Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཅིག་པ།


   
   
   
   
   
   
   
འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ།next

འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ།


DKG091_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་དྲ་མི་ཌྭ་བི་དྱཱ་རཱ་ཛ། བོད་སྐད་དུ། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་སྨྱིག་མའི་མྱུ་གུའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གློག་ཐམས་ཅད་ཟློག་པ། སོ་སོར་འབྲང་བ་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ་ང་ཡང་དེ་ལྟར་འཆད་ཀྱིས་ཟུང་ཤིག །ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ལྷོ་ཕྱོགས་ན་སྐད་བརྒྱ་ཞེས་བྱ་བའི་གློག་ཡོད། །ཀུན་དགའ་བོ་ནུབ་ཕྱོགས་ན་འོད་ཉམས་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། །ཀུན་དགའ་བོ་གང་ལ་ལ་གློག་འདི་རྣམས་ཀྱི་མིང་ཤེས་པ་དང་། ཕྱོགས་རྣམ་པར་གནས་པ་ཤེས་པ་དེ་ལ་གློག་གིས་འཇིགས་པ་ཐམས་ཅད་དུ་མི་འབྱུང་བར་ཤེས་པར་བྱའོ། །གློག་གི་མིང་འདི་དག་ཡི་གེར་བྲིས་ཏེ། གནས་གང་དག་ཏུ་གཞག་པའི་གནས་དེ་དག་ཏུ་གློག་ཐམས་ཅད་མི་འབབ་པོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འགྲོ་ལྡིང་བའི་གསང་སྔགས་གཞི་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ནི་མི་ནི་ནི་མི་ནི་ནི་མི་ནི་ནི་མིན་དྷ་རེ། འཇིག་རྟེན་གསུམ་སྣང་བར་བྱེད་པ། ལག་


DKG091_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག་སྭཱ་ཧཱ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ། འགྲོ་ལྡིང་པའི་གསང་སྔགས་གཞི་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧ་ཏེ། བི་ཧ་ཏེ། ནི་ཧ་ཏེ། པྲ་ཏྱརྠི་ཀེ། པྲ་ཏྱ་མི་ཏྲེ། ཤུད་དྷེ། མུཀྟེ། བི་མ་ལེ། པྲ་བྷཱ་སྭ་རེ། ཨཎྜ་རེ། པཎྜ་རེ། ཤྭེ་ཏེ། པཎྜ་ར་བཱ་སི་ནི། ཧ་རི་ཀ་ར་དེ། པངྒི་ལཱ་ཀྵི་དནྟི་མུ་ཁི། དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་བདག་ལ་སྲུངས་ཤིག །སྲུངས་ཤིག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་བདག་གིས་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཐོང་བར་མ་གྱུར་ཅིག་སྭཱ་ཧཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་མུ་ནི་རེ་རི། མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ། ཁྱོད་ལ་སྡིག་པ་མེད་ཀྱིས་མ་འཇིགས་ཤིག་ཅེས་ལག་ན་རྡོ་རྗེས་སྨྲས་ཀྱིས། དྲྀ་ཌྷ་སྭཱ་ཧཱ། བཅོམ་ལྡན་འདས་བདག་གི་བསྲུང་བ་གཞན་གྱིས་མི་ཐུབ་པ་འདི་སུའི་སྙིང་ལ་འཛིན་ཏམ། ཡི་གེར་བྲིས་ནས་དེ་ལ་བདག་གིས་རྟག་པར་རྒྱུན་དུ་འཇིགས་པ་ཐམས་ཅད་ལས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཐར་བར་བགྱིའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང་། སྨན་པ་དང་། བདེ་བ་བསྐྱེད་པའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སྭཱ་ཧཱ། བྲཧྨ་སྭཱ་རེ་སྭཱ་རེ་སྭཱ་ཧཱ།


DKG091_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྲཧྨ་གརྦྷེ་པུཥྤ་སཾ་སྟ་རེ་སྭཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་བསྲུང་བ་ཚངས་པའི་ཆད་པ་ཞེས་བགྱི་བ་སྟེ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་p་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ནི་བ་ར་ཎཱི། བནྡྷ་བནྡྷ་མཱ་དན་དྷེ། མ་ཏི་མ་ཏི། ཏི་ཊི། གཽ་རི། གནྡྷ་རི། ཙཎྜ་ལི། མ་ཏཾ་གི། བ་ར་ལ་ནི། ཧཱི་ན་མ་དྷྱ་མ་དྷཱ་ར་ནཱི་མ་ལ་ནི། ད་ལ་མ་ཏྟེ། ཙཀྲ་པ་ཀྲི། ཤ་བ་རི་ཤ་བ་རི་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་བདག་གི་རིག་སྔགས་རྡོ་རྗེ་ལྕེ་འབེབས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་བར་བགྱིད་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ་པུཥྤེ། དྷརྨ་བ་རི་ཧ་རི། ཨཱཪྱ་པྲ་ཤ་སྟེ། ནིར་མུགྟེ། མངྒ་ལི། སྟུ་ཏེ། སྟ་བི་སྟེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་གི་བསྲུང་བ་འཇིགས་པ་མ་མཆིས་པ་ཞེས་བྱ་སྟེ། འཇིགས་པ་ཐམས་ཅད་ལས་མི་འཇིགས་པར་བགྱིད་པ། ཚེ་སྐྱོང་བ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་གློག་འོད་དང་། ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་གློག་


DKG091_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ལྕེ་དང་། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་བསྲུང་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བ་གློག་ཐམས་ཅད་ཟློག་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་སེལ་བ། གདུག་པ་རྣམས་མི་གདུག་པར་བགྱིད་པ། གཤེད་བྱེད་དང་། བྱད་དང་། རོ་ལངས་དང་། བཀྲ་མི་ཤིས་པ་འཇིག་པར་བགྱིད་པ་མཆིས་ན། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་འདི་ནས་དབྱུང་བ་དང་། སེར་སྣ་སྤང་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་དེ་བཞེས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་སེམས་སེར་སྣ་ཅན་ཏེ། སེམས་སེར་སྣས་ཀུན་ནས་དཀྲིས་པ་ལགས་པའི་སླད་དུའོ། །ཏདྱ་ཐཱ། ཨ་ར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨ་ཀྵ་ཡེ། པུཎྱ་པཪྱ་པ་ཏེ། སརྦ་པཱ་པཾ་པྲ་ཤ་མ་ནཱ་ཡེ་སྭཱ་ཧཱ། ཨཱཪྱ་པུཎྱ་སོ་པ་ཀཱི་ཡེ་སྭཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གསང་སྔགས་གཞི་འདི་དག་སྐྱེས་པའམ། བུད་མེད་གང་ལ་ལའི་ལྕེ་ལ་འདོན་ཏམ། ཡི་གེར་བྲིས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མ་མཆིས་པར་རིག་པར་བགྱིའོ། །རྩ་བའི་དུག་གམ། མཆེ་བའི་དུག་གམ། དབྱིག་དུག་གམ། །གང་དག་གཞན་ཡང་ཡན་ལག་ལས་བྱུང་བའི་དུག་དེ་དག་གིས་དེ་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བདག་འཇིགས་པ་ཐམས་ཅད་དང་། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་།ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་པ་ཟངས་དག་ཁྱེད་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་རྗེས་སུ་གཟུང་བའི་ཕྱིར་འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་རྣམས་བཤད་པ་ལེགས་སོ་ལེགས་སོ། །ཕྱོགས་རྣམས་ན་གཉིད་ལོག་པ་དང་། མྱོས་པ་དང་། རབ་ཏུ་མྱོས་པ་རྣམས་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་


DKG091_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་ནས། དགེ་སློང་དེ་དག་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་དང་། ཀླུའི་དབང་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མི་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་ཪངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་ཞུ་ཆེན་གྱི་ལོ་ཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། །།


previousའཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ།next