དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ།


DKG090_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷཱ་ར་ཎཱི་ཀལ་པཾ་ས་ཧི་ཏ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཕུག་ཁང་བཟངས་མཆོག་ན་ཉེ་བར་བཞུགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྡུག་བསྔལ་བ་ནད་ཀྱིས་གཟིར་བའི་སེམས་ཅན་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་ཕྱིར་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན་དུ་གཟིགས་པའི་དཔལ་གྱི་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཅང་བ་དང་། བཀླག་པ་དང་། གཞན་ལ་རྒྱ་ཆེར་ཡང་དག་པར་སྟོན་པ་ནི་ཚེ་རིང་བ་སྒྲུབ་པར་བྱེད་པའི་ཆེད་དུའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསྟན་དུ་གསོལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བདེ་བར་གཤེགས་པས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་དུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཥིཥྚཱ་ཡ་བུད་དྷཱ་ཡ་ཏེ་ན་མཿ། ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ་ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་


DKG090_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ག་ན་སྭ་བྷཱ་པ་བི་ཤུད་དྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱཿསུ་ག་ཏ་བ་ར་བ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དེཿ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿསན་དྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ།། ག་ག་ན་སྭ་བྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་ར་སྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན། པ་རི་ཤུད་དྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ། པྲ་ཏི་ནི་བར་ཏ་ཡ། མ་མ་ཨཱ་ཡུར་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན། ཨིདྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། པྷཱུ་ཏ་ཀོ་ཊི། པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷི་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲ་གརྦྷེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲཱི་ཎི། བཛྲམྦྷ་བནྟུ། མ་མ་ཤ་རཱི་རཾ་སརྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིར་བྷ་བནྟུ། ས་དཱ་མེ་སརྦ་ག་ཏི་པ་རི་ཤུད་དྷིཤྩ། སརྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུད་དྷེ། སརྦ་ཏུ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ནི་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྡིག་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། བདེ་འགྲོའི་ལམ་དུ་འགྲོ་བ། ངན་འགྲོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་འདི་ནི་སངས་རྒྱས་གང་གཱའི་ཀླུང་འབུམ་ཕྲག་བྱེ་བ་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་


DKG090_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་སྟེ། སེམས་ཅན་ཐམས་ཅད་བདེ་འགྲོར་འགྲོ་བར་བྱ་བ་དང་། ངན་འགྲོར་ལྷུང་བ་རྣམས་བཟློག་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམ་ང་བར་གྱུར་པ་རྣམས་དང་། སྡུག་བསྔལ་གྱི་རྒྱ་མཚོར་ལྟུང་བའི་སེམས་ཅན་རྣམས་རྣམ་པར་གྲོལ་བར་བྱ་བའི་ཕྱིར་གསུངས་པའོ། ། དེ་བཞིན་དུ་སེམས་ཅན་ཚེ་ཐུང་ཞིང་སྐལ་བ་ཆུང་བ་སྨད་པ་དང་། རྣམ་པ་སྣ་ཚོགས་པའི་སྐྱེ་བར་ལྟུང་བ་རྣམས་དང་། བསམ་པ་ཉམས་པ་དང་། སེམས་ཅན་ལམ་ལས་ཉམས་པ་རྣམས་ཀྱི་དོན་དུ་གཟུངས་འདི་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་གཟུངས་འདི་དང་། ཕྱག་རྒྱ་དང་། སྔགས་ཡོངས་སུ་གཏད་པ་ཡིན་ནོ། །དེའི་ཕྱིར་ལྷའི་དབང་པོ་ཁྱོད་ཀྱིས་ཡང་དག་པར་གཟུང་བར་བྱའོ། །ལྷའི་དབང་པོ་གཟུངས་འདི་ལན་ཅིག་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་རོ། །སྐྱེ་བར་སྐྱེ་བ་སྣ་ཚོགས་པ་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་དང་། འདི་ལྟ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོ་དང་། བྱ་དང་། སྦྲང་བུ་དང་། སྦྲང་མ་དང་། སྡིག་སྦྲུལ་དང་། གྲོག་སྦུར་ལ་སོགས་པ་སྲོག་ཆགས་ཀྱི་རིགས་རྣམས་སུ་ཕྱིས་མི་སྐྱེ་བར་རིག་པར་བྱའོ། །གཞན་དུ་དེ་བཞིན་གཤེགས་པ་དང་ཕྲད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་དང་། རིགས་ཆེན་པོར་སྐྱེ་བ་སྟེ། དེ་ལ་རིགས་ཆེན་པོ་ནི་འདི་ལྟ་སྟེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཚོང་དཔོན་གྱི་


DKG090_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེའོ་ཞེས་ང་སྨྲའོ། །ལྷའི་དབང་པོ་དེ་ལྟར་ན་གཟུངས་འདིའི་མཐུས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་སྐྱེ་བ་ཡོངས་སུ་དག་པ་ཆེན་པོ་འཐོབ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་དེ་ལྟར་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ། དགེ་བ་ཤིས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་བཞག་གོ། །འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ཤིན་ཏུ་དྲི་མ་མེད་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་འོད་གསལ་བ་ནི་འོད་ཟེར་གྱི་སྣང་བས་འབར་ཞིང་འདུག་གོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་གོས་པ་མེད་པར་ཤེས་པར་བྱའོ། །འདི་ལྟ་སྟེ། དཔེར་ན་འཛམ་བུ་ཆུ་བོའི་གསེར་ཤིན་ཏུ་དྲི་མ་མེད་པ། ཡོངས་སུ་དག་པ། ཤིན་ཏུ་མཉེན་པ། ཤིན་ཏུ་སྡུག་པའོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་ཆེན་པོ་དེ་ཡང་ཤིན་ཏུ་ཡོངས་སུ་དག་པར་རིག་ཕར་བྱ་སྟེ། ཚེ་རབས་གཞན་དུ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་གང་ན་གཟུངས་འདི་རབ་ཏུ་སྟོན་པ་དང་། བྱེ་བྲག་ཏུ་ན་ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་། ཁ་ཏོན་དུ་བྱེད་པ་དང་། མཆོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཉན་པ་དང་། འཛིན་པར་འགྱུར་བ་དེ་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་གཞག་པར་བྱ། རི་མཐོན་པོའམ། ཁང་པ་མཐོན་པོའམ། མཆོད་རྟེན་གྱི་ནང་དུ་གཞག་པར་བྱའོ། །ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་རྒྱལ་མཚན་གྱི་རྩེ་མོར་གཞག་པ་མཐོང་ངམ། དེ་དང་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པ་ཕོག་ན་ཡང་ལྷའི་དབང་པོ་སེམས་ཅན་དེ་


DKG090_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་མི་སྐྱེ་བར་རིག་པར་བྱའོ། །ལྷའི་དབང་པོ་སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱ་ན། ལྷའི་དབང་པོ་ཤིང་བཟོ་བྱེད་པ་ལ་ཡང་ཕན་ཡོན་ཆེན་པོར་འགྱུར་ན། མཆོད་པ་དང་། རིམ་གྲོར་བྱེད་ཅིང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྤོས་དང་། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང་། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ལ་གཟུངས་འདི་གཞག་ལ། ཐལ་མོ་སྦྱར་བའམ། ཕྱག་འཚལ་བའམ། སྐོར་བ་བྱེད་པ་ལྟ་ཅི་སྨོས་ཏེ། ལྷའི་དབང་པོ་སེམས་ཅན་འདི་ནི་སེམས་ཅན་ཆེན་པོ་ཡིན་པར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྲས་སུ་རིག་པར་བྱའོ། །ཆོས་ཀྱི་གནས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དུ་རིག་པར་བྱའོ། །དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དེའི་ནུབ་མོ་དེ་ནམ་ལངས་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་དང་། གོས་དང་། རྒྱན་ལ་སོགས་པས་མཆོད་པ་དང་། བསྟི་སྟང་དུ་བྱས་ནས་དེས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་སྨན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་དེའི་སླད་བཞིན་འབྲང་ཞིང་། དུས་ཀུན་དུ་བསྲུང་བ་དང་། ཡོངས་སུ་བསྐྱང་བའི་སླད་དུ་གནས་པར་བགྱིའོ། །སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་བྱས་པ་གཟོ་བར་བགྱིད་ཀྱི་བྱས་པ་མི་གཟོ་བར་མི་བགྱིད་དོ། །དེ་ནས་


DKG090_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཞིབ་མོ་དང་། བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་དང་གཟུངས་འདིའི་བྱ་བའི་ཆོ་གའི་ཚུལ་བཤད་པར་བྱའོ། །སེམས་ཅན་ཚེ་ཐུང་བའི་དོན་གྱི་ཕྱིར་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་ཚེས་བཅྭ་ལྔའི་ཟླ་བ་ལ་ཁྲུས་བྱས་ཏེ། གོས་གཙང་མ་གྱོན་ནས་སྨྱུང་བ་བྱས་ཏེ། ལན་སྟོང་བཟླས་བརྗོད་བྱས་ན་དེ་སེམས་ཅན་ཚེ་ཟད་པ་དེ་ཡང་ཕྱིར་ནུར་རོ། །ནད་དང་བྲལ་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བྱའི་རྣ་ལམ་དུ་ཡང་གཟུངས་འདིའི་སྒྲ་བསྒྲགས་པར་བྱ་སྟེ། དེས་ནི་དེའི་ངན་འགྲོ་འདི་ཉིད་ཐ་མ་ཡིན་པར་རིག་པར་བྱའོ། །གང་ཞིག་ནད་ཆེན་པོས་བཏབ་སྟེ་སྨན་པ་རྣམས་ཀྱིས་བྱེ་བྲག་ཕྱེ་སྟེ་བོར་བ་ཡང་དེ་ལྟར་ན་ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ནི་ངན་འགྲོར་སྐྱེ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་ཤེས་པར་བྱའོ། །དེ་གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨའི་སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སེམས་ཅན་སྡིག་པ་བྱེད་པ་གང་དག་འཆི་བའི་དུས་བྱས་པ། དེ་དག་གི་དོན་དུ་གཟུངས་འདི་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན་དེ་དག་སེམས་ཅན་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ནམ། ཡི་དགས་སམ། དེ་ལས་གཞན་པའི་ངན་འགྲོ་རྣམས་སུ་སྐྱེས་པར་གྱུར་ཀྱང་རུང་སྟེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་


DKG090_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །དེ་དག་ལས་ཐར་ནས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །སུ་ཞིག་འདི་ཉིན་གཅིག་བཞིན་དུ་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་ཡོངས་སུ་བརྗོད་པ་དེ་འཇིག་རྟེན་པ་ཆེན་པོ་རྣམས་ཀྱིས་མཆོད་པའི་འོས་སུ་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །ནད་མེད་པར་འགྱུར་རོ། །བདེ་བ་མྱོང་བར་འགྱུར་རོ། །རྟག་ཏུ་སྤྲོ་བ་དང་ལྡན་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་པ་ཐ་དད་དུ་འགྲོ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་རྣམས་དང་ཕྲད་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དབུགས་འཕྱིན་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ལུང་སྟོན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་འཇིག་རྟེན་ལ་སྣང་བ་བྱེད་པར་འགྱུར་རོ། །ཕྱག་རྒྱ་བཅིང་བ་ནི་སོར་མོ་བཅུའི་ཐལ་མོ་ལ་སྡིགས་མཛུབ་གཉིས་བཀུག་སྟེ་མཐེ་བོང་གཉིས་དང་སྦྱར་ལ། དེ་ནས་གཟུངས་འདི་དྲན་པར་བྱའོ། །དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ་མེ་ཏོག་སྣ་ཚོགས་བཀྲམ་ལ་སྣ་ཚོགས་པའི་བདུག་པས་བདུག་ཅིང་། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཏིང་ངེ་འཛིན་གྱིས་དམིགས་ལ་ཕྱག་བྱ་ཞིང་། དེ་ནས་གཟུངས་བརྒྱད་བརྒྱ་བཀླག་པར་བྱའོ། །དེ་ལྟར་ལན་ཅིག་བཀླགས་པ་ཙམ་གྱིས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིང་བསྙེན་བཀུར་དང་རི་མོར་བྱས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པར་འགྱུར་རོ། །དེ་ཀུན་གྱིས་ཀྱང་ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པར་འགྱུར་རོ། །སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ལས་སྐྱེས་པའི་སྲས་སུ་རིག་པར་བྱའོ། །སྒྲིབ་པ་མེད་པའི་ཡེ་ཤེས་དང་ལྡན་ཞིང་བྱང་ཆུབ་ཆེན་པོའི་སེམས་ཀྱི་རྒྱན་དང་མཉམ་པ་ཐོབ་པར་འགྱུར་རོ། །


DKG090_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་གཟུངས་བསྒྲུབ་པའི་ཆོ་གའི་ཐབས་འདིས་ནི་ལྷའི་དབང་པོ་འགྲོ་བ་ཐམས་ཅད་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པའི་ངན་འགྲོ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་དག་གི་འགྲོ་བ་ཐམས་ཅད་ཀྱང་ཡོངས་སུ་དག་པར་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །ལྷའི་དབང་པོ་སོང་ལ་ལྷའི་བུ་བློ་གྲོས་ཤིན་ཏུ་བརྟན་པ་ལ་གཟུངས་འདི་རྗེས་སུ་སྟོན་ལ་སྒྲོགས་ཤིག །ལྷའི་དབང་པོ་དེས་ན་ཞག་བདུན་ན་ལྷའི་བུ་ཤིན་ཏུ་བརྟན་པའི་འགྲོ་བ་ཐམས་ཅད་ཡོངས་སུ་དག་ཅིང་ཚེ་རིང་བར་འགྱུར་རོ། །སྟོབས་ཆེ་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ལས་རྗེས་སུ་བསྟན་པ་འདི་བླངས་ཏེ། དེའི་གནས་སུ་ཕྱིན་ནས་ལྷའི་བུ་ཤིན་ཏུ་བརྟན་པ་ལ་གཟུངས་འདི་བྱིན་ནོ། །དེ་ནས་ལྷའི་བུ་དེས་ཉི་མ་བདུན་པའི་བར་དུ་ཉིན་དྲུག་མཚན་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་ནས། དེའི་བསམ་པ་ཐམས་ཅད་ཕུན་སུམ་ཚོགས་ཏེ། འདི་ལྟ་སྟེ། ངན་འགྲོ་ལས་ནི་ཡོངས་སུ་ཐར། བདེ་བའི་ལམ་ལ་ཡང་གནས། ཚེ་རིང་བར་ཡང་གྱུར་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་ཆོས། ཨ་ལ་ལ་གཟུངས་འདི་ལྟ་བུ་འཇིག་རྟེན་དུ་བྱུང་སྟེ། དེས་བདག་འཇིགས་པ་ཆེན་པོ་ལས་ཡོངས་སུ་ཐར་ཏོ། །ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། ལྷའི་བུ་ཤིན་ཏུ་བརྟན་པ་འཁོར་ཆེ་བ་རྣམས་ཀྱིས་མེ་ཏོག་དང་། དྲི་དང་། བདུག་པ་དང་། ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། གོས་ཀྱི་རྒྱན་བཟང་པོའི་བླ་རེ་དང་། ལྷའི་ཚོགས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ཏེ་ཐད་དུ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་ལྷ་རྫས་ཀྱི་གོས་ཀྱི་རྒྱན་ལ་སོགས་པ་ཉེ་བར་མཁོ་བའི་མཆོད་པ་བརྒྱ་སྟོང་ཕུལ་ཏེ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། དེ་བཞིན་དུ་ཆེད་དུ་བརྗོད་པ་བྱས་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ་ཆོས་ཉན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་གསེར་གྱི་མདོག་ཅན་བརྐྱང་སྟེ་ལྷའི་བུ་ཤིན་ཏུ་བརྟན་པ་དབུགས་ཕྱུང་ནས་ཆོས་སྟོན་པར་བྱེད་ཅིང་སངས་རྒྱས་ཀྱི་བར་དུ་ལུང་སྟོན་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་


DKG090_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་འདི་ནི་འཆི་བ་ཆེན་པོའི་དབྱུག་པ་འཛིན་པ་སྟེ། དག་བྱེད་སྡིག་པ་འཇོམས་པར་བྱེད་པ་འདི་གྲོ་གའམ། གཞན་ཞིག་ལ་བྲིས་ཏེ། མཆོད་རྟེན་གྱི་ནང་དུ་བཞག་ལ་རབ་ཏུ་རྒྱ་ཆེ་བའི་མཆོད་པ་ཇི་ལྟར་འབྱོར་པས་མཆོད་དེ་བསྐོར་བ་སྟོང་ཕྲག་བརྒྱ་བྱས་ན་མཆོག་གི་ཚེ་དང་བློ་རྣོ་བ་སྦྱིན་པར་བྱེད་པར་འགྱུར་རོ། །དེ་ལྟར་བྱས་པས་ཞག་བདུན་པའི་ཚེ་ནི་ལོ་བདུན་ཐུབ་བོ། །ལོ་བདུན་པའི་ཚེ་ནི་ལོ་བདུན་ཅུ་ཐུབ་བོ། །དེ་ལྟར་མཆོག་གི་ཚེ་ཐོབ་ཅིང་དྲན་པ་དང་ལྡན་པ་དང་། ནད་མེད་པ་དང་། སྐྱེ་བ་དྲན་པར་འགྱུར་རོ། །མཆོད་རྟེན་ལ་བཞུགས་སུ་གསོལ་ཏེ། མགོ་ལ་བཅིངས་ན་ནད་ཆེན་པོ་ལས་གྲོལ་བར་འགྱུར་རོ། །གོས་སམ་ཤིང་ཤུན་ལ་གི་ཝང་གིས་རང་གི་མིང་དང་བཅས་པར་གཟུངས་བྲིས་ཏེ། ཙནྡན་གྱི་རང་བཞིན་གྱི་མཆོད་རྟེན་ལ་བཞུགས་སུ་གསོལ་ནས། རང་གི་ཁྱིམ་དུ་བཞག་ལ་རྒྱ་ཆེ་བའི་སྟོང་གིས་མཆོད་པས་མཆོད་དེ། ཟླ་བ་རེ་རེ་ཞིང་བརྒྱ་ཕྲག་བརྒྱད་ཀྱིས་བཟླས་པའི་མཆོད་པའི་ཆོ་ག་བྱས་ན་ནད་ལས་གྲོལ་ཞིང་ལོ་བརྒྱ་ཐུབ་པར་འགྱུར་རོ། །མེད་ན་འདམ་པའི་རང་བཞིན་ལ་ཡང་བྱའོ། །ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན་བྲིས་ལ། རྡོ་རྗེ་ཕྲེང་བས་བསྐོར་བས་བརྒྱན་པ་དེའི་ནང་དུ་རང་གི་མིང་དང་གཟུངས་ཀྱི་ཚིག་འདི་གི་ཝང་གིས་བྲིས་ལ། ཁམ་པོར་ཁ་སྦྱར་གྱི་ནང་དུ་བཞུགས་སུ་གསོལ་ཏེ་རང་གི་ཁྱིམ་དུ་བཞག་ལ་མཆོད་པ་རྒྱ་ཆེན་པོས་མཆོད་པ་བྱས་ན་རྟག་ཏུ་བསྲུང་བར་འགྱུར་རོ། །གཞན་ཡང་ཆོ་ག་ནི་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་གྲུ་བཞིར་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། མཚམས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ། ཨ་ག་རུ་དང་དུ་རུ་སྐའི་བདུག་བ་བྱས་ལ། དེ་བཞིན་དུ་དྲིའི་ཆུས་གང་བའི་སྣོད་མེ་ཏོག་དཀར་པོས་བརྒྱན་ཏེ། གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ་སྐུ་གཟུགས་དབུས་སུ་བཞུགས་སུ་གསོལ་ལ། དེ་ལ་གཡོན་པའི་ལག་པས་རེག་སྟེ་གཡས་པའི་ལག་པ་ཕྲེང་བ་འཛིན་པས་ཉི་མ་རེ་རེ་ཞིང་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་དུས་གསུམ་དུ་བཟླས་པ་བྱས་ལ། དེའི་


DKG090_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཁྱོར་བ་གསུམ་འཐུངས་ན་ནད་མེད་པ་དང་། ཚེ་རིང་བ་དང་། དགྲ་ཡོངས་སུ་ཉམས་པ་དང་། འཛིན་བློ་རྣོ་བ་དང་། ངག་བཙུན་པར་འགྱུར་རོ། །སྐྱེ་བ་ནས་སྐྱེ་བར་སྐྱེ་བ་དྲན་པར་འགྱུར་རོ། །དེའི་ཆུས་ཁང་པ་དང་། ཕྱུགས་ཀྱི་རབ་འམ། རྟའི་རབ་འམ། རྒྱལ་པོའི་ཁབ་ཏུ་གཏོར་ན། རྐུན་མ་དང་། སྦྲུལ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པའི་འཇིགས་པ་མི་འབྱུང་ཞིང་ནད་ཀྱིས་ཡོངས་སུ་གདུངས་པར་མི་འགྱུར་རོ། །མགོ་ལ་གཏོར་ན་དེ་ནད་དེ་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ཚེ་དཔག་ཏུ་མེད་པའི་ཕན་ཡོན་ཆེ་བའི་གཟུངས་འང་གང་དང་གང་དུ་རབ་ཏུ་སྦྱར་ན། དེ་དང་དེ་རུ་ཞི་བ་ཆེན་པོར་འགྱུར་རོ། །སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ། འཆོས་ན་ནད་མེད་པ་དང་། བློ་རྣོ་བ་དང་། ཚེ་རིང་བར་འགྱུར་རོ། །ཆུ་ཁྱོར་བ་གསུམ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་ཡོངས་སུ་བཟླས་ཏེ་འཐུངས་ན་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་ཞིང་ཡུན་རིང་དུ་འཚོ་བར་འགྱུར་རོ། །གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་བསྐོར་བ་བྱས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོས་མཆོད་རྟེན་གྱི་ལས་ཇི་ལྟར་བྱ། སྐུ་གཟུགས་ལ་སོགས་པ་བསྒྲུབ་པ་ཇི་ལྟར་བྱ། འདིར་སྦྱིན་སྲེག་ཀྱང་ཇི་ལྟར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་བ་ལེགས་པར་སྨྲས་པ་ནི། །དཔའ་བོ་ཆེན་པོ་ལེགས་སོ་ལེགས། །སེམས་ཅན་ཀུན་ལ་ཕན་བརྩེའི་ཕྱིར། །འདིར་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེ་ནས་བཅོམ་ལྡན་འདས་ཀུན་དུ་འོད་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས་བྱ་བའི་གཟུངས་འདི་གསུངས་པ་ནི་འདི་ལྟ་སྟེ། ཨོྃ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ་ཨ་མི་ཏ་སཾ་བྷ་ཝེ། ཨ་མི་ཏ་བི་ཀྲཱན་ཏེ། ཨ་མི་ཏ་གཱ་དྲེ། ཨ་མི་ཏ་གཱ་མི་ནི། ཨ་མི་ཏ་ཨཱ་ཡུརྡ་དེ། ག་ག་ན་ཀཱིརྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཡེ་སྭཱ་ཧཱ། ཞེས་བྱ་བའི་གཟུངས་འདིས་མཆོད་རྟེན་བྱེད་པའི་འཇིམ་པ་


DKG090_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བླང་བ་དང་། བྱུག་པ་ལ་སོགས་པ་དང་། གདུགས་གདགས་པའི་བར་ཇི་སྙེད་རྫོགས་པར་བྱའོ། །འདིའི་ཆོ་ག་ནི། མཆོད་རྟེན་ཆོ་ག་མཆོག་གྱུར་པ། དེ་ནས་ཡང་དག་བཤད་བྱ་བ། །གསེར་དང་། ཨིནྡྲ་ནཱི་ལ་དང་། དངུལ་དང་། པདྨ་རཱ་ག་ལ་སོགས་པའི་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས་པའི་སོར་བཅུ་གཉིས་ཀྱི་ཚད་པདྨའི་སྟེང་ན་བཞུགས་པ། དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན་བསྣམས་པའོ། །མེ་ཏོག་དང་། བདུག་པ་དང་། དྲི་ལ་ག་ན་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣམས་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལག་ན་གདུགས་བསྣམས་པ་དང་། གཡས་དང་གཡོན་གྱི་ལོགས་གཉིས་ན་སྤྱན་རས་གཟིགས་དང་། རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པ་གཉིས་བྱའོ། །དེ་ལྟ་བུའི་ཆོ་གས་མཆོད་རྟེན་ལ་གཡས་བསྐོར་གྱི་སྦྱོར་བས་པདྨའི་འདབ་མ་ལ་བྲི་བར་བྱའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ་དེའི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ཏེ། དྲི་ཞིམ་པོ་དང་བསྲེས་པའི་ཆུས་གཏོར་ཞིང་དྲི་ཞིམ་པོའི་མེ་ཏོག་གིས་མཆོད་ལ། སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་སྨྱུུང་བར་གནས་ཤིང་། སེམས་ཅན་ཐམས་ཅད་ལ་ཕན་པའི་བློས་ཚེ་དང་བློ་སྟེར་བའི་ཡོན་བྱིན་ཏེ་སྟོང་ཕྲག་གཅིག་བཟླས་པར་བྱའོ། །ཟླ་བ་རེ་རེ་ཞིང་བྱས་ན་ཟླ་བ་དྲུག་གིས་ཚེ་ལོ་སྟོང་ཐུབ་པར་འགྱུར་རོ། ། རྟག་ཏུ་ལོ་གཅིག་ཏུ་བྱས་ན་ཚེ་ལོ་འབུམ་ཐུབ་པར་འགྱུར་རོ། །རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང་ལྷ་མ་ཡིན་དང་མི་མཉམ་པའི་མཁའ་སྤྱོད་ཀྱི་གཙུག་ཏོར་མཆོག་ཏུ་འགྱུར་རོ། །དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ་དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ། །སྟོང་ཕྲག་གཅིག་ནས་བརྩམས་ཏེ་ཇི་སྲིད་ལྔའམ་གཅིག་གི་བར་དུའོ། །ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་ཏོར་རྣམ་པར་རྒྱལ་བ་ཡང་དག་པར་བཞུགས་སུ་གསོལ་ལ། ཇི་སྐད་གསུངས་


DKG090_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་ཕ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ་ལན་བདུན་གྱི་བར་དུ་བཀླག་པར་བྱའོ། །ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་གཟུངས་ཀྱི་ཆེད་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོང་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ། །སེམས་ཅན་རྣམས་ལ་བཅིང་བ་དང་བརྡུང་བ་ལ་སོགས་པ་སྤང་བར་བྱའོ། །ཟླ་བ་གཞན་རེ་རེ་ལ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་དམ་རང་དང་འདྲ་བས་བྱའོ། །ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུར་རོ། །བློ་རྣོ་བ་དང་། ནད་མེད་པ་དང་། ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་། སྐྱེ་བ་དྲན་པར་འགྱུར་རོ། །གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་པོར་ཏེ་མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །ཡང་དེ་ཉིད་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་སྐྱེ་བར་མི་འགྱུར་རོ། །རྣ་བའི་བུ་གར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ག་ལ་འགྱུར། འདི་རྣམས་ཀྱི་གནས་སུ་འགྲོ་བ་མེད་དོ། །དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས་གཞན་ཡང་སྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སེམས་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་ཉམ་ང་བའི་འཁོར་བ་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་མས་བཀལ་བའི་སྐུད་པ་ཚད་དང་ལྡན་པ་མཛེས་པའི་རས་མཁས་པས་བྱའོ། །དེ་ནས་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ཚོན་སྣ་མ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ། །ཚེ་དཔག་ཏུ་མེད་པ་འོད་ཟེར་སྟོང་གི་ཕྲེང་བ་ཅན་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། སྟོན་ཀའི་ཟླ་བ་ལྟ་བུའི་འོད་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ། ཕྱག་བརྒྱད་པ། གཡས་པའི་ཞལ་ཞི་བ་གསེར་གྱི་འོད་ཟེར་དང་ལྡན་པའོ། །གཡོན་པ་ནི་མཆེ་བས་མ་མཆུ་མནན་པ་མི་བཟད་པ་ཨུཏྤལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ། །དབུས་མ་ནི་སྒེག་པ་དང་


DKG090_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཤིང་དཀར་བའོ། །གཡས་པའི་ཕྱག་གིས་སྙིང་གར་སྣ་ཚོགས་རྡོ་རྗེའོ། །དེ་བཞིན་དུ་པདྨལ་གནས་པའི་འོད་དཔག་ཏུ་མེད་པ་དང་། མདའ་དང་མ་ཚོག་སྦྱིན་པའོ། །གཡོན་དུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དེ་བཞིན་དུ་གཞུ་དང་། མི་འཇིགས་པ་དང་། བུམ་པའོ། །ཡང་མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང་། མགྲིན་པར་ཨཱཿདང་། སྙིང་གར་ཧཱུྃ་ངོ་། །དཔྲལ་བར་ཏྲྃ་ངོ་། །ལྟེ་བའི་ཕྱོགས་སུ་ཧྲཱིཿའོ། །རྐང་པ་གཉིས་ལ་ཨཾ་ཨཿ། ཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ་དང་བཅས་པ་འདིའི་ནང་དུ་རང་གི་མིང་དང་སྦེལ་བའོ། །དེའི་ལོགས་གཉིས་སུ་པདྨ་དང་། རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པའོ། །སྟེང་དུ་བདུད་རྩིའི་ཆར་གྱི་རྒྱུན་འབེབས་བཞིན་པའི་གནས་གཙང་མའི་ལྷའི་བུ་གཉིས་སོ། །ལོགས་བཞིར་ཁྲོ་བོ་མི་གཡོ་བ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་ཅན་དང་། སྟོབས་པོ་ཆེ་ཞེས་བྱ་བ་སྟེ། རལ་གྲི་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། རྡོ་རྗེ་བསྣམས་པའོ། །གཡོན་པ་ན་གདུག་པ་ཅན་འཇིགས་པའི་སྡིགས་མཛུབ་ཕྱེད་དུ་བྱེད་པའོ། །དེ་ལྟར་འབད་པས་རྫོགས་པར་བྱས། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་སྨྱུང་བར་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཅོད་པ་བྱས་ལ་འབུམ་ཕྲག་གཅིག་བཟླས་པ་བྱའོ། །དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ་ཇི་སྲིད་བཅྭ་ལྔའི་བར་དུ་སྟོང་བཟླས་པ་བྱའོ། །དེ་ནས་སྔ་བར་ནམ་ནངས་པ་དང་བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུར་རོ། །དེ་ནས་ཇི་ལྟར་དངོས་གྲུབ་འདོད་པ་སྟེར་རོ། །ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང་བསྲེས་པའི་ཆུས་བྱུགས་པའི་ཕྱོགས་གཅིག་ཏུ་ཡང་དག་པར་བཞུགས་སུ་གསོལ་ལ་མཆོད་པ་རྒྱ་ཆེན་པོ་བྱ་ཞིང་ཉི་མ་རེ་རེ་ཞིང་བརྒྱད་བརྒྱ་བཟླས་པ་བྱའོ། ། ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱ་ཞིང་སྟོང་སྟོང་གི་བཟླས་པ་བྱས་ན་ཚེ་དཔག་ཏུ་མེད་པ་དང་། སྟོབས་དཔག་ཏུ་མེད་པ་གནོན་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ནད་ཆེན་པོ་མེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་ཉི་མ་རེ་རེ་ཚིགས་བཅད་སྟོང་འཛིན་


DKG090_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིན་ཅི་མ་ལོག་པའི་ངག་ཏུ་འགྱུར་རོ། །ཡང་ན་ཁ་ཅིག་གིས་དེ་ལྟ་བུ་བྱེད་པར་མི་ནུས་ན་དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོ་དང་བསྲེས་པས་སའི་ཆར་བཞུགས་སུ་གསོལ་ལ། ཇི་ལྟར་འབྱོར་པའི་མཆོད་པ་བྱེད་ལ་ཟླ་བ་འོང་འོང་ངོ་ཅོག་གི་ཚེས་བརྒྱད་ལ་བརྒྱད་བརྒྱའི་བཟླས་པ་བྱ་ཞིང་ཉི་མ་རེ་རེར་དུས་གསུམ་དུ་ཉི་ཤུ་རྩ་གཅིག་རྩ་གཅིག་བརྗོད་ན་བློ་རྣོ་བ་དང་། ཚེ་རིང་བ་དང་། ཤེས་རབ་དང་ལྡན་པ་དང་། ནད་མེད་པ་དང་། སྐྱིད་པ་དང་། ལོ་བརྒྱ་འཚོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ། །ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཚེ་རིང་བ་དང་། བློ་རྣོ་བར་འགྱུར་རོ། །དེ་ནས་གཞན་ཡང་སྦྱིན་སྲེག་གི་ཆོ་ག་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར་བྱ་སྟེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེའི་ཕྲེང་བས་བརྒྱན་པ། ཙནྡན་དཀར་པོ་འམ་ས་དཀར་གྱིས་བྱུགས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་ཏུ་མཛེས་པ་གོས་དཀར་པོས་གཡོགས་པ་ཡལ་གས་ཁ་བརྒྱན་པ་དགོད་པར་བྱའོ། །འོ་མ་ཅན་གྱི་ཡམ་ཤིང་ལ་མེ་སྤར་ལ་དེར་མེ་ལྷ་བཀུག་སྟེ་དགང་བླུགས་གསུམ་བྱིན་ལ་བསང་གཏོར་བྱས་ཏེ་གཤེགས་སུ་གསོལ་ལོ། །དེ་ནས་ཆེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང་གི་དབུས་སུ་བསམས་ལ་གཙུག་ཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ། །ཡང་ན་ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་ཏེ་སྭཱ་ཧཱ། ཞེས་བྱ་བས་ཚེ་དང་། བློ་རྣོ་བ་དང་བཅས་པས་བརྒྱད་བརྒྱ་དུས་གསུམ་དུ་སྦྱིན་སྲེག་བྱའོ། །གཙུག་ཏོར་རྣམ་པར་རྒྱལ་བ་ལན་བདུན་དུ་བཟླས་པ་བྱས་ན་ཚེ་རིང་བ་དང་། བློ་རྣོ་བ་དང་། སྐྱིད་པ་དང་། ནད་མེད་པར་འགྱུར་རོ། །ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཚེ་ལོ་སྟོང་ཐུབ་པར་འདོད་པས་སྦྱིན་སྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་། བློ་རྣོ་བ་སྦྱིན་པར་བྱེད་དོ། །སེམས་ཅན་རྣམས་ལ་སྨད་པར་མི་བྱའོ། །ཆོ་ག་འདིས་རང་གི་ལུས་ནད་ཀྱིས་གོས་པར་


DKG090_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །ལོ་བརྒྱ་ལྔ་བཅུར་འཚོ་བ་དང་། དགྲ་ལས་རྒྱལ་བ་དང་། བློ་རྣོ་བར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བ་ཆེན་པོར་འགྱུར་རོ། །དེ་ནས་གཞན་ཡང་སྒྲུབ་པར་འདོད་ན་གཙུག་ཏོར་གྱི་རྒྱལ་པོ་ཆེན་པོ་ཚེ་དང་བློ་རྣོ་བ་དང་བཅས་པར་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ཏེ། དང་པོ་དང་མཐར་སྟོང་སྟོང་གི་མཆོད་པ་བྱས་ལ་ཡང་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ཚེ་ལོ་འབུམ་ཕྲག་གཅིག་ཐུབ་པར་འགྱུར་རོ། །བྱེ་བ་བྱས་ན་བྱེ་བ་ཐུབ་བོ། །དེ་ལྟར་འདིའི་ཆོ་གའི་རིམ་པས་ཚེ་ལོ་དཔག་ཏུ་མེད་པར་འགྱུར་ཏེ། ནམ་མཁའ་ལ་འགྲོ་བ་དང་། དཔའ་བ་དང་། དགྲ་ལས་རྒྱལ་བར་འགྱུར་རོ། །དཔལ་འདོད་ན་དཔལ་འབྲས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་དཔལ་ཆེན་པོ་ཐོབ་པར་འགྱུར་རོ། །རྒྱལ་པོ་འདོད་ན་པདྨ་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་རྒྱལ་པོ་ཆེན་པོ་ཐོབ་པར་འགྱུར་རོ། །བྱེ་བ་གཅིག་བྱས་ན་འཁོར་ལོས་སྒྱུར་བ་ཐོབ་པར་འགྱུར་རོ། །ཡང་ན་རལ་གྱི་ལ་སོགས་པ་གྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཐང་སྐུ་བཀྲམ་ལ་སྟོང་གི་མཆོད་པ་ཆེན་པོས་མཆོད་ལ་བཟླས་པ་འབུམ་བྱས་ཏེ། ཡང་ལྕགས་ལྔའི་རང་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ་ལག་པ་གཡས་པར་བཅངས་ན་ཡིད་ཀྱིས་འགྲོ་བ་དང་། འདོད་པའི་གཟུགས་འཛིན་པ་དང་། སྟོབས་ཆེ་ཞིང་གཞན་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས་སྨན་པ་ཆེན་པོའི་མཆོག་ཚེ་དཔག་ཏུ་མེད་པར་འགྱུར་རོ། །དེ་ལྟར་རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་ལ་སོགས་པ་ལ་ཡང་བསྒྲུབ་པར་བྱའོ། །དེ་ལྟར་ཕན་ཡོན་དཔག་ཏུ་མེད་པའི་གཟུངས་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་མཆོག་ཏུ་རྙེད་བར་དཀའ་བ་འདི་ཇི་ལྟ་ཇི་ལྟར་སྦྱར་བ་དེ་ལྟ་དེ་ལྟར་ལས་འགྲུབ་པར་བྱེད་དོ། །གང་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉི་མ་རེ་རེ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་རྩ་གཅིག་བཟླས་པ་བྱ་ཞིང་། མཆོད་རྟེན་ཆེན་པོ་


DKG090_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་ཡང་དག་པར་བཅངས་ལ་གཞན་ལ་ཡང་རྒྱ་ཆེར་གསལ་བར་བྱས་ན། དེ་སྐྱིད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང་། ནད་མེད་པ་དང་། ལོ་བརྒྱ་ཐུབ་པ་དང་། བློ་རྣོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ། །གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ། སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ། །དམྱལ་བའི་སྒྲ་རྣ་བུག་ཏུ་ཡང་ཐོས་པར་མི་འགྱུར་ན་འབྲས་བུ་སྨིན་པར་ལྟ་ཡང་ག་ལ་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་སྐྱེ་བ་དྲན་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ་རྫོགས་སོ།། །།པཎྜིཏ་ཆོས་ཀྱི་སྡེ་དང་། ཁམས་པ་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།