Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་དགུ་བཅུ་གོ་དགུ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ།
   
   
   
   
   
   
   
   


 
previousསྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ།next

སྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ།


DKG099_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ནི་སྲོག་གི་ཀུན་སྤྱོད་དག་ལས་གསུང་གི་རྡོ་རྗེ་དཀྱིལ་འཁོར་བཅུའི་བདག་ཉིད་དེ། །སྟོང་པ་ལ་སོགས་དབྱེ་བ་དབྱངས་ཀྱི་རང་བཞིན་ཅན་ལས་རྟག་ཏུ་གནས་ལྔ་ལ་གནས་ཤིང་། །སྲིད་པའི་འཇིགས་ལས་སེམས་ཅན་རྣམས་ཀྱི་ལྷག་པར་མོས་པས་དམ་པའི་ལམ་ནི་སྟོན་བྱེད་པ། །འདི་ཡི་སྐྱེད་པ་འཇམ་པའི་དཔལ་གྱིས་གསུངས་པ་རྒྱས་འགྲེལ་གྱིས་ནི་རྣམ་པར་རྒྱས་པར་བྱ། །ཧོཿཡིག་ཅེས་པ་ལ་སོགས་པ་ནི་འདིར་མིའི་འཇིག་རྟེན་དུ་མངལ་ནས་སྐྱེས་པ་རྣམས་ཀྱི་སྲོག་གི་རླུང་བསྐྱེད་པའི་སླད་དུ་རང་གི་དཀྱིལ་འཁོར་འབབ་པ་ས་ལ་སོགས་པའི་ཁམས་རྣམས་ཀྱིས་རྨི་ལམ་གྱི་གནས་སྐབས་སུ་ཞུགས་པའི་རྣམ་པར་ཤེས་པ་ལ་སད་པའི་གནས་སྐབས་ཀྱི་དོན་དུ་སྐུལ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་སེམས་ཅན་དོན་གྱི་སླད་དུ་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་རིག་པར་བྱའོ། །འདིར་ལྷ་ལ་ལྟེ་བ་དང་གཙུག་ཏོར་གྱི་ཨ་བ་དྷཱུ་ཏཱིའི་ལམ་དུ་ཧོཿཡིག་ཐོག་མ་ཐ་མར་བཀོད་དེ་དེ་ནས་དཔྲལ་བར་སྐུ་རྡོ་རྗེ་ཨོྃ་དང་མགྲིན་པར་གསུང་རྡོ་རྗེ་ཨཱཿདང་སྙིང་གར་ཐུགས་རྡོ་རྗེ་ཧུྃ་སྟེ་དེ་ལྟར་སྐུ་གསུང་ཐུགས་ལས་ཡང་དག་པར་བྱུང་བ་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་མཚན་ཉིད་དོ། །དུས་ཀྱི་མེས་འོག་དང་སྟེང་ནས་ཤེས་རབ་ཀྱི་འོད་ཟེར་གྱིས་ཞུ་བ་སྟེ་ཤེས་རབ་ཆགས་པས་ཞུ་བ་ཞེས་པ་ལ་ཤེས་རབ་ནི་གཏུམ་མོ་སྟེ་དེས་ཞུ་བའོ། །འདིར་བསྐུལ་བ་རྣམ་པ་གཉིས་ཏེ་གཅིག་ནི་སྲོག་རྫོགས་པའི་སླད་དུ་ཡིན་ལ་གཉིས་པ་ནི་ལོ་བཅུ་དྲུག་གི་མཐར་བདེ་བ་རྫོགས་པའི་སླད་དུའོ། །དེས་ན་རྡོ་རྗེ་ཅན་ཡང་རི་བོང་འཛིན་པ་ཞུ་བ་བཞིན་བལྟས་ནས་ཡང་ཡིག་གིས་ཤེས་རབ་ཀྱང་སྟེ་ཤེས་རབ་དང་བཅས་པའི་ཐུགས་དང་ཡེ་ཤེས་རྡོ་རྗེ་ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་ལ་རྟེན་པའོ། །ལྷ་མོ་རྣམས་ཀྱིས་གླུ་དག་མཛད་དེ་བཅོམ་ལྡན་ཁྱོད་ནི་སེམས་ཅན་ཀུན་ལ་ཕན་པར་མཛད་པ་པོ། །བདག་ཅག་སྲུངས་ཤིག་ལྷ་མིའི་བླ་མ་རྡོ་རྗེ་ལྡན་པ་འདོད་པ་དོན་གཉེར་རྣམས་ལ་འདོད་པ་མཛོད། །འདིར་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་


DKG099_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན་ཅན་སྒྲོལ་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྤྱན་མ་སྟེ་ལྷ་མོ་རྣམས་ཀྱིས་བྱིས་པ་རྣམས་ལ་དཀྱིལ་འཁོར་འབབ་པའི་དོན་དང་བཅོམ་ལྡན་འདས་ལ་འགྲོ་བའི་དོན་གྱི་སླད་དུ་སྐུལ་བར་བྱེད་དོ། །ལྷ་མོའི་རྡོ་རྗེའི་གླུས་བསྐུལ་བའི་ངེས་པའོ། །དེ་བཞིན་དུ་རྩ་བའི་རྒྱུད་ལས། སྤྱན་མ་བདག་ནི་འགྲོ་བའི་ཡུམ། །རྣལ་འབྱོར་པ་ཡི་རྒྱུ་མཐུན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །མཱ་མ་ཀཱི་བདག་སྲིང་མོ་སྟེ། །རྣལ་འབྱོར་པ་ཡི་རྣམ་སྨིན་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །གོས་དཀར་མོ་བདག་བུ་མོ་སྟེ། །རྣལ་འབྱོར་པ་ཡི་སྐྱེས་བུར་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྒྲོལ་མ་བདག་ནི་ཚ་མོ་སྟེ། །རྣལ་འབྱོར་བ་ཡི་དྲི་བྲལ་གནས། །བདག་གི་དཀྱིལ་འཁོར་རང་བཞིན་གྱིས། །དུས་འཁོར་བཞེངས་ལ་བདག་འདོད་མཛོད། །སྟོང་པའི་དཀྱིལ་འཁོར་ཉམས་མྱོང་ནས། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །འགྲོ་བ་གདོན་པའི་བསམ་པ་ཡིས། །འགྲོ་བའི་མགོན་པོ་སྤྲོ་བར་མཛོད། །ཅེས་པ་སྟེ་དེ་ལྟར་བདེ་མཉམ་འབྲས་བུ་སྟེར་བ་ལྟེ་བ་དང་གསང་བ་ལ་སོགས་པའི་པདྨ་ལ་བྱིས་པ་རྣམས་ཀྱི་རྣམ་པར་ཤེས་པ་བརྒྱ་ལ་བར་གྱུར་པ་སད་བར་བྱེད་པ་བཞིན་དུ་ལྷའི་སྐུ་གནས་སོ་ཞེས་པ་ནི་ངེས་པའི་དོན་ཏོ། །ད་ནི་རྡོ་རྗེ་ཅན་དེས་གླུ་ཞེས་པ་ལ་སོགས་པས་ལྷ་བཞེངས་པ་གསུངས་ཏེ་འདིར་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པའི་བཅོམ་ལྡན་འདས་གླུ་རྣམས་ཀྱིས་རབ་ཏུ་སད་པར་གྱུར་པ་ན་འགྲོ་བ་མཐའ་དག་སྒྱུ་མ་ལྟ་བུར་གཟིགས་ནས་སེམས་ཅན་གྱི་དོན་གྱི་སླད་དུ་སླར་ཡང་སྐྱེད་པ་མཛད་དེ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་རང་གི་མཚན་མ་ཧུྃ་ཡིག་ཡོངས་སུ་གྱུར་པའི་རྡོ་རྗེ་རྩེ་ལྔ་པ་སྤྲོས་བྱས་ནས་དེས་རྡོ་རྗེའི་རྒྱན་དང་ལྡན་ཞིང་རྒྱལ་བའི་བདག་པོའི་ཅོད་པན་ཞེས་པ་མི་བསྐྱོད་པའི་ཅོད་པན་ཅན་ནོ། །ཤེས་རབ་ཀྱིས་ནི་འཁྱུད་པར་གྱུར་བ་ཞེས་པ་ནི་སྟོང་པའི་དཀྱིལ་འཁོར་འབབ་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྣ་ཚོགས་ཡུམ་གྱིས་ཏེ་དེའི་སྙིང་གར་བྱིས་པ་རྣམས་ཀྱི་བཞིན་ནོ། །རྒྱལ་


DKG099_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞེས་པ་བོད་པ་སྟེ་ཤེས་རབ་ཐབས་ཀྱིས་ནི་ཤེས་རབ་དང་ཐབས་སྙོམས་པར་ཞུགས་པས་དཀྱིལ་འཁོར་ལྔའི་རང་བཞིན་གྱིས་སངས་རྒྱས་ནམ་མཁར་གནས་པ་རྣམས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་རང་བཞིན་གྱིས་དམ་ཚིག་གི་དཀྱིལ་འཁོར་གྱི་དོན་དུ་རང་གི་ལུས་ལ་བཅུག་སྟེ་ཤེས་རབ་ཀྱི་པདྨར་སྔགས་ཀྱི་རང་བཞིན་ཡི་གེ་སོ་སོ་རྣམས་སོ། །དེ་ནས་པདྨ་ལས་སྔོན་བཞིན་དུ་ཞལ་དང་ཕྱག་དང་མཚན་མ་དང་དབྱིབས་ཀྱི་མཚན་ཉིད་ཅན་རྣམས་ཡེ་ཤེས་དང་ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་རྣམས་ལ་སྤྲོ་བར་བྱའོ། །དེ་ལྟར་དཀྱིལ་འཁོར་རབ་ཏུ་སྤྲོ་བ་དག་ཀྱང་ངོ་། །ཀྱང་ཡིག་གིས་སྔོན་བཞིན་ཞེས་པའོ། །བྱིས་པ་མངལ་ནས་འབྱུང་བའི་དུས་སུ་སྲོག་ལ་སོགས་པའི་རླུང་བཅུ་སྐྱེའོ། །སློབ་མ་རྣམས་དཀྱིལ་འཁོར་དུ་འཇུག་པའི་དུས་སུ་མེ་ཏོག་འཐོར་རོ། །གཅེར་བུ་མངལ་གྱི་ཕྲུ་མའི་གོས་འཛིན་པ་བྱིས་པ་ཞེས་པའི་རྣམ་པར་དག་པས་ལྷའི་དམ་ཚིག་གི་དཀྱིལ་འཁོར་རྫོགས་པའོ། །དེ་ནས་དབང་པོ་རབ་ཏུ་སད་པ་ནི་ཡེ་ཤེས་སེམས་དཔའ་གཞུག་པ་སྟེ་བྱིས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ལྷ་ལ་རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་རྣལ་འབྱོར་པ་རྣམ་ཀྱིས་བསྒོམ་པར་བྱའོ། །དེ་ལྟར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་སྐུ་རྫོགས་པ་ནི་བསྙེན་པའི་ཡན་ལག་སྟེ། རྣམ་པ་ཉི་ཤུས་རྫོགས་པར་བྱང་ཆུབ་པས་གསུང་རྫོགས་པ་ནི་ཉེ་བའི་སྒྲུབ་པའོ། །དེ་ལྟར་སྐྱེད་པའི་རིམ་པ་རྣམ་པ་གཉིས་ཏེ་གཅིག་ནི་མངལ་ནས་སྐྱེས་པ་དང་གཉིས་པ་སྒོ་ང་ལས་སྐྱེས་པའོ། །གང་སྒོང་ལས་སྐྱེས་པ་དེ་ནི་འཇིག་རྟེན་གྱི་ཁམས་སྐྱེད་པ་སྟེ་ཚངས་པའི་སྒོ་ང་ཞེས་པའི་ཚིག་གི་ཕྱིར་རོ། །གང་མངལ་ནས་སྐྱེས་པ་དེ་ནི་མི་རྣམས་སྐྱེད་པའོ། །གང་སྐད་ཅིག་གིས་གང་ཡིན་པ་དེ་ནི་སེམས་ཅན་རྣམས་རྫུས་སྐྱེས་ལས་སྐྱེད་པའོ། །དེ་ནི་སྐྱེད་པའི་རིམ་པ་གཅིག་སྟེ་སྐད་ཅིག་གི་རྣམ་པ་སེམས་ཅན་གྱི་བསམ་པས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྫོགས་པའི་རིམ་པ་ནི་རྟོག་པ་དང་བྲལ་བ་སྟེ། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་


DKG099_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། ཞེས་པ་ལ་སོགས་པ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པས་རྟོགས་པར་བྱའོ། །ད་ནི་འོད་ཟེར་སྔོན་པོ་ཞེས་པ་ལ་སོགས་པས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་གསུངས་ཏེ། འདིར་བྱིས་པ་སྐྱེས་པའི་དབུ་མའི་སྲོག་འབྱུང་བ་ནི་འོད་ཟེར་སྔོན་པོ་སྟེ་དེའི་འབྱུང་བས་དབང་པོ་རྣམས་རབ་ཏུ་སད་ཅིང་ཕྱི་རོལ་གྱི་ཡུལ་རྣམས་ལ་རྣམ་པར་ཤེས་པ་དྲུག་པོ་རྣམས་འཇུག་པ་ནི་ནང་དུའོ། །དེའི་ཕྱིར་ཕྱི་རོལ་གྱི་ལྷ་རྫོགས་པ་ལ་དབུ་མའི་སྲོག་རྣམ་པར་དག་པས་རྡོ་རྗེ་ཤུགས་འོད་ཟེར་སྔོན་པོ་འཇིགས་པའི་སྐུ་རབ་ཏུ་བཞད་པའི་ཞལ་མཆེ་བ་ཕྱེད་གཙིགས་པ་སྒྲ་དྲག་པོ་སྒྲོགས་པ་སྤྱན་བཅུ་གཉིས་པ། །གཉིས་ལྷག་རྒྱལ་བའི་ཕྱག་སྟེ་ཕྱག་ཉི་ཤུ་རྩ་དྲུག་པ་ཞལ་བཞི་པ་ཞབས་གཉིས་པ་ཤེས་རབ་དང་ཐབས་ལས་རབ་ཏུ་བྱུང་བ་གཙོ་བོ་བཞིན་དུ་མཚོན་ཆ་རྣམས་དང་བཅས་པ་གླང་པོ་ཆེའི་པགས་པའི་གོས་འཛིན་པ་ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ་མི་བསྐྱོད་པས་དབུ་བརྒྱན་པ་ཐོད་པ་དང་མགོ་བོའི་ཕྲེང་བ་འཛིན་པ་སྦྲུལ་གྱིས་བརྒྱན་པ་ཧུྃ་ཡིག་རྡོ་རྗེའི་སྤྲུལ་པ་རྐང་པ་བརྒྱད་པའི་ཤིང་རྟ་དག་ལ་གནས་ཞེས་པ་སྒྲ་དང་རེག་བྱ་དང་རོ་དང་གཟུགས་དང་དྲི་དང་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་ལ་གནས་པ་རྒྱལ་བའི་དགྲ་ནི་འཇོམས་པར་བྱེད་པ་སྟེ། བདུད་དང་ཉོན་མོངས་པ་འཇོམས་པར་བྱེད་པའི་རྡོ་རྗེ་ཤུགས་དེ་ནི་ཡེ་ཤེས་འཁོར་ལོའི་སླད་དུ་ཞེས་པ་ཡུལ་ལྔའི་ཤེས་པ་འཇུག་པའི་སླད་དུ་བསྐུལ་བར་བྱ་སྟེ་ཀུན་གཞིའི་རྣམ་པར་ཤེས་པ་ལས་འཇུག་པའི་རྣམ་པར་ཤེས་པའོ། །དེ་ནས་ལྟེ་བའི་པདྨ་ལས་ཕྱི་རོལ་དུ་འབྱུང་བའི་སྲོག་གིས་ཕྱི་རོལ་གྱི་དངོས་པོ་རྣམས་བཀུག་ནས་སླར་ཡང་ལྡོག་གོ། །དེའི་ཕྱིར་རྣམ་པར་དག་པས་དྲི་མེད་འོད་ཟེར་འཕྲོ་བ་ཡེ་ཤེས་འཁོར་ལོའི་དབང་ཕྱུག་ངེས་པར་ལྟེ་བར་རྡོ་རྗེ་ལྕགས་ཀྱུས་བསྣུན་བྱས་ཤིང་། ཕྱག་ཉི་ཤུ་རྩ་བཞི་པོ་རྣམས་རང་གི་རྡོ་རྗེ་སྦྲུལ་གྱི་ཞགས་པ་ངག་གིས་བཅིངས་ནས་རང་གི་མཚོན་ཆ་རྣམས་ཀྱིས་འཇིགས་པར་བྱས་ཏེ། དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་བསྒྲུབ་བྱར་བྱས་ཤིང་དངོས་པོའི་མཚན་ཉིད་སྣ་ཚོགས་པའི་འཁོར་ལོ་མཐའ་དག་བསྐྱོད་པར་བྱས་


DKG099_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སླར་ཡང་རང་གི་གནས་སུ་འགྲོའོ། །དེ་ནས་གཞུག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་དང་མིག་གི་དབང་པོ་ལས་སྐྱེས་པ་མིག་གི་རྣམ་པར་ཤེས་པ་རྨུགས་བྱེད་ཀྱིས་བྱེད་དོ། །བཅིང་བ་ནི་ལུས་ཀྱི་དབང་པོ་ལས་སྐྱེས་པ་ལུས་ཀྱི་རྣམ་པར་ཤེས་པ་རེངས་བྱེད་ཀྱིས་བྱེད་དོ། །མཉེས་པ་ནི་ལྕེའི་དབང་པོ་ལས་སྐྱེས་པ་ལྕེའི་རྣམ་པར་ཤེས་པ་ཁེངས་བྱེད་ཀྱིས་བྱེད་དོ། །རོ་མཉམ་པར་བྱེད་པ་ནི་སྣའི་དབང་པོ་ལས་སྐྱེས་པ་སྣའི་རྣམ་པར་ཤེས་པ་ཤིན་ཏུ་སྟོབས་ཀྱིས་བྱེད་དོ། །དེ་ལྟར་ན་རྣམ་པ་ལྔ་ནི་ཛཿཡིག་གིས་དགུག་པ་དང་ཧཱུྃ་ཡིག་གིས་གཞུག་པ་དང་བྃ་ཡིག་གིས་བཅིང་བ་དང་ཧོཿཡིག་གིས་མཉེས་པ་དང་ཧཱི་ཡིག་གིས་རོ་མཉམ་པར་བྱས་ཏེ། རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་དྲིལ་བུ་དང་རྡོ་རྗེ་དབྱུག་པས་སོ། །དེ་ལྟར་ཡེ་ཤེས་ཀྱི་འཁོར་ལོ་ཡང་དག་པར་མཆོད་དེ་སྔར་བཞིན་དམ་ཚིག་གི་འཁོར་ལོ་ལ་རོ་མཉམ་པ་ཉིད་དུ་གྱུར་པ་བསྒོམ་པར་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྐྱེད་པའི་ཞེས་པ་སོགས་པས་སྐྱེད་པའི་རིམ་པས་གནས་སོ་སོར་ཡེ་ཤེས་ཀྱི་ལྷ་རྣམས་དམ་ཚིག་གི་ལྷ་རྣམས་དང་ལྷན་ཅིག་ཏུ་གཅིག་པ་ཉིད་གསུངས་ཏེ། འདིར་སྐྱེད་པའི་རྣལ་འབྱོར་གྱི་སྐྱེད་པའི་རིམ་པ་དག་ལ་རྣམ་པར་ཤེས་པ་ན་ནམ་མཁའ་དང་བཅས་ཞེས་པ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཏུ་སྙིང་པོའི་པདྨར་ཞེས་པ་བདེ་བ་ཆེན་པོ་ལ་མེའི་སྟེང་དུ་སྟེ་ཟླ་བ་དང་ཉི་མ་དང་སྒྲ་གཅན་ནམ་དུས་མའི་དཀྱིལ་འཁོར་གྱི་སྟེང་དུ་དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་རོ་མཉམ་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ཤར་གྱི་འདབ་མ་ལ་ནག་མོ་འབར་མ་རོ་མཉམ་པའོ། །མཆོག་གི་པད་འདབ་ལ་ནི་ལྷོར་དམར་མོ་འབར་མ་དང་བྱང་དུ་དཀར་མོ་འབར་མ་དང་ནུབ་ཏུ་སེར་མོ་འབར་མར་འགྱུར་ཏེ་རིགས་ཀྱི་དབང་གིས་ཞེས་པ་ཡེ་ཤེས་ཀྱི་ཞལ་གྱི་དབང་གིས་སོ། །དེ་བཞིན་དུ་མེར་དུ་བ་མ་དང་བདེན་བྲལ་དུ་སྨིག་རྒྱུ་མ་དང་དབང་ལྡན་དུ་མཁའ་སྣང་མ་དང་རླུང་དུ་མར་མེ་མ་རོ་མཉམ་པའོ། །དེ་བཞིན་དུ་མེའི་ཟུར་དུ་ཡིད་བཞིན་གྱི་ནོར་བུ་དང་བདེན་བྲལ་དུ་ཆོས་ཀྱི་གཎྜཱི་དང་དབང་ལྡན་དུ་ཆོས་ཀྱི་དུང་དང་རླུང་དུ་དཔག་བསམ་གྱི་ཤིང་སྟེ་རྡོ་རྗེ་ཕྲེང་བ་དང་པདྨའི་འདབ་མ་དག་གི་བར་དུ་ཟུར་གྱི་ཆ་ལའོ། །དེ་


DKG099_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་ཤར་གྱི་པདྨའི་གདན་གྱི་ལྟེ་བར་ཉི་མ་ལ་འདུ་བྱེད་དང་ས་གཉིས་པོ་དམ་ཚིག་སེམས་དཔའ་དག་དང་ལྷན་ཅིག་རོ་མཉམ་པའོ། །ལྷོར་ཚོར་བ་དང་ཆུའི་ཁམས་དང་བྱང་དུ་འདུ་ཤེས་དང་མེའི་ཁམས་དང་ནུབ་ཏུ་རླུང་དང་བཅས་པའི་གཟུགས་རོ་མཉམ་པར་འགྱུར་རོ། །འདིར་ཐབས་རྣམས་གཙོ་བོའོ། །དེ་བཞིན་དུ་མེའི་ཕྱོགས་སུ་རླུང་དང་གཟུགས་དག་རོ་མཉམ་པར་འགྱུར་རོ། །བདེན་བྲལ་དུ་མེའི་ཁམས་དང་འདུ་ཤེས་དང་དབང་ལྡན་དུ་ཆུའི་ཁམས་དང་ཚོར་བ་དང་རླུང་དུ་སའི་ཁམས་དང་འདུ་བྱེད་དང་རོ་མཉམ་པ་སྟེ་ཟུར་དུ་ལྷ་མོ་རྣམས་གཙོ་མོའོ། །དེ་བཞིན་དུ་ལྷ་མོ་སངས་རྒྱས་པར་རྣམས་སུ་ནི་ལེ་ཚེ་བརྒྱད་ཀྱི་གནས་སུ་བདུད་རྩིའི་རོའི་བུམ་པ་རྣམས་རོ་མཉམ་པར་འགྱུར་རོ་ཞེས་པ་ངེས་པ་སྟེ་དེ་བཞིན་གཤེགས་པའི་འཕར་མ་ལའོ། །དེ་ནས་བྱང་ཆུབ་སེམས་དཔའི་འཕར་མའི་ཤར་གྱི་པདྨ་ལ་སྣ་དང་དྲི་རོ་མཉམ་པའོ། །ལྷོར་མིག་དང་ཡུལ་གཟུགས་དང་བྱང་དུ་ལྕེ་དང་རོ་དང་ཆུར་ལུས་ཀྱི་དབང་པོ་དང་རེག་བྱ་དང་ནམ་མཁར་རྣ་བ་དང་སྒྲ་དག་སྟེ་ལྷོ་ཡི་སྒོའི་གཡོན་དུའོ། །ས་འོག་ཏུ་ནི་ངེས་པར་ཡིད་དང་ཆོས་ཀྱི་ཁམས་སུ་འགྱུར་ཏེ་ཤར་གྱི་སྒོའི་གཡོན་དུའོ། །དེ་ལྟར་དང་པོར་ཐབས་ནི་དྲུག་པོ་དག་ཀྱང་དེ་བཞིན་གཤེགས་པའི་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ལྷག་པའི་ལྷ་རུ་འགྱུར་རོ། །ཕྱི་ནས་ཤེས་རབ་ལ་སོགས་དྲུག་ཅེས་པ་ནི་ཆོས་ཀྱི་ཁམས་ལ་སོགས་པ་སྟེ་འདིར་མེར་རེག་བྱ་རྡོ་རྗེ་མ་དང་ལུས་ཀྱི་དབང་པོའོ། །བདེན་བྲལ་དུ་རོ་རྡོ་རྗེ་མ་དང་ལྕེའོ། །དབང་ལྡན་དུ་གཟུགས་རྡོ་རྗེ་མ་དང་མིག་གོ། །རླུང་དུ་དྲི་རྡོ་རྗེ་མ་དང་སྣའོ། །ས་འོག་ཏུ་སྒྲ་རྡོ་རྗེ་མ་དང་རྣ་བ་སྟེ་བྱང་གི་སྒོའི་གཡོན་དུའོ། །ནམ་མཁའ་ལ་ཆོས་ཀྱི་ཁམས་དང་ཡིད་དེ་ནུབ་ཀྱི་སྒོའི་གཡོན་དུ་རང་རང་གི་པདྨའི་གདན་ལ་ཟླ་བའི་སྟེང་དུ་ཡེ་ཤེས་སེམས་དཔའ་དང་རོ་མཉམ་དུ་བྱེད་པའོ། །དེ་ལྟར་སྐྱེ་མཆེད་བཅུ་གཉིས་པོ་རྣམས་ནི་བྱང་ཆུབ་སེམས་དཔའི་འཕར་མ་ལའོ། །ད་ནི་ཁྲོ་བོའི་རྒྱལ་པོ་རྣམས་ཀྱི་རོ་མཉམ་པ་ཉིད་གསུངས་ཏེ། ཤར་གྱི་སྒོར་ནི་རབ་གཏུམ་རལ་གྲི་འཛིན་པ་ཤིན་ཏུ་སྟོབས་ཏེ། དེའི་ཕྱག་རྒྱ་རེངས་བྱེད་མའོ། །ལྷོའི་སྒོར་རྨུགས་བྱེད་དང་ཕྱག་རྒྱ་ང་རྒྱལ་མའོ། །བྱང་གི་སྒོར་ཁེངས་བྱེད་དང་ཕྱག་རྒྱ་རྨུགས་བྱེད་མའོ། །


DKG099_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་ཀྱི་སྒོར་རེངས་བྱེད་དང་དེའི་ཕྱག་རྒྱ་མཐའ་ཡས་བརྩོན་འགྲུས་མར་འགྱུར་ཏེ་སྒོའི་དབུས་ན་གནས་པའི་པདྨ་ལ་རོ་མཉམ་པའོ། །ཐུགས་ཀྱི་དཀྱིལ་འཁོར་ལ་རོ་མཉམ་པར་བྱེད་པ་སྟེ་སྐྱེ་བ་ཅན་གྱི་ལྟེ་བའི་འཁོར་ལོ་དང་སྙིང་གའི་པདྨ་ལའོ་ཞེས་པ་ནི་ངེས་པའོ། །དེ་བཞིན་དུ་ཁྲོ་བོའི་ཞར་ལས་བྱུང་བ་ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་གྱི་སྒོ་སྐྱོང་སྟེ་ཤར་དུ་དབྱུག་པ་སྔོན་པོ་དང་འོད་ཟེར་ཅན་རོ་མཉམ་པའོ། །ལྷོར་འདོད་པ་དང་ཙུན་དཱ་ཤིང་རྟ་ལ་གནས་པའོ། །བྱང་དུ་མི་གཡོ་བ་དང་ཁྲོ་གཉེར་ཅན་མའོ། །ནུབ་ཏུ་བརྩོན་འགྲུས་མཐའ་ཡས་ཏེ། སྟོབས་པོ་ཆེ་དང་ལྕགས་སྒྲོག་མ་རོ་མཉམ་པའོ། །ས་འོག་ཏུ་གནོད་མཛེས་རྒྱལ་པོ་དང་དྲག་སྤྱན་མའོ། །སྟེང་དུ་གཙུག་ཏོར་དང་ཤིན་ཏུ་སྔོན་མོའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ཤར་གྱི་སྒོའི་སྟེང་དུ་གཙུག་ཏོར་དང་ནུབ་ཏུ་གནོད་མཛེས་ཏེ། གཉིས་པོ་དག་གི་ཤིང་རྟ་ཡང་ངོ་ཞེས་པ་ངེས་པའོ། །བསྒོམ་པ་ལ་ནི་འོག་དང་སྟེང་དུ་ཤིང་རྟའོ། །སྙིང་པོའི་དཀྱིལ་འཁོར་ལ་ཁ་དང་དབང་པོ་དང་བཤང་ལམ་དང་གཙུག་ཏོར་ནི་སྒོ་རྣམས་ཏེ་དབང་པོ་ཞེས་པ་ནི་གཅི་བ་དང་ཁུ་བའི་སྒོའོ། །ཕྱི་རོལ་དུ་སྐུའི་དཀྱིལ་འཁོར་ལ་སྣ་དང་མིག་དང་ལྕེ་དང་ལུས་དང་རྣ་བ་རྣམས་ཏེ་བྱིས་པའི་ལུས་ལ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལའོ་ཞེས་པ་ངེས་པའོ། །དེ་བཞིན་དུ་གནས་ལྔ་ནས་བརྗོད་པའི་དབང་གིས་གསུང་གི་དཀྱིལ་འཁོར་གྱི་སྒོ་ལྔ་སྟེ་དེ་ལྟར་འོག་དང་སྟེང་དུ་སྟོང་པའི་སྒོ་གསུམ་པོ་ཁུ་བའི་སྒོ་དང་ལུས་དང་མགྲིན་པའི་གནས་ཀྱི་མཚན་ཉིད་སྤངས་ནས་དཀྱིལ་འཁོར་གསུམ་པོ་རྣམས་ལ་སྒོ་བཅུ་གཉིས་སོ། །དེ་ལྟར་ཉི་མའི་དུས་སྦྱོར་གྱི་དབྱེ་བས་སྒོ་བཅུ་གཉིས་དང་ཟླ་བའི་ཆའི་དབྱེ་བས་བཅོ་ལྔ་སྟེ་སེམས་ཅན་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཆོས་ཀྱིས་སོ་ཞེས་པ་ནི་ངེས་པའོ། །འདིར་གསུང་གི་དཀྱིལ་འཁོར་ལ་སོགས་པ་རོ་མཉམ་པ་ཉིད་དང་གཡོན་པ་རྐྱང་ལ་སོགས་པའི་སྟབས་རྣམས་ནི་གོ་སླ་སྟེ། གསུང་ལས་སྐྱེས་པའི་དཀྱིལ་འཁོར་དུ་ནི་ཞེས་པ་ནས་བརྩམས་ཏེ་རྡོ་རྗེ་གར་གྱི་སླད་དུའོ་ཞེས་པའི་མཐར་ཐུག་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པ་དགུ་ནི་གོ་སླའོ། །ད་ནི་ཅོད་པན་ཞེས་པ་ལས་སོགས་པས་ལྷ་


DKG099_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་རིགས་ཀྱི་རྒྱས་གདབ་པ་གསུངས་པ་འདིར་མཆོག་གི་དང་བོའི་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ཅོད་པན་དག་ལ་ཕན་ཚུན་རྡོ་རྗེ་ཡི་ནི་རྡོ་རྗེར་འགྱུར་ཏེ་དེ་ཅིའི་ཕྱིར་ཞེ་ན་ཡེ་ཤེས་དང་རྣམ་པར་ཤེས་པ་ཕན་ཚུན་ཡང་དག་པར་སྦྱོར་བའི་ཕྱིར་རོ། །དེ་བས་ན་ཡེ་ཤེས་ཀྱིས་རྣམ་པར་ཤེས་པ་དང་རྣམ་པར་ཤེས་པས་ཡེ་ཤེས་ལ་སྟེ་གཉིས་ཀའི་སྤྱི་བོ་ལ་ཐུགས་རྡོ་རྗེ་ཆོས་གོས་དང་གཙུག་ཏོར་འཛིན་པ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ་ས་ལ་རེག་པའི་ཕྱག་རྒྱས་དེ་བཞིན་གཤེགས་པའི་དབུགས་དབྱུང་བས་སོ། །ངོ་བོ་ཉིད་ཀྱི་རིགས་ལ་ནི་རིགས་ལྔས་རྒྱས་གདབ་པ་བཀག་སྟེ་སངས་རྒྱས་རྣམས་ཀྱི་སྐྱེད་པར་བྱེད་པ་པོ་ཡིན་པའི་ཕྱིར་རོ། །ཡང་ན་ཡེ་ཤེས་དང་རྣམ་པར་ཤེས་པའི་ཆོས་ཀྱིས་སངས་རྒྱས་ལྔའི་བདག་ཉིད་ཀྱི་ཅོད་པན་ནི་རེས་འགའ་ནའོ་ཞེས་པ་ངེས་པའོ། །གཟུགས་ཀྱི་སྟེང་དུ་མི་བསྐྱོད་པ་སྟེ་སྐུའི་རྣམ་པ་ཐུགས་ཀྱིས་ཞེས་གསུངས་པའི་ཕྱིར་རོ། །གསལ་བར་པདྨ་འཛིན་པའི་རྣམ་པར་སྣང་མཛད་ཉིད་དུ་འགྱུར་ཏེ་ལུས་ཀྱིས་གསུང་སོ་སོར་བརྗོད་པས་ཞེས་གསུངས་པའི་ཕྱིར་རོ། །རིན་ཆེན་དབང་པོའི་ཆུ་སྐྱེས་འཛིན་ཏེ་རྡུལ་གྱི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དོན་ཡོད་གྲུབ་པའི་ཅོད་པན་ལ་ནི་རབ་མཆོག་ནོར་བུའི་ཕྱག་སྟེ་ཁྲག་ལས་ཤ་འབྱུང་བའི་ཕྱིར་རོ། །དྲུག་ནི་རལ་པའི་ཅོད་པན་དུ་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ལ་ཡོན་ཏན་ནི་མུ་སྟེགས་པ་རྣམས་གཞུག་པར་བྱ་བའི་སླད་དུ་དབང་ཕྱུག་གི་ཞལ་རྣམ་པར་དག་པས་ཞལ་དྲུག་གམ་ཚངས་པའི་མཚན་ཉིད་ལྔའི་ཞལ་ལྔ་ནི་རལ་པའི་ཅོད་པན་འཛིན་པའོ། །འདིར་དེ་མ་ཐག་པ་སྟེ་རྣམ་པར་སྣང་མཛད་དང་གཡོན་གྱི་ལྷ་སྟེ་སྣང་བ་མཐའ་ཡས་དང་མི་འཇིགས་པ་སྟེ་རིན་ཆེན་འབྱུང་ལྡན་དང་དེའི་སྐྱེས་བུ་སྟེ་དོན་ཡོད་གྲུབ་པ་དང་དབང་ལྡན་ཏེ་མི་བསྐྱོད་པ་དང་དུས་ཀྱི་མེ་སྟེ་རྡོ་རྗེ་སེམས་དཔའ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་ཡེ་ཤེས་ཀྱི་རང་བཞིན་ཐ་མལ་བའི་ཕུང་པོ་རྣམས་ཏེ་དག་པའི་ཕུང་པོ་གཙུག་ཏོར་དང་ཆོས་གོས་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པའོ། །དེ་ལྟར་དྲུག་ནི་རལ་པའི་ཅོད་པན་ཅན་ཞེས་བྱའོ། །ལྷག་མའི་འཁོར་ལོའི་ལྷ་དང་ལྷ་མོ་རྣམས་ཀྱི་ཅོད་པན་ནི་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་དང་རང་རང་གི་རིགས་ཀྱིས་རྒྱས་བཏབ་པ་སྟེ་འཆད་


DKG099_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་བ་ལས་གང་ཞིག་གང་གིས་བསྐྱེད་པ་དེ་ནི་དེས་རྒྱས་གདབ་བོ། །ད་ནི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་ཀྱི་རབ་ཏུ་སྐྱེ་བ་གསུངས་པ་ས་ལས་ཞེས་པ་ལ་སོགས་པ་སྟེ་འདིར་སའི་ས་བོན་ལྀ་ཡིག་ལས་འཁོར་ལོ་རབ་ཏུ་སྐྱེའོ། །ཆུ་ལས་ཏེ་ཨུ་ཡིག་ལས་པདྨ་དང་མེ་ལས་ཏེ་རྀ་ཡིག་ལས་ནོར་བུ་དང་རླུང་ལས་ཏེ་ཨི་ཡིག་ལས་རལ་གྲི་དང་སྟོང་པ་ལས་ཏེ་ཨ་ཡིག་ལས་རྡོ་རྗེ་དང་ཡེ་ཤེས་ལས་ཏེ་ཨཾ་ཡིག་ལས་གྲི་གུག་ཏུ་འགྱུར་ཞེས་པ་བྱ་བ་དང་འབྲེལ་ལོ། །དེ་བཞིན་དུ་ལཱྀ་ཡིག་ལས་གོས་སུ་འགྱུར་རོ། །ཨཱུ་ཡིག་ལས་བདུད་རྩིའི་སྣོད་དང་རཱྀ་ཡིག་ལས་མེ་ལོང་དང་ཨཱི་ཡིག་ལས་དྲི་དང་ཨཱ་ཡིག་ལས་རྒྱུད་མངས་དང་རྣམ་པར་བཅད་པ་ཅན་ཨཿཡིག་ལས་ཆོས་འབྱུང་སྟེ་ས་ལ་སོགས་པའི་ཡོན་ཏན་གྱི་དབྱེ་བས་མཚན་མ་རྣམས་སོ། །དེ་བཞིན་དུ་ཨ་ལ་ཡིག་ལས་ཕུབ་དང་ཨོ་ཡིག་ལས་མདུང་དང་ཨར་ཡིག་ལས་མདའ་དང་ཨེ་ཡིག་ལས་དགྲ་སྟ་དང་ཨ་ཡིག་ལས་ཌ་མ་རུ་སྟེ་ཡོན་ཏན་གྱི་དབྱེ་བས་མཚན་མ་ལྔའོ། །དེ་བཞིན་དུ་ཨཱ་ལ་ཡིག་ལས་དབྱུག་པ་དང་ཨཽ་ཡིག་ལས་ཞགས་པ་དང་ཨཱར་ཡིག་ལས་ལྕགས་ཀྱུ་དང་ཨཻ་ཡིག་ལས་ཐོབ་དང་ཨཱ་ཡིག་ལས་རྩེ་གསུམ་སྟེ་འཕེལ་བའི་དབྱངས་ཀྱིས་མཚན་མ་ལྔའོ། །དེ་བཞིན་དུ་ལ་ཡིག་ལས་གཞུ་དང་ཝ་ཡིག་ལས་ཨུཏྤ་ལ་དང་ར་ཡིག་ལས་མགོ་བོ་དང་ཡ་ཡིག་ལས་ཁ་ཊྭཱྃ་ག་དང་ཧ་ཡིག་ལས་དྲིལ་བུའོ། །དེ་བཞིན་དུ་ལཱ་ཡིག་ལས་ལྕགས་སྒྲོག་དང་ཝཱ་ཡིག་ལས་དུང་དང་རཱ་ཡིག་ལས་ཐོད་པ་དང་ཡཱ་ཡིག་ལས་སྟག་གི་པགས་པ་དང་ཧཱ་ཡིག་ལས་གླང་པོ་ཆེའི་པགས་པ་སྟེ་ཡ་ཎར་འགྱུར་བ་རིང་པོ་རྣམས་ཀྱིས་སོ། །མཚན་མ་སུམ་ཅུ་རྩ་གཉིས་ཀྱི་དབྱངས་ཀྱི་ངེས་པའོ། །འདིར་ནི་ལྷག་མ་ཉེ་བའི་མཚན་མ་ས་དང་ཆུ་དང་སྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་པ་དེ་རྣམས་རང་བཞིན་ཡོན་ཏན་དབང་གིས་ཤེས་པར་བྱ་བ་ཉིད་དེ་ལྷ་དང་ལྷ་མོ་རྣམས་ཀྱིའོ་ཞེས་པ་ཙ་རྩི་ཀཱ་ལ་སོགས་པ་ཐམས་ཅད་ཀྱི་མཚན་མ་རྣམས་རླུང་ལ་སོགས་པའི་དབྱེ་བས་རིག་པར་བྱའོ། །འདིར་གསུངས་པ་གང་ཞིག་ལྀ་ལ་སོགས་པ་ས་དང་ཆུ་དང་སྲེག་ཟ་རླུང་དང་ནམ་མཁའ་ལས་སྐྱེས་ཐུང་ངུ་དང་། རིང་པོའི་རབ་དབྱེས་རིམ་པར་


DKG099_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་བཀོད་སུམ་ཅུའི་དབྱངས་ནི་ངེས་པར་པདྨ་ལ་གནས་ཟླ་བ་དང་། །ཉི་མའི་གདན་ལ་གནས་པ་འཁོར་ལོ་ལ་སོགས་མཚན་མ་དེ་རྣམས་མཐའ་དག་རྣམས་ཀྱི་རང་གི་སྔགས། །གང་ཞིག་ཁོ་ནར་མཚན་མ་དྲུག་པར་གྱུར་པ་དེར་ནི་ཡོན་ཏན་དབང་གིས་གཞོམ་དུ་མེད་པར་འགྱུར། དེ་ལྟར་ས་བོན་གྱིས་མཚན་མ་བསྐྱེད་པ་དང་མཚན་མས་ལྷ་སྐྱེད་པ་ནི་རྣལ་འབྱོར་བས་ཐམས་ཅད་དུ་རྟོགས་པར་བྱའོ་ཞེས་པ་རྒྱུད་ཀྱི་ངེས་པའོ། །ད་ནི་ནཱ་ད་ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་སྐྱེ་བའི་ས་བོན་གྱི་ཡི་གེ་གསུངས་ཏེ་ནཱ་ད་ནི་གཞོམ་དུ་མེད་པའོ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ནི་ཡེ་ཤེས་ཀྱི་ཕུང་པོའོ། །དེ་ལྟར་ཐམས་ཅད་དུ་མིང་དང་མིང་ཅན་གྱི་འབྲེལ་པ་སྟེ་འདི་ལྟར་ཨ་ནི་མི་བསྐྱོད་པ་དང་ཨི་ནི་དོན་ཡོད་གྲུབ་པ་དང་རྀ་ནི་རིན་ཆེན་འབྱུང་ལྡན་དང་ཨུ་ནི་སྣང་བ་མཐའ་ཡས་དང་ལྀ་ནི་རྣམ་པར་སྣང་ན་མཛད་དང་ལཱྀ་ནི་སྤྱན་མ་དང་ཨཱུ་ནི་མཱ་མ་ཀཱི་དང་རཱྀ་ནི་གོས་དཀར་མོ་མ་དང་ཨཱི་ནི་སྒྲོལ་མ་དང་ཨཱ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་གཞོམ་དུ་མེད་པ་ཞེས་པ་ནི་དཔལ་ལྡན་ཡུམ་སྟེ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མའོ། །དེ་ལྟར་ལུས་དང་བསམ་པའི་དབྱེ་བས་ཐུང་ངུ་དང་རིང་པོའི་དབྱངས་རྣམས་ཀྱི་སྐྱེ་བའོ། །དེ་བཞིན་དུ་མཆོག་གི་རྒྱལ་བའི་བདག་པོ་ཡེ་ཤེས་ཀྱི་ཕུང་པོ་དང་སྣ་ཚོགས་ཡུམ་ཡེ་ཤེས་ཀྱི་ཁམས་ནི་ཕན་ཚུན་ལུས་དང་བསམ་པའོ། །རྣམ་པར་ཤེས་པ་དང་ནམ་མཁའི་ཁམས་སོ། །འདུ་བྱེད་དང་སའི་ཁམས་དང་ཚོར་བ་དང་ཆུའི་ཁམས་དང་འདུ་ཤེས་དང་མེའི་ཁམས་དང་གཟུགས་དང་རླུང་གི་ཁམས་སོ། །དེ་བཞིན་དུ་ཨཾ་ཡིག་ནི་ཀུན་དུ་བཟང་པོ་དང་ཨ་ཡིག་ནི་ཕྱག་ན་རྡོ་རྗེ་དང་ཨེ་ནི་ནམ་མཁའི་སྙིང་པོ་དང་ཨར་ནི་སའི་སྙིང་པོ་དང་ཨོ་ནི་འཇིག་རྟེན་དབང་ཕྱུག་དང་ཨ་ལ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའོ། །དེ་བཞིན་དུ་ཨཱ་ནི་ཆོས་ཀྱི་ཁམས་དང་ཨཱཿནི་སྒྲ་རྡོ་རྗེ་དང་ཨཻ་ནི་རེག་བྱ་རྡོ་རྗེ་མ་དང་ཨཱ་ར་ནི་རོ་རྡོ་རྗེ་མ་དང་ཨཽ་ནི་གཟུགས་རྡོ་རྗེ་མ་དང་ཨཱ་ལ་ནི་དྲི་རྡོ་རྗེ་མའོ། །ཀུན་དུ་བཟང་པོ་དང་ཆོས་ཀྱི་ཁམས་ནི་ཕན་ཚུན་དུ་ལུས་དང་བསམ་པའོ། །ཕྱག་ན་རྡོ་རྗེ་དང་སྒྲའི་རྡོ་རྗེ་མ་ཟུང་སྟེ་ལུས་དང་བསམ་པའོ། །ནམ་མཁའི་སྙིང་པོ་དང་དྲི་རྡོ་རྗེ་མའོ། །འཇིག་


DKG099_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་དབང་ཕྱུག་དང་རོ་རྡོ་རྗེ་མའོ། །སའི་སྙིང་པོ་དང་གཟུགས་རྡོ་རྗེ་མའོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་རེག་བྱ་རྡོ་རྗེ་མའོ། །དེ་ལྟར་རིགས་ནི་དྲུག་པོ་ངེས་པར་རང་བཞིན་ཡོན་ཏན་དབང་གིས་ཡང་དག་པར་ནི་རྣལ་འབྱོར་པས་རིག་པར་བྱ་ཞེས་པ་ནི་ངེས་པའོ། །ད་ནི་ཧྃ་ཞེས་པ་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་རིགས་ལྔའི་ས་བོན་གསུངས་པ་འདིར་ཧྃ་ཡིག་ནི་གཙུག་ཏོར་འཁོར་ལོས་སྒྱུར་བར་འགྱུར་ཏེ་ལུས་ཀྱི་དབང་གིས་ཞེས་པ་ལུས་ཀྱི་དབྱེ་བ་ལས་སོ། །དེ་ལྟར་གཞན་རྣམས་ཀྱང་ངོ་། །ཧཿནི་ཤིན་ཏུ་སྔོན་མོའོ། །ཧ་ནི་གནོད་མཛེས་དང་ཧཱ་ནི་དྲག་སྤྱན་མའོ། །ཡྃ་ནི་ཤིན་ཏུ་སྟོབས་དང་ལཱཿནི་རེངས་བྱེད་མའོ། །རྃ་ནི་རྨུགས་བྱེད་དང་ཝཱཿནི་ང་རྒྱལ་མའོ། །ཝྃ་ནི་ཁེངས་བྱེད་དང་རཱཿནི་རྨུགས་བྱེད་མའོ། །ལྃ་ནི་རེངས་བྱེད་དང་ཡཱཿནི་ཤིན་ཏུ་བརྩོན་འགྲུས་མའོ། །དེ་བཞིན་དུ་ཡ་ཝ་ར་ལ་ནི་གྲངས་བཞིན་དུ་དབྱུག་པ་སྔོན་པོ་དང་མི་གཡོ་བ་དང་འདོད་པ་དང་སྟོབས་པོ་ཆེར་འགྱུར་རོ། །ལུས་ཀྱི་དབང་གིས་ལྷ་མོ་རྣམས་ཀྱི་རིང་པོ་སྟེ་གླང་པོ་ཆེའི་ཤིང་རྟ་ལ་ཡཱ་ནི་རྡོ་རྗེ་ལྕགས་སྒྲོག་མ་དང་རྟའི་ཤིང་རྟ་ལ་ཝཱ་ནི་ཙུན་དཱ་དང་སེང་གེའི་ཤིང་རྟ་ལ་རཱ་ནི་ཁྲོ་གཉེར་ཅན་མ་དང་ཕག་གི་ཤིང་རྟ་ལ་ལཱ་ནི་འོད་ཟེར་ཅན་མའོ། །དེ་བཞིན་དུ་དབྱུག་སྔོན་དང་འོད་ཟེར་ཅན་ནི་ཟུང་སྟེ་ཕན་ཚུན་ལུས་དང་བསམ་པའོ། །མི་གཡོ་བ་དང་ཁྲོ་གཉེར་ཅན་མའོ། །ཤིན་ཏུ་སྟོབས་དང་རྡོ་རྗེ་ལྕགས་སྒྲོག་མའོ། །འདོད་པའི་རྒྱལ་པོ་དང་ཙུན་དཱ་ནི་ཟུང་སྟེ་དཀྱིལ་འཁོར་ལ་ནི་བདེ་བ་དམ་པའི་དོན་དུའོ་ཞེས་པ་ནི་གཞན་གྱི་རིགས་ལ་འཁྱུད་པས་སོ། །དེ་བཞིན་དུ་ནུས་མའི་ས་བོན་རྣམས་ཏེ་ནུས་མ་ནི་དུ་བ་ལ་སོགས་པ་མཚན་མའི་རྣལ་འབྱོར་མ་རྣམས་སོ། །དེ་ལ་ཨ་ཡིག་དག་དང་ཨྃ་དང་རྣམ་པར་བཅད་པ་ནི་ཨ་ཨཱ་ཨྃ་ཨཿསྟེ་རིམ་པ་བཞིན་དུ་ནག་མོ་འབར་མ་དང་སེར་མོ་འབར་མ་དང་དཀར་མོ་འབར་མ་དང་དམར་མོ་འབར་མའོ། །དེ་བཞིན་དུ་ཧྃ་དང་ཧཿདང་ཧ་ཧཱ་སྟེ་ཧྃ་ནི་མཁའ་གསལ་མ་དང་ཧཿནི་སྨིག་རྒྱུ་མ་དང་ཧ་ནི་དུ་བ་མ་དང་ཧཱ་ནི་མར་མེ་མ་སྟེ་དེ་ལྟར་ཡི་གེ་བརྒྱད་ལས་སྐྱེས་པ་ནུས་མ་བརྒྱད་དོ། །བུམ་པ་རྣམས་ལ་དེ་བཞིན་ཧ་ཡིག་རླུང་དང་མེ་དང་ཆུ་དང་ས་ཡི་དབྱངས་ཀྱིས་ཕྱེ་བར་འགྱུར་ཞེས་པ་ནི་


DKG099_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ཤར་གྱི་བུམ་པ་དག་ལ་ཧི་ཧཱི་དང་ལྷོའི་བུམ་བདག་ལ་ཧྼྀ་ཧྼཱྀ་དང་བྱང་གི་བུམ་པ་དག་ལ་ཧུ་ཧཱུ་དང་ནུབ་ཀྱི་བུམ་པ་དག་ལ་ཧླྀ་ཧླཱྀ་སྟེ་རླུང་ལ་སོགས་པའི་དབྱེ་བའོ། །དེ་བཞིན་དུ་ཨོྃ་ཡིག་ནི་ཆོས་ཀྱི་དུང་དང་ཧུྃ་ནི་ཡིད་བཞིན་གྱི་ནོར་བུ་དང་ཧ་ནི་དཔག་བསམ་གྱི་ཤིང་དང་ཨཱཿནི་ཆོས་ཀྱི་གཎྜཱི་སྟེ་ཐུགས་ཀྱི་དཀྱིལ་འཁོར་གྱི་ལྷའི་ས་བོན་གྱི་ཡི་གེའོ། །ད་ནི་གསུང་གི་དཀྱིལ་འཁོར་ལ་ཙ་རྩི་ཀཱ་ལ་སོགས་པའི་ས་བོན་གྱི་ཡི་གེ་རྣམས་གསུངས་ཏེ་ཧ་ཡིག་ནི་ཙཱ་མུཎྜཱ་འོ། ཧྃ་ནི་དབང་ཕྱུག་ཆེན་མོ་དང་ཧཿནི་ཕག་མོ་དང་ཧཱ་ནི་དབང་མོ་དང་ཀྵ་ནི་ཁྱབ་འཇུག་མ་དང་ཀྵཱ་ནི་ཚངས་མ་དང་ཀྵྃ་ནི་དཔལ་ཆེན་མོ་དང་ཀྵཿནི་གཞོན་ནུ་མ་སྟེ་གཙོ་མོ་རྣམས་ཀྱི་ས་བོན་ནོ། །དེ་བཞིན་དུ་འདབ་མའི་ལྷ་མོ་རྣམས་ཀྱི་ནི་རིམ་པ་བཞིན་དུ་ཤར་ལ་སོགས་པ་ཕྱོགས་བརྒྱད་ཀྱི་རྒྱབ་ཀྱི་པདྨའི་འདབ་མ་རྣམས་ལ་ཧཱི་ཧྼཱྀ་ཧཱུ་ཧླཱྀ་ཀྵཱི་ཀྵྼཱྀ་ཀྵཱུ་ཀྵླཱྀའོ། །ཐུང་ངུའི་དབྱངས་རྣམས་མདུན་དུའོ་ཞེས་པ་འདབ་མ་བརྒྱད་པོ་རྣམས་ལ་ཏི་ཧྼྀ་ཧུ་ཧླྀ་ཀྵི་ཀྵྼྀ་ཀྵཱུ་ཀྵླྀ་ཞེས་པ་སྟེ་ཤར་གྱི་པདྨའི་འདབ་མ་དག་དང་ལྷོའི་དག་དང་བྱང་གི་དག་དང་ནུབ་ཀྱི་དག་དང་མེའི་དག་དང་བདེན་བྲལ་གྱི་དག་དང་དབང་ལྡན་གྱི་དག་དང་རླུང་གི་དག་ལའོ། །ལྷག་མའི་འདབ་མ་དྲུག་པོ་རྣམས་ལ་ནི་འདབ་མ་དྲུག་ལ་ཡ་སོགས་དབྱངས་དྲུག་གིས་ཕྱེ་ཐུང་ངུ་རིང་བོ་རྣམས་ནི་རིམ་པར་ཡོངས་བཀོད་པ་ཞེས་པ་སྟེ་ཕྱོགས་དང་ཕྱོགས་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ། །དེ་ལ་ཙཱ་མུཎྜཱའི་པདྨའི་འདབ་མ་ལ་མདུན་དུ་ཧི་ཡིག་སྔར་བཀོད་པ་སྟེ་དེ་ནས་གཡས་སྐོར་གྱིས་འདབ་མ་གཉིས་པ་ལ་ཡ་དང་གསུམ་པ་ལ་ཡི་དང་བཞི་པ་ལ་ཡྼྀ་དང་ལྔ་པ་ལ་སྔར་བཀོད་པའི་ཧཱི་དང་དྲུག་པ་ལ་ཡུ་དང་བདུན་པ་ལ་ཡླྀ་དང་བརྒྱད་པ་ལ་ཡྃ་ངོ་། །དེ་བཞིན་དུ་ཁྱབ་འཇུག་མའི་ཀྵི་ཡཱ་ཡཱི་ཡྼཱྀ་ཀྵཱི་ཡཱུ་ཡླཱྀ་ཡཿའོ། །དེ་བཞིན་དུ་ཕག་མོའི་མདུན་གྱི་འདབ་མ་ལ་ཧྼྀ་སྟེ་དེ་ནས་ར་རྀ་རྼྀ་ཧྼཱྀ་རུ་ཪླྀ་རཾ་ངོ་། །གཞོན་ནུ་མའི་ཀྵྼྀ་རཱ་རཱི་ཪྼཱྀ་ཀྵྼཱྀ་རཱུ་རླཱྀ་རཿའོ། །དྲག་མོའི་ཧུ་ཝ་ཝི་ཝྼཾ་ཧུ་ཝུ་ཝླྀ་ཝྃ་ངོ་། །དེ་བཞིན་དུ་དཔལ་ཆེན་མོའི་ཀྵུ་ཝཱ་ཝཱི་ཝྼཱྀ་ཀྵཱུ་ཝཱུ་ཝླཱྀ་ཝཿའོ། །དབང་མོའི་ཧྻྀ་ལ་ལྀ་ལྼྀ་ཧླཱཾ་ལུ་ལླྀ་ལྃ་ངོ་། །ཚངས་མའི་ཀྵླྀ་ལཱ་ལཱི་ལྼཱྀ་ཀྵླཱྀ་ལཱུ་ལླཱྀ་ལཿའོ། །དེ་ལྟར་ཧི་ཀྵི་ལ་སོགས་ལ་མཐའ་ཐམས་ཅད་ནོར་ནི་གདེངས་ཅན་གྱིས་བསྒྱུར་ཞེས་པ་བརྒྱད་ལ་བརྒྱད་ཀྱིས་བསྒྱུར་བ་འཇིགས་མ་


DKG099_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ལྷ་མོ་རྣམས་ཀྱི་འདབ་མ་ལ་གོ་རིམས་བཞིན་དུའོ་ཞེས་པ་ངེས་པ་སྟེ་ཕྱོགས་རྣམས་སུ་ཧི་ལ་སོགས་པའོ། །ཀྵི་ལ་སོགས་པ་ནི་ཕྱོགས་བྲལ་གྱི་པདྨའི་དང་པོ་རྣམས་ལའོ། །འདིར་རིགས་ཀྱི་དབང་གིས་མངོན་ཕྱོགས་ཙཱ་མུཎྜཱ་ལ་སོགས་པའི་ཐབས་སུ་འགྱུར་ཏེ་སྔགས་ཀྱི་དབྱེ་བས་སོ་ཞེས་པ་ནི་འདིར་ཅཱ་མུཎྜཱ་དང་ཁྱབ་འཇུག་མ་ནི་འདུ་བྱེད་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་གཟུགས་ཀྱི་རིགས་ཅན་ནི་ཐབས་ཏེ་སྔགས་ཀྱི་དབྱེ་བས་ཞེས་པ་ལྀ་ཡིག་གི་རིགས་ཅན་ཉིད་དོ། །ཕག་མོ་དང་གཞོན་ནུ་མ་ནི་ཚོར་བའི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་འདུ་ཤེས་ཀྱི་རིགས་ཅན་ནི་ཐབས་ཏེ་ཨུ་ཡིག་ལས་སྐྱེས་པའོ། །དབང་མོ་དང་ཚངས་མ་ནི་གཟུགས་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་འདུ་བྱེད་ཀྱི་རིགས་ཅན་ནི་ཐབས་ཏེ་ཨི་ཡིག་ལས་སྐྱེས་པའོ། །དྲག་མོ་དང་དཔལ་ཆེན་མོ་ནི་འདུ་ཤེས་ཀྱི་རིགས་ཅན་མའོ། །དེ་དག་ལ་མངོན་དུ་ཕྱོགས་པ་ཚོར་བའི་རིགས་ཅན་ནི་ཐབས་ཏེ་རྀ་ཡིག་ལས་སྐྱེས་པའོ། །དེ་ལྟར་གསུང་གི་དཀྱིལ་འཁོར་ལ་རིགས་བཞིའི་རྣམ་པར་གཞག་པའོ། །ད་ནི་སྐུའི་དཀྱིལ་འཁོར་ལ་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ་ཏྃ་ནི་བརྒྱ་བྱིན་དང་ནཿནི་ཚངས་པ་དང་པྃ་ནི་རྒྱ་མཚོ་དང་མཿནི་ཚོགས་ཀྱི་དབང་པོ་དང་ཊྃ་ནི་མེ་དང་ཎཿནི་གཞོན་ནུ་དང་ཙྃ་ནི་སྲིན་པོའི་དབང་པོ་དང་ཉཿནི་རླུང་དང་ཀྃ་ནི་ཁྱབ་འཇུག་དང་ངཿནི་གཤིན་རྗེ་དང་སྃ་ནི་དྲག་པོ་དང་ྈྐཿནི་གནོད་སྦྱིན་ནོ། །དེ་ལྟར་ཙ་ལ་སོགས་པ་སྡེ་པ་དྲུག་པོ་རྣམས་ནི་ཐུང་ངུ་དང་རིང་པོའི་དབྱེ་བས་ནག་པའི་ཟླ་བ་ལ་སོགས་པ་རྣམས་ཀྱི་གནམ་སྟོང་གི་ས་བོན་ཏེ་ཙཾ་ཉཿ། ཞེས་པ་ལ་སོགས་པས་ནག་པ་ཟླ་བའི་གནམ་སྟོང་དང་ས་གའི་ཟླ་བའི་གནམ་སྟོང་ལ་གཟུང་བར་བྱའོ། །དེ་བཞིན་དུ་ཙ་ལ་སོགས་སྡེ་པ་དབྱངས་དང་བཅས་པ་རྣམས་ནི་ལྷ་ཡི་པདྨའི་འདབ་མར་ལྷ་མོ་རྣམས་ཀྱིར་འགྱུར། ནག་པའི་ཟླ་བ་སོགས་ཀྱི་ཚེས་རྣམས་དུས་ཀྱི་ངེས་པའི་དབང་གིས་སྟོང་པ་དྲུག་དང་མེ་ཡི་གྲངས་ཞེས་པ་སུམ་བརྒྱ་དྲུག་ཅུའི་གྲངས་ཏེ་ལོ་ཡི་ཚེས་རྣམས་སོ། །འདིར་ནག་པ་ཟླ་བའི་ལྷ་མོ་རྣམས་ནི་དང་པོའི་ཟླུམ་སྐོར་


DKG099_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འདབ་མ་བཅུ་བཞི་པོ་རྣམས་ལའོ། །དེ་ལ་དང་པོའི་འདབ་མ་ལ་ཉ་རྡོ་རྗེ་མ་དང་གཉིས་པ་ལ་ཉི་རྡོ་རྗེ་མ་དང་དེ་བཞིན་དུ་ཉྡྀ་རྡོ་རྗེ་མ་དང་ཉུ་རྡོ་རྗེ་མ་དང་ཉླྀ་རྡོ་རྗེ་མ་དང་ཉྃ་རྡོ་རྗེ་མ་དང་དེ་བཞིན་དུ་ཛྷ་རྡོ་རྗེ་མ་དང་ཛྷི་རྡོ་རྗེ་མ་དང་ཛྷྼྀ་རྡོ་རྗེ་མ་དང་ཛྷུ་རྡོ་རྗེ་མ་དང་ཛྷླྀ་རྡོ་རྗེ་མ་དང་ཛྷྃ་རྡོ་རྗེ་མ་དང་ཛ་རྡོ་རྗེ་མ་དང་ཛི་རྡོ་རྗེ་མ་སྟེ་ལྷ་མོ་བཅུ་བཞི་པོ་རྣམས་ནི་བདེན་བྲལ་གྱི་པདྨའི་འདབ་མ་རྣམས་ལའོ། །ཛྼྀ་རྡོ་རྗེ་མ་ནི་མངོན་དུ་ཕྱོགས་པའི་ཤེས་རབ་སྟེ་ཉའི་ཆོས་ཅན་ཉིད་ཀྱི་ཕྱིར་རོ། །དེ་བཞིན་དུ་གཉིས་པའི་ཟླུམ་སྐོར་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་སྟེ་དང་པོའི་འདབ་མ་ལ་ཛུ་རྡོ་རྗེ་མའོ། །དེ་བཞིན་དུ་ཛླྀ་རྡོ་རྗེ་མ་དང་ཛཾ་རྡོ་རྗེ་མ་དང་ཚ་རྡོ་རྗེ་མ་དང་ཚི་རྡོ་རྗེ་མ་དང་ཚྼྀ་རྡོ་རྗེ་མ་དང་ཚུ་རྡོ་རྗེ་མ་དང་ཚླྀ་རྡོ་རྗེ་མ་དང་ཚྃ་རྡོ་རྗེ་མ་དང་ཙ་རྡོ་རྗེ་མ་དང་ཙི་རྡོ་རྗེ་མ་དང་ཙྼྀ་རྡོ་རྗེ་མ་དང་ཙུ་རྡོ་རྗེ་མ་དང་ཙླ་རྡོ་རྗེ་མའོ། །ཙྃ་རྡོ་རྗེ་ནི་གནམ་སྟོང་གི་ས་བོན་ཏེ་འདིར་བསྐྱེད་པའི་རིམ་པས་སོ། །ཉཿཞེས་པ་ལུགས་ལས་བཟློག་པས་སྐྱེད་པའི་རིམ་པས་ཏེ་རླུང་གི་འདབ་མ་ལ་ཙཱ་རྡོ་རྗེ་མའོ། །དེ་བཞིན་དུ་སྔགས་ཐམས་ཅད་རྡོ་རྗེའི་མཐའ་ཅན་ཏེ་ཙཱི་ཙྼཱྀ་ཙཱུ་ཙླཱྀ་ཙཿ། ཚཱ་ཚཱི་ཚྼཱྀ་ཚཱུ་ཚླཱྀ་ཚཿ། ཛཱ་ཛཱི་སྟེ་ཛྼཱི་ཉའི་གནས་སུ་སྔར་བཞིན་ནོ། །གཉིས་པའི་ཟླུམ་སྐོར་ལ་ནག་པོའི་ཚེས་གཅིག་ལ་སོགས་པ་སྟེ་ཛཱུ་ཛླཱྀ་ཛཿཛྷཱ་ཛྷཱྀ་ཛྷྼཱྀ་ཛྷཱུ་ཛྷླཱྀ་ཛྷཿ། ཉཱ་ཉཱི་ཉྼཱྀ་ཉཱུ་ཉླཱྀའོ། །ཉཿཞེས་པ་ནི་གནམ་སྟོང་གི་ས་བོན་ཏེ་རླུང་གི་ལྟེ་བ་ལའོ། །དེ་བཞིན་དུ་སྣྲོན་གྱི་ཟླ་བ་དང་ཆུ་སྟོད་ཀྱི་ཟླ་བ་དག་ལ་ཊ་སྡེའོ། །གྲོ་བཞིན་གྱི་ཟླ་བ་དང་ཁྲུམས་སྟོད་ཀྱི་ཟླ་བ་དག་ལ་པ་སྡེའོ། །ཐ་སྐར་གྱི་ཟླ་བ་དང་སྨིན་དྲུག་གི་ཟླ་བ་དག་ལ་ཏ་སྡེའོ། །མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་དག་ལ་ས་སྡེའོ། །མཆུའི་ཟླ་བ་དང་དབོའི་ཟླ་བདག་ལ་ཀ་སྡེའོ། །དེ་ལྟར་ལོའི་ཚེས་ཀྱི་ལྷ་རྣམས་ཀྱི་ས་བོན་གྱི་ངེས་པའོ། །ད་ནི་དེ་ཉིད་ལ་གནས་ཧ་ཡིག་ཅེས་པ་ལ་སོགས་པས་ཀླུའི་རྒྱལ་པོ་རྣམས་ཀྱི་ས་བོན་གསུངས་པ་འདིར་དེ་ཉིད་ནི་ཡ་ར་ལ་ཝ་སྟེ་དེ་རྣམས་ལ་གནས་པ་ནི་དེ་ཉིད་ལ་གནས་པའོ། །རླུང་གི་དཀྱིལ་འཁོར་ལ་སྟོབས་ཀྱི་རྒྱུ་དང་པདྨ་དག་གི་ཧྻ་ཧྻཱའོ། །སའི་དཀྱིལ་འཁོར་ལ་འཇོག་པོ་དང་པདྨ་ཆེན་པོ་དག་གི་གྲངས་བཞིན་དུ་ཧཱ་ཧླཱའོ། །མེའི་དཀྱིལ་


DKG099_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལ་ནོར་རྒྱས་ཀྱི་བུ་དང་དུང་སྐྱོང་དག་གི་ཧྼ་ཧྼཱའོ། །ཆུའི་དཀྱིལ་འཁོར་ལ་མཐའ་ཡས་དང་རིགས་ལྡན་དག་གི་ཧྺ་ཧྺཱའོ། །དེ་ལྟར་རླུང་མེ་ཆུ་དང་ས་རྣམས་ཀྱི་དཀྱིལ་འཁོར་རྣམས་ལ་ཤར་ལ་སོགས་པའི་ཀླུ་རྣམས་ཀྱི་ཞེས་སོ། །ད་ནི་ཁྱི་གདོང་མ་ལ་སོགས་པ་རྣམས་ཀྱི་ས་བོན་གསུངས་ཏེ། བརྩེགས་པ་ཞེས་པ་ནི་ཡི་གེ་སོ་སོར་ཡི་གེ་ལྔའི་བདག་ཉིད་བརྩེགས་པའོ། །སྡེ་བདུན་བརྩེགས་པ་ལ་གནས་དེ་རྣམས་ཀྵ་ཡ་ར་ཝ་ལར་ལྡན་པ་ནི་བརྒྱད་དེ་དུར་ཁྲོད་བརྒྱད་དུ་ལྷ་མིན་མོ་རྣམས་ཀྱིའོ། །དེ་ལ་ཕྱོགས་སུ་ཤར་གྱི་དུར་ཁྲོད་ལ་ཀྑྒྒྷྔ་དང་ལྷོར་ཀྵྻྼྺླ་དང་ནུབ་ཏུ་[ྈྐཤྵྉྤས་]དང་བྱང་དུ་ཧྻྼྺླ་དང་མཚམས་སུ་མེར་ཉྫྷྫྪྩ་དང་བདེན་བྲལ་དུ་ཎྜྷྜྛྚ་དང་རླུང་དུ་ནྡྷྡྠྟ་དང་དབང་ལྡན་དུ་མྦྷྦྥྤའོ། །དེ་ལྟར་ཐམས་ཅད་དུ་ཤེས་རབ་ཐབས་ཀྱི་ལུས་དང་བསམ་པས་རིགས་ཀྱི་དབང་ལས་འདིར་ནི་གང་ཞིག་དབུས་སུ་མངོན་ཕྱོགས་འགྱུར་ཏེ་རྣལ་འབྱོར་པས་གཙོ་བོ་དང་ཉེ་བའི་གཙོ་བོའི་དབྱེ་བས་རྟོགས་པར་བྱའོ་ཞེས་པ་ནི་རྒྱུད་ཀྱི་ངེས་པའོ། །ད་ནི་བསྐྱེད་བྱ་སྐྱེད་བྱེད་ལ་སོགས་པའི་འབྲེལ་པ་དཔལ་ལྡན་རྡོ་རྗེ་ཅན་དང་ཀུན་བཟང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་ཕྱེད་དང་བཅས་པའི་དགུ་ནི་གོ་སླ་སྟེ་སྣ་ཚོགས་ཡུམ་གྱི་ལྷག་མའོ་ཞེས་པའི་མཐར་ཐུག་པ་རིགས་དང་རིགས་ཅན་དག་གི་འབྲེལ་པའོ། །ད་ནི་སྐུ་བཞི་རྣམ་པར་དག་པས་དག་པ་གསུངས་པ་ལྷ་མོ་ཞེས་པ་ལ་སོགས་པ་སྟེ་འདིར་ནང་གི་ལེའུ་ལས་མངལ་ནས་སྐྱེས་པའི་བྱིས་པའི་གནས་སྐབས་རྣམ་པ་བཞིའི་དབྱེ་བས་མངལ་དང་ཕྱི་རོལ་དུ་སྐུ་བཞིར་གསུངས་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བསྒོམ་པ་ལ་རྣལ་འབྱོར་པས་རྣམ་པར་སྦྱང་བར་བྱའོ། །དེ་ལ་ལྷ་མོ་ནི་དུ་བ་མ་དང་སྨིག་རྒྱུ་མ་དང་མཁའ་སྣང་མ་དང་མར་མེ་མ་དང་སེར་མོ་འབར་མ་དང་དཀར་མོ་འབར་མ་དང་དམར་མོ་འབར་མ་དང་ནག་མོ་འབར་མ་དང་ཆ་དང་ཐིག་ལེའི་གཟུགས་ཅན་མ་སྟེ་བདེ་བ་ཆེན་པོའི་འཁོར་ལོའི་བདེ་བ་ཆེན་པོའི་པདྨའི་འདབ་མ་རྣམས་ལའོ། །འཕར་མ་གཉིས་པ་ལ་སངས་རྒྱས་རིག་མ་ཞེས་པ་སྟེ་འདིར་སངས་རྒྱས་ནི་དོན་ཡོད་གྲུབ་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་


DKG099_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་དོ། །རིག་མ་ནི་སྒྲོལ་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མའོ། །ཤིང་དང་བཅས་ཤིང་བུམ་པ་དང་བཅས་ཞེས་པ་ལ་ཤིང་ནི་དཔག་བསམ་གྱི་ཤིང་སྟེ་དེ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎྜཱི་དང་ཆོས་ཀྱི་དུང་ངོ་། །བུམ་པ་ནི་རྡུལ་དང་ཁུ་བདག་གིས་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་ཐིག་ལེའི་དབྱེ་བས་བཤང་བ་དང་གཅི་བ་དང་ཁྲག་དང་རྐང་གི་བུམ་པ་བརྒྱད་དོ། །རྒྱལ་བའི་དཀྱིལ་འཁོར་གྱི་བདག་པོ་ཡི་ནི་དག་པའི་སྐུའོ། །དེ་ནས་ཕྱི་རོལ་གྱི་འཕར་མ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོ་རྣམས་སུ་ཁྲོ་བོའི་དབང་པོ་ནི་བགེགས་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དང་གཙུག་ཏོར་རོ། །བྱང་ཆུབ་སེམས་དཔའ་ནི་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོ་དང་སའི་སྙིང་པོ་དང་འཇིག་རྟེན་དབང་ཕྱུག་དང་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའོ། །ངེས་པར་རོ་ཡི་རྡོ་རྗེ་མ་ཞེས་པ་ནི་སྒྲ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་གཟུགས་རྡོ་རྗེ་མ་དང་རོ་རྡོ་རྗེ་མ་དང་དྲི་རྡོ་རྗེ་མ་དང་ཆོས་ཀྱི་ཁམས་ཀྱི་རྡོ་རྗེ་མ་སྟེ་འདི་རྣམས་ནི་ཆོས་ཀྱི་སྐུ་དེ་ཉིད་དོ། །དེ་ནས་གསུང་གི་དཀྱིལ་འཁོར་ལ་རྣལ་འབྱོར་མ་རྣམས་ལོངས་སྤྱོད་སྐུ་སྟེ། ཙ་རྩི་ཀཱ་ལ་སོགས་པ་འདབ་མའི་ལྷ་མོ་དང་ལྷན་ཅིག་པའོ། །དེ་ནས་སྐུའི་དཀྱིལ་འཁོར་ལ་རབ་མཆོག་ཤིང་རྟ་ལ་གནས་འོད་ཟེར་ཅན་ལ་སོགས་པ་དང་ལྷ་ནི་ཉི་མར་རབ་གྲགས་པ་བདེན་བྲལ་ལ་སོགས་པ་བཅུ་གཉིས་དང་སྟོབས་ཀྱི་རྒྱུ་ལ་སོགས་པ་ཀླུ་ནི་བརྒྱད་པོ་རྣམས་དང་ཁྱི་གདོང་མ་ལ་སོགས་པ་རབ་གཏུམ་མ་རྣམས་ཏེ་ལྷ་ལ་སོགས་པ་འདི་རྣམས་འཁོར་དང་བཅས་པ་ཞེས་པ་པདྨའི་འདབ་མའི་ལྷ་དང་བཅས་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ། །དེ་བཞིན་སླར་ཡང་རྒྱལ་བའི་སྐུ་ནི་དབྱེ་བ་གཉིས་སུ་འགྱུར་ཏེ་ཕྱི་རོལ་དག་དང་ནས་ནང་ལ་ཡང་། མངལ་ནས་སྐྱེས་པ་ཇི་ལྟ་བ་འདི་དེ་བཞིན་ཁོ་ན་དཀྱིལ་འཁོར་ལ་ནི་ངེས་པར་རབ་ཏུ་འགྱུར་ཞེས་པ་ནི་འདིར་མངལ་དུ་བྱིས་པའི་རྣམ་པར་ཤེས་པ་དང་ཡེ་ཤེས་དང་ཁུ་བ་དང་རྡུལ་མངལ་དུ་དག་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་སྟོན་པ་བཅོམ་ལྡན་འདས་དང་ལྷ་མོ་དུ་བ་མ་ལ་སོགས་པ་དང་སོགས་པའི་སྒྲས་ཆོས་ཀྱི་དུང་ལ་སོགས་པ་དང་བུམ་པ་བརྒྱད་དེ་འདི་རྣམས་ནི་དཀྱིལ་


DKG099_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་སྙིང་པོར་ལྷན་ཅིག་སྐྱེས་པའི་སྐུའོ། །དེ་ནས་བྱིས་པའི་ཕུང་པོ་དང་ཁམས་འབྱུང་བ་ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་སངས་རྒྱས་ལ་སོགས་པའོ། །དེ་ནས་བྱིས་པའི་སྐྱེ་མཆེད་འབྱུང་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངེས་པར་སྒྲ་རྡོ་རྗེ་མ་ལ་སོགས་པའོ། །དེ་ནས་བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་དང་སྐྲ་ལ་སོགས་པ་འབྱུང་བ་དང་བཙའ་བའི་དུས་སྦྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་བཞི་སྟེ་རིགས་ཀྱི་དབང་གིས་དཀྱིལ་འཁོར་གྱི་ནི་སྙིང་པོར་ཡང་དག་གནས་ཞེས་པ་ཐུགས་ཀྱི་དཀྱིལ་འཁོར་ལ་ཐུགས་ཀྱི་རིགས་ཀྱི་དབང་གིས་ཏེ་མངལ་དུ་རྣམ་པ་བཞིའི་ངེས་པའོ། །ད་ནི་ཕྱི་རོལ་དུ་རྣམ་པ་བཞི་གསུངས་པ་ཕྱི་རོལ་ཞེས་པ་ལ་སོགས་པ་སྟེ། འདིར་བྱིས་པ་སྐྱེས་པའི་ལྟེ་བ་ནས་སྲོག་འབྱུང་བ་ལྷན་ཅིག་སྐྱེས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ཕྱི་རོལ་དུ་གསུང་གི་དཀྱིལ་འཁོར་ལ་ཙཱ་མུཎྜཱ་ལ་སོགས་པ་ལྷ་མོ་བརྒྱད་པོ་འཁོར་དང་བཅས་པ་ཞེས་པ་ལྷ་མོ་དྲུག་ཅུ་རྩ་བཞི་དང་བཅས་པའོ། །འདིར་བྱིས་པའི་ལག་པ་དང་རྐང་པ་ལ་སོགས་པ་བསྐུམ་པ་དང་ཚིག་མི་གསལ་བ་ཆོས་ཀྱི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་བཅུ་གཉིས་ཏེ་སོགས་པའི་སྒྲས་ཤིང་རྟ་ལ་གནས་པའི་ལྷ་མོ་དྲུག་གོ། །འདིར་བྱིས་པའི་སོ་སྐྱེས་པ་དང་ཚིག་གསལ་བར་གྱུར་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་མཐའ་དག་གདེངས་ཅན་རིགས་སོ། །འདིར་བྱིས་པའི་སོ་ལྷུང་སྟེ་སླར་ཡང་སྐྱེས་པ་ནས་འཆི་བའི་བར་དུ་སྤྲུལ་པའི་སྐུ་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་གཏུམ་མོ་ཁྱི་གདོང་མ་ལ་སོགས་པ་འཁོར་དང་བཅས་པ་སྟེ་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་དང་བཅས་པ་ནི་སྤྲུལ་པའི་སྐུར་འགྱུར་མི་ཡི་བདག་པོ་སེམས་ཅན་ཀུན་གྱི་དོན་གྱི་སླད་དུའོ་ཞེས་པ་ཕྱི་རོལ་དུ་སྐུ་བཞི་རྣམ་པར་དག་པའི་ངེས་པའོ། །ད་ནི་སྐུ་བཞི་དང་རྡོ་རྗེ་བཞི་ཕན་ཚུན་དུ་སྦྱོར་བ་གསུངས་པ་སྐུ་པ་ཡི་ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པའི་གཟུགས་རྫོགས་པའི་སླད་དུ་ལྷན་ཅིག་སྐྱེས་པའི་སྐུ་དང་


DKG099_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་བཞིའི་བདག་ཉིད་ཀྱི་སྐུ་ཡི་རྡོ་རྗེ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངོ་། །དེ་བཞིན་དུ་བྱིས་པའི་བརྗོད་པའི་དོན་དུ་གསུང་རྡོ་རྗེ་དང་ཆོས་ཀྱི་སྐུ་ཟུང་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཆོས་སྟོན་པའི་དོན་དུ་དཀྱིལ་འཁོར་ལ་ཡང་ངོ་། །འདིར་བྱིས་པའི་བྱང་ཆུབ་སེམས་དང་ལོངས་སྤྱོད་རྫོགས་པའི་སྐུ་སེམས་ཅན་ཀུན་གྱི་དོན་བྱེད་པ་པོ་ཟུང་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་ཡང་ངོ་། །འདིར་བྱིས་པའི་ཡེ་ཤེས་ཞེས་པ་ནི་འཕོ་བའི་དུས་སུ་བདེ་བའོ། །སྤྲུལ་པའི་སྐུ་ཞེས་པ་ནི་ལོ་བཅུ་དྲུག་གི་མཚམས་སུ་ཁམས་ཡོངས་སུ་རྫོགས་པ་ཉིད་དོ། །ཟུང་དུ་འགྱུར་ཏེ་སྲོག་ཆགས་རྣམས་ལ་ཐར་པ་སྟེར་བ་ཉིད་དོ་ཞེས་པ་ལ་ཐར་པ་ནི་འདིར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་རྣམས་འཕོ་བའི་སྐད་ཅིག་སྟེ་དེ་སྟེར་བའི་ཕྱིར་ཐར་པ་སྟེར་བའོ། །སྲོག་ཆགས་རྣམས་ཀྱི་ཡེ་ཤེས་དང་སྤྲུལ་པའི་སྐུའི་མཚན་ཉིད་ཟུང་ཡིན་པ་ཇི་ལྟ་བ་དེ་བཞིན་དུ་དེའི་ཆོས་མི་མཐུན་པས་རྒྱུ་དང་འབྲས་བུའི་ཡན་ལག་བཅུ་གཉིས་འགགས་པ་ནི་ཐར་པ་སྟེར་བའོ་ཞེས་པ་སངས་རྒྱས་ཀྱི་ངེས་པའོ། །སླར་ཡང་སྐུ་བཞི་དང་རྡོ་རྗེ་བཞི་པོ་རྣམས་ཀྱི་ཤེས་རབ་ཐབས་ཀྱི་ལུས་དང་བསམ་པ་མཉམ་པ་དང་མི་མཉམ་རིགས་ཞེས་པ་ལ་མཉམ་པའི་རིགས་ནི་རྡུལ་ལས་བྱུང་བའི་ཁམས་ཀྱི་རིགས་དང་མི་མཉམ་པའི་རིགས་ནི་ཁུ་བ་ལས་བྱུང་བའི་ཁམས་ཀྱི་རིགས་ཏེ་ཉི་ཟླ་ཀ་སོགས་ཨ་སོགས་དང་རྣམ་གསུམ་སྲིད་པ་ལ་གནས་ཡེ་ཤེས་ཀྱི་དབྱེ་བ་དགའ་བ་ལ་སོགས་པ་དང་རྣམ་ཤེས་ཀྱི་དབྱེ་བ་སྐྱེ་མཆེད་བཅུ་གཉིས་ཀྱི་དབྱེ་བ་དག་གིས་རྣལ་འབྱོར་པ་ཡིས་མཐའ་དག་རིག་པར་བྱ་སྟེ་ནང་གི་ལེའུ་ལས་བྱིས་པ་ལ་ཇི་ལྟ་བ་དེ་བཞིན་དུ་ལྷའི་སྒྲུབ་ཐབས་ཀྱི་སྐྱེད་པའི་རིམ་པ་ལའོ། །དེ་ལྟར་ལྷའི་གཟུགས་རྫོགས་པའོ། །ད་ནི་སྐུ་དང་གསུང་དང་ཐུགས་ཀྱིས་བྱིན་གྱིས་བརླབ་པ་གསུངས་པ་རྡོ་རྗེ་ཞེས་པ་ལ་སོགས་པ་སྟེ་འདིར་བྱིས་པ་སྐྱེས་པའི་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པ་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་དཔྲལ་བ་དང་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བ་


DKG099_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཙུག་ཏོར་ལ་ཨོྃ་ཨཱཿཧུྃ་ཧོ་སྭཱ་ཧཱ་སྟེ་འདི་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ཡན་ལག་ནི་བྱིས་པ་མས་འཁྲུ་བར་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་རབ་མཆོག་རྒྱལ་བའི་བདག་པོའི་ལྷ་མོ་རྣམས་ཀྱིས་ཞེས་པ་རྣལ་འབྱོར་མ་རྣམས་ཀྱིས་བཀྲུ་བར་བྱའོ། །འདིར་བྱིན་གྱིས་བརླབ་པ་ནི་དཔྲལ་བར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨོྃ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་སྐུ་རྡོ་རྗེ་ཁ་དོག་དཀར་པོ་ཞལ་གསུམ་པ་རྩ་བ་དཀར་པོ་གཡོན་དམར་པོ་གཡས་ནག་པོ་ཕྱག་དྲུག་པ་གཡས་པ་ན་འཁོར་ལོ་དང་རྡོ་རྗེ་དང་པདྨ་འཛིན་པ་གཡོན་ན་རལ་གྲི་དང་དྲིལ་བུ་དང་ནོར་བུ་འཛིན་པ་ཤེས་རབ་དང་བཅས་པ་རྫོགས་པར་བྱ་སྟེ་དེ་ནས་དཔྲལ་བ་ལས་སྤྲོས་ནས་དེས་ནམ་མཁའི་ཁམས་ཀུན་ནས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །སྐུ་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས་སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ་སྐུའི་རྡོ་རྗེ་འཛིན་པ་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ་དེ་ནས་སྐུའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་མངོན་པར་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་དབང་བསྐུར་བར་གྱུར་པ་ལ་བྱིན་གྱིས་བརླབ་པར་བྱ་སྟེ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་ལ་སྐུ་རྡོ་རྗེ་རབ་ཏུ་བཅུག་ནས་འདི་བརྗོད་པར་བྱའོ། །དཔལ་ལྡན་སྐུ་ཡི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །སྐུ་ཡི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཅེས་པ་སྟེ་སྐུ་བྱིན་གྱིས་བརླབ་པའོ། །དེ་བཞིན་དུ་མགྲིན་པར་ར་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེ་ཡོངས་སུ་གྱུར་པ་ལས་གསུང་རྡོ་རྗེ་ཤེས་རབ་དང་བཅས་པ་དམར་པོ་ཞལ་དམར་པོ་དང་དཀར་པོ་དང་ནག་


DKG099_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཡས་ན་པདྨ་དང་རྡོ་རྗེ་དང་འཁོར་ལོ་འཛིན་པ་གཡོན་ན་ནོར་བུ་དང་དྲིལ་བུ་དང་རལ་གྲི་འཛིན་པ་སྤྲོས་ཏེ། དེས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །གསུང་རྡོ་རྗེ་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས། །སླར་ཡང་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ་གསུང་གི་རྡོ་རྗེ་ཅན་གྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། དེ་ནས་གསུང་གི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདུད་རྩིའི་བུམ་པས་བདག་ཉིད་ལ་དབང་བསྐུར་བར་བསྒོམ་པར་བྱའོ། །དེ་ནས་གསུང་བྱིན་གྱིས་བརླབ་པར་བྱ་སྟེ། གསུང་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་རྣམ་པར་བཀོད་ནས་འདི་བརྗོད་པར་བྱའོ། །དཔལ་ལྡན་གསུང་གི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །གསུང་གི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཅེས་པ་སྟེ་གསུང་བྱིན་གྱིས་བརླབ་པའོ། །ཐུགས་བྱིན་གྱིས་བརླབ་པ་ནི་སྙིང་གར་ཐིག་ལེ་ཡོངས་སུ་གྱུར་པ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་ཁ་དོག་མཐོན་མཐིང་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པའོ། །དེ་ཡོངས་སུ་གྱུར་པ་ལས་ཐུགས་རྡོ་རྗེ་ཤེས་རབ་དང་བཅས་པ་ནག་པོ་ཞལ་ནག་པོ་དང་དམར་པོ་དང་དཀར་པོ་གཡས་ན་རྡོ་རྗེ་དང་འཁོར་ལོ་དང་པདྨ་འཛིན་པ་གཡོན་ན་དྲིལ་བུ་དང་རལ་གྲི་དང་ནོར་བུ་འཛིན་པ་སྤྲོས་ཏེ། དེས་ནམ་མཁའི་ཁམས་ཡོངས་སུ་གང་བར་བསྒོམ་པར་བྱའོ། །ཐུགས་རྡོ་རྗེས་གདུལ་བར་བྱ་བའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་མཛད་ནས་སླར་ལོག་སྟེ་བདག་ཉིད་ཀྱི་མདུན་དུ་ཡང་དག་པར་བཀོད་ལ་ཐུགས་རྡོ་རྗེ་ཅན་གྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། དེ་ནས་ཐུགས་རྡོ་རྗེའི་རིགས་ཀྱི་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་དབང་བསྐུར་བར་བསྒོམས་ནས་བྱིན་གྱིས་བརླབ་པར་བྱ་སྟེ། ཐུགས་རྡོ་རྗེ་སྒྲ་གཅན་གྱི་དཀྱིལ་འཁོར་ལ་བཀོད་ནས་


DKG099_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བརྗོད་པར་བྱའོ། །དཔལ་ལྡན་ཐུགས་ཀྱི་རྡོ་རྗེ་འཛིན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །ཐུགས་ཀྱི་རྡོ་རྗེ་ཅན་གྱི་ནི། །བྱིན་བརླབས་གནས་སུ་དེང་བདག་མཛོད་ཅེས་པའོ། །དེ་ལྟར་ཐུགས་བྱིན་གྱིས་བརླབ་པ་བྱས་ཏེ། དེ་ནས་གཅིག་པ་ཉིད་ཀྱིས། ཨོྃ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སྭ་བྷཱ་བ་ཨཱཏྤ་ཀོ྅་ཧཾ་ཞེས་པའི་ང་རྒྱལ་རྣལ་འབྱོར་པས་གཟུང་བར་བྱའོ་ཞེས་པ་ངེས་པའོ། །དེ་བཞིན་དུ་ཤེས་རབ་ཀྱི་ལྟེ་བར་ཧོ་ཡིག་གིས་སོ། །གསང་བར་སྭཱ་ཡིག་གིས་སོ། །གཙུག་ཏོར་ལ་ཧཱ་ཡིག་གིས་སོ། །ཁུ་བའི་ཆོས་ལས་ཐབས་རིགས་གསུམ་དང་རྡུལ་དང་ཁུ་བའི་ཆོས་ལས་ཤེས་རབ་རིགས་དྲུག་གོ། གསོལ་བ་གདབ་པ་གཞན་ནི་དབང་གི་ལེའུ་ལས་གསུངས་པའི་ཆོ་གས་བྱའོ། །དེར་མ་གསུངས་པ་གང་ཡིན་པ་དེ་ཐམས་ཅད་ཆོ་ག་འདིས་བྱའོ་ཞེས་པ་ནི་ངེས་པའོ། །ད་ནི་སྟོང་པ་ལ་སོགས་པའི་ང་རྒྱལ་གྱི་གནས་རྣམས་གསུངས་པ་སྟོང་པ་ཞེས་པ་ལ་སོགས་པ་སྟེ་འདིར་སེམས་ཅན་ཐམས་ཅད་ཤི་བའི་མཐར་ཤི་བའི་མཐའི་ཕུང་པོ་རྣམས་སྟོང་པ་ཉིད་དུ་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་མིའི་ཕུང་པོའི་ང་རྒྱལ་ཡོངས་སུ་སྤང་བའི་དོན་དང་ལྷའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་དོན་དུ་ཨོྃ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་པ་ནི་ངེས་པའོ། །འདིར་ཉེ་བར་བསྐྱེད་པའི་ཆ་ཤས་ཅན་གྱི་ཕུང་པོ་ལྔས་མངལ་དུ་བྱིས་པའི་ལུས་རྫོགས་པ་ཇི་ལྟ་བ་དེ་བཞིན་དུ་དཀྱིལ་འཁོར་ལ་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པ་ལྔས་ལྷའི་སྐུ་རྫོགས་པའོ། །དེ་ལ་ང་རྒྱལ་ནི་ཨོྃ་སུ་བི་ཤུད་དྷ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་པ་ངེས་པ་སྟེ་དེ་ལྟར་སྟོང་པ་དང་ཆོས་ཀྱི་དབྱིངས་ཀྱི་དུས་དང་རྡོ་རྗེ་གསུམ་གྱི་དུས་དང་དེ་བཞིན་དུ་འཆད་པར་འགྱུར་བའི་ཡེ་ཤེས་མཆོད་པ་རྗེས་སུ་ཆགས་པ་ལ་སྟེ་འདིར་བྱིས་པའི་རྣ་བ་འབིགས་པ་ལ་སོགས་པས་ལོ་བཅུ་དྲུག་གི་མཚམས་སུ་བག་མ་ལེན་པ་ན་ལག་པ་འཛིན་པ་དང་ཡེ་ཤེས་མཆོད་པའི་རྗེས་


DKG099_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཆགས་པ་ཇི་ལྟ་བ་བཞིན་ནོ། །དེ་ལྟར་དེའི་དུས་སུ་ཏཏ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་པར་བྱ་སྟེ་འདིར་སྐྱེད་པའི་རིམ་པ་ལ་བཅོམ་ལྡན་འདས་ཀྱི་ངེས་པའོ། །ད་ནི་ལྷའི་རྣམ་པར་དག་པས་འཁོར་ལོ་ཐམས་ཅད་ཀྱི་རྩ་རྣམས་གསུངས་པ་བུམ་པ་ཞེས་པ་ལ་སོགས་པ་སྟེ་འདིར་བུམ་པ་རྣམས་དང་ལྷན་ཅིག་དུ་བ་ལ་སོགས་པ་བརྒྱད་པོ་རྣམས་ཀྱིས་སྙིང་གའི་འཁོར་ལོ་རྩིབས་བརྒྱད་པ་དག་པ་སྟེ་དེ་ཉིད་ཆོས་ཀྱི་འཁོར་ལོའོ། །རིག་མ་སྤྱན་མ་ལ་སོགས་པ་བཞི་དང་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་བཞི་སྟེ་བརྒྱད་པོ་འདི་རྣམས་ལུས་དང་བསམ་པའི་དབྱེ་བས་བཅུ་དྲུག་པོ་རྣམས་ཀྱིས་མགོ་བོར་འཁོར་ལོ་རྩིབས་བཅུ་དྲུག་པ་དག་པ་སྟེ་དེ་ཉིད་ལྷན་ཅིག་སྐྱེས་པར་རབ་ཏུ་གྲགས་སོ། །མ་གསུངས་པ་ཉིད་ལས་ཆོས་ཀྱི་དུང་དང་ཡིད་བཞིན་གྱི་ནོར་བུ་དང་ཆོས་ཀྱི་གཎྜཱི་དང་དཔག་བསམ་གྱི་ཤིང་སྟེ་བཞི་པོ་རྣམས་ཀྱིས་གཙུག་ཏོར་གྱི་འཁོར་ལོ་དག་པའོ། །བྱང་ཆུབ་སེམས་དཔའ་ལ་སོགས་ཞེས་པ་སྐྱེ་མཆེད་བཅུ་གཉིས་དང་ཁྲོ་བོ་བཞི་སྟེ་བཅུ་དྲུག་པོ་རྣམས་ཤེས་རབ་དང་ཐབས་ཀྱི་དབྱེ་བས་སུམ་ཅུ་རྩ་གཉིས་ཏེ། ཉིས་འགྱུར་མི་བདག་ཅེས་པ་སུམ་ཅུ་རྩ་གཉིས་རྣམས་ཀྱིས་མགྲིན་པར་ལོངས་སྤྱོད་རྫོགས་པའི་འཁོར་ལོ་རྩིབས་སུམ་ཅུ་རྩ་གཉིས་པ་དག་པའོ། །འཇིགས་མ་ལ་སོགས་ནོར་ལ་གདེངས་ཅན་གྱིས་ནི་བསྒྱུར་བ་ཞེས་པ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱིས་ལྟེ་བར་སྤྲུལ་པའི་འཁོར་ལོ་རྩིབས་དྲུག་ཅུ་རྩ་བཞི་པ་དག་པའོ། །དེ་བཞིན་དུ་ཙཱ་མུ་ཎྜཱ་ལ་སོགས་པ་བརྒྱད་དང་སྒེག་མོ་ལ་སོགས་པ་བརྒྱད་ཀྱིས་གསང་བའི་འཁོར་ལོ་དག་པའོ། །ལག་པ་དང་རྐང་པའི་ཚིགས་བཅུ་གཉིས་པོ་རྣམས་ལ་ལྷ་སུམ་བརྒྱ་དྲུག་ཅུ་པོ་རྣམས་ཀྱིས་ལས་ཀྱི་འཁོར་ལོ་དག་པའོ། །ཀླུ་དང་གཏུམ་མོ་བཅུ་དྲུག་པོ་འདི་རྣམས་ཀྱི་ལུས་དང་བསམ་པའི་དབྱེ་བས་སོར་མོའི་ཚིགས་ཀྱི་མཚམས་རྣམས་ལ་བྱ་བ་ཞེས་བྱ་བའི་འཁོར་ལོ་དག་པ་སྟེ་འཁོར་ལོ་དག་པའི་ངེས་པའོ། །ད་ནི་གཙོ་བོ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གཞན་གསུངས་པ་དུས་ཀྱི་ཞེས་པ་ལ་སོགས་པ་སྟེ། འདིར་ཕྱི་རོལ་དུ་དུས་དང་ནང་དུ་ཆུ་སྲིན་ལ་སོགས་པ་ཁྱིམ་གྱི་འཁོར་ལོ་ཡན་ལག་བཅུ་གཉིས་ཀྱི་བདག་ཉིད་ནི་རྒྱུ་དང་


DKG099_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུའི་བདག་ཉིད་དེ་དེ་ལ་ལྔ་ནི་རྒྱུའི་ཆོས་སོ། །བདུན་ནི་འབྲས་བུའི་ཆོས་སོ། །རྒྱུའི་ཆོས་ནི་ཉོན་མོངས་པ་དང་ལས་ཀྱི་བདག་ཉིད་དོ། །འབྲས་བུའི་ཆོས་ནི་སྡུག་བསྔལ་གྱི་བདག་ཉིད་དེ་འཇིག་རྟེན་ཁམས་ཀྱི་ལེའུར་གསུངས་སོ། །རྒྱུ་དང་འབྲས་བུའི་ཆོས་དེ་རྣམས་ཀྱི་དག་པ་ནི་དུས་ཀྱི་དག་པ་སྟེ་རྒྱུ་དང་འབྲས་བུ་འགགས་པའི་དག་པས་རྡོ་རྗེ་ཅན་ཏེ་དཀྱིལ་འཁོར་གྱི་དབང་པོ་དུས་ཀྱི་འཁོར་ལོ་རྣམ་པར་དག་པའོ། །ལོ་དང་ཟླ་བ་ལ་སོགས་དབྱེ་བས་སོ་ཞེས་པ་ནི་འཆད་པར་འགྱུར་བ་ལས་བརྗོད་པར་བྱའོ། །སེམས་ཀྱི་རྣམ་པ་ནི་རྣམ་པར་དག་པའི་སེམས་སོ། །ཉི་མ་སྟེ་འཁོར་བའི་སེམས་ཀྱི་མཚན་ཉིད་སྲོག་ལ་ཞོན་པའི་རྣམ་པར་ཤེས་པའི་ཕུང་པོ་ནི་མ་ཡིན་ནོ། །ཉིན་ཞག་སོ་སོའི་དབང་གིས་སྣ་ཚོགས་ཡུམ་ཤེས་རབ་མ་རྣམ་པར་དག་པ་སྟེ་འདིར་ལོ་ལ་ཟླ་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་ཇི་ལྟ་བ་དེ་བཞིན་དུ་ཉིན་ཞག་སོ་སོ་ལ་འཆར་བའི་དབྱེ་བས་དུས་སྦྱོར་བཅུ་གཉིས་སོ། །དེ་བཞིན་དུ་ཡན་ལག་བཅུ་གཉིས་འགགས་པས་ཤེས་རབ་མའང་དག་པའོ། །འདིར་ཐེག་པ་གསུམ་ལ་རྒྱས་གདབ་པ་ནི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་ཡེ་དྷརྨཱཿའོ། །ལྷ་རྣམས་ཀྱི་རྒྱས་གདབ་པ་ནི་སངས་རྒྱས་སོ། །དགེ་འདུན་རྣམ་པ་བཞིའི་རྒྱས་གདབ་པ་ནི་དགེ་སློང་ངོ་། །དེ་བཞིན་དུ་དགེ་སློང་སྔོན་དུ་འགྲོ་བ་ནི་དགེ་འདུན་ནོ། །ཡེ་དྷརྨཱཿསྔོན་དུ་འགྲོ་བ་ནི་ཆོས་སོ། །སངས་རྒྱས་སྔོན་དུ་འགྲོ་བ་ནི་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་དང་ལྷའི་ཚོགས་སོ། །དེ་བཞིན་དུ་དཀྱིལ་འཁོར་ལ་གཙོ་བོ་ནི་བསམ་དུ་མེད་པའི་ཐུགས་རྡོ་རྗེ་སྟེ་གཙོ་མོ་ནི་སྟོང་པ་ཉིད་དང་ཡེ་ཤེས་ཀྱི་ཆོས་ཅན་མ་སྣ་ཚོགས་ཡུམ་མོ་ཞེས་པ་རིགས་པའོ། །ད་ནི་དུ་བ་ལ་སོགས་པ་རྣམས་ཀྱི་རྣམ་པར་དག་པ་གསུངས་པ་རླུང་ཞེས་པ་ལ་སོགས་པ་སྟེ་འདིར་སྙིང་གའི་པདྨར་མཉམ་གནས་ལ་སོགས་པའི་རླུང་རྣམས་ཀྱི་རྟེན་དུ་གྱུར་བའི་རྩ་བརྒྱད་དེ་དེ་རྣམས་ཀྱིས་དུ་བ་ལ་སོགས་པའི་ལྷ་མོ་ནག་མོ་འབར་མའི་མཐར་ཐུག་པ་རྣམས་དག་པའོ། །ཨ་བ་དྷཱུ་ཏཱི་དང་དུང་ཅན་མ་དག་གིས་ཆ་དང་ཐིག་ལེའི་གཟུགས་ཅན་མ་དག་སྟེ་རླུང་བཅུ་འགགས་པས་དག་པའོ། །ཉོན་མོངས་པ་བཞི་ཟད་པས་ཞབས་


DKG099_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་འོག་ཏུ་དྲག་པོ་དག་པའོ། །བདུད་ཀྱི་ཚོགས་ཟད་པས་ཞབས་གཡས་པའི་འོག་ཏུ་བདུད་དག་པའོ། །ལུས་ཀྱི་སྒྲིབ་པ་ཟད་པས་དུང་དག་པའོ། །ངག་གི་སྒྲིབ་པ་ཟད་པས་གཎྜཱི་དག་པའོ། །སེམས་ཀྱི་སྒྲིབ་པ་ཟད་པས་ནོར་བུ་དག་པའོ། །ཡེ་ཤེས་ཀྱི་སྒྲིབ་པ་ཟད་པས་དཔག་བསམ་གྱི་ཤིང་དག་པ་སྟེ་སྐུའི་རྡོ་རྗེ་ལ་སོགས་ཀྱིས་སོ། །བུམ་པ་བརྒྱད་ནི་བདུད་རྩིའི་ཡན་ལག་གིས་ཞེས་པ་ནི་འདིར་རྐང་འགགས་པས་བུམ་པ་གཉིས་དག་པ་སྟེ་གཡོན་དང་གཡས་ཀྱི་དབྱེ་བས་སོ། །དེ་ལྟར་ཐམས་ཅད་དུ་གཡོན་དང་གཡས་ཀྱི་དབྱེ་བས་རིག་པར་བྱའོ། །དེ་བཞིན་དུ་ཁྲག་འགགས་པས་བུམ་པ་གཉིས་དང་དེ་བཞིན་དུ་གཅི་བ་མི་འཛག་པས་བུམ་པ་གཉིས་དང་དེ་བཞིན་དུ་བཤང་བ་མི་འཛག་པས་བུམ་པ་གཉིས་དང་དེ་བཞིན་དུ་ཁུ་བ་མི་འཛག་པས་རྒྱལ་བའི་བུམ་པ་དང་རྡུལ་མི་འཛག་པས་རྣམ་པར་རྒྱལ་བའི་བུམ་པ་སྟེ་བུམ་པ་བརྒྱད་དང་གཉིས་སམ་ཐོད་པ་རྣམས་དག་པའོ། །ད་ནི་སངས་རྒྱས་རྣམས་ཀྱི་དག་པ་གསུངས་ཏེ་འདིར་ཀུན་རྫོབ་ཀྱི་ཆོས་འགགས་པར་གྱུར་པ་ན་འདུ་བྱེད་གཞན་ལ་སོགས་པ་དེ་རྣམས་སོ། །དེས་ན་རྣམ་པར་དག་པའི་འདུ་བྱེད་ནི་དོན་ཡོད་གྲུབ་པ་སྟེ་འདུ་བྱེད་ཀྱི་སྒྲིབ་པ་ཟད་པས་སོ། །ཚོར་བ་ནི་དྲི་མེད་ནོར་བུའི་ཕྱག་ཅེས་པ་རིན་ཆེན་འབྱུང་ལྡན་ཏེ་དང་ཡིག་ནི་སྡུད་པའི་དོན་ཏོ། །དེ་བཞིན་དུ་འདུ་ཤེས་ནི་སྣང་བ་མཐའ་ཡས་སོ། །གཟུགས་ཀྱི་ཕུང་པོ་ནི་འཁོར་ལོ་ཅན་ཞེས་པ་རྣམ་པར་སྣང་མཛད་དོ། །སླར་ཡང་མི་བསྐྱོད་པ་ལ་སོགས་པ་འདི་རྣམས་ནི་རི་བོང་ཅན་ཞེས་པ་ཁུ་བ་དང་སྟོབས་ཞེས་པ་ཤ་དང་ཁྲག་དང་གཅི་བ་དང་བཤང་བ་སྟེ་འདི་རྣམས་རྣམ་པར་དག་ཅིང་སྒྲིབ་པ་མེད་པས་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་ལྔ་རྣམ་པར་དག་པར་འགྱུར་རོ། །དེ་བཞིན་དུ་ལྷ་མོ་དྲུག་ཅེས་པ་སྣ་ཚོགས་ཡུམ་དང་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་སྒྲོལ་མ་དང་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མ་སྟེ་ཁམས་རྣམས་ཀྱིས་ཞེས་པ་ཡེ་ཤེས་དང་ནམ་མཁའ་དང་རླུང་དང་མེ་དང་ཆུ་དང་སའི་ཁམས་རྣམས་འགགས་པས་ཁམས་གཞན་དེ་རྣམས་རྣམ་པར་དག་པར་འགྱུར་རོ། །ཡུལ་དང་ཡུལ་ཅན་རྣམས་ཀྱིས་ཞེས་པ་གཟུགས་ལ་སོགས་པ་ཡུལ་དྲུག་དང་


DKG099_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་སོགས་པ་ཡུལ་ཅན་རྣམ་པར་དག་པ་རྣམས་ཀྱིས་གཟུགས་གཞན་ལ་སོགས་པ་དེ་རྣམས་དང་མིག་གཞན་ལ་སོགས་པ་དེ་རྣམས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་ས་ཡི་སྙིང་པོ་ལ་སོགས་པ་སྟེ་བྱང་ཆུབ་སེམས་དཔའ་ཕྱག་རྒྱར་བཅས་པ་དག་པའོ། །ཁྲོ་བོ་ལྔ་ནི་སྟོབས་རྣམས་ཀྱིས་ཞེས་པ་དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་དྲན་པའི་སྟོབས་དང་ཏིང་ངེ་འཛིན་གྱི་སྟོབས་དང་ཤེས་རབ་ཀྱི་སྟོབས་ཏེ་དད་པ་མེད་པ་དང་བརྩོན་འགྲུས་མེད་པ་དང་དྲན་པ་མེད་པ་དང་ཏིང་ངེ་འཛིན་མེད་པ་དང་ཤེས་རབ་མེད་པའི་སྒྲིབ་པ་ཟད་པས་དད་པ་ལ་སོགས་པའི་སྟོབས་རྣམས་སུ་འགྱུར་རོ། །སྟོབས་དེ་རྣམས་རྣམ་པར་དག་པ་ནི་གཙུག་ཏོར་དང་བགེགས་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་གཤིན་རྗེ་མཐར་བྱེད་དེ་ཁྲོ་བོའི་རྒྱལ་པོ་རྣམས་དག་པའོ། །ངེས་པར་སླར་ཡང་གཞན་པ་ཞེས་པ་གནོད་མཛེས་རྒྱལ་པོ་དང་དབྱུག་པ་སྔོན་པོ་དང་འདོད་པའི་རྒྱལ་པོ་དང་མི་གཡོ་བ་དང་སྟོབས་པོ་ཆེ་ནི་བྷ་ག་དང་ངག་དང་ལག་པ་དང་རྐང་པ་དང་བཤང་ལམ་གྱི་ལས་ཀྱི་དབང་པོ་ལྔ་པོ་རྣམས་ཀྱིས་ཏེ་ལས་ཀྱི་དབང་པོའི་བྱ་བ་རྣམས་ཀྱིས་དྲག་སྤྱན་མ་ལ་སོགས་པ་དང་ལྷན་ཅིག་ཡོངས་སུ་དག་པའོ། །ཙཱ་མུཎྜཱ་སོགས་ཐུན་བརྒྱད་ཀྱིས་ཏེ་པདྨའི་འདབ་མར་གནས་པ་འཇིགས་མ་ལ་སོགས་པ་རྣམས་ཉི་མའི་དུས་སྦྱོར་ཆུ་ཚོད་དྲུག་ཅུ་རྣམས་ཀྱིས་སོ། །བཞི་ནི་སྟོང་པའི་འདབ་མ་རྣམ་པར་དག་པས་སོ། །སྤྲུལ་པའི་འཁོར་ལོའི་སྒྲིབ་པ་ཟད་པས་ཙ་རྩི་ཀཱ་གཞན་ལ་སོགས་པ་དང་འཇིགས་མ་གཞན་ལ་སོགས་པའོ་ཞེས་པ་དག་པའོ། །ལྷ་མིན་ལ་སོགས་ཞེས་པ་བདེན་བྲལ་དང་རླུང་དང་མེ་དང་གདོང་དྲུག་དང་རྒྱ་མཚོ་དང་ཚོགས་ཀྱི་དབང་པོ་དང་བརྒྱ་བྱིན་དང་ཚངས་པ་དང་དྲག་པོ་དང་གནོད་སྦྱིན་དང་ཁྱབ་འཇུག་དང་གཤིན་རྗེ་རྣམས་ན་ནི་ག་བའི་ཟླ་བ་དང་ས་གའི་ཟླ་བ་དང་སྣྲོན་གྱི་ཟླ་བ་དང་ཆུ་སྟོད་ཀྱི་ཟླ་བ་དང་གྲོ་བཞིན་གྱི་ཟླ་བ་དང་ཁྲུམས་སྟོད་ཀྱི་ཟླ་བ་དང་ཐ་སྐར་གྱི་ཟླ་བ་དང་སྨིན་དྲུག་གི་ཟླ་བ་དང་མགོའི་ཟླ་བ་དང་རྒྱལ་གྱི་ཟླ་བ་དང་མཆུའི་ཟླ་བ་དང་དབོའི་ཟླ་བ་སྟེ་བཅུ་གཉིས་པོ་རྣམས་ཀྱི་སྒྲིབ་པ་ཟད་པས་དག་པའོ། །དེ་རྣམས་ཀྱི་པདྨའི་འདབ་མར་གནས་རྣམས་སྒེག་མོ་ལ་སོགས་པ་དང་ལྡན་པ་སུམ་བརྒྱ་དྲུག་ཅུ་ནི་ཆུ་ཚོད་དབུགས་ཀྱི་གྲངས་ཀྱི་ཉིན་ཞག་རྣམས་ཀྱིས་ཏེ་ཉིན་ཞག་སུམ་བརྒྱ་དྲུག་


DKG099_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཅུའི་སྒྲིབ་པ་ཟད་པས་དག་པ་ལྷ་གཞན་དེ་རྣམས་དང་འདབ་མའི་ལྷ་མོ་གཞན་དེ་རྣམས་སོ་ཞེས་པ་དག་པའོ། །གསང་བར་མི་བདག་ཉིས་འགྱུར་རྩ་རྣམས་ཀྱིས་ཀྱང་ཀླུ་རྣམས་དང་ནི་གཏུམ་མོ་རྣམས་ཀྱང་རྣམ་པར་དག །ཅེས་པ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ཉིས་འགྱུར་ཉིད་དོ། །དེ་བཞིན་འདོད་མ་ལ་སོགས་ཞེས་པ་ནི་འདིར་འདོད་མ་སུམ་ཅུ་རྩ་དྲུག་དང་ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་སྔར་གསུངས་པ་རྣམས་རང་བཞིན་ཡོན་ཏན་དབང་གིས་ལུས་ཀྱི་བྱ་བས་རྣམ་པར་དག་སྟེ་ལུས་ཀྱི་བྱ་བའི་སྒྲིབ་པ་ཟད་པས་འདོད་མ་གཞན་ལ་སོགས་པ་དེ་རྣམས་དག་པའོ། །སྐྲ་རྣམས་ཀྱིས་ནི་གྲུབ་པ་མཐའ་དག་གོ། །སྒྲིབ་པ་མེད་པའི་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཅས་པའི་གསུམ་པོ་རྣམས་ཀྱིས་དུར་ཁྲོད་དུ་འབྱུང་པོའི་ཚོགས་རྣམ་པར་དག་པ་སྟེ་དེ་ལྟར་གྲུབ་པ་གཞན་དེ་རྣམས་དང་འབྱུང་པོ་གཞན་དེ་རྣམས་སོ་ཞེས་པ་དག་པའོ། །དེ་ཉིད་ཉི་ཤུ་རྩ་བཞི་སྒྲིབ་པ་མེད་པ་རྣམས་ཀྱིས་གཙོ་བོའི་མཚོན་ཆ་རྡོ་རྗེ་ལ་སོགས་པ་རྣམས་དག་པ་སྟེ་རང་བཞིན་མེད་པའི་རྣམ་པ་ཉི་ཤུ་རྩ་བཞིའི་ཕྱིར་རོ། །རང་བཞིན་ཡོན་ཏན་དབང་གིས་ཞེས་པ་ལ་རང་བཞིན་ནི་ས་ལ་སོགས་པའི་ཁམས་ཀྱི་ཚོགས་སོ། །དེ་རྣམས་ཀྱི་ཡོན་ཏན་ནི་ཡུལ་དྲུག་སྟེ་དེ་རྣམས་ཀྱི་སྒྲིབ་པ་ཟད་པ་ལས་དྲི་གཞན་ལ་སོགས་པའི་ཁམས་རྣམས་ཀྱིས་ཕྱི་ཡི་ཕྱག་རྒྱ་དྲུག་རྣམ་པར་དག་པའོ། །རྡོ་རྗེས་ཞེས་པ་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་ཀྱི་རྡོ་རྗེ་སྟེ་སད་པ་དང་རྨི་ལམ་དང་ཤིན་ཏུ་གཉིད་ལོག་པ་དང་བཞི་པའི་མཚན་ཉིད་རྣམ་པར་དག་པ་རྣམས་ཀྱིས་སྒྲིབ་པ་མེད་པའི་ཕྱིར་ནང་གི་ཕྱག་རྒྱ་རྣམས་དག་པ་སྟེ་གཞན་སྐུའི་ཕྱག་རྒྱ་བཞི་པོ་དེ་རྣམས་རྣམ་པར་དག་པའོ། །རྡོ་རྗེ་འཛིན་པའི་ཐུགས་ཀར་ཞེས་པ་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཡང་དག་པར་གནས་པའོ། །དཔལ་ལྡན་རྡོ་རྗེ་ཅན་ནི་ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཏུ་འགྱུར་བ་མེད་པའོ། །སྣ་ཚོགས་ཡུམ་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་དུས་གསུམ་གཟིགས་པ་སྟེ་འཕོ་བའི་བདེ་བ་དང་བརྟགས་པའི་སྒྲིབ་པ་ཟད་པའི་ཕྱིར་རོ་ཞེས་པ་དག་པའོ། །རྣམ་གསུམ་སྲིད་གནས་ཞེས་པ་ནི་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཕུང་པོ་ལ་སོགས་པ་ཐམས་ཅད་རྣམ་པར་དག་པ་སྟེ་སྒྲིབ་པ་ཐམས་


DKG099_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཟད་པའི་ཕྱིར་རོ་ཞེས་པ་བཅོམ་ལྡན་འདས་ཀྱི་ངེས་པའོ། །དེ་ལྟར་སྲིད་པ་ཡོངས་སུ་ཤེས་པ་ནི་མྱ་ངན་ལས་འདས་པ་ཞེས་བརྗོད་དོ། །འདིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་སྟེ་དུས་གསུམ་གྱི་སྲིད་པ་གསུམ་ཇི་ལྟ་བར་གྱུར་པ་གཟིགས་པ་ནི་ཡོངས་སུ་ཤེས་པ་སྟེ་དེ་ཉིད་སྲིད་པ་སྟེ་དེ་ཉིད་སྲིད་པ་གསུམ་སྒྲིབ་པ་ཟད་པ་དང་རྒྱུ་དང་འབྲས་བུ་འགགས་པས་རྫོགས་པའི་སངས་རྒྱས་རྣམས་ལ་ཅིག་ཅར་དུ་འགྱུར་ཏེ་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་ཀྱི་སྟོབས་ཀྱིས་སོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་གསུམ་གྱི་སྲིད་པ་གསུམ་ཇི་ལྟ་བར་གྱུར་པ་ཅིག་ཅར་ཡོངས་སུ་ཤེས་པར་མི་འགྱུར་ཏེ། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་ཕྱིར་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྣམས་ལ་སྒྲིབ་པ་ཅུང་ཟད་ཙམ་གྱི་ཕྱིར་རོ། །དེ་བཞིན་དུ་ཁྲོ་བོའི་དབང་པོ་རྣམས་ཀྱང་ས་བཅུའི་དབང་ཕྱུག་ཉིད་དུ་གྲུབ་བོ། །ད་ནི་དག་པ་ལས་ཆོས་ཀྱི་སྐུ་ལ་སོགས་པ་འབྱུང་བ་གསུངས་པ་དཔལ་ལྡན་དག་པ་ལས་ཞེས་པ་ལ་སོགས་པ་སྟེ། འདིར་ཀུན་རྫོབ་ཀྱི་བདེན་པ་ལ་རྟེན་ཅིང་འབྲེལ་པར་འབྱུང་པའི་ཆོས་སྐད་ཅིག་མ་རྣམས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཏེ་སྲིད་པ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །འཁོར་བ་པ་རྣམས་ཀྱི་མ་རིག་པའི་བག་ཆགས་ལས་བཞི་པ་ལ་སོགས་པའི་གནས་སྐབས་བཞིར་འགྱུར་ཏེ་དེ་རྣམས་ལས་སྐུ་ཡི་རབ་ཏུ་དབྱེ་བས་ཡིད་ནི་རྣམ་པ་བཞི་རུ་གནས་སོ། །སྲོག་ཆགས་རྣམས་ཀྱི་ལུས་ལ་རྣམ་པ་བཞི་ནི་འདིར་སྐྱེ་བ་འཛིན་པའི་དུས་སུ་མངལ་དུ་འཇུག་པ་ན་ཁུ་བ་འཕོ་བའི་གནས་སྐབས་ན་བཞི་པ་སྟེ་དེ་ཡང་ཀུན་རྫོབ་ཏུ་བདེ་བ་ཆེན་པོ་ཞེས་བརྗོད་དོ། །དེ་ཉིད་ནི་ཤྲཱི་ཡིག་ལས་གཉིས་སུ་མེད་པའི་ཡེ་ཤེས་སོ། །ཀུན་རྫོབ་ཏུ་དག་པའི་སྐུ་སྟེ་ལྷན་ཅིག་སྐྱེས་པའི་སྐུའོ་ཞེས་པའི་དོན་ཏོ། །དེ་ལས་ཆོས་ཀྱི་སྐུ་ཤིན་ཏུ་གཉིད་ལོག་པའི་མཚན་ཉིད་དང་དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རྨི་ལམ་གྱི་མཚན་ཉིད་དང་དེ་ལས་སྤྲུལ་པའི་སྐུ་སད་པའི་མཚན་ཉིད་དང་ལུས་རྫོགས་ཏེ་སྲོག་


DKG099_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བའི་དུས་ནས་ཕྱི་རོལ་དུ་སླར་ཡང་རྣམ་པ་བཞིར་གསུངས་སོ། །དེ་བཞིན་དུ་དཀྱིལ་འཁོར་ལ་རྒྱལ་བའི་བདག་པོའི་སེམས་ཅན་ཀུན་དོན་བྱེད་པ་པོ་སྐུ་ཡི་དབྱེ་བར་འགྱུར་ཏེ་ཀུན་རྫོབ་ཀྱི་སྒྲིབ་པ་ཟད་པའི་ཕྱིར་རོ། །ཁམས་གསུམ་པ་གཞན་གྱི་སེམས་ཤེས་པ་དང་སྔོན་གྱི་གནས་རྗེས་སུ་དྲན་པ་ལ་སངས་རྒྱས་རྣམས་ཀྱི་ཐུགས་བཞུགས་ཏེ་སྲིད་པ་ཡོངས་སུ་ཤེས་པའི་ཕྱིར་རོ། །ད་ནི་སྐུ་བཞིའི་བྱ་བ་གསུངས་པ་སྤྲུལ་པར་ཞེས་པ་ལ་སོགས་པ་སྟེ་འདིར་འཁོར་བ་པ་རྣམས་ཀྱི་སྤྲུལ་པར་ཞེས་བསད་པའི་གནས་སྐབས་སུ་ཡིད་ནི་ལོངས་སྤྱོད་བྱེད་པ་པོར་རབ་ཏུ་འགྱུར་ཏེ་ལུས་དང་ངག་དང་དབང་པོས་ཡུལ་རྣམས་བྱེད་པར་གྱུར་པས་སོ། །ལོངས་སྤྱོད་རྫོགས་ལ་ཞེས་པ་རྨི་ལམ་གྱི་གནས་སྐབས་སུ་མ་མཐོང་བའི་ཡུལ་བེམས་པོ་མ་ཡིན་པ་རྣམས་ལ་སེམས་པར་འགྱུར་ཏེ་ཡོན་ཏན་དབང་གིས་ཞེས་པ་ཡུལ་གྱི་བག་ཆགས་ཀྱི་དབང་གིས་སོ། །ཆོས་ཀྱི་སྐུ་ལ་ཞེས་པ་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་སུ་གཉིད་དུ་འགྱུར་ཏེ་ཡིད་ནི་དབང་པོ་མེད་པར་འགྱུར་རོ་ཞེས་པའི་དོན་ཏོ། །དག་པ་ལ་ནི་ཞེས་པ་བཞི་པའི་གནས་སྐབས་སུ་བདེ་བར་རབ་ཏུ་འགྱུར་ཏེ་འདིར་ནི་ཉིན་མོའི་དུས་སམ་མཚན་མོའི་དུས་སུ་སྟེ་དུས་ནི་དུས་ཚོད་དོ། །དེའི་དུས་སུ་འཁྲིག་པ་བྱས་པ་ནི་ཐིག་ལེ་གྲོལ་བ་གསུམ་གྱི་མཐར་ལྷན་ཅིག་སྐྱེས་པའི་སྐད་ཅིག་གི་དུས་གཅིག་ན་བདེ་བ་ཆེན་པོར་རབ་ཏུ་འགྱུར་རོ་ཞེས་པ་ཀུན་རྫོབ་ཀྱི་དེ་ཉིད་གང་ཡིན་པ་དེའི་ཕྱིར་དེ་ནི་ཉིན་མཚན་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱའོ། །འགྱུར་མེད་དོན་དུའོ་ཞེས་པ་མི་འཕོ་བའི་སྐད་ཅིག་གི་དོན་དུ་སྟེ་འཆད་པར་འགྱུར་བའི་ཡན་ལག་དྲུག་གིས་སོ་ཞེས་པ་ངེས་པའོ། །དེ་ལྟར་སྒྲིབ་པ་དང་བཅས་པའི་ཆོས་འགགས་ན་སྒྲིབ་པ་མེད་པའི་ཆོས་སུ་འགྱུར་ཏེ་སྐྱེ་བ་དང་འཇིག་པ་དང་བྲལ་བའོ་ཞེས་པ་རིགས་པའོ། །ད་ནི་གཡོན་བརྐྱང་གི་སྟབས་ལ་སོགས་པའི་རྣམ་པར་དག་པ་གསུངས་པ་གཡོན་ཞེས་པ་ལ་སོགས་པ་སྟེ་འདིར་གང་གི་ཚེ་འཁོར་བ་པ་རྣམས་ཀྱི་གཡོན་གྱི་རྩ་ལ་སྲོག་རབ་ཏུ་རྒྱུ་བར་གྱུར་པ་དེའི་ཚེ་གཡས་ལ་སྐུམ་པར་འགྱུར་ཏེ་སྲོག་ཀྱང་སྔགས་ཀྱི་ལྷའོ། །དེས་ན་གཡོན་བརྐྱང་བ་དང་གཡས་བསྐུམ་པས་གཡོན་ལ་སྲོག་རབ་ཏུ་རྒྱུ་བ་གང་ཡིན་པ་དེར་འགྱུར་ཏེ་དེ་བཞིན་དུ་སྔགས་ཀྱི་ལྷའི་གཡས་བསྐུམ་པ་གང་ཡིན་པ་དེ་ནི་གཡོན་བརྐྱང་གི་སྟབས་སུ་བརྗོད་


DKG099_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །མཉམ་པའི་སྟབས་དང་གཞན་པ་གཡས་བརྐྱང་གི་སྟབས་ནི་གྲངས་བཞིན་དུ་སྟེ་མེའི་རྒྱུ་བ་ལས་ཞེས་པ་ཅིག་ཅར་རྩ་གཉིས་ལ་དབུ་མར་རྒྱུ་བས་མཉམ་པའི་སྟབས་སུ་འགྱུར་རོ། །ཉི་མའི་རྒྱུ་བ་ལས་ཞེས་པ་གཡས་ལ་རྒྱུ་བ་དང་གཡོན་བསྐུམ་པ་ལས་གཡས་བརྐྱང་གི་སྟབས་སུ་འགྱུར་རོ། །དེ་བཞིན་དུ་ས་གའི་སྟབས་དང་ཟླུམ་པོ་དང་རོལ་པའི་སྟབས་དང་པདྨའི་འདུག་སྟངས་དང་རྡོ་རྗེའི་འདུག་སྟངས་གང་ཡིན་པ་དེ་རྣམས་རིམ་པ་བཞིན་དུ་གཡོན་གྱི་རྩའམ་གཡས་ཀྱི་རྩལ་ནམ་མཁའ་སོགས་ལ་ཞེས་པ་སྟེ་ནམ་མཁའི་དཀྱིལ་འཁོར་ལ་སྲོག་རབ་ཏུ་རྒྱུ་བ་ནི་ས་གའི་སྟབས་དང་རླུང་གི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་ཟླུམ་པོའི་སྟབས་དང་མེའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རོལ་པའི་སྟབས་དང་ཆུའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་པདྨའི་འདུག་སྟངས་དང་སའི་དཀྱིལ་འཁོར་ལ་རབ་ཏུ་རྒྱུ་བ་ནི་རྡོ་རྗེའི་འདུག་སྟངས་ཏེ། དེ་ལྟར་མཉམ་དང་མི་མཉམ་བགྲོད་པ་དག་ལ་སྲོག་རླུང་རབ་ཏུ་རྒྱུ་བ་གང་ཡིན་པ་རྣམ་པ་ལྔའོ། །རྣམ་པར་དག་པ་དེས་ལྷ་རྣམས་ཀྱི་སྟབས་དང་འདུག་སྟངས་རྣམ་པར་དག་པར་འགྱུར་ཏེ་གཡོ་བ་མེད་པ་ལས་སོ་ཞེས་པ་ངེས་པའོ། །དེ་བཞིན་དུ་སྐྱེས་པའི་ངག་རྫོགས་པ་གཉིས་པའོ། །བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་ལས་སྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ་སྟེ་གསུམ་པའོ།། །།


previousསྲོག་དང་ལྷ་སྐྱེད་པའི་མདོར་བསྡུས་ཆེན་པོ།next