འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས།


DKG090_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་ཨུ་ཥྞཱི་ཥ་བི་ཛ་ཡ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ལྷའི་བུ་ཤིན་ཏུ་བརྟན་པ་ཞེས་བྱ་བ་ཞིག་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་ཆོས་བཟངས་ལྷའི་འདུན་ས་ན་གནས་ཏེ། ལྷའི་གཞལ་ཡས་ཁང་ཆེན་པོ་ན་ལྷའི་ལོངས་སྤྱོད་ཆེན་པོ་དང་། ལྷའི་བུ་མོའི་ཚོགས་ཆེན་པོས་བསྐོར་ནས་རྩེ་དགའ་ཞིང་དགའ་མགུར་སྤྱོད་དེ། དེ་ལྷའི་ལོངས་སྤྱོད་མྱོང་བ་ལས་མཚན་མོ་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་གྱི་ཉིན་པར་འཆི་བའི་དུས་བྱེད་དེ། དེ་འཆི་བའི་དུས་བྱས་ནས་ཀྱང་འཛམ་བུའི་གླིང་དུ་སྐྱེས་ཏེ། དེར་ཡང་འགྲོ་བ་བདུན་པོ་མྱོང་བར་འགྱུར་རོ། །འགྲོ་བ་བདུན་པོ་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །བརྒྱ་ལ་ནམ་ཞིག་མིར་སྐྱེས་པར་གྱུར་ན་ཡང་དེར་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་འགྱུར་རོ་ཞེས་དེས་ཐོས་སོ། །དེ་ནས་ལྷའི་བུ་དེས་སྒྲ་དེ་ཐོས་ནས་འཇིགས་སྐྲག་དངངས་ཏེ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས། དེ་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་ཕྱག་འཚལ་ཏེ། བརྟབས་པར་སྨྲ་ཞིང་དེ་ཀྱི་ཧུད་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་བཞིན་དུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་དབང་པོ་གསན་དུ་གསོལ། ལྷའི་དབང་པོ་བདག་དེང་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཏེ། ལྷའི་ལོངས་སྤྱོད་ཀྱི་དགའ་བས་རྩེ་ཞིང་བདེ་བ་མྱོང་བ་ལས་སྒྲ་ཞིག་ཐོས་པ། ལྷའི་བུ་ཤིན་ཏུ་བརྟན་པ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། འཛམ་བུའི་གླིང་དུ་སྐྱེ་བར་འགྱུར་རོ། །དེར་ཡང་འགྲོ་བ་བདུན་མྱོང་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །བརྒྱ་ལ་ནམ་ཞིག་མིར་སྐྱེས་


DKG090_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་ན་ཡང་དེར་དེ་དབུལ་པོར་འགྱུར་ཞིང་དམུས་ལོང་དུ་ཡང་འགྱུར་རོ། །ཞེས་ཐོས་ན་ལྷའི་དབང་པོ་དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ཤིན་ཏུ་བརྟན་པའི་ཚིག་དེ་ཐོས་ནས་ཤིན་ཏུ་ངོ་མཚར་དུ་འཛིན་པར་གྱུར་ཏེ། ལྷའི་བུ་འདིས་འགྲོ་བ་བདུན་པོ་གང་དག་མྱོང་བར་འགྱུར་སྙམ་དུ་སེམས་ཤིང་ཅང་མི་སྨྲ་བར་འདུག་པ་དང་། འགྲོ་བ་བདུན་ནི་ཕག་གི་སྐྱེ་གནས་དང་། ཁྱི་དང་། ཝ་དང་། སྤྲེའུ་དང་། སྦྲུལ་གདུག་པ་དང་། བྱ་རྒོད་དང་། བྱ་ཁྭ་སྟེ། འགྲོ་བ་བདུན་པོ་དེ་དག་ཤིན་ཏུ་མི་གཙང་བ་ཟ་བ་མྱོང་བར་འགྱུར་བ་མཐོང་ངོ་། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་མཐོང་ནས་འདི་སྙམ་དུ་ཨེ་མ་ལྷའི་བུ་འདི་སྡུག་བསྔལ་མི་བཟད་པ་ཆེན་པོ་མྱོང་བར་འགྱུར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་དེའི་སྐྱབས་དང་། རྟེན་དང་། དཔུང་གཉེན་དུ་འགྱུར་བ་སུ་ཡོད་སྙམ་དུ་བསམས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ནུབ་མོ་དེའི་སྲོད་ལ་སྤོས་དང་། མེ་ཏོག་དང་། བདུག་པ་སྣ་ཚོགས་དང་། གོས་དང་། རྒྱན་སྣ་ཚོགས་ལ་སོགས་པ་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་ནས་ལྷའི་བུ་ཤིན་ཏུ་བརྟན་པའི་འགྲོ་བ་བདུན་པོ་དག་བཅོམ་ལྡན་འདས་ལ་ཞིབ་ཏུ་གསོལ་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་འགྲོ་བ་བདུན་པོ་དེ་དག་གསོལ་མ་ཐག་ཏུ། དེ་ནས་བཅོམ་ལྡན་འདས་ཀྱི་གཙུག་ཏོར་ནས་འོད་ཟེར་སྣ་ཚོགས་བྱུང་སྟེ། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་གནས་ཐམས་ཅད་ཀུན་ནས་སྣང་བར་བྱས་ཏེ་སླར་ལོག་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བ། ངན་འགྲོ་


DKG090_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡོངས་སུ་སྦྱོང་བ། སྒྲིབ་པ་དང་། སྡུག་བསྔལ་བར་སྐྱེ་བ་ཐམས་ཅད་འཇིག་པར་བྱེད་པ། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ཡོངས་སུ་སྦྱོང་བ། བདེ་འགྲོའི་ལམ་དུ་འཇོག་པ་ཡོད་དེ། ལྷའི་དབང་པོ་དེ་ལྟ་བས་ན་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་ཐོས་མ་ཐག་ཏུ་སྒྲིབ་པར་འགྱུར་བའི་སྡུག་བསྔལ་གྱི་རང་བཞིན་སྣ་ཚོགས་ཤིན་ཏུ་མང་པོ་འཇིག་པར་བྱེད་དོ། །སྐྱེ་བ་ཡོངས་སུ་དག་པའི་རྒྱུད་ཐོབ་པར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །ལྷའི་འཇིག་རྟེན་ནས་ལྷའི་འཇིག་རྟེན་དུ་འགྲོ་བར་འགྱུར་ཏེ། ལྷའི་གནས་སུམ་ཅུ་རྩ་གཉིས་ཀྱི་བར་དུ་འགྲོ་བར་འགྱུར་རོ། །ལྷའི་དབང་པོ་དེ་བརྗོད་མ་ཐག་ཏུ་ཚེ་ཟད་པ་ཡང་ཚེ་ཕྱིར་ནུར་བར་འགྱུར་བའི་ལས་ཐོབ་པར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་བསགས་པ་བདེ་བར་རེག་པ་ལ་གནས་པས་གནས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ལ་གཟིགས་སོ། །དེ་དག་དེ་ལ་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་མཛད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་དེ་ལ་སེམས་པར་འགྱུར། བརྗོད་པ་ཙམ་གྱིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་ཐམས་ཅད་སྐེམས་པར་འགྱུར། རྣམ་པར་འཇིག་པར་འགྱུར། རྣམ་པར་འཐོར་བར་འགྱུར། རྣམ་པར་སེལ་བར་འགྱུར། སྟོངས་པར་འགྱུར་རོ། །དེ་ལྟར་དེ་ལ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དང་། ལྷའི་གནས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་གནས་ཐམས་ཅད་ཀྱི་སྒོ་རྣམས་ཕྱེ་བར་འགྱུར་རོ། །དེ་གང་འདོད་པ་དེར་འཇུག་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་དེ་བཀའ་སྩལ་དུ་གསོལ། སེམས་ཅན་ཐམས་


DKG090_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྲོག་ལ་སྨན་གདགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་བ་བཏབ་པ་མཁྱེན་ནས་གཟུངས་འདི་དག་བཀའ་སྩལ་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུད་དྷཱ་ཡ་ཏེ་ན་མཿ། ཏདྱ་ཐཱ།ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུད་དྷེ། ཨ་བྷིཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏ་སུ་ག་ཏ་བ་ར་བཱ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲ། མནྟྲ་པ་དཻཿ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿསན་བྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་ར་སྨི་སཉྩོ་དི་ཏེམ། སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ནི། ཥཊ་པཱ་ར་མི་ཏཱ་བ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ་ད་ཤབྷཱ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན། པ་རི་ཤུད་དྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛི་ཏེ། ཨོྃ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ། བྷཱུ་ཏ་ཀོ་ཊི། པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷེ་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲེ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ཎི། བཛྲམྦྷ་བ་ཏུ། མ་མ་ཤ་རཱི་རཾ་སརྦ་ས་ཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིར་བྷ་བ་ཏུ། ས་དཱ་མེ་སརྦ་ག་ཏི་པ་རི་ཤུད་དྷི་ཤྩ། ས་མནྟཱ་ན་མོ་ཙ་ཡ་མོ་ཙ་ཡ། ཨ་དྷིཥྛཱ་ན། སརྦ་ཏ་ཐཱ་ག་ཏཱ་ཤྩ་མཱཾ་ས་མཱ་ཤྭཱ་ས་ཡནྟུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་ར་སྨི་པ་རི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ།


DKG090_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ལྷའི་དབང་པོ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ། སྡིག་པ་དང་། ལས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། བདེ་འགྲོའི་ལམ་ཐམས་ཅད་དུ་འགྲོ་བ་དང་། ངན་འགྲོ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་འབུམ་ཕྲག་བྱེ་བ་ཕྲག་བརྒྱད་ཅུ་རྩ་བརྒྱད་ཀྱི་བྱེ་མ་སྙེད་དག་གིས་གསུངས་པ། བྱིན་གྱིས་བརླབས་པ། རྗེས་སུ་ཡི་རང་བར་མཛད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་སྟེ། སེམས་ཅན་ཐམས་ཅད་བདེ་འགྲོར་འགྲོ་བར་བྱ་བ་དང་། ངན་འགྲོར་ལྷུང་བ་རྣམས་བཟློག་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་སྡུག་བསྔལ་གྱི་གནས་ཐམས་ཅད་དུ་སྡུག་བསྔལ་ཞིང་ཉམ་ང་བར་གྱུར་པ་རྣམས་དང་། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་རྣམས་རྣམ་པར་འགྲོལ་བར་བྱ་བའི་ཕྱིར་གསུངས་པའོ། །དེ་བཞིན་དུ་སེམས་ཅན་ཚེ་ཐུང་ཞིང་སྐལ་བ་ཆུང་བ། སྨད་པ་དང་། བསམ་པ་ཉམས་པ་དང་། སེམས་ཅན་ལམ་ལས་ཉམས་པ་རྣམས་ཀྱི་དོན་དུ་གཟུངས་འདི་འཛམ་བུའི་གླིང་དུ་བཞག་གོ། །ལྷའི་དབང་པོ་ཁྱོད་ཀྱིས་གཟུངས་འདི་ཟུང་ལ་ལྷའི་བུ་ཤིན་ཏུ་བརྟན་པ་ལ་སྒྲོགས་ཤིག །བསྒྲགས་ནས་ཀྱང་གདོན་པ་དང་། ཁ་ཏོན་དུ་བྱ་བ་དང་། བསམ་པ་དང་། བསྒོམ་པ་དང་། དྲན་པར་བྱ་བ་དང་། མཆོད་པ་དང་། གཟུང་བ་དང་། ཀུན་ཆུབ་པར་བྱ་བ་ལ་དེ་སྦྱོར་བར་གྱིས་ཤིག་དང་། དེ་ལྟར་ལྷའི་གནས་ཐམས་ཅད་ན་འཁོད་པའི་ལྷའི་བུ་རྣམས་དང་། འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བའི་ཕྱིར་གཟུངས་ཀྱི་ཕྱག་རྒྱ་དང་། གསང་སྔགས་འདི་དག་ཁྱོད་ལ་གཏད་དོ། ། དེའི་ཕྱིར་ལྷའི་དབང་པོ་ཁྱོད་ཀྱིས་གཟུང་བར་བྱའོ། །ལྷའི་དབང་པོ་གཟུངས་འདི་ཐོས་མ་ཐག་ཏུ་བསྐལ་པ་བརྒྱ་སྟོང་དུ་བསགས་པའི་ལས་ཀྱི་སྒྲིབ་པ་ཡོངས་སུ་བྱང་བར་འགྱུར་རོ། །སྐྱེ་བར་སྐྱེ་བ་རྣམ་པ་སྣ་ཚོགས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་།


DKG090_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དང་། ལྷ་མ་ཡིན་གྱི་རིས་དང་། འདི་ལྟ་སྟེ། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། ཁྱི་དང་།རུས་སྦལ་དང་། སྦྲུལ་དང་། གཅན་གཟན་ཁྲོ་བོ་དང་། བྱ་དང་། སྦྲང་བུ་དང་། སྦྲང་མ་དང་། སྡིག་སྦྲུལ་དང་། གྲོག་སྦུར་ལ་སོགས་པའི་སྲོག་ཆགས་ཀྱི་རིགས་སུ་ཕྱིས་མི་སྐྱེ་བར་ཤེས་པར་བྱའོ། །གཞན་དུ་ན་དེ་བཞིན་གཤེགས་པ་དང་ཕྲད་པ་དང་། བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བ་ནི་མ་གཏོགས་སོ། །དེ་རིགས་ཆེན་པོ་འདི་ལྟ་སྟེ། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུའམ། ཚོང་དཔོན་གྱི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེའོ་ཞེས་ང་སྨྲའོ། །ལྷའི་དབང་པོ་དེ་ལྟར་ན་གཟུངས་འདིའི་མཐུས་བྱང་ཆུབ་ཀྱི་སྙིང་པོ་ལ་མཐར་ཐུག་གི་བར་དུ་སྐྱེ་བ་ཡོངས་སུ་དག་པ་ཆེན་པོ་འཐོབ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་དེ་ལྟར་མཐུ་ཆེ་སྟེ། ལྷའི་དབང་པོ་གཟུངས་འདི་ནི་འདི་ལྟར་མཐུ་ཆེ་བ། ཕན་ཡོན་ཆེ་བ། མཐུ་སྟོབས་ཆེ་བ། དགེ་ཞིང་ཤིས་པ་ཡིན་ཏེ། ལྷའི་དབང་པོ་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་འདི་བཞག་གོ། །འདི་ལྟ་སྟེ་དཔེར་ན། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ཤིན་ཏུ་དྲི་མ་མེད་པ་ནམ་མཁའ་ལྟར་ཡོངས་སུ་དག་པ་འོད་གསལ་བ་ནི་འོད་ཟེར་གྱི་སྣང་བས་འབར་ཞིང་འདུག་གོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་གོས་པ་མེད་པར་ཤེས་པར་བྱའོ། །འདི་ལྟ་སྟེ་དཔེར་ན་འཛམ་བུའི་ཆུ་བོའི་གསེར་ནི་དྲི་མ་མེད་པ། ཤིན་ཏུ་ཡོངས་སུ་དག་པ། ཤིན་ཏུ་མཉེན་པ། ཤིན་ཏུ་སྡུག་པའོ། །ལྷའི་དབང་པོ་དེ་བཞིན་དུ་སེམས་ཅན་དེ་ཡང་ཤིན་ཏུ་ཡོངས་སུ་དག་པར་རིག་པར་བྱ་སྟེ། ཚེ་རབས་གཞན་དུ་ཡང་དེ་བཞིན་དུ་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་གང་ན་གཟུངས་འདི་རབ་ཏུ་སྟོན་པ་དང་། བྱེ་བྲག་ཏུ་ན་ཡི་གེར་འདྲིར་འཇུག་པ་དང་། འཛིན་པ་དང་། ཀློག་པ་དང་། འདོན་པ་དང་།ཁ་ཏོན་དུ་བྱེད་


DKG090_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། མཆོད་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཉན་པ་དང་། འཛིན་པར་འགྱུར་བ་དེར་འགྲོ་བ་ཐམས་ཅད་ཡོངས་སུ་དག་པར་འགྱུར། སེམས་ཅན་དམྱལ་བ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ལྷའི་དབང་པོ་གཟུངས་འདི་ཡི་གེར་བྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་གཞག་པར་བྱ། རི་མཐོན་པོའམ། ཁང་པ་མཐོན་པོའམ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་གཞག་པར་བྱའོ། །ལྷའི་དབང་པོ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་རྒྱལ་མཚན་གྱི་རྩེ་མོར་བཞག་པ་མཐོང་ངམ། དེ་དང་དེར་ཉེ་བར་གནས་པར་གྱུར་ན། ཐ་ན་དེའི་གྲིབ་མས་ཕོག་གམ། དེའི་རྡུལ་རླུང་གིས་བཏབ་པས་ཕོག་ན་ཡང་ལྷའི་དབང་པོ་སེམས་ཅན་དེ་ལ་སྡིག་པ་ཐམས་ཅད་དང་། ངན་འགྲོར་འགྲོ་བའི་འཇིགས་པ་ཐམས་ཅད་མི་འབྱུང་ངོ་། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་དང་། ལྷ་མ་ཡིན་གྱི་རིས་ཐམས་ཅད་དུ་མི་སྐྱེ་བར་འགྱུར་རོ། །ལྷའི་དབང་པོ་སེམས་ཅན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་ཅིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ལྷའི་དབང་པོ་མཆོད་པ་དང་། རིམ་གྲོ་བྱེད་ཅིང་མེ་ཏོག་དང་། བདུག་པ་དང་། སྤོས་དང་། མེ་ཏོག་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རྒྱན་རྣམས་ཀྱིས་བརྒྱན་པར་བྱེད་པ་དང་། ལམ་གྱི་བཞི་མདོར་མཆོད་རྟེན་བྱས་ཏེ། གཟུངས་འདི་བཞག་པ་ལ་ཐལ་མོ་སྦྱར་བའམ་ཕྱག་འཚལ་བའམ་སྐོར་བ་བྱེད་པ་ལྟ་ཅི་སྨོས་ཏེ། ལྷའི་དབང་པོ་སེམས་ཅན་དེ་ནི་སེམས་ཅན་ཆེན་པོར་རིག་པར་བྱའོ། །དེ་བཞིན་གཤེགས་པའི་སྲས་སུ་རིག་པར་བྱའོ། །ཆོས་ཀྱི་གནས་སུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་མཆོད་རྟེན་དུ་རིག་པར་བྱའོ། །དེ་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ནུབ་མོ་ནམ་ལངས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་དང་། གོས་དང་།


DKG090_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་ལ་སོགས་པས་མཆོད་པ་དང་། བསྟི་སྟང་བྱས་ནས། དེས་བཅོམ་ལྡན་འདས་ལ་ལན་བདུན་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདི་ནི་མཐུ་ཆེ་ཞིང་ཕན་ཡོན་ཆེ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཀྱང་རྟག་ཏུ་རྒྱུན་མི་འཆད་པར་སེམས་ཅན་དེའི་སླད་བཞིན་དུ་འབྲང་ཞིང་ཀུན་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པའི་སླད་དུ་གནས་པར་བགྱིའོ། །སེམས་ཅན་དམྱལ་བ་ཐམས་ཅད་ལས་དེ་བཟློག་པར་བགྱིའོ། །བཅོམ་ལྡན་འདས་བདག་ནི་བྱས་པ་གཟོ་བར་བགྱིད་ཅིང་། བྱས་པ་མི་གཟོ་བར་མི་བགྱིད་དོ། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་འདིའི་ཆོ་ག་ཞིབ་མོ་དང་། བགྱི་བའི་ཆོ་གའི་ཚུལ་རྒྱས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཉོན་ཅིག་དང་གཟུངས་འདིའི་བྱ་བའི་ཚུལ་བཤད་པར་བྱའོ། །སེམས་ཅན་ཚེ་ཐུང་བའི་དོན་གྱི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་ཚེས་བཅྭ་ལྔའི་ཟླ་བ་ཉ་བ་ལ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་དེས་སེམས་ཅན་ཚེ་ཟད་པ་དེའི་ཚེ་ཕྱིར་ནུར་ནས་ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྒྲིབ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ལ་སོགས་པ་ངན་འགྲོ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་སོང་བའི་སྲོག་ཆགས་བྱའི་རྣ་ལམ་དུ་གཟུངས་འདིའི་སྒྲ་བསྒྲགས་པར་བྱ་སྟེ། དེས་ནི་དེའི་ངན་འགྲོའི་ཐ་མ་ཡིན་པར་རིག་པར་བྱའོ། །གང་ཞིག་ནད་ཆེན་པོས་བཏབ་སྟེ་སྨན་པ་རྣམས་ཀྱིས་བྱེ་བྲག་ཕྱེ་བ་དེ་ཡང་ནད་དེ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེའི་ངན་འགྲོར་སྐྱེ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ཉིད་དེའི་མངལ་གྱི་གནས་ཐ་མ་ཡིན་པར་རིག་པར་བྱའོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་པདྨའི་


DKG090_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་ཁོ་ན་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཡང་ཚེ་རབས་དྲན་པར་འགྱུར་རོ། །སེམས་ཅན་སྡིག་པ་བྱེད་པ་གང་དག་ཤི་བའི་དུས་བྱས་པ་དེ་དག་གི་དོན་དུ་གཟུངས་ཡུངས་ཀར་དག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བརྗོད་དེ། དེ་དག་གི་རུས་གོང་རྣམས་ཀྱི་སྟེང་དུ་གཏོར་ན་དེ་དག་དམྱལ་བའམ། དུད་འགྲོའི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་ན་མ། ཡི་དགས་སམ། དེ་ལས་གཞན་ངན་འགྲོ་རྣམས་སུ་སྐྱེས་པར་གྱུར་ཀྱང་རུང་སྟེ། དེ་དག་གཟུངས་འདིའི་མཐུས་ངན་འགྲོ་དེ་དག་ལས་ཐར་བར་འགྱུར་རོ། །དེ་དག་ལས་ཐར་ནས་ཀྱང་ལྷར་སྐྱེ་བར་འགྱུར་རོ། །སུ་ཞིག་འདི་ཉིན་གཅིག་བཞིན་དུ་ལན་ཉི་ཤུ་རྩ་[རེ་རེ་]ཡོངས་སུ་བརྗོད་པ་དེ་འཇིག་རྟེན་མང་པོའི་མཆོད་པའི་འོས་སུ་འགྱུར་རོ། །ཚེ་རིང་བར་འགྱུར་རོ། །བདེ་བ་མྱོང་བར་འགྱུར་རོ། །རྟག་ཏུ་སྤྲོ་བ་དང་ལྡན་པ་དང་། མྱ་ངན་ལས་འདས་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །དེ་ནས་ཀྱང་སངས་རྒྱས་ཀྱི་ཞིང་ཐ་དད་པ་སྣ་ཚོགས་སུ་ཡོངས་སུ་འགྲོ་བར་འགྱུར་རོ། །དེར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྲད་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དབུགས་འབྱིན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཡང་འཇིག་རྟེན་ལ་སྣང་བར་བྱེད་པར་འགྱུར་རོ། །ལྷའི་དབང་པོ་ཐབས་འདིས་ནི་འགྲོ་བ་ཐམས་ཅད་ཀྱང་སེམས་ཅན་དམྱལ་བ་ལ་སོགས་པའི་འགྲོ་བ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་དག་གིས་འགྲོ་བ་ཐམས་ཅད་ཀྱང་ཡོངས་སུ་དག་ཅིང་ཚེ་རིང་བར་ཡང་འགྱུར་རོ། །ལྷའི་དབང་པོ་སོང་ལ་ལྷའི་བུ་བློ་གྲོས་ཤིན་ཏུ་བརྟན་པ་ལ་གཟུངས་འདི་རྗེས་སུ་སྟོན་ལ་སྒྲོགས་ཤིག །ལྷའི་དབང་པོ་དེས་ན་ཞག་བདུན་ན་ལྷའི་བུ་ཤིན་ཏུ་བརྟན་པའི་འགྲོ་བ་ཐམས་ཅད་ཡོངས་སུ་དག་ཅིང་ཚེ་རིངརིག་བར་འགྱུར་རོ། །སྟོབས་ཆེ་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་བཞིན་གཤེགས་པ་ལས་རྗེས་སུ་བསྟན་པ་འདི་བླངས་ཏེ། དེའི་གནས་སུ་ཕྱིན་ནས་ལྷའི་བུ་


DKG090_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བརྟན་པ་ལ་གཟུངས་འདི་བྱིན་ནོ། །དེ་ནས་ལྷའི་བུ་དེས་ཉི་མ་བདུན་པའི་བར་དུ་ཉིན་དྲུག་མཚན་དྲུག་ཏུ་གཟུངས་འདི་ལ་བརྩོན་པར་བྱས་པ་ན་དེའི་བསམ་པ་ཐམས་ཅད་ཕུན་སུམ་ཚོགས་པ་འདི་ལྟ་སྟེ། ངན་འགྲོ་ལས་ནི་ཡོངས་སུ་ཐར། བདེ་འགྲོའི་ལམ་ལ་ཡང་གནས། ཚེ་རིང་བར་ཡང་གྱུར་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་ཆོས། ཨ་ལ་ལ་གཟུངས་འདི་ལྟ་བུ་འཇིག་རྟེན་དུ་བྱུང་སྟེ། དེས་བདག་འཇིགས་པ་ཆེན་པོ་ལས་ཡོངས་སུ་ཐར་བར་གྱུར་ཏོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འཕགས་པ་ངན་འགྲོ་ཐམས་ཅད་ཡོངས་སུ་སྦྱོང་བ་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།