Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ།
   
   
   
   
   
   
   
   
   
   
   
   
   


 
previousའཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ།next

འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ།


DKG099_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་སྐྱེ་བ་དང་ནི་ཞེས་པ་ལ་སོགས་པས་འཇིག་རྟེན་གྱི་ཀུན་རྫོབ་ཀྱིས་སྐྱེད་པ་དང་སྡུད་པའི་མཚན་ཉིད་བྱེད་པ་པོ་གསུངས་ཏེ། འཁོར་བ་འདིར་འཕོ་བའི་སྐད་ཅིག་གང་ཡིན་པ་དེས་སེམས་ཅན་རྣམས་ཀྱི་སྐྱེ་བ་བྱེད་དེ་མངལ་དུ་ཀུན་གཞིའི་རྣམ་པར་ཤེས་པ་རྡུལ་དང་ཁུ་བ་དང་ཡང་དག་པར་ལྡན་པའི་ཆོས་ཅན་ནོ། །དེ་ནས་དེས་མངལ་ནས་བཙའ་བའི་དུས་བྱེད་ཅིང་བྱིས་པ་དང་གཞོན་ནུ་ལ་སོགས་པའི་གཟུགས་བྱེད་དེ་ལུས་སྐྱེད་པའོ། །འཕོ་བའི་སྐད་ཅིག་དེ་ཉིད་འཇིག་རྟེན་དག་ཏུ་སྟེ་མཐོ་རིས་དང་མི་ཡུལ་དང་ས་འོག་ཏུ་སླར་ཡང་སྡུད་པར་བྱེད་པ་དུས་ཀྱི་འཁོར་ལོ་ཅན་ཏེ་ཉི་མ་མིན། ཉི་མ་རྡུལ་དང་ཟླ་བ་ཁུ་བ་དུས་ཀྱི་འཁོར་ལོ་མེད་པ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་མེད་པས་མི་བྱེད་དོ་ཞེས་པའི་དོན་ཏོ། །འདིར་རྡུལ་དང་ཁུ་བའི་ཆོས་ཅན་ཉི་མ་དང་ཟླ་བས་ཅིའི་ཕྱིར་མི་བྱེད་ཅེ་ན། འདིར་ཐམས་ཅད་དུ་མེ་དང་ཉི་མ་དང་ཟླ་བའི་བདག་ཉིད་ནི་འགྲོ་བའོ་ཞེས་པ་རབ་ཏུ་གྲགས་པའི་ཚིག་གི་ཕྱིར་གསུངས་སོ། །འདིར་གང་གི་ཕྱིར་ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་འབྱུང་བ་དང་བཅས་མཚན་མོའི་ཆ་ལ་བཅོམ་ལྡན་དེ་ཡིས་ཟོས་ཞེས་པ་སྟེ་འཁོར་བ་འདིར་མཚན་མོའི་ཆ་ནི་ཟླ་བ་སྟེ་སྐྱེད་པའོ། །ཉིན་མོའི་ཆ་ནི་ཉི་མ་སྟེ་སྡུད་པའོ། །འདིར་མཚན་མོའི་ཆ་ལ་སྟེ་སྐྱེད་པའི་དུས་སུ་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ངེས་པའི་མངལ་དུ་ཟླ་བ་ཁུ་བ་དང་ཉི་མ་རྡུལ་དང་སོགས་པའི་སྒྲས་བཤང་བ་དང་གཅི་བ་དང་འབྱུང་བ་དང་བཅས་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་ཁམས་དང་བཅས་པ་རྣམས་རྡུལ་དང་ཁུ་བའི་རྟེན་དུ་གནས་པའི་ལུས་དང་ངག་དང་སེམས་རྫོགས་པའི་དོན་དུ་ཟོས་ཏེ། ཟླ་བ་སྟེ་ཁུ་བ་ནི་དབང་ཕྱུག་གོ། །ཉི་མ་སྟེ་རྡུལ་ནི་རྟག་ཏུ་བཞི་པའོ། །རྐང་ནི་དྲག་པོའོ། །གཅི་བ་ནི་ཁྱབ་འཇུག་གོ། །བཤང་བ་ནི་ཚངས་པའོ། །ཟླ་བ་ཉི་མ་ལ་སོགས་ལྷ་རྣམས་མཚན་མོའི་ཆ་ལ་སྟེ་སྐྱེད་


DKG099_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་སུ་ཟོས་སོ། །སླར་ཡང་སྟེ་ཡང་མཐའ་ཡས་ལུས་ལ་དངོས་པོ་སྣ་ཚོགས་ཀྱིས་བཟུང་བར་གྱུར་པ་ནི་རྣམ་པར་འཕྲུལ་པ་སྟེ་དེ་དག་རྣམས་གཏོང་བར་བྱེད་དེ་ངེས་པར་ཉིན་མོའི་དུས་སུ་ཞེས་པ་སྡུད་པའི་དུས་སུ་གཏོང་ཞེས་པའི་དོན་ཏོ། །སྐྱེད་པའི་རྒྱུར་ནི་སྟེ་སླར་ཡང་གཞན་སྐྱེད་པའི་རྒྱུ་རུ་གཏོང་བར་བྱེད་དོ། །རིམ་པས་ཏེ་ལྟེ་བ་དང་སྙིང་ཁ་དང་མགྲིན་པ་དང་དཔྲལ་བ་དང་གཙུག་ཏོར་གྱི་གནས་རྣམས་སུ་ས་ལ་སོགས་པའི་ཁམས་ཡོངས་སུ་གཏོང་བའི་རིམ་པས་སོ། །ཀུན་རྫོབ་ཀྱི་བྱེད་པ་པོའི་ངེས་པའོ། །ད་ནི་སྒྲ་ལ་སོགས་པ་ཞེས་པ་ལ་སོགས་པས་འཇིག་རྟེན་ཀུན་རྫོབ་ཀྱི་ལས་དང་བྱེད་པ་ལ་སོགས་པ་གསུངས་ཏེ། འདིར་ལུས་གྲུབ་པར་གྱུར་པ་ན་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་དང་ཆོས་ཀྱི་དབྱིངས་ཏེ་དྲུག་པོ་རྣམས་ནི་ལས་སུ་འགྱུར་རོ། །དབང་པོ་དྲུག་པོ་དག་ཀྱང་སྟེ་རྣ་བ་དང་ལུས་དང་མིག་དང་ལྕེ་དང་སྣ་དང་ཡིད་དེ་དྲུག་པོ་ནི་བྱེད་པའོ། །ཁྱིམ་བཅུ་གཉིས་ཀྱི་དབྱེ་བས་ལོ་དང་ཟླ་བ་དང་ཟླ་བའི་ཚའི་དབྱེ་བས་ཕྱོགས་ཉི་ཤུ་རྩ་བཞི་དང་ཉིན་དང་མཚན་མོ་སྟེ་ཉིན་མཚན་དང་ཚེས་བཅྭ་ལྔ་དང་ཟླ་བ་དང་ཉི་མ་དག་ཀྱང་སྟེ་འདི་དག་མཐའ་དག་ནི་བྱེད་པའོ། །བྱེད་པ་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པའི་མཚན་ཉིད་ཁུ་བ་འཕོ་བའི་སྐད་ཅིག་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་འཇིག་རྟེན་ཀུན་རྫོབ་ཀྱིས་སོ། །འཕོ་བའི་སྐད་ཅིག་ལ་སོགས་པ་བྱེད་པ་པོ་དང་བྱེད་པ་དང་ལས་འདི་དག་སྡུད་པའི་བྱེད་པ་པོ་གཞན་དུ་འདིར་འགྱུར་ཏེ་གང་གི་ཕྱིར་སྐྱེད་པའི་བྱེད་པ་པོ་ནི་བྱེད་པ་པོ་མ་ཡིན་ནོ། །དེའི་ཕྱིར་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཏེ་ཡུལ་དང་རྣམ་བྲལ་ཡོན་ཏན་མེད་ལ་རང་བཞིན་མེད་པའོ་ཞེས་པ་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆ་མེད་ཀུན་འགྲོ་ཁྱབ་པ་པོ་ཞེས་པའོ་དེའི་ཕྱིར་སྐྱེད་པ་དང་སྡུད་པའི་བྱེད་པ་པོ་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱང་མེད་དོ་ཞེས་པའི་དོན་ཏོ། །བྱེད་པ་པོ་ཟད་པའི་ངེས་པའོ། །ད་ནི་དྲི་དང་ཞེས་པ་ལ་སོགས་པས་ཚོགས་པ་ལ་སོགས་པ་གསུངས་ཏེ། འཁོར་བ་འདིར་ཚོགས་པ་ལས་སྐྱེ་བ་སྟེ་ཆོས་གཅིག་ལས་ནི་མ་ཡིན་ནོ། །འདིར་ཚོགས་པ་ནི་དྲི་དང་ཁ་དོག་དང་ནི་རོ་དང་རེག་པ་ཞེས་དང་འཛིན་མ་དང་ནི་ཆུ་དང་མེ་དང་རླུང་། ཞེས་པ་གཟུགས་


DKG099_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་བརྒྱད་པོ་འདི་དག་རྣམས་ནི་མཐའ་དག་ཡུལ་གྱི་ཚོགས་པ་དག་སྟེ་གཅིག་ནི་གཙོ་བོར་འགྱུར་ཞེས་པ་སྟེ་གཟུགས་ཅན་བརྒྱད་པོ་འདི་དག་ལས་ཡོན་ཏན་གཅིག་གི་གཙོ་བོར་འགྱུར་ཞིང་ལྷག་མ་ཕལ་པར་འགྱུར་རོ་ཞེས་པ་ནི་སྔར་བརྗོད་ཟིན་ཏོ། །སྒྲ་དང་སྟོང་པ་དང་ནི་ཆོས་ཀྱི་དབྱིངས་དང་ཡིད་ཀྱང་མི་ཡི་བདག་པོ་གཟུགས་མེད་དུ་འགྱུར་རོ་ཞེས་པ་ནི་གཟུགས་མེད་བཞི་པོ་རྣམས་ཏེ། འདིར་སྟོང་པའི་སྒྲས་ཁུ་བའི་ཁམས་བརྗོད་དོ། །འཇིག་རྟེན་གསུམ་པོ་མཐའ་དག་འདི་ནི་སྤྲོ་བ་དག་དང་སྡུད་པར་འགྱུར་ཏེ་དུས་ཀྱི་མཐུ་ལས་སོ་ཞེས་པ་འཕོ་བའི་སྐད་ཅིག་གིས་མཐུ་ལས་སོ་ཞེས་པའི་དོན་ཏོ། །ཚོགས་པའི་ངེས་པའོ། །ད་ནི་བདག་ཉིད་འཆིང་སྟེ་ཞེས་པ་ལ་སོགས་པས་འཁོར་བའི་འཆིང་བ་གསུངས་ཏེ། འདིར་ལུས་ལ་ཕུང་པོའི་ངར་འཛིན་པ་ཙམ་ནི་འཁོར་བ་སྟེ་བདག་ཉིད་ཀྱིས་བདག་ཉིད་འཆིང་ངོ་། །རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱིས་ཞེས་པ་ལ་རང་བཞིན་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ཚོགས་པ་སྟེ་དེ་ལ་གནས་པའི་ཡོན་ཏན་སྐྱེ་བ་དང་འགག་པའི་མཚན་ཉིད་དྲི་ལ་སོགས་པ་རྣམས་དང་། འཁོར་བའི་སེམས་ཀྱི་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པའི་མཚན་ཉིད་རྣམས་ཏེ། རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་དེ་དག་རྣམས་ཀྱིས་བདག་ཉིད་འཆིང་བར་བྱེད་དེ་རང་གི་ལུས་ལས་བྱུང་བའི་སྐུད་པ་རྣམས་ཀྱིས་བདག་ཉིད་འཆིང་བར་བྱེད་པ་དར་གྱི་སྲིན་བུ་ཇི་བཞིན་ཉིད་དོ། །བདག་ཉིད་བདག་གིས་ངེས་པར་སླར་ཡང་རྣམ་པར་རྟོག་པ་མེད་པའི་ཡིད་དག་ལས་ནི་གཏོང་བར་བྱེད་ཅེས་པ་ནི་སླར་ཡང་བདག་དེ་རང་བཞིན་ལ་གནས་ཡོན་ཏན་རྣམ་རྟོག་རྣམས་ཀྱིས་བཏང་བ་ནི་རྣམ་པར་རྟོག་པ་མེད་པར་འགྱུར་རོ། །རྣམ་པར་རྟོག་པ་མེད་པའི་ཡིད་དེ་ལས་བདག་ཉིད་འཁོར་བའི་སྡུག་བསྔལ་ལས་གཏོང་བར་བྱེད་དོ། །དེའི་ཕྱིར་རྒྱལ་པོ་རང་ལས་རང་བཞིན་ཡོན་ཏན་ལ་གནས་སྡུག་བསྔལ་དང་ནི་བདེ་བ་བྱེད་པ་སྟེ། རང་བཞིན་རྣམ་པར་བྲལ་བ་སྟེ་ཁམས་བཅྭ་བརྒྱད་དང་བྲལ་བ་སུ་ཞིག་བྱེད་པོ་ཅི་ཞིག་བྱེད་དེ་མི་བྱེད་དོ་ཞེས་པའི་དོན་ཏོ། །མི་ཤེས་འཇིག་རྟེན་ལོག་པའི་བདག་ཉིད་ཀྱིས་བྱེད་


DKG099_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པ་པོ་ཡོངས་སུ་བརྟགས་པས་རྨོངས་པར་བྱེད་དོ། །ལས་ཀྱི་འཆིང་བའི་ངེས་པའོ། །ད་ནི་ས་ཞེས་པ་ལ་སོགས་པས་ས་ལ་སོགས་པ་རྣམ་པ་བརྒྱད་ཀྱི་རང་བཞིན་གསུངས་ཏེ། འདིར་ལུས་ལ་དང་པོ་འཁོར་བའི་སེམས་ཀྱི་རང་བཞིན་རྣམ་པ་བརྒྱད་དེ་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡིད་དང་བློ་དང་ངར་འཛིན་པའི་བདག་ཉིད་དང་རྣམ་པ་བརྒྱད་དོ། །འདི་དག་ཀྱང་རྣམ་གསུམ་སྟེ་རགས་དང་ཕྲ་མོ་གཞན་ཡང་རྣམ་གསུམ་ཡོན་ཏན་ལ་གནས་ཏེ་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་རྣམས་ལ་གནས་པ་ནི་ཡོན་ཏན་ལ་གནས་པའོ། །ཡི་གེ་ཐིག་ལེ་ལ་སོགས་པའི་དབྱེ་བ་ཡིས་རགས་པ་རགས་པའི་དབང་པོ་རྣམས་ལ་གནས་ཏེ་བླུན་པོའི་བག་ཆགས་འཛིན་པར་བྱེད་པ་རགས་པའི་སེམས་ཀྱི་སད་པའི་གནས་སྐབས་ཀྱི་ཆོས་ཅན་ནི་རགས་པ་སྟེ་སད་པའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོའི་སེམས་ཀྱི་ཕྲ་མོ་ནི་རྨི་ལམ་གྱི་གནས་སྐབས་ཀྱི་ཆོས་ཅན་ཏེ་ཡིད་བཞིན་གྱི་དབང་པོ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་དངོས་པོ་འཛིན་པར་བྱེད་པའི་ཕྱིར་རོ། །ཕྲ་མོ་གཞན་ཡང་དབང་པོ་ཐམས་ཅད་འགོག་པའི་མཚན་ཉིད་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནི་གཞན་ཏེ་བལྟར་མེད་པ་ཞེས་བརྗོད་པ་དང་གཅིག་ཏུ་གྱུར་པ་ཞེས་པ་ལ་སོགས་པའི་མཚན་ཉིད་དེ་དངོས་པོ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་ལྟར་རྣམ་པ་གསུམ་ནི་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་རང་བཞིན་ཅན་ནོ། །རགས་པ་ནི་ཉིན་མོའི་མཚན་ཉིད་དོ། །ཕྲ་མོ་ནི་ཐུན་མཚམས་ཀྱི་མཚན་ཉིད་དོ། །གཞན་ནི་མཚན་མོ་ཆེན་པོའི་མཚན་ཉིད་དོ། །ཡང་ཡིག་ལས་གཞན་བཞི་པའི་རང་བཞིན་ཡེ་ཤེས་ཀྱི་སྐུ་སྟེ། དེ་ནི་ཁུ་བ་འཕོ་བའི་དུས་སུ་ཡེ་ཤེས་ཀྱི་སེམས་ཏེ་བཞི་པའི་སེམས་ཀྱི་བཞི་བའི་གནས་སྐབས་ཀྱི་ཆོས་ཅན་ཏེ། སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འགོག་པའི་རྒྱུར་གྱུར་པ་གང་ཡིན་པ་དེའི་ཕྱིར་ཡེ་ཤེས་ཀྱི་སྐུའོ། །དེ་ཡང་རང་བཞིན་རྣམ་འགྱུར་མེད་པའི་འཚོ་བ་འབྱུང་བ་སྟེ་སྲོག་ཆེན་པོ་འབྱུང་བ་ཆོས་ཀྱི་ཁམས་ཀྱི་རང་བཞིན་ནོ། །འབྱུང་བ་མིན་ཞེས་པ་ནི་འབྱུང་བ་


DKG099_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ས་དང་ཆུ་དང་མེ་དང་རླུང་དང་ཁུ་བ་ནི་འབྱུང་བ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལྟར་འཁོར་བའི་སེམས་ཀྱི་རང་བཞིན་གྱི་སད་པ་ལ་སོགས་པའི་དབྱེ་བས་རྣམ་པ་བཞིར་ངེས་པའོ། །ད་ནི་ཨ་སོགས་ཞེས་པ་ལ་སོགས་པས་བཞི་པ་ལ་སོགས་པ་རྣམས་ཀྱི་མིང་གི་ཆོས་གསུངས་ཏེ། འཁོར་བ་འདིར་རིག་པར་བྱ་བ་དང་རིག་པར་བྱེད་པོ་དག་གི་མིང་ནི་དོན་རབ་ཏུ་གོ་བར་བྱེད་པ་སྟེ། དེ་ཡང་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་ཀྱིས་གནས་སོ། །དེ་ལ་ཡེ་ཤེས་ཀྱི་རང་བཞིན་ལས་ཨ་སོགས་སྟོང་པ་ལྔ་ནི་གཞོམ་དུ་མེད་པའི་ཨ་ལ་སོགས་པ་སྟེ། གཞོམ་དུ་མེད་པ་ནི་དབུས་སུ་ཨ་ཡིག་སྟོང་པའོ། །ཤར་དུ་ཨི་ཡིག་སྟོང་པའོ། །ལྷོར་རྀ་ཡིག་སྟོང་པའོ། །བྱང་དུ་ཨུ་ཡིག་སྟོང་པའོ། །ནུབ་ཏུ་ལྀ་ཡིག་སྟོང་པའོ་ཞེས་པ་སྟེ་ཨ་སོགས་སྟོང་པ་ལྔ་ནི་རང་བཞིན་ཏེ་རྣམ་པར་འགྱུར་བ་མིན་ནོ། །དཔལ་ལྡན་ཆ་དང་ཐིག་ལེ་ནཱ་ད་དང་། དུས་དང་སེམས་དང་བློ་སྟེ་ཞེས་པ་ལ་ཆ་སྟེ་ཉི་མ་དང་ཐིག་ལེ་སྟེ་ཟླ་བ་དང་ནཱ་ད་སྟེ་སྒྲ་གཅན་དང་དུས་ཏེ་དུས་མེ་དང་སེམས་དང་བློ་དང་རང་བཞིན་དག་ཀྱང་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་ཆོས་ཅན་ནོ། །གཞན་པའི་དབྱངས་ནི་རླུང་ལ་སོགས་པའོ། །སོགས་པའི་སྒྲས་ནམ་མཁའ་ལ་སོགས་པ་སྟེ། ཨ་ཨི་རི་ཨུ་ལི། ཨ་ཨེ་ཨར་ཨོ་ཨ་ལ། ཧ་ཡ་ར་ཝ་ལ་རྣམས་སོ། །དེ་བཞིན་དུ་རིང་པོ་སྟེ་རྨི་ལམ་གྱི་རང་བཞིན་ནོ། །རགས་པའི་སྡེ་པའི་ཡི་གེ་དབྱངས་བཅུ་གཉིས་དང་བཅས་པ་སུམ་བརྒྱ་དྲུག་ཅུ་རྣམས་ནི་སད་པའི་རང་བཞིན་ནོ། །བཅུ་དྲུག་གཞན་ནི་རྣམ་འགྱུར་རགས་པའོ་ཞེས་པ་སྟེ་ཡི་གེ་སོ་སོ་རེ་རེའི་དབྱངས་བཅྭ་ལྔས་བཟུང་བ་གསལ་བྱེད་དང་བཅས་པ་ནི་རྣམ་པར་འགྱུར་བ་བཅུ་དྲུག་གོ། །ཐམས་ཅད་དུ་ཁམས་ལྔ་དང་ལས་ཀྱི་དབང་པོ་ལྔ་དང་ཡུལ་ལྔ་ནི་རྣམ་པར་འགྱུར་བ་སྟེ་ཡིད་དང་ལྷན་ཅིག་བཅུ་དྲུག་གོ། །ས་ལ་སོགས་པ་འདི་དག་གི་དབུས་སུ་རྡོ་རྗེ་ཅན་ནི་རང་བཞིན་མིན་ཞིང་རྣམ་འགྱུར་མིན་ཏེ་ཁྱབ་བྱེད་རང་བཞིན་མེད་པའོ། །གང་གི་ཕྱིར་འཁོར་བའི་བག་ཆགས་ལས་གྲོལ་བའི་སེམས་ཀྱི་ཆོས་ཡིན་པ་དེའི་ཕྱིར་གང་སེམས་ཡོད་པའི་སེམས་དེ་ནི་སེམས་མ་ཡིན་ནོ་ཞེས་འཁོར་བའི་སེམས་དང་བྲལ་བ་མྱ་ངན་


DKG099_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་པའི་སེམས་གཞན་ཡོད་པ་ནི་རྡོ་རྗེ་ཅན་གྱི་མིང་གིས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རང་བཞིན་རྣམ་པ་བཞིའི་ངེས་པའོ། །ད་ནི་འཁོར་བར་ཞེས་པ་ལ་སོགས་པས་སེམས་ཅན་རྣམས་རང་གི་ལས་ཀྱི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་གསུངས་ཏེ། འཁོར་བ་འདིར་སེམས་ཅན་བདེ་བའམ་སྡུག་བསྔལ་བའམ་བདེ་བ་དང་སྡུག་བསྔལ་བ་རང་བཞིན་ཡོན་ཏན་ལ་གནས་ནི་སྔར་བརྗོད་པའི་ཡོན་ཏན་ལ་གནས་པ་སྟེ་རང་གིས་བྱས་པའོ་ཞེས་པའི་དོན་ཏོ། །ལས་ལས་སྐྱེས་པ་དེ་ནི་ཟ་བ་སྟེ་རང་གིས་བྱས་པའི་ལས་ཀྱིས་བསྐྱེད་པ་ནི་ལས་ལས་སྐྱེས་པ་སྟེ་ལོངས་སྤྱོད་དོ་ཞེས་པའི་དོན་ཏོ། །དེ་ཉིད་ནི་འདིར་ལུས་དང་ངག་དང་སེམས་ཀྱི་དབང་གིས་རྣམ་པ་གསུམ་སྟེ་རགས་པ་དང་ཕྲ་མོ་དང་ཞི་བའོ། །གཞན་ཡང་རྣམ་པ་གསུམ་སྟེ་ཁྱད་པར་གྱི་ལས་དང་ལས་མ་ཡིན་པའོ། །དེ་དག་ལས་གང་ཞིག་བདག་ནི་བྱེད་པ་པོའོ་ཞེས་པའི་སེམས་བསྐྱེད་པ་དེ་ནི་ཁྱད་པར་གྱི་ལས་ཀྱི་མིང་ཅན་ནོ། །གང་ཞིག་བྱེད་པ་པོ་གཞན་པ་ཕྱུགས་བདག་གམ་གཞན་ཡོད་པའི་སེམས་སྐྱེད་པ་དེ་ནི་ལས་ཀྱི་མིང་ཅན་ནོ། །བྱེད་པོ་བདག་གམ་གཞན་པ་མིན་ཏེ་རང་བཞིན་རྣམ་པར་བྲལ་བ་ཕུང་པོ་ལ་སོགས་པའི་ཚོགས་པ་དང་བྲལ་བ་གང་ཞིག་སེམས་བསྐྱེད་པ་དེ་ནི་ལས་མ་ཡིན་པའི་མིང་ཅན་ནོ། །དེ་ལྟར་བདག་དང་གཞན་བྱེད་པ་པོར་འཛིན་པ་དང་བྲལ་བར་ཤེས་པ་གང་ཡིན་པ་དེའི་ལས་ནི་བྱེད་པ་པོས་བྱས་པ་མ་ཡིན་ཞིང་བྱེད་པ་པོ་ནི་རྒྱུར་གྱུར་པ་མ་ཡིན་ནོ། །ལས་ལས་སྐྱེ་བ་ནི་ཚོགས་པའི་དབང་གིས་ཏེ་ཇི་ལྟར་སཱ་ལིའི་ས་བོན་ལས་སཱ་ལི་འགྲུབ་པ་དེ་བཞིན་དུ་དགེ་བའི་ལས་ལས་དགེ་བའི་ལས་ཀྱི་འབྲས་བུ་འགྲུབ་བོ། །ཇི་ལྟར་ཀོ་དྲ་བའི་ས་བོན་ལས་ཀོ་དྲ་བ་འགྲུབ་པ་དེ་བཞིན་དུ་མི་དགེ་བའི་ལས་ལས་མི་དགེ་བའི་ལས་ཀྱི་འབྲས་བུ་འགྲུབ་སྟེ་རང་ལས་མ་ཡིན་ཞིང་གཞན་ལས་ཀྱང་མ་ཡིན་ནོ་ཞེས་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །ལས་ཀྱི་འབྲས་བུ་ངེས་པའོ། །ད་ནི་དེ་ཕྱིར་ཞེས་པ་ལ་སོགས་པས་བྱེད་པ་པོ་མེད་པར་འབྲས་བུ་དང་བཅས་པའི་ལས་གསུངས་ཏེ། འཁོར་བ་འདིར་བྱེད་པ་པོ་འགའ་ཡང་སྲོག་ཆགས་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་དག་མི་སྦྱིན་མི་འཕྲོག་སྟེ།


DKG099_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཕྱིར་རྣམ་པ་གསུམ་པོ་གང་བྱས་སྔོན་གྱི་ལས་རང་གིས་བྱས་པ་ནི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་བ་དེའི་ཕྱིར་བྱེད་པ་པོ་འགའ་ཡང་མི་སྦྱིན་ཞིང་མི་འཕྲོག་གོ་ཞེས་པའི་དོན་ཏོ། །སྐྱེད་དང་སྡུད་པའི་བྱེད་པ་པོ་འདི་སྟེར་ཞིང་དེ་ནི་འཕྲོག་པ་རྨོངས་པ་རྣམས་ཀྱི་བློ་གྲོས་ཏེ། ཅིའི་ཕྱིར་ཞེ་ན་གང་ཞིག་རང་གི་ལུས་ལ་དཔག་མེད་དགེ་བ་འཕྲོག་པར་བྱེད་པའི་བུག་པ་རང་གི་དབང་པོ་དག་གིས་མཐོང་བ་མ་ཡིན་ཏེ། རང་གི་དབང་པོ་ཕྱི་རོལ་དུ་ཡུལ་དྲུག་ལ་འཇུག་ཅིང་ནང་དུ་ཟག་པ་མེད་པའི་བདེ་བ་དང་བྲལ་བ་རྣམས་ཀྱིས་སོ། །རང་གི་ལས་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པའི་ངེས་པའོ། །ད་ནི་འདོད་པ་ཞེས་པ་ལ་སོགས་པས་འདོད་པ་ལ་སོགས་པའི་བྱེད་པ་པོ་ཕན་ཚུན་དངོས་པོ་ཡང་དག་པར་སྦྱོར་བ་མེད་པ་གསུངས་ཏེ། འདིར་འགྲོ་བ་སེམས་ཅན་རྣམས་ཀྱི་རང་གི་ཡིད་ལ་འདོད་པའི་ནུས་པ་གང་ཡིན་པ་རྣམས་དངོས་པོ་རྣམས་གསལ་བར་བྱེད་དེ་ཡིད་འཇུག་པར་བྱེད་དོ་ཞེས་པའི་དོན་ཏོ། །བྱ་བ་ནི་དངོས་པོ་རྣམས་ལ་འཇུག་པར་བྱེད་དོ། །ཡེ་ཤེས་ནུས་པ་ནི་དངོས་པོ་རོ་མཉམ་རྒྱུར་ནི་དོན་ལ་ཉེ་བར་དམིགས་པར་བྱེད་དེ་དོན་ངེས་པ་ནི་ཡེ་ཤེས་ངེས་པ་ཞེས་པའི་དོན་ཏོ། །སླར་ཡང་གཏོང་བ་སྟེ་སྔར་གྱི་ཡེ་ཤེས་གཏོང་བ་དག་ནི་བཞི་པ་སྲིད་གསུམ་གྱིས་བཏུད་གཉིས་མེད་ཀྱིས་ངེས་པར་རིམ་པས་བྱེད་དོ་ཞེས་པ་ནི་ཡིད་ཀྱི་ནུས་པ་བཞིའོ། །བཞི་པོ་དེ་དག་གི་ནང་ནས་གང་ཞིག་རྣམ་པར་དག་པའི་སེམས་ཀྱི་བདག་ཉིད་རྡོ་རྗེ་ཅན་ནི་གསལ་བ་དང་འཇུག་པ་དང་རོ་མཉམ་རྒྱུར་དོན་ལ་ཉེ་བར་དམིགས་པ་ཅུང་ཟད་མི་ཟ་ཞིང་ཡེ་ཤེས་གཏོང་བའི་གཏོང་བ་མིན་པ་ཉིད་དོ་ཞེས་པ་སྟེ་འདོད་པ་ལ་སོགས་པའི་ངེས་པའོ། །ད་ནི་བདག་ཅེས་པ་ལ་སོགས་པས་བདེ་བ་དང་སྡུག་བསྔལ་རབ་ཏུ་སྦྱིན་པར་བྱེད་པ་པོ་གསུངས་ཏེ། འཁོར་བར་བདག་ནི་བྱེད་པོ་སྡུག་བསྔལ་དང་བདེ་བ་དག་རབ་ཏུ་སྦྱིན་པ་པོར་མི་ཡི་བདག་པོ་དེར་ནི་འགྱུར་བ་མིན་སྲིད་པ་གསུམ་གྱི་གནས་ན་བདེ་བ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ནུས་པ་དེ་རྣམས་རྣམ་པར་སྤངས་ནས་སོ། །འདིར་སེམས་ཀྱི་ནུས་པ་ནི་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་དེ་དེ་


DKG099_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་གཙོ་བོ་ནི་བཞི་པ་སྐྱེ་བ་དང་འགོག་པའི་ཆོས་ཅན་གྱི་གནས་སྐབས་ཏེ་སེམས་ཀྱི་ནུས་པ་སྤངས་ནས་བདག་ནི་བྱེད་པོ་བདེ་དང་སྡུག་བསྔལ་རབ་ཏུ་སྦྱིན་པ་པོ་འགའ་ཡང་མེད་དོ་ཞེས་པའོ། །སེམས་ཅན་རྣམས་ཀྱི་ཁུ་བ་འཕོ་བ་སྤངས་ནས་བཅིངས་པ་དང་གྲོལ་བ་གཞན་འགའ་ཡང་ཡོད་པ་མ་ཡིན་ཏེ། འཁོར་བའི་སེམས་སྤངས་ནས་སོ་ཞེས་པའི་དོན་ཏོ། །མྱ་ངན་ལས་འདས་པའི་སེམས་འཁོར་བ་ལས་འདས་པ་ལུས་ཐམས་ཅད་ལ་གནས་པ་ནི་གང་གིས་ཀྱང་མ་བཅིངས་ཤིང་མ་བཀྲོལ་བའོ། །ནམ་མཁའ་བུམ་པའི་དབུས་ནས་ཆུ་ནི་ལེན་པར་བྱེད་པ་ན་ཡང་འགྲོ་བ་མིན་པ་ཇི་ལྟ་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ཞེས་པ་སྟེ་སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་མཁའ་ཡི་རྡོ་རྗེ་ཅན་ནོ། །ཡུལ་དང་རྣམ་བྲལ་ཞེས་པ་ཡོན་ཏན་མེད་པ་སྟེ་དེ་ཙམ་ལ་སོགས་པ་དང་སྙིང་སྟོབས་དང་རྡུལ་དང་མུན་པ་དང་བྲལ་བ་སྟེ། སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པ་དང་བྲལ་བ་ཞེས་པའི་དོན་ཏེ་རང་བཞིན་མེད་པ་ལུས་ཀྱི་དབུས་དག་ཏུ་ཡང་དེ་བཞིན་ནོ། །རྟག་པ་དངོས་པོ་དང་ཆད་པ་དངོས་པོ་མེད་པ་སྟེ་དེ་དག་གང་ལ་མེད་པ་དེ་ནི་རྡོ་རྗེ་ཅན་ཏེ་རྣམ་པར་དག་པའི་སེམས་སོ་ཞེས་པའི་དོན་ཏོ། །འཁོར་བ་དང་མྱ་ངན་ལས་འདས་པའི་སེམས་ངེས་པའོ། །ད་ནི་དེ་ལྟར་ཞེས་པ་ལ་སོགས་པ་ལས་སྨྲ་བ་གསུངས་ཏེ། དེ་ལྟར་བརྗོད་པའི་རིམ་པས་ལས་ཡོད་པར་སྨྲ་བ་པོ་དང་བྱེད་པ་པོ་མེད་པར་གང་སྨྲ་བ་པོ་དང་བདག་མེད་པར་གང་སྨྲ་བ་པོར་འགྱུར་ཏེ། བཅོམ་ལྡན་འདས་རྣམ་པར་དག་པའི་སེམས་ཀྱི་བདག་ཉིད་ཡོད་མིན་མེད་མིན་ཡོད་མེད་མིན། གཉིས་ཀའི་བདག་ཉིད་མིན་པའང་མིན་པ་ཁམས་གསུམ་གྱི་སྟོན་པ་གཅིག་པུ་དེ་ནི་བྱེད་པོ་མིན་ཏེ། ཀུན་མཁྱེན་དང་པོའི་སངས་རྒྱས་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཐོབ་པ། སྲིད་གསུམ་གྱིས་བཏུད་དུས་ཀྱི་འཁོར་ལོ་ཅན་ཟག་པ་མེད་པའི་བདེ་བ་རྣམ་པ་ཐམས་ཅད་པའི་ཆོས་ཅན་ཏེ་འཁོར་ལོ་ཅན་ཁྱབ་འཇུག་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གང་ལས་ཚངས་པ་ཁྱབ་འཇུག་དྲག་པོ་དག་ཀྱང་


DKG099_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཞབས་ཀྱི་ཆུ་སྐྱེས་དྲུང་དུ་ལྷག་པར་སྐྱབས་འགྲོ་བ་དུས་ཀྱི་འཁོར་ལོ་དེ་ལ་ཕྱག་འཚལ་ལོ་ཞེས་པ་ནི་འཇམ་དཔལ་བདག་སྟེ། རྒྱལ་བ་མཆོག་སྐྱེད་ཡོན་ཏན་མེད་ཅིང་རྣམ་རྟོག་མེད་པ་ནི་སྔར་བརྗོད་པའི་མཚན་ཉིད་དོ། །སྟོང་པ་ཉིད་སྨྲ་བ་པོའི་ངེས་པའོ། །ད་ནི་ཞི་བ་ཞེས་པ་ལ་སོགས་པས་འཆི་བའི་མཐར་བསམ་པའི་དབང་གིས་སྐྱེ་བ་གསུངས་ཏེ། འཁོར་བ་འདིར་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་དབང་གིས་སྙིང་སྟོབས་ཀྱི་ཡོན་ཏན་ལ་སོགས་པའི་བསམ་པ་སྟེ། བསམ་པ་དེ་ལས་སྐྱེ་བའོ། །འདིར་འཆི་བའི་དུས་སུ་དགེ་བའི་ལས་ཀྱི་དབང་གིས་ཞི་བའི་བསམ་པར་འགྱུར་ཏེ། སྙིང་སྟོབས་ཀྱི་ཡོན་ཏན་གྱི་བདག་ཉིད་དོ། །བསམ་པ་དེ་སྐྱེས་པར་གྱུར་ན་ཤི་བའི་མཐར་ལྷ་ཉིད་དུ་འགྱུར་རོ། །མི་ཡི་བདག་པོ་ཞེས་པ་ནི་ཟླ་བ་བཟང་པོ་ལ་བོད་པའོ། །མི་དགེ་བའི་དབང་གིས་བསམ་པ་དྲག་པོར་འགྱུར་ཏེ། མུན་པའི་ཡོན་ཏན་གྱི་བདག་ཉིད་དོ། །མུན་པའི་བསམ་པ་དེ་ལ་དམྱལ་བ་ཉིད་དུ་འགྱུར་རོ། །མི་དགེ་བ་འབྲིང་པོའི་དབང་གིས་རྡུལ་གྱི་བསམ་པ་སྟེ། རྡུལ་གྱི་བསམ་པ་དེར་གྱུར་ན་ཤི་བའི་མཐར་དུད་འགྲོ་ཉིད་དུ་འགྱུར་རོ། །རབ་མཆོགས་ཡི་སྟེང་དུ་མི་ཉིད་དག་ནི་འདྲེས་པ་ལ་སྟེ། དགེ་བ་དང་མི་དགེ་བ་འདྲེས་པ་ལ་མི་ཉིད་དུ་འགྱུར་རོ། །འབྱུང་བོ་ཉིད་ནི་རྣམ་པ་གསུམ་སྟེ་རྡུལ་དང་མུན་པ་དང་ནི་སྙིང་སྟོབས་ཕན་ཚུན་འདྲེས་པ་ལའོ། །འདིར་སྙིང་སྟོབས་ལྷག་པ་ལ་ཡི་དགས་མཆོག་གོ། །རྡུལ་ལྷག་པ་ལ་འབྲིང་པོའོ། །མུན་པ་ལྷག་པ་ལ་ཐ་མའོ། །ལྷ་མ་ཡིན་རྣམས་ནི་ལྷའི་ནང་དུ་འདུས་པ་ཉིད་དོ། །དེ་བཞིན་དུ་མི་རྣམས་ནི་སྙིང་སྟོབས་ལྷག་པ་ལ་བདེ་བ་དང་ལྡན་པའོ། །རྡུལ་ལྷག་པ་ལ་བདེ་བ་དང་སྡུག་བསྔལ་དང་ལྡན་པའོ། །མུན་པ་ལྷག་པ་ལ་རྟག་ཏུ་སྡུག་བསྔལ་དང་ལྡན་པའོ། །དེ་བཞིན་དུ་མཐོ་རིས་ལ་སོགས་པ་ཐམས་ཅད་དུ་ཡང་སེམས་ཅན་རྣམས་ཀྱི་རང་གི་ལས་ཀྱི་དབང་གིས་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་དཔག་ཏུ་མེད་པར་འགྱུར་རོ། །དེའི་ཕྱིར་འཆི་བའི་དུས་སུ་ཡིད་ཀྱིས་བསམ་པ་གང་ཞིག་དྲན་


DKG099_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་དེར་ནི་སྐྱེ་བོ་ཡང་དག་སྐྱེ་ཞེས་པ་སྟེ། བསམ་པ་སྐྱེ་བའི་ངེས་པའོ། །ད་ནི་ལྷ་ཉིད་ཅེས་པ་ལ་སོགས་པས་ལྷ་ལ་སོགས་པའི་དབྱེ་བ་གསུངས་ཏེ། འདིར་ལྷ་ཡི་མཆོག་གི་གནས་མཐོ་རིས་སུ་ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་འགྱུར་ཏེ། ཟད་པར་ས་དང་། ཟད་པར་ཆུ་དང་། ཟད་པར་མེ་དང་། ཟད་པར་རླུང་དང་། ཟད་པར་སྟོང་པ་དང་། ཟད་པར་ཟླ་བ་དང་། ཟད་པར་ཉི་མ་དང་། ཟད་པར་སྒྲ་གཅན་ཞེས་བྱ་བ་བསྒོམས་པ་དང་། སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་སྟོབས་དང་། མི་དགེ་བ་བཅུ་ཡོངས་སུ་སྤངས་པ་སྟེ། ལྷ་ཉིད་བརྒྱད་ཀྱི་དབྱེ་བ་དག་གིས་འགྱུར་རོ། །མི་ཉིད་གཅིག་ནི་ཇི་ལྟ་བ་ཁམས་དྲུག་གི་བདག་ཉིད་དོ། །དུད་འགྲོ་དག་ཀྱང་ཆུ་གཏེར་རྣམ་པ་སྟེ། ཁམས་དྲུག་གི་བདག་ཉིད་ཅན་རྣམ་པ་བཞིའོ། །དམྱལ་བའི་འགྲོ་བར་དམྱལ་བ་ཉིད་ནི་དེ་བཞིན་གཅིག་སྟེ། ཁམས་དྲུག་གི་བག་ཆགས་ལས་བྱུང་བ་རྨི་ལམ་དང་མཚུངས་པའོ། །ལྷ་མ་ཡིན་ཉིད་ནི་ལྷའི་ནང་དུ་འདུས་སོ། །ཡི་དགས་ཉིད་ནི་དམྱལ་བའི་ནང་དུ་འདུས་ཏེ་སྡུག་བསྔལ་ལ་ཉེ་བར་ལོངས་སྤྱོད་པའི་ཕྱིར་རོ། །སྐྱེ་བ་བརྒྱད་དང་གཅིག་དང་བཞི་དང་གཅིག་སྟེ། གནས་བཅུ་བཞི་པོ་འདི་རྣམས་སུ་རོ་ཡི་འགྲོ་བར་ཞེས་པ་འགྲོ་བ་དྲུག་ཏུ་སྐྱེ་བོ་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཅན་འཁོར་ཏེ། ལས་ཀྱི་ཞགས་པས་ངེས་པར་བཅིངས་པ་དག་སྐྱེ་བ་འབུམ་ཕྲག་དུ་མས་ལས་ཀྱི་ཞགས་པ་ལས་གྲོལ་བ་མིན་ཞིང་ཐར་པ་མཆོག་གི་བདེ་བའི་གོ་འཕང་དུ་འགྲོ་བ་མིན་ནོ། །སེམས་ཅན་གྱི་བསམ་པའི་དབང་གིས་ལྷ་ལ་སོགས་པའི་དབྱེ་བ་ངེས་པའོ། །ད་ནི་ཕུང་པོ་ཞེས་པ་ལ་སོགས་པས་འཆིང་བའི་རྒྱུ་གསུངས་ཏེ། འགྲོ་བ་དྲུག་གི་འཁོར་བ་འདིར་འཚོ་བ་སྟེ་སྲོག་ཀུན་གཞིའི་རྣམ་པར་ཤེས་པའི་ཆོས་ཅན་བཅིངས་ཏེ་འཁོར་རོ། །གང་གིས་ཞེན་ཕུང་པོ་སྟེ་འབྱུང་བ་དང་ཁམས་དྲུག་དང་དབང་པོ་དང་རྣམ་གསུམ་སྲིད་པ་འཇིགས་པ་ཡུལ་དྲུག་དང་། དེ་ཙམ་དང་ལས་ཀྱི་དབང་པོ་ལྔ་དང་། ལས་ཀྱི་སྐྱོན་དགེ་བ་དང་མི་དགེ་བ་དང་ཡོན་ཏན་དང་བཅས་ཡིད་དང་བློ་དང་ངར་འཛིན་ལ་སོགས་ཏེ་


DKG099_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི་སྒྲས་སྲོག་གི་ནུས་པའི་རྩ་བའི་རང་བཞིན་ནོ། །འདི་དག་གིས་བཅིངས་འཚོ་བ་དག་ནི་རོ་ཡིས་འགྲོ་བར་འཁོར་ཏེ། ཕྲ་མོའི་དངོས་པོ་དག་གིས་སླར་ཏེ་སླར་ཡང་འཕོ་བའི་དགའ་བས་སོ། །འཆིང་བ་ཕྲ་མོ་དང་རགས་པའི་དངོས་པོ་སྟེ། སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་དོ། །དངོས་པོ་འདི་དག་བཏང་ན་མི་བཟད་མཆོག་གི་གནས་སུ་རབ་ཏུ་འགྲོ་སྟེ། གང་དུ་སོན་ན་སླར་ཡང་སྐྱེ་ལྡན་འཁོར་བ་པར་འགྱུར་བ་མིན་ནོ། །འཁོར་བའི་བག་ཆགས་ཀྱི་མ་རིག་པའི་ངེས་པའོ། །ད་ནི་ཡན་ལག་དང་བཅས་ཞེས་པ་ལ་སོགས་པས་འདིའི་གཉེན་པོ་རིག་པ་གསུངས་ཏེ། འཁོར་བ་འདིར་འཇིག་རྟེན་གྱི་ཐ་སྙད་ལ་རིག་པ་གང་ཡིན་པ་དེ་ནི་དོན་དམ་པ་དེ་ཁོ་ན་ཉིད་ཀྱི་ཡུལ་ལ་རིག་པ་མ་ཡིན་ནོ། །དང་པོར་ཡན་ལག་དང་བཅས་རིག་བྱེད་དེ་ཡན་ལག་དྲུག་དང་བཅས་པའོ། །ཡན་ལག་དྲུག་རྣམས་ཀྱང་མདོ་དང་དབྱངས་ཀྱིས་བསྙད་པ་དང་། ལུང་སྟོན་པ་དང་སྡེབ་སྦྱོར་དང་ངེས་ཚིག་དང་སྐར་རྩིས་ཏེ་འདི་དག་དང་བཅས་པའོ། །ཞེས་པའི་དོན་ཏོ། །དེ་ཡང་དྲན་པའི་གཞུང་དང་བཅས་པ་སྟེ་དྲན་པ་ནི་ཤེད་བུ་ལ་སོགས་པའི་གཞུང་རྣམས་སོ། །དེ་རྣམས་དང་བཅས་པ་སྟེ་ཡང་དག་པར་ལྡན་པའོ། །རྟོག་གེ་ནི་འཇིག་རྟེན་པའི་དངོས་པོ་རབ་ཏུ་འཇལ་བའི་བསྟན་བཅོས་རྣམས་སོ། །གྲུབ་པའི་མཐའ་ནི་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་བྱེད་པ་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་རྣམ་པར་རྟོག་པས་བསྒོམ་པའི་ཆོས་ཅན་ཏེ། དེ་རྣམས་དང་ལྡན་པ་ཞེས་པ་ཁྱད་པར་དུ་བྱས་པའོ། །དེ་བཞིན་དུ་འཇིག་རྟེན་དུ་སྙན་ངག་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིག་པ་མིན་ཞེས་པ་སྟེ། རྒྱས་པའི་སྙན་ངག་བྷཱ་ར་ཏ་དང་། མེའི་སྙན་ངག་བསྒོམ་པའི་ཆོས་དང་། སོགས་པའི་སྒྲས་གྲོག་མཁར་གྱི་སྙན་ངག་རཱ་མཱ་ཡན་དང་། མ་རྐཎ་ཌེ་ཡའི་སྙན་ངག་སྔོན་རབས་ཀྱི་ཆོས་ལ་སོགས་པ་རྣམས་བཟུང་སྟེ། སྙན་ངག་མཁན་འདི་དག་གིས་བྱས་པ་ནི་རིག་པ་མ་ཡིན་ནོ། །འོ་ན་


DKG099_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

རིག་པ་གང་ཡིན་ཞེ་ན་སྨྲས་པ། རིག་པ་ཞེས་པ་རྣམ་པར་མི་རྟོག་པ་ནང་གི་རིག་པ་སྟེ་རྣམ་པ་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དོ། །གཞན་ཡང་འགྱུར་མེད་ཀྱང་རིག་པ་སྟེ་དམིགས་པ་མེད་པ་ཟག་པ་མེད་པའི་བདེ་བའི་བདག་ཉིད་ཅན་ནོ། །རིག་པ་ནི་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་རྒྱུ་དང་འབྲས་བུ་གཅིག་ཏུ་འདྲེས་པར་གྱུར་པ་སྟེ་མེའི་འོད་དང་སྲེག་པར་བྱེད་པ་གཅིག་ཏུ་འདྲེས་པར་གྱུར་པ་བཞིན་ནོ། །འཇིག་རྟེན་འདིར་ནི་འདས་པ་དང་ད་ལྟར་བྱུང་བའི་ཐུབ་པ་ཆོས་ཀྱི་འཁོར་ལོ་ལ་གནས་པ་རྣམས་ཀྱིས་རབ་ཏུ་གསུངས་པ་ཉིད་དོ། །དེའི་རང་བཞིན་ཅི་ཞེ་ན་གསུངས་པ། གང་དུ་འཇིག་རྟེན་གསུམ་པོ་མཐའ་དག་ཅེས་པ་སྟེ་བདེ་བའི་སྐད་ཅིག་གང་ལས་སྐྱེ་བའི་དུས་སུ་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་བའོ། །སླར་ཡང་གང་དུ་ཐིམ་པ་སྟེ་འཆི་བའི་དུས་སུ་སྐད་ཅིག་གང་ལ་དངོས་པོའི་ཚོགས་པ་ཐིམ་པའོ། །འགྱུར་བའི་སྐད་ཅིག་ལ་སྐད་ཅིག་དེ་ཉིད་ཟག་པ་མེད་པའི་བདེ་བ་འགྱུར་བ་མེད་པར་བརྗོད་དེ་གང་ལས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་སངས་རྒྱས་འབྱུང་བ་དང་གང་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའོ། །ཀྱཻ་མི་ཡི་བདག་པོ་ཞེས་པ་སྟེ་རིག་པའི་ངེས་པའོ། །ད་ནི་རྣལ་འབྱོར་ཞེས་པ་ལ་སོགས་པས་སྔོན་གྱི་རྣལ་འབྱོར་གོམས་པའི་སྟོབས་གསུངས་ཏེ། མིའི་འཇིག་རྟེན་འདིར་གལ་ཏེ་རྣལ་འབྱོར་པ་རིག་པའི་རྣལ་འབྱོར་གོམས་པར་བྱེད་པ་དག་རྣལ་འབྱོར་མ་ཐོབ་རབ་ཏུ་གཡོ་བའི་ཡིད་ཀྱིས་རེས་འགའ་ཤི་བར་གྱུར་པ་ན། དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་ཏེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་སུ་རྣལ་འབྱོར་ནི་སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་རྣམ་པར་དག་པའི་དེ་ཁོ་ན་ཉིད་དང་རྣམ་པར་དག་པའི་སེམས་སོ། །དེ་དང་ལྡན་པའི་ཕྱིར་རྣལ་འབྱོར་དང་ལྡན་པ་སྟེ་རྣལ་འབྱོར་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །སླར་ཡང་སྔོན་གྱི་གོམས་པ་དེ་ཡིས་ཀུན་དུ་འཛིན་པར་འགྱུར་ཏེ་ཐོབ་པར་འགྱུར་རོ། །ཡེ་ཤེས་རྣལ་འབྱོར་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་ཏེ་ཡངས་པ་ཞེས་པ་ནི་ཉི་ཚེ་བ་མ་ཡིན་པ་སྟེ་རྣམ་པ་ཐམས་ཅད་པའོ་ཞེས་དགོངས་པའོ། །ཡེ་ཤེས་ཐོབ་སྟེ་ཡོངས་སུ་རྫོགས་ན་མི་ཟད་མཆོག་གི་གནས་


DKG099_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རབ་འགྲོ་ཞེས་པ་ལ་གང་ལ་ཟད་པ་མེད་པ་ནི་མི་ཟད་མཆོག་གི་གནས་སོ། །ཞེས་རྣམ་པར་སྦྱར་རོ། །དེ་ཇི་ལྟར་གྱུར་པ་ཞེ་ན་གསུངས་པ། གང་དུ་སླར་ཡང་སྐྱེ་བ་ལྡན་པ་སྟེ་འབྱུང་བ་དང་ལྡན་པ་མིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་མཆོག་གི་གནས་སོ། །ད་ནི་ཡེ་ཤེས་ཞེས་པ་ལ་སོགས་པས་སངས་རྒྱས་པ་རྣམས་དང་ལྷ་མིན་རྣམས་དང་ཀླ་ཀློ་རྣམས་ཀྱི་ཡེ་ཤེས་སྐྱེ་བའི་དུས་གསུངས་ཏེ། འདིར་ངེས་པར་རྣལ་འབྱོར་གོམས་པ་རྣམ་པ་གསུམ་སྟེ་སངས་རྒྱས་པའི་དང་ལྷ་མིན་གྱི་དང་འབྱུང་པོའི་འོ། །དེ་ལ་སངས་རྒྱས་པའི་རྣལ་འབྱོར་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་དོ། །ལྷ་མིན་གྱི་ནི་བརྟགས་པའི་ཆོས་སོ། །འབྱུང་པོའི་ནི་རྣམ་པ་གཉིས་ཏེ་རྟག་པའི་ངོ་བོ་དང་ཆད་པའི་ངོ་བོའོ། །དེ་བཞིན་དུ་རྣལ་འབྱོར་དེ་གོམས་པ་ལ་དགའ་བ་ཉིད་ལས་དེ་ཉིད་གང་ལ་ཡོད་པའི་རྣལ་འབྱོར་པ་རྣམ་པ་གསུམ་མོ། །དེ་རྣམས་ལས་ཉིན་མོའི་ཆ་ལ་སངས་རྒྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེའོ། །མཚན་མོའི་ཆ་ལ་ལྷ་མིན་གྱི་རྣལ་འབྱོར་པ་རྣམས་ཀྱིའོ། །ཐུན་མཚམས་བཞི་སྤངས་པའི་དུས་སུ་འབྱུང་པོའི་རྣལ་འབྱོར་པ་རྣམས་ཀྱི་ཡེ་ཤེས་སྐྱེའོ། །འདིར་དུས་ཀྱི་ཆ་ནི་ཡེ་ཤེས་སྐྱེ་སྟེ་རྒྱལ་བ་རྣམས་ཀྱི་ཉི་མ་ཉིན་མོའི་དུས་སུ་མཚན་མོ་ཕྱེད་དང་མཚན་མོའི་མཐར། ལྷ་མིན་རྣམས་ཀྱི་ཟླ་བ་མཚན་མོའི་དུས་སུ་ཉི་མ་ཕྱེད་དང་ཉིན་མོ་དག་གི་མཇུག་ཏུའོ། །འབྱུང་པོ་རྣམས་ཀྱི་ཡང་མ་བརྗོད་པ་ཉིད་ལས་ཐུན་མཚམས་སྤངས་པའི་དུས་སུའོ། །འདིར་མཚན་མོ་ཕྱེད་དམ། སྔ་དྲོའི་ཐུན་མཚམས་ལ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ལྷག་པར་གནས་པར་འགྱུར་རོ། །ཉི་མ་ཕྱེད་དམ་ནུབ་པར་གྱུར་པའི་ཐུན་མཚམས་ལ་ལྷ་མིན་རྣམས་ཀྱི་ཡེ་ཤེས་ལྷག་པར་གནས་པར་འགྱུར་རོ། །གཞན་ཐུན་བཞིའི་ཐུན་མཚམས་ལ་འབྱུང་པོ་རྣམས་ཀྱི་སྟེ་ཉིན་མོའི་ཆ་ལ་རྟག་པའི་ཡེ་ཤེས་ལྷག་པར་གནས་ཤིང་མཚན་མོའི་ཆ་ལ་ཆད་པའི་ཡེ་ཤེས་ལྷག་པར་གནས་སོ། །སངས་རྒྱས་པ་དང་ལྷ་མིན་འདི་དག་གི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ཡང་དག་ཡེ་ཤེས་སུ་འགྱུར་རོ། །དེའི་ཆོས་དང་འགལ་བ་རྣམས་ཉམས་ནི་ལྷ་མིན་རྣམས་ཀྱིར་འགྱུར་རོ། །ཡང་དག་ཡེ་ཤེས་ནི་ཉིན་མོའི་


DKG099_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་བ་བཞིན་དུ་ཐམས་ཅད་མཐོང་བའོ། །རྣམ་ཉམས་ཡེ་ཤེས་ནི་མཚན་མོའི་སྣང་བ་བཞིན་སེམས་ཅན་རྣམས་ཀྱི་འཆི་བ་དང་འཚོ་བ་ཅུང་ཟད་མཐོང་བའོ། །ཇི་ལྟར་ཤེས་ཞེ་ན། དེའི་ཕྱིར་གསུངས་པ། ཆོས་བསྟེན་པ་ལས་སོ་ཞེས་པ་སྟེ། འདིར་ཡང་དག་ཡེ་ཤེས་རྣམ་ཉམས་དག་ལ་ཚིག་ནི་ལེགས་སྦྱར་ཐ་མལ་དག་ཏུ་རབ་ཏུ་འགྱུར་བ་སྟེ་ཞེས་པ་ནི་ཡང་དག་ཡེ་ཤེས་སྐྱེས་པ་རྣམས་ཀྱིས་ལེགས་པར་སྦྱར་བའི་ངག་སྒྲ་ཐམས་ཅད་ཀྱི་བདག་ཉིད་དོ། །རྣམ་ཉམས་ཡེ་ཤེས་སྐྱེས་པ་རྣམས་ཀྱི་ཐ་མལ་གྱི་ངག་ཏུ་འགྱུར་ཏེ། སྟོན་པར་བྱེད་པ་པོ་རྣམས་ཀྱི་ཡུལ་གཅིག་གི་སྐད་གཅིག་གི་སྐད་ཀྱི་ཁྱད་པར་གྱིས་སོ། །སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་བདག་ཉིད་ཅན་ཞི་བའི་ལས་སྟོན་པར་བྱེད་པའོ། །ལྷ་མིན་རྣམས་ཀྱི་ཡེ་ཤེས་ནི་ཤ་བཟའ་བའི་སླད་དུ་དུད་འགྲོའི་སེམས་ཅན་ལ་གནོད་པ་བྱེད་པ་དྲག་པོའི་ལས་སྟོན་པར་བྱེད་པ་པོའོ། །སྲིད་པ་གསུམ་གྱི་གནས་སུ་སངས་རྒྱས་པ་རྣམས་ཀྱི་ཡེ་ཤེས་ནི་སྐྱེས་བུ་ཉིད་ཀྱི་ལས་སྟོན་པར་བྱེད་དོ། །ལྷ་མིན་རྣམས་ཀྱི་ཡེ་ཤེས་ནི་ས་ལ་ཐ་མལ་གྱི་ལས་སྟོན་པར་བྱེད་དོ། །འབྱུང་པོ་རྣམས་ཀྱི་ནི་ས་ལ་རྣམ་པར་འདྲེས་པའི་ལས་སྟོན་པར་བྱེད་དོ། །ཡེ་ཤེས་སྟོན་པར་བྱེད་པའི་ངེས་པའོ། །ད་ནི་ཉི་མ་གུང་ཞེས་པ་ལ་སོགས་པས་སངས་རྒྱས་པ་དང་ལྷ་མིན་དག་གི་ཟ་བའི་དུས་གསུངས་ཏེ། འདིར་ཉིན་ཞག་སོ་སོ་ལ་ཉི་མ་གུང་ནས་བརྩམས་ནས་མཚན་མོ་ཕྱེད་ཀྱི་བར་དུ་ཉིན་མོའི་དུས་སོ། །མཚན་མོ་ཕྱེད་ནས་བརྩམས་ནས་ཉི་མ་གུང་གི་མཐར་ཐུག་པ་ནི་མཚན་མོའི་དུས་སོ། །ཉིན་མོ་དང་མཚན་མོའི་དུས་དེ་ལས་རང་རང་གི་དུས་ཀྱི་ཕྱེད་ཕྱི་མ་ནི་གྲངས་བཞིན་དུ་སངས་རྒྱས་པ་དང་། ཀླ་ཀློ་དེ་དག་གི་དཀའ་ཐུབ་པ་རྣམས་ཀྱི་ཟ་བའི་དུས་ཏེ་ཁྱིམ་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ། །སངས་རྒྱས་པ་དང་ལྷ་མིན་དག་གི་བཟའ་བ་དང་བཏུང་བ་ཡང་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་ཟན་ཁྱད་པར་དུ་འཕགས་པ་སྟེ། ཀླ་ཀློ་རྣམས་ཀྱི་བ་ལང་གི་ཤ་དང་བཅས་པའོ། །བཏུང་བ་ནི་གྲངས་


DKG099_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་སངས་རྒྱས་པ་རྣམས་ཀྱི་རྣམ་མང་བཅུད་སྟེར་ཞིམ་པ་སྟེ། ཀླ་ཀློ་རྣམས་ཀྱི་བཏུང་བ་ནི་བྱ་གག་ལ་སོགས་པའི་སྒོ་ངའི་ཁུ་བའོ། །བགོ་བ་ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་གོས་དམར་པོ་སྟེ། ཀླ་ཀློ་རྣམས་ཀྱི་ནི་དཀར་པོའོ། །དཀའ་ཐུབ་པ་རྣམས་ཀྱི་སྟེ་ཁྱིམ་པ་རྣམས་ཀྱི་ནི་ངེས་པ་མེད་དོ། །དེ་བཞིན་དུ་ཤི་བའི་མཐར་གནས་ནི་གྲངས་བཞིན་དུ་ཉི་མ་ཟླ་བའི་བགྲོད་པ་བཞིན་དུ་ཞེས་པ་སྟེ། །ཉི་མ་སྟེང་དུ་བགྲོད་ཅིང་ཟླ་བ་འོག་ཏུ་བགྲོད་དོ། །དེ་དག་གི་བགྲོད་པ་བཞིན་དུ་མཐོ་རིས་ཀྱི་གནས་ཉི་མའི་བགྲོད་པ་ནི་སངས་རྒྱས་པ་རྣམས་ཀྱི་སྟེ། ཟླ་བའི་བགྲོད་པ་བཞིན་ས་འོག་གི་གནས་ནི་ལྷ་མིན་རྣམས་ཀྱིའོ། །དེ་བཞིན་དུ་རྩ་བའི་རྒྱུད་ཀྱི་དབང་མདོར་བསྟན་པ་ལས་བཅོམ་ལྡན་འདས་ཀྱིས་གསུངས་པ། །ལུས་ཅན་ཐམས་ཅད་ཤི་བ་ན། །ཟླ་བ་བདུད་རྩི་འོག་ཏུ་འགྲོ། །སྟེང་དུ་ཉི་མ་རྡུལ་སྒྲ་གཅན། །རྣམ་ཤེས་དངོས་པོའི་མཚན་ཉིད་དོ། །དེ་བཞིན་དུ་ཆོས་ནི་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ཀྱི་འཚེ་བ་མེད་པའོ། །ཀླ་ཀློ་རྣམས་ཀྱི་ནི་འཚེ་བ་སྟེ་ཡང་ཡིག་ལས་འབྱུང་པོ་རྣམས་ཀྱིའོ། །བླ་མའི་ངེས་པའི་དབང་གིས་བསྒོམ་པའི་དུས་དང་འདོད་པའི་ལྷ་ལ་བསྟོད་པའི་དུས་སུ་གྲངས་བཞིན་དུ་སངས་རྒྱས་པ་རྣམས་ལ་རྡོ་རྗེའི་གདན་བསྔགས་ཤིང་ཀླ་ཀློ་རྣམས་ལ་ལྷ་མིན་གྱི་གདན་བསྔགས་སོ། །ཡང་ཡིག་ལས་གཞན་ནི་ཐུན་མོང་བ་སྟེ་དེ་ནི་མི་སྒྲུབ་ཅིང་མི་འགོག་གོ། །འདིར་ལྷ་མིན་གྱི་གདན་ནི་སའི་ངོས་ལ་པུས་མོ་གཡོན་གྱི་སྟེང་དུ་པུས་མོ་གཡས་བརྐྱང་ཞིང་རྐང་པ་གཡོན་གྱི་སྟེང་དུ་རྐང་པ་གཡས་པའོ། །ཡང་ཡིག་ལས་འོག་ཏུ་སྟེ་རྐང་པ་གཡས་པའི་སྟེང་དུའོ། །རྐང་པའི་མཐིལ་དུ་ཡང་ཡང་ཡིག་ལས་རྒྱབ་ཏུ་དཔྱི་བཞག་པའོ། །རྡོ་རྗེའི་གདན་ལ་སོགས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སངས་རྒྱས་པ་དང་ལྷ་མིན་གྱི་བྱ་བ་ངེས་པའོ། །འབྱུང་པོ་རྣམས་ཀྱི་ལས་འདྲེན་མར་སྔར་གསུངས་པ་དེ་ཡང་འདིར་ཚིགས་སུ་བཅད་པས་གསལ་བར་གསུངས་པ་འདི་ལྟ་སྟེ། འབྱུང་པོ་རྣམས་ཀྱི་ལས་ནི་འདྲེན་མར་རབ་ཏུ་


DKG099_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཏེ་ཚིག་ཀྱང་འདྲེས་པ་ཤ་ཟ་དག་གིའོ། །ཆོས་ནི་འཚེ་མེད་འཚེ་ལྡན་བླ་མའི་ངེས་པའི་དབང་གི་སྲོག་གཅོད་ལ་སོགས་སྐྱོན་དག་ལ། མཆོད་སྦྱིན་ལ་སོགས་དོན་དུ་རབ་ཏུ་འཇུག་སོགས་པའི་སྒྲས་གཡུལ་གྱི་དོན་དུ་འཚེ་བ་ལ་རབ་ཏུ་འཇུག་གོ། །དཀའ་ཐུབ་ཀྱི་འབྲས་བུའི་དོན་དུ་ལྡོག་པ་སྟེ། མི་འཚེ་བ་ལ་རབ་ཏུ་འཇུག་པར་འགྱུར་ཏེ་མི་ཡི་བདག་པོ་རེས་འགའ་དག་ནི་ལྡོག་པ་འམ་ཞེས་པའོ། །བཟའ་བ་བཏུང་བ་དག་ཀྱང་འདྲེས་པ་ཉི་ཟླའི་བགྲོད་པ་དག་ལས་ལམ་ནི་འདྲེན་མ་གཞན་དུའོ་ཞེས་པ་ནི། འབྱུང་པོ་རྣམས་ཀྱི་ལམ་ནི་ཐམས་ཅད་ཀུན་དུ་འདྲེས་པར་རིག་པར་བྱའོ། །འབྱུང་པོ་རྣམས་ཀྱི་བྱ་བའི་ངེས་པའོ། །ད་ནི་འོད་ཟེར་ཞེས་པ་ལ་སོགས་པས་ལམ་བརྗོད་པར་འདོད་པ་གསུངས་ཏེ། འདིར་ལམ་ནི་རྣམ་པ་གསུམ་སྟེ་འོད་ཟེར་གྱི་ལམ་དང་དུ་བའི་ལམ་དང་རྣམ་པར་འདྲེས་པའི་ལམ་མོ། །འདི་དག་ལས་འོད་ཟེར་ལམ་ནི་ཉི་མའི་སྣང་བ་དཀར་པོ་ཉིན་མོ་བགྲོད་པ་བྱང་སྟེ་ཉིན་མོ་འཕེལ་བའི་མཚན་ཉིད་དང་ལོ་ཕྱེད་ནི་ཕྱི་རོལ་དུ་སྟེ། ནང་དུ་ཆུ་སྲིན་ལ་སོགས་པ་དུས་སྦྱོར་དྲུག་གི་བདག་ཉིད་ཅན་ཏེ། ཤར་བ་ནས་ནུབ་པ་ཞེས་བྱ་བའི་མིང་ཅན་ནོ། །དུ་བའི་ལམ་ནི་ཟླ་བའི་སྣང་བ་མཚན་མོ་དག་དང་དཀར་མིན་བགྲོད་པ་འདི་ནི་ལྷོ་སྟེ། དུ་བའི་ལམ་དག་ལ་ཀཪྐ་ཊ་ལ་སོགས་པ་ལྷོར་བགྲོད་པའི་ཟླ་བ་དྲུག་སྟེ། གང་དུ་མཚན་མོ་འཕེལ་བ་དེ་ལྷོར་བགྲོད་པའོ། །ནུབ་པར་གྱུར་པ་ནས་ཤར་བའི་བར་ནི་ངེས་པའོ། །འདིར་འོད་ཟེར་ལྷ་རྣམས་མཐོ་རིས་སུ་སྟེ་མཐོ་རིས་སུ་འགྲོ་བའི་ལམ་མོ། །དཀར་མིན་བགྲོད་པ་ལྷ་མིན་རྣམས་ཀྱི་ཀླུ་ཡི་འཇིག་རྟེན་དུ་འགྲོ་བའི་དུ་བའི་ལམ་མོ། །ཀུན་དུ་འདྲེས་པ་ཉིན་མོ་དང་མཚན་མོའི་ཆོས་ཅན་ནི་མི་ཡི་འཇིག་རྟེན་དུ་འགྲོ་བ་ལ་སྟེ། ཡི་དགས་དང་དུད་འགྲོ་དང་མི་རྣམས་བསྐྱེད་པ་ལ་རབ་ཏུ་གསལ་བར་བྱས་སོ། །ཞེས་པ་ནི་ལམ་གྱི་ངེས་པ་སྟེ། སྐྱེ་བ་སྔ་མའི་བག་ཆགས་ཀྱིས་བསྐྱེད་པའི་སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་ཡོན་ཏན་གྱི་རང་བཞིན་གྱིས་སོ། །ད་ནི་གང་ཞིག་གང་གི་དབུས་


DKG099_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞེས་པ་ལ་སོགས་པས་སངས་རྒྱས་པའི་ཉན་ཐོས་དང་ལྷ་མིན་དང་འབྱུང་པོའི་ལས་ལ་དགའ་བའི་སེམས་ཅན་རྣམས་ཀྱི་བག་ཆགས་འཛིན་པ་གསུངས་ཏེ། འཁོར་བ་འདིར་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱི་སྟོབས་ཀྱིས་ལྷ་དང་ལྷ་མིན་དང་འབྱུང་པོའི་བྱ་བ་ལ་རྗེས་སུ་ཆགས་པ་གང་ཞིག་གང་གི་དབུས་སུ་རབ་ཏུ་ཞུགས་པར་གྱུར་ཏེ། བརྟུལ་ཞུགས་ངེས་པས་དགའ་ལས་ཀྱི་ཞགས་པས་ངེས་བཅིངས་པ་ཞེས་པ་ཆོས་དེའི་བྱ་བ་རྣམས་ཀྱིས་བཅིངས་པའོ། །དེ་ཡི་དབུས་སུ་རང་རང་བསམ་པས་མི་བདག་ནི་བོད་པ་སྟེ། དེ་ཡི་རིགས་ཏེ་ལྷ་དང་ལྷ་མིན་དང་འབྱུང་པོའི་རིགས་སུ་དེ་ཡི་འཛིན་པ་དག་གིས་ཞེས་པ་ནི་དེ་ཡི་དངོས་པོའི་འཛིན་པ་སྟེ། དེ་ཡིས་ལྷ་དང་ལྷ་མིན་དང་འབྱུང་པོའི་རིགས་སུ་སྐྱེ་བར་འགྱུར་རོ། །སྙིང་སྟོབས་དང་མུན་པ་དང་རྡུལ་གྱི་ངར་འཛིན་གྱིས་ཏེ་སྔར་བརྗོད་པའི་ཆོ་གས་སོ། །ཇི་སྲིད་སེམས་ཀྱི་རང་བཞིན་དག་ནི་རྣམ་གསུམ་སྲིད་པའི་དབང་གིས་ཞེས་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པའི་བག་ཆགས་ཀྱི་དབང་གིས་ཏེ། ཚོར་བ་བདེ་བ་དང་སྡུག་བསྔལ་འཁོར་བ་པར་གྱུར་པ་དེ་སྲིད་དུ་འཁོར་བ་སྡུག་བསྔལ་གྱི་མཚན་ཉིད་དུ་སེམས་ཀྱང་འཁྱམ་སྟེ། མི་ཡི་བདག་པོ་མཐོ་རིས་མི་ཡུལ་དག་དང་འོག་ཏུ་ཡང་ཞེས་པ་ལྷ་དང་མི་དང་དམྱལ་བ་ལ་སོགས་པ་འགྲོ་བ་དྲུག་པོ་རྣམས་སུ་ཀུན་གཞིའི་རྣམ་པར་ཤེས་པ་འཁྱམ་མོ་ཞེས་པ་སྟེ་བག་ཆགས་འཛིན་པའི་ངེས་པའོ། །དེའི་ཕྱིར་བག་ཆགས་རྣམ་པ་གསུམ་ལས་འདས་པ་ནི་འཁོར་བའི་ཕ་རོལ་མཐར་སོན་པ། བྱ་བ་བྱས་པ་སྐམ་སར་གནས་པ། ཡེ་ཤེས་ཀྱི་སྐུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ལྷ་དང་ལྷ་མ་ཡིན་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཞབས་ཀྱི་པདྨ་ལ་ཕྱག་བྱས་པ་དུས་ཀྱི་འཁོར་ལོའོ་ཞེས་པ་ནི་བག་ཆགས་སྤངས་པའི་ངེས་པའོ། །ད་ནི་ཀ་སོགས་ཞེས་པ་ལ་སོགས་པས་མངལ་དུ་གསལ་བྱེད་དང་དབྱངས་ཀྱང་སྐྱེ་བར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་འཆི་བའི་མཚན་ཉིད་


DKG099_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ། འདིར་མངལ་འཛིན་པའི་དུས་སུ་རྡུལ་ནི་གསལ་བྱེད་སུམ་ཅུའི་བདག་ཉིད་དང་ཁུ་བ་ནི་དབྱངས་སུམ་ཅུའི་བདག་ཉིད་དེ་འདི་དག་ཀུན་གཞིའི་རྣམ་པར་ཤེས་པས་བྱིན་གྱིས་བརླབས་པ་ནི་ཡང་དག་པར་སྦྱོར་རོ། །འདིར་མངལ་དུ་སྐྱེ་བའི་ཕྱོགས་དང་པོ་ལ་ཀ་ཡིག་ལ་སོགས་པའི་གསལ་བྱེད་སུམ་ཅུ་པོ་རྣམས་དབྱངས་ཐུང་ངུས་བྱིན་གྱིས་བརླབས་པ་དང་། ཕྱོགས་ཕྱི་མ་ལ་དབྱངས་རིང་པོས་བྱིན་གྱིས་བརླབས་པ་སྟེ་གསལ་བྱེད་ཀྱི་ཕྱོགས་གཉིས་པོ་འདི་ནི་འཆི་བ་ལ་རབ་ཏུ་གསལ་བར་འགྱུར་རོ། །དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཁུ་བའི་ནམ་མཁའི་ཁམས་རྡུལ་ལ་རབ་ཏུ་འཇུག་སྟེ། ནག་པོའི་ཕྱོགས་ལ་སའི་ཁམས་རབ་ཏུ་འཇུག་གོ། །དེ་བཞིན་དུ་འབྱུང་བ་དང་མི་འབྱུང་བ་དག་ལ་རྡུལ་གྱི་ས་དང་ནམ་མཁའི་ཁམས་དག་ཁུ་བའི་ཁམས་ལ་རབ་ཏུ་འཇུག་གོ། དེ་བཞིན་དུ་ཟླ་བ་གཉིས་པའི་ཕྱོགས་དང་པོ་ལ་ཨི་ཡིག་གིས་བྱིན་གྱིས་བརླབས་པའི་གསལ་བྱེད་རྣམས་ཏེ་རྡུལ་ལ་རླུང་གི་ཁམས་རབ་ཏུ་འཇུག་གོ། །ཕྱོགས་ཕྱི་མ་ལ་ཨུ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་ཏེ་ཆུའི་ཁམས་འཇུག་གོ། །གསུམ་པའི་ཕྱོགས་དང་པོ་ལ་མེའི་ཁམས་འཇུག་པའི་སླད་དུ་རྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ་ལ་མེའི་ཁམས་འཇུག་པའི་སླད་དུ་རཱྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཟླ་བ་བཞི་པའི་ཕྱོགས་དང་པོ་ལ་ཆུའི་ཁམས་འཇུག་པའི་སླད་དུ་ཨུ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ་ལ་རླུང་གི་ཁམས་འཇུག་པའི་སླད་དུ་ཨཱི་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཟླ་བ་ལྔ་པའི་ཕྱོགས་དང་པོ་ལ་སའི་ཁམས་འཇུག་པའི་སླད་དུ་ལྀ་ཡིག་གིས་བྱིན་གྱིས་བརླབས་པ་རྣམས་སོ། །ཕྱོགས་ཕྱི་མ་ལ་ནམ་མཁའི་ཁམས་འཇུག་པའི་སླད་དུ་ཨཱ་ཡིག་རིང་པོས་བྱིན་གྱིས་བརླབས་པ་རྣམས་ཏེ། སྐྱེད་པ་དང་སྡུད་པའི་དབྱེ་བས་ནམ་མཁའ་ལ་སོགས་པ་དང་ས་ལ་སོགས་པ་ཁུ་བ་དང་རྡུལ་དག་ཕན་ཚུན་དུ་འཇུག་གོ། །དེ་ནས་དབང་པོ་དང་ལས་ཀྱི་དབང་པོ་བྱིན་གྱིས་བརླབས་


DKG099_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སླད་དུ་ཡོན་ཏན་དང་འཕེལ་བ་དང་ཧ་ལ་སོགས་པ་ཐུང་ངུ་དང་རིང་པོ་རྣམས་གསལ་བྱེད་རྣམས་ལ་འཇུག་པར་བྱེད་དེ། ཟླ་བ་དྲུག་པའི་ཕྱོགས་དང་པོའི་ཕྱེད་ལ་ཨ། ཕྱོགས་དང་པོའི་ཕྱེད་ཕྱི་མ་ལ་ཧ། ཕྱོགས་ཕྱི་མའི་ཕྱེད་ལ་ཨཱ་ལ། ཕྱོགས་ཕྱི་མའི་ཕྱེད་ཕྱི་མ་ལ་ལཱ། དེ་བཞིན་དུ་བདུན་པ་ལ་ཨེ་ཡ་ཨཽ་ཝཱ། བརྒྱད་པ་ལ་ཨར་ར་ཨཱ་ར་རཱ། དགུ་པ་ལ་ཨོ་ཝ་ཨཻ་ཡཱ། བཅུ་པ་ལ་ཨ་ལ་ལ་ཨཱ་ཧཱ་ཞེས་པ་གསལ་བྱེད་སུམ་ཅུ་པོ་རྣམས་ལ་འཇུག་གོ། །མངལ་གྱི་ཟླ་བའི་རྗེས་ལ་ཟླ་བ་བཅུས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་འགྲུབ་བོ། །ཁུ་བ་དང་རྡུལ་ཡང་དག་པར་སྦྱོར་བས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་སྤྲོ་སྟེ་སྐྱེད་པ་དང་སྡུད་པའི་རིམ་པས་སོ། །དེ་བཞིན་དུ་ཟླ་བ་བཅུ་གཅིག་པ་ལ་ཐིག་ལེས་བྱིན་གྱིས་བརླབས་པ་སུམ་ཅུ་དང་། ཟླ་བ་བཅུ་གཉིས་པ་ལ་རྣམ་པར་བཅད་པས་བྱིན་གྱིས་བརླབས་པ་རྣམས་སུ་འགྱུར་རོ། །དེ་ནས་ཟླ་བའི་ཁམས་ཁུ་བའི་ཁམས་ཀྱི་རྩ་དང་རྐང་དང་རུས་པ་རྣམས་སྐྱེད་པ་ཡོངས་སུ་ཆད་དེ་ཤེས་རབ་ཀྱི་ལོ་བཅུ་གཉིས་དང་ཐབས་ཀྱི་ལོ་བཅུ་དྲུག་ལ་ཉི་མ་རྡུལ་འཕེལ་བར་བྱེད་དོ། །དེ་ནས་ཡེ་ཤེས་ཀྱི་ཁམས་སྨིན་ཏེ། ཤེས་རབ་ཀྱི་རྡུལ་སྨིན་ཞིང་ཐབས་ཀྱི་ཁུ་བ་སྨིན་ནོ། །དེ་ནས་སྔ་མ་བཞིན་དུ་ཤེས་རབ་ཀྱི་གཞན་ལོ་བཅུ་གཉིས་དང་ཐབས་ཀྱི་གཞན་ལོ་བཅུ་དྲུག་ཏུ་སའི་ཁམས་སྨིན་ནོ། །མཚམས་འདི་ནས་སྙིང་སྟོབས་ཀྱི་ཆ་དབུ་མར་འགྱུར་རོ། །སླར་ཡང་ཤེས་རབ་ཀྱི་གཞན་ལོ་བཅྭ་བརྒྱད་དུ་ཆུའི་ཁམས་སྨིན་ཏེ། ཐབས་ཀྱི་ཕྱེད་དང་བཅས་པའི་ཉིན་ཞག་ཉི་ཤུ་རྩ་གཉིས་དང་། ཟླ་བ་གཅིག་ལྷག་པའི་ལོ་བཅུ་དྲུག་ཏུ་སྔ་མ་བཞིན་དུ་ཆུའི་ཁམས་སྨིན་ནོ། །ཤེས་རབ་ཀྱི་མེ་སྨིན་པ་ནི་སྔ་མ་བཞིན་ཏེ་ཐབས་ཀྱི་ཡང་སྔ་མ་བཞིན་ནོ། །དེ་བཞིན་དུ་རླུང་གི་ཁམས་སྨིན་པ་དང་ནམ་མཁའི་ཁམས་སྨིན་པ་སྟེ་སྙིང་སྟོབས་དང་རྡུལ་དང་མུན་པའི་དབྱེ་བས་ལོ་དགུ་བཅུ་རྩ་དྲུག་དང་ཕྱེད་དང་བཅས་པའི་ཟླ་བ་བཅུས་ཁམས་ཐམས་ཅད་སྨིན་ནོ། །དེ་ནས་དབུ་མའི་རྩ་ལོ་དང་ཕྱོགས་དང་ཉིན་ཞག་གི་ཚད་གསལ་བྱེད་སུམ་


DKG099_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཅུའི་ཚད་དེ་ཉིན་ཞག་གི་ཚོགས་ལྔ་བཅུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གིས་དུས་རབ་ཏུ་རྒྱུ་སྟེ་ཟ་བར་བྱེད་དོ། །ཀ་སོགས་སྡེ་རྣམས་དབྱངས་དང་བཅས་པ་སྔར་བརྗོད་པ་དག་ཀྱང་ཡོན་ཏན་གྱིས་བསྒྱུར་བ་ཉིན་ཞག་སྟོང་བརྒྱད་ཅུར་གྱུར་པ་དང་གང་ཡང་ཕྱོགས་གསུམ་དག་གི་དབྱངས་ཐུང་ངུ་དང་རིང་པོ་དང་ཤིན་ཏུ་རིང་པོ་བཞི་བཅུ་རྩ་ལྔ་དང་། ངེས་པར་སུམ་ཅུའི་གསལ་བྱེད་དེ་དག་རྣམས་ལ་རྣམ་གསུམ་བགྲོད་པའི་དབང་གིས་ཞེས་པ་གཡོན་དང་གཡས་དང་དབུ་མའི་བགྲོད་པའི་དབང་གིས་འཆི་བ་རྒྱུའོ། །དེ་བཞིན་དུ་བཀྲ་ཤིས་ལ་སོགས་པ་གཟའ་ལྔའི་རྐང་པ་སུམ་ཅུ་རྩ་བཞི་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་སྔར་བརྗོད་པ་རྣམས་དང་ཉི་མ་རི་བོང་ཅན་གྱི་རྐང་པ་རོ་དང་དུས་དང་རི་བོང་ཅན་ཏེ་རྐང་པ་བཅུ་གཅིག་གི་བདག་ཉིད་དང་། སྒྲ་གཅན་མཇུག་རིངས་རྐང་པ་སྟེ་སྒྲ་གཅན་གྱི་རྐང་པ་ནི་ཕྱེད་དང་བཅས་པའི་བདུན་གྱི་བདག་ཉིད་དེ་ཟླ་བ་ཡོངས་སུ་བཅད་པའི་བདག་ཉིད་དོ། །མཇུག་རིངས་འཆར་བའི་རྐང་པ་ནི་ཉིན་ཞག་སོ་སོར་ཆུ་ཚོད་གཉིས་ཀྱི་བདག་ཉིད་དེ་རྐང་པ་ཆུ་ཚོད་ཀྱི་བདག་ཉིད་འདི་དག་ནི་ལོ་གསུམ་དང་ཕྱོགས་གསུམ་དང་གསལ་བྱེད་སུམ་ཅུའི་ཉིན་ཞག་གི་གྲངས་ཏེ་འདི་དག་ཉིད་ལ་འཆི་བ་རྒྱུའོ། །དེ་བཞིན་དུ་སུམ་ཅུ་རྩ་གཉིས་ལོ་དང་ཕྱོགས་ཀྱང་ཡོན་ཏན་གྱིས་བསྒྱུར་བ་ཟླ་བ་ཉི་མ་མེ་ཡིས་ཕྱེ་བའོ་ཞེས་པ་ནི་སྙིང་སྟོབས་དང་རྡུལ་དང་མུན་པས་ཕྱེ་བ་སྟེ་ལོ་དགུ་བཅུ་རྩ་དྲུག་དང་གཞན་ཕྱེད་དང་བཅས་པའི་ཟླ་བ་བཅུའི་ཕྱོགས་རྣམས་སོ། །གཡོན་དང་གཡས་ཀྱི་རྩའི་ཕྱོགས་ལོ་བརྒྱའི་ཕྱོགས་རྣམས་ཀྱི་ནང་ནས་ལོ་གསུམ་གྱི་ནི་ཕྱོགས་རྣམས་དག་སྟེ་བདུན་ཅུ་རྩ་གཉིས་དང་། རི་བོང་ཅན་གྱི་ཡོན་ཏན་དེ་ཕྱོགས་གསུམ་དང་དུས་ཀྱི་མེ་ཡི་ཕྱོགས་གཉིས་དག་སྟེ། དེ་ལྟར་ཕྱོགས་བདུན་ཅུ་རྩ་བདུན་ལོ་བརྒྱ་ལས་ནི་སྟེ་ལོ་བརྒྱའི་ཕྱོགས་ཀྱི་ཕུང་པོ་བརྒྱ་ཕྲག་ཉི་ཤུ་རྩ་བཞིའི་གྲངས་ལས་དམན་པར་གྱུར་པའོ། །ལྷག་མའི་ཕྱོགས་ནི་ཉི་ཟླ་དག་གི་སྟེ་གཡས་དང་གཡོན་གྱིའོ། །འཇིག་རྟེན་མིག་དང་མེ་མིག་གྲངས་ཞེས་པ་ཉི་ཤུ་རྩ་གསུམ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་མོ། །དེ་བཞིན་དུ་ཉིན་མཚན་དུས་


DKG099_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཙོ་བོ་དག་གིས་དམན་པ་མཐའ་དག་སྟེ་ལོ་བརྒྱའི་སྟོང་ཕྲག་སུམ་ཅུ་རྩ་དྲུག་གོ། །གཙོ་བོས་དམན་པ་ནི་ལོ་གསུམ་དང་ཕྱོགས་གསུམ་དང་གསལ་བྱེད་ཀྱི་ཟླ་བས་དམན་པ་སྟེ་གཡོན་དང་གཡས་ལ་འཆི་བས་ཟོས་པའོ། །གསལ་བྱེད་ལ་སོགས་སྡེ་པ་དབྱངས་རྣམས་དག་ནི་ཉི་མ་ཟླ་བའི་བགྲོད་པའི་དབང་གིས་འཆི་བས་ཟོས་ཏེ། འཆི་ལྟས་ནས་བརྩམས་ནས་དབུ་མའི་དུས་སུ་ཟོས་སོ། །དེ་བཞིན་དུ་ཕྱེད་བཅས་འཁོར་ལོའི་ཆུ་ཚོད་ཕྱེད་བཅས་འཁོར་ལོ་ནི་ཁྱིམ་བཅྭ་བརྒྱད་ཀྱི་གྲངས་ཏེ་སུམ་ཅུ་རྩ་ལྔ་ལྷག་པའི་བརྒྱས་བསྒྱུར་བ་སུམ་ཅུ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་བཞི་ནི་ཆུ་ཚོད་ཀྱི་གྲངས་སོ། །རི་བོང་ཅན་གྱི་རྐང་པ་ནི་རིམ་པ་དང་རིམ་པ་མ་ཡིན་པའི་དབྱེ་བས་འབྱུང་དང་འབྱུང་བ་མདའ་དང་རིག་བྱེད་ལ་སོགས་པ་བརྒྱའི་གྲངས་ཏེ། དེ་དག་དང་བྲལ་བ་ནི་རི་བོང་ཅན་གྱི་རྐང་པ་དང་བྲལ་བའོ། །གཟའི་ཆུ་ཚོད་ནི་བདུན་ཏེ་དེས་དམན་པ་མཐའ་དག་ནི་ཉི་ཤུ་རྩ་གསུམ་ལྷག་པའི་བརྒྱ་ཕྲག་ཉི་ཤུ་རྩ་གསུམ་གྱི་གྲངས་སོ། །ཤེས་རབ་ཐབས་ཀྱི་རབ་ཏུ་དབྱེ་བ་དག་གིས་ཏེ་སྡུད་པ་དང་སྐྱེད་པའི་དབྱེ་བས་ཉིན་མཚན་དུས་ཀྱིས་དེ་དག་རྣམས་ཀྱང་འཆི་བས་ཟོས་སོ། །དེ་ལྟར་སྡེ་པ་དབྱངས་བཅས་དབྱངས་ཀྱི་ཚོགས་དང་བཅས་པ་གསལ་བྱེད་རྣམས་ཉིད་དག་དང་རྐང་པ་ནི། དམན་དང་བར་མ་དུས་འཆི་ཟླ་བ་ཉི་མའི་འཆི་བ་དང་ནི་གསལ་བྱེད་ལྷག་པའི་ལྷ་ལའོ་ཞེས་པ་ནི་དམན་པ་ཟླ་བའི་འཆི་ལྟས་ཀྱི་འཆི་བ་དང་། བར་མ་ཉི་མའི་འཆི་ལྟས་ཀྱི་འཆི་བ་དང་། གསལ་བྱེད་ལྷག་པའི་ལྷ་དབུ་མའི་དུས་སུ་འཆི་བའི་འཆི་བ་ལ་སྟེ་སྔར་བརྗོད་པའི་ངེས་པའོ། །དེ་ནས་སུམ་ཅུ་གཉིས་དང་ཉིན་ཞག་གཅིག་ཀྱང་ཞེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་མོ། །རི་བོང་ཅན་བཅས་ཉི་མའི་བགྲོད་ལ་སྟེ་གཡོན་པའི་བགྲོད་པ་དང་བཅས་པའི་གཡས་པའི་བགྲོད་པ་ལས་རྩ་ནི་གཅོད་པ་འདི་ཐུན་མོང་བའོ། །དུས་ཀྱི་འཆི་བས་ནི་སླར་ཡང་སྟེ་སུམ་ཅུ་མཚན་མོ་གསུམ་གྱིས་ཞེས་པ་ཉིན་ཞག་སུམ་ཅུ་རྩ་གསུམ་གྱིས་རྡོ་རྗེ་དང་བཅས་ཏེ་ལུས་དང་ངག་དང་སེམས་དང་བཅས་པའི་ཕུང་པོ་ཁམས་དང་དབང་


DKG099_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་སོགས་འདོར་རོ། །དེ་ནས་དོར་ནས་ཟླ་བ་ཉི་མའི་རྩ་ལ་ལ་ནཱ་དང་ར་ས་ནཱ་དག་དང་དུང་ཅན་མ་ཨ་བ་དྷཱུ་ཎཱིར་སྲོག་གི་རླུང་དག་ཉིན་གཅིག་རབ་འཇུག་སྟེ་ས་དང་ཆུ་དང་བསྲེག་ཟ་རླུང་དང་ནམ་མཁའི་ཁམས་ནི་རྣམ་པར་ཆད་པ་ཇི་སྲིད་ཉིད་དུའོ། །འདིར་འཆི་བའི་ཉིན་ཞག་ལ་དབུ་མར་སྲོག་རབ་ཏུ་ཞུགས་ཏེ་དུས་ཀྱི་རླུང་གིས་དམན་པར་གྱུར་པ་ན་ལྟེ་བར་སའི་ཁམས་ཡོན་ཏན་ལྔའི་རང་བཞིན་འདོར་ཏེ་དེ་ནས་སའི་ཁམས་རྣམ་པར་ཆད་པར་འགྱུར་རོ། །སྙིང་ཁར་ཆུའི་ཁམས་ཡོན་ཏན་བཞིའི་རང་བཞིན་འདོར་ཏེ་ཆུའི་ཁམས་རྣམ་པར་ཆད་པར་འགྱུར་རོ། །མགྲིན་པར་མེའི་ཁམས་ཡོན་ཏན་གསུམ་གྱི་རང་བཞིན་འདོར་ཏེ་དེ་ནས་མེའི་ཁམས་རྣམ་པར་ཆད་པར་འགྱུར་རོ། །དཔྲལ་བར་རླུང་གི་ཁམས་ཡོན་ཏན་གཉིས་ཀྱི་རང་བཞིན་འདོར་ཏེ་དེ་ནས་རླུང་གི་ཁམས་རྣམ་པར་ཆད་པར་འགྱུར་རོ། །གཙུག་ཏོར་དུ་ནམ་མཁའི་ཁམས་ཡོན་ཏན་གཅིག་གི་རང་བཞིན་འདོར་ཏེ་དེ་ནས་སྟོང་པའི་ཁམས་རྣམ་པར་འཆད་དོ་ཞེས་པ་ནི་སྟེང་དུ་སྲོག་གི་ཁམས་ཡོངས་སུ་འདོར་བའོ། །འོག་ཏུ་ལྟེ་བར་ལུས་ཀྱི་ཐིག་ལེའི་ཆོས་ཐུར་སེལ་འདོར་རོ། །དེ་ནས་སད་པའི་གནས་སྐབས་ཟད་པར་འགྱུར་རོ། །གསང་བར་ངག་གི་ཐིག་ལེའི་ཆོས་འདོར་ཏེ། དེ་ནས་རྨི་ལམ་གྱི་གནས་སྐབས་ཆད་པར་འགྱུར་རོ། །ནོར་བུར་སེམས་ཀྱི་ཐིག་ལེའི་ཆོས་འདོར་ཏེ་དེ་ནས་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཆད་པར་འགྱུར་རོ། །དེ་བཞིན་དུ་སྟེང་དུ་ཡང་རྡུལ་གྱི་ཁམས་ཀྱི་ཐིག་ལེ་རྣམས་སྲོག་གིས་འདོར་ཏེ། དེ་ནས་ལུས་དང་ངག་དང་སེམས་ནི་རྣམ་པར་ཆད་པར་འགྱུར་རོ། །འཕོ་བའི་དུས་སུ་དྲུག་པ་ཡེ་ཤེས་ཀྱི་ཁམས་འདོར་རོ། །ཡན་ལག་ཐམས་ཅད་ལ་ཁུ་བ་འོག་ཏུ་འདོར་ཞིང་རྔུལ་སྟེང་དུ་འདོར་ཏེ་བཞི་པའི་གནས་སྐབས་རྣམ་པར་ཆད་པར་འགྱུར་རོ། །དེ་ལྟར་མངལ་ནས་སྐྱེས་པ་རྣམས་འཆི་བའི་དུས་ངེས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་འཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ་སྟེ་ལྔ་པའོ།། །།


previousའཇིག་རྟེན་ཀུན་རྫོབ་ཀྱི་སྐྱེ་བ་དང་འགག་པའི་རྒྱུར་གྱུར་པ་སྐད་ཅིག་གི་མཚན་ཉིད་དུས་ཀྱི་འཁོར་ལོ་ངེས་པའི་མདོར་བསྡུས་ཆེན་པོ།next