Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next

རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས།


DKG098_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། བཛྲ་ལོ་ཧ་ཏུཎྜ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ནས་ཚངས་བ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་ཐམས་ཅད་འདུས་ནས་ཀླུ་ཐམས་ཅད་ཀྱི་སྙིང་འཕྲོག་པར་བགྱིད་པ། སྙིང་འགུམས་པར་བགྱིད་པ། ཀླུ་མ་རུངས་པ་རྣམས་ཀྱི་རིགས་ཕུང་བར་འགྱུར་བ། རླུང་དང་སེར་བའི་སྤྲིན་ཐམས་ཅད་བཟློག་པར་བགྱིད་པ། མེ་ཏོག་དང་འབྲས་བུ་དང་ལོ་ཏོག་ཐམས་ཅད་འབྱོར་པར་བགྱིད་པ་རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་བརྗོད་པར་འཚལ་གྱིས། བཅོམ་ལྡན་འདས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་སླད་དུ་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། རིགས་ཀྱི་བུ་རྣམས་ངས་སེམས་ཅན་ཐམས་ཅད་ཀྱི་དོན་དང་། འཕགས་པ་ཐམས་ཅད་ཀྱི་བདེན་པའི་བྱིན་གྱི་བརླབས་ཀྱིས་ཁྱེད་ཀྱིས་སྨྲོས་ཤིག་ཅེས་བཀའ་སྩལ་བ་དང་། དེ་ནས་ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་དང་། རྒྱལ་པོ་ཆེན་པོ་བཞིས་གཟུངས་སྔགས་འདི་སྨྲས་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཛིན་དྲག་པོ་ལ་ཕྱག་འཚལ་ལོ། །ཕ་རོལ་ཟིལ་གྱིས་གནོན་པའི་མཐུ་བོ་ཆེ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་གྱི་གཙོ་བོ་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་བཞི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནམ་ལྕགས་འབར་བ་མ་རུངས་བ་དྲག་ཏུ་དགོད་པ་ལ་ཕྱག་འཚལ་ལོ། །མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཛ་ལི་ཏ། བི་ཀྲྀ་ཏ། བཛྲ་ཛ་ཡ་ཛ་ཡ། མ་ཧཱ་བ་ལེ་བྷྱོ་ར་


DKG098_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བི་ར་བ་རཱ་ཀྲ་མ་ཀྲོ་དྷ་རཱ་ཛ། བྲ་མ་བྷ་པུ་པུ་མ། པྲ་མ་སྭ་རེ། བྷོ་བྷོ་ནཱ་ག་དེ་བི་དི། བྱི་ས་ར་མ་དྷ། པྲ་མ་དྷ་ན་དྷེ་ན། མཱུདྟཱ་ནཱཾ། སྥོ་ཊ་ཡཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ། བྷ་ར་བྷ་ར། བརྣ་ཙཀྲ། ཧཱ་དྷ་ནི་བྷོ་པན་ནཱ་གེནྡྲ། མཱ་ཏི་ཀྲ་མ་ཐ་བརྞ་ཙཀྲེ། ཤི་ར་ཙིནྟཱ་ཎི་ཧཱུྃ་ཏི་ཧཱུྃ་ཏི་ལི་ཧཱུྃ་ཧཱུྃ་ཕཊ་ཕཊ། མུ་དུ་མུ་དུ་མུ་ཧྱེནྟུ། སརྦ་དུཥྛ་ན་སྥོ་ཊ་ཡ། ཧྲྀ་ད་ཡ། མ་ཧེ་ཤྭ་ར་ཛྭ་ལ་ཏ། ཏྲི་ཤཱུ་ལ་དྷ་ར་དྷ་ར། ཧ་ན་ཧ་ན། ཧཱུྃ་ཧཱུྃ་ཕཊ། མུ་ཙི་མུ་ཙི། དུ་དི་བ་བྷ་བ་བྷ། ཀྵ་ཎེ་ཀྵ་ཎེ། ཙ་ཏུརྞཱཾ། མ་ཧཱ་རཱ་ཛཱ་ནཱཾ། ཛཱ་ལ་ཏི། ཤཀྟི། དྷ་ར་དྷ་ར་ཧཱུྃ་ཕཊ། སྤུ་ར་སྤུ་ར། བི་སྤུ་ར་བི་སྤུ་ར་བི་སྤུ་ར། ཙ་ར་རྦ་ཙ་ར་རྦ་ཙ་ར་རྦ། ནཱ་ཤ་ཡ་དུཥྚཾ་ནཱ་ག་ཧྲྀ་ད་ཡ། སྥོ་ཊ་ཡ། ཧཱུྃ་ཧཱུྃ་ཕཊ། དུཥྚ་ཨཱ་ཤཱ་ནི། བྷུཏྟ་མ་ག་ཤ་བཱི་རྱ་ཛྭ་ལ། བྷསྨིཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ས་མ་ཡ་མ་ནུ་སྨ་ར་ཡ། བྷོ་ནཱ་གཱ་དྷི་པ་ཏི་བི་ཙིནྟུ། བྷྱི་བྷོ་ཡ། བྷོ་བྷོ་ཏུ། ཏི་ཏུ་ཏི་ཏུ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨ་ཤ་ནི་ནཱ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཛྲ་ཨ་ཤ་ནི་ནཱ་ཤ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སརྦ་ནཱ་ག་ཧྲྀ་ད་ཡཱ་ནི། བི་སྥོ་ཊ་ཀཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། བུདྡྷ་བི་ལོ་ཀི་ཏཱ་ཡ་སྭཱ་ཧཱ། པྲཧྨ་སྭཱ་ཧཱ། བིཋྞུ་མཱུརྟཱ་ཡ་སྭཱ་ཧཱ། མ་ཧེ་ཤྭ་ར་ཛྭ་ལི་ཏ་ཏྲི་ཤཱུ་ལཱ་ཡ་སྭཱ་ཧཱ། ཙ་ཏུརྨ་ཧཱ་རཱ་ཛ་སམ་དྷ་རཱ་ཡ་སྭཱ་ཧཱ། བི་ཙ་ག་ཏི་ཡ་ཕཊ་སྭཱ་ཧཱ། ཨོྃ་དི་རི་དི་རི་སྭཱ་ཧཱ། ཛྭ་ལི་ཏ་བཀྟྲཱ་ཡ་སྭཱ་ཧཱ། ཛུ་ཏི་ཛུ་ཏི་སྭཱ་ཧཱ། ཕཊ་ཕཊ། རྡོ་རྗེ་འབར་བ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་སྔགས་འདི་ཐོས་མ་ཐག་ཏུ་ཀླུ་མ་རུངས་པ་ཐམས་ཅད་ལུས་རུལ་ནས་དྲི་མི་ཞིམ་པ་མནམ་པར་འགྱུར་རོ། །ལུས་སོ་སོར་ཞིག་ཅིང་འཕོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བསྐྱབ་ཏུ་གསོལ། ལྷ་དང་འཇིག་རྟེན་དུ་བཅས་པ་ཐམས་ཅད་ཀྱིས་དམད་པར་གྱུར། བདག་ཅག་ནི་མ་རུངས་པར་གྱུར་ཏོ། །བཅོམ་ལྡན་འདས་སླན་ཆད་འཛམ་བུའི་གླིང་དུ་སེམས་ཅན་རྣམས་ལ་གནོད་པར་མི་བགྱིད། འགུམས་པར་མི་བགྱིད། ཆུང་ངུ་ན་མིག་ཀྱང་བལྟ་བར་མི་བགྱིད་ན་སྐབས་ལྟ་བ་ལྟ་ཅི་སྨོས། རྒྱ་མཚོ་ཀླུའི་རྒྱལ་པོ་དང་། ཀླུའི་རྒྱལ་པོ་གདུགས་ལྟ་བུ་དང་། ཀླུའི་རྒྱལ་པོ་མཐུ་ཆེ་བ་དང་། མདངས་ཆེ་བ་དང་། མ་


DKG098_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རུངས་པ་ལ་སོགས་ཏེ། ཀླུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་གཏུགས་ཏེ་ཕྱག་འཚལ་ནས། ཀླུ་ཐམས་ཅད་ཀྱིས་དུས་ཕྱི་མའི་ཚེ་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལ་གནོད་པར་མི་བགྱིད། མེ་ཏོག་དང་། འབྲས་བུ་དང་། ལོ་ཏོག་དང་། ལོ་མ་དང་། ཡལ་ག་ཐམས་ཅད་སྲུང་བར་བགྱིད། རླུང་དང་། སེར་བ་ཐམས་ཅད་དགག་པར་བགྱིད། དུས་དུས་སུ་ཆར་དབབ་པར་བགྱིད་པར་རང་གི་བྲོའི་ཚིག་གི་ཡི་དམ་དང་། དེ་བཞིན་གཤེགས་པའི་དམ་ཚིག་རྗེས་སུ་བསྲུང་བར་བགྱིའོ། །སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་སྐོང་བ་དང་ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བགྱིད། གནོད་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཡོན་ཏན་གྱི་ཁྱད་པར་འདི་དག་ལ་འགལ་བར་བགྱིད་ན། བདག་ཅག་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མ་གྱུར་ཅིག །བྲོའི་ཚིག་ཀྱང་འདི་ལགས་ཏེ། ཏདྱ་ཐཱ། ཨོྃ་ཏ་གི་ཙ་གི་གྷུ་ལི་གྷུ་ལི། མུ་ལི་ཤ་ཤ། །གུ་གུ་ཤི་ཏི། བི་ར་མ་ཏི། ཧུ་ཡུ་ཧུ་ཡུ་སྭཱ་ཧཱ། ཆར་ཆེ་བའམ། ཆར་མི་འབབ་པའམ། དུས་མ་ཡིན་པར་ཆར་འབབ་པའམ། རླུང་དང་། སྤྲིན་དང་། སེར་བ་དང་། གྲང་བའི་རླུང་དང་། གནམ་ལྕགས་ལྷུང་བའི་ཚེ་རིག་འཛིན་གྱི་བྲོ་ཚིག་འདི་ཁང་ཐོག་གམ་ས་མཐོན་པོའམ་རིའི་སྟེང་དུ་ཡང་རུང་ཁ་ཤར་ཕྱོགས་སུ་བལྟས་ཏེ་ལན་བདུན་སྐད་ཆེན་པོར་བཟླས་ཡུངས་ཀར་ལ་ལན་བདུན་བཟླས་ཏེ་གྱེན་དུ་གཏོར་ན། གཏོར་མ་ཐག་ཏུ་ཀླུ་ཐམས་ཅད་དུམ་བུར་འགྱུར་ཞིང་ནན་ཏན་བྱས་བས་མྱུར་དུ་ཆར་འབེབས་སོ། །གཟུངས་འདི་ཉིད་ཀྱིས་དྲིལ་བུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ནན་ཏུར་དྲག་པོར་བྱས་ཏེ་ཕྱོགས་བཞིར་གཏོར་ན་མཚམས་བཅད་པར་འགྱུར། རྡོ་རྗེ་གནམ་ལྕགས་མཆུ་ལན་བརྒྱད་དུ་བཟླས་པས་ཀླུ་དགུག་པར་བྱ་ལན་ཅིག་དྲན་པས་རླུང་དང་སེར་བ་སླར་བཟློག་པར་བྱའོ། །གནམ་ལྕགས་ལྷུང་ན་ཡང་ཆུར་འགྱུར་རོ། །རྡོ་རྗེ་སྐོར་ན་ཕྱོགས་གང་དུ་བསྐོར་བ་དེར་སེར་བ་འབྱོལ་ལོ། །ནང་བར་སྔར་ས་དབེན་པར་འདུག་སྟེ་སྔགས་འདི་ལན་སུམ་ཅུ་རྩ་གཉིས་


DKG098_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ན་རླུང་དང་སྤྲིན་དང་སེར་བ་ཡང་འགག་པར་འགྱུར་རོ། །ཀླུས་གནོད་པ་མི་བྱེད་ཅིང་ཕྱིས་ཀྱང་མི་ཚུགས་སོ། །ཡུངས་ཀར་ལ་སྔགས་ཏེ་ཕྱོགས་བཞིར་གཏོར་ན་ལོ་གཅིག་གི་བར་དུ་མཚམས་བཅད་དེ་རླུང་དང་སྤྲིན་དང་སེར་བ་ཡང་མི་གཡོའོ། །ངག་ཉན་ཅིང་ཀུན་དུ་བསྲུང་བ་དང་ལས་བྱེད་པར་འགྱུར་རོ། །སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་དྲིལ་བུ་དཀྲོལ་ན་ཀླད་པ་འགས་ཤིང་ས་ལ་ལྟུང་བར་འགྱུར་ཏེ་གནོད་པ་བྱེད་པ་སེལ་ལོ། །མཆོད་པ་ཚུལ་བཞིན་བསྔགས་པར་བྱས་ཏེ་སྐད་གསལ་བར་བཀླགས་ཏེ་ཕྱོགས་བཞི་སྟེང་འོག་ཏུ་ཡུངས་ཀར་གཏོར་ན་སེར་བ་དང་རླུང་དང་ཀླུས་གནོད་པ་བྱེད་པ་བཅིངས་པར་འགྱུར། ལྟས་ངན་པ་དང་། མི་དགེ་བ་དང་བཀྲ་མི་ཤིས་པ་དང་གཟའ་དང་འབྱུང་པོ་དང་ཤ་ཟ་དང་གནོད་སྦྱིན་དང་སྲིན་པོ་ཡང་ཕྱིར་བསྐྲད་པར་འགྱུར། དཔག་ཚད་ཁོ་ར་ཁོར་ཡུག་ཏུ་མཚམས་བཅད་པར་འགྱུར། ནད་དང་གནོད་པར་སེམས་པ་དང་ཕས་ཀྱི་རྒོལ་བའི་དགྲ་བགེགས་ཐམས་ཅད་ཟློག་པར་འགྱུར་རོ། །ལོ་ཏོག་དང་འབྲས་བུ་དང་ཁུ་བ་རྒྱས་པ་དང་། སྨིན་པ་དང་ཆེ་བར་འགྱུར། འབྱུང་པོ་དང་གནོད་པ་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །རྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས་རྫོགས་སོ།།


previousརྡོ་རྗེ་གནམ་ལྕགས་མཆུ་ཞེས་བྱ་བའི་གཟུངས།next