བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་། མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ།


DKG093_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་། མིག་སྟོང་དང་། ལྡན་པའི་ཆོ་ག་ཞིབ་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། རི་གྲུ་འཛིན་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། རིན་པོ་ཆེ་བཀོད་པའི་འཁོར་གྱི་ཁྱམས་ན་བཞུགས་ཤིང་། བཅོམ་ལྡན་འདས་རིན་པོ་ཆེའི་སེང་གེའི་ཁྲི་ལ་བཞུགས་ཏེ། ཁྲི་དེ་ནི་རིན་པོ་ཆེའི་མཆོག་སྣ་ཚོགས་དུ་མས་སྤྲས་པ། རིན་པོ་ཆེ་སྣ་བདུན་གྱི་རྒྱལ་མཚན་རྣམས་ཀྱིས་ཡོངས་སུ་བརྩེགས་པ་ལྷའི་བ་དན་དཔྱངས་པ་སྟེ། དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་སེང་གེའི་ཁྲི་དེ་ཉིད་ལ་བཞུགས་ནས་འདི་སྙམ་དགོངས་ཏེ། ངས་བྱང་ཆུབ་སེམས་དཔའ་ཐམས་ཅད་འཛིན་པའི་གཟུངས་བཤད་གོར་མ་ཆག་སྙམ་དུ་དགོངས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དུ་མ་དང་། ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་སྡེ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་པདྨའི་སྤྱན་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ།


DKG093_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱི་བོ་ནས་དབང་བསྐུར་བ། ཆོས་ཀྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་སྲས་ཤ་སྟག་དང་ཐབས་ཅིག་གོ། །འོད་སྲུང་ཆེན་པོ་ལ་སོགས་གང་དག་གིས་ཉན་ཐོས་དག་གིས་བཅུ་སྤྱད་པར་གྱུར་པ། ཉན་ཐོས་ཀྱི་དགེ་འདུན་དཔག་ཏུ་མེད་པ། གྲངས་མེད་པ། ཚངས་པ་དུང་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་དུ་མ་དང་། ལྷའི་བུ་ས་འཚོ་ལ་སོགས་པ་ལྷའི་བུ་དུ་མ་དང་། རྒྱལ་པོ་ཆེན་པོ་བཞི་འཕགས་སྐྱེས་པོ་ལ་སོགས་པ་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་དུ་མ་དང་། ཀླུའི་རྒྱལ་པོ་ནུས་པའི་དྲ་བ་ལ་སོགས་པ་ཀླུའི་རྒྱལ་པོ་དུ་མ་དང་། ལྷའི་བུ་མོ་གཞོན་ནུའི་མིག་ལ་སོགས་པ། འདོད་པ་ན་སྤྱོད་པའི་ལྷ་དུ་མ་དང་། དགོན་པའི་ལྷ་དུ་མ་ཡང་ཐབས་ཅིག་གོ། །འབབ་ཆུ་དང་། མཚོ་དང་། མཚོ་བྲན་དང་། ཁྲོན་པ་དང་། ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། སྨན་དང་། རྩྭ་དང་། ཤིང་གེལ་བ་དང་། ནགས་ཚལ་དང་། ནགས་ཁྲོད་དང་། གཙུག་ལག་ཁང་དང་། ཁྱིམ་དང་། ཆུ་དང་། མེ་དང་། རྡུལ་གྱི་རི་དང་། ས་དང་། རྒྱལ་པོའི་ཁབ་དང་། མཆོད་རྟེན་དང་། དྲི་གཙང་ཁང་ལ་སོགས་པ་ན་གནས་པའི་ལྷ་ཐམས་ཅད་ཀྱང་དེར་འདུས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་ཆེན་པོ་དེའི་ནང་ན་འདུག་པས། རྫུ་འཕྲུལ་མངོན་པར་ཤེས་པའི་འོད་ཟེར་རྣམས་ཀྱིས་མ་ཚོར་བར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ཁྱབ་པར་སྣང་བར་བྱས་ཤིང་། སྟོང་གསུམ་གྱི་སྟོང་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་གསེར་གྱི་ཁ་དོག་ལྟ་བུར་བྱས་སོ། །ལྷ་དང་ཀླུ་ཐམས་ཅད་དང་། ལྷ་མཆོག་ཐམས་ཅད་ཀྱི་ཁང་པ་དག་ཀྱང་ཁྲོལ་ཞེས་གཡོས་སོ། །ཆུ་ཀླུང་དང་། ཆུ་ཀླུང་ཆེན་པོ་དང་། རྒྱ་མཚོ་ཆེན་པོ་དང་། རི་ཁོར་ཡུག་དང་། རི་བོ་རི་རབ་དང་། རྡུལ་གྱི་རི་དང་། རི་ནག་པོ་ཐམས་ཅད་ཀྱང་ཤིན་ཏུ་གཡོས་སོ། །ཟླ་བ་དང་། ཉི་མ་དང་། རིན་པོ་ཆེ་དང་། མེ་དང་། གཟའ་དང་། རྒྱུ་སྐར་གྱི་འོད་ཀྱང་མོག་མོག་པོར་བྱས་


DKG093_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ལྟས་རྨད་དུ་བྱུང་བ་དེ་མཐོང་ནས། ལྟས་སྔོན་མ་མཐོང་བ་ལ་ཐེ་ཚོམ་སྐྱེས་ཏེ། དེ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ཏེ། རྫུ་འཕྲུལ་མངོན་པར་ཤེས་པའི་ལྟས་འདི་སུས་བགྱིས་ཞེས། སངས་རྒྱས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་ཞུས་པ། །དེང་སུ་བྱང་ཆུབ་ཡང་དག་མཐར་ཐུག་གྱུར། །ཐམས་ཅད་ལྡན་པའི་འོད་ཟེར་སུ་ཡིས་བཏང་། །འཇིག་རྟེན་མགོན་པོ་ཅི་སླད་ཕྱོགས་བཅུ་ཡི། །ཞིང་རྣམས་གསེར་མཆོག་འདྲ་བར་གནས་པར་གྱུར། །སྟོང་གསུམ་འདི་ནི་ཅི་སླད་ཚིག་པ་འདྲ། །དེང་འདིར་སུ་ཞིག་གིས་ནི་དབང་ཐོབ་ལགས། །སྔོན་ཆད་མ་བྱུང་རྫུ་འཕྲུལ་སྟོབས་སུས་བསྟན། །སུ་ཡིས་འདིར་ནི་ཞིང་མང་གཡོས་པར་བགྱིས། །ཅི་སླད་ལྷ་དང་ཀླུ་རྣམས་ཁྱིམ་འཁྲུགས་ཤིང་། །གཞལ་མེད་ཁང་མཆོག་དག་ཀྱང་རབ་འགུལ་དང་། །ཐམས་ཅད་སྐྲག་ནས་རྣམ་པར་བལྟ་ཞིང་མཆིས། །ཅི་ཡི་སླད་དུ་སྟོང་གསུམ་གཡོས་པ་དང་། །གང་གིས་འཁོར་འདིར་ཐེ་ཚོམ་སྐྱེས་གྱུར་དེའི། །རྒྱུ་དང་སུ་ཡི་མཐུ་ལགས་མ་འཚལ་ན། །ཅི་སླད་རྫུ་འཕྲུལ་མངོན་ཤེས་བསྟན་བགྱིས་པ། །རྒྱལ་བ་བྱམས་པའི་ཐུགས་ཅན་བཀའ་སྩལ་གསོལ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ལ་བཀའ་སྩལ་པ། །ཀྱེ་རིགས་ཀྱི་བུ་ཁྱོད་ལ་སོགས་པ་འདི་ལྟར་ཤེས་པར་གྱིས་ཤིག །ད་ལྟར་འཁོར་གྱི་དཀྱིལ་འཁོར་འདི་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཞིག་ཡོད་དེ། འདི་ནི་བསྐལ་པ་དུ་མ་ནས་འགྲོ་བའི་དོན་མཐར་ཕྱིན་པ། བྱམས་པ་དང་། སྙིང་རྗེ་དང་ཐབས་ལ་མཁས་པ། བསྒོམས་པས་སྒྲུབ་པ་དང་། གཟུངས་ཀྱི་སྒོ་རྣམས་ལ་ནུས་པ་དང་ལྡན་པ་སྟེ། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཞི་བ་དང་། བདེ་བར་འདོད་པས་རྫུ་འཕྲུལ་གྱི་སྟོབས་ཆེན་པོ་འདི་ཕྱུང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། གོས་


DKG093_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་བགོས་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ལ་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་གསང་སྔགས་སྙིང་ལྟར་བཟུང་བ་མཆིས་ཏེ། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཕན་པ་དང་། བདེ་བ་ཐོབ་པར་བགྱི་བ་དང་། སྡིག་པའི་ལས་ཐམས་ཅད་དང་། ལས་ལྕི་བ་རྣམས་འབྱང་བར་བགྱི་བ་དང་། བགེགས་དང་མི་ཁོམ་པ་རྣམས་ཡོངས་སུ་སྤང་བར་བགྱི་བ་དང་། དགེ་བའི་ཕྱོགས་བསོད་ནམས་ཐམས་ཅད་འཕེལ་བར་བགྱི་བ་དང་། དགེ་བའི་རྩ་བའི་ས་བོན་ཐམས་ཅད་ཡོངས་སུ་རྫོགས་པར་བགྱི་བ་དང་། འཇིགས་པ་དང་། གནོད་པ་ཐམས་ཅད་ཡོངས་སུ་སྤང་བ་དང་། མཆོག་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ། བདག་ད་དེ་བརྗོད་པར་འཚལ་ན། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ། ཐུགས་རྗེས་བདག་ལ་ངེས་པར་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་ཤིན་ཏུ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བའི་ཕྱིར། གསང་སྔགས་གང་བརྗོད་པར་འདོད་པ་འདི། ད་ལྟར་ལེགས་པར་ཁྱོད་ཀྱིས་དུས་ལ་བབ་ཀྱིས་མྱུར་དུ་སྨྲོས་ཤིག །སངས་རྒྱས་བཅོམ་ལྡན་འདས་དང་། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་རྗེས་སུ་ཐུགས་རང་ངོ་། །སངས་རྒྱས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་དྲན་པ་བསྐལ་པ་དུ་མ་འདས་པར་གྱུར་པ་ན། འདིར་སངས་རྒྱས་བཅོམ་ལྡན་འདས་འོད་ཟེར་སྟོང་གི་རྒྱལ་པོ་དག་པར་གནས་པ་ཞེས་བགྱི་བ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་འགྲོ་བའི་བླ་མ་དེས་བདག་ལ་བྱམས་པས་དྲན་པར་བགྱི་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བགྱི་བའི་སླད་དུ། །ཐུགས་རྗེ་ཆེན་པོས་སྙིང་ལྟ་བུ་འདི་ཡོངས་སུ་རྫོགས་པ་དང་། མི་ཟློགས་པ་དང་། རྒྱས་པར་བཤད་དེ། གསེར་གྱི་ཁ་དོག་ལྟ་བུའི་ཕྱག་བདག་གི་མགོ་ལ་བཞག་ན། འདི་སྐད་ཅེས་ཀྱེ་རིགས་ཀྱི་བུ་ཁྱོད་ཀྱིས་མ་འོངས་པའི་སྡིག་པ་ཅན་


DKG093_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དུས་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཆེན་པོ་བྱ་བའི་ཕྱིར། སྙིང་ལྟ་བུའི་གསང་སྔགས་འདི་ཟུང་ཤིག །ཅེས་བཀའ་སྩལ་ཏོ། །བདག་ནི་དེའི་ཚེ་ཐོག་མ་ཉིད་དུ་ས་དང་པོ་ལ་གནས་པར་གྱུར་ཏོ། །འདི་ལྟར་བདག་གིས་གསང་སྔགས་འདི་ལན་ཅིག་ཐོས་པས་དེ་ཉིད་ན་གནས་བཞིན་དུ་ས་བརྒྱད་པ་ངེས་པར་རྟོགས་པར་གྱུར་ཏོ། །བདག་གིས་དེའི་ཚེ་སྙིང་ལ་བབ་པ་དང་། དགའ་བ་དང་། ཡིད་བདེ་བ་ཐོབ་ནས། དེ་ཉིད་དུ་བདག་གིས་སྨོན་ལམ་འདི་སྐད་བཏབ་སྟེ། འདི་ལྟར་བདག་མ་འོངས་པའི་དུས་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། ཞི་བར་བགྱིད་ནུས་པར་འགྱུར་ཞེ་ན། ད་ངེས་པར་བདག་གི་ལུས་ལ་ལག་པ་སྟོང་དང་། མིག་སྟོང་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བགྱིས་པ་དང་། སྨོན་ལམ་དེ་སྐད་བཏབ་མ་ཐག་ཏུ་དེ་ཉིད་ན་མཆིས་བཞིན་དུ། ལག་སྟོང་དང་། མིག་སྟོང་ཡོངས་སུ་རྫོགས་པར་གྱུར་ཏོ། །ཕྱོགས་བཅུ་དག་ཏུ་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་གཡོས་སོ་ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་འོད་ཟེར་སྟོང་སྟོང་བདག་གི་སྟེང་དུ་བཀྱེ་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་སྣང་བར་གྱུར་ཏོ། །དེ་སླན་ཆད་སངས་རྒྱས་བཅོམ་ལྡན་འདས་དུ་མའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་དང་ཡང་དུ་རྙེད་ཅིང་ཐོས་ཏེ། དེ་དག་གི་སྤྱན་སྔར་གཟུངས་སྔགས་འདི་བཟུང་ངོ་། །ཡང་དགའ་བ་དང་མགུ་བ་དུ་མ་སྐྱེས་པར་གྱུར་ཏོ། །བདག་གིས་བསྐལ་པ་དུ་མར་སྐྱེ་བ་དང་། འཆི་བ་ངེས་པར་རྟོགས་པ་ཕྲ་མོ་ཐོབ་པར་གྱུར་ཏེ། དེ་སླན་ཆད་རྟག་ཏུ་བརྗོད་ཅིང་བཟུང་སྟེ། བསྐྱུད་པར་མ་གྱུར་ཏོ། །གཟུངས་སྔགས་འདི་གཟུང་བའི་དོན་དུ་བདག་གང་དང་གང་དུ་སྐྱེས་པར་རྟག་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྱན་སྔར་པདྨ་ལས་རྫུས་ཏེ་སྐྱེས་ནས། མའི་མངལ་དུ་སྐྱེ་བ་གཟུང་བར་མ་གྱུར་ཏོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཞིག་བརྗོད་ཅིང་འཛིན་པར་འཚལ་བ་དེས། སེམས་ཅན་ཐམས་ཅད་ལ་བྱམས་པའི་བསམ་པ་དང་། སྙིང་རྗེའི་བསམ་པའི་སེམས་བསྐྱེད་པར་བགྱིའོ། །ཐོག་མར་བདག་བརྗོད་པའི་


DKG093_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་སྨོན་ལམ་ཆེན་པོ་འདི་སྐད་གདབ་པར་བགྱི་སྟེ། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་ཤེས་རབ་ཆེན་པོའི་མིང་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་སེམས་ཅན་ཡོངས་སུ་སྐྱོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་ཐབས་ལ་མཁས་པ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་ཤེས་རབ་ཀྱི་གྲུར་ཞུགས་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྒལ་བར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ཚུལ་ཁྲིམས་ཀྱི་རྐང་པ་དང་ལྡན་ཞིང་ལམ་མྱུར་དུ་ཐོབ་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་མྱ་ངན་ལས་འདས་པའི་རི་ལ་འཛེག་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ངེས་པར་མྱུར་དུ་འདུས་མ་བྱས་ཀྱི་ཁྱིམ་དུ་འཇུག་པར་གྱུར་ཅིག །བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་མྱུར་དུ་ཆོས་ཀྱི་སྐུ་དང་གཅིག་ཏུ་གྱུར་ཅིག །གང་གི་ཚེ་བདག་རལ་གྲིའི་རི་དེ་ལ་འགྲོ་བ་ན་རལ་གྲིའི་རི་དེ་བསྙིལ་ཞིང་ཞིག་པར་གྱུར་ཅིག །གང་གི་ཚེ་བདག་མེ་མ་མུར་གྱི་ནང་དུ་འགྲོ་བ་ན། མེ་མ་མུར་དེ་རང་མེད་པར་གྱུར་ཅིག །གང་གི་ཚེ་བདག་སེམས་ཅན་དམྱལ་བའི་ལམ་དུ་འགྲོ་བ་ན། སེམས་ཅན་དམྱལ་བ་རྣམས་རང་བཞིན་གྱིས་སྟོངས་པར་གྱུར་ཅིག །གང་གི་ཚེ་བདག་གཤིན་རྗེའི་འཇིག་རྟེན་དུ་འགྲོ་བ་ན། ཡི་དགས་རྣམས་རང་ཚིམ་པར་གྱུར་ཅིག །གང་གི་ཚེ་བདག་ལྷ་མ་ཡིན་གྱི་གནས་སུ་འགྲོ་བ་ན། དེ་དག་གི་སེམས་རང་དུལ་བར་གྱུར་ཅིག །གང་གི་ཚེ་བདག་དུད་འགྲོ་རྣམས་སུ་འགྲོ་བ་ན། དེ་དག་ཡེ་


DKG093_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཆེན་པོའི་དེ་ཁོ་ན་རང་ཐོབ་པར་གྱུར་ཅིག་ཅེས་དེ་ལྟར་སྨོན་ལམ་དེ་སྐད་བཏབ་ནས། དད་པ་ལྡན་ཞིང་སེམས་ཀྱིས་དྲན་པར་བགྱིས་ལ། བདག་གི་མིང་བརྗོད་པར་བགྱིའོ། །དེ་ནས་ཡང་བདག་སློབ་དཔོན་འདི་ལྟ་སྟེ། དེ་བཞིན་གཤེགས་པ་འོད་དཔག་མེད་རྟག་ཏུ་དྲན་པར་བགྱིའོ། །དེ་ནས་གསང་སྔགས་འདི་བརྗོད་པར་རིགས་སོ། །ནུབ་གཅིག་ལ་འདི་ལན་ལྔ་བརྗོད་ན། བདག་ཉིད་ཀྱི་སྐྱེ་བ་དང་། འཆི་བ་བསགས་པའི་ལས་ལྕི་བ་སྟོང་ཕྲག་བརྒྱ་དང་། བྱེ་བ་སྟོང་ཕྲག་བཅུ་བསགས་པ་རྣམས་སྤོང་བར་འགྱུར། བྱང་བར་འགྱུར་རོ། །ཡང་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་བཅོམ་ལྡན་འདས་ལྷ་དང་མི་ཐམས་ཅད་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་སྔགས་གཞི་འདི་ཇི་ལྟ་བ་བཞིན་དུ་བརྗོད་ཅིང་འཛིན་ན། གལ་ཏེ་དེ་དག་འགུམ་པའི་དུས་ཀྱི་ཚེ། ཕྱོགས་བཅུ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་དེའི་སྟེང་དུ་ཕྱག་རྐྱོང་ཞིང་འདི་སྐད་ཅེས་ཁྱོད་གང་དུ་སྐྱེ་བར་འདོད། །གང་དང་གང་དུ་སྨོན་ལམ་བཏབ་པ་དེར་སོང་ཤིག་ཅེས་གསུང་ངོ་། །ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའམ་མི་མ་ལགས་པ་གང་ཞིག་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གསང་སྔགས་འདི་བརྗོད་ཅིང་འཛིན་ལ། དེ་གལ་ཏེ་ངན་སོང་གསུམ་དུ་ལྷུང་བར་གྱུར་ན། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །གང་ཞིག་གིས་གསང་སྔགས་འདི་བརྗོད་ཅིང་བཟུང་ལ། སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་མ་ཐོབ་ན་བདག་སངས་རྒྱས་སུ་མ་གྱུར་ཅིག །ཡང་སུ་ཞིག་གིས་གསང་སྔགས་འདི་བརྗོད་ཅིང་བཟུང་ལ། དེས་ཏིང་ངེ་འཛིན་དང་། སོ་སོ་ཡང་དག་པར་རིག་པ་དུ་མ་མ་ཐོབ་ན། བདག་སངས་རྒྱས་སུ་མ་གྱུར་ཅིག །ཡང་སུ་ཞིག་གིས་གསང་སྔགས་འདི་བརྗོད་ཅིང་བཟུང་ལ། ཚེ་གཅིག་གིས་ཡིད་ལ་བསམས་པ་ཐམས་ཅད་ཡོངས་སུ་མ་རྫོགས་ན། འདི་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་ཞེས་བགྱི་བའི་མིང་ཐོབ་པར་མི་འགྱུར་རོ། །སུ་སྡིག་པ་བགྱིད་པ་དང་། མ་དད་


DKG093_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་གཏོགས་སོ། །བུད་མེད་སུ་ཞིག་བུད་མེད་ཀྱི་ཆོས་ལ་ཡིད་བྱུང་ནས། བདག་སྐྱེས་པར་གྱུར་ཅིག་ཅེས་འཚལ་ཏེ། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་སྔགས་གཞི་འདི་བརྗོད་ཅིང་བཟུང་ལ་དེ་བུད་མེད་ཀྱི་ལུས་ལས་མ་གྱུར་ཅིང་། སྐྱེས་པའི་ལུས་མ་ཐོབ་ན། བདག་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །གལ་ཏེ་འཛིན་པར་བགྱིད་པས། དེ་ལ་ཐེ་ཚོམ་ཅུང་ཟད་ཙམ་ཞིག་བགྱིས་ན། གདོན་མི་འཚལ་བར་ཡིད་ལ་བསམས་པ་བཞིན་དུ་མི་འགྲུབ་བོ། །གང་གིས་དགེ་འདུན་གྱི་བཟའ་བ་དང་། ཐུག་པ་དང་། ནོར་དང་། འབྲུ་ཕྲོགས་སམ། ཆུད་གསན་ཏེ། གང་ལ་སངས་རྒྱས་སྟོང་གི་བཤགས་སུ་གནང་བས་བཤགས་སུ་ལགས་ཀྱང་བཤགས་པར་མ་གྱུར་ལ། གལ་ཏེ་གསང་སྔགས་འདི་བརྗོད་ཀྱང་། སྡིག་པ་ཐམས་ཅད་འབྱང་བར་མ་གྱུར་ན། དེའི་སླད་དུ་དགེ་འདུན་གྱི་རྫས་ཅི་སྤྱད་པ་དང་། ཆུད་གསན་པ་དང་། ཕྲོགས་པ་དང་། ཕྱོགས་བཅུ་དག་ན། རབ་ཏུ་བྱུང་བ་ཐམས་ཅད་ཀྱི་སོ་སོའི་མདུན་དུ་མཆིས་ལ་བཤགས་ན། དེའི་ཚེ་དེའི་བཤགས་པར་འགྱུར་རོ། །གལ་ཏེ་དེ་ལྟར་གསང་སྔགས་འདི་བརྗོད་པར་གྱུར་ན། ཕྱོགས་བཅུ་དག་ཏུ་གཏོགས་པའི་རབ་ཏུ་བྱུང་བའི་འདུས་པ་རྣམས་དེ་ལ་དབང་ཡིན་ནོ་ཞེས་སྨྲ་ཞིང་ལས་ཐམས་ཅད་ཀྱང་བཤགས་པར་ཆུད་པར་འགྱུར་རོ། །སྡིག་པ་བཅུ་པོ་ཐམས་ཅད་དང་། མཚམས་མེད་པ་ལྔ་དང་། འཕགས་པའི་གང་ཟག་རྣམས་ལ་མི་སྙན་པ་བརྗོད་པ་དང་། དམ་པའི་ཆོས་སྤང་བ་དང་། དུས་མ་ལགས་པར་ཟས་འཚལ་བ་དང་། བསླབ་པ་ཉམས་པ་དང་། མཆོད་རྟེན་དང་། དགེ་འདུན་གྱི་ཀུན་དགའ་ར་བ་དང་། དགེ་འདུན་གྱི་རྫས་ཆུད་གཟོན་པ་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་གནས་པའི་སེམས་ཅན་རྣམས་ཀྱི་ཚུལ་ཁྲིམས་ཉམས་པར་བགྱིད་པ་དང་། དེ་ལ་སོགས་པའི་སྡིག་པའི་ལས་ཤིན་ཏུ་ལྕི་བ་ཐམས་ཅད་དང་། སྡིག་པ་ཐམས་ཅད་མ་ལུས་པར་བྱང་བར་འགྱུར་རོ། །གང་ཐེ་ཚོམ་འཚལ་བ་ནི་མ་གཏོགས་ཏེ། དེའི་སྡིག་པ་ཆུང་ངུ་དང་། ལས་ཡང་བ་ཡང་འབྱང་བར་མི་འགྱུར་ན། ཤིན་ཏུ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ། སྡིག་པའི་ལས་ཤིན་ཏུ་ལྕི་བ་


DKG093_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱང་བར་མ་གྱུར་དུ་ལགས་ཀྱང་། ཡུན་རིང་མོ་ཞིག་ན། སངས་རྒྱས་ཀྱི་རྒྱུར་འགྱུར་བར་བགྱིད་ནུས་པར་འགྱུར་རོ། །ཡང་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གལ་ཏེ་མིའམ། མི་མ་ལགས་པ་ཞིག་གིས་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བརྗོད་པར་གྱུར་ན། དེ་སྐྱེ་བ་བཟང་པོ་རྣམ་པ་བཅོ་ལྔ་ཐོབ་པར་འགྱུར་རོ། །གཤིས་ངན་དུ་འགུམ་པ་རྣམ་པ་བཅོ་ལྔ་ནི་མྱོང་བར་མི་འགྱུར་ཏེ། བཅོ་ལྔ་གང་ཞེ་ན། དང་པོ་ནི་གང་ལྟོགས་པས་སྡུག་བསྔལ་ཏེ་འགུམ་པར་མི་འགྱུར་བའོ། །གཉིས་པ་ནི་གང་ཆད་པ་ངན་པས་བཅད་པའི་ཚོར་བས་ཉམ་ཐག་པའི་གནོད་པ་དག་གིས་འགུམ་པར་མི་འགྱུར་བའོ། །གསུམ་པ་ནི་དགྲ་དང་། ཁོན་མཆིས་པ་དང་། ཕྱིར་བཟློག་པ་རྣམས་ཀྱི་དུག་དང་། མཚོན་གྱིས་འགུམ་པར་མི་འགྱུར་བའོ། །བཞི་པ་ནི་གང་དམག་གི་གཡུལ་འགྱེད་པར་ཞུགས་པའི་ཚེ་འགུམ་པར་མི་འགྱུར་བའོ། །ལྔ་པ་ནི་གང་སྟག་དང་། སྤྱང་ཀི་ལ་སོགས་པ་གཅན་གཟན་མ་རུངས་པ་རྣམས་ཀྱིས་བསད་པས་འགུམ་པར་མི་འགྱུར་བའོ། །དྲུག་པ་ནི་གང་སྦྲུལ་གདུག་པ་དང་། རྩངས་པ་དང་། སྲོག་ཆགས་ཨུ་ཙི་ལིང་གས་ཟིན་ནས་འགུམ་པར་མི་འགྱུར་བའོ། །བདུན་པ་ནི་གང་མེ་དང་། ཆུས་འགུམ་པར་མི་འགྱུར་བའོ། །བརྒྱད་པ་ནི་གང་དུག་ཏུ་འགྱུར་རོ་འཚལ་བས། འགུམ་པར་མི་འགྱུར་བའོ། །དགུ་པ་ནི་གང་སྲོག་ཆགས་སྣ་ཚོགས་ཀྱི་དུག་གིས་འགུམ་པར་མི་འགྱུར་རོ། །བཅུ་པ་ནི་གང་རྨོངས་པ་དང་། རྣམ་པར་གཡེངས་པ་དང་། བརྗེད་པ་དང་། ཉལ་བས་འགུམ་པར་མི་འགྱུར་བའོ། །བཅུ་གཅིག་པ་ནི་གང་རི་དང་། ཤིང་དང་། གཡང་ས་དང་། གད་པ་ལས་ལྟུང་བས་འགུམ་པར་མི་འགྱུར་བའོ། །བཅུ་གཉིས་པ་ནི་གང་བྱད་ཀྱིས་འགུམ་པར་མི་འགྱུར་བའོ། །བཅུ་གསུམ་པ་ནི་གང་དག་ལྷ་གཡོན་ཅན་རྣམས་དང་། འབྱུང་པོ་སྡིག་པ་ཅན་རྣམས་ཀྱིས་གླགས་བལྟས་པས་འགུམ་པར་མི་འགྱུར་བའོ། །བཅུ་བཞི་པ་ནི་གང་གསོར་མི་རུང་བའི་ནད་རྣམས་ཀྱིས་བཏབ་ནས་འགུམ་པར་མི་འགྱུར་རོ། །བཅོ་ལྔ་པ་ནི་གང་བདག་ལ་བདག་གསོད་པས་འགུམ་


DKG093_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

པར་མི་འགྱུར་བ་སྟེ། གང་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་ཏེ། གང་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བརྗོད་ཅིང་འཛིན་པ་དེ་ལ། གཤིས་ངན་དུ་འགུམ་པ་རྣམ་པ་བཅོ་ལྔ་འབྱུང་བར་མི་འགྱུར་རོ། །སྐྱེ་བ་བཟང་པོ་རྣམ་པ་བཅོ་ལྔ་ཡང་ཐོབ་པར་འགྱུར་ཏེ། དང་པོ་ནི་གང་དང་གང་དུ་སྐྱེ་བ་ཐམས་ཅད་དུ་ཆོས་དང་མཐུན་པའི་རྒྱལ་པོ་རྣམས་དང་ཕྲད་པར་འགྱུར་བའོ། །གཉིས་པ་ནི་གང་འཕགས་པའི་ཡུལ་དུ་སྐྱེ་བ་ཐོབ་པར་འགྱུར་བའོ། །གསུམ་པ་ནི་དུས་བཟང་པོ་དང་ཕྲད་པར་འགྱུར་བའོ། །བཞི་པ་ནི་གང་རྟག་ཏུ་དགེ་བའི་བཤེས་གཉེན་རྣམས་དང་ཕྲད་པར་འགྱུར་བའོ། །ལྔ་པ་ནི་གང་དབང་པོ་མཐའ་དག་ཚང་བའི་ལུས་འཐོབ་པར་འགྱུར་བའོ། །དྲུག་པ་ནི་གང་དགེ་བའི་ཕྱོགས་ལ་སེམས་ཡོངས་སུ་སྨིན་པར་འགྱུར་བའོ། །བདུན་པ་ནི་གང་ཚུལ་ཁྲིམས་ཉམས་པར་མི་འགྱུར་བའོ། །བརྒྱད་པ་ནི་གང་གཉེན་བཤེས་རྣམས་དང་། བྲན་གཡོག་རྣམས་ཀྱིས་བྱེ་བྲག་ཤེས་ཤིང་མཐུན་པར་འགྱུར་བའོ། །དགུ་པ་ནི་གང་ཡོ་བྱད་དང་། ནོར་དང་། ཟས་རྟག་ཏུ་རྒྱུན་མི་འཆད་པར་རྙེད་པར་འགྱུར་བའོ། །བཅུ་པ་ནི་གང་གཞན་གྱིས་གོ་འཕང་བསྟོད་པ་དང་། མཆོད་པ་དང་། བཀུར་སྟི་རྙེད་པར་འགྱུར་བའོ། །བཅུ་གཅིག་པ་ནི་གང་ནོར་དང་། ཡོ་བྱད་མི་འཕྲོགས་པར་འགྱུར་བའོ། །བཅུ་གཉིས་པ་ནི་གང་བསམས་པ་སེམས་དང་མཐུན་པར་འགྱུར་བའོ། །བཅུ་གསུམ་པ་ནི་གང་ལྷ་དང་ཀླུ་དང་། ལྷ་མ་ཡིན་རྣམས་ཀྱིས་ཀྱང་རྟག་ཏུ་སྲུང་བར་འགྱུར་བའོ། །བཅུ་བཞི་པ་ནི་གང་སངས་རྒྱས་བཅོམ་ལྡན་འདས་རྣམས་མཐོང་ཞིང་ཆོས་ཀྱང་ཐོབ་པར་འགྱུར་བའོ། །བཅོ་ལྔ་པ་ནི་གང་ཆོས་ཐོས་པ་དང་། དོན་ཟབ་མོ་ཤེས་རབ་ཀྱིས་རྟོགས་པར་འགྱུར་བ་སྟེ། གང་ལ་ལ་ཞིག་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བརྗོད་ཅིང་འཛིན་པ་དེས་གོང་དུ་སྨོས་པ་སྐྱེ་བ་རྣམ་པ་བཅོ་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །དེའི་སླད་དུ་ལྷ་དང་མི་ཐམས་ཅད་ཀྱིས་རྟག་ཏུ་བརྗོད་ཅིང་གཟུང་བར་བགྱི་སྟེ། དེ་ལ་སྐྱོ་བ་བསྐྱེད་པར་མི་བགྱིའོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚིག་དེ་སྐད་སྨྲས་ནས། དེའི་རྗེས་ལ་འཁོར་མང་པོའི་དབུས་དེ་ཉིད་དུ་འདུག་སྟེ། ལག་པ་གཉིས་མཉམ་པར་ཐལ་མོ་སྦྱར་ནས། སེམས་ཅན་


DKG093_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཛུམ་པའི་བཞིན་རྒྱས་པར་བྱས་ནས། རྒྱས་པ་ཆེན་པོ་ཀུན་ནས་ཡོངས་སུ་རྫོགས་པ་ཐོགས་པ་མེད་པ་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་གཟུངས་སྔགས་ཆེན་པོ་གཞི་མཛེས་པ་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་སརྦ་བན་དྷ་ན་ཙྪེ་ད་ན་ཀ་རཱ་ཡ། སརྦ་པཱ་པ་ས་མུ་དྲོཙྪོ་ཥ་ཎ་ཀ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཨི་ཏྱུ་པ་དྲ་བ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏཱ་ར་ཎ་ཀ་རཱ་ཡ། ཏ་སྱ་ན་མསྐྲྀ་ཏྭ། ཨི་དཾ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། ཏ་བ་ནཱི་ལ་ཀཎྛ་ནཱ་མ་པ་ར་མ་ཧྲྀ་ད་ཡ་མཱ་བརྟ་ཡི་ཥྱཱ་མི། སརྦ་ཨཪྠ་སཱ་དྷ་ནཾ། ཤུ་བྷ་ཙེ་ཏ་ནཾ། སརྦ་བྷཱུ་ཏཱ་ནཱཾ་པཱ་པ་མཱ་རྒ་བི་ཤོ་དྷ་ཀཾ། ཏདྱ་ཐཱ། ཨཱ་ལོ་ཀེ། ལོ་ཀ་མ་ཏི། ལོ་ཀཱ་ཏི་ཀྲཱནྟ། ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ །སྨ་ར་ཧྲྀ་ད་ཡཾ། ཨེ་ཧྱེ་ཧི། ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པ་ར་མ་མེེ་ཏྲི་ཙིཏྟ་ཀཱ་རུ་ཎི་ཀ །ཀུ་རུ་ཀུ་རུ་ཀརྨ། སཱ་དྷ་ཡ་སཱ་དྷ་ཡ་བི་དྱཱ་ན། དེ་ཧི་དེ་ཧི། མེ་ཨ་རཾ་ག་མཾ་ག་མཾ་བི་ཧཾ་ག་མ། སིད་དྷ་ཡོ་གཱི་ཤྭ་ར། དུ་ཧུ་དུ་ཧུ་མ་ཧཱ་བཱིཪྱ་ནྟེ། དྷ་ར་དྷ་ར་དྷཱ་རེནྡྲེ་ཤྭ་ར་ཛྭ་ལ་ཛྭ་ལ་བི་མ་ལ་མཱུ་རྟེ། ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་ར། ཀྲྀཥྞཱ་ཛི་ན་ཛ་ཊཱ་མུ་ཀུ་ཊ། ཨ་ལཾ་ཀྲྀ་ཏ། ཤ་རཱི་ར་ལམྦ་པྲ་ལམྦ་བི་ལམྦ། མ་ཧཱ་སིད་དྷ་བིདྱཱ་དྷ་ར། བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཛྭ་ལ་ཛྭ་ལ་མ་ཧཱ་ཛྭ་ལ། ཀྀཥྞ་པཀྵ། ཀྲྀཥྞ་བརྞ། ཀིཥྞ་པཱ་ཤ། ནི་རྒྷཱ་ཏ་ན། ཧེ་པདྨ་ཧ་སྟ། ཛ་ཡ་ཀ་ར། ནི་ཤཱ་ཙ་རེ་ཤྭ་ར། ཀྀཥྞ་སརྦ་ཀྲི་ཏ་ཡཛྙོ་པ་བཱི་ཏ། ཨེ་ཧྱེ་ཧི་མ་ཧཱ་བཱི་ར། མ་ཧཱ་བ་ར་མ་ཧཱ་བཱ་རཱ་ཧ་མུ་ཁ། ཏྲི་པུ་ར་ད་ཧ་ནེ་ཤྭ་ར། ནཱ་རཱ་ཡ་ཎ་རཱུ་པ། བ་ལ་བེ་ག་དྷཱ་རི། ཧེ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི། མ་ཧཱ་ཧ་ལ་ཧ་ལ། བི་ཥ་ནི་རྫི་ཏ་ལོ་ཀ་སྱ་རཱ་ག་བི་ཥ་ནཱ་ཤ་ན། དྭེ་ཥ་བི་ཥ་བི་ནཱ་ཤ་ན། མོ་ཧ་བི་ཥ་བི་ནཱ་ཤ་ན། ནི་ར་མོཀྵ་ཎ་ཧུ་ལུ་ཧུ་ལུ། མུཉྩ་མཉྩ། མུ་ཧུ་མུ་ཧུ། ཧ་ལཱ་ཧ་ར། མ་ཧཱ་པདྨ་ནཱ་བྷི། ར་ས་ར་ས། སི་རི་སི་རི། སུ་རུ་སུ་རུ། བུ་དྷྱ་བུ་དྷྱ། བོདྷ་ཡ་བོ་དྷཡ། བོདྷ་ཡཱ་མི། ཏ་བ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི། བཱ་མ་སྠི་ཏ། མ་ཧཱ་


DKG093_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སིང་ཧ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ། མ་ཧཱ་ཊྚཊྚ་ནིརྞཱ་དེ་ན། ཨེ་ཧྱེ་ཧི་བྷོ་བྷོ་མ་ཧཱ་སིད་དྷ་ཡོ་གཱི་ཤྭ་ར། བནྡྷ་བནྡྷ། བཱ་ཙ་ན་སཱ་དྷ་ཡ། སཱ་དྷ་ཡ། བིདྱཱ་ན། སྨ་ར་སྨ་ར་སྟྭཾ། ཧེ་བྷ་ག་བཱན། ལོ་ཀི་བི་ལོ་ཀི་སྟྭཾ། ཏ་ཐཱ་ག་ཏ། དེ་ཧི་དེ་ཧི་མེ་དར་ཤ་ནཾ། ཀཱ་མ་སྱ་དར་ཤ་ནཾ། པྲ་སཱ་དྷ་ཡ་མེ་སྭཱ་ཧཱ། སིད་དྷཱ་ཡ་སྭཱ་ཧཱ། མ་ཧཱ་སིད་དྷཱ་ཡ་སྭཱ་ཧཱ། སིད་དྷ་ཡོ་གཱི་ཤྭ་རཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྛཱ་ཡ་སྭཱ་ཧཱ། བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ན་ར་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། བཛྲ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཧ་སྟཱ་ཡ་སྭཱ་ཧཱ། སིད་དྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ། མ་ཧཱ་སིད་དྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ། པདྨ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་པདྨ་ཧ་སྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀྲི་ཏ་ཡཛྙོ་པ་བཱི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་མཱ་ལ་མ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤདྑ་ཤབྡ་ནིརྣཱ་ད་ན་ཀ་རཱ་ཡ་སྭཱ་ཧཱ། བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ། བཱ་མསྠི་ཏ་སྐནྡྷ་དེ་ཤ་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ། བཱ་མ་ཧསྟ་བྱཱ་གྷྲ་ཙརྨ་ནི་བཱ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྷེ་ཤྭ་རཱ་ཡ་སྭཱ་ཧཱ། རཀྵ་རཀྵ་མཱཾ་སྭཱ་ཧཱ། ཀུ་རུ་རཀྵ་མཱུ་རྟཱི་ནཱཾ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ། ན་མ་ཨཱཪྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སིད་དྷྱན་ཏུ་མེ། མནྟྲ་པ་དཱ་ནི་སྭཱ་ཧཱ། ཨོྃ་ཧྲཱི་ཏྲེེ་ལོཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ །ཨ་པྲ་ཏི་ཧ་ཏེ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྙིང་པོ་འདི་བརྗོད་ནས་ས་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་སོ། །འགུལ་ལོ། །འུར་འུར་རོ། །བར་སྣང་ལས་རིན་པོ་ཆེ་དང་འདྲེས་པའི་མེ་ཏོག་གི་ཆར་མངོན་པར་བབ་བོ། །ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་རྗེས་སུ་ཐུགས་རང་ངོ། །བདུད་དང་གཞན་མུ་སྟེགས་ཐམས་ཅད་སྔངས་སྐྲག་སྟེ། སྤུ་ཟིང་ཞེས་བྱེད་པར་གྱུར་ཏོ། །འཁོར་དེ་ཐམས་ཅད་ནི་སོ་སོར་འབྲས་བུ་ཐོབ་སྟེ། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་བོ། །ཁ་ཅིག་ནི་ས་དང་པོ་ཐོབ་བོ། །ཁ་ཅིག་ནི་ས་གཉིས་པ། ཁ་ཅིག་ནི་ས་གསུམ་པ། ཁ་ཅིག་ནི་ས་བཞི་པ། ཁ་ཅིག་


DKG093_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ས་ལྔ་པ་ནས། ཁ་ཅིག་ས་བཅུ་པའི་བར་དུ་ཐོབ་བོ། །གང་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་དཔག་ཏུ་མེད་དོ། །དེ་ནས་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ། གོས་ལེགས་པར་བགོས་ནས། གུས་པའི་སེམས་ཀྱིས་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཀྱེ་ལས་མཛད་པ་ལེགས་སོ་ལེགས་སོ། །བདག་ཀྱང་འདས་པའི་དུས་ན། དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་དག་གི་འཁོར་རྣམས་སུ་འདུས་པར་གྱུར་ཏེ། བདག་གིས་དེ་དག་ཏུ་ཆོས་ཀྱི་རྣམ་གྲངས་དང་། གཟུངས་ཀྱི་སྒོ་སྣ་ཚོགས་དག་ཀྱང་ཐོབ་ན། བདག་གིས་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུང་སྔགས་གཞི་ཐོགས་པ་མེད་པ་རྒྱ་ཆེན་པོ་འདི་མ་ཐོས་ཀྱིས། ད་བྱང་ཆུབ་སེམས་དཔའ་ལས་མཛད་པ་ཆེན་པོ་དེའི་ལུས་དང་། རྟགས་དང་། ཚུལ་དང་། མཚན་ཉིད་ངེས་པར་བཤད་དུ་གསོལ། བདག་ལ་སོགས་པ་འཁོར་ཆེན་པོ་འདི་ཐོས་པར་འཚལ་ཞིང་སྨོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། ཚངས་པ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ཁྱོད་ཀྱིས་ཐབས་མཁས་པས། སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་དྲི་བ་འདི་བྱས་སོ། །ད་ཉོན་ཅིག་དང་མདོར་ཅུང་ཟད་ཅིག་ཁོ་བོས་ཁྱོད་ལ་བཤད་པར་བྱའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་སྨྲས་སོ། །འདི་ནི་སྙིང་རྗེ་ཆེན་པོའི་སེམས་སོ། །འདི་ནི་མཚུངས་ཤིང་མཉམ་པའི་སེམས་སོ། །འདི་ནི་འདུས་མ་བྱས་ཀྱི་སེམས་སོ། །འདི་ནི་ཆགས་ཤིང་ཞེན་པ་མེད་པའི་སེམས་སོ། །འདི་ནི་སྟོང་པ་ཉིད་དུ་བལྟ་བའི་སེམས་སོ། །འདི་ནི་བསྟི་སྟང་དུ་བྱས་ཤིང་གུས་པའི་སེམས་སོ། །འདི་ནི་མ་འཁྲུགས་ཤིང་སྐྱོན་མེད་པའི་སེམས་སོ། །འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཏེ། སེམས་དེ་དག་ལ་སོགས་པ་ནི་སྙིང་པོ་འདིའི་མཚན་ཉིད་དང་། ཚུལ་ཡིན་པར་དེ་ལྟར་ཞེས་བྱའོ། །དེ་ལྟར་ཚུལ་འདིས་སྤྱད་པར་བྱའོ། །བསྒོམ་པར་བྱའོ། །ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ། །


DKG093_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སོགས་པ་འཁོར་འདིས་སྙིང་པོ་འདིའི་ཚུལ་དང་། མཚན་ཉིད་དེ་དང་སླན་ཆད་མ་འཚལ་ཏོ། །ད་སླན་ཆད་ནི་བླང་ངོ་། །མི་བསྐྱུད་པར་བགྱིའོ། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སྙིང་པོ་འདི་བརྗོད་ཅིང་འཛིན་ན། དེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཡངས་པ་བསྐྱེད་པའོ། །དེ་ལྟར་ཡི་དམ་བཅས་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ལུས་གཟུང་བར་བྱའོ། །ཟས་དུས་དུས་སུ་བཟའ་བ་དང་། ཚུལ་ཁྲིམས་དང་ལྡན་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱའོ། །རྟག་པར་རྒྱུན་དུ་རྒྱུན་མི་འཆད་པར་གསང་སྔགས་འདི་བརྗོད་པར་བྱའོ། །གཙང་མར་གནས་པས་གནས་པར་བྱའོ། །ཁྲུས་ལེགས་པར་བྱའོ། །གོས་གཙང་མ་བགོས་ལ་ལྷའི་བ་དན་དང་། མར་མེ་དང་། བདུག་པ་དང་། མེ་ཏོག་དང་། གཏོར་མ་ལ་སོགས་པས་མཆོད་པར་བྱའོ། །སེམས་རྩེ་གཅིག་ཏུ་གཟུང་བར་བྱའོ། །ཡང་དག་པར་མ་ཡིན་པ་ལ་བརྟག་པར་མི་བྱའོ་ཞེས་དེ་སྐད་ཅེས་བརྗོད་པར་བྱའོ། །དེ་ལྟར་གཟུང་བར་བྱའོ། །འོན་ཏང་བྱང་ཆུབ་སེམས་དཔའ་ཉི་འོད་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་དང་། ལྷའི་དྲང་སྲོང་དུ་མ་ཡང་དེར་འགྲོ་སྟེ། དབང་བྱེད་ཅིང་དངོས་གྲུབ་ཀྱང་སྦྱིན་པར་འགྱུར་རོ། །ཁོ་བོས་ཀྱང་དེའི་ཚེ་མིག་སྟོང་གིས་སྒྲུབ་པ་པོ་དེ་ལ་བལྟའོ། །ལག་པ་སྟོང་གིས་སྦ་ཞིང་བཟུང་ངོ་། །འཇིག་རྟེན་གྱི་མདོ་དང་། ཡི་གེ་རྣམས་ལེན་ཅིང་འཛིན་ཀྱང་ནུས་པར་འགྱུར་རོ། །གཞན་མུ་སྟེགས་ཅན་ཐམས་ཅད་ཀྱི་ཆོས་དབང་དུ་བྱ་བ་དང་། རིག་བྱེད་རྣམས་ཀྱང་ངེས་པར་རྟོགས་པར་འགྱུར་རོ། །གང་ལ་ལ་ཞིག་གསང་སྔགས་འདི་བརྗོད་ཅིང་འཛིན་པས་ནི་འཇིག་རྟེན་ན་འབྱུང་པོས་ཕྱུང་བའི་ནད་ཀྱི་རྣམ་པ་བརྒྱད་ཁྲི་བཞི་སྟོང་གང་སུ་ལ་བྱུང་ཡང་རུང་སོས་པར་བྱེད་དོ། །དེས་ཞི་བར་མི་འགྱུར་བའི་ནད་གང་ཡང་མེད་དོ། །ཡང་འབྱུང་པོའམ། ལྷ་རྣམས་ལ་ཡང་རྒོལ་བའི་མཐུ་ཡོད་པར་འགྱུར་རོ། །བདུད་ཀྱང་ཕམ་པར་བྱེད་དོ། །གཞན་མུ་སྟེགས་ཅན་རྣམས་ཀྱི་ཕྱོགས་ཀྱང་


DKG093_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྐུགས་པར་བྱེད་དོ། །གལ་ཏེ་རི་ལ་གནས་པའམ། དགོན་པ་ན་གནས་པ་གང་ཞིག་ཁ་ཏོན་པ་ལ་དེ་ན་གནས་པ་སྡིག་པ་བྱེད་པ་དང་། བགེགས་བྱེད་པ་དང་། གནོད་པ་བྱེད་པའི་ལྷ་དང་། འབྱུང་པོ་སྣ་ཚོགས་གང་དག་སེམས་འཁྲུགས་པར་བྱེད་ན། སྙིང་པོ་འདི་ལན་ཅིག་བརྗོད་པས་དེ་དག་ཐམསཅད་བཅིངས་པར་འགྱུར་རོ། །གང་ལ་ལ་ཞིག་ཚུལ་འདི་བཞིན་དུ་གསང་སྔགས་འདི་བརྗོད་ཅིང་འཛིན་ན། སྲོག་ཆགས་ཐམས་ཅད་ལ་སྙིང་རྗེ་བསྐྱེད་པར་བྱའོ། །དེའི་ཚེ་ཁོ་བོས་ཀྱང་ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་རྟག་ཏུ་དེའི་ཕྱི་བཞིན་འབྲངས་ལ་བསྲུང་བ་བགྱིས་ཏེ། ཕྲད་པར་གྱིས་ཤིག་ཅེས་བསྒོ་བར་བྱའོ། །མིག་གི་འབྲས་བུ་དང་། རང་གི་སྲོག་ཇི་ལྟ་བ་བཞིན་དུ་སྲུང་བར་འགྱུར་རོ། །ཚིགས་སུ་བཅད་པ་དག་ཀྱང་སྨྲས་པ། གང་ཞིག་དད་པས་སྙིང་པོ་འདི། །ཁ་ཡིས་རྟག་ཏུ་འཛིན་པ་ཡི། །སྒྲུབ་པ་པོ་ལ་དུས་ཀུན་ཏུ། །སོམས་ལ་སྲུང་བགྱིས་ཤིག་ཅེས། །ཁུང་བུ་མིག་དང་དེ་བཞིན་དུ། །སྟོབས་པོ་ཆེ་དང་ལུ་གུ་རྒྱུད། །ལྷ་ཡི་དམ་པ་ལྕགས་ཀྱུ་དང་། །ལག་ན་རྡོ་རྗེ་བསྒོ་བར་བྱ། །ཁོ་བོའི་སྙིང་པོ་མཆོག་འདི་ནི། །དད་པས་རྟག་ཏུ་འཛིན་པ་ཡི། །སྒྲུབ་པ་སྡིག་དང་བྲལ་བ་ལ། །ཁྱེད་ཅག་སྲུངས་ཤིག་སྐྱོངས་ཤིག་ཅེས། །དབང་ཕྱུག་ཆེ་དང་ཁྱབ་འཇུག་དང་། །ནོར་གྱི་བུ་དང་དྲག་པོ་དང་། །ཀུམ་བི་ར་དང་སེར་སྐྱ་དང་། །དེ་དག་རྣམས་ལ་ཁོ་བོ་བསྒོ། །གང་ཞིག་རྟག་ཏུ་དད་པ་ཡིས། །གསང་སྔགས་འདི་བརྗོད་འཛིན་བྱེད་པའི། །རིག་སྔགས་འཆང་ལ་མི་གཡེལ་བར། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །ལྔས་རྩེན་དང་ནི་བདེ་མཆོག་དང་། །ཙིན་ད་ལ་དང་སུ་མ་ལ། །བིང་ག་ལ་དང་གཤིན་རྗེ་ལ། །ཁོ་བོས་ལུང་གིས་བསྒོ་བར་བྱ། །གང་ཞིག་རྟག་ཏུ་དད་པ་ཡི། །ཁོ་བོའི་གསང་སྔགས་འདི་འཛིན་ཅིང་། །རྟག་བརྗོད་རིག་སྔགས་འཆང་བ་ལ། །བསམ་པ་གྱིས་ཤིག་སྲུང་བ་གྱིས། །སྒྲུབ་པ་པོ་ལ་སྲུངས་ཤིག་ཅེས། །བདེན་པ་པོ་དང་སོ་བརྩེགས་དང་། །མི་མཇེད་བདག་དང་ལྷ་མོ་དཔལ། །དེ་དག་ཀུན་ལ་ཁོ་བོས་བསྒོ། །གང་ཞིག་དད་པས་ཁོ་བོ་ཡི། །


DKG093_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་འདི་ནི་རྟག་འཛིན་ཅིང་། །རྗོད་བྱེད་རིག་སྔགས་འཆང་བ་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །ལྷ་མོ་ཆེན་མོ་དབྱངས་ཅན་དང་། །ལྷ་ཡི་དབང་པོ་བརྒྱ་བྱིན་དང་། །སུམ་ཅུ་གསུམ་དབང་རོ་ལངས་དང་། །མང་པོ་འཛིན་ལ་ཁོ་བོས་བསྒོ། །ཁོ་བོའི་རིག་སྔགས་འདི་འཆང་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །གནས་ལྔ་དག་ན་གནས་པ་ཡི། །གཙང་མའི་གནས་ཀྱི་ལྷ་རྣམས་དང་། །ཡང་དག་ཤེས་དང་ནོར་བུ་བཟང། །དེ་དག་རྣམས་ལ་ཁོ་བོས་བསྒོ། །གང་ཞིག་དད་པས་ཁོ་བོ་ཡི། །གསང་སྔགས་འདི་ནི་རྟག་འཛིན་ཅིང་། །རྗོད་བྱེད་རིག་སྔགས་འཆང་བ་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །རྒྱལ་པོ་རྣམ་ཐོས་བུ་དང་ནི། །འཕྲོག་མ་བུ་དང་བཅས་པ་དང་། །ཡུལ་འཁོར་སྲུང་དང་སྐྱོང་བྱེད་དང་། །མིག་མི་བཟང་དང་འཕགས་སྐྱེས་དང་། །སྐེམ་བྱེད་གཞོན་ནུར་གྱུར་པ་དང་། །དེ་དག་རྣམས་ལ་ཁོ་བོས་བསྒོ། །གང་ཞིག་རྟག་ཏུ་དད་པ་ཡིས། །རྟག་ཏུ་གསང་སྔགས་འདི་འཛིན་ཅིང་། །རྗོད་བྱེད་རིག་སྔགས་འཆང་བ་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །དགའ་བོ་ཉེ་དགའ་ཀླུ་གཉིས་དང་། །སྟོབས་ཀྱི་ལྷ་དང་རྒྱ་མཚོ་དང་། །དྲང་སྲོང་ཉི་ཤུ་རྩ་བརྒྱད་དང་། །དེ་དག་རྣམས་ལ་ཁོ་བོས་བསྒོ། །གང་ཞིག་རྟག་ཏུ་དག་པ་ཡིས། །རྟག་ཏུ་གསང་སྔགས་འདི་འཛིན་ཅིང་། །རྗོད་བྱེད་རིག་སྔགས་འཆང་བ་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །ཀླུ་ཡི་རྒྱལ་པོ་ཨུཏྤལ་དང་། །འཕྲུལ་ཆེན་ལྟོ་འཕྱེ་ཆེ་རྣམས་དང་། །ལྷ་མིན་མི་ཅི་དྲི་ཟ་དང་། །དེ་དག་རྣམས་ལ་ཁོ་བོས་བསྒོ། །གང་ཞིག་རྟག་ཏུ་དད་པ་ཡིས། །རྟག་ཏུ་གསང་སྔགས་འདི་འཛིན་ཅིང་། །རྗོད་བྱེད་རིག་སྔགས་འཆང་བ་ལ། །སོམས་ཤིག་སྲུང་བ་གྱིས་ཤིག་ཅེས། །ཆུ་དང་མེ་ཡི་ལྷ་རྣམས་དང་། །ཤ་ཟ་རྣམས་དང་གློག་དང་སྤྲིན། །གྲུལ་བུམ་དག་དང་མཁའ་ལྡིང་དང་། །དེ་དག་ཀུན་ལ་ཁོ་བོས་བསྒོ། །བདེ་བར་བྱེད་པའི་ལྷ་གཡོག་འཁོར་ལྔ་བརྒྱ་དང་ལྡན་པ་ཁྱེད་ཐམས་ཅད་དང་། དེ་བཞིན་དུ་ལྷ་དང་། །ཀླུའི་རྒྱལ་པོ་རྣམས་དང་། ལྷ་དང་། ལྷའི་བུ་མོ་ལ་སོགས་པ་དང་། གནོད་སྦྱིན་སྟོབས་དང་ལྡན་པ་རྣམས་ཀྱང་གང་སྙིང་རྗེ་ཆེན་


DKG093_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱེད་པ་དེའི་ཕྱི་བཞིན་དུ་འབྲོངས་ཤིག །གནོད་པ་སོལ་ཅིག །སྲུང་བ་གྱིས་ཤིག །གལ་ཏེ་སྔགས་པ་མི་ཞིག་རི་དང་། ནགས་ཚལ་སྟོང་པ་ཐིབས་པོ་དག་ན། གཅིག་པུར་གྲོགས་མེད་པར་ཉལ་ན་ཡང་། བདེ་བར་བྱེད་པའི་ལྷ་དེ་དག་རང་གི་འཁོར་དང་བཅས་ཏེ་སྲུང་བར་བྱེད་དོ། །ཡམས་ཀྱི་ནད་རྣམས་དང་། བགེགས་རྣམས་ཀྱང་ཞི་བར་བྱེད་དོ། །གལ་ཏེ་རི་ཁྲོད་དུ་ལམ་སྟོར་བར་གྱུར་ན། གསང་སྔགས་འདི་བཟླས་བརྗོད་བྱས་པ་དང་། བདེ་བར་བྱེད་པའི་ལྷ་དང་། ཀླུའི་རྒྱལ་པོ་དེ་དག་མི་གཟུགས་ཀྱིས་དེ་ལ་ལམ་སྟོན་པར་བྱེད་དོ། །གལ་ཏེ་རི་དང་། ནགས་དང་། དགོན་པར་སོན་ལ་ཆུ་དང་མེ་མེད་པར་གྱུར་ན། ཀླུའི་རྒྱལ་པོ་རྣམས་ཀྱིས་དེ་ལ་སྲུང་བའི་ཕྱིར་ཆུ་དང་མེ་སྟོན་པར་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་རིག་སྔགས་འཆང་དེ་ལ་ཡམས་ཀྱི་ནད་དང་། གནོད་པ་གཞིག་ཅིང་བསལ་བའི་ཕྱིར། ཞི་བར་བྱེད་པའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གལ་ཏེ་འབྲོག་དང་རི་ཁྲོད་རྣམས་ཞིག་ཏུ། །སྟག་དང་སྤྱང་ཀི་གཅན་གཟན་ཁྲོ་རྣམས་དང་། །སྦྲུལ་དང་རྩངས་པ་དང་ནི་མཁའ་འགྲོ་མ། །འོང་ཡང་འདི་ཐོས་སྔགས་མཐུས་ལྡོག་པར་འགྱུར། །རྒྱ་མཚོ་ཆུ་ཀླུང་མཚོ་བྲན་འགྲམ་གནས་ན། །དུག་ལྡན་སྦྲུལ་དང་སྦྲུལ་འཛིན་བྱེད་པ་དང་། །ཆུ་སྲིན་གནོད་སྦྱིན་ཉ་དང་ཀུམ་བི་ར། །འོངས་ནའང་གསང་སྔགས་ཐོས་ན་འཇིགས་པར་འགྱུར། །དམག་དཔུང་ཆེན་པོའི་དགྲ་དང་འཐབ་པ་དང་། །ནོར་འཕྲོག་ཆོམ་རྐུན་རྣམས་དང་ཕྲད་ན་ཡང་། །དད་པས་རྩེ་གཅིག་སེམས་དང་བྱམས་པ་ཡིས། །གསང་སྔགས་བཟླས་ན་སྡིག་བྱེད་མི་ནུས་ལྡོག །རྒྱལ་པོའི་ཁྲིམས་ཅན་གོ་རར་བཅུག་པ་དང་། །བཙོན་རར་ལྕགས་དང་ཤིང་སྒྲོག་བཅུག་ན་ཡབ། །དད་པས་གསང་སྔགས་འདི་ནི་བརྗོད་བྱས་ན། །རྒྱལ་པོ་བདག་ཉིད་དེ་ལ་དགའ་བར་འགྱུར། །གལ་ཏེ་དུག་ཅན་ནགས་སམ་ཁྱིམ་གང་ན། །དུག་ཅན་ཟས་ཡོད་དེར་ནི་སོན་གྱུར་ལ། །དད་དང་ལྡན་པས་གསང་སྔགས་མཆོག་བརྗོད་ན། །དུག་རྣམས་


DKG093_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གྱུར་ནས་བདུད་རྩིར་འགྱུར། །གལ་ཏེ་བུད་མེད་བུས་ཐོགས་མི་ཕྱིན་ཅིང་། །གཡོན་ཅན་བགེགས་ཀྱིས་ན་བར་བྱེད་ན་ཡང་། །དད་པ་དྲག་པོས་གསང་སྔགས་འདི་བརྗོད་ན། །འབྱུང་པོ་འབྲོས་ཤིང་བདེ་བར་བཙའ་བར་འགྱུར། །འབྱུང་པོ་སྡང་དང་གནོད་སེམས་ཀླུ་རྣམས་ཀྱིས། །བསད་པའི་ཆེད་དུ་གནོད་པ་བྱས་ན་ཡང་། །དད་པས་གསང་སྔགས་འདི་ནི་བརྗོད་བྱས་ན། །ཚེ་ཡང་འཕེལ་ཞིང་ནད་རྣམས་འབྱང་བར་འགྱུར། །གལ་ཏེ་འབྱུང་པོས་སྐྲངས་ནད་བྱས་པ་དང་། །བས་ལྡགས་ནད་དང་ཤུ་བ་རྣག་ཁྲག་ཅན། །དད་པས་རྟག་ཏུ་གསང་སྔགས་འདི་བཟླས་ན། །གསང་སྔགས་མཐུ་ཡིས་ཐམས་ཅད་མེད་པར་འགྱུར། །སེམས་ཅན་རབ་ཏུ་སྡང་བས་བསད་པའི་ཕྱིར། །གཡོ་དང་སྒྱུ་ཡི་ལས་རྣམས་བྱེད་ན་ཡང་། །དད་པ་དྲག་པོས་གསང་སྔགས་འདི་བརྗོད་ན། །དེ་དྲུང་སྒྱུ་མའི་མཁན་པོ་འགྲོ་མི་འགྱུར། །དམ་པའི་ཆོས་ཉམས་སེམས་ཅན་རྙོག་པ་ཅན། །འདོད་ཆགས་བཅིངས་ཤིང་ལོག་པས་རྨོངས་རྣམས་དང་། །ཉིན་མཚན་མི་དྲང་མ་ཞི་རྟོག་ལྡན་ཞིང་། །ཁྱོ་དང་ལྷན་ཅིག་མི་དགའ་བུད་མེད་རྣམས། །གསང་སྔགས་བཟླས་བརྗོད་བྱས་པས་འབྱིན་ནུས་ཏེ། །འདོད་ཆགས་མེ་ཞི་སེམས་ནི་དྲང་བར་འགྱུར། །གལ་ཏེ་སྙིང་པོ་འདི་ཡི་མཐུ་བརྗོད་ན། །བསྐལ་པ་གཅིག་གི་མཐའ་མིར་ཕྱིན་མ་འགྱུར། །ཚོན་སྐུད་སྣ་ལྔ་པ་ལ་སྙིང་པོ་འདི་ལན་ལྔ་བཟླས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བཟླས་པ་མགུལ་དུ་གདགས་སོ། །སྙིང་པོ་འདི་ནི་སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་གསུངས་པའོ། །གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་སྒོམ་པར་བྱེད་ལ་ཡོངས་སུ་རྫོགས་པར་མི་འགྱུར་བ་དེ་དག་ལ། མྱུར་དུ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསུངས་སོ། །གང་དག་སངས་རྒྱས་ཉིད་དུ་སེམས་མ་བསྐྱེད་པ་དེ་དག་ཀྱང་། བྱང་ཆུབ་ཏུ་སེམས་སྐྱེད་པར་བྱེད་དོ། །གང་ཉན་ཐོས་ཀྱི་འབྲས་བུ་མ་ཐོབ་པ་དེ་དག་ཀྱང་མྱུར་དུ་ཐོབ་པར་བྱེད་དོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། ལྷའི་དྲང་སྲོང་གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་ཇི་


DKG093_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་འཁོད་པ་དེ་དག་ཀྱང་སེམས་སྐྱེད་པར་བྱེད་དོ། །གང་ཐེག་པ་ཆེན་པོའི་ཆོས་ལ་དབང་པོ་རྣམས་དད་པ་མ་རྙེད་པ་དེ་དག་ཀྱང་ཐོབ་པར་བྱེད་དོ། །སྙིང་པོ་འདིའི་མཐུས་ཐེག་པ་ཆེན་པོ་ལ་ཐར་པའི་ས་བོན་གྱི་མྱུ་གུ་འཕེལ་བར་འགྱུར་རོ། །གལ་ཏེ་དགོས་པ་ཞིག་ཡོད་ན་ཡང་ཁོ་བོའི་སྙིང་རྗེ་དང་། ཐབས་ལ་མཁས་པས་ཐམས་ཅད་འགྲུབ་བོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། མུན་པ་མུན་ནག་གི་སེམས་ཅན་དམྱལ་བ་དག་ན། སེམས་ཅན་གང་དག་གནས་པ་རྣམས་ཀྱང་། གལ་ཏེ་སྙིང་པོ་འདི་ཐོས་ན། སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་དག་ས་དང་པོ་མ་ཐོབ་པ་དེ་དག་ཀྱང་། ས་བཅུ་ནས་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་བར་དུ་འཐོབ་པར་འགྱུར་རོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཀྱང་རང་ཡོངས་སུ་རྫོགས་པར་འགྱུར་རོ། །ཉན་ཐོས་ཀྱི་ཐེག་པ་ཅན་གྱི་སེམས་ཅན་གང་དག་གིས་སྙིང་པོ་འདི་ལན་ཅིག་ཐོས་ན། དྲང་པོའི་སེམས་ཀྱི་བསམ་པས་མོས་ཤིང་སྒོམ་པར་འགྱུར་རོ། །དགེ་སྦྱོང་གི་འབྲས་བུ་བཞི་ཡང་ཇི་ལྟར་འདོད་པ་བཞིན་དུ་འཐོབ་བོ། །གལ་ཏེ་དེ་ལྟར་བཟོད་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་ན་ཡོད་པའི་རི་དང་། རྡོ་དང་རྩིག་པ་དང་རི་རབ་དང་། རི་ཁོར་ཡུག་རྣམས་ཀྱང་གཡོ་ཞིང་རྡུལ་ཕྲ་རབ་བཞིན་དུ་ཕྱེ་མར་འགྱུར་རོ། །རྒྱ་མཚོ་ཆེན་པོ་བཞི་ཡང་ཁོལ་ཞིང་འཐོར་བར་འགྱུར་རོ། །གལ་ཏེ་དེ་དང་དེའི་གམ་ཡོ་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་ཇི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་བཞིན་དུ་འགྱུར་རོ། །གང་གི་ཚེ་འདི་ལ་དམ་པར་གྱུར་པ་དེ་དག་གིས། ཉི་མ་ཉི་ཤུ་རྩ་གཅིག་ཏུ་ཚུལ་ཁྲིམས་དང་ལྡན་པར་བྱས་ལ། སྙིང་པོ་འདི་བཟླས་བརྗོད་བྱས་ན། ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཐོག་མ་མེད་པའི་ཐ་མའི་མཐའི་བར་གྱི་སྡིག་པའི་ལས་གང་ཡིན་པ་དེ་དག་ཐམས་ཅད་འབྱང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཕྱི་ནང་གི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། བརྒྱ་བྱིན་དང་། ཚངས་པ་དང་།


DKG093_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་སྐྱོང་བ་དང་། ལྷའི་དྲང་སྲོང་དང་། ཀླུའི་རྒྱལ་པོ་ཐམས་ཅད་དབང་དུ་འགྱུར་རོ། །མིའམ་ལྷ་གང་ལ་ལ་ཞིག་གསང་སྔགས་འདི་ཁ་ཏོན་བྱེད་པ་དེ་འབབ་ཆུའམ། རྒྱ་མཚོར་ཁྲུས་བྱས་ན། དེ་ན་སྲོག་ཆགས་གང་དག་འཁོད་པ་ལ་དེས་རེག་པ་དེ་དག་གི་ལས་ཤིན་ཏུ་ལྕི་བ་ཐམས་ཅད་འབྱང་བར་འགྱུར། ཚེ་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། སྒོ་ང་ལས་སྐྱེ་བའི་སྐྱེ་བ་འཛིན་པར་མི་འགྱུར་ན། གང་འདི་འཛིན་པ་དང་། བརྗོད་པ་དང་། ཀློག་པ་ལྟ་ཅི་སྨོས། འདོན་ཅིང་བརྗོད་པ་ལྟ་ཡང་ཅི་སྨོས། རླུང་གང་གིས་རིག་སྔགས་འཆང་ལ་རེག་པའི་རླུང་དེས་སེམས་ཅན་གང་ལ་ལ་ལ་རེག་པར་གྱུར་པའི་ལས་ལྕི་བ་ཐམས་ཅད་འབྱང་བར་འགྱུར་རོ། །ཡང་དང་ཡང་ངན་སོང་གསུམ་དུ་འགྲོ་བར་མི་འགྱུར་རོ། །རྟག་ཏུ་སངས་རྒྱས་འབྱུང་བར་སྐྱེ་བར་འགྱུར་རོ། །འདི་ལྟར་ཡང་ཤེས་པར་བྱ་སྟེ། གང་འཛིན་པ་དང་། འཆང་བའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ནི། བསམ་གྱིས་མི་ཁྱབ་ཅིང་དཔག་ཏུ་མེད་དོ། །གང་ལ་ལ་སྙིང་པོ་འདི་བརྗོད་པ་དེའི་ཁ་ནས་ཚིག་དགེ་བའམ། མི་དགེ་བ་ཅི་བྱུང་ཡང་རུང་སྟེ། དེ་ཐམས་ཅད་བདུད་དང་གཞན་མུ་སྟེགས་ཅན་དང་། སྲུང་བའི་ལྷ་དང་ཀླུ་དང་། འབྱུང་པོ་རྣམས་ཀྱིས་ཡོངས་སུ་དག་པའི་ཆོས་སུ་ཐོས་པར་འགྱུར་རོ། །སུ་སྙིང་པོ་འདི་ཁ་ཏོན་བྱེད་པ་དེ་ལ་ཐམས་ཅད་སངས་རྒྱས་སུ་འདུ་ཤེས་བསྐྱེད་ཅིང་གུས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་རྡུལ་ཕྲ་རབ་སྙེད་དག་གིས་སྡུག་པར་དགོངས་ཤིང་ཡོངས་སུ་བཟུང་བ་དེ་ནི་སངས་རྒྱས་ཀྱི་སྐུའི་མཛོད་དུ་ཤེས་པར་བྱའོ། །དེ་ནི་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་གྱི་སྣང་བས་སྣང་བར་འགྱུར་བས། ལུས་འོད་ཟེར་དང་ལྡན་པར་ཤེས་པར་བྱའོ། །གང་སྙིང་པོ་འདིས་སེམས་ཅན་རྣམས་ཡོངས་སུ་སྐྱོབ་པ་དེ་སྙིང་རྗེའི་མཛོད་དུ་ཤེས་པར་བྱའོ། །གང་གཟུངས་ཀྱི་སྒོ་རྣམས་སྡུད་པ་དེ་ཆོས་ཀྱི་མཛོད་དུ་ཤེས་པར་བྱའོ། །གང་ལ་ཏིང་ངེ་འཛིན་བརྒྱ་སྟོང་མངོན་དུ་སྣང་བ་དེ་བསམ་གཏན་


DKG093_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

དང་། སྙོམས་པར་འཇུག་པའི་མཛོད་དུ་ཤེས་པར་བྱའོ། །གང་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་བལྟ་བ་དེ་ནམ་མཁའི་སྙིང་པོའི་མཛོད་དུ་ཤེས་པར་བྱའོ། །གང་ལ་རྟག་ཏུ་ལྷ་དག་དང་ལྷ་རྣམས་ཀྱིས་ཀུན་ཏུ་བསྲུངས་པ་དེ་མི་འཇིགས་པའི་མཛོད་དུ་ཤེས་པར་བྱའོ། །གང་གི་ཁ་ནས་གཟུངས་ཀྱི་སྒྲ་རྒྱུན་མི་འཆད་པ་དེ་གཏམ་སྣ་ཚོགས་ཀྱི་མཛོད་དུ་ཤེས་བར་བྱའོ། །གང་ཡམས་ཀྱི་ནད་རྣམ་གསུམ་དང་། དུས་ངན་པས་ཆུད་མི་ཟོས་པ་དེ་རྟག་ཏུ་གནས་པའི་མཛོད་དུ་ཤེས་པར་བྱའོ། །གང་བདུད་དད་གཞན་མུ་སྟེགས་ཅན་གྱིས་བར་དུ་གཅོད་ཅིང་བཟློག་མི་ནུས་པ་དེའི་མིའི་ཤའི་མཛོད་ཇི་ལྟ་བ་བཞིན་མ་ཡིན་པར་ཤེས་པར་བྱའོ། །གང་རྟག་ཏུ་སྙིང་པོ་འདིས་སེམས་ཅན་ཐམས་ཅད་གསོ་བར་བྱེད་པ་དེ་སྨན་གྱི་རྒྱལ་པོའི་མཛོད་དུ་ཤེས་པར་བྱའོ། །གང་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་འབྱུང་བ་དེ་ནི་མངོན་པར་ཤེས་པར་བྱ་སྟེ། དེའི་བསོད་ནམས་ཀྱི་བསྔགས་པ་ནི་མཐའ་ཡས་སོ། །གལ་ཏེ་རིགས་ཀྱི་བུ་མིར་གྱུར་པ་ཞིག་ཡུན་རིང་པོར་འཁོར་བའི་སྡུག་བསྔལ་གྱིས་སྐྱོ་ཞིང་བདེ་བ་འདོད་ན། དེས་ཐོག་མར་བས་མཐའ་དབེན་པའི་གནས་བཙལ་བར་བྱ་སྟེ། དེར་འདུག་པར་བྱའོ། །གཙང་མར་མཚམས་ལེགས་པར་བྱའོ། །གལ་ཏེ་ཆུ་ལ་བཟླས་བརྗོད་བྱས་སམ། ཡང་ན་ཟས་སམ་ཐུག་པའམ། སྨན་ནམ། བདུག་པ་ལ་སོ་སོར་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་སྤྱད་ན་ཚེ་རིང་བར་འགྱུར་རོ། །མཐུ་ཡོད་པར་འགྱུར་རོ། །མཚམས་གཅོད་ནུས་པར་འགྱུར་རོ། །རྗེས་སུ་མཐུན་པའི་ཆོས་ལེན་པའམ། འཛིན་ནུས་པར་འགྱུར་རོ། །ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལ་མཚམས་བཅད་པའི་ཆོ་ག་ནི་འདི་ཡིན་ཏེ། ཐོག་མར་རལ་གྲི་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་དཀྱིལ་འཁོར་གཅད་པར་བྱའོ། །ཡང་ན་ཆུ་གཙང་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ། ཕྱོགས་བཞིར་གཏོར་བར་བྱ་སྟེ། འདི་ནི་མཚམས་སོ། །ཡང་ན་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར་འགྱུར་རོ། །ཡང་ན་ཇི་ཙམ་འདོད་པ་སེམས་ཀྱིས་བྱིན་གྱིས་བརླབ་པར་


DKG093_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཡང་ན་ཐལ་བ་གཙང་མ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མཚམས་བཅད་དོ། །ཡང་ན་ཚོན་སྐུད་སྣ་ལྔ་པ་ལས་བཟླས་བརྗོད་བྱས་ལ་ཕྱོགས་བཞིར་བྲེས་ན། ཐམས་ཅད་དུ་མཚམས་བཅད་པར་འགྱུར་རོ། །ཆོ་ག་འདིས་ལེན་ཅིང་འཛིན་ནུས་པར་གྱུར་ན་བདག་ཉིད་འབྲས་བུ་ཐོབ་པར་འགྱུར་རོ། །སུས་སྙིང་པོ་འདིའི་མིང་ཐོས་པ་དེའི་བསྐལ་པ་དུ་མའི་སྐྱེ་བ་དང་འཆི་བ་བསགས་པའི་ལས་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན། སུ་འདི་བརྗོད་ཅིང་འཛིན་པ་ལྟ་ཅི་སྨོས། གང་ཞིག་འདི་བརྗོད་ཅིང་སྨྲ་བར་ནུས་པ་དེ་སྔོན་གྱི་དེ་བཞིན་གཤེགས་པ་དུ་མ་ལ་མཆོད་ཅིང་བསོད་ནམས་དང་དགེ་བའི་རྩ་བ་བསགས་པ་ཡིན་པར་རིག་པར་བྱའོ། །གལ་ཏེ་ཆོ་ག་འདིས་སེམས་ཅན་གྱི་ཁམས་སྡུག་བསྔལ་ལ་གནས་པ་ཐམས་ཅད་གདོན་པར་བྱེད་ནུས་པར་གྱུར་ན། མི་དེ་ནི་སྙིང་རྗེ་ཆེན་པོ་དང་ལྡན་ཞིང་རིང་པོ་མི་ཐོགས་པར་སངས་རྒྱས་ཀྱི་བྱང་ཆུབ་འཐོབ་པར་རིག་པར་བྱའོ། །རིག་སྔགས་འཆང་དེས་སེམས་ཅན་ཇི་སྙེད་མཐོང་བ་དང་། སེམས་ཅན་སོ་སོ་ལ་བརྗོད་པ་དང་། དེ་ལ་གང་དག་གིས་ཐོས་པ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར་རོ། །རིག་སྔགས་འཆང་དེའི་བསོད་ནམས་དང་དགེ་བའི་མཐའ་ནི་བརྗོད་མི་ནུས་པར་དཔག་ཏུ་མེད་པར་འགྱུར་རོ། །གལ་ཏེ་ལུས་བསྡམས་ཤིང་ཟས་དུས་སུ་ཟ་བར་གནས་ལ་དགེ་ཞིང་དྲང་པོའི་སེམས་ཀྱིས་བརྗོད་པར་ནུས་ན། དེས་དེའི་ཚེ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་ཆེད་དུ། སྔོན་གྱི་ལས་རྣམས་བཤགས་པར་བྱའོ། །བདག་ཉིད་ཀྱང་དེ་བཞིན་དུ་བཤགས་པར་བྱའོ། །གལ་ཏེ་དེ་ལྟར་གོམས་ཤིང་རྒྱུན་མི་འཆད་པར་སྙིང་པོ་འདི་བརྗོད་ན། དེས་ཚེ་འདི་ལ་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པར་འགྱུར། དབང་པོ་རྣོ་བ་དང་། བློ་དང་ལྡན་པ་དང་། བསམ་གཏན་ལ་བློ་སྐྱེ་བར་འགྱུར། ས་བཅུའི་འབྲས་བུ་ཐོབ་པ་ལ་མི་དཀའ་བར་གྱུར་ན། འཇིག་རྟེན་པའི་བསོད་ནམས་ཀྱི་འབྲས་བུ་ཆུང་ངུ་འཐོབ་པ་ལྟ་ཅི་སྨོས། །ཅི་དང་ཅི་འདོད་པ་རྣམས་དེ་ལ་ཡོངས་སུ་རྫོགས་པར་མི་འགྱུར་བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་རྗེ་ཆེན་པོ་དང་། སྨོན་ལམ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་སྟོབས་ཀྱིས་སོ། །


DKG093_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདིའི་མཐུ་སྟོབས་རྒྱ་ཆེན་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཡུལ་གང་དང་གང་དུ་ཡམས་ཀྱི་ནད་བྱུང་ལ། ཡུལ་དེར་གལ་ཏེ་རྒྱལ་པོས་ཆོས་ཀྱིས་ཡུལ་སྲུང་ཞིང་རྒྱ་ཆེ་བ་དང་། གཙང་མར་བྱ་ན་སེམས་ཅན་རྣམས་སྟམས་ལས་མི་གཅོད་དོ། །ཉེས་པར་བྱུང་བ་རྣམས་ལ་བཟོད་པར་བྱའོ། །རྒྱལ་པོ་དེས་ལུས་དང་སེམས་ཀྱི་བརྩོན་འགྲུས་དང་ལྡན་པར་བྱས་ལ། ཞག་བདུན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱས་ན། ཡུལ་དེར་ཡམས་ཀྱི་ནད་ཅི་བྱུང་བ་ཐམས་ཅད་ཞི་བར་འགྱུར་རོ། །ལོ་ཏོག་ཐམས་ཅད་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ། །གལ་ཏེ་ས་རིས་སོ་སོར་དག་རྒྱུན་དུ་འོང་ཞིང་ཡུལ་དུ་གནས་པའི་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་དང་། མི་ཡོངས་མི་དགའ་བར་གྱུར་པ་དང་། དེར་ནད་བྱུང་བ་དང་། ཆུ་དུས་སུ་མི་འབབ་པ་དང་། དེར་ཟླ་བ་དང་ཉི་མ་ལམ་དྲང་པོར་མི་འགྲོ་བ་དང་། གལ་ཏེ་སྡིག་པའི་ལས་དེ་སྙེད་བྱུང་ན། རྒྱལ་པོ་དེས་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་། མིག་སྟོང་དང་ལྡན་པའི་གཟུགས་བྱས་ལ། གང་དུ་ཡམས་ཀྱི་ནད་བྱུང་བ་དེ་ལོགས་སུ་བཞིན་བསྟན་ཏེ་བཞག་གོ། །ཤིན་ཏུ་དད་པས་བདུག་པ་དང་། མེ་ཏོག་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་སྣ་ཚོགས་དང་། ཞལ་ཟས་རོ་བརྒྱ་པས་མཆོད་པར་བྱའོ། །དེ་ནས་རྒྱལ་པོ་དེས་སྙིང་པོ་འདི་བརྗོད་པའི་ཕྱིར། ཉིན་ཞག་བདུན་དུ་བརྩོན་འགྲུས་བརྟན་པོར་གནས་པར་བྱས་ན། ས་རིས་སོ་སོར་དགྲ་ཐམས་ཅད་དེ་ལ་ཕྱག་འཚལ་བར་འགྱུར། །རང་རང་གི་ཡུལ་ལ་དགའ་བར་འགྱུར། སེམས་མཐུན་པར་འགྱུར། ཕན་ཚུན་གྲོགས་སུ་འགྱུར། མི་ཡོངས་དང་རྒྱལ་བུ་ཐམས་ཅད་ཀྱང་བྱས་པ་གཟོ་ཞིང་། ལེགས་པར་བྱེད་པར་འགྱུར་རོ། །རྒྱལ་པོའི་བཙུན་མོའི་འཁོར་རྣམས་ཀྱང་དེ་ལ་དགའ་བ་བསྐྱེད་པར་འགྱུར་རོ། །ལྷ་དང་ཀླུ་རྣམས་ཀྱང་ཡུལ་སྲུང་བར་བྱེད་དོ། །ཆར་ཡང་དུས་སུ་འབབ་པར་འགྱུར་རོ། །འབྲས་བུ་དང་། ལོ་ཏོག་རྣམས་ཀྱང་མང་ཞིང་གྲུབ་པར་འགྱུར་རོ། །ཡུལ་ན་གནས་པ་རྣམས་ཀྱང་བདེ་བ་དང་། ཡིད་


DKG093_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྐྱེ་བར་འགྱུར་རོ། །གལ་ཏེ་ཁྱིམ་གཅིག་ཏུ་ནད་དང་། གནོད་པ་སྣ་ཚོགས་བྱུང་ངམ། བདུད་དང་འབྱུང་པོ་གཡོན་ཅན་གནས་པས་འཁྲུགས་ཤིང་སྨྲའམ། སྐུར་པ་འདེབས་སམ། གནོད་པ་དག་བྱུང་ངམ། ཕྱི་ནང་གི་མི་མཐུན་པ་ཆེན་པོའམ། ཆུང་ངུ་དག་བྱུང་ན་དེའི་ཚེ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་། མིག་སྟོང་དང་ལྡན་པ་དེའི་མདུན་དུ་མཆོད་པ་བྱས་ལ། ཤིན་ཏུ་དད་པས་སྙིང་པོ་འདི་ལན་སྟོང་བཟླས་བརྗོད་བྱས་ན། གོང་དུ་སྨོས་པའི་གནོད་པ་དེ་དག་ཞི་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སྙིང་པོ་འདིའི་མིང་ཅི་ཞེས་བགྱི། ཇི་ལྟར་བླང་བར་བགྱི། ཇི་ལྟར་གཟུང་བར་བགྱི། ཀུན་དགའ་བོ་སྙིང་པོ་འདིའི་མིང་ནི་མང་དུ་ཡོད་དེ། གཅིག་ནི་རྒྱ་ཆེར་དྲི་མ་མེད་པ་ཡོངས་སུ་རྫོགས་པ་ཞེས་བྱའོ། །སྙིང་རྗེ་ཆེན་པོ་ཐོགས་པ་མེད་པ་ཞེས་ཀྱང་བྱའོ། །སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པ་ཞེས་ཀྱང་བྱའོ། །ཚེ་འཕེལ་བར་བྱེད་པ་ཞེས་ཀྱང་བྱའོ། །ངན་འགྲོའི་ལམ་རྣམ་པར་འཇིག་པ་ཞེས་ཀྱང་བྱའོ། །ལས་ཀྱི་སྒྲིབ་པ་འཇོམས་པ་ཞེས་ཀྱང་བྱའོ། །བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་ཀྱང་བྱའོ། །སེམས་ཀྱི་རྗེས་སུ་མཐུན་པར་དབང་བ་ཞེས་ཀྱང་བྱའོ། །ས་གོང་མར་མྱུར་དུ་ངེས་པར་རྟོགས་པར་བྱེད་པ་ཞེས་ཀྱང་བྱ་སྟེ། ཀུན་དགའ་བོ་དེ་ལྟར་ཟུང་ཤིག །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གང་སྙིང་པོ་དྲང་པོ་འདི་སྟོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་མིང་ཅི་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱའོ། །མདོ་འཛིན་པ་ཞེས་ཀྱང་བྱའོ། །འོད་ཟེར་དང་མིག་དང་། ལག་པ་སྟོང་ཡོད་པ་ཞེས་ཀྱང་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དེའི་རྫུ་འཕྲུལ་གྱི་མཐུ་ནི་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་བོ། །འདི་ནི་འདས་པའི་བསྐལ་པ་དཔག་ཏུ་མེད་པའི་སྔ་ལོགས་སུ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཏེ།


DKG093_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྣང་བའི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱའོ། །དེ་ནི་སྙིང་རྗེ་ཆེན་པོ་དང་། སྨོན་ལམ་གྱི་དབང་གིས་སེམས་ཅན་ལ་ཕན་པ་དང་། བདེ་བའི་ཕྱིར་འདིར་བྱང་ཆུབ་སེམས་དཔའི་གཟུགས་སུ་སྣང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། ཀླུའི་འཁོར་དང་ཁྱེད་ཐམས་ཅད་ཀྱིས་དེ་ལ་མཆོད་པ་གྱིས་ཤིག །དེ་ལ་བརྙས་པར་མ་བྱེད་ཅིག །ལྷ་དང་མི་ཐམས་ཅད་ཀྱིས་རྟག་ཏུ་མཆོད་པ་གྱིས་ཤིག །མིང་ཡང་བརྗོད་ཅིག་དང་། དགེ་བའི་རྩ་བ་སྐྱེ་ཞིང་སྡིག་པ་དུ་མ་ཡང་འབྱང་བར་འགྱུར་རོ། །ལུས་ཞིག་སྟེ་ཤི་བའི་འོག་ཏུ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བ་འཛིན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སུ་ནོར་བུ་དང་། འབྲས་བུ་དང་། རིན་པོ་ཆེ་དང་ཡོ་བྱད་འདོད་པ་དེས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ནད་སྣ་ཚོགས་ཀྱིས་བཏབ་སྟེ། ནད་མེད་པར་འདོད་པ་དེས་དོན་ཡོད་པའི་ཞགས་པ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྟོ་ན་བ་དེས་རིན་པོ་ཆེའི་ལྷུང་བཟེད་ཐོགས་པའི་ལག་པ་ལ་བལྟས་ཏེ་བསམ་པར་བྱའོ། །སུ་འབྱུང་པོ་རྣམས་དང་བགེགས་བྱེད་པའི་ལྷ་ལ་སོགས་པ་གདུལ་བར་འདོད་པ་དེས། རིན་པོ་ཆེའི་རལ་གྲི་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་འདོད་པའི་དབང་ཕྱུག་བདུད་འདུལ་བར་འདོད་པ་དེས། རྡོ་རྗེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་དགྲ་ཚར་གཅོད་པར་འདོད་པ་དེས། རྡོ་རྗེ་ཅན་གྱི་གཏུན་ཤིང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཐམས་ཅད་དུ་འཇིགས་པར་གྱུར་ཏེ། བདེ་བ་མ་ཐོབ་པ་དེས་མི་འཇིགས་པ་སྦྱིན་པའི་ལག་པ་ལ་བལྟ་བར་བྱའོ། །སུ་མིག་ན་ཞིང་མཐོང་བ་ཉམས་པ་དེས་ནོར་བུ་རིན་པོ་ཆེ་མེ་ཤེལ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཚ་བའི་ནད་ཀྱིས་བཏབ་པ་དང་། དུག་འཐུངས་པ་དེས་ནོར་བུ་རིན་པོ་ཆེ་ཆུ་ཤེལ་ཐོགས་པའི་ལག་པ་ལ་བལྟ་བར་བྱའོ། །སུ་བདག་


DKG093_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། རྙེད་པ་དང་། གོ་འཕང་འདོད་པ་དེས། རིན་པོ་ཆེའི་གཞུ་ཐོགས་པའི་ལག་པ་ལ་བསམ་པར་བྱའོ། །སུ་གྲོགས་པོ་སྡུག་པ་མྱུར་དུ་ཕྲད་པར་འདོད་པ་དེས། རིན་པོ་ཆེའི་མདའ་ཐོགས་པའི་ལག་པ་ལ་དམིགས་པར་བྱའོ། །སུ་ལུས་ལ་ནད་སྣ་ཚོགས་ཀྱིས་བཏབ་པ་དེས། མེ་ཏོག་གི་སྙེ་མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལུས་ལ་ལས་ཀྱི་སྒྲིབ་པའི་སྡིག་པ་རྣམས་ཟད་པར་འདོད་པ་དེས། རྔ་ཡབ་དཀར་པོ་ཐོགས་པའི་ལག་པ་ལ་བལྟ་བར་བྱའོ། །སུ་ཉེ་དུ་དང་། གཉེན་འདབ་དང་། བུ་དང་། ཆུང་མ་རྣམས་དང་། སེམས་མཐུན་པར་འདོད་པ་དེས། རིལ་བ་བྷྲྀང་གར་ཐོགས་པའི་ལག་པ་ལ་བལྟ་བར་བྱའོ། །སུ་སྟག་དང་། སྤྱང་ཀི་དང་། གཅན་གཟན་མ་རུངས་པ་སྤོང་བར་འདོད་པ་དེས། ཕུབ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཕྱོགས་ཐམས་ཅད་དུ་དབང་ཕྱུག་རྣམས་ཀྱིས་གླགས་ལྟ་བ་ཡོངས་སུ་སྤོང་བར་འདོད་པ་དེས། དགྲ་སྟ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཁྱེའུ་དང་། བུ་མོ་དང་། བསྐོལ་བར་འདོད་པ་དེས། སོར་མོ་ལ་རི་ཐོགས་པའི་ཕྱག་རྒྱའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་བསོད་ནམས་དང་དགེ་བའི་ཚོགས་བྱེད་མི་ནུས་པ་དེས། པདྨ་དཀར་པོ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འདོད་པ་དེས། པདྨ་སྔོན་པོ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཡེ་ཤེས་ཆེན་པོ་ཐོབ་པར་འདོད་པ་དེས་རིན་པོ་ཆེའི་མེ་ལོང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཕྱོགས་བཅུའི་སངས་རྒྱས་མངོན་སུམ་དུ་མཐོང་བར་འདོད་པ་དེས། པདྨ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སའི་འོག་གི་གཏེར་རྣམས་ཐོབ་པར་འདོད་པ་དེས་རིན་པོ་ཆེ་ཟ་མ་ཏོག་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་དྲང་སྲོང་གི་ལམ་ཚོལ་བར་འདོད་པ་དེས། ཚོན་སྣ་ལྔའི་སྤྲིན་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཚངས་རིས་ཀྱི་ལྷའི་ནང་དུ་སྐྱེ་བར་འདོད་པ་དེས། རིལ་བ་སྤྱི་བླུགས་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྷའི་ནང་དུ་སྐྱེ་བར་འདོད་པ་དེས།


DKG093_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་མདོག་ལྟ་བུའི་པདྨ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཡུལ་གཞན་གྱི་དགྲ་ཕྱིར་ཕྱོགས་པར་འདོད་པ་དེས། རིན་པོ་ཆེ་མདུང་རྩེ་གསུམ་པ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྷ་དག་དང་། ལྷ་དང་། ཡོངས་སུ་སྐྱོང་བ་ཐམས་ཅད་དགུག་པར་འདོད་པ་དེས། དུང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྷ་རྣམས་དང་། འབྱུང་པོ་རྣམས་ལ་བསྒོ་བ་བྱེད་པར་འདོད་པ་དེས། ཁྲིའི་ཟུར་ཤིང་ལྟ་བུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མྱུར་དུ་ལུང་བསྟན་པར་འདོད་པ་དེས། བགྲང་བའི་ནོར་བུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སྐད་སྙན་ཅིང་ཚངས་པའི་སྒྲ་ལྟ་བུ་འདོད་པ་དེས། རིན་པོ་ཆེའི་དྲིལ་བུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་དགོས་པ་ཐམས་ཅད་དག་པར་འདོད་པ་དང་། ལྕེ་བདེ་བ་དང་། མཁས་པར་འདོད་པ་དེས། ཕྱག་རྒྱ་རིན་པོ་ཆེ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ལྷ་རྣམས་དང་། ཀླུ་རྣམས་དང་། རྒྱལ་པོ་རྣམས་ཀྱིས་ཡོངས་སུ་སྲུང་བར་འདོད་པ་དེས། ལྕགས་ཀྱུ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེས་ཁྱབ་པར་འདོད་པ་དེས། འཁར་གསིལ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སེམས་ཅན་ཐམས་ཅད་ཀྱིས་བསྟི་སྟང་བྱ་བ་དང་། དྲན་པར་འདོད་པ་དེས། ཐལ་མོ་སྦྱར་བའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཚེ་རབས་ཚེ་རབས་སུ་སངས་རྒྱས་དང་མི་འབྲལ་བར་འདོད་པ་དེས། སངས་རྒྱས་ཀྱི་སྤྲུལ་བ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་སྐྱེ་ཞིང་སྐྱེ་བ་ན་སངས་རྒྱས་རྒྱལ་པོའི་གནས་དང་། ཁང་བཟངས་སུ་སྐྱེ་ཞིང་མའི་མངལ་དུ་མི་སྐྱེ་བར་འདོད་པ་དེས། སྤྲུལ་པའི་གཞལ་མེད་ཁང་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་མང་དུ་ཉན་པ་དང་། མང་དུ་སློབ་པར་འདོད་པ་དེས། གླེགས་བམ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཚེ་འདི་ནས་བཟུང་སྟེ། སངས་རྒྱས་ཉིད་ཀྱི་བར་དུ་ཡིད་མི་ལྡོག་པར་འདོད་པ་དེས། འཁོར་ལོ་ཐོགས་པའི་ལག་པ་ལ་བལྟས་ཏེ་


DKG093_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

འདུག་པར་བྱའོ། །སུ་མི་འཇིགས་པ་ལ་སོགས་པ་སྦྱིན་པ་རྣམ་པ་བཞིས་འགྲོ་བ་ཚིམ་པར་འདོད་པས་མཆོག་སྦྱིན་པའི་ཕྱག་ལ་བལྟས་ཏེ་འདུག་པར་བྱའོ། །སུ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་མྱུར་དུ་བྱོན་ཏེ། ཕྱག་གིས་མགོ་ལ་ཉུག་ཅིང་ལུང་སྟོན་པར་འདོད་པ་དེས། མགོ་ལ་སངས་རྒྱས་སྤྲུལ་པ་བཞུགས་པ་ལ་བལྟས་ཏེ་འདུག་པར་བྱའོ། །སུ་འབྲུ་དང་། འབྲས་བུ་ལ་སོགས་པ་བཏབ་ཅིང་བསྐྱེད་པ་རྣམས་ཕུན་སུམ་ཚོགས་པར་འགྱུར་བར་འདོད་པ་དེས། དགུན་གྱི་སྙེ་མ་ཐོགས་པའི་ལག་པ་ལ་བལྟས་ཏེ་འདུག་པར་བྱའོ། །དེ་ལ་སོགས་པ་འདོད་པའི་དངོས་པོ་རྣམས་རྣམ་པ་སྟོང་དུ་རིག་པར་བྱ་སྟེ། མདོ་ཙམ་ཞིག་བསྟན་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་སྙིང་པོ་འདི་ཅི་ནམ་འཛམ་བུའི་གླིང་འདིར་རྒྱུན་མི་འཆད་པར་འགྱུར་བར་དགེ་བའི་སེམས་ཀྱིས་ཟུང་ཤིག་ལོང་ཤིག་རྒྱས་པར་སྟོན་ཅིག །དེ་ལྟར་ན་སྙིང་པོ་འདི་དོན་ཆེན་པོ་བྱེད་པ་ཡིན་ནོ། །ཁམས་གསུམ་ན་སེམས་ཅན་ཇི་སྙེད་འཁོད་པའི་ལུས་ལ་ནད་གང་དག་ཡོད་པ་དེ་གལ་ཏེ་གསང་སྔགས་འདིས་གསོ་བར་བྱེད་ན། ནད་མེད་པར་མི་འགྱུར་བ་དེ་གང་ཡང་མེད་དོ། །སྙིང་པོ་འདིས་ཤིང་སྐམ་པོ་ལ་བཟླས་བརྗོད་བྱས་ན། དེ་ལ་ཡལ་ག་དང་། མེ་ཏོག་གི་སྙེ་མ་དང་། ལོ་མ་དང་། འབྲས་བུ་རྣམས་འབྱུང་བར་འགྱུར་ན། སེམས་ཡོད་པའི་སེམས་ཅན་བདེ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། འདི་ལ་ཐེ་ཚོམ་ཟ་བར་མི་བྱའོ། །ཀུན་དགའ་བོ་སྙིང་པོ་འདིའི་མཐུ་སྟོབས་ནི་བརྟག་པར་མི་ནུས་ཤིང་བསམ་གྱིས་མི་ཁྱབ་སྟེ། དེ་བས་ན་ཡོན་ཏན་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་ཏོ། །སྔོན་གྱི་དུས་དག་ན་དགེ་བའི་རྩ་བ་མ་སྐྱེས་པས་ནི་མིང་ཡང་མི་ཐོས་ན་མཐོང་བ་ལྟ་ཅི་སྨོས། ཁྱོད་ལ་སོགས་པའི་འཁོར་ཆེན་པོ་འདི་དང་། ལྷ་དང་། ཀླུ་དང་། མི་རྣམས་ཀྱི་སྙིང་པོ་འདི་ལ་རྗེས་སུ་ཡི་རང་བར་བྱའོ། །གང་གིས་ཐོས་ལ་སྤོང་བ་དེ་ནི། གང་གཱའི་ཀླུང་དགུ་བཅུ་རྩ་དགུའི་བྱེ་མའི་རྡུལ་ཕྲ་རབ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་སྤོང་བར་འགྱུར་རོ། །སུ་ཞིག་སྙིང་པོ་འདི་ལ་ཐེ་ཚོམ་བསྐྱེད་ཅིང་ཡིད་མི་ཆེས་པའི་མི་དེ་ནི། ཡུན་རིང་པོ་ནས་


DKG093_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པ་ལས་རབ་ཏུ་ཉམས་ནས་བསྐལ་པ་ཆེན་པོ་བརྒྱད་སྟོང་དུ་ངན་འགྲོ་རྣམས་སུ་འཁྱམས་པར་འགྱུར་བ་དང་། མངོན་པར་འབྱུང་བར་མི་འཐོབ་པ་དང་། རྟག་ཏུ་སངས་རྒྱས་མི་མཐོང་བ་དང་། ཆོས་མི་མཐོང་བ་དང་། ཆོས་མི་ཐོས་པ་དང་། དགེ་སློང་གི་དགེ་འདུན་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མི་མཐོང་བར་ཤེས་པར་བྱའོ། །དེ་ནས་ལག་ན་རྡོ་རྗེ་ལ་སོགས་པ་འཁོར་ཆེན་པོ་དེ་དང་། བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་ཀླུ་དང་། འབྱུང་པོ་གནས་པ་རྣམས་བཅོམ་ལྡན་འདས་ཀྱི་སྙིང་པོ་འདིའི་བསྔགས་པ་བརྗོད་པ་ཐོས་ནས། ཐམས་ཅད་རབ་ཏུ་དགའ་སྟེ། བཀའ་བཞིན་དུ་འཛིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉི་འོད་ཀྱིས་རིག་སྔགས་དེ་སྲུང་བའི་ཕྱིར། གསང་སྔགས་འདི་སྨྲས་སོ། །སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ། །སྐྱོབ་བའི་ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ཆེ་ལ་ཕྱག་འཚལ་ལོ། །གསུམ་ལ་རྟག་ཏུ་ཕྱག་འཚལ་ལོ། །སུས་ཚིགས་སུ་བཅད་པ་འདི་བརྗོད་ན། དེ་སྡིག་པ་ཐམས་ཅད་འབྱང་བར་འགྱུར་རོ། །བགེགས་བྱེད་པ་བདུད་དང་མི་ཕྲད་པར་འགྱུར་རོ། །ཡམས་ཀྱི་ནད་རྣམས་ཞི་བར་འགྱུར་རོ། །ཉིན་གཅིག་ལ་དུས་གསུམ་དུ་བརྗོད་ཅིང་། དཀོན་མཆོག་གསུམ་ལ་ཕྱག་འཚལ་ན། དགེ་བའི་རྩ་བ་དེས་ཚེ་རབས་གཞན་ན་གཟུགས་དང་ལྡན་པར་སྐྱེ་བར་འགྱུར་རོ། །སེམས་ཅན་རྣམས་དགའ་བར་འགྱུར་རོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་ཟླ་འོད་ཀྱིས་རིག་སྔགས་འཆང་དེ་སྲུང་བའི་ཕྱིར་གསང་སྔགས་འདི་སྨྲས་སོ། །ཤ་མ་ཏ་ཏེ་ཏ་ཏུ་སུ་ཏེ། ཨཱཛྙཱ་བ་ཏེ། ཨུ་ཏུ་ཏེ། ཤཾ་ཁྲི་སྟེ། པརྨ་ནྱ་ཏེ། ཨ་ཏུ་ཊེ། ཀུ་ལ་ཏ་ཏེ། ཁི་མ་ཊེ་སྭཱ་ཧཱ། གསང་སྔགས་འདི་ནི་ཞལ་ནས་གསུངས་པའོ། །གསང་སྔགས་འདི་ལན་ལྔ་བཟླས་བརྗོད་བྱས་ལ། ཚོན་སྣ་བདུན་པའི་སྐུད་པས་བཅིང་བ་བྱ་སྟེ། གསང་སྔགས་འཆང་གང་དུ་ན་བར་གྱུར་པ་དེར་བཅིང་བར་བྱའོ། །གསང་སྔགས་འདི་ནི་སྔོན་གྱི་སངས་རྒྱས་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ཀྱིས་གསུངས་ཏེ། བདག་གིས་ཀྱང་ད་རིག་སྔགས་འཆང་རྣམས་སྲུང་བའི་ཕྱིར་


DKG093_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲས་སོ། །བགེགས་དང་ཡམས་ཀྱི་ནད་ཐམས་ཅད་ཞི་བར་བྱེད་དོ། །སྡིག་པ་ཐམས་ཅད་དང་ནད་ཐམས་ཅད་བྱང་བར་བྱེད་དོ། །འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དགེ་བ་ཐམས་ཅད་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པའི་གསང་སྔགས་འདི་ནི་དེ་བཞིན་ནོ། །མ་ནོར་བ་དེ་བཞིན་ནོ། །དོན་ཡོད་པའོ། །སུ་བྱང་ཆུབ་སེམས་དཔའ་འགུགས་པར་འདོད་པ་དེས། གུ་གུལ་གྱི་བདུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བསྲེགས་ན། བྱང་ཆུབ་སེམས་དཔའ་དེར་འོང་བར་འགྱུར་རོ། །སུ་ཞིག་བྱི་ལའི་གདོན་གྱིས་ཟིན་པར་གྱུར་ན། བྱི་ལའི་མགོ་རུས་བླངས་ཏེ་བསྲེགས་ལ་ས་གཙང་མ་དང་། ཐལ་བ་ཞིབ་མོ་དང་བསྲེས་ཏེ་ཆུས་སྦྲུས་ལ་བྱི་ལའི་གཟུགས་བྱས་ཏེ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ཨུར་མོའི་རལ་གྲི་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། རལ་གྲི་དེས་བྱི་ལའི་གཟུགས་དེ་བརྒྱ་རྩ་བརྒྱད་དུ་གཏུབས་ལ་དུམ་བུ་རེ་རེ་ལ་ཡང་ལན་རེ་བཟླས་བརྗོད་བྱས་ཤིང་མིང་ནས་ཀྱང་བརྗོད་ན། ཇི་སྲིད་འཚོའི་བར་དུ་མི་ལྡང་ངོ་། །སུ་ཞིག་ཧ་ལ་ཧ་ལའི་དུག་ཟོས་ན། དེས་གུ་གུལ་གྱི་བདུག་པ་དང་། ག་བུར་ཆ་བསྙམས་ཏེ་ཁྲོན་པའི་ཆུ་ལྷག་མར་མ་གྱུར་པ་དང་། བསྐོལ་བ་ཁྱོར་གང་ཙམ་ལུས་པ་དང་། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་འཐུངས་ན། དུག་ལས་སོས་པར་འགྱུར་རོ། །སུ་ཞིག་སྦྲུལ་དང་། སྲོག་ཆགས་ཨུ་ཙི་ལིང་གས་ཟིན་པར་གྱུར་ན། སྒ་ཕྱེ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ། རྨ་ཁར་བཏབ་ན་སོས་པར་འགྱུར་རོ། །སུ་ཞིག་སྡིག་པའི་འཆི་བ་དང་། སྐུར་བ་འདེབས་པས་མི་གཞན་ལ་འཆི་ན། དེས་ས་གཙང་མའམ། བག་ཕྱེའམ། སྦྲ་ཚིལ་ལས་དེའི་གཟུགས་བྱས་ལ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ཨུར་མོའི་རལ་གྲི་ལ་ལན་བརྒྱ་རྩ་བརྒྱད་དུས་གཅིག་ཏུ་བཟླས་བརྗོད་བྱས་ཏེ། སྙིང་པོ་བརྗོད་ལ་དུམ་བུར་གཏུབས་ཏེ། དེའི་མིང་ནས་བརྗོད་ཅིང་ལན་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན། དགའ་བར་འགྱུར་ཏེ། ཇི་སྲིད་འཚོའི་བར་


DKG093_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛའ་བར་འགྱུར་རོ། །སུ་ཞིག་མིག་ཉམས་ཏེ་ལྡོངས་པའི་བར་དུ་གྱུར་པ་དང་། སུ་ཞིག་མིག་གི་འབྲས་བུའི་སྟེང་དུ་ལིང་ཐོག་བྱུང་བ་དང་། མིག་ཏུ་སྐྱེས་ཏེ་མི་མཐོང་བར་གྱུར་བ་དེས་ཨ་རུ་ར་གཅིག་དང་། བ་རུ་ར་གཅིག་དང་། སྐྱུ་རུ་ར་གཅིག་ཞིབ་ཏུ་བཏགས་ལ་སྦྲང་རྩི་དཀར་པོ་དང་། ཁྱེའུ་ནུ་བའི་འོ་མ་དང་སྦྱར་བར་བྱ་སྟེ། སྦྱོར་བའི་ཚེ་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་། བུ་གསར་དུ་བཙས་པའི་བུད་མེད་དང་། ཁྱི་དང་། ཕག་གིས་མ་མཐོང་བར་བྱས་ལ་རིལ་བུར་བྱས་ཏེ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། གནས་དབེན་པ་རླུང་མི་འོང་བར་འདུག་སྟེ། ཉི་མ་བདུན་གྱི་བར་དུ་སྨན་དེ་མིའི་འོ་མ་དང་། སྦྲང་རྩི་དང་བརྡར་བ་མིག་ཏུ་བླུགས་ན། མིག་གི་འབྲས་བུ་སྐྱེའོ། །ལིང་ཐོག་མེད་པར་འགྱུར་ཞིང་ལེགས་པར་མཐོང་བར་འགྱུར་རོ། །སུ་གྲང་བའི་རིམས་ཀྱིས་བཏབ་པའི་ཆེད་དུ། སྟག་ལྤགས་སམ། གཟིགས་ལྤགས་སམ། དྲེད་ལྤགས་སམ། དོམ་ལྤགས་སམ། སྤྱང་ལྤགས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། གྲང་བའི་རིམས་ཀྱིས་བཏབ་པ་ལ་བསྐོན་ན་རིམས་སོས་པར་འགྱུར་རོ། །སེང་གེའི་པགས་པ་ནི་ཐམས་ཅད་ཀྱི་མཆོག་གོ། །གལ་ཏེ་སྦྲུལ་གྱིས་ཟིན་ན་མི་དེ་ཉིད་ཀྱི་སྐྲ་བཅད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། དུག་གི་རྨ་ཁར་བཞག་ན་སོས་པར་འགྱུར་རོ། །སུ་ཞིག་སྙིང་ན་ཞིང་མི་དྲན་ནམ། འཆི་འདོད་པར་གྱུར་ན། ཤིང་སླེ་མ་ཏ་ཀའི་ཐང་ཆུ་སྟར་ཀ་ཙམ་ཆུ་གཙང་མ་དང་བསྐོལ་ཏེ་ཕྱེད་དུ་བ་དང་ལན་བདུན་བཟླས་བརྗོད་བྱས་ལ་འཐུངས་ན། ཐམས་ཅད་བདེ་བར་འགྱུར་རོ། །བུད་མེད་ཀྱིས་བསྐོལ་བར་མི་བྱའོ། །སུ་ཞིག་འབྱུང་པོའི་གདོན་གྱིས་ཟིན་ཏམ། མི་མ་ཡིན་པས་བཏབ་པའི་ནད་ཀྱིས་བཏབ་པར་གྱུར་ན། གུ་གུལ་གྱི་བདུག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སྣར་བླུགས་སོ། །ཡང་ན་རི་བོང་གི་རྟུག་པ་ཙམ་གྱི་རིལ་བུར་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བཟའོ། །ཤ་དང་། ཆང་དང་། སྒོག་པ་དང་། འཐབ་མོ་སྤང་ངོ་། །འོན་དང་སོས་པར་འགྱུར་རོ། །ཡང་ན་ལྡོང་རོས་དང་། ཡུངས་ཀར་དང་། ལན་ཚྭ་དཀར་པོ་


DKG093_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། ནད་པའི་མལ་གྱི་འོག་ནས་བདུགས་ན། ནད་གཏོང་བའི་འབྱུང་པོ་མྱུར་དུ་འབྲོས་ཏེ། ལུས་འཇིག་ཅིང་དེར་འདུག་མི་ནུས་པར་འགྱུར་རོ། །གལ་ཏེ་གཞོགས་ཕྱེད་ནའམ། གཞོགས་ཕྱེད་ཉམས་སམ། རྣ་བ་འོན་ནམ། རྐང་ལག་འགུལ་མི་ནུས་པར་གྱུར་ན། ཏིལ་མར་གྱི་ནང་དུ་རུ་རྟ་བཙོས་ལ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བསྐུས་ན་སོས་པར་འགྱུར་རོ། །ཡང་ན་བ་མར་གཅིག་པུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། བསྐུས་ན་སོས་པར་འགྱུར་རོ། །བུད་མེད་ལ་ལ་ཞིག་བུ་འབྱུང་ཤིན་ཏུ་དཀའ་ན། ཏིལ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། ལྟོ་བའམ། ལྟེ་བར་བསྐུས་ན་མྱུར་དུ་འབྱུང་ངོ་། །གང་གི་མངལ་དུ་བུ་འཆི་ན་ཤིང་ཨ་པ་མརྒ་སྲང་གཅིག་ཆུ་ཁྱོར་དོའི་ནང་དུ་བསྐོལ་ལ་ཕྱེད་ལུས་པ་དང་། དེ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་འཐུངས་ན། གནོད་པ་མེད་པར་འབྱུང་བར་འགྱུར་རོ། །ཤ་མ་མི་འབྱུང་ན་ཡང་སྨན་དེ་ལ་བཟླས་བརྗོད་བྱའོ། །ལ་ལ་ཞིག་ཤི་ལ་ཐུག་པ་ཙམ་དུ་སྙིང་ན་སྟེ། མནགས་མི་བཟོད་ན་ཏུ་རུ་སྐ་དང་། དབྱི་མོ་ཆ་བསྙམས་ཏེ་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སོ་ལ་བསྐུ་ཞིང་མིད་ལ་སྐྱུགས་སྐྱུགས་ཀྱི་བར་དུ་བྱས་ན་སོས་པར་འགྱུར་རོ། །སྒོག་པ་རྣམ་དགུ་དང་། ཤ་དང་། ཆང་སྤང་བར་བྱའོ། །མེས་ཚིག་ན་བ་ནག་མོའི་ལྕི་བ་དྲོན་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། རྨ་ཁར་གླན་ན་སོས་པར་འགྱུར་རོ། །ལ་ལ་ཞིག་སྲོག་ཆགས་རིང་པོ་སྙིང་ལ་ཟ། རྟ་དཀར་པོའི་གཅིན་ཁྱོར་ཕྱེད་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་འཐུངས་ན། སྲོག་ཆགས་དེ་འབྱུང་ངོ་། །གལ་ཏེ་ནད་ཚབས་ཆེ་ན་ཁྱོར་གང་འཐུངས་ན། སྲོག་ཆགས་ཐག་པ་སྲིག་འབྱུང་ངོ་། །གལ་ཏེ་འབྲས་དྲག་པོ་བྱུང་ན། རམས་ཀྱི་ལོ་མ་བརྡུངས་ཏེ་ཁུ་བ་བཙིར་ལ་དེ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་བརྗོད་བྱས་ཏེ་རྨ་ཁར་གཏོར་ན་རྩ་བ་དང་བཅས་ཏེ་འབྱུང་ངོ་། །ལ་ལ་ཞིག་མིག་ལ་སྦྲང་བུས་ཟོས་པར་གྱུར་ན། བོང་བུའི་རྟུག་པ་གསར་དུ་བྱུང་བ་བཙིར་ཏེ། ཁུ་བ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། དགོངས་སུ་ཉལ་ཀར་མིག་ཏུ་བླུགས་ན་སོས་


DKG093_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ། །ལ་ལ་ཞིག་ལྟོ་ན་ན་ཁྲོན་པའི་ཆུ་ལྷག་མར་མ་གྱུར་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་ནང་དུ་ལན་ཚྭ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་བཏབ་སྟེ། ཁྱོར་ཕྱེད་འཐུངས་ན་སོས་པར་འགྱུར་རོ། །སུའི་མིག་ལ་མིག་ནག་ཆགས་སམ། རབ་རིབ་བམ། རྩ་དམར་པར་གྱུར་ན། ཤིང་ཤམ་མྱ་ཀའི་ལོ་མ་བཙིར་ཏེ། དེའི་ཁུ་བ་ལ་ལན་བདུན་བཟླས་བརྗོད་བྱས་ལ་ནང་དུ་འགྲོན་བུ་བཅུག་སྟེ། ཞག་གཅིག་བཞག་ལ་ནང་པར་ཡང་ལན་བདུན་བཟླས་བརྗོད་བྱས་ཏེ། མིག་ཏུ་བླུགས་ན་ཕན་ནོ། །སུ་ཞིག་མཚན་མོ་འཇིགས་ཤིང་མི་བདེ་ལ་སྐྲག་ན། སྐུད་པ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ། མདུད་པ་ཉི་ཤུ་རྩ་གཅིག་བོར་ལ་མགུལ་དུ་བཏགས་ན་འཇིགས་པར་མི་འགྱུར་རོ། །ལས་རྣམས་ཀྱང་བྱང་བར་འགྱུར་རོ། །ཁྱིམ་ཞིག་ཏུ་གློ་བུར་དུ་གནོད་པ་དག་བྱུང་ན། བལ་པོ་སེའུའི་ཤིང་གི་ལྕུག་མ་སོར་གཉིས་ཀྱི་ཚད་དུ་གཏུབས་པ་སྟོང་རྩ་བརྒྱད་བྱས་ལ། བ་མར་དང་། ཞོ་དང་། སྦྲང་རྩི་སྣོད་ཅིག་ཏུ་བླུགས་པ་དྲུང་དུ་བཞག་སྟེ། ལྕུག་མའི་དུམ་བུ་ཅིག་བླངས་ལ་ལན་ཅིག་བསྔགས་ཏེ། རྩེ་མོ་གཉིས་མར་དུ་སྨྱུགས་ལ་སྲེག་གོ། །དེ་བཞིན་དུ་ལྕུག་མའི་དུམ་བུ་ཐམས་ཅད་བསྲེགས་ན། ཡམས་ཀྱི་ནད་ཐམས་ཅད་མེད་པར་འགྱུར་རོ། །ལས་འདི་ནི་སངས་རྒྱས་ཀྱི་སྤྱན་སྔར་བྱའོ། །ཤུ་དག་དཀར་བོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དཔུང་པ་གཡས་པར་ཐོགས་ན་ཐབ་མོའམ། འགྱེད་པའི་ཚེ་རྒྱལ་བར་འགྱུར་རོ། །ཤིང་ཤམ་མྱ་ཀའི་ལོ་མ་དང་བཅས་པ་སོར་གཉིས་ཀྱི་ཚད་གཏུབས་ལ་ཆོ་ག་གོང་མ་བཞིན་དུ་སྦྱིན་སྲེག་བྱའོ། །ཉི་མ་གཅིག་ལ་དུས་གསུམ་དུ་ལན་སྟོང་རྩ་བརྒྱད་སྦྱིན་སྲེག་བྱའོ། །གལ་ཏེ་ཉི་མ་བདུན་དུ་དེ་བཞིན་བྱས་ན། དངོས་གྲུབ་འཐོབ་བོ། །འཕགས་པའི་ལམ་ཡང་སྐྱེའོ། །གལ་ཏེ་འབྱུང་པོ་རྫུ་འཕྲུལ་ཆེན་པོ་ལས་རྒྱལ་བར་འདོད་ན། ལུང་ཏང་གི་ཤིང་ལ་ལན་བཞི་བཅུ་རྩ་དགུ་བཟླས་བརྗོད་བྱས་ལ་བ་མར་དང་། ཞོ་དང་། སྦྲང་རྩི་དང་སྦྱིན་སྲེག་བྱས་ཏེ། བྱང་ཆུབ་སེམས་དཔའི་མདུན་དུ་བྱའོ། །གླང་དཀར་པོའི་གིའུ་ཝང་སྲང་གཅིག་མཐིང་བུའི་སྣོད་དུ་བཅུག་ལ། བྱང་ཆུབ་སེམས་དཔའི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱ་སྟེ། ཡན་ལག་


DKG093_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བསྐུས་ལ། དཔྲལ་བར་ཐིག་ལེ་བྱས་ན། ལྷ་ཀླུ་དང་འབྱུང་པོ་དང་། མི་ཐམས་ཅད་དགའ་བར་འགྱུར་རོ། །གང་དག་ཉེས་བྱུང་སྟེ་ལྕགས་སྒྲོག་དང་། ཤིང་སྒྲོག་ཏུ་བཅུག་ན། ཕུག་རོན་གྱི་རྟུག་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། ལག་པ་ལ་ཡང་བསྐུའོ། །ལྕགས་སྒྲོག་དང་། ཤིང་སྒྲོག་ལ་ཡང་རེག་པར་བྱས་ན་ཐར་བར་འགྱུར་རོ། །གལ་ཏེ་ཁྱོ་ཤུག་མེ་དང་ཆུ་ལྟར་མི་མཐུན་པར་གྱུར་ན། བྱང་ཆུབ་སེམས་དཔའི་མདུན་དུ་ངུར་པའི་མཇུག་སྒྲོ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། ལུས་ལ་ཐོགས་ན་ཇི་སྲིད་འཚོའི་བར་དུ་འདུམ་བར་འགྱུར་རོ། །གལ་ཏེ་སྲོག་ཆགས་དག་ལོ་ཏོག་ཕུང་བར་བྱེད་ན། ཐལ་བ་གཙང་མའམ། བྱེ་མ་གཙང་མ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། མེ་ཏོག་ཀུན་ཏུ་གཏོར་ན། སྲོག་ཆགས་རྣམས་ཕྱིར་ལྡོག་པར་འགྱུར་རོ། །གལ་ཏེ་སྲོག་ཆགས་དག་ཤིང་ཏོག་ལ་ཟ་ན། ཆུ་ལ་བཟླས་བརྗོད་བྱས་ཏེ། ཤིང་རྣམས་ལ་གཏོར་ན་འབྲས་བུ་ལ་མི་ཟའོ། །དེའི་ཚེ་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཚེ་རབས་སྔ་མའི་བསོད་ནམས་ཀྱི་རྒྱུས། བཅོམ་ལྡན་འདས་ཀྱིས་བདག་ལ་ཁྱོད་སེམས་ཅན་གྱི་ཁམས་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས། བཅིང་བ་དང་། འཇིགས་པ་ཐམས་ཅད་གཅོད་ནུས་པར་འགྱུར་ཏེ། དེའི་མཐུས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྣམས་ལས་ཐར་བར་འགྱུར། ཞི་བ་དང་། བདེ་བ་ཐོབ་བར་འགྱུར་རོ། །ཞེས་ལུང་བསྟན་པར་གྱུར་ཏོ། །མ་འོངས་པའི་དུས་ལྔ་བརྒྱ་པ་ཐ་མར་གྱུར་པ་ན། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་ལ་ཞིག་སྙིང་པོ་ཆོས་ཀྱི་སྒོ་འདི་ཉིན་ལན་གསུམ་མཚན་ལན་གསུམ་འཛིན་ནུས་ན། དེའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་འགྲུབ་པར་འགྱུར་རོ། །བདག་གིས་སངས་རྒྱས་ཀྱི་བཀའ་དྲིན་དྲན་པར་བགྱི་སྟེ། གྲོང་ཁྱེར་རམ་གྲོང་ངམ། གྲོང་རྡལ་ལམ། ནགས་ཚལ་གང་ན་རིག་སྔགས་འཆང་གནས་པ་ལ། གལ་ཏེ་དེ་ན་གནས་པའི་


DKG093_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་རྣམས་འཚེ་བར་བགྱིད་ན། བདག་རྟག་ཏུ་དེར་མཆི་ཞིང་ཀུན་ཏུ་བསྲུང་བར་བགྱི་སྟེ། ཡོངས་སུ་སྤོང་བར་མི་བགྱིད་དོ། །དེའི་ཚེ་ཡང་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་པ་ཐམས་ཅད་སེམས་ཅན་ཕལ་ཆེར་རྙོག་པ་ཅན་དུ་འགྱུར་ཏེ། དགེ་བའི་རྩ་བ་ཆུང་ཞིང་རྟག་པར་རྒྱུན་དུ་དགེ་བའི་ཕྱོགས་བགྱིད་མི་ནུས་པ་དང་། གལ་ཏེ་འཛིན་ན་ཡང་དེའི་ཚེ། ལྷ་དང་། འབྱུང་པོ་འཚེ་བར་འགྱུར་བས། བདག་གིས་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་སྨན་པ་དང་། བདེ་བ་དང་། ཞི་བར་བགྱིད་པའི་སླད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐུ་དང་། རྫུ་འཕྲུལ་གྱི་སྟོབས་ཀྱིས་གཟུངས་འདིའི་ཆོ་ག་ད་བཤད་པར་བགྱིའོ། །བདག་གིས་ཀྱང་འདས་པའི་བསྐལ་པ་དུ་མར་གཟུངས་འདི་ལ་མཆོད་པ་བགྱིས་སོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཇི་སྙེད་པ་རྣམས་ཀྱིས་ཀྱང་གཟུངས་འདི་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རྟག་ཏུ་གཟུངས་འདི་འཛིན་ཅིང་འཆང་ན། དེའི་ཚེ་འདི་ཉིད་ལ་ཚིག་གི་རྒྱུན་ཐོགས་པ་མེད་པར་འགྱུར། དབང་པོ་རྣོ་ཞིང་མཁས་པར་འགྱུར། སྤོབས་པ་མྱུར་བར་འགྱུར། ལྷ་དང་། མི་ཐམས་ཅད་ཀྱི་མཆོག་ཏུ་འགྱུར་རོ། །གང་སུའི་སྒྲ་དང་། ཚིགས་སུ་བཅད་པ་དང་། གྲགས་པ་ཡང་ཐོས་ཤིང་བདེ་བ་དང་། དགའ་བར་ཡང་འགྱུར་རོ། །ཕྱག་བྱ་བའི་འོས་སུ་ཡང་འགྱུར་རོ། །གང་དང་གང་དུ་སྐྱེས་པར་ཡང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་མཐོང་བར་འགྱུར། ཚིག་ལ་ཡང་ཡིད་ཆེས་ཤིང་ཡིད་རྟོན་པར་འགྱུར་རོ། །དེ་ཡང་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཐུ་ལགས་པར་བགྱི་ཡི། བདག་ཉིད་ཀྱི་ནི་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་ནས། ལེགས་སོ་ཞེས་བྱ་བ་ཡང་བྱིན་ཏེ། ཁྱོད་ནི་ལྷ་དང་མི་ལ་སོགས་པ་ལ་


DKG093_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པ་དང་། བདེ་བ་དང་། ཞི་བས་ལས་ཀྱི་ལམ་ལ་སྦྱོར་བར་ནུས་སོ། །གལ་ཏེ་ཡུན་རིང་པོར་ཕྱིར་མི་ལྡོག་པ་ལྟ་ན། ད་ངས་ཡེ་ཤེས་ཀྱི་ཕྱག་རྒྱས་གདབ་བོ། །དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་དྲན་པ་བདག་རི་གྲུ་འཛིན་ལ་གནས་ཤིང་། འདས་པའི་བསྐལ་པ་དུ་མར་གཟུངས་སྔགས་ཀྱི་ཆོས་ཀྱི་སྒོ་འདི་བརྗོད་དོ། །དེའི་ཚེ་བདུད་དེར་མཆིས་ནས་བདུད་དེས་འཁོར་བསྡུས་ནས། ཅི་ནས་ཀྱང་གསང་སྔགས་ཀྱི་གཞི་འདིའི་འགྲུབ་པར་བདག་གིས་ཆོས་དེ་ལ་མཐོ་བ་ཙམ་པར་བསམས་པ་དང་། དེའི་ཚེ་བདག་གིས་གསང་སྔགས་ཀྱི་ཆོས་དེའི་ཆོ་གས་བདུད་ཕམ་པར་བགྱིས། རྣམ་པར་ཕམ་པར་བགྱིས་སོ། །གསང་སྔགས་འདིའི་མཐུ་ནི་བརྟག་མི་ནུས་ཤིང་བསམ་གྱིས་མི་ཁྱབ་པར་རིག་པར་བགྱིའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལྷ་དང་མི་རྣམས་ལ་ཕན་པ་དང་། བདེ་བ་ཐོབ་པར་བྱ་བའི་ཕྱིར་སྙིང་རྗེས་རྩ་བའི་གསང་སྔགས་འདི་སྨྲས་སོ། །ན་མཿསརྦ་ཛྙཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ྅་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ན་མ་ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲཱཔྞཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་པུ་ལ། བི་མ་ན་སུ་པྲ་ཏིཥྛི་ཏཱ་སཾ་གྷཱ་ཡ། སཱུཪྱ་ཤ་ཏ་ས་ཧ་སྲ་ཨ་ཏི་རེ་ཀ། པྲ་བྷཱ་ཨ་བ་བྷཱ་སི་ཏ་མཱུརྟ་ཡེ། མ་ཧཱ་མ་ཎི་མུ་ཀུ་ཊ་ཀུཎྜ་ལ། ཨ་ལཾ་ཀཱ་ར་དྷཱ་རི་ཎེ། བྷ་ག་བ་ཏེ། པདྨ་པཱ་ཎ་ཡེ། སརྦ་ལོ་ཀ་ཨ་པཱ་ཡ་པྲ་ཤ་མེ་ནཱ་ཡ། བི་བི་དྷ་མུ་ཁ་ས་མཱ་བེ་ཤ། ཨ་བྷཥྚ་སརྦ་སཏྭཱ་པ་རི་མོ་ཙ་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྷུར་བྷུ་བ་སྭཱ་ཧཱ། མ་ཧཱ་ཨཱ་ལོ་ཀ་ཀ་ར་ཎ་ཏ་མ་སྟི་མིར་པ་ཊ་ལ་བི་ནཱ་ཤ་ཀ་རཱ་ག་དྭེ་ཥ་མོ་ཧ་ཛྭ་ལ་ཤ་མ་ཀ། ཤཱ་ས་ཀ །ས་མཱ་ཤྭཱ་ས་ན་ཀ་ར། རཀྵ་ཀ །སརྦ་ཨ་པཱ་ཡ་དུརྒ་ཏི་པྲ་ཤ་མ་ན་ཀ་ར། སརྦ་ས་ཏྭཱཾ་ས་མཱ་ཤྭཱ་ས་ན་ཀ་ར། སརྦ་ཨཱ་ཤཱ་པ་རི་པཱུ་ར་ཀ །སརྦ་ཏ་ཐཱ་ག་ཏ། ས་མ་པ་དཱ་ན་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭ་བ་ར་པདྨ་ཨཱ་ལོ་ཀ་སཾ་བྷུ་ཏ་མ་ཧཱ་ཀཱ་རུ་ཎི་ཀ །ཛ་ཊཱ་མ་ཀུ་ཊ། ཨ་ལང་ཀྲྀ་ཏ། ཤི་


DKG093_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རོ་མ་ཎི་ཀ་ན་ཀ །རཱ་ཛ་ཏ་བཛྲ་བཻ་ཌཱུཪྱ་ཨ་ལང་ཀྲྀ་ཏ། ཤ་རཱི་ར་ཨ་མི་ཏཱ་བྷ་ཛི་ན་ཀ་མ་ལ། ཨ་ལང་ཀྲྀ་ཏ་པྲ་བྷ་ར་ཎ་ར་ཛ་ན་ཤ་ཏ་ས་ཧ་སྲ་ཨ་བྷི་ལ་ཥཱི་ཏ་ཀཱ་ཡ། མ་ཧཱ་བོ་དྷི་སཏྭཱ་ཡ་བར་བ་ར་ད། བི་དྷ་མ་བི་དྷ་མ། བི་ནཱ་ཤ་ཡ། བི་ནཱ་ཤ་ཡ། མ་ཧཱ་ཡ་ན་ཏྲཾ། ཀླེ་ཤ་ཀབྷཱ་ཏ། ཨ་བ་བ་དྷ་བི་བིདྷ་སཏྭཱཾ། སང་སཱ་ར་ཙཱ་ར་ཀ །པྲ་མ་ཐ་ན་ཀ་ར། པུ་རུ་ཥ་པདྨ། པུ་རུ་ཥ་ནཱ་ག །པུ་རུ་ཥ་སཱ་ག་ར། པུ་རུ་ཥ་སིང་ཧ། བཱི་ར་བཱི་རཱ་ཛ་སུ་དཎྚ་ཏཱ་པ་རི་བི་ཏི། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤཱ་ས་ཡ་པྲ་ཤཱ་ས་ཡ། གྷི་རི་གྷི་རི། བི་བི་རི་བི་བི་རི། ཙི་རི་ཙི་རི། སི་རི་སི་རི། སུ་རུ་སུ་རུ། དྷི་རི་དྷི་རི། བི་དྷི་རི་བི་དྷི་རི། བི་རི་བི་རི། མུ་རུ་མུ་རུ། མུ་ཁ་མུ་ཁ། མུ་ཡ་མུ་ཡ། མུ་ཉྩ་མུཉྩ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། དྷུ་རུ་དྷུ་རུ། གཱ་ཡ་གཱ་ཡ། ག་དྷ་ཡ་ག་དྷ་ཡ། ས་ཧ་ས་ཧ། པྲ་ས་ཧ་པྲ་ས་ཧ། ནཱ་ནཱ་བི་བིདྷ་ཀླེ་ཤཱི་བཱ་ས་ན། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དྷུ་རུ་ཏུ་དྷུ་རུ་ཏུ། མ་ཧཱ་མཎྜ་ལ་ཀ་ར་ཎ་ཤ་ཏ་པྲ་སེ་ཀ །ཨ་བ་བྷཱ་སི་ཏ་བི་བི་དྷ་བཱ་ས་ན་ཤ་མི་ཀ །ཤཱ་ས་ཀ །རཀྵ་ཀ །མ་ཧཱ་བོ་དྷི་སཏྭ་བ་ར་བ་ར་ད་སྭཱ་ཧཱ། གཟུངས་སྔགས་འདི་ནི་དེ་བཞིན་གཤེགས་པ་པདྨའི་ཕྱག་གི་རྒྱན་གྱི་ཡུ་བ་ཞེས་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ལྷ་དང་། ཀླུ་དང་། མིའམ་ཅི་དུ་མས་ཡོངས་སུ་བསྐོར་བས། རྡོ་རྗེ་ཆེན་པོ་དང་ལྡན་ཞིང་དགའ་བའི་རྒྱུ་ལས་བྱུང་བའི་ཁང་བཟངས་སུ་ཐམས་ཅད་ཀྱིས་མཆོག་གི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གསུངས་ཏེ། སྒྲིབ་པའི་རི་ཆེན་པོ་རྣམ་པར་འཇོམས་པའོ། །གང་ལ་ལ་ཞིག་གིས་མཉན་པ་དང་། བལྟ་བ་དང་། བཀླག་པ་དང་། བརྗོད་པ་ཐོབ་ན། མི་དེའི་ཉོན་མོངས་པའི་སྒྲིབ་པ་ཇི་སྙེད་མཆིས་པ་ཐམས་ཅད་འབྱང་བར་འགྱུར་རོ། །སུ་ཞིག་དད་པར་གུས་པས་སྔ་དྲོ་བརྗོད་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྟག་ཏུ་དེའི་སླད་བཞིན་འབྲང་ཞིང་སྲུང་བ་བགྱིད་དོ། །གང་ཅི་འཚལ་བ་དག་ཀྱང་དེ་བཞིན་དུ་འགྲུབ་བོ། །སུ་ཞིག་གལ་ཏེ་བདག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ་པར་འཚལ་བ་དེས། གཅིག་པུ་ཕྱོགས་དབེན་པར་མཆིས་


DKG093_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་དྲན་པར་བགྱི་ཞིང་གཞན་བསམ་པར་མི་བགྱི་བར་གཟུངས་སྔགས་འདི་ལན་བདུན་བརྗོད་ན། ཡིད་ལ་བསམས་པ་གང་རྫོགས་པར་མི་འགྱུར་བ་དེ་གང་ཡང་མ་མཆིས་སོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །ངན་འགྲོར་མཆི་བར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་རྟག་ཏུ་རྗེས་སུ་མངོན་དུ་དྲན་ན། བསྐལ་པ་བྱེ་བ་ཕྲག་དུ་མ་བསགས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་དུ་ཚང་བའི་བསོད་ནམས་དག་ཀྱང་ཐོབ་པར་འགྱུར་རོ། །གར་སྐྱེས་གར་སྐྱེས་ཀྱང་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འགྱུར་རོ། །རིགས་ཆེན་པོར་སྐྱེ་བར་འགྱུར་རོ། །སུ་ཞིག་སྙིམ་པ་སྤོས་ཀྱིས་བཀང་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་གཏོར་ལ། གཟུངས་སྔགས་འདི་ཡང་ལན་བདུན་བརྗོད་ན། སྟོང་གི་བསོད་ནམས་ཀྱི་མཆོག་དང་། སྙིང་རྗེ་ཆེན་པོའི་རང་བཞིན་ཡང་འཐོབ་བོ། །དེ་མིའི་འཇིག་རྟེན་འདིར་ཡང་སྟོབས་ཆེན་པོ་ཡོངས་སུ་རྫོགས་པ་འཐོབ་བོ། །སུ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གདོང་དུ་བལྟ་ཞིང་། གཟུངས་སྔགས་འདི་བརྗོད་པ་དེ་བྱང་ཆུབ་སེམས་དཔའ་མཚན་རྒྱས་པ་མཐོང་ནས། ས་དྲི་མ་མེད་པ་ཡང་འཐོབ་བོ། །འཇིག་རྟེན་ན་ཡང་སྣང་བ་བགྱིད་དོ། །ཚེ་གཅིག་གིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མཐོང་ངོ་། །ཇི་ལྟར་བསམ་གཏན་ལ་སྙོམས་པར་ཞུགས་པ་དེ་ལྟ་བུར་མཆི་བར་འགྱུར་རོ། །གར་སྐྱེས་གར་སྐྱེས་ཀྱང་སྔོན་གྱི་ཚེ་རབས་དྲན་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་འབྱང་བར་འགྱུར་རོ། །སུ་ཞིག་གཟུངས་སྔགས་འདི་འཛིན་པ་དེས། ཚེས་བཅོ་ལྔའི་ཟླ་བ་ཉ་བ་ལ་བསླབ་པའི་གཞི་བརྒྱད་བཟུང་སྟེ། གོས་གཙང་མ་བགོས་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུའམ། སངས་རྒྱས་ཀྱི་གཟུགས་ཀྱི་སྤྱན་སྔར་ཙནྡན་དཀར་པོའི་དཀྱིལ་འཁོར་བགྱིས་ལ། དེར་མེ་ཏོག་སྣ་ཚོགས་གཏོར་བར་བགྱི། བདུག་པས་ཀྱང་བདུགས་པར་བགྱི། མར་མེ་ཡང་བུད་པར་བགྱིའོ། །སངས་རྒྱས་བཅོམ་ལྡན་འདས་ལ་གུས་པ་བསྐྱེད་པར་བགྱིའོ། །


DKG093_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་གཟུངས་སྔགས་འདི་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀྱིལ་འཁོར་དེར་འདུག་སྟེ། མཚམས་མེད་པ་ལ་སོགས་པ་ལས་ཀྱི་སྒྲིབ་པ་མི་དགེ་བ་ཇི་སྙེད་མཆིས་པ་ཐམས་ཅད་འབྱང་བར་འགྱུར་རོ། །ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་སྟོབས་ཀྱང་འཐོབ་བོ། །འོད་ཟེར་གྱིས་དབང་བསྐུར་བའི་སྟོབས་ཀྱང་འཐོབ་བོ། །ས་དང་ཕ་རོལ་ཏུ་ཕྱིན་པ་ཡང་ཡོངས་སུ་རྫོགས་པར་འགྱུར་རོ། །གལ་ཏེ་ཆར་དབབ་པར་འཚལ་ན། གྱེན་དུ་ནམ་མཁའ་ལ་བལྟས་ལ་གཟུངས་སྔགས་ལན་ཉི་ཤུ་རྩ་གཅིག་བརྗོད་ན་ཆར་འབབ་བོ། །གལ་ཏེ་ས་ལ་བལྟས་ཏེ་གཟུངས་སྔགས་བརྗོད་ན། ས་བོན་ཐམས་ཅད་རྣམ་པ་བརྒྱར་ཕུན་སུམ་ཚོགས་པར་འགྱུར་རོ། །གལ་ཏེ་འབབ་ཆུ་སྐམས་པའི་ཤུལ་ལམ་འབབ་ཆུ་ཆེན་པོའམ། འབབ་ཆུའི་དངོའམ་མཚོའམ་མཚེའུའམ། མཚོ་བྲན་གྱི་འགྲམ་དུ་མཆིས་ཏེ་བརྗོད་ན། ཆུ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ནད་ཐམས་ཅད་ཀྱི་དོན་དུ་གཟུངས་སྔགས་བརྗོད་དེ་ལག་པས་བྱབས་ན་སོས་པར་འགྱུར་རོ། །དྲན་པ་ཉམས་པའི་མིའི་མདུན་དུ་བརྗོད་ན། དྲན་པ་སླར་འཐོབ་བར་འགྱུར་རོ། །བྲུ་བས་ཉེན་པའམ། སྐོམ་པས་ཉེན་པའི་མིའི་གདོང་དུ་བལྟས་ཏེ་བརྗོད་ན། བཀྲེས་པའམ་སྐོམ་པ་ཞི་བར་འགྱུར་རོ། །གལ་ཏེ་མཚམས་བཅད་པར་འཚལ་ན། དེས་མཚེའུ་ཆུའི་ནང་དུ་ཞུགས་ཏེ་དེར་མཆིས་ལ། གཟུངས་སྔགས་འདི་ཡི་གེར་བྲིས་ཏེ། རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ན། དཔག་ཚད་བརྒྱར་མཚམས་བཅད་པར་འགྱུར་ཏེ། དེར་ཉེས་པ་རྣམས་མི་འབྱུང་ངོ་། །མཚམས་ཀུན་ཏུ་སྲུང་བ་རྫོགས་སོ།། །།ད་ནི་ལུས་ཐམས་ཅད་བསྡུ་བའི་ཕྱག་རྒྱ་བརྗོད་པར་བགྱིའོ། །ལུས་དྲང་པོར་འགྲེང་སྟེ། རྐང་པ་ཉེ་བར་མཉམ་དུ་གཞིབས་ལ། རྐང་པ་གཡས་པ་ཡིད་ཙམ་བསྐུམས་ཏེ། ལག་པ་གཡོན་པ་ཐུར་དུ་བརྐྱང་། གུང་མོ་དང་སྲིན་ལག་གཉིས་ལག་མཐིལ་དུ་དགུག །མཛུབ་མོ་དང་། མཐེ་བོང་དང་། མཐེའུ་ཆུང་བརྐྱང་ལ་ལག་མཐིལ་བཀན་


DKG093_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཞག་གོ། །ལག་པ་གཡས་པ་ཡང་དེ་བཞིན་དུ་བགྱིའོ། །ལག་པ་གཉིས་ཀའི་གུང་མོ་བཀུག་པ་ལག་པ་ཕྲག་པ་དང་མཉམ་པར་བཞག་གོ། །ལག་མཐིལ་ནི་མདུན་དུ་བསྟན་ཏེ་བཞག་གོ། །འདི་ནི་ལུས་བསྡུ་བའི་ཕྱག་རྒྱ་དང་པོའོ། །སུ་ཞིག་བདུད་དང་། གཞན་མུ་སྟེགས་ཅན་དང་། དགྲ་རྣམས་ཕམ་པར་བགྱི་བ་དང་། ལམ་དང་པོ་ལ་གནས་པར་འཚལ་ན། ཕྱག་རྒྱ་འདི་བཅིངས་ལ་གཟུངས་འདི་ཡང་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བགྱིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱཪྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨ་བཏྟ། ཨ་བཏྟེ་པ་རི་བཏྟེ། ཨེ་ཧྱེ་ཧི་སྭཱ་ཧཱ། གང་གོང་དུ་ཕྱག་རྒྱ་ཇི་སྐད་སྨོས་པ་དེ་བཞིན་དུ་ལུས་གནས་པར་བགྱིས་ལ། སྙིང་གར་ཐལ་མོ་སྦྱར་ཏེ། སོར་མོ་ཐམས་ཅད་ཕན་ཚུན་ཐད་ཀར་བསྣོལ་ལ། གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པ་རྣམས་ལ་འཁྱུད་བར་བགྱི། མཛུབ་མོ་གཉིས་གྱེན་དུ་སྒྲེང་ལ། རྩེ་མོ་གཉིས་སྤྲད་དོ། །མཐེ་བོང་གཉིས་མཛུབ་མོ་གཉིས་ཀྱི་ཚིགས་དང་པོ་ལ་རེག་པར་བགྱིའོ། །ལག་མཐིལ་ནི་མ་འབྱར་བར་བགྱིའོ། །འདི་ནི་གཟུངས་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་གཉིས་པའོ། །བསྐལ་པ་དུ་མར་ཚེ་རབས་སུ་བསགས་པའི་ལས་ཀྱི་སྒྲིབ་པ་མི་དགེ་བ་ཐམས་ཅད་འབྱང་བར་འགྱུར་རོ། །ཚེ་ཕྱི་མ་ལ་འགྱུར་རོ། །གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་བརྙེས་པར་མཛད་པར་བརྩམས་པའི་ཚེ་བདུད་ཀྱིས་མཐོ་བཙམས་པ་ན། ཕྱག་རྒྱ་འདིས་བཏུལ། དེའི་ཚེ་ཞི་བའི་བདེ་བ་དང་། བསམ་གཏན་དང་། སྙོམས་པར་འཇུག་པ་ཡང་བརྙེས་པར་འགྱུར་རོ། །གཟུངས་སྔགས་འདི་ཡང་བརྗོད་པར་བགྱིའོ། །ཏདྱ་ཐཱ། སརྦ་དྷཱ་ར་ཎི། མཎྜ་ལཱ་ཡ། ཨེ་ཧྱེ་ཧི་པ་ར་མ་ཤུད་དྷ་སཏྭཱ་ཡ་སྭཱ་ཧཱ། ཡང་ཐོག་མར་ལག་པ་གཡས་པ་འབྱིན་པ་ལྟར་བགྱིས་ལ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། མགོ་བོར་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་རྩེ་མོ་སྤྲད། མཐེ་བོང་གཉིས་མཛུབ་མོ་གཉིས་ཀྱི་ཚིགས་གཉིས་པ་ལ་སྦྱར་རོ། །འདི་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། རྣམ་པར་གྲོལ་བར་བགྱི་བའི་སླད་དུ། བསམ་


DKG093_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་དང་། སྙོམས་པར་འཇུག་པ་ཐོབ་པར་འགྱུར་རོ། །འདི་ནི་ཕྱག་རྒྱ་གསུམ་པའོ། །སྔོན་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མཐུན་པར་བསྒོམས་ཏེ། དེའི་ཚེ་བསམ་གཏན་རྣམས་དང་། སྙོམས་པར་འཇུག་པ་རྣམས་དང་། རྣམ་པར་གྲོལ་བ་བརྙེས་སོ། །ཡང་འདི་ནི་གཞན་ཏེ་འགྲེང་ལ་རྐང་པ་གཉིས་མཉམ་པར་གཞིབ་བོ། །ལག་པའི་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་རྒྱབ་སྦྱར་ཏེ། སེན་མོ་ཕྲད་པར་བགྱི། མཛུབ་མོ་གཉིས་བརྐྱང་སྟེ་རྩེ་མོ་ཕྲད་པར་བགྱི། མཐེ་བོ་གཉིས་མཛུབ་མོའི་ཚིགས་གཉིས་པ་ལ་རེག་པར་བགྱི། ལག་མཐིལ་ནང་ནས་སོར་བཅུ་ཙམ་གྱིས་བསྐྱེད་ལ་སྨིན་མཚམས་སུ་གཟུགས་སོ། །འདི་ནི་མིག་སྟོང་གི་ཕྱག་རྒྱ་སྟེ་བཞི་པའོ། །གལ་ཏེ་ཕྱག་རྒྱ་འདི་བཅིངས་ལ་གཟུངས་སྔགས་བརྗོད་ན། སྐད་ཅིག་དེ་ཉིད་ལ་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ། དཀྲིགས་པ་བྱེ་བ་ཕྲག་སྟོང་མཐོང་བར་འགྱུར་རོ། །གང་དག་རིག་སྔགས་འཆང་དེ་དང་ལྷན་ཅིག་སྤྱོད་ཅིང་གྲོགས་སུ་གྱུར་པ་ནི་ཞིང་རེ་རེ་ན་ཡང་བྱང་ཆུབ་སེམས་དཔའ་དཀྲིགས་པ་བྱེ་བ་ཕྲག་འབུམ་དང་། བཞི་སྟོང་ཉི་ཤུ་མཆིས་སོ། །གང་དཀྱིལ་འཁོར་དུ་མ་ཞུགས་པ་དེས་ནི་བལྟ་བར་མི་རིགས་ཏེ། ཕྱག་རྒྱ་དེའི་ཆོས་ཉིད་དོ། །སུ་ལ་རིགས་ཞེ་ན་གང་དཀྱིལ་འཁོར་དུ་ཞུགས་པ་དེ་ཉིད་ལའོ། །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྦྱིན་པ་ཡེ་ཤེས་ཀྱིས་རྟོགས་པར་འཚལ་བ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གཟུངས་སྔགས་ནི་འདི་ལགས་ཏེ། ཏདྱ་ཐཱ། ཨོཾ་བྷུ་སརྦ་ཙཀྵུཿཀཱ་རཱ་ཡ་དྷཱ་ར་ཎཱི་ན་དྲཱ་ཡ་སྭཱ་ཧཱ། ཡང་འགྲེང་ལ་རྐང་པ་མཉམ་པར་གཞིབས་ཏེ། ལག་པ་གཡས་པ་བཀན་ལ་སོར་མོ་ལྔ་གཞིབས་ཏེ་བརྐྱང་ལ། ལག་པ་གཡོན་པ་ཡང་དེ་བཞིན་དུ་བགྱིས་ཏེ་བཀན་ལ་ལག་པ་གཡས་པའི་རྒྱབ་ལ་སྦྱར་ཏེ་སྙིང་གར་བཞག་གོ། །འདི་ནི་ལག་པ་སྟོང་ཐམས་ཅད་བསྡུས་པའི་ཕྱག་རྒྱ་སྟེ་ལྔ་པའོ། །འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བདུད་དང་དགྲ་མཆིས་པ་རྣམས་ཐུལ་ལོ། །གཟུངས་སྔགས་འདི་ལགས་ཏེ།


DKG093_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏདྱ་ཐཱ་སརྦ་དུཥྚ་ཨོྃ་ཧ་ཡ་མེ་སྭཱ་ཧཱ། ཡང་འགྲེང་སྟེ་རྟིང་པ་ཕྲད་པར་བགྱིས་ལ། ལག་པ་གཡོན་པ་མི་འཇིགས་པ་སྦྱིན་པར་བགྱིས་ཏེ། ལག་པ་གཡས་པ་ཡང་དེ་བཞིན་དུ་བགྱིས་ལ། ལག་མཐིལ་བདག་ལོགས་སུ་བསྟན་པར་བགྱིའོ། །འདི་ནི་ཏིང་ངེ་འཛིན་རབ་ཏུ་རྟོགས་པར་འགྱུར་བའི་ཕྱག་རྒྱ་སྟེ་དྲུག་པའོ། །འདིས་ཏིང་ངེ་འཛིན་ཐམས་ཅད་དང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་རྟོགས་པར་འགྱུར་རོ། །ཕྱག་རྒྱ་འདིས་ནི་ཐམས་ཅད་ཀྱང་འཐོབ་བོ། །གཟུངས་ཀྱི་རྩ་བའི་གསང་སྔགས་སྔ་མ། ན་མཿསརྦ་ཛྙཱ་ཞེས་བགྱི་བ་ལགས་སོ། །ཡང་འགྲེང་ལ་རྐང་པ་ཉེ་བར་གཞིབས་ཏེ། ལག་པ་གཡོན་པའི་སྲིན་ལག་གིས་མཐེ་བོའི་སེན་མོ་མནན་ཏོ། །གཡས་པ་ཡང་དེ་བཞིན་ཏེ་མཐེའུ་ཆུང་དང་། གུང་མོ་རྣམས་རྩེ་མོ་སྤྲད་ལ། ལག་རྟིང་དྲང་པོར་བསྲང་སྟེ། དགུག་པ་ནི་མཛུབ་མོ་གཉིས་དགུག་གོ། །སླར་བཏང་ན་ནི་བརྐྱང་ངོ་། །དེ་ལྟར་མཆིས་ལ་སྔགས་བརྗོད་པར་བགྱིའོ། །ལག་པ་གཡས་པའི་མཛུབ་མོ་གཉིས་ནི་དགུག་གོ། །གཡོན་པའི་མཛུབ་མོ་གཉིས་ནི་སླར་གཏང་ངོ་། །མགོའི་ཐོན་འཁོར་གཡས་ནས་བསྐོར་བར་བགྱི་སྟེ་བོད་པའོ། །གཡོན་པས་ནི་བསལ་བ་ལྟར་བགྱིས་ཏེ་སླར་བཏང་ངོ་། །ཕྱག་རྒྱ་འདིས་ནི་ལྷ་དང་ཀླུ་ལ་སོགས་པ་འཁོར་བརྒྱད་བསྡུ་བའི་སླད་དུ་དགུག་པའི་ཕྱག་རྒྱ་སྟེ་བདུན་པའོ། །གསང་སྔགས་ནི་འདི་ལགས་ཏེ། ཨོཾ་སརྦ་དེ་བ་ནཱ་ག་ཨ་ན་ལེ་སྭཱ་ཧཱ། ཕྱག་རྒྱ་སྔ་མ་ལ་རྩེ་མོ་བསྐྱེད་དེ། ལག་རྟིང་གཉིས་སྦྱར་བ་ལས་ཡུད་ཙམ་བཟུང་མཛུབ་མོས་གཡབ་སྟེ་སྔ་མ་བཞིན་ནོ། །འདི་ནི་བརྒྱ་བྱིན་དང་། ཚངས་པ་ཆོས་མཉན་པའི་སླད་དུ་དགུག་པའི་ཕྱག་རྒྱ་སྟེ་བརྒྱད་པའོ། །གསང་སྔགས་ནི་འདི་ལགས་ཏེ། ཨོཾ་མ་ཧཱ་པྲཧྨ་ཡེ། ཨེ་ཧྱེ་ཧི་སྭཱ་ཧཱ། ཕྱག་རྒྱ་འདི་དང་། གསང་སྔགས་འདི་ནི་གཟུངས་སྔགས་དང་། ཕྱག་རྒྱ་དང་། ཆོས་ཀྱི་སྒོ་དུ་མ་གཟུང་བའི་སླད་དུ་བསྡུ་བའོ། །ཉི་མ་སྤྱང་ཀིས་ཟིན་པ་དང་། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ། བ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། ཕྱག་རྒྱ་འདིས་ཕྱག་རྒྱས་བཏབ་ལ་འཐུངས་ན་དབང་པོ་རྣོ་བར་འགྱུར་རོ། །ཉིན་གཅིག་


DKG093_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཆོས་ཀྱི་ཚིགས་སུ་བཅད་པ་ཁྲི་ལོབས་ནུས་པར་འགྱུར་རོ། །ཕྱག་རྒྱ་འདི་དང་། ཆོས་ཀྱི་སྒོ་འདི་ནི་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོས། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆེད་དུ་གསུངས་པའོ། །ཡང་འགྲེང་སྟེ་རྐང་པ་ཉེ་བར་གཞིབས་ལ། ལག་པ་ཐལ་མོ་སྦྱར་ཏེ། སྙིང་གར་བཞག་ལ་མཐེ་བོང་གཉིས་ལག་མཐིལ་དུ་བཀུག་སྟེ། རྩ་བའི་སྔགས་ཆེན་པོ་ལན་ཉི་ཤུ་རྩ་གཅིག་བརྗོད་པར་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རང་རང་གི་ནོར་བུའི་ཡིད་བཞིན་ལྟ་བུའི་ཕྱག་རྒྱ་སྟེ་དགུ་བའོ། །འདིས་ངེས་པར་ལྷའི་གཞལ་མེད་ཁང་རྣམས་སུ་འཇུག་གོ། །ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཡང་མཆིའོ། །མཆོད་པའི་དོན་དུ་རིན་པོ་ཆེ་བརྒྱ་སྟོང་དག་ཀྱང་བསམས་པ་བཞིན་རྙེད་པར་འགྱུར་རོ། །སུ་ཞིག་ཆོས་ཀྱི་སྒོ་འདིའི་ལས་བགྱིད་ནུས་ན། དེ་ནང་པར་སྔར་ལངས་ལ་ཁྲུས་བགྱི་ཞིང་ཁ་གདོང་བཀྲུས་ཏེ། ཕྱག་རྒྱ་དེའི་དམ་ཚིག་བགྱིས་ན། དེས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་མངོན་སུམ་དུ་མཐོང་བར་འགྱུར་རོ། །བསྐལ་པ་དུ་མར་ཚེ་རབས་སུ་བསགས་པའི་སྡིག་པ་མི་དགེ་བའི་ལས་ལྕི་བ་རྣམས་འབྱང་བར་འགྱུར་རོ། །ཕྱག་རྒྱ་དེའི་ཡོན་ཏན་དང་། བསྔགས་པ་ནི་རབ་ཏུ་མང་ངོ་། །ཡང་སྔ་མ་བཞིན་དུ་ཐལ་མོ་སྦྱར་ཏེ། མཛུབ་མོ་གཉིས་བཀུག་ལ་མཐེ་བོའི་སེན་མོ་ལ་བཅར་ཏེ། མཛུབ་མོ་གཉིས་ཀྱི་སེན་མོ་ཡང་ཕན་ཚུན་དུ་རྒྱབ་སྤྲད་ལ་རྩ་བའི་གསང་སྔགས་བརྗོད་པར་བགྱིའོ། །འདི་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་ལ་འདོད་པའི་ཕྱག་རྒྱ་སྟེ་བཅུ་པའོ། །ཅི་འཚལ་བ་དེ་བཞིན་དུ་འགྲུབ་བོ། །ངེས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཡང་ཐལ་མོ་སྔ་མ་ལས་མཐེ་བོང་དང་། མཛུབ་མོ་སོ་སོར་བརྐྱང་སྟེ་ལག་མཐིལ་དབྱེ་བར་བགྱིའོ། །འདི་ནི་རྒྱུའི་གནས་སྐབས་ཀྱི་ཚེ་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་བདག་ལ་སྩལ་བ་སྟེ། འདིས་བདག་བྱང་ཆུབ་ཀྱི་ལམ་རབ་ཏུ་རྟོགས་སོ། །འདིས་རྩ་བའི་གསང་སྔགས་བརྗོད་པར་བགྱིའོ།


DKG093_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་བྱང་ཆུབ་སེམས་དཔའ་རྣམས་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱག་རྒྱ་སྟེ། བཅུ་གཅིག་པའོ། །ཡང་ཐལ་མོ་སྔ་མ་ལས་མཛུབ་མོ་གཉིས་བསྐུམ་ཞིང་བརྐྱང་བས་བསྐུལ་བར་བགྱིའོ། །འདི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་ཏིང་ངེ་འཛིན་རྣམས་འཐོབ་པའི་ཕྱག་རྒྱ་སྟེ། བཅུ་གཉིས་པའོ། །གཟུངས་སྔགས་ནི་འདི་ལགས་ཏེ། ཨོྃ་སརྦ་བུད་དྷ་ས་མ་ཡ་ཨེ་ཧྱེ་ཧི་པ་ར་མ་ཤུད་དྷ་སཏྭ་སྭཱ་ཧཱ། དེ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་དང་ལྡན་པ། ལག་པ་སྟོང་དང་ལྡན་པའི་དཀྱིལ་འཁོར་ཁྲུ་བཅུ་དྲུག་པའི་ཆོ་ག་བརྗོད་པར་བགྱིའོ། །ཐོག་མར་རི་རྣམས་དང་ཉེ་བ། ས་གཞི་བཀྲ་ཤིས་པའི་ཕྱོགས་བཙལ་བར་བགྱིའོ། །དེར་ས་བརྐོས་ཏེ། གསེག་མ་དང་། གྱོ་མོ་དང་། རུས་པ་དང་། མི་གཙང་བ་རྣམས་བསལ་ལ། དྲི་ཞིམ་པོ་དང་བསྲེས་པའི་བའི་གཅིབ་དང་། འཇིམ་པར་བསྲེས་ཏེ་བྱུག་པར་བགྱིའོ། །དེར་ཆུ་ཞེང་དུ་ཁྲུ་བཅུ་དྲུག་པའི་སྟེགས་བུ་བགྱིའོ། །འཕང་དུ་ནི་མཐོ་གང་གི་ཚད་དུ་བགྱིས་ལ། སྒོ་བཞི་བཏོད་དེ། ཤར་གྱི་སྒོར་ནི་ཡུལ་འཁོར་སྲུང་། ལྷོའི་སྒོར་ནི་འཕགས་སྐྱེས་པོའོ། །ནུབ་ཀྱི་སྒོར་ནི་མིག་མི་བཟང་། བྱང་གི་སྒོར་ནི་རྣམ་ཐོས་ཀྱི་སྲས་ཏེ། དེ་དག་གི་གམ་ཡོར་རང་རང་གི་འཁོར་ཐམས་ཅད་བྲིའོ། །དཀྱིལ་འཁོར་གྱི་དབུས་སུ་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་དང་ལྡན་པ་ལག་པ་སྟོང་དང་ལྡན་པ་གཞག་པར་བགྱིའོ། །དེའི་མདུན་དུ་ཁྲིའུ་བཞག་སྟེ། ཁྲིའུའི་སྟེང་དུ་གཟུངས་སྔགས་ཀྱི་ཆོ་ག་གཞག་པར་བགྱིའོ། །དེ་ལ་བདུག་པ་སྣ་ཚོགས་ཀྱིས་བདུག་གོ། །མེ་ཏོག་སྣ་ཚོགས་བཀྲམ་མོ། །ལྷ་བཤོས་སྣ་ཚོགས་དབབ་བོ། །དེར་མཆོད་པ་དེ་རྣམས་བཞག་སྟེ། སྒོག་པ་རྣམ་དགུ་དང་། ཤ་དང་ཆང་མི་དབབ་བོ། །གལ་ཏེ་རྒྱུན་མི་འཆད་པར་བགྱི་ན་ཉིན་གཅིག་བཞིན་མཆོད་པ་ཐམས་ཅད་ཀྱང་སར་པ་གཞན་གྱིས་བརྗེའོ། །ཆོ་ག་འདིས་ཉི་མ་ཉི་ཤུ་རྩ་གཅིག་ཏུ་དངོས་པོ་ཐམས་ཅད་ཀྱིས་མཆོད་པར་བགྱིའོ། །སྒྲུབ་པ་པོ་གང་དག་སྔོན་མཐོང་བ་དེ་དག་གིས་བྲི་བར་བགྱིའོ། །དེ་སྒྲུབ་པ་པོ་ཤར་ཕྱོགས་སུ་བལྟས་ཏེ།


DKG093_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེང་ལ་གཟུངས་སྔགས་སྔ་མ་དང་པོ་ནས་བཅུ་གཉིས་ཀྱི་བར་དུ་བརྗོད་པར་བགྱིའོ། །སངས་རྒྱས་ཀྱི་མཐར་ཕྱིན་གྱི་བར་དུ་སྐྱོ་བར་མི་བགྱིའོ། །ཐོག་མར་ཕྱག་རྒྱ་དང་པོ་ལན་ཅིག་བཅིངས་ལ་གསང་སྔགས་ཀྱང་ལན་བདུན་བརྗོད་པར་བགྱིའོ། །བཅུ་གཉིས་པའི་བར་དུ་ཡང་དེ་བཞིན་དུ་བགྱིའོ། །དེར་དེའི་ཚེ་ཕྱིར་མི་ལྡོག་པ་བརྟན་པོའི་སེམས་བསྐྱེད་པར་བགྱིའོ། །ཆོ་ག་འདིས་དེ་བཞིན་དུ་དགུག་པ་བགྱིས་ན། ཐམས་ཅད་འདུ་བར་འགྱུར་རོ། །དེའི་ཚེ་སངས་རྒྱས་ཉིད་ཀྱི་ཆེད་དུ་ངེས་པར་དྲང་པོའི་སེམས་ཀྱིས་དྲང་པོར་མཆིས་པར་བགྱིའོ། །གསང་སྔགས་དང་ལྷ་ཐམས་ཅད་རྗེས་སུ་དྲན་པར་བགྱི་སྟེ། ཇི་ལྟར་ན་མདུན་ན་མིག་ལམ་ན་གནས་པ་ལྟ་བུ་དང་ཕན་ཚུན་གནོད་པ་བགྱིད་པ་མ་མཆིས་པར་བགྱིའོ། །དམིགས་པ་གཞན་ལ་དམིགས་པར་མི་བགྱིའོ། །དེའི་ཚེ་རྩ་བའི་གསང་སྔགས་ལན་སྟོང་བརྒྱད་ཅུ་བཟླས་བརྗོད་བགྱིའོ། །འོན་ཏང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀུན་དགའ་བོའི་གཟུགས་ཀྱིས་དེར་མཆིས་ཏེ། སྒྲུབ་པ་པོ་ལ་ཅི་འདོད་ཅི་སློང་ཞེས་འདྲི་ཞིང་ཕན་ཚུན་སྨྲ་བར་འགྱུར་རོ། །སྒྲུབ་པ་པོས་བདག་ཉིད་ཀྱིས་མཆོད་པ་བགྱི་བར་བསམས་ལ། བདག་ལ་ཇི་སྐད་དྲིས་པ་ལན་གདབ་པར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུངས་སྔགས་ཀྱི་རང་བཞིན་འཚལ་ལོ་ཞེས་བརྗོད་པར་བགྱིའོ། །ཡང་ན་འདི་སྐད་དུ་འདི་ནི་ལུང་བསྟན་པའི་དུས་ལགས་པ་སྙམ་བགྱིད་ན། ཐུགས་རྗེ་དང་ལྡན་པས་བདག་ལ་ངེས་པར་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ། བདག་ནི་རྙེད་པ་དང་། བཀུར་སྟི་དང་། གྲགས་པ་མི་འཚལ་གྱི། ནམ་ཞིག་ན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ་དང་། ཡོངས་སུ་སྐྱོབ་པར་འགྱུར་སྙམ་དུ་སེམས་སོ། །ཡང་འབྱུང་པོ་གཉུག་མར་གནས་པ་ཐམས་ཅད་བདག་གིས་བསྒོ་བ་བཞིན་དུ་གནས་པར་གྱུར་ཅིག་སྙམ་དུ་སེམས་སོ་ཞེས་བརྗོད་པར་བགྱིའོ། །གལ་ཏེ་ཡིད་ལ་བསམས་པ་འདི་ཐོབ་ཅིང་དངོས་གྲུབ་དེ་ཐོབ་ན་གཞན་ལ་མི་བརྗོད་པར་བདག་ཉིད་ཀྱིས་འཚལ་བར་བགྱིའོ། །གལ་ཏེ་ཆོ་ག་འདི་གྲུབ་ན་བཟླས་པར་བགྱི། གཅིག་ཏུ་


DKG093_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་བར་བགྱིའོ། །འདི་ནི་བསླབ་པ་གཅིག་ཏུ་གསང་ངོ་། །སུ་ཞིག་སྣ་ཚོགས་འཚལ་བ་དེས་ཨ་ག་རུ་ནག་པོའི་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ལ། རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ཡིད་ལ་བསམས་པ་ཡོངས་སུ་རྫོགས་པར་བགྱིད་པའི་ཕྱག་རྒྱ་བཅུ་པ་ཡང་བཅིང་བར་བགྱིའོ། །འོན་ཏང་འཚལ་བ་ཡོངས་སུ་རྫོགས་པར་རྙེད་པར་འགྱུར་རོ། །དེའི་ཚེ་གླེགས་བམ་འདི་བཞིན་དུ་སེམས་ཤིང་། སུ་ཞིག་འདི་བཞིན་དུ་མཆོད་པ་བགྱིད་ན་གཞན་དུ་མི་འགྱུར་རོ། །གཟུངས་སྔགས་ཀྱི་ཆོ་ག་རྫོགས་སོ།། །།ཡང་ཆོ་ག་གཞན་ཏེ་སུ་ཞིག་བདེ་བ་ཐམས་ཅད་ཐོབ་པར་འཚལ་བ་དེས། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་ཕྱག་རྒྱ་དགུ་པ་བཅིངས་ལ་རྩ་བའི་གསང་སྔགས་བཟླས་བརྗོད་བགྱིའོ། །ཏིལ་ནག་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། མེར་བསྲེགས་ན་ཅི་འཚལ་བ་བཞིན་དུ་འགྲུབ་བོ། །ཅི་ནས་རྒྱལ་པོ་དགའ་བར་བགྱི་འཚལ་ན་དེས་རྒྱལ་པོ་གནས་པ་ན་མཆིས་པའི་ཤིང་ལས་ལྕུག་མ་བླངས་ཏེ། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ལ། རྒྱལ་པོའི་ཀུན་དགའ་ར་བ་དེར་བོར་ན་དགའ་བར་འགྱུར་རོ། །གལ་ཏེ་སེམས་ཅན་སྡིག་པ་ཅན་རྣམས་དང་། དགྲ་རྣམས་ཚར་གཅོད་པར་འཚལ་ན། དེས་ཤིང་ནི་མ་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། མེར་བསྲེགས་ན་དབང་དུ་འགྱུར་རོ། །ཡང་ཆོ་ག་གཞན་ཏེ་ལྷ་དང་། འབྱུང་པོ་མ་དུལ་བ་དེའི་སླད་དུ། གུ་གུལ་དང་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་མེར་བསྲེགས་ན། འབྱུང་པོ་ཐམས་ཅད་བདག་ཉིད་ཚུལ་བཞིན་དུ་གནས་པར་འགྱུར་རོ། །གང་དུ་ནད་བྱུང་ན་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ཏེ། དེར་བ་མར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ། མེར་བསྲེགས་ན་ནད་ཞི་བར་འགྱུར་རོ། །མར་དེ་ཉིད་ལས་ཉུང་ཞིག་ནད་པ་ལ་བླུད་ན་འཚོ་བར་འགྱུར་རོ། །སྔོན་ཡུལ་ཀོ་བི་ནར་ནད་བྱུང་སྟེ། ནད་པ་རྣམས་གདུགས་གཅིག་གཉིས་བྲོ་འཚལ་ནས་གུམ་མོ། །དེའི་ཚེ་དབུས་ཀྱི་ཡུལ་གྱི་མི་བདེན་གྱུར་ཅེས་བགྱི་བ་དེར་མཆིས་ཏེ། དེས་གཟུངས་སྔགས་འདིའི་ཆོ་ག་བགྱིས་ནས་བསྒྲགས་པ་


DKG093_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནད་ཆད་དོ། །འབྱུང་པོའི་རྒྱལ་པོ་ཡང་ཡུལ་དེ་ནས་བྱུང་ངོ་། །ཐམས་ཅད་ཀྱིས་ཀྱང་འདིའི་སྟོབས་འཚལ་ཏེ། གང་དུ་རང་གི་འཁོར་དུ་ཕ་རོལ་གྱི་དམག་ཚོགས་མཆི་བ་དེར་ཐོག་མའི་རྩ་བའི་གསང་སྔགས་བཅིངས་ལ་བཅངས་ལ། གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། དགྲ་བོ་ཆོམ་རྐུན་རྣམས་བདག་ཉིད་མི་རུང་བར་འགྱུར་རོ། །སུ་ཞིག་ཚེ་ཟད་པ་དེས་འགོག་པ་ལ་སྙོམས་པར་འཇུག་པའི་ཕྱག་རྒྱ་བཅིང་བར་བགྱི། ཉིན་གཅིག་བཞིན་མཆོད་པ་བགྱི། ཨ་ག་རུ་ནག་པོའི་བདུག་པས་བདུགས་པར་བགྱི་ཞིང་། གསང་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་དེ་ཚེ་རིང་བར་འགྱུར་རོ། །བུད་མེད་གང་ཞིག་བུ་མི་ཕྱིན་ན་བ་མར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ། དེ་ལ་བླུད་ན་ཞི་བ་དང་བདེ་བར་འགྱུར་རོ། །གང་བསྐྱེད་པའི་བུ་དང་། བུ་མོ་དག་ཀྱང་ཡོངས་སུ་རྫོགས་པར་འགྱུར་རོ། །མཚན་མོ་བཟང་པོ་སྔོན་གྱི་བསོད་ནམས་རྣམས་ཀྱིས་བརྒྱན་ཅིང་། སེམས་ཅན་རྣམས་དགའ་བ་དང་། མིར་སྐྱེས་པ་ན་རྟག་ཏུ་མཆོད་པའི་འོས་སུ་འགྱུར་ཞིང་བདེ་བ་མཆོག་རྣམས་མྱོང་བར་འགྱུར་རོ། །སུ་ཞིག་མིག་ན་བ་དེས་མིག་སྟོང་དང་ལྡན་པའི་ཕྱག་རྒྱ་བཅིངས་ལ་གཟུངས་སྔགས་ཐམས་ཅད་ཀྱི་ཕྱག་རྒྱས་མིག་ལ་ཕྱག་རྒྱས་བཏབ་ན་སོས་པར་འགྱུར་རོ། །ཇི་ལྟར་སྟེང་གི་ཕྱོགས་ཀྱི་ལྷ་བདེ་བ་མྱོང་བ་རྣམས་མཐོང་བ་དེ་ལྟ་བུའི་མཐོང་བ་དང་ལྡན་པར་འགྱུར་རོ། །ད་ནི་རི་མོ་བྲི་བའི་ཆོ་ག་བརྗོད་པར་བགྱི་སྟེ། རི་མོ་བྲི་བའི་ཆེད་དུ་རས་དཀར་པོ་བགྱིས་ལ། བྱང་ཆུབ་སེམས་དཔའ་མདོག་འཛམ་བུའི་གསེར་ལྟ་བུ་བྲི་བར་བགྱིའོ། །ལག་པ་སྟོང་དང་ལྡན་པར་བགྱིའོ། །ལག་པ་སོ་སོའི་ལག་མཐིལ་ན་མིག་རེ་རེ་མཆིས་པར་བགྱི་སྟེ། སྤྱིན་མ་མཆིས་པའི་ཚོན་གྱིས་བྲི་བར་བགྱིའོ། །ཚོན་རྩི་ཡང་ཀ་པིད་ཐ་དང་བསྲེ་བར་བགྱིའོ། །མགོ་ལ་རིན་པོ་ཆེ་སྣ་བདུན་གྱི་ཅོད་པན་བྲི་བར་བགྱིའོ། །ཡན་ལག་དང་། ཉིང་ལག་རྣམས་སུ་རྒྱན་གྱིས་བརྒྱན་པར་བྲི་བར་བྱའོ། །ཡང་ན་རས་ལ་བྱང་ཆུབ་སེམས་དཔའ་སྲིད་དུ་ཁྲུ་གང་པ་བྲིས་ཏེ། ལག་པ་གཉིས་བྲི་བར་བགྱིའོ། །གོང་དུ་སྨོས་པའི་


DKG093_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་སྟོང་དང་ལྡན་པའི་ཕྱག་རྒྱ་ལྔ་པས། རིག་སྔགས་འཆང་གིས་མཆོད་པ་བགྱིའོ། །གལ་ཏེ་ལག་པ་དང་། མིག་སྟོང་དང་ལྡན་པར་མ་གྱུར་ན། དཔྲལ་བར་མིག་གཅིག་བགྱིའོ། །ཡང་འདི་ནི་ཆོ་ག་གཞན་ཏེ། སུ་ཞིག་ཆོས་ཀྱི་སྒོ་འདི་མཆོད་པར་འཚལ་ན། ཐོག་མར་རས་ལ་བྲི་བར་བྱའོ། །དེ་ནི་འདི་ལྟར་བྲི་བར་བགྱི་སྟེ། ཆོ་ག་སྔ་མ་བཞིན་དུ་དཀྱིལ་འཁོར་བགྱིའོ། །དེ་ནས་རི་མོ་མཁན་བསླབ་པ་བརྒྱད་བཟུང་བ་ཆབ་ཁུང་སར་མཆིས་ཏེ། སླར་ལོག་ནས་ལེགས་པར་བཀྲུས་པ་གཙང་མས་བྲི་བར་བགྱིའོ། །ཚོན་རྩི་རུང་བས་ཆོ་ག་བཞིན་བྲིས་ལ། དེའི་ཚེ་དཀྱིལ་འཁོར་གྱི་དབུས་སུ་མཆིས་ཏེ། དེར་སྨྱུང་བ་བགྱིས་ལ་ཉི་མ་ཉི་ཤུ་རྩ་གཅིག་ཏུ་མཆོད་པའི་ལས་རྒྱ་ཆེར་བགྱིས་ན། དེ་ན་གནས་བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་སྟེ། དེ་ལ་ཐེ་ཚོམ་མི་བགྱིའོ། །སླད་ཀྱིས་ཟླ་བ་དང་། ཉི་མ་ལྟ་བུའི་འོད་ཀྱང་བགྱིད་དོ། །གང་དགེ་བ་དང་དད་པས་མི་བགྱིད་པ་དེས་མ་གཏོགས་སོ། །བྱང་ཆུབ་སེམས་དཔའ་ལག་པ་སྟོང་དང་ལྡན་པའི་ཆོ་གའོ། །དེ་བཞིན་གཤེགས་པ་རྣམ་པར་གཟིགས་བྱུང་བའི་ཚེ་ཡང་བདག་གིས་བདུད་འདུལ་བའི་ལུས་མིག་སྟོང་དང་ལྡན་པ་སྤྲུལ་པའོ། །མིག་རེ་རེ་ལས་ཀྱང་སངས་རྒྱས་རེ་རེ་སྤྲུལ་ཏེ། དེ་དག་ནི་བསྐལ་པ་བཟང་པོ་ལ་སངས་རྒྱས་སྟོང་འབྱུང་བ་ལགས་སོ། །ལག་པ་སྟོང་ལས་ལག་པ་རེ་རེ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་སྤྲུལ་ཏོ། །དེ་དག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་འབྱུང་བ་ལགས་སོ། །བདུད་འདུལ་བའི་ཚོགས་ཀྱི་ནང་ན། བྱང་ཆུབ་སེམས་དཔའི་ལུས་ནི་ཐམས་ཅད་ཀྱི་མཆོག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་གསང་སྔགས་འདི་སངས་རྒྱས་ཀྱི་མཐུས་རྒྱས་པར་བཤད་ན། བསྐལ་པ་འདས་ཀྱང་མཐར་ཐུག་པར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་གསང་སྔགས་འདི་ཐོས་ནས་རབ་ཏུ་དགའ་སྟེ། ཡི་རངས་ནས་བཟུང་སྟེ། སངས་རྒྱས་ཀྱི་ཞབས་


DKG093_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་ནས་གཟུངས་སྔགས་འདི་བརྗོད་དོ། །ན་མོ་རཏྣ་རཤྨི་ཙནྡྲ་ཨ་ལཾ་ཀཱ་ར་མཱརྒ་ཏེ་ཛ་པུཎྱ་ཙཀྵུ་ར་པི་ཥ་ཡ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། རཏྣ་རཏྣ། ཏ་ཏ་ཤ་རཏྣ། རཏྣ་པྲ་ཏི་མ་ཏེ། རཏྣ་པྲ་བྷཱ་རཏྣ་ད་ཀ་ཏེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གཟུངས་སྔགས་འདི་བརྗོད་ནས། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཐུག་གི་བར་དུ། རྣམ་པ་དྲུག་ཏུ་གཡོས་སོ། །རབ་ཏུ་གཡོས་སོ། །འོག་མིན་གྱི་ལྷའི་རིས་ན། དབང་ཕྱུག་ཆེན་པོ་ཡང་མི་བདེ་བར་གྱུར་ཏོ། །ལྷའི་གནས་དེར་འཇིགས་པ་ཆེན་པོ་ཡང་བྱུང་ངོ་། །ངན་སོང་དུ་གྱུར་པ་ཐམས་ཅད་ཀྱང་སྡུག་བསྔལ་ཆེན་པོ་རྙེད་དོ་ཞེས་སྒྲ་ཆེན་པོ་འབྱིན་ཅིང་། ཕར་འབྲོས་ཚུར་འབྲོས་ཏེ། གར་སོང་མི་ཤེས་སོ། །དེའི་ཚེ་སྤྲུལ་པས་ངན་སོང་དུ་གྱུར་པའི་འཁོར་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་གསང་སྔགས་འདི་ལས་འདའ་ཞིང་འགྲས་པར་བྱེད་ན་མགོ་བོ་རྡུལ་ཕྲ་རབ་བཞིན་དུ་འགྱེས་སོ། །གསང་སྔགས་འདིའི་མཐུས་ནི་རི་འཐོར་རོ། །རྒྱ་མཚོ་ཆེན་པོ་སྐེམས་སོ། །ལྷ་མ་ཡིན་གྱི་དམག་ཕམ་པར་བགྱིད་དོ། །འབྱུང་པོ་རྣམས་ཚར་གཅོད་དོ། །སྡིག་པ་ཅན་གྱི་མི་རྣམས་ཀྱང་ཚར་གཅོད་དོ། །ནད་ཆེན་པོ་དག་ཀྱང་ཆད་པར་བགྱིད་དོ། །ཡུལ་བསྲུངས་པར་ཡང་འགྱུར་རོ། །སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱང་ཕྱག་འཚལ་ལོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གསང་སྔགས་འདི་བརྗོད་ཅིང་འཛིན་པ་དེའི་གཟི་བརྗིད་དང་། སྟོབས་ཡུན་ཐུང་དུས་བཤད་པར་མི་ནུས་སོ། །གཟུངས་སྔགས་འདི་འཆང་ཞིང་བརྗོད་པ་ནི་དཔའ་བར་འགྱུར་རོ། །ཕྱུག་པ་དང་། སྟོབས་དང་ལྡན་པ་དང་། དབང་དང་ལྡན་པར་འགྱུར་རོ། །ཇི་སྲིད་འཚོའི་བར་དུ་རྒྱལ་པོ་བྱམས་པར་འགྱུར་རོ། །ཅི་འཚལ་བ་ཐམས་ཅད་འགྲུབ་བོ། །སུ་ཞིག་བདུད་ཕམ་པར་བགྱིད་པར་འཚལ་བ་དེས་བདུག་པ་གཙང་མ་ལ་རྩ་བའི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །སུ་ཞིག་འདི་སྙམ་དུ་བདག་ལ་སེམས་ཅན་ཐམས་ཅད་བྱམས་པར་འཚལ་བ་དེས། སོ་ཤིང་ལ་ལན་ཉི་


DKG093_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ཏེ་མཆོད་ན་བྱམས་པར་འགྱུར་རོ། །སུ་ཞིག་བདག་གི་ཚིག་ཐོགས་པ་མེད་པར་འགྱུར་བར་འཚལ་བ་དེས། ཤུ་དག་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་སྙིང་གར་བསྐུས་ན་འགྲུབ་བོ། །ལས་དེ་དག་ལ་ཡང་རྩ་བའི་གསང་སྔགས་བརྗོད་དོ། །ཕྱག་རྒྱ་ཡང་བཅིང་བར་བགྱིའོ། །ལག་པ་གཉིས་རྒྱབ་སྤྲད་དེ་སྦྱར་ལ་མཐེ་བོང་གཉིས་བརྐྱང་ངོ་། །ཕྱག་རྒྱ་འདི་ནི་ཇི་ལྟར་བདག་སྲུང་བ་དེ་བཞིན་དུ་གཞན་ཡང་སྲུང་ངོ་། །མཚམས་བཅད་པ་ཡང་བགྱིའོ། །གང་ཞིག་ཏུ་མཆིན་ཆབ་བམ། ཐལ་པ་ལག་པར་བླངས་ཏེ་ལན་བདུན་བཟླས་བརྗོད་བགྱིས་ལ། བདག་གི་སྟེང་དུ་གཏོར་ན། ཕྱོགས་བཞིར་མཚམས་བཅད་པར་ཡང་འགྱུར་རོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འབྱུང་པོ་རྣམས་སམ། བགེགས་དང་། ལོག་འདྲེན་རྣམས་ཀྱིས་མཐོ་བཙམས་པར་གྱུར་ན། བལ་པོ་སེའུ་ཤིང་གི་ལྕུག་མ་ལ་གསང་སྔགས་བཟླས་བརྗོད་བགྱིས་ཏེ། དལ་གྱིས་བཞུས་ན་སོས་པར་འགྱུར་རོ། །འདི་ནི་བྱང་ཆུབ་སེམས་དཔའི་སོ་སོའི་རིག་པའི་ཕྱག་རྒྱ་ཐོགས་པ་མེད་པ་སྟེ། བཅུ་གསུམ་པའོ། །གསང་སྔགས་ནི་འདི་ལགས་ཏེ། ནམཿསརྦ་བུད་དྷ་དྷརྨ་སཾ་གྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་བོ་དྷི་སཏྭ་སཏྭ་སྱ། ན་མོ་བཛྲ་པཱ་ཎི་སྱ། བོ་དྷི་སཏྭ་སྱ། ཏདྱ་ཐཱ། དྷུ་པི་དྷུ་པི། ཀཱ་ཡ་དྷུ་པི། པྲ་ཤ་མ་ནི་སྭཱ་ཧཱ། ལོག་པར་ལྟ་བ་གཞན་མུ་སྟེགས་ཅན་རྣམས་འདུལ་བར་ནུས་སོ། །སུ་ཞིག་དུས་གསུམ་དུ་གསང་སྔགས་འདི་ལན་ཉི་ཤུ་རྩ་རེ་རེ་བརྗོད་པ་དེས། སངས་རྒྱས་བཅོམ་ལྡན་འདས་བྱེ་བ་ཕྲག་བཅུ་ལ་མཆོད་པའི་ལས་རྣམ་པ་སྣ་ཚོགས་ཀྱིས་མཆོད་པ་བགྱིས་པར་འགྱུར་རོ། །བུད་མེད་དུ་སྐྱེ་བར་མི་འགྱུར་རོ། །འཆི་བའི་དུས་ཀྱི་ཚེ་ངན་འགྲོ་གསུམ་པོ་དག་ལས་ཡོངས་སུ་ཐར་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་མཆི་བར་འགྱུར་རོ། །དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱིས་དེའི་སྤྱི་བོར་ཕྱག་བཞག་སྟེ། འདི་སྐད་དུ་བུ་མ་འཇིགས་ཤིག །ངའི་སངས་རྒྱས་ཀྱི་ཞིང་འདིར་འོངས་སོ། །འདིར་སྐྱེས་ནས་དུས་མ་ཡིན་པར་འཆི་བས་འཆི་བར་མི་འགྱུར་རོ། །འདིར་འབྱུང་པོ་རྣམས་ཀྱིས་གླགས་


DKG093_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

རྙེད་པར་མི་འགྱུར་རོ་ཞེས་གསུང་ངོ་། །འགྲེང་སྟེ་ལག་པ་གཡོན་པ་གྲུ་མོ་བཀུག་པ་དྲང་པོར་བརྐྱང་སྟེ། མི་འཇིགས་པ་སྦྱིན་པར་བགྱི། ལག་པ་གཡས་པའི་མཐེ་བོང་ལག་མཐིལ་དུ་བཀུག་ལ་སོར་མོ་བཞིས་མནན་ཏེ། ཁུ་ཚུར་འདི་རྣ་བ་གཡས་པའི་གོང་དུ་བཞག་ལ་མཛུབ་མོ་སྒུལ་བར་བགྱི། བརྐྱང་བར་བགྱི། བསྐུམ་པར་བགྱིའོ། །ཕྱག་རྒྱ་འདི་ནི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་ལས་རྣམས་འབྱང་བར་བགྱི་བའི་སླད་དུ་སྨྲས་པ་སྟེ་བཅུ་བཞི་པའོ། །ཕྱག་རྒྱ་འདི་ནི་ཉིན་གཅིག་བཞིན་དུས་གསུམ་དུ་བཅིངས་ལ་གསང་སྔགས་ཀྱང་ལན་བདུན་བདུན་བརྗོད་ན། མཚམས་མེད་པ་ལྔ་པོ་དག་དང་། རྩ་བའི་ལྟུང་བ་བཞི་པོ་དག་ཀྱང་འབྱང་བར་བགྱིད་ནུས་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ན། ལས་ཀྱི་རྩ་བ་ཐམས་ཅད་ཚིག་པར་འགྱུར་རོ། །གང་གི་ཚེ་ཚེ་འདི་འདོར་བ་ན། སངས་རྒྱས་དང་ཕྲད་པར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །དཔག་ཏུ་མེད་ཅིང་མི་ཟད་པའི་སྙིང་པོའི་གཟུངས་འཐོབ་པར་འགྱུར་རོ། །མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་འཐོབ་པར་འགྱུར་རོ། །ལུས་ལ་ལྟས་རྣམ་པ་ཉི་ཤུ་རྩ་བརྒྱད་འབྱུང་བར་འགྱུར་རོ། །ལུས་ལ་གནོད་པ་མི་འབྱུང་ངོ་། །མིག་ནད་དང་། རྣ་བའི་ནད་དང་། སྣའི་ནད་དང་། ལྕེ་ནད་མི་འབྱུང་ངོ་། །ཕྱི་དང་ནང་གི་ནད་ཐམས་ཅད་ཞི་བར་འགྱུར་རོ། །སྔོན་གྱི་ལས་མི་དགེ་བ་རྣམས་ཀྱང་འབྱང་བར་འགྱུར་རོ། །གལ་ཏེ་ཆར་མི་འབབ་ན་ཏིལ་ནག་པོ་ལ་ཨེ་རཎྜའི་མར་གྱིས་སྦྲུས་ཏེ། རིལ་བུར་བགྱིས་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། མཚེ་འུར་སྩལ་ན། དེའི་མོད་ལ་ཆར་དབབ་བོ། །གལ་ཏེ་ཆར་ཆེས་ན་ཡུངས་ཀར་གྱི་མར་གྱིས་སྣ་མའི་མེ་ཏོག་སྦྲུས་ལ་རིལ་བུར་བགྱིས་ཏེ། ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ལ་མཚེའུར་སྩལ་ན་ཆར་འཆད་པར་འགྱུར་རོ། །སོར་མོ་ལྔ་ཕན་ཚུན་བསྣོལ་ཏེ། གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པའི་སོར་མོ་རྣམས་དམ་དུ་འཁྱུད་ལ་མགོ་བོའི་སྟེང་དུ་བཞག་སྟེ། རྩ་བའི་གསང་སྔགས་བཟླས་བརྗོད་བགྱིའོ། །འདི་ནི་སྟོང་གསུམ་གྱི་སྟོང་


DKG093_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་འཇིག་རྟེན་དུ་བདུད་འདུལ་བའི་ཕྱག་རྒྱ་སྟེ་བཅོ་ལྔ་པའོ། །ཕྱག་རྒྱ་འདིས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་སྨྱུང་བར་བགྱི། གདུགས་ཉི་ཤུ་རྩ་དགུའི་བར་དུ་ཙནྡན་དཀར་པོའི་འདག་གུས་དཀྱིལ་འཁོར་བྱུག །མེ་ཏོག་གཙང་མ་དགྲམ་མོ། །དེའི་ཚེ་ཁྲུས་བགྱིས་ལ་གོས་གཙང་མ་བགོས་ཏེ། ཨ་ག་རུ་ནག་པོའི་བདུག་པས་བདུག་པར་བགྱིའོ། །རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །འདི་ནི་ངར་སྙེམས་པ་བགྱིའོ། །དེ་ནས་ཡུངས་ཀར་དང་། ཏིལ་ནག་པོ་ལྷན་ཅིག་བཏགས་ལ། ཕོ་གསུམ་གང་ཙམ་ལ་ལན་ཅིག་བཟླས་བརྗོད་བགྱིས་ཏེ་ཞུགས་སུ་དོར་རོ། །དེ་ལྟར་གདུགས་བདུན་གྱི་བར་དུ་གདུགས་གཅིག་ཅིང་། ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། ཅི་འཚལ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །འགྲེང་ལ་རྐང་པ་མཉམ་པར་ཉེ་བར་གཞིབས་ཏེ། ལག་པ་གཡས་པ་ཐུར་དུ་ཐམས་ཅད་བརྐྱང་ལ་བཀན་ཏེ། པུས་མོའི་སྟེང་དུ་བཞག །ལག་པ་གཡོན་པ་ཡང་དེ་བཞིན་དུ་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའི་མི་འཇིགས་པ་སྩོལ་བའི་ཕྱག་རྒྱ་སྟེ་བཅུ་དྲུག་པའོ། །ཕྱག་རྒྱ་འདི་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་བཅིངས་ལ། རྩ་བའི་གསང་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བར་འགྱུར་རོ། །ཡང་ན་ཤུ་ཏིའི་ས་བོན་དང་། ཡུངས་ཀར་དང་། ཤུ་དག་དང་། ཉེའུ་ཤིང་དང་། འདི་དག་སངས་རྒྱས་ཀྱི་སྤྱན་སྔའམ། བླ་གབ་མེད་པའི་ཕྱོགས་སུ་སྦྱིན་སྲེག་བགྱིའོ། །གསང་སྔགས་ལན་སུམ་ཅུ་གཉིས་བཟླས་བརྗོད་བགྱིའོ། །མེ་ཏོག་དང་། བདུག་པས་མཆོད་པར་བགྱིའོ། །འདི་ནི་གསང་སྔགས་ཀྱི་ཆོ་ག་ལགས་ཏེ། ཅི་རྩོམ་པ་ཐམས་ཅད་དེ་བཞིན་དུ་འགྲུབ་བོ། །གསང་སྔགས་གང་མི་འགྲུབ་ན། གསང་སྔགས་འདི་བཟླས་བརྗོད་བགྱིས་ན་འགྲུབ་བོ། །རྨི་ལམ་མཐོང་བར་འཚལ་ན། གསང་སྔགས་འདི་ཡང་བརྗོད་ཅིང་ཕྱག་རྒྱ་འདི་ཡང་བཅིངས་ན་ཅི་འཚལ་བ་རྨི་ལམ་དུ་མཐོང་བར་འགྱུར་རོ། །མི་བསོད་ནམས་དང་མི་ལྡན་པ་གང་ཞིག་དངོས་གྲུབ་མི་ཐོབ་ན། གསང་སྔགས་འདི་གདུགས་བདུན་གྱི་བར་དུ་གདུགས་གཅིག་ཀྱང་


DKG093_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། ཅི་འཚལ་བ་དེ་བཞིན་དུ་འགྲུབ་བོ། །དེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཆེན་པོའི་ནང་དུ་ཀླུའི་རྒྱལ་པོ་རྒྱ་མཚོའི་ཁང་པར་འདུག་སྟེ་ཆོས་བཤད་དོ། །དེར་ཀླུ་སྡུག་བསྔལ་ཆེན་པོ་མྱོང་བ་དག་མཐོང་ནས། སྙིང་རྗེ་ཆེན་པོ་སྐྱེས་ཏེ། གལ་ཏེ་ཡོངས་སུ་སྐྱོབ་པ་ཞིག་ཡོད་ན། སྡུག་བསྔལ་གྱི་གནོད་པ་རྣམས་ལས་ཐར་བར་འགྱུར་རོ་སྙམ་མོ། །དེའི་ཚེ་དེར་ཀླུའི་བུ་མོ་ཆོས་འདོད་པ་གཅིག་གིས་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་མི་མཇེད་གཅིག་རིབ་ཅིག་ཕུལ་བ་དང་། དེས་ཀྱང་སྡུག་བསྔལ་ཐམས་ཅད་ཡོངས་སུ་ཐར་བར་བྱེད་པའི་ཆོས་བཤད་དོ། །དེའི་ཚེ་དེར་གསང་སྔགས་འཛིན་པའི་བྱང་ཆུབ་སེམས་དཔའ་ཆུའི་སྙིང་པོས་ཀུན་ཏུ་སྲུང་བའི་ཕྱིར་གསང་སྔགས་འདི་སྨྲས་སོ། །བི་མ་ལེ་མ་ཧཱ་བི་མ་ལེ། ཨོ་ཧ་རེ་མ་ཧཱ་ཨོ་ཧ་རེ། ཧུ་མ་རེ་མ་ཧཱ་ཧུ་མ་རེ་སྭཱ་ཧཱ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གསང་སྔགས་འདི་འཛིན་ན། དེ་གར་མཆི་བར་བདུད་ཀྱི་འཁོར་གྱིས་སྡུག་བསྔལ་བར་བགྱིད་པའི་བར་དུ་བདག་གིས་རྟག་ཏུ་ཀུན་ཏུ་བསྲུང་བར་བགྱིའོ། །གང་ལ་ལ་ཞིག་གློ་བུར་དུ་འཇིགས་པར་གྱུར་ཏམ། རང་གི་ཡུལ་ལམ་གཞན་གྱི་ཡུལ་ལམ། ཆོམ་རྐུན་དང་ཕྱིར་རྒོལ་བ་དག་བྱུང་ན། དེས་ཚོན་སྐུད་སྣ་ལྔ་པ་བཅིང་བར་བགྱི་སྟེ། མདུད་པ་ཉི་ཤུ་རྩ་གཅིག་བོར་ལ། མདུད་པ་རེ་རེ་ཞིང་ཡང་གསང་སྔགས་ལན་རེ་རེ་བཟླས་བརྗོད་བགྱིས་ཏེ། ལག་པ་གཡོན་པ་ལ་བཅིང་བར་བགྱིའོ། །ལག་པ་གཡོན་པའི་སྲིན་ལག་དང་། གུང་མོ་དང་། མཛུབ་མོ་རྣམས་ཁུ་ཚུར་བཅངས་ལ། མཐེ་བོས་དེ་དག་མནན། མཐེའུ་ཆུང་བརྐྱང་སྟེ། དགྲ་ལོགས་སུ་བསྟན་ལ་གསང་སྔགས་ཀྱང་ལན་བདུན་བཟླས་བརྗོད་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་ཀུན་ཏུ་སྲུང་བའི་ཕྱག་རྒྱ་སྟེ་བཅུ་བདུན་པའོ། །གསང་སྔགས་ལན་བཅུ་བདུན་བཟླས་བརྗོད་བགྱིས་ན། དགྲ་ཐམས་ཅད་ལྡོག་པར་འགྱུར་ཞིང་། གནོད་པར་བགྱིད་མི་ནུས་སོ། །དེའི་ཚེ་ཡང་བྱང་ཆུབ་སེམས་དཔའ་གངས་ཀྱི་རི་ལ་གནས་ཏེ་ཆོས་ཀྱང་འཆད་དོ། །དེར་གནོད་སྦྱིན་དང་སྲིན་པོ་རྣམས་ཀྱི་ཡུལ་ན་


DKG093_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་རྣམས་ཕན་ཚུན་ཟ་ཞིང་། དེ་དག་ལ་དགེ་བའི་སེམས་མེད་པར་མཐོང་ནས། བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ནམ་ཞིག་ན་འདུལ་བར་འགྱུར་སྙམ་ནས་དེའི་ཚེ་དེར་སོང་སྟེ། ཡུལ་དེར་དེ་དག་གི་དོན་གྱིི་ཕྱིར་ལག་པ་སྟོང་དང་ལྡན་ཞིང་མིག་སྟོང་དང་ལྡན་པའི་ལུས་སྤྲུལ་ནས་དེས་བདུད་རྣམས་ཕམ་པར་བྱས་སོ། །དེར་གཟུངས་སྔགས་འདི་ཡང་སྨྲས་སོ། །དེ་ནས་སྲིན་པོའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་གན་དུ་སོང་སྟེ། ལས་དེ་བཤགས་ནས་ཕྱག་བྱས་སོ། །བྱང་ཆུབ་སེམས་དཔས་ཀྱང་ཕྱག་རྒྱ་བཅུ་བདུན་གྱིས་ཕྱག་རྒྱས་བཏབ་པ་དང་། དེའི་མོད་ལ་བྱང་ཆུབ་ཀྱི་ལམ་ཐོབ་བོ། །འགྲེང་སྟེ་རྐང་པ་ཕན་ཚུན་ཉེ་བར་གཞིབས་ལ་སྙིང་གར་ཐལ་མོ་སྦྱར་ཏེ་མཐེའུ་ཆུང་ཕན་ཚུན་བསྣོལ་ལོ། །གཡོན་པས་གཡས་པ་ལ་འཁྱུད་པར་བགྱི། རྩ་བའི་གསང་སྔགས་ཀྱང་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་ཡོངས་སུ་རྫོགས་པ་སྟེ་བཅྭ་བརྒྱད་པའོ། །ཡིད་ལ་བསམ་པ་རྣམས་རྫོགས་པར་འགྱུར་རོ། །སུ་ཞིག་ངན་འགྲོ་དྲུག་པོ་དག་གི་སེམས་ཅན་རྣམས་སྐྱོབ་པར་འཚལ་བ་དེས། འཁོར་ལོའི་ཕྱག་རྒྱ་བཅིང་བར་བགྱི་སྟེ། སོར་མོ་བཅུ་རྩེ་སྤྲད་ལ་ལག་རྟིང་དབྱེ། སོར་མོའི་བར་ཡང་སོར་གཉིས་གཉིས་ཙམ་གྱིས་མ་ཕྲད་པར་བགྱིའོ། །ཕྱག་རྒྱ་འདིས་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ཡོངས་སུ་ཐར་བར་བགྱིད་ཅིང་། འགྲོ་བ་དྲུག་པོ་དག་ཏུ་ཞུགས་པ་དང་འདྲ་བར་རིག་པར་བགྱི་སྟེ། ཕྱག་རྒྱ་དེའི་ཆོ་གའོ། །ཡང་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་ལག་པ་གཡོན་པ་པུས་མོའི་སྟེང་དུ་ལག་མཐིལ་བཀན་ཏེ་བཞག་པར་བགྱིའོ། །གཡས་པ་ཡང་དེ་བཞིན་དུ་བགྱིས་ལ། ལག་མཐིལ་པུས་མོའི་སྟེང་དུ་ཁ་ཕུབ་སྟེ་གཞག་པར་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་ཡོངས་སུ་རྫོགས་པ་ཡང་དག་པའི་བྱང་ཆུབ་ཀྱི་ཕྱག་རྒྱ་སྟེ་བཅུ་དགུ་པའོ། །འདི་ནི་རང་བཞིན་གྱིས་འགོག་པ་དང་མཚུངས་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་རྒྱ་འདི་གཅིག་པུས་སངས་རྒྱས་ཀྱི་བྱང་ཆུབ་བརྙེས་སོ། །ཕྱག་རྒྱ་


DKG093_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

འདིས་ལས་མི་དགེ་བ་ཐམས་ཅད་འབྱང་བར་འགྱུར་རོ། །གལ་ཏེ་སྒྲུབ་པ་པོ་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་པ་ལ་ཆོས་རྣམས་མངོན་དུ་གདའ་བར་མ་གྱུར་ན། གདུགས་བདུན་གྱི་བར་དུ་དགོན་པའི་ཕྱོགས་ཀྱི་གནས་སུ་ཕྱག་རྒྱ་འདིས་གཟུངས་འདི་བརྗོད་ལ་ཤིན་ཏུ་དད་པས་སངས་རྒྱས་ལ་ཕྱག་བགྱི་ཞིང་། གདུགས་མཚན་དྲུག་ཏུ་ལས་རྣམས་སོ་སོར་བཤགས་ན། དེའི་ཚེ་ཆོས་མདུན་དུ་གདའ་བར་འགྱུར་རོ། །བསོད་ནམས་དཔག་ཏུ་མ་མཆིས་ཤིང་གྲངས་མ་མཆིས་པར་འགྱུར་རོ། །ཡང་ལག་པ་གཡོན་པའི་སོར་མོ་བཞི་ཁུ་ཚུར་བཅངས་ལ་གཡས་པའི་སོར་མོ་བཞིས་གཡོན་པའི་མཐེ་བོང་བཅངས་ཏེ། ཅུང་ཞིག་མཆིས་ལ་གཡས་པའི་མཛུབ་མོས་གཡབ་བོ། །འདི་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སུམ་ཅུ་རྩ་གསུམ་གྱི་ལྷའི་རྣམ་པ་རྣམས་དགུག་པའི་ཕྱག་རྒྱ་སྟེ་ཉི་ཤུ་པའོ། །གསང་སྔགས་ནི་འདི་ལགས་ཏེ། ཨོཾ་ཀུ་ཊེ་ཀུ་ཊེ། ཀུ་ན་རེ་ཙི་ལེ་ཙི་ལེ། ཙི་ལི་ལེ་སྭཱ་ཧཱ། གསང་སྔགས་འདི་དང་། ཕྱག་རྒྱ་འདི་ནི་ལྷག་པར་རྒྱ་ཆེ་བའོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཅི་རྩོམ་པ་རྨི་ལམ་དུ་མཐོང་བར་འཚལ་ན། གསང་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། ཡིད་ལ་ཅི་བསམས་པ་རྨི་ལམ་དུ་མཐོང་བར་འགྱུར་རོ། །སུ་ཞིག་གདུགས་གཅིག་བཞིན་དུ་གོམས་པར་བགྱིད་ན། ལས་རྣམས་བྱང་བར་འགྱུར་རོ། །བྱང་ཆུབ་ཀྱི་སེམས་མི་བསྐྱུད་དོ། །རྨི་ལམ་བཟང་པོ་དཔལ་དུ་འགྱུར་བ་དང་། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའི་སངས་རྒྱས་ཀྱི་བར་དུ་མཐོང་ཞིང་། བྱང་ཆུབ་ཏུ་ལུང་སྟོན་པར་རྨི་བར་འགྱུར་རོ། །བརྒྱ་བྱིན་དང་། ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱང་ཀུན་ཏུ་སྲུང་བར་འགྱུར་རོ། །ཡང་འགྲེང་སྟེ་རྐང་པ་ཕན་ཚུན་བསྙེན་ལ། ལག་པ་གཡོན་པའི་མཐེ་བོང་ལག་མཐིལ་དུ་བཀུག་སྟེ། སོར་མོ་བཞིས་ཁུ་ཚུར་བཅངས་ལ་སྙིང་གར་བཞག །གཡས་པ་ཡང་དེ་བཞིན་བགྱིས་ལ། རྣ་བ་གཡས་པའི་སྟེང་དུ་བཞག་སྟེ། མཛུབ་མོས་གཡབ་བོ། །འདི་ནི་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་དང་། ཀླུ་ལ་སོགས་པ་འཁོར་བརྒྱད་པོ་དག་


DKG093_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

དགུག་པའི་ཕྱག་རྒྱ་སྟེ། ཉི་ཤུ་རྩ་གཅིག་པའོ། །གསང་སྔགས་ནི་འདི་ལགས་ཏེ། ན་མོ་ནི་གནྡྷ། ན་མོ་དརྴ་ན་སྭཱ་ཧཱ། ན་མོ་ནི་རྫ་ལ་སྭཱ་ཧཱ། ཨེ་ཧྱེ་ཧི་སྭཱ་ཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱག་རྒྱ་འདི་དང་། གསང་སྔགས་འདི་འཛིན་ཏམ། འདོན་ཏམ། ཀློག་པ་ཚེ་རབས་བདུན་དྲན་པར་འགྱུར་རོ། །སྦྲུལ་གདུག་པས་ཟིན་པར་མི་འགྱུར་རོ། །དུག་ཀྱང་གདུག་པར་མི་འགྱུར་རོ། །ལུས་ལ་མཚོན་གྱིས་མི་ཚུགས་སོ། །རྒྱལ་པོའི་ཆད་པས་འཇིགས་པ་མི་འབྱུང་ངོ་། །བསྐལ་པ་མང་པོར་སེམས་ཅན་དམྱལ་བར་མི་མཆིའོ། །སྡུག་བསྔལ་ཉམས་སུ་མི་མྱོང་ངོ་། །གང་བརྗོད་པར་འབྱུང་པོ་རྣམ་པ་ཉི་ཤུ་རྩ་གཅིག་ལྷགས་ཏེ། གསང་སྔགས་འདི་ཉན་པར་འགྱུར་རོ། །གང་གི་དྲུང་དུ་འབྱུང་པོ་མཆི་བ་དེར་སྐུད་པ་དཀར་པོ་གདགས་པར་བགྱི་སྟེ། མདུད་པ་བཞི་བཅུ་རྩ་དགུ་བོར་ལ། མདུད་པ་རེ་རེ་ལ་ཡང་ལན་རེ་བཟླས་བརྗོད་བགྱིས་ཏེ་མགུལ་དུ་བཏགས་ན་བདེ་བར་འགྱུར་རོ། །གལ་ཏེ་ཡུལ་དུ་ཡམས་ཀྱི་ནད་བྱུང་སྟེ། སེམས་ཅན་མང་དུ་འགུམ་ན། རྒྱལ་པོའི་སྐྱེད་མོས་ཚལ་ནས་པདྨ་དག་བསླངས་ལ། པདྨ་རེ་རེ་ལ་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ཏེ། བསྲེགས་པ་བགྱིས་ན། ཡམས་ཀྱི་ནད་འཆད་པར་འགྱུར་རོ། །ཡང་སྐྱིལ་མོ་ཀྲུང་བཅས་ཏེ་མཆིས་ལ་ལག་པ་གཡོན་པའི་མཐེ་བོང་དང་། གུང་མོ་རྩེ་མོ་སྤྲད་དེ། ལག་མཐིལ་བཀན་ལ་པུས་མོ་གཡོན་པའི་སྟེང་དུ་བཞག །གཡས་པ་ཡང་དེ་བཞིན་དུ་བགྱིས་ལ། པུས་མོ་གཡས་པའི་སྟེང་དུ་ཁ་ཕུབ་སྟེ་བཞག་གོ། །སོར་མོ་གཞན་བསྐྱེད་ལ། རྩ་བའི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའི་རྣམ་པར་གྲོལ་བའི་ཕྱག་རྒྱ་སྟེ། ཉི་ཤུ་རྩ་གཉིས་པའོ། །ཅི་འཚལ་བ་དེ་བཞིན་དུ་འགྲུབ་བོ། །སྡུག་བསྔལ་ལས་ཐར་བར་འགྱུར་རོ། །གང་གིས་མཚམས་མེད་པ་ལྔ་པོའི་ལས་དག་བགྱིས་པ། སྡིག་པ་རེ་རེའི་ཕྱིར་ཡང་། དཔེར་ན་འཛམ་བུའི་གླིང་གི་སའི་རྡུལ་ཕྲ་རབ་མཐའ་དག་རེ་རེའི་བསྐལ་བར་སེམས་ཅན་དམྱལ་བར་མཆི་འཚལ་ལ། འབྱུང་བ་ནི་ངེས་པར་མཆིས་པར་གྱུར་ན། དེས་


DKG093_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཚེ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཚེས་བཅོ་ལྔའི་ཟླ་བ་ཉ་ལ། ཟས་མི་འཚལ་བར་ཕྱག་རྒྱ་འདི་བཅིངས་ལ། གསང་སྔགས་འདི་ཡང་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། སྔོན་གྱི་ལས་ཀྱི་སྡུག་བསྔལ་ཐམས་ཅད་འབྱང་བར་བགྱིད་ནུས་པར་འགྱུར་ཏེ། ལྷག་མ་ལུས་པ་ནི་གནས་མ་ལགས་ཤིང་སྐབས་མ་མཆིས་སོ། །ཡང་འགྲེང་སྟེ་ལག་པ་གཡོན་པས་རྐང་པ་གཡོན་པའི་མཐེ་བོང་ཆང་པར་བཅུག་ལ། ལག་པ་གཡས་པས་གཡོན་པའི་ལག་མཐིལ་ནས་བཟུང་སྟེ། རྩ་བའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའི་དབང་དང་། རྫུ་འཕྲུལ་གྱི་རྐང་པའི་ཕྱག་རྒྱ་སྟེ། ཉི་ཤུ་རྩ་གསུམ་པའོ། །དཔག་ཚད་སྟོང་གི་ཕྱོགས་སུ་མཆི་འཚལ་ན་ཡང་དཀའ་བ་མ་མཆིས་སོ། །གསང་སྔགས་ནི་དབེན་པར་མཆིས་ལ་བཟླས་བརྗོད་བགྱིའོ། །ཡང་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ལ། གཡས་པ་ཡང་དེ་བཞིན་དུ་བགྱིས་ཏེ། སོར་མོ་ལྷག་མ་གསུམ་གསུམ་མཆིས་པ་བརྐྱང་ལ། ལག་མཐིལ་དུ་བཀུག་སྟེ། སྤྱི་བོར་བཞག་ལ་རྩ་བའི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །འདི་ནི་བྱང་ཆུབ་སེམས་དཔའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་། དབང་གི་ཕྱག་རྒྱ་སྟེ། ཉི་ཤུ་རྩ་བཞི་པའོ། །འགྲོ་བ་ལ་དབང་བ་འཐོབ་བོ། །ཡང་ཐལ་མོ་རེག་པར་སྦྱར་ཏེ། ཐལ་མོའི་ནང་ཁོག་སྟོང་དུ་བགྱིས་ལ་མཛུབ་མོ་གཉིས་ཀྱིས་གཡབ་བོ། །འདི་ནི་བྱང་ཆུབ་སེམས་དཔའི་རྒྱལ་པོའི་སྙིང་པོ་ལས་སྤྱན་དྲང་བའི་ཕྱག་རྒྱ་སྟེ། ཉི་ཤུ་རྩ་ལྔ་པའོ། །གསང་སྔགས་ནི་འདི་ལགས་ཏེ། ཨོཾ་ཨཱ་རོ་ལི་ཀ་ཏྲཻ་ལོ་ཀྱ་བི་ཛ་ཡ། སརྦ་ཤ་ཏྲུཾ་པྲ་མ་ཐ་ན་ས་ར་ཡ་སུ་ཝཾ་ཕཊ་མྟ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་། མིག་སྟོང་དང་ལྡན་པའི་ཆོ་ག་ཞིབ་མོ་རྫོགས་སོ།། །།