Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་བདུན་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ།next

བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ།


DKG097_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས། བམ་པོ་དང་པོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་


DKG097_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱཀྱ་ཐུབ་པ་རི་པོ་ཊ་ལའི་སྟེང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཞལ་མེད་ཁང་རིན་པོ་ཆེ་བཀོད་པའི་དཀྱིལ་འཁོར་ན་ནོར་བུ་རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་རིན་པོ་ཆེའི་སེང་གེའི་གདན་རིན་པོ་ཆེའི་རྒྱལ་མཚན་དང་བ་དན་དག་གིས་འཁོར་བར་བཀོད་ཅིང་དཔྱངས་པ་ལ་བཞུགས་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་གདན་དེ་ལ་བཞུགས་ནས་ཀུན་འཛིན་ཅེས་བྱ་བའི་གཟུངས་སྔགས་བཤད་པར་བཞེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པ་དང་ཐབས་ཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཀུན་འཛིན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་གྱི་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྨན་མངོན་པར་འཕགས་པ་དང་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་དང་། བྱང་ཆུབ་སེམས་དཔའ་པདྨའི་བཀོད་པ་དང་། བྱང་ཆུབ་སེམས་དཔའ་བཀོད་པ་ཆེན་པོ་དང་། བྱང་ཆུབ་སེམསདཔའ་རིན་ཆེན་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་ཐོབ་པ་ཤ་སྟག་དང་ཐབས་ཅིག་གོ། །གཞན་ཡང་ཉན་ཐོས་ཀྱི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ་པའི་ས་བཅུ་སྤྱད་པ་ཚད་མེད་གྲངས་མེད་པ་དག་དང་ཐབས་ཅིག་སྟེ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་ཚངས་རིས་ཀྱི་ལྷ་ཚད་མེད་པ་སྙེད་དང་ཐབས་ཅིག་སྟེ། ལྷའི་བུ་ཀྵཎྜ་མ་ར་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་ལྷ་དང་ལྷའི་བུ་ཚད་མེད་པ་སྙེད་དང་ཐབས་ཅིག་སྟེ། ལྷའི་བུ་ཀུཾ་བྷ་ཀ་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་འཇིག་རྟེན་སྐྱོང་བ་དང་། རྒྱལ་ཆེན་རིས་བཞིའི་ལྷའི་རྒྱལ་པོ་


DKG097_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་མེད་པ་སྙེད་དང་ཐབས་ཅིག་སྟེ། ལྷའི་རྒྱལ་པོ་ཡུལ་འཁོར་སྲུང་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཚད་མེད་པ་སྙེད་དང་ཐབས་ཅིག་སྟེ། ཀླུའི་རྒྱལ་པོ་ཆེན་པོ་རིའི་དཔལ་ནི་གཙོ་བོར་གྱུར་ཏོ། །གཞན་ཡང་འདོད་པའི་ཁམས་ཀྱི་ལྷའི་བུ་མོ་ཚད་མེད་པ་སྙེད་དང་ཐབས་ཅིག་སྟེ། ལྷའི་བུ་མོ་གཞོན་ནུའི་མིག་ཅེས་བྱ་བ་ནི་གཙོ་མོར་གྱུར་ཏོ། །གཞན་ཡང་ནམ་མཁའི་ལྷ་དང་། ཆུ་བོ་དང་། རྒྱ་མཚོའི་ལྷ་དང་། ཆུ་མིག་གི་ལྷ་དང་། ཆུ་ཀླུང་གི་ལྷ་དང་། སྨན་གྱི་ལྷ་དང་། ལྗོན་ཤིང་གི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། ཁང་ཁྱིམ་གྱི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། སའི་ལྷ་དང་། རིའི་ལྷ་དང་། གཞལ་མེད་ཁང་ལ་སོགས་པའི་ལྷ་ཚད་མེད་པ་སྙེད་ཀྱང་སོ་སོ་ནས་འདུས་ཤིང་ལྷགས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འཁོར་མང་པོའི་ནང་དུ་གསང་སྟེ། རྫུ་འཕྲུལ་གྱིས་འོད་ཟེར་བཀྱེ་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་གསེར་གྱི་ཁ་དོག་ཅན་དུ་གྱུར་ཏོ། །ལྷའི་གཞལ་མེད་ཁང་རྣམས་དང་། ཀླུའི་ཁང་ཁྱིམ་རྣམས་དང་། ལྷའི་གཙོ་བོ་རྣམས་ཀྱི་གཞལ་མེད་ཁང་རྣམས་ཀྱང་རབ་ཏུ་གཡོས་པར་གྱུར། ཆུ་བོ་དང་། མཚོ་དང་། རྒྱ་མཚོ་ཆེན་པོ་དང་། རི་ཁོར་ཡུག་དང་། རི་རབ་ལྷུན་པོ་དང་། སའི་རི་དང་། རི་ནག་པོ་རྣམས་ཀྱང་རབ་ཏུ་གཡོས་པར་གྱུར་ཏོ། །ཉི་མ་དང་། ཟླ་བ་དང་། ནོར་བུ་དང་། མེ་དང་། རྒྱུ་སྐར་དང་། གཟའི་འོད་རྣམས་ཀྱང་ཟིལ་གྱིས་མནན་ཏེ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་འཛིན་གྱི་རྒྱལ་པོས་ངོ་མཚར་རྨད་དུ་བྱུང་བའི་མཚན་མ་དེ་དག་མཐོང་བ་དང་། སྔོན་ཆད་ནམ་ཡང་དེ་ལྟ་བུ་མ་བྱུང་ངོ་ཞེས་ངོ་མཚར་དུ་གྱུར་ནས། སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས། བཅོམ་


DKG097_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་རྫུ་འཕྲུལ་གྱི་མཚན་མ་འདི་ལྟ་བུ་འདི་དག་སུས་བཀྱེ་ལགས་ཞེས་གསོལ་ནས། ཚིགས་སུ་བཅད་དེ་ཞུ་བ་ཞུས་པ། དེང་ནི་སུ་ཞིག་མངོན་པར་སངས་རྒྱས་ན། །འདི་ལྟར་འོད་ཟེར་ཆེན་པོ་རབ་བཀྱེ་བས། །ཕྱོགས་བཅུའི་འཇིག་རྟེན་གསེར་གྱི་མདོག་ཏུ་གྱུར། །སྟོང་ཆེན་འཇིག་རྟེན་ཁམས་ཀྱང་དེ་བཞིན་ལགས། །དེང་ནི་སུ་ཞིག་རང་དབང་ཐོབ་གྱུར་ན། །ཡ་མཚན་རྫུ་འཕྲུལ་ཆེན་པོ་མཐུ་བཀྱེ་ནས། །མཐའ་མེད་སངས་རྒྱས་ཞིང་རྣམས་རབ་གཡོས་ཤིང་། །ལྷ་ཀླུ་གཞལ་མེད་ཁང་རྣམས་མི་བདེར་གྱུར། །སུ་ཡི་མཐུ་ལགས་རྒྱུ་རྐྱེན་མ་རྟོགས་པས། །འཁོར་མང་འདི་དག་ཐེ་ཚོམ་འཚལ་གྱུར་ན། །བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་ཡིས། །རྫུ་འཕྲུལ་འདི་ཡི་རྒྱུ་རྐྱེན་བཀས་བཤད་གསོལ། །བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཀུན་འཛིན་གྱི་རྒྱལ་པོ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱེད་ཀྱིས་འདི་རིག་པར་བྱ་སྟེ། དེང་འཁོར་གྱི་དཀྱིལ་འཁོར་འདུས་པ་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཞིག་ཡོད་པ་དེ་སྔོན་བསྐལ་བ་ཚད་མེད་པ་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པ། གཟུངས་ཀྱི་སྒོ་ཚད་མེད་པ་སྙེད་ཤིན་ཏུ་བསྒོམས་ཤིང་མངོན་པར་བསྒྲུབས་པར་གྱུར་པས། སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བར་འདོད་པའི་ཕྱིར་གསང་སྟེ་འདི་ལྟ་བུའི་རྫུ་འཕྲུལ་གྱི་མཐུ་ཆེན་པོ་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ་གོས་ཚགས་བཅོས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་ཐུགས་རྗེ་ཆེན་པོའི་སེམས་ཞེས་བགྱི་བའི་གཟུངས་སྔགས་མཆིས་ཏེ། སེམས་ཅན་མང་པོ་རྣམས་ལ་སྨན་པ་དང་བདེ་བ་འཐོབ་པར་བགྱི་བ་དང་། བྲོ་ནད་ཐམས་ཅད་བསལ་བར་བགྱི་བ་དང་། ཚེ་རིང་བར་འགྱུར་བ་དང་།ཕྱུག་ཅིང་འབྱོར་པ་དང་ལྡན་པར་བགྱི་བ་དང་། སྡིག་པ་མི་དགེ་


DKG097_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལས་དང་ཁ་ན་མ་ཐོ་བ་ལྕི་བ་རྣམས་ཡོངས་སུ་སྦྱང་ཞིང་བསལ་བ་དང་། སྒྲིབ་པའི་བགེགས་རྣམས་དང་འབྲལ་བ་དང་། ཆོས་དཀར་པོའི་ཡོན་ཏན་ཐམས་ཅད་འཕེལ་བར་བགྱི་བ་དང་། །དགེ་བའི་ས་བོན་ཐམས་ཅད་ཕུན་སུམ་ཚོགས་པར་བགྱི་བ་དང་། འཇིགས་ཤིང་སྐྲག་པ་ཐམས་ཅད་ཡོངས་སུ་སྤང་བར་བགྱི་བ་དང་། རེ་བ་ཐམས་ཅད་མྱུར་དུ་ཡོངས་སུ་རྫོགས་པར་བགྱི་བའི་སླད་དུ་དེང་བཤད་པར་འཚལ་ན། བཅོམ་ལྡན་འདས་ཐུགས་བརྩེ་བར་དགོངས་ཏེ་གནང་བར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་སྙིང་རྗེ་ཆེན་པོས་སེམས་ཅན་རྣམས་ལ་ཕན་པ་དང་། བདེ་བ་འདོད་པའི་ཕྱིར་རིག་སྔགས་བཤད་པར་འདོད་པས་དེང་དུས་ལ་བབ་ཀྱིས་མྱུར་དུ་སྨྲོས་ཤིག་དང་། དེ་བཞིན་གཤེགས་པ་ང་དང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་རྗེས་སུ་ཐུགས་དགྱེས་པར་མཛད་དོ། །བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མངོན་པར་དྲན་ལགས་ཏེ། སྔོན་བྱུང་བའི་བསྐལ་པ་འབུམ་ཕྲག་ཚད་མ་མཆིས་པ་སྙེད་འདས་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་སྟོང་གི་རྒྱལ་པོ་ཞི་བར་གནས་པ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་དེས་བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་ཐོགས་པ་མ་མཆིས་པའི་ཐུགས་རྗེ་ཆེན་པོ་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བགྱི་བའི་གཟུངས་འདི་བཀའ་སྩལ་ནས། ཕྱག་གསེར་གྱི་ཁ་དོག་ཅན་གྱིས་བདག་གི་སྤྱི་བོ་ལ་བྱུགས་ཏེ་འདི་སྐད་ཅེས། རིགས་ཀྱི་བུ་ཁྱོད་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་ཟུང་ཤིག་དང་། མ་འོངས་པའི་དུས་ངན་པའི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཆེན་པོ་བྱེད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། །བདག་དེའི་ཚེ་གདོད་ས་དང་པོ་ལ་གནས་པ་ལས་རིག་སྔགས་འདི་ལན་ཅིག་ཐོས་པ་ཙམ་གྱིས་ས་བརྒྱད་པ་ལས་ཡང་དག་པར་འདས་པར་གྱུར་ལགས་སོ། །བདག་དེའི་ཚེ་དེའི་དུས་ན་སེམས་རབ་ཏུ་དགའ་ཞིང་མགུ་བར་གྱུར་


DKG097_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་སྨོན་ལམ་འདི་སྐད་དུ་བཏབ་ལགས་ཏེ། གལ་ཏེ་བདག་མ་འོངས་པའི་དུས་ན་སེམས་ཅན་ཐམས་ཅད་ལ་སྨན་ཅིང་བདེ་བར་བགྱིད་པའི་འོས་སུ་འགྱུར་ཡང་དག་པ་ཞིག་ལགས་ན་དེང་བདག་གི་ལུས་འདི་ཉིད་ལས་ལག་པ་སྟོང་དང་། མིག་སྟོང་ཚང་བར་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་མ་ཐག་ཏུ་ལུས་ལས་སུག་པ་སྟོང་དང་མིག་སྟོང་ཚང་བར་བྱུང་བར་གྱུར་ཏེ། ཕྱོགས་བཅུའི་ས་ཆེན་པོ་རྣམས་ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་འོད་ཟེར་བཀྱེ་བས་བདག་གི་ལུས་ལ་རེག་ཅིང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་མ་མཆིས་པ་རྣམས་ཀྱང་གསལ་བར་བགྱིས་པར་གྱུར་ལགས་སོ། །དེང་སླན་ཅད་སངས་རྒྱས་ཚད་མ་མཆིས་པའི་འཁོར་གྱི་དཀྱིལ་འཁོར་ཚད་མ་མཆིས་པ་དག་ཏུ་གཟུངས་འདི་ཡང་དང་ཡང་དུ་ཐོས་ཤིང་མངོན་སུམ་དུ་ཡང་དག་པར་བླངས་པ་དང་། གཞན་ཡང་དགའ་བ་དང་། མགུ་བ་དང་། རངས་པ་ཚད་མ་མཆིས་པ་བསྐྱེད་པས་བསྐལ་པ་འབུམ་ཕྲག་ཚད་མ་མཆིས་པ་སྙེད་ཀྱི་འཁོར་བ་ཕྲ་མོ་ལས་ཡང་དག་པར་འདས་པར་གྱུར་ལགས་སོ། །དེང་སླན་ཅད་གཟུངས་འདི་རྟག་པར་འདོན་ཅིང་ཡོངས་སུ་བཟུང་ནས་ནམ་དུ་ཡང་མི་བསྐྱུད་པར་བགྱིས་པའི་སླད་དུ་སྐྱེ་བ་ཐམས་ཅད་དུ་རྟག་པར་སངས་རྒྱས་རྣམས་ཀྱི་སྤྱན་སྔར་པདྨ་ལས་རྫུས་ཏེ་སྐྱེས་པས་མངལ་དུ་སྐྱེ་བའི་ལུས་བླངས་པར་མ་གྱུར་ལགས་སོ། །དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ཁྱེའུ་འམ། བུ་མོ་གང་ལ་ལ་ཞིག་འདི་འདོན་ཅིང་ཡོངས་སུ་འཛིན་པར་འཚལ་བ་དེས་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་བསྐྱེད་ནས། དང་པོ་ཁོ་ནར་བདག་ལ་སྨོན་ལམ་འདི་སྐད་གདབ་པར་བགྱི་ལགས་སོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཆོས་རྣམས་ཐམས་ཅད་མྱུར་དུ་རྟོགས་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཡེ་ཤེས་མིག་ནི་མྱུར་དུ་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་སེམས་


DKG097_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཐམས་ཅད་མྱུར་དུ་སྒྲོལ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་ཐབས་མཁས་པ་དག་མྱུར་དུ་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་ཤེས་རབ་གྲུ་ཡིས་སྒྲོལ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་སྡུག་བསྔལ་མཚོ་ལས་འདའ་བར་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་མྱུར་དུ་ཚུལ་ཁྲིམས་རྐང་གི་ལམ་ཐོབ་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་མྱུར་དུ་མྱ་ངན་འདའ་བའི་རི་འཛེག་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་གིས་མྱུར་དུ་འདུས་མ་བྱས་ཀྱི་ཁྱིམ་ཕྱིན་ཤོག །སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །བདག་ནི་མྱུར་དུ་ཆོས་ཉིད་སྐུ་དང་མཚུངས་པར་ཤོག །བདག་ནི་རལ་གྲི་རི་ལ་འཛེག །རལ་གྲི་རི་ནི་རང་རྙིལ་ཤོག །བདག་ནི་ཆུ་ཚན་ཕྲད་གྱུར་ན། །ཆུ་ཚན་མེ་མུར་རང་ཞི་ཤོག །སེམས་ཅན་དམྱལ་བར་བདག་སོང་ན། །སེམས་ཅན་དམྱལ་བ་རང་སྐམས་ཤོག །བདག་ནི་ཡི་དགས་གནས་སོང་ན། །བཀྲེས་སྐོམ་དག་ནི་འགྲངས་པར་ཤོག །བདག་ནི་ལྷ་མིན་གནས་སོང་ན། །ངན་སེམས་རང་ནི་དུལ་བར་ཤོག །བདག་ནི་དུད་འགྲོའི་གནས་ཕྱིན་ན། །རང་ཉིད་ཤེས་རབ་ཆེ་ཐོབ་ཤོག །དེ་སྐད་དུ་སྨོན་ལམ་བཏབ་ནས་སེམས་རྩེ་གཅིག་ཏུ་བདག་གི་མིང་ནས་འདོན་ཅིང་རྗེས་སུ་དྲན་པར་བགྱིའོ། །གཞན་ཡང་བདག་གི་སྟོན་པ་དེ་བཞིན་གཤེགས་པ་འོད་དཔག་མེད་རྗེས་སུ་དྲན་པར་བགྱིས་ན། དེའི་རྗེས་ལ་གཟུངས་སྔགས་འདི་མཚན་གཅིག་ལ་ལན་བདུན་ཚང་བར་འདོན་པར་བགྱིད་ན་བསྐལ་པ་འབུམ་ཕྲག་བརྒྱད་སྟོང་སྙེད་དུ་འཁོར་བར་འགྱུར་བའི་ཁ་ན་མ་ཐོ་བ་ལྕི་བ་རྣམས་ཡོངས་སུ་བསལ་ཅིང་འབྱང་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷའམ་མི་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་ཚིག་འདི་འདོན་ཅིང་


DKG097_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པར་བགྱིད་ན་འཆི་བའི་དུས་ཀྱི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དེར་གཤེགས་ནས་ཕྱག་རྐྱོང་བར་འགྱུར་བས། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འཚལ་བ་ཅི་ལྟར་སྨོན་པ་བཞིན་དུ་དེ་དག་ཏུ་སྐྱེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ངན་འགྲོ་གསུམ་པོ་དག་ཏུ་ལྟུང་བར་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐུགས་རྗེ་ཆེན་པོའི་རིག་སྔགས་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྐྱེ་བར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐུགས་རྗེ་ཆེན་པོའི་རིག་སྔགས་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ཏིང་ངེ་འཛིན་དང་སྤོབས་པ་ཚད་མ་མཆིས་པ་སྙེད་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐུགས་རྗེ་ཆེན་པོའི་རིག་སྔགས་འདོན་ཅིང་ཡོངས་སུ་འཛིན་པ་དག་གལ་ཏེ་ཚེ་འདི་ཉིད་ལ་སྨོན་པ་ཐམས་ཅད་ཇི་ལྟར་སྨོན་པ་བཞིན་དུ་གྲུབ་པར་མ་གྱུར་ན་སྙིང་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཞེས་མི་བགྱི་ལགས་ཏེ། མི་དགེ་བ་རྣམས་དང་སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ལགས་སོ། །བུད་མེད་གང་ལ་ལ་ཞིག་བུད་མེད་ཀྱི་ལུས་ཀྱིས་ཡོངས་སུ་སྐྱོ་ནས་སྐྱེས་པའི་ལུས་ཐོབ་པར་འཚལ་བ་གང་ལགས་པ་དེས་ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཀྱི་ཚིག་འདི་འདོན་ཅིང་ཡོངས་སུ་བཟུང་བས་གལ་ཏེ་བུད་མེད་ཀྱི་དངོས་པོ་ལས་ཡོངས་སུ་གྱུར་ཏེ། སྐྱེས་པའི་ལུས་ཐོབ་པར་མ་གྱུར་ན་བདག་ནམ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཐེ་ཚོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན་གདོན་མི་འཚལ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་འགྲུབ་པར་མི་འགྱུར་ལགས་སོ། །སེམས་ཅན་གང་ལ་ལ་ཞིག་དགེ་འདུན་གྱི་ཞལ་ཟས་དང་དཀོར་འཕྲོག་ཅིང་ཆུད་གསོན་པ་གང་ལགས་པ་དེ་དག་ནི་སངས་རྒྱས་སྟོང་འཇིག་རྟེན་དུ་བྱུང་བ་དག་ལ་འགྱོད་པས་


DKG097_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཐོལ་ཞིང་བཤགས་ན་ཡང་འབྱང་ཞིང་ཚངས་པར་མི་འགྱུར་མོད་ཀྱི། འོན་ཀྱང་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་བཏོན་པ་ཙམ་གྱིས་དེ་དག་ཡོངས་སུ་འབྱང་བར་འགྱུར་བ་ལགས་ཏེ། དཀོན་མཆོག་གསུམ་གྱི་ཞལ་ཟས་དང་། དཀོན་མཆོག་གསུམ་གྱི་དཀོར་ནོར་འཕྲོག་ཅིང་ཆུད་གསོན་པ་དེ་དག་ནི་ཕྱོགས་བཅུའི་སྟོན་པ་རྣམས་མངོན་སུམ་དུ་གྱུར་པའི་སྤྱན་སྔར་བཤགས་ན་གདོད་ཡོངས་སུ་འབྱང་བར་འགྱུར་ལགས་ལ། ཐུགས་རྗེ་ཆེན་པོའི་གཟུངས་འདི་འདོན་པའི་ཚེ་ཕྱོགས་བཅུའི་སྟོན་པ་རྣམས་དེར་གཤེགས་ནས་དབང་མཛད་པར་འགྱུར་བས་ཁ་ན་མ་ཐོ་བའི་སྒྲིབ་པ་དེ་དག་ཐམས་ཅད་ཀྱང་ཡོངས་སུ་འབྱང་བར་འགྱུར། མི་དགེ་བ་བཅུ་དང་། མཚམས་མ་མཆིས་པ་ལྔ་དང་། གང་ཟག་ལ་སྐུར་པ་བཏབ་པ་དང་། ཆོས་ལ་སྐུར་པ་བཏབ་པ་དང་། གསོ་སྦྱོང་བཤིག་པ་དང་། ཚུལ་ཁྲིམས་བཤིག་པ་དང་། མཆོད་རྟེན་བཤིག་པ་དང་། གཙུག་ལག་ཁང་བཤིག་པ་ཐམས་ཅད་དང་། དགེ་འདུན་གྱི་དཀོར་བརྐུས་པ་དང་། ཡོངས་སུ་དག་པའི་ཚངས་པར་སྤྱོད་པ་སུན་པར་བགྱིས་པ་འདི་ལྟ་བུ་ལ་སོགས་པ་སྡིག་པའི་ལས་ལྕི་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་ལགས་སོ། །རིག་སྔགས་འདི་ལ་ཐེ་ཚོམ་འཚལ་བའི་དངོས་པོ་གཅིག་ནི་མ་གཏོགས་ཏེ། ཐེ་ཚོམ་འཚལ་བར་གྱུར་ན་ཐ་ན་ཁ་ན་མ་ཐོ་བ་ཆུང་ངུའི་ལས་ཡང་བ་ཙམ་ཡང་ཡོངས་སུ་འབྱང་བར་མི་འགྱུར་ན་ཁ་ན་མ་ཐོ་བ་ལྕི་བ་ལྟ་སྨོས་ཀྱང་ཅི་འཚལ་ལགས། ཁ་ན་མ་ཐོ་བ་ལྕི་བ་དག་ཡོངས་སུ་འབྱང་བར་མི་འགྱུར་མོད་ཀྱི། འོན་ཀྱང་བྱང་ཆུབ་ཀྱི་རིང་བའི་རྒྱུ་ནི་བགྱིད་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལྷ་དང་མི་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་སེམས་ཀྱི་རིག་སྔགས་འདི་འདོན་ཅིང་འཛིན་པ་དེ་དག་ནི་དགེ་བའི་སྐྱེ་བ་རྣམ་པ་བཅྭ་ལྔ་འཐོབ་པར་འགྱུར་ཞིང་གཤིས་ངན་དུ་འཆི་བ་རྣམ་པ་བཅྭ་ལྔར་ལེན་པར་མི་འགྱུར་ལགས་སོ། །གཤིས་ངན་དུ་འཆི་བར་མི་འགྱུར་བ་དེ་ཡང་འདི་ལྟ་སྟེ། གང་ཟག་


DKG097_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཀྲེས་པས་ཉོན་མོངས་ཏེ་འཆི་བར་མི་འགྱུར་བ་དང་། མཚོན་ཆ་དང་ལྕག་དབྱུག་གིས་འཆི་བར་མི་འགྱུར་བ་དང་། ཁོ་ན་མཆིས་པའི་དགྲའི་སུག་པར་འཆི་བར་མི་འགྱུར་བ་དང་། གཡུལ་ངོར་འཆི་བར་མི་འགྱུར་བ་དང་། སྟག་དང་སྤྱང་ཀི་དང་གཅན་གཟན་མ་རུངས་པའི་ཁར་འཆི་བར་མི་འགྱུར་བ་དང་། སྦྲུལ་གདུག་པ་དང་རྩངས་པ་དང་སྡིག་པའི་ཁར་འཆི་བར་མི་འགྱུར་བ་དང་། ཆབ་དང་ཞུགས་ཀྱི་ནང་དུ་འབྱིང་ཞིང་ཚིག་སྟེ་འཆི་བར་མི་འགྱུར་བ་དང་། དུག་གིས་འཆི་བར་མི་འགྱུར་བ་དང་། བྱད་སྟེམས་ཀྱིས་འཆི་བའི་དུས་བགྱིད་པར་མི་འགྱུར་བ་དང་། སྨྱོས་ནས་དྲན་པ་ཉམས་ཏེ་འཆི་བར་མི་འགྱུར་བ་དང་། རི་དང་། ལྗོན་ཤིང་དང་ངམ་གྲོག་དང་གཡངས་ནས་ལྷུང་སྟེ་འཆི་བར་མི་འགྱུར་བ་དང་། མི་མ་རུངས་པའི་བྱད་ཀྱིས་འཆི་བར་མི་འགྱུར་བ་དང་། ལོག་པའི་འདྲེ་གདོན་མ་རུངས་པས་གླགས་རྙེད་དེ་འཆི་བའི་དུས་བགྱིད་པར་མི་འགྱུར་བ་དང་། ནད་ངན་པས་ལུས་ལ་དཀྲིས་ཏེ་འཆི་བའི་དུས་བགྱིད་པར་མི་འགྱུར་བ་དང་། ཆ་མ་ལགས་པས་བདག་ཉིད་ལ་གནོད་པ་བགྱིས་ཏེ་འཆི་བའི་དུས་བགྱིད་པར་མི་འགྱུར་བ་དག་ལགས་ཏེ། ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པར་བགྱིད་པ་དེ་དག་ནི་གཤིས་ངན་དུ་འཆི་བ་རྣམ་པ་བཅྭ་ལྔ་པོ་འདི་དག་གིས་འཆི་བའི་དུས་བགྱིད་པར་མི་འགྱུར་ལགས་སོ། །དགེ་བའི་སྐྱེ་བ་རྣམ་པ་བཅྭ་ལྔ་པོ་ཐོབ་པར་འགྱུར་བ་འདི་ལྟ་སྟེ། སྐྱེ་བ་ཐམས་ཅད་དུ་རྒྱལ་པོ་དགེ་བ་དང་མཇལ་བར་འགྱུར་བ་དང་། རྟག་པར་ཡུལ་དགེ་བར་སྐྱེ་བར་འགྱུར་བ་དང་། རྟག་པར་དུས་བཟང་པོ་དང་མཇལ་བར་འགྱུར་བ་དང་། རྟག་པར་དགེ་བའི་བཤེས་གཉེན་དང་མཇལ་བར་འགྱུར་བ་དང་། རྟག་པར་ལུས་ཀྱི་དབང་པོ་ཚང་བར་འགྱུར་བ་དང་། ལམ་གྱི་སེམས་ལ་གོམས་པར་འགྱུར་བ་དང་། སྡོམ་པའི་ཚུལ་ཁྲིམས་ཉམས་པར་མི་བགྱིད་པ་དང་། འཁོར་རྣམས་དྲིན་གྱིས་འདྲིས་ཤིང་འདུམ་པར་འགྱུར་བ་དང་། འཚོ་བའི་ཡོ་བྱད་རྣམས་རྟག་པར་འབྱོར་ཅིང་ལྡན་པར་འགྱུར་བ་དང་། རྟག་པར་གཞན་གྱིས་བཀུར་ཞིང་རིམ་གྲོ་བགྱིད་པར་འགྱུར་བ་


DKG097_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡོ་བྱད་བདོག་པ་རྣམས་གཞན་གྱིས་འཕྲོག་པར་མི་འགྱུར་བ་དང་། ཡིད་ལ་སྨོན་པ་རྣམས་བསམ་པ་བཞིན་དུ་འགྲུབ་པར་འགྱུར་བ་དང་། ལྷ་དང་། ཀླུ་དགེ་བ་རྣམས་ཀྱིས་རྟག་ཏུ་སྲུང་ཞིང་ཡོངས་སུ་སྐྱོབ་པར་འགྱུར་བ་དང་། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་མཐོང་ཞིང་ཆོས་ཐོས་པར་འགྱུར་བ་དང་། ཡང་དག་པའི་ཆོས་ཐོས་ནས་དོན་ཟབ་མོ་རྟོགས་པར་འགྱུར་བ་དག་ལགས་ཏེ། ལྷའམ་མི་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་སེམས་ཀྱིས་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པར་བགྱིད་པ་གང་ལགས་པ་དེ་དག་ནི་དགེ་བའི་སྐྱེ་བ་རྣམ་པ་བཅྭ་ལྔ་པོ་འདི་དག་ཐོབ་པར་འགྱུར་བས། ལྷ་དང་། མི་ཐམས་ཅད་ཀྱིས་རྟག་པར་བཏོན་ནས་ཡོངས་སུ་གཟུང་བར་བགྱི་སྟེ་ལེ་ལོ་བསྐྱེད་པར་མི་བགྱིའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་དེ་སྐད་ཅེས་སྨྲས་ནས། འཁོར་འདུས་པའི་མདུན་དུ་ཐལ་མོ་སྦྱར་ཏེ་དྲང་པོར་འདུག་ནས་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་སེམས་བསྐྱེད་དེ། འཛུམ་པའི་མདངས་ཀྱིས་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཀྱི་ཚིག་གྱ་ནོམ་པ་འདི་དག་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་པ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོྃ་སརྦ་བནྡྷ་ན་ཙྪེ་ད་ན་ཀ་རཱ་ཡ། སརྦ་པཱ་ཡ་ས་མུ་དྲོ་ཙྪོ་ཥ་ཎ་ཀ་རཱ་ཡ། སརྦ་བྱཱ་དྷི་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཨི་ཏྱུ་པ་དྲ་བ་བི་ནཱ་ཤ་ན་ཀ་རཱ་ཡ། སརྦ་བྷ་ཡེ་ཥུ་ཏཱ་ར་ཎ་ཀ་རཱ་ཡ། ཏསྱ། ན་མ་སྐྲྀ་ཏྭཱ་ཨི་དཾ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། ཏ་བ་ནཱི་ལ་ཀཎྛ་ནཱ་མ་པ་ར་མ་ཧྲྀ་ད་ཡ། མཱ་བརྟ་ཡིཥྱཱ་མི། སརྦཱ་རྠ་སཱ་དྷཱནཱཾ། ཤུ་བྷ་ཙེ་ཏ་ནཱཾ། སརྦ་བྷཱ་ཏཱ་ནཱཾ། པཱ་པ་མཱ་རྒ་བི་ཤོ་དྷ་ཀཾ། །ཏདྱ་ཐཱ། ཨཱ་ལོ་ཀེ །ཨ་དྷི་པ་ཏི། ལོ་ཀ་ཨ་ཏི་ཀྲཱནྟེ། ཨེ་ཧྱེ་ཧི་མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲི་ཡ་བོ་དྷི་སཏྭ། ཧེ་མ་ཧཱ་ཀཱ་རུ་ཎི་ཀ་མ་ཧཱ་སྨ་ར་ཧྲྀད་ཡན། ཨེ་ཧྱེ་ཧི་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། པ་ར་མ་མེེ་ཏྲི་ཙིཏྟ་ཀཱ་ར་ཎི་ཀ་ཀུ་རུ་ཀུ་རུ། ཀརྨ་སཱ་དྷཱ་ཡ་སཱ་དྷ་


DKG097_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། བི་དྱཱ་ན་དེ་ཧི་དེ་ཧི། མེ་ཨ་རཾ་ག་མཾ་ག་མ་བི་ཧཾ་ག་མ། སིདྡྷ་ཡོ་གཱི་ཤྭ་ར་དུ་ཧུ་དུ་ཧུ་བཱིཪྱ་ནྟེ་མ་ཧཱ་བཱི་ཪྱནྟེ། དྷ་ར་དྷ་ར། དྷ་རེ་ནྡེ་ཤྭ་ར། ཙ་ལ་ཙ་ལ། བི་མ་ལ། མཱུརྟེ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར། ཛི་ན་ཀྲྀཥྞ་ཛ་ཊཱ་མུ་ཀུ་ཊ། ཨ་ལཾ་ཀྲྀ་ཏ་ཤ་རཱི་ར། ལཾ་བ་པྲ་ལྃ་བ་བི་ལཾ་བ། མ་ཧཱ་སིདྡྷ་བིདྱཱ་དྷ་ར། བ་ལ་བ་ལ་མ་ཧཱ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཙ་ལ་ཙ་ལ་མ་ཧཱ་ཙ་ལ། ཀྲྀཥྞ་བརྞ། ཀྲིཥྞ་བཀྵ། ཀྲྀཥྞ་པཱ་ཤ་ནིརྒཱ་ཏ་ན་ཧེ་པདྨ་ཧ་སྟ། ཙ་ར་ཙ་ར་ནིཤྩ་རེ་ཤྭ་རེ་ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ཏ། ཨེ་ཧྱེ་ཧི་མ་ཧཱ་བཱ་རཱ་ཧ་མུ་ཁ་ཏྲི་པུ་ར་ད་ཧ་ནེ་ཤྭ་ར། ནཱ་རཱ་ཡ་ཎ་བ་ལ་རཱུ་པ་བེ་ཥ་དྷ་ར། ཧེ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི། མ་ཧཱ་ཧ་ལ་ཧ་ལ། བི་ཥ་ནིརྫྫ་ཏ། ལོ་ཀ་སྱ། རཱ་ག་བི་ཥ་བི་ནཱ་ཤ་ནཾ། དྭེ་ཥ་བི་ཥ་བི་ནཱ་ཤ་ནཾ། མོ་ཧ་གི་ཥ་བི་ནཱ་ཤ་ནཾ། ནི་རྨོཀྵ་ཎ་ཧུ་ལུ་ཧུ་ལུ། མུཉྩ་མུཉྩ། མུ་ཧུ་མུ་ཧུ། རཱ་ཧུ་ལ་རཱ་ཧུ་ལ། ཧ་ལ་ཧ་ལཱ་ཧཱ་རེ་མ་ཧཱ་པདྨ་ནཱ་བྷི། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། བུདྡྷྱ་བུདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བོ་དྷ་ཡཱ་མི་ཏ་བ་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་ནཱི་ལ་ཀཎྛ། ཨེ་ཧྱེ་ཧི་བཱ་མ་སྠི་ཏ་མ་ཧཱ་སིཾ་ཧ་མུ་ཁ། ཧ་ས་ཧ་ས། མུཉྩ་མུཉྩ། མ་ཧཱཊྚཱཊྚ་ཧཱ་སྱ། ཨེ་ཧྱེ་ཧི་བྷོ་བྷོ་མ་ཧཱ་སིདྡྷ་ཡོ་གཱི་ཤྭ་ར་བྷ་ཎ་བྷ་ཎ་བཱ་ཙ་སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱཾ་སྨ་ར་སྨ་ར་ཏྭཾ། ཧེ་བྷ་ག་བནྟཱ་ལོ་ཀ་བི་ལོ་ཀ་ཏྭཾ།ཏ་ཐཱ་ག་ཏཱ་ནཱཾ། ད་དཱ་ཧི་མེ་དཪྴ་ན་ཀཱ་མ་སྱ་དརྴ་ནཱཾ། པྲ་སཱ་དྷ་ཡ་མེ་སྭཱ་ཧཱ། སིད་དྷཱ་ཡ་སྭཱ་ཧཱ། མ་ཧཱ་སིད་དྷཱ་ཡ་སྭཱ་ཧཱ། སིདྡྷ་ཡོ་གཱི་ཤྭ་རཱ་ཡ་སྭཱ་ཧཱ། ནཱི་ལ་ཀཎྵཱ་ཡ་སྭཱ་ཧཱ། བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་བཱ་རཱ་ཧ་མུ་ཁཱ་ཡ་སྭཱ་ཧཱ། ན་ར་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ན་ར་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། བཛྲ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་བཛྲ་ཧསྟཱ་ཡ་སྭཱ་ཧཱ། སིདྡྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷ་བིདྱཱ་དྷ་རཱ་ཡ་སྭཱ་ཧཱ། པདྨ་ཧ་སྟཱ་ཡ་སྭཱ་ཧཱ། མ་ཧཱ་པདྨ་ཧ་སྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་མཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲཱ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤཾ་ཁ་ཤབྡ་ནི་བོ་དྷ་ནཱ་ཡ་སྭཱ་ཧཱ། བཱ་མ་སྐན་དྷ་དེ་ཤ་སྠི་ཀྲྀཥྞཱ་ཛི་ནཱ་ཡ་སྭཱ་ཧཱ། བཱ་མ་ཧ་སྟ་བྱཱ་གྷྲ་ཙར་མ་ནི་བཱ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ།


DKG097_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྡྷི་ཤྭ་རཱ་ཡ་སྭཱ་ཧཱ། རཀྵ་རཀྵ་མཱཾ་སྭཱ་ཧཱ། ཀུ་རུ་རཀྵ་མུ་དྲཱ་ཎཱཾ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱ་ནྟུ་མེ་མནྟྲ་པཱ་དཱ་ནི་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་རིག་སྔགས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར། ལྷ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་མེ་ཏོག་གི་ཆར་མངོན་པར་ཕབ་པར་གྱུར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཐུགས་དགྱེས་པར་གྱུར། ལྷའི་བུའི་བདུད་དང་མུ་སྟེགས་ཅན་རྣམས་ནི་འཇིགས་ཤིང་དངངས་ནས་སྤུ་ཟིང་ཞེས་བྱེད་པར་གྱུར། འཁོར་འདུས་པ་མང་པོ་ཐམས་ཅད་ལས་ཁ་ཅིག་གིས་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར། ཁ་ཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་གྱུར། ཁ་ཅིག་གིས་ནི་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར། ཁ་ཅིག་གིས་ནི་ས་དང་པོ་དང་ས་གཉིས་པ་དང་ས་གསུམ་པ་དང་ས་བཞི་པ་དང་ས་ལྔ་པ་ཐོབ་པ་ནས་ས་བཅུའི་བར་དུ་ཐོབ་པར་གྱུར། སེམས་ཅན་ཚད་མེད་པ་སྙེད་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ། །དེ་ནས་ཚངས་པ་ཆེན་པོ་སྟན་ལས་ལངས་ཏེ། གོས་ཚགས་བཅོས་ནས་གུས་པར་ཐལ་མོ་སྦྱར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་སྐྱེས་བུ་ཆེན་པོ་ལེགས་སོ། །བདག་གིས་སྔོན་འདས་པའི་དུས་ན་དེ་བཞིན་གཤེགས་པའི་འདུས་པ་ཚད་མེད་པ་སྙེད་དག་ཏུ་ཆོས་རྣམ་པ་སྣ་ཚོགས་དང་། གཟུངས་རྣམ་པ་སྣ་ཚོགས་ཐོས་པར་གྱུར་མོད་ཀྱི། སྔོན་ཆད་ནམ་ཡང་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་ཆེན་མོའི་རིག་སྔགས་ཀྱི་ཚིག་གྱ་ནོམ་པ་འདི་ལྟ་བུ་ཐོས་པར་མ་གྱུར་ན། སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་བདག་ལ་གཟུངས་འདིའི་དབྱིངས་ཀྱི་མཚན་ཉིད་རྒྱ་ཆེར་


DKG097_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དུ་གསོལ། བདག་ཅག་འཁོར་མང་པོ་རྣམས་ཤིན་ཏུ་ཐོས་པར་མོས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚངས་པ་ཆེན་པོ་ལ་སྨྲས་པ། ལྷའི་རྒྱལ་པོ་ཁྱོད་ཐབས་མཁས་པས་སེམས་ཅན་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་དེ་སྐད་དུ་དྲིས་པ་ཡིན་པས། དེང་ཁྱོད་ལེགས་པར་ཉོན་ཅིག་དང་བདག་གིས་ཁྱོད་ལ་མདོ་ཙམ་ཞིག་བཤད་པར་བྱའོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། དེ་ནི་སྙིང་རྗེ་ཆེན་པོའི་སེམས་ཡིན། མཉམ་པའི་སེམས་ཡིན། འདུས་མ་བྱས་ཀྱི་སེམས་ཡིན། མངོན་པར་ཞེན་པ་མེད་པའི་སེམས་ཡིན། སྟོང་པ་ཉིད་དུ་ལྟ་བའི་སེམས་ཡིན། གུས་པའི་སེམས་ཡིན། དམ་པའི་སེམས་ཡིན། འདྲེས་པ་མེད་པའི་སེམས་ཡིན། བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ལྟ་བུའི་སེམས་གང་ཡིན་པ་དེ་དག་ནི་གཟུངས་ཀྱི་མཚན་ཉིད་ཡིན་པར་རིག་པར་བྱ་སྟེ། ཁྱོད་ཀྱིས་འདི་ཁོ་ན་བཞིན་དུ་མངོན་པར་བསྒྲུབ་པར་བྱའོ། །ཚངས་པའི་རྒྱལ་པོ་ཆེན་པོས་སྨྲས་པ། བདག་ཅག་འཁོར་མང་པོ་རྣམས་ནི་དེང་གདོད་གཟུངས་འདིའི་མཚན་ཉིད་གང་ཡིན་པ་ཁོང་དུ་ཆུད་པར་གྱུར་པས་དེང་ཕྱིན་ཆད་ཡོངས་སུ་བཟུང་ནས་བརྗེད་པར་བགྱིད་པའི་ཐུགས་མི་ཐུབ་བོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་གང་ཡིན་པ་དེས་བྱང་ཆུབ་ཀྱི་སེམས་རྒྱ་ཆེན་པོ་བསྐྱེད་ནས། སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླ་བར་ཡི་དམ་ཡང་དག་པར་བླང་བར་བྱའོ། །བདག་ཉིད་གསོ་སྦྱོང་དང་ཚུལ་ཁྲིམས་ལ་གནས་ནས་སེམས་ཅན་རྣམས་ལ་མཉམ་པའི་སེམས་བསྐྱེད་དེ། རྟག་པར་རིག་སྔགས་འདི་རྒྱུན་ཆད་པ་མེད་པར་གདོན་པར་བྱའོ། །གནས་ཁང་གཙང་མའི་ནང་དུ་འདུག་སྟེ། ཡོངས་སུ་དག་པར་ཁྲུས་བྱས་ནས་གོས་གཙང་མ་བགོས་ཏེ། བ་དན་དཔྱངས་མར་མེ་སྦར་ཏེ། སྤོས་དང་། མེ་ཏོག་དང་། ཞལ་ཟས་ཀྱི་མཆོད་པ་བྱས་ནས་སེམས་


DKG097_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གཅིག་ཏུ་གཏད་དེ། དམིགས་པ་ཐ་དད་པ་གཞན་ལ་མི་དམིགས་པར་ཆོས་བཞིན་དུ་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་ན། དེའི་ཚེ་བྱང་ཆུབ་སེམས་དཔའ་ཉི་འོད་དང་། བྱང་ཆུབ་སེམས་དཔའ་ཟླ་འོད་ལྷ་དང་། དྲང་སྲོང་ཚད་མེད་པ་སྙེད་དང་དེར་ལྷགས་ནས་དབང་བྱེད་ཅིང་མངོན་རྟགས་ཀྱང་སྟོན་པར་གྱུར་ལ། བདག་ཀྱང་དེའི་ཚེ་མིག་སྟོང་གིས་དེ་ལ་ལྟ་བར་བྱེད། ལག་པ་སྟོང་གིས་ནི་དེ་ལ་ཡོངས་སུ་སྲུང་ཞིང་བྱིན་གྱིས་རློབ་པར་བྱེད་པས་འཇིག་རྟེན་པའི་གཙུག་ལག་ཇི་སྙེད་པ་དེ་དག་ཀྱང་ཡོངས་སུ་འཛིན་པར་འགྱུར། མུ་སྟེགས་ཅན་གྱི་ཆོས་ཀྱི་ཆོ་ག་དང་། སྨྲང་ཇི་སྙེད་པ་ཐམས་ཅད་ཀྱང་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་རོ། །རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པར་བྱེད་པ་གང་ཡིན་པ་དེས་ནི་འཇིག་རྟེན་ན་གདོན་དང་ནད་རྣམ་པ་བརྒྱད་ཁྲི་བཞི་སྟོང་ཡོད་པ་དག་གསོས་ནས་འཚོ་བར་བྱེད་དོ། །འདྲེ་སྲིན་ཐམས་ཅད་ལ་དབང་བྱེད་ཅིང་ལྷའི་བུའི་བདུད་རྣམས་ཀྱང་འདུལ་བར་བྱེད། མུ་སྟེགས་ཅན་རྣམས་ཀྱང་ཚར་གཅོད་པར་བྱེད་དོ། །གལ་ཏེ་རིའམ་དགོན་པ་ན་གནས་ཏེ་མདོ་སྡེ་ཁ་ཏོན་དུ་འདོན་པ་དང་བསམ་གཏན་སྒོམ་པ་ན་རིའི་ལྷ་དང་། འདྲེ་སྲིན་གནོད་པ་བྱེད་པ་དག་ནན་གྱིས་ཀྱལ་ཀ་བྱས་ནས་སེམས་མཉམ་པར་གཞག་ཏུ་མི་རུང་བར་གྱུར་ན། རིག་སྔགས་འདི་ལན་ཅིག་བཟླས་པ་བྱས་ན་འདྲེ་སྲིན་དེ་དག་ཐམས་ཅད་འཆི་བར་འགྱུར་རོ། །གལ་ཏེ་ཆོས་བཞིན་དུ་བཟླས་བརྗོད་བྱས་ཏེ། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སེམས་བསྐྱེད་པར་གྱུར་ན། བདག་ཀྱང་དེའི་ཚེ་དགེ་བའི་ལྷ་དང་། ཀླུའི་རྒྱལ་པོ་ཐམས་ཅད་དང་། ལག་ན་རྡོ་རྗེ་གསང་བ་པ་རྣམས་ལ་རྟག་པར་དེའི་རྗེས་སུ་འབྲང་ཞིང་ཡོངས་སུ་སྲུང་བགྱིས་ཤིག །དེའི་ཉེ་འཁོར་ན་གནས་ནས་མིག་གི་འབྲས་བུ་བཞིན་དུ་ཡོངས་སུ་སྲུངས་ཤིག །རང་གི་སྲོག་གི་དབང་པོ་བཞིན་དུ་ཡོངས་སུ་སྐྱོབས་ཤིག་ཅེས་བསྒོ་བར་འགྱུར་རོ། །གང་དག་ལ་བསྒོ་བར་བྱེད་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། བདག་གིས་གསང་བའི་བདག་


DKG097_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྡོ་རྗེ་འཆང་། །བདུད་རྩི་འཁྱིལ་བ་སྨེ་བརྩེགས་ལྕགས་ཀྱུ་ཅན། །སྟོབས་ལྡན་ཤང་ཀར་དང་སྡེ་བརྒྱད་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་དབང་ཕྱུག་དང་ནི་མཐུ་ཆེན་དང་། །ཀུ་བེ་ར་དང་སེར་སྐྱའི་བདག་པོ་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་ནོར་སྲུང་དང་ནི་ཆུ་ལྷ་དང་། །དགེ་རྒྱས་དང་ནི་པ་རི་ཙི་ཏྲ་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་ས་སར་ཙ་དང་མ་ཧཱ་ར། །ཀུ་ལན་ཏན་ཏ་དང་ནི་ལྔས་རྩེན་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་པི་པ་ཀ་ལའི་རྒྱལ་པོ་དང་། །དཔལ་ལྡན་པྱི་ཏ་དང་ནི་སྭཱར་ཧཱ་རཱ། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་ཚངས་པ་དང་ནི་སམ་བ་ར། །གནས་གཙང་སྡེ་ལྔ་དག་དང་མཚེ་མ་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་བརྒྱ་བྱིན་སུམ་ཅུ་རྩ་གསུམ་ལྷ། །སྤོབསཆེན་དཔལ་ལྡན་དང་ནི་ས་ཏ་ན། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་རྒྱལ་པོ་ཡུལ་འཁོར་སྲུང་དང་ནི། །མ་མོ་ལྷ་ལ་སོགས་པ་མཐུ་ཆེན་འཁོར། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་རྒྱལ་པོ་འཕགས་སྐྱེས་པོ་དང་ནི། །མིག་མི་བཟང་དང་རྣམ་ཐོས་བུ་དག་ཀྱང་། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་གསེར་མདོག་རྨ་བྱའི་རྒྱལ་པོ་དང་། །སྡེ་དཔོན་ཉི་ཤུ་བརྒྱད་དང་དྲང་སྲོང་འཁོར། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་ནོར་བུ་བཟང་པོ་དག་དང་ནི། །སྡེ་དཔོན་ཆེན་པོ་ས་འཛིན་ཕུ་ལ་པ། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་དགའ་བོ་དང་ནི་བསྙེན་དགའ་བོ། །ཀླུ་རྒྱལ་རྒྱ་མཚོ་དང་ནི་ཨེ་ལའི་འདབ། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །བདག་གིས་ལྷ་མ་ཡིན་དང་དྲི་ཟ་དང་། །མཁའ་ལྡིང་མིའམ་ཅི་དང་ལྟོ་འཕྱེ་རྣམས། །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་


DKG097_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད། །བདག་གིས་ཆུ་དང་མེ་དང་གློག་གི་ལྷ། །གྲུལ་བུམ་བདག་པོ་དང་ནི་ཤ་ཟ་དག །བཏང་ནས་རྟག་ཏུ་གཟུངས་འཛིན་སྲུང་བར་བྱེད། །དགེ་བའི་ལྷ་དེ་དག་དང་ཀླུའི་རྒྱལ་པོ་དང་མ་མོ་ལ་སོགས་པ་དེ་དག་ཀྱང་སོ་སོ་ནས་འཁོར་ལྔ་བརྒྱ་དང་བཅས་པ་དང་། མཐུ་ཆེན་པོ་དང་ལྡན་པའི་གནོད་སྦྱིན་དག་གིས་ཀྱང་རྟག་པར་ཐུགས་རྗེ་ཆེན་པོའི་རིག་སྔགས་འདོན་ཅིང་ཡོངས་སུ་འཛིན་པ་དེ་ལ་ཡོངས་སུ་སྲུང་ཞིང་སྐྱོབ་པར་བྱེད་པས། གང་ཟག་དེ་རི་དང་དགོན་པ་ན་གཅིག་པུ་ཉལ་བར་གྱུར་ན་ཡང་དགེ་བའི་ལྷ་དེ་དག་རེས་ཀྱིས་མཚན་མོས་དེ་ལ་བསྲུངས་ནས་བགེགས་དང་བར་ཆད་ཡོངས་སུ་སེལ་བར་བྱེད་དོ། །གལ་ཏེ་གཅོང་རོང་དག་ཏུ་གནས་ཏེ་ལམ་སྟོར་བར་གྱུར་པ་ལས་རིག་སྔགས་འདི་བཟླས་པར་གྱུར་ན་དེའི་དབང་གིས་དགེ་བའི་ལྷ་དང་། ཀླུའི་རྒྱལ་པོ་དག་དགེ་བའི་མིའི་གཟུགས་སུ་མངོན་པར་སྤྲུལ་ནས་ལམ་ཡང་དག་པ་ཉིད་སྟོན་པར་འགྱུར་རོ། །གལ་ཏེ་རི་དང་ནགས་ཚལ་དང་དགོན་པ་དག་ཏུ་གནས་པ་ལས་ཆུ་དང་མེ་དག་གིས་ཕོངས་པར་གྱུར་ན་ཡང་ཀླུའི་རྒྱལ་པོ་དག་གིས་ཡོངས་སུ་བསྲུང་བའི་ཕྱིར་ཆུ་དང་མེ་དག་མངོན་པར་སྤྲུལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་གཞན་ཡང་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གི་ཆེད་དུ་གནོད་པ་དང་། བགེགས་ཡོངས་སུ་བསལ་བའི་ཕྱིར་ཤིན་ཏུ་བསིལ་བའི་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །གང་ཞིག་རི་དང་འབྲོག་དགོན་སོང་བ་ལས། །སྟག་དང་སྤྱང་ཀི་གཅན་གཟན་གཏུམ་པོ་དང་། །རྩངས་པ་སྦྲུལ་དང་འདྲེ་སྲིན་ཕྲད་གྱུར་ཀྱང་། །གཟུངས་འདི་འདོན་པ་ཐོས་ན་གནོད་མི་ནུས། །གང་ཞིག་ཆུ་བོ་རྒྱ་མཚོར་ཞུགས་པ་ལས། །གདུག་པའི་ཀླུ་དང་ཆུ་སྲིན་མ་རུངས་དང་། །གནོད་སྦྱིན་སྲིན་པོ་ཉ་དང་རུས་སྦལ་དང་། །གཟུངས་འདི་ཐོས་ན་སོ་སོར་འབྱེར་བར་འགྱུར། །གང་ཞིག་གཡུལ་སྤྲོད་དགྲ་ཡིས་བསྐོར་བའམ། །ཆོམ་རྐུན་མ་རུངས་ནོར་ནི་འཕྲོག་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དེ་དག་བརྩེ་སེམས་བསྐྱེད་ནས་ལྡོག་


DKG097_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར། །གང་ཞིག་རྒྱལ་པོའི་གྱོད་ལ་ཐོགས་པ་དང་། །ལྕགས་སྒྲོག་ཁོང་སྒྲིལ་བཙོན་རར་ཆུད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རྒྱལ་པོས་བརྩེ་སེམས་ཀྱིས་ནི་གཏོང་བར་འགྱུར། །གང་ཞིག་བྱད་སྟེམས་དུག་མདའི་ཁྱིམ་ཞུགས་ཏེ། །ཟས་སྐོམ་དུག་ཅན་གྱིས་ནི་གསད་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །དུག་ཉིད་ཟིལ་དངར་ཟས་སྐོམ་ཉིད་དུ་འགྱུར། །བུད་མེད་སྦྲུམ་མ་བུ་ནི་བཙའ་བའི་ཚེ། །བདུད་ཀྱིས་བགེགས་བྱས་སྡུག་བསྔལ་མི་བཟོད་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདྲེ་གདོན་བྱེར་ནས་བདེ་བར་བཙའ་བར་འགྱུར། །ཀླུ་གདོན་གཏུམ་པོས་གདུག་པའི་དབུགས་བཏང་བས། །ཚ་བའི་ནད་ཀྱིས་ཉེན་ནས་འཆིར་ཉེ་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །རིམས་ནད་བསལ་ནས་ཚེ་ནི་རིང་བར་འགྱུར། །ཀླུ་གདོན་རྒྱུ་བས་གཙེས་ཏེ་སྐྲངས་པ་དང་། །ཤུ་འབྲས་མི་བཟད་རྣག་ཁྲག་འཛག་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །མཆིལ་མ་ལན་གསུམ་བྱུགས་པས་སྐྲངས་པ་ཞི། །སེམས་ཅན་རྟོག་པས་མི་དགེ་བསྐྱེད་པས་ན། །བྱད་སྟེམས་སྔགས་དང་དགྲས་ནི་གཙེས་པའི་ཚེ། །རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །སྟེམས་གནོད་དེ་ཀུན་གཏོང་བའི་མི་ལ་འདུ། །སྡིག་འཕེལ་སྙིགས་མས་དམ་ཆོས་འཇིག་པ་ན། །འདོད་པའི་མེ་ཆེན་སེམས་ནི་རྨོངས་ལོག་པས། །ཁྱོ་ཤུག་སོ་སོར་གཞན་ལ་འདོད་ཞེན་ནས། །ཉིན་མཚན་ལོག་བསམ་རྒྱུན་ནི་མི་འཆད་ཚེ། །གང་ཞིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན། །འདོད་པའི་མེ་ཞི་ལོག་པའི་སེམས་བསལ་འགྱུར། །བདག་གིས་གཟུངས་འདིའི་མཐུ་སྟོབས་རྒྱས་བརྗོད་ན། །བསྐལ་པར་བརྗོད་ཀྱང་མཐར་ཐུག་ཡོད་མི་འགྱུར། །རིག་སྔགས་འདི་ལན་ལྔ་བཟླས་ཏེ་ཚོན་སྣ་ལྔའི་སྐུད་པ་ལ་མདུད་པ་ཉི་ཤུ་རྩ་བཞི་མདུད་ནས་མགུལ་དུ་གདགས་པར་བྱའོ། །གཟུངས་འདི་ནི་འདས་པའི་དེ་བཞིན་གཤེགས་པ་གང་


DKG097_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གཱའི་ཀླུང་གི་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱིས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་དག་གིས་རྣལ་འབྱོར་པ་གང་དག་ཕ་རོལ་ཏུ་ཕྱིན་པ་དྲུག་མངོན་པར་བསྒྲུབ་པར་ཡོངས་སུ་མ་རྫོགས་པ་དག་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་མྱུར་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བའི་ཕྱིར་དང་། ཉན་ཐོས་ཀྱི་གང་ཟག་གང་དག་འབྲས་བུ་མངོན་དུ་མ་བྱས་པ་དེ་དག་མྱུར་དུ་མངོན་དུ་བྱ་བའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། དྲང་སྲོང་གང་དག་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་མྱུར་དུ་སེམས་བསྐྱེད་པར་བྱ་བའི་ཕྱིར་དང་། སེམས་ཅན་གང་དག་ཐེག་པ་ཆེན་པོ་འདི་ལ་དད་པའི་དབང་པོ་མ་ཐོབ་པ་དག་གཟུངས་འདིའི་བྱིན་གྱི་བརླབས་ཀྱི་མཐུས་ཐེག་པ་ཆེན་པོའི་ས་བོན་དང་ཆོས་ཀྱི་མྱུ་གུ་འཕེལ་བར་བྱ་བའི་ཕྱིར་གསུངས་པ་ཡིན་པས། བདག་གིས་ཐབས་མཁས་པ་དང་། བྱམས་པ་དང་། སྙིང་རྗེའི་མཐུས་དེ་དག་གིས་ཅི་དང་ཅི་འདོད་པ་ཐམས་ཅད་འབྱོར་པར་བྱེད་དོ། །གཞན་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་མུན་པ་མུན་ནག་གི་གནས་སུ་ངན་འགྲོ་གསུམ་པོའི་སེམས་ཅན་ཇི་སྙེད་གནས་པ་དག་བདག་གི་རིག་སྔགས་འདི་ཐོས་པར་གྱུར་ན་ཐམས་ཅད་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གང་དག་ས་དང་པོ་མ་ཐོབ་པ་དག་ནི་མྱུར་དུ་ཐོབ་པར་འགྱུར་ལ། ས་བཅུ་པའི་བར་དུ་ཡང་མ་ཐོབ་པ་ཐོབ་པར་འགྱུར་རོ། །གཞན་ཡང་སངས་རྒྱས་ཀྱི་སའི་བར་དུ་ཡང་ཕྱིན་པར་བྱེད་པའི་ཕྱིར་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུ་ཡང་རང་གི་ངང་གིས་འཐོབ་པར་འགྱུར་རོ། །གལ་ཏེ་ཉན་ཐོས་ཀྱི་གང་ཟག་གང་དག་གཟུངས་འདི་རྣ་བར་ལན་ཅིག་ཐོས་པར་གྱུར་ཏམ། གཟུངས་འདི་སྤྱོད་ཅིང་ཡི་གེར་བྲིས་སམ། དྲང་པོའི་སེམས་ཀྱིས་ཆོས་བཞིན་དུ་གནས་པར་བྱེད་ན། དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་མ་བཙལ་བར་རང་གི་ངང་གིས་ཐོབ་པར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་རི་དང་། ཆུ་ཀླུང་དང་། བྲག་དང་། རྒྱ་མཚོ་ཆེན་པོ་བཞིའི་ཆུ་ཇི་སྙེད་པ་དག་


DKG097_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་གཡོ་ཞིང་འཁོལ་བར་ནུས་སོ། །རི་རབ་ལྷུན་པོ་ནས་རི་ཁོར་ཡུག་གི་བར་དག་ཀྱང་གཡོ་ཞིང་རྡུལ་ཕྲན་བཞིན་དུ་འཇིག་པར་ནུས་སོ། །དེ་ན་གནས་པའི་སེམས་ཅན་ཇི་སྙེད་པ་དག་ཀྱང་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་ནུས་སོ། །སེམས་ཅན་གང་དག་ཚེ་འདི་ཉིད་ལ་སྨོན་པ་རྣམས་མངོན་པར་འགྲུབ་པར་འདོད་ན་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་གསོ་སྦྱོང་དང་། ཚུལ་ཁྲིམས་ལ་གནས་ནས་གཟུངས་འདི་བཟླས་བརྗོད་བྱས་ན་གདོན་མི་ཟ་བར་སྨོན་པ་རྣམས་ཀྱང་མངོན་པར་འགྲུབ་པར་འགྱུར། འཁོར་བའི་མཐའ་ནས་འཁོར་བའི་མཐར་ཐུག་པའི་བར་དུའང་སྡིག་པའི་ལས་ཐམས་ཅད་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་རོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ནང་དང་ཕྱི་རོལ་ན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཇི་སྙེད་ཅིག་བཞུགས་པ་རྣམས་དང་། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། དྲང་སྲོང་དང་། ཀླུའི་རྒྱལ་པོ་ཇི་སྙེད་གནས་པ་ཐམས་ཅད་ཀྱིས་ཀྱང་མཁྱེན་ཅིང་ཤེས་པར་འགྱུར་རོ། །ལྷའམ་མི་གང་ཡང་རུང་སྟེ། གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ཆུ་ཀླུང་ངམ། རྒྱ་མཚོར་ཞུགས་ཏེ་ཁྲུས་བྱས་པ་ལས་དེ་ན་གནས་པའི་སེམས་ཅན་དེ་དག་ནི་དེ་དག་གིས་ལུས་བཀྲུས་པའི་ཆུ་ལུས་ལ་རེག་པར་གྱུར་ན། སྡིག་པའི་ལས་དང་ཁ་ན་མ་ཐོ་བ་ལྕི་བ་ཐམས་ཅད་ཡོངས་སུ་བྱང་ནས་ཞིང་ཡོངས་སུ་དག་པ་དག་ཏུ་པདྨ་ལས་རྫུས་ཏེ་སྐྱེ་བར་འགྱུར་བས་མངལ་དང་། དྲོད་གཤེར་དང་། སྒོ་ང་ལས་སྐྱེ་བའི་ལུས་ལེན་པར་མི་འགྱུར་ན། ལེན་པ་དང་། འཛིན་པ་དང་། ཀློག་པ་དང་། ཁ་ཏོན་དུ་འདོན་པ་ལྟ་སྨོས་ཀྱང་ཅི་དགོས། གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ལམ་དུ་ཞུགས་ཏེ་འགྲོ་བའི་ཚེ་རླུང་ཆེན་པོ་ལངས་ཏེ། གང་ཟག་དེའི་ལུས་དང་། སྤུ་དང་། སྐྲ་དང་། གོས་ལ་བུས་པའི་རླུང་གང་ཡིན་པ་དེ་རྫི་ཕྱོགས་སུ་སོང་བའི་སེམས་ཅན་གཞན་གྱི་ལུས་ལ་རེག་པར་གྱུར་ན། དེ་དག་གི་སྒྲིབ་པ་དང་སྡིག་པའི་ལས་ལྕི་བ་ཐམས་ཅད་མ་ལུས་པར་ཡོངས་སུ་འབྱང་བར་འགྱུར་


DKG097_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བས། ཡང་ངན་འགྲོ་གསུམ་པོ་དག་གི་རྣམ་པར་སྨིན་པ་མྱོང་བར་མི་འགྱུར་ཞིང་། རྟག་པར་སངས་རྒྱས་ཀྱི་སྤྱན་སྔར་སྐྱེ་བར་འགྱུར་བས་ན་ཡོངས་སུ་འཛིན་པ་དེ་དག་གི་བསོད་ནམས་དང་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །གཟུངས་འདི་བཟླས་བརྗོད་བྱེད་པའི་ཁ་ནས་ཇི་ཙམ་དུ་ཚིག་ཏུ་བརྗོད་པར་བྱུང་བ་དགེ་ཡང་རུང་། མི་དགེ་ཡང་རུང་སྟེ། ལྷའི་བུའི་བདུད་དང་། མུ་སྟེགས་ཅན་དང་། ལྷ་དང་། ཀླུ་དང་། འདྲེ་སྲིན་ཐམས་ཅད་ཀྱིས་ཐོས་པར་གྱུར་ན་དེ་དག་ཐམས་ཅད་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཉིད་དུ་འགྱུར་བས། དེ་ལ་སངས་རྒྱས་ཇི་ལྟ་བ་བཞིན་དུ་གུས་པའི་སེམས་བསྐྱེད་ནས་བཀུར་སྟི་དང་། རིམ་གྲོ་བྱེད་པར་འགྱུར་རོ། །གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དེ་དག་ནི་སངས་རྒྱས་ཀྱི་སྐུའི་གཏེར་ཉིད་དུ་རིག་པར་བྱ་སྟེ། སངས་རྒྱས་གང་གཱའི་ཀླུང་གི་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་རྣམས་ཀྱིས་ཕངས་ཤིང་གཅེས་པར་མཛད་པའི་ཕྱིར་རོ། །གང་ཟག་དེ་ནི་འོད་ཅན་གྱི་ལུས་ཀྱི་གཏེར་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱིས་སྣང་བར་མཛད་པའི་ཕྱིར་རོ། །གང་ཟག་དེ་ནི་བྱམས་པ་དང་སྙིང་རྗེའི་གཏེར་ཡིན་པར་ཡང་རིག་པར་བྱ་སྟེ། འདི་ལྟར་གཟུངས་ཀྱིས་སེམས་ཅན་ཡོངས་སུ་སྐྱོབ་པར་བྱེད་པའི་ཕྱིར་རོ། །གང་ཟག་དེ་ནི་དམ་པའི་ཆོས་ཀྱི་སྡེ་སྣོད་ཡིན་པར་རིག་པར་བྱ་སྟེ། གཟུངས་ཀྱི་སྒོ་ཐམས་ཅད་ཀུན་སྡུད་པར་བྱེད་པའི་ཕྱིར་རོ། །གང་ཟག་དེ་ནི་བསམ་གཏན་དང་། ཏིང་ངེ་འཛིན་གྱི་སྡེ་སྣོད་ཡིན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་བརྒྱ་སྟོང་རྣམས་རྟག་པར་མངོན་སུམ་དུ་འགྱུར་བའི་ཕྱིར་རོ། །གང་ཟག་དེ་ནི་ནམ་མཁའི་མཛོད་ཡིན་པར་རིག་པར་བྱ་སྟེ། རྟག་པར་སྟོང་པ་ཉིད་ཀྱི་ཤེས་རབ་ཀྱིས་སེམས་ཅན་ལ་བལྟ་བའི་ཕྱིར་རོ། །གང་ཟག་དེ་ནི་འཇིགས་པ་མེད་པའི་མཛོད་ཡིན་པར་རིག་པར་བྱ་སྟེ། ལྷ་དང་། ཀླུ་དང་། དགེ་བའི་ལྷ་རྣམས་རྟག་པར་ཡོངས་སུ་སྲུང་བའི་ཕྱིར་རོ། །གང་ཟག་དེ་ནི་དམ་པའི་ཚིག་གི་མཛོད་ཡིན་


DKG097_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པར་རིག་པར་བྱ་སྟེ། ཁ་ནས་གཟུངས་ཀྱི་སྒྲ་འབྱུང་བ་ལ་རྒྱུན་ཆད་པ་མེད་པའི་ཕྱིར་རོ། །གང་ཟག་དེ་ནི་རྟག་པར་གནས་པའི་གཏེར་ཡིན་པར་རིག་པར་བྱ་སྟེ། འཇིག་པ་གསུམ་གྱི་བསྐལ་པ་དག་གིས་གཞིག་པར་མི་ནུས་པའི་ཕྱིར་རོ། །གང་ཟག་དེ་ནི་རྣམ་པར་གྲོལ་བའི་མཛོད་ཡིན་པར་རིག་པར་བྱ་སྟེ། ལྷའི་བུའི་བདུད་དང་མུ་སྟེགས་ཅན་རྣམས་ཀྱིས་གཤོལ་བར་མི་ནུས་པའི་ཕྱིར་རོ། །གང་ཟག་དེ་ནི་སྨན་གྱི་རྒྱལ་པོའི་མཛོད་ཡིན་པར་རིག་པར་བྱ་སྟེ། རྟག་པར་གཟུངས་ཀྱིས་སེམས་ཅན་ནད་པ་རྣམས་ཀྱི་ནད་གསོ་བའི་ཕྱིར་རོ། །གང་ཟག་དེ་ནི་རྫུ་འཕྲུལ་གྱི་གཏེར་ཡིན་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ཞིང་རྣམས་སུ་རྒྱུ་བ་ལ་རང་དབང་ཐོབ་པའི་ཕྱིར་རོ། །དེ་བས་ན་གང་ཟག་དེའི་ཡོན་ཏན་གྱི་བསྔགས་པ་བརྗོད་ན་ནམས་ཀྱང་མཐར་ཐུག་པར་མི་འགྱུར་རོ། །རིགས་ཀྱི་བུ་གང་ལ་ལ་ཞིག་འཇིག་རྟེན་པའི་སྡུག་བསྔལ་གྱིས་ཡོངས་སུ་སྐྱོ་ནས་ཚེ་རིང་བའི་སྨན་ཡོངས་སུ་ཚོལ་བར་འདོད་པས་དབེན་པའི་གནས་སུ་འདུག་ནས་མཚམས་ཡོངས་སུ་དག་པར་བཅད་དེ། གོས་ལ་སྔགས་ཀྱིས་བཏབ་ནས་བགོ་བར་བྱའོ། །ཆུ་དང་། ཟས་དང། སྤོས་དང་། སྨན་རྣམས་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་སྤྱོད་པར་བྱེད་ན་གདོན་མི་ཟ་བར་ཚེ་རིང་བར་འགྱུར་རོ། །གལ་ཏེ་ཆོས་བཞིན་དུ་མཚམས་བཅད་དེ་ཆོས་བཞིན་དུ་ཡོངས་སུ་འཛིན་པར་བྱེད་ན་ཐམས་ཅད་མངོན་པར་འགྲུབ་པར་འགྱུར་ཏེ། དེ་ལ་མཚམས་གཅད་པའི་ཆོ་ག་ནི་རལ་གྲི་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། ས་ལ་རི་མོ་བྲིས་ནས་མཚམས་གཅད་པར་བྱའོ། །ཡང་ན་ཆུ་གཙང་མ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་ཕྱོགས་བཞིར་གཏོར་ནས་མཚམས་གཅད་པར་བྱའོ། །ཡང་ན་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་གཏོར་ནས་མཚམས་གཅད་པར་བྱའོ། །ཡང་ན་འདུ་ཤེས་ཀྱིས་གང་དུ་ཕྱིན་པ་ཚུན་ཆད་མཚམས་སུ་འགྱུར་རོ། །ཡང་ན་ཐལ་བ་གཙང་མ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་མཚམས་གཅད་པར་བྱའོ། །ཡང་ན་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་


DKG097_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱིས་བཏབ་སྟེ་ཕྱོགས་བཞིར་བསྐོར་ནས་མཚམས་གཅད་པར་བྱའོ། །དེ་ལྟར་ཆོས་བཞིན་དུ་འདི་ཡོངས་སུ་འཛིན་པར་གྱུར་ན་རང་གི་ངང་གིས་འབྲས་བུ་འཐོབ་པར་འགྱུར་རོ། །གཟུངས་འདིའི་མིང་ཐོས་པ་ཙམ་གྱིས་ཀྱང་བསྐལ་པ་ཚད་མེད་པ་སྙེད་ཀྱི་འཁོར་བའི་ཁ་ན་མ་ཐོ་བའི་ལྕི་བ་རྣམས་ཡོངས་སུ་འབྱང་བར་འགྱུར་ན། འདོན་པ་དང་འཛིན་པ་ལྟ་སྨོས་ཀྱང་ཅི་དགོས། རིག་སྔགས་འདི་འདོན་པའི་གང་ཟག་གང་ཡིན་པ་དེ་དག་ནི་སངས་རྒྱས་ཚད་མེད་པ་སྙེད་པ་ལ་མཆོད་ཅིང་རིམ་གྲོ་བྱས་ནས་དགེ་བའི་རྩ་བ་རྒྱ་ཆེར་བསྐྱེད་པ་ཡིན་པར་རིག་པར་བྱའོ། །གང་དག་སེམས་ཅན་སྡུག་བསྔལ་གྱི་བགེགས་ལ་ཡོངས་སུ་འདྲེན་པའི་ཆེད་དུ་ཆོས་བཞིན་དུ་འདོན་པ་གང་ཡིན་པ་དེ་དག་ནི་སྙིང་རྗེ་ཆེན་པོ་དང་ལྡན་པ་ཡིན་པས་རིང་པོར་མི་ཐོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་རིག་པར་བྱའོ། །ཅི་ཙམ་དུ་སེམས་ཅན་སྣང་ངོ་ཅོག་གི་ཆེད་དུ་བཟླས་བརྗོད་བྱས་ཏེ། དེ་དག་གི་རྣ་ལམ་དུ་གྲག་པར་བྱས་ནས་བྱང་ཆུབ་ཀྱི་རྒྱུར་འགྱུར་བར་བྱེད་ན། གང་ཟག་དེ་དག་ཡོན་ཏན་ཚད་མེད་དཔག་ཏུ་མེད་པ་དག་འཐོབ་པར་འགྱུར་བས་བརྗོད་ཀྱིས་མི་ལང་ངོ་། །གང་ལ་ལ་ཞིག་སེམས་རྩེ་གཅིག་ཏུ་སེམས་དང་ལུས་གསོ་སྦྱོང་དང་ཚུལ་ཁྲིམས་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་ལས་ཀྱི་ཁ་ན་མ་ཐོ་བ་རྣམས་བཤགས་ནས་བདག་ཉིད་ཀྱིས་བསྐལ་པ་ཚད་མེད་པ་ནས་བྱས་པའི་སྡིག་པའི་ལས་རྣམ་པ་སྣ་ཚོགས་མཐོལ་བཤགས་ཏེ། ཁ་ནས་གཟུངས་འདི་མྱུར་དུ་བཟླས་བརྗོད་བྱས་ནས་སྒྲ་རྒྱུན་ཆད་པ་མེད་པར་བྱས་ན། དགེ་སྦྱོང་གི་འབྲས་བུ་བཞི་པོ་དེ་དག་ཚེ་འདི་ཉིད་ལ་འཐོབ་པར་འགྱུར་རོ། །དབང་པོ་རྣོན་པོ་ཤེས་རབ་དང་ལྡན་པ་སྒོམ་པའི་ཐབས་ལ་མཁས་པ་ཞིག་ཡིན་ན་ནི་ས་བཅུའི་འབྲས་བུ་ཡང་དཀའ་བ་མེད་པར་འགྱུར་ན། འཇིག་རྟེན་གྱི་བསོད་ནམས་ཀྱི་རྣམ་པར་སྨིན་པ་ཕྲན་ཚེགས་ཡོངས་སུ་གཉེར་བ་ཙམ་མངོན་པར་འགྲུབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་མཐུ་ཤིན་ཏུ་ཟབ་པའི་ཕྱིར་དང་། གཟུངས་འདིའི་བྱིན་གྱི་བརླབས་


DKG097_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་རྒྱ་ཆེ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཡུལ་གང་དག་ན་གནོད་པ་བྱུང་བར་གྱུར་ན་དེའི་ཚེ་ཡུལ་དེའི་རྒྱལ་པོས་ཡང་དག་པའི་ཆོས་ཀྱིས་ཡུལ་འཛིན་ཅིང་། མི་རྣམས་བག་ཡངས་སུ་བཀོད་དེ། སེམས་ཅན་སྟངས་ལས་མི་གཅོད་ཅིང། ཉེས་པ་བྱུང་བ་རྣམས་ཡོངས་སུ་བསྐྱབས་ནས། ཉིན་མཚན་བདུན་གྱི་བར་དུ་ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་དེ། ཐུགས་རྗེ་ཆེན་པོའི་སེམས་ཀྱི་གཟུངས་སྔགས་འདི་འདོན་པར་བྱེད་ན། ཡུལ་དེའི་གནོད་པ་དང་། བགེགས་ཐམས་ཅད་ཡོངས་སུ་བསལ་བར་འགྱུར། འབྲུ་རྣམས་ལེགས་ཤིང་མི་མང་པོ་བདེ་བར་འགྱུར་རོ། །གཞན་ཡང་ཕས་ཀྱི་རྒོལ་བའི་དགྲ་དག་ཡང་ནས་ཡང་དུ་འོངས་ཏེ་གཙེས་པས་འབངས་མང་པོ་མི་བདེ་བར་གྱུར་ཏམ། བློན་པོ་ཆེན་པོས་རྐུ་བཤམས་ནས་ལོག་པར་གྱུར་ཏམ། རིམས་ནད་བྱུང་བར་གྱུར་ཏམ། ཐན་ཆེན་བྱུང་བར་གྱུར་ཏམ། ཉི་ཟླ་རྒྱུ་བ་ནོར་བར་གྱུར་ཏམ། དེ་ལྟ་བུ་ལ་སོགས་པའི་གནོད་པ་བྱུང་བར་གྱུར་ན། དེའི་ཚེ་སྙིང་རྗེ་ཆེན་པོ་དང་ལྡན་པའི་མིག་སྟོང་པའི་གཟུགས་བྱས་ནས་དེའི་ཕྱོགས་སུ་ཁ་བསྟན་ཏེ། སྤོས་དང་། མེ་ཏོག་དང་། རྒྱལ་མཚན་དང་། བ་དན་དང་། རིན་པོ་ཆེའི་བླ་རེ་རྣམ་པ་སྣ་ཚོགས་དང་། རོ་བརྒྱ་དང་ལྡན་པའི་ཟས་དང་སྐོམ་གྱིས་སེམས་རྩེ་གཅིག་ཏུ་མཆོད་པར་བྱའོ། །གཞན་ཡང་རྒྱལ་པོ་དེས་ཉིན་མཚན་བདུན་གྱི་བར་དུ་ལུས་དང་སེམས་ཀྱིས་བརྩོན་འགྲུས་བསྐྱེད་དེ། གཟུངས་ཀྱི་ཚིག་གྱ་ནོམ་པ་འདི་འདོན་པར་བྱེད་ན། ཕས་ཀྱི་དགྲ་རྣམས་རང་དུལ་བར་གྱུར་ནས་སླར་ལོག་སྟེ་སོ་སོ་ནས་ཚུལ་བཞིན་དུ་ཡུལ་སྐྱོང་ཞིང་ཡུལ་ཡང་འདྲེ་བར་གནས་པར་བྱམས་པའི་སེམས་ཀྱིས་ཕན་ཚུན་གཅིག་ལ་གཅིག་ལྟ་བར་འགྱུར། རྒྱལ་བུ་དང་བློན་པོ་རྣམས་ཀྱང་སྲིད་ཞུ་དང་དྲང་དཀན་སྤྱོད་པར་འགྱུར། བཙུན་མོ་དང་སྲས་རྣམས་ཀྱང་རྒྱལ་པོ་ལ་སྲི་ཞུ་དང་བསྙེན་བཀུར་བྱེད་པར་འགྱུར། ལྷ་དང་། ཀླུ་དང་། འདྲེ་སྲིན་རྣམས་ཀྱང་ཡུལ་དེ་སྲུང་ཞིང་སྐྱོང་བར་འགྱུར། ཆར་ཆུ་དུས་བཞིན་དུ་འབབ་ཅིང་འབྲུ་རྣམས་ལེགས་པས་མི་མང་


DKG097_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

པོ་རྣམས་ཀྱང་རབ་ཏུ་དགའ་བར་འགྱུར་རོ། །གཞན་ཡང་ཁྱིམ་དུ་ནད་ཆེན་མ་རུངས་པ་དང་ཕྲད་པར་གྱུར་ཏམ། ལྟས་ངན་སྣ་ཚོགས་བྱུང་བར་གྱུར་ཏམ། འདྲེ་སྲིན་དང་ལོག་པའི་བདུད་རྣམས་ཀྱིས་ཁྱིམ་དཀྲུགས་པར་གྱུར་ཏམ། མི་མ་རུངས་པ་དག་གིས་ཀླན་སྐུར་བཏབ་ནས་རྐུ་བཤམས་ཏེ་གནོད་པ་བྱས་པར་གྱུར་ཏམ། ཁྱིམ་མི་ཆེ་ཆུང་རྣམས་ཕྱི་ནང་མི་འདུམ་པར་གྱུར་ན། སྙིང་རྗེ་ཆེན་པོ་དང་ལྡན་པའི་མིག་སྟོང་པའི་གཟུགས་བྱས་པའི་མདུན་དུ་དཀྱིལ་འཁོར་བྱས་ནས་སེམས་རྩེ་གཅིག་ཏུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་བྱས་ནས་གཟུངས་སྔགས་འདི་ལན་སྟོང་ཚང་བར་བཟླས་ན། གོང་དུ་སྨོས་པའི་དངོས་པོ་ངན་པ་དེ་དག་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར་རོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་འདིའི་མིང་ཅི་ལགས། ཇི་ལྟར་ཡོངས་སུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིག་སྔགས་འདི་ལ་མིང་རྣམ་པ་སྣ་ཚོགས་ཡོད་དེ། རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་ཀྱང་བྱའོ། །ཐོགས་པ་མེད་པའི་ཐུགས་རྗེ་ཆེན་པོ་ཞེས་ཀྱང་བྱའོ། །སྡུག་བསྔལ་རྣམས་ལས་ཡོངས་སུ་སྐྱོབ་པའི་གཟུངས་ཞེས་ཀྱང་བྱའོ། །ཚེ་བསྲིང་བའི་གཟུངས་ཞེས་ཀྱང་བྱའོ། །ངན་འགྲོ་ཡོངས་སུ་སྦྱོང་བའི་གཟུངས་ཞེས་ཀྱང་བྱའོ། །ལས་ཀྱི་སྒྲིབ་པ་རྣམ་པར་འཇོམས་པའི་གཟུངས་ཞེས་ཀྱང་བྱའོ། །སྨོན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའི་གཟུངས་ཞེས་ཀྱང་བྱའོ། །སེམས་ཀྱི་རྗེས་སུ་རང་དབང་དུ་གྱུར་པའི་གཟུངས་ཞེས་ཀྱང་བྱའོ། །ས་གོང་མ་རྣམས་ལས་མྱུར་དུ་འདའ་བའི་གཟུངས་ཞེས་ཀྱང་བྱ་སྟེ། དེ་ལྟར་ཡོངས་སུ་གཟུང་བར་བྱའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་མིང་ཅི་ལགས་ན། འདི་ལྟ་བུའི་གཟུངས་བསྟན་པ་ལ་མཁས་པར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་


DKG097_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

པ། བྱང་ཆུབ་སེམས་དཔའ་འདིའི་མིང་ནི་སྤྱན་རས་གཟིགས་དབང་ཕྱུག་ཅེས་ཀྱང་བྱའོ། །དོན་ཡོད་པའི་ཞགས་པ་ཞེས་ཀྱང་བྱའོ། །འོད་སྟོང་པའི་མིག་ཅན་ཞེས་ཀྱང་བྱ་སྟེ། །རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་འདིའི་མིང་དང་གཟི་བྱིན་དང་མཐུ་སྟོབས་ནི་བསམ་གྱིས་མི་ཁྱབ་སྟེ། འདས་པའི་བསྐལ་པ་ཚད་མེད་པའི་སྔ་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ནས་མཚན་ཡང་དེ་བཞིན་གཤེགས་པ་ཡང་དག་པའི་ཆོས་ཀྱི་སྣང་བ་ཞེས་བྱ་བར་གྱུར་པ་ཡིན་ཡང་། ཐུགས་རྗེ་ཆེན་པོ་དང་སྨོན་ལམ་གྱི་མཐུས་སེམས་ཅན་བདེ་བར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་མངོན་དུ་བསྟན་པ་ཡིན་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འཁོར་མང་པོ་ཁྱེད་དང་། ཚངས་པ་དང་། བརྒྱ་བྱིན་དང་། ལྷ་དང་། ཀླུ་རྣམས་ཀྱིས་གུས་པས་བཀུར་སྟི་བྱས་ནས་བརྙས་པར་མི་བྱའོ། །ལྷ་དང་མི་ཐམས་ཅད་ཀྱིས་རྟག་པར་མཆོད་པར་བྱས་ཏེ། སེམས་རྩེ་གཅིག་ཏུ་མིང་ནས་རྗོད་པར་བྱེད་ན་བསོད་ནམས་ཚད་མེད་པ་སྙེད་འཐོབ་པར་འགྱུར། ཁ་ན་མ་ཐོ་བ་ཚད་མེད་པ་སྙེད་ཡོངས་སུ་འབྱང་བར་འགྱུར། ཚེ་འདས་ནས་ཀྱང་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་གལ་ཏེ་རིན་པོ་ཆེ་སྣ་ཚོགས་ཕུན་སུམ་ཚོགས་ཤིང་ཕྱུག་པོར་འགྱུར་བར་འདོད་ན་ཡིད་བཞིན་གྱི་ནོར་བུའི་ལག་ལ་མཆོད་པར་བྱའོ། །མི་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གཙེས་པར་གྱུར་ན་ཞགས་པ་ཐོགས་པའི་ལག་ལ་མཆོད་དོ། །ཁོང་པར་ནད་རྣམས་ཡོད་པར་གྱུར་ན་རིན་པོ་ཆེའི་ལྷུང་བཟེད་ཐོགས་པའི་ལག་ལ་མཆོད་དོ། །འདྲེ་གདོན་ཐམས་ཅད་གདུལ་བར་འདོད་ན་རིན་པོ་ཆེའི་རལ་གྲི་ཐོགས་པའི་ལག་ལ་མཆོད་དོ། །ལྷའི་བུའི་བདུད་ཐམས་ཅད་འདུལ་བར་འདོད་ན་རྡོ་རྗེ་ཐོགས་པའི་ལག་ལ་མཆོད་དོ། །ཕས་ཀྱི་རྒོལ་བའི་དགྲ་གཞོམ་པར་འདོད་ན་རྡོ་རྗེ་ཐོ་བ་ཐོགས་པའི་ལག་ལ་མཆོད་དོ། །འཇིགས་ཤིང་བག་ཚ་བའི་གནས་ཐམས་ཅད་ལས་ཐར་བར་འདོད་ན་འཇིགས་པ་མེད་པ་


DKG097_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་ལག་ལ་མཆོད་དོ། །མིག་མི་གསལ་ཏེ་འོད་དང་མི་ལྡན་པར་གྱུར་ན་མེ་ཤེལ་གྱི་ནོར་བུ་ཐོགས་པའི་ལག་ལ་མཆོད་དོ། །ཚ་བའི་རིམས་ཀྱིས་ཐེབས་ཏེ་བསིལ་བར་འདོད་ན་ཆུ་ཤེལ་གྱི་ནོར་བུ་ཐོགས་པའི་ལག་ལ་མཆོད་དོ། །བློན་ཐབས་མཐོན་པོར་འདོད་ན་རིན་པོ་ཆེའི་གཞུ་ཐོགས་པའི་ལག་ལ་མཆོད་དོ། །གྲོགས་པོ་མཛའ་བཤེས་དང་མྱུར་དུ་ཕྲད་པར་འདོད་ན་རིན་པོ་ཆེའི་མདའ་ཐོགས་པའི་ལག་ལ་མཆོད་དོ། །ལུས་ལ་ནད་སྣ་ཚོགས་ཀྱིས་ཐེབས་པར་གྱུར་ན་ལྕུག་མ་ཐོགས་པའི་ལག་ལ་མཆོད་དོ། །ལུས་ཀྱི་བགེགས་མ་རུངས་པ་བསལ་བར་འདོད་ན་རྔ་ཡབ་དཀར་པོ་ཐོགས་པའི་ལག་ལ་མཆོད་དོ། །ཐམས་ཅད་མཐུན་པའི་འཁོར་དུ་གྱུར་པར་འདོད་ན་བུམ་པ་ཐོགས་པའི་ལག་ལ་མཆོད་དོ། །སྟག་དང་། འཕར་སྦྱང་དང་། དོམ་དྲེད་དང་། གཅན་གཟན་མ་རུངས་པ་ཐམས་ཅད་སྤང་བར་འདོད་ན་ཕུབ་ཐོགས་པའི་ལག་ལ་མཆོད་དོ། །གནས་དང་དུས་ཐམས་ཅད་དུ་རྒྱལ་པོའི་བགེགས་ལས་ཐར་བར་འདོད་ན་དགྲ་སྟ་ཐེགས་པའི་ལག་ལ་མཆོད་དོ། །བུ་དང་། བུ་མོ་དང་། གཡོག་འཁོར་གྱི་ཕྱིར་ནི་ཤེལ་གྱི་གདུབ་འཁོར་ཐོགས་པའི་ལག་ལ་མཆོད་དོ། །ཡོན་ཏན་རྣམ་པ་སྣ་ཚོགས་ཀྱི་ཕྱིར་ནི་པདྨ་དཀར་པོ་ཐོགས་པའི་ལག་ལ་མཆོད་དོ། །ཕྱོགས་བཅུའི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེ་བར་འདོད་ན་པདྨ་སྔོན་པོ་ཐོགས་པའི་ལག་ལ་མཆོད་དོ། །ཤེས་རབ་ཆེན་པོ་དང་ལྡན་པར་འདོད་ན་རིན་པོ་ཆེའི་མེ་ལོང་ཐོགས་པའི་ལག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མངོན་སུམ་དུ་མཐོང་བར་འདོད་ན་པདྨ་དམར་པོ་ཐོགས་པའི་ལག་ལ་མཆོད་དོ། །སའི་གཏེར་འབྱིན་པར་འདོད་ན་རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི་ལག་ལ་མཆོད་དོ། །དྲང་སྲོང་གི་ལམ་མངོན་པར་འགྲུབ་པར་འདོད་ན་སྤྲིན་སྣ་ལྔ་ཐོགས་པའི་ལག་ལ་མཆོད་དོ། །ཚངས་པར་སྐྱེ་བར་འདོད་ན་རིལ་བ་ཐོགས་པའི་ལག་ལ་མཆོད་དོ། །ལྷའི་གཞལ་མེད་ཁང་དུ་སྐྱེ་བར་འདོད་ན་པདྨ་ལེ་བརྒན་ཐོགས་པའི་ལག་ལ་མཆོད་དོ། །ཕྱོགས་གཞན་གྱི་དགྲ་ཕྱིར་རྒོལ་


DKG097_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསལ་བར་འདོད་ན་རལ་གྲི་དང་མདུང་ཐོགས་པའི་ལག་ལ་མཆོད་དོ། །དགེ་བའི་ལྷ་འདྲེ་ཐམས་ཅད་དགུག་པར་འདོད་ན་རིན་པོ་ཆེའི་དུང་ཐོགས་པའི་ལག་ལ་མཆོད་དོ། །ལྷ་འདྲེ་ཐམས་ཅད་འཁོལ་བར་འདོད་ན་ཐོད་པའི་འཁར་བ་ཐོགས་པའི་ལག་ལ་མཆོད་དོ། །ཕྱོགས་བཅུའི་སངས་རྒྱས་མྱུར་དུ་གཤེགས་ནས་ཕྱག་གིས་བྱུག་པར་འདོད་ན་པ་གྲང་ཕྲེང་འཛིན་པའི་ལག་ལ་མཆོད་དོ། །ཚངས་པའི་སྒྲ་དབྱངས་མཆོག་དམ་པ་ཐམས་ཅད་མངོན་པར་འགྲུབ་པར་འདོད་ན་རིན་པོ་ཆེའི་དྲིལ་བུ་ཐོགས་པའི་ལག་ལ་མཆོད་དོ། །ཚིག་གི་སྤོབས་པ་གྱ་ནོམ་པ་དང་ལྡན་པར་འདོད་ན་རིན་པོ་ཆེའི་ཕྱག་རྒྱ་ཐོགས་པའི་ལག་ལ་མཆོད་དོ། །དགེ་བའི་ལྷ་དང་ཀླུ་རྣམས་རྟག་པར་འོངས་ཏེ་སྲུང་ཞིང་ཡོངས་སུ་སྐྱོབ་པར་འདོད་ན་ལྕགས་ཀྱུ་ཐོགས་པའི་ལག་ལ་མཆོད་དོ། །བྱམས་པ་དང་སྙིང་རྗེས་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པར་འདོད་ན་འཁར་གསིལ་ཐོགས་པའི་ལག་ལ་མཆོད་དོ། །སེམས་ཅན་ཐམས་ཅད་ཀྱིས་རྟག་པར་ཕན་ཚུན་གུས་པས་བསྙེན་བཀུར་བྱེད་ཅིང་བརྩེ་བར་སེམས་པར་འདོད་ན་ཐལ་མོ་སྦྱར་བའི་ལག་ལ་མཆོད་དོ། །སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་མི་འབྲལ་བར་འདོད་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ལག་ལ་མཆོད་དོ། །སྐྱེ་བའི་ཚེ་རབས་ཐམས་ཅད་དུ་རྟག་པར་དེ་བཞིན་གཤེགས་པའི་ཕོ་བྲང་དུ་གནས་ནས་མངལ་གྱི་སྙིང་པོར་སྐྱེ་བར་མི་འགྱུར་བར་འདོད་ན་སྤྲུལ་པའི་གཞལ་མེད་ཁང་ཐོགས་པའི་ལག་ལ་མཆོད་དོ། །མང་དུ་ཐོས་པའི་ཤེས་པ་རྒྱ་ཆེན་པོ་དང་ལྡན་པར་འདོད་ན་རིན་པོ་ཆེའི་མདོ་སྡེའི་གླེགས་བམ་ཐོགས་པའི་ལག་ལ་མཆོད་དོ། །ད་ལྟར་གྱི་ལུས་འདི་ནས་སངས་རྒྱས་ཀྱི་སྐུ་ལ་ཐུག་པའི་བར་དུ་རྟག་པར་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་བར་འདོད་ན་ཕྱིར་མི་ལྡོག་པའི་གསེར་གྱི་འཁོར་ལོ་ཐོགས་པའི་ལག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་མྱུར་དུ་གཤེགས་ནས་སྤྱི་བོ་ནས་ཕྱག་གིས་བྱུགས་ཏེ་ལུང་བསྟན་པར་འདོད་ན་སྤྱི་བོ་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ལག་ལ་མཆོད་དོ། །ཤིང་ཐོག་དང་འབྲུ་རྣམས་གྲུབ་པར་འདོད་ན་རྒུན་འབྲུམ་ཐོགས་པའི་ལག་ལ་མཆོད་


DKG097_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །དེ་ལྟར་མངོན་པར་སྒྲུབ་པའི་ཆོ་ག་སྟོང་ཡོད་ཀྱང་དེང་མདོར་བསྡུས་ནས་མདོ་ཙམ་ཞིག་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཤིན་ཏུ་ཡོངས་སུ་དང་བའི་སེམས་ཀྱིས་གཟུངས་འདི་ཟུང་ལ་འཛམ་བུའི་གླིང་དུ་རྒྱ་ཆེར་ཡོངས་སུ་སྤེལ་ནས་རྒྱུན་མི་འཆད་པར་བྱའོ། །གཟུངས་འདི་ཁམས་གསུམ་གྱི་སེམས་ཅན་ནད་ཀྱིས་ཉོན་མོངས་པ་ཐམས་ཅད་ལ་རྒྱ་ཆེར་ཕན་འདོགས་པར་བྱེད་པས་གཟུངས་འདིས་ཡོངས་སུ་གསོས་ན་མི་འཚོ་བ་གང་ཡང་མེད་དོ། །རིག་སྔགས་ཆེན་མོ་འདིས་ཤིང་སྐམ་པོ་ལ་བཏབ་ན་ཡང་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་སྐྱེ་བར་འགྱུར་ན་རྣམ་པར་ཤེས་པ་དང་བཅས་པའི་སེམས་ཅན་ལྟ་སྨོས་ཀྱང་ཅི་དགོས་ཏེ། སེམས་ཅན་ནད་ཀྱིས་ཐེབས་པ་རྣམས་གསོས་ན་མི་འཚོ་བའི་གནས་ངེས་པར་མེད་དོ། །རིགས་ཀྱི་བུ་གཟུངས་འདིའི་བྱིན་གྱི་བརླབས་དང་མཐུ་བསམ་གྱིས་མི་ཁྱབ་པའི་བསྔགས་པ་བརྗོད་ཀྱང་མཐར་ཐུག་པར་མི་འགྱུར་རོ། །སྔོན་འདས་པའི་དུས་ཡུན་རིང་པོ་ནས་དགེ་བའི་རྩ་བ་རྒྱ་ཆེར་བསྐྱེད་པ་མ་ཡིན་ན་ཐ་ན་འདིའི་མིང་ཙམ་ཡང་ཐོས་པར་མི་འགྱུར་ན་མངོན་སུམ་དུ་མཐོང་བ་ལྟ་སྨོས་ཀྱང་ཅི་དགོས། ལྷ་དང་། མི་དང་། ཀླུ་ལ་སོགས་པའི་འཁོར་མང་པོ་ཁྱེད་རྣམས་ངས་གཟུངས་འདིའི་བསྔགས་པ་བརྗོད་པ་ཐོས་ནས་ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བར་བྱའོ། །གང་ལ་ལ་ཞིག་གིས་རིག་སྔགས་འདི་ལ་སྐུར་པ་བཏབ་པར་གྱུར་ན་གང་གཱའི་ཀླུང་གི་བྱེ་བ་ཕྲག་དགུ་བཅུ་རྩ་དགུའི་བྱེ་མ་སྙེད་ཀྱི་སངས་རྒྱས་དེ་དག་ལ་སྐུར་པ་བཏབ་པར་འགྱུར་རོ། །གལ་ཏེ་གཟུངས་འདི་ལ་ཐེ་ཚོམ་དང་ཡིད་མི་ཆེས་པ་སྐྱེས་པར་གྱུར་ན་གང་ཟག་དེ་ནི་ཕན་ཡོན་ཆེན་པོ་དང་གཏན་དུ་འབྲལ་བར་འགྱུར་བས་བསྐལ་པ་བརྒྱ་སྟོང་སྙེད་དུ་ངན་འགྲོར་འཁོར་ཞིང་འབྱུང་བའི་དུས་མེད་དེ། རྟག་པར་སངས་རྒྱས་ཀྱང་མི་མཐོང་། ཆོས་ཀྱང་མི་ཐོས། །དགེ་འདུན་ཡང་མཐོང་བར་མི་འགྱུར་བར་རིག་པར་བྱའོ། །འཁོར་དེར་འདུས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་དག་དང་། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཚངས་པ་དང་།


DKG097_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ལྷ་དང་། ཀླུ་དང་། འདྲེ་སྲིན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གཟུངས་འདིའི་བསྔགས་པ་བརྗོད་པ་ཐོས་ནས། ཐམས་ཅད་ཀྱིས་རབ་ཏུ་དགའ་ཞིང་མགུ་བས་བཀའ་ཡང་དག་པར་བླངས་ནས་མངོན་པར་སྒྲུབ་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ཉི་འོད་ཀྱིས་ཐུགས་རྗེ་ཆེན་པོའི་གཟུངས་འཛིན་པ་དག་ཡོངས་སུ་བསྲུང་བའི་ཆེད་དུ་རིག་སྔགས་ཆེན་པོ་འདི་སྨྲས་སོ། །ན་མོ་བུདྡྷ་གུ་ར་བེ། ན་མོ་དྷརྨ་མ་ཧ་ཏེ། ན་མཿསཾ་གྷ་ཊ་ཡཱ་ཎི། ཏྲི་པུ་བི་སཱ་ཏ་ཏྃ་ན་མཿ། རིག་སྔགས་འདི་བཏོན་ན་ཁ་ན་མ་ཐོ་བ་ཐམས་ཅད་ཡོངས་སུ་འབྱང་བར་འགྱུར། བདུད་སྤོང་བར་བྱེད། བགེགས་རྣམས་སེལ་བར་འགྱུར་བས་ལན་རེ་བཏོན་ནས་སངས་རྒྱས་ལ་ཕྱག་ལན་རེ་བྱའོ། །དེ་བཞིན་དུ་ཉིན་རེ་བཞིན་དུས་གསུམ་དུ་རིག་སྔགས་བཟླས་ནས་སངས་རྒྱས་ལ་ཕྱག་བྱས་ན་མ་འོངས་པའི་དུས་ན་སྐྱེ་བ་ཐམས་ཅད་དུ་ཡིད་དུ་འོང་བའི་མཚན་ཤིན་ཏུ་མཛེས་པ་རེ་རེའི་འབྲས་བུ་རྣམ་པར་སྨིན་པ་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཟླ་འོད་ཀྱིས་ཀྱང་རྣལ་འབྱོར་པ་དག་ཡོངས་སུ་བསྲུང་བའི་ཕྱིར་གཟུངས་འདི་སྨྲས་སོ། །སིནྟི་ཏེ་དུ་སོཥྚ། ཨ་ཛྙཱ་མི་ཏེ་ཨོ་ཏུཥྚ། སི་ནི་ཁི་ཏ་པ་ལི་ཏིཥྚ། ཡ་མི་ཛྙཱ་ཏ་ཨོ་དྷུཥྚ། ཀུ་ལ་ཏི་མཥྚ། ཁིཥྚ་སྭཱ་ཧཱ། རིག་སྔགས་འདི་ལན་ལྔ་བཟླས་ནས་ཚོན་སྣ་ལྔའི་སྐུད་པ་ལ་སྔགས་མདུད་བྱས་ཏེ། གང་དུ་ན་བར་གདགས་པར་བྱའོ། །རིག་སྔགས་འདི་ནི་འདས་པའི་སངས་རྒྱས་གང་གཱའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ཀྱིས་གསུངས་པ་ཡིན་པས། དེང་བདག་གིས་ཀྱང་རྣལ་འབྱོར་བ་དག་ཡོངས་སུ་བསྲུང་བའི་ཕྱིར་དང་། བགེགས་ཐམས་ཅད་ཡོངས་སུ་བསལ་བའི་ཕྱིར་དང་། ནད་མ་རུངས་པ་ཐམས་ཅད་ཡོངས་སུ་བསལ་བའི་ཕྱིར་དང་། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། འཇིགས་ཤིང་སྐྲག་པ་ཐམས་ཅད་ཡོངས་སུ་སྤང་བའི་ཕྱིར་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྟན་པའི་རིག་སྔགས་འདི་ནི་ཡང་དག་


DKG097_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

པར་བདེན་ཏེ་མི་བདེན་པ་ཅི་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་འདི་དྲུང་དུ་འོང་བར་འདོད་ན་གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་བསྲེགས་ན་བྱང་ཆུབ་སེམས་དཔའ་འོང་བར་འགྱུར་རོ། །གང་ལ་ལ་ཞིག་བྱི་ལའི་གདོན་གྱིས་ཟིན་པར་གྱུར་ན་བྱི་ལའི་མགོ་རུས་བསྲེགས་པའི་ཐལ་བ་ས་གཙང་མ་དང་བསྲེས་ཏེ། འཇིམ་པ་ལ་བྱི་ལའི་གཟུགས་བྱས་ནས། མིག་སྟོང་པའི་གཟུགས་ཀྱི་མདུན་དུ་ཨུར་མོའི་གྲི་གཙང་མ་ལ་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། དུམ་བུ་བརྒྱ་རྩ་བརྒྱད་དུ་བཅད་ནས་སྔགས་ལན་རེ་གདོན་ཅིང་དེའི་མིང་ནས་ལན་རེ་བརྗོད་ན་གཏན་དུ་འཚོ་བར་འགྱུར་རོ། །བྱད་སྟེམས་ཀྱིས་ཕོག་པར་གྱུར་ན་གུ་གུལ་དང་ག་པུར་ཆ་མཉམ་པར་བྱས་ཏེ། ཁྲོན་པའི་ཆུ་གཙང་མ་བྲེ་གང་དང་བསྲེས་ནས་བསྐོལ་ཏེ་ཕུལ་གང་ཙམ་ལུས་པ་བླངས་ནས། མིག་སྟོང་པའི་གཟུགས་ཀྱི་མདུན་དུ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་འཐུངས་ན་འཚོ་བར་འགྱུར་རོ། །གལ་ཏེ་སྡིག་པ་དང་སྦྲུལ་གྱིས་ཟིན་པར་གྱུར་ན་བཅའ་སྒའི་ཕྱེ་མ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་རྨ་ཁར་བསྐུས་ན་འཕྲལ་དུ་འཚོ་བར་འགྱུར་རོ། །གལ་ཏེ་མི་མ་རུངས་པ་དག་གིས་རྐུ་བཤམས་ནས་གནོད་པ་བྱས་པར་གྱུར་ན་ས་གཙང་མའམ། བག་ཟན་ནམ། སྤྲ་ཚིལ་ལ་ཕ་རོལ་པོའི་གཟུགས་བྱས་ཏེ་མིག་སྟོང་པའི་གཟུགས་ཀྱི་མདུན་དུ་ཨུར་མོའི་གྲིལ་ལན་བརྒྱ་རྩ་བརྒྱད་སྔགས་ལན་རེ་བརྗོད་དེ་ལན་རེ་གཏུབས་ནས་ཕ་རོལ་གྱི་མིང་ནས་བརྗོད་དེ། བསྲེགས་ཟིན་ནས་དུམ་བུ་བརྒྱ་རྩ་བརྒྱད་དུ་བྱས་ན་ཕ་རོལ་པོ་དགའ་ཞིང་ནམ་འཚོ་བའི་བར་དུ་གུས་པས་བཀུར་ཞིང་བྱམས་པར་འགྱུར་རོ། །གང་དག་མིག་ནད་ཀྱིས་བཏབ་སྟེ། མིག་གི་འབྲས་བུ་ཉམས་པར་གྱུར་ཏམ། མདོངས་པར་གྱུར་ཏམ། མི་གསལ་བར་གྱུར་ཏམ། ལིང་ཏོག་དཀར་པོ་དང་། དམར་པོ་དག་གིས་ཁེབས་ཏེ་འོད་དང་མི་ལྡན་པར་གྱུར་ན། ཨ་རུ་ར་དང་། བ་རུ་ར་དང་། སྐྱུ་རུ་ར་འབྲུམ་བུ་རེ་ཞིབ་ཏུ་བཏགས་ཏེ། འཐག་པའི་ཚེ་གཙང་སྦྲ་བྱ་དགོས་པས་བུད་མེད་གསར་དུ་བུ་བཙས་


DKG097_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ཁྱི་དང་ཕག་རྣམས་བསྙེན་པར་མི་བྱའོ། །དེ་བཞིན་གཤེགས་པའི་མཚན་ནས་བརྗོད་དེ། སྦྲང་རྩི་དཀར་པོ་དང་། མིའི་འོ་མ་དང་སྦྱར་ནས་མིག་ལ་བསྐུ་བར་བྱའོ། །འོ་མ་དེ་ཡང་བུ་ཁྱེའུ་བཙས་པའི་ནུ་ཞོ་རུང་གི་བུ་མོ་བཙས་པའི་ནུ་ཞོ་ནི་མི་རུང་ངོ་། །སྨན་དེ་སྦྱར་ཟིན་ནས་ཀྱང་མིག་སྟོང་པའི་གཟུགས་ཀྱི་མདུན་དུ་ལན་སྟོང་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། མིག་ལ་བསྐུས་ནས་ཞག་བདུན་གྱི་བར་དུ་ཁང་པ་དབེན་པར་རླུང་བསྲུངས་ན། མིག་གི་འབྲས་བུ་སྐྱེ་བར་འགྱུར་བས་ལིང་ཏོག་སྔོན་པོ་དང་དཀར་པོ་བསལ་ཏེ་གསལ་བ་རྒྱས་པར་འགྱུར་རོ། །གང་དག་གདོན་རྣམས་ཀྱིས་བཏབ་སྟེ་མྱོས་པར་གྱུར་ན་སྟག་དང་། འཕར་བ་དང་། སྤྱང་ཀིའི་པགས་པ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ལུས་ལ་བགོས་ན་སོས་པར་འགྱུར་རོ། །གལ་ཏེ་སྦྲུལ་གྱིས་ཟིན་པར་གྱུར་ན་གང་ཟིན་པའི་མི་དེའི་རྣ་སྤབས་བླངས་ནས་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟ་རྨ་ཁར་གླན་ན་སོས་པར་འགྱུར་རོ། །གཟེར་ཐབས་མ་རུངས་པས་སྙིང་ལ་གཟེར་ཏེ་འཆི་ལ་ཐུག་ན་ཀ་བྱི་ཏ་ལག་པ་ཙམ་ཆུ་གཙང་མ་ཕུལ་གང་དང་སྦྱར་ཏེ། བསྐོལ་ནས་ཕུལ་ཕྱེད་ལུས་པ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་ཅིག་ཅར་བླུད་ན་སོས་པར་འགྱུར་རོ། །སྨན་དེ་ཡང་བུད་མེད་ཀྱི་དྲུང་དུ་བསྐོལ་བར་མི་བྱའོ། །རོ་ལངས་ཀྱི་གདོན་གྱིས་བཏབ་ནས་རྒྱུན་རིང་དུ་ན་བར་གྱུར་ན་གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་བསྲེགས་ཏེ་སྣར་བདུག་པར་བྱའོ། །ཡང་ན་རི་བོང་གི་རྟུག་པའི་རིལ་བུ་བདུན་བླངས་ཏེ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་མིད་དུ་བཅུག་ན་སོས་པར་འགྱུར་ཏེ། ཤ་དང་། ཆང་དང་། དཀུ་བ་རྣམ་པ་ལྔ་དང་། ཚིག་ངན་པ་རྣམས་བསྲུང་དགོས་སོ། །ཡང་ན་བ་བླ་དང་། ཡུངས་ཀར་དང་། ལན་ཚྭ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ནད་པའི་ཁྲིའི་དྲུང་དུ་བསྲེགས་ན། གདོན་དེའི་ལུས་འཇིག་པར་འགྱུར་བས་འདུག་པའི་ཐུགས་མི་ཐུབ་སྟེ་འབྱེར་བར་འགྱུར་རོ། །གལ་ཏེ་གཞོགས་ཕྱེད་ན་ཞིང་རྣ་བ་དང་སྣ་སུབས་པར་གྱུར་ཏམ། རྐ་ལག་སྡུད་མི་ནུས་པར་གྱུར་ན་རུ་རྟ་ཏིལ་མར་གྱི་ནང་དུ་


DKG097_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོལ་ཏེ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་ལུས་ལ་བསྐུས་ན་གཏན་དུ་འཚོ་བར་འགྱུར་རོ། །ཡང་ན་བའི་མར་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ལུས་ལ་བསྐུས་ན་ཡང་སོས་པར་འགྱུར་རོ། །གལ་ཏེ་བུ་བཙའ་དཀའ་བར་གྱུར་ན་ཏིལ་མར་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། བུད་མེད་སྦྲུམ་མའི་ལྟེ་བ་དང་མོ་མཚན་ལ་བསྐུས་ན་མྱུར་དུ་བཙའ་བར་འགྱུར་རོ། །བུད་མེད་སྦྲུམ་མ་གང་དག་མངལ་དུ་བུ་ཤི་བར་གྱུར་ན་གིའུ་སི་སྲང་གཅིག་ཆུ་ཕུལ་དོའི་ནང་དུ་བསྐོལ་ཏེ་ཕུལ་གང་ལུས་པ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་བླུད་ན། སྡུག་བསྔལ་ཞི་ཞིང་ན་བ་མེད་པར་འབྱུང་བར་འགྱུར་རོ། །ཤ་མ་འབྱུང་དུ་མི་བཏུབ་པར་གྱུར་ན་ཡང་སྨན་འདི་འཐུངས་ན་ཕན་པར་འགྱུར་རོ། །གློ་བུར་དུ་སྙིང་གཟེར་ཏེ་མི་བཟོད་པར་གྱུར་ན་དེ་ནི་རོ་ཉུལ་གྱི་གཟེར་ཐབས་ཞེས་བྱ་བ་ཡིན་པས་ཀུན་ཏུ་རུ་དང་པོག་དཀར་པོ་མ་གྲུགས་པ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ཅི་ཙམ་འབྱོར་པ་བྱིན་ནས་བླན་དུ་བཅུག་ན་འཚོ་བར་འགྱུར་རོ། །ཤ་ཆང་དང་། དཀུ་བ་རྣམ་པ་ལྔ་བསྲུང་དགོས་སོ། །མེས་ཚིག་པར་གྱུར་ན་བ་ལང་གི་ལྕི་བ་དྲོན་པོ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་རྨ་ཁར་བསྐུས་ན་འཚོ་བར་འགྱུར་རོ། །སྲིན་བུ་ཁོང་པར་ཞུགས་ཏེ་ན་བར་གྱུར་ན་རྟ་དཀར་པོའི་གཅིན་ཕུལ་ཕྱེད་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་བླུད་ན་འཚོ་བར་འགྱུར་རོ། །ཚབས་ཆེ་བ་ལ་ཕུལ་གང་བླུད་ན་སྲིན་བུ་ཐག་པ་གཅུས་པ་བཞིན་དུ་རང་འབྱུང་བར་འགྱུར་རོ། །ཤུ་ཆེན་བྱུང་བ་ལ་ལེང་སེའུ་ཧཱ་བརྡུངས་པའི་ཁུ་བ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་ཤུ་བའི་སྟེང་དུ་བླུགས་ན་རྩ་བར་དབྱུང་བར་འགྱུར་བས་མོད་ལ་འཚོ་བར་འགྱུར་རོ། །མིག་ཏུ་སྦྲང་མ་ཞུགས་ཏེ་ན་བར་གྱུར་ན་བོང་བུའི་རྟུག་པ་བཙིར་བའི་ཁུ་བ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་མཚན་མོ་མིག་ཏུ་བླུགས་ན་འཚོ་བར་འགྱུར་རོ། །ལྟོ་ན་བར་གྱུར་ན་ཁྲོན་པའི་ཆུ་གཙང་མའི་ནང་དུ་ལན་ཚྭ་མ་གྲུགས་པ་འབྲུམ་བུ་ཉི་ཤུ་རྩ་གཅིག་བོར་ཏེ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་ཕུལ་ཕྱེད་


DKG097_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

འཐུངས་ན་ཕན་པར་འགྱུར་རོ། །མིག་ཚག་པོར་གྱུར་ཏམ། མིག་ཏུ་ཤ་ལྷག་བྱུང་བར་གྱུར་ཏམ། ལིང་ཏོག་བྱུང་བར་གྱུར་ན་ཀེའུ་ཁི་ཚེའི་ཤིང་གི་ལོ་མ་བརྡུངས་ཏེ་བཙིར་བའི་ཁུ་བ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། དེའི་ནང་དུ་ཁར་བའི་དོང་ཚེ་གཅིག་མཚན་གཅིག་སྤངས་ནས་ཡང་ལན་བདུན་སྔགས་ཀྱིས་བཏབ་སྟེ་མིག་ཏུ་བླུགས་ན་འཚོ་བར་འགྱུར་རོ། །གལ་ཏེ་མཚན་མོ་འབྱུང་འཇུག་གི་ཚེ་འཇིགས་དངངས་ནས་མི་བདེ་བར་གྱུར་ན་སྐུད་པ་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། མདུད་པ་ཉི་ཤུ་རྩ་གཅིག་བྱས་ནས་མགུལ་དུ་བཏགས་ན་འཇིགས་ཤིང་དངང་བ་དང་འབྲལ་བར་འགྱུར་རོ། །འཇིགས་པ་དང་བྲལ་བ་ཁོ་ནར་མ་ཟད་ཀྱི་བསོད་ནམས་ཀྱང་ཐོབ་ལ་སྡིག་པ་རྣམས་ཀྱང་འབྱང་བར་འགྱུར་རོ། །གལ་ཏེ་ཁྱིམ་འཁོར་དུ་ལྟས་ངན་བྱུང་བར་གྱུར་ན་བལ་པོ་སེའུའི་ཤིང་གི་ཡལ་ག་བླངས་ནས་དུམ་བུ་སྟོང་རྩ་བརྒྱད་དུ་གཏུབས་ཏེ། མགོ་མཇུག་གཉི་གར་མར་དང་ཞོ་བསྐུས་ནས་སྔགས་ལན་རེ་བཟླ་ཞིང་རེ་རེ་བསྲེགས་ཏེ་སྟོང་རྩ་བརྒྱད་ཚང་བར་བྱས་ན་གདོན་བགེགས་ཐམས་ཅད་རབ་ཏུ་ཞི་བར་འགྱུར་ཏེ། དེ་ཡང་སངས་རྒྱས་ཀྱི་སྤྱན་སྔར་བྱ་དགོས་སོ། །ཤུ་དག་དཀར་པོ་བླངས་ནས་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། དཔུང་པ་གཡས་པ་ལ་བཏགས་ན་གཡུལ་ངོར་འཐབ་པ་དང་འབེལ་བའི་གཏམ་སྨྲ་བའི་གནས་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །ཀེའུ་ཁི་ཚེའི་ཤིང་གི་ལོ་མའམ་ཡལ་ག་ཡང་རུང་སྟེ་དུམ་བུར་གཏུབས་ནས་མགོ་མཇུག་གཉི་གར་བ་མར་ཡང་དག་པ་དང་། སྦྲང་རྩི་དཀར་པོ་དང་བཞོ་བསྐུས་ཏེ་སྔགས་ལན་རེ་བཟླ་ཞིང་དུམ་བུ་རེ་རེ་སྲེག་པ་སྟོང་རྩ་བརྒྱད་ཚང་བར་བྱའོ། །ཉིན་གཅིག་ལ་དུས་གསུམ་དུ་བྱ་ཞིང་དུས་གཅིག་ལ་ཡང་ལན་སྟོང་རྩ་བརྒྱད་བཟླས་ཏེ་ཞག་བདུན་ཚང་བར་གྱུར་ན་སྔགས་མཁན་དེ་རང་གིས་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །གདོན་མཐུ་བོ་ཆེ་གདུལ་བར་འདོད་ན་ལུང་ཏང་ལ་ལན་བཞི་བཅུ་རྩ་དགུ་སྔགས་ཀྱིས་བཏབ་སྟེ། མར་དང་སྦྲང་རྩི་བསྐུས་ནས་འཕགས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་གཟུགས་བྱས་པའི་མདུན་དུ་བསྲེག་པར་བྱའོ། །གིའུ་ཝང་སྲང་གཅིག་བེེཌཱུཪྱའི་བུམ་


DKG097_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ནང་དུ་བཅུག་སྟེ། འཕགས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་གཟུགས་བྱས་པའི་མདུན་དུ་བཞག་ནས་སྔགས་ལན་སྟོང་རྩ་བརྒྱད་ཀྱིས་བཏབ་སྟེ་ལུས་ལ་བསྐུས་སམ་དཔྲལ་བར་ཐིག་ལེ་བྱས་ན། ལྷ་དང་། ཀླུ་དང་། འདྲེ་སྲིན་དང་། མི་དང་མི་མ་ཡིན་པ་ཐམས་ཅད་རབ་ཏུ་དགའ་བར་འགྱུར་རོ། །གལ་ཏེ་ལ་ལ་ཞིག་བཙོན་རར་ཆུད་པར་གྱུར་ན་ཕུག་རོན་དཀར་པོའི་རྟུག་པ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་ལག་པ་ལ་བསྐུས་ནས་བཙོན་ཆ་ལ་བྱུགས་ན་བཙོན་ཆ་དང་གྲོལ་བར་འགྱུར་རོ། །གལ་ཏེ་ཁྱོ་ཤུག་ཆུ་དང་མེ་བཞིན་དུ་མི་འདུམ་པར་གྱུར་ན་བྱ་ངུར་པའི་མཇུག་མ་བླངས་ཏེ། འཕགས་པ་སྙིང་རྗེ་ཆེན་པོ་དང་ལྡན་པའི་གཟུགས་བྱས་པའི་མདུན་དུ་སྔགས་ལན་སྟོང་རྩ་བརྒྱད་ཀྱིས་བཏབ་ནས་ལུས་ལ་བཏགས་ན། དེ་དག་ནམ་འཚོ་བའི་བར་དུ་གཅིག་ལ་གཅིག་དགའ་ཞིང་བྱམས་པ་དང་བཀུར་བར་འགྱུར་རོ། །ལོ་ཏོག་དང་འབྲས་བུ་རྣམས་ལ་སྲིན་བུ་ཞུགས་ཏེ་ཟ་བར་གྱུར་ན་སའམ་ཐལ་བའམ་བྱེ་མ་གཙང་མ་བླངས་ཏེ། ལན་སྟོང་རྩ་བརྒྱད་སྔགས་ཀྱིས་བཏབ་ནས་ཞིང་གི་ཕྱོགས་བཞིར་གཏོར་ན་སྲིན་བུ་རྣམས་འགྱེས་པར་འགྱུར་རོ། །ཆུ་གཙང་མ་ལ་སྔགས་ཀྱིས་བཏབ་སྟེ་འབྲས་བུའི་ལྗོན་ཤིང་ལ་གཏོར་ན་སྲིན་བུ་འབྲས་བུ་ལ་ཟ་བའི་ཐུག་མི་ཐུབ་བོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཤ་ར་མ་ཧཱ་ཤ་ར། ཏུ་ལུ་མ་ཧཱ་ཏུ་ལུ། ཨོྃ་ཀུ་མེ་ཧ་ནི་ཤ་པ། ཨོྃ་ཀུ་མེ་ཧ་ནི་ཤ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་ལ་ཞིག་འབྲུ་དཀོན་པའི་གནས་སུ་ཕྱིན་ཏེ། མུ་གེ་བྱུང་ནས་ཟན་ཆད་པར་གྱུར་ན་ཁྱེད་ཀྱིས་མིག་བཙུམས་ནས་ལུས་དྲང་པོར་བསྲང་སྟེ། སེམས་རྩེ་གཅིག་ཏུ་གཟུངས་སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ནས་མིག་ཕྱེ་ཤིག་དང་། ལྷ་རྣམས་ཀྱིས་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་སྣོད་བཀང་ནས་ཁྱེར་ཏེ་འོང་བར་འགྱུར་རོ། །གལ་ཏེ་ཁྱིམ་ན་གནས་པའི་ཚེ་དགོས་པར་གྱུར་ན་སྣོད་གཙང་མ་སྟོང་པ་མདུན་དུ་བཞག་ནས་མིག་བཙུམས་ཏེ་ཁ་ཆུས་བཀང་ནས་ལྕང་མའི་ལྕུག་མ་དང་རྔ་ཡབ་དང་ལྷུང་བཟེད་ལ་གཏོར་བར་བྱའོ། །ཆུས་གཏོར་ཟིན་ནས་མིག་བཙུམས་ཏེ་གཟུངས་འདི་ལན་བཞི་བཅུ་རྩ་དགུ་བཟླས་ན་རང་གི་


DKG097_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ངང་གིས་རོ་བརྒྱ་དང་ལྡན་པའི་ཟས་སྣོད་ཀུན་གང་བ་འབྱུང་བར་འགྱུར་བས་བླངས་ནས་ཞག་བདུན་གྱི་བར་དུ་བཟའ་བར་བྱ་སྟེ། དེ་ལྟར་ན་འདིའི་མཐུ་སྟོབས་ནི་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ། །ཟས་ཟོས་ཟིན་ནས་མིག་བཙུམས་ཏེ་ས་ར་ཁ་ཞེས་བརྗོད་ནས་ཟས་ཀྱི་ལྷག་མ་ཡང་སྤང་བར་བྱའོ། །ཟས་ཟོས་ཏེ་ལྟོར་མིད་ནས་ཀྱང་མྱུར་དུ་འཇུ་བར་འགྱུར་བས་སྟོབས་དང་ལྡན་ཞིང་བདེ་བ་འཐོབ་པར་འགྱུར། ཐོགས་པ་མེད་པའི་སྤོབས་པ་འཐོབ་པར་འགྱུར་རོ། །ཀུན་དགའ་བོ་ཐོས་པ་འཛིན་པར་འགྱུར་བའི་གཟུངས་ནི་འདི་ཡིན་ཏེ། ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿཨཱ་དན་ནི་ཡ། ཨུག་ཙི་དུ་ཨུག་ཙི་དུ། མ་ཏི་ལ་ལི་ལ། ལ་ལུ་ཏེ་ན་མ་ནི་མི་ཏི་ན་མ་སྭཱ་ཧཱ། གཟུངས་འདི་འཛིན་པས་ཕྱོགས་བཞི་ནས་རྒྱུན་ཆད་པའི་རིའི་རྩེ་མོར་དཀྱིལ་འཁོར་བྱས་ནས་མཚམས་བཅད་དེ་ལུས་བསྲུངས་ནས། ཁར་བའི་ལྷུང་བཟེད་ཆུང་ངུ་ཅིག་ཁྲོན་པའི་ཆུ་གཙང་མས་བཀང་སྟེ་མདུན་དུ་བཞག་ནས་གཟུངས་སྔགས་བཟླས་ནས། གདོན་མི་ཟ་བར་སྐར་མ་གསལ་བ་གཅིག་འོང་བར་འགྱུར་བས། འོད་པའི་ཚེ་འཇིགས་པ་མི་བསྐྱེད་པར་སེམས་བདེ་བར་མཉམ་པར་བཞག་ནས་སེམས་རྩེ་གཅིག་ཏུ་གཟུངས་སྔགས་འདོན་པར་བྱེད་ན། དབང་པོ་རྣོ་ཞིང་ཤེས་རབ་དང་ལྡན་པར་འགྱུར་བས་མི་ཤེས་པ་ཅི་ཡང་མེད་པར་འགྱུར། འཇིག་རྟེན་པའི་ལམ་གྱི་ཆོས་ཀྱང་མི་རྟོགས་པ་ཅི་ཡང་མེད་པར་འགྱུར་རོ། །ཐོས་པ་རྒྱུད་པའི་ཚེ་སྐར་མ་མཆོག་ཏུ་གསལ་བ་གཅིག་ལྷུང་བཟེད་ཀྱི་ཆུའི་ནང་དུ་འོང་བར་འདུ་ཤེས་བསྐྱེད་པར་བྱའོ།། །།བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོ་རྒྱ་ཆེར་ཡོངས་སུ་རྫོགས་པའི་གཟུངས།བམ་པོ་གཉིས་པ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གུས་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་སྔོན་བསམ་གྱིས་མི་ཁྱབ་པའི་བསོད་ནམས་བསགས་པའི་རྒྱུ་དང་རྐྱེན་གྱིས། དེང་བཅོམ་ལྡན་འདས་ཀྱིས་བདག་ལ་ལུང་བསྟན་པར་མཛད་པ་དང་། བདག་སྙིང་རྗེ་ཆེན་པོ་བསྐྱེད་ནས་


DKG097_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་སྨན་པར་བགྱི་བ་དང་། བཅིང་བ་མཐའ་དག་གཅད་པ་དང་། འཇིགས་པ་ཐམས་ཅད་ཞི་བར་འགྱུར་བར་བཞེད་པ་ལགས་པས། དེང་བདག་གིས་ཡུམ་ཞེས་བགྱི་བའི་གཟུངས་བཤད་པར་འཚལ་ཏེ། དུས་ཐ་མའི་སེམས་ཅན་རྣམས་ཡུམ་ཞེས་བགྱི་བའི་གཟུངས་འདི་ཐོས་པའི་བྱིན་གྱི་བརླབས་ཀྱི་མཐུས་དེ་དག་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་དང་བྲལ་ནས་བདེ་བའི་འབྲས་བུ་ཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་དུས་ལྔ་བརྒྱ་ཐ་མ་ལ་ཡུལ་ལམ། གྲོང་ངམ་གྲོང་ཁྱེར་རམ། གྲོང་རྡལ་གང་ཡང་རུང་བ་དག་ཏུ་དགེ་སློང་ངམ། དགེ་སློང་མ་འམ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་ལ་སོགས་པས་རྟག་པར་གདུགས་མཚན་ལན་དྲུག་ཏུ་ཆོས་བཞིན་དུ་ཡུམ་ཞེས་བགྱི་བའི་གཟུངས་སྔགས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཀློག་ཅིང་འདོན་པ་དང་། ཡོངས་སུ་འཛིན་པར་བགྱིད་ན། བདག་དེ་བཞིན་གཤེགས་པའི་བཀའ་དྲིན་རྗེས་སུ་དྲན་ཞིང་གཟོ་བའི་སླད་དུ་རྟག་པར་རྗེས་སུ་འབྲངས་ནས། གང་ཟག་དེ་དག་ཡོངས་སུ་སྲུང་བར་བགྱིད་ཅིང་སྤོང་བར་མི་བགྱིད་པས་འདྲེ་སྲིན་ཐམས་ཅད་ཀྱིས་གནོད་པར་བགྱིད་པར་མི་འགྱུར་ལགས་སོ། །གཞན་ཡང་ཚེ་རབས་ཀྱི་སྒྲིབ་པ་ལྕི་བ་ཐམས་ཅད་ཀྱང་དུས་གཅིག་ཏུ་ཡོངས་སུ་འབྱང་བར་འགྱུར། གཟུངས་སྔགས་ཀྱི་དཀྱིལ་འཁོར་དང་། ཕྱག་རྒྱའི་ཆོས་ཀྱི་སྒོ་ཐམས་ཅད་ཀྱང་མྱུར་དུ་ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སླད་མའི་དུས་ལྔ་བརྒྱ་ཐ་མའི་སེམས་ཅན་རྣམས་ནི་ཕལ་ཆེར་སྡིག་པའི་དྲི་མ་ལྷུན་སྟུག་ཅིང་བསོད་ནམས་ཆུང་བས་ཡོངས་སུ་འཛིན་པར་བགྱིད་པ་ཞིག་མཆིས་ན་ཡང་འདྲེ་སྲིན་དག་གིས་གནོད་པ་བགྱིད་པས། དེང་བདག་བཅོམ་ལྡན་འདས་ཀྱི་བྱིན་གྱི་བརླབས་ཀྱིས་སེམས་ཅན་རྣམས་ལ་རྒྱ་ཆེར་སྨན་པར་བགྱི་བ་དང་། སེམས་ཅན་རྣམས་ལ་བདེ་བར་བགྱིད་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་ཆེད་དུ་གཟུངས་ཀྱི་ཆོས་བཤད་པར་འཚལ་ཏེ། བདག་གིས་སྔོན་འདས་པའི་བསྐལ་པ་ཚད་མ་མཆིས་པ་སྙེད་ཀྱི་བར་དུ་གཟུངས་ཀྱི་ཆོས་འདི་ལ་བསྟེན་ཅིང་མཆོད་པ་བགྱིས་ལགས་སོ། །འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་


DKG097_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ཀྱི་བར་དག་ཀྱང་ཡུམ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདིའི་རྒྱུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་བར་བརྙེས་པ་ལགས་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་སེམས་རྩེ་གཅིག་ཏུ་ཡུམ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་འདོན་ཅིང་ཀློག་པ་དང་། ཡོངས་སུ་འཛིན་པར་བགྱིད་ན་དེ་དག་ཚེ་འདི་ཉིད་ལ་ཚིག་གི་སྤོབས་པ་མྱུར་ཞིང་ཐོགས་པ་མ་མཆིས་པ་དང་། ཤེས་རབ་དང་སྤོབས་པ་མངོན་པར་རྟོགས་པར་འགྱུར་བས། ལྷ་དང་མིའི་འཁོར་མང་པོའི་ནང་ན་མཆོག་ཏུ་འགྱུར། གང་དག་ཐོས་པ་རྣམས་ཀྱང་རབ་ཏུ་དགའ་ཞིང་ཐམས་ཅད་ཀྱིས་སྤྱི་བོ་བཏུད་དེ་ཕྱག་བགྱིད་པར་འགྱུར། སྐྱེ་བ་ཐམས་ཅད་དུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་མཐོང་བར་འགྱུར། གང་ཅི་སྨྲས་ཀྱང་རུང་སྟེ། ཐམས་ཅད་ཀྱིས་ཡིད་ཆེས་པས་ཉེན་པར་འགྱུར་ལགས་ཏེ། དེ་དག་ཐམས་ཅད་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱིན་གྱི་བརླབས་ཀྱི་མཐུ་ལགས་ཏེ། རང་ཉིད་ཀྱི་མཐུ་ནི་མ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཁྱོད་ཀྱིས་འདི་ལྟར་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་དེ་དག་ཐམས་ཅད་ལ་ཕན་པ་དང་། བདེ་བར་བྱ་བ་དང་། ལས་ཀྱི་ལམ་ཡོངས་སུ་སྦྱང་བའི་ཆེད་དུ་སྨྲས་པ་ལེགས་སོ་ལེགས་སོ་ཞེས་བསྔགས་པ་བརྗོད་ནས། ངས་ཀྱང་དེང་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་ནས། ཁྱོད་བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་ལ་སོགས་པའི་སེམས་རྣམ་པ་སྣ་ཚོགས་ལས་གཏན་དུ་ལྡོག་པར་མི་འགྱུར་བར་བྱའོ་ཞེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་མངོན་པར་དྲན་ལགས་ཏེ། འདས་པའི་བསྐལ་པ་ཚད་མ་མཆིས་པ་ནས་ཡུམ་ཞེས་བགྱི་བའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་ཡོངས་སུ་བཟུང་བས་རི་བོ་པོ་ཊ་ལ་ལ་མཆིས་པའི་ཚེ་བདུད་ཀྱི་རྒྱལ་པོས་བདུད་ཀྱི་འཁོར་མང་པོ་དང་འགྲོགས་ནས་བདག་གི་ཆོས་དཀྲུག་ཅིང་། སྔགས་ཀྱི་ཚིག་རྣམས་མངོན་པར་མི་འགྲུབ་པར་བགྱི་བར་བཤམས་པ་ལས། དེའི་ཚེ་བདག་གིས་ཡུམ་ཞེས་བགྱི་བའི་གཟུངས་འདིས་བདུད་མང་པོ་རྣམས་བཏུལ་


DKG097_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐམས་ཅད་སོ་སོར་གྱེས་པར་གྱུར་པས། གཟུངས་འདིའི་མཐུ་བསམ་གྱིས་མི་ཁྱབ་པར་རིག་པར་བགྱི་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བྱམས་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཕན་གདགས་ཤིང་། ལྷ་དང་མི་རྣམས་བདེ་བ་ཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དང་འཁོར་འདུས་པ་ཆེན་པོའི་མདུན་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པའི་ཡུམ་ཞེས་བྱ་བའི་གཟུངས་ལུས་པོ་ཆེའི་སྔགས་འདི་སྨྲས་སོ། །ན་མཿསརྦ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ྅་མི་ཏཱ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ། པྲཔྟཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་བི་པུ་ལ་བི་མ་ན་སུ་པྲ་ཏིཥྛི་ཏ་སྃ་གྷཱ་ཡ། སཱུཪྱ་ཤ་ཏ་ས་ཧ་སྲ་ཨ་ཏི་རེ་ཀ་པྲ་བྷཱ་ཨ་བ་བྷཱ་སི་ཏེ་རྨཱུརྟ་ཡེ། མ་ཧཱ་མ་ཎི་མ་ཀུ་ཊ་ཀུཎྜ་ལཱ་ལཾ་ཀཱ་ར་དྷཱ་ར་ཎཱི། བྷ་ག་བ་ཏེ་པདྨ་པཱ་ཎ་ཡེ། སརྦ་ལོ་ཀ་ཨུ་པཱ་ཤ་མ་ནཱ་ཡ། བི་བི་དྷ་མུ་ཁ་ས་མ་བེ་ཥ་བིཥྚ་སརྦ་སཏྭ་པ་རི་མོ་ཙ་ཀཱ་ཡ། ཏདྱ་ཐཱ། ཨོཾ་བྷུརྦྷུ་བ། མ་ཧཱ་ལོ་ཀ་ཀ་ར་ཎ་ནཱ་ཐ་མ་སིདྡྷེ་མི་ར་བྷ་དྲ་བི་ནཱ་ཤ་ནཱ་ཀ་རཱ་ཡ། རཱ་ག་དྭེ་ཥ་མོ་ཧ་ཛྭ་ལ་ཤ་མ་ཀ། ཤ་ས་ཀ་ས་མཱ་ཤྭཱ་ས་ན་ཀ་ར་ཀ་སརྦ་པཱ་པ་དུརྒ་ཏེ་པྲ་ཤ་མ་ན་ཀ་རཱ་ཡ། སརྦ་ཏ་ཐཱ་ག་ཏ་སམྦ་ད་ན་ཀ་ར། ཧེ་ཧེ། མ་ཧཱ་བོ་དྷི་ས་ཏྭ་བ་ར་ད་པདྨ་ལོ་ཀ་སཾ་བྷཱུ་ཏ། མ་ཧཱ་ཀཱ་རུ་ཎི་ཀ་ཛ་ཊ་མུ་ཀུ་ཊཱ་ལཾ་ཀྲྀ་ཏ་ཤ་རཱི་རཾ། མ་ཎི་ཀ་ན་ཀ་ཤ་ཏ། བཛྲ་བེེ་རཱུརྱཱ་ལཾ་ཀྲྀ་ཏ་ཤ་རཱེ་རཾ། ཨ་མི་ཏཱ་བྷ་སི་ན་ཀ་མ་ལཱ་ལཾ་ཀྲྀ་ཏ་པྲ་བྷ་ར་ཎ། ལ་རི་ཙ་ན་མ་ཧཱ་དུ་ན། ན་ར་ན་རི་ཤ་ཏ་ས་ཧ་སྲ། ཨ་བྷི་ལ་ཥཱི་ཏ་ཀཱ་ཡ། མ་ཧཱ་བོ་དྷི་ས་ཏྭཱ་ཡ། བི་དྷ་མ་བི་དྷ་མ། བི་ནཱ་ཤ་ཡ་བི་ནཱ་ཤ་ཡ། མ་ཧཱ་ཡནྟྲི་ཀླེ་ཤ་ཀ་བ་དྷ། ཨ་བ་བ་དྷ་བི་བི་དྷ་སཏྭ་སཾ་སཱ་ར་ཙཱ་ར་ཀ་པྲ་མ་ཐཱ་ན། པུ་རུ་ཥ་པདྨ་པུ་རུ་ཥ་ནཱ་ག། པུ་རུ་ཥ་སཱ་ག་ར། པུ་རུ་ཥ་སིཾ་ཧ། བཱི་ར་བཱི་རཱ་ཤཱ་ཡ། སུ་ཡནྟ་སུ་ཡནྟ།


DKG097_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བ་ར་བ་ར། དྷ་མ་དྷ་མ། ས་མ་ས་མ། དྷུ་རུ་དྷུ་རུ། པྲ་ཤཱ་ས་ཡ། པྲ་ཤཱ་ས་ཡ། གི་རི་གི་རི། བི་རི་བི་རི། ཙི་རི་ཙི་རི། མུ་རུ་མུ་རུ། མུ་ཡུ་མུ་ཡུ། མུ་ཡ་མུ་ཡ། མུཉྩ་མུཉྩ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། དྷུ་རུ་དྷུ་རུ། གཱ་ཡ་གཱ་ཡ། གཱ་དྷ་ཡ་གཱ་དྷ་ཡ། ཧ་ས་ཧ་ས། པྲ་ཧ་ས་པྲ་ཧ་ས། བི་བྷི་དྷ་ཀླེ་ཤ་བཱ་ས་ན། བདག་མིང་འདི་ཞེས་བྱ་བའི། ཧ་ར་ཧ་ར། སཾ་ཧ་ར་སཾ་ཧ་ར། དུ་རུ་ཏི་དུ་རུ་ཏི། མ་ཧཱ་མནྟྲ་དུ་རུ་ཏི། ཀརྞྞ་ཤ་ཏ་པ་ར་སི་ཀ་བྷ་བ་བི་ས་ན། ཤ་མ་ཀ་མ་ཧཱ་བོ་དྷི་སཏྭ་བ་ར་ད་སྭཱ་ཧཱ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་པདྨ་ཆེན་པོའི་ཕྱག་རིན་པོ་ཆེའི་བཀོད་པའི་ཁར་བའི་ཡུམ་ཞེས་བྱ་བའི་གཟུངས་འདི་སྨྲས་མ་ཐག་ཏུ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷའི་གནས་ཀྱི་བར་དག་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་པར་གྱུར་ཏོ། །ལྷ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་མེ་ཏོག་གི་ཆར་མངོན་པར་ཕབ་པོ། །འོག་མིན་གྱི་ལྷ་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱང་གཡོ་ཞིང་མི་བདེ་བས་ཤིན་ཏུ་འཇིགས་ཤིང་དངངས་པར་གྱུར་ཏོ། །གནོད་སྦྱིན་དང་། སྲིན་པོ་དང་། འདྲེ་གདོན་མ་རུངས་པ་ཐམས་ཅད་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བའི་སྒྲ་སྐད་ཆེན་པོ་ཕྱུང་ནས་ཤར་ནུབ་ཏུ་འབྱེར་ཞིང་བྲོས་ཀྱང་གང་དུ་འགྲོ་བའི་གནས་ཀྱང་རིག་ཅིང་རྙེད་པར་མ་གྱུར་ཏོ། །དེ་ནས་སྤྲུལ་པའི་བྱང་ཆུབ་སེམས་དཔའ་འཁོར་མང་པོ་རྣམས་དང་། འདྲེ་སྲིན་མ་རུངས་པ་ཐམས་ཅད་ལ་གང་གིས་བདག་གི་རིག་སྔགས་ལས་འདའ་ཞིང་རྗེས་སུ་འབྲང་བར་མི་བྱེད་ན། དེ་དག་གི་ལུས་ཀྱི་ཡན་ལག་དང་། ཉིད་ལག་ཐམས་ཅད་རབ་ཏུ་ན་ཞིང་འཇིག་པར་འགྱུར་རོ། །རིག་སྔགས་འདིས་ནི་རི་རྣམས་འཇོམས་ཤིང་རྒྱ་མཚོ་ཆེན་པོ་སྐེམས་པར་བྱེད་དོ། །ལྷ་མ་ཡིན་གྱི་དམག་རྣམས་རྣམ་པར་བཅོམ་ནས་ཕམ་པར་བྱེད་དོ། །ཡུལ་འཁོར་རྣམས་དང། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་རྣམས་ཡོངས་སུ་


DKG097_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བར་བྱེད་དོ། །འདྲེ་གདོན་དང་། ནད་དང་། སྨན་གྱི་དུག་དང་། སྲིན་བུའི་དུག་དང་། ལོག་པ་དང་། མ་རུངས་པའི་མི་རྣམས་ཕམ་ཞིང་རབ་ཏུ་ཞི་བར་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བཏུལ་ནས་རབ་ཏུ་དུལ་བར་བྱེད་དོ་ཞེས་སྨྲས་པ་དང་། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོའི་ཕོ་བྲང་རབ་ཏུ་དགའ་བ་ན་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་མཆོག་ཏུ་བཙུན་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའམ་ཅི་ལ་སོགས་པའི་འཁོར་སངས་རྒྱས་ཀྱི་ཆོས་ལ་གནས་པ་ཚད་མེད་པ་ཐམས་ཅད་ཀྱིས་ཀྱང་དུས་གཅིག་ཏུ་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིག་སྔགས་འདིས་ནི་སྒྲིབ་པའི་རི་བོ་ཤིན་ཏུ་རྒྱ་ཆེ་བདག་ཀྱང་རྣམ་པར་འཇོམས་པར་བགྱིད་པས་གང་ལ་ལ་ཞིག་ཉན་ཏམ། ཀློག་གམ། འདོན་ཏམ། ཡོངས་སུ་འཛིན་པར་བགྱིད་དམ། མཐོང་བར་གྱུར་ན། དེ་དག་ལ་ཉོན་མོངས་པའི་སྒྲིབ་པ་ནག་པོ་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་ཞུ་བྱང་བར་འགྱུར་ལགས་སོ། །གཞན་ཡང་གང་ལ་ལ་ཞིག་རྟག་པར་ནང་པར་ལངས་ནས་གུས་པའི་སེམས་ཀྱིས་ཡུམ་གྱི་གཟུངས་འདི་ལན་ཉི་ཤུ་རྩ་གཅིག་ཀློག་གམ། འདོན་པར་བགྱིད་ན། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཉིད་རྟག་པར་དེའི་རྗེས་སུ་འབྲངས་ནས་ཡོངས་སུ་བསྲུང་བ་བགྱིད་ཅིང་། ཡོངས་སུ་སྐྱོབ་པར་བགྱིད་དོ། །གང་ལ་ལ་ཞིག་སྨོན་ལམ་རྒྱ་ཆེན་པོ་དང་། ཏིང་ངེ་འཛིན་གྱི་སྒོ་ཆེན་པོ་ཐམས་ཅད་མྱུར་དུ་འགྲུབ་པར་འཚལ་ན། གཅིག་པུ་གནས་དབེན་པར་མཆིས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་དྲན་པར་བགྱི་ཞིང་། གཞན་ཡིད་ལ་མི་བགྱི་བར་རྟག་པར་གཟུངས་འདི་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ན་སྨོན་ལམ་རྣམས་མི་འགྲུབ་པ་གང་ཡང་མ་མཆིས་ལགས་སོ། །གཞན་ཡང་སེམས་ཅན་ཐམས་


DKG097_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་སྙིང་དྲུང་དུ་སྡུག་པར་འགྱུར། ངན་འགྲོའི་སྒོ་ཐམས་ཅད་དུ་ལྟུང་བར་མི་འགྱུར་ལགས་སོ། །མཆིས་ཀྱང་རུང་མ་མཆིས་ཀྱང་རུང་སྟེ། རྟག་པར་སངས་རྒྱས་མདུན་ན་བཞུགས་པར་འདུ་ཤེས་ཉེ་བར་བཞག་པར་གྱུར་ན། གང་ཟག་དེ་སྐྱེ་བའི་གནས་བྱེ་བ་བརྒྱ་སྟོང་ཚད་མ་མཆིས་པ་ཀུན་དུ་བསགས་པའི་སྡིག་པའི་ལས་ཅི་མཆིས་པ་དེ་དག་ཐམས་ཅད་ཞུ་བྱང་བར་འགྱུར། གང་ཟག་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་གི་བསོད་ནམས་ཕུན་སུམ་ཚོགས་པ་དག་ལ་ལོངས་སྤྱོད་པར་འགྱུར། སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་དུས་གཅིག་ཏུ་སྐྱེ་བར་འགྱུར། བཙུན་པ་ཁྱིམ་དག་ཏུ་སྐྱེ་བར་འགྱུར་ལགས་སོ། །གང་ལ་ལ་ཞིག་རྟག་པར་སྤོས་སམ། མེ་ཏོག་སྙིམ་པ་གང་ཙམ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཀྱི་མདུན་དུ་མངོན་པར་གཏོར་ནས། གཟུངས་འདི་ལན་ཉི་ཤུ་རྩ་གཅིག་འདོན་པར་བགྱིད་ན། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཡོན་ཏན་དང་སྙིང་རྗེ་ཆེན་པོའི་ཆོས་ཉིད་འཐོབ་པར་འགྱུར། གང་ཟག་དེ་འཇིག་རྟེན་ན་མཐར་གྱིས་མཐུ་ཆེན་པོ་མྱུར་དུ་མངོན་པར་འགྲུབ་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་རྟག་པར་བྱང་ཆུབ་སེམས་དཔའི་གདོང་དང་། མིག་དང་། མཚན་དང་། དཔེ་བྱད་ལ་རྣམ་པར་བལྟས་ཏེ། གཟུངས་འདི་ལན་སྟོང་རྩ་བརྒྱད་འདོན་པར་བགྱིད་ན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མྱུར་དུ་ལུས་མངོན་སུམ་དུ་བསྟན་ནས་རྣལ་འབྱོར་པས་མཐོང་བར་འགྱུར་བས་དྲི་མ་དང་བྲལ་ནས་ས་དང་པོ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར་བས་འོད་ཀྱིས་འཇིག་རྟེན་གྱི་ཁམས་གསལ་བར་བགྱིད་པར་འགྱུར། འཆི་བའི་དུས་ཀྱི་ཚེ་བསམ་གཏན་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་བཞིན་དུ་འཆི་བར་འགྱུར་བས་ཚེ་རབས་ཐམས་ཅད་དུ་སྔོན་གྱི་གནས་རྗེས་སུ་དྲན་པའི་ཤེས་རབ་འཐོབ་པར་འགྱུར། ཁ་ན་མ་ཐོ་བའི་སྡིག་པ་ཅི་མཆིས་པ་ཐམས་ཅད་ཀྱང་ཞུ་ཞིང་བྱང་བར་འགྱུར་


DKG097_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་སོ། །གཟུངས་འདི་ཡོངས་སུ་འཛིན་པར་འཚལ་བ་དེས་རྟག་པར་དཔྱིད་ཟླ་ར་བ་དང་། དབྱར་ཟླ་འབྲིང་པོ་དང་། སྟོན་ཟླ་ཐ་ཆུངས་ཚེས་གཅིག་ནས་ཚེས་བཅུའི་བར་དུ་གསོ་སྦྱོང་དང་། ཚུལ་ཁྲིམས་ལ་གནས་ནས་གོས་དཀར་པོ་གཙང་མ་བགོས་ཏེ། ཟས་དཀར་གསུམ་འཚལ་ནས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་ནམ། རིང་བསྲེལ་གྱི་མདུན་དུ་ཙནྡན་དཀར་པོའི་འཇིམ་པ་ལས་དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ་བགྱིས་ནས། མེ་ཏོག་དང་སྤོས་རྣམ་པ་སྣ་ཚོགས་དཀྱིལ་འཁོར་གྱི་ནང་དུ་གཏོར་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་སྤོས་ཀྱིས་བདུགས་ཏེ་ཞུགས་མར་གཏམས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པའི་སེམས་བསྐྱེད་དེ། རྟག་པར་གཟུངས་འདི་ལན་སྟོང་རྩ་བརྒྱད་འདོན་པར་བགྱིད་ན། ཚེས་བཅྭ་ལྔའི་ནུབ་མོ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཉིད་དཀྱིལ་འཁོར་ཀྱི་ནང་དུ་མཆི་བར་འགྱུར་བས། རྣལ་འབྱོར་བས་མཐོང་མ་ཐག་ཏུ་མཚམས་མ་མཆིས་པ་ལྔའི་ཁ་ན་མ་ཐོ་བ་ཤིན་ཏུ་ལྕི་བའི་སྒྲིབ་པ་ཅི་མཆིས་པ་ཐམས་ཅད་ཞུ་བྱང་ནས། ལུས་དང་། ངག་དང་། ཡིད་ཀྱི་ལས་ཐམས་ཅད་ཡོངས་སུ་དག་པར་འགྱུར་བས་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱི་མཐུ་དང་། དབང་བསྐུར་བའི་སའི་མཐུ་དང་། ཕ་རོལ་ཏུ་ཕྱིན་པའི་སའི་མཐུ་དང་། ཁྱད་པར་དུ་འཕགས་པའི་ཡེ་ཤེས་ཀྱིས་ཡང་འཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དགུང་ཆར་དབབ་པར་འཚལ་བར་གྱུར་ན། གནམ་དུ་བལྟས་ནས་གཟུངས་འདི་སྟོང་རྩ་བརྒྱད་འདོན་པར་བགྱིད་ན་ཟིལ་དངར་གྱི་ཆར་དུས་བཞིན་དུ་འབབ་པར་འགྱུར་ལགས་སོ། །དོག་ས་ལ་བལྟས་ནས་གཟུངས་འདི་ལན་སྟོང་རྩ་བརྒྱད་ཚང་བར་འདོན་པར་བགྱིད་ན་འབྲུ་རྣམ་པ་སྣ་ཚོགས་ལེགས་པར་འགྱུར་ལགས་སོ། །གཙང་པོ་དང་། ཆབ་མིག་སྐམས་པའི་དྲུང་དུ་གཟུངས་འདི་ལན་སྟོང་རྩ་བརྒྱད་འདོན་པར་བགྱིད་ན་ཆབ་འཕེལ་ཞིང་རྒྱས་པར་འགྱུར་ལགས་སོ། །བྲོ་ནད་ཀྱིས་ཐེབས་པ་


DKG097_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་མདུན་དུ་རང་གི་སུག་པ་ལག་པ་ལ་སྔགས་འདིས་ལན་བདུན་བསྔགས་ཏེ་སུག་པས་བྱབས་ན་འཚོ་བར་འགྱུར་ལགས་སོ། །གང་དྲན་པ་ཉམས་པའི་མདུན་དུ་གཟུངས་འདི་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་ཡང་དག་པའི་དྲན་པ་འཐོབ་པར་འགྱུར་ལགས་སོ། །གང་དག་བཀྲེས་སྐོམ་གྱིས་ཉེན་པའི་མདུན་དུ་དེའི་གདོང་ལ་བལྟས་ནས་གཟུངས་འདི་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་བཀྲེས་སྐོམ་གྱིས་ཉེན་པའི་འདུ་ཤེས་ངན་པ་ཐམས་ཅད་རབ་ཏུ་བསལ་བར་འགྱུར་ལགས་སོ། །གང་དག་མཚམས་དགུམ་པར་འཚལ་ན་རྫིང་ཆབ་ཀྱི་ནང་དུ་ཞུགས་ཏེ། ཆོས་བཞིན་དུ་གཟུངས་འདི་ཡོངས་སུ་རྫོགས་པར་བྲིས་ནས་རྒྱལ་མཚན་གྱི་ཁར་བཏགས་ན་དཔག་ཚད་བརྒྱ་ཚུན་ཆད་དུ་གདོན་བགེགས་ཅི་ཡང་མ་མཆིས་ཏེ། མཚམས་བཀུམ་པ་ཉིད་དུ་གྱུར་ནས་ཡོངས་སུ་བསྲུངས་པར་འགྱུར་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རྟག་པར་གདུགས་གཅིག་བཞིན་དུ་གཟུངས་འདི་ལན་སྟོང་རྩ་བརྒྱད་འདོན་པར་བགྱིད་ན། གང་ཟག་དེའི་བསོད་ནམས་བརྗོད་ཀྱིས་མི་ལང་བས་རིག་སྔགས་འཛིན་པ་དེ་དག་བཙུན་ཞིང་དབང་ཕྱུག་དང་ལྡན་པར་འགྱུར། གཞན་ཡང་སྐྱེ་བོ་མང་པོ་ཀུན་གྱིས་བྱམས་ཤིང་བསྙེན་བཀུར་བགྱིད་པར་འགྱུར། སྨོན་ལམ་རྣམས་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །གང་དག་བདུད་གདུལ་བར་འཚལ་ན་ཡུམ་གྱི་གཟུངས་འདི་བཟླས་ཏེ། གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་སྔགས་འདི་ལན་རེ་བཟླས་ཤིང་ལན་ཅིག་བསྲེག་པ་ལན་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ན་ཡོངས་སུ་བསལ་བར་འགྱུར་ལགས་སོ། །གལ་ཏེ་སྐྱེ་བོ་མང་པོ་ཐམས་ཅད་དགའ་བར་འཚལ་ན་རྟག་པར་ལྕང་མའི་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། གཡར་ཁར་བཅས་ན་ཐམས་ཅད་ཀྱིས་བྱམས་ཤིང་བཀུར་བར་འགྱུར་ལགས་སོ། །གང་དག་བདག་ཉིད་སྤོབས་པ་དང་། ཤེས་རབ་དང་ལྡན་པར་འཚལ་ན་ཤུ་དག་སྲང་གཅིག་ཕྱེ་


DKG097_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཏགས་ཏེ། ཆབ་མར་དང་སྦྲང་རྩི་དང་སྦྱར་ནས་རིལ་བུ་བགྱིས་ཏེ། ཡུམ་གྱི་གཟུངས་འདིས་མཚན་མ་གསུམ་པོ་འདི་ལྟ་སྟེ། དྲོད་དང་། དུད་པ་དང་། འོད་བྱུང་གི་བར་དུ་སྔགས་ཀྱིས་གདབ་པར་བགྱིའོ། །མཚན་མ་དེ་དག་ཐོབ་ནས་གདུགས་རེ་བཞིན་སྨན་གྱི་རིལ་བུ་ཙམ་བདུན་བདུན་འཚལ་ནས་སྙིང་གར་ཡང་བྱུག་པར་བགྱི་སྟེ། དེ་ལྟར་ཞག་བརྒྱའི་བར་དུ་འཚལ་ན་ཐོགས་པ་མ་མཆིས་པའི་སྤོབས་པ་འཐོབ་པར་འགྱུར་བས། བདག་ཉིད་ཀྱི་ལུས་བསྲུང་བའི་སླད་དུ་གདུགས་རེ་ཞིང་ཡུམ་གྱི་གཟུངས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ནས་ཕྱག་རྒྱ་རྣམ་པ་བཅུ་གཉིས་ཀྱང་བགྱིའོ། །དེ་ལ་དང་པོ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་ལུས་ཀུན་དུ་སྡུད་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སྔར་ལངས་ནས་འགྲེང་སྟེ། ལུས་དྲང་པོར་བསྲང་ནས་རྐང་པ་གཉིས་གཤིབས་ཏེ། རྐང་པ་གཡས་པ་ཅུང་ཟད་ཅིག་དགུག་པར་བགྱིའོ། །སྔར་སུག་པ་ལག་པ་གཡོན་པ་ཐུར་དུ་བརྐྱང་ནས་གུང་མོ་དང་སྲིན་ལག་གཉིས་བཀུག་སྟེ། ལག་མཐིལ་དུ་བཞག་ལ། མཐེའུ་ཆུང་དང་མཛུབ་མོ་དང་། མཐེ་བོང་ནི་ཡན་པར་བརྐྱང་སྟེ། ལག་མཐིལ་བཀན་ནས་གྱེན་དུ་ཕྱོགས་པར་བགྱིའོ། །དེའི་རྗེས་ལ་སུག་པ་གཡས་པ་ཡང་དེ་བཞིན་དུ་བགྱིས་ནས་གུང་མོ་བཀུག་སྟེ། ཕྲག་པ་དང་མཉམ་པར་བགྱིས་ནས་ལག་མཐིལ་མདུན་དུ་བལྟ་བར་བགྱི་སྟེ། འདི་ནི་ལུས་ཀུན་སྡུད་པའི་ཕྱག་རྒྱ་ཞེས་བགྱིའོ། །གལ་ཏེ་བདུད་དང་མུ་སྟེགས་ཅན་ལ་ལོག་པར་ལྟ་བའི་ཐིབས་པོ་བཅོམ་ནས་ཡང་དག་པའི་ལམ་དུ་གཟུད་པར་འཚལ་ན། ཕྱག་རྒྱ་འདི་བགྱིས་ནས་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ན་གདོན་མི་འཚལ་བར་སྨོན་པ་བཞིན་འགྲུབ་པར་འགྱུར་ལགས་སོ། །གཟུངས་ནི་འདི་ལྟ་སྟེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨ་བཏྟ། ཨབཏྟ། པ་རི་བཏྟེ། ཨེ་ཧི་ཨེ་ཧི་སྭཱ་ཧཱ། དེ་ལ་གཉིས་པ་བྱང་ཆུབ་སེམས་དཔའ་མིག་


DKG097_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དང་ལྡན་པའི་ཀུན་འཛིན་གྱི་གཟུངས་ཀྱི་ཕྱག་རྒྱ་ནི་འདི་ལགས་ཏེ། སྔ་མའི་ལུས་ཀུན་སྡུད་པའི་ཕྱག་རྒྱ་བཞིན་དུ་ཐལ་མོ་སྦྱར་ཏེ་སྙིང་གར་བཞག་ནས་སོར་མོ་ལྔ་བསྣོལ་མར་བཏང་སྟེ། གཡོན་པས་གཡས་པ་མནན་ནས་མཛུབ་མོ་གཉིས་དྲང་པོར་བསྒྲེང་སྟེ་རྩེ་མོ་ཕྲད་པར་བགྱིས་ལ། མཐེ་བོ་གཉིས་མཛུབ་མོ་གཉིས་ཀྱི་ཚིགས་པ་དང་པོ་ལ་མནན་ནས་ཅུང་ཟད་ཅིག་དབྱེ་བར་བགྱི་སྟེ། འདི་ནི་ཀུན་འཛིན་གྱི་གཟུངས་ཀྱི་ཕྱག་རྒྱ་ཞེས་བགྱིའོ། །ཕྱག་རྒྱ་འདི་བགྱིས་པར་གྱུར་ན་བསྐལ་པ་ཚད་མ་མཆིས་པ་ཚུན་ཆད་ཀྱི་འཁོར་བའི་སྡིག་པའི་ལས་ཅི་མཆིས་པ་ཐམས་ཅད་དུས་གཅིག་ཏུ་ཡོངས་སུ་བྱང་བར་འགྱུར། སླད་མའི་དུས་ཀྱི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་ཏུ་སྐྱེ་བར་འགྱུར་ལགས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་བྱང་ཆུབ་ཏུ་ཉེ་བའི་ཚེ་བདུད་ཀྱི་རྒྱལ་པོས་གླགས་བཙལ་བ་དང་། ཀུན་འཛིན་གྱི་གཟུངས་ཀྱི་ཕྱག་རྒྱ་འདི་མཛད་པས་ཤིན་ཏུ་བདེ་བའི་བསམ་གཏན་དང་ཏིང་ངེ་འཛིན་བརྙེས་པར་གྱུར་ཏོ། །གཟུངས་ནི་འདི་ལྟ་སྟེ། ཏདྱ་ཐཱ། སརྦ་དྷཱ་ར་ཎཱི། མཎྜ་ལ། ཨེ་ཧི་ཨེ་ཧི། པྲ་བྷཱ་ཤུདྡྷ། སཏྭཱ་ཡ་སྭཱ་ཧཱ། དེ་ལ་གསུམ་པ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་རྣམ་པར་ཐར་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་འདི་ལགས་ཏེ། སླར་བླ་གོས་ཕྲག་པ་གཅིག་ལ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྤྱི་བོར་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་བཀུག་སྟེ་རྩེ་མོ་སྤྲད་ལ་མཐེ་བོ་གཉིས་མཛུབ་མོའི་ཚིགས་གཉིས་པའི་སྟེང་དུ་བཀན་པར་བགྱི་སྟེ། ཆོས་ཀྱི་ཕྱག་རྒྱ་འདི་ནི་རྣམ་པར་ཐར་པ་དང་། བསམ་གཏན་དང་། ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཞེས་བགྱིའོ། །འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་ཆོས་འདི་མངོན་པར་བསྒྲུབས་པས་བསམ་གཏན་དང་། ཏིང་ངེ་འཛིན་དང་། རྣམ་པར་གྲོལ་བ་བརྙེས་པ་ལགས་ཏེ། རིག་སྔགས་ནི་སྔ་མ་དང་མཐུན་ལགས་སོ། །གང་ལ་ལ་ཞིག་གདུགས་རེ་བཞིན་དུ་ཕྱག་རྒྱ་འདི་


DKG097_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བགྱིས་ཏེ་མཆོད་པ་བགྱིས་ན་ཕྱོགས་བཅུའི་སངས་རྒྱས་རྣམས་མྱུར་དུ་མཐོང་བར་འགྱུར་རོ། །དེ་ལ་བཞི་པ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། ལངས་ནས་འགྲེང་སྟེ་རྐང་པ་གཉིས་གཤིབས་ནས་སྔར་གུང་མོ་དང་། སྲིན་ལག་དང་། མཐེའུ་ཆུང་རྣམས་རྒྱབ་སྤྲད་ལ་མཛུབ་མོ་གཉིས་བསྒྲེང་སྟེ་རྩེ་མོ་སྤྲད་ནས་མཐེ་བོང་གཉིས་མཛུབ་མོའི་ཚིགས་གཉིས་པའི་སྟེང་དུ་མནན་ཏེ། ལག་པ་གཉིས་ཀྱི་བར་དུ་ཚོན་སྣ་ལྔ་ཙམ་ཕྱེ་ནས་སྨིན་མཚམས་སུ་གཞག་པར་བགྱི་སྟེ། འདི་ནི་མིག་སྟོང་དང་ལྡན་པའི་ཕྱག་རྒྱ་ཞེས་བགྱིའོ། །ཕྱག་རྒྱའི་ཆོས་ཀྱི་སྒོ་འདི་བགྱིས་པར་གྱུར་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་གྱ་ནོམ་པའི་བྱེ་བ་ཕྲག་བརྒྱ་སྟོང་སྙེད་མཐོང་བར་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ཁམས་རེ་རེ་ནས་ཀྱང་བྱང་ཆུབ་སེམས་དཔའ་འབུམ་ཕྲག་བཅུ་དང་བཞི་སྟོང་རྣལ་འབྱོར་པ་དེའི་གྲོགས་བགྱིད་པར་འགྱུར་ལགས་སོ། །གང་དག་དཀྱིལ་འཁོར་གྱི་ཆོས་ཀྱི་སྒོར་ལན་གསུམ་མ་ཞུགས་པ་དེ་དག་གིས་ནི་ཕྱག་རྒྱའི་ཆོས་ཀྱི་སྒོ་འདི་མཐོང་དུ་ཡང་མི་རུང་ལ་ཆོ་ག་འདི་ཡང་བགྱིར་མི་རུང་ལགས་སོ། །རྟགས་མཐོང་བའི་བྱང་ཆུབ་སེམས་དཔའ་ཆོས་དང་ཡེ་ཤེས་ཀྱི་མངོན་པར་ཤེས་པ་གསལ་བ་ཅིག་ལགས་ན་ནི་ཅི་དང་ཅི་སྨོན་པ་དེ་དག་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །གཟུངས་ནི་འདི་ལྟ་སྟེ། ཨོཾ་སརྦ་ཙཀྵུཿཀ་རཱ་ཡ། དྷཱ་ར་ཎཱི། ཨིནྡྲཱ་ཡ་སྭཱ་ཧཱ། དེ་ལ་ལྔ་པ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་ལག་སྟོང་ཀུན་སྡུད་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། ལངས་ནས་སུག་པ་རྐང་པ་གཤིབས་ཏེ། སྔར་སུག་པ་ལག་པ་གཡས་པའི་ལག་མཐིལ་བཀང་ནས་སོར་མོ་ལྔ་སོ་སོར་ཕན་ཚུན་དུ་བསྙེན་ཏེ། དེའི་རྗེས་ལ་སུག་པ་ལག་པ་གཡོན་པའི་ལག་མཐིལ་གཡས་པའི་སྟེང་དུ་མནན་ནས་སྙིང་གར་འཇོག་པ་གང་ལགས་པ་འདི་ནི་ལག་སྟོང་ཀུན་སྡུད་པའི་ཕྱག་རྒྱ་ཞེས་བགྱི་སྟེ། འདིས་སྟོང་གསུམ་གྱི་སྟོང་ཆེན་པོའི་


DKG097_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་ཁམས་ན་བདུད་ཇི་སྙེད་མཆིས་པ་ཐམས་ཅད་སྡུད་ཅིང་འདུལ་བར་བགྱིད་ལགས་སོ། །གཟུངས་སྔགས་ནི་འདི་ལྟ་སྟེ། ཏདྱ་ཐཱ། ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། སརྦ་དུཥྚ་ཨོ་ཧཱ་ཡ་ནི་སྭཱ་ཧཱ། དེ་ལ་དྲུག་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པས་ཏིང་ངེ་འཛིན་རྟོགས་པར་འགྱུར་བའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་སྟེ་རྟིང་པ་གཉིས་སྤྲད་ནས། སྔར་སུག་པ་ལག་པ་གཡོན་པའི་སོར་མོ་བསྒྲེང་སྟེ་གུང་མོ་བཀུག་ནས་མདུན་དུ་ཕུལ་ལ། དེའི་རྗེས་ལ་སུག་པ་ལག་པ་གཡས་པའང་དེ་བཞིན་དུ་བགྱིས་ནས་གུང་མོ་བཀུག་སྟེ་ནང་ལོགས་སུ་ཕུལ་བ་འདི་ནི་ཏིང་ངེ་འཛིན་རྟོགས་པར་འགྱུར་བའི་ཕྱག་རྒྱ་ཞེས་བགྱི་བ་ལགས་ཏེ། འདིས་ཏིང་ངེ་འཛིན་དང་། ཡེ་ཤེས་ཀྱི་ཕྱག་རྒྱའི་བཀོད་པ་དང་། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་རྟོགས་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་མངོན་དུ་བགྱིད་པར་འགྱུར་ལགས་སོ། །རིག་སྔགས་ནི་སྔ་མ་ཉིད་བཟླ་བར་བགྱིའོ། །དེ་ལ་བདུན་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པས་ལྷ་ཀླུ་སྡེ་བརྒྱད་དང་། འདྲེ་སྲིན་རྣམས་དགུག་ཅིང་སྡུད་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་རྐང་པ་གཉིས་གཤིབས་ཏེ། སྔར་སུག་པ་ལག་པ་གཡོན་པའི་སྲིན་ལག་གིས་མཐེ་བོའི་སེན་མོ་ལ་རེག་པར་བགྱིས་ནས། དེའི་རྗེས་ལ་སུག་པ་ལག་པ་གཡས་པ་ཡང་དེ་བཞིན་དུ་བགྱིས་ཏེ། མཐེའུ་ཆུང་དང་གུང་མོ་གཉིས་དྲང་པོར་བསྒྲེང་ནས་རྩེ་མོ་ཕན་ཚུན་ཕྲད་པར་བགྱིས་ལ། ལག་ངར་གྱི་ཚིགས་གཉིས་སྦྱར་ནས་མཛུབ་མོ་ནི་ཕན་ཚུན་རྒྱུ་བར་བགྱིའོ། །རིག་སྔགས་ནི་འདི་ལྟ་སྟེ། ཨོཾ་སརྦ་དེ་བ་ནཱ་ག་ཨ་ན་རི་སྭཱ་ཧཱ། དེ་ལ་བརྒྱད་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པས་ཚངས་པ་ཆེན་པོ་དང་། བརྒྱ་བྱིན་ལྷའི་དབང་པོ་གཡར་དྲང་ནས་ཆོས་འདྲི་བའི་ཕྱག་རྒྱ་ནི་འདི་ལགས་ཏེ། ཕྱག་རྒྱ་སྔ་མའི་སྟེང་དུ་ལག་ངར་གྱི་ཚིགས་གཉིས་ཕྱེ་ནས། སུག་པ་ལག་པའི་ཟུར་སྤྲད་དེ། ལག་མཐིལ་བཀན་ལ་མཛུབ་མོ་ནི་ཕན་ཚུན་རྒྱུ་བར་བགྱིའོ། །རིག་སྔགས་ནི་འདི་ལྟ་སྟེ། ཨོཾ་མ་ཧཱ་བྲཧྨཱ་ཡ་


DKG097_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཨེ་ཧི་ཨེ་ཧི་སྭཱ་ཧཱ། ཕྱག་རྒྱ་དང་རིག་སྔགས་འདིས་ནི་གཟུངས་ཀྱི་ཕྱག་རྒྱའི་སྒོ་མོ་ཚད་མ་མཆིས་ཤིང་གྲངས་མ་མཆིས་པ་ཐམས་ཅད་ཡང་དག་པར་སྡུད་ཅིང་འདུ་བར་བགྱིའོ། །གལ་ཏེ་ཉི་ཟླ་ལ་གཟའ་ཞུགས་པར་གྱུར་ན། ཆབ་མར་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་གདབ་པར་བགྱིའོ། །ཡང་ན་ལན་ཉི་ཤུ་རྩ་གཅིག་སྔགས་བཟླ་བར་བགྱིའོ། །ཆབ་མར་ཕྱག་རྒྱས་བཏབ་སྟེ་འཚལ་ན་དབང་པོ་རྣོ་བར་འགྱུར་བས་གདུགས་གཅིག་ལ་ཤློ་ཀ་ཁྲི་ལོབས་པར་འགྱུར་ལགས་སོ། །ཕྱག་རྒྱའི་ཆོས་ཀྱི་སྒོ་མོ་འདི་ནི་དེ་བཞིན་གཤེགས་པ་ཉི་མའི་སྙིང་པོས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ་ལགས་སོ། །དེ་ལ་དགུ་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པའི་རབ་ཏུ་དགའ་བའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་སྙིང་གར་ཐལ་མོ་སྦྱར་ཏེ། མཐེ་བོང་གཉི་ག་ལག་མཐིལ་དུ་བཀུག་ནས་སོར་མོ་གཞན་བཞི་ནི་དྲང་པོར་བསྒྲེང་སྟ་སྙིང་གར་ཐལ་མོ་སྦྱར་ནས་རིག་སྔགས་སྔ་མ་འདོན་པར་བགྱིད་ན། གདོན་མི་འཚལ་བར་ལྷ་རྣམས་ཀྱི་གཞལ་མེད་ཁང་དག་ཏུ་འཇུག་པར་འགྱུར། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་སུ་ཀུན་ཏུ་རྒྱུ་ཞིང་རིན་པོ་ཆེ་བརྒྱད་སྟོང་བསམས་པ་བཞིན་ཐོབ་ནས་སངས་རྒྱས་རྣམས་ལ་མཆོད་པ་བགྱིད་པར་འགྱུར་ལགས་སོ། །གང་ལ་ལ་ཞིག་ཆོས་ཀྱི་སྒོ་འདི་མངོན་པར་སྒྲུབ་པ་གང་ལགས་པ་དེས་ནང་པར་སྔར་ལངས་ནས་ཁྲུས་ཡོངས་སུ་དག་པར་བགྱིས་ཏེ། ཕྱག་རྒྱ་འདི་བགྱིས་ན་ཕྱོགས་བཅུའི་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་མངོན་སུམ་དུ་མཐོང་ནས། བསྐལ་པ་ཚད་མ་མཆིས་པ་སྙེད་ཀྱི་འཁོར་བའི་ལས་ངན་པའི་ཁ་ན་མ་ཐོ་བ་ལྕི་བ་རྣམས་ཡོངས་སུ་བྱང་བར་འགྱུར་བས། དེའི་སླད་དུ་ཡོན་ཏན་འདི་ལྟ་བུའི་བསྔགས་པ་བརྗོད་པར་ལགས་སོ། །དེ་ལ་བཅུ་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པའི་སྨོན་པ་རྣམས་ཡིད་བཞིན་དུ་མངོན་པར་འགྲུབ་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། ཕྱག་རྒྱ་སྔ་མ་བཞིན་དུ་བགྱིས་པ་ལས། མཛུབ་མོ་གཉིས་བཀུག་སྟེ་མཐེ་བོང་གཉིས་ཀྱི་སེན་མོ་


DKG097_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

མནན་ནས་མཛུབ་མོའི་སེན་མོ་ནི་རྒྱབ་སྤྲད་པར་བགྱི་སྟེ། རིག་སྔགས་ནི་སྔ་མ་ཉིད་བཟླ་བར་བགྱིའོ། །དེ་ལྟར་བགྱིས་ན་སྨོན་པ་རྣམས་མངོན་པར་འགྲུབ་ཅིང་གདོན་མི་ཟ་བར་བྱང་ཆུབ་ཀྱི་ལམ་ལས་ལྡོག་པར་མི་འགྱུར་ལགས་སོ། །དེ་ལ་བཅུ་གཅིག་པ་བྱང་ཆུབ་སེམས་དཔའ་མིག་སྟོང་པའི་འགོག་པའི་སྙོམས་པར་འཇུག་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་འདི་ལགས་ཏེ། ཕྱག་རྒྱ་སྔ་མ་བཞིན་དུ་བགྱིས་པ་ལས་མཛུབ་མོ་ལྔ་དྲང་པོར་བསྒྲེང་སྟེ་ཐལ་མོ་དབྱེ་བར་བགྱིའོ། །ཕྱག་རྒྱ་འདི་ནི་བདག་སྔོན་རྒྱུའི་ས་ལ་གནས་པའི་ཚེ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་རྣམས་ཀྱིས་བདག་ལ་སྩལ་བས། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་མངོན་སུམ་དུ་གྱུར་པ་ལགས་ཏེ། རིག་སྔགས་ནི་སྔ་མ་ཉིད་བཟླ་བར་བགྱིའོ། །དེ་ལ་བཅུ་གཉིས་པ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པས་སངས་རྒྱས་སྤྱན་འདྲེན་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ནི་འདི་ལགས་ཏེ། ཕྱག་རྒྱ་སྔ་མ་བཞིན་དུ་སྙིང་གར་ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་ཕན་ཚུན་རྒྱུ་བར་བགྱིའོ། །རིག་སྔགས་ནི་འདི་ལྟ་སྟེ། ཨོཾ་སརྦ་བུདྡྷ་ས་མ་ཡ། ཨེ་ཧི་ཨེ་ཧི། བྲཧྨ་ཤུདྡྷ་སཏྭ་སྭཱ་ཧཱ། དེ་ལ་བྱང་ཆུབ་སེམས་དཔའ་མིག་སྟོང་ལག་སྟོང་དང་ལྡན་པའི་དཀྱིལ་འཁོར་འདྲི་བའི་ཆོ་ག་ནི་འདི་ལགས་ཏེ། བཅོམ་ལྡན་འདས་རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་ཡུམ་གྱི་དཀྱིལ་འཁོར་དང་། རིག་སྔགས་དང་། ཕྱག་རྒྱའི་ཆོས་འདིས་ནི་དུས་ཐ་མའི་དུས་ཀྱི་ཚེ་རིག་སྔགས་འཛིན་པ་རྣམས་དེ་བཞིན་གཤེགས་པའི་རིག་སྔགས་ཀྱི་གཟུངས་སྔགས་ཀྱི་དཀྱིལ་འཁོར་མཉམ་པའི་ཏིང་ངེ་འཛིན་ཐམས་ཅད་མྱུར་དུ་གསལ་བར་མཐོང་བར་འགྱུར་བར་བགྱིད་པས། རིག་སྔགས་འཛིན་པའི་གང་ཟག་གང་ལགས་པ་དེས་རྟག་པར་ངག་བསྡམས་ཏེ། བྲེ་མོའི་གཏམ་རྣམས་སྨྲ་བར་མི་བགྱིའོ། །གཟུངས་ལས་འབྱུང་བའི་རྫུ་འཕྲུལ་དང་། ཏིང་ངེ་འཛིན་དང་། མཚན་མ་ཡ་མཚན་ཅན་རྣམ་པ་སྣ་ཚོགས་གང་ལགས་པ་དེ་དག་མ་བརྟགས་པར་བབ་ཅོལ་དུ་བརྒྱུད་པར་མི་བགྱིའོ། །ཡོངས་སུ་དང་བའི་སེམས་ཀྱིས་དྲན་པ་ཉེ་བར་གཞག་ནས་


DKG097_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་ཙམ་དུ་ཡང་རྣམ་པར་གཡེང་བར་མི་བགྱིའོ། །གལ་ཏེ་ཁེ་ལ་གདུ་བས་སླད་རོལ་དུ་གཞན་དག་ལ་ཐ་དད་པའི་མཚན་མ་སྟོན་པར་བགྱིད་ན། སྡིག་པའི་ལས་སྦྱོང་བར་འཚལ་ཡང་དེ་དག་འགྲུབ་པར་མི་འགྱུར་ལགས་སོ། །གལ་ཏེ་ཡང་དག་པའི་ཡོངས་སུ་དང་བ་དང་། ཆོས་ཀྱི་བསམ་པ་གང་ལགས་པ་དེས་བསྒོམ་པར་མི་བགྱིད་ན། བགྱིས་པ་རྣམས་ཆབ་འཚལ་ཞིང་དོན་མ་མཆིས་པར་སྡུག་བསྔལ་སྣ་ཚོགས་མྱོང་བ་ཙམ་དུ་བས་ཀྱི། ནམས་ཀྱང་སྒྲུབ་པ་དག་མངོན་པར་འགྲུབ་པར་མི་འགྱུར་བས་རྟག་པར་ནན་ཏན་བརྩོན་འགྲུས་ཀྱིས་ཚུལ་ཁྲིམས་ཡོངས་སུ་དག་པར་བསྲུངས་ནས་དཀུ་བ་རྣམ་པ་ལྔ་དང་། ཤ་ཆང་འཚལ་བར་མི་བགྱིའོ། །གལ་ཏེ་དབྱེན་ཚིག་དང་། གཡོ་སྒྱུའི་ཚིག་དང་། ཕྲག་དོག་གི་ཚིག་སྨྲ་བར་གྱུར་ཏམ། དཀྱིལ་འཁོར་དང་། ཕྱག་རྒྱ་དང་། རིག་སྔགས་ཀྱི་ཆོ་ག་རྐུ་བའི་ནོངས་པ་འདི་དག་བྱུང་བར་གྱུར་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྤོང་བར་མཛད་པས། འདི་སྐད་དུ་ངས་ཁྱེད་སྲངས་པ་མ་ཡིན་ཡང་གཟིགས་ཤིང་ཡོངས་སུ་བསྡུ་བའི་འོས་མ་ཡིན་ནོ་ཞེས་གསུང་བར་འགྱུར་ཏེ། བཅོམ་ལྡན་འདས་གང་ཟག་དེ་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཡོངས་སུ་དག་པ་བཤིག་པ་དང་། དཀོན་མཆོག་གསུམ་དང་། ཡང་དག་པའི་ཆོས་དང་། དགེ་བའི་མཚན་ཉིད་ཐམས་ཅད་ལ་སྐུར་ཅིང་འཇིག་པར་བགྱིད་པ་ལགས་པས། དེ་ལྟ་བུའི་གང་ཟག་དེ་དག་ནི་རྟག་པར་ལྷའི་བུའི་བདུད་དང་། འདྲེ་གདོན་ཐམས་ཅད་དང་། མུ་སྟེགས་ཅན་རྣམས་དང་། བྱི་ནཱ་ཡ་ཀ་རྣམས་དང་། ཁམས་གཅིག་ཏུ་བསྡུ་བ་དང། ལས་གཅིག་ལ་གནས་པ་དང་། གཏན་དུ་སྐྱབས་མ་མཆིས་པར་གྱུར་པ་ལགས་པས། འཕགས་པ་རྣམས་ཀྱིས་ཡོངས་སུ་སྐྱོབ་པར་མི་མཛད་ཅིང་། རྟག་པར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། འཕགས་པ་དང་། ལྷ་དང་། དྲང་སྲོང་ཐམས་ཅད་ཀྱིས་དམོད་པར་འགྱུར་བར་རིག་པར་བགྱི་ལགས་སོ། །ལམ་སུན་འབྱིན་ཅིང་


DKG097_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འཇིག་པར་བགྱིད་པའི་གང་ཟག་དེ་ལྟ་བུ་དེ་དག་གདུགས་མཚན་དུ་རྟག་པར་གཟུངས་འདི་རྗེས་སུ་དྲན་པར་བགྱིད་ཀྱང་། བཅོམ་ལྡན་འདས་བདག་གིས་གང་ཟག་དེ་དག་ནམས་ཀྱང་འགྲུབ་པར་མི་འགྱུར་བར་མཐོང་ལགས་ཏེ། དེ་ལྟར་མི་འགྲུབ་པ་དེ་ཡང་བདག་གིས་ནོངས་པ་མ་ལགས་ཀྱི། དེ་དག་རང་ཉིད་ཀྱིས་ནོངས་སྐྱོན་ལགས་པས་དོན་དེའི་སླད་དུ་གཟུངས་འདིའི་ཆོ་ག་དང་། གླེགས་བམ་དེ་དག་གིས་མཐོང་ཞིང་ཐོས་པར་ཡང་མི་བགྱི། འདོན་ཅིང་འཛིན་དུ་སྩལ་བར་ཡང་མི་བགྱི་སྟེ། གང་དག་ཚངས་པར་སྤྱོད་པ་ཡོངས་སུ་དག་པ་སྲུང་བ་དང་། བྱམས་པ་དང་། སྙིང་རྗེའི་སེམས་དང་ལྡན་པ་དང་། སེམས་ཅན་ལ་སྙིང་བརྩེ་ཞིང་བྱང་ཆུབ་ཡོངས་སུ་གཉེར་བར་བགྱིད་པ་དག་གིས་ཡི་གེར་བྲིས་ནས་ཀློག་པ་དང་། འདོན་པ་དང་། ཡོངས་སུ་འཛིན་པར་གྱུར་ན། ཡུམ་གྱི་གཟུངས་ཀྱི་དཀྱིལ་འཁོར་མངོན་པར་འགྲུབ་པར་འགྱུར་བས་སོ། །ཆོས་ཀྱི་ཆོ་ག་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གིས་མཆོག་ཏུ་གསང་བའི་སྙིང་པོ་ལགས་པའི་སླད་དུ་རིག་སྔགས་འཛིན་པས་ཡང་དག་པའི་སེམས་དང་། བརྩོན་འགྲུས་ཀྱི་སེམས་ཀྱིས་ལུས་ཀྱི་ཡན་ལག་དང་། ཉིང་ལག་དང་། རུས་པ་དང་། ཤ་དང། རྩ་རྒྱུས་དང་། རྐང་དང་། མགོ་དང་། མིག་ལ་སོགས་པ་ཡང་ཡོངས་སུ་སྤངས་ནས་གཞན་དག་ལ་སྩལ་ཏེ། ཆོས་འདི་ཡོངས་སུ་གཉེར་ནས་རྟག་པར་ནན་ཏན་བརྩོན་འགྲུས་ཀྱིས་མངོན་པར་སྒྲུབ་པར་འཚལ་ན་རིན་པོ་ཆེ་དང་། འབྲུ་དང་། དར་ཟབ་དང། གོས་དང་། མལ་ཆ་དང་། སྨན་དང་། ནོར་རྫས་རྣམ་པ་སྣ་ཚོགས་རྣམ་པར་གྲོལ་བའི་ཡུམ་གྱི་གཟུངས་དང་། དཀྱིལ་འཁོར་དང་། ཕྱག་རྒྱའི་གཟུགས་བརྙན་གྱི་ཆོས་ཀྱི་ཆེད་དུ་གཏོང་བ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སློབ་དཔོན་གྱིས་བསྟན་པ་ཇི་ལྟ་བ་བཞིན་དུ་སེམས་རྩེ་གཅིག་ཏུ་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རྣམ་པར་གྲོལ་བའི་གཟུངས་ཀྱི་ཆོས་འདི་ནི་སླད་མའི་དུས་ཐ་མའི་ཚེ་སེམས་ཅན་རྣམས་ལ་སངས་


DKG097_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་མཛད་པ་བགྱིས་ནས། ཡང་དག་པའི་སྤྱོད་པ་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་བརྩོན་འགྲུས་དང་། ལྟ་བས་བགྲོད་པའི་ཕྱོགས་དང་། རྣམ་པར་གྲོལ་བའི་ལམ་མངོན་པར་འགྲུབ་པར་བགྱིད་ཅིང་། དེ་དག་དུས་འདི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བའི་བར་དུ་ནམས་ཀྱང་ལྡོག་པར་མི་འགྱུར་བར་བགྱིད་པས་སོ། །དཀྱིལ་འཁོར་དེ་ཡང་གཙུག་ལག་ཁང་གི་ནང་ངམ། རིའམ། ཆབ་མིག་འབབ་པའམ། ནགས་ཚལ་གྱི་དྲུང་དུ་ཡང་རུང་སྟེ། ཉེ་འཁོར་ཀུན་དུ་ཁྲུ་གང་ཡན་ཆད་ནི་ཤིང་གི་རྩ་བ་དང་། དོག་ས་ངན་པ་དང་། གྱོ་མོ་དང་། གོར་མ་དང་། རུས་པ་ལ་སོགས་པ་ཅི་མཆིས་པ་བརྐོས་ཏེ་བསལ་ནས། དོག་ས་བཟང་པོ་ལས་རྨང་ཁྲུ་གང་ཙམ་དུ་བླངས་ཏེ་བརྡུངས་ནས་མཉམ་པོར་བགྱིས་ལ་བ་ལང་གི་ལྕི་བ་དང་། སྤོས་ཆབ་དོག་ས་སེར་པོ་དང་བསྲེས་ནས་འཇིམ་པ་བགྱིས་ཏེ་ལེགས་པར་བྱུག་ཅིང་ཞལ་ཞལ་བགྱིས་ནས་གླིང་ལྔར་བགོ་བར་བགྱིའོ། །དེ་ལ་དབུས་ཀྱི་གླིང་ནི་ཞེང་དུ་ཁྲུ་གསུམ་ཙམ་དུ་བགྱིས་ཏེ། དབུས་ཁོ་ནར་ཁྲུ་དོ་གྲུ་བཞི་ལྷམ་པར་མཆིས་པའི་རིན་པོ་ཆེའི་འཁོར་ལོ་རྩིབས་བརྒྱ་རྩ་བརྒྱད་དང་ལྡན་པ་ཅིག་བྲི་བར་བྱའོ། །གཞན་ཡང་འཁོར་ལོའི་དབུས་སུ་རིན་པོ་ཆེའི་པདྨ་ཁ་བྱེ་བ་འདབ་མ་སུམ་ཅུ་རྩ་གཉིས་མཆིས་པ་ཁྲུ་གང་བ་ཅིག་བྲི་བར་བགྱིའོ། །གཞན་ཡང་འཁོར་ལོའི་ཐ་མ་འཁོར་བར་འོད་འབར་བ་བྲི་བར་བྱའོ། །དེའི་རྗེས་ལ་གླིང་གི་གྲྭ་བཞིར་པདྨ་ཁ་བྱེ་བ་རེ་རེ་བྲི་བར་བགྱིའོ། །གཞན་ཡང་པདྨ་རེ་རེའི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་རེ་རེ་བྲིས་ནས། ནོར་བུ་བཞི་པོའི་སྟེང་དུ་འོད་འབར་བ་བྲི་བར་བགྱིའོ། །གཞན་ཡང་འདབ་མ་སུམ་ཅུ་རྩ་གཉིས་དང་ལྡན་པའི་པདྨ་དེའི་སྟེང་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་ཙནྡན་དཀར་པོ་ལས་བགྱིས་པ་ཅིག་གཞག་པར་བགྱིའོ། །དེ་ནས་གླིང་གཉིས་པ་ནི་ཞེང་དུ་ཁྲུ་གང་བར་བགྱིས་ནས། སྔར་གྲྭ་བཞིར་པདྨ་ཁ་བྱེ་བ་རེ་རེ་བྲི་བར་བགྱིའོ། །གཞན་ཡང་པདྨ་དེ་དག་རེ་རེའི་སྟེང་དུ་རི་རབ་ལྷུན་པོའི་སྟན་རིམ་


DKG097_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་མཆིས་པ་གསུམ་གསུམ་བྲིས་ནས་བྱང་ཤར་མཚམས་ཀྱི་སྟན་ལ་ནི་དབང་ཕྱུག་ཆེན་པོའི་ལྷ་བྲིའོ། །ཤར་ལྷོ་མཚམས་ཀྱི་སྟན་ལ་ནི་ལྷ་མཐུ་ཆེན་པོ་བྲིའོ། །ལྷོ་ནུབ་མཚམས་ཀྱི་སྟན་ལ་ནི་ཚངས་པ་ཆེན་པོ་བྲིའོ། །ནུབ་བྱང་མཚམས་ཀྱི་སྟན་ལ་ནི་བརྒྱ་བྱིན་བྲི་བར་བྱའོ། །གཞན་ཡང་ངོས་བཞིར་ནི་རིན་པོ་ཆེའི་མེ་ཏོག་དང་། ཕྲེང་བ་བཅུ་དྲུག་བྲི་བར་བགྱིའོ། །དེ་ནས་གླིང་གསུམ་པ་ནི་ཞེང་དུ་ཁྲུ་དོ་པར་བགྱིས་ཏེ་ས་གཞི་སྔོན་པོ་ལ་གསེར་གྱི་ཐིག་བཀྱེ་བ་འབའ་ཞིག་བྲི་བར་བགྱིའོ། །དེ་ནས་གླིང་བཞི་པ་ནི་ཞེང་དུ་ཁྲུ་གང་བར་བགྱིས་ཏེ། ངོས་བཞི་སྤྱི་ལ་བར་ཆད་ཉི་ཤུ་རྩ་བརྒྱད་དུ་བྱས་ནས་བར་ཆད་དུ་མ་བུ་རེ་རེའི་ནང་དུ་ཡང་པདྨ་ཁ་བྱེ་བ་རེ་རེ་བྲི་བར་བགྱིའོ། །གཞན་ཡང་གོ་རིམས་བཞིན་དུ་པདྨ་དེ་དག་རེ་རེའི་སྟེང་དུ་ཡང་རྡོ་རྗེ་ཐོ་བ་དང་། རྩེ་གསུམ་པའི་ཕྱག་རྒྱ་དང་། དགྲ་སྟའི་ཕྱག་རྒྱ་དང་། གྲིའི་ཕྱག་རྒྱ་དང་། རལ་གྲིའི་ཕྱག་རྒྱ་དང་། དུང་གི་ཕྱག་རྒྱ་དང་། ཆུ་གྲིའི་ཕྱག་རྒྱ་དང་། ཞགས་པའི་ཕྱག་རྒྱ་དང་། དབྱིག་པ་ཐོགས་པའི་ཕྱག་རྒྱ་དང་། གདུགས་ཀྱི་ཕྱག་རྒྱ་དང་། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་དང་། གཤིན་རྗེའི་དབྱིག་པའི་ཕྱག་རྒྱ་དང་། བྱི་ནཱ་ཡ་ཀའི་ཕྱག་རྒྱ་དང་། མཚོན་ཆའི་ཕྱག་རྒྱ་དང་། འཁོར་ལོའི་ཕྱག་རྒྱ་དང་། སུག་པ་ལག་པ་སྣ་ཚོགས་དང་ལྡན་པའི་ཕྱག་རྒྱ་རྣམས་སོ་སོར་བྲིས་ནས། ཕྱག་རྒྱ་དེ་དག་ཀུན་ལའང་འོད་འབར་བ་དག་བྲི་བར་བགྱིའོ། །གཞན་ཡང་ལྷོ་ཕྱོགས་ཀྱི་ཆབ་སྒོར་བར་ཆད་བགྱིས་པའི་ནང་དུ་ནི་འཐབ་བྲལ་གྱི་ལྷ་བྲིའོ། །ནུབ་ཕྱོགས་ཀྱི་ཆབ་སྒོར་བར་ཆད་བགྱིས་པའི་ནང་དུ་ནི་ཆུ་ལྷ་བྲིའོ། །བྱང་ཕྱོགས་ཀྱི་ཆབ་སྒོར་བར་ཆད་བགྱིས་པའི་ནང་དུ་ནི་ཀུ་བེ་ར་བྲིའོ། །ཤར་ཕྱོགས་ཀྱི་ཆབ་སྒོར་བར་ཆད་བགྱིས་པའི་ནང་དུ་ནི་ལྷ་གཞོན་ནུ་བྲི་བར་བགྱིའོ། །དེ་ནས་གྲུ་བཞིའི་གནས་སོ་སོར་ནི་རྒྱལ་པོ་ཆེན་པོ་བཞི་ཁྲོ་གཉེར་ཅན་གཡོག་འཁོར་དང་བཅས་པ་བྲི་བར་བགྱིའོ། །དེ་ནས་གླིང་ལྔ་པ་ནི་ཁྲུ་གང་བར་བགྱིས་ཏེ། ངོས་བཞི་ཀུན་དུ་འབྲས་བུའི་ལྗོན་ཤིང་དང་། མེ་ཏོག་གི་ལྗོན་ཤིང་དང་། རིན་པོ་ཆེའི་ལྗོན་ཤིང་རྣམ་པ་སྣ་ཚོགས་


DKG097_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བྲི་བར་བགྱིའོ། །གཞན་ཡང་གྲྭ་བཞི་ཀུན་དུ་རིན་པོ་ཆེའི་རི་རབ་ལྷུན་པོ་རེ་རེ་བྲི་བར་བགྱིའོ། །ཆབ་སྒོ་བཞིར་ནི་རྒྱ་མཚོ་ཆེན་པོའི་ཆབ་བྲི་བར་བགྱིའོ། །དཀྱིལ་འཁོར་གྱི་སླད་ནང་གི་གླིང་རྣམས་ཀྱིས་གཞི་ནི་ཁ་དོག་སྔོན་པོར་བགྱིའོ། །གཞན་ཡང་སླད་ནང་གི་གླིང་རྣམས་ཀྱི་ནུབ་ཕྱོགས་ཀྱི་ཆབ་སྒོའི་ལྷོའི་ངོགས་ཀྱི་ཟུར་ལ་སྔགས་མཁན་འབྱུང་ཞིང་འཇུག་པའི་ཆབ་སྒོ་གཅིག་དབྱེ་བར་བགྱིའོ། །གཞན་ཡང་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་ལག་སྟོང་དང་ལྡན་པའི་གཟུགས་བགྱིས་པ་གཅིག་དབུས་སུ་དཔྱངས་ཏེ་ཁ་ཤར་ཕྱོགས་སུ་བལྟ་བར་བགྱིའོ། །གཞན་ཡང་མིག་སྟོང་ལག་སྟོང་དང་ལྡན་པའི་མདོ་སྡེ་གླེགས་བམ་གཅིག་པདྨ་འདབ་མ་སུམ་ཅུ་རྩ་གཉིས་མཆིས་པའི་དཀྱིལ་འཁོར་གྱི་སྟེང་དུ་བཞག་ནས། གཟུགས་བགྱིས་པ་དེའི་མདུན་དུ་གཞན་ཡང་ཙནྡན་དཀར་པོའི་དྲི་ཆབ་ཞལ་བུ་བཅུ་དྲུག་དང་། ཞལ་ཟས་རྣམ་པ་སྣ་ཚོགས་དང་། ཟས་དཀར་གསུམ་དང་། ཤིང་ཏོག་ལ་སོགས་པས་བཀང་བའི་གཞོང་བུ་ཉི་ཤུ་རྩ་ལྔ་དང་། སྤོས་ཆབ་བྲེ་གང་དང་། བུམ་པ་དར་ཚོན་སྣ་ཚོགས་དང་། མེ་ཏོག་དང་། ལྗོན་ཤིང་གི་ཡལ་ག་ལ་སོགས་པས་ཁ་བརྒྱན་པ་ཉི་ཤུ་རྩ་ལྔ་དང་། མེ་ཏོག་དང་། ཕྲེང་བ་སྣ་སྣ་ནས་ཉི་ཤུ་ཉི་ཤུ་དང་། མར་མེ་ཉི་ཤུ་རྩ་བརྒྱད་དང་། བྱུག་སྤོས་དང་། སྤོས་ཀྱི་ཕྱེ་མ་དང་། དེ་ལ་སོགས་པའི་སྤོས་དེབ་ཚེ་ཉི་ཤུ་དང་། བྱང་ཆུབ་སེམས་དཔའི་གཟུགས་བྲིས་པའི་འཕན་དང་། དར་ཚོན་སྣ་ཚོགས་ལས་བགྱིས་པའི་འཕན་སྤྱིར་ཕྲེང་ཉི་ཤུ་རྩ་ལྔ་བཤམ་པར་བགྱིའོ། །འདི་ལྟར་མཆོད་པ་བགྱིད་པའི་ཞལ་སྡེར་དང་། སྣོད་སྤྱད་དང་། བུམ་པ་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་གསེར་དང་། དངུལ་དང་། འཁར་བ་ལ་སོགས་པ་ལས་བགྱིས་པ་ལས་སྦྱར་བར་བགྱིའོ། །གལ་ཏེ་ཡང་དག་པར་མ་མཆིས་ན་བརྙན་མ་ཡང་རུང་ལགས་སོ། །འདི་ལྟར་ཡོ་བྱད་དེ་དག་ཐམས་ཅད་ཀྱང་སླད་ནང་གི་གླིང་རྣམས་ངོས་བཞིར་ཆོས་བཞིན་དུ་བྲི་ཞིང་དགྲམ་པར་བགྱིའོ། །གདན་དང་། མེ་ཏོག་སྣ་ཚོགས་གཟུགས་ཤིང་གཏོར་བར་བགྱིའོ། །འབྲས་


DKG097_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སཱ་ལུའི་མེ་ཏོག་དང་། ཡུངས་ཀར་དང་། མེ་ཏོག་རྣམ་པ་སྣ་ཚོགས་དཀྱིལ་འཁོར་གྱི་སྟེང་དུ་གཏོར་བར་བགྱིའོ། །ཞལ་ཟས་དེ་དག་ཀྱང་གདུགས་གཅིག་བཞིན་དུ་གསར་དུ་བགྱིས་པ་བཟང་པོ་ལས་མཆོད་པར་བགྱིའོ། །སྔགས་མཁན་དེ་ཡང་འབྱུང་འཇུག་གི་ཚེ་ཁྲུས་ཡོངས་སུ་དག་པར་བགྱིས་ནས་བྱུག་སྤོས་ཀྱིས་བྱུགས་ཏེ། གོས་སར་པ་གཙང་མ་བགོ་བར་བགྱིའོ། །ཟས་དཀར་གསུམ་འཚལ་ནས་ཙནྡན་དང་། ཨ་ག་རུ་དང་། ཏུརུཥྐ་དང་། ག་པུར་ལ་སོགས་པ་བསྲེས་ཏེ་གདུགས་གཅིག་ལ་དུས་གསུམ་དུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་ལག་སྟོང་དང་ལྡན་པའི་གཟུགས་བགྱིས་པ་ལ་མཆོད་པར་བགྱིའོ། །ནང་གི་གླིང་གསུམ་པའི་ནང་དུ་མིག་སྟོང་པའི་གཟུགས་བཞག་པའི་མདུན་དུ་རང་གིས་བྱང་ཆུབ་སེམས་དཔའི་སྡོམ་པ་གསུམ་པོ་དག་ཡང་དག་པར་བླང་བར་དམ་བཅའ་བར་བགྱིའོ། །གདུགས་མཚན་དུ་སླད་རོལ་གྱི་གླིང་གི་ནུབ་ཕྱོགས་ཀྱི་ཆབ་སྒོར་སྐྱིལ་མོ་ཀྲུང་བཅས་ཏེ། མཆིས་ནས་གདུགས་གཅིག་ལ་ཡུམ་གྱི་གཟུངས་ལན་སྟོང་རྩ་བརྒྱད་བར་ཆད་མ་མཆིས་པར་བཟླས་བརྗོད་བགྱིས་ནས་གདུགས་ཉི་ཤུ་རྩ་གཅིག་གི་བར་དུ་བསམ་པ་གཏུགས་ཏེ་མཆོད་པར་བགྱིའོ། །གཞན་ཡང་དུས་དྲུག་ཏུ་དཀྱིལ་འཁོར་གྱི་ནུབ་ངོས་ཀྱི་ཟུར་གྱི་ཆབ་སྒོ་ནས་དཀྱིལ་འཁོར་གྱི་ནང་དུ་ཞུགས་ནས། གླིང་གསུམ་པའི་ནུབ་ཕྱོགས་ཀྱི་ཆབ་སྒོར་འགྲེང་སྟེ། སྔར་བསྟན་པའི་ཕྱག་རྒྱ་དང་པོ་དང་། གཉིས་པ་དང་། གསུམ་པ་ནས་བཅུ་གཉིས་པ་སངས་རྒྱས་སྤྱན་འདྲེན་པའི་ཏིང་ངེ་འཛིན་གྱི་བར་གྱི་ཕྱག་རྒྱ་ཀུན་བགྱིས་ནས་སྔགས་ལན་བདུན་བདུན་བཟླ་བར་བགྱིའོ། །ཕྱག་རྒྱ་བཅུ་གཉིས་པའི་བར་དུ་བགྱིས་ལགས་ནས་ཀྱང་བདག་ཉིད་བྱང་ཆུབ་ཆེན་པོའི་སྨོན་ལམ་ཤིན་ཏུ་བརྟན་པ་ལས་ཕྱིར་མི་ལྡོག་པར་བགྱིའོ་ཞེས་སྨོན་ལམ་བཏབ་ནས་གཡར་འདྲེན་པར་བགྱིད་ན། ཐམས་ཅད་ཉེ་བར་མཆི་བར་འགྱུར་བས་ལུས་དྲང་པོར་བསྲང་སྟེ་མཆིས་ནས། ངེས་པའི་སེམས་ཀྱིས་ལྷ་འདྲེ་ཐམས་ཅད་བསྒྲིབ་ཅིང་མཆོད་པ་མ་མཆིས་པར་མིག་སྔར་མཆིས་སོ་སྙམ་


DKG097_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུ་ཤེས་ཉེ་བར་བཞག་སྟེ། ཐ་དད་པའི་ཡུལ་ལ་མི་དམིགས་པར་ལུས་པོ་ཆེའི་སྔགས་སྔ་མ་ལན་ཉི་ཤུ་རྩ་གཅིག་འདོན་པར་བགྱིད་ན། དེའི་མཚན་མོ་གཟུགས་བགྱིས་པ་དེ་ལས་འོད་ཟེར་ཆེན་པོ་བྱུང་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཉིད་གདོན་མི་འཚལ་བར་མངོན་སུམ་དུ་ལུས་སྟོན་པར་འགྱུར་ཏེ། ལུས་བསྟན་ནས་མཆི་བའི་ཚེ་ཀུན་དགའ་བའི་ལུས་ཀྱི་བྱད་གཟུགས་སུ་མངོན་པར་སྤྲུལ་ནས། དགའ་ཞིང་འཛུམ་པའི་བཞིན་གྱིས་རྣལ་འབྱོར་པ་དེ་ལ་ཅི་ཞིག་དགོས་གང་ཞིག་སྨོན་ཅེས་འདྲི་བར་འགྱུར་བས། དེའི་ཚེ་སྔགས་མཁན་གྱིས་འདི་སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་། གཟུངས་དང་། ཏིང་ངེ་འཛིན་གྱི་ཆོས་ཡོངས་སུ་གཉེར་བ་དང་། གཞན་ཡང་དཀྱིལ་འཁོར་དང་། ཕྱག་རྒྱ་དང་། སྔགས་ཀྱི་ཆོ་ག་ཐམས་ཅད་མངོན་པར་འགྲུབ་པ་དང་།འདྲེ་གདོན་ཐམས་ཅད་གདུལ་ཞིང་ངག་ཉན་པར་འགྱུར་བར་འཚལ་ལོ་ཞེས་ལན་གདབ་པར་བགྱིའོ། །དེ་ལྟར་སྨོན་པ་རྣམས་གྲུབ་ནས་ཀྱང་བདག་ཉིད་རིག་པར་བགྱིའི་གཞན་དག་ལ་བརྗོད་པར་མི་བགྱིའོ། །དཀྱིལ་འཁོར་གྱི་ཆོ་ག་འདི་ནི་བལ་རས་སམ། བཙོ་རས་ལ་རི་མོ་བྲིས་ཏེ་བགྱིས་ན་ཡང་རུང་ལགས་སོ། །སྨོན་པ་ཐམས་ཅད་འགྲུབ་པར་འཚལ་ན་ཆབ་ཀྱི་དཀྱིལ་འཁོར་གྲུ་བཞི་བ་བགྱིས་ལ། ཨ་ག་རུ་བསྲེགས་ཏེ། ལུས་པོ་ཆེའི་སྔགས་སྔ་མ་ལན་སྟོང་རྩ་བརྒྱད་བཟླས་ནས། བཅུ་པ་སྨོན་པ་རྣམས་ཡིད་བཞིན་དུ་འགྲུབ་པའི་ཕྱག་རྒྱ་སྔ་མ་བགྱིས་ན། སྨོན་པ་ཐམས་ཅད་བསམས་པ་བཞིན་དུ་འགྲུབ་ཅིང་ཡོངས་སུ་རྫོགས་པར་འགྱུར་ལགས་སོ། །གལ་ཏེ་སྐྱེ་བོ་མང་པོ་ཐམས་ཅད་དགའ་བར་འགྱུར་བར་འཚལ་ན་རབ་ཏུ་དགའ་བའི་ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་སྔ་མ་བགྱིས་ནས། ལུས་པོ་ཆེའི་སྔགས་ཀྱིས་ཏིལ་འབྲུ་ལ་ལན་ཉི་ཤུ་རྩ་གཅིག་གདབ་པར་བགྱིའོ། །ཡང་ན་སྔགས་ལན་རེ་བཟླས་ནས་ལན་རེ་ཞུགས་ཀྱི་ནང་དུ་དོར་བ་ལན་སྟོང་རྩ་བརྒྱད་ཚང་བར་བགྱིས་ན་ཐམས་ཅད་ཡིད་བཞིན་དུ་དགའ་


DKG097_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་ལགས་སོ། །གནོད་སྦྱིན་རྣམས་དགའ་བར་འཚལ་ན་གནོད་སྦྱིན་གྱི་ཀུན་དགའ་ར་པའི་ལྗོན་ཤིང་གི་ཡལ་ག་བླངས་ཏེ། ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས་ཀུན་དགའ་ར་བར་བོར་ན་དགའ་བར་འགྱུར་ལགས་སོ། །མི་མ་རུངས་པ་དགྲར་གྱུར་པ་གདུལ་བར་འཚལ་ན་ཤིང་ཁོང་ལེན་འབོག་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་ནས། སྔགས་ལན་རེ་བཟླ་ཞིང་ལན་རེ་ཞུགས་སུ་དོར་བ་ལན་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ན་སྐྱབས་སུ་མཆི་ཞིང་ཐུལ་བར་འགྱུར་ལགས་སོ། །འདྲེ་གདོན་གདུལ་དཀའ་བ་ཞིག་མཆིས་ན་གུ་གུལ་དང་། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། སྔགས་ལན་རེ་བཟླ་ཞིང་ལན་རེ་ཞུགས་སུ་དོར་བ་ལན་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ན་འདྲེ་གདོན་ཐམས་ཅད་རང་དུལ་བར་འགྱུར་ལགས་སོ། །ཡུལ་ཕྱོགས་སུ་རིམས་ནད་བྱུང་བར་གྱུར་ན་ཆབ་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ནས། བ་མར་བཟང་པོ་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། སྔགས་ལན་རེ་བཟླ་ཞིང་ལན་རེ་ཞུགས་སུ་དོར་བ་ལན་སྟོང་རྩ་བརྒྱད་ཚང་བར་བགྱིས་ན་རིམས་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡང་ན་ཆབ་ཉུང་ཟད་ཅིག་བླངས་ཏེ་རིམས་ཀྱིས་ཐེབས་པ་འཚལ་དུ་སྩལ་ན་འཕྲལ་དུ་འཚོ་བར་འགྱུར་ལགས་སོ། །སྔོན་ཡུལ་གེ་བྱིན་ཞེས་བགྱི་བར་རིམས་ནད་བྱུང་ནས། གང་རིམས་ཀྱིས་བཏབ་པ་དེ་དག་གདུགས་ཞག་གཅིག་གམ་གཉིས་ལས་མི་འདའ་བར་འཆི་བའི་དུས་བགྱིད་པར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་ཙིན་ཏི་ཞེས་བགྱི་བ་ཞིག་སྙིང་རྗེ་ཆེན་པོ་སྐྱེས་ནས། ཆོ་གའི་སྒོ་འདི་བཤམས་ནས་ཡུལ་ཁམས་གཅིག་གི་རིམས་ཀྱིས་ཐེབས་པ་ཐམས་ཅད་གསོས་པས། ཐམས་ཅད་ཞི་བར་གྱུར་ཏེ། རིམས་གཏོང་བའི་འདྲེ་གདོན་གྱི་རྒྱལ་པོའང་དེའི་ཚེ་ཡུལ་ནས་བྱུང་བར་གྱུར་པའི་སླད་དུ་སྨན་ཡོན་ཆེ་བར་རིག་པར་བགྱི་ལགས་སོ། །གལ་ཏེ་ཕ་རོལ་གྱི་དམག་ཚོགས་ཀྱིས་གཙེས་པར་གྱུར་ཏམ། ཆོམ་རྐུན་དང་། འཁྲུག་པ་འབྱུང་བར་གྱུར་ན་ལུས་ཀུན་སྡུད་པའི་ཕྱག་རྒྱ་དང་པོ་བགྱིས་ཏེ། རིག་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་


DKG097_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བགྱིས་ན་དགྲ་དང་ཆོམ་རྐུན་དེ་དག་ཐམས་ཅད་རང་གི་ངང་གིས་རབ་ཏུ་ཞི་བར་འགྱུར་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ལས་ཀྱི་རྣམ་པར་སྨིན་པའི་དབང་གིས་ཚེ་རབས་སུ་ཉེ་བའི་ཚེ་འགོག་པའི་སྙོམས་པར་འཇུག་པའི་ཕྱག་རྒྱ་སྔ་མ་བགྱིས་ཏེ། གདུགས་རེ་བཞིན་དུ་མཆོད་པ་བགྱིས་ནས། ཨ་ག་རུ་བསྲེགས་ཏེ། རིག་སྔགས་ལན་སྟོང་རྩ་བརྒྱད་བཟླས་ནས། སྔགས་ལན་རེ་བཟླས་ནས་དེའི་མིང་ནས་ལན་རེ་འདོན་པར་བགྱིད་ན་ལས་ཀྱི་སྒྲིབ་པ་དེ་དག་ཡོངས་སུ་འབྱང་བར་འགྱུར་ལགས་སོ། །སྔོན་ཡུལ་བཱ་རཱ་ཎ་སཱིར་ཁྱིམ་བདག་ཅིག་གནས་པ་ལས། བུ་གཅིག་ལས་མ་མཆིས་པ་དེ་ལོ་བཅུ་དྲུག་ལས་མི་ཐུབ་པར་གྱུར་ནས། ལོ་བཅྭ་ལྔ་ལོན་པ་དང་། ཁྱིམ་བདག་ཁྱོ་ཤུག་མྱ་ངན་གྱིས་རོད་ཉམས་པར་གྱུར་ཏོ། །དེའི་ཚེ་བྲམ་ཟེ་ཞིག་སྒོ་ཀུན་དུ་རྒྱུ་ཞིང་ཟས་སློང་བ་ལས། ཁྱིམ་བདག་དེ་མཐོང་ནས་ཅིའི་ཕྱིར་མི་བདེ་བར་གྱུར་ཅེས་སྨྲས་པ་དང་། ཁྱིམ་བདག་གིས་ལོ་རྒྱུས་དེ་དག་རྒྱས་པར་བཤད་དོ། །དེ་ནས་བྲམ་ཟེས་ཁྱིམ་བདག་དེ་ལ་མྱ་ངན་མ་བྱེད་པར་བདག་གིས་བསྒོ་བ་བཞིན་དུ་བྱོས་ཤིག་དང་། ཁྱོད་ཀྱི་བུ་ཚེ་རིང་བར་འགྱུར་རོ་ཞེས་སྨྲས་ནས། དེའི་ཚེ་བྲམ་ཟེ་དེས་ཆོ་གའི་སྒོ་འདི་ཉིད་ཞག་བདུན་ཚང་བར་བགྱིས་པ་དང་། གཤིན་རྗེས་ཁྱིམ་བདག་དེ་ལ་ཁྱོད་ཀྱི་བུའི་ཚེའི་ཚད་ལོ་བཅུ་དྲུག་ལས་མི་ཐུབ་པས། ལོ་བཅྭ་ལྔ་ལོན་ཏེ་ལོ་གཅིག་ལས་མ་ལུས་པ་ལས། དེང་དགེ་བའི་རྐྱེན་དང་ཕྲད་པས་ལོ་བརྒྱ་ཐུབ་པར་འགྱུར་བའི་ཕྱིར་འདིར་ང་འོངས་ནས་བསྒོ་བ་ཡིན་ནོ་ཞེས་སྨྲས་པ་དང་། དེའི་ཚེ་ཁྱིམ་བདག་ཁྱོ་ཤུག་རབ་ཏུ་དགའ་ཞིང་མགུ་བར་གྱུར་པས། ཁྱིམ་གྱི་ནོར་ཅི་མཆིས་པ་བཏེག་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཕུལ་བས། ཆོ་ག་འདི་ནི་བསམ་གྱིས་མི་ཁྱབ་པའི་མཐུ་ཆེན་པོ་དང་ལྡན་པར་རིག་པར་བགྱི་ལགས་སོ། །སྔར་འདུས་པ་ཆེན་པོའི་དཀྱིལ་འཁོར་དང་། རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལན་གསུམ་ཞུགས་པ་ཞིག་ལགས་ན། དཀྱིལ་འཁོར་


DKG097_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

མི་འཚལ་ཏེ། ཕྱག་རྒྱས་བགྱིས་ནས་རིག་སྔགས་བཟླས་བརྗོད་བགྱིས་པ་ཙམ་གྱིས་སྨོན་པ་རྣམས་མི་འགྲུབ་པ་གང་ཡང་མ་མཆིས་ལ། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་འགྱུར་ལགས་སོ། །བུད་མེད་གང་ལ་ལ་ཞིག་བུ་བཙའ་བའི་ཚེ་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་ན། ཆབ་མར་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ་འཚལ་དུ་སྩལ་ན་ངེས་པར་བདེ་བར་འགྱུར་ཞིང་། ཁྱེའུ་དང་བུ་མོ་བཙས་པ་གང་ལགས་པ་དེ་དག་ཀྱང་མཚན་དང་དཔེ་བྱད་བཟང་པོ་དང་ལྡན་པར་འགྱུར། དགེ་བ་སྣ་ཚོགས་ཀྱིས་བརྒྱན་ནས་སྔོན་བསོད་ནམས་བསགས་པའི་མཐུས་སྐྱེ་བོ་མང་པོ་ཀུན་གྱི་སྙིང་དུ་སྡུག་པར་འགྱུར། རྟག་པར་མིའི་ནང་དུ་ལོངས་སྤྱོད་ཁྱད་པར་དུ་འཕགས་པ་དག་ལ་ལོངས་སྤྱོད་པར་འགྱུར་ལགས་སོ། །སེམས་ཅན་གང་ལ་ལ་ཞིག་མིག་ནད་ཀྱིས་ཐེབས་ཏེ་སྡུག་བསྔལ་ཞིང་མི་བདེ་བར་འགྱུར་ན། སྔགས་མཁན་གྱིས་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་ཕྱག་རྒྱ་བགྱིས་ནས། སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་མིག་ལ་ཕྱག་རྒྱས་བཏབ་པར་གྱུར་ན་མིག་ཀྱང་འཚོ་བར་འགྱུར་ལ། རྒྱུ་དང་རྐྱེན་དེས་གང་ཟག་དེ་ལྷའི་མིག་ཐོབ་པར་འགྱུར་བས་ལྷ་རྣམས་གསལ་བར་མཐོང་ཞིང་ལོངས་སྤྱོད་མཆོག་ལ་ལོངས་སྤྱོད་པར་འགྱུར་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་ལག་སྟོང་དང་ལྡན་པའི་གཟུགས་འདྲི་བའི་ཆོ་ག་ནི་རས་དཀར་པོ་ཁྲུ་བཅུ་དྲུག་པའམ། ཁྲུ་ཉི་ཤུ་པ་ཡང་རུང་སྟེ། བྱང་ཆུབ་སེམས་དཔའ་དེའི་ལུས་ནི་འཛམ་བུའི་ཆུ་བོའི་གསེར་གྱི་ཁ་དོག་ཅན་དུ་བགྱིས་ཏེ། གདོད་ལ་མིག་གསུམ་མཆིས་པ། སུག་པ་ལག་པ་སྟོང་དང་ལྡན་ཞིང་། སུག་པ་ལག་པ་སྟོང་པོ་དེ་དག་རེ་རེའི་མཐིལ་དུའང་མིག་རེ་རེ་བྲིའོ། །སུག་པ་ལག་པ་ཆེན་པོ་ཡང་དག་པ་ཉིད་ནི་བཅྭ་བརྒྱད་མཆིས་ཏེ། སྔར་སུག་པ་གཉིས་ཀྱིས་ནི་སྙིང་གར་ཐལ་མོ་སྦྱར་བར་བགྱིད་དོ། །སུག་པ་གཅིག་གིས་ནི་རྡོ་རྗེའི་ཐོ་བ་ཐོགས་སོ། །ཡང་གཅིག་གིས་ནི་རྩེ་གསུམ་པ་ཐོགས་སོ། །


DKG097_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཅིག་གིས་ནི་གླེགས་བམ་ཐོགས་སོ། །ཡང་གཅིག་གིས་ནི་རིན་པོ་ཆེའི་ཕྱག་རྒྱ་ཐོགས་སོ། །ཡང་གཅིག་གིས་ནི་འཁར་གསིལ་ཐོགས་སོ། །ཡང་གཅིག་གིས་ནི་རིན་པོ་ཆེའི་ནོར་བུ་ཐོགས་སོ། །ཡང་གཅིག་གིས་ནི་རིན་པོ་ཆེའི་འཁོར་ལོ་ཐོགས་སོ། །ཡང་གཅིག་གིས་ནི་པདྨ་ཁ་བྱེ་བ་ཐོགས་སོ། །ཡང་གཅིག་གིས་ནི་ཞགས་པ་ཐོགས་སོ། །ཡང་གཅིག་གིས་ནི་ལྕང་མའི་ལྕུག་མ་ཐོགས་སོ། །ཡང་གཅིག་གིས་ནི་འོད་ཟེར་ཁ་དོག་ལྔ་འབྱིན་པར་བགྱིད་དོ། །ཡང་གཅིག་གིས་ནི་བགྲང་ཕྲེང་ཐོགས་སོ། །ཡང་གཅིག་གིས་ནི་རིལ་བ་ཐོགས་སོ། །ཡང་གཅིག་གིས་ནི་ཟིལ་དངར་ཡོངས་སུ་གཏོང་བའི་ལག་ཏུ་སྟོན་ཏོ། །ཡང་གཅིག་གིས་ནི་རིན་པོ་ཆེའི་ཆར་སྣ་ཚོགས་འབེབས་ཤིང་མི་འཇིགས་པའི་ལག་ཏུ་སྟོན་ཏོ། །ཡང་གཉིས་ནི་ལྟེ་བའི་ཐད་ཀར་གཡོན་པ་གཡས་པས་མནན་ནས་མཐིལ་བཀན་ཏེ་མཆིས་སོ། །སུག་པ་ལག་པ་གཞན་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་དེ་དག་ཐམས་ཅད་ནི་སྤྲུལ་པའི་སུག་པ་ལགས་ཏེ། སུག་པ་དེ་དག་ཀུན་ཀྱང་སོ་སོ་ནས་མཚོན་ཆ་དང་། ཕྱག་རྒྱ་རྣམ་པ་སྣ་ཚོགས་ཐོགས་པའོ། །ཁ་ཅིག་ནི་སུག་པ་ལག་པའི་ཕྱག་རྒྱ་རྒྱད་པ་ཉི་ཚེ་བ་ཡང་མཆིས་ཏེ། སོ་སོ་ནས་མི་མཐུན་པས་སྙིང་པོའི་མདོ་ལས། ཇི་སྐད་དུ་བྱང་ཆུབ་སེམས་དཔའ་དེ་ནི་ལྷའི་རིན་པོ་ཆེ་སྣ་བདུན་གྱི་མགོ་རྒྱན་ཐོགས་སོ། །ལག་ངར་ལ་ནི་གདུབ་ཀོར་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་ཏོ། །ལུས་ལ་ནི་ཕྲེང་བ་ཐོགས་ཤིང་ལྷའི་རིན་པོ་ཆེའི་གོས་གྱ་ནོམ་པ་དག་བགོས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཚོན་རྩི་དེ་དག་གི་ནང་དུ་ཀོ་བའི་སྦྱིན་སྩལ་བར་མི་བགྱིའོ། །ཀུན་དུ་རུའི་ཁུ་བ་དང་སྦྱར་བར་བགྱིའོ། །གང་དག་ཡུམ་གྱི་གཟུངས་ཀྱི་ཆོ་ག་བགྱིད་པར་འཚལ་ན་སྔར་དེའི་གཟུགས་རི་མོར་བྲིའོ། །གཟུགས་རི་མོར་བྲི་བར་ཡང་ངེས་པར་ཆོས་བཞིན་དུ་བགྱི་འཚལ་བས། རི་མོ་འདྲི་བའི་གནས་ཁང་ཉེན་འཁོར་ཀུན་དུ་ཙནྡན་དཀར་པོའི་ཆབ་ཀྱིས་དོག་ས་ལ་བྱུགས་ཏེ་དཀྱིལ་འཁོར་བགྱིའོ། །གཞན་ཡང་རི་


DKG097_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མོ་མཁན་འབྱུང་འཇུག་གི་ཚེ་ཁྲུས་བགྱིས་ནས་གོས་སར་པ་གཙང་མ་བགོས་ཏེ། ཉིན་རེ་བཞིན་སྡོམ་པ་བརྒྱད་ཡང་དག་པར་བླང་བར་བགྱིའོ། །ཆོས་བཞིན་དུ་གཟུགས་བྲིས་ལགས་ནས་ཀྱང་། རི་མོ་མཁན་ཆོས་བཞིན་དུ་མ་བགྱིས་པར་དོགས་པར་གྱུར་ན། དཀྱིལ་འཁོར་གྲུ་བཞི་པ་གཅིག་ཡིད་ལ་ཇི་ལྟར་མོས་པ་བཞིན་དུ་བགྱིས་ཏེ། བ་དན་དང་། མེ་ཏོག་དང་། ཞལ་ཟས་དང་། ཟས་དཀར་གསུམ་དང་། མེ་ཏོག་དང་། ཕྲེང་བ་དང་། སྤོས་ཆབ་དང་། མེ་ཏོག་སྣ་ཚོགས་ཀྱིས་ཀུན་དུ་ཁྱབ་པར་བཀྲམ་ནས་མཆོད་པ་རྒྱ་ཆེར་བགྱིས་ཏེ། རྣལ་འབྱོར་པ་དང་། རི་མོ་མཁན་གང་ལགས་པ་དེ་གདུགས་གཅིག་ལ་དུས་གསུམ་དུ་གཟུགས་བྲིས་པའི་མདུན་དུ་ནོངས་པ་རྣམས་མཐོལ་བཤགས་ན། ཞག་ཉི་ཤུ་རྩ་གཅིག་ཚང་བའི་མཚན་མོ་མིག་སྟོང་ལག་སྟོང་དང་ལྡན་པའི་གཟུགས་བྲིས་པ་ལས་འོད་ཟེར་ཆེན་པོ་བྱུང་ནས། ཉི་ཟླ་ཟིལ་གྱིས་མནན་ཏེ། འོད་ཀྱིས་ཕྱོགས་བཅུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མཐའ་དང་། ཚད་མ་མཆིས་པ་ཐམས་ཅད་ཐོགས་པ་མ་མཆིས་པར་གསལ་བར་བགྱིད་པས། རྣལ་འབྱོར་པ་དང་། རི་མོ་མཁན་གང་ལགས་པ་དེ་དག་དང་། སེམས་ཅན་གང་དག་འོད་ཀྱིས་རེག་པ་དེ་དག་ཐམས་ཅད་ཤིན་ཏུ་ལྕི་བའི་ཁ་ན་མ་ཐོ་བ་ཅི་མཆིས་པ་དུས་གཅིག་ཏུ་ཞུ་བྱང་ནས་ཡོངས་སུ་དག་པར་འགྱུར་ལགས་སོ། །ཆོ་ག་འདི་སྒྲུབ་པ་གང་ལགས་པ་དེས་སེམས་རྩེ་གཅིག་ཏུ་མ་བགྱིས་པ་ནི་མ་གཏོགས་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་ཡང་འདི་སྐད་ཅེས་གསོལ་ཏོ། །བདག་གིས་སྔོན་འདས་པའི་དུས་ཀྱི་ཚེ་དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱིས་ཀྱང་ལག་སྟོང་དང་སྤྱན་སྟོང་པོ་འདི་དག་བསྟན་ནས། བདུད་ཆེན་པོ་རྣམས་འདུལ་བ་མཐོང་ནས། བཅོམ་ལྡན་འདས་དེང་བདག་གིས་ཀྱང་ལག་སྟོང་དང་མིག་སྟོང་པོ་འདི་དག་བསྟན་ནས་བདུད་ཆེན་པོ་རྣམས་བཏུལ་བ་ལགས་ཏེ། སུག་པ་ལག་པ་སྟོང་པོ་དེ་དག་ཀྱང་སོ་སོ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་


DKG097_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་སྤྲུལ་ནས་བསྐལ་པ་བཟང་པོ་རབས་སྟོང་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་བགྱིད་པར་འགྱུར་ལ། མིག་སྟོང་པོ་དེ་དག་ཀྱང་སོ་སོ་ནས་སངས་རྒྱས་རེ་རེ་མངོན་པར་སྤྲུལ་ནས། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་དང་མཚུངས་པར་འབྱུང་བར་འགྱུར་བའི་སླད་དུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་འདིའི་ལུས་བདུད་འདུལ་བའི་ནང་ན་མཆོག་ཏུ་གྱུར་པ་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ངས་ཀྱང་བྱིན་གྱི་བརླབས་ཀྱི་མཐུས་བསྐལ་པ་མཐར་ཐུག་པའི་བར་དུ་ཁྱོད་ཀྱི་ཡུམ་གྱི་གཟུངས་འདི་བྱིན་གྱིས་བརླབ་པར་བྱའོ།། །།བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོ་རྒྱ་ཆེར་ཡོངས་སུ་རྫོགས་པའི་གཟུངས།བམ་པོ་གསུམ་པ། དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ཀྱིས་བསྔགས་པ་བརྗོད་པ་ཐོས་ནས་རབ་ཏུ་དགའ་ཞིང་མགུ་བར་གྱུར་པས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཞན་ཡང་མིག་སྟོང་ལག་སྟོང་དང་ལྡན་པའི་གཟུངས་ཀྱི་ཕྱག་རྒྱ་མངོན་པར་སྒྲུབ་པར་བགྱིད་པ་མཆིས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་ཀྱང་རྗེས་སུ་ཡི་རང་གིས་ཁྱོད་ཀྱིས་ཤོད་ཅིག །དེ་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ་དང་། ནམ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་རིག་སྔགས་འདི་སྨྲས་པ་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་བར་གྱི་ལྷའི་གནས་ཐམས་ཅད་ཀྱང་རྣམ་པ་དྲུག་ཏུ་རབ་ཏུ་གཡོས་པར་གྱུར་ཏོ། །འོག་མིན་གྱི་ལྷ་དང་། དབང་ཕྱུག་ཆེན་པོའང་མི་བདེ་བར་ཤིན་ཏུ་སྐྲག་པར་གྱུར་ཏོ། །འདྲེ་གདོན་མ་རུངས་པ་ཐམས་ཅད་ཀྱང་སྡུག་བསྔལ་ཆེན་པོ་མྱོང་བར་གྱུར་པས། ཀུ་ཅོ་འདོན་ཅིང་ཤར་ནུབ་ཏུ་


DKG097_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

བྱེར་ནས་འགྲོ་བའི་གནས་ཀྱང་མི་རྙེད་པར་གྱུར་ཏོ། །དེ་ནས་སྤྲུལ་པའི་ལུས་ཀྱིས་འཁོར་མང་པོ་རྣམས་དང་འདྲེ་གདོན་མ་རུངས་པ་རྣམས་ལ་ཁྱེད་གལ་ཏེ་བདག་གི་རིག་སྔགས་ཀྱི་རྗེས་སུ་མི་འབྲང་ཞིང་འགལ་བར་བྱས་པར་གྱུར་ན་མགོ་ཚལ་པར་འགས་པར་འགྱུར་རོ་ཞེས་བསྒོའོ། །བཅོམ་ལྡན་འདས་རིག་སྔགས་འདིས་ནི་རི་རྣམས་འཇོམས་པར་བགྱིད་ཅིང་རྒྱ་མཚོ་ཆེན་པོ་སྐེམས་པར་བགྱིད་དོ། །རིག་སྔགས་འདིས་ནི་ལྷ་མ་ཡིན་གྱི་དཔུང་རྣམས་བཅོམ་ནས་ཡུལ་རྣམས་བསྲུང་བར་བགྱིད་དོ། །རིག་སྔགས་འདིས་ནི་འདྲེ་གདོན་མ་རུངས་པ་ཐམས་ཅད་དང་། ནད་ཐམས་ཅད་དང། མི་མ་རུངས་པ་ཐམས་ཅད་ཚར་གཅོད་པར་བགྱིད་དོ། །རིག་སྔགས་འདིས་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་འཇོམས་ཤིང་དུལ་བར་བགྱིད་ལགས་སོ། །རིགས་ཀྱི་བུ་གང་ལ་ལ་ཞིག་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པར་བགྱིད་ན། གང་ཟག་དེའི་མཐུ་སྟོབས་བརྗོད་ཀྱིས་མི་ལང་ངོ་། །རིག་སྔགས་འདི་འདོན་པ་དང་། ཡོངས་སུ་འཛིན་པ་དེ་དག་བཙུན་ཞིང་དབང་ཕྱུག་དང་ལྡན་པ་དང་། ནམ་འཚོའི་བར་དུ་རྒྱལ་པོས་བྱམས་ཤིང་ཡིད་དུ་མཆི་བ་དང་སྨོན་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་དོ། །གང་ལ་ལ་ཞིག་ཕྱིར་རྒོལ་བའི་བདུད་གདུལ་བར་འཚལ་ན་སྤོས་གུ་གུལ་བསྲེགས་ཏེ། བདག་གི་ལུས་པོ་ཆེའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིའོ། །སྐྱེ་བོ་མང་པོ་ཐམས་ཅད་ཀྱིས་བདག་ལ་བྱམས་པར་འཚལ་ན་ལྕུག་མ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། གཡར་ཁར་བཅས་ན་བྱམས་ཤིང་བཀུར་བར་བགྱིའོ། །བདག་ཉིད་སྤོབས་པ་དང་ཤེས་རབ་དང་ལྡན་པར་འཚལ་ན་ཤུ་དག་ལ་ལན་སྟོང་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ། སྙིང་གར་བསྐུས་ན་ཐོགས་པ་མ་མཆིས་པའི་སྤོབས་པ་ཐོབ་པར་འགྱུར་ཏེ། ཡུམ་གྱི་གཟུངས་ཀྱི་སྙིང་པོའི་ཕྱག་རྒྱ་བགྱིའོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་ཐོགས་པ་མ་མཆིས་པའི་སྤོབས་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སུག་པ་


DKG097_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཉིས་རྒྱབ་སྤྲད་དེ་སྦྱར་ནས་མཐེ་བོ་གཉིས་མདུན་དུ་བརྐྱང་བར་བགྱིའོ། །ཕྱག་རྒྱ་འདིས་ནི་བདག་ཀྱང་བསྲུང་ཞིང་གཞན་ཡང་བསྲུང་བར་བགྱིད་དོ། །ཕྱོགས་གང་དང་གང་དུ་མཆི་ཡང་རུང་སྟེ། མཚམས་དགུམ་པར་འཚལ་བས་ཆབ་གཙང་མའམ་ཐལ་བ་གཙང་མ་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ། གང་དུ་མཆིས་པའི་གནས་དེར་ཆབ་བམ། ཐལ་བ་སྙིམ་པ་གང་སྔར་རང་གི་ལུས་ལ་གཏོར་ནས། དེའི་རྗེས་ལ་ཕྱོགས་བཞིར་ཆོས་བཞིན་དུ་གཏོར་ན། དེ་ཉིད་མཚམས་སུ་འགྲུབ་པར་འགྱུར་ལགས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདྲེ་སྲིན་མ་རུངས་པ་དང་། ལོག་པའི་གདོན་མང་པོ་རྣམས་ཀྱིས་གཙེས་པར་གྱུར་ན་བལ་པོ་སེའུའི་ཡལ་ག་དང་། གྲིབ་ལོགས་ཀྱི་ལྕང་མའི་ཡལ་ག་བླངས་ཏེ། རིག་སྔགས་འདི་བཟླས་བརྗོད་བགྱིས་ནས་ནད་པ་ལ་གཞུས་ན་ནད་གང་ཡང་རུང་སྟེ་མི་འཚོ་བ་མ་མཆིས་ལགས་སོ། །རིག་སྔགས་ནི་འདི་ལྟ་སྟེ། ན་མཿསརྦ་བུདྡྷ། དྷརྨ་སཾ་གྷཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། ན་མོ་བཛྲ་པཱ་ཎ་ཡེ། བོ་དྷི་སཏྭཱ་ཡ། ཏདྱ་ཐཱ། བི་སི་བི་སི་བི། ཀཱ་ཡ་སི་བི། པ་ལ་ཤ་པ་ལ་ནི་སྭཱ་ཧཱ།རིག་སྔགས་ཀྱི་ཕྱག་རྒྱ་འདིས་ནི་ལོག་པར་ལྟ་བའི་མུ་སྟེགས་ཅན་རྣམས་འདུལ་བར་བགྱིད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་རྟག་པ་རེ་གདུགས་དང་པོ་འཆར་བའི་ཚེ་དང་། གདུགས་ཀྱི་གུང་དང་། གདུགས་པས་པའི་ཚེ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ན། རྣམ་པ་སྣ་ཚོགས་ཀྱིས་སངས་རྒྱས་བྱེ་བ་ཕྲག་བཅུ་ལ་མཆོད་པ་བགྱིས་པ་དང་། བྱེ་བྲག་ཏུ་གྱུར་པ་མ་མཆིས་པས་ནམ་དུའང་བུད་མེད་ཀྱི་དངོས་པོ་ལེན་པར་མི་འགྱུར། ཚེ་འདས་ནས་ཀྱང་ངན་སོང་གསུམ་པོ་དག་དང་གཏན་དུ་འབྲལ་ཞིང་། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར། དེ་བཞིན་གཤེགས་པ་དེའི་ཕྱག་གིས་སྤྱི་བོ་ལ་བྱུགས་ཏེ། ཁྱོད་ངའི་ཞིང་དུ་སྐྱེ་བར་འགྱུར་བས་མ་འཇིགས་ཤིག་ཅེས་


DKG097_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པར་འགྱུར། ཚེ་འདི་ཉིད་ལ་ཡང་གློ་བུར་དུ་འཆི་བར་མི་འགྱུར་ཞིང་། འདྲེ་གདོན་དག་གིས་ཀྱང་གླགས་རྙེད་པར་མི་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ཁ་ན་མ་ཐོ་བ་ཡོངས་སུ་སྦྱོང་བའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་འདི་ལྟར་སུག་པ་ལག་པ་གཡོན་པ་མདུན་དུ་བརྐྱང་སྟེ། སོར་མོ་ལྔ་སོ་སོར་ཕྱེ་ནས་མདུན་དུ་ཕུལ་ཏེ་སོར་མོ་ལྔ་ཆར་བསྒྲེང་ངོ་། །དེའི་རྗེས་ལ་སུག་པ་ལག་པ་གཡས་པའི་མཐེ་བོ་ལག་མཐིལ་དུ་བཀུག་སྟེ། སོར་མོ་གཞན་བཞི་ནི་ཁུ་ཚུར་དུ་བཅངས་ནས་རྣ་བ་གཡས་པའི་ཐད་ཀར་བཞག་སྟེ། ལུས་པོ་ཆེའི་སྔགས་བཟླས་ནས་མཛུབ་མོ་ནི་ཕན་ཚུན་རྒྱུ་བར་བགྱིའོ། །ཕྱག་རྒྱ་འདི་གདུགས་གཅིག་ལ་དུས་གསུམ་དུ་བགྱི་བར་འཚལ་བས། དུས་གཅིག་གི་ཚེ་ཡང་ལན་བདུན་བཟླས་བརྗོད་བགྱིས་ན་མཚམས་མ་མཆིས་པ་ལྔ་དང་། ཤིན་ཏུ་ལྕི་བ་བཞིའི་ཁ་ན་མ་ཐོ་བ་རྣམས་ཀྱང་འབྱང་བར་འགྱུར་ལགས་སོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་བསྐྱེད་པར་གྱུར་ན་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་རྩ་བ་བསྲེགས་ནས། ཚེ་འདས་པའི་རྗེས་ལའང་སངས་རྒྱས་རྣམས་དང་མཇལ་བར་འགྱུར་ཞིང་། སངས་རྒྱས་ཀྱི་ཞིང་དེ་དག་ཏུའང་འཁོར་ལོས་སྒྱུར་བའི་རྒྱལ་པོ་བགྱིད་པར་འགྱུར། གཞན་ཡང་བས་པ་མ་མཆིས་པའི་གཏེར་ཞེས་བགྱི་བའི་གཟུངས་དང་། ཡེ་ཤེས་མཉམ་པ་ཞེས་བགྱི་བའི་གཟུངས་ཐོབ་པར་འགྱུར། གཞན་ཡང་མཚན་ཉི་ཤུ་རྩ་བརྒྱད་དང་ལྡན་པར་འགྱུར། གཞན་ཡང་ཚེ་འདི་ཉིད་ལ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་ལ་སོགས་པ་བྲོ་འཚལ་བར་མི་འགྱུར་ཞིང་། ལུས་ཀྱི་ནད་ཐམས་ཅད་ཀྱང་ཡོངས་སུ་འབྱང་བར་འགྱུར། སྔོན་གྱི་ལས་དང་ཁ་ན་མ་ཐོ་བ་རྣམས་ཀྱང་ཞུ་བྱང་བར་འགྱུར་ལགས་སོ། །གལ་ཏེ་ཐན་པ་བྱུང་བར་གྱུར་ན་ཏིལ་འབྲུ་ཡོག་པོའི་འབྲས་བུའི་མར་དང་སྦྱར་ཏེ། རིལ་བུ་བགྱིས་ནས་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་ཆབ་རྫིང་དུ་བོར་ན།


DKG097_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ཆར་འབབ་པར་འགྱུར་ལགས་སོ། །གལ་ཏེ་ཆར་ཆེས་ན་འབྲས་སཱ་ལུ་བརྡོས་པའི་མེ་ཏོག་ཡུངས་འབྲུའི་མར་དང་སྦྱར་ཏེ། རིལ་བུ་བགྱིས་ནས་ལན་བརྒྱ་རྩ་བརྒྱད་སྔགས་ཀྱིས་བཏབ་སྟེ་ཆབ་རྫིང་བུར་བོར་ན་དགུང་ཆར་འཆད་པར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བདུད་རྣམས་བཏུལ་བའི་ཕྱག་རྒྱ་ནི་འདི་ལགས་ཏེ། སོར་མོ་བསྣོལ་མར་བཏང་སྟེ། གཡོན་པས་གཡས་པ་མནན་ཏེ་ཁུ་ཚུར་དམ་དུ་བཅངས་ཏེ་སྤྱི་བོར་བཞག་ནས་ལུས་པོ་ཆེའི་སྔགས་བཟླས་བརྗོད་བགྱིས་ན་འཁོན་པའི་དགྲ་ཐམས་ཅད་རང་དུལ་བར་འགྱུར་ལགས་སོ། །ཆོ་ག་འདི་བགྱིད་པ་གང་ལགས་པ་དེས་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཚེས་ཉི་ཤུ་དགུའི་མཚན་མོ་ཙནྡན་དཀར་པོའི་ཕྱེ་མའི་དཀྱིལ་འཁོར་བགྱིས་ཏེ། མེ་ཏོག་སྣ་ཚོགས་བཀྲམ་ནས་ཡོངས་སུ་དག་པར་ཁྲུས་བགྱིས་ཏེ། གོས་གསར་པ་གཙང་མ་བགོས་ནས་སུག་པར་པོག་ཕོར་ཐོགས་ཏེ། ཨ་ག་རུ་བསྲེགས་ལ་ཁ་ཤར་ཕྱོགས་སུ་བལྟས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལག་སྟོང་མིག་སྟོང་དང་ལྡན་པའི་སྤྱི་བོ་ལ་མཆིས་པར་འདུ་ཤེས་ཉེ་བར་བཞག་སྟེ། ལུས་པོ་ཆེའི་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན་འདི་དངོས་གྲུབ་ཐོབ་པར་འགྱུར་བའི་ཕན་ཡོན་དང་པོ་མཆོག་ལགས་སོ། །གཞན་ཡང་ཡུངས་ཀར་ཏིལ་གྱི་འབྲས་བུ་དང་གཅིག་ཏུ་བསྲེས་ཏེ་བརྡུངས་ནས་ཕྱེ་མར་བགྱིས་ཏེ། ཕོ་གསུམ་གྱིས་ཅུང་ཟད་ཅིག་བླངས་ནས་ལན་ཅིག་སྔགས་ཀྱིས་བཏབ་སྟེ་ཞུགས་སུ་དོར་བ་དགུང་བདུན་ཚང་བར་བགྱིས་ལ། གདུགས་རེ་ལ་ཡང་ལན་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ན། སླླད་ཀྱིས་ཅིང་བགྱིའོ་འཚལ་མངོན་པར་འགྲུབ་པར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་འཇིགས་པ་མ་མཆིས་པ་ཆེན་པོའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་སུག་པ་རྐང་པ་གཉིས་ནད་


DKG097_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

གཞིབས་ཏེ། སྔར་སུག་པ་ལག་པ་གཡས་པ་བཀན་ཏེ་ལག་ངར་གཡོན་པ་བཏེག་ནས་པུས་མོའི་སྟེང་དུ་བཞག་པར་བགྱིས་ཏེ། སུག་པ་ལག་པ་གཡོན་པ་ཡང་དེ་བཞིན་དུ་བགྱིས་ནས་རྟག་པར་རིང་བསྲེལ་གྱི་མདུན་དུ་ལུས་པོ་ཆེའི་སྔགས་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ན། མྱུར་དུ་སེམས་ཅན་ལ་མི་འཇིགས་པ་སྩལ་བའི་ཏིང་ངེ་འཛིན་གྱི་སྒོ་ཐོབ་པར་འགྱུར་ལགས་སོ། །གཞན་ཡང་ཤིང་ཀུན་དང་། ཡུངས་ཀར་དང་། ཤུ་དག་དང་། ཏ་ཏ་པའི་རིལ་བུ་བླངས་ཏེ་དངོས་པོ་འདི་དག་ཞུགས་ཀྱི་ནང་དུ་བོར་ཏེ་བསྲེག་པར་བགྱིའོ། །འདི་དག་བསྲེག་པའང་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་རམ། དཀྱིལ་འཁོར་རམ། གནས་གཙང་མ་དག་ཏུ་བསྲེགས་ནས་ལུས་པོ་ཆེའི་སྔགས་བཟླས་ཏེ། སྔགས་ལན་རེ་བཟླ་ཞིང་ལན་རེ་བསྲེགས་པ་བརྒྱ་རྩ་བརྒྱད་ཚང་བར་བགྱིས་ནས་སྤོས་དང་མེ་ཏོག་དག་གིས་རིག་སྔགས་ལ་མཆོད་པ་བགྱིས་ན། ཅི་དང་ཅི་སྨོན་པ་རྣམས་ཡིད་བཞིན་དུ་མངོན་པར་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་རིག་སྔགས་གཞན་གྱིས་མི་ཐུབ་པ་དག་སྔགས་འདིས་བཏབ་ན་ཐམས་ཅད་ཐུབ་ཅིང་འགྲུབ་པར་འགྱུར་ལགས་སོ། །གལ་ཏེ་རྨི་ལྟས་མཐོང་བར་འཚལ་ན་སྔགས་འདི་བཟླས་ནས་ཕྱག་རྒྱ་བགྱིས་ཏེ་མིག་ལ་བཏབ་ན་ཅི་དང་ཅི་མཐོང་བར་འཚལ་བ་དེ་དག་ཐམས་ཅད་རྨི་ལམ་དུ་མཐོང་བར་འཚལ་ལགས་སོ། །བསོད་ནམས་མ་མཆིས་པ་གང་དག་ཅི་བགྱིའོ་འཚལ་ཡིད་བཞིན་དུ་གྲུབ་པར་མི་འགྱུར་ན། གདུགས་རེ་བཞིན་རིག་སྔགས་འདི་ལན་བརྒྱ་རྩ་བརྒྱད་འདོན་པ་དགུང་བདུན་དུ་ཚང་བར་གྱུར་ན་ཅི་དང་ཅི་སྨོན་པ་ཐམས་ཅད་འཐོབ་པར་འགྱུར་ལགས་སོ། །བཅོམ་ལྡན་འདས་བདག་སྔོན་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་སུ་རྒྱ་མཚོའི་ཆོས་ཀྱི་འདུས་སར་ཆོས་སྟོན་པ་ན་ཀླུ་མང་པོ་རྣམས་སྡུག་བསྔལ་ཆེན་པོ་རྣམས་མྱོང་བར་མཐོང་བ་དང་། ཀླུ་མང་པོ་རྣམས་ལ་སྙིང་བརྩེ་ནས་དེ་དག་སྡུག་བསྔལ་ལས་ཡང་དག་པར་བཟླ་བ་དང། སེམས་ཅན་མང་པོ་རྣམས་སྡུག་


DKG097_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

བསྔལ་དང་བྲལ་ཞིང་འཁོན་པའི་དགྲ་མ་མཆིས་པར་བགྱི་བའི་སླད་དུ་ཆོས་བསྟན་པ་ལས། དེའི་ཚེ་ཀླུའི་བུ་མོས་ཆོས་འདི་གཉེར་བའི་སླད་དུ་ནོར་བུ་རིན་པོ་ཆེ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་རི་བ་གཅིག་ཕུལ་བ་དང་། བདག་གིས་ནི་དེ་ལ་ཡུམ་གྱི་གཟུངས་འདི་རྒྱ་ཆེར་བསྟན་པས་སྡུག་བསྔལ་གྱི་བགེགས་རྣམས་དང་བྲལ་བར་གྱུར་ལགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཤེལ་གྱིས་རིག་སྔགས་འདི་ཡོངས་སུ་འཛིན་པ་དག་ལ་ཕན་གདགས་ཤིང་བགེགས་ཡོངས་སུ་བསྲུང་བའི་ཕྱིར་སྔགས་འདི་སྨྲས་སོ། །བི་མ་ལེ། མ་ཧཱ་བི་མ་ལེ། ཨུ་ཧ་ལེ། མ་ཧཱ་ཨུ་ཧ་ལེ། ཧུ་མ་ལེ། མ་ཧཱ་ཧུ་མ་ལེ། ས་ཧཱ་ལེ། མ་ཧཱ་ས་ཧཱ་ལེ། ཙི་ལི་ཏེ་སྭཱ་ཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་ཕྱོགས་གང་དུ་གནས་ཀྱང་རུང་སྟེ། བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལག་སྟོང་དང་ལྡན་པའི་ཆོས་ཀྱི་ཆོ་ག་འདི་ཡོངས་སུ་འཛིན་པར་བགྱིད་ན། བདག་ཀྱང་རྟག་པར་དེ་དག་གི་རྗེས་སུ་འབྲང་སྟེ། ཡོངས་སུ་བསྲུང་བར་བགྱིད་པས་བདུད་ཀྱི་འཁོར་རྣམས་ཀྱི་བར་དག་གིས་གཙེ་བར་མི་འགྱུར་ལགས་སོ། །གང་ལ་ལ་ཞིག་བྲེལ་ཞིང་ཕོངས་པར་གྱུར་ཏམ། ཕ་རོལ་གྱི་དགྲས་གཙེས་སམ། ཆོམ་རྐུན་དག་གིས་གནོད་པ་བགྱིད་པར་འགྱུར་ན། ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཀྱིས་བཏབ་སྟེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་ནས་དཔུང་པ་གཡོན་པ་ལ་མདུད་པར་བགྱིའོ། །གཞན་ཡང་སུག་པ་གཡོན་པའི་སྲིན་ལག་དང་། གུང་མོ་དང་། མཛུབ་མོ་རྣམས་ཁུ་ཚུར་བཅངས་ཏེ། མཐེ་བོས་སྟེང་དུ་མནན་ནས་མཐེ་ཆུང་ཆོམ་རྐུན་གྱི་ཕྱོགས་སུ་ཁ་བསྟན་ཏེ། སྔགས་འདི་ལན་བརྒྱ་རྩ་བརྒྱད་བཟླས་ན་ཐམས་ཅད་རང་གྱེས་ནས་གནོད་པ་བགྱིད་པར་མི་འགྱུར་ལགས་སོ། །སྔོན་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གངས་རི་ལ་གནས་ཏེ་ཆོས་སྟོན་པ་དང་། གནོད་སྦྱིན་དང་། སྲིན་པོའི་ཡུལ་ན་གནས་པའི་སྐྱེ་བོ་རྣམས་སེམས་ཅན་གྱི་ཤ་ཁྲག་འབའ་ཞིག་


DKG097_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ཞིང་། དགེ་བའི་སེམས་ཅི་ཡང་མ་མཆིས་པ་མཐོང་བ་དང་། དེའི་ཚེ་བྱང་ཆུབ་སེམས་དཔའ་དེ་ཐབས་ལ་མཁས་པས་ཕན་གདགས་ཤིང་སེམས་ཅན་གདུལ་བའི་ཆེད་དུ་རྫུ་འཕྲུལ་གྱི་མཐུས། དེ་མ་ཐག་ཏུ་ཡུལ་དེ་དག་ཏུ་མཆིས་ནས། མིག་སྟོང་དང་ལག་སྟོང་དང་ལྡན་པས་བདུད་འདུལ་བའི་ལུས་མངོན་པར་བསྟན་ཏེ། ཡུམ་གྱི་གཟུངས་མངོན་པར་འགྲུབ་པའི་ཕྱག་རྒྱ་བགྱིས་པ་དང་། དེའི་ཚེ་སྲིན་པོའི་ཡུལ་གྱི་རྒྱལ་པོ་བདག་གི་ཐད་དུ་མཆིས་ནས་ནོངས་པ་མཐོལ་བཤགས་ཏེ། ཕྱག་བགྱིས་པ་དང་། བདག་གིས་ཀྱང་མངོན་པར་འགྲུབ་པའི་ཕྱག་རྒྱས་བཏབ་པས། དེ་བླ་ན་མ་མཆིས་པའི་ལམ་མངོན་པར་གྲུབ་པར་གྱུར་ལགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གི་མངོན་པར་འགྲུབ་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་སུག་པ་རྐང་པ་གཉིས་གཤིབས་ཏེ། སྙིང་གར་ཐལ་མོ་སྦྱར་ཏེ། མཐེའུ་ཆུང་གཉིས་བསྣོལ་མར་བཏང་ཞིང་། གཡོན་པས་གཡས་པ་མནན་ནས་ལུས་པོ་ཆེའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ནས། ཆོ་ག་རྣམ་པ་སྣ་ཚོགས་གང་བགྱིད་ཀྱང་རུང་སྟེ། ཐམས་ཅད་མངོན་པར་འགྲུབ་པར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་འགྲོ་བ་དྲུག་པོ་དག་སྡུག་བསྔལ་གྱི་བགེགས་ལས་ཡོངས་སུ་སྐྱོབ་པའི་འཁོར་ལོའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲོ་བ་དྲུག་གི་སེམས་ཅན་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་འཚལ་ན་འཁོར་ལོའི་ཕྱག་རྒྱ་སྤྱད་པར་བགྱི་སྟེ། འདི་ལྟར་སོར་མོ་བཅུའི་རྩེ་མོ་ཕན་ཚུན་ཕྲད་པར་བགྱི་སྟེ། ལག་ངར་གྱི་ཚིགས་དང་ལག་མཐིལ་ནི་དབྱེ་བར་བགྱིའོ། །སོར་མོ་རྣམས་ཀྱི་བར་ཡང་ཚོན་གང་ཙམ་མཆིས་པར་བགྱིས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་དེ་འགྲོ་བ་དྲུག་པོ་དག་ཏུ་གནས་ནས་སྡུག་བསྔལ་གྱི་བགེགས་ལས་ཡོངས་སུ་འདས་པ་ཞེས་བགྱི་སྟེ། འདི་ལྟར་ཕྱག་རྒྱའ་འཁོར་ལོ་འདིའི་དབང་གིས་ཐམས་ཅད་སྡུག་བསྔལ་དང་བྲལ་བར་གྱུར་པས་སོ། །དེ་ལ་བྱང་


DKG097_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྔར་སུག་པ་གཡོན་པ་བརྐྱང་སྟེ། སོར་མོ་ལྔ་ཅར་བཀན་ནས་པུས་མོ་གཡོན་པའི་སྟེང་དུ་བཞག་གོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པ་བརྐྱང་སྟེ། སོར་མོ་ལྔ་ཅར་ཁ་སྦུབ་ནས་པུས་མོ་གཡས་པའི་སྟེང་དུ་མནན་པར་བགྱིའོ། །འདི་ནི་འགོག་པའི་སྙོམས་པར་འཇུག་པའི་ཕྱག་རྒྱ་དང་འདྲ་སྟེ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་མཚུངས་པར་ཕྱག་རྒྱ་འདིས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ལགས་པས། ཕྱག་རྒྱ་འདིས་ནི་ལས་ཀྱི་སྒྲིབ་པ་ཐམས་ཅད་སེལ་བར་བགྱིད་དོ། །རྣལ་འབྱོར་པ་བསམ་གཏན་སྒོམ་པ་གང་དག་ཏིང་ངེ་འཛིན་མངོན་སུམ་དུ་མ་གྱུར་ནས། གདུགས་མཚན་བདུན་གྱི་བར་དུ་དགོན་པའི་གནས་སུ་མཆིས་ནས་གཟུངས་འདི་བཟླས་ཏེ་ཕྱག་རྒྱ་འདི་བགྱིས་ནས། སེམས་རྩེ་གཅིག་ཏུ་སངས་རྒྱས་རྣམས་མིག་སྔར་མངོན་སུམ་དུ་བཞུགས་པར་ཡིད་ལ་བགྱིས་ཏེ། གདུགས་མཚན་གཅིག་ལ་དུས་དྲུག་ཏུ་མཐོལ་བཤགས་བགྱིས་ན། སངས་རྒྱས་རྣམས་ཀྱང་མངོན་སུམ་དུ་འགྱུར་ཞིང་བསོད་ནམས་ཀྱི་ཕུང་པོ་ཆེན་པོ་ཚད་མ་མཆིས། དཔག་ཏུ་མ་མཆིས། བརྗོད་དུ་མ་མཆིས་པ་རྣམས་ཀྱང་འཐོབ་པར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དགུག་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སྔར་སུག་པ་ལག་པ་གཡོན་པའི་སོར་མོ་བཞི་ཁུ་ཚུར་བཅང་བར་བགྱིའོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པས་གཡོན་པའི་མཐེ་བོ་ཁུ་ཚུར་བཅངས་པ་བཞིན་བཅངས་ནས། ལག་པ་གཡོན་པའི་མཐེ་བོ་ལག་པ་གཡས་པའི་ཆང་པའི་གོང་དུ་རྩེ་མོ་ཕྱུང་ནས་སུག་པ་ལག་པ་གཡས་པའི་མཛུབ་མོ་ནི་ཕན་ཚུན་དུ་རྒྱུ་བར་བགྱིའོ། །སྔགས་ནི་འདི་ལྟ་སྟེ། ཨོྃ་ཀུ་ཙི་ཀུ་ཙི། ཀུ་ཙི་ཡ་རི། ཙ་རི་ཙ་རི། ཙ་


DKG097_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

རི་ལེ་སྭཱ་ཧཱ། གཟུངས་ཀྱི་ཕྱག་རྒྱ་དང་སྔགས་འདི་ནི་བསམ་གྱིས་མི་ཁྱབ་པས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མཆིས་ཉལ་ཀར་ཕྱག་རྒྱ་འདི་བགྱིས་ཏེ། སྔགས་འདི་ལན་རེ་བཟླས་ཤིང་། སྙིང་གར་ཕྱག་རྒྱ་ལན་རེ་བགྱི་བ་ལན་བརྒྱ་རྩ་བརྒྱད་ཚང་བར་གྱུར་ན། སེམས་ལ་ཅི་དང་ཅི་འདོད་པ་རྣམས་རྨི་ལམ་དུ་རིག་ཅིང་མཐོང་བར་འགྱུར་ལགས་སོ། །གང་ལ་ལ་ཞིག་རྟག་པར་ཕྱག་རྒྱ་འདི་བགྱིས་ནས་སྔགས་འདི་བཟླས་བརྗོད་བགྱིས་ན་སྡིག་པ་ཐམས་ཅད་བྱང་ནས་བྱང་ཆུབ་ཀྱི་སེམས་སྟོང་བར་མི་འགྱུར་བས། གང་ཟག་དེ་མཚན་མོ་མཆིས་ཉལ་བའི་ཚེ་གཡར་ལམ་ན་རྒྱ་ཆེར་འཕེལ་ཞིང་བཀྲ་ཤིས་པར་འགྱུར། གཡར་ལམ་ན་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་ནས་ལུང་སྟོན་པ་དང་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་བའི་བར་དག་ཀྱང་མཐོང་བར་འགྱུར། ཚངས་པ་དང་། བརྒྱ་བྱིན་དང་། ལྷ་རྣམས་ཀྱང་རྟག་ཏུ་ཉེ་བར་མཆིས་ནས། རིམ་གྲོ་བགྱིད་ཅིང་ཡོངས་སུ་བསྲུང་བར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པས་ལྷ་དང་། ཀླུ་དང་། འདྲེ་གདོན་སྡེ་བརྒྱད་པོ་དགུག་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། འགྲེང་ནས་སུག་པ་རྐང་པ་གཉིས་གཤིབས་ཏེ། སྔར་སུག་པ་ལག་པ་གཡོན་པའི་མཐེ་བོ་ལག་མཐིལ་དུ་བཀུག་ནས་སོར་མོ་བཞི་ཁུ་ཚུར་བཅངས་ཏེ་སྙིང་གར་བཞག་གོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པ་ཡང་དེ་བཞིན་དུ་བགྱིས་ཏེ། ལག་པ་གཡས་པ་རྣ་དྲུང་དུ་གཏད་ནས། མཛུབ་མོ་ཕན་ཚུན་དུ་རྒྱུ་བར་བགྱིའོ། །སྔགས་ནི་འདི་ལྟ་སྟེ། ན་མོ་ནཱི་ལ་ཀཎྛ། ན་མ་ཨཱཪྱ་ཤ་པ་ཏ་སྭཱ་ཧཱ། ན་མ་ཨཱཪྱ་ཤ་ལ་སྭཱ་ཧཱ། ཨེ་ཧི་ཨེ་ཧི་སྭཱ་ཧཱ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་དང་ཕྱག་རྒྱ་འདི་ལེན་ཏམ། འཛིན་ཏམ། ཀློག་གམ། འདོན་པར་བགྱིད་ན། མྱུར་དུ་ཚེ་རབས་བདུན་ཚུན་ཆད་ཀྱི་སྔོན་གྱི་གནས་ཀྱི་དངོས་པོ་རྗེས་སུ་དྲན་པར་འགྱུར། སྦྲུལ་གདུག་པས་ཟིན་པར་མི་འགྱུར།


DKG097_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གིས་མི་ཚུགས་པར་འགྱུར། མཚོན་གྱིས་གནོད་པ་བགྱིད་པར་མི་འགྱུར། རྒྱལ་པོས་གཤེ་བར་མི་འགྱུར། ནམས་ཀྱང་སེམས་ཅན་དམྱལ་བའི་སྡུག་བསྔལ་མྱོང་བར་མི་འགྱུར་ལགས་སོ། །གང་ལ་ལ་ཞིག་གདུགས་རེ་བཞིན་དུ་རིག་སྔགས་འདི་འདོན་པར་བགྱིད་ན་འདྲེ་སྲིན་སྡེ་བརྒྱད་པོ་རྣམས་རིག་སྔགས་འདོན་པའི་དྲུང་དུ་ཉེ་བར་མཆིས་ནས་རིག་སྔགས་འདོན་པ་ཉན་པར་བགྱིད་དོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདྲེ་གདོན་གྱིས་ཟིན་པར་གྱུར་ན། སྐུད་པ་དཀར་པོ་ལ་སྔགས་ཀྱིས་བཏབ་སྟེ། སྔགས་ལན་རེ་བཟླ་ཞིང་མདུད་པ་རེ་རེ་མདུད་དེ་མདུད་པ་བཞི་བཅུ་རྩ་དགུ་ཚང་བར་བགྱིས་ནས། དེའི་མགུལ་དུ་བཏགས་ན་དེའི་ནད་སེལ་བར་འགྱུར་ལགས་སོ། །གལ་ཏེ་ཡུལ་གང་དུ་ལྟས་ངན་དང་། རིམས་ནད་བྱུང་སྟེ། ཡུལ་མི་མང་དུ་གུམ་པར་གྱུར་ན། རྒྱལ་པོའི་ཀུན་དགའ་ར་བ་དང་རྫིང་དག་ཏུ་པདྨ་སྟོང་རྩ་བརྒྱད་བླངས་ཏེ། པདྨ་རེ་རེ་ལ་སྔགས་ལན་རེ་བཏབ་ནས་ཞུགས་ཀྱི་ནང་དུ་བོར་ཏེ་བས་པར་བསྲེགས་ན་རིམས་ནད་རབ་ཏུ་ཞི་བར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པའི་རྣམ་པར་གྲོལ་བའི་ཕྱག་རྒྱ་ནི་འདི་ལགས་ཏེ། སྐྱིལ་མོ་ཀྲུང་བཅས་ནས་སྔར་སུག་པ་ལག་པ་གཡོན་པའི་གུང་མོ་མཐེ་བོའི་རྩེ་མོ་དང་སྦྱར་ཏེ་བཀན་ལ། སོར་མོ་གཞན་གསུམ་ནི་བརྐྱང་ནས་པུས་མོ་གཡོན་པའི་སྟེང་དུ་བཞག་པར་བགྱིའོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པ་ཡང་དེ་བཞིན་དུ་བགྱིས་ནས། སུག་པ་ལག་པ་པུས་མོ་གཡས་པའི་སྟེང་དུ་ཁ་སྦུབ་ཏུ་གཞག་པར་བགྱིའོ། །གང་ལ་ལ་ཞིག་རྟག་པར་ཕྱག་རྒྱ་འདི་བགྱིས་ནས་ལུས་པོ་ཆེའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ན། སྨོན་ལམ་རྣམས་ཡོངས་སུ་རྫོགས་པར་འགྱུར་ཞིང་སྡུག་བསྔལ་རྣམས་ཀྱང་རྣམ་པར་གྲོལ་བར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་མི་དགེ་བ་བཅུ་དང་མཚམས་མ་མཆིས་པ་ལྔ་ལ་སོགས་པའི་དངོས་


DKG097_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་རྣམ་པ་སྣ་ཚོགས་པ་བགྱིས་པས་འཛམ་བུའི་གླིང་གི་ས་ཅི་མཆིས་པ་དེ་དག་ཐམས་ཅད་རྡུལ་ཕྲ་རབ་ཏུ་བགྱིས་ལ། རྡུལ་ཕྲ་རབ་དེ་རེ་རེ་ཡང་བསྐལ་པ་རེ་རེ་ལ་མངོན་པར་བྱུང་བར་གྱུར་ན། གང་ཟག་དེ་དངོས་སྡིག་རྣམ་པ་སྣ་ཚོགས་བགྱིས་པའི་དབང་གིས་བསྐལ་པའི་གྲངས་དེ་སྙེད་ཀྱི་བར་དུ་སེམས་ཅན་དམྱལ་བར་ལྷུང་ནས་སྡུག་བསྔལ་མྱོང་ཞིང་གཏན་དུ་འབྱུང་བའི་དུས་མ་མཆིས་པ་ཞིག་ལགས་ན་ཡང་། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་དག་གིས་རིང་བསྲེལ་དང་བཅས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་ཟླ་བ་དཀར་པོའི་ངོ་ཚེས་བཅྭ་ལྔ་ལ་གདུགས་མཚན་གཅིག་ཟས་བཀུམ་སྟེ་ཕྱག་རྒྱ་མདུད་ནས། རིག་སྔགས་སྟོང་རྩ་བརྒྱད་ཚང་བར་བཟླས་ན་གོང་དུ་བསྟན་པའི་སྡུག་བསྔལ་དེ་དག་ཐམས་ཅད་ཞུ་བྱང་བར་འགྱུར་ཏེ། གལ་ཏེ་བྱང་བར་མི་འགྱུར་རོ་ཞེ་ན། དེ་ལྟ་བུའི་གནས་མ་མཆིས་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་མིག་སྟོང་དང་ལྡན་པས་རྫུ་འཕྲུལ་གྱི་རྐང་པ་ལ་རང་དབང་ཐོབ་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། ལངས་ནས་འགྲེང་སྟེ་སྔར་སུག་པ་གཡོན་པས་སུག་པ་རྐང་པ་གཡོན་པའི་མཐེ་བོ་ལ་བཙིར་ནས་ཁུ་ཚུར་བཅངས་པ་བཞིན་དུ་བགྱིའོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པས་གཡོན་པའི་ལག་ངར་གྱི་སྟེང་དུ་བཙིར་ནས་ལུས་པོ་ཆེའི་སྔགས་ལན་བདུན་འདོན་པར་བགྱིས་ན། དཔག་ཚད་བརྒྱ་སྟོང་དུ་མར་མཆི་འཚལ་ནའང་དཀའ་བ་མ་མཆིས་པར་འགྱུར་ལགས་སོ། །སྔགས་འདོན་པའི་ཚེ་སྒྲ་འབྱུང་བར་མི་བགྱིའོ། །དེ་ལ་བྱང་ཆུབ་སེམས་དཔའ་མིག་སྟོང་དང་ལྡན་པས་རྫུ་འཕྲུལ་ལ་རང་དབང་ཐོབ་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སྔར་སུག་པ་ལག་པ་གཡོན་པའི་མཐེ་བོས་མཐེའུ་ཆུང་གི་སེན་མོའི་སྟེང་དུ་རེག་པར་བགྱིའོ། །དེའི་རྗེས་ལ་སུག་པ་ལག་པ་གཡས་པའང་དེ་བཞིན་དུ་བགྱིས་ནས། སོར་མོ་གཞན་གསུམ་ནི་སོ་སོར་ཡན་པར་བསྒྲེང་སྟེ། ལག་ངར་གྱི་ཚིགས་སྦྱར་ནས་སྤྱི་བོའི་སྟེང་དུ་བཞག་སྟེ། ལུས་


DKG097_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཆེའི་སྔགས་ལན་བརྒྱ་རྩ་བརྒྱད་འདོན་པར་བགྱིད་ན་དྲང་སྲོང་འཕུར་ཏེ་མཆི་བ་དག་དང་འདྲ་བར་རང་དབང་དུ་མཆི་བར་འགྱུར་ལགས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་རྣམས་སེམས་རྩེ་གཅིག་ཏུ་སྤྱན་འདྲེན་པའི་ཕྱག་རྒྱ་ནི་འདི་ལགས་ཏེ། སུག་པ་གཉིས་ནམ་མཁའ་ལ་ཐལ་མོ་སྦྱར་ཏེ་ལག་ངར་གྱི་ཚིགས་སྦྱར་ནས་མཛུབ་མོ་གཉིས་ནི་ཕན་ཚུན་རྒྱུ་བར་བགྱིའོ། །སྔགས་ནི་འདི་ལྟ་སྟེ། ཨོྃ་ཨ་རོ་ལི་ཀ་ཏེ་ལེ། ལོ་ཀི་བི་དོ་ཡ། སརྦ་ཡ་དྲུ། པྲ་མརྡྷ་ན་ཀ་རཱ་ཡ་པུ་རུ་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཉན་ཐོས་ཆེན་པོ་དེ་དག་དང་བྱང་ཆུབ་སེམས་དཔའ་དེ་དག་དང་། ཚངས་པ་ཆེན་པོ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཏེ་གཏན་ལ་ཕབ་པ།།


previousབྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་ཐོགས་པ་མི་མངའ་བའི་ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པ་ཞེས་བྱ་བའི་གཟུངས་ཆོ་ག་དང་བཅས་པ།next