Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་བདུན་བཅུ་དོན་བཞི་པ།


   
   
   
   
   
རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།next

རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།


DKG094_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ཏཱ་རཱ་བྷཊྚཱ་རི་ཀ་ནཱ་མ་ཨཥྚ་ཤ་ཏ་ཀཾ། བོད་སྐད་དུ། རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་འོང་པོ་ཊ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པ་བཀྲམ་པ་སྟེ། །སྐྱེ་གཉིས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ཀུ་ཅོ་ཆེ། །རི་དགས་སྣ་ཚོགས་འཁྲུགས་པ་སྟེ། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུར་ལྡན། །རྐང་པ་དྲུག་པ་གླུ་ཡི་སྒྲ། །མིའམ་ཅི་ནི་གླུ་སྙན་ལེན། །གླང་ཆེན་སྨྱོན་པས་ཡང་དག་ཁེངས། །རིག་འཛིན་གྲུབ་པའི་ཚོགས་རྣམས་དང་། །དྲི་ཟ་རྣམས་ཀྱང་གླུ་ལེན་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་དང་། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་དང་ནི། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིག་པའི་རྒྱལ་མོ་སྟོང་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པའོ། །ཁྲོ་བོའི་རྒྱལ་པོའི་ཆོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐེར་བ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །བཅོམ་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ཕྱིར་དཔལ་དང་ལྡན། །པདྨའི་སྙིང་པོ་ཐུབ་པའི་གདན། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་པ་དང་ནི་སྙིང་རྗེར་ལྡན། །ལྷ་ཡི་འཁོར་ནི་ཆེན་པོ་ལ། །ཆོས་གསུང་བར་ནི་ཡང་དག་བཞུགས། །དེ་རུ་ཉེར་འདུག་ཡང་དག་ལངས། །ཕྱག་ན་རྡོ་རྗེ་


DKG094_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་པོ་ཆེ། །མཆོག་ཏུ་སྙིང་རྗེ་དང་ལྡན་པས། །སྤྱན་རས་གཟིགས་ལ་ཞུས་པ་སྟེ། །རྐུན་པོ་སྦྲུལ་དང་སེང་གེ་མེ། །གླང་པོ་སྟག་དང་ཆུས་འཇིགས་པས། །ཞི་མཛད་ཐུབ་པས་སེམས་ཅན་རྣམས། །འཁོར་བའི་རྒྱ་མཚོར་བྱིང་པ་རྣམས། །འཁོར་བའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་དྲི་མ་ལས། །གང་གིས་སེམས་ཅན་གྲོལ་གྱུར་པ། །དེ་གསུངས་བདག་ལ་ཐུབ་ཆེན་པོ། །འཇིག་རྟེན་མགོན་པོས་འདི་སྐད་གསུངས། །དཔལ་ལྡན་དེ་ནི་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེ་རབ་རྟོགས་བྱེད། །སྙན་པའི་ཚིག་ནི་འདི་སྐད་གསུངས། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབ་པ་འོད་དཔག་མེད་པ་ཡི། །སྨོན་ལམ་སྟོབས་ཀྱིས་བྱུང་བ་སྟེ། །ང་ཡིས་འཇིག་རྟེན་མ་རུ་ཤེས། །སྙིང་རྗེ་ཆེན་པོ་དང་ལྡན་པའི། །འགྲོ་བ་འདོན་པར་བརྩོན་པ་མོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོད། །ལྷ་བཅས་མི་དང་ལྷ་མིན་རྣམས། །འདི་རྣམས་ཐམས་ཅད་གསལ་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ཕྱག་ན་ཨུཏྤལ་སྔོན་པོ་བསྣམས། །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །བར་སྣང་དུ་ནི་འཕར་བར་གནས། །འགྲོ་བ་ཡང་དག་བསྲུང་དོན་དུ། །མཚོན་ཆའི་བསྐལ་པ་བྱུང་བ་དང་། །འཇིགས་པ་སྣ་ཚོགས་འཁྲུགས་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་དེ། །མིང་རྣམས་དྲན་པ་ཉིད་ཀྱིས་ཀྱང་། །སེམས་ཅན་ཐམས་ཅད་བདག་གིས་བསྲུང་། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །རྒྱལ་བའི་ཚོགས་ཀྱིས་སྒྲོལ་མར་བསྒྲགས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །གུས་དང་བཅས་པས་ཡང་དག་གནས། །གང་ཞིག་རྒྱལ་བས་སྔོན་བསྒྲགས་པ། །གསུངས་ཤིག་མཚན་བརྒྱ་རྩ་བརྒྱད་པ། །ས་བཅུའི་དབང་ཕྱུག་མགོན་པོ་རྣམས། །བྱང་ཆུབ་སེམས་དཔའ་རབ་དགའ་བ། །སྡིག་པ་སྤོང་བྱེད་བསོད་


DKG094_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ནམས་དང་། །བཀྲ་ཤིས་གྲགས་པ་འཕེལ་བར་བྱེད། །གཏེར་དང་ནོར་རྣམས་འཕེལ་བྱེད་ཉིད། །ནད་རྣམས་ཐམས་ཅད་རླག་བྱེད་པ། །དཔལ་ལྡན་ཤིས་པ་འཇོག་བྱེད་པ། །ནད་མེད་ཚེ་ནི་འཕེལ་བར་བྱེད། །སེམས་ཅན་རྣམས་ལ་བྱམས་བསྒོམས་ནས། །དེ་དག་སྒྲོགས་ཤིག་ཐུབ་ཆེན་པོ། །འདི་སྐད་ཞུས་ནས་བཅོམ་ལྡན་འདས། །སྤྱན་རས་གཟིགས་དབང་རབ་ཏུ་བཞད། །ཕྱོགས་རྣམས་ཐམས་ཅད་རབ་གཟིགས་ནས། །འདི་ལྟ་བུ་ཡི་བྱམས་པ་སྤྲོས། །ཕྱག་ནི་གཡས་པས་ཕྱག་ཐབས་མཛད། །བསོད་ནམས་མཚན་ཉིད་ལྡན་པ་ཡི། །དེ་གསུངས་ཤེས་རབ་ཤིན་ཏུ་ཆེ། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ། །སྐལ་བ་ཆེན་པོའི་མི་རྣམས་ཉོན། །མི་རྣམས་གང་ཞིག་འདི་སྒྲོགས་པ། །ནོར་གྱི་དབང་ཕྱུག་ཡང་དག་འགྱུར། །ནད་རྣམས་ཅད་རྣམ་པར་གྲོལ། །དབང་ཕྱུག་ཀུན་དང་ཡང་དག་ལྡན། །དུས་མིན་འཆི་བ་ངེས་པར་འཇོམས། །འཆི་བ་བདེ་བ་ཅན་འགྲོ་བ། །དེ་རྣམས་བདག་གིས་བཤད་པར་བྱ། །ལྷ་ཡི་དགེ་འདུན་བདག་ལ་ཉོན། །འདི་ལ་རྗེས་སུ་ཡི་རང་གིས། །ལེགས་པར་བསྡམས་པར་འགྱུར་ལ་བསྟོད། །ཨོཾ་དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ་ཨོཾ་གྱི་རྣམ་པ་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ཅན་རྒྱས་པ་མོ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་མོ་ཆེ། །སྟོབས་པོ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་མོ་གཏུབ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་བ་འབར་བའི་འོད། །གློག་གི་ཕྲེང་བའི་རྒྱལ་


DKG094_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །འཚོལ་བྱེད་རེངས་བྱེད་ནག་མོ་ཆེ། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །མཛེས་མ་དགེ་མ་དྲ་བའི་ལྡིང་། །ཚངས་པ་མོ་དང་རིག་བྱེད་མ། །གསད་པ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མོ། །སྐྱེ་གནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མོ། །ཚངས་མ་བདེ་མ་གཞན་མི་རྒྱལ། །དེད་དཔོན་ཆེན་པོ་སྙིང་རྗེ་གནས། །ཆུད་ཟོས་ལམ་ནི་རབ་སྟོན་མ། །མཆོག་སྟེར་སྟོན་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མ་གཏུམ་མོ་བདུད་རྩི་མ། །དེས་མ་ནོར་སྦྱིན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརྟུལ་ཞུགས་ཆེན་མོ་མ། །འགྲོ་ལ་གཅིག་ཏུ་ཕན་པར་བརྩོན། །སྐྱབས་བྱེད་གུས་ལ་གསོང་པོ་མ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པར་ཀུན་འགྲོ་རྗེས་འགྲོ་མ། །དོན་ཀུན་གྲུབ་བྱེད་བཟང་པོ་མ། །གསད་བྱེད་གསོ་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གཽ་ཏ་མ། །སྤྱན་རས་གཟིགས་དབང་བདག་ཉིད་སྐྱེས། །མཚན་བརྒྱ་རྩ་བརྒྱད་འདི་དག་ནི། །ཕན་པར་བྱེད་པར་གྲགས་པ་སྟེ། །མཆོག་ཏུ་རྨད་བྱུང་གསང་བ་མོ། །ལྷ་ཡུལ་ན་ཡང་རྙེད་དཀའ་བའི། །སྐལ་བཟང་སྐལ་བ་དང་ལྡན་བྱེད། །དུག་ནི་ཐམས་ཅད་ཉམས་བྱེད་པ། །ནད་རྣམས་ཐམས་ཅད་ཞི་བྱེད་མ། །སེམས་ཅན་ཀུན་ལ་བདེ་སྟེར་མ། །བློ་ལྡན་གང་ཞིག་ལན་གསུམ་ཀློག །མཉམ་གཞག་གཙང་སྦྲ་བྱས་པ་ཡིས། །དེས་ནི་དུས་མི་རིང་བ་རུ། །རྒྱལ་སྲིད་དཔལ་ཡང་ཐོབ་པར་འགྱུར། །རྟག་ཏུ་སྡུག་པ་བདེ་བར་འགྱུར། །བཀྲེན་པ་ཕྱུག་པོར་འགྱུར་བའོ། །རྨོངས་པ་ཤེས་རབ་ཆེན་པོར་འགྱུར། །ཡིད་གཞུངས་འགྱུར་བར་ཐེ་ཙོམ་མེད། །བཅིངས་པ་འཆིང་ལས་གྲོལ་བར་འགྱུར། །ཐ་སྙད་ལས་ཀྱང་རྒྱལ་བར་འགྱུར། །དགྲ་བོ་བཤེས་པོར་འགྱུར་བའོ། །རྭ་ཅན་དང་ནི་མཆེ་བ་ཅན། །དོག་པའི་འཐབ་མོ་རྒྱལ་དཀའ་བ། །སྣ་ཚོགས་


DKG094_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པ་འཁྲུགས་པ་ལས། །མཚན་ནི་འདི་རྣམས་དྲན་པ་ཡིས། །འཇིགས་པ་ཀུན་ལས་གྲོལ་བར་བྱེད། །དུས་མིན་འཆི་ལས་གྲོལ་བྱེད་པ། །སྐྱེས་བུ་སྙན་པ་ཐོབ་པར་འགྱུར། །མིར་ནི་སྐྱེ་བ་དོན་དང་བཅས། །དེ་གཅིག་པུ་ཡི་ཕན་ཡོན་གྱིས། །གང་ཞིག་འདིར་ནི་སྔར་ལངས་ནས། །སྐྱེས་བུ་གང་ཞིག་སྒྲོགས་བྱེད་པ། །དེ་ནི་དུས་རིང་ཚེ་དང་ལྡན། །མི་ཡི་དཔལ་ནི་དགའ་འགྱུར་ཏེ། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལུས་སྲུལ་པོ། །འབྱུང་པོ་གཤེད་བྱེད་སྲིན་པོ་དང་། །མ་མོ་རྩུབ་པའི་སེམས་ལྡན་པ། །གནོད་སྦྱིན་མོ་དང་ཡི་དགས་བྱེད། །སྨྱོ་བྱེད་དང་ནི་གནོད་བྱེད་རྣམས། །གྲིབ་གནོན་དང་ནི་བརྗེད་བྱེད་དང་། །ཤ་ཟ་ལ་ནི་སོགས་པ་རྣམས། །རོ་ལངས་སྣ་ཚོགས་ལ་སོགས་དང་། །སྐུལ་བྱེད་མ་དང་སེམས་སྡང་རྣམས། །གྲིབ་མ་ལ་ཡང་འགོམ་མི་བྱེད། །ཇི་ལྟར་སླར་ནི་མཆོད་པར་འགྱུར། །སྡང་བའི་སེམས་ཅན་འཆིང་བར་བྱེད། །ནད་ལ་སོགས་པས་ཐེབས་མི་འགྱུར། །ཕྱུག་ཅིང་ལོངས་སྤྱོད་ཡོན་ཏན་ལྡན། །བུ་དང་ཚ་བོ་འཕེལ་བར་འགྱུར། །རིགས་དང་ལྡན་ཞིང་མཐོང་དགར་འགྱུར། །གཟི་བརྗིད་ལྡན་ཞིང་ཚིག་གསལ་བ། །བློ་ལྡན་སྐྱེ་བ་དྲན་པར་འགྱུར། །བསྟན་བཅོས་ཐམས་ཅད་རིག་པར་འགྱུར། །དགེ་བའི་བཤེས་གཉེན་ཡང་དག་ལྡན། །བྱང་ཆུབ་སེམས་ཀྱིས་ཡང་དག་བརྒྱན། །གང་དང་གང་དུ་སྐྱེས་པ་དེར། །རྟག་ཏུ་སངས་རྒྱས་ཀྱིས་མི་སྤོང་། །རྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གསུངས་པ་རྫོགས་སོ།།


previousརྗེ་བཙུན་མ་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ།next