Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཅིག་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད།
   
   
   
   
   
   
   
   
   
   
   
   


 
previousདཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད།next

དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད།


DKG091_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་དེ་བཱི་ཀཱ་ལི་པྲ་མ་རཱ་ཛ་ཏནྟྲ་ཀཱ་ལི། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད། རིག་སྔགས་དང་གསང་སྔགས་ཀྱི་མངའ་བདག་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། རི་རབ་ཀྱི་རྩེ་མོ་རྩུབ་འགྱུར་གྱི་ཚལ་ཆེན་པོ་ན་བཅོམ་ལྡན་འདས་དཔལ་དྲག་པོ་ཆེན་པོ་ཕྱག་ན་རྡོ་རྗེ་ལུས་བསྐལ་པའི་མེ་ལྟར་འབར་


DKG091_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བ། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། ཉི་མ་སྟོང་གི་གཟི་བརྗིད་དང་ལྡན་ནས་བཞུགས་སོ། །འཁོར་ནི་བརྒྱ་བྱིན་དང་། ཤ་ཟ་དང་། སྲིན་པོ་དང་། མ་མོའི་ཚོགས་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་བཞུགས་སོ། །དེའི་ཚེ་ན་དཔལ་ཕྱག་ན་རྡོ་རྗེ་པདྨའི་གདན་ལ་བཞུགས་ཏེ་བཀའ་སྩལ་པ། ངའི་འཁོར་དུ་གཏོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཉོན་ཅིག །འདོད་པའི་ཁམས་འདི་ན་བདུད་ཀྱི་མ་གཤིན་རྗེའི་སྲིང་མོ་ཞེས་བྱ་བ་རྒྱལ་ཚབ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་འཛིན་པ་ཅིག་ཡོད་ཀྱིས། ཁྱེད་ཀྱིས་དེ་ལ་མཆོད་པ་གྱིས་ཤིག །བསྟོད་པ་གྱིས་ཤིག །ངས་ཀྱང་ཁྱོད་ལ་བྱིན་གྱིས་བརླབ་པོ་ཞེས་བཀའ་སྩལ་པ་དང་། འཁོར་གྱི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་སྟན་ལས་ལངས་ཏེ་དཔལ་ལྷ་མོ་ནག་མོ་ལ་དགེ་བ་བཅུའི་སྒོ་ནས་བསྟོད་པ། སྔོན་འདས་བསྐལ་པ་དང་པོའི་ཕ་རོལ་ན། །དགེ་བཅུའི་ལས་ལ་སེམས་རབ་ཆེར་སྦྱངས་ནས། །ལམ་གྱི་ཁྱད་པར་གོང་མ་རབ་རྫོགས་ཀྱང་། །མཐོ་རིས་སྐྱེས་པ་རྣམས་ལ་དགེ་བ་བཅུའི། །ཚུལ་གྱིས་དོན་མཛད་ཕྱི་རོལ་བསྒྱུར་བ་ཡི། །དཔལ་ལྡན་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །འདས་པའི་དུས་ན་སྲོག་གཅོད་རབ་སྤངས་པས། །སྐུ་ཚེ་རིང་ཞིང་གཟུགས་བྱད་ཕུན་སུམ་ཚོགས། །གཞན་གྱི་ལན་ཆགས་གནོད་པའི་རྐྱེན་དང་ལྡན། །འཆི་བདག་འཇོམས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །མ་བྱིན་ལེན་སྤངས་ཚུལ་ལ་རབ་སྤངས་པས། །བསོད་ནམས་ཚོགས་ཀྱིས་ལོངས་སྤྱོད་ཕུན་སུམ་ཚོགས། །གཏེར་གྱི་ལོངས་སྤྱོད་མི་འགྲིབ་རབ་བརྟན་བརྙེས། །སྦྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད། །མི་ཚངས་སྤྱོད་པའི་བཀའ་རྣམས་བསྲུང་བ་དང་། །མངལ་གྱི་གྲོང་ཁྱེར་དམན་ལས་རྣམ་པར་འཕགས། །སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ། །དགེ་སྦྱོང་ཆེན་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཉོན་མོངས་བརྫུན་ཚིག་སྤངས་པའི་རྣམ་སྨིན་གྱིས། །གསུང་གི་དངོས་གྲུབ་འཇིག་རྟེན་འདུལ་བའི་གཙོ། །གསུང་མཆོག་རྣམ་དག་བརྙེས་པའི་རང་བཞིན་ཏེ།།


DKG091_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པར་གསུང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྲ་མའི་སྐྱོན་སྤངས་མི་ཕྱེད་འཁོར་དང་ལྡན། །ཉིད་ལ་རྣམ་པར་དུལ་བའི་འཁོར་གྱིས་བསྐོར། །ལྷ་དང་ལྷ་མིན་བདེན་པས་འདུལ་མཛད་མ། །དཀར་མོའི་འཁོར་ཚོགས་ཁྱོད་ལ་ཕྱག་འཚལ་བསྟོད། །ངག་འཁྱལ་སྤངས་པའི་ཡོན་ཏན་སྦྱིན་པ་ཡིས། །ཏིང་འཛིན་རྩེ་གཅིག་མི་གཡོ་བར་ཆད་སྤངས། །དགོས་འབྲེལ་ཚུལ་གྱིས་བསྟན་པ་སྐྱོང་མཛད་མ། །བྱིས་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །ང་རྒྱལ་ཁེངས་སེམས་སྤངས་པའི་ཡོན་ཏན་གྱིས། །ཞི་བའི་ཚིག་འཇམ་ལྷ་མོ་དབྱངས་སྙན་མ། །ཚིག་རྩུབ་གཤེ་བའི་གཉེན་པོ་བྱེད་པ་སྟེ། །ངག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རང་སེམས་བརྣབ་སེམས་སྤངས་པའི་ཁྱད་པར་ནི། །འཛིན་པའི་རྣམ་རྟོག་རྣམ་པར་སྤངས་པའི་རྟགས། །བདག་མེད་རྟགས་སུ་སེང་གེས་རྣ་བ་བརྒྱན། །བརྣབ་སེམས་སྤངས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །གཟུང་བའི་ཡུལ་ལ་གནོད་སེམས་རྣམ་པར་སྤངས། །ཕྱི་རོལ་ཡུལ་འདི་གཉིས་མེད་ཆོས་སུ་གཟིགས། །གང་ལ་གནོད་སེམས་ཡང་དག་སྤངས་པའི་རྟགས། །སྦྲུལ་གྱི་རྣ་རྒྱན་ཅན་ལ་ཕྱག་འཚལ་བསྟོད། །ལོག་པར་ལྟ་བའི་ཆོས་ཕྱོགས་རྣམ་སྤངས་ཏེ། །སངས་རྒྱས་ཆོས་ལས་འཁྲུངས་པའི་གཟུགས་བརྙན་ཁྱོད། །ལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན། །སྤྲོས་བྲལ་དོན་དམ་སྟོན་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདི་ན་ལས་གཉིས་དག་མ་དག །མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ། །དག་པའི་དགེ་བ་བཅུ་ལས་མཐོ་རིས་གྲུབ། །ལས་འདི་དགེ་བ་དང་པོར་རབ་སྦྱངས་པས། །གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་། །དགེ་བཅུའི་རྟགས་ནི་དམན་པའི་ཞིང་འདིར་བསྟན། །གདུག་པའི་ཚུལ་ཅན་འགྲོ་བ་འདྲེན་མཛན་མ། །བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ། དམ་པ་རྣམས་ཀྱིས་བགྲོད་པའི་ཁྱད་པར་ནི། །ཚོགས་ཀྱིས་སྦྱངས་ནས་དོན་དམ་མཐོང་བ་ཡི། །གཉེན་པོ་ཡེ་ཤེས་


DKG091_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་སྒོམ་པ་ལ། །མཐར་ཕྱིན་པ་ལ་གཤེགས་པའི་དོན་མཆོག་ལགས། །དེ་བས་ལྷ་མོ་ཁྱོད་ཀྱི་མཚན་ཉིད་ནི། །འདི་ལྟར་རབ་ལྡན་ཁྱོད་ཀྱི་ཁྱད་པར་ཏེ། །དང་པོའི་ཚོགས་ལས་ཡང་དག་རབ་བསགས་པས། །དང་པོའི་ས་ལས་སྦྱོར་བའི་ཏིང་འཛིན་བརྙེས། །རབ་ཏུ་དགའ་བའི་ས་ལ་དོན་དམ་ནི། །རྣམ་པར་མི་རྟོག་སྐྱེ་མེད་ཚུལ་གྱིས་གཟིགས། །དཔལ་ལྡན་བྱང་ཆུབ་སེམས་དཔའི་ཁྱད་པར་ནི། །རང་སེམས་ས་གཉིས་དག་ལ་རབ་བརྟེན་ནས། །དེ་བཞིན་ས་གསུམ་དག་པའི་ཕ་རོལ་སོན། །རང་སེམས་བཞི་བའི་ས་ལ་ཆེར་བསྒོམས་པས། །ལྔ་པའི་ས་ལ་བསམ་གཏན་ཕ་རོལ་སོན། །རང་སེམས་དྲུག་པའི་ས་ལ་ཆེར་སྦྱངས་པས། །བདུན་པ་ལ་ནི་ཐབས་ཀྱི་ཕ་རོལ་སོན། །རང་སེམས་བརྒྱད་པ་ཉིད་ལ་ཆེར་བསྒོམས་པས། །དཔལ་ལྡན་ལྷ་མོ་ནག་མོ་སྨོན་ལམ་ཉིད། །དགུ་པ་ལ་ཡང་སྟོབས་ཀྱི་ཡོན་ཏན་སྒྲུབ། །དེ་ཡི་སྟོབས་ཀྱིས་ཡེ་ཤེས་འཕེན་པར་འགྲུབ། །འདི་དག་རྣམ་པར་རྫོགས་པར་བྱས་ནས་ནི། །སངས་རྒྱས་ས་ལ་སྨིན་པའི་སྨོན་ལམ་ཅན། །ས་བརྒྱད་ནོན་པས་གཞོན་ནུའི་ཚུལ་འཆང་མ། །འགྲོ་བ་འདུལ་ཕྱིར་དྲག་མོའི་ཚུལ་སྟོན་ཅིང་། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ་ཤོག །དེ་ནས་མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱིས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་སྟེ། །དོན་དམ་སྤྲོས་བྲལ་ཆོས་ཉིད་འདི་ལས་བཙལ། །དོན་དམ་ཀུན་རྫོབ་གཉིས་སུ་མེད་པས་བདེན། །འཁོར་བ་མྱང་འདས་གཉིས་སུ་མེད་པས་ཟབ། །སེམས་ཅན་སངས་རྒྱས་གཉིས་སུ་མེད་པས་འཕགས། །ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད། །རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་སྨིན། །ཡུལ་དང་ཡུལ་ཅན་གཉིས་མེད་གཅིག་གི་དང་། །སྤྲོས་དང་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྡུས། །བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་ཏེ། །མཐོང་དང་དམ་པ་གཉིས་མེད་དག་པས་བསྟོད། །


DKG091_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་གཞན་གྱི་ཆོས་ནི་ངང་ཚུལ་གཅིག །གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐུ། །མཐོ་རིས་ངན་སོང་གཉིས་བྲལ་དག་པའི་ཞིང་། །བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད། །བསྐྱེད་མེད་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག །སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ། །སྒྲུབ་དང་བསྒྲུབ་བྱ་གཉིས་མེད་གྲུབ་པའི་ངང་། །བདག་གཞན་གཉིས་མེད་ཚུལ་མཆོག་གཅིག་གིས་བསྐྱོད། །ཡབ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས། །ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན། །སྟོང་དང་མི་སྟོང་གཉིས་མེད་ཞི་བའི་ངང་། །གྱུར་དང་འགྱུར་མེད་རྩོལ་བྲལ་ཕྱག་འཚལ་བསྟོད། །སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་། །ལུས་ངག་གཉིས་མེད་སེམས་ཉིད་གཅིག་གི་ཚུལ། །རྩོལ་བྱེད་རྩོལ་བྱ་གཉིས་མེད་དོན་གཅིག་པས། །རྣམ་པར་སྤྲོས་མེད་དོན་དམ་དབྱིངས་ཀྱིས་བསྟོད། །མུ་སྟེགས་སངས་རྒྱས་གཉིས་མེད་ཚུལ་གཅིག་པས། །དབྱིངས་དང་ཡེ་ཤེས་གཉིས་མེད་དོན་རྟོགས་ཏེ། །སྲིད་དང་རྣམ་གྲོལ་ཡང་དག་དོན་གཅིག་པས། །ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད། །ཕྱི་དང་ནང་མེད་གཉིས་མེད་གཅིག་གི་ངང་། །སེམས་ལྡན་སེམས་མེད་རྣམ་དག་ཞི་བའི་ཚུལ། །སྣང་དང་མི་སྣང་གཉིས་མེད་གཅིག་གིས་མཐོང་། །གཉིས་མེད་དོན་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །འདི་དག་རྣམས་ནི་དོན་དམ་ཟབ་མོའི་ཚུལ། །སྤྲོས་པ་མེད་པའི་དོན་དང་འབྲེལ་པ་སྟེ། །འདི་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ། །འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད་ལྟར་ཤོག །དེའི་ཚེ་དེའི་དུས་ན་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་དཔལ་ལྷ་མོ་ལ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པ། སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་སྤྲོས་བྲལ་ཁ་དོག་གཟུགས་ཀྱང་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པའི་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་


DKG091_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དངས། །ཀུན་དུ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་དགྲ་དང་ནད་རྣམས་ཞི་བར་མཛོད། །མཐུན་པར་བསྟན་པའི་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་དུ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །བདག་གི་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད། །མཐུན་པར་བསྟན་པའི་དབང་མོ་དཔལ་ལྷ་མོ། །དབང་མཛད་དབང་བསྒྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་བརྗིད། །ཀུན་དུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་ནད་དང་དགྲ་རྣམས་དབང་དུ་མཛོད། །མཐུན་པར་བསྟན་པའི་དྲག་མོ་དཔལ་ལྷ་མོ། །དྲག་མཛད་དྲག་འགྱུར་དྲག་མོའི་ངང་ཚུལ་ཅན། །དྲག་མོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་བརྗིད། །ཀུན་དུ་དྲག་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གི་ནད་དང་དགྲ་རྣམས་དྲག་མོས་སོད། །ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ལ། །འདི་ལྟར་འཛིན་ཉིད་ཅིར་ཡང་སྣང་བ་ནི། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལགས། །བདག་ཀྱང་ལས་བཞི་རང་བཞིན་ལྷུན་གྲུབ་ནས། །ཁྱོད་ལྟར་གཞན་གྱི་དོན་ལ་བརྩོན་པར་ཤོག །དེ་ནས་དཔལ་ལྷ་མོ་ནག་མོ་ལ་ཀླུའི་རྒྱལ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ། །ཁམས་གསུམ་གདུལ་ཕྱིར་གདན་དུ་བོང་བུ་ཞོན། །མྱ་ངན་མི་འདའི་རྟགས་སུ་ལྕགས་སྒྲོག་མངའ། །བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་


DKG091_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན། །དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལེ་བསྣམས། །དབང་དྲག་རྫོགས་ཕྱིར་རལ་པ་ཁམ་ནག་སྤྲུག །ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་མཆེ་བ་གཙིགས། །འཁོར་བ་ལྗགས་ལ་གཏར་ཕྱིར་རྐན་སྒྲ་བརྡེབ། །གདུག་པ་ཞེ་ལ་གནོད་ཕྱིར་སྡང་མིག་བགྲད། །ཐམས་ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར། །སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་གནག །མ་མོ་འདུལ་ཕྱིར་དུར་ཁྲོད་རྒྱན་གྱིས་བརྒྱན། །སྐུ་གསུང་ཐུགས་རྟགས་ཕྱག་རྒྱ་ཁ་ཊྭཱྃ་གསོར། །སྐུ་གསུམ་རྫོགས་བྱེད་ཐོད་པའི་ཕྲེང་བས་བརྒྱན། །དྲག་པོ་མྱུར་མགྱོགས་བསྟན་ཕྱིར་ཚུབ་མས་བརྒྱན། །ཉོན་མོངས་སྲེག་ཕྱིར་མེ་དཔུང་ནང་ན་བཞུགས། །འདོད་ཁམས་སྐྱོང་ཕྱིར་ཡོངས་འདུའི་ཤིང་ལ་བརྟེན། །ལྷ་མིན་འདུལ་ཕྱིར་རྫོང་གི་དཀའ་ཟློག་མ། །དཔའ་བརྟན་བསྟན་ཕྱིར་སྟག་གི་ཤམ་ཐབས་བསྣམས། །བསྟན་པ་བསྲུང་ཕྱིར་དྲག་མོའི་ཆ་ལུགས་རྫོགས། །ང་རྒྱལ་དབང་བསྡུད་བདག་མེད་སྒྲ་སྒྲོགས་ཕྱིར། །ཐབས་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། །ཞེ་སྡང་དབང་འདུལ་དུག་ཆེན་འདུལ་བའི་ཕྱིར། །ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན། །འདུ་བྱེད་མི་རྟག་རྟགས་སུ་དྲིལ་བུ་སྒྲོགས། །ཆགས་ཕྱིར་རྔམ་མཛད་རཀྟའི་རྦ་ཀློང་འཐུང་། །དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད། །ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུ། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྦྱངས་ནས། །ཡེ་ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ན་བརྟེན། །དབུ་མའི་ས་ལ་གནས་ཕྱིར་དྲེའུ་ལ་ཞོན། །ཉོན་མོངས་གདུག་པ་འདུལ་ཕྱིར་མ་ཡི་ཚུལ། །མཁའ་འགྲོ་མ་མོ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས་དཔལ་ལྷ་མོ་ནག་མོ་ལ་སྐུ་གསུང་ཐུགས་ཀྱི་སྒོ་ནས་བསྟོད་པ། དོན་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་ཡང་། །སྲིད་གསུམ་གདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི། །རང་སེམས་


DKG091_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་དྲག་པོའི་གཞལ་ཡས་ཁང་། །རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་པ་ལས། །ཀེང་རུས་ཐོད་ཕྲེང་ཞིང་གི་པགས་པས་བརྒྱན། །སྐུ་མདོག་གནག་ལ་རབ་འཇིགས་ཁྲོ་མོ་རྒྱལ། །སྔོན་མོ་རལ་པ་འཛིངས་མའི་སྤྲུལ་པ་འགྱེད། །སྐུ་ཡི་སྤྲུལ་པ་དཔལ་ལྡན་རེ་མ་ཛུ། །གྲུ་གསུམ་སེར་ནག་ཞལ་གྱི་དབྱིངས་སུ་བཞེངས། །ཡོན་ཏན་རྒྱས་མཛད་སེར་མོ་མཁའ་ལ་བཞད། །ཕྲིན་ལས་རྒྱས་པ་ཐམས་ཅད་ཉེ་བར་མཛོད། །གསུང་གི་སྤྲུལ་པ་དཔལ་ལྡན་རེ་མ་ཏི། །གྲུ་གསུམ་དམར་ནག་ཞལ་གྱི་དབྱིངས་ནས་བཞེངས། །དམར་མོ་ཆེན་མོ་དམར་ཆེན་གཏུམ་མ་སྟེ། །དབང་གི་ཕྲིན་ལས་ཐམས་ཅད་གྲུབ་པར་མཛོད། །སྐུ་གསུང་ཐུགས་ལྡན་སྤྲུལ་པ་རྒྱ་མཚོ་མ། །དྲག་པོ་འཇོམས་མཛད་བདུད་དཔུང་ཟིལ་གྱིས་གནོན། །འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ། །བསྟན་པ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །དེ་ནས་དཔལ་ལྷ་མོ་ལ་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས་ཀྱིས་དོན་དམ་པའི་སྒོ་ནས་བསྟོད་པ། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་། །ཐུགས་ཀྱི་ཐུགས་མཆོག་རྣམ་དག་བདེན་པའི་ཡུམ། །གདོད་ནས་གཉིས་མེད་ནམ་མཁའི་སྙིང་པོ་ནི། །དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ། །འདི་ལྟར་རྣམ་དག་བརྗོད་མེད་ངོ་བོ་ལ། །བྱིས་པ་རྣམས་ཀྱིས་བསྟོད་པ་བྱེད་པ་ལྟུང་། །བླུན་པོ་རྣམས་ཀྱིས་དངོས་པོར་རབ་བརྟགས་ནས། །གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག །རྒྱལ་བའི་དོན་ཡང་ཐུགས་ཆུད་ཁྱོད་ཉིད་ལ། །ཚིག་དང་ཡི་གེའི་སྒོ་ནས་བསྟོད་པ་རྣམས། །ནམས་ཀྱང་གྲོལ་བར་འགྱུར་བའི་ཆོས་ཉིད་མིན། །གདོད་ནས་གཉིས་མེད་བདེ་ཆེན་མ་རྟོགས་པར། །ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ། །དོན་དུ་བཟུང་ནས་གང་ཞིག་བསྟོད་པ་རྣམས། །ཁྱོད་ལ་བརྟེན་ནས་ཐམས་ཅད་ལྟུང་བར་འགྱུར། །གང་ཞིག་སྐྱེ་བ་མེད་པར་ཤེས་པ་དང་། །གདོད་ནས་གཉིས་མེད་སྙིང་པོ་བསྒོམས་ནུས་ན། །གང་ཟག་དེས་


DKG091_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཁྱོད་ཉིད་བསྟོད་པ་ཡིན། །ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས། །བསྐལ་པ་གྲངས་མེད་འདས་པར་རབ་བལྟས་ཀྱང་། །ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས། །གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱིས་མཐོང་། །སྒྲ་དང་ཚིག་དང་བརྗོད་པ་ཐམས་ཅད་ཀྱིས། །ཁྱོད་ནི་བོས་ཀྱང་བསྐལ་པར་མི་ཐོས་ཏེ། །འདི་དག་སྤངས་པའི་རྣལ་འབྱོར་དེ་ཡིས་ནི། །ཁྱོད་ཀྱང་བོས་ལ་དེ་ཡང་ཁྱོད་ཀྱིས་ཐོས། །གང་ཞིག་ལུས་ངག་དགེ་བས་ཁྱོད་བསྒྲུབས་པའི། །བླུན་པོ་དེ་ཡིས་ནམས་ཀྱང་ཁྱོད་ཉིད་སྤངས། །ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ནས། །མཆོད་ན་དངོས་གྲུབ་དེ་ཡིས་གཏེར་ཐོབ་འགྱུར། །ཁྱོད་ནི་རྒྱལ་པོ་མང་པོའི་ཡོན་ཏན་སྡུད། །ཆོས་ཀྱི་དབྱིངས་ན་རྒྱལ་བ་རྣམས་དང་མཇལ། །ཟབ་མོ་དབུ་མའི་རང་བཞིན་སྟོན་པའི་ཕྱིར། །མི་མཇེད་འཇིག་རྟེན་ཤིན་ཏུ་རྩུབ་པ་འདིར། །ཕྱི་རོལ་ཚུལ་གྱིས་ཐམས་ཅད་འདྲེན་མཛད་མ། །ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟགས་པ། །སྒྲིབ་པ་མང་པོ་སྟོང་ཉིད་ངང་དུ་གཤེགས། །སྟོང་ཉིད་དམ་པ་སྟོང་པ་ཡང་དག་ཁྱོད། །སྟོང་པ་གཉིས་མེད་ཤེས་པ་རྣམས་ཀྱིས་བསྟོད། །འདི་ལྟར་བསྟོད་ན་བསྟོད་པར་འགྱུར་གྲང་བས། །ཁྱོད་ནི་བསྟོད་པའི་ཡུལ་ཅན་མ་ཡིན་ཡང་། །བྱིས་པ་དྲང་ཕྱིར་དོན་ལ་འདི་ལྟར་བསྟོད། །དེ་ནས་ནམ་མཁའ་ལྡིང་གི་རྒྱལ་པོ་རྡོ་རྗེ་གསེར་མིག་ཅན་གྱིས་དཔལ་ལྷ་མོ་ལ་བསྟོད་པ། དཔལ་ལྡན་ལྷ་མོ་དཔག་པར་དཀའ་བའི་དོན། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཁའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །སྒོ་གསུམ་རྡུལ་སྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད། །བདག་གིས་ཁྱོད་ནི་མཆོད་པས་མ་བསྒྲིབས་ཀྱང་། །དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་འབབ་པས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱལ་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་བདག་པོ་སྟེ། །བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་


DKG091_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ན། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགའ་མཐུན་ཕྲག་དོག་མེད་པའི་སྤྲོས་པ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་མོ་བཟང་པོ་འཇིགས་པའི་མཐུ་སྟོབས་ཀྱིས། །ཕྱོགས་བཅུ་དུས་གསུམ་ཀུན་དུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲ་བའི་ཚུལ་གྱིས་བསྐུལ་བར་སྤོབས། །ཡང་དག་ཁྱོད་ཀྱི་ཡོན་ཏན་སྐུ་མཆོག་ནི། །གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར། །སེམས་ཅན་ཟད་པར་མ་གྱུར་བར་དུ་ནི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་གདབ། །འདི་ལྟར་ཕྱག་འཚལ་མཆོད་ནས་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བཏབ་ནས། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ཏེ། །ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ། །དེ་ནས་དཔལ་ལྡན་ལྷ་མོ་ལ་ནམ་མཁའི་ལྷ་བྲན་རྣམས་ཀྱིས་བསྟོད་པ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་དགུ་པའི་ཀློང་འཁྱིལ་ཕོ་བྲང་ནས། །མ་གཅིག་འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ་གཅིག་མ། །དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། །ནག་མོ་ཟ་བྱེད་རྔམ་པའི་མཆེ་བ་ཅན། །མཐིང་ནག་གཅེར་བུ་ཁྲག་གི་རལ་པ་ཅན། །ཁྱོད་ཀྱི་སྐུ་མདོག་ནག་མོར་བཞུགས་པ་ནི། །དོན་དམ་དབྱིངས་ཀྱིས་བསྐྱོད་པ་མེད་པའི་རྟགས། །དབུ་སྐྲ་གཡས་ནས་གཡོན་དུ་འཁྱིལ་པ་ནི། །ཡུམ་གྱི་མཁའ་ལ་སྤྲུལ་པ་འགྱེད་པའི་རྟགས། །དབུ་གཙུག་རལ་པ་གཅིག་ཏུ་འཁྱིལ་པ་ནི། །དོན་དམ་དགོངས་སྤྱོད་གཅིག་ཏུ་མཛད་པའི་རྟགས། །རལ་པའི་གསེབ་ནས་མེ་སྟག་འཕྲོ་བ་ནི། །ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས། །དབུ་ལ་ཐོད་རློན་ཕྲེང་བ་བཅིངས་པ་ནི། །ཐུགས་རྗེས་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས། །སྙན་ཆ་གཡས་ན་སེང་གེ་མཆོང་བ་ནི། །སྨན་མོ་ཐམས་ཅད་ཟིལ་


DKG091_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་གནོན་པའི་རྟགས། །གཡོན་ན་སྦྲུལ་མགོའི་གདེངས་ཀ་འཕྱར་བ་ནི། །ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས། །སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི། །སངས་རྒྱས་ཀུན་ལ་བསྙེན་སྒྲུབ་བྱེད་པའི་རྟགས། །སྤྱན་རྩ་དམར་ལ་སྡང་མིག་བགྲད་པ་ནི། །སྲིད་གསུམ་རྣལ་འབྱོར་དམ་ཚིག་གཟིགས་པའི་རྟགས། །ཞལ་གྱི་དྲག་པོ་ཧོམ་ཁུང་གདེངས་པ་ནི། །བསྟན་པ་འཇིག་པའི་རུ་དྲ་སྒྲོལ་བའི་རྟགས། །རྣོ་གདུག་མཆེ་བ་ཟུར་གསུམ་གཙིགས་པ་ནི། །བསྒྲལ་བའི་ཞིང་བཅུ་ས་ལ་སྒྲོལ་བའི་རྟགས། །སྐུ་ལ་ཞིང་ལྤགས་གཡང་གཞི་གསོལ་བ་ནི། །ཡང་དག་ཆོས་དང་དོན་དང་ལྡན་པའི་རྟགས། །གླང་ཆེན་ཀོ་རློན་སྣམ་ཕྱེད་དཀྲིས་པ་ནི། །ཐེག་པ་མཆོག་གི་དོན་དང་ལྡན་པའི་རྟགས། །རེ་ལྡེ་ནག་པོ་སྣམ་ཕྱེད་དཀྲིས་པ་ནི། །འཇིག་རྟེན་འདི་ན་ཆེ་བཙན་ལྡན་པའི་རྟགས། །ལྟེ་བའི་ཁུང་ནས་ཉི་མ་འཆར་བ་ནི། །སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐེམས་པའི་རྟགས། །སྤྱི་བོ་གཙུག་ནས་ཟླ་བ་འཆར་བ་ནི། །དུག་གསུམ་མ་རིག་མུན་པ་སེལ་བའི་རྟགས། །ཞབས་ལ་དབང་གི་ལྕགས་སྒྲོག་འཁྲིལ་བ་ནི། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་རྟགས། །ཕྱག་གཡས་ཤང་ལང་ནག་པོ་བསྣམས་པ་ནི། །སྡུག་བསྔལ་སྐྱེ་ཤི་རྩད་ནས་གཅོད་པའི་རྟགས། །ཕྱག་གཡོན་ཐོད་རློན་དམར་ཆེན་འཐུང་བ་ནི། །འཁོར་བའི་སྡུག་བསྔལ་ཁྲག་ལྟར་འཐུང་བའི་རྟགས། །བོང་བུ་གྭ་པ་ཕྱིན་ཕྱོགས་ཞོན་པ་ནི། །ལོག་པར་ལྟ་བའི་སེམས་ཅན་སྒྲོལ་བའི་རྟགས། །སྲིན་པོའི་ཨོག་མས་སྔ་རུ་བྱས་པ་ནི། །སྲིན་ཡུལ་ལང་ཀ་པུ་ར་འདུལ་བའི་རྟགས། །སྦྲུལ་ནག་ཆུན་པོས་གོང་སྨེད་བྱས་པ་ནི། །ཞེ་སྡང་དབང་གིས་བགེགས་རིགས་འཇོམས་པའི་རྟགས། །རུ་སྦལ་ནག་པོའི་ཕོག་བུ་བཏང་བ་ནི། །ཀླུ་བདུད་ནག་པོ་དམ་ལ་བཏགས་པའི་རྟགས། །སྔ་ཤ་གཡས་པ་བདུད་ཀྱི་ཁྲམ་བམ་ནི། །དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས། །ཕྱི་ཤར་ནད་ཀྱི་རྐྱལ་པ་བཏགས་པ་ནི། །བསྟན་པ་འདི་ལ་གནོད་


DKG091_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དགྲ་བོ་ལ། །ནད་ཀ་འབེབས་ཤིང་དལ་ཁ་སྒྱུར་བའི་རྟགས། །དོན་དམ་བཅུད་ཀྱི་རྟགས་སུ་ཞག་གི་ཟོར་རིས་བཏང་། །ཐུགས་རྗེ་ཆགས་པའི་རྟགས་སུ་རཀྟའི་ཐིག་ལེས་བརྒྱན། །འདུལ་བྱེད་ཕྲིན་ལས་རྟགས་སུ་ཐལ་བའི་མཚན་མས་བཏབ། །མ་མོ་འབུམ་ཕྲག་བྲན་དུ་འཁོལ་བ་ནི། །ཁམས་གསུམ་ཁྱབ་པར་ཕྲིན་ལས་མཛད་པའི་རྟགས། །མ་གཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས། །རྡོ་རྗེ་འཕྱར་བས་རི་རབ་ཚོགས་བོར་འཕེན། །བདག་གིས་བརྩོན་པར་ལྷ་མོ་ཁྱོད་ལ་བསྟོད། །དེ་ནས་ཡང་གཤིན་རྗེ་ནག་པོས་དཔལ་ལྷ་མོ་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། ལྷ་མོ་དཔལ་ལྡན་མཁའ་འགྲོ་ནག་མོ་ཁྱོད་ལ་ནི། །རྒྱུན་དུ་ཏིལ་མར་གྱིས་བྱུགས་ལན་བུ་གཅིག་མ་སྟེ། །རོ་ཉེ་རྣ་ཆས་བསྒྱིངས་ཤིང་ཆ་ལུགས་མང་པོ་འཆང་བྱེད་མ། །རྒྱན་དུ་རྐང་སྒྲོག་ལྕགས་ལ་བྱས་པ་གཅིག་གིས་རྐང་ལ་མཛེས་པར་བརྒྱན་པ་སྟེ། །མཚན་མོ་བོང་བུ་ཞོན་ནས་འགྲོ་བ་དེ་ནི་ནག་མོ་ཁྱོད་ཉིད་ཡིན་པར་ཤེས། །རལ་པས་བདག་ཉིད་མཛེས་པར་བརྒྱན་ཏེ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་འཛག་དུ་བ་ཐུལ་བ་ན། །ནག་མོ་མཆེ་བ་མི་བཟད་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་དུ་ཞུགས་པར་འགྱུར། །ལྷ་མོ་ལག་ན་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་དུ་དུར་ཁྲོད་དགྱེས། ཁྱོད་ནི་གཡོག་བཅས་མྱ་ངན་མེད་ཅིང་འཆི་བའི་འཇིགས་པ་མེད་པར་དྲིལ་བུའི་སྒྲ་ཡང་སྒྲོགས། །ཁྱོད་ནི་དཔའ་བོ་དག་གི་མགོ་བཅད་གཡུལ་དུ་མཚོན་གྱིས་བསད་པ་ཡི། །མགོ་ཕྲེང་ལག་ན་ཐོགས་ཤིང་གར་སྟབས་སྐོར་ཞིང་ལག་པ་བརྐྱང་བསྐུམ་ཆེ། །རྐུབ་ཚོས་ཆེ་ལ་ཀླུ་དབང་གཤིབས་པའི་སྐ་རགས་བཅིངས་ཤིང་ལག་ན་མདུང་དང་བ་དན་ཐོགས། །ཁྲག་གི་ཆང་གིས་ར་རོ་མྱོས་ཏེ་མིག་རྩ་དམར་པོར་བྱས་ནས་མཚན་མོ་དུར་ཁྲོད་རྒྱུ་བ་འབྱུང་པོ་ཕལ་ཆེན་ཀུན་གྱིས་མཐོང་། །རྐང་པའི་གོས་ནི་ཀོ་རློན་མཚན་པས་དྲངས་པས་སྣམ་གྱི་ཕྱེད་ནི་རེ་ལྡེས་དཀྲིས། །མི་ཡི་རྒྱུ་མ་སར་


DKG091_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྦུབས་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་ཁྲག་དང་ཞག་གི་ཚོམ་བུས་ཐིག་ལེར་བརྒྱན། །མི་ཡི་ཤ་ལ་སོ་སོར་ཆེམ་ཆེམ་ཟ་ཡིན་མི་རོ་དག་གི་ཅོད་པན་མགོ་ལ་བརྒྱན་པ་སྟེ། །བདག་ལ་སྐྱོབ་པའི་དྲག་མོ་མི་ཤ་ཐོགས་པ་ཁྱོད་ནི་སྔ་ནས་མ་མཐོང་གཟོད་མཐོང་ན། །བདུད་དང་སྲིན་མོ་མ་མོ་རྣམས་ཀྱང་མིག་རྩ་རིག་རིག་དངང་ཞིང་ཁྱོད་ལ་འདུད། །ལྷ་མོ་བཟང་མོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་པས། །བསྟོད་པ་བྱེད་པའི་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདུད། །ལྷ་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བརྟུལ་བས་ན་རྣ་བ་ཡ་གཅིག་ལ། །བྲང་གིས་འགྲོ་བ་སྦྲུལ་མགོ་གདེངས་ཀ་སྟོང་དང་ལྡན་ཞིང་གཅིག་གིས་རྒྱབ་ནས་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོ་བསྐོར་ཞིང་ས་གཞི་གནོན་པ་ས་སྟེང་གི། །ཕྱོགས་ནས་རྒྱུ་བའི་ཉི་མ་ཟླ་བ་ལྷ་མོ་ཁྱོད་ཀྱི་ལྟེ་ནས་འཆར་ཞིང་སྲིད་གསུམ་ཟིལ་གྱིས་གནོན། །རྒྱ་མཚོ་ཀློང་ནས་མེ་འབར་ཆུ་རྣམས་སྐེམས་པར་བྱེད་པར་ནུས་པའི་བུད་མེད་ཐམས་ཅད་ཞི་མཛད་མ། །ལྷ་ཆེན་སྐུ་དང་འཚམ་པར་བཞུགས་པའི་དཀའ་ཟློག་ནག་མོ་མི་ནད་ཕྱུགས་ནད་ཀུན་ལ་འཇིགས་པ་མེད། །མ་གཅིག་ཁྱོད་ཉིད་ལ་ནི་བདག་ནི་གུས་པར་ཕྱག་འཚལ་མཆོད་ཅིང་བསྟོད་པར་བགྱི། །དེ་ནས་དཔལ་ལྷ་མོ་ནག་མོ་ལ་བྲམ་ཟེ་མཆོག་སྲེད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་བརྟེན་པར་བསྟོད་པ། མ་གཅིག་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་ལྷ་མོ་ནག་མོ་ཆེ། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས། །བཀྲ་ཤིས་མཆོག་གྲུབ་སེམས་གཏེར་གནས། །ཡིད་མྱུར་གཟུགས་ཆེན་ཀུན་དུ་གྲགས། །མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་། །དཔའ་བརྟུལ་དྲག་སྤྱོད་བརྩོན་འགྲུས་ཆེ། །འཐབ་མོ་གཡུལ་ལས་རྟག་ཏུ་རྒྱལ། །གཤིན་རྗེའི་སྲིང་མོ་ཡིན་པར་བསྟོད། །གོས་སུ་དར་གོས་སྔོན་པོ་གསོལ། །སྡུག་དང་མི་སྡུག་ཆ་ལུགས་འཆང་། །སྤྱན་མིག་མཐོང་ན་མི་སྡུག་ཀུན་དུ་སྡང་། །དད་ཅིད་ཚོགས་པའི་མི་རྣམས་སྡུད། །


DKG091_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

རེས་འགའ་རི་བྲག་ཟབ་མོར་གནས། །རེས་འགའ་ཚལ་དང་ཤིང་ལ་གནས། །རེས་འགའ་དུར་ཁྲོད་དབུས་ན་གནས། །ལྷ་མོའི་གནས་རྟེན་དེ་རུ་འཆའ། །གནས་དེ་རི་དང་ཚལ་དགོན་དུ། །རྟག་ཏུ་ལྷ་མོ་ཁྱོད་བསྟོད་ན། །དེ་ཡིས་དགོངས་པ་སྐོང་བར་བྱེད། །བདག་གིས་རྟག་ཏུ་བསྟོད་བྱས་ན། །བདག་གི་བསམ་པ་འགྲུབ་པར་མཛོད། །རྨ་བྱའི་སྒྲོ་ལ་རྒྱལ་མཚན་བྱས། །གང་ཞིག་རྟག་བསྟེན་སྲུང་བར་བྱེད། །གནག་ལུག་ཕྱུགས་རྣམས་འཕེལ་བར་བྱེད། །སེང་གེ་སྟག་དང་སྤྱང་ཀི་ཡིས། །རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་། །རྡོ་རྗེ་དྲིལ་ཆེན་སྙན་པར་སྒྲོགས། །བྱིན་ཏེ་དྲིལ་ཆེན་སྙན་པར་སྒྲོགས། །ལན་འགའ་ལག་ན་ཏྲི་ཤཱུ་ལ་ཐོགས། །ལན་འགའ་ཉི་ཟླའི་རུ་མཚོན་ཕྱར། །མར་གྱི་ཚེས་དགུ་བཅུ་གཅིག་ན། །དེ་ཡི་དུས་སུ་མཆོད་བྱས་ན། །ལྷ་མོ་ཁྱོད་ལས་ལྷག་པ་མེད། །བདུད་འདུལ་ལྷ་མིན་སྲིན་མོར་སྟོན། །དགྲ་དང་འཐབ་ཚེ་རྒྱལ་བར་བྱེད། །བུད་མེད་ནང་ན་མཆོག་ཡིན་ཏེ། །ཚིག་དབང་འཇིག་རྟེན་མགོན་པོ་འདྲ། །རྒྱལ་པོའི་ཁབ་ན་པདྨ་འདྲ། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ཆུ་ལ་རྒལ་ན་གྲུ་ཟམ་འདྲ། །ཕོངས་པ་རྣམས་ཀྱི་གཉེན་བཤེས་འདྲ། །ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཀུན་གྱི་རྫོང་བཅས་ནས། །ལྷ་དམག་དཀར་པོ་རྒྱལ་བར་བྱས། །ལྷ་མ་ཡིན་རྣམས་ཕམ་པར་བྱེད། །ལག་ན་མདུང་དམར་ཆེམས་སེ་ཆེམས། །རུ་མཚོན་བ་དན་མེ་ལྟར་འབར། །དགྲ་འདུལ་གཡུལ་བཟློག་ཁྱེད་ལ་བསྟོད། །དེ་ནས་དྲང་སྲོང་ཆེན་པོ་ཀོའུ་དི་ནྱས་དཔལ་ལྷ་མོ་ལ་དཔེ་བྱད་ཀྱི་སྒོ་ནས་བསྟོད་པ། འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ། །མ་རྣམས་ནང་ན་ཁྱོད་ནི་རྟག་ཏུ་མཆོག་ཡིན་ཏེ། །འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད། །བྱད་བཞིན་སྡུག་མཛེས་ཀུན་གྱིས་བལྟ་བར་མོས། །ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ་བརྒྱན། །མིག་ཡངས་འདམ་སྐྱེས་སྔོན་པོའི་འདབ་མ་འདྲ། །བསོད་ནམས་ཡེ་


DKG091_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སྣང་བ་གྲགས་པས་བརྒྱན། །དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ། །དེང་བདག་པདྨོ་ཁྱོད་ལ་བསྔགས་པས་ཀྱང་། །སེམས་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །ཡང་དག་ཡེ་ཤེས་གྱ་ནོམ་བཀྲ་ཤིས་པ། །པདྨ་ལྟ་བུར་ཤིན་ཏུ་རྣམ་པར་དག །ལུས་མདོག་རབ་མཛེས་ཀུན་གྱིས་ལྟ་བར་མོས། །མཚན་མ་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱན། །དྲི་མེད་ཡེ་ཤེས་ཀུན་ཏུ་རབ་མཛེས་པ། །དྲན་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར། །ཅི་ལྟར་སེང་གེ་གཅན་གཟན་མཆོག་གྱུར་བཞིན། །བསྔགས་བསྟོད་ཚིག་ནི་འདི་ལས་འབྱུང་བ་ཡིས། །བསམ་པའི་དངོས་པོ་ཐམས་ཅད་གྲུབ་པར་ཤོག །ཅེས་བསྟོད་དོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་འདུས་པ་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་དཔལ་ལྷ་མོ་ལ་བསྟོད་པ་ལེགས་སོ། །ང་ཡང་བསྟོད་པ་འདི་དག་གི་དོན་སྒོམས་ཤིག །ཡིད་ལ་རྟག་ཏུ་ཟློས་ཅིག །ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ལ་བསྟོད་པ་ཡིན་ནོ། །ལྷ་མོ་དེས་ཀྱང་མི་འདི་སྲུང་བར་བྱེད་དོ། །སྐྱོབ་པར་བྱེད་དོ། །ཅི་འདོད་པའི་དངོས་གྲུབ་སྟེར་རོ་ཞེས་བཀའ་སྩལ་པ་དང་། འཁོར་དེ་རྣམས་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རྒྱན་གྱི་ཆར་ཆེན་པོ་ཕབ་ནས་སོ་སོའི་གནས་སུ་འཁོད་དོ། །བསྟོད་པའི་རྒྱལ་པོའི་རྒྱུད་རྫོགས་སོ།། །།


previousདཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད།next