Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་དྲུག་པ།


   
   
   
   
   
   
   
   
   
   
འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next

འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།


DKG096_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་ལོ་ཧ་ཏུཎྜ་ན་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷཱ་ན་རྒྱུ་ཞིང་། ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་དུ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་མ་ཡིན་རྣམས་དང་། མི་རྣམས་ནི་བསྟན་པ་ལ་གནོད་པ་བགྱིད་པ་སྟེ། བཅོམ་ལྡན་འདས་ལྷ་མ་ཡིན་དང་། འཁོར་དུ་མི་གཏོགས་པའི་བསྟན་པ་ལ་ཡུན་རིང་བར་གནོད་པའི་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ཞི་བས་མི་འདུལ་ན་བདག་ལ་དྲག་པོས་འདུལ་བའི་ཆོས་བསྟན་དུ་གསོལ། ཐེག་པའི་ཆོས་དགྲ་བསྲུང་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་ལྕགས་མཆུའི་གཟུངས་མ་རུངས་པ་འཇོམས་པ། དོན་ཐམས་ཅད་བྱེད་པ། དམ་པའི་ཆོས་སྲུང་བ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། ཐེག་པའི་ཆོས་དགྲ་བསྲུང་བ། རྐང་


DKG096_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་རྐང་གཉིས་དང་། རྐང་བཞི་ཐམས་ཅད་རེངས་པར་བྱེད་པ། རྐང་གཉིས་ཐམས་ཅད་སྐྲག་ཏུ་འཇུག་པ། དགྲ་ཐམས་ཅད་ཕུང་བར་བྱེད་པ། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། སྦྱིན་བྱེད་མའི་བུ་དང་། ཤ་ཟ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། བྲམ་ཟེ་དང་། སྲིན་པོ་དང་། འབྱུང་པོ་དང་། རོ་ལངས་དང་། བྱའི་གདོན་དང་། སྲུལ་པོ་དང་། ནམ་གྲུ་དང་། གནོན་པོའི་གདོན་དང་། གནོན་པོ་དང་། བརྗེད་བྱེད་ཀྱི་གདོན་དང་། ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། དྲི་ཟའི་གདོན་དང་། མི་འམ་ཅིའི་གདོན་དང་། ལོག་འདྲེན་གྱི་གདོན་དང་། མ་མོའི་གདོན་ཕུང་བར་བྱེད་པ། ཟས་ཀྱི་རིགས་མི་མཐུན་པ་ཟ་བ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། འགྲོ་བ་དྲག་ཤུལ་དུ་སྤྱོད་པ་ཕུང་བར་བྱེད་པ། འཐབ་པ་དང་། རྩོད་པ་དང་། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ལྕགས་ཀྱི་མཆུའི་གཟུངས་ནམ་མཁའི་ལྡིང་དྲག་པོའི་གཟུངས་འདི་ཟུང་ཤིག །བསྟན་པ་ལ་གནོད་པ་སྐྲག་པར་བྱེད་པ། ཆར་དྲག་པོ་དང་། སེར་བ་དྲག་པོ་འབེབས་པར་བྱེད་པའི་གཟུངས་བརྗོད་པར་བྱའོ། །ཏཏྱ་ཐཱ། ཨེ་ཏེ་མེ་ཏེ། པྲ་མེ་ཏྲི་ཏྲ། གོ་ལེ་བོ་ལེ་ལེ་བོས་སེ། མོཏྟེ། པ་ད་ཏེ། ཁཱ་རཏྟེ། ཁཱ་ར་ཎེ། གཱ་ནཱ་གཱ་ནེ། ནཱ་གཱ་མུ་ག་ནེ། མོ་ནེ་པྲ་ཏཱི་མི་ནེ། ཀཱ་ལི་པྲ་ཀཱ་ལི་ཙ་ཎྜེ། མ་ཧཱ་ཙཎྜེ། པྲ་ཏི་ཙཎྜེ། པེ་གོ་སོ་ན། གོ་ནཱ་མོ་ཧཱ། པྲ་མོ་ཧཱ། མ་ཧཱ་མོ་ཊཱ། པྲ་མོ་ཊཱ། ནཱ་ཤ་ནི། པྲ་ནཱ་ཤ་ནཱ་དྷི་པ་ཏི། བལྒཱ་ཎི། པྲ་པ་ལྒཱ་ཎི། ནི་དྱ་ཎི། བཱ་ནི་ཥཱ་ནི། ཀྲོ་དྷ་ནི། པྲ་ཏི་གྲོ་དྷ་ནི། ཧ་ན་ཧ་ན། བི་ཧ་ན་བི་ཧ་ན། སརྦ་དུཥྚ་པྲ་དུ་ཥྜཾ། ནཱ་ཤ་ཡ་སརྦ་ཨ་བྷ་ཡ་བྲ་ངཻ་ཧཱུྃ་ཕཊ། སྔགས་འདི་བརྗོད་པ་ཙམ་གྱིས་ཕྱོགས་བཅུ་ཀུན་དུ་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགུལ་ལོ། །གནོད་པ་ཐམས་ཅད་ཁས་བུབ་ཏུ་བརྒྱལ་ལོ། །སྐེ་ཚེ་དང་། ཡུངས་ནག་ཏུ་བསྲེས་ལ། ཆུ་བོདང་།


DKG096_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་དང་། རི་བོ་ལ་གཏོར་རོ། །དེ་ཕྱིན་ཅད་ཆར་འབེབས་པར་བྱེད་དོ། །ཡང་ཆུ་བོ་དང་། རྒྱ་མཚོ་དང་། ཆུ་མིག་དང་། རྫིང་བུ། ལུ་མ། འབབ་ཆུ། གཉན་དགུར་བུ་རམ། སྦྲང་། ཤིང་མངར། ཤ་ཀ་ར། ཀླུ་སྨན་སྣ་ཚོགས་འོ་མ་ལ་བསྔགས་ལ་གཏོར་རོ། །དེའི་ཕྱིར་སེར་བ་ཆེན་པོ་འབེབས་སོ། །ཡིད་ཟློས་བགྱིས་ཏེ། སྤྲིན་ལ་བལྟས་ལ་ལྷ་ཕྱག་བྱ་ཞིང་བཟླས་ན་ཇི་ལྟར་འདོད་པའི་སེར་བ་ཆེན་པོ་འབབ་པར་འགྱུར་རོ། །ཤེས་རབ་ཅན་གྱིས་འཕགས་པ་ལྕགས་ཀྱི་མཆུའི་གཟུངས་འདི་ཟུང་ཤིག །ཆོངས་ཤིག ། བརྗོད་ཅིག །གཞན་ལ་མ་སྤེལ་ཅིག །སྦོས་ཤིག །ཐུན་མོང་དུ་མིན་ནོ། །རྒྱ་མཚོའི་ཆུ་རྡོ་བཞིན་མི་མངོན་པར་སྦོས་ཤིག །གཞན་གྱིས་མི་ཐུབ་པའི་དྲག་པོའི་གཟུངས་འདིས་འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ། ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོ་ལ་བྱང་བུ་གཟུགས་སོ་སྔགས་པ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་དང་གང་གིས་ཡིད་རྩེ་གཅིག་ཏུ་བྱའོ། །དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མའམ། དགེ་བསྙེན་ཕའམ།དགེ་བསྙེན་མ་གང་ཡང་རུང་བས་བསྟན་པ་ལ་གནོད་པ་བསྙུང་བའི་ཕྱིར་ཡིད་ལ་ཟུང་ཤིག །ཆོངས་ཤིག་དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སྷོ།།


previousའཕགས་པ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next