Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
   
   
   


 
previousའཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next

འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།


DKG093_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ས་ཏྭཱ་བ་ལོ་ཀེ་ན་བུད་དྷ་ཀྵེ་ཏྲ་ནིར་དེ་ཤ་ན་བྱཱུ་ཧ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་གྲུ་འཛིན་ན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ལྷའི་ནོར་བུ་རིན་པོ་ཆེ་དཔལ་གྱི་སྙིང་པོ་དང་། མེ་ཏོག་རྒྱས་པ་དང་། ལྷའི་སེང་གེའི་ཁྲི་བཀོད་པ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སེམས་ཅན་ཐམས་ཅད་ཀྱི་དབང་གི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོའི་ཤེས་པ་ལ་གནས་པ་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྐྱེ་བ་གཉིས་དང་། སྐྱེ་བ་གསུམ་དང་། སྐྱེ་བ་བཅུ་དང་། སྐྱེ་བ་ཉི་ཤུ་དང་། སྐྱེ་བ་སུམ་ཅུ་དང་། སྐྱེ་བ་བརྒྱའི་བར་དག་གིས་ཐོགས་པ། ཐམས་ཅད་ཀྱང་ས་བརྒྱད་པ་དང་། ས་བཅུ་པ་ལ་གནས་པ་ཤ་སྟག་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དང་། དྲི་མེད་ཏོག་དང་། ནོར་དཔལ་དང་། གློག་གི་ཏོག་དང་། དྲི་མེད་འོད་དང་། ཙནྡན་དང་། བདུད་རྩིའི་ཏོག་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདུན་བརྒྱ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཐམས་ཅད་ཀྱང་ལུང་བསྟན་པ་དང་ལྡན་པ། ཏིང་ངེ་འཛིན་ཐོབ་པ། འཇིག་རྟེན་གྱི་ཁམས་ཐ་དད་པ་ནས་འདུས་པ་ལྔ་སྟོང་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་ཐམས་ཅད་ཀྱང་སྔོན་གྱི་སངས་རྒྱས་ལ་བསྙེན་བཀུར་བྱས་པ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་མཐོང་བ་བརྒྱ་སྟོང་དང་། གནོད་སྦྱིན་མོ་ཆེན་མོ་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཐོབ་པ། ལུང་བསྟན་པ་ཐོབ་པ། ཕྱིར་མི་ལྡོག་པ་དཔེ་མེད་པ་དང་། དྲི་མེད་འོད་དང་། འོད་ཅན་མ་དང་།


DKG093_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་བྱེད་མ་དང་། དཔལ་ལྡན་མ་དང་། འཕྲོག་མ་དང་། དུང་ཅན་མ་ལ་སོགས་པ་གནོད་སྦྱིན་མོ་ཆེན་མོ་བརྒྱད་ཅུ་དང་། བརྒྱ་བྱིན་དང་། ཚངས་པ་དང་། རྣམ་ཐོས་ཀྱི་བུ་དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། ནོར་བུ་བཟང་པོའི་བུ་དང་། གང་བ་བཟང་པོ་ལ་སོགས་པ་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་བར་དག་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་སེང་གེའི་ཁྲི་ལ་བཞུགས་པར་རིག་ནས་རང་རང་གི་དགེ་བའི་རྩ་བ་དག་གིས་དེ་བཞིན་གཤེགས་པ་ལ་ལྷའི་རྒྱན་དང་། ན་བཟའ་དང་། མེ་ཏོག་དང་། མེ་ཏོག་ཕྲེང་དང་། སྤོས་དང་། བྱུག་པ་དང་། རོལ་མོའི་སྒྲ་རྣམས་ཀྱིས་མཆོད་པར་བྱས། རི་མོར་བྱས་སོ། །ཁ་ཅིག་གིས་ནི་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ་བསྟོད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་དམིགས་པ་སྙིང་རྗེ་ཆེན་པོའི་ཤེས་པ་ལ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཏིང་ངེ་འཛིན་དེའི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་འོད་ཀྱིས་སྣང་བར་གྱུར་ཅིང་། གཟུགས་ཐམས་ཅད་སྣང་བས་ཁྱབ་པར་གྱུར་ནས། སེམས་ཅན་དམུས་ལོང་གང་ཡིན་པ་དེ་དག་གིས་ནི་མིག་གིས་གཟུགས་རྣམས་མཐོང་བར་གྱུར་ཏོ། །འོན་པ་རྣམས་ཀྱིས་ནི་རྣ་བས་སྒྲ་དག་ཐོས་པར་གྱུར་ཏོ། །ནད་ཀྱིས་བཏབ་པ་རྣམས་ནི་ནད་དག་དང་བྲལ་བར་གྱུར་ཏོ། །གོས་མེད་པ་རྣམས་ནི་གོས་དག་ཐོབ་པར་གྱུར་ཏོ། །སྨྱོན་པ་རྣམས་ནི་དྲན་པ་ཐོབ་པར་གྱུར་ཏོ། །ལུས་ཉམས་པ་དང་དབང་པོ་མ་ཚང་བ་རྣམས་ནི་ལུས་དང་དབང་པོ་ཡོངས་སུ་རྫོགས་པར་གྱུར་ཏོ། །དབུལ་པོ་རྣམས་ཀྱིས་ནི་ནོར་དག་ཐོབ་པར་གྱུར་ཏོ། །སེམས་ཅན་གང་དག་ནོར་དང་། ཡོ་བྱད་དང་། ལོངས་སྤྱོད་མེད་པ་དེ་དག་ནི་ནོར་དང་། ཡོ་བྱད་དང་། ལོངས་སྤྱོད་དག་དང་ལྡན་པར་གྱུར་ཏོ། །སེམས་ཅན་ཐམས་ཅད་ཀྱང་བདེ་བ་ཐམས་ཅད་དང་ལྡན་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་


DKG093_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ལ་ཡང་བསྐུལ་ནས་ཐམས་ཅད་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ། སེམས་ཅན་གང་དག་ལྷ་རྣམས་ཀྱི་ནང་དུ་སྐྱེས་པ་དེ་དག་ཐམས་ཅད་ཀྱིས་ནི་ལྷའི་བདེ་བ་ཡོངས་སུ་སྤངས་ནས་སངས་རྒྱས་རྗེས་སུ་དྲན་པར་བྱས་ཏེ་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །སེམས་ཅན་གང་དག་མི་རྣམས་ཀྱི་ནང་དུ་སྐྱེས་པ་དེ་དག་གིས་ཀྱང་མིའི་བདེ་བ་ཡོངས་སུ་སྤངས་ནས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །སེམས་ཅན་གང་དག །ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་རྣམས་ཀྱི་ནང་ན་སྐྱེས་པ་དེ་དག་གིས་ཀྱང་སངས་རྒྱས་རྗེས་སུ་དྲན་པ་སོ་སོར་ཐོབ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པར་གནས་པ་དང་། ལུས་དང་སེམས་བདེ་བར་གྱུར་ནས་ཆོས་མཉན་པའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་སོ། །སེམས་ཅན་གང་དག་གཤིན་རྗེའི་འཇིག་རྟེན་རྣམས་སུ་མུན་པ་མུན་ནག་གི་ནང་དུ་སྐྱེས་པ་དེ་དག་ཀྱང་སངས་རྒྱས་ཀྱི་མཐུས་ཡུད་ཙམ་ཞིག་དྲན་པ་སོ་སོར་ཐོབ་ནས་གཅིག་གིས་གཅིག་ཀུན་ཏུ་ཤེས་པར་གྱུར་ཏེ། དེ་དག་མུན་པ་ཆེན་པོ་དེ་ནས་ཡོངས་སུ་ཐར་བར་གྱུར་ཏོ། །སེམས་ཅན་ཐམས་ཅད་གཅིག་ལ་གཅིག་བྱམས་པར་གནས་ཤིང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲལ་བར་གྱུར་ཏོ། །དེ་ནས་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་ཏེ་མཐོ་བ་དང་དམའ་བར་གྱུར་ཏོ། །དེ་ནས་འཁོར་འདུས་པ་དེར་འཇམ་དཔལ་གཞོན་ནུར་གྱུར་པ་འདུས་ཏེ་འདུག་པར་གྱུར་ནས། དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་འདུས་པ་ཆེན་པོ་ཀུན་ཏུ་སྣང་ཞིང་འདུས་པ་ཆེན་པོའི་སྔ་ལྟས་ཀྱང་ཀུན་ཏུ་སྣང་ལ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོ་དག་ལུང་སྟོན་པ་ཡང་ཀུན་ཏུ་སྣང་ཞིང་ཆོས་ཀྱི་འབེལ་བའི་གཏམ་ཆེན་པོའི་སྔ་ལྟས་ཀྱང་ཀུན་ཏུ་སྣང་བ་ལས་ན་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་


DKG093_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དུ་མ་དག་གི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཞིང་ཡེ་ཤེས་ཆེན་པོ་ཡང་འཐོབ་པར་འགྱུར་གྱིས། རིགས་ཀྱི་བུ་དེའི་ཕྱིར་ཁྱེད་ཀྱིས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་སྐྱེད་ལ། ཕན་པ་དང་། བདེ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དགོད་པར་བྱ་བའི་བར་གྱི་ཕྱིར། དེ་བཞིན་གཤེགས་པ་ལ་ཡོངས་སུ་ཞུས་ཤིག །རིགས་ཀྱི་བུ་ཕྱི་མའི་དུས་ཕྱི་མའི་ཚེ་ན་སེམས་ཅན་སྡིག་པ་བྱེད་པ། དབུལ་བ། ཉམ་ཆུང་བ། ལུས་མདོག་ངན་པ། རྒ་བ་དང་ན་བས་ཡོངས་སུ་གཟིར་བ། ལོངས་སྤྱོད་ཆུང་བ་ལུས་ཡོངས་སུ་མ་བསྒོམས་པ། ཚེ་ཐུང་བ། བློ་ཆུང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཡོངས་སུ་གཟིར་བ་དག་འབྱུང་བ་ཡོད་དེ། རིགས་ཀྱི་བུ་དེ་དག་གི་དོན་དུ་ཆོས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་གསོལ་བ་ཐོབ་ཤིག་དང་། རིགས་ཀྱི་བུ་དེའི་ཕྱིར་ཁྱོད་ཀྱིས་ཡུན་རིང་པོར་སེམས་ཅན་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། སྡིག་པ་ཐམས་ཅད་བཟློག་པར་བྱ་བ་དང་། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་དང་། བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདའ་བའི་བར་དག་བྱས་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། དེ་བཞིན་གཤེགས་པ་བྱེ་བ་ཕྲག་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཡིད་ལ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ལན་གསུམ་བསྐོར་བ་བྱས་ནས་ཡན་ལག་ལྔས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་སླད་མའི་ཚེ་ན་སེམས་ཅན་རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་གྱིས་ནོན་པར་གྱུར་པ། དུས་མ་ལགས་པར་འགུམ་པས་ཡོངས་སུ་གཟིར་བ། ཉམ་ཆུང་བ། མདོག་ངན་པ། ཚེ་ཐུང་བ། ལོངས་སྤྱོད་ཆུང་བ། ལུས་ཡོངས་སུ་མ་བསྒོམས་པ་དག་འབྱུང་བར་མཆིས་ཏེ། དེ་དག་ནི་སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་ཀྱིས་གཅིག་ལ་གཅིག་འགུམ་པར་འགྱུར་


DKG093_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལ། གཅིག་གིས་གཅིག་གི་ནོར་དང་། ལོངས་སྤྱོད་དང་། དབང་ཕྱུག་དག་འཕྲོག་པར་འགྱུར་ཞིང་། གད་མོ་དང་། འཇོ་སྒེག་དང་། བྲོ་གར་དང་། རྩེད་མོ་དག་གིས་མངོན་པར་རྩེ་བ་དང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པར་བགྱིད་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་དག་རྒྱུ་དེ་དང་གཞི་དེས་སེམས་ཅན་རྣམས་ལ་མི་དགེ་བ་རྣམ་པ་སྣ་ཚོགས་དག་གིས་གཙེས་ནས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ཡང་སྐྱེ་བར་འགྱུར་ལགས་པས། བཅོམ་ལྡན་འདས་དེའི་སླད་དུ་བདག་དེ་དག་གི་དོན་དང་། སྨན་པ་དང་། བདེ་བ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་བགྱི་བའི་བར་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བགྱི་བ་དང་། སྡིག་པ་ཐམས་ཅད་བཟློག་པར་བགྱི་བའི་སླད་དུ། དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པར་འཚལ་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་མི་མཁྱེན་པ་དང་། མ་རྟོགས་པ་དང་། མ་གཟིགས་པ་དང་། མ་གསན་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བས་ཆོས་ཀྱི་འབེལ་བའི་གཏམ་ཉན་པར་འཚལ་བ་དང་། སྔོན་གྱི་སངས་རྒྱས་ལ་བསྙེན་བཀུར་བགྱིས་པ་དང་། ཤེས་རབ་དང་ལྡན་པའི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོ་ལྷགས་པ་འདི་དག་རེ་བ་མ་མཆིས་པར་གྱུར་ཅིང་། སླར་མཆི་པར་མི་འགྱུར་བར་བཅོམ་ལྡན་འདས་བཤད་དུ་གསོལ། བདེ་བར་གཤེགས་པ་བཤད་དུ་གསོལ། དེ་ནས་ཐམས་ཅད་དང་ལྡན་པའི་འཁོར་ཇི་ལྟར་ལྷགས་པ་དེ་དག་གིས་ཀྱང་ཡན་ལག་ལྔས་ཕྱག་བྱས་ཏེ་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལེགས་པར་བཤད་དུ་གསོལ། བདེ་བར་གཤེགས་པ་ལེགས་པར་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ལན་གཉིས་ལན་གསུམ་དུ་


DKG093_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པར་ཐུགས་སུ་ཆུད་ནས་ཕྱོགས་བཅུར་རྣམ་པར་གཟིགས་ཏེ། སྙན་ཅིང་འཇེབས་ལ་ཡིད་དུ་འོང་བའི་གསུང་དབྱངས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དེ། ངས་སྔོན་དང་པོ་སེམས་བསྐྱེད་པ་ནས་བཟུང་སྟེ། དེ་བཞིན་གཤེགས་པ་མེ་ཏོག་སྣང་བ་ཀུན་ཏུ་སྟོན་པ་ཞེས་བྱ་བའི་སྤྱན་སྔར་དེ་ཐོས་སོ། །རིགས་ཀྱི་བུ་ཏིང་ངེ་འཛིན་དེའི་མིང་ཐོས་མ་ཐག་ཏུ་སེམས་ཅན་བྱེ་བ་ཕྲག་དགུ་བཅུས་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་གྱུར་ནས། ཐམས་ཅད་ཀྱང་དེ་བཞིན་གཤེགས་པས་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་ལུང་བསྟན་ཏེ། ངས་ཀྱང་ལུང་བསྟན་པ་ཐོབ་བོ། །རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པའི་ལྷའི་མཁྱེན་པས་སྔོན་དེ་བཞིན་གཤེགས་པ་སུམ་ཁྲིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོས་ཀྱི་རྣམ་གྲངས་འདི་བཤད་དེ། ཐམས་ཅད་དུ་ཡང་དེ་བཞིན་གཤེགས་པ་ལ་གསོལ་བ་འདེབས་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁྱོད་ཉིད་དང་། འཇམ་དཔལ་གཞོན་ནུར་གྱུར་པ་ཡིན་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་རྣམས་དང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་ཇི་ལྟར་ལྷགས་པ་འདི་དག་གིས་ཀྱང་ཐོས་ནས་རི་མོ་དང་མཆོད་པ་དག་བྱས་ཏེ། དེའི་འོག་ཏུ་སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དག་གིས་ལུང་བསྟན་པ་ཐོབ་ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་དག་ཀྱང་ཐོབ་པར་གྱུར་ནས། འདོད་པ་ཐམས་ཅད་དུ་འགྲོ་བ་དང་། རེ་བ་ཐམས་ཅད་གྲུབ་པ་དང་། ནད་རྣམས་དང་བྲལ་བར་ཡང་གྱུར་ལ། དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པ་དང་། སྒྲིབ་པ་ཐམས་ཅད་སྤངས་པ་དང་། གཟུགས་བཟང་ཞིང་མཛེས་པ་བལྟ་ན་སྡུག་པ་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་བ་རྣམས་འབྱོར་བ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་རྣམས་ཀྱིས་མངོན་པར་བསྟོད་པར་


DKG093_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱ་བར་འོས་པ་དང་། དྲན་པ་དང་ལྡན་པ་དང་། ཤེས་རབ་དང་ལྡན་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པ་དང་། རྫུ་འཕྲུལ་དང་ལྡན་པ་དང་། ཚེ་དང་ཁ་དོག་དང་། གཟི་བརྗིད་དང་། མཐུ་སྟོབས་དང་ལྡན་ཞིང་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་གྱུར་ཏེ། ནམ་ཡང་སྡུག་པ་དང་བྲལ་བར་མ་གྱུར་ཅིང་། སྡུག་པའི་སྡུག་བསྔལ་མེད་པར་གྱུར་པ་དེ་དྲན་ཏེ། རིགས་ཀྱི་བུ་དེ་ལྟར་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དག་ཆོས་སྨྲ་བ་དེ་ལ་མཆོག་ཏུ་གུས་པའི་སེམས་བསྐྱེད་དེ། ཆོས་ཀྱི་རྣམས་གྲངས་འདི་ལ་ཡན་ལག་ལྔས་ཕྱག་བྱས་ཤིང་། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་ལེགས་པར་བརྒྱན་ནས་སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བརྗོད་ཅིང་ཕྱག་འཚལ་བར་བྱེད་པ་དང་། ལེགས་སོ་ཞེས་བྱ་བར་སྦྱིན་པར་བྱེད་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དེ་དག་ནི་ཡོན་ཏན་མང་པོ་དང་ལྡན་པར་འགྱུར་རོ། །དེ་དག་ནི་ཚེ་འདི་ཉིད་ལ་ཡང་ཡོན་ཏན་མང་པོ་དང་ལྡན་པར་འགྱུར་ཏེ། གཟུགས་བཟང་ཞིང་མཛེས་ལ། བལྟ་ན་སྡུག་པ་དང་། ནད་རྣམས་དང་བྲལ་བ་དང་། ཚེ་རིང་བ་དང་། བློ་བརྟན་པ་དང་། དྲན་པ་དང་ལྡན་པ་དང་། བརྟན་པ་དང་ལྡན་པ་དང་། རྒྱལ་པོ་ཐམས་ཅད་དང་། རྒྱལ་པོའི་བཙུན་མོ་ཐམས་ཅད་དང་། རྒྱལ་བུ་ཐམས་ཅད་དང་། བློན་པོ་ཐམས་ཅད་དང་། དགྲ་ཐམས་ཅད་དང་། སེམས་ཅན་ཐམས་ཅད་ཀྱིས་མངོན་པར་བསྟོད་པར་འོས་པ་དང་། ཕྱག་བྱ་བར་འོས་པ་དང་། བསྙེན་བཀུར་བྱ་བར་འོས་པར་འགྱུར་རོ། །ནོར་དང་ཡོ་བྱད་མང་པོར་ཡང་འགྱུར་རོ། །དེ་དག་གི་ཁ་ནས་ཙནྡན་གྱི་དྲིའི་ངད་འབྱུང་བར་ཡང་འགྱུར་རོ། །མིག་ཨུཏྤལ་སྔོན་པོའི་འདབ་མ་འདྲ་བར་ཡང་འགྱུར་རོ། །དེ་དག་གིས་ཉིན་མཚན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་མཐོང་བར་ཡང་འགྱུར་རོ། །མཚམས་མེད་པ་ལྔ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་ཟད་


DKG093_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཡང་འགྱུར་རོ། །དེ་དག་ལ་ལྷ་རྣམས་སྲུང་བར་ཡང་འགྱུར་རོ། །དེ་དག་འཆི་བའི་དུས་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དག་མཐོང་བར་ཡང་འགྱུར་རོ། །ཕྲག་དོག་མེད་པ་དང་། སེམས་རྣམ་པར་གཡེངས་པ་མེད་པར་འཆི་བའི་དུས་བྱེད་པར་ཡང་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བའི་བར་དུ་འགྱུར་རོ། །རིགས་ཀྱི་བུ་གང་དག་ཆོས་ཀྱི་རྣམ་གྲངས་འདི་འཛིན་པ་དང་། བསྙེན་བཀུར་བྱས་ཏེ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་དང་། མཆོད་པར་བྱེད་པ་དང་། འཆང་བ་དང་། མིང་ཙམ་ཐོས་པར་འགྱུར་བ་དེ་དག་ནི་ངས་མངོན་སུམ་དུ་ལུང་བསྟན་པས་ལུང་བསྟན་པ་ཡིན་ཏེ། དེ་དག་གིས་ང་མཐོང་ཞིང་བསྙེན་བཀུར་བྱས། རི་མོར་བྱས། མཆོད་པ་བྱས་པ་ཡང་ཡིན་པས། དེ་དག་གིས་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་ཐེ་ཙོམ་བསྐྱེད་པར་མི་བྱའོ། །གང་དག་རྣ་ལམ་དུ་གྲག་པར་གྱུར་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པར་ཡིད་ལ་བྱས་ལ་བསྙེན་བཀུར་བྱའོ། །དེའི་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པས་གཟུགས་མི་མཛེས་པ་དང་། ལོངས་སྤྱོད་མེད་པ་དང་། བློ་མེད་པ་དང་། སྲེད་པ་ཆེ་བ་དང་། སྡུག་པ་དང་བྲལ་བ་དང་། རྒྱལ་སྲིད་འཁྲུགས་པར་གྱུར་པ་གང་ཡིན་པ་དེ་དག་དང་། ཀླད་པ་ན་བ་གང་ཡིན་པ་དང་། ཟན་ཆད་པ་གང་ཡིན་པ་དང་། གོས་ངན་པར་གྱུར་པ་གང་ཡིན་པ་དང་། ལུས་དང་སེམས་ལ་གནོད་པ་གང་ཡིན་པ་དང་། རེག་ན་མི་བདེ་བའི་མལ་བཅས་པ་གང་ཡིན་པ་དང་། སྤྱོ་བ་གང་ཡིན་པའི་ལས་ཀྱི་སྒྲིབ་པ་དེ་དག་ཐམས་ཅད་ཀྱང་ཏིང་ངེ་འཛིན་འདི་ཐོས་པའི་མཐུས་ཡོངས་སུ་ཟད་པར་འགྱུར་རོ། །དེས་ཀྱང་འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། བདག་གིས་སྔོན་འཁོར་བ་ན་འཁོར་བའི་ཚེ་སེམས་ཅན་རྣམས་ལ་སྡིག་པ་མི་དགེ་བ་རྣམ་པ་སྣ་ཚོགས་བསགས་པ་དེ་དག་སོ་སོར་བཤགས་པར་བྱའོ། །བསལ་བར་བྱའོ། །མི་བཅབ་པར་བྱའོ། །སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་དད་པ་མི་ཕྱེད་པ་དང་ལྡན་པའི་སེམས་བསྐྱེད་པར་བྱ་སྟེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ལོངས་སྤྱོད་ཀྱི་


DKG093_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་མེད་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཉན་ཐོས་དང་། རང་སངས་རྒྱས་དག་དང་། ཕ་མ་དག་ལ་སྡིག་པའི་ལས་བྱས་ཤིང་བསགས་པར་གྱུར་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ཟད་པར་འགྱུར་ཞིང་དབང་ཕྱུག་ཆེན་པོ་དག་ཀྱང་ཡང་དག་པར་འགྲུབ་པར་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་འགྱུར་བའི་ལས་ཀྱི་སྒྲིབ་པ་དང་། སྡུག་པ་དང་བྲལ་བར་འགྱུར་བ་དང་། དམུས་ལོང་དུ་འགྱུར་བ་དང་། བུད་མེད་ཀྱི་དངོས་པོར་འགྱུར་བ་དང་། མཚན་གཉིས་པར་འགྱུར་བ་དང་། ཕྲག་དོག་དང་། ང་རྒྱལ་དང་། ཁྲོ་བའི་དབང་གིས་གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་དང་། དུད་འགྲོའི་སྐྱེ་གནས་སུ་འགྱུར་བ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་ཟད་པར་འགྱུར་ཏེ། རིགས་ཀྱི་བུ་དེ་ལྟར་ན་ཏིང་ངེ་འཛིན་འདི་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་ཡིན་ནོ། །རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་ཡུན་རིང་དུ་གནས་པར་བྱེད་པ་དང་། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་པ་དང་། དེ་དག་ཐམས་ཅད་ཀྱི་ཡོན་ཏན་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ལོངས་སྤྱོད་པ་དང་། དབང་ཕྱུག་དང་། བདེ་བ་ཆེན་པོར་བྱེད་པ་དང་། བསམ་པ་དང་། འདོད་པ་ཐམས་ཅད་ཡང་དག་པར་འགྲུབ་པར་བྱེད་པ་དང་། ལས་ཐམས་ཅད་ཟད་པར་བྱེད་པ་དང་། དུས་མ་ཡིན་པར་འཆི་བ་དང་། རྨི་ལམ་ངན་པ་ཐམས་ཅད་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། གཡུལ་ཐམས་ཅད་ལས་རྒྱལ་བར་བྱེད་པ་དང་། ཚེ་དང་། མདོག་དང་། སྟོབས་དང་། བརྩོན་འགྲུས་དང་། མཐུ་ཆེ་བར་བྱེད་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དབང་དུ་བྱེད་པ་དང་། རིམས་དང་། དུག་དང་། མེ་དང་། ཆུ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་དང་། ལུང་བསྟན་པའི་བར་དག་ཐོབ་པར་བྱེད་པའི་གཟུངས་ཀྱི་གསང་སྔགས་གཞི་དག་ཡོད་དེ་དེ་དག་མཉན་ཅིང་བཟུང་སྟེ་བསྙེན་བཀུར་བྱེད་པ་དང་། ཀློག་པ་དང་། ཡི་


DKG093_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དག་ནི་ཡོན་ཏན་དེ་དག་ཐམས་ཅད་ཐོབ་པར་འགྱུར་རོ། །དེ་ནས་དེའི་ཚེ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པ་དང་། ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྐུ་ལ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། ཕྱེ་མ་དང་། བྱུག་པ་དང་། རས་བཅོས་བུ་ཟུང་དག་གསོལ་ཏེ། ལེགས་སོ་ཞེས་བྱ་བ་གསོལ་ནས། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །གཟུངས་ཀྱི་གསང་སྔགས་གཞི་དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། ཏདྱ་ཐཱ། བུད་དྷེ། སུ་བུད་དྷེ། བུད་དྷ་མ་ཏེ། ལོ་ཀེ་བི་ལོ་ཀེ་ལོ་ཀ །ཨ་ཏི་ཀྲཱན་ཏེ། སཏྭ་ཨ་བ་ལོ་ཀི་ནི། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། སརྦ་ཨཱ་ཤ་པ་རི་པཱུར་ཎེ། དྱུ་ཏི་ན་དྷ་རེ། ན་ར་དེ་བ་པཱུ་ཛི་ཏེ། ཏ་ཐཱ་ག་ཏ་ཛྙཱ་ན་ད་དེ། ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ནེ་ན། སརྦ་ལོ་ཀ་མ་སུ་ཁཱི་བྷ་བ་ཏུ། པཱུརྦ་ཀརྨ་ཀྵཱ་པ་ཡ་ཏུ། རཀྵ་བྷ་བ་ཏུ། སརྦ་ཡེ་བྷྱསྟ་ཐཱ་ག་ཏ། ཨ་དྷིཥྛཱ་ཅེན་སྭཱ་ཧཱ། ཀྱེ་རིགས་ཀྱི་བུ་དག་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་དེ་བཞིན་གཤེགས་པ་སུམ་ཁྲིས་གསུངས་ཤིང་བྱིན་གྱིས་བརླབས་པ་ཡིན་ནོ། །ངས་ཀྱང་ད་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་དང་། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱ་བའི་ཕྱིར་བཤད་དེ། གྲོགས་པོ་དག་གང་ལ་ལ་ཞིག་འདི་སྙམ་དུ་བདག་གིས་ཇི་ལྟར་ན་དེ་བཞིན་གཤེགས་པས་གསུངས་པའི་ཡོན་ཏན་དེ་དག་ཐམས་ཅད་འཐོབ་པར་འགྱུར་སྙམ་དུ་སེམས་པ་དེས་ནང་པར་སྔར་ལངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་། སྙིང་རྗེའི་སེམས་དང་། བྱམས་པའི་སེམས་དང་། ཕྲག་དོག་དང་། ང་རྒྱལ་དང་། འཆབ་པ་དང་། ཁྲོ་བ་ཡོངས་སུ་སྤངས་པའི་སེམས་དང་། རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་ཤིན་ཏུ་རྒྱ་ཆེར་བྱས་ལ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། གང་


DKG093_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ཡིད་ལ་བྱས་ནས་མེ་ཏོག་ལ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བྱ་ཞིང་དེ་བཞིན་གཤེགས་པ་ལ་རེ་རེ་ནས་དབུལ་བར་བྱའོ། །དེས་ན་དེའི་རེ་བ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་རོ། །རྨི་ལམ་ན་དེ་བཞིན་གཤེགས་པ་མཐོང་བར་ཡང་འགྱུར་རོ། །དམ་པ་གང་འདོད་པ་དེ་ཐོབ་པར་ཡང་འགྱུར་རོ། །འཆི་བའི་ཚེ་ན་དེ་བཞིན་གཤེགས་པ་མཐོང་བར་ཡང་འགྱུར་རོ། །ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །ཚེ་དང་སྟོབས་དང་། མདོག་དང་། བརྩོན་འགྲུས་དང་ལྡན་པར་ཡང་འགྱུར་རོ། །དགྲ་ཐམས་ཅད་ཀྱང་དེའི་དབང་དུ་འགྱུར་རོ། །གཟུངས་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ནས་དེ་དག་ཐམས་ཅད་ལས་ཀྱི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ཞིང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཕྱོགས་བཅུར་རྣམ་པར་བལྟས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་འཆའ་བ་མི་འཇིགས་པའི་གཟི་བརྗིད་ཅེས་བགྱི་བའི་གཟུངས་མཆིས་ཏེ། བདག་གིས་དེ་བཞིན་གཤེགས་པ་འཇིགས་མེད་བཀོད་པ་གཟི་བརྗིད་རྒྱལ་པོའི་སྤྱན་སྔར་དེ་བཟུང་ལགས་སོ། །བཟུང་ནས་ཀྱང་སེམས་ཅན་ཐམས་ཅད་ལ་བཤད་ལགས་སོ། །བཅོམ་ལྡན་འདས་དེང་སླན་ཆད་བདག་གིས་མངོན་པར་འཚལ་ཏེ། གང་གི་རྣ་ལམ་དུ་གཟུངས་དེ་གྲག་པར་གྱུར་ཏམ། གློ་བར་ཆུད་པར་གྱུར་པ་དེའི་ལུས་ལ་ཉམ་ང་བའམ། ཉོན་མོངས་པ་སྣ་ཚོགས་སམ། བྲོ་ནད་དམ། རིམས་སམ། ལུས་བྲོ་འཚལ་བའམ། སེམས་གདུང་བའམ། དུས་མ་ལགས་པར་འགུམ་པའམ། ཆབ་ཀྱིས་འཇིགས་པའམ། མཚོན་གྱིས་འཇིགས་པའམ། དུག་གིས་འཇིགས་པའམ། དུག་སྦྱར་མས་འཇིགས་པའམ། མཁའ་འགྲོ་མ་དང་། འབྱུང་པོའི་འཇིགས་པའམ། གནོད་སྦྱིན་ནམ། དགྲ་རྣམས་སམ། མི་དང་མི་མ་ལགས་པ་དག་གིས་ཐོ་འཚམ་པའམ། རྣམ་པར་གཙེ་བའམ། གནོད་པ་བགྱིད་པར་འགྱུར་བ་དེ་ནི་གནས་མ་མཆིས་ལགས་སོ། །དེའི་སླད་


DKG093_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་བ་སྩོལ་ཅིག་དང་། བདག་གིས་ཆོས་སྨྲ་བ་དང་། ཆོས་ཉན་པ་དེ་དག་གི་དོན་དུ་ཉན་པ་རྣམས་དང་། རི་མོར་བགྱིད་པ་རྣམས་དང་། མཆོད་པར་བགྱིད་པ་རྣམས་དང་། འཛིན་པར་བགྱིད་པ་རྣམས་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་བཅའ་བའི་ཕྱག་རྒྱ་དག་སྩལ་བར་བགྱིའོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། སརྦ་བོ་དྷི་ས་ཏྭཱ་ནཱ་ན། ཨར་ཧཱ་ཏཱ་ན། ཏདྱ་ཐཱ། ཨོྃ་བཛྲ་དྷ་ར། བཛྲ་ཀཱ་ཡ། བཛྲ་བ་ལ། བཛྲ་ཏེ་ཛ། ཧཱུྃ་ཧཱུྃ། བཛྲ་པཱ་ཎི། ཏ་ཐཱ་ག་ཏ་ཨཱ་ཛྙཱ་མ་པ་ལཱ་ཡ། སྨ་ར་པྲ་ཏི་ཛྙཱ་མ། སརྦ་བྱཱ་དྷཱི་ན་སརྦ་པཱ་བཱ་ན་ནཱ་ཤ་ཡ། དེ་ཧི་མེ། ཡ་ཐེེ་བ་སི་ཏ་མ་བ་ར་མ། ཡ་ན་ཡ་མེ་བ་ཨ་བྷི་པྲཱ་ཡ་ན་ཡཱ་ཙ་མི་ཏན་ཏ་མེ་བ་ས་མྲྀ་དྷ་ཏུ། ཧེ་ཧེ། ཏུ་རུ་ཏུ་རུ། ཨཱ་གཙྪ་ཨཱ་གཙྪ་མཱ་བི་ལམ་བ། དརྵ་ཡ། བཛྲ་ཀཱ་ཡ་མ། དརྵ་ཡ། བཛྲ་ཀཱ་ཡ་མ། བུད་དྷ་ཨ་དྷིཥྛཱ་ནེ་ན་སྭཱ་ཧཱ། གཟུངས་འདི་བརྗོད་པ་ན་ས་ཆེན་པོ་འདི་མཐོ་བ་དང་དམའ་བར་གྱུར་ཏོ། །གནོད་སྦྱིན་དང་། སྲིན་པོ་ཐམས་ཅད་ཀྱང་རབ་ཏུ་དངངས་སོ། །ལྷ་ཐམས་ཅད་དང་། མི་དང་མི་མ་ཡིན་པའི་བར་དག་ཀྱང་ངོ་མཚར་དུ་གྱུར་ནས་སེམས་ཅན་ཆེན་པོར་རབ་ཏུ་གྲུབ་པར་བྱེད་པའི་གཟུངས་ཀྱི་གསང་སྔགས་གཞི་འདི་དག་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་བྱང་ཆུབ་སེམས་དཔའི་སའམ། ནོར་དང་། འབྲུ་དང་། ལོངས་སྤྱོད་ཀྱི་དབང་ཕྱུག་གམ། རྒྱལ་སྲིད་ཀྱི་དབང་ཕྱུག་གམ། རིག་སྔགས་འཆང་བ་ཉིད་དམ། ཚེ་དང་། སྟོབས་དང་། མདོག་དང་། བརྩོན་འགྲུས་དང་། ཚེ་རིང་པོ་ཉིད་འཚལ་བ་དེས་སྔ་ནས་བསྙེན་པར་བགྱིས་ལ་དགུང་ཟླ་ཡར་གྱི་ངོ་ཚེས་བརྒྱད་ལ་ཙནྡན་དཀར་པོ་ལས་རྡོ་རྗེ་འཛིན་པ་རྟ་གད་དུ་དགོད་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྙིང་གར་སྐུ་གདུང་སྩལ་བ། སྐུ་གདུང་དང་བཅས་པའི་རྡོ་རྗེ་འཛིན་པ་རིག་སྔགས་འཆང་ཡང་དག་པར་དབུགས་འབྱིན་པར་བགྱིད་པ་བགྱིས་ལ། གཙང་མས་བདུག་སྤོས་


DKG093_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདུག་ཅིང་གདུགས་མཚན་གཅིག་ཏུ་སྨྱུང་བ་བགྱིས་ལ། དེ་ནས་ཚེས་བརྒྱད་ནས་ཚེས་བཅྭ་ལྔའི་བར་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་བཞུགས་པའི་གནས་གཙང་མར་ཙནྡན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། བུམ་པ་གང་བ་བཞི་ཡང་གཞག་པར་བགྱི། ཕྱོགས་བཞིར་ཡང་རོ་དང་ལྡན་པ་དང་། དྲི་དང་ལྡན་པ་དང་། སྐྱེམས་དང་། འོ་ཐུག་གི་གཏོར་མ་དག་སྩལ་ལ་རད་པ་དཀར་པོ་བགོས་ཏེ། སེམས་རྩེ་གཅིག་ཏུ་བགྱིས་ནས། དུས་གསུམ་དུ་བདུག་སྤོས་དང་། མེ་ཏོག་དང་། སྤོས་དང་མར་མེ་དག་གིས་མཆོད་པ་ཆེན་པོ་བགྱི་ཞིང་། དེ་བཞིན་གཤེགས་པ་ཡང་མཆོད་པ་བགྱིས་ཏེ། དེ་བཞིན་གཤེགས་པ་ལ་ཕྱག་བགྱིས་ནས་སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བཟླས་ཤིང་། རེ་རེ་ནས་ལག་ན་རྡོ་རྗེ་ལ་བསྣུན་པར་བགྱིའོ། །དེས་ན་སྒྲ་སྐད་ཆེན་པོ་འབྱུང་བར་འགྱུར་ཞིང་། དོག་ས་གཡོ་བ་དང་། འོད་ཟེར་དག་ཀྱང་འབྱུང་བར་འགྱུར་ཏེ། དེ་ནས་དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱིའོ། །བཟླས་བརྗོད་བགྱིས་པ་ཙམ་གྱིས་ལས་ཐམས་ཅད་དང་དགོས་པ་ཐམས་ཅད་ཀྱང་ཡང་དག་པར་འགྲུབ་པར་འགྱུར་ལགས་སོ། །བྲོ་ནད་མ་མཆིས་པ་དང་། ཚེ་རིང་བ་དང་། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་ཞིང་ཡོན་ཏན་སྟོང་ཡང་འཐོབ་པར་འགྱུར་ལགས་སོ། །འགུམ་པའི་ཚེ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་སྟོང་མཐོང་བར་འགྱུར་ལགས་སོ། །བདག་མཐོང་བར་ཡང་སྩལ་བར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །ཕྱག་རྒྱ་འདི་ནི་ལྷ་དང་བཅས་པའི་འཇིག་རྟེན་གྱིས་འདའ་བར་བྱ་བ་མ་ཡིན་ཏེ། འདི་ལ་སོམ་ཉི་མེད་པ་དང་། ཡིད་གཉིས་མེད་པ་དང་། ཐེ་ཙོམ་མེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་ཏིང་ངེ་འཛིན་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་


DKG093_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དེ་ལས་ཏིང་ངེ་འཛིན་ཐམས་ཅད་དང་། གཟུངས་ཀྱི་སྒོ་ཐམས་ཅད་འཐོབ་པར་འགྱུར་བ་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། མི་རྣམས་དང་། གནོད་སྦྱིན་རྣམས་དང་། དྲི་ཟ་རྣམས་དང་། ཡི་དགས་རྣམས་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་ལྷག་པར་གཡོ་བ་དང་བྲལ་བར་གཡོ་བ་དག་རབ་ཏུ་ཤེས་ཤིང་། སེམས་ཅན་འདི་དག་ནི་བསོད་ནམས་སུ་ཉེ་བར་འགྲོ་བ་སྟེ་ལེགས་པར་སྤྱོད་པའི་ལས་བྱེད་པ། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་དད་པ་འཐོབ་པར་འགྱུར་བའོ། །འདི་དག་ནི་སེམས་ཅན་དམྱལ་བར་འགྲོ་བ་སྟེ། ཉེས་པར་སྤྱོད་པའི་ལས་བྱེད་པ། སྡིག་པ་སྤྱོད་པར་བྱེད་པར་ཤེས་ནས་སྡིག་པའི་ལྟ་བར་གྱུར་པའི་སེམས་ཅན་དེ་དག་ལ་ཆོས་སྟོན་པར་བྱེད་ཅིང་། སྡིག་པ་ཐམས་ཅད་ལས་ཟློག་པར་བྱེད་པ་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པར་བྱེད་པ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཕྲག་དོག་དང་། ང་རྒྱལ་དང་། ཁྲོ་བ་དང་། སེར་སྣ་དག་སེལ་པར་བྱེད་པ་དང་། སེམས་ཅན་དེ་དག་ཀྱང་སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་དད་པ་རབ་ཏུ་ཐོབ་ནས་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་ཞིང་ནམ་དུ་ཡང་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་ལ། ཡིད་མི་བདེ་བར་མི་འགྱུར་བས་ན་རིགས་ཀྱི་བུ་དེའི་ཕྱིར་ཏིང་ངེ་འཛིན་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་སྟེ། འདི་ཐོས་པའི་སེམས་ཅན་རྣམས་ནི་ཕྱིར་མི་ལྡོག་པར་ངེས་པའི་ས་ཐོབ་པར་འགྱུར་རོ། །གསོལ་བ་བཅོམ་ལྡན་འདས་ཅིའི་སླད་དུ། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལུང་བསྟན་པར་འགྱུར་ལགས། བཅོམ་ལྡན་འདས་དགྲ་བཅོམ་པ་ཉིད་ཀྱང་དཀའ་བ་ལགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱང་མི་འཚལ་ལགས་ན་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་དང་། དཀའ་བ་སྤྱོད་པ་ཇི་ཙམ་ཞིག་ཏུ་འགྱུར་ལགས། བཅོམ་ལྡན་འདས་


DKG093_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་དང་པོ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་གང་ཡིན་པ་དང་། མགོ་དང་། ལག་པ་དང་། རྐང་པ་དང་། མིག་དང་། ལུས་དང་། སྡུག་པའི་བུ་དང་། བུ་མོ་དང་། ཆུང་མ་དང་། བྲན་དང་། བྲན་མོ་དག་ཡོངས་སུ་བཏང་བར་གྱུར་པ་གང་ཡིན་པ་བསོད་ནམས་མངོན་པར་འདུ་བྱ་བ་དང་། དགེ་བའི་རྩ་བ་མངོན་པར་འདུ་བྱ་བ་སྔ་མ་འདི་ནི། ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པ་དང་། བསྙེན་བཀུར་བྱེད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་དང་། འཛིན་པའི་བསོད་ནམས་མངོན་པར་འདུ་བྱ་བ་དང་། གཞན་དག་ལ་ཡང་ཡང་དག་པར་སྟོན་པར་བྱེད་པའི་བསོད་ནམས་མངོན་པར་འདུ་བྱ་བ་གང་ཡིན་པ་དང་། ཆོས་སྨྲ་བ་དེ་དག་ལ་ཡང་མཆོད་པ་བྱེད་པ་དང་། བསྙེན་བཀུར་བྱེད་པའི་བསོད་ནམས་མངོན་པར་འདུ་བྱ་བ་གང་ཡིན་པ་དེའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །རིགས་ཀྱི་བུ་ངས་ཀུན་ཆུབ་པར་བྱས་ཤིང་། བཤད་པའི་ཆོས་དེ་དག་ཐམས་ཅད་ལ་བསྙེན་བཀུར་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་བྱེད་པ་དང་། བསྙེན་བཀུར་བྱས་ཏེ་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་གང་ཡིན་པ་དེ་བས་ནི་གང་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་དང་། མཆོད་པ་བྱེད་པ་དང་། ཡང་དག་པར་སྟོན་པར་བྱེད་པ་དང་། ཉན་པར་བྱེད་ན་དེ་ལས་བསོད་ནམས་མངོན་པར་འདུ་བྱ་བ་ཆེས་མང་དུ་ཡོངས་སུ་སྡུད་པར་འགྱུར་ཏེ། དེས་ན་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པའི་བསོད་ནམས་ནི་དེ་ལྟར་དཀའ་བ་ཡིན་པའི་ཕྱིར་རོ། །


DKG093_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུ་སེམས་ཅན་གང་དག་སྡིག་པ་ཀུན་ཏུ་སྤྱོད་པ་དང་། བཟའ་བ་དང་། བཏུང་བ་དང་། བྲོ་གར་ལ་མངོན་པར་དགའ་བ་དང་། མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་དང་། འདོད་པ་དང་། ཁྲོ་བ་དང་། གནོད་སེམས་མང་བ་དང་། མི་བདེ་བ་ལ་བདེ་བར་འདུ་ཤེས་པ་དང་། མཚོན་ཆ་དང་། སྤྱོ་བ་དང་། བསྡིགས་པ་དང་། རྡེག་པ་ལ་མངོན་པར་དགའ་བ་དང་། ཤེས་པར་མི་འགྱུར་བ་དང་། ཡིད་ལ་བྱེད་པར་མི་འགྱུར་བ་དེ་དག་ནི་སྡིག་པའི་ལས་ཀྱི་གཞི་དེ་དང་། མི་ཤེས་པ་དེས་མི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་ཅིང་རྒ་བ་དང་། ན་བ་དང་། མྱ་ངན་དང་། འཆི་བས་ཡོངས་སུ་ཟིན་པས་འཆི་བའི་ཚེ་ན་ཡོངས་སུ་གདུང་བར་འགྱུར་ཏེ། དམིགས་པ་ན་སོ་སོ་ནས་དུར་ཁྲོད་དང་འདྲ་བ་ཁོ་ནར་མཐོང་ཞིང་། དགེ་བའི་སེམས་བསྐྱེད་པར་ཡང་མི་འགྱུར་ལ། དད་པ་མི་ཕྱེད་པ་ཐོབ་པར་ཡང་མི་འགྱུར་ཏེ། དེ་དག་དེ་ནས་ཤི་འཕོས་ནས་ཀྱང་། སྡུག་བསྔལ་དག་ཉམས་སུ་མྱོང་བར་འགྱུར་བས་ན་ལུང་བསྟན་པའི་དགེ་བའི་རྩ་བ་མེད་པ་དང་། དེ་བཞིན་གཤེགས་པ་མ་མཐོང་བ་དང་། ལུང་བསྟན་པ་མ་ཐོབ་པ་དག་གིས་ནི་ཆོས་ཀྱི་རྣམ་གྲངས་འདི་མཉན་པ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། གཟུང་བ་དང་། ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་གཞུག་པ་དང་། དད་པར་ཡང་མི་ནུས་ལ། ཆོས་སྨྲ་བ་དེ་ལ་ཡང་བསྙེན་བཀུར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བར་ཡང་མི་ནུས་སོ། །རིགས་ཀྱི་བུ་གང་དུ་ཆོས་ཀྱི་རྣམ་གྲངས་འདི་རབ་ཏུ་སྤྱོད་པར་འགྱུར་བའི་ཡུལ་དེར་ནི་དེ་བཞིན་གཤེགས་པའི་མཛད་པ་འབྱུང་བར་འགྱུར་རོ། །དེ་ནས་ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏོ། །བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །བཅོམ་ལྡན་འདས་བདག་ཅག་གིས་ཀྱང་ཆོས་སྨྲ་བ་དེ་དང་། ཆོས་ཉན་པ་དེ་དག་ལ་དེ་བཞིན་གཤེགས་པའི་མཛད་པས་བསྙེན་བཀུར་བགྱི། བླ་མར་བགྱི། རི་མོར་བགྱི། མཆོད་པར་བགྱི་ཞིང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱང་ཉེ་བར་བསྒྲུབ་པར་བགྱི་ལགས་སོ། །ཆོས་ཀྱི་རྣམ་གྲངས་འདི་ཡང་རྒྱས་པར་བགྱི།


DKG093_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་བར་བགྱི་སྟེ། དེས་ན་ཆོས་ཀྱི་རྣམ་གྲངས་འདི་ཡུན་རིང་དུ་གནས་བར་ཡང་འགྱུར་ལགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ལྷགས་པའི་འཁོར་རྣམས་ལ་རྣམ་པར་གཟིགས་ཏེ། བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ། །ཁྱེད་ཅག་གིས་དེ་བཞིན་དུ་གྱིས་ཤིག །གནོད་པ་བྱེད་པ་དང་། བརྙས་པ་དང་། གཤེ་བ་དང་། བསྡིགས་པ་དང་། མཚོན་འབྱིན་པ་དང་། རྒྱ་འགལ་བར་བྱེད་ན་ཡང་ལུས་དང་། སྲོག་ལ་མི་ལྟ་བར་བྱས་ལ་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། ཡི་གེར་བྲི་བར་བྱ། ཡི་གེར་འདྲིར་གཞུག་པར་བྱ། བཀླག་པར་བྱའོ། །ཆོས་སྨྲ་བ་དེ་ལ་ཡང་བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་རིམ་གྲོར་བྱའོ། །ཡུལ་ཕྱོགས་དེ་དང་། གླིང་དེ་དང་། གྲོང་ཁྱེར་དེ་དག་ཀྱང་འཇིགས་པ་དང་། གནོད་པ་དང་། འགོ་བའི་ནད་དང་། འཁྲུག་པ་དག་ལ་བསྲུང་བར་བྱའོ། །རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ་ཡང་རྟག་པར་རྒྱུན་དུ་བསམ་པར་བྱའོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །བསྐལ་པ་གྲངས་མེད་སྟོང་ཕྲག་བྱེ་སྙེད་དུ། །སངས་རྒྱས་འབྱུང་བ་ལན་འགའ་རྙེད་པ་ལ། །ཕྱི་མའི་དུས་ན་འགྱོད་པར་མི་འགྱུར་བར། །རིགས་ཀྱི་བུ་རྣམས་བག་ཡོད་ཆོས་ཉོན་ཅིག །ཡོན་ཏན་ཉན་ཅིང་མངོན་པར་དད་བྱེད་པ། །དེ་དག་གིས་ནི་ཏིང་འཛིན་རྙེད་མི་དཀའ། །གང་གིས་རྐང་གཉིས་གཙོ་བོ་རྣམས་ལ་ནི། །བསྐལ་པ་བྱེ་བ་གང་གཱའི་བྱེ་སྙེད་དུ། །ནོར་དང་འབྲུ་དང་དེ་བཞིན་གོས་དང་རྒྱན། །སྤོས་དང་ཕྲེང་བ་བྱུག་པ་ཕུལ་བ་བས། །གང་གིས་མདོ་སྡེ་འདི་ལ་དད་བྱས་ཏེ། །ཉན་ཅིང་ཀློག་ལ་ཡི་གེར་འདྲི་བྱེད་པ། །དེ་ལ་བསོད་ནམས་ཚད་ནི་ཡོད་མིན་ཏེ། །བདེ་བར་གཤེགས་པས་དེ་སྙེད་ཚད་མ་གསུངས། །རྟག་ཏུ་བག་ཡོད་དགོན་པར་སྟེན་བྱེད་ཅིང་། །སེམས་གཞན་མེད་པར་བསམ་གཏན་དག་སྒོམ་དང་། །སྡུག་པའི་བུ་དང་བུ་མོ་སྦྱིན་བྱེད་ཅིང་། །ལག་པ་རྐང་པ་ཡོངས་སུ་གཏོང་བ་བས། །གང་སུ་མདོ་སྡེ་འདི་ནི་འཛིན་བྱེད་པ། །དེ་ནི་དེ་བས་བསོད་ནམས་མང་པོ་འཐོབ། །མདོ་མཆོག་འདི་ནི་ནོར་སྦྱིན་བྱེད་པ་སྟེ། །དེ་ཡི་


DKG093_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ངན་སོང་ཀུན་ཀྱང་རྟག་ཏུ་སྤངས། །འདི་ནི་ནོར་དང་འབྲུ་སྦྱིན་བྱེད་པ་སྟེ། །གང་ཞིག་མདོ་སྡེ་རྣམ་དག་འདི་འཛིན་པ། །དེ་ལ་ཡོན་ཏན་ཀུན་ཀྱང་མི་དཀོན་ཞིང་། །དེ་ལ་ཚེ་སྟོབས་བརྩོན་འགྲུས་མོད་པ་ཡིན། །འདྲེན་པ་སངས་རྒྱས་འོད་དཔག་མེད་མཐོང་ཞིང་། །ངས་དེ་སངས་རྒྱས་བྱང་ཆུབ་ལུང་ཡང་བསྟན། །དེ་ལ་ནམ་ཡང་སྡིག་པ་ཡོད་མིན་ཞིང་། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་ཀྱང་མཐོང་། །དེ་ལ་རྟག་ཏུ་ལས་གང་འབྱུང་འགྱུར་བ། །སེམས་གདུང་ལུས་ན་བའམ་དེ་བཞིན་དུ། །ཀླད་པ་ན་བས་ཐམས་ཅད་ཟད་འགྱུར་ཞིང་། །དེ་ནི་ནམས་ཀྱང་རྣམ་པར་ལྟུང་མི་འགྱུར། །དེས་ནི་མཐོང་བའི་ཆོས་ལའང་ཡོན་ཏན་ཀུན། །ཇི་ལྟར་བསམས་ཤིང་འདོད་པས་འཐོབ་པར་འགྱུར། །དེ་ལྟར་རྟག་ཏུ་དགེ་སློང་ཕོ་མོ་དང་། །དགེ་བསྙེན་རྣམས་དང་རྒྱལ་པོས་རྟག་ཏུ་ནི། །མི་ཡི་དབང་པོ་དེ་བཞིན་གཤེགས་པ་ལྟར། །ཆོས་སྨྲ་བ་ལ་རྗེས་སུ་གུས་བྱས་ཏེ། །མདོ་སྡེ་འདི་ནི་རྟག་ཏུ་གཟུང་བྱ་ཞིང་། །འཛིན་པ་ལ་ཡང་རྟག་ཏུ་བསྙེན་བཀུར་བྱ། །སྤོས་དང་ཕྲེང་བ་བྱུག་པ་རྣམས་ཀྱིས་ནི། །བསྙེན་བཀུར་བྱས་ཏེ་ཡི་གེར་འདྲིར་ཡང་གཞུག །ཕྱི་མའི་དུས་ལ་རྒ་ནས་གདུངས་གྱུར་ལ། །འཁྲུག་པ་སྟོང་ཕྲག་དུ་མས་གཡེན་སྤྱོ་ཞིང་། །སེམས་དམྱལ་ཡི་དགས་རྣམས་སུ་ཡོངས་འཁྱམ་དང་། །ཟ་མ་མ་ནིང་དམད་པར་བྱ་བ་དང་། །དམུས་ལོང་ཉིད་དང་རོ་དང་ཁྱི་ཡི་དྲི། །རིགས་དམའ་བུད་མེད་རྣམས་སུ་སྐྱེ་བར་བྱེད། །ཕྲག་དོག་ཆེ་ཞིང་རྟག་ཏུ་སྡིག་བྱེད་ལ། །ཁྲོ་བས་ཟིལ་ནོན་རྟག་ཏུ་སེར་སྣ་ཅན། །སངས་རྒྱས་ཆོས་ལ་གུས་པར་མ་བྱས་པས། །དེ་ནི་དེ་འདྲའི་རིགས་སུ་སྐྱེ་འགྱུར་ལ། །དེར་ཡང་སྡུག་བསྔལ་ཚོར་བ་མྱོང་འགྱུར་ཞིང་། །དེ་ནི་ཕྱི་མའི་དུས་ལའང་གདུང་བར་འགྱུར། །དེ་ཕྱིར་གང་དག་འཛིན་ཅིང་སྟོན་བྱེད་པ། །དེ་དག་གིས་ནི་རྟག་ཏུ་མཆོད་པར་བྱ། །གང་གིས་དེ་ལ་ཡོངས་སུ་སྤྱོ་བ་དང་། །སྨད་ཅིང་བརྡེགས་ལ་བཅིང་བ་བྱས་གྱུར་པ། །དེ་ནི་ང་ཡང་ཡོངས་སུ་སྤྱོས་པ་ཡིན། །འཛིན་ལ་ཕུ་དུད་བྱས་ན་ང་ལའང་བྱས། །དེ་ཕྱིར་དེ་དག་གིས་ནི་ཆོས་སྨྲ་དང་། །གང་ཞིག་འདི་འཛིན་འདྲི་ཞིང་ཀློག་བྱེད་


DKG093_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་དག་ལ་ནི་རྟག་ཏུ་བསྙེན་བཀུར་ཞིང་། །ཚིག་འཇམ་སྙན་པའང་རྒྱུན་དུ་བརྗོད་པར་བྱ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་རྣམ་པར་ལྟ་བའི་ཆོ་འཕྲུལ་ཞེས་བགྱི་བའི་གཟུངས་མཆིས་པར་རྗེས་སུ་དྲན་ཏེ། བདག་གིས་སྔོན་དེ་བཞིན་གཤེགས་པ་འོད་མཛད་ཡེ་ཤེས་ཏོག་ཅེས་བགྱི་བའི་སྤྱན་སྔར་དེ་ཐོས་ཤིང་བཟུང་ལགས་སོ། །དེ་མཉན་ཅིང་བཟུང་ལ་བཅངས་ཤིང་བཀླགས་ཏེ་གཞན་དག་ལ་ཡང་བསྒྲགས་ཤིང་བསྙེན་བཀུར་བགྱིས་ནས་ཡི་གེར་བྲིས་སམ། ཡི་གེར་འདྲིར་སྩལ་ན། ཕྱིར་མི་ལྡོག་པའི་ས་འཐོབ་པར་འགྱུར་ཞིང་། དེ་བཞིན་གཤེགས་པས་གསུངས་པའི་ཡོན་ཏན་དེ་དག་ཐམས་ཅད་ཀྱང་འཐོབ་པར་འགྱུར། དེས་ཇི་ལྟར་བསམས་པ་ཐམས་ཅད་ཀྱང་ཡང་དག་པར་འགྲུབ་པར་འགྱུར། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་བྱང་བར་འགྱུར། ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར། བྲོ་ནད་རྣམས་དང་བྲལ་བར་ཡང་འགྱུར། སངས་རྒྱས་མཐོང་བ་དང་། བྱང་ཆུབ་སེམས་དཔའ་ཡང་མཐོང་བར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །རིགས་ཀྱི་བུ་ཁྱོད་ལ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཟིན་གྱིས་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ་གསང་སྔགས་ཀྱི་གཞི་འདི་དག་སྨྲས་སོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀཱ་ནཱ་ན། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཧ་ཧ་ཧ། མ་མ་མ། དྷི་རི་དྷི་རི་དྷི་རི། ཤཱན་ཏེ། པྲ་ཤཱན་ཏེ། སརྦ་པཱ་པཀྵ་ཡང་ཀ་རི། ཨ་བ་ལོ་ཀཱ་ཡ། ཀཱ་རུ་ཎི་ཀ། བོ་དྷི་ཙིཏྟ་མ་མ་ན་སི་ཀུ་རུ།


DKG093_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་ལོ་ཀཱ་ཡ། མཱ་མ། སྨ་ར་སྨ་ར། ཡན་ཏྭ་ཡཱ་པཱུརྦེ། སཏྱ་ཨ་དྷིཥྛཱ་ནཾ་ཀྲྀ་ཏེ་ན། ཏེ་ན་ས་ཏྱེ་ན། བ་ཙ་ནེ་ན། སརྦ་ཨཱ་ཤཱ་མེ་པ་རི་བཱུ་ར་ཡ། བུད་དྷ་ཀྵེ་ཏྲ་མ་པ་རི་ཤོ་དྷ་ཡ། མ་མེ་ཀཤྩིད་བི་ཧེ་ཐཾ་ཀ་རོ་ཏུ། བུད་དྷ་ཨ་དྷིཥྛཱ་ནེ་ན་སྭཱ་ཧཱ། ཏདྱ་ཐཱ། ཏེ་ཛེ་ཏེ་ཛེ། མ་ཧཱ་ཏེ་ཛེ། ཡན་མ་མ་ཀཱ་ཡ་དུཤྩ་རི་ཏ་མ་བཱ། ཝཱག་དུཤྩ་རི་ཏ་མ་བཱ། མ་ནོ་དུཤྩ་རི་ཏམ་བཱ། དཱ་རི་དྲྱམ་བཱ། ཏད་སརྦཾ་ཀྵཱ་པ་ཡ། ཨ་ལོ་ཀ་ཡ། བི་ལོ་ཀ་ཡ། ཏ་ཐཱ་ག་ཏ་དརྵ་ཎན་ཙ། ཨ་ཧ་མ་དྷིཀཱཾ་ཀྵཱ་མི་བོ་དྷི་ས་ཏྱ་དརྵ་ཎམ། དྷུ་དྷུ་མ། ད་དས་སྭ་མེ་དརྵ་ཎ་མ། སརྦ་མེ་ཀུ་ཤ་ལ། ཨ་བྷི་བར་དྷན་ཏུ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། སྨ་ར་པྲ་ཏི་ཛྙཱ་མ་མ་སཏྭ། སི་དྷྱན་ཏུ་མནྟྲ་པ་དཱ་སྭཱ་ཧཱ། གཟུངས་འདི་བརྗོད་པ་ན་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་ཤིང་ག་ཞའི་སྒྲ་ཆེན་པོ་དང་། ལྷའི་མེ་ཏོག་གི་ཆར་དག་ཀྱང་མངོན་པར་རབ་ཏུ་བབ་པར་གྱུར་ཏོ། །ཐམས་ཅད་དང་ལྡན་པའི་འཁོར་དེས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སེམས་ཅན་ཆེན་པོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་བསྐྱབ་པའི་ཕྱིར་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེད་པ། ལས་ཐམས་ཅད་བྱང་བར་བྱེད་པ་དང་། སྡང་བ་དང་རྨི་ལམ་ངན་པའི་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས་འདི་ལེགས་པར་སྨྲས་སོ། །བདག་ཅག་ཐམས་ཅད་ཀྱིས་ཀྱང་གཟུང་བར་བྱ། །བསྙེན་བཀུར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། རིགས་ཀྱི་བུ་དག་གང་ལ་ལ་ཇི་ལྟར་དེ་བཞིན་གཤེགས་པས་ཡོངས་སུ་བསྒྲགས་པའི་ཡོན་ཏན་དེ་དག་མངོན་པར་འདོད་ཅིང་ལུང་བསྟན་པ་དང་། ཁོ་བོ་ཡང་མངོན་སུམ་དུ་མཐོང་བ་དང་། ཏིང་ངེ་འཛིན་འཐོབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་། ལོངས་སྤྱོད་དང་དབང་ཕྱུག་འཐོབ་པ་དང་། སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་འདོད་པ་དེས་ཟླ་བ་ཡར་གྱི་ངོ་ལ་ལུས་ལེགས་པར་ཁྲུས་བྱས་ཤིང་གཙང་ལ། བསྙེན་ཏེ་གནས། འཕགས་པ་ཡན་ལག་བརྒྱད་པ་ལ་གནས་པར་བྱས་ལ་ཚེས་


DKG093_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནས་བརྩམས་ཏེ། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པའི་ས་ཕྱོགས་སུ་སྤོས་དང་། མེ་ཏོག་དང་། རྒྱལ་མཚན་དང་། བ་དན་དག་དང་། བུམ་པ་གང་བ་དག་གིས་ས་ཕྱོགས་དེདང་། ཆོས་སྨྲ་བ་དེ་ཡང་མཆོད་པ་བྱས་ནས་ལུས་ལེགས་པར་ཁྲུས་བྱས་པ་གཙང་མས་གོས་དཀར་བོ་བགོས་ཏེ། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་སྣ་ཚོགས་དག་གིས་མཆོད་ནས་ཡི་གེར་བྲི་བར་བྱའོ། །འདྲི་བའི་ཚེ་ན་ཉིན་གཅིག་བཞིན་དུ་དགེ་བའི་རྩ་བ་རྣམས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ལ། དེ་བཞིན་གཤེགས་པ་ལ་བླ་མ་དང་། གུས་པའི་སེམས་ཉེ་བར་བཞག་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་སྙིང་བརྩེ་བའི་སེམས་དང་། སྙིང་རྗེའི་སེམས་ཀྱིས་ཉི་མ་ཕྱེད་ཚུན་ཆད་ཀྱི་བར་དེ་ཙམ་དུ་བྲི་བར་བྱའོ། །ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔའི་བར་དུ་ཉིན་གཅིག་བཞིན་དུ་མཆོད་པ་ཡང་དེ་བཞིན་བྱའོ། །ཆོ་ག་འདི་ཁོ་ན་བཞིན་དུ་བྱས་ཏེ་བྲིས་ན་དེ་མ་ཐག་ཏུ་མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་དང་། སྡིག་པ་ཐམས་ཅད་བྱང་བར་འགྱུར་ཞིང་དགེ་བའི་རྩ་བ་རྣམས་ཀྱང་འཕེལ་བར་འགྱུར། བརྩོན་འགྲུས་འབར་བར་འགྱུར་རོ། །ཚེ་དེ་ཉིད་ལ་ཡང་ལུས་བདེ་བ་འཐོབ་པར་འགྱུར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་དག་སྲབ་མོར་འགྱུར་རོ། །དེས་ཡི་གེར་འདྲིར་བཅུག་ནས་ཀྱང་སྐུ་གདུང་དང་བཅས་པའི་མཆོད་རྟེན་གྱི་གནས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་སྐུ་གདུང་དང་བཅས་པ་དང་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་སྐུ་གདུང་དང་བཅས་པ་ཞལ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མར་མེ་དག་གིས་མཆོད་པ་ཤིན་ཏུ་རྒྱ་ཆེར་བྱས་ལ། ཚེས་བརྒྱད་ནས་བརྩམས་ཏེ་ཚེས་བཅོ་ལྔའི་བར་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་བྱ་ཞིང་། གཙང་མ་ཁ་ཟས་དཀར་པོ་ཟ་བ། བསྙེན་ཏེ་གནས་པ། འཕགས་པ་ཡན་ལག་བརྒྱད་


DKG093_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་གནས་པ། གྲོགས་པོ་ཡིད་གཅུགས་པ་དང་ལྡན་པ། ང་རྒྱལ་དང་། ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་ཡོངས་སུ་སྤངས་པས་ཉིན་གཅིག་བཞིན་དུ་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དུས་གསུམ་དུ་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་རྩ་བརྒྱད་བྱའོ། །མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མར་མེ་དག་ཀྱང་ཕུལ་ལ། དུས་གསུམ་དུ་སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་རྩ་བརྒྱད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ལ་གཏོར་བར་བྱའོ། །ལག་ན་རྡོ་རྗེ་ལ་ཡང་བདུག་སྤོས་ཀྱིས་བདུག་པར་བྱའོ། །ཕྱོགས་བཅུར་ཕྱག་བྱས་ལ། ནུབ་ཕྱོགས་ཀྱི་ལྷ་མོ་འཇིགས་བྱེད་མ་དང་། ཤར་ཕྱོགས་ཀྱི་དཔེ་མེད་མ་དང་། སྟེང་གི་ཕྱོགས་ཀྱི་དུང་ཅན་མ་ལ་སོགས་པ་ལ་ཕྱོགས་བཞིར་གཏོར་མ་རོ་སྣ་ཚོགས་དང་ལྡན་པ་དང་། འོ་ཐུག་དང་། ཞོ་དང་། འབྲས་ཆན་དག་ཀྱང་གཏོར་བར་བྱའོ། །དེས་ན་དེ་ལ་རྣམ་པར་གཡེང་བ་དང་འཇིགས་པ་འགའ་ཡང་འབྱུང་བར་མི་འགྱུར་ཞིང་སེམས་འཁྲུལ་བར་མི་འགྱུར་རོ། །སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་པོ་ཐམས་ཅད་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ལ་བསྐུལ་བར་བྱའོ། །ཆོ་ག་འདི་ཁོ་ན་བཞིན་དུ་སྔར་བསྙེན་པ་བྱས་ལ། དེ་ནས་ཚེས་བཅོ་ལྔའི་ནང་པར་ས་ཕྱོགས་དེར་བུམ་པ་གང་བ་བཞི་བཞག་ལ། བདུག་སྤོས་དང་། ཙནྡན་དང་། པོག་དཀར་པོ་དང་། ག་པུར་དག་ཀྱང་གཞག །མར་མེ་ཁ་བཞི། མེ་ཏོག་དང་། བདུག་སྤོས་དང་། གདུགས་དང་། རྒྱལ་མཚན་དང་། དར་དང་། བ་དན་སྣ་ཚོགས་དག་དང་། གསེར་དངུལ་གྱི་སྣོད་དག་གིས་ལེགས་པར་བརྒྱན་ལ། སྦྲང་རྩི་དང་སྦྱར་བའི་འོ་ཐུག་དང་། ཞོ་དང་། འབྲས་ཆན་དང་། གཞན་ཡང་ཅི་འབྱོར་པའི་ལྷ་བཤོས་དང་། གཏོར་མ་དག་ཀྱང་ཕྱོགས་བཞིར་གཞག་གོ། །སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་སྔ་མ་བཞིན་དུ་བཟླས་བརྗོད་ལན་རེ་བྱས་ལ་ཕྱོགས་བཞིར་དོར་རོ། །དེ་ནས་སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་ཕྲག་གསུམ་ལ་བཟླས་བརྗོད་ལན་རེ་བྱས་ལ། རེ་རེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ལ་བསྣུན་པར་བྱའོ། །དེ་ནས་གཟུགས་


DKG093_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དེ་འགུལ་བར་འགྱུར་ཞིང་སྒྲ་སྐད་ཆེན་པོ་ཡང་འབྱུང་བར་འགྱུར་རོ། །འོད་ཟེར་དག་ཀྱང་འབྱུང་བར་འགྱུར། ས་ཡང་གཡོ་བར་འགྱུར་རོ། །དེ་ནས་ལས་ཐམས་ཅད་དང་། །དགོས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ཞིང་། དེ་བཞིན་གཤེགས་པ་མཐོང་བ་དང་། བྱང་ཆུབ་སེམས་དཔའི་ས་ཐོབ་པར་ཡང་འགྱུར། སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་ཡང་འགྱུར། ནོར་དང་། འབྲུ་དང་། མཛོད་དང་། བང་བ་རྣམས་འབྱོར་པར་ཡང་འགྱུར། ནད་ཐམས་ཅད་ཡོངས་སུ་སྤངས་པ་དང་། ཚེ་རིང་བར་ཡང་འགྱུར། དགྲ་ཐམས་ཅད་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་རྣམས་ཀྱང་དེ་ལ་ལྟ་འདོད་ཅིང་གཅེས་སྤྲས་བྱེད་པར་ཡང་འགྱུར། ཉོན་མོངས་པ་ཐམས་ཅད་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྤངས་པར་ཡང་འགྱུར། ནམ་དུའང་སྡུག་པ་དང་མི་འབྲལ་བར་འགྱུར་རོ། །བརྟན་པ་དང་། སྟོབས་དང་། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དང་། གཟི་བརྗིད་དང་ལྡན་པ་དང་། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་སེམས་དང་ལྡན་པ་དང་། ཆོ་ག་ཤེས་པ་དང་། འཆི་བའི་ཚེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་མཐོང་བ་དང་། བྱམས་པ་ལ་གནས་ཤིང་ཆོས་སྟོན་བཞིན་དུ་འཆི་བའི་དུས་བྱེད་པའི་བར་དུ་ཡང་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཇི་ལྟར་བུ་འདོད་པ་དག་གམ། འཁོར་ལོས་སྒྱུར་བའི་རིགས་ཆེན་པོའམ། གང་དུ་རྗེས་སུ་དྲན་པར་བྱེད་པ་དེར་སྐྱེ་བ་དང་། གཞན་ཡང་ཡོན་ཏན་སྟོང་ཕྲག་དུ་མ་དག་ཀྱང་འཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ན། ཆོས་ཀྱི་རྣམ་གྲངས་འདི་དང་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་ཡོན་ཏན་མང་པོའི་འབྱུང་གནས་ལགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་མ་མཆིས་པར་མཉན་པར་ཡང་རྔོ་མི་ཐོགས་ལ་གཟུང་བར་ཡང་རྔོ་མི་ཐོགས། ཀློག་པར་ཡང་རྔོ་མི་ཐོགས། མཆོད་པར་ཡང་རྔོ་མི་ཐོགས། ཡི་གེ་བྲི་


DKG093_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡང་རྔོ་མི་ཐོགས། ཡི་གེར་འདྲིར་སྩལ་བར་ཡང་རྔོ་མི་ཐོགས། དད་པར་ཡང་རྔོ་མི་ཐོགས་ལགས་སོ། །གལ་ཏེ་མཐོང་བར་གྱུར་ན་ཡང་ཉན་པར་མི་འགྱུར་ལ། གལ་ཏེ་ཉན་པར་གྱུར་ན་ཡང་དེ་སེམས་རྣམ་པར་གཡེངས་པས་ཉན་པར་འགྱུར་ཞིང་དད་པར་མི་འགྱུར། བསྙེན་བཀུར་བགྱིད་པར་མི་འགྱུར་ལགས་སོ། །གལ་ཏེ་བསྙེན་བཀུར་བགྱིད་པར་འགྱུར་ན་ཡང་ཉོན་མོངས་པ་དང་། གནོད་སེམས་དང་བཅས་པའི་སེམས་ཀྱིས་བསྙེན་བཀུར་བགྱིད་པར་འགྱུར་ལགས་སོ། །གལ་ཏེ་ཡི་གེར་འདྲིའམ། ཡི་གེར་འདྲིར་སྩལ་བར་གྱུར་ན་ཡང་དེ་གཞན་དག་ཡིད་ལ་བགྱིད་པར་འགྱུར་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེའི་སྔོན་གྱི་ལས་ཀྱི་འབྲས་བུ་ལགས་པའི་སླད་དུ་སྟེ། དེ་ནི་ལས་དེ་ཉམས་སུ་མྱོང་བར་བགྱིད་ཅིང་ཐེ་ཙོམ་སྐྱེ་བར་འགྱུར་ལགས་སོ། །མཚམས་མ་མཆིས་པ་ལྔ་བགྱིད་པས་ཀྱང་ལན་གསུམ་བསྒྲུབས་ན་རེ་བ་ཐམས་ཅད་ཡང་དག་པར་འགྲུབ་པར་འགྱུར་ལགས་ཏེ། དེ་ལ་ནེམ་ནུར་མ་མཆིས་པ་དང་། ཡིད་གཉིས་མ་མཆིས་པ་དང་། ཐེ་ཙོམ་མི་བསྐྱེད་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་མཛད་པ་བྱེད་པར་འགྱུར་རོ། །དེ་ནས་གནོད་སྦྱིན་མོ་ཆེན་མོ་དཔེ་མེད་མ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ལ་མེ་ཏོག་དང་། སྤོས་དང་། བདུག་སྤོས་སྣ་ཚོགས་དང་། རས་བཅོས་བུ་ཟུང་དག་གིས་མཆོད་པར་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལག་གཏུགས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་འདི་ལྟར་བཅོམ་ལྡན་འདས་ཡུལ་ཀོའུ་ཤཱམ་བཱི་ན་དབྱངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་སྤྱན་སྔར་སེམས་ཅན་ཐམས་ཅད་ཀྱི་དོན་དང་།


DKG093_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་པ་དང་། བདེ་བའི་སླད་དུ་དམ་བཅས་པ་བརྗོད་པར་རྗེས་སུ་དྲན་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་གིས་ཀྱང་རིག་སྔགས་འཆང་བ་ཐམས་ཅད་ཀྱི་སྙིང་པོ་དག་འཚལ་ལགས་སོ། །དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཀྱི་དོན་དུ་བདག་རྗེས་སུ་གཟུང་དུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། སྱཱད་ཡ་ཐེ་ད་ན། ཧ་ཧ། ཧི་ཧི། ཧུ་ཧུ། ས་ར་ས་ར། ལ་ཧཱུྃ་ལ་ཧཱུྃ། ཤཱིགྷྲཾ། མ་ཧཱ་བི་དྱཱ། སརྦ་བིདྱཱ་དྷ་ར་ན་མ་སྐྲྀ་ཏེ། ཧ་ས་ཧ་ས་ཀིཾ་ཏིཥྛ་སི། ཀིཾ་ཀིཾ་ཏིཥྛ་སི། ཀ་ན་ཀ་བི་ཙི་ཏྲ། ཨཱ་བ་ར་ཎ་བི་བྷཱུ་ཥི་ཏཱཾ་གེ། པ་ཊ་པ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། སརྦ་ཨརྠ་ན་མེ་སཱ་དྷ་ཡ། ཏུ་རུ་ཏུ་རུ། ཨརྠ་ན་སཱ་དྷ་ཡ། ཨརྠ་ན་དེ་ཧི་མེ། སརྦ་ས་ཏྭཱ་ནཱ་ན་སིདྡྷི་ན། ཧཱ་ཧཱ། པདྨེ། པདྨེ། མ་ཧཱ་པདྨེ། བི་ཥ་དེ། བི་ཥ་དེ། མ་ཧཱ་བི་ཥ་དེ། བྷ་བ་བྷ་བ། བྷ་བོད་བྷ་བཱ་ཡ། ཏ་མ་ཧཾ་གྷོ་རེ། ཏན་མེ་བི་དྱཱ་མ་པྲ་ཡོ་ཛ་ནཱ་ཡ། སིད་དྷིཾ་ཀུ་རུ། སརྦ་ཨཱ་ཤཱ་མེ་པ་རི་པཱུ་ར་ཡ། བུདྡྷ་ཨ་དྷིཥྛཱ་ནེ་ན་སྭཱ་ཧཱ། བཅོམ་ལྡན་འདས་གང་ལ་ལ་ཡོན་ཏན་འཚལ་བ་དང་། ནོར་དང་འབྲུ་འཚལ་བ་དང་། སེམས་ཅན་ཐམས་ཅད་དབང་དུ་བགྱིད་པར་འཚལ་བ་དང་། ནོར་གྱི་དབང་ཕྱུག་ཆེན་པོ་དང་། རྒྱལ་སྲིད་དང་། རིག་སྔགས་འཆང་ཆེན་པོ་ཉིད་དང་། བདག་ཀྱང་མངོན་སུམ་དུ་མཐོང་བར་འཚལ་བ་དེས་ཚེས་བརྒྱད་ཀྱི་གདུགས་ལ་རས་དཀར་པོ་སར་པ་ཁ་ཚར་མ་བསྐུམ་པ་སྐྲ་བསལ་བ་ལ་རི་མོ་མཁན་གཙང་མ་བསྙེན་ཏེ་གནས་པ། འཕགས་པ་ཡན་ལག་བརྒྱད་པ་ལ་གནས་པས། ཚོན་རྩི་སྦྱིན་དང་མ་འབྲགས་པ་སྣོད་སར་པའི་ནང་དུ་སྩལ་བས་དབུས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཆོས་སྟོན་པའི་ཚུལ་དུ་བཞུགས་པ་བྲི་བར་བགྱིའོ། །གཡས་ཕྱོགས་སུ་འཕགས་པ་རྡོ་རྗེ་ཁྲོ་བོ་རད་པ་དཀར་པོ་འཚལ་


DKG093_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྒྱན་ཐམས་ཅད་དང་། མེ་ཏོག་ཕྲེང་དང་། ཟླ་གམ་དང་། སེ་མོ་དོས་བརྒྱན་པ། རྡོ་རྗེ་གསོར་ཞིང་མཆིས་པ་བྲི་བར་བགྱིའོ། །གཡོན་ཕྱོགས་སུ་ནི་གནོད་སྦྱིན་མོ་ཆེན་མོ་དཔེ་མེད་མ་འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར་ཤམ་དུ་མཆིས་ལ། རད་པ་དཀར་པོ་འཚལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སུག་པ་ན་པདྨ་ཐོགས་ཤིང་ཡང་དག་པར་དབུགས་འབྱིན་པའི་ཚུལ་དུ་མཆིས་པ་བྲི་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གཙང་མ་བསྙེན་ཏེ་གནས་པ། འཕགས་པའི་ཡན་ལག་བརྒྱད་པ་ལ་གནས་པ། རད་པ་དཀར་པོ་འཚལ་བ། གྲོགས་དང་ལྡན་པ། ནས་ཆན་འོ་མ་དང་སྦྱར་བ་འཚལ་བས་སྔར་བསྙེན་པ་བགྱི་ལ། ཚེས་བརྒྱད་ཀྱི་གདུགས་ལ་དེ་བཞིན་གཤེགས་པའི་སྐུ་གདུང་དང་བཅས་པའི་གནས་གཙང་མར་དང་པོར་ཁོ་ནར་དེ་བཞིན་གཤེགས་པ་དང་། ལག་ན་རྡོ་རྗེ་ལ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དག་གསོལ་བར་བགྱི་ཞིང་། ཕྱོགས་བཞིར་ཡང་འོ་ཐུག་དང་། ཞོ་དང་། འབྲས་ཆན་དང་། རོ་སྣ་ཚོགས་དང་ལྡན་པ་དང་། ཆན་སྣ་ཚོགས་ཀྱི་གཏོར་མ་དག་གཏོར་ལ། མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མར་མེ་སྣ་ཚོགས་དག་གིས་མཆོད་པ་བགྱིས་ནས་དུས་གསུམ་དུ་སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་ཕྲག་གསུམ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་ཕྲག་གསུམ་བགྱི་ཞིང་། རེ་རེ་ནས་གནོད་སྦྱིན་མོ་ཆེན་མོ་དཔེ་མེད་མའི་གཟུགས་དེ་ལ་བསྣུན་པར་བགྱིའོ། །དེ་ནས་ཟླ་བ་ཉའི་ཚེས་བཅྭ་ལྔའི་གདུགས་ལ་ཡང་ཆོ་ག་འདི་ཉིད་དང་། གཞན་ཡང་ཅི་འབྱོར་བ་དག་དང་། བདུག་སྤོས་དང་། ག་པུར་དང་། པོག་དཀར་པོ་དང་། ཙནྡན་དང་། ཤིང་མུ་ས་དག་ཀྱང་དབུལ། འབྲུ་མར་དྲི་བདའ་བའི་ཞུགས་མར་ཁ་གཉིས་ཀྱང་དབུལ་བར་བགྱིའོ། །དེ་ནས་བདག་དེར་རང་གི་གཟུགས་ཀྱིས་གནས་བར་བགྱི་ཞིང་དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། ཏིང་ངེ་འཛིན་ཐོབ་པ་དང་། ནམ་མཁའ་ལ་མཆི་བ་དང་། ལུས་མི་སྣང་བར་བགྱི་བ་དང་། རྒྱལ་སྲིད་དང་། སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དང་། རིག་སྔགས་འཆང་ཉིད་དང་།


DKG093_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་ལྟ་འཚལ་བ་དང་། ནོར་སྒྱུར་འཚལ་བ་དང་། ཕ་རོལ་གྱི་སེམས་འཚལ་བ་དང་། ཚེ་རིང་བ་དང་། དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་ལགས་སོ། །དེས་ཀྱང་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། ང་རྒྱལ་དང་། ཁྲོ་བ་དང་། ཕྲག་དོག་དང་། སེར་སྣ་ཡོངས་སུ་སྤངས་པའི་སེམས་སུ་བགྱིའོ། །མཆོད་རྟེན་དང་། ཆོས་དང་། དགེ་འདུན་གྱི་ནོར་འཕྲོག་པ་ཡོངས་སུ་སྤང་བ་དང་། དེ་བཞིན་གཤེགས་པ་རྣམས་ལ་དད་པ་མི་ཕྱེད་པར་བགྱིའོ། །བཅོམ་ལྡན་འདས་གལ་ཏེ་མཚམས་མ་མཆིས་པ་བགྱིད་པ་ཞིག་གིས་ཀྱང་ལན་གསུམ་བསྒྲུབས་ཏེ་བདག་གིས་མ་སྩལ་བར་གྱུར་ན་བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་སངས་རྒྱས་ལ་མ་དད་པར་གྱུར་པ་དང་། ཡིད་གཉིས་སུ་གྱུར་པ་གང་ལགས་པ་དང་། སྡིག་པ་མི་དགེ་བའི་ཆོས་བགྱིས་ནས་འགྱོད་པར་མི་བགྱིད་པ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་སེམས་དང་ལྡན་པ་གང་ལགས་པ་དེ་དག་ལ་ཡང་བདག་མཐོང་བ་སྩལ་བར་བགྱི་ཞིང་ཐོབ་པར་ཡང་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མོ་ཆེན་མོ་དཔེ་མེད་མ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྲིང་མོ་ལེགས་སོ་ལེགས་སོ། །སྲིང་མོ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡིག་པ་ཀུན་ཏུ་སྤྱོད་པའི་སེམས་ཅན་རྣམས་ལ་གསང་སྔགས་ཀྱི་གཞི་འདི་ལྟ་བུ་འདི་དག་སྨྲས་ཤིང་དམ་བཅའ་བ་ཡང་བྱས་པ་ནི་ཡང་ཁྱོད་ལེགས་སོ། །ཁྱོད་སྙིང་རྗེ་ཆེན་པོ་འདི་ལྟ་བུ་འདིས་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་ནུས་པར་འགྱུར་གྱིས་ཁྱོད་ཀྱིས་དེ་བཞིན་དུ་གྱིས་ཤིག །དེ་ནས་ལྷ་མོ་ཆེན་མོ་དུང་ཅན་མས་བཅོམ་ལྡན་འདས་ལ་མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དག་གིས་མཆོད་པ་བྱས་ཏེ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་དེ་བཞིན་གཤེགས་པའི་བྱིན་


DKG093_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བགྱི་བ་དང་། ཆོས་སྨྲ་བ་དེ་དག་ཀྱང་བསྲུང་བའི་སླད་དུ་དམ་བཅའ་བར་བགྱི་ཞིང་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པའི་གསང་སྔགས་གཞི་རྣམས་སྩལ་བར་བགྱི་ལགས་ཀྱིས།དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། ཏདྱ་ཐཱ། ཨོྃ་ཤང་ཁི་ནི་དེ་བི། ཨཱ་གཙྪ། ཨཱ་གཙྪ། ཏིཥཱ་དྷ་ནེ། དྷ་ན་ཛ་ཡེ། བྲི་བྲི། བྲི་དྷི་ཀ་རི། དྷྲི་དྷྲི། དྷྲི་ཏི་ཀ་རི། ནཱ་ནཱ་བི་བི་དྷ། བེ་ཤ་བསྟ། ཨཱ་ཡུ་དྷ་དྷཱ་རི་ཎི། ཡུ་ཡུ་ཨཱ་ཡུཥྤཱ་ལ་ནེ། ཏ་ཐཱ་ག་ཏཱ་ནཱཾ། སྨ་ར་བོ་དྷི་ཙི་ཏ་ཏཾ། མཱ་བི་ལམ་བ། དེ་ཧི་མེ་བ་རན། ཤཾ་ཁི་ནི་སྭཱ་ཧཱ། བཅོམ་ལྡན་འདས་གསང་སྔགས་གཞི་འདི་དག་ལུས་ལ་གནས་པར་བགྱིས་ན། དེའི་སྙན་པ་འཕེལ་བར་འགྱུར་ཞིང་། གཟི་བརྗིད་འཕེལ་བ་དང་། ལོངས་སྤྱོད་འཕེལ་བ་དང་། དབང་ཕྱུག་འཕེལ་བ་དང་། ཚེ་རིང་བ་དང་། དགྲ་རྣམས་དབང་དུ་བགྱི་བ་ཡང་འཕེལ་བར་འགྱུར་ལགས་སོ། །ས་ཕྱོགས་གཙང་མའམ་ལྷའི་གནས་སུ་ཅི་འབྱོར་པའི་གཏོར་མ་ཕྱོགས་བཞིར་སྩལ་ལ། དེ་བཞིན་གཤེགས་པ་ལ་བདུག་སྤོས་དང་། པོག་དཀར་པོ་དག་གིས་མཆོད་པ་རྒྱ་ཆེར་བགྱི་ཞིང་ཞུགས་མར་དག་ཀྱང་ཕུལ་ལ། དགུང་ཉི་ཤུ་རྩ་གཅིག་ཏུ་བྱམས་པ་ལ་གནས་པ་དང་། ངེས་པར་གནས་ཤིང་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བགྱིས་ན། དམ་པའི་ཆོས་སྤོང་བ་མ་གཏོགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་ལགས་སོ། །དེ་ནས་བཅོམ་ལྡན་འདས་དང་ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་ལྷ་མོ་ཆེན་མོ་དུང་ཅན་མ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྲིང་མོ་ལེགས་སོ་ལེགས་སོ། །ཡོན་ཏན་མང་པོ་དང་ལྡན་པའི་དམ་བཅའ་བ་འདི་ནི་ལེགས་པར་སྨྲས་སོ། །སྲིང་མོ་ཁྱོད་ཀྱིས་མ་འོངས་པའི་དུས་ན་དེ་བཞིན་དུ་གྱིས་ཤིག །དེ་ནས་ལྷ་མོ་ཆེན་མོ་འཇིགས་བྱེད་མས་བཅོམ་ལྡན་འདས་ལ་གསེར་གྱི་མེ་ཏོག་དག་གིས་མཆོད་པ་བྱས་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་གཏུགས་ཏེ། བཅོམ་ལྡན་འདས་ལ་


DKG093_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་སྨྲ་བ་དེ་དག་དང་། ཆོས་ཉན་པ་དེ་དག་དང་། ཡི་གེར་འདྲི་བ་དེ་དག་དང་། འཛིན་པ་དང་། ཀློག་པ་དང་། མཆོད་པ་བགྱིད་པ་དེ་དག་གི་དོན་དུ་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པ། དབྱིག་དང་། ནོར་བུ་དང་། མུ་ཏིག་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། རྒྱལ་སྲིད་དང་། ཚེ་རིང་བར་བགྱིད་པ། དགྲ་ཐམས་ཅད་དབང་དུ་བགྱིད་པའི་གསང་སྔགས་གཞི་རྣམས་སྩལ་བར་བགྱི་སྟེ། རྒྱལ་པོའམ། རྒྱལ་པོའི་བཙུན་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་འཛིན་ཏམ། ཀློག་གམ། བསྙེན་བཀུར་བགྱིད་དམ། ཡི་གེར་འདྲིའམ། ཡི་གེར་འདྲིར་སྩོལ་ཏམ། མཆོག་ཏུ་གུས་པས་ཇི་སྐད་གསུངས་པའི་སྒྲུབ་པ་ལ་སྒྲུབ་པར་བགྱིད་ན། བཅོམ་ལྡན་འདས་བདག་གིས་དེ་བསྲུང་བར་བྱ། ཡོངས་སུ་བསྐྱང་བར་བགྱི་ཞིང་དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། ལོངས་སྤྱོད་དང་། དབང་ཕྱུག་དག་གིས་མི་བྲེལ་བར་བགྱི། ཐབ་མོ་དང་། འགྱེད་པ་དང་། ཁྲག་ཁྲུག་དང་། འཁྲུག་ཀློང་དག་ལས་རྒྱལ་བར་བགྱི། ཚེ་ཕུན་སུམ་ཚོགས་པ་ཉེ་བར་བསྒྲུབ་པར་བགྱི། དེའི་ཡུལ་དང་གྲོང་ཁྱེར་དག་ཀྱང་ཡོངས་སུ་བསྐྱང་བར་བགྱི་ལགས་ཀྱིས། དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་རྗེས་སུ་གནང་བར་མཛད་དུ་གསོལ། ན་མཿསརྦ་ཏ་ཐཱ་ག་ཏཱ་ནཱ་ན། སརྦ་བོ་དྷི་སཏྭཱ་ནཱ་ན། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར། བཛྲ་པཱ་ཎི་པྲ་བྷྲྀ་ཏཱི་ནཱ་ན། ཏདྱ་ཐཱ། ཨོྃ་མ་ཧཱ་དེ་བི། བྷི་མེ་བྷཱི་མ་མ་ཏེ། ཛ་ཡེ་ཛ་ཡཱ་བ་ཧེ་ཡ་ཤོ་བ་ཏི། ཡ་ཤོ་ཛ་བེ། ཏེ་ཛ་ཛ་བེ། བྱཱ་ཀ་ར་ཎ་པྲཱ་པ་ཏེ། སརྦ་སཏྭ་ཨ་བ་ལོ་ཀི་ཏེ། ཀྲི་པ་ཏེ་ཛ་པ་ཧུ་ལེ། ཏ་ཐཱ་ག་ཏེ་ཨ་ནུ་ཛྙཱ་ཏམ་པཱ་ལ་ཡ། སྨ་ར་པྲ་ཏི་ཛྙཱ་མ། བུད་དྷ་ཨ་དྷིཥྛཱ་ནེ་ན། དེ་ཧི་མེ་བ་རན། སིད་དྷིཾ་ཀུ་རུ། དེ་བི་མ་ཧཱ་དེ་བི་སཏྱ་བ་ཙན་དེ་བི་བྷི་མ་སཏྱ་བ་ཙན་པྲ་ཏིཥྛི་ཏེ་གུ་ཧྱ་ནི་བཱ་སི་ནི་སྭཱ་ཧཱ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པས་རྗེས་སུ་གནང་བའི་གསང་སྔགས་གཞི་


DKG093_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་སྨྲས་ལགས་ཏེ། དེ་བཞིན་གཤེགས་པའི་སྤྱན་སྔར་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མར་མེ་དག་གིས་མཆོད་པ་བགྱིས་ལ། ཕྱོགས་བཞིར་ཡང་འོ་ཐུག་དང་། རོ་སྣ་ཚོགས་དང་ལྡན་པའི་གཏོར་མ་དག་སྩལ་ཏེ། ཅི་དང་ཅི་འཚལ་བ་ཡིད་ལ་བགྱིས་ཤིང་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་ཀྱིས་མཆོད་པ་བགྱིས་ན། རེ་བ་དེ་དང་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ལགས་སོ། །གང་ལ་ལ་བདག་རང་གིས་གཟུགས་མཐོང་བར་འཚལ་བ་དེས་ཚེས་བརྒྱད་ཀྱི་གདུགས་ལ་རས་དཀར་པོ་སར་པ་ཁ་ཚར་མ་བཀུམ་པ་སྐྲ་མ་མཆིས་པ་ལ་རི་མོ་མཁན་གཙང་མ་འཕགས་པའི་ཡན་ལག་བརྒྱད་ཡོངས་སུ་བཟུང་བའི་ཚོན་རྩི་སྤྱིན་དང་མ་འབགས་པ་སྣོད་སར་པའི་ནང་དུ་སྩལ་བས། དབུས་སུ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཆོས་སྟོན་པའི་ཚུལ་དུ་བཞུགས་པ་བྲི་བར་བགྱིའོ། །གཡས་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཆོས་ཀྱི་འབེལ་བའི་གཏམ་སྟོན་པ་བྲི་བར་བགྱིའོ། །གཡོན་ཕྱོགས་སུ་ནི་ལྷ་མོ་ཆེན་མོ་འཇིགས་བྱེད་མ་འདམ་བུ་མདའ་རྒྱུའི་མདོག་ལྟར་དཀར་ཤམ་དུ་མཆིས་ལ། རད་པ་དཀར་པོ་འཚལ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིལ་བ་དང་། བགྲང་ཕྲེང་ཐོགས་ཤིང་ཡང་དག་པར་དབུགས་འབྱིན་པའི་ཚུལ་དུ་མཆིས་པ་བྲི་བར་བགྱིའོ། །དེ་ནས་རིག་སྔགས་འཆང་གཙང་མས་སྔར་བསྙེན་པ་བགྱི་ལ། ཚེས་བརྒྱད་ནས་ཚེས་བཅྭ་ལྔའི་བར་དུ་མཆོད་རྟེན་སྐུ་གདུང་དང་བཅས་པའི་གནས་སུ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དག་གིས་མཆོད་པ་བགྱི་ཞིང་། ཕྱོགས་བཞིར་ཡང་འོ་ཐུག་དང་། ཞོ་དང་། འབྲས་ཆན་གྱི་གཏོར་མ་དག་གཏོར་ལ། མེ་ཏོག་དང་། བདུག་སྤོས་དང་། མར་མེ་སྣ་ཚོགས་དག་གིས་མཆོད་པ་རྒྱ་ཆེར་བགྱི་ཞིང་ལྷ་བཤོས་དཀར་པོ་དག་ཀྱང་ཕུལ་ལ། གཏོར་མ་རོ་སྣ་ཚོགས་དང་ལྡན་པ་དང་། གཞན་ཡང་ཅི་འབྱོར་པ་དག་སྩལ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་ཀྱིས་སྣ་མའི་མེ་ཏོག་བརྒྱ་རྩ་བརྒྱད་ལ་བཟླས་བརྗོད་ལན་བརྒྱ་རྩ་


DKG093_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བགྱི་ཞིང་རེ་རེ་ནས་ལྷ་མོ་ཆེན་མོ་འཇིགས་བྱེད་མའི་གཟུགས་དེ་ལ་འཕང་བར་བགྱིའོ། །དེ་ནས་བདག་དེར་རང་གི་གཟུགས་ཀྱིས་གནས་པར་བགྱི། དམ་པ་ཅི་འཚལ་བ་ཡང་སྩལ་བར་བགྱི་སྟེ། རྒྱལ་སྲིད་ཀྱི་དབང་ཕྱུག་དང་། ནམ་མཁའ་ལ་མཆི་བ་དང་། གཏེར་ལྟ་འཚལ་བ་དང་། ནོར་སྒྱུར་འཚལ་བ་དང་། རིག་སྔགས་འཆང་ཉིད་དང་། དུས་མ་ལགས་པར་འགུམ་པ་བཟློག་པ་དང་། བྲོ་ནད་ཐམས་ཅད་རབ་ཏུ་ཞི་བར་བགྱི་བ་དང་། ཕ་རོལ་གྱི་དམག་ཚོགས་རབ་ཏུ་གཞོམ་པ་དང་། བུ་མཆིས་པར་བགྱི་བ་དང་། ནོར་འདུ་བར་བགྱི་བ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པ་སྐྱེ་བ་དང་། གཞན་ཡང་ཅི་འཚལ་བའི་ལས་དག་ཀྱང་བགྱི་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དམ་པའི་ཆོས་སྤོང་བ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་ཐེ་ཙོམ་དུ་གྱུར་པ་གང་ལགས་པ་མ་གཏོགས་པར་མཚམས་མ་མཆིས་པ་ལྔ་བགྱིད་པ་ཞིག་ལགས་ན་ཡང་བདག་གིས་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མ་བགྱིས་པར་གྱུར་ན། བཅོམ་ལྡན་འདས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲིང་མོ་ལེགས་སོ་ལེགས་སོ། །སྲིང་མོ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་དང་། ཕན་པ་དང་བདེ་བའི་ཕྱིར་ཞུགས་ཤིང་། ཆོས་ཀྱི་རྣམ་གྲངས་འདི་ཡང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཞུགས་པ་ནི་ཡང་ཁྱོད་ལེགས་སོ། །སྲིང་མོ་དེའི་ཕྱིར་ཁྱོད་ཀྱིས་རྟག་ཏུ་དམ་བཅས་པ་འདི་དྲན་པར་གྱིས་ཤིག །དེ་ནས་དེའི་ཚེ་ས་ཆེན་པོ་འདི་རབ་ཏུ་གཡོས་ཤིང་ལྷའི་མེ་ཏོག་གི་ཆར་དག་ཀྱང་མངོན་པར་རབ་ཏུ་བབ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་གིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྲིང་མོ་ལེགས་སོ་ལེགས་སོ། །ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་བའི་དམ་བཅའ་བ་འདི་ནི་ལེགས་པར་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་


DKG093_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་སྩོལ་བ་དང་། ཀློག་པ་དང་། མཆོད་པ་དང་། ཡང་དག་པར་སྟོན་པ་དང་། འདོན་པ་དང་། མཆིད་ཏོན་དུ་བགྱིད་པ་དེས་བསོད་ནམས་འཐོབ་པར་འགྱུར་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེའི་ཕྱིར་དེ་ཁྱོད་ཉིད་ལ་དྲི་ཡིས་ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ་བཞིན་དུ་ལན་ཐོབ་ཤིག །སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་མ་གཟིགས་པའམ། མ་གསན་པའམ། མ་དགོངས་པ་དང་། རྣམ་པར་མི་མཁྱེན་པ་མི་མངའ་བས་བཅོམ་ལྡན་འདས་ཉིད་ཀྱིས་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། ཀློག་པ་དང་། མཆོད་པ་དང་། ཡང་དག་པར་སྟོན་པ་དང་། འདོན་པ་དང་། ཁ་ཏོན་དུ་བྱེད་པ་ལས་བསོད་ནམས་འཐོབ་པར་འགྱུར་བ་གང་ཡིན་པ་དེ་ནི་དཔེས་བརྗོད་པར་ཡང་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གོས་དང་། རྒྱན་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དག་གིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་རྫོགས་པར་བྱས་ཏེ་རྩེར་བཅུག་ཀྱང་སེམས་ཅན་དེ་དག་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་ལས་ཡོངས་སུ་ཐར་བར་མི་འགྱུར་བ་ཉིད་ཡིན་ཞིང་། ལོ་འབུམ་དུ་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེར་བཅུག་ཀྱང་སེམས་ཅན་དེ་དག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་དག་ལས་ཡོངས་སུ་ཐར་བར་མི་འགྱུར་བ་ཉིད་དེ། སེམས་ཅན་རྣམས་ཀྱི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཉན་ཅིང་མཆོད་པ་བྱེད་པ་དང་། ཡང་དག་པར་བསྟན་ཏེ། དེའི་དོན་ཀྱང་མཉན་ཅིང་ནན་ཏན་གྱིས་སྒྲུབ་པར་བྱེད་པ་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་


DKG093_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ཐམས་ཅད་ལས་ཡོངས་སུ་ཐར་བ་ཁོ་ནར་འགྱུར་བས་དེའི་ཕྱིར་དེ་བཞིན་གཤེགས་པས་འདིའི་བསོད་ནམས་ཀྱི་ཚད་ཀྱི་དཔེ་མི་མཛད་དོ། །རིགས་ཀྱི་བུ་གང་གིས་ཆོས་ཀྱི་རྣམ་གྲངས་འདི་དང་། ཆོས་སྨྲ་བ་དང་། འཛིན་པ་དང་། ཀློག་པ་དང་། ཡི་གེར་འདྲི་བ་དང་། མཆོད་པ་བྱེད་པ་དེ་དག་གི་ཕྱིར་དབྱིག་ཡུངས་འབྲུ་ཙམ་ཡོངས་སུ་གཏོང་བར་བྱེད་དམ། མེ་ཏོག་གཅིག་གམ། འབྲས་བུ་གཅིག་གམ། བ་དན་ནམ། རོལ་མོའི་སྒྲའམ། སྤོས་སམ། གོས་སམ། རྒྱན་གཅིག་ཙམ་ཞིག་ཡོངས་སུ་གཏོང་བར་བྱེད་དམ། ཡི་གེར་འདྲི་བའམ། ཡི་གེར་འདྲིར་འཇུག་གམ། འཆང་ངམ། ཀློག་གམ། མཆོད་པ་བྱེད་དམ། ཡང་དག་པར་སྟོན་ཏམ། བསྙེན་བཀུར་བྱེད་དམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་བྱེད་པ་གང་ཡིན་པ་དང་། གང་གིས་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་མངོན་སུམ་དུ་བཞུགས་པ་ལ་ལོ་འབུམ་དུ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དག་གིས་མཆོད་པས་མཆོད་པར་བྱེད། རྗེད་པར་བྱེད་ཅིང་། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པ་དང་། གཙུག་ལག་ཁང་དང་། འཆག་ས་དང་། སྐྱེད་མོས་ཚལ་དག་བྱེད་དུ་བཅུག་གམ། དེ་བཞིན་གཤེགས་པའི་ཕྱིར་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འཕང་དུ་དཔག་ཚད་ཕྱེད་པ་བརྒྱའམ་སྟོང་བྱེད་དུ་བཅུག་སྟེ། དེ་དག་ལ་ལོ་འབུམ་དུ་མཆོད་པ་དག་གིས་མཆོད་པརབྱེད་པ་བས། གང་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དང་། ཡི་གེར་འདྲིར་འཇུག་པ་དང་། འཆང་བ་དང་། ཀློག་པ་དང་། འདོན་པ་དང་། མཆོད་པ་བྱེད་པ་དང་། ཡང་དག་པར་སྟོན་པ་དེ་ནི་དེ་བས་ཆེས་བསོད་ནམས་མངོན་པར་འདུ་བྱ་བ་ཆེས་མང་དུ་སྐྱེ་བར་འགྱུར་གྱི། དེ་བཞིན་གཤེགས་པ་ལ་མངོན་སུམ་དུ་མཆོད་པ་བྱེད་པ་དེ་ནི་དེ་ལྟ་མ་ཡིན་ལ། སེམས་ཅན་ཐམས་ཅད་ལ་སྦྱིན་པ་བྱིན་ཞིང་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་རྩེར་བཅུག་པ་ཡང་དེ་ལྟ་མ་ཡིན་ནོ། །དེ་ལྟ་བས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་


DKG093_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། བློན་པོ་དེ་དག་གིས་རྟག་པར་རྒྱུན་དུ་ཆོས་ཀྱི་རྣམ་གྲངས་འདི་མཆོད་པར་བྱའོ། །གང་ཆོས་ཀྱི་རྣམ་གྲངས་འདི་སྒྲོགས་པར་བྱེད་པ་དང་། རྗོད་པར་བྱེད་པ་དང་། དོན་ཀྱང་ཉེ་བར་སྒྲུབ་པར་བྱེད་པའི་དགེ་བའི་བཤེས་གཉེན་དེ་དག་ལ་ཡང་དེ་བཞིན་གཤེགས་པ་ཉིད་དུ་འདུ་ཤེས་བསྐྱེད་པར་བྱ་ཞིང་། དེ་དག་གིས་བསྙེན་བཀུར་བྱས་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཉན་པར་བྱ། གཟུང་བར་བྱ། བཅང་བར་བྱ། བཀླག་པར་བྱ། ཡིད་ལ་བྱ་ཞིང་འདི་ལྟར་སེམས་བསྐྱེད་པར་ཡང་བྱ་སྟེ། བདག་ཅག་དོན་མེད་པ་ལ་དོན་དུ་འདུ་ཤེས་པ་དང་། མི་རྟག་པ་ལ་རྟག་པར་འདུ་ཤེས་པ་དང་། སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་ཤིང་། ལམ་མ་ཡིན་པར་ཞུགས་པ་ལ་ལམ་ཉེ་བར་སྟོན་པ་གང་ཡིན་པ་དང་། བདག་ཅག་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་མཛད་པ་བྱེད་པ་གང་ཡིན་པ་དེ་ནི་བདག་གིས་རྙེད་པ་ལེགས་པར་རྙེད་དོ་སྙམ་དུ་སེམས་བསྐྱེད་པར་ཡང་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་གིས་གསོལ་བ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་མཛད་པ་མཛད་པ་ཆེན་པོས་ཡང་དག་པར་བཤད་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་ནི་ཕྱི་མའི་དུས་ཕྱི་མའི་ཚེ་ན། ལྷོ་ཕྱོགས་ཀྱི་རྒྱུད་ན་སྤྱོད་པར་འགྱུར་ཏེ། དེར་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་དང་། བློན་པོ་སྣོད་དུ་གྱུར་པ་མཆོད་པ་བྱེད་པ། འཛིན་པར་བྱེད་པ། ཀློག་པར་བྱེད་པ་དག་འབྱུང་བར་འགྱུར་ཞིང་། དད་པར་འགྱུར། ཡིད་ཆེས་པར་འགྱུར་རོ། །གལ་ཏེ་བྱང་དང་། ཤར་དང་། ནུབ་ཕྱོགས་ཀྱི་རྒྱུད་དག་ན་སྤྱོད་པར་འགྱུར་ན། ཡང་དེ་ན་གང་དག་ཉན་པར་མི་བྱེད་པ་དང་། དད་པར་མི་བྱེད་པ་དང་། ཡིད་ཆེས་པར་མི་བྱེད་པ་དང་། མཆོད་པར་མི་བྱེད་པ་དང་། བརྩོན་འགྲུས་ཞན་པ་དང་། བརྗེད་ངས་པ་དང་། བུ་སྨད་དང་། བྲན་དང་། བྲན་མོ་དང་། ལོངས་སྤྱོད་དང་། དབང་ཕྱུག་དང་། བཞད་གད་དང་། འཇོ་སྒེག་དང་། བྲོ་དང་། གར་དང་། གླུ་སྣ་ཚོགས་ཀྱིས་རྣམ་པར་གཡེངས་ཤིང་།


DKG093_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་དོག་དང་། སེར་སྣའི་དྲན་པས་ཉན་པར་མི་བྱེད། ཡིད་ཆེས་པར་མི་བྱེད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་ལས་ལ་མངོན་པར་བརྩོན་པ་ཡིན་ཏེ། དེ་དག་ནི་སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དག་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། ཡི་དགས་ཀྱི་ཡུལ་རྣམས་ལས་ཡོངས་སུ་མི་ཐར་བ་ཁོ་ནར་འགྱུར་རོ། །དེ་ལྟ་བས་ན་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་བདག་ཉིད་ངན་སོང་ཐམས་ཅད་ལས་ཡོངས་སུ་ཐར་བར་འདོད་པ་དེ་དག་གིས་བསྙེན་བཀུར་བྱས་ཏེ་ཆོས་ཀྱི་རྣམ་གྲངས་འདི་མཆོད་པར་བྱ་ཞིང་། གཞན་དག་ལ་ཡང་ཡང་དག་པར་བསྟན་པར་བྱ་ཡིད་ལ་ཡང་གཟུང་བར་བྱའོ། །ཁྲག་ཁྲུག་དང་། འཁྲུག་ཀློང་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དག་དང་། དུས་མ་ཡིན་པར་འཆི་བ་དང་། གནག་ནད་དང་། ཕྱུགས་ནད་དང་། མི་ནད་དག་དང་། ནད་དང་། འཇིགས་པ་དང་། གནོད་པ་སྣ་ཚོགས་དག་ལ་ཡང་ཆོས་ཀྱི་རྣམ་གྲངས་འདི་མཆོད་པ་བྱས་ཏེ་བཀླག་པར་བྱའོ། །རྒྱལ་མཚན་བཙུགས་ལ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། རོལ་མོའི་སྒྲ་སྣ་ཚོགས་དག་གིས་མཆོད་ཅིང་ཕྱོགས་བཞིར་གཏོར་མ་གཏོར་ལ་མེ་ཏོག་དང་། བདུག་སྤོས་དང་། སྤོས་དག་གིས་ཕྱག་བྱས་ཏེ་འཇུག་པར་བྱས་ན། དེར་ཡམས་ཀྱི་ནད་དང་། གནོད་པ་དང་། འགོ་བའི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུར་རོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། །སྔོན་གྱི་སྲིད་པར་འདྲེན་པས་གང་གསུངས་ཤིང་། །སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། །ད་ལྟར་ངས་ཀྱང་ཁྱོད་ལ་བཤད་པ་ཡི། །ཏིང་འཛིན་འདི་ནི་ཟུང་ཤིག་ཀུན་དགའ་བོ། །སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་ལ། །གང་གིས་ཁམས་གསུམ་སྦྱིན་པར་བྱིན་པ་བས། །མདོ་སྡེ་འདི་ལ་མཆོད་པ་བྱས་ན་ནི། །སྦྱིན་པས་དེ་ཡི་དཔེར་ཡང་མི་ཕོད་དོ། །གང་གིས་སངས་རྒྱས་ལ་ནི་དད་བྱས་ཏེ། །ཚད་མེད་གཙུག་ལག་ཁང་དག་བརྩིགས་པ་བས། །གང་ཞིག་མདོ་འདི་འཛིན་པ་གང་ཡིན་པ། །དེ་ནི་དེ་བས་བསོད་ནམས་མང་པོར་འགྱུར། །


DKG093_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་མེ་ཏོག་གཅིག་ཙམ་འཐོར་བྱེད་ཅིང་། །གོས་དང་ཕྲེང་བ་བྱུག་པ་དེ་བཞིན་ཏེ། །ཏིང་འཛིན་འདི་ལ་བསྙེན་བཀུར་བྱེད་གྱུར་ན། །བསོད་ནམས་ཚོགས་ཆར་སྔ་མ་དེ་མི་འགྱུར། །གང་གིས་མདོ་སྡེ་འདི་ལ་མཆོད་པའི་ཕྱིར། །ཀཱ་ར་ཥཱ་པ་ཎའི་སྦྱིན་པ་སྦྱིན་བྱེད་ཅིང་། །བྱང་ཆུབ་ཕྱིར་ནི་བྱམས་པའི་སེམས་བསྐྱེད་ན། །དེ་ནི་དེ་བས་བསོད་ནམས་མང་པོ་འཐོབ། །བྱང་ཆུབ་སེམས་དཔའ་གང་གིས་སེམས་ཅན་ལ། །ཏིང་འཛིན་འདི་བཤད་ལུང་ཕོག་དེ་བཞིན་དུ། །བླ་མེད་བྱང་ཆུབ་ཕྱིར་ནི་བཀོད་གྱུར་ན། །དེ་ཡི་བསོད་ནམས་དཔེར་ཡང་མི་བཟོད་འགྱུར། །དེ་ལྟས་ཕན་ཡོན་འདི་དག་ཐོས་ནས་ཀྱང་། །སེམས་ཅན་ཀུན་ལ་དེ་བཞིན་བྱམས་བྱས་ཏེ། །མདོ་འདི་གཟུང་ཞིང་ཡི་གེར་བྲི་བར་བྱ། །བཀླག་པར་བྱ་ཞིང་དེ་བཞིན་བཤད་པར་བྱ། །རྒ་དང་དེ་བཞིན་ན་འཆིས་གནོད་གྱུར་ཅིང་། །སྡུག་བསྔལ་རབ་དྲག་བརྒྱ་ཡིས་ཡོངས་གདུངས་ལ། །སེམས་དམྱལ་ཡི་དགས་རྣམས་སུ་སྐྱེ་བ་ན། །ཕྱི་མའི་དུས་ན་འགྱོད་པར་གྱུར་ཏ་རེ། །འཆི་བའི་དུས་ན་ཡིད་སྐྲག་འཇིགས་གྱུར་ལ། །ཡང་དང་ཡང་དུ་སྔམ་པ་འདོན་བྱེད་ཅིང་། །བདག་གི་དཔུང་གཉེན་སྐྱབས་སུ་སུ་འགྱུར་ཞེས། །བྱིས་པའི་བློ་ཅན་ཕན་ཚུན་རྟོག་ག་རེ། །གང་ཕྱིར་དེ་བཞིན་གཤེགས་པ་མ་མཆོད་ཅིང་། །སངས་རྒྱས་ཆོས་དང་དགེ་འདུན་ནོར་འཕྲོགས་པ། །མི་བཟད་གཤིན་རྗེའི་འཇིག་རྟེན་ཁྲིད་འགྱུར་ཞིང་། །ཕྱིན་ཆད་རྟག་ཏུ་སྐྱབས་འགྱུར་འགའ་ཡང་མེད། །བུ་སྨད་ཡོད་མིན་ཉེ་དུ་རྩ་ལག་མེད། །ཡུལ་འཁོར་ཡོད་མིན་བཞད་གད་འཇོ་སྒེག་མེད། །ནོར་དང་འབྲུ་དང་དེ་བཞིན་གོས་དང་རྒྱན། །ཀུན་སྤངས་སྡུག་བསྔལ་ཡང་དང་ཡང་མི་ཟད། །ཏིང་འཛིན་འདི་ལ་དད་པར་མ་བྱས་པས། །དེ་འདྲའི་སྡུག་བསྔལ་མི་བཟད་མྱོང་འགྱུར་བས། །སྡུག་བསྔལ་འདི་དང་ཕན་ཡོན་དེ་ཐོས་ན། །བྱིས་པའི་བློ་ཡང་སུ་ཞིག་དད་མི་སྐྱེད། །དེ་ཕྱིར་རྟག་ཏུ་དགེ་སློང་ཕོ་མོ་དང་། །དགེ་བསྙེན་རྣམས་དང་རྒྱལ་པོས་ཁོར་ཟུག་དང་། །མདོ་སྡེ་འདི་ནི་རྟག་ཏུ་གཟུང་བྱ་ཞིང་། །འཛིན་པ་ལ་ཡང་རྟག་ཏུ་བསྙེན་བཀུར་བྱ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་ལགས་ཏེ། སྟོན་པའི་འདུ་


DKG093_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱིས་བཅད་བར་བགྱི་ཞིང་སེམས་ཅན་ཐམས་ཅད་ལ་ཡང་དག་པར་བསྟན་པར་བགྱི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་ཁྱོད་ཀྱིས་ངས་ཆོས་གང་བསྟན་པ་མཉན་ཏེ་ཀུན་བཟུང་བ་དེ་དག་ཐམས་ཅད་འཆང་བར་མི་བྱེད། ཀློག་པར་མི་བྱེད། རྒྱས་པར་མི་བྱེད་ཀྱང་། དེས་ནི་ཁྱོད་ཀྱིས་ང་ལ་ཉེས་པ་བྱས་པར་མི་འགྱུར་ཞིང་གུས་པར་མ་མཉན་པར་ཡང་མི་འགྱུར་ལ། ཉན་ཐོས་ཉིད་མ་ཡིན་པར་ཡང་མི་འགྱུར་གྱི། ཆོས་ཀྱི་རྣམ་གྲངས་འདི་འཆང་བར་མི་བྱེད། ཀློག་པར་མི་བྱེད། མཆོད་པར་མི་བྱེད། ཡང་དག་པར་སྟོན་པར་མི་བྱེད། ཡིད་ལ་མི་བྱེད་ན་ནི་དེས་ན་ཁྱོད་ཀྱིས་ང་ལ་ཉེས་པ་བྱས་པར་འགྱུར་ཞིང་གུས་པར་མ་མཉན་པར་ཡང་འགྱུར་ལ། ཉན་ཐོས་ཉིད་ཡིན་པར་ཡང་མི་འགྱུར་རོ། །ཀུན་དགའ་བོ་དེ་ལྟ་བས་ན་ཁྱོད་ཀྱིས་ཕུ་དུད་བྱས་ཏེ་ཆོས་ཀྱི་རྣམ་གྲངས་འདི་བཅང་བར་བྱའོ། །འདི་ནི་ཕྱི་མའི་དུས་ཕྱི་མའི་ཚེ་ན་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་དེ་བཞིན་གཤེགས་པའི་མཛད་པ་བྱེད་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སྲོག་ཆགས་དྲུག་ཁྲི་ལེན་བ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ། །བྱང་ཆུབ་སེམས་དཔའ་བདུན་བརྒྱས་ནི་ཏིང་ངེ་འཛིན་ཐོབ་པར་གྱུར་ཏོ། །ལྔ་བརྒྱས་ནི་སངས་རྒྱས་ཀྱི་ཞིང་ཐ་དད་པར་སྐྱེ་བར་ལུང་བསྟན་པ་ཐོབ་པར་གྱུར་ཏོ། །སྲོག་ཆགས་དགུ་ཁྲི་ནི་ཉོན་མོངས་པ་ཐམས་ཅད་ལས་རྣམ་པར་གྲོལ་ཏེ་མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་ཐམས་ཅད་སྤངས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི་སླད་མའི་དུས་སླད་མའི་ཚེ་ན། རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་ཉན་པར་བགྱིད་པ་དང་། འཛིན་པར་བགྱིད་པ་དང་། རི་མོར་བགྱིད་པ་དང་། མཆོད་པར་བགྱིད་པ་དེ་དག་དང་། ཡི་གེར་འདྲི་བར་བགྱིད་པ་དེ་དག་ལ་དེ་བཞིན་གཤེགས་པའི་མཛད་པ་བགྱིད་པར་འགྱུར་ཏེ། དེ་དག་ཀྱང་ཇི་ལྟ་བུ་འཚལ་བའི་སངས་རྒྱས་ཀྱི་ཞིང་ཐ་དད་པ་དག་ཏུ་ལུང་བསྟན་པ་ལགས་སོ། །སླད་མའི་


DKG093_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

དུས་སླད་མའི་ཚེ་ན་སེམས་ཅན་གང་བཞད་གད་དང་། འཇོ་སྒེག་དང་། གར་དང་། བྲོ་དང་། གླུ་དང་། རོལ་མོའི་སྒྲ་དག་ལ་སྣ་ཚོགས་སུ་གཡེང་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་མུན་པ་ཆེ་བ། རྩེད་མོ་ལ་དགའ་བར་འདུ་ཤེས་པ། མི་རྟག་པ་ལ་རྟག་པར་འདུ་ཤེས་པ། ཕྲག་དོག་དང་། སེར་སྣས་ཡོངས་སུ་ཟིན་ཅིང་། མཆོད་པར་མི་བགྱིད། རི་མོར་མི་བགྱིད། དད་པར་མི་བགྱིད། གློ་བ་ཆེས་པར་མི་བགྱིད། འཆང་བར་མི་བགྱིད། ཀློག་པར་མི་བགྱིད། ཉན་པར་མི་བགྱིད། ནན་ཏན་གྱིས་སྒྲུབ་པར་མི་བགྱིད་པ་དེ་དག་ནི་ངལ་བ་འདི་ཡིད་བྱུང་བར་བགྱིས་ཤིང་། སྔོན་གྱི་ལས་ཀྱི་འབྲས་བུ་དེ་ཡོངས་སུ་བས་པར་བགྱིས་ནས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་སྣ་ཚོགས་དང་། སེམས་ཅན་དམྱལ་བའི་སྡུག་བསྔལ་དག་ཉམས་སུ་མྱོང་བར་འགྱུར་ཞིང་། དེར་ཡང་བསྐལ་པ་བྱེ་བ་བརྒྱ་ཕྲག་དུ་མར་སྡུག་བསྔལ་ཉམས་སུ་མྱོང་ནས་ཡང་སླར་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་སུ་སྐྱེ་བར་འགྱུར་ལགས་ཏེ། མི་དགེ་བའི་བཤེས་གཉེན་གྱི་དབང་གིས་ཡུན་རིང་པོར་རྗེས་སུ་འགྱོད་པར་འགྱུར་ལགས་སོ། །དེ་ལྟ་ལགས་པས་ན་ལུས་དང་། ངག་དང་། ཡིད་ལེགས་པར་བསྡམ་པར་བགྱི་ཞིང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དག་ལ་ཡང་དད་པ་མི་ཕྱེད་པར་བགྱི། སེམས་ཅན་ཐམས་ཅད་ལ་ཡང་བྱམས་པའི་སེམས་དང་། ཕྲག་དོག་དང་། སེར་སྣ་དང་། འཆལ་པའི་ཚུལ་ཁྲིམས་ཡོངས་སུ་སྤངས་པའི་སེམས་དང་། ཁྲོ་བ་ཡོངས་སུ་སྤངས་པའི་སེམས་སུ་བགྱི་ལགས་སོ། །དེ་ནས་ཇི་ལྟར་ལྷགས་པའི་འཁོར་དེ་དག་གིས་རང་རང་གི་བསོད་ནམས་མངོན་པར་འདུ་བྱ་བ་དག་གིས་དེ་བཞིན་གཤེགས་པ་ལ་ལྷའི་མེ་ཏོག་དང་། བདུག་སྤོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། ན་བཟའ་དང་། རྒྱན་དག་དང་། ཨ་ལ་ལ་ཞེས་ཅ་ཅོ་དང་ག་ཞའི་སྒྲ་དག་དང་། ལྷའི་སིལ་སྙན་དང་། ཕེག་རྡོབ་པ་དང་། གླུ་དབྱངས་དག་གིས་མཆོད་པ་བྱས་ནས་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང་། དེ་བཞིན་གཤེགས་པའི་བསྟན་པ་ཡུན་རིང་དུ་གནས་པར་བགྱི་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་


DKG093_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་འདི་ཤིན་ཏུ་ལེགས་པར་བཀའ་སྩལ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེས་སུ་གནང་བ་དང་། བྱང་ཆུབ་སེམས་དཔའི་ས་གནོན་པ་ཞེས་བྱ་བར་ཡང་ཟུང་ཤིག །རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་བ་འདུས་པ་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། འཇམ་དཔལ་དང་། ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་དང་། ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དེ་དག་ཐམས་ཅད་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་ཆེན་མོ་དཔེ་མེད་མ་དང་། དྲི་མེད་འོད་དང་། འོད་ཅན་མ་དང་། འཇིགས་བྱེད་མ་དང་། དཔལ་ལྡན་མ་དང་། དུང་ཅན་མ་དང་། འཕྲོག་མ་ལ་སོགས་པ་དེ་དག་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དེ་དག་ཐམས་ཅད་དང་། ཐམས་ཅད་དང་ལྡན་པའི་འཁོར་ཇི་ལྟར་ལྷགས་པ་དེ་དག་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ད་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྩ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། བནྡེ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རླབས་སེམས་ཅན་ལ་གཟིགས་ཤིང་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཀུན་ཏུ་སྟོན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།next