Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གཉིས་པ།


   
   
   
   
   
   
   
   
   
   
   
   
   
   
   
དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ།next

དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ།


DKG092_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོའི་གཞི་བ་མོ་ཆེན་པོའི་དཀྱིལ་འཁོར་བཤད་པར་བྱ་སྟེ། ཆུ་ཀླུང་གི་འགྲམ་མམ། པདྨའི་མཚེའུའམ། ཨུཏྤལའི་མཚེའུའམ། མེ་ཏོག་གི་སྐྱེད་མོས་ཚལ་ལམ། འབྲས་བུའི་ཀུན་དགའ་ར་བའམ། ཁང་བཟངས་ས་གཞི་དག་ཅིང་ས་གཞི་ཡོངས་སུ་སྦྱངས་པ། རྩྭ་དང་ཤིང་བལ་དང། སྐྲ་དང་། ཕུབ་མ་དང། སོལ་བ་དང་། ཕྱག་དར་གྱི་ཕུང་པོ་དང་། གྱོ་མོ་དང་། ཤིང་དང་། བོང་བ་དང་། གསེག་མ་དང་། ཐོད་པའི་རུས་པས་གང་བ་རྣམས་སྤངས་པའི་ས་གཞིའི་ཕྱོགས་ན་མཚེའུ་དང་། འབབ་ཆུ་དང་། འབབ་ཆུ་བྱང་ཕྱོགས་ནས་འབབ་པ་དང་། ཉེ་བ་ན་ཆུ་ཡོད་ཅིང་ཤིན་ཏུ་མཛེས་པ། ལྷོ་ཕྱོགས་དང་། བྱང་ཕྱོགས་དང་། ནུབ་ཕྱོགས་དང་། ཤར་ཕྱོགས་གང་ན་ལྗོན་ཤིང་གིས་མཛེས་པར་བྱས་པ། གང་ཉམས་དགའ་བ་ཁ་དོག་དང་། གཟི་བྱིན་དུ་ལྡན་པའི་གནས་དེ་ལྟ་བུ་རྙེད་ནས་ཆུ་དང་ཡུངས་ཀར་ལ་བཟླས་ཏེ། ཀུན་དུ་གཏོར་རོ། །ས་གཞི་དེ་ལྟ་བུ་སྦྱང་བ་ནི་མཆོག་ཡིན་ནོ། །ཁྲོ་བོའི་རྒྱལ་པོ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། ཕྱོགས་བཞིར་གཏོར་ན། ཀུན་ནས་དཔག་ཚད་བརྒྱ་ཚུན་ཆད་ཕྱོགས་བཅིང་བ་དང་དཀྱིལ་འཁོར་བཅིང་བ་དང་། མཚམས་བཅིང་བ་བྱས་པར་འགྱུར་རོ། །སྡང་བ་ཐམས་ཅད་དང་། བགེགས་དང་། ལོག་འདྲེན་ཐམས་ཅད་སྐད་ཅིག་ཀྱང་མི་གནས་བར་


DKG092_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་བྱེར་ཏེ་འདོང་ངོ་། །སྲོག་ཆགས་སྡང་བ་དང་། སྡང་བའི་སེམས་དང་། སྡང་བའི་གཅན་གཟན་ཁྲོ་བོ་གང་ཡིན་པ་དེ་དག་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཞིང་ལྷ་ཐམས་ཅད་སྲུང་བར་འགྱུར་རོ། །གནས་ཀྱི་ཕྱོགས་དེར་མཁས་པས་དཀྱིལ་འཁོར་བྱས་ཏེ། གྲུ་བཞི་ལྷམ་པ་ངོས་རེ་རེ་ཞིང་ཁྲུ་སུམ་ཅུ་རྩ་གཉིས་གཞལ་བར་བྱ་ཞིང་། ཆ་འབྱེས་པ་གྲུ་བཞི་པ་ཆ་མཉམ་ཞིང་མཛེས་པ་སྒོ་བཞི་དང་། རྟ་བབས་བཞིར་ལྡན་པ། འབྲས་ཀྱི་ཕྱེ་མའི་ཚོན་སྣ་བཞིར་སྦྱར་ལ། དེ་ནས་དཀྱིལ་འཁོར་བྲི་བར་བྱ་སྟེ།ཚོན་སྣ་ལྔའི་ཐིག་སྐུད་ཀྱིས་ཐིག་བཏབ་ནས། ཙནྡན་དཀར་པོའི་ཕུར་བུ་བཏབ་སྟེ། ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་དམ། ཚེས་བཅྭ་ལྔའི་ཚེས་གྲངས་དང་། རྒྱུ་སྐར་བཟང་པོ་བདམས་ཏེ། དཀྱིལ་འཁོར་གྱི་མཆོག་བྲི་བར་བྱའོ། །དང་པོ་ནི་དཀར་པོས་བྲིའོ། །གཉིས་པ་ནི་དམར་པོས་སོ། །གསུམ་པ་ནི་སེར་པོས་སོ། །བཞི་པ་ནི་ནམ་མཁའི་ཁ་དོག་གིས་སོ། །ལྔ་པ་ནི་མིག་སྨན་གྱི་ཁ་དོག་གིས་ཏེ། དཀྱིལ་འཁོར་གྱི་དབུས་ཀྱི་སྙིང་པོ་འཇིགས་པ་མེད་པ་ཆ་རྣམ་པར་མཛེས་ཤིང་། གསལ་བར་པིར་སར་པ་དང་ཚོན་དང་སྣོད་སར་པས་བྲི་བར་བྱ་སྟེ། དཀྱིལ་འཁོར་གྱི་སྙིང་པོར་པདྨ་འདབ་མ་སྟོང་པ་ཁོ་ར་ཁོར་ཡུག་སྟེགས་བུ་དང་བཅས་པ་བྲི་ཞིང་། པདྨའི་ཕྲེང་བ་ཚོན་གྱིས་མཛེས་པ་བྲིས་ལ། དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་ཤཱཀྱའི་རྒྱལ་པོ་དང་། འོད་དཔག་མེད་དང་། འཇིག་རྟེན་དབང་པོའི་རྒྱལ་པོ་གཞག་གོ། །གཡས་སུ་མགོན་པོ་འཇིག་རྟེན་དབང་ཕྱུག་དོན་ཡོད་པའི་ཞགས་པའི་ཆ་བྱད་འཆང་བ་གསང་སྔགས་ཀྱི་རྗེས་སུ་འབྲང་བར་བྱའོ། །གཡོན་དུ་ཕྱག་ན་རྡོ་རྗེ་རྔ་ཡབ་དང་། རྡོ་རྗེ་ཐོགས་པ་བཞིན་ཁྲོ་གཉེར་ཅན་འོད་འབར་བས་བསྐོར་བའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དྲུང་དུ་ལྷ་མོ་སྒྲོལ་མ་དང་། དྲི་མེད་འོད་འཕྲོ་བྱའོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་འོག་ཏུ་དཀར་ཤ་མ་ཆེན་མོ་དང་། གོས་དཀར་མོ་དང་། དཀར་མོ་ཆེན་མོ་ལག་ན་དབྱུག་པ་དང་། རིལ་བ་སྤྱི་བླུགས་ཐོགས་པའོ། །དེའི་འོག་ཏུ་སྲིན་མོ་རལ་པ་གཅིག་པ་མཆེ་བ་གཅིགས་པ་ཐོད་པའི་ཕྲེང་བ་ཐོགས་པ། སྦྲུལ་གྱི་


DKG092_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཕྱིར་ཐོགས་པ་ལག་པ་བཞི་པ། ལག་པ་གཡས་གཡོན་གཉིས་ན་རྡོ་རྗེ་དང་། དགྲ་སྟ་དང་། གཡས་པའི་གུང་མོ་ལྷ་དང་། ལོག་འདྲེན་ལ་བསྡིགས་པར་བྱའོ། །གཡོན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲམ་ཟེའི་ཆ་ལུགས་འཆང་བ་རལ་པའི་ཐོར་ཚུགས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱི་ཐོར་ཚུགས་ཀྱིས་བརྒྱན་པར་བྱའོ། །གཡས་གཡོན་དུ་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་བྱའོ། །དེའི་འོག་ཏུ་དཔལ་ལྷ་མོ་དང་། ལྷ་མོ་དབྱངས་ཅན་མ་དང་། མཚན་མོའི་ལྷ་མོ་དང་། སའི་ལྷ་མོ་དང་། ལོ་ཐོག་གི་ལྷ་མོ་དང་།འབྲས་བུ་དང་མེ་ཏོག་གི་ལྷ་མོ་བྱའོ། །དེའི་འོག་ཏུ་ཁོར་ཡུག་ཏུ་གཤིན་རྗེ་དང་། ཆུ་ལྷ་དང་། རླུང་ལྷ་ལ་སོགས་པ་བྱའོ། །རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པའི་དྲང་སྲོང་གཞག་པར་བྱའོ། །གྲྭར་རྒྱལ་པོ་ཆེན་པོ་བཞི་གོ་ཆ་བགོས་པ་གཞག་པར་བྱའོ། །དཀྱིལ་འཁོར་གྱི་སྙིང་པོའི་དབུས་དང་བར་བར་དུ་ལྕགས་ཀྱུ་དང་། དགྲ་སྟ་དང་། རྡོ་རྗེ་དང་། དབྱུག་བ་དང་། ཞགས་པ་དང་། ལྕགས་སྒྲོག་བྱའོ། །ཕྱི་རོལ་དུ་ཚངས་པ་དང་། དྲག་པོ་དང་། ལྷ་མོ་ཨུ་མ་དང་། ཚངས་པའི་དྲུང་དུལྷ་མོ་དབྱངས་ལྡན་མ་ཁྲོས་པའི་གཟུགས་ཅན་ནོ། །དེ་གཉིས་ཀྱི་བར་དུ་དབྱུག་པ་དང་། རིལ་བ་སྤྱི་བླུགས་བྲི་བར་བྱའོ། །གྲྭ་གཅིག་ཏུ་དོན་ཡོད་པའི་ཞགས་པའི་སྙིང་པོའི་རྣམ་པར་གྲོལ་བའི་དཀྱིལ་འཁོར་ཀྱི་ཆོས་ཀྱི་རྣམ་གྲངས་གཞག་གོ། །གྲྭ་གཅིག་ཏུ་ཤི་བཱ་བ་ཧ་གཞག་གོ། །དེ་ནས་ཤར་ཕྱོགས་ཀྱི་སྒོར་ཁྲོ་བོ་རྟ་མགྲིན་འཇིགས་སུ་རུང་བའི་མིག་ཅན་གཞག་གོ། །ལྷོ་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོ་ཀི་ལི་ཀི་ལ་ཞེས་བྱ་བ། རྡོ་རྗེ་རྣམ་པར་འདྲེན་པ། ལག་ན་རྡོ་རྗེ་དང་། དགྲ་སྟ་དང་། ཞགས་པ་ཐོགས་པར་བྱའོ། །ནུབ་ཕྱོགས་ཀྱི་སྒོར་ཕོ་ཉ་མོ་པདྨའི་རིགས་མཛེས་མ་ལག་པ་པདྨའི་རྩེ་མོ་ནས་འཛིན་པར་བྱའོ། །བྱང་ཕྱོགས་ཀྱི་སྒོར་རྡོ་རྗེ་ཆེན་པོ་ཟོམ་ཞེས་བྱ་བའི་ཚོགས་ལག་ན་རྡོ་རྗེ་དང་ཞགས་པ་ཐོགས་པ་བྱའོ། །དེ་ནས་འཇུག་པའི་སྒོ་ནས་གསེར་གྱི་བུམ་པ་སྤོས་ཆུས་བཀང་སྟེ་དར་ལས་བཅིངས་ལ་རྣམ་པ་ཐམས་ཅད་དང་། མེ་ཏོག་གི་ཕྲེང་བས་བརྒྱན་ནས་བསམ་པ་ཅི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་བཞག་སྟེ། སྟེང་དུ་སྣ་མའི་མེ་ཏོག་གི་


DKG092_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

གདུ་བུ་གཞག་པར་བྱའོ། །ཙནྡན་དང་། གུར་གུམ་དང་། གླ་རྩི་དང་། ག་བུར་གྱི་ཆུ་དང་། པོག་ཕོར་བཞི་གཞག་ཅིང་། ཨ་ག་རུའི་བདུག་པས་བདུག་གོ། །ཚོན་སྣ་ལྔའི་རས་ཀྱི་སྲད་བུ་མཚོད་ཕྱིར་གྱི་སྲད་བུ་ཚད་དུ་བྱས་ལ། གསེར་གྱི་ཡང་མིག་རྩེ་གསུམ་ཅན་གདགས་པར་བྱ་ཞིང་། ཐོར་ཏོ་གཅིག་ཏུ་མེ་ཏོག་པདྨའི་གདུབ་ཀོར་དང་མུ་ཏིག་དང་རིན་པོ་ཆེས་སྤྲས་པ། ཟླུམ་པོར་བསྐྱིལ་ལ་བུམ་པའི་སྟེང་དུ་བཞག་ལ་མཆོད་པ་དང་། བསྙེན་བཀུར་བྱས་ཏེ་ཡུངས་ཀར་ལ་དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་སྟོང་རྩ་བརྒྱད་བཟླས་ཏེ། དེ་ལ་གདབ་པར་བྱའོ། །ཙནྡན་དང་། ག་བུར་དང་། གླ་རྩིའི་ཕྱེ་མས་བསྒོས་ལ་བསྒོ་བར་བྱའོ། སྒོ་བཞིའི་གནས་སུ་དྲི་ཆབ་ཀྱིས་བཀང་བའི་བུམ་པ་དང། ཟས་དཀར་གསུམ་གྱི་གཏོར་མ་གཞག་པར་བྱ་ཞིང་གསེར་དངུལ་གྱི་མཆོད་ཡོན་གྱི་སྣོད་སུམ་ཅུ་རྩ་གཉིས་དང་། སྤོས་ཆུས་བཀང་བ་བརྒྱད་དང་། སྤོས་ཆུ་དཀར་པོས་བཀང་བ་བརྒྱད་གཞག་པར་བྱའོ། །རོ་དང་དྲི་སྣ་ཚོགས་ཀྱིས་བཀང་བ་བརྒྱད་དང་། ཞོ་དང་། འོ་མ་དང་། སྤོས་ཆུས་བཀང་བ་བརྒྱད་དང་། གཏོར་མ་ལ་སོགས་པ་དབུལ་བ་སྣ་བརྒྱད་དང་། དབུལ་བ་སྣ་དྲུག་ཅུ་རྩ་བཞི་བ་རྣམས་ཤ་དང་། ཁྲག་དང་། ཀུན་དོང་དང་། ཀེའུ་དང་། ཁ་ཟས་ངན་པ་དང་། བཏུང་བ་ངན་པ་སྤངས་ཏེ། གཙང་མས་གཙང་མ་སྦྱར་བར་བྱའོ། །མེ་ཏོག་སྣ་ཚོགས་ཀྱི་གཅལ་དགྲམ་པར་བྱ་ཞིང་། གདུགས་དང་། རྒྱལ་མཚན་དང་། ལྡ་ལྡི་དང་། བ་དན་གྱིས་བརྒྱན་པར་བྱ། པོག་ཕོར་སུམ་ཅུ་རྩ་གཉིས་གཞག་པར་བྱ་ཞིང་། བདུག་སྤོས་སྣ་ཚོགས་མང་པོས་བདུག་པར་བྱ། སྤོས་སྣ་བརྒྱ་རྩ་བརྒྱད་དང་ལྡན་པའི་ཏིལ་མར་གྱི་མར་མེ་བལྟམ་པར་བྱ། དཀྱིལ་འཁོར་གྱི་ཁོར་ཡུག་ཏུ་པདྨའི་ཕྲེང་བ་བྲི་བར་བྱའོ། །རིག་སྔགས་འཆང་གཙང་མས་གོས་གཙང་མ་བགོ་བར་བྱ་ཞིང་། དུས་གསུམ་དུ་ཁྲུས་བྱས་ལ་གོས་གསུམ་བགོ་བར་བྱ། གྲོགས་གཙང་མ་བསྒྲུབ་པར་བྱའོ། །འཇུག་པའི་ཆོ་ག་བྱས་པ་ནས་དོན་ཡོད་པའི་ཞགས་པའི་སྙིང་པོས་དབང་བསྐུར་བའི་བར་ཙམ་གྱིས་སངས་རྒྱས་ཐམས་ཅད་ཀྱིས་ཡོངས་སུ་གཟུང་ཞིང་། འཇིག་རྟེན་མགོན་པོས་བྱིན་གྱིས་བརླབས་པ་


DKG092_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དང་། པདྨའི་རིགས་པདྨ་འཆང་བའི་དཀྱིལ་འཁོར་ཆེན་པོ་དོན་ཡོད་པའི་ཞགས་པའི་སྙིང་པོའི་དངོས་གྲུབ་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །གང་བསམས་པ་ཐམས་ཅད་དེ་ཁོ་ན་བཞིན་བྱེད་པར་འགྱུར་རོ། །དམ་ཚིག་ཐམས་ཅད་ལ་དོན་ཡོད་པར་འཇུག་གོ། །ཆོས་ཉིད་ཐམས་ཅད་ཀྱིས་རྣམ་པར་གྲོལ་བའི་དཀྱིལ་འཁོར་གྱི་ཆོས་ལ་དམ་ཚིག་གྲུབ་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་དང་། བདེ་བ་ཐམས་ཅད་ཀྱི་རྗེས་སུ་འགྲོ་ཞིང་ལྷ་དང་མིའི་དཔལ་ཐམས་ཅད་མྱོང་བར་འགྱུར་རོ། །ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོའི་ཚོགས་ཀྱི་བགོ་སྐལ་ལ་དབང་བར་འགྱུར་རོ། །རྣལ་འབྱོར་གྱི་དཀྱིལ་འཁོར་དང་གསང་སྔགས་ལ་བརྟེན་པར་འགྱུར་རོ། །བརྡེག་པ་དང་།སྤྱོ་བ་དང་ཕུར་བུས་གདབ་པ་དང་། བསྲེག་པ་དང་བསྡིགས་པ་དང་གཡེང་བ་དང་། གསད་པ་དང་། དབང་དུ་བྱ་བས་མི་ཚུགས་སོ། །གང་དག་དེ་ལྟ་བུ་བྱེད་པ་དེ་ཉིད་ཀྱི་ལུས་སམ། མགོ་ལ་བརྒྱ་ཕྲག་སྟོང་གྱུར་དུ་འབབ་པར་འགྱུར་ཞིང་། གཞན་གྱིས་ཕྱིར་བཟླས་ཤིང་དགྲོལ་བར་མི་ནུས་ཏེ། རིག་སྔགས་འཆང་དེས་དགྲོལ་བར་བྱའོ། །དེ་ནས་རིག་སྔགས་འཆང་དེས་རི་མོའི་གཟུགས་དེ་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་བཞག་ནས། དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ལ། དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་བརྒྱ་རྩ་བརྒྱད་བཅིང་བར་བྱ་ཞིང་། ཁྲོ་བོའི་རྒྱལ་པོ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །དེའི་འོག་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་ལས་འོད་ཟེར་ཁ་དོག་སྣ་ཚོགས་འབྱུང་བར་འགྱུར་རོ། །བུམ་པ་དེ་ཡང་འབར་ལ། རས་ཀྱི་སྐུ་གཟུགས་དེ་ཡང་ཁ་དོག་སྣ་བདུན་དུ་འབར་ཞིང་། ཤས་ཆེར་འགུལ་བར་འགྱུར་ཏེ། ཁྲོ་བོའི་རིག་སྔགས་འཆང་སྙིང་དགའ་བར་འགྱུར་ཞིང་། རས་ཀྱི་སྐུ་གཟུགས་ལས་ལེགས་སོ་ཞེས་བྱ་བའི་སྒྲ་འབྱུང་བར་འགྱུར་ཏེ། རིག་སྔགས་འཆང་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་པའི་ཞགས་པའི་སྙིང་པོ་གྲུབ་ཅིང་། ཁྱོད་ཀྱིས་ཞགས་པ་འདི་ཡང་གྲུབ། ཁྱོད་ཀྱིས་ཡིད་བཞིན་གྱི་ནོར་བུའི་ཞགས་པའི་མཆོག་འདི་ཡང་གྲུབ་ཀྱིས། ཁྱོད་ཀྱིས་ལས་ཐམས་ཅད་བྱོས་ཤིག །དེ་དཀྱིལ་


DKG092_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཆོ་ག་རྒྱས་པ་མཆོག་གྲུབ་ནས། བུམ་པ་སྤོས་ཆུས་བཀང་བདེ་བླངས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཏེ། རྒྱུ་སྐར་རྒྱལ་ལ་ཁྲུས་བྱ་བའམ་ཟླ་བ་ཡར་གྱི་ངོའི་ཚེས་གྲངས་ཤིས་པ་ལ་ཁྲུས་བྱས་པ་ཙམ་གྱི་མོད་ལ། ལུས་ཐམས་ཅད་དྲི་མ་མེད་ཅིང་ཡོངས་སུ་དག་པ་འཐོབ་པར་འགྱུར་ཞིང་། དངོས་པོ་ལྔའི་བདག་ཉིད་ཡོངས་སུ་དག་པར་འགྱུར་ཏེ། རྣ་བ་ལྔ་ཡོངས་སུ་དག་པ་དང་། མིག་ལྔ་ཡོངས་སུ་དག་པ་དང། སྣ་ལྔ་ཡོངས་སུ་དག་པ་དང་། ལྕེ་ལྔ་ཡོངས་སུ་དག་པ་དང་། རྣམ་པར་ཤེས་པ་ལྔ་ཡོངས་སུ་དག་པ་དང་། དབང་པོ་ལྔ་ཡོངས་སུ་དག་པ་ཐོབ་པར་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་མཆོག་སྦྱིན་པར་འགྱུར་ཞིང་། རྟག་ཏུ་སྐུ་སྟོན་བཞེད་པར་ཡང་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཞལ་སྟོན་པར་འགྱུར་རོ། །རྟག་ཏུ་བྱང་ཆུབ་སེམས་དཔའ་ཐམས་ཅད་དགོངས་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་དེ་ལ་སྲུང་བ་དང་སྐྱོབ་པ་དང་སྦ་བ་བྱེད་པར་འགྱུར་རོ། །བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དག་ཀྱང་འོང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་དཔུང་གི་འཁོར་དང་བཅས་ཏེ་སའི་ཕྱོགས་དེར་འོང་བར་འགྱུར་ཞིང་། རྟག་ཏུ་རྒྱུན་མི་འཆད་པར་སྲུང་བ་དང་སྐྱོབ་པ་དང་སྦ་བ་བྱེད་པར་འགྱུར་རོ། །སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་དང་། ནོར་བུ་བཟང་པོ་དང་། གསང་བ་པ་བརྒྱ་སྟོང་ཕྲག་དུ་མ་སྲུང་བ་དང་སྐྱོབ་པ་དང་སྦ་བ་བྱེད་པར་འགྱུར་ཞིང་། ཞི་བ་དང་བདེ་ལེགས་སུ་བྱེད་པར་འགྱུར་རོ། །ཤེས་པ་དོན་ཡོད་པ་དང་། ཤེས་རབ་དོན་ཡོད་པ་དང་། ཐོས་པ དང་། ཚུལ་ཁྲིམས་དང་། བརྩོན་འགྲུས་འཐོབ་པར་འགྱུར་ཞིང་། སྦྱིན་པ་དོན་ཡོད་པའི་སྦྱིན་པར་འགྱུར་རོ། །བསོད་ནམས་ཀྱི་ཕུང་པོ་དོན་ཡོད་པ་དང་ལྡན་པར་འགྱུར་ཞིང་འདི་ལྟ་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ། །རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མཁས་པར་ཡང་འགྱུར་རོ། །རིག་སྔགས་འཆང་གི་ཆོ་ག་ཞིབ་མོ་ཡང་འགྲུབ་པར་འགྱུར་རོ། །སྟོབས་དང་བརྩོན་འགྲུས་དང་ཕ་རོལ་གནོན་པ་དོན་ཡོད་པར་འགྱུར་རོ། སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པ་གང་གཱའི་


DKG092_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུང་གི་བྱེ་མ་སྙེད་ས་ཡ་བརྒྱ་ཕྲག་བརྒྱད་སྟོང་དྲུག་ཅུ་རྩ་བཞིའི་དགེ་བའི་རྩ་བ་ཡོངས་སུ་རྫོགས་པར་ཡང་དག་པར་གཟུང་བར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་མཆོད་པ་དང་བཀུར་སྟི་བྱ་བར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་རོ། །མཆོད་རྟེན་གྱི་སྙིང་པོ་དང་འདྲ་བར་ཕྱག་བྱ་བའི་འོས་སུ་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་ག་ཞིབ་མོའོ།། །།


previousདཀྱིལ་འཁོར་གྱི་ཆོ་ག་ཞིབ་མོ།next