Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་བརྒྱད་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས།next

འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས།


DKG098_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱརྱ་བ་སུ་དྷཱ་རཱ་ནཱ་མདྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཀཽ་ཤཱམྦཱི་ན་ཚེར་མ་ཅན་ཞེས་བྱ་བའི་ནགས་མཆོག་ཆེན་པོ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་པ་རབ་ཏུ་མང་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་ཀཽ་ཤཱམྦཱིའི་གྲོང་ཁྱེར་ཆེན་པོ་ན་ཁྱིམ་བདག་ཟླ་བ་བཟང་པོ་ཞེས་བྱ་བ། དབང་པོ་ཉེ་བར་ཞི་བ། ཡིད་ཉེ་བར་ཞི་བ། བུ་ཕོ་དང་། བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ། དད་ཅིང་ཆེར་དད་པ་ཞིག་གནས་པ་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །


DKG098_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་བྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ཅི་དང་ཅི་འདོད་པ་དྲིས་ཤིག་དང་། ཁྱོད་ཀྱིས་ཇི་སྐད་དྲིས་པའི་དྲི་བ་ལུང་བསྟན་པས་ངས་ཁྱོད་ཀྱི་སེམས་རངས་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དབུལ་པོར་གྱུར་པ་ལས་ཇི་ལྟར་དབུལ་བ་མ་མཆིས་པར་འགྱུར་ཞིང་། བྲོ་ནད་ཀྱིས་ཐེབས་ན་ཡང་བྲོ་ནད་མ་མཆིས་པར་འགྱུར་བ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་ཁྱོད་ཅིའི་ཕྱིར་དབུལ་པོའི་དོན་དུ་འདྲི། དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཁྱིམ་བདག་ཟླ་བ་བཟང་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་དབུལ་བ་མང་བ་དང་། གསོ་བ་མང་བ། བུ་ཕོ་དང་། བུ་མོ་མང་བ། བཟའ་མི་མང་པོ་དང་ལྡན་པ་ལགས་ཏེ། དེའི་སླད་དུ་གང་གི་སེམས་ཅན་དབུལ་བོ་རྣམས་ཀྱི་དབུལ་པ་མ་མཆིས་པར་འགྱུར་བ་དང་། བྲོ་ནད་ཀྱིས་ཐེབས་པ་རྣམས་བྲོ་ནད་མ་མཆིས་པར་འགྱུར་བ་དང་། ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་མང་པོ་དང་ལྡན་པར་འགྱུར་བ་དང་། སྡུག་པ་དང་། ཡིད་དུ་མཆི་བ་དང་། མཐོང་ན་ཡིད་དུ་འཐད་པ་དང་། དབང་ཕྱུག་ཏུ་འགྱུར་བ་དང་། སྦྱིན་བདག་མཛོད་པས་མི་འཚལ་ཞིང་། དབྱིག་དང་། གསེར་


DKG098_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནོར་དང་། འབྲུའི་མཛོད་དང་། བང་མཛོད་རྣམས་དང་། ནོར་བུ་དང་། མུ་ཏིག་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དབུལ་བསམ་འཚལ་ཅིང་འབྱོར་བར་འགྱུར་བ་དང་། ཁྱིམ་གྱི་བུ་སྨད་དང་། བཟའ་མི་རྣམས་བརྟན་པར་འགྱུར་བའི་ཆོས་ཀྱི་རྣམ་གྲངས་དེ་བཅོམ་ལྡན་འདས་ཀྱིས་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་ཟླ་བ་བཟང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱིམ་བདག་འདས་པའི་དུས་བསྐལ་བ་གྲངས་མེད་པ་འདས་པར་གྱུར་པ་དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཆང་རྒྱ་མཚོའི་དབྱངས་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། རིགས་ཀྱི་བུ་ངས་དེ་བཞིན་གཤེགས་པ་དེ་ལས་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་འདི་ཐོས་ཏེ་བཟུང་ཞིང་བཅངས། བཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རང་བར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ་དེ་ཡང་ངས་དེ་བཤད་པར་བྱའོ། །རིགས་ཀྱི་བུ་གཟུངས་སྔགས་འདིའི་མཐུས་མི་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །མི་མ་ཡིན་པ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གནོད་སྦྱིན་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །སྲིན་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ཡི་དགས་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ཤ་ཟ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །འབྱུང་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གྲུལ་བུམ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །བརྗེད་བྱེད་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །གནོན་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ལུས་སྲུལ་པོ་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །ལྷ་མ་ཡིན་རྣམས་རྣམ་པར་ཐོ་འཚམ་པར་མི་བྱེད་དོ། །


DKG098_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཤ་ཟ་བ་རྣམས་དང་།ཟས་སུ་རྣག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་སྟོང་ཁུང་ནས་འབབ་པ་ཟ་བ་རྣམས་དང་། ཟས་སུ་དབུགས་རྔུབ་པ་དང་། འབྱུང་བ་ཟ་བའི་བར་རྣམས་རྣམ་པར་འཚེ་བར་མི་འགྱུར་རོ། །རིགས་ཀྱི་བུ་ནོར་གྱི་རྒྱུན་གྱི་གཟུངས་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གི་ཁྱིམ་ན་ཡོད་དམ། སྙིང་ལ་ཡོད་དམ། ལག་ན་ཡོད་དམ། གླེགས་བམ་དུ་ཆུད་དམ། ཐོས་པར་གྱུར་ཏམ། ཀུན་ཆུབ་པར་བྱས་སམ། བཀླགས་སམ། བཟུང་ངམ། རྗེས་སུ་ཡི་རང་བར་བྱས་སམ། གཞན་དག་ལ་རྒྱ་ཆེར་རབ་ཏུ་བསྟན་པའི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེ་ལ་ཡུན་རིང་པོའི་དོན་དང་། ཕན་པ་དང་། དགེ་བ་དང་། གྲུབ་པ་དང་། བདེ་བ་དང་། ལོ་ལེགས་པར་འགྱུར་རོ། །སུ་ཞིག་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་འདི་ནམ་ཕྱེད་ན་ལན་གཉིས་སམ། ལན་གསུམ་མམ། ལན་བཞི་བཏོན་ན་དེའི་ལྷ་ཡི་རངས་ཏེ། དེ་བཞིན་གཤེགས་པའི་བསྟན་པ་ལ་དགའ་བ་དང་། ཆོས་གདགས་པ་བྱས་པས་དགའ་བ་དང་། དགེ་འདུན་གདགས་པ་བྱས་པས་དགའ་བ་དང་། ཆོས་སྨྲ་བ་ལ་དགའ་བ་དང་ལྷག་པའི་བསམ་པས་བདག་ཉིད་འོངས་ཏེ་འབྲུའི་ཆར་འབེབས་སོ། །ན་མོ་བཛྲ་དྷ་ར་སཱ་གར་ནི་རྒྷོ་ཥཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཏདྱ་ཐཱ། ཨོཾ་སུ་རཱུ་བེ། བྷ་དྲེ། བྷ་དྲཱ་བ་ཏི། ཨདྒ་ལེ། མངྒ་ལེ། མངྒ་ལ་བ་ཏི། ཨ་ལེ། ཨ་ཙ་ལེ། ཨ་ཙ་ལ་བ་ལེ། ཨུདྒྷ་ཏ་ནི། ཨུདྦྷེ་ད་ནི། བསྱ་བ་ཏི། དཱ་ན་པ་ཏི། དྷ་ནྱ་པ་ཏི། ཤྲཱི་མ་ཏི། པྲ་བྷ་བ་ཏི། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། རུ་རུ། སུ་རཱུ་པེ། སུ་རཱུ་པ་མ་ལེ། བི་མ་ལེ། ཙ་ལེ། ཨརྩ་ནསྟེ། ཨ་ན་ནསྟེ། བི་ན་ནསྟེ། བི་ཤྭ་ཀེ་ཤི། བི་ཤྭ་ནི་ཤི། ཨངྐུ་རེ། མངྐུ་རེ། པྲ་བངྐུ་རེ། བཱི་ར་མེ། བིདྷ་མེ། རི་རི་མེ། དི་དི་མེ། དུ་དུ་མེ། ཁ་ཁ་མེ། ཏ་ཏ་རེ། ཏ་ར་ཏ་ར། ཏཱ་ར་


DKG098_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ་ར། བཛྲེ་བཛྲེ་བཛྲེ་བ་མེ། ཊ་ཀེ་ཊ་ཀེ། ཋ་ཀེ་ཋ་ཀེ། ཨུཀྐེ། བུཀྐེ། ཋ་ཀེ་ཋ་ར་ཀེ། ཨ་བརྟ་ནི། བ་ར་ཤ་ན། ཥ་ད་ནི་བཛྲ་དྷཱ་ར་སཱ་ག་ར་ནི་རྒྷོ་ཥཱན། ཏ་ཐཱ་ག་ཏ་མ་ནུ་སྨ་ར། སྨ་ར། སྨ་ར། སརྦ་ཏ་ཐཱ་ག་ཏ། སཏྱ་མ་ནུ་སྨ་ར། དྷརྨ་སཏྱ་མ་ནུ་སྨ་ར། སངྒྷ་སཏྱ་མ་ནུ་སྨ་ར། ད་ཊ་ད་ཊ། པཱུ་ར་པཱུ་ར། པཱུ་ར་ཡ། བཱུ་ར་ཡ། བཱུ་ར་ཎི། བྷ་ར་བྷ་ར་ཎི། ཨ་མ་ལེ། སུ་མངྒ་ལེ། ཤཱནྟ་མ་ཏི། ཤུ་བྷ་མ་ཏི། མངྒ་ལ་བྷ་ནི། མ་ཧཱ་མ་ཏི། བྷ་དྲ་བ་ཏི། པྲ་བྷ་བ་ཏི། སུ་ཙནྡྲ་མ་ཏི། ཨཱ་གཙྪ་ཨཱ་གཙྪ། ས་མ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཨཱ་པར་ཎི་མ་ནུ་སྨ་ར་སྭཱ་ཧཱ། པྲ་བྷ་བ་མ་ནུ་སྨ་ར་སྭཱ་ཧཱ། དཱི་དཱི་མ་ནུ་སྨ་ར་སྭཱ་ཧཱ། ཏེ་ཛོ་མ་ནུ་སྨ་ར་སྭཱ་ཧཱ། བི་ཛ་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཧྲྀ་ད་ཡ་མ་ནུ་སྨ་ར་སྭཱ་ཧཱ། སརྦ་ས་ཏྭ་བི་ན་ཡ་མ་ནུ་སྨ་ར་སྭཱ་ཧཱ། ཨོཾ་བ་སུ་དྷཱ་རེ་སྭཱ་ཧཱ། ཨོཾ་བ་སུ་ཤྲི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་སྭཱ་ཧཱ། རིགས་ཀྱི་བུ་འདི་ནི་ནོར་རྒྱུན་ཅེས་བྱ་བའི་གཟུངས་ཏེ། གཟུངས་སྔགས་འདིའི་མཐུས་མུ་གེ་དང་། ནད་དང་། འཆི་ངས་འབྱུང་བར་མི་འགྱུར་རོ། །རིགས་ཀྱི་བུ་སུ་ཞིག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བྱས་ཏེ། ནོར་གྱི་རྒྱུན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནུབ་གཅིག་བཏོན་ན། དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །རྒྱས་པའི་དོན་དུ་བདག་གི་ཁྱིམ་མམ། གཞན་གྱི་ཁྱིམ་མམ། གནས་གཙང་མ་བང་མཛོད་དམ། གནས་གང་དུ་ཡང་རུང་བར་དེ་བཞིན་གཤེགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། གསང་སྔགས་ཀྱི་ལྷའི་ཕྱིར་ཙནྡན་གྱིས་དཀྱིལ་འཁོར་གྲུ་བཞིར་བྱས་ཏེ་ནུབ་གཅིག་བཏོན་ན། རིགས་ཀྱི་བུ་དེའི་ཁྱིམ་ནོར་དང་། འབྲུ་དང་། གསེར་དངུལ་དང་། ཡོ་བྱད་ཐམས་ཅད་ཀྱི་རྒྱུན་མི་ཆེན་པོའི་མཚན་ཙམ་གྱིས་གང་བར་འགྱུར་རོ། །འཇིགས་པ་དང་། གནོད་པ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །རིགས་ཀྱི་བུ་དེའི་ཕྱིར་ཁྱོད་རབ་ཏུ་བསྒྲིམས་ལ་ནོར་གྱི་རྒྱུན་གྱི་གཟུངས་འདི་ཟུང་ཤིག །


DKG098_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་ཁྱོད་ཀྱི་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ཏེ། ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལས་ནོར་གྱི་རྒྱུན་གྱི་གཟུངས་འདི་ཐོས་ནས་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ཏེ་རབ་ཏུ་དགའ་ནས། དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ནོར་གྱི་རྒྱུན་ཅེས་བགྱི་བ་བླངས་ལགས། གཟུངས་སུ་ཟིན་ལགས་བཟུང་ལགས། བཀླགསལགས། ཀུན་ཆུབ་པར་བགྱིས་ལགས། རྗེས་སུ་ཡི་རང་བར་བགྱིས་ལགས་ཏེ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པར་བགྱི་ལགས་སོ། །དེའི་སྐད་ཅིག་ཙམ་ལ་ཁྱིམ་བདག་ཟླ་བ་བཟང་པོའི་བང་མཛོད་རྣམས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་ཟླ་བ་བཟང་པོས་བཅོམ་ལྡན་འདས་ལ་ལན་འབུམ་ཕྲག་དུ་མར་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་སོང་ལ་ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ནོར་དང་། འབྲུས་ཡོངས་སུ་གང་བ་ཕུན་སུམ་ཚོགས་པ་དང་། མཛོད་ཆེན་པོ་དང་། བང་མཛོད་ཡོངས་སུ་གང་བ་རྣམས་ལ་ལྟོས། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཀཽ་ཤཱམྦྷིའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དང་། ཁྱིམ་བདག་ཟླ་བ་བཟང་པོའི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ནང་དུ་ཞུགས་པ་དང་། ནོར་དང་། འབྲུས་ཡོངས་སུ་གང་བ་ཕུན་སུམ་ཚོགས་པ་དང་། རིན་པོ་ཆེ་ཕུན་སུམ་ཚོགས་པ་དང་། ཡོ་བྱད་ཐམས་ཅད་ཀྱི་མཛོད་ཆེན་པོ་དང་། བང་མཛོད་རྣམས་ཀྱང་ཡོངས་སུ་གང་བར་མཐོང་ངོ་། །མཐོང་ནས་ཀྱང་ཚིམ་ཞིང་དགའ་ལ་མགུ་


DKG098_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་ཡི་རངས་ཏེ་རབ་ཏུ་དགའ་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཡ་མཚན་དུ་འཛིན་ཅིང་། དགའ་བ་དང་། ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གང་གིས་ཁྱིམ་བདག་ཟླ་བ་བཟང་པོ་ནོར་མང་ཞིང་མཛོད་ཆེན་པོ་དང་། བང་མཛོད་རྣམས་ཀྱང་ནོར་དང་འབྲུ་ཕུན་སུམ་ཚོགས་པའི་རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་རིགས་ཀྱི་བུ་ཁྱིམ་བདག་ཟླ་བ་བཟང་པོ་དད་ཅིང་མཆོག་ཏུ་དད་ཅིང་དགེ་བའི་བསམ་པ་ཅན་དེས་ནོར་གྱི་རྒྱུན་གྱི་གཟུངས་འདི་བཟུང་ཞིང་རབ་ཏུ་བཏོན་ཏེ། བླངས་ཤིང་། བཀླགས། ཀུན་ཆུབ་པར་བྱས། རྗེས་སུ་ཡི་རང་བར་བྱས་ཤིང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་པའི་ཕྱིར་རོ། །ཀུན་དགའ་བོ་དེའི་ཕྱིར་ཁྱོད་ཀྱིས་ཀྱང་ནོར་གྱི་རྒྱུན་གྱི་གཟུངས་འདི་ལོང་ཤིག །ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །ཟུང་ཤིག །ཀུན་ཆུབ་པར་གྱིས་ཤིག །གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག་དང་། དེ་ནི་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་སྙིང་བརྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་། མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བར་འགྱུར་རོ། །ཀུན་དགའ་བོ་སུ་ཞིག་རིག་སྔགས་འདི་ལས་གཞན་དུ་སྨྲ་བ་ནི་ལྷ་དང་བཅས་པ་དང་། བདུད་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་མ་མཐོང་ངོ་། །ལན་གཉིས་སུ་བཏོན་ཏམ། ལན་གསུམ་དུ་བཏོན་ཀྱང་འགལ་བར་བྱེད་པ་དེ་ནི་གནས་མེད་དོ། །ཀུན་དགའ་བོ་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་འདི་དག་ནི་མི་ཕྱེད་པ་ཡིན་ནོ། །ཀུན་དགའ་བོ་འདི་དག་ནི་སེམས་ཅན་དགེ་བའི་རྩ་བ་ཟད་བ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་མི་འགྱུར་ན་གླེགས་བམ་ལ་ཡི་གེར་བྲི་བ་དང་ཡིད་ལ་གཟུང་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། འདི་ནི་དེ་བཞིན་གཤེགས་


DKG098_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་བཀའ་སྟེ། གཟུངས་སྔགས་འདི་ནི་སེམས་ཅན་དབུལ་པོ་དང་། ནད་སྣ་ཚོགས་ཀྱིས་གཟིར་བ་དང་། འཇིགས་པ་དང་། སེམས་ཅན་སྡང་བས་གནོད་པར་བྱས་པ་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་དང་། བཤད་པ་དང་། རྗེས་སུ་ཡི་རང་བ་དང་། རབ་ཏུ་ཕྱེ་བ་དང་། བསྔགས་པ་དང་། བཀྲོལ་བ་དང་། གསལ་བར་མཛད་པ་དང་། བསྐྱེད་པ་དང་། བྱིན་གྱིས་བརླབས་པ་དང་། ཆོས་ཀྱི་ཕྱག་རྒྱས་བཏབ་པ་དང་། བསྟོད་པ་དང་། སྙན་པར་བརྗོད་པ་དང་། གོ་བར་མཛད་པ་དང་། བསྙད་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། དེའི་ཚེ་ཐལ་མོ་སྦྱར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅིང་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །སངས་རྒྱས་བཅོམ་ལྡན་བསམ་གྱིས་མི་ཁྱབ་སྟེ། །སངས་རྒྱས་ཆོས་ཀྱང་བསམ་གྱིས་མི་ཁྱབ་ལགས། །བསམ་གྱིས་མི་ཁྱབ་པ་ལ་དད་རྣམས་ཀྱི། །རྣམ་པར་སྨིན་པའང་བསམ་གྱིས་མི་ཁྱབ་ལགས། །ཞི་བ་ཅི་ཡང་མཁྱེན་པ་ཐམས་ཅད་མཁྱེན། །ཆོས་ཀྱི་རྒྱལ་པོ་རྒ་ཤི་མི་མངའ་བ། །ཡེ་ཤེས་ཕ་རོལ་བགྲོད་པར་ཕྱིན་གྱུར་བ། །སངས་རྒྱས་དཔའ་བོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཚིམ་ཞིང་དགའ་ལ་མགུ་ཞིང་ཡི་རངས་ནས་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ཀུན་དགའ་བོ་འདི་ནི་ཁྱིམ་བདག་ཟླ་བ་བཟང་པོས་ཞུས་པ་ཞེས་བྱ་བར་ཟུང་ཤིག །ནོར་དང་། འབྲུ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་གཏེར་ཞེས་བྱ་བར་ཡང་ཟུང་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྔགས་པ་ནོར་གྱི་རྒྱུན་གྱི་གཟུངས་ཞེས་བྱ་བར་ཡང་ཟུང་ཤིག །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་


DKG098_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས་རྫོགས་སྷོ།།


previousའཕགས་པ་ནོར་གྱི་རྒྱུན་ཅེས་བྱ་བའི་གཟུངས།next