས་ནི་རྗེས་དྲན་ཏེ། །ཤིང་རྟ་ཆེན་པོ་ཞེས་བྱའི་རྒྱལ་པོ་བྱུང་། །དེ་ལ་བུ་ནི་གཏོང་བ་ཆེ་ལྡན་པ། ། སྙིང་སྟོབས་ཆེ་ཞེས་བྱ་བ་དམ་པ་ཡོད། །དེ་ལ་ཕུ་བོ་དག་ནི་གཉིས་ཡོད་དེ། །མིང་ནི་སྒྲ་ཆེན་པོ་དང་ལྷ་ཆེན་པོ། །སྤུན་ཚོགས་དེ་དག་ནགས་ཚལ་ཁྲོད་དུ་དོང་། །དེ་དག་སྟག་མོ་བཀྲེས་པས་གཟིར་བ་མཐོང་། །དེ་ལ་སེམས་ཅན་མཆོག་དེ་སྙིང་རྗེ་སྐྱེས། །སྟག་མོ་འདི་ནི་བཀྲེས་སྐོམ་གཟིར་བས་ན། །བདག་བུ་དེ་དག་ཟ་བར་འགྱུར་འོང་གིས། །དེ་ལྟར་བདག་ལུས་ད་ནི་གཏང་བར་བྱ། །ཤིང་རྟ་ཆེ་ཡི་བུ་ནི་སྙིང་སྟོབས་ཆེ། །སྟག་མོ་བཀྲེས་མཐོང་སྟག་ཕྲུག་རྣམས། །ཐར་བར་བྱ་ཕྱིར་སྙིང་རྗེ་ཡིས། །རི་ངོས་གཟར་ནས་མཆོངས་པ་དང་། །ས་ནི་རི་དང་བཅས་སུ་གཡོས། །བྱ་ཚོགས་རྣམ་མང་རྣམ་པར་མཐོང་། །རི་དགས་ཚོགས་སྐྲག་འཇིག་རྟེན་འདི། །མུན་པས་ཐིབས་པོར་གནས་པར་གྱུར། །དེ་ཡི་ཕུ་བོ་སྒྲ་ཆེན་དང་། །དེ་བཞིན་ལྷ་ཆེན་དེ་གཉིས་ཀྱིས། །ནགས་ཚོགས་ཆེན་པོ་དེར་བལྟས་ན། །སྙིང་སྟོབས་ཆེན་པོ་མ་རྙེད་ནས། །ཤིན་ཏུ་མྱ་ངན་ཟུག་རྔུས་སྙིང་། །དྲན་མེད་ནགས་ཀྱི་ནང་དུ་རྒྱུ། །ནུ་བོ་དེ་ནི་ཡོངས་ཚོལ་ཞིང་། །གདོང་ལ་མཆི་ཟག་ནགས་ཁྲོད་རྒྱུ། །སྒྲ་ཆེན་དེ་བཞིན་ལྷ་ཆེན་པོ། །རྒྱལ་བུ་གཞོན་ནུ་དེ་དག་གཉིས། །སྟག་མོ་ཉམ་ཆུང་གར་ཉལ་བ། །དེར་ནི་ཉེ་བར་སོང་བ་དང་། །སྟག་མོ་དང་ནི་


DKG089_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཕྲུག་གི། །སྟག་གི་མཆུ་ལ་ཁྲག་ཆགས་མཐོང་། །སྐྲ་དང་རུས་པ་ཅུང་ཟད་ཅིག །ས་ལ་རྣམ་པར་འཐོར་བ་མཐོང་། །དེ་ཡི་ཁྲག་གི་ཐིགས་པ་ནི། །ཉུང་ཞིག་ས་ལ་ཡོད་པར་གྱུར། །རྒྱལ་པོའི་བུ་ནི་དེ་གཉིས་ཀྱིས། །ཁྲག་ཆགས་པ་ཡི་ས་དེ་མཐོང་། ། རབ་ཏུ་བརྒྱལ་ཏེ་ས་དེ་ལ། །འགྱེལ་ནས་ཡིད་ནི་ཉམས་པར་གྱུར། །ལུས་རྣམས་ལ་ནི་རྔུལ་གྱིས་གོས། །དྲན་དབང་ཉམས་ཤིང་སེམས་ཀྱང་མྱོས། །དེ་དག་གི་ནི་འཁོར་རྣམས་ཀྱང་། །སྙིང་རྗེར་ངུ་ཞིང་མྱ་ངན་ནོན། །དེ་དག་ཆུས་ནི་རབ་འཐོར་ཞིང་། །ལག་པ་བསྒྲེང་སྟེ་ངུ་ཞིང་གནས། །དེ་ནི་འགྱེལ་མ་ཐག་ཏུ་ཡང་། །བཙུན་མོ་གཅེས་མཆོག་སྐྱེད་པའི་མ། །བུད་མེད་དག་ནི་ལྔ་བརྒྱ་དང་། །ཕོ་བྲང་ནང་ན་བདེར་འདུག་པ། །ནུ་སོར་གཉི་གའི་རྩེ་མོ་ནས། །འོ་མ་ཁྲག་ཏུ་འབྱུང་ཞིང་འཛག །དེ་ཡི་ལུས་དང་ཡན་ལག་ཀུན། །ཁབ་ཀྱིས་བཙགས་པ་བཞིན་དུ་ཚ། །སྙིང་ནི་རབ་ཏུ་མྱ་ངན་གང་། །བུ་བྲལ་མྱ་ངན་དྲག་མདས་ཕོག །རྒྱལ་པོའི་གན་དུ་ཉེར་སོང་སྟེ། །མྱ་ངན་རབ་གདུངས་ཡིད་མི་དགའ། །སྙིང་རྗེའི་སྒྲ་ཡིས་རབ་ངུ་ཞིང་། །རྒྱལ་པོ་ཤིང་རྟ་ཆེ་ལ་སྨྲས། །མི་དབང་རྒྱལ་པོ་བདག་ལ་གསོན། །བདག་ལུས་མྱ་ངན་མེ་ཡིས་ཚིག ། བདག་གི་ནུ་སོར་རྩེ་གཉིས་ནས། །འོ་མ་ཁྲག་ཏུ་རབ་ཏུ་འབྱུང་། །བདག་ལུས་ཁབ་ཀྱིས་བཙགས་བཞིན་ཚ། །བདག་གི་སྙིང་ཡང་གས་ལ་ཐུག །ཇི་ལྟར་སྡུག་པའི་བུ་རྣམས་ནི། །ཕྱིན་ཅད་མི་མཐོང་འདི་འདྲའི་ལྟས། །བདག་གི་བུ་རྣམས་དེ་ལྟར་འཚལ། །ཐུགས་རྗེ་མཛོད་དེ་བདག་སྲོག་སྩོལ། །དེ་རིང་བདག་གི་རྨི་ལམ་ན། །ཐི་བའི་ཕྲུ་གུ་གསུམ་རྙེད་ན། །བདག་གི་ཐི་བའི་ཕྲུ་གུ་ནི། །སྡུག་ཅིང་ཡིད་འོང་གང་ལགས་པ། །དེར་ནི་ཁྲ་མཆིས་བདག་གི་ནི། །ཐི་བའི་ཕྲུ་གུ་དེ་ཁྲས་འཚལ། །བདག་གི་རྨི་ལམ་འདི་འདྲ་ཡི། །མྱ་ངན་སྙིང་འདིར་རབ་ཏུ་ཞུགས། །སེམས་ནི་མྱ་ངན་རབ་གདུངས་པས། །བདག་ནི་རིང་པོར་མི་ཐོགས་འགུམ། །བདག་གིས་བུ་རྣམས་དེ་ལྟར་འཚལ། །ཐུགས་རྗེ་ལྡན་པ་བདག་སྲོག་སྩོལ། །དེ་སྐད་སྨྲས་ནས་བཙུན་མོ་མཆོག །བརྒྱལ་ནས་ས་དེར་འགྱེལ་བར་གྱུར། །དྲན་པའི་དབང་པོ་རྣམ་པར་


DKG089_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས། །སེམས་ཀྱང་སྟོར་ཞིང་དྲན་པ་མེད། །བཙུན་མོའི་འཁོར་ཚོགས་ཐམས་ཅད་ཀྱང་། །སྙིང་རྗེའི་སྐད་ཀྱིས་རབ་ཏུ་ངུ་། །བཙུན་མོ་དམ་པ་བརྒྱལ་གྱུར་ཏེ། །ས་ལ་འགྱེལ་བ་མཐོང་ནས་ནི། །དེ་མ་ཐག་ཏུ་རྒྱལ་དབང་དེ། །བུ་དང་བྲལ་བའི་མྱ་ངན་ནོན། །བློན་པོ་དང་ནི་འཁོར་རྣམས་ཀྱང་། །གཞོན་ནུ་རྣམས་ནི་བཙལ་ཕྱིར་དོང་། །གྲོང་ཁྱེར་ཀུན་གྱི་སྐྱེ་བོ་དག །ཐ་དད་ཁྱིམ་ནས་བྱུང་ཞིང་འཁོད། །ངུ་ཞིང་གདོང་ནས་མཆི་མ་ཟག །ལམ་ཀར་སྙིང་སྟོབས་ཆེ་དེ་འདྲི། །གསོན་ཏམ་འོན་ཏེ་ཤི་འམ་ཅི། །སྙིང་སྟོབས་ཆེན་པོ་དེ་གར་སོང་། །བདག་ཅག་དེ་རིང་མཐོང་ཞིག་གམ། །ཡིད་འོང་སེམས་ཅན་མཐོང་རེ་དགའ། །དེའུ་རེ་མི་སྙན་ཐོས་འགྱུར་ཞིང་། །ཡུལ་འདིར་མྱ་ངན་མི་བཟད་རླུང་། །སྒྲ་མི་ཕྱིན་ཅིང་སྒྱུ་མཐའ་ཡས། །དྲག་པོའི་སྒྲར་བཅས་ལྡང་ཞིག་གམ། །རྒྱལ་པོ་ཤིང་རྟ་ཆེ་ལངས་ཏེ། །མྱ་ངན་ནོན་ཅིང་ངུ་བཞིན་དུ། །བཙུན་མོ་དམ་པ་སར་འགྱེལ་ལ། །བདག་ཉིད་ཆུ་ཡི་རྒྱུན་ཀྱང་འཐོར། །ཇི་སྲིད་དྲན་རྙེད་ལྡན་འགྱུར་བ། །དེ་སྲིད་དུ་ནི་ཆུ་ཡིས་གཏོར། །བདག་བུ་གུམ་མམ་གསོན་ཞིག་ཅེས། །ཞུམ་པའི་ཡིད་ཀྱིས་འདྲི་བར་བྱེད། །རྒྱལ་པོ་ཤིང་རྟ་ཆེན་པོ་ཡིས། །བཙུན་མོ་མཆོག་ལ་འདི་སྐད་སྨྲས། །བློན་པོ་དག་དང་འཁོར་རྣམས་ཀྱང་། །གཞོན་ནུ་རྣམས་ནི་ཚོལ་ཕྱིར་དོང་། །ཁྱོད་ནི་རབ་ཏུ་ཡིད་ཞུམ་ཞིང་། །རྟག་ཏུ་མྱ་ངན་སྙིང་མ་བྱེད། །དེ་ལྟར་ཤིང་རྟ་ཆེན་པོ་ཡིས། །བཙུན་མོ་དམ་པ་སྤྲོ་བསྲིངས་ཏེ། །རྒྱལ་པོའི་ཕོ་བྲང་ནས་བྱུང་ནས། །མྱ་ངན་ནོན་ཅིང་ངུ་བཞིན་དུ། །བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །ཡིད་ནི་རབ་ཞུམ་ལུས་ཀྱང་ཞན། །སྲོག་ཆགས་བརྒྱ་ཕྲག་མང་པོ་ཡང་། །ངུ་ཞིང་མཆི་མ་ཟག་བཞིན་རྒྱུག །རྒྱལ་བུ་རྣམས་ནི་བཙལ་བའི་ཕྱིར། །གྲོང་ཁྱེར་གྱི་ནི་མཆོག་ནས་བྱུང་། །རྒྱལ་པོ་བྱུང་བ་མཐོང་ནས་ནི། །རྒྱལ་པོའི་ཕྱི་བཞིན་ཀུན་ཏུ་འབྲང་། །རྒྱལ་པོ་ཤིང་རྟ་ཆེན་པོ་ནི། །གྲོང་ཁྱེར་ནས་བྱུང་དེ་མ་ཐག །སྡུག་པའི་བུ་ནི་བལྟ་བའི་ཕྱིར། །རྒོད་པའི་མིག་གིས་ཕྱོགས་སུ་བལྟས། །མགོ་བྲེགས་ཡན་ལག་ཁྲག་སྦགས་ཤིང་། །ལུས་ལ་རྡུལ་གྱིས་གོས་


DKG089_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ལ། །གདོང་ལ་མཆི་ཟག་ངུ་བཞིན་དུ། །འོང་བའི་མི་ཞིག་མཐོང་ནས་ནི། །ཤིང་རྟ་ཆེན་པོའི་སྙིང་ལ་ཡང་། །རབ་ཏུ་མི་བཟད་མྱ་ངན་གནས། །ངུ་ཞིང་གདོང་ལ་མཆི་མ་ཟག །ལག་པ་བསྒྲེང་སྟེ་ངུ་ཞིང་འདུག །དེ་ནས་བློན་པོ་གཞན་ཞིག་ནི། ། རྒྱང་རིང་མྱུར་དུ་རིངས་པར་འོང་། །འོངས་ནས་མི་དབང་རྒྱལ་པོ་ནི། །ཤིང་རྟ་ཆེ་ལ་འདི་སྐད་སྨྲས། །མི་དབང་ཐུགས་ངན་མ་མཛད་ཅིག །ཁྱོད་སྲས་ཡིད་དུ་འོང་བ་མཆིས། །རིང་པོར་མི་ཐོགས་ཁྱོད་ཀྱི་གནས་འདིར་ནི། །སྲས་མཆོག་ཡིད་འོང་མཆི་བ་ཁྱོད་ཀྱིས་གཟིགས། ། རྒྱལ་པོ་ཡུད་ཙམ་ལམ་དུ་ཞུགས་པ་དང་། །དེ་ནས་བློན་པོ་ཆེན་པོ་གཉིས་པ་འོངས། །རྡུལ་ཆགས་དྲི་མ་ཅན་གྱི་གོས་གྱོན་ཅིང་། །མཆི་མའི་གདོང་གིས་རྒྱལ་ལ་འདི་སྐད་སྨྲས། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་གཉིས་ནི། །མྱ་ངན་མེ་ཡིས་རབ་ཏུ་གདུངས་ཤིང་གནས། །རྒྱལ་པོ་ཁྱོད་ཀྱི་སྲས་མཆོག་གཅིག་མི་གདའ། །སྙིང་སྟོབས་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན། །སྟག་མོ་བུ་བྱུང་རིང་པོར་མ་ལོན་པ། །རང་གི་བུ་རྣམས་ཟ་བར་འདོད་པ་མཐོང་། །དེ་དག་ལ་ནི་གཞོན་ནུ་སེམས་ཅན་ཆེས། །སྙིང་རྗེ་ཆེན་པོ་ལྡན་པས་སེམས་བསྐྱེད་ནས། །བྱང་ཆུབ་ཏུ་ནི་སྨོན་ལམ་ཆེ་བཏབ་པ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ་བར་བྱ། །བྱང་ཆུབ་ཟབ་མོ་རྒྱ་ཆེན་འདོད་པ་ལ། །མ་འོངས་དུས་ན་བདག་གིས་རིག་པར་བྱ། །སེམས་ཅན་ཆེན་པོ་རི་ངོས་གཟར་ནས་མཆོངས། །སྟག་མོ་བཀྲེས་པས་ནོན་པ་དེ་ལངས་ཏེ། །ཡུད་ཙམ་གྱིས་ནི་ལུས་ལ་ཤ་མེད་བྱས། །རྒྱལ་པོའི་བུ་ནི་རུས་པ་ཉི་ཙེ་ལུས། །མ་རུངས་པ་ཡི་ཚིག་ནི་དེ་ཐོས་ནས། །རྒྱལ་པོ་ཤིང་རྟ་ཆེན་པོ་བརྒྱལ་གྱུར་ཏེ། །ས་ལ་འགྱེལ་ནས་སེམས་ཀྱང་སྟོར་བར་གྱུར། །མྱ་ངན་མེ་ནི་ཤིན་ཏུ་མི་བཟད་འབར། །འཁོར་དང་བློན་པོས་སྙིང་རྗེའི་སྐད་ཀྱིས་ནི། །ངུ་ཞིང་མྱ་ངན་ནོན་བཞིན་དེ་དག་ཀྱང་། །ཆུས་གཏོང་ལག་པ་བསྒྲེང་སྟེ་རབ་ཏུ་ངུ་། །བློན་པོ་གསུམ་པས་རྒྱལ་ལ་སྨྲས་པ་ནི། །བདག་གིས་དེ་རིང་གཞོན་ནུ་གཉིས་པོ་དག །ནགས་ཆེན་དེ་ན་རབ་ཏུ་བརྒྱལ་གྱུར་ཞིང་། །ས་ལ་འགྱེལ་ཏེ་སེམས་ཀྱང་སྟོར་


DKG089_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ནས། །དྲན་པ་རྙེད་དེ་ལངས་ཀྱི་བར་དུ་ནི། །བདག་ཅག་རྣམས་ཀྱིས་ཆབ་ཀྱིས་རབ་ཏུ་གཏོར། །ཕྱོགས་བཞི་དག་ན་ཀུན་ནས་འབར་བར་མཐོང་། །ཡུད་ཙམ་འགྲེང་ནས་སླར་ཡང་ས་ལ་འགྱེལ། །སྙིང་རྗེའི་སྐད་ཀྱིས་སྨྲེ་སྔགས་རབ་ཏུ་འདོན། །རྟག་པར་ལག་པ་བསྒྲེང་སྟེ་གནས་ནས་ནི། །ནུ་བོ་དེ་ཡི་བསྔགས་པ་རབ་ཏུ་བརྗོད། །རྒྱལ་པོ་དེ་ནི་རབ་ཏུ་སེམས་ཞུམ་ཞིང་། །བུ་དང་བྲལ་བས་ནོན་ནས་སེམས་ཀྱང་འཁྲུགས། །མྱ་ངན་རབ་ཏུ་གདུངས་ཤིང་སྨྲེ་སྔགས་འདོན། །རྒྱལ་པོ་དེ་ནི་འདི་སྙམ་ཡོངས་སུ་སེམས། །བདག་བུ་སྡུག་ཅིང་ཡིད་འོང་གཅིག་པོ་ནི། །སེམས་ཅན་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན། །བདག་གི་བུ་ནི་གཉིས་པོ་དེ་དག་ཀྱང་། །མྱ་ངན་མེ་ཡིས་སྲོག་ནི་ཟད་འོང་གིས། །འདི་ལྟར་བདག་ནི་མྱུར་དུ་དེར་སོང་ལ། །མཐོང་ན་དགའ་བའི་བུ་དག་བལྟ་བར་བྱ། །བཞོན་པ་མགྱོགས་པས་རྒྱལ་པོའི་ཕོ་བྲང་གི །རྒྱལ་པོའི་ཁབ་ཏུ་མྱུར་དུ་བཀྲི་བར་བྱ། །དེ་དག་རྣམས་ནི་སྐྱེད་པའི་མ་ཡི་སྙིང་། །མྱ་ངན་མེ་ཡིས་གས་པར་འགྱུར་དུ་འོང་། །བུ་གཉིས་མཐོང་ནས་ཞི་བ་ཐོབ་འགྱུར་ཏེ། །སྲོག་དང་བྲལ་བར་འགྱུར་བ་མ་ཡིན་ནོ། །རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནས། །གླང་ཆེན་ཞོན་ཏེ་བུ་རྣམས་བལྟ་ཕྱིར་སོང་། །བུ་གཉིས་སྙིང་རྗེའི་སྐད་ཀྱིས་རབ་ངུ་ཞིང་། །ནུ་བོའི་མིང་འབོད་ལམ་ནས་འོང་བ་མཐོང་། །རྒྱལ་པོས་བུ་དེ་གཉིས་ནི་ཁྲིད་ནས་སུ། །རབ་ཏུ་ངུ་ཞིང་ཁྱིམ་དུ་སོང་ནས་ནི། །དེ་ཡིས་སྐྱེན་པར་ལ་གོར་མྱུར་དུ་ཡང་། །བཙུན་མོ་ལ་ནི་རང་གི་བུ་རྣམས་བསྟན། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ང་། །སྔོན་གྱི་རྒྱལ་པོ་ཤིང་རྟ་ཆེན་པོ་ཡི། །བུ་སྟེ་སྙིང་སྟོབས་ཆེན་པོ་མཆོག་གྱུར་ཅིང་། །གང་གིས་སྟག་མོ་བདེ་བར་བྱས་པ་ཡིན། །རྒྱལ་པོའི་དབང་པོ་དམ་པ་ཟས་གཙང་ནི། །ཤིང་རྟ་ཆེ་ཞེས་བྱ་བའི་རྒྱལ་པོར་གྱུར། །བཙུན་མོའང་བཙུན་མོ་དམ་པ་སྒྱུ་འཕྲུལ་གྱུར། །སྒྲ་ཆེན་པོ་ནི་བྱམས་པར་གྱུར་པ་ཡིན། །རྒྱལ་བུ་ལྷ་ཆེན་པོ་ཡང་དེ་བཞིན་དུ། །དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན། །སྟག་མོར་གྱུར་པ་སྐྱེ་དགུའི་བདག་མོ་ཆེ། །སྟག་ཕྲུག་རྣམས་ནི་


DKG089_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་ལྔ་པོར་གྱུར། །དེ་ནས་རྒྱལ་པོ་ཤིང་རྟ་ཆེན་པོ་དང་། །བཙུན་མོ་སྙིང་རྗེ་བར་སྨྲེ་སྔགས་རྣམ་པ་མང་པོ་བཏོན་ནས་རྒྱན་ཐམས་ཅད་བཀྲོལ་ཏེ། །སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། སྙིང་སྟོབས་ཆེན་པོ་དེའི་རུས་པ་འདི་དག་ས་ཕྱོགས་འདི་ཉིད་དུ་བཞག་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འདི་བྱས་སོ། །སྙིང་སྟོབས་ཆེན་པོ་འདིས་སྟག་མོ་ལ་ལུས་ཡོངས་སུ་བཏང་ནས། ལུས་ཡོངས་སུ་བཏང་བ་འདིས་ཕྱི་མ་མ་འོངས་པའི་དུས་ན། བསྐལ་པ་བགྲང་བ་ལས་ཤིན་ཏུ་འདས་པ་རྣམས་སུ་ཡང་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱའོ་ཞེས་སྨོན་ལམ་དེ་སྐད་བཏབ་བོ། །བསྟན་པ་འདི་བཤད་པ་ན་ལྷ་དང་མིར་བཅས་པའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མཆོད་རྟེན་འདི་འདིར་བསྟན་པའི་རྒྱུ་ནི་འདི་ཡིན་ནོ། །རྐྱེན་ནི་འདི་ཡིན་ནོ། །མཆོད་རྟེན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་ས་དེ་ཉིད་ཀྱི་ནང་དུ་ཞུགས་སོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སྟག་མོ་ལ་ལུས་ཡོངས་སུ་བཏང་བའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དེ་དག་དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་དེ་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རྒྱལ་བའི་སྐུ་མཆོག་བཙོ་མའི་གསེར་འདྲ་སྟེ། །སྐུ་ལུས་གསེར་གྱི་མདོག་ཏུ་རྣམ་པར་གདའ། །གསེར་གྱི་རི་དབང་ལྟ་བུར་གསེར་གྱི་མདོག །ཐུབ་པ་པདྨ་དཀར་པོ་གསེར་མདོག་ཅན། །བཟང་པོའི་མཚན་


DKG089_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྐུ་ལུས་རྣམ་པར་བརྒྱན། །དཔེ་བྱད་སྣ་ཚོགས་བཟང་པོས་སྐུ་ལུས་སྤྲས། །གསེར་གྱི་འོད་ལྟར་མཛེས་པ་རྣམ་པར་འབར། །ཤིན་ཏུ་དྲི་མེད་ཞི་བ་རི་དབང་འདྲ། །ཚངས་པའི་སྒྲ་དང་སྒྲ་སྙན་ཚངས་པའི་དབྱངས། །སེང་གེའི་སྒྲ་དང་འབྲུག་སྒྲ་བསྒྲགས་པའི་དབྱངས། ། ཡན་ལག་དྲུག་ཅུའི་བསྒྲགས་སྒྲ་དྲི་མེད་སྒྲ། །རྒྱལ་དབྱངས་རྨ་བྱ་ཀ་ལ་པིང་ཀའི་སྒྲ། །ཤིན་ཏུ་དྲི་མེད་དྲི་བྲལ་གཟི་འོད་མཛེས། །རྒྱལ་བ་བསོད་ནམས་བརྒྱ་པའི་མཚན་གྱིས་བརྒྱན། །མཁྱེན་པའི་རྒྱ་མཚོ་དྲི་མེད་དྲི་བྲལ་མཆོག །རྒྱལ་བ་ཡོན་ཏན་ཀུན་ལྡན་རི་རབ་འདྲ། ། སེམས་ཅན་རྣམས་ལ་ཕན་པར་ཐུགས་བརྩེ་མཆོག །འཇིག་རྟེན་དག་ན་བདེ་བ་སྦྱིན་པའི་མཆོག །རྒྱལ་བ་དམ་པའི་དོན་རྣམས་སྟོན་པ་སྟེ། །མྱ་ངན་འདས་པའི་བདེ་ལ་འཛུད་པ་ལགས། །འཆི་བ་མེད་པའི་བདེ་བ་སྩོལ་བ་སྟེ། །རྒྱལ་བའི་བདུད་རྩིའི་ཆོས་ནི་རབ་ཏུ་སྟོན། ། འཆི་བ་མེད་པའི་གྲོང་ཁྱེར་འཛུད་པ་སྟེ། །བདེ་བ་ཀུན་གྱི་འབྱུང་གནས་བདེ་བའི་གནས། །རྒྱལ་བ་འགྲོ་བའི་སྡུག་བསྔལ་ཐར་བར་མཛད། །སྡུག་བསྔལ་རྒྱ་མཚོ་ལས་ནི་སྐྱེ་དགུ་སྒྲོལ། །ཞི་བའི་ལམ་ལ་སྐྱེ་དགུ་རབ་ཏུ་འཛུད། །སྐྱེ་དགུ་རྣམས་ལ་བདེ་བ་ཀུན་སྩོལ་བ། །ཁྱོད་ལ་དཔེ་ནི་བགྱི་བར་མི་ནུས་ཏེ། །ཇི་སྙེད་འདྲེན་པའི་ཡེ་ཤེས་ཡོན་ཏན་མཚོ། །སྲོག་ཆགས་ཀུན་ལ་ཁྱོད་ཀྱི་ཐུགས་རྗེ་དང་། །བྱམས་པའི་སྟོབས་དང་ཐབས་དང་བརྩོན་འགྲུས་དང་། །ཁྱོད་ཀྱི་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལས། །བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ཡང་། །ཡོན་ཏན་ཐིགས་པ་གཅིག་ཙམ་རབ་བསྟན་པར། །ལྷར་བཅས་འགྲོ་བའི་ནང་ན་ནུས་མ་མཆིས། །ཡོན་ཏན་མཚོ་ལས་ཡོན་ཏན་ཐིགས་བླངས་ཏེ། །དེ་ལྟར་བདག་གིས་མདོར་བསྡུས་ཅུང་ཟད་བཤད། །བདག་གིས་བསོད་ནམས་གང་བསགས་དེ་ཡིས་ནི། །སེམས་ཅན་དེ་དག་བྱང་ཆུབ་མཆོག་རེག་ཤོག །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟོད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་


DKG089_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཐུབ་དབང་ཁྱོད་ནི་བསོད་ནམས་བརྒྱ་པའི་མཚན། །དཔལ་སྟོང་མཛེས་པའི་ཡོན་ཏན་རྣམས་ཀྱིས་བརྒྱན། །ཁ་དོག་རྒྱ་ཆེན་མཆོག་ཏུ་ཞི་བ་སྟོན། །ཉི་མ་སྟོང་ལྟར་འོད་ནི་རྣམ་པར་འཕྲོ། །འོད་ཟེར་དུ་མ་འབར་བའི་འོད་ཀྱིས་ཁྱབ། །ཁ་དོག་སྣ་ཚོགས་གང་བས་རིན་ཆེན་འདྲ། །སྔོན་པོ་དཀར་པོ་གསེར་འོད་བཻ་ཌཱུཪྱ། །ཟངས་དང་སྐྱ་རེངས་ཤེལ་གྱི་འོད་ལྟ་བུས། །རྡོ་རྗེ་རི་དབང་རི་རབ་ཐལ་མཛད་ཅིང་། །ཞིང་རྣམས་བྱེ་བ་དུ་མར་སྣང་མཛད་དེ། །སྡུག་བསྔལ་མི་བཟད་དྲག་པོ་ཞི་བར་མཛད། །བདེ་བའི་མཆོག་གིས་སེམས་ཅན་ཚིམ་པར་མཛད། །མདོག་དང་དབང་པོ་གསལ་བག་བལྟ་ན་མཛེས། །གཟུགས་བལྟས་མི་ངོམས་སྐྱེ་བོས་བལྟ་ན་དགའ། །རྨ་བྱའི་མདོག་འདྲའི་དབུ་སྐྲ་རྣམ་པར་མཛེས། །བུང་པ་མང་པོས་གང་བའི་འོད་དང་འདྲ། །ཐུགས་རྗེ་རྣམ་དག་ཡོན་ཏན་རྣམས་ཀྱིས་བརྒྱན། །ཏིང་འཛིན་བྱམས་པ་བསོད་ནམས་དམ་པ་བསགས། །དཔེ་བྱད་བཟང་དང་ཁ་དོག་སྣ་ཚོགས་ལྡན། ། ཏིང་འཛིན་བྱང་ཆུབ་ཡན་ལག་ཡོན་ཏན་བརྒྱན། །ཁྱོད་ནི་རབ་ཏུ་ཚིམ་མཛད་ཕན་པ་མཛད། །བདེ་མཛད་བདེ་བ་ཀུན་གྱི་འབྱུང་གནས་འབྱུང་། །ཡོན་ཏན་ཟབ་མོ་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཞིང་རྣམས་བྱེ་བ་དག་ཏུ་ལྷང་ངེ་སྟེ། །མེ་ཡི་འོད་ལྟར་འོད་ཟེར་རྣམས་ཀྱིས་མཛེས། །ཇི་ལྟར་ནམ་མཁའ་ཉི་དཀྱིལ་རྫོགས་པ་བཞིན། །རི་རབ་ལྟ་བུར་ཡོན་ཏན་ཀུན་ལྡན་པར། །འཇིག་རྟེན་ཁམས་རྣམས་ཀུན་ཏུ་རབ་ཏུ་གདའ། །བ་ཞོ་ཀུ་མུ་ད་དང་ཟླ་འདྲ་ཞིང་། །ཁ་བའི་མདོག་དང་དཀར་པོ་བཟང་འདྲ་བའི། །ཚེམས་ཀྱི་ཕྲེང་བས་ཁྱོད་ཀྱི་ཞལ་མཛེས་པ། །ངང་པའི་རྒྱལ་པོ་བར་སྣང་ཇི་བཞིན་ནོ། །ཁྱོད་ཀྱི་ཞི་ཞལ་མཚམས་གནས་ཟླ་བ་འདྲ། །གཡས་སུ་འཁྱིལ་ཞིང་ཁོང་ཆུད་འདྲ་བ་ལགས། །བཻ་ཌཱུཪྱ་འདྲའི་སྐུ་འོད་དཀར་རྣམས་ཀྱིས། །ནམ་མཁའི་དཀྱིལ་ན་ཉི་མ་ལྟ་བུར་མཛེས། །གསེར་འོད་དམ་པ་


DKG089_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པའི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་བསྟོད་པ། རྣམ་པར་དག་པའི་ཆོས་ལ་སྤོབས་པའི་བློ་མངའ་བ། །ལས་ངན་ལམ་དང་བྲལ་བའི་བདག་ཉིད་བློ་མངའ་ཞིང་། །སྲིད་དང་སྲིད་མིན་མཁྱེན་པ་རྣམ་དག་བློ་མངའ་བ། །སངས་རྒྱས་རྣམ་དག་བློ་མངའ་བ་ལ་ཕྱག་འཚལ་ལོ། །ཀྱེ་མའོ་ཀྱེ་མའོ་སངས་རྒྱས་གཟི་བརྗིད་མཐའ་ཡས་ཏེ། ། ཀྱེ་མའོ་ཀྱེ་མའོ་རྒྱ་མཚོ་དང་ནི་རི་རབ་འདྲ། །ཀྱེ་མའོ་ཀྱེ་མའོ་སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཏེ། །ཨུ་དུམ་བཱ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན། །སེམས་ཅན་དག་ནི་ཐམས་ཅད་རྗེས་སུ་གཟུང་སླད་དུ། །གང་གིས་མདོ་སྡེ་དམ་པ་འདི་འདྲ་རབ་གསུངས་པ། །མི་དབང་ཉི་མ་ཤཱཀྱའི་དབང་པོ་རིགས་ཀྱི་ཏོག །ཀྱེ་མའོ་ཀྱེ་མའོ་དེ་བཞིན་གཤེགས་པ་ཐུགས་རྗེ་ལྡན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དབང་པོ་ཞི། །ཞི་བ་དམ་པ་ཞི་བའི་གྲོང་ཁྱེར་རབ་ཏུ་ཞུགས། །ཏིང་འཛིན་ཟབ་ཅིང་ཞི་ལ་རྡུལ་དང་བྲལ་བ་ནི། །རྒྱལ་བ་སངས་རྒྱས་སྤྱོད་ཡུལ་དེར་ཡང་རབ་ཏུ་ཞུགས། །དེ་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་སྟེ། །རྐང་གཉིས་དམ་པ་རྣམས་ཀྱི་གནས་པའང་སྟོང་པ་ལགས། །ཆོས་རྣམས་དེ་དག་ཐམས་ཅད་རང་བཞིན་སྟོང་ལགས་ན། །སེམས་ཅན་རྣམས་ནི་སྟོང་པའི་བདག་ཉིད་མ་འཚལ་ཏོ། །རྟག་པར་ཁོར་ཟུག་ཏུ་ནི་རྒྱལ་བ་དྲན་པར་བགྱིད། །རྒྱལ་བ་མཐོང་བར་ཡང་ནི་རྟག་ཏུ་མྱ་ངན་བགྱིད། །རྫོགས་པའི་སངས་རྒྱས་ཉི་མ་མཐོང་བར་བགྱི་སླད་དུ། །རྟག་པར་ཡང་ནི་སྨོན་ལམ་རབ་ཏུ་འདེབས་པར་བགྱིད། །བདག་ནི་རྟག་ཏུ་དོག་སར་པུས་མོ་བཙུགས་ནས་སུ། །རྒྱལ་བའི་གཟུགས་ཀྱིས་སྐོམ་པས་རབ་ཏུ་མྱ་ངན་སེམས། །འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་བར་བགྱིད། །བདག་ནི་བདེ་བར་གཤེགས་པ་མཐོང་བར་རབ་ཏུ་སྐོམ། །མྱ་ངན་མེ་ཡིས་ཀུན་ཏུ་རབ་ཏུ་འབར་བར་འགྱུར། །མཐོང་བའི་


DKG089_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་བསིལ་བདག་ལ་རྟག་པར་སྩལ་དུ་གསོལ། །བདག་ནི་ཁྱོད་ཀྱི་གཟུགས་ལ་ལྟ་བས་རབ་ཏུ་སྐོམ། །ཐུགས་རྗེའི་ཆབ་ཀྱིས་བདག་ལ་རབ་ཏུ་ཚིམ་པར་མཛོད། །འདྲེན་པ་ཁྱོད་ནི་བདག་ལ་ཐུགས་རྗེ་མཛད་དུ་གསོལ། །ཞི་བའི་གཟུགས་མཐོང་བ་ནི་བདག་ལ་སྩལ་དུ་གསོལ། །ཁྱོད་ནི་ལྷ་དང་བཅས་པའི་འགྲོ་བའི་སྐྱོབ་པ་སྟེ། །འདི་ལྟར་ཉན་ཐོས་རྣམས་ཀྱི་ལུས་ནི་སྟོང་པ་ལགས། །སེམས་ཅན་ཐམས་ཅད་དག་ནི་རྨི་ལམ་རང་བཞིན་ཏེ། །ནམ་མཁའ་འདྲ་ཞིང་ནམ་མཁའི་ངོ་བོ་ཉིད་ཀྱང་ལགས། །སྒྱུ་མ་སྨིག་རྒྱུ་དང་ནི་ཆུ་ཡི་ཟླ་བ་འདྲ། །འདྲེན་པ་ཁྱོད་ཀྱི་སྟོང་པ་ཆེ་དང་ལྡན་པ་ལགས། །དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ཚངས་པའི་སྒྲ་སྐད་ཀྱིས་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ཁྱོད་ལེགས་སོ་ལེགས་སོ། །ཁྱོད་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་ལ་སོགས་པའི་ལྷའི་བུ་མོ་དེ་དག་ཐམས་ཅད་དང་། ལྷ་མོ་ཆེན་མོ་དཔལ་ལ་སོགས་པ་ལྷ་མོའི་ཚོགས་དེ་དག་ཐམས་ཅད་དང་། རྣམ་ཐོས་ཀྱི་བུ་ལ་སོགས་པ་ལྷའི་རྒྱལ་པོ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། མཇུག་སྡུད་ཀྱི་ལེའུ་ཞེས་བྱ་སྟེ་ཉི་ཤུ་རྩ་དགུ་པའོ།། །།འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།པཎྜི་ཏ་ཛི་ན་མི་དྲ་དང་། ཤི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ་པ།། །