Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་གོ་གསུམ་པ།


   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས།next

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས།


DKG093_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་


DKG093_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུས་གཅིག་ན། བཅོམ་ལྡན་འདས་དྲང་སྲོང་གི་རི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ།གོས་ཚགས་བཅོས་ནས་པུས་མོ་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་པདྨ་དུ་མ་ཆེན་པོའི་ཙནྡན་གྱི་སྙིང་པོའི་འཁོར་ལོ་ཞེས་བགྱི་བའི་གཟུངས་ཆེན་མོ་སྨོན་ཅིང་བགྱི་བ་ཐམས་ཅད་མངོན་པར་འགྲུབ་པར་བགྱི་བ་མཆིས་ཏེ། གལ་ཏེ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོས་བདག་གིས་བཤད་པར་གནང་ན། བདག་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱི་མཐུས་སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བའི་སླད་དུ་བཤད་པར་འཚལ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་གཟུངས་འདི་ནི་གཟི་བྱིན་ཆེན་པོའི་མཐུ་དང་ལྡན་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཆེན་པོ་དང་། ཡིད་བཞིན་གྱི་ལྗོན་ཤིང་བཞིན་དུ་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་པས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། ཁྱོད་ཀྱིས་སྙིང་བརྩེ་བའི་ཕྱིར་སེམས་ཅན་གྱི་ཆེད་དུ་འདི་ལྟར་ཞུགས་པས་ན་ཁྱོད་ཐོགས་པ་མེད་པའི་གཟུངས་འདི་བཤད་པར་གནང་བར་བྱའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དེ་ལྟར་བཀས་གནང་བ་དང་། ལངས་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་སླར་སྟན་ལ་འདུག་སྟེ། སེམས་རྩེ་གཅིག་ཏུ་འཁོར་འདུས་པ་དག་ལ་རྣམ་པར་བལྟས་ནས་སྙིང་རྗེ་ཆེན་པོ་དང་ལྡན་པའི་སེམས་ཀྱིས་སྔགས་འདི་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་བརྟི་ཙིནྟཱ་མ་ཎི་མ་ཧཱ་པདྨེ་རུ་རུ་ཏིཥྛ་ཏེ། བཛྲ་བྷ་ར། ཨཱ་ཀ་རཱ་ཡ་ཧཱུྃ་སྭཱ་ཧཱ། འདི་ནི་ལུས་ཀྱི་སྔགས་ལགས་སོ། །ཨོཾ་པདྨེ། ཙིནྟཱ་མ་ཎི། མ་ཧཱ་བཛྲ་བྷ་ར་ཧཱུྃ། འདི་ནི་སྙིང་པོའི་སྔགས་ལགས་སོ། །ཨོཾ་བྷ་ར་ཏེ་པདྨ་ཧཱུྃ། འདི་ནི་


DKG093_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གི་སྙིང་པོའི་སྔགས་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡིད་བཞིན་འཁོར་ལོའི་གཟུངས་འདི་སྨྲས་པ་དང་། ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་ཁང་ཁྱིམ་རྣམས་ཀྱང་རབ་ཏུ་གཡོས་པར་གྱུར་བདུད་ཀྱི་རྒྱལ་པོ་དང་། བདུད་ཀྱི་འཁོར་རྣམས་ཀྱང་ཤིན་ཏུ་སྐྲག་ཅིང་འཇིགས་པ་ཆེན་པོ་སྐྱེས་པར་གྱུར། བདུད་ཀྱི་རྒྱལ་པོའི་གཞལ་མེད་ཁང་ཡང་རབ་ཏུ་འབར་བར་གྱུར། གནོད་སྦྱིན་དང་། འདྲེ་སྲིན་མ་རུངས་པ་གཞན་རྣམ་པ་སྣ་ཚོགས་ཀྱང་དངང་ཞིང་སྐྲག་པས་གདོང་བཀབ་སྟེ། ས་ལ་འགྱེལ་བར་གྱུར། སེམས་ཅན་དམྱལ་བའི་སྒོ་ཐམས་ཅད་ཀྱང་ཕྱེ་ནས་སྡུག་བསྔལ་བའི་སེམས་ཅན་རྣམས་ཐར་ཏེ། ལྷའི་བདེ་བ་མཆོག་མྱོང་བར་གྱུར་ཏོ། །དེའི་ཚེ་ལྟ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་མེ་ཏོག་དང་། རིན་པོ་ཆེའི་རྒྱན་གྱི་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱི་ཆར་མངོན་པར་ཕབ་པར་གྱུར། ལྷའི་རོལ་མོ་རྣམས་ཀྱང་བར་སྣང་ལ་སྒྲ་སྣ་ཚོགས་ཕྱུང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་ཚིགས་སུ་བཅད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ། རིགས་ཀྱི་བུ་ཁྱོད་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་གཟུངས་འདི་བཤད་པ་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ཕན་ཡོན་ཆེན་པོ་ཐོབ་པར་འགྱུར་བ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སེམས་ཅན་རྣམས་ཀྱི་ཕྱིར་རྫུ་འཕྲུལ་གྱི་རྒྱལ་པོ་ཆེན་པོའི་གཟུངས་འདིའི་ཆོ་ག་ཤོད་ཅིག །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ། དགེ་


DKG093_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་མའམ། ཁྱེའུའམ། བུ་མོ་གཞོན་ནུ་གང་ལ་ལ་ཞིག་གིས་ཚེ་འདི་ཉིད་ལ་རྣམ་པར་སྨིན་པ་མངོན་དུ་མྱོང་བར་འཚལ་ན། གདུགས་མཚན་སེམས་རྩེ་གཅིག་ཏུ་ནན་ཏན་བརྩོན་འགྲུས་ཀྱིས་གཟུངས་འདི་མི་བསྐྱུད་པར་བགྱིས་ཏེ། གདུགས་དང་དུས་མི་འདམ་བར་གཙང་ཡང་རུང་། མི་གཙང་ཡང་རུང་སྟེ། གཡར་སྟོན་དུ་བཟླས་པར་གྱུར་ན་བགྱི་བ་རྣམས་དོན་དང་ལྡན་པར་འགྱུར་ལགས་སོ། །ཅི་ཡང་རུང་སྟེ། དོན་དུ་བགྱི་ཞིང་གཉེར་བ་ཞིག་མཆིས་ན་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་དོན་བརྒྱ་སྟོང་དུ་མ་འགྲུབ་པར་འགྱུར་བས། རིག་སྔགས་གཞན་གང་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་དང་བསྐྲུན་པར་བཟོད་པ་གང་ཡང་མ་མཆིས་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། འདས་པ་དང་། ད་ལྟར་གྱི་ལས་ངན་པ་དང་། སྒྲིབ་པ་ལྕི་བ་རྣམས་རབ་ཏུ་འཇོམས་པས་སོ། །གང་ལ་ལ་ཞིག་གཟུངས་འདི་བཟླས་བརྗོད་བགྱིས་ན་མནར་མ་མཆིས་པའི་དམྱལ་བར་ལྟུང་བར་འགྱུར་བའི་རིགས་དག་ཀྱང་ཐར་བར་འགྱུར་ལ། མཚམས་མ་མཆིས་པ་ལྔ་ལ་སོགས་པའི་སྡིག་པ་རྣམས་ཀྱང་འབྱང་བར་འགྱུར་ན། ལས་ངན་པ་དང་། གདོན་བགེགས་དང་། བྲོ་ནད་གཞན་ཐམས་ཅད་ལྟ་སྨོས་ཀྱང་ཅི་འཚལ་ལགས། གང་དག་རིམས་ནད་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིན་མཚན་དུ་བྲོ་འཚལ་བའམ། རླུང་དང་། མཁྲིས་པའམ། བད་ཀན་ལ་སོགས་པས་བྲོ་འཚལ་བ་དག་ལ་རིག་སྔགས་འདི་བཟླས་བརྗོད་བགྱིས་པར་གྱུར་ན་ཐམས་ཅད་འབྱང་ཞིང་སོས་པར་འགྱུར་ལགས་སོ། །གང་ཞིག་དུག་དང་བྱད་སྟེམས་ཀྱིས་ཕོག་པར་གྱུར་ཏམ། ལྷོག་པ་དང་། གཡན་པ་དང་།མཛེ་ནད་དམ། ཕོལ་མིག་གམ། རླུང་ནད་དམ། སྨྱོས་པའམ། ཀླད་པ་བྲོ་འཚལ་བའམ། རྣ་བ་དང་། སྣ་དང་། མཆུ་དང་། ལྕེ་དང་། མིད་པ་དང་། ཁ་དང་། གདོང་དང་། གཙུག་དང་། ཀླད་རྒྱས་དང་། བྲང་དང་། རྩིབ་ལོགས་དང་། སྙིང་དང་། ལྟོ་བ་དང་། རྐེད་པ་དང་། རྒྱབ་དང་། རྐང་པ་དང་། ལག་པ་ལ་སོགས་པ་ཐམས་ཅད་བྲོ་འཚལ་བར་གྱུར་ན་ཡང་ཐམས་ཅད་སོས་


DKG093_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

པར་བགྱིད། ཇི་ཙམ་དུ་ལུས་ཀྱི་བྲོ་ནད་ཅི་མཆིས་པ་ཐམས་ཅད་ཀྱང་སོས་པར་བགྱིད་ལགས་སོ། །གནོད་སྦྱིན་དང་། སྲིན་པོ་དང་། བི་ནཱ་ཡ་ཀ་དང་། བདུད་སྡིག་ཅན་དང་། འདྲེ་གདོན་དག་གིས་ཀྱང་གནོད་པར་བགྱིད་པར་མི་འགྱུར་ལགས་སོ། །མཚོན་ཆ་དང་། དམག་ཚོགས་དང་། ཆབ་དང་། ཞུགས་དང་། རླུང་དང་། ཆར་པ་དང་། སེར་བ་མ་རུངས་པ་དག་གིས་ཀྱང་འཇིགས་པར་མི་འགྱུར་རོ། །དགྲ་དང་། ཆོམ་རྐུན་དང་། རྒྱལ་པོ་མ་རུངས་པ་དང་། རྐུན་པོ་མ་རུངས་པ་དག་གིས་ཀྱང་གནོད་པར་བགྱིད་པར་མི་འགྱུར་རོ། །གློ་བུར་དུ་འཆི་བའི་དུས་བྱེད་པར་མི་འགྱུར། རྨི་ལམ་ངན་པ་རྨི་བར་མི་འགྱུར། རྩངས་པ་དང་། སྦྲུལ་དང་། སྡིག་པ་དང་། སྲིན་བུ་གྱི་མེད་དང་། རྐང་མང་དང་། གཅན་གཟན་གདུག་པ་མ་རུངས་པ་དང་། སེང་གེ་དང་། སྟག་དང་། སྤྱང་ཀི་དག་གིས་ཀྱང་གནོད་པ་བགྱིད་པར་མི་འགྱུར་ལགས་སོ། །གཡུལ་ངོར་འཐབ་པའི་ཚེ་ཐམས་ཅད་དུ་རྒྱལ་བར་འགྱུར་ལགས་སོ། །གལ་ཏེ་བླའི་བགྱི་བ་དག་གིས་རྩོད་པར་གྱུར་ན་ཡང་འདུམ་པར་འགྱུར་ཏེ། གཟུངས་འདི་ལན་ཅིག་བཟླས་ན་གོང་དུ་བསྟན་པ་དེ་དག་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་གིས་གདུགས་རེ་གཟུངས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་དུ། རིགས་ཀྱི་བུ་ཁྱོད་མ་འཇིགས་ཤིག །ཅི་ཞིག་སྨོན་ཅིང་ཅི་ཞིག་ཡོངས་སུ་གཉེར་བར་བྱེད། ཐམས་ཅད་ཁྱོད་ལ་སྦྱིན་ནོ་ཞེས་བསྒོ་བར་འགྱུར། དེ་བཞིན་གཤེགས་པ་ཚེ་དཔག་མེད་ཀྱང་སྐུ་མངོན་དུ་སྟོན་པར་འགྱུར། མདོ་ལས་གསུངས་པ་བཞིན་དུ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བཀོད་པའི་དངོས་པོ་དག་ཀྱང་མཐོང་བར་འགྱུར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀྱང་མཐོང་བར་འགྱུར། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་མཐོང་བར་འགྱུར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རི་བོ་པོ་ཏ་ལ་ཡང་མཐོང་བར་འགྱུར། བདག་ཉིད་ཀྱི་ལུས་ཀྱང་ཡོངས་སུ་དག་པར་འགྱུར་བས་རྟག་པར་


DKG093_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་དང་། བློན་པོ་རྣམས་ཀྱིས་བཀུར་ཞིང་རིམ་གྲོ་བགྱིད་པར་འགྱུར། སྐྱེ་བོ་མང་པོས་བྱམས་ཤིང་བཀུར་བར་འགྱུར། སྐྱེ་བ་ཐམས་ཅད་དུ་མའི་མངལ་དུ་མི་སྐྱེ་ཞིང་པདྨའི་སྟེང་དུ་སྐྱེ་བར་འགྱུར། བཀོད་པ་མཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་སྔོན་གྱི་གནས་རྗེས་སུ་དྲན་པར་འགྱུར། འདི་ནས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ནམ་ཡང་ངན་འགྲོ་རྣམས་སུ་མི་ལྟུང་ཞིང་རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་ལགས་ཏེ། འདི་ནི་སྡིག་པའི་ལས་ཐམས་ཅད་རྣམ་པར་འཇོམས་པའི་གཟུངས་ཞེས་བགྱི་བ་ལགས་སོ། །སྡིག་པ་ཐམས་ཅད་རྣམ་པར་འཇོམས་པའི་གཟུངས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ལ་སྙིང་བརྩེ་བའི་ཕྱིར་ཡང་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོའི་གཟུངས་གསང་བའི་ཆོ་ག་བསྟན་པ་སུ་ཡང་རུང་བ་གཅེས་པའི་དོན་གྲུབ་པ་ཞིག་མཆིས་ན། ཐམས་ཅད་རང་ཞི་བར་འགྱུར་ལགས་སོ། །དེ་ཡང་རྣམ་པ་གཉིས་ཏེ། འདི་ལྟ་སྟེ། འཇིག་རྟེན་གྱི་ནོར་དང་། འཇིག་རྟེན་ལས་འདས་པའི་ནོར་གང་ལགས་སོ། །དེ་ལ་འཇིག་རྟེན་པའི་ནོར་ནི་གསེར་དང་། དངུལ་ལ་སོགས་པའི་རིན་པོ་ཆེ་རྣམས་སོ། །འཇིག་རྟེན་ལས་འདས་པའི་ནོར་ནི་བསོད་ནམས་དང་། ཡེ་ཤེས་ཀྱི་བཀོད་པ་རྣམ་པ་གཉིས་དང་ལྡན་ཞིང་ལུས་དང་སེམས་རབ་ཏུ་བདེ་བ་དང་། སྐྱེ་བོ་མང་པོས་བྱམས་ཤིང་བཀུར་བ་དང་། སྡུག་བསྔལ་བའི་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་དང་། བྱམས་པའི་སེམས་རྒྱས་ནས་བློ་དང་ལྡན་པ་རྣམས་བདེ་བ་སྩོལ་བ་དང་། འཚོ་བའི་ཡོ་བྱད་འཕེལ་ཞིང་མཐུ་སྟོབས་རྟག་པ་གང་ལགས་པའོ། །གསང་བའི་མཛོད་ཀྱི་སྤྱོད་ཡུལ་འདི་ནི་གཞན་དག་ལ་བརྗོད་པར་མི་བགྱིའོ། །གང་ལ་ལ་ཞིག་བདག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་དངོས་གྲུབ་མཆོག་ཐོབ་པར་འཚལ་ན། སེམས་རྩེ་གཅིག་ཏུ་དུས་ཐམས་ཅད་དང་། གནས་ཐམས་ཅད་དུ་གཙང་ཡང་རུང་། མི་གཙང་ཡང་རུང་སྟེ། རྟག་པར་བཟླས་བརྗོད་བགྱིས་ན་ནོངས་པ་ཅི་ཡང་མ་མཆིས་པས་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་བགྱིས་ནས། གཞན་ཡང་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་


DKG093_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གི་མིང་དང་། ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་མིང་དང་། གང་ཟག་དེའི་མིང་ནས་བརྗོད་དེ། གལ་ཏེ་རྒྱལ་པོའམ། རྒྱལ་བུའམ། བཙུན་མོའམ། སྲས་སམ། རྒྱལ་པོའི་བུ་མོའམ། བྲམ་ཟེའམ། རྒྱལ་རིགས་སམ། དམངས་རིགས་སམ། གདོལ་པའམ། སྐྱེས་པའམ། བུད་མེད་དམ། ཁྱེའུའམ། བུ་མོ་གཞོན་ནུ་མའམ། མུ་སྟེགས་སྣ་ཚོགས་དག་ལ་བརྟེན་ཅིང་། མཛའ་བར་འཚལ་ན་དེ་དག་གི་མིང་ནས་བརྗོད་དེ་རྟག་པར་ཐོ་རངས་ཀྱི་ཚེ། བཟླས་པའི་གྲངས་ཚང་བར་བགྱིའོ། །གལ་ཏེ་དངོས་གྲུབ་མཆོག་གཉེར་ཞིང་རྒྱལ་པོ་ལ་བརྟེན་པར་འཚལ་ན། དགུང་ཞག་བདུན་གྱི་བར་དུ་རྟག་པར་ཐོ་རངས་ཀྱི་ཚེ་ལན་སྟོང་རྩ་བརྒྱད་བཟླས་ན་མཇལ་བར་འགྱུར་ལགས་སོ། །གལ་ཏེ་བཙུན་མོ་ལ་བརྟེན་པར་འཚལ་ན་ལན་དགུ་བརྒྱ་བཟླས་པར་བགྱིའོ། །རྒྱལ་བུ་ལ་བརྟེན་པར་འཚལ་ན་ལན་བརྒྱད་བརྒྱ་བཟླས་པར་བགྱིའོ། །སྲས་དག་མཐོང་བར་འཚལ་ན་ལན་བདུན་བརྒྱ་བཟླ་བར་བགྱིའོ། །རྒྱལ་པོའི་བུ་མོ་ལ་བརྟེན་པར་འཚལ་ན་ལན་དྲུག་བརྒྱ་བཟླ་བར་བགྱིའོ། །བྲམ་ཟེ་ལ་བརྟེན་པར་འཚལ་ན་ལན་ལྔ་བརྒྱ་བཟླ་བར་བགྱིའོ། །རྒྱལ་རིགས་ལ་བརྟེན་པར་འཚལ་ན་ལན་བཞི་བརྒྱ་བཟླ་བར་བགྱིའོ། །དམངསརིགས་ལ་ནི་སུམ་བརྒྱའོ། །གདོལ་བ་ལ་ནི་ཉིས་བརྒྱའོ། །དགེ་སློང་དང་། དགེ་སློང་མ་ལ་ནི་ལན་བརྒྱའོ། །དགེ་བསྙེན་དང་། དགེ་བསྙེན་མ་ལ་ནི་ལན་དགུ་བཅུའོ། །ཁྱེའུ་གཞོན་ནུ་དང་། བུ་མོ་གཞོན་ནུ་མ་ལ་ནི་ལན་དྲུག་ཅུའོ། །འདི་ནི་བརྟེན་ཅིང་མཛའ་བར་བགྱི་བའི་ཆོ་ག་ཞེས་བགྱི་སྟེ། ནོར་དང་། བྲན་དང་། རྟ་དང་། བདེ་བའི་ཡོ་བྱད་ཐམས་ཅད་འབྱོར་པར་བགྱིད་ལགས་སོ། །གང་ལ་ལ་ཞིག་སྙིང་དུ་སྡུག་ཅིང་མཛའ་བ་དག་རིང་བོ་ན་མཆི་བ་དང་མཇལ་བར་འཚལ་ན་ཡིད་ལ་བསམས་པ་བཞིན་དུ་རླུང་བཞིན་དུ་མཆི་བར་འགྱུར་ལགས་སོ། །ཅི་བགྱིའོ་འཚལ་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་གྱུར་ན་དོན་དེ་དག་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མཐོང་བར་འཚལ་ན་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་


DKG093_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ལུས་ཡང་དག་པ་ཉིད་མཐོང་ཞིང་བསམ་པ་ཐམས་ཅད་རྫོགས་པར་བགྱིད་ལགས་སོ། །གལ་ཏེ་ལག་ན་རྡོ་རྗེ་མཐོང་བར་འཚལ་ན་བཟླས་བརྗོད་ལན་ཁྲི་བགྱིས་ན་ལུས་མངོན་སུམ་དུ་བསྟན་ནས། དེ་ལ་བརྩེ་ཞིང་ཕས་བུ་ལ་བྱམས་པ་བཞིན་དུ་སེམས་ཀྱི་སྨོན་པ་རྣམས་སྩོལ་བར་འགྱུར་ལགས་སོ། །གལ་ཏེ་སངས་རྒྱས་དང་། འཁོར་འདུས་པ་མང་པོ་མཐོང་བར་འཚལ་ན་ལན་ཁྲི་སུམ་སྟོང་བཟླས་བརྗོད་བགྱིས་ན་དེ་བཞིན་དུ་མཐོང་བར་འགྱུར་ལགས་སོ། །གལ་ཏེ་གདུགས་མཚན་བདུན་གྱི་བར་དུ་རྒྱུན་ཆད་པ་མ་མཆིས་པར་བཟླས་བརྗོད་བགྱིས་ན་རིག་སྔགས་འཆང་རྣམས་མངོན་སུམ་དུ་སྟོན་ཅིང་། སོ་སོ་ནས་རང་རང་གི་སྔགས་ཀྱི་མཐུ་ཅི་མཆིས་པ་གང་ཟག་དེ་ལ་སྩལ་ནས་ཡོངས་སུ་བསྲུང་བར་བགྱིད་དེ། ཞག་བདུན་པ་ལ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དབང་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་རྣམས་འཁོར་དང་བཅས་ཏེ་མཆིས་ནས་དེའི་སྨོན་པ་རྣམས་སྩོལ་བར་བགྱིད་དོ། །བཟླས་བརྗོད་ཀྱི་ཆོ་ག་གོང་དུ་བསྟན་པ་བཞིན་དུ་བགྱིས་ན་སྨོན་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་དེ། འདི་ནི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ལས་ཐམས་ཅད་བྱམས་ཤིང་མོས་པར་འགྱུར་བའི་ཆོ་ག་ཞེས་བགྱི་བ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ལས་ཐམས་ཅད་བྱམས་ཤིང་མོས་པར་འགྱུར་བའི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། གང་གིས་མཐོང་བ་དག་བྱམས་ཤིང་དགའ་བར་འགྱུར་བའི་སྨན་སྦྱར་ནས་ལུས་ལ་ཐོགས་ཏེ་འགྲོ་ན་མཆོག་ཏུ་མངོན་པར་འགྲུབ་ཅིང་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་ཆོ་ག་བསྟན་པ། གིའུ་ཝང་དང་། ཙནྡན་དཀར་པོ་དང་། གུར་གུམ་དང་། ག་པུར་དང་། གླ་རྩི་དང་། ཛཱ་ཏི་ཕ་ལ་དང་། ལི་ཤི་དང་། ཀ་ཀོ་ལ་དང་། པདྨ་དང་། ཨུཏྤལ་སྔོན་པོ་དང་། གསེར་གྱི་གྱིམ་བག་རྣམས་ཆ་མཉམ་པར་བགྱིས་ཏེ། བརྡུངས་ནས་སྦྲང་རྩི་དཀར་པོས་སྦྲུས་ཏེ།


DKG093_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་མའི་སྔགས་སྟོང་རྩ་བརྒྱད་བཟླས་ནས་ལུས་ལ་བདུགས་སམ། གོས་ལ་བདུགས་སམ། མིག་ལ་བསྐུས་སམ། དཔྲལ་བ་ལ་ཐིག་ལེ་བགྱིས་སམ། ལུས་ལ་བྱུགས་ན་རྒྱལ་པོ་དང་། བཙུན་མོ་དང་། བློན་པོ་རྣམས་དང་། བྲན་རྣམས་དང་། སྐྱེས་པ་དང་། བུད་མེད་ལ་སོགས་པ་བྱམས་ཤིང་དགའ་བ་དང་། ལམ་གྱི་ཆོས་ལ་བཀུར་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ལུས་ཀྱི་ཞོ་ཤ་དང་། ནོར་རྫས་དག་ཕངས་པ་མ་མཆིས་པར་གཏོང་ཞིང་རིམ་གྲོ་བགྱིད་པར་འགྱུར་ཏེ། བརྗོད་ཀྱིས་མི་ལང་ལགས་སོ། །ཇི་ལྟར་ཉི་ཟླ་ཐམས་ཅད་ཀྱིས་མཐོང་བར་མོས་པ་བཞིན་དུ་སྒྲུབ་པའི་དོན་རྣམས་འབྱོར་ཅིང་འགྲུབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་སྨན་འདི་ཐོགས་པར་འགྱུར་ན་ཁ་ན་མ་ཐོ་བའི་སྒྲིབ་པ་རྣམས་ཞུ་བྱང་ནས་བགེགས་ཐམས་ཅད་ལས་ཐར་བར་འགྱུར་ལགས་སོ། །རྒྱལ་པོའི་མཐུས་ནན་གྱིས་འཕྲོག་པ་དང་། ཆབ་ཀྱིས་དེད་པ་དང་། ཞུགས་ཀྱིས་ཚིག་པ་དང་། མཚོན་ཆ་རྣམ་པ་སྣ་ཚོགས་དང་། དུག་དང་། འཆིང་བའི་ཉོན་མོངས་པ་ཐམས་ཅད་ལས་ཐར་བར་འགྱུར་ལགས་སོ། །བསམ་པ་ཐག་པ་ནས་སྨན་ཨ་ཀ་ཏ་སྦྱོར་བའི་ཆོ་ག་འདི་བགྱིས་ན་ཐམས་ཅད་ཀྱིས་བྱམས་ཤིང་དགའ་བར་འགྱུར་ལགས་སོ། །སྨན་འདིས་བདུགས་པས་བབ་ཆོལ་དུ་གཡར་ཁར་སྩལ་བར་བགྱི་སྟེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་དག་ལ་བྱམས་ཤིང་དགའ་བར་འགྱུར་བའི་སྨན་གྱི་ཆོ་ག་ཞེས་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ལས་གཞན་དག་ལ་བྱམས་ཤིང་དགའ་བར་འགྱུར་བའི་སྨན་ཨ་ཀ་ཏ་སྦྱོར་བའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །།བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས། གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་དགའ་བར་འགྱུར་བའི་སྨན་ཁར་མུར་བའི་ཆོ་ག་བསྟན་པ། ག་པུར་དང་། གླ་རྩི་དང་། གུར་གུམ་ཞིབ་མོར་བཏགས་ཏེ། གི་ཝང་དང་བསྲེས་ན་གོང་དུ་བསྟན་པའི་སྔགས་རྣམ་པ་གསུམ་རེ་རེ་ཡང་ལན་སྟོང་རྩ་བརྒྱད་བཟླས་ཏེ། ཆབ་གཙང་མས་སྦྱར་ནས་རིལ་བུ་ཆེ་ཆུང་


DKG093_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་མགོ་སྟོང་གི་འབྲས་བུ་ཙམ་དུ་བགྱིས་ཏེ། ཡང་སྔགས་གོང་མ་གསུམ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གྲིབ་མ་ལ་བསྐམས་ཏེ། གདུགས་དང་། རླུང་གིས་མ་ཕོག་པར་བགྱིས་ནས་རིལ་བུ་རེ་རེ་ལ་ཡང་གོང་མའི་སྔགས་རྣམ་པ་གསུམ་ལན་བདུན་བདུན་གྱིས་བཏབ་སྟེ། རིལ་བུ་གཅིག་ཁར་མུར་ནས་རྒྱལ་པོའམ། བླློན་པོ་ཉེ་ཕན་ནམ། སྐྱེ་བོའི་ཚོགས་མང་པོ་དག་ལ་གཏམ་བགྱིས་བར་གྱུར་ན་བཀུར་སྟི་བགྱིས་ནས། ནོར་དང་། རིན་པོ་ཆེ་དག་ཕངས་པ་མ་མཆིས་པར་ཅི་དང་ཅི་འཚལ་བ་ཐམས་ཅད་སྩོལ་བར་འགྱུར། ཚིག་ཏུ་སྨྲས་སོ་འཚལ་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཉན་པར་འགྱུར། སྒོ་བ་ཞིག་མཆིས་ན་ཡང་ཐམས་ཅད་ཉན་ཅིང་བགྱིད་པར་འགྱུར་ལགས་སོ། །ཁར་སྨན་མུར་བའི་ཚེ་རྟག་པར་སྔགས་བཟླ་འཚལ་ཏེ། སྤྱན་རས་གཟིགས་དབང་ཕྱུག་གིས་སྨོན་པ་རྣམས་འགྲུབ་པར་བགྱིད་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་སྤོས་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་ཆུ་ཞེང་ཁྲུ་བཞིས་འཁོར་བ་གཅིག་བགྱིས་ཏེ། དཀྱིལ་འཁོར་གྱི་ནང་དུ་རྩི་ཤིང་གི་མེ་ཏོག་རྣམ་པ་སྣ་ཚོགས་ཅི་འབྱོར་པ་བཀྲམ་ཤིང་ཙནྡན་དཀར་པོ་བསྲེགས་ནས་སྨན་གྱི་རིལ་བུ་སྔ་མ་བླངས་ཏེ་དཀྱིལ་འཁོར་གྱི་ནང་དུ་བཞག་ནས། རྒྱལ་མཚན་བཞི་གཟུགས་ཤིང་། ཡོལ་བ་དང་། བླར་དཀར་པོ་བྲེས་ཏེ་དཀྱིལ་འཁོར་གྱི་སྟེང་དུ་པདྨ་དཀར་པོ་བཞི་ཡང་བྲིས་ཏེ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་བགྱིས་ལགས་པའི་རྗེས་ལ་སྙིང་པོའི་སྔགས་དང་། སྙིང་གི་སྙིང་པོའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླ་བར་བགྱིའོ། །ལུས་ཀྱི་སྔགས་ཀྱང་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཙནྡན་དཀར་པོ་བསྲེགས་ཏེ། མེ་ཏོག་གཏོར་ན་དེའི་ཚེ་སྨོན་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་ལ། དཀྱིལ་འཁོར་གྱི་ནང་ན་མཆིས་པའི་སྨན་བླངས་ཏེ་ལུས་ལ་བཏགས་ན་ཕྱོགས་གང་དུ་མཆི་ཡང་རུང་སྟེ། ཅི་དང་ཅི་གཉེར་བ་ཐམས་ཅད་འགྲུབ་པར་འགྱུར། ཚིག་ཏུ་སྨྲས་པ་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཉན་པར་འགྱུར། དོན་དུ་སྒྲུབ་པ་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ། །སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ཏེ། འདི་ནི་ཡིད་


DKG093_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་འཁོར་ལོ་ལས་སྨན་མུར་བའི་ཆོ་ག་ཞེས་བགྱི་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ལོ་ལས་སྨན་མུར་བའི་ཆོ་གའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་མཐོང་ན་བྱམས་ཤིང་དགའ་བར་འགྱུར་བའི་ཆོ་ག་བསྟན་པ། མན་ཤི་རི་ཀ་ཀུ་ཤུ་དང་། པདྨ་ལེ་བརྒན་དང་། པདྨ་སྔོན་པོ་དང་། རྒྱ་མཚོའི་ཆབ་ཀྱི་དབུ་བ་དང་། ཉ་རྐུན་མ་ནག་པོའི་རུས་པ་དང་། པ་བླས་དང་། ཀ་ཀུན་བན་སྱ་དང་། གིའུ་ཝང་དང་། གུར་གུམ་དང་། རྒྱའི་གུར་གུམ་དང་། པི་པི་ལིང་དང་། ན་ལེ་ཤམ་དང་། བཅའ་སྒ་རྣམས་ཆ་མཉམ་པར་བགྱིས་ཏེ། བརྡུངས་ནས་ཞིབ་མོར་བཙགས་ཏེ་སྨན་སྔ་མ་སྲང་གཅིག་མཆིས་ན་གླ་རྩི་དང་། ག་པུར་སྲང་ཕྱེད་སྩལ་ནས་ཞིབ་ཏུ་བརྡར་ཏེ། སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་སྦྱར་བ་བགྱིས་ལགས་པས། སྔ་མའི་སྔགས་རྣམ་པ་གསུམ་རེ་རེ་ཡང་ལན་སྟོང་རྩ་བརྒྱད་བཟླས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་བརྩེ་བའི་སེམས་བསྐྱེད་ནས་སྨན་དེ་དག་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་རྐང་པའི་དྲུང་དུ་གཞག་པར་བགྱིའོ། །དེའི་རྗེས་ལ་རེག་པར་བགྱིས་ནས། ཁར་བའི་ཐུར་མས་བླངས་ཏེ་མིག་ཏུ་སྩལ་ན་མིག་དང་། ཀླད་པ་བྲོ་འཚལ་བ་དང་། ལིང་ཏོག་གིས་བསྒྲིབས་པ་ཐམས་ཅད་དང་། སྤྲིན་དཀར་དང་། མཆི་མ་འཛག་པ་དང་། སྤྲིན་དམར་དང་། ལོང་ནད་དང་། ཀླད་པ་བྲོ་འཚལ་བ་ཐམས་ཅད་སོས་པར་འགྱུར་ལགས་སོ། །རྟག་པར་གདུགས་རེ་བཞིན་དུ་སྨན་འདི་མིག་ཏུ་སྩལ་ན་མིག་ནད་ཐམས་ཅད་འབྱང་བར་འགྱུར་ལགས་སོ། །གདུགས་གཉིས་སྩལ་ན་ལུས་ཀྱི་བྲོ་ནད་ཐམས་ཅད་འབྱང་བར་འགྱུར་རོ། །གདུགས་གསུམ་སྩལ་ན་སྨྱོ་བའི་བྲོ་ནད་རྣམ་པ་བརྒྱད་ཅུ་རྩ་བཞི་འབྱང་བར་འགྱུར་ལགས་སོ། །གདུགས་བཞི་སྩལ་ན་ཕྱི་ནང་གི་སྒྲིབ་པ་ཐམས་ཅད་ཀྱིས་སྒྲིབ་པར་མི་འགྱུར་རོ། །གདུགས་ལྔ་སྩལ་ན་དགྲ་དང་འཐབ་པ་ན་ཐམས་ཅད་དུ་རྒྱལ་


DKG093_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་རོ། །གདུགས་དྲུག་སྩལ་ན་སྡིག་པའི་ལས་དང་། ཉོན་མོངས་པ་དང་། ལྕི་བ་བཞི་དང་། མཚམས་མ་མཆིས་པ་ལྔ་དང་། རྨི་ལམ་ངན་པ་དང་། བྱད་སྟེམས་ཐམས་ཅད་རྣམ་པར་འཇོམས་ཤིང་། ངན་འགྲོ་རྣམས་སུ་ནམ་ཡང་ལྟུང་བར་མི་འགྱུར་ལགས་སོ། །གདུགས་བདུན་སྩལ་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། སྐྱེ་བོ་མང་པོ་ཐམས་ཅད་རྗེས་སུ་འབྲང་ཞིང་བཀུར་སྟི་བགྱིས་ནས་ཡིད་ཆེས་ཤིང་བྱམས་པར་འགྱུར་རོ། །ཞག་བདུན་ཕྲག་གཉིས་ཀྱི་བར་དུ་སྩལ་ན་རང་དབང་ཆེན་པོ་ཐོབ་པར་འགྱུར་རོ། །ཞག་བདུན་ཕྲག་གསུམ་གྱི་བར་དུ་སྩལ་ན་རྒྱལ་པོ་དང་། བློན་པོ་ཆེན་པོ་དག་དང་མཛའ་བར་འགྱུར་རོ། །ཞག་བདུན་ཕྲག་བཞིའི་བར་དུ་སྩལ་ན་གནོད་སྦྱིན་འཁོར་དང་བཅས་པ་རྣམས་རིམ་གྲོ་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་ལྔའི་བར་དུ་སྩལ་ན་ལྷ་མ་ཡིན་དང་། ཀླུ་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་གཡོག་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་དྲུག་གི་བར་དུ་སྩལ་ན་ནམ་མཁའ་ལྡིང་དང་། སྲིན་པོ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཡོངས་སུ་བསྲུང་བར་བགྱིད་པས། བྱད་སྟེམས་དང་། འདྲེ་གདོན་རྣམས་ཀྱིས་ཚུགས་པར་མི་འགྱུར་རོ། །ཞག་བདུན་ཕྲག་བདུན་གྱི་བར་དུ་སྩལ་ན་ལྷ་ནག་པོ་ཆེན་པོ་དང་། འདྲེ་སྲིན་བརྒྱད་རྣམས་ཉེ་བར་ལྷགས་ནས་རྗེས་སུ་འབྲང་ཞིང་གཡོག་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་བརྒྱད་ཀྱི་བར་དུ་སྩལ་ན་ཨནྟྲད་ནར་འགྱུར་རོ། །ཞག་བདུན་ཕྲག་དགུའི་བར་དུ་སྩལ་ན་གཏེར་ཐམས་ཅད་མཐོང་བར་འགྱུར་རོ། །ཞག་བདུན་ཕྲག་བཅུའི་བར་དུ་སྩལ་ན་ལྷ་མ་ཡིན་གྱི་ཁང་ཁྱིམ་གྱི་སྒོ་རང་བྱེ་ནས། དེ་ན་ཅི་མཆིས་པ་ཐམསཅད་མཐོང་བར་འགྱུར། འབྱུང་ཞིང་འཇུག་པ་ལ་ཐོགས་པ་མ་མཆིས་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གཅིག་གི་བར་དུ་སྩལ་ན་སྨན་ཞུགས་ལྟར་འབར་བ་ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་དགའ་བར་འགྱུར་བས་ཚེ་རིང་བར་འགྱུར་འཚལ་ལམ། མཐུ་ཆེན་པོ་དང་ལྡན་པར་འཚལ་ནའང་དེ་བཞིན་དུ་འགྲུབ་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གཉིས་ཀྱི་བར་དུ་སྩལ་ན་དྲང་སྲོང་མང་པོ་རྣམས་ཀྱིས་རིན་པོ་ཆེའི་གཏེར་


DKG093_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཕྱེ་སྟེ། ཉེ་བར་བསྟན་ནས་ཡིད་བཞིན་དུ་ལོངས་སྤྱོད་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་གསུམ་གྱི་བར་དུ་སྩལ་ན། ཀླུའི་གཞལ་མེད་ཁང་རྣམས་སྒོ་རང་བྱེ་ནས་ལྟ་བ་དག་ལ་ཐོགས་པ་མ་མཆིས་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་བཞིའི་བར་དུ་སྩལ་ན་འདོད་པའི་ཁམས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་སྒོ་རང་བྱེ་བར་འགྱུར་བས་ཐམས་ཅད་མཐོང་བར་འགྱུར་རོ། །ཞག་བདུན་ཕྲག་བཅོ་ལྔའི་བར་དུ་སྩལ་ན་མཚན་མོ་མུན་ནག་གི་ནང་དུ་ཡང་གདུགས་བཞིན་དུ་གསལ་བར་འགྱུར་རོ། །ཞག་བདུན་ཕྲག་བཅུ་དྲུག་གི་བར་དུ་སྩལ་ན་སའི་འོག་གི་རྡོ་རྗེའི་ས་གཞི་དང་། རླུང་གི་དཀྱིལ་འཁོར་ཡང་མཐོང་བར་འགྱུར་རོ། །ཞག་བདུན་ཕྲག་བཅུ་བདུན་གྱི་བར་དུ་སྩལ་ན་གླིང་བཞི་པོ་རྣམས་སུ་སེམས་ཅན་དམྱལ་བའི་སེམས་ཅན་ཇི་སྙེད་མཆིས་པ་ཡང་ཐམས་ཅད་མཐོང་བར་འགྱུར་ལ། དེའི་མཐུའི་དབང་གིས་སྡུག་བསྔལ་མྱོང་བའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐར་བར་འགྱུར་རོ། །ཞག་བདུན་ཕྲག་བཅྭ་བརྒྱད་ཀྱི་བར་དུ་སྩལ་ན་གང་ཟག་དེ་ཉི་མ་ལྟ་བུའི་མཐུ་ཐོབ་པར་འགྱུར་རོ། །ཞག་བདུན་ཕྲག་བཅུ་དགུའི་བར་དུ་སྩལ་ན་ལག་ན་རྡོ་རྗེའི་ལུས་ཡང་དག་པ་ཉིད་མཐོང་བར་འགྱུར་བས་སྨོན་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་དོ། །ཞག་བདུན་ཕྲག་ཉི་ཤུའི་བར་དུ་སྩལ་ན་སྤྱན་རས་གཟིགས་དབང་ཕྱུག་སྙིང་རྗེ་ཆེན་པོ་དང་ལྡན་པ་མཐོང་བར་འགྱུར་བས་སྨོན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་དོ། །ཞག་བདུན་ཕྲག་ཉི་ཤུ་རྩ་གཅིག་གི་བར་དུ་སྩལ་ན་རྫུ་འཕྲུལ་གྱི་རྐང་པ་ཐོབ་པར་འགྱུར། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱི་གཞལ་མེད་ཁང་གི་སྒོ་རྣམས་རང་བྱེ་ནས་ཐམས་ཅད་མཐོང་བར་འགྱུར་རོ། །ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་རྣམས་ཀྱང་མཐོང་བར་འགྱུར་རོ། །ལོ་གཅིག་གི་བར་དུ་སྩལ་ན་ཡོངས་སུ་དག་པའི་མིག་ལྔ་འཐོབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་སྤྱོད་པའི་ཆོ་ག་འདི་མངོན་པར་འགྲུབ་པར་འཚལ་བ་གང་ལགས་པ་དེས། བསྟན་པ་འདི་ལ་ཤིན་ཏུ་མངོན་པར་ཡིད་ཆེས་པར་བགྱི་ཞིང་། སེམས་ཅན་ལ་སྙིང་བརྩེ་བར་བགྱི་སྟེ། ཐེ་ཚོམ་མ་མཆིས་ན་གོང་དུ་བསྟན་


DKG093_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཞིན་དུ་ཐམས་ཅད་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་ཐེ་ཚོམ་འཚལ་བར་འགྱུར་ན་ཆོ་ག་རྣམས་གྲུབ་པར་དཀའ་སྟེ། འདི་ནི་སྤྱན་རས་གཟིགས་དབང་ཕྱུག་གི་ཙནྡན་དེའི་ནོར་བུའི་འཁོར་ལོ་ལས་མིག་སྨན་གྱི་ཆོ་ག་ཞེས་བགྱི་བ་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་སེམས་ཀྱི་འཁོར་ལོ་ལས་མིག་གི་སྨན་གྱི་ལེའུ་སྟེ་ལྔ་པའོ།། །།དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། སྒྲུབ་པའི་དོན་ཐམས་ཅད་གྲུབ་པར་བྱེད་པ། ཉོན་མོངས་པ་དང་། ཁ་ན་མ་ཐོ་བའི་སྒྲིབ་པ་དང་ལས་ངན་པ་ཐམས་ཅད་རྣམ་པར་འཇོམས་པ། དགྲ་ཐམས་ཅད་འདུལ་བ། བི་ནཱ་ཡ་ཀ་ཁྲོ་བའི་སེམས་ཉེ་བར་ཞི་ནས་སྐྱེ་བོ་མང་པོ་ལ་གནོད་པ་མི་བྱེད་ཅིང་། བྱམས་པའི་སེམས་སྐྱེ་བར་འགྱུར་བ། སྦྱིན་སྲེག་ཧོམ་བཀྲ་ཤིས་ཀྱི་ཆོ་ག་བསྟན་པ། དོག་ས་བརྐོས་ཏེ་ཞུགས་ཐབ་ཁྲུ་གང་གྲུ་བཞི་པ་ཅིག་བགྱིས་ནས་མེ་ཏོག་མ་ལེན་ཙ་སུ་དང་། ཡུངས་ཀར་དང་། ཞོ་དང་།སྦྲང་རྩི་དང་། ཆབ་མར་ཆ་མཉམ་པར་བསྲེས་ཏེ། ཨ་ག་རུ་དང་། ཙནྡན་དང་། ཤིང་དྲི་ཅན་སོ་སོ་ནས་སྲིད་དུ་སོར་བཅུ་གཉིས་ཞེང་དུ་སོར་གཅིག་མཆིས་པ་གཏུབས་ཏེ། ཐབ་ཏུ་བསྲེག་པར་བགྱི་ཞིང་སྨན་ཉུང་ཟད་ཅིག་བླངས་ནས་ལན་ཅིག་སྔགས་ཀྱིས་བཏབ་སྟེ། ཞུགས་ཀྱི་ནང་དུ་དོར་བ་ལན་སྟོང་རྩ་བརྒྱད་ཚང་བར་བགྱིས་ན་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་ཞིང་། ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པར་འགྱུར་ལགས་སོ། །ཞག་བདུན་གྱི་བར་དུ་རྒྱུན་ཆད་པ་མ་མཆིས་པར་ཧོམ་གྱི་ཆོ་ག་བཞིན་བགྱིས་ན་ཚེ་ལོ་སྟོང་ཐུབ་ཅིང་ལུས་ཀྱང་ཡོངས་སུ་དག་པར་འགྱུར་རོ། །ཞག་བདུན་ཕྲག་གཉིས་ཀྱི་བར་དུ་ཆོ་ག་བགྱིས་ན་རྒྱལ་པོ་དང་། རྒྱལ་བུ་དང་། བློན་པོ་ཆེན་པོ་ཉེ་ཕན་དང་། སྐྱེ་བོ་ཕལ་པ་རྣམས་ཀྱང་སྐྱབས་སུ་མཆིས་ནས་བསྙེན་བཀུར་བགྱིད་པར་འགྱུར་རོ། །ཞག་བདུན་ཕྲག་གསུམ་གྱི་བར་དུ་ཆོ་ག་བཞིན་དུ་བགྱིས་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཁོར་དང་བཅས་པ་དང་། ཉི་ཟླའི་ལྷ་དང་། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་ཡང་ཉེ་བར་ལྷགས་ནས་ཡོངས་སུ་སྲུང་བར་འགྱུར། ལག་ན་རྡོ་རྗེས་ཀྱང་དངོས་


DKG093_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་པོ་སྩོལ་བར་འགྱུར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཀྱང་སྨོན་པ་ཆེན་པོ་རྣམས་ཡངས་སུ་སྐོང་བར་འགྱུར་ལགས་སོ། །གལ་ཏེ་ཡུལ་ཁམས་སུ་ཆར་དཀོན་པར་གྱུར་ན་ཡུངས་ཀར་དང་། ཆབ་མར་ལ་སྔགས་འདིས་བཏབ་སྟེ། གདུགས་གསུམ་གྱི་བར་དུ་ཞུགས་ཀྱི་ནང་དུ་བསྲེགས་ན་ཆར་པ་འབབ་པར་འགྱུར། གལ་ཏེ་ཆར་ཆེས་ཏེ་མི་ཁུམས་ན་ཐབ་དེའི་ཐལ་བ་བླངས་ནས་སྔགས་ལན་བརྒྱ་རྩ་བརྒྱད་ཀྱིས་བཏབ་སྟེ། གནམ་དུ་གཏོར་ན་ཆར་པ་ཁུམས་པར་འགྱུར་རོ། །གལ་ཏེ་སེར་བ་མ་རུངས་པ་བབས་སམ། རླུང་དྲག་པོ་གློ་བུར་དུ་ལངས་པར་གྱུར་ན་ཡང་ཐལ་བ་དེ་བླངས་ནས་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ།སྤྲིན་མཆིས་པའི་ཕྱོགས་སུ་གཏོར་ན་ཞི་བར་འགྱུར་ལགས་སོ། །སྔགས་འདི་རྟག་པར་བཟླས་བརྗོད་བགྱིས་ན་མཐུ་སྟོབས་མཐུ་བོ་ཆེ་དང་འདྲ་བར་འགྱུར་བས། ལུས་འདི་སྤངས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར། མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་སྐྱེ་བ་ཐམས་ཅད་དུ་སྔོན་གྱི་གནས་རྗེས་སུ་དྲན་པ་ཐོབ་པར་འགྱུར་ལགས་སོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཙནྡན་གྱི་སྙིང་པོའི་འཁོར་ལོའི་གཟུངས་འདི་བདག་གིས་བསྟན་པ་བཞིན་དུ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། སྐྱེས་པའམ། བུད་མེད་གང་ལ་ལ་ཞིག་གིས་ལན་ཅིག་འཆང་བར་བགྱིད་ན་གདོན་མི་ཟ་བར་འགྲུབ་པར་འགྱུར་བས་ཐེ་ཚོམ་གྱི་བསམ་པ་བསྐྱེད་པར་མི་བགྱིའོ། །ཡིད་ལ་བསམས་པའི་དོན་ཐམས་ཅད་ཐོབ་པར་འགྱུར་བས་ཤིན་ཏུ་མངོན་པར་ཡིད་ཆེས་པར་བགྱི་ཞིང་ཐེ་ཚོམ་བསྐྱེད་པར་མི་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཁྱོད་སྙིང་རྗེ་ཆེན་པོས་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ཀྱི་ཆོ་ག་གྱ་ནོམ་པ་འདི་ཡང་དག་པར་བཤད་དེ། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱས་པ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་དོ། །གང་ལ་ལ་ཞིག་གིས་སེམས་


DKG093_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་དེ་ཁ་ནས་བཟླས་བརྗོད་བྱས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱི་ངས་བསྟན་པ་བཞིན་དུ་སེམས་ཅན་རྣམས་ལ་ཡང་ནས་ཡང་དུ་ནན་ཏན་བརྩོན་འགྲུས་ཀྱིས་རྗེས་སུ་བསྟན་ནས་དངོས་གྲུབ་ཐོབ་པར་བྱ་བའི་ཆེད་དུ་ལུས་ཉེ་བར་སྟོན་ལ། ངའི་ཚིག་དག་འགལ་བར་མ་བྱེད་ཅིག་དང་། ང་ཡང་རྗེས་སུ་ཡི་རང་ངོ་། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བསྐལ་པ་དཔག་ཏུ་མ་མཆིས་པ་ནས་བྱམས་པ་དང་བརྩེ་བའི་སེམས་ཀྱིས་སེམས་ཅན་ལ་རྗེས་སུ་སྟོན་ཅིང་། རྟག་པར་ཡོངས་སུ་བསྲུངས་ནས་དངོས་གྲུབ་སྩལ་བར་ནི་བཅོམ་ལྡན་འདས་ཉིད་ཀྱིས་མཁྱེན་ཅིང་དབང་དུ་གྱུར་པ་ལགས་སོ། །སེམས་ཅན་རྣམས་ཀྱི་སླད་དུ་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་བཤད་པ་ལགས་པས། གང་ལ་ལ་ཞིག་གིས་ལེན་ཅིང་འཆང་བ་དང་རྟག་པར་བདག་ཉིད་བཟླས་བརྗོད་བགྱི་བའི་གྲངས་ཚང་བར་བགྱིས་ན་སྨོན་པ་རྣམས་གྲུབ་པར་འགྱུར་ཏེ། བདག་ནི་དེ་ལྟར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱི་མཐུས་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་རྣམས་ཡོངས་སུ་བསྐྱབ་པར་བགྱིད་པ་ལགས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡིད་བཞིན་གྱི་འཁོར་ལོའི་གཟུངས་འདི་སྨྲས་པ་དང་། འཁོར་འདུས་པ་ཆེན་པོ་ཐམས་ཅད་རབ་ཏུ་དགའ་ནས་མངོན་པར་ཡིད་ཆེས་བས་ཡང་དག་པར་བླངས་ཏེ་སྤྱོད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད་བཞིན་གྱི་འཁོར་ལོའི་གཟུངས་ལས། སྦྱིན་སྲེག་ཧོམ་གྱི་ཆོ་ག་སྨན་སྦྱོར་བའི་ལེའུ་སྟེ་དྲུག་པའོ།། །།འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།ཞུ་ཆེན་གྱི་མཁན་པོ་དང་ལོཙྪ་བ་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།


previousའཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གསང་བའི་མཛོད་ཐོགས་པ་མེད་པའི་ཡིད་བཞིན་གྱི་འཁོར་ལོའི་སྙིང་པོ་ཞེས་བྱ་བའི་གཟུངས།next