Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས།
   
   
   


 
previousཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས།next

ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས།


DKG090_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ས་མནྟ་མུ་ཁ་པྲ་བེ་ཤ་རཤྨི་བི་མ་ལོཥྞཱི་ཥ་པྲ་བྷཱ་ས་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ས་མ་ཡ་བི་ལོ་ཀི་ཏེ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་པོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་། །དེ་ནས་བཅོམ་ལྡན་འདས་དགའ་ལྡན་གྱི་ལྷའི་གནས་ན། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་། ཞམ་རིང་བ་ལྷའི་ཚོགས་ཆེན་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་ཐབས་ཅིག་ཏུ་བཞུགས་ཏེ། འཁོར་མང་པོ་ཚོགས་པ་ལ་བཅོམ་ལྡན་འདས་ཕ་རོལ་ཏུ་ཕྱིན་པ་


DKG090_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་དང་ལྡན་པའི་ཆོས་སྟོན་པར་མཛད་དེ། འདི་ལྟ་སྟེ། ཇི་ལྟར་སྦྱིན་པའི་འབྲས་བུ་བསོད་ནམས་ཀྱི་ཚོགས་ཆེན་པོ་བསགས་པས་འཁོར་ལོས་སྒྱུར་བའི་དབང་ཕྱུག་གི་འབྲས་བུ་རྣམ་པར་སྨིན་པ་དང་། རིན་པོ་ཆེ་སྣ་བདུན་གྱི་ཆར་འབབ་པ་དང་། ལྷུན་གྱིས་གྲུབ་པའི་གཏེར་ཆེན་པོ་བསྐྱེད་བར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དེ་བཞིན་གཤེགས་པའི་བསྟན་པ་དང་། མངོན་པར་ཤེས་པ་ལྔ་དང་། ཚུལ་ཁྲིམས་དང་ལྡན་པ་དང་། ཚངས་པ་དང་། ལྷར་སྐྱེ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ལྷའི་གཟུགས་ཡིད་དུ་འོང་བ་ལྟ་བས་ཆོག་ཡི་ཤེས་པའི་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་བརྩོན་འགྲུས་རྩོམ་པ་ལྟ་བ་དང་། བདུད་འདུལ་བ་དང་། རྒ་ཤི་དང་། སྐྱེ་བ་ལས་གྲོལ་བ་དང་། བརྫུས་ཏེ་སྐྱེ་བའི་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་འཐོབ་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཇི་ལྟར་ཤེས་རབ་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོ་དང་། ཐོས་པ་རྒྱ་མཚོ་བསགས་པ་དང་། མང་དུ་ཐོས་པའི་འབྲས་བུ་རྣམ་པར་སྨིན་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནས་ལྷའི་བུ་དེ་དག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆོས་ཀྱི་སྒོ་འདི་ཉིད་ཉིན་མཚན་དུ་རྗེས་སུ་སེམས་ཤིང་རྗེས་སུ་སྤྱད་དེ་དཀའ་བ་ཆེན་པོའི་ཕྱིར་སྒོམ་པར་ཡང་བྱེད་དོ། །དེ་ནས་ལྷའི་འཁོར་དེ་ཉིད་ཀྱི་ནང་ནས་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ཞེས་བྱ་བ་གཡོག་ལྷའི་བུ་བྱེ་བ་ཕྲག་སྟོང་དང་ལྡན་པ། ལྷའི་བུ་མོ་ཁྲི་བརྒྱད་སྟོང་གིས་བསྐོར་བ། ལྷའི་རྣམ་པར་འཕྲུལ་པའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྩིག་པ་བརྩིགས་པའི་ཁང་བཟངས་སྐྱེད་མོས་ཚལ་སྣ་ཚོགས་དང་། ལྷའི་མེ་ཏོག་གིས་མཛེས་པར་བྱས་པའི་རྫིང་གིས་ལེགས་པར་བརྒྱན་པ་དང་ལྡན་པ་ཞིག་ཡོད་དེ།


DKG090_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལྷའི་བུ་མོའི་མཆོག་མེ་ཏོག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་དང་ལྷན་ཅིག་དགའ་བ་ཆེན་པོ་མང་པོ་དང་ལྡན་ཞིང་ལྷའི་བདེ་བ་ལ་ནི་ཆགས། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་བཞི་དང་ལྡན་པའི་ཁང་བཟངས་ཀྱི་ནང་ན་འདོད་པའི་ཡོན་ཏན་ལྔ་འབྱོར་ཅིང་རྒྱགས་པ་དང་། ང་རྒྱལ་གྱིས་དྲེགས་ཏེ་སྙེམས་ཤིང་ཉལ་ལོ། །དེ་ནས་ནམ་ཕྱེད་ཙམ་ན་ལྷའི་བུ་དེ་གཉིད་ཀྱིས་ལོག་ཅིང་ལྷའི་བུ་མོའི་ཚོགས་ཐམས་ཅད་ཀྱང་སྒྲ་བསྐྱུངས་ཏེ་ཉལ་བར་གྱུར་ཏོ། །དེ་ནས་གནས་མཆོག་དེ་ན་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་ཞེས་བྱ་བ་ཞིག་གནས་པ་དེས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་ལ་བསྐུལ་ནས་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལོངས་ལོངས། ཁྱོད་གཉིད་ལ་དགའ་ཞིང་ཆགས་པས་ཅི་ཞིག་བྱ། དགའ་བ་ལ་གོམས་པར་བྱེད་ཅིང་ཆགས་པར་གནས་པས་ཅི་ཞིག་བྱ། ལྷའི་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་པས་ཅི་ཞིག་བྱ། ད་སྟེ་ཞག་བདུན་ན་འཆི་བའི་དུས་བྱེད་པར་འགྱུར་ཏེ། ལྷའི་ལོངས་སྤྱོད་དང་བྲལ་ཞིང་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་བར་འགྱུར་ན། ཁྱོད་ཀྱི་གནས་གཞལ་མེད་ཁང་དམ་པ་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཅི་དགོས། ཁྱོད་ཀྱི་སྲོག་ནི་ཡོང་མེད་ཀྱིས། །ཐབས་ནི་མྱུར་དུ་རྣམ་པར་སོམས། །ཞེས་དེ་སྐད་སྨྲས་ནས་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་མི་སྣང་བར་གྱུར་ཏོ། །དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པས་ཚིག་མི་སྙན་པ་དེ་ཐོས་ནས་བརྒྱལ་ཏེ་མལ་ནས་ཁས་བུབ་ཏུ་ས་ལ་ལྷུངལྟུང་ངོ་། ། དེ་ནས་ལྷའི་བུ་མོའི་ཚོགས་དེ་དག་ཀྱང་སྐྲ་ནི་བཤིག །རྒྱན་རྣམས་ནི་ལྷུང་། གོས་ནི་བསྙིལ། ཁ་ནི་ཁྲག་དང་གཤེར་བག་ནི་ཆད་ནས་མཆུ་དང་། རྐན་དང་། མིད་པ་དང་། ལྕེ་ནི་བསྐམས་ལ། སྨྲེ་སྔགས་སྟོང་ཕྲག་དུ་མ་ནི་སྨྲེ་སྟེ་ངུ་ཞིང་ཆོ་ངེས་འདེབས་ལ། ཀྱི་ཧུད་ཀྱི་ཧུད་ཅེས་འཛེར་ཅིང་། ལྷའི་རིན་པོ་ཆེའི་སྣོད་ནས་སྤོས་ཆུ་དང་། ཙནྡན་གྱི་ཆུ་གྲང་མོས་འཐོར་ཞིང་། ཁ་ཅིག་ནི་མགུལ་ནས་འཇུ། ཁ་ཅིག་ནི་ལག་པ་ནས་འཇུ། ཁ་ཅིག་ནི་དེའི་སྐྲ་ལའོ་བྱེད། ཁ་ཅིག་ནི་རྐང་པ་ནས་འཇུ། ཁ་ཅིག་ནི་མགོ་ལ་མགོལ་འཇུ། ཁ་ཅིག་ནི་བརྒྱལ་


DKG090_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འགྱེལ། ཁ་ཅིག་ནི་སའི་སྟེང་ན་ཆུ་མེད་པའི་ཉ་བཞིན་དུ་འགྲེ་ལྡོག །ཁ་ཅིག་ནི་ལུས་ལ་མེས་འཚིག་པ་བཞིན་དུ་འགྲེ་ལྡོག །ཁ་ཅིག་ནི་སྨྲེ་སྔགས་དུ་མ་འདོན་ཅིང་ཀྱི་ཧུད་ཀྱི་ཧུད་ཅེས་ཟེར་ཅིང་ངུའོ། །དེ་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དེ་བརྒྱལ་བ་ལས་སངས་ཏེ། དྲན་པ་ཐོབ་ནས། ཁ་ནས་ཁྲག་སྐྱུག་ཅིང་སྡུག་བསྔལ་ཆེན་པོ་དྲག་པོ་ཉམས་སུ་མྱོང་ནས་ཤུགས་རིང་དུ་ཕྱུང་སྟེ། ལུས་འདར་ཞིང་ཤིང་རླུང་གི་ཤུགས་ཀྱིས་བཏབ་པ་བཞིན་དུ་གཡོ་བར་གྱུར་ལ། སྒྲ་བསྐྱུངས་པའི་སྙིང་གིས་རིངས་པ་རིངས་པར་ལྷའི་དབང་པོ་བརྒྱ་བྱིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ལྷའི་དབང་པོ་བརྒྱ་བྱིན་གྱི་རྐང་པ་ལ་གཏུགས་ཏེ། རྐང་པ་གཉིས་ལ་འཇུས་ནས་འདི་སྐད་ཅེས་སྨྲས་སོ། །བཅོམ་ལྡན་འདས་བདག་ལ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ལྷའི་རྒྱལ་པོ་ཆེ་བའི་བདག་ཉིད་ཅན་བསྐྱབ་ཏུ་གསོལ། ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའ་གདོང་གིས་བསྒོ་བ་ཐོས་ནས་བདག་དགུང་བདུན་ན་འགུམ་པའི་དུས་བགྱིད་དོ། །ཞེས་མཆི་ཞིང་སེམས་ཅན་དམྱལ་བའི་ཚོར་བ་སོམས་ཤིག་ཅེས་མཆིན་ལྷའི་དབང་པོ་ཐབས་གང་གིས་བདག་འཆི་བདག་གི་དབང་དུ་མཆི་བར་མི་འགྱུར་བ་དང་། ངན་འགྲོར་མཆི་བར་མི་འགྱུར་བར་འཇིགས་པ་མ་མཆིས་པའི་གཉེན་པོ་བཀའ་སྩལ་དུ་གསོལ། ལྷའི་དབང་པོ་ཅི་ནས་ཀྱང་བདག་འཆི་བདག་གི་སྒོ་ནས་ཐར་པའི་ཆོ་གས་བདག་ལ་བསྐྱབ་ཏུ་གསོལ། དེ་ནས་ལྷའི་དབང་བོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་སྙིང་རབ་ཏུ་སྡུག་བསྔལ་བས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་མ་འཇིགས་ཤིག །གང་གིས་འཆི་བདག་ཕམ་པར་འགྱུར་ཞིང་སེམས་ཅན་དམྱལ་བའི་སྡུག་བསྔལ་ལས་ཐར་བར་འགྱུར་བ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ན་ལྷ་དང་མི་རྣམས་ཀྱི་སྟོན་པ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་ལས་བརྒལ་བ་བླ་ན་མེད་པའི་སྨན་པ་ཡོད་དེ། དེ་ནི་ཁྱོད་ཀྱི་སྐྱབས་དང་། རྩ་ལག་བཟང་པོ་དང་། དཔུང་གཉེན་དང་ཕ་མ་ལྟ་བུར་གྱུར་པ་ཡིན་ནོ། །དེ་ནི་ངན་འགྲོ་ཐམས་ཅད་འཇིག་


DKG090_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛད་པ་ཡིན་གྱི་འདྲེན་པ་དེ་གང་ན་བཞུགས་པ་དེར་བདག་ཅག་མྱུར་དུ་འདོང་ངོ་། །དེ་ནས་དེའི་ཐོ་རངས་ལྷའི་དབང་པོ་བརྒྱ་བྱིན་དང་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷ་དང་ལྷའི་བུ་མོ་སྟོང་ཕྲག་དུ་མ་དང་ལྷན་ཅིག་དགའ་ལྡན་ག་ལ་བ་དེར་དོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྣམ་པར་དམན་པའི་ཚིག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ལ་ལྷའི་གནོད་སྦྱིན་གྱི་གཙོ་བོ་སྐར་མདའི་གདོང་གིས་བསྐུལ་ཏེ་དེ་དགུང་བདུན་གྱི་གདུགས་ལ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་འཆི་བདག་གི་སྒོའི་དབང་དུ་འགྱུར་རོ་ཞེས་མཆི་ན་བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་ཚིག་གསན་ནས་འཛུམ་པ་མཛད་དེ་འཛུམ་པ་བསྟན་པ་དེས་ཞལ་ནས་ཁ་དོག་དུ་མ་དང་ལྡན་པའི་འོད་ཟེར་བྱུང་སྟེ། འོད་ཟེར་བྱུང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་གྱི་སྣང་བ་དེས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་ཀྱི་གནས་རྣམས་སྣང་བར་བྱས་ནས་བསྐུལ་ཏེ། བསྐུལ་ནས་ཀྱང་འོད་ཟེར་དེ་སླར་ལོག་སྟེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོར་ཞུགས་སོ། །ཞུགས་མ་ཐག་ཏུ་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཞག་བདུན་གྱི་ཉིན་པར་འཆི་བདག་གི་སྒོའི་འཇིགས་པར་འགྱུར་བ་དེ་ཉོན་ཅིག །འདི་གལ་ཏེ་འཆི་བའི་དུས་བྱེད་པར་གྱུར་ན། སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཆེན་པོ་དྲག་པོ་ཆེན་པོའི་ཚོར་


DKG090_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བ་སེམས་ཅན་དམྱལ་བའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །ཐོག་མར་ནི་གྲོང་ཁྱེར་ཆེན་པོ་བཱ་རཱ་ཎ་སཱིར་སྨྱིག་མ་མཁན་གྱི་ཕྱིས་ཁུང་གི་འདམ་རྫབ་ཀྱི་ནང་དུ་ཤ་ཟ་མོ་ཕག་མགོ་ཅན་དུ་སྐྱེ་བར་འགྱུར་ཏེ། ཕྱིས་ཁུང་དེ་ན་བཤང་གཅི་ཟའོ། །ཕྱིས་ཁུང་དེ་ཉིད་ཀྱི་ནང་ན་སྲོག་ཆགས་བྱེ་བ་བརྒྱ་སྟོང་གནས་ཏེ་དེ་དག་དུས་གསུམ་དུ་ཕག་མོ་དེའི་ཤ་ཟ་ཞིང་ཀེང་རུས་འབའ་ཞིག་ལུས་པར་བྱེད་དོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་ཀུན་རྫོགས་པར་གྱུར་ཏེ་ལོ་བདུན་འཚོ་བར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ། དེ་ནས་དགོན་པར་རུས་སྦལ་གྱི་སྐྱེ་གནས་སུ་སྐྱེ་ལ་དེ་ན་ཆུའི་མིང་ཡང་མི་གྲག་ཅིང་ཤིང་གྲིབ་ཀྱང་མེད་དེ་ཉི་ཚན་གྱིས་ལུས་གདུངས་ཤིང་ཚིག་ལ་བྱེ་ཚན་ཟ་ཞིང་བྱ་རོག་དག་གིས་ལུས་བཏོགས་ནས་ལུས་དུམ་བུར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ནས་ཞིག་པར་འགྱུར་ཏེ་ལོ་ལྔ་ཚང་བར་དེ་ལྟར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱེད་པར་འགྱུར་ཏེ་བཱ་རཱ་ཎ་སཱི་དེ་ཉིད་དུ་འབབ་ཆུ་ཆེན་པོའི་ཉ་ཆེན་པོར་སྐྱེ་བར་འགྱུར་རོ། །དེ་ནས་ཡང་ལས་ཀྱི་དབང་གིས་གང་ན་ཆུ་མེད་པ་དེར་འཕངས་ནས་ལུས་ཆེན་པོ་དེ་ལ་སྦྲུལ་གདུག་པ་དང་། བྱ་རོག་དང་། སྲེ་མོ་དང་། ཁྱི་དང་། གཟིག་དང་། དྲེད་དང་། ཅེ་སྤྱང་ལ་སོགས་པས་ཟའོ། །སྲོག་ཆགས་སྣ་ཚོགས་པ་གཞན་དག་གིས་ཀྱང་ཟའོ། །དེ་ནས་ཡང་ལས་ཀྱི་དབང་གིས་ལུས་བྱུང་ཞིང་ཟ་བར་འགྱུར་ཏེ་ལོ་གསུམ་དུ་དེ་ལྟར་འགྱུར་རོ། །དེ་ནས་ཡང་འཆི་བའི་དུས་བྱས་ནས་ཁྱིམ་བདུན་དུ་སྐྱེ་ཞིང་འཛམ་བུའི་གླིང་གི་སྡུག་བསྔལ་མྱོང་བར་འགྱུར་ཏེ། མཛེ་ཅན་གྱི་ཁྱིམ་དང་། དབུལ་པོའི་ཁྱིམ་དང་། གཡུང་པོའི་ཁྱིམ་དང་། ཤན་པའི་ཁྱིམ་དང་། རིགས་ངན་གྱི་ཁྱིམ་དང་། གདོལ་པའི་ཁྱིམ་དང་། དམུས་ལོང་གི་ཁྱིམ་དུ་སྐྱེ་སྟེ་ལོ་དྲུག་ཅུའི་བར་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སྡུག་བསྔལ་དེ་དག་མྱོང་ནས་དེ་ནས་ཤི་འཕོས་ཏེ། སེམས་ཅན་དམྱལ་བ་ཆེན་པོ་བཅུ་དྲུག་ཏུ་བསྐལ་པ་བརྒྱད་ཅུ་རྩ་བཞིར་སྡུག་བསྔལ་མྱོང་བར་འགྱུར་རོ། །ལྷའི་དབང་པོ་དེ་ལྟ་བུའི་སྡུག་བསྔལ་


DKG090_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཅི་སྟེ་བརྒྱ་ལ་མིའི་ལུས་ཐོབ་ན་ཡང་དབུལ་བ་དང་ཡན་ལག་མ་ཚང་བ་དང་། ཤེས་རབ་ཆུང་བ་དང་། ཡི་གེ་མི་ཤེས་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་བྲལ་བ་དང་། འཇིག་རྟེན་ཐམས་ཅད་ཀྱིས་དམད་པ་དང་། རྟག་ཏུ་སྐོམ་པ་དང་། བཀྲེས་པ་སེམས་པ་དང་། ཚེ་ཐུང་ཞིང་ནད་མང་བར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པའི་གཏམ་ངན་ཐོས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཤིན་ཏུ་འཇིགས་སྐྲག་སྟེ་ཡིད་མི་དགའ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་རེ་བ་མ་མཆིས་པར་གྱུར་ཏོ། །བདག་ལ་སྐྱབས་བགྱིད་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་འཆི་བདག་གི་ཆད་པ་ཆེན་པོའི་གཉེན་པོ་ཡོད་ཀྱི་དེ་བས་ན་རེ་བ་མེད་པར་མ་བྱེད་ཅིག །དེས་ཕྱི་མའི་ཚེ་ཕྱི་མའི་དུས་ན་སེམས་ཅན་དེ་དག་འཆི་བའི་དུས་ཀྱི་ཚེ་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །དྲན་པ་ཙམ་གྱིས་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །ཤིན་ཏུ་ཡོངས་སུ་དག་པའི་ལུས་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རེ་བ་འཕེལ་བར་མཛད་དུ་གསོལ། བཅོམ་ལྡན་འདས་ལྷ་ཐམས་ཅད་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་སྐྱེ་དགུའི་འཇིག་རྟེན་ཐམས་ཅད་བསྒྲལ་དུ་གསོལ། བཅོམ་ལྡན་འདས་འཆི་བའི་འཇིགས་པ་ཞི་བར་མཛད་དུ་གསོལ། བཅོམ་ལྡན་འདས་སེམས་ཅན་དམྱལ་བའི་སྡུག་བསྔལ་མི་བཟད་པ་བསལ་དུ་གསོལ། བཅོམ་ལྡན་འདས་ཅི་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་དགུག་ཏུ་གསོལ། བཅོམ་ལྡན་འདས་གླིང་


DKG090_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་བའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་དབུགས་དབྱུང་དུ་གསོལ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཕྱོགས་བཅུ་ཀུན་གྱི་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོས་གདབ་ཏུ་གསོལ། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ་གཉེན་པོ་སྟོན་པ་ཆེན་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་དེ་སྐད་ཅེས་གསོལ་པ་ཐུགས་སུ་ཆུད་ནས། རྣམ་པ་ཀུན་ཏུ་རྣམ་པར་གཟིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་རྣམ་པ་ཀུན་ཞེས་བྱ་བའི་འོད་ཟེར་གཙུག་ཏོར་གྱི་དབུས་ནས་བྱུང་ནས། དེས་ཕྱོགས་ཀུན་ཏུ་སྣང་བར་བྱས་ཏེ། རིན་པོ་ཆེའི་གདུགས་ལྟ་བུར་ནམ་མཁའ་ལ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དེ་གཟིགས་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་སྔགས་ཟུང་ཤིག །ཕྱག་རྒྱ་འདི་ནི་གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །གཟུངས་སྔགས་འདི་མཐོང་བ་དང་ཐོས་པ་ཙམ་གྱིས་སྡིག་པ་དང་། སྒྲིབ་པ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ངན་འགྲོའི་འཇིགས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་རྣམ་པར་འཇིག་པར་འགྱུར་ཞིང་། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་འཇིག་པར་འགྱུར་ཏེ། དཔེར་ན་མེ་ཡིས་རྩྭ་བསྲེགས་པ། །རླུང་གིས་ཐལ་བ་མྱུར་དུ་དེད། །དེ་བཞིན་ཚེ་རབས་སྔ་མ་ལ། །བསགས་


DKG090_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡིག་པ་ཐམས་ཅད་སྲེག། །དཔེར་ན་ཆར་པ་འབབ་འགྱུར་ཏེ། །རི་ལ་འབབ་ཆུ་བབས་པ་ཡིས། །ས་ཡི་སྟེང་གི་ཕྱག་དར་དང་། །ཉལ་ཉིལ་ཐམས་ཅད་འདེད་པར་འགྱུར། །དེ་བཞིན་གཟུངས་འདི་མཐོང་བ་དང་། །ཐོས་པ་ཙམ་གྱིས་སྡིག་པ་འབྱང་། །དཔེར་ན་མེ་ཡིས་གསེར་སྦྱངས་པ། །སོས་གཅད་རུང་བར་སྙི་བར་འགྱུར། །དེ་བཞིན་བཟླས་བརྗོད་བྱས་ཙམ་གྱིས། །ལུས་སྦྱོང་འགྱུར་ཏེ་ཐེ་ཚོམ་མེད། །དཔེར་ན་ཉི་མ་ཤར་གྱུར་ན། །འོད་ཟེར་ཀུན་དུ་རབ་ཏུ་འབྱུང་། །དེ་བཞིན་སུ་ཞིག་གཟུངས་འཆང་བ། །དེ་ཡི་ལུས་ཀྱང་རྣམ་པར་མཛེས། །དཔེར་ན་སྐམ་པོར་ཉ་འགྲེ་ལྡོག །ཆུ་དང་བྲལ་བས་འཆི་སྒོར་འགྲོ། །ལ་ལས་སླར་ཡང་ཆུར་བོར་བས། །དེ་ན་གནས་ཤིང་ཡང་རྩེའོ། །དེ་བཞིན་དྲན་པ་ཙམ་གྱིས་ཀྱང་། །མི་རྣམས་ཚེ་ནི་ཟློག་པར་བྱེད། །ལྷའི་དབང་པོ་གཟུངས་སྔགས་བསྟན་གྱིས་ཉོན་ཅིག །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨོཾ་མ་ཧཱ་ཙིནྟཱ་མ་ཎི་ཛྭ་ལ་ན། སཱ་ག་ར་གམྦྷི་རེ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ཨཱ་ཡུནྡྷ་ར། ཨཱ་ཡུནྡྷ་ར། སནྡྷ་ར། སནྡྷ་ར། ཀྵ་ཎ་ཀྵ་ཎ། ཀྵེ་ཎི་ཀྵེ་ཎི། ཀྵུ་ཎུ་ཀྵུ་ཎུ། སརྦ་ཏ་ཐཱ་ག་ཏ་མ་ཧཱ་ས་མ་ཡ། ཏིཥྛ་ཏིཥྛ། མ་ཧཱ་བྷུ་བ་ན། སཱ་ག་ར། སཾ་ཤོ་དྷ་ཡ། མཱཾ་སརྦ་སཏྭཱཾཤྩ། བྷ་ག་བ་ཏི། སརྦ་པཱ་པཾ་བི་མ་ལ། ཛ་ཡ་ཛ་ཡ། ཛ་ཡ་ལབྷེ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། བི་ག་ཏ་ཨཱ་བ་ར་ཎི། བྷ་ཡ་ཧ་ར་ཎི། ཧཱུྃ་ཧཱུྃ་ཧཱུྃ། །མྲྀ་ཏྱུ་དཎྜ་དྷ་རེ། ཨ་བྷ་ཡ་པྲ་དེ། ཨུཥྞི་ཥ་བྱ་བ་ལོ་ཀི་ཏེ། ས་མནྟ་མུ་ཥེ། ས་མནྟ་བྱ་བ་ལོ་ཀི་ཏེ། མ་ཧཱ་མཱ་ཡི། མ་ཧཱ་པཱ་ཤ་དྷ་རེ། ཨ་མོ་གྷ་བི་མ་ལེ། ཨཱ་ཀརྵ་ཡ། ཨཱ་ཀརྵ་ཡ། ཨཱ་ཀཌྜྷ་ཡ། ཨཱ་ཀཌྜྷ་ཡ། བྷ་ར་བྷ་ར། སམྦྷ་ར་སམྦྷ་ར། ཨིནྡྲི་ཡ་བི་ཤོ་དྷ་ནི། བྷཱུ་ཥི་ཏ་བྷུ་ཛེ། མ་ཧཱ་མུ་དྲཱ་བི་ལོ་ཀི་ཏེ། ཛ་ཡ་ཇ་ཡ། སིདྡྷེ་སིདྡྷེ། བུདྡྷ་བུདྡྷ། བོདྷ་ནི་བོ་དྷ་ནི། སཾ་བོ་དྷ་ནི་སཾ་བོ་དྷ་ནི། ཤོ་དྷ་ནི་ཤོ་དྷ་ནི། སཾ་ཤོ་དྷ་ནི་སཾ་ཤོ་དྷ་ནི། བི་ཤོ་དྷ་ནི་བི་ཤོ་དྷ་ནི། ཧ་ར་ཧ་ར། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ཀུ་ལ་བྷུ་ཛེ། ས་མ་ཡ་ཏིཥྛེ། པྲ་ས་ར་ཏུ་མ་མ་པུཎྱེ། བི་ན་ཤྱནྟུ་པཱ་པཾ། སརྦ་ཀིལྦི་ཥཧ་རེ། མ་ཎི་བི་ཤུདྡྷེ། ཤོ་དྷ་ཡ་བི་མ་ལེ། བི་ཀཱ་སི་ཏ་པདྨེ།


DKG090_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གབ་ཙཾཏ་བྷུཛེ། ཥཌྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་བི་ལོ་ཀི་ཏེ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཨཱ་ཡུརྡ་དེ་སྭཱ་ཧཱ། པུ་ཎྱ་ད་དེ་སྭཱ་ཧཱ། པུ་ཎྱ་བི་ལི་ཀི་ཏེ་སྭཱ་ཧཱ། པུ་ཎྱ་ཨ་བ་ལོ་ཀི་ཏེ་སྭཱ་ཧཱ། མྲྀ་ཏྱུ་དཎྜེ་སྭཱ་ཧཱ། ཡ་མད་ཎྜེསྭཱ་ཧཱ། ཡ་མ་དཱུ་ཏེ་སྭཱ་ཧཱ། སཾ་ཧ་ར་ཎི་སྭཱ་ཧཱ། སམྦྷ་ར་ཎི་སྭཱ་ཧཱ། སནྡྷའ་ར་ཎི་སྭཱ་ཧཱ། པྲ་ཏི་ས་ར་ཎི་སྭཱ་ཧཱ། ཨོ་ཛོ་བ་ཏེ་སྭཱ་ཧཱ། ཏེ་ཛོ་བ་ཏི་སྭཱ་ཧཱ། ཛ་ཡ་བ་ཏི་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུ་དྲཱ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ལྷའི་དབང་པོ་གཟུངས་སྔགས་འདི་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་རྗེས་སུ་སྟོན་ཅིག །དེས་ནི་ཁྱོད་ཀྱིས་ལྷའི་བུ་དེ་ལ་ཡུན་རིང་པོར་ཕན་པ་དང་། བདེ་བར་འགྱུར་རོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བའི་གཟུངས་སྔགས་འདི་བྲིས་ལ་མཆོད་རྟེན་གྱི་ནང་དུ་གཞུག་གོ། །མཆོད་རྟེན་སར་པའམ་རྙིང་པ་བཅོས་པ་ཡང་རུང་སྟེ་དེའི་ནང་དུ་གཞུག་གོ། །སྤོས་དང་། བྱུག་པ་ཡང་ཕུལ་ལ་གཟུངས་ཀྱི་རིག་སྔགས་བརྒྱ་རྩ་བརྒྱད་དྲན་པར་བྱ་ཞིང་ལན་བརྒྱ་རྩ་བརྒྱད་བསྒོམ་པར་བྱའོ། ། ཉིན་ཞག་གཅིག་ལ་ཉིན་ལན་གསུམ་མཚན་ལན་གསུམ་དྲན་པར་བྱའོ། །དེ་ནས་ཉི་མ་ཤར་བ་དང་ཤར་ཕྱོགས་སུ་བལྟས་ཏེ་སྤོས་ཀྱི་དཀྱིལ་འཁོར་བྱས་ལ། ཉི་མ་ལོགས་སུ་མེ་ཏོག་གིས་གཏོར་རོ། །ཨ་ཀ་རུ་དང་། དུ་རུ་སྐའི་བདུག་པས་བདུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །མཆོད་རྟེན་བརྒྱ་རྩ་བརྒྱད་བཏབ་པ་ལ་རིག་སྔགས་ཀྱི་སྙིང་པོ་འདི་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ནས་དཀྱིལ་འཁོར་གྱི་སྟེང་དུ་བཞག་ན་གང་གཱའི་ཀླུང་གི་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གདུང་དང་རིང་བསྲེལ་མཆོད་རྟེན་རེ་རེའི་ནང་དུ་བཅུག་པར་འགྱུར་རོ། །རིང་བསྲེལ་གྱི་སྙིང་པོར་ཡང་འགྱུར་རོ། །སྙིང་པོ་འདི་བྲིས་ལ་གཞུག་གོ། །ཨོཾ་ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་


DKG090_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་ཧྲྀ་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ། དྷརྨ་དྷཱ་ཏུ་གརྦྷེ་སཾ་བྷ་རམ་མ་ཨཱ་ཡུཿ། སཾ་ཤོཌ་ཡ། སཾ་ཤོ་དྷ་ཡ། མ་མ་སརྦ་པཱ་པཾ། སརྦ་ཏ་ཐཱ་ག་ཏ་ས་མནྟོཥྞཱི་ཥ་བི་མ་ལ་བི་ཤུདྡྷེ། ཧཱུྃ་ཧཱུྃ་ཧཱུྃ། ཨྃ་བཾ་སཾ་ཛཿསྭཱ་ཧཱ། ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་ཞེས་བྱ་བ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་འདི་ལ་གུས་པར་བྱས་ཏེ་མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་བར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་པའི་སྒྲ་རྣ་ལམ་དུ་ཡང་གྲག་པར་མི་འགྱུར་ན་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ་དེ་ནི་གནས་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིག་སྔགས་འདི་བཅོམ་ལྡན་འདས་ལས་བཟུང་ནས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་ལྷན་ཅིག་ཏུ་ནམ་ལངས་པ་དང་རང་གི་གནས་སུ་སོང་སྟེ། དེ་བཞིན་གཤེགས་པས་བཀའ་སྩལ་པའི་ལུང་བཞིན་དུ་ཆོ་ག་གོ་རིམས་བཞིན་དུ་མཆོད་རྟེན་གྱི་ལས་བྱས་ནས། བཟླས་བརྗོད་ཀྱི་ཆོ་ག་ཡང་བྱས་པ་དང་། བྱས་མ་ཐག་ཏུ་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་ནས་སྡིག་པ་ཐམས་ཅད་དང་བྲལ་ཏེ། ལུས་རྣམ་པར་དག་ནས་པགས་པའི་མདོག་ནི་གསེར་གྱི་ཁ་དོག་ལྟ་བུར་གྱུར། སྐྲ་དང་མིག་ནི་མཐོན་མཐིང་ལྟ་བུར་གྱུར། དེ་བཞིན་གཤེགས་པ་ཐམས་ཅད་ནི་མངོན་དུ་མཐོང་། ནམ་མཁའི་དབྱིངས་ནས་དེ་བཞིན་གཤེགས་པས་ལེགས་སོ་ལེགས་སོ་ཞེས་བྱ་བའི་གསུང་ནི་ཕྱུང་ངོ་། །དེ་ནས་ལྷའི་བུ་དེ་སྒྲིབ་པ་དང་བྲལ་བའི་ལུས་


DKG090_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གྱུར་པར་མཐོང་ནས་ཡ་མཚན་ཆེར་བཟུང་སྟེ་རབ་ཏུ་དགའ་ནས། ཨ་ལ་ལ་སངས་རྒྱས། ཨ་ལ་ལ་རིག་སྔགས། ཨ་ལ་ལ་ཆོས། འབྲས་བུ་འཕྲལ་དུ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ། ཐུགས་རྗེ་མཆོག་ཏུ་ཆེ་བ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་ལྷའི་བུ་དེ་རང་གི་གནས་སུ་སོང་ནས་ལྷའི་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་སྣ་ཚོགས་བླངས་ཏེ། ལྷའི་གོས་དང་། སྤུད་པ་དང་། རྒྱན་ཀྱང་བླངས་ནས་གཡོག་འཁོར་ཐམས་ཅད་དང་། ལྷའི་བུ་མོ་དང་། ལྷའི་ཚོགས་དང་། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་དང་། དགའ་ལྡན་གྱི་གནས་སུ་དོང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ནས་ཕྱིན་པ་དང་། བཅོམ་ལྡན་འདས་ལ་མཆོད་པ་ཆན་པོ་བྱས་ཏེ་ལན་བརྒྱ་སྟོང་དུ་བསྐོར་བ་བྱས་ནས་ཆོས་མཉན་པའི་ཕྱིར་དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སུག་ལས་གང་གིས་ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་ལ་མི་བཟད་ཅིང་ཤིན་ཏུ་ཚ་བའི་འབྲས་བུ་རྣམ་པར་སྨིན་པ་རྣམས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ལེགས་སོ་ལེགས་སོ། །སྐྱེས་བུ་དམ་པ་དག་ལེགས་པར་དྲིས་སོ། །དེའི་ཕྱིར་ཉོན་ཅིག་དང་བཤད་པར་བྱའོ། །ལག་ན་རྡོ་རྗེ་སྔོན་བྱུང་བ་འདས་པའི་དུས་ན་ལྷོ་ཕྱོགས་ཀྱི་རྒྱུད་ན་ཡངས་པ་འཁྱིལ་བ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དེ། དེ་ན་བྲམ་ཟེ་དྲི་མ་མེད་པ་ཞེས་བྱ་བ་མཁས་པ། བྱང་བ། གསལ་བ། ཡིད་གཞུངས་པ། གཟུགས་བཟང་ཞིང་མཛེས་པ། བལྟ་ན་སྡུག་པ། མདོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ།


DKG090_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་དང་ལྡན་པ། དགེ་བའི་བསམ་པ་ཅན་རིག་པ་སྨྲ་བ་ཞིག་གནས་ཏེ། དེ་རིག་སྔགས་ཀྱི་རྒྱལ་མོ་འདི་རྗེས་སུ་སེམས་ཤིང་སྒོམ་ལ་མང་དུ་བྱེད་དེ། སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་དོ། །དེ་ནས་གྲོང་ཁྱེར་དེ་ཉིད་ན་ཁྱིམ་བདག་རབ་སྣང་ཞེས་བྱ་བ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། གཡོག་འཁོར་མང་བ་ཞིག་གནས་ཏེ། ཁྱིམ་བདག་དེ་ནི་དད་པ་དང་མི་ལྡན་ཞིང་གཞན་མུ་སྟེགས་ཅན་ལ་དད་དོ། །བྲམ་ཟེ་དེ་ནི་ཁྱིམ་བདག་དེ་ལ་ཡང་དང་ཡང་རིག་སྔགས་ཀྱི་རྒྱལ་མོ་འདི་སྙིང་པོ་དང་བཅས་པ་སྒྲོགས་ཀྱང་ཁྱིམ་བདག་དེ་ནི་དེ་ལ་དད་པའི་སེམས་མི་སྐྱེད་ཀྱི། དེ་འདི་སྙམ་དུ་སེམས་ཏེ། ངས་བྲམ་ཟེ་འདི་དུམ་བུ་དུམ་བུར་གཏུབས་ལ་ཉ་དང་རུས་སྦལ་བསྲེགས་པ་བཞིན་དུ་བོར་ཏེ་ཁར་ངན་སྐྱུགས་ཀྱིས་དགང་ངོ་སྙམ་མོ། །དེས་འདི་སྙམ་དུ་བསམས་མ་ཐག་ཏུ་ཁྱིམ་བདག་དེ་ལ་ཤ་བཀྲ་དང་། མཛེའི་ནད་ཀྱིས་བཏབ་བོ། །དེ་ནས་འཆི་བའི་དུས་བྱས་ནས་འཆི་ཀར་སྡུག་བསྔལ་གྱི་ཚོར་བ་ཆེན་པོ་མྱོང་སྟེ། ཤི་ནས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་ནས། དེར་བསྐལ་པའི་ཚད་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་ངོ་། །དེ་ནས་ཤི་འཕོས་ནས་ཉ་དང་། ཕག་དང་། རུས་སྦལ་གྱི་ནང་དུ་བསྐལ་པར་སྡུག་བསྔལ་མྱོང་ངོ་། །དེ་ནས་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བ་ཐིག་ནག་ཏུ་སྐྱེས་ཏེ། དེར་ཡང་བསྐལ་པའི་ཚད་དུ་སྡུག་བསྔལ་ཆེན་པོ་མྱོང་ངོ་། ། དེ་ནས་ཤི་འཕོས་ནས་གྲོང་ཁྱེར་དེ་ཉིད་དུ་དམུས་ལོང་གི་ཁྱིམ་དུ་སྐྱེས་ཏེ། དམུས་ལོང་དུ་གྱུར་ནས་ཕན་ཚུན་དུ་སློང་མོ་ལ་སོང་བ་དང་། གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་ན། དེ་ན་དགེ་སློང་སྙིང་རྗེ་ལ་གནས་པ་ཞིག་འདུག་སྟེ། དེས་དེ་མཐོང་ནས་བྱམས་པས་རྒྱས་པར་བྱས་ཏེ་ཟས་བྱིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ཡང་བསྒྲགས་སོ། །དམུས་ལོང་དེས་གཟུངས་སྔགས་འདི་ཐོས་པ་དང་ཚེ་རབས་དྲན་པར་གྱུར་ནས་བྲམ་ཟེ་དེ་ཡང་དྲན་ཏེ། རྗེས་སུ་སེམས་ཤིང་ཀྱེ་མའོ་མི་བཟད་པའི་ལས་བྱས་སོ་སྙམ་ནས་ངོ་ཚ་དང་། ཁྲེལ་ཡོད་


DKG090_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཏེ། འཆི་བའི་དུས་བྱས་པ་དང་གཟུངས་སྔགས་འདིའི་མཐུས་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་ཏེ། གཞལ་མེད་ཁང་ཆེན་པོའི་ནང་ན་ལྷའི་བུ་མོའི་ཚོགས་ཀྱིས་བསྐོར་ཅིང་ལྷའི་ལོངས་སྤྱོད་ཆེན་པོ་མྱོང་བར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་ཁྱིམ་བདག་དམུས་ལོང་དུ་གྱུར་བ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་ཟ་འམ་ཡིད་གཉིས་སུ་གྱུར་ན་དེ་ལྟར་མི་བལྟ་སྟེ། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་འདི་ཉིད་དོ། །ལག་ན་རྡོ་རྗེ་དེ་ལྟ་བས་ན་སྡོམ་པ་གསུམ་གྱིས་བསྡམ་པར་བྱའོ། །ལག་ན་རྡོ་རྗེ་ལས་དེས་འབྲས་བུ་རྣམ་པར་སྨིན་པ་སྡུག་བསྔལ་གྱི་ཚོར་བ་འདི་ལྟ་བུ་མྱོང་ངོ་། །ལྷའི་བུ་འདིས་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་ལས་ཀྱི་འབྲས་བུ་ཐ་མ་འདི་མྱོང་ངོ་། །ལག་ན་རྡོ་རྗེ་དེའི་ཚེ་དེའི་དུས་ན་བྲམ་ཟེ་དྲི་མ་མེད་པར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་ཁྱོད་དོགས་ཤིང་ཐེ་ཚོམ་མམ་ཡིད་གཉིས་སུ་གྱུར་ན། དེ་ལྟར་མི་བལྟ་སྟེ། ལག་ན་རྡོ་རྗེ་ཁྱོད་ཉིད་དོ། །དམུས་ལོང་ལ་གཟུངས་སྔགས་འདི་སྒྲོགས་པའི་དགེ་སློང་དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ཏེ། དེའི་ཚེ་དེའི་དུས་ན་དགེ་སློང་དུ་གྱུར་ཏོ། ། དེ་ནས་ལྷའི་འཁོར་མང་པོ་དེས་སྔོན་བྱུང་བ་འདི་ཐོས་ནས་རྨད་དུ་བྱུང་བར་གྱུར། དགའ་བ་ཐོབ་པར་གྱུར་ཏེ། ཅ་ཅོ་དང་ག་ཞའི་སྒྲ་ཆེན་པོ་ཕྱུང་ནས། ཨ་ལ་ལ་དེ་བཞིན་གཤེགས་པའི་དམ་ཚིག་རིག་སྔགས་འདིའི་མཐུ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །དེ་ནས་འཁོར་དེ་ལས་ལྷའི་བུ་ཁྲི་ཉིས་སྟོང་ནི་ཕྱིར་མི་ལྡོག་པར་གྱུར་ཏོ། །ལྷའི་བུ་མོ་བྱེ་བ་ཕྲག་འབུམ་ནི་བུད་མེད་ཀྱི་དབང་པོ་དང་བྲལ་ནས་སྐྱེས་པའི་དབང་པོ་བྱུང་སྟེ་ཕྱིར་མི་ལྡོག་པ་ཉིད་ལ་གནས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་ཀྱི་ཚིག་རིག་སྔགས་ཀྱི་རྒྱལ་མོ་འདི་ནི་མཐུ་ཆེ་བ། ཕན་ཡོན་ཆེ་བ་ལགས་སོ། །བཅོམ་ལྡན་འདས་ཇི་ལྟར་སླད་མའི་ཚེ་སླད་མའི་དུས་


DKG090_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ན་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བར་འགྱུར་ཞིང་། གང་གིས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་ནས་ཡོངས་སུ་གྲོལ་བར་འགྱུར་བའི་སྒྲུབ་པའི་ཆོ་ག་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ལག་ན་རྡོ་རྗེ་གཟུངས་སྔགས་འདིའི་ཕན་ཡོན་དང་། སྒྲུབ་པའི་ཆོ་ག་འདི་ཉོན་ཅིག །འདི་ལྟར་ཕྱི་མའི་ཚེ་ཕྱི་མའི་དུས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མས་རིག་སྔགས་ཀྱི་རྒྱལ་མོ་འདི་དུས་གཅིག་ཏུ་དྲན་པར་བྱའོ། །རིང་བསྲེལ་གྱི་སྙིང་པོའམ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ལ་བསྐོར་བ་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་དུས་གཅིག་ཏུ་དྲན་པར་བྱའོ། །དེས་ནི་གང་གཱའི་ཀླུང་གི་བྱེ་མ་སྙེད་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་རོ། །མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམས་ཀྱང་ཡོངས་སུ་བྱང་བར་འགྱུར་རོ། །སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །ཚེ་རིང་པོར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིན་ཆད་མངལ་གྱི་གནས་ཀྱི་དྲི་མས་མི་གོས་པར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་བརྫུས་ཏེ་སྐྱེ་ཞིང་པདྨ་ལས་སྐྱེ་བར་འགྱུར་རོ། །ཚེ་རབས་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་འདོད་པར་འགྱུར་རོ། །བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་ཆོ་ག་བྱ་བར་འདོད་ན་དེས་ཁྲུས་བྱས་ལ་གོས་སར་པ་བགོས་ཏེ། སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱའོ། །


DKG090_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་རིག་སྔགས་གྲོ་ག་ལ་བྲི་བར་བྱའོ། །མཆོད་རྟེན་ལྔ་གདབ་པར་བྱའོ། །རིག་སྔགས་འདི་ཡང་མཆོད་རྟེན་གྱི་ནང་དུ་གཞུག་པར་བྱའོ། །མཆོད་རྟེན་བཞི་ནི་གྲྭ་བཞིར་གཞག་གོ། །གཅིག་ནི་དཀྱིལ་འཁོར་གྱི་དབུས་སུ་གཞག་གོ། །ཤིང་བུ་བཙུགས་ཏེ་བ་དན་དམར་པོ་དཔྱང་བར་བྱའོ། །མེ་ཏོག་གིས་གཏོར་རོ། །བུམ་པ་གང་བ་ལྔ་གཞག་གོ། །གྲྭ་བཞི་དཔོག་པོར་བཞི་ནས་དུ་རུ་སྐ་དང་། ཨ་ཀ་རུ་དང་། ཙནྡན་དང་། གུ་གུལ་གྱི་བདུག་པས་བདུག་པར་བྱའོ། །སྤོས་ཀྱི་མཆོད་ཡོན་གྱི་སྣོད་བཞི་གཞག་པར་བྱའོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཉིས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ། །སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ། །ནད་ཀྱིས་བཏབ་པ་དང་། གནོད་པ་དང་། ནད་ཚབས་ཆེ་བ་དང་། ཚེ་ཟད་པ་དང་། དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་སྐྲག་པ་དང་། བུ་འདོད་པ་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་གཞག་གོ། །རྨ་བྱའི་སྒྲོ་ལྔས་བྱབ་པར་བྱའོ། །མཆོད་རྟེན་གྱི་དཀྱིལ་འཁོར་ལ་མཆོད་པར་བྱའོ། །ཆོ་ག་འདི་ལན་ཅིག་བྱས་ན་བསྐལ་པ་འབུམ་དུ་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་སྒྲིབ་པ་མེད་པར་འགྱུར་རོ། །ནད་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་། སྒྲིབ་པ་དང་། སྡིག་པ་དང་། གདུག་པ་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་རྣམ་པར་འཇིག་པར་འགྱུར་རོ། །ཚེ་ཟད་པ་ཡང་ཕྱིར་ནུར་ཞིང་ཚེ་རིང་བར་འགྱུར་རོ། །ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤ་ཟད་པ་ཡང་ལུས་


DKG090_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་རྫོགས་པར་འགྱུར་རོ། །ལུས་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །བསམ་པ་ཡང་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཕྱིན་ཆད་འཆི་བདག་གི་སྒོའི་སྡུག་བསྔལ་མི་མཐོང་བར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །གང་དང་གང་དུ་སྐྱེ་བ་དེ་དང་དེར་པདྨ་ལས་སྐྱེ་བར་འགྱུར་རོ། །ཐམས་ཅད་དུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་རོ། །སྐྱེ་བ་ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་རོ། །འདིའི་བཟླས་བརྗོད་ཀྱི་ཆོ་ག་བཞིན་དུ་ཉིན་གཅིག་བཞིན་དུ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་དེའི་སྡིག་པའི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །བཟླས་བརྗོད་ཆོ་ག་བཞིན་དུ་ལོ་གཅིག་ཚང་བར་བྱས་ན་འཇིགས་པ་མེད་པར་ལྟ་བ་ཀུན་ནས་སྒོའི་འོད་ཟེར་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ། །དྲི་མ་མེད་པར་རྣམ་པར་དག་པ་འབར་བའི་གཟི་བརྗིད་ཅེས་བྱ་བའི་ལུས་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །ཚེ་རྣམ་པར་དག་པ་ཐོབ་པར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སུ་ཡང་ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་འདོད་པ་དེར་འགྲོ་བར་འགྱུར་རོ། །སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པའི་ཕྱིར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །འཆི་བདག་གི་སྒོ་མི་མཐོང་ཞིང་རྨི་ལམ་ལྟ་བུར་ཀུན་ཏུ་ཤེས་སོ། །ཚེས་བརྒྱད་དམ། བཅུ་བཞི་འམ། བཅྭ་ལྔ་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོའི་


DKG090_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་འདི་གཉིས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐོར་བ་བྱས་ན་བཟླས་བརྗོད་བྱས་པ་ཙམ་གྱིས་འཕྲལ་དུ་མཆོད་རྟེན་ལ་སྒྲ་འབྱུང་སྟེ། ལེགས་སོ་ཞེས་བྱ་བ་སྦྱིན་པར་འགྱུར་རོ། །འཕྲལ་དུ་སྡིག་པའི་སྒྲིབ་པ་དང་། ཉོན་མོངས་པ་ཐམས་ཅད་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་དྲི་མ་དང་། སེར་སྣ་དང་། ཕྲག་དོག་དང་བྲལ་བར་འགྱུར་རོ། །ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ། །སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོ་གང་དང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ། ། བྱའི་ཚོགས་ཐམས་ཅད་ལ་སྨྲས་ན་ཡང་བྱའི་ཚོགས་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །ཐ་ན་ཁྱི་དང་། རུས་སྦལ་དང་། སྦྲུལ་དང་། བྱི་ལ་དང་། སྲེ་མོ་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། །བྱེ་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །གཅན་གཟན་དང་། བྱ་སྣ་ཚོགས་གང་དག་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ། །རི་ལ་གཏོར་ན་རི་དགས་དང་། བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུར་རོ། །ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྷུང་ནས་གདུང་བས་


DKG090_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པ་ལས་འཕྲལ་དུ་ཡོངས་སུ་ཐར་བར་འགྱུར་རོ། །ལན་འབུམ་བཟླས་བརྗོད་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ་ཁྲིད་པ་ཡང་གཤིན་རྗེའི་གནས་ནས་འཕྲལ་དུ་ལྡོག་པར་འགྱུར་རོ། །དེའི་འཇིགས་པ་ཆེན་པོ་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྣམ་པར་ཞི་ཞིང་རྣམ་པར་འཇིག་པར་འགྱུར་ཏེ་ཐེ་ཚོམ་མེད་དོ། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཡང་བྲན་བཞིན་དུ་སེམས་ཤིང་འདུག་གོ། །ལུས་བསམ་གཏན་གྱི་ལམ་བཞིན་ནམ། སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མངོན་པར་དགའ་ཞིང་འགྲོ་བར་འགྱུར་རོ། །འཆི་བདག་གི་སྡུག་བསྔལ་མི་མཐོང་བར་འགྱུར་རོ། །འབུམ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་བཅུག་ན། འབུམ་ཚང་ནས་མཆོད་རྟེན་ཐམས་ཅད་འབར་བར་འགྱུར་རོ། ། བདག་ཀྱང་འབར་བར་འགྱུར་རོ། །ངེས་པར་འཕྲལ་དུ་ཕྱིར་མི་ལྡོག་པར་འགྱུར་རོ། །ས་བཅུ་ལ་གནས་པར་འགྱུར་རོ། །གང་གཱའི་ཀླུང་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ལ་དགེ་བའི་རྩ་བ་བསྐྱེད་ཅིང་ལུང་བསྟན་པ་ཐོབ་པར་འགྱུར་རོ། །དེ་ནས་མཆོད་རྟེན་ཆེན་པོ་གཅིག་གི་ནང་དུ་བཅུག་སྟེ་ཤིང་བུ་བསྒྲེང་བ་བྱས་ན་དུས་གསུམ་གྱི་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་འབུམ་གྱི་མཆོད་རྟེན་ཞེས་བྱའོ། །གང་དག་དེ་ལས་བྱ་བ་རྣམས་བྱེད་པ་དེ་དག་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་སྣ་ཚོགས་གང་དག་དེར་འདོང་བ་དེ་དག་ཀྱང་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་ན་ཡང་ཡོངས་སུ་གྲོལ་བར་འགྱུར་ན་བཀུར་སྟི་མང་དུ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་ཡོན་ཏན་དང་ཕན་ཡོན་ནི་བརྗོད་པར་མི་ནུས་སོ། །དེ་ནས་


DKG090_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་ལྡན་གྱི་གནས་ན་གནས་པའི་ལྷའི་བུ་དེ་དག་དང་། བརྒྱ་བྱིན་ལ་སོགས་པ་སུམ་ཅུ་རྩ་གསུམ་གྱི་རིས་ཀྱི་ལྷའི་བུ་རྣམས་དང་། ལྷའི་བུ་ནོར་བུའི་སྙིང་པོ་དྲི་མ་མེད་པ་དང་། དེ་དག་ཐམས་ཅད་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བ་དང་། ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་ཚེ་སླད་མའི་དུས་ན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ། །རྒྱས་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་བསྒྲག་པར་བགྱིའོ། །འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སླད་བཞིན་འབྲང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བགྱིའོ། །བུ་བཞིན་དུ་ཡོངས་སུ་བསྐྱང་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོགས་པོ་དག་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་དེ་ལྟར་གྱིས་ཤིག །རིག་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱོད་ལ་གཏད་དོ། །འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


DKG090_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་གཙུག་ཏོར་འབར་བ་ལ་ཕྱག་འཚལ་ལོ། །ན་མཿས་མནྟ་བུདྡྷཱ་ནཱྃ། ཨ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱྃ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ་ཧཱུྃ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ། ཕཊ་ཕཊ། སརྦ་དུར་ནི་མིཏྟེ། དུཿསྭཔྣ ཤཱིནྟྃ་ཀུ་རུ་སྭཱ་ཧཱ། སངས་རྒྱས་སྟོང་གི་སྔགས་འདི་ནི། གཙུག་ཏོར་འབར་བཞེས་གྲགས་ཏེ། ལས་རྣམས་གང་དག་སྟོང་ཕྲག་ནི། བརྒྱད་ཅུ་དང་ནི་དགུ་ཕྲག་ལྔ། རྣམ་པ་སྣ་ཚོགས་ལས་རྣམས་དང་། བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། རྨི་ལམ་ངན་དང་མཚན་མ་ངན། ལན་ཅིག་བཟླས་པས་སེལ་བར་བྱེད། གཙུག་ཏོར་འབར་བཞེས་བྱ་བའི་གཟུངས་རྫོགས་སྷོ།།


previousཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས།next