Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ།
   
   
   
   


 
previousདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ།next

དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ།


DKG090_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ཛ་ཡནཱ་མ་དྷཱ་ར་ཎཱི་ཀལྤ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ། གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་མེད་ཆོས་ཡང་དག་པར་སྡུད་པའི་ཕུག་ཆེན་པོའི་ཁང་བཟངས་ཀྱི་ཚལ་བདེ་བ་ལ་ཉེ་བར་བཞུགས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་སྡུག་བསྔལ་དང་ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཅིང་ཚེ་ཐུང་བ་ཡོད་དེ། དེ་རྣམས་ཀྱི་དོན་དུ་ཚེ་རིང་བར་ཉེ་བར་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་གཟུང་བར་བྱ། གཞན་རྣམས་ལ་རྒྱ་ཆེར་ཡང་དག་པར་བསྟན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས་བཅོམ་


DKG090_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་བསྟན་དུ་གསོལ། བདེ་བར་གཤེགས་པ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་དུ་སྣང་བའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་ཏོ། །ཨོྃ་ན་མོ་བྷ་ག་བ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ། བུདྡྷཱ་ཡ་ཏེ་ན་མཿ། ཏདྱ་ཏཱ། ཨོྃ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟཱ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་བ་བི་ཤུད་དྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐཱ་ག་ཏཱ། སུ་ག་ཏ་བ་ར་བ་ཙ་ནཱ་མྲྀ་ཏཱ་བྷི་ཥེ་ཀཻ་རྨ་ཧཱ་མུ་དྲཱ་མནྟྲ་པ་དཻཿ། ཨོྃ་ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུཿསནྦྷཱ་ར་ཎི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤེ་དྷ་ཡ། ག་ག་ན་སྭ་བྷཱ་བ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་ར་སྨི་སཾ་ཙོ་དེ་ཏི། སརྦ་ཏ་ཐཱ་ག་ཏཱ་བ་ལོ་ཀི་ནི། ཥཊྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོྃ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷེ་པྲ་ཏི་ནི་བརྟྟ་ཡ་མ་མཱ་ཡུརྦི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོྃ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི། བི་མུ་ནི། མ་ཧཱ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། མ་མ་ཏི། མ་ཧཱ་མ་མ་ཏི། སུ་མ་ཏི་སུ་མ་ཏི། མ་ཧཱ་སུམ་ཏི། ཏ་ཐཱ་ཏཱ་བྷཱ་ཏ་ཀོ་ཊི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྡྷི་ཤུདྡྷེ། ཨོྃ་ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོྃ་ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲ་གརྦྷེ། ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ་བཛྲོདྡྷ་བེ། བཛྲ་སཾ་བྷ་བེ་བཛྲེ་བཛྲཱི་ཎི་བཛྲམྦྷ་བ་ཏུ་མེ་ཤ་རཱི་རཾ་སརྦ་ས་ཏྭཱནཱཉྩ། ཀཱ་ཡ་པ་རི་ཤུདྡྷིརྦྷ་བ་ཏུ་མེ་ས་དཱ། སརྦ་ག་ཏི་པ་རི་ཤུདྡྷི་ཤྩ། སརྦ་ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་སྭཱ་ས་ཡནྟུ། ཨོྃ་བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་


DKG090_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟཱ་ན་མོ་ཙ་ཡ་མོ་ཙ་ཡ་ས་མནྟ་ར་སྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡཱ་དྷིཥྛཱ་ནཱ་དྷིཥྛི་ཏེ། ཨོྃ་མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། རིགས་ཀྱི་བུ་གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་བྱ་བའི་གཟུངས། འཆི་བའི་དབྱུག་པ་ཆེན་པོ་འཛིན་པ། སྡིག་པ་ཞི་བར་བྱེད་པའི་དག་བྱེད་དོ། །གང་སུ་དག་ཚེ་རིང་བར་འདོད་པས་འཆད་པར་འགྱུར་བའི་རིམ་པས་བཀླག་པར་བྱའོ། །ས་ཕྱོགས་ཡངས་བ་ཁ་ཅིག་ཏུ་ས་དང་བ་བྱུང་གིས་ཉེ་བར་བྱུགས་ལ། དྲི་བཟང་གི་ཆབ་ཀྱིས་ཆག་ཆག་གདབ་པར་བྱའོ། །སྟེང་དུ་བླ་རེས་ཀྱིས་བྲེས་ཤིང་འཕྱང་དུ་བཅུག་ནས། དེའི་དབུས་སུ་རྡུལ་ཚོན་དཀར་པོས་འཁོར་ལོ་རྩིབས་བརྒྱད་པ་ཤིན་ཏུ་བརྒྱན་པར་གདབ་པར་བྱའོ། །གང་དེའི་དབུས་སུ། རང་བཞིན་གྱི་སྙིང་པོ་འབྱུང་བའི་གཙུག་ཏོར་རོ། །དེ་ལྟར་རིམ་པ་ཇི་ལྟ་བར་ཤར་ལ་སོགས་པའི་རྩིབས་རྣམས་སུ་ནམ་མཁའ་ལྟར་འདུས་པའི་བཟའ་སྟོན་འབྱུང་བའི་གཙུག་ཏོར་དང་། སའི་སྙིང་པོ་འབྱུང་བའི་གཙུག་ཏོར་དང་། ནོར་བུའི་སྙིང་པོ་འབྱུང་བའི་གཙུག་ཏོར་དང་། རོ་བཅུད་ཀྱི་སྙིང་པོ་འབྱུང་བའི་གཙུག་ཏོར་དང་། སྙིང་པོ་དཔག་མེད་འབྱུང་བའི་གཙུག་ཏོར་དང་། གཟི་བརྗིད་སྙིང་པོ་འབྱུང་བའི་གཙུག་ཏོར་དང་། རྔའི་སྒྲ་དབྱངས་འབྱུང་བའི་གཙུག་ཏོར་དང་། སེར་བུ་འབྱུང་བའི་གཙུག་ཏོར་ཏེ། དེ་བཞིན་གཤེགས་པ་རྣམས་བཞུགས་སུ་གསོལ་ལོ། །དེའི་ཡང་ཕྱི་རོལ་ཉིད་དུ་པདྨ་འདབ་མ་བཅུ་དྲུག་པ་ལེགས་པར་བྲི་བར་བྱའོ། །འདབ་མ་སོ་སོ་རེ་རེར་རིམ་པ་ཇི་ལྟ་བར་ཐིག་ལེ་བཅུ་དྲུག་ལས་བྱུང་བའི་དེ་བཞིན་གཤེགས་པ་རྣམས་བཞུགས་སུ་གསོལ་ལོ། །ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཕྱི་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཕྱི་ནང་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། སྟོང་པ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དོན་དམ་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། འདུས་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། འདུས་མ་བྱས་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཐོག་མ་དང་ཐ་མ་མེད་པ་


DKG090_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དོར་བ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། རང་བཞིན་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། ཆོས་ཐམས་ཅད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། རང་གི་མཚན་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་གཏོར་དང། མི་དམིགས་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། རང་གི་ངོ་བོ་ཉིད་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པའི་རང་གི་ངོ་བོ་སྟོང་པ་ཉིད་འབྱུང་བའི་གཙུག་ཏོར་རོ། །དེ་བཞིན་གཤེགས་པ་བཞུགས་པའི་གདན་གྱི་དཀྱིལ་འཁོར་བྱས་ནས་དུས་ཇི་ལྟ་བའི་མེ་ཏོག་གི་རྣམ་པ་དབུལ་བར་བྱའོ། །དེའི་ཕྱེད་ཀྱི་སྟེང་དུ་ཁྲི་བཙུགས་ཏེ་ཆུའི་སྣོད་དུ་རྣམ་པར་སྣང་མཛད་ཀྱི་སྙིང་པོའི་མཆོད་རྟེན་བཞུགས་པར་བྱའོ། །ཤོག་བུ་འམ་ལོ་མ་ལ་སྔགས་ཀྱི་ཡི་གེ་སྒྲུབ་པ་པོའི་མིང་ཅན་ཡང་བཞུགས་པར་བྱའོ། །བུམ་པ་ཆུ་ཡིས་བཀང་བ་ཡང་གཞག་པར་བྱའོ། །པདྨའི་ཕྱི་རོལ་ཕྱོགས་བཞིར་བུམ་པ་བཞི་ཡང་བཞག་པར་བྱའོ། །དར་གྱི་ལྡ་ལྡི་དང་གདུགས་དང་བ་དན་གྱིས་ཉེ་བར་མཛེས་པར་བྱས་ནས། ཡང་ཤར་དུ་བགེགས་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང་། ལྷོར་འཆི་བ་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང་། ནུབ་ཏུ་ཉོན་མོངས་པ་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང་། བྱང་དུ་ཕུང་པོའི་ནད་རབ་ཏུ་འཇོམས་པའི་གཙུག་ཏོར་རྣམ་པར་རྒྱལ་བའི་ལྷ་མོ་དང་། མེར་རྡོ་རྗེ་ཕྲེང་བ་ཚེ་སྦྱིན་མ་དང་། བདེན་བྲལ་དུ་སྒྱུ་མ་ཆེན་མོ་དང་། རླུང་དུ་གསེར་འོད་མ་དང་། དབང་ལྡན་དུ་གསེར་གྱི་ཕྲེང་བ་ཅན་ཚེ་སྦྱིན་མའོ། །སྣོད་བཞི་ཆུ་དྲི་བཟང་དང་བཅས་པས་བཀང་སྟེ། མེ་ཏོག་གི་ཕྲེང་བ་འཕྱང་དུ་གཞུག་པར་བྱའོ། །འདིའི་མཐར་རེ་ཁཱ་གསུམ་རྡུལ་ཚོན་གྱིས་བྲི་བར་བྱའོ། །ཕྲེང་བ་དང་པོ་ལ་སྐྲ་ལ་སོགས་པ་མེད་པའི་འཇིམ་པ་རློན་པ་ལ་བྱས་པའི་སཙྪ་སྟོང་ཕྲག་གཅིག་བསྒྲིག་པར་བྱའོ། །མ་གྲུབ་ན་བརྒྱ་ངེས་པར་བཞུགས་པར་བྱའོ། །ཕྱོགས་བཞིར་བཀུར་སྟི་དང་བསྟི་སྟང་ཆེན་པོའི་མཆོད་པ་བྱས་ནས། ཚིག་གཞན་མི་སྨྲ་བའི་དམ་བཅའ་འཛིན་པའི་ཆོས་སྨྲ་བ་རྣམས་ཀྱིས་གཟུངས་འདི་


DKG090_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཀླག་པར་བྱའོ། །ལན་རེ་རེ་ཞིང་མཆོད་རྟེན་གྱི་དབུར་མཆོད་ཅིང་རབ་ཏུ་གནས་པར་བྱའོ། །སྟོང་ཕྲག་གཅིག་ཏུ་ཀློག་པས་དབུས་ཀྱི་མཆོད་རྟེན་གྱི་དབུར་ལག་པ་བསྐྱོད་ཅིང་མཆོད་པར་བྱའོ། །མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ལྷ་བཤོས་ལ་སོགས་པ་མཆོད་པ་ཐམས་ཅད་སྟོང་ཕྲག་སོ་སོར་མཆོད་རྟེན་གྱི་ཕྲེང་བའི་རྣམ་པར་བྱས་ནས་མཆོད་པ་བྱའོ། །ཇི་སྲིད་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་མར་མེའི་ཕྲེང་བ་རླུང་གིས་མི་ཉམས་པ་སྦར་བར་བྱའོ། །མཉམ་པར་གཞག་ཅིང་གཙང་སྦྲས་རབ་ཏུ་འཇུག་པར་བྱའོ། །དེ་ལྟར་བྱས་ན་ཞག་བདུན་པའི་ཚེ་ལོ་བདུན་དུ་འཚོ་བར་འགྱུར་རོ། །ལོ་བདུན་པའི་ཚེ་ནི་དེ་ལྟར་ཚེ་མཆོག་འཐོབ་ཅིང་ནད་ལས་རྣམ་པར་གྲོལ་ནས་ལོ་བརྒྱར་འཚོ་བར་འགྱུར་རོ། །དུས་མ་ཡིན་པའི་འཆི་བ་ཡང་ཐམས་ཅད་དུ་རྙེད་པར་མི་འགྱུར་རོ། །དེ་ལྟ་བུའི་ཉེ་བར་སྤྱོད་པའི་རིམ་པ་ལས་གཞན་དུ་བྱས་ན་དེ་ཡིས་འགྲུབ་པ་མ་ཡིན་ནོ། །རབ་ཏུ་བྱེད་པ་དང་པོའོ།། །།རྟོག་པ་འདི་ཡང་དག་པའི་དགེ་བའི་བཤེས་གཉེན་སྡོམ་བརྩོན་དམ་པ་འདུལ་བའི་གཙུག་ལག་ལ་ཟླ་མེད་པར་སྨྲ་བ་ནེའུ་མཁན་པོའི་གསུང་བཞིན་དུ། མང་དུ་ཐོས་པའི་ལོཙྪ་བ་གནས་བརྟན་དཔལ་ཉི་མ་རྒྱལ་མཚན་བཟང་པོས་དཔལ་ཐར་པ་གླིང་གི་གཙུག་ལག་ཁང་དུ་རང་གིས་བསྒྱུར་བའོ།།


previousདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་ཞེས་བྱ་བའི་རྟོག་པ།next