cover

རྒྱལ་དབང་དགེ་འདུན་གྲུབ་པའི་གསུང་འབུམ།

གླེགས་བམ། ཁ༽

རྒྱལ་དབང་དགེ་འདུན་གྲུབ།

Nitartha international
Images scanned by BDRC

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་སྨད་ཆ།


DLL1002_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་གསུངས་པའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བའི་སྨད་ཆ་བཞུགས་སོ།


DLL1002_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སོ་སོའི་མཚན་ཉིད་ལ་བཅུ་བཞི། བརྟུལ་ཞུགས་ལས་དང་ཡལ་འདོར་དང༌། །ཚངས་སྤྱོད་རྩེད་མོ་ཡོ་ལང་དང༌། །སྟན་དང་ལག་ལས་ཟ་བ་དང༌། །གོས་དང་སེར་སྣ་གནས་ཁང་དང༌། །སྡོམ་དང་རྒྱུ་བ་སྒྲུབ་པའི་ཚུལ། །ཞེས་པའོ། །དང་པོ་ལ་ལྟུང་བ་བཅུ་བདུན་ཡོད་པའི་མ་ལོན་པས་ཉེ་བར་འཇོག་པ་ནི། གང་ལ་མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་ལ་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པ་ཉིད་ལའོ། །གང་གིས་ཤེ་ན། དགེ་སློང་མ་བདག་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པར་མཁན་མོ་ཉིད་ཀྱིས་གཞན་རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །འཁོར་དང་འཁོར་མང་ཉེར་འཇོག་གི་ཐུན་མོང་བ་ནི། དགེ་སློང་མ་ལ་དགེ་སློང་མའི་དགེ་འདུན་གྱིས་འཁོར་ཉེ་བར་བཞག་པ་དང་འཁོར་མང་པོ་ཉེ་བར་བཞག་པའི་གནང་བ་སྦྱིན་པར་བྱའོ། །དེ་གཉིས་ཀྱི་ཁྱད་པར་ནི། གསུམ་མན་ཆད་འཁོར་དང་དེ་ཡན་ཆད་འཁོར་མང་ངོ༌། །དེ་དག་གི་ངོ་བོ་ནི། ཊཱིཀྐར། འཁོར་ཉེ་བར་བཞག་པ་ཞེས་བྱ་བ་ནི། རབ་ཏུ་འབྱིན་པ་དང་བསྙེན་པར་རྫོགས་པར་བྱེད་པ་དང༌། དགེ་སློང་མར་བྱེད་པ་དང་གནས་སྦྱིན་པ་ཞེས་བྱ་བ་རྣམ་པ་བཞི་པོ་དག་གིས་རིག་པར་བྱའོ་ཞེས་སོ། །གང་ལ་སྦྱིན་པར་བྱ་ཞེ་ན། འཁོར་དང་འཁོར་མང་པོ་དེ་ཉེ་བར་འཇོག་ནུས་པ་ལ་སྦྱིན་པར་བྱའོ། །ནུས་པ་ཐམས་ཅད་ལ་སྦྱིན་ནམ་ཞེ་ན། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་ལོན་པ་ཉིད་ལ་སྦྱིན་ནོ། །མི་ནུས་པ་དང་ལོ་བཅུ་གཉིས་ལོན་པ་ལས་གཞན་མ་ལོན་པ་གཞན་གྱིས་གནང་བ་དེ་གསོལ་བར་མི་བྱའོ། །གང་ལ་འཁོར་ཉེར་འཇོག་གི་ལྟུང་བྱེད་དུ་འགྱུར་ཞེ་ན། སྔར་འཁོར་ཉེར་འཇོག་གི་གནང་བ་དེ་དགེ་སློང་མའི་དགེ་འདུན་ལ་མ་ཐོབ་པ་ཉིད་ལ་ལྟུང་བྱེད་དུ་འགྱུར་རོ། །གང་བྱས་ན་འགྱུར་ཞེ་ན། རབ་བྱུང་བསྙེན་རྫོགས་དང་དགེ་སློབ་མ་དང་གནས་སྦྱིན་པ་སོགས་ཀྱི་སྒོ་ནས་འཁོར་


DLL1002_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་འཇོག་ནའོ། །འཁོར་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །གང་ལ་འཁོར་མང་ཉེར་འཇོག་གི་ལྟུང་བྱེད་དུ་འགྱུར་ཞེ་ན། ཅིག་ཤོས་འཁོར་མང་པོ་འཇོག་པའི་ལྟུང་བྱེད་ནི། སྔར་འཁོར་མང་པོ་འཇོག་པའི་གནང་བ་མ་ཐོབ་པར་འཁོར་མང་པོ་འཇོག་ན་ལྟུང་བྱེད་དུ་འགྱུར། འཁོར་མང་པོ་ཉེ་བར་འཇོག་པའི་ལྟུང་བྱེད་དོ། །བཅུ་གཉིས་མ་ལོན་པ་ནི། གང་ལ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་མཁན་མོ་ཉིད་ཀྱིས་བུད་མེད་ཁྱིམ་སོ་བཟུང་བ་བཅུ་གཉིས་ཉིད་ཀྱི་མདུན་རོལ་ཏུ་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པར་ལྟུང་བྱེད་དོ། །གང་ལ་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་མཁན་མོ་ཉིད་ཀྱིས་བུད་མེད་ཁྱིམ་སོ་བཟུང་བ་ལས་གཞན་མ་བཟུང་བ་ནི་ལོ་ཉི་ཤུའི་མདུན་རོལ་ཏུ་བསྙེན་པར་རྫོགས་པར་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ། །གང་ལ་ཁྱིམ་སོ་བཟུང་བ་དང་མ་བཟུང་བའི་ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་སུ་འགྱུར་ཞེ་ན། བུད་མེད་ཁྱིམ་སོ་བཟུང་བ་དང་མ་བཟུང་བ་བསྙེན་པར་རྫོགས་པར་འདོད་པ་དགེ་སློབ་མའི་བསླབ་པ་མ་བྱིན་པ་གཉིས་དགེ་སློང་མས་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་ན། དེ་དང་དེའི་ལྟུང་བྱེད་དུ་འགྱུར་རོ། །ཚིགས་ལས་འདས་པའི་ལྟུང་བྱེད་གཉིས་སོ།། །།བསླབ་པ་ལ་མ་བསླབས་པ་ནི། གང་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློབ་མའི་སྡོམ་པ་བྱིན་ཀྱང་ལོ་གཉིས་སུ་དེ་ལ་མ་སྤྱད་པ་ལ་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ། །བསླབ་པ་ལ་མ་བསླབས་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དོ། །བསླབས་པ་མི་བྱེད་པ་ནི། གང་ལ་


DLL1002_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པ་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ལོ་གཉིས་སུ་དགེ་སློབ་མའི་བསླབ་པ་ལ་སྤྱད་པ་ཉིད་བསྙེན་པར་རྫོགས་པར་མི་བྱེད་པ་ལ་མཁན་མོ་ཉིད་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པ་ལ་བསླབས་པ་བསྙེན་པར་རྫོགས་པར་མི་བྱེད་པའི་ལྟུང་བྱེད་དོ། །ཆོས་འཚོང་བའི་ནི། གང་ལ་ཆོས་འཚོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་གལ་ཏེ་ཁོ་མོ་ལ་གོས་ལ་སོགས་པའི་ཡོ་བྱད་འདི་ལྟ་བུ་སྦྱིན་པ་ལྟ་ན། དེའི་ཕྱིར་ཁྱོད་བསྙེན་པར་རྗོགས་པར་བྱའོ་ཞེས་བསྙེན་པར་རྫོགས་པར་འདོད་པ་ལ་ཟེར་བ་ལ་ལྟུང་བྱེད་དུ་འགྱུར་རོ། །ཆོས་འཚོང་བའི་ལྟུང་བྱེད་དོ། །འདྲིད་པ་ནི། གང་ལ་འདྲིད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པ་མོ་ལ་རབ་ཏུ་འབྱུང་བ་དང་མཐུན་པའི་ཚིག་བསྟན་པའི་རྒྱུས་ཁྱིམ་པ་མོ་དེ་ཁྱིམ་རྒྱས་པར་བྱ་བ་སྤོང་དུ་བཅུག་ནས་སླར་དེ་རབ་ཏུ་མི་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འདྲིད་པའི་ལྟུང་བྱེད་དོ། །མང་པོ་གསོག་པ་ནི། གང་ལ་འཁོར་མང་པོ་གསོག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་ལོ་གང་ལ་གཞན་རབ་ཏུ་བྱུང་བའི་ལོ་དེའི་རྗེས་སུ་ལོ་གཉིས་པ་ལ་གཞན་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལོ་དེ་ཉིད་ལའང་གཉིས་པ་མི་རུང་ལ། ལོ་གསུམ་པ་སོགས་ལ་ལྟུང་བ་མེད་དོ། །འཁོར་མང་པོ་གསོག་པའི་ལྟུང་བྱེད་དོ། །མ་གནང་བ་སྡུད་པ་ནི། གང་ལ་མ་གནང་བ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བུད་མེད་ཁྱིམ་ཐབ་ཏུ་གྱུར་པའི་བདག་པོས་རབ་ཏུ་འབྱིན་པར་མ་གནང་བ་ཉིད་མཁན་མོ་ཉིད་ཀྱིས་རབ་ཏུ་འབྱིན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །མ་གནང་བ་སྡུད་པའི་ལྟུང་བྱེད་དོ། །སྐྱོན་ཅན་སྡུད་པ་བཞི་ནི། གང་ལ་སྐྱོན་ཅན་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བུད་


DLL1002_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བདག་པོ་ལས་འཁྲུལ་པ་མོ་ལོག་པར་སྤྱོད་པ་དང༌། སྦྲུམ་མ་དང༌། མྱ་ངན་གྱིས་གཟིར་བ་དང༌། རྩབ་ཀྲོལ་ཅན་མ་རུངས་མ་མཁན་མོ་ཉིད་ཀྱིས་བསྙེན་པར་རྫོགས་པར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར། སྐྱོན་ཅན་སྡུད་པ་ལས་གྱུར་པའི་ལྟུང་བྱེད་བཞིའོ། །གཉིས་པ་བརྟུལ་ཞུགས་ལེན་དུ་བཅུག་པ་ཡལ་བར་འདོར་བ་ནི། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་བྱས་པ་དག་ལ་གདམས་ངག་ལ་སོགས་པས་ཕན་མི་འདོགས་པ་དང༌། ཁྱིམ་ཐབ་ལ་སོགས་པའི་བར་ཆད་མཐོང་ན་མི་འདྲེན་པ་དང༌། དགེ་སློང་མའི་བསླབ་པ་ལ་མི་སློབ་པ་དང༌། ནད་པ་དག་ལ་ནད་གཡོག་མི་བྱེད་པའི་མཁན་མོ་ལ་ལྟུང་བྱེད་དུ་འགྱུར་རོ། །གནས་སྦྱིན་པའི་སློབ་དཔོན་ནམ་ཉེ་གནས་དང་བཅས་པས་ཀྱང་རང་ལ་གནས་བཅས་པའི་སློབ་མ་ནད་པ་དག་གི་ནད་གཡོག་མི་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཡལ་བར་འདོར་བ་ལས་གྱུར་བའི་ལྟུང་བྱེད་བཞིའོ། །གསུམ་པ་ཚངས་པར་སྤྱོད་པ་བསྲུང་བ་ལས་གྱུར་པ་ལ་སོ་ལྔ་ཡོད་པ་ལས། འདོད་པ་བསྟེན་པ་ནི། གང་ལ་འདོད་པ་བསྟེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མ་རང་གིས་རང་གི་བསྟེན་པར་བྱ་བ་གང་རུང་གི་ནང་དུ་རྒྱ་སྐྱེགས་ཀྱི་ཚིགས་མས་བསྐུས་པའི་ཆང་བུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྒྱ་སྐྱེགས་ཀྱི་ཆང་བུ་སྨོས་པ་ནི། རྫས་འཇམ་པོ་ཧ་ཅང་མི་ཕྲ་བའི་དཔེ་ཡིན་ནོ། །ཚད་སོར་གཉིས་ཡན་ཆད་དོ། །རང་གིས་ཞེས་སྨོས་པས་གཞན་འཇུག་ཏུ་བཅུག་ན་ཕམ་པ་དང་པོའི་སྦོམ་པོའོ། །ཕ་ལ་སྦོམ་པོའོ། །ཕྲན་ཚེགས་ནས་འབྱུང་བའི་བསླབ་བྱ་ནི། ཆུ་ཀླུང་གི་རྒྱུན་ལས་བཟློག་ཕྱོགས་སུ་མཚན་མ་གཏད་དེ་བཙལ་བར་མི་བྱའོ། །རང་གི་མངལ་གྱི་སྒོར་ཁུ་ཆུ་བརླུག་པར་མི་བྱའོ། །རྐེད་པ་ཕྲ་མོར་བྱ་བའི་ཕྱིར་རྐེད་བཅིངས་ཀྱིས་གློ་བཅིང་བར་མི་བྱའོ། །ནུ་མ་མི་འཕྱང་བར་བྱ་བའི་ཕྱིར་བྲང་བཅིངས་ཀྱིས་ནུ་མ་གཉིས་བཅིང་བར་མི་བྱའོ། །ནུ་མ་གཉིས་ཕན་ཚུན་མི་འབྱར་བར་བྱ་བའི་ཕྱིར་


DLL1002_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མཛེས་འགྱུར་གྱི་བར་ཆད་ཀྱིས་བར་དུ་བཅད་པར་མི་བྱའོ། །རྐེད་བཅིངས་ལ་སོགས་པ་གསུམ་པོ་དེ་དག་ནི་དཔེ་ཡིན་པས་རྫས་གང་ཡང་རུང་བས་གློ་བཅིང་བ་སོགས་མི་བྱའོ། །འདོད་པ་བསྟེན་པའི་ལྟུང་བྱེད་དོ། །བཅོས་པ་ནི། གང་ལ་འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རང་གིས་སོར་མོའི་ཚིགས་གཉིས་ལས་ལྷག་པས་མོ་མཚན་གྱི་ནང་འཁྲུ་བ་ལའོ། །སོར་གཉིས་ཙམ་གྱིས་འཁྲུ་བ་ལ་ཉེས་པ་མེད་དོ། །འདོད་པ་བསྟེན་པ་ལྟར་བཅོས་པའི་ལྟུང་བྱེད་དོ། །གནོད་པ་ནི། གང་ལ་འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། མོ་མཚན་དེ་ལ་ཆགས་པར་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལག་མཐིལ་གྱི་ཐལ་ལྕག་གིས་བསྣུན་པ་ལའོ། །འདོད་པ་བསྟེན་པ་ལྟར་གནོད་པའི་ལྟུང་བྱེད་དོ། །བརྟེན་པར་བྱ་བ་འཆོས་པ་ནི། གང་ལ་བརྟེན་པར་བྱ་བ་འཆོས་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། མོ་མཚན་དེ་ལས་སྤུ་འཐོག་པ་བྱེད་དམ་བྱེད་དུ་འཇུག་ན་ལྟུང་བྱེད་དུ་འགྱུར་རོ། །བརྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དོ། །བརྟེན་པའི་ལྟུང་བྱེད་བཅུ་གཅིག་ནི། གང་ལ་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཁྱིམ་པ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་བ་ལའོ། །དབེན་པ་སྐྱབས་ཡོད་ནི། རྩིག་པ་དང་སབ་མོ་དང་ཡོལ་བ་དང་ཐིབས་པོ་དང་མུན་པ་དག་གིས་ནི་དབེན་པ་སྐྱབས་ཡོད་དེ་ཉིད་འགྲུབ་བོ། །གང་ལ་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དབེན་པ་སྐྱབས་ཡོད་པ་ན་དགེ་སློང་དང་ལྷན་ཅིག་འགྲེང་བ་ལའོ། །གང་ལ་བླ་གབ་མེད་པ་ན་ཁྱིམ་པ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མ་བླ་གབ་མེད་པ་ན་སྔ་མ་ཁྱིམ་པ་དང་ལྷན་ཅིག་འགྲེང་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་ལ་བླ་གབ་མེད་པ་ན་དགེ་སློང་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཕྱི་མ་དགེ་སློང་དང་བླ་གབ་མེད་པར་འགྲེང་བ་ལ་ལྟུང་བྱེད་དུ་འགྱུར་


DLL1002_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །གསུམ་པོ་དེ་ལ་འདུག་པ་ལ་ཡང་ལྟུང་བྱེད་དུ་འགྱུར་ཏེ། ཚུལ་དེ་དག་ནི་ཆེས་ལྕི་བ་ཡིན་པའི་ཕྱིར་རོ། །དགེ་སློང་དེ་གྲོགས་དང་བཅས་པ་ཉིད་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་མ་དེ་ཁྲིམས་ཟླ་དང་བཅས་པ་ཡིན་ན་ལྟུང་བ་མེད་དོ། །དགེ་སློང་མས་མ་རེག་ཙམ་དུ་བསྙེན་ཏེ། ཁྱིམ་པའི་རྣ་བར་བཤུབ་ཅིང་ཚིག་དོན་ཡོད་མེད་གང་རུང་སྨྲ་བ་ལ་ལྟུང་བྱེད་དུ་འགྱུར། གློ་ནས་རྣ་བར་བཤུབ་ན་དཔུང་མགོའི་མཐའ་ལས་དང༌། མདུན་ནས་བཤུབ་ཅིང་སྨྲ་ན། སྙིང་ཁའི་རུས་པ་ལས་དང༌། རྒྱབ་ནས་བཤུབ་ཅིང་སྨྲ་ན་ཕྲག་པའི་ཕྱོགས་ལས་སྨྲ་བ་མོའི་ཀོས་སྐོ་འདས་པར་བསྙེན་པའོ། །གང་ལ་ཁྱིམ་པ་ལས་བཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཁྱིམ་པ་དེ་ལས་རྣ་བར་བཤུབ་པ་དེ་དག་སྨྲ་བ་དེ་དགེ་སློང་མས་ཉན་པ་ལ་ལྟུང་བྱེད་འགྱུར་རོ། །གང་ལ་དགེ་སློང་གི་རྣ་བར་བཤུབ་ཅིང་ཉན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་གི་རྣ་བར་བཤུབ་ཅིང་སྨྲ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་ལ་དགེ་སློང་ལས་རྣ་བར་བཤུབ་ཅིང་སྨྲ་བ་ཉན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་དེ་ལས་ཀྱང་རྣ་བར་བཤུབ་ཅིང་སྨྲ་བ་ཉན་ན་ལྟུང་བྱེད་དུ་འགྱུར་རོ། །གང་ལ་ཁྱིམ་པ་ལས་རིག་པ་ལེན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པ་ལས་རིག་པ་གང་རུང་ལེན་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་ལ་ཁྱིམ་པའི་ལས་རིག་པ་ཀློག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པ་དེ་ལས་རེག་པ་དེ་ཀློག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འདི་དྲུག་གི་མཐའ་དོན་གོ་བའོ། །གང་ལ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མ་ཉོན་མོངས་པ་ཅན་གྱི་སེམས་ཀྱི་སྒྱུ་ཐབས་ཀྱིས་རང་གི་ལུས་ཀྱི་རྨ་བཅིངས་ཤིང་སྐྱེས་པ་འགྲོལ་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །སྒྱུ་ཐབས་ཀྱིས་བུད་མེད་འགྲོལ་དུ་འཇུག་པ་ལ་ཉེས་བྱེས་སོ། །སྒྱུ་ཐབས་ལ་ལྟུང་བྱེད་དུ་བཞག་པ་དེའི་ཕྱིར་དམ་པའམ་ལྷོད་པའི་དོན་


DLL1002_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པ་ཉིད་ལ་ཉེས་པ་མེད་དོ། །ཉོན་མོངས་ཅན་གྱི་སེམས་ཀྱིས་ཕྱེད་འགྲོལ་དུ་བཅུག་ན་ཡང་ལྟུང་བྱེད་དོ། །ལན་དུ་མ་འགྲོལ་དུ་བཅུག་ན་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །རེག་པར་བྱ་བ་མིན་པ་དང་བསྟེན་པ་ལས་གྱུར་པའི་ལྟུང་བྱེད་བཅུ་གཅིག་གོ །གང་ལ་བུ་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། གཞན་གྱི་བུ་ཕོ་མོ་དང་མ་ནིང་གང་ཡང་རུང་བ་འཚོ་ཞིང་རྩེ་བ་ལ་སོགས་པས་བསྙེན་བཀུར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བུ་འཚོ་བའི་ལྟུང་བྱེད་དོ། །གང་ལ་ཁྱིམ་གཞན་དུ་མཚན་མོ་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཁྱིམ་བདག་ལ་མ་དྲིས་པར་ཁྱིམ་གཞན་དུ་མཚན་མོ་འདའ་བར་བྱེད་པ་ལའོ། །ཁྱིམ་བདག་དེ་བུད་མེད་ཀྱི་ཚིག་ལས་འདའ་མི་ནུས་ཤིང་དེ་ལ་རག་ལས་པ་ཡིན་ན་བུད་མེད་དེ་ལ་དྲིས་ན་ལྟུང་བ་མེད་དོ། །གང་ལ་མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྐྱེས་པ་ཡོད་པར་མི་ཤེས་པའི་ཕྱོགས་སུ་མཚན་མོ་མ་བརྟགས་པར་སྐྱབས་ཡོད་པར་འདའ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་ལ་མཚན་མོ་དགེེ་སློང་མ་གཞན་མེད་པར་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན་གཡོག་པའི་ཕྱོགས་གང་ཡང་རུང་བ་མཚོན་པའི་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བསླབ་པའི་གཞི་འདི་གསུམ་ལ་མཚན་མོ་མཐའི་སྐད་ཅིག་ལ་ལྟུང་བྱེད་དང་མདུན་རོལ་ཏུ་ཉེས་བྱས་སོ། །དགེ་སློང་མ་གཞན་དེ་མཚན་མོའི་གནས་སྐབས་སུ་ཤིའམ་བབས་སམ་ཡུལ་གཞན་དུ་སོང་བ་ལ་སོགས་པས་མེད་པ་ལ་ནི་གཅིག་པུ་གནས་ཁང་དུ་མཚན་མོ་འདའ་བར་བྱེད་པ་ལ་ལྟུང་བ་མེད་དོ། །གནོད་པར་འགྱུར་བའི་སྒོ་མ་བཅད་པའི་ལྟུང་བྱེད་གསུམ་མོ། །གང་ལ་ལོངས་སྤྱོད་ཅིང་གནས་པ་


DLL1002_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་དང་ཁྲི་གཅིག་ལ་ལྷན་ཅིག་ཤ་རེག་པ་དང་བཅས་ཤིང་མཚན་མོ་ཉལ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །དགེ་སློང་མ་ཅིག་ཤོས་དེ་དང་ངམ་གཉིས་ལ་སོགས་པ་དུ་མ་དང་ལྷན་ཅིག་ཉལ་ཡང་རུང་སྟེ་གཏུར་བུ་ལ་སོགས་པས་བར་དུ་བཅད་ཅིང་རེག་པའི་རོ་མི་མྱོང་བའི་དྲན་པ་ཉེ་བར་བཞག་སྟེ་ལུས་ཀྱི་རེག་པའི་རོ་མྱོང་བ་མེད་པར་ཁྲི་མི་འགུལ་བ་ཐ་མལ་པའམ་སྟན་ལ་ལྷན་ཅིག་ཉལ་བ་ལ་ནི་ལྟུང་བ་མེད་དོ། །མལ་སོ་སོར་བྱ་བའི་སྐབས་ཡོད་ན་ཁྲིའམ་སྟན་གཅིག་ལ་བར་བཅད་ནས་ཉལ་ཡང་ཉེས་བྱས་སོ། །ལོངས་སྤྱོད་ཅིང་གནས་པ་བཏང་བའི་ལྟུང་བྱེད་དོ། །བྱི་དོར་བྱེད་པའི་ལྟུང་བྱེད་བརྒྱད་ནི། གང་ལ་བྱི་དོར་བྱེད་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། རང་གི་ལུས་ཀྱི་བདག་རྫས་དང་འབྲུ་མར་ལས་གཞན་པས་དྲིལ་ཞིང་ཕྱི་བ་དགེ་སློང་མ་བྱེད་དུ་འཇུག་པ་དང༌། དགེ་སློབ་མ་བྱེད་དུ་འཇུག་པ་དང་དགེ་ཚུལ་མ་བྱེད་དུ་འཇུག་པ་དང༌། ཁྱིམ་པ་མོ་བྱེད་དུ་འཇུག་པ་དང་མུ་སྟེགས་མོ་བྱེད་དུ་འཇུག་པ་དང༌། རང་གི་ལུས་ལ་བུད་མེད་གཞན་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྫས་དྲི་ཞིམ་པོ་དག་གིས་རང་གི་ལུས་ལ་བསྐུས་པ་ལའོ། །འབྲུ་མར་གྱི་ཚིགས་མས་རང་ངམ་གཞན་གྱིས་རང་གི་ལུས་བསྐུས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་བརྒྱད་དོ། །གང་ལ་ཆུ་ལ་ལོངས་སྤྱོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བུད་མེད་དང་ལག་པ་སྦྲེལ་ཏེ་ཆུ་ལ་ཁྲུས་བྱེད་པ་ལ་ལྟེ་བར་སོན་ན་ལྟུང་བྱེད་དང་མདུན་རོལ་ཏུ་ཉེས་བྱས་སོ། །གང་ལ་འཆོས་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སྐྲ་བཅོས་པའི་ཕྱིར་པུ་ཤེལ་རྩེས་སྐྲ་ཤད་པ་དང་སོ་མངས་ཀྱིས་སྐྲ་ཤད་པ་དང༌། སྨྱུག་ཤད་ཀྱིས་སྐྲ་ཤད་པ་


DLL1002_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་དེ་གསུམ་ཆར་གྱིས་སྐྲ་ཤད་པ་དང༌། སྐྲ་བརྙན་སྐྲ་ཚབ་མགོ་ལ་བཀབ་པ་དང༌། རིན་པོ་ཆེ་ལས་བྱས་པའི་ཁྱིམ་པའི་རྒྱན་ཐོགས་པ་ལ་ལྟུང་བྱེད་དུ་འགྱུར་རོ། །འཆོས་པ་ལས་གྱུར་པའི་ལྟུང་བྱེད་དྲུག་གོ །བཞི་པ་རྩེད་མོ་ལས་གྱུར་པ་ནི། གང་ལ་རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡན་ལག་གང་ཡང་རུང་བས་བྲོ་བརྡུང་བ་ལའོ། །གླུ་ལེན་པ་དེའི་བསམ་པས་མགྲིན་སྒྱུར་གང་ཡང་རུང་བས་གླུ་ལེན་པ་ལའོ། །པི་ལྦང་ལ་སོགས་པའི་རོལ་མོ་རང་གིས་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །རྒྱགས་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །ལྔ་པ་ཡོ་ལང་ལས་གྱུར་པ་ནི། གང་ལ་ལོངས་འཆོས་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ལོངས་སྤྱོད་དུ་གྱུར་པའི་གདུགས་ཐོགས་པ་ལའོ། །ལོངས་སྤྱོད་དུ་གྱུར་པའི་མཆིལ་ལྷམ་གྱོན་པ་ལའོ། །དབྱར་ཁང་དང་མལ་སྟན་བསྲུང་བའི་ཕྱིར་ལྷམ་གྱོན་པ་ལ་ལྟུང་བ་མེད་དོ། །ཁྲི་ཚད་ཆུང་ངུའི་ཁྲིའུའི་བསྙེན་བཀུར་ཉམས་སུ་མྱོང་བར་བྱེད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ལོངས་འཆོས་པ་ཉིད་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །དྲུག་པ་སྟན་ལས་གྱུར་པ་ལ་གཉིས་ལས། ཐུགས་ཐུབ་བྱེད་པ་ནི་ཁྱིམ་པའི་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་སྟན་ལ་འདུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཐུགས་ཐུབ་ཏུ་ཕྱིས་སྣོན་བྱེད་པའི་ལྟུང་བྱེད་དོ། །ལོག་ཐབས་བྱེད་པ་ནི། ཁྱིམ་པ་མོ་ཆོས་ཉན་དུ་གཞུག་པའི་སྐབས་སུ་ཁྱིམ་པའི་སྟན་སྤྱད་པ་ཁྱིམ་པ་ལ་མ་སྦྲན་པར་བོར་ཏེ་འགྲོ་བ་ལ་ལྟུང་བྱེད་དུ་འགྱུར་རོ། །གང་གི་ཚེ་འགྱུར་ཞེ་ན། གནས་མལ་སྤངས་པའི་ཉེ་འཁོར་གྱི་མཐའ་འདོམ་བཞི་བཅུ་རྩ་དགུ་བཏང་བ་ལའོ། །ཁྱིམ་པ་ལ་ལོག་ཐབས་བྱེད་པའི་ལྟུང་བྱེད་དོ། །བདུན་པ་ལག་ལས་ལས་གྱུར་པའི་ལྟུང་བྱེད་ལྔ་ལས། དགེ་སློང་མས་བལ་ལ་སོགས་ལ་སྐུད་


DLL1002_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

པ་འཁལ་བ་ལ་ལྟུང་བྱེད་དུ་འགྱུར། དམིགས་བསལ་ནི། རྒྱ་ཆང་དང་ལྕགས་སྤོད་ལ་སོགས་པ་སྐེ་རགས་ཀྱི་དོན་དུ་དབེན་པའི་ཕྱོགས་སུ་སྐུད་པ་འཁལ་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་མའི་དགེ་འདུན་གྱི་ཚོགས་ཀྱི་གོས་བདག་གིར་བྱེད་པ་ལ་ལྟུང་བྱེད་དོ། །དགེ་སློང་མའི་ཚོགས་ཀྱི་གོས་བདག་གིར་བྱེད་པའི་ལྟུང་བྱེད་དོ། །མར་དང་འབྲས་ཆན་དང༌། འབྲུ་མར་ལ་སོགས་པའི་ཟས་རུང་བ་བཙོང་བ་བྱས་པ་ལ་ལྟུང་བྱེད་དོ། །ཟས་འཚོང་བའི་ལྟུང་བྱེད་དོ། །ཁྱིམ་གྱི་ཆག་ཆག་གདབ་པ་དང༌། བཟའ་བཏུང་གཡོ་བ་ལ་སོགས་པ་ཁྱིམ་གྱི་བྱ་བ་བྱས་པ་ལ་ཡང་ལྟུང་བྱེད་དོ། །དགེ་སློང་མས་མནན་པ་ལ་སོགས་པ་ཆང་གི་ཡོ་བྱད་ཀྱི་ལས་མི་བྱའོ། །ཆང་ཁང་རང་གིས་བྱེད་པའམ། གཞན་བྱེད་དུ་མི་གཞུག་གོ །སྔར་བསྟན་པའི་རྗེན་པ་འཚོད་པ་ལ་ལྟུང་བྱེད་དོ། །དམིགས་བསལ་ནི། དགེ་སློང་གི་དགེ་འདུན་དང་མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པ་སྤྱོད་པ་རྣམས་ཀྱི་ཕྱིར་དུ་དབེན་པའི་ཕྱོགས་སུ་རྗེན་པ་འཚོད་པ་ལ་ནི་ལྟུང་བ་མེད་དོ། །ཁྱིམ་པ་མོའི་བཟོ་སྟོན་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །བརྒྱད་པ་བཟའ་བ་ལས་གྱུར་པ་ལ་གཉིས་ལས། ལྟོ་འདུན་ནི། སྨན་བཞི་པོ་རུང་ཚད་ལྡན་གྱི་ཟས་ཟོས་ནས་སྟན་ལས་ལངས་ཏེ་ཡང་ཟ་བ་ལ་ལྟུང་བྱེད་དོ། །ལྟོ་འདུན་ལས་གྱུར་པའི་ལྟུང་བྱེད་དོ། །དྲི་བསྟེན་པ་ནི། མི་ན་བར་སྒོག་སྐྱ་ཟ་བ་ལ་ལྟུང་བྱེད་དོ། །ཀུན་དོང་དང་ཀེའུ་ལ་ཉེས་བྱས་སོ། །ཚོགས་པར་དབྱུང་བ་མ་ཡིན་པའི་དྲི་བསྟེན་པའི་ལྟུང་བྱེད་དོ། །དགུ་པ་གོས་ལས་གྱུར་པ་ལ་ལྔ་ལས། གསུ་བེལ་པ་གསུམ་ནི། ཟླ་མཚན་འཛག་པའི་དུས་སུ་མངལ་གྱི་སྒོར་སྨེ་ཁབ་གོས་ངན་མི་འཆང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །འཆང་ཚུལ་ནི། སྨེ་ཁབ་དེ་ཐ་གུས་རྐེད་པ་ལ་བཏགས་ཏེ་མངལ་གྱི་སྒོར་གཞག་གོ །


DLL1002_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

རྨེ་ཁབ་དེ་དུས་དུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །ཁྲུས་དང་ཆར་པ་ལ་སོགས་པའི་ཆུས་ལུས་གཤེར་བར་གྱུར་པ་དེའི་ཚེ་ཆུ་གོས་ཀྱང་མི་འཆང་བ་ལ་ལྟུང་བྱེད་དུ་འགྱུར་རོ། །འདོམས་ཀྱི་སྤུ་མན་ཆད་ནས་པུས་མོའི་ལྷ་ང་ཡན་ཆད་གྱི་ཕྱོགས་མི་འགེབས་པ་ལ་དངོས་གཞི་དང༌། གཉའ་བ་མན་ཆད་དང་ལོང་བུ་ཡན་ཆད་ཀྱི་ལུས་ཀྱི་ཕྱོགས་གཞན་མི་འགེབས་པ་ལ་ཉེས་བྱས་སོ། །རས་ཆེན་མི་གནང་བ་ཡང་འདིས་དགོས་པ་འགྲུབ་པའི་ཕྱིར་རོ། །སྨེ་ཁབ་དང་ཆུ་གོས་དེ་གཉིས་བཅང་བར་བྱའོ། །ཁྱིམ་པ་ཐ་སྙད་ལྔ་ལྡན་ཉེ་དུ་མིན་པའི་བཀྲུ་བཤལ་བ་ལ། ཆོས་གོས་ལྔ་དང་གདིང་བ་གང་ཡང་རུང་བ་བྱིན་གྱིས་བརླབས་པ་བཀྲུ་བར་འོས་པ་འཁྲུར་འཇུག་པ་ལ་ལྟུང་བྱེད་དོ། །གསུ་བེལ་པ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །མ་གུས་པ་ནི། འཁོར་གསུམ་ཁེབས་པ་ཡན་ཆད་ཀྱི་སྣམ་སྦྱར་སོགས་དགེ་སྦྱོང་གི་གོས་བསྲུང་བའི་ཕྱིར་མིན་པར་ཁྱིམ་པ་ལ་གཡར་པོ་ཡན་ཆད་ཀྱིས་བགོ་བའི་ཕྱིར་སྦྱིན་པ་ལ་ལྟུང་བྱེད་དོ། ཆོས་ཀྱི་རྒྱལ་མཚན་ལ་མ་གུས་པའི་ལྟུང་བྱེད་དོ། །བརྗེ་བ་ནི། དགེ་སློང་དང་ལྷན་ཅིག་བཟང་ངན་བརྗེ་བ་མ་གཏོགས་པར་བགོ་བའི་ཕྱིར་སྣམ་སྦྱར་བརྗེ་བ་ལ་ལྟུང་བྱེད་དོ། །བླ་གོས་སོགས་བརྗེ་བ་ལ་ཉེས་བྱས་སོ། །རྒྱལ་མཚན་བརྗེ་བའི་ལྟུང་བྱེད་དོ། །བཅུ་པ་སེར་སྣ་ལས་གྱུར་པ་ལྔ་ནི། དགེ་སློང་མ་གཞན་གྱི་བསྔགས་པ་བརྗོད་པ་ན་ལུས་ངག་གི་རྣམ་འགྱུར་མི་མཐུན་པས་སེར་སྣ་བྱེད་པ་ལ་ལྟུང་བྱེད་དོ། །སྦྱིན་བདག་གི་ཁྱིམ་དུ་དགེ་སློང་མ་གཞན་འགྲོ་བ་ལ་སེར་སྣ་བྱེད་པ་དང༌། དགེ་སློང་མ་གཞན་དབྱར་ཁང་སོགས་གནས་ལ་སྤྱོད་པ་ལ་སེར་སྣ་བྱེད་པ་དང༌། རྙེད་པ་ལ་སེར་སྣ་བྱེད་པ་དང༌། ཆོས་ལ་སེར་སྣ་བྱེད་པ་ལ་


DLL1002_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དོ། །སེར་སྣ་བྱེད་པ་ལས་གྱུར་པའི་ལྟུང་བྱེད་ལྔའོ། །བཅུ་གཅིག་པ་གནས་ཁང་ལས་གྱུར་པ་ལ་གཉིས་ནི། རང་ངམ་གཞན་ལ་བཅོལ་བས་ཀྱང་རུང་དབྱར་ཁང་ནས་དགེ་སློང་མ་སྐྲོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཁྱིམ་པའི་ཁྱིམ་གཞན་ནས་དགེ་སློང་མ་སྔ་ནས་གནས་པ་ཐབས་གང་ཡང་རུང་བས་སྐྲོད་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཕྱིས་འོངས་པ་སྐྲོད་པ་ལ་ཉེས་བྱས་སོ། །སྐྲོད་པ་ལས་བྱུང་བའི་ལྟུང་བྱེད་གཉིས་སོ། །བཅུ་གཉིས་པ་སྡོམ་པ་ལས་གྱུར་པ་བཅུ་དྲུག་གི་དང་པོ་མཐོ་འཚམ་པ་ནི། དགེ་སློང་མ་ཆོས་དྲུག་ལྡན་ཡུལ་དུ་བྱས་ནས་གཞི་ལེགས་པར་མ་མཐོང་བ་དང་མ་ཐོས་པ་ལ་སོགས་པས་གླེང་བ་དང་དྲན་པ་བྱེད་པ་ལ་ལྟུང་བྱེད་དོ། །མཐོ་འཚམ་པ་ལས་གྱུར་པའི་ལྟུང་བྱེད་དོ། །ལོག་པར་སྟོན་པ་ནི། དགེ་སློང་མས་གཞན་ཡིད་ཆེས་པར་བྱ་བའི་ཕྱིར་མནའ་འདོར་བ་ལ་ལྟུང་བྱེད་དོ། །ལོག་པར་སྟོན་པ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་བསམ་པ་ནི་བདེན་པས་འཇུག་པ་ཡིན་ན་དེ་མནས་ལོག་པར་སྟོན་པ་སྟེ། ཁོ་མོ་ཐམས་ཅད་ལ་བདེན་པས་འཇུག་པ་མིན་གྱི་གང་ལ་མནའ་འདོར་བ་ཞེས་བྱ་བ་དེ་གཅིག་པུ་བདེན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར། གཞན་གྱི་མདུན་མིན་པར་མནའ་འདོར་བ་ནི། ངག་འཁྱལ་ཙམ་དུ་ཟད་པས་ཉེས་བྱས་སོ། །ལོག་པར་སྟོན་པའི་ལྟུང་བྱེད་དོ། །མི་བརྟན་པ་ནི། ཞེ་སྡང་གི་ཁྲོ་བས་བདག་ཉིད་ཀྱི་ལུས་ལ་གནོད་པ་རྡེག་པར་བྱེད་པ་ལ་ལྟུང་བྱེད་དོ། །མི་བརྟན་པས་རྣམ་པར་གྱུར་པའི་ལྟུང་བྱེད་དོ། །འདུལ་བའི་མདོ་བམ་པོ་དྲུག་པ་འདི་ནས་འཆད། བརྙས་ཐབས་བྱེད་པ་གསུམ་ནི། དགེ་སློང་མའི་ཚོགས་ཀྱི་དགེ་འདུན་ལ་བརྙས་ཐབས་འཕྱ་སྨོད་བྱེད་པ་ལ་ལྟུང་བྱེད་དོ། ལུང་དུ། རྣམ་པ་སྣ་ཚོགས་ཀྱིས་སྨོད་པར་བྱེད་དེ། ཚུལ་འཆོས་དང་ཁ་


DLL1002_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

གསག་དང་གཞོགས་སློང་དང་ཐོབ་འཇལ་གྱིས་འཚོ་བར་བྱེད་དོ། །མི་གསལ་བ་རྨོངས་པ་མི་མཁས་པ་ཡིན་ནོ། །ལྟུང་བ་ཡང་མི་ཤེས་ལྟུང་བ་མེད་པ་ཡང་མི་ཤེས་པ་ཡིན་ནོ། །འདི་ལ་བྱིན་པའམ་བྱས་པའམ་བསྙེན་བཀུར་ཀུན་ཏུ་སྤྱད་པས་ཅི་བྱ། ལོག་པའི་ཆོས་ཀྱིས་ཀུན་ཏུ་དཀྲིས་པ་ཡིན་ནོ་ཞེས་སོ། །དགེ་སློང་མའི་ཚོགས་ལ་སྤྱོ་བ་ལ་ཡང་ལྟུང་བྱེད་དོ། །སྤྱོ་བ་ནི། ལུང་དུ་འཚོ་བའི་ཕྱིར་མགོ་བྲེགས་པ་མུ་གེའི་ཕྱིར་མགོ་བྲེགས་པ་སྡིག་པའི་ལས་ཅན་འཕགས་མ་མིན་པ་ཟོལ་བ་མོ་ཕ་རོལ་བསླུ་བ་ཡང་དག་པར་སྡོམ་པ་མིན་པ་ཚུལ་ཁྲིམས་འཆལ་བའོ་ཞེས་སོ། །འཁོར་གཙོ་བོ་དགེ་སློང་གི་ལུས་ལ་ཆུ་ཐིགས་པ་ཙམ་གྱིས་འཐོར་བ་ལ་ལྟུང་བྱེད་དོ། །བརྒྱལ་བ་ལ་ཆུས་འཐོར་བ་ལ་ནི་ལྟུང་བ་མེད་དོ། །དགེ་སློང་ལ་མཆིལ་མས་གཏོར་བའི་ཐབས་སུ་ཐུ་ཞེས་མི་བྱའོ། །དགེ་སློང་མ་ལས་གཞན་པའི་རབ་ཏུ་བྱུང་བ་འདི་པ་ལ་སྤྱོ་བར་མི་བྱའོ། །རབ་ཏུ་བྱུང་བ་འདི་པ་དེ་ལ་སྤྱོ་བ་དང་བརྙས་ཐབས་གཉིས་ཀ་ཡང་མི་བྱའོ། །དགེ་སློང་ལ་སྤྱོ་བ་ནི་ལྕི་བའི་ཆོས་འདས་ཡིན་པས་ཟླ་ཕྱེད་མགུ་བ་སྤྱད་དགོས་སོ། །བསོད་སྙོམས་ཀྱི་ཕྱིར་དགེ་སློང་གི་མདུན་དུ་སྤྱོད་ཡུལ་དུ་རྒྱུ་བར་མི་བྱའོ། །ཟམ་པ་མི་བརྟེན་པར་དགེ་སློང་དང་ལྷན་ཅིག་འགྲོ་བར་མི་བྱའོ། །ཟམ་པ་བརྟེན་ཞིང་ཞེང་ཆེ་བ་ལ་འགྲོར་རུང་ངོ༌། །དགེ་སློང་མས་དགེ་སློང་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །དགེ་སློང་སྟན་ལས་འདུག་པས་དགེ་སློང་མ་དེ་འགྲེང་བས་ཧ་ཅང་ཡུན་རིང་འདའ་བར་བྱེད་ན་སྟན་ལ་འདུག་ཏུ་གཞུག་གོ ། དགེ་སློང་གིས་དགེ་སློང་མ་སྟན་ལ་འདུག་ཏུ་གཞུག་པར་མི་བྱེད་ན་དགེ་སློང་མ་ཉིད་ཀྱིས་སྟན་ལ་འདུག་པའི་ཕྱིར་ཞུས་ཏེ་སྟན་དེ་ལ་འདུག་པར་བྱའོ། །བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད་གསུམ་མོ། །ཡལ་བར་འདོར་བ་


DLL1002_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དགེ་སློང་མ་རྣམས་ཀྱི་རྩོད་པ་བཞི་པོ་ཞི་བར་བྱ་བའི་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བྱེད་པ་ལ་ལྟུང་བྱེད། མཐུ་མེད་དམ་ཞི་བར་བྱེད་པ་གཞན་ཡོད་ན་ལྟུང་བ་མེད་དོ། །འཁྲུག་ལོང་ཡལ་བར་འདོར་བའི་ལྟུང་བྱེད་དོ། །བློ་མཐུན་པར་མི་བྱེད་པ་ནི། ལས་མཚན་ཉིད་པ་ལ་འདུན་པ་ཕུལ་ནས་ལས་དེ་ཉི་མ་དེ་ཉིད་ལ་མ་གྲུབ་པར་ཉི་མ་གཉིས་པ་ལྟ་བུ་ལ་བྱ་བའི་ཕྱིར་དགེ་འདུན་གྱི་འདུན་པ་བླངས་པ་ན། ཁོ་མོས་སྔར་འདུན་པ་ཕུལ་ཟིན་པ་དེ་ཉིད་ཕྱིར་མ་བླངས་པས་ད་འདུན་པ་འབུལ་མི་དགོས་སོ་ཞེས་ཞག་ལོན་པའི་འདུན་པ་མི་སྦྱིན་པ་ལ་ལྟུང་བྱེད་དོ། །བློ་མཐུན་མི་བྱེད་པའི་ལྟུང་བྱེད་དོ། །ལྕི་བའི་ཆོས་ལས་འདས་པ་བཞི་ནི། དུས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གི་ཚེ་དགེ་སློང་རྣམས་ལ་འདི་ནི་བྱ་བའོ། །འདི་ནི་བྱ་བ་མིན་པའོ་ཞེས་སྟོན་པའི་གདམས་དག་དང་རྗེས་སུ་བསྟན་པ་དག་ཉམས་སུ་མྱོང་བར་མི་བྱེད་པ་ལ་ལྟུང་བྱེད་དོ། །ཚིག་ལེར། མདོ་སྡེ་འདུལ་བ་ཆོས་མངོན་དང༌། །འབྲེལ་བའི་དོན་ནི་རབ་སྟོན་པ། །གདམས་པ་ཡིན་པར་འདྲེན་པ་ཡིས། །རྩོད་པ་མེད་པར་གསུངས་པ་ཡིན། །གནས་བརྟན་གྱིས་ནི་བསྟན་པའི་ཚིག །འཕགས་པའི་ཚོགས་ཀྱིས་བཞེད་པ་ནི། །སླར་ཡང་གདམས་པ་གཞན་འདི་ནི། །གཉིས་པར་ཡང་ནི་གསུངས་པ་ཡིན། །ཞེས་སོ། དགེ་སློང་ལ་སྔར་འདུན་པའི་གསོ་སྦྱོང་བླངས་པ་མེད་པར་དགེ་སློང་མའི་དགེ་འདུན་གྱིས་གསོ་སྦྱོང་བྱེད་པ་ལ་ལྟུང་བྱེད་དོ། །དགེ་སློང་བཞི་ཡན་ཆད་གནས་ནས་ལས་རྒྱ་རྩ་གཅིག་ལས་གང་རུང་བྱེད་པ་མེད་པའི་གནས་སུ་དགེ་སློང་མའི་དགེ་འདུན་གྱིས་དབྱར་གནས་པར་ཁས་ལེན་པ་ལ་ལྟུང་བྱེད་དོ། །དགེ་སློང་མ་དབྱར་གནས་པས་གཉིས་ཀའི་དགེ་འདུན་ལ་མཐོང་ཐོས་དོགས་གསུམ་གྱི་གནས་གསུམ་གྱི་དགག་དབྱེ་མི་བྱེད་པ་ལ་ལྟུང་བྱེད་དོ། །ལྕི་བའི་ཆོས་ལས་འདས་པ་ལས་གྱུར་བའི་ལྟུང་བྱེད་དག་གོ །


DLL1002_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་སྤྱོད་པ་གསུམ་ནི། རྙེད་པའམ་བསོད་ནམས་སམ་དེ་གཉིས་ཀའི་དོན་གང་རུང་དུ་དབུལ་པོ་སྲ་བརྐྱང་ལྡང་བ་དགེ་འདུན་གྱི་དོན་དུ་ཡང་སྦྱོར་དུ་འཇུག་པ་ལ་ལྟུང་བྱེད་དོ། །མི་ལྡང་བ་སྦྱོར་དུ་བཅུག་པ་ལ་ཉེས་བྱས། དབུལ་པོ་དུ་མ་སྦྱོར་དུ་བཅུག་པ་ལ་གང་ཟག་རེ་རེ་ལ་ལྟུང་བ་རེ་རེར་འགྱུར་རོ། །སྲ་བརྐྱང་མཚོན་པ་ཡིན་པས་ཡོ་བྱད་གཞན་སྦྱོར་དུ་བཅུག་པ་ལའང་དེ་བཞིན་ནོ། །ཡུལ་ཉེ་དུ་མ་ཡིན་པ་དང་རྫས་ཐ་དད་པའོ། །དུས་ཀྱི་མདུན་རོལ་ཏུ་སྲ་བརྐྱང་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་པ་ལ་ལྟུང་བྱེད་དོ། །དགེ་འདུན་མ་མཚན་ཉིད་པའི་ཆོས་དང་ལྡན་པའི་རྙེད་པའི་གོས་འགྱེད་པའི་ཕྱིར་ཚོགས་པ་ནི་མི་སྦྱིན་པ་ལ་ཡང་ལྟུང་བྱེད་དོ། །ཚོགས་པ་ན་མི་སྦྱིན་པ་འདིས་རྙེད་པའི་སྐལ་པ་ལེན་མི་འདོད་པ་ཉིད་ནི་ཉེས་པ་མ་བྱས་པ་ཉིད་དོ། །གཞན་ལ་གནོད་པར་སྤྱོད་པ་ལས་གྱུར་བའི་ལྟུང་བྱེད་གསུམ་མོ། །ཡལ་བར་འདོར་བ་ནི། དགེ་སློང་མའི་དགེ་འདུན་ནམ་གང་ཟག་གིས་ཁྱམས་གྲུ་བཞི་ལ་སོགས་པ་གནས་ཀྱི་མཚན་ཉིད་དུ་གྲུབ་པའི་དབྱར་ཁང་གི་ལྡེ་མིག་ལ་སོགས་པ་ཐ་ན་ཁྱིམ་པ་ཡན་ལ་མ་གཏད་པར་འགྲོ་བ་ལ་ལྟུང་བྱེད་དོ། །ཇི་ཙམ་དུ་སོང་ན་ཞེ་ན། འཕྲལ་གྱི་བྱ་བ་ཡོད་པའི་ཉེ་འཁོར་བཏང་ནའོ། །གང་ཟག་གི་དབྱར་ཁང་གླའི་ཕྱིར་དུ་གཞན་ལ་མི་བཏང་ལ། དེ་བཞིན་དུ་གང་ཟག་གི་ཁང་ཁྱིམ་གྱི་གཞི་དང་ཚོང་ཁང་གི་གཞི་ཡང་གླར་མི་བཏང་ངོ༌། །དབྱར་ཁང་ཡལ་བར་འདོར་བ་ལས་གྱུར་པའི་ལྟུང་བྱེད་དོ། །བཅུ་གསུམ་པ་རྒྱུ་བ་ལས་གྱུར་པ་དྲུག་གི་འགྲོ་བ་དང་མི་འགྲོ་བ་བཞི་ནི། དབྱར་གྱི་ནང་དུ་ཕྱི་ནང་ལྗོངས་རྒྱུ་ཞིང་རྒྱང་གྲགས་ལས་འདས་པར་འགྲོ་བ་ལ་ལྟུང་བྱེད་དོ། །ཉེས་པ་ལས་དབྱུང་བ་དང་བསྙེན་རྫོགས་བྱ་བ་དང་རྩོད་པ་ཞི་བར་


DLL1002_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་སོགས་ཀྱི་ཆེད་དུ་བྱིན་གྱིས་བརླབས་ཏེ་འགྲོ་བ་ལ་ལྟུང་བ་མེད་དོ། །སྲོག་དང་ཚངས་སྤྱོད་སོགས་ཀྱི་བར་ཆད་ཉེ་བར་གནས་པ་དབྱར་གྱི་ནང་དུ་འགྲོ་བ་ལ་ནི་ལྟུང་བ་མེད་དོ། །དབྱར་གནས་པའི་འོག་དགག་དབྱེ་བྱས་པའི་ཚེས་བཅུ་དྲུག་གི་ཚེ་ལྗོངས་རྒྱུ་བ་དེར་མི་འགྲོ་བ་ལ་ལྟུང་བྱེད་དེ། བུད་མེད་གནས་ལ་ལྷག་པར་ཆགས་པ་ཤས་ཆེ་བའི་ཕྱིར། ཕྱོགས་ཀུན་འཇིགས་པ་དང་བཅས་པ་དང༌། ལམ་གྲོགས་ཀྱི་ཕྱིར་རེ་ཞིག་སྡོད་པ་ལ་ཉེས་པ་མེད་དོ། །ཡུལ་འཁོར་ཆོམ་རྐུན་པའི་འཇིགས་པས་བཅོམ་པའི་དོགས་པ་དང་བཅས་པར་ལྗོངས་རྒྱུ་ཞིང་འགྲོ་བ་ལ་ལྟུང་བྱེད་དོ། །ཡུལ་འཁོར་གང་ན་མི་མཐུན་པ་དགྲ་བོ་དང་བཅས་པར་ལྗོངས་རྒྱུར་འགྲོ་བ་ལ་ཡང་ལྟུང་བྱེད་དོ། །དོགས་པ་དང་བཅས་པ་དང་མི་མཐུན་པ་དང་བཅས་པ་གཉིས་ཀ་ཡོད་པའི་ཕྱོགས་སུ་འགྲོ་བ་ལ་ནི་ལྟུང་བྱེད་གཉིས་དུས་གཅིག་ཏུ་འབྱུང་ངོ༌། །འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་ལྟུང་བྱེད་བཞིའོ། །སྨྲ་བ་ལས་གྱུར་པ་གཉིས་ནི། འཇིག་རྟེན་པའི་ལྷའི་གནས་དང༌། རྒྱལ་པོའི་ཕོ་བྲང་ལ་སོགས་པ་དང༌། མུ་སྟེགས་ཅན་གྱི་གནས་སུ་སོང་སྟེ་རྩོད་པ་འཐབ་ཀྲོལ་བྱེད་པ་ལ་ལྟུང་བྱེད་དོ། །གཞན་གྱི་གནས་སུ་སོང་ནས་གཞན་ཟིལ་གྱིས་གནོན་པ་ནི་ཧ་ཅང་སྤྱི་བརྟོལ་ཆེ་བའི་ཕྱིར་རོ། །ཚིག་གི་དོན་གཅིག་ཕ་རོལ་པོས་གོ་ན་ཡང་ལྟུང་བྱེད་དུ་འགྱུར་རོ། །རབ་བྱུང་སྡེ་ལྔ་མཚན་ཉིད་པ་ལ་སྐབས་མ་ཕྱེ་བར་ནང་རིག་པས་བསྡུས་པའི་ཆོས་འདྲི་བ་ལ་ལྟུང་བྱེད་དོ། །འདི་གཉིས་ཕ་ལ་ཉེས་བྱས་སོ། །ཇི་ལྟར་སྐབས་འབྱེད་དུ་གཞུག་ཅེ་ན། ཐོག་མར་སྟན་བཏིང་སྟེ་ཕན་ཚུན་ཀུན་དགའ་བར་བྱས་བས་ལུང་དྲི་བའི་སྦྱོར་བས་སྐབས་འབྱེད་དུ་གཞུག་པར་བྱའོ། །སྨྲ་བ་ལས་གྱུར་པའི་ལྟུང་བྱེད་གཉིས་སོ། །བཅུ་བཞི་པ་བསྒྲུབ་པའི་ཚུལ་ལས་གྱུར་པ་གསུམ་ནི། དབྱར་ཁང་གི་ཉེ་འཁོར་འདོམ་གང་ལས་ལོགས་ན་


DLL1002_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཆབ་ཁུངས་ཡོད་པའི་ཕྱི་སར་རང་གཅིག་པུ་འགྲོ་བ་ལ་ལྟུང་བྱེད་དོ། བུད་མེད་མཐུ་ལྡན་ནམ་རབ་བྱུང་འདི་པ་དང་ལྷན་ཅིག་འགྲོ་བ་ལ་ཉེས་པ་མེད་དོ། །རྩྭ་སྔོན་པོ་མ་ཉམས་པའི་སྟེང་དུ་བཤང་གཅི་དང་མཆིལ་མ་སོགས་འདོར་བ་ལ་ལྟུང་བྱེད་དོ། །དམིགས་བསལ་ནི། ནད་པ་ལ་ནི་རྩྭ་སྔོན་པོའི་སྟེང་དུ་བཤང་བ་འདོར་བ་ལ་ནི་ལྟུང་བ་མེད་དོ། །རྩྭ་སྔོན་པོས་ས་ཕྱོགས་ཐམས་ཅད་ཁྱབ་པ་ཉིད་ལ་ཡང་བཤང་བ་འདོར་བ་ལ་ལྟུང་བ་མེད་དོ། །འགའ་ཞིག་ལ་མི་འཕོག་གམ་ཞེས་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་བ་འདོར་བ་ལ་ལྟུང་བྱེད་དོ། །རྩིག་པ་ལ་པུ་ཤུ་བཏགས་ཏེ་བལྟ་བར་མི་ནུས་པ་ནི་མ་བལྟས་པར་འདོར་བ་ལ་ལྟུང་བ་མེད་དོ། །མི་གཙང་བའི་ཐལ་བའི་སྟེང་དུ་བང་རྡོག་ལ་སོགས་པ་འཕང་ཞིང་ཟེར་མ་འཐོར་བར་མི་བྱའོ། །བཤང་བ་ལས་གྱུར་པའི་ལྟུང་བྱེད་གསུམ་མོ། །ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་རྣམས་རྫོགས་སོ།། །།བཞི་པ་སོར་བཤགས་ལ་གཉིས། ཡན་ལག་ཐུན་མོང་མིན་པ་དང༌། ཐུན་མོང་བའོ། །དང་པོ་ལ་གཉིས། ཡན་ལག་གི་མཚན་ཉིད་བསོད་པའི་དབྱེ་བ་དང་བཅས་པ། ཡན་ལག་ལ་དོགས་པ་བཅད་པའོ། །དགེ་སློང་མའི་ལྟུང་བྱེད་ཀྱི་འོག་ཏུ་དགེ་སློང་མའི་སོར་བཤགས་བཅུ་གཅིག་པོ་བཤད་པར་བྱ་སྟེ། གང་ལ་འོ་མ་སློང་བའི་སོར་བཤགས་སུ་འགྱུར་ཞེ་ན། ཉེ་དུ་མིན་པ་གཞན་གྱི་ཁྱིམ་ནས་བདག་གི་དོན་དུ་འོ་མ་བསླངས་ཏེ་འཐུངས་པ་ལ་ཁ་ན་མ་ཐོ་བ་འདིར་འགྱུར་རོ། །གནས་སྐབས་གང་ལ་ཞེ་ན། མི་ན་བས་སོ། །ན་བ་ལ་ཉེས་པ་མེད་དོ། །དེ་ལ་ཉེས་པ་ཅིར་འགྱུར་ན། མི་ན་བ་དེས་བསླངས་པའི་ཚེ་ནི་ཉེས་བྱས་དང་འཐུངས་ན་དངོས་གཞིའོ། །གང་ལ་སོར་བཤགས་གཞན་དགུ་པོ་དག་ཏུ་འགྱུར་ཞེ་ན། གཞན་གྱི་ཁྱིམ་ནས་བདག་


DLL1002_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གི་དོན་དུ་ཞོ་དང་མར་དང་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་དང་ཉ་ཤ་དང་ཤ་དང་ཤ་སྐམ་རྣམས་ཀྱང་བསླངས་ཏེ་ཟོས་སམ་འཐུང་བ་ལ་ཁ་ན་མ་ཐོ་བ་དེ་དག་ཏུ་འགྱུར་རོ། །གཉིས་པ་ནི་དེ་དག་ལས་འོ་མ་ལྟ་བུ་གཞན་བསླངས་ལ་ཞོ་ལྟ་བུ་གཞན་ཐོབ་པ་ལ་ནི་ན་སྨད་པ་མེད་དོ། །འོ་མ་ལ་སོགས་པ་བསོད་པ་བསླངས་པ་ལ་མི་བསོད་པ་ཐོབ་པ་ལ་ཡང་ན་སྨད་པ་མེད་དོ། །མི་བསོད་པ་དེར་གཏོགས་པ་བསླངས་པ་ལ་འོ་མ་ལ་སོགས་པ་བསོད་པ་ཐོབ་ཅིང་ཟོས་སམ་འཐུངས་པ་ལ་ན་སྨད་པ་མེད་དོ། །འོ་ན་སློང་བ་དང་ཐོབ་པ་ལ་ཅིར་འགྱུར་ཞེ་ན། བསོད་པ་བསླངས་པའི་རྒྱུས་མི་བསོད་པ་ཐོབ་པ་དང༌། བསོད་པ་འཐོབ་པའི་རྒྱུར་མ་བསོད་པ་སློང་བ་གང་ཡིན་པ་དེ་ནི་ཉེས་བྱས་བྱེད་པ་ཉིད་དོ། །གཉིས་པ་ཐུན་མོང་བ་ནི། དམག་དཔོན་སེང་གེའི་གླེང་གཞི་ལས་བཅས་པར་གྱུར་པའི་དགེ་སློང་རྣམས་ཀྱི་སོར་བཤགས་དེ་ནི་དགེ་སློང་མ་རྣམས་ཀྱི་ཡང་རིག་པར་བྱའོ། །སོ་སོར་བཤགས་པར་བྱ་བ་རྣམས་རྫོགས་སོ།། །།ལྔ་པ་བསླབ་བྱ་ཕུན་སུམ་ཚོགས་པ་ལ་བསླབ་པ་ལ་གཉིས་ལས། ཐུན་མོང་མིན་པ་ནི། རྐེད་པའི་ཕྱོགས་སྣང་བའི་ཉེས་པ་དགག་པའི་ཕྱིར། ཤམ་ཐབས་རྐེད་པ་སྣང་བར་བགོ་བར་མི་བྱའོ། །འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པར་གྱུར་ཅིང་ཁྱིམ་གཞན་དུ་འགྲོ་བར་མི་བྱའོ། །རྐྱེན་དབང་གིས་འགྲོ་དགོས་པ་ལ་ཡུལ་གྱི་དབང་གིས་ཆགས་པ་སྐྱེས་ཀྱང་རོ་མི་མྱང་ན་ཉེས་པ་མེད་ལ་མྱང་ན་ཉེས་བྱས་སོ། །འགྲོ་བར་མི་བྱའོ་ཞེས་པ་དཔེ་ཙམ་དུ་ཟད་པས་སོང་ཟིན་པའི་སྐབས་ཀྱང་དེ་དང་འདྲའོ། །གཉིས་པ་ཐུན་མོང་བ་ནི། དགེ་སློང་མའི་བསླབ་པ་ལྷག་མ་རྣམས་ནི་དགེ་སློང་དག་ལས་གྱུར་པ་བཞིན་ཤེས་པར་བྱའོ། །དེས་ན་ཤམ་ཐབས་ལ་ནི་རྣམ་པ་བརྒྱད་ཅེས་པ་དང༌། ཤིན་ཏུ་བསྡམས་ལ་སོགས་པ་དྲུག །འདུག་པར་བྱ་བ་བརྒྱད་དག་དང༌། །ན་བ་རྣམ་པ་གསུམ་


DLL1002_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སོ། །ཞེས་པར་འགྱུར་རོ་བསླབ་པ་རྣམས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་རྫོགས་སོ།། །།གཉིས་པ་ཞུ་བ་སྤྱིར་བསྟན་པ་ནི། སྤྱིར་བསྟན་འདི་རྣམ་འབྱེད་ལས་ལེའུ་ལོགས་སུ་སྟོན་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཞུ་བ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་གསུངས་ཏེ། ཕམ་པར་འགྱུར་བ་ལ་སོགས་པ་ལ། སོ་སོར་ངེས་པའི་མཚན་ཉིད་བསྟན་པ་དང༌། སྤྱིར་བསྟན་པ་གཉིས་ལས། སོ་སོར་ངེས་པར་བསྟན་པ་ནི་དེ་དག་ཉིད་དང་ཅིག་ཅར་རྣམ་པར་བཤད་ཟིན་ལ། སྤྱིར་བསྟན་པ་དེ་འདི་མན་ཆད་དུ་བཤད་དགོས་པའི་ཕྱིར། འོ་ན་སྤྱིར་བསྟན་འདི་རྣམ་འབྱེད་ཀྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། རྩ་འགྲེལ་གྱི་རིམ་པ་དང་མཐུན་པར་རྣམ་འབྱེད་ཀྱི་འོག་ཏུ་བསྟན་ཏེ། སྤྱིར་བསྟན་ནི་རྣམ་འབྱེད་ཀྱི་ཤན་ནམ་འགྲེལ་བ་ལྟ་བུ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་འགྲེལ་བར། ཉེ་བར་འཁོར་གྱིས་ཞུས་པ་ལས་ལྟུང་བའི་མཚན་ཉིད་རྣམ་པ་གཉིས་སུ་གསུངས་ཏེ། ཕམ་པར་འགྱུར་པ་ལ་སོགས་པ་དག་ལ་སོ་སོར་ངེས་པ་དང་སྤྱིར་བསྟན་པའོ། །དེ་ལ་སོ་སོར་ངེས་པ་གང་ཡིན་པ་དེ་ནི་དེ་དག་ཉིད་དང་ཅིག་ཅར་རྣམ་པར་བཤད་ཟིན་ཏོ། །སྤྱིར་བསྟན་པ་གང་ཡིན་པ་དེ་འདི་མན་ཆད་དུ་རྣམ་པར་བཤད་པར་བྱའོ། །དེ་ནི་རྣམ་པར་འབྱེད་པའི་ཤན་ཡིན་པའི་ཕྱིར་རྣམ་པར་འབྱེད་པ་བསྟན་པའི་འོག་ཏུ་སྤྱིར་བསྟན་པ་ཉིད་ཀྱིས་རྣམ་པར་བཀོད་དེ་ཞེས་གསུངས་སོ། །སྤྱིར་བསྟན་འདི་འཆད་པ་ལ་གསུམ། དགོས་དོན། བསྡུས་དོན། ཚིག་དོན་ནོ། །དང་པོ་ནི། ལུང་དུ་ཆོས་ཅན་དུ་མ་ལ་གསུངས་པ་འདིར་བསྡུས་ཏེ་བསྟན་པས་ཚིག་ཚོགས་ཆུང་བ་དང༌། འགའ་ཞིག་གཅིག་ཁོ་ན་ལ་གསུངས་པ་འདིར་སྤྱིར་བསྟན་པས་རུང་མཐུན་དུ་གོ་བ་དང༌། ཁ་ཅིག་གཉིས་ཀར་འགྱུར་བ་གོ་བའི་དགོས་པ་ཡོད་དོ། །གཉིས་པ་ནི། སྤྱིར་བསྟན་


DLL1002_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་འདི་དག་གིས་ལྟུང་བའི་རྟེན་དང་ཡུལ་དང་སྦྱོར་བ་དང་མཐར་ཐུག་གི་ཡན་ལག་སྟོན་པར་བྱེད་ལ། རྟེན་གྱི་ཡན་ལག་ཀྱང་བསླབ་པ་དང་བསམ་པ་དང༌། ཚིགས་དང་མཚན་དང་ལུས་དང་གནས་སྐབས་རྣམས་བསྟན་ཏོ། །ཡུལ་གྱི་ཡན་ལག་སེམས་ཅན་ལས་གྱུར་པ་དང་སེམས་ཅན་མིན་པ་ལས་གྱུར་པ་བསྟན། དང་པོ་ལ། མི་ལས་གྱུར་པ་དང༌། དུད་འགྲོ་ལས་གྱུར་པའོ། དང་པོ་མི་ཙམ་ལས་གྱུར་པ་ནི་རྐུ་གསོད་གཉིས་སོ། །བྱེ་བྲག་ལས་གྱུར་པ་ནི། ཁྱིམ་པ་བུད་མེད་རྫོགས་མ་རྫོགས། །ཐ་སྙད་འདི་བའི་རབ་བྱུང་སྟེ། །སྤྱི་སྐྱེད་དྲུག་དང་དགེ་སློང་ཕ། །མ་དང་དགེ་ཚུལ་མུ་སྟེགས་ཅན། །ཁྱིམ་པ་ཕོ་མོ་དང་དྲུག་གོ །གཉིས་པ་ནི། ལྟུང་བ་དང་ཟས་དང་གོས་དང་སྣོད་སྤྱད་དང་ནོར་ལས་གྱུར་པའོ། །སྦྱོར་བ་རང་ཁོ་ནའི་བྱེད་པ་ཅན་དང༌། བཅོལ་ཡང་རྫོགས་པ་གཉིས་ཀྱི་དང་པོ་གསུམ་ལུས་ཁོ་ནའི་བྱེད་པ་ཅན་དང༌། ངག་ཁོ་ནའི་དང༌། གཉིས་ཀ་དགོས་པ་དང༌། གང་རུང་གིས་ཆོག་པའོ། །དེའི་ལུས་ཀྱི་ཆ་གཉིས་འདིར་མི་སྤྱོད་པས། ངག་གི་ཆ་གཉིས་དང༌། བཅོལ་རྫོགས་ཀྱི་ངག་གི་ཆ་གཏན་ལ་འབེབས་ལ། མཐར་ཐུག་གི་ཡན་ལག་ངག་ལ་བརྟེན་ནས་དོན་གོ་བ་འདིར་གཏན་ལ་འབེབས་པ་ཡིན་ནོ། །དེ་ལ་ཁྱིམ་པ་སྤྱིས་བསྐྱེད་པ་ཉི་ཤུ་རྩ་བདུན། བུད་མེད་སྤྱིས་བསྐྱེད་པ་དྲུག །བསྙེན་པར་རྫོགས་པ་སྤྱིས་བསྐྱེད་པ་གསུམ། མ་རྫོགས་པ་སྤྱིས་བསྐྱེད་པ་ལྔའོ། །ཐ་སྙད་སྤྱིས་བསྐྱེད་པ་བཅུ་གཉིས་ཞེས་གསུངས་ཏེ། བམ་ལྔར། མི་ཆོས་བླ་མ་དང་སྐུར་འདེབས་གསུམ་ལ་མིའི་འགྲོ་བ་སྐྱེས་པ་དང་བུད་མེད་དང་མ་ནིང་གང་ཡང་རུང་བས་ཀྱང་དངོས་གཞི་བསྐྱེད་པར་བཤད་ཅིང་སྐུར་འདེབས་ཀྱི་སྐབས་སུ། ཊཱིཀྐར། མིའི་འགྲོ་བ་པ་གང་ཡང་རུང་བ་ལ་ཞེས་གསུངས་པས་དཔྱད་དགོས་ལ། བཅོལ་ཡང་རྫོགས་པའི་ལྟུང་བའི་རྐུ་གསོད་ལྔ་དང་འཐག་འཇུག་མ་གཏོགས་


DLL1002_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བྱེད་པ་པོ་རྣམས་ཀྱང་ཐ་སྙད་ལྔ་ལྡན་ཡིན་ནོ། །རབ་བྱུང་སྤྱིས་བསྐྱེད་གཉིས་སོ། །དགེ་སློང་ཡུལ་དུ་དགོས་པ་ཞེ་ལྔའམ། ཁ་ཅིག་ལྟར་ན་ནགས་བརྟག་དང་ཞེ་དྲུག་གོ །མི་དགོས་པ་བཅུ་བཞིའོ། །དགེ་ཚུལ་དགོས་པ་གཅིག །མུ་སྟེགས་ཅན་དགོས་པ་གཉིས་སོ། །ཁྱིམ་པ་ཕོ་དགོས་པ་དྲུག །མོ་དགོས་པ་བཞིའོ། །ལྟུང་བ་ལས་གྱུར་པ་ལྔ། ཟས་ལས་གྱུར་པ་ཉེར་གཅིག །གོས་ལ་བརྟེན་པ་སོ་དྲུག །སྣོད་སྤྱད་ལ་བརྟེན་པ་བརྒྱད། འོན་ཀྱང་འཕྲོག་པ་དང་སྦེད་པ་གཉིས་རབ་བྱུང་གི་ཡོ་བྱད་ཙམ་གྱིས་ཀྱང་བསྐྱེད་པ་ཡིན་ནོ། །ནོར་ལས་གྱུར་པ་བཞི། ངག་ཁོ་ནའི་བྱེད་པ་ཅན་བཞི་བཅུ་རྩ་བཞི། གཉིས་ཀ་དགོས་པ་གསུམ་མོ། །ལུས་ངག་གང་རུང་གི་བྱེད་པ་ཅན་དགུའམ་བདུན་ནོ། །བཅོལ་ཡང་རྫོགས་པ་ནི་སུམ་ཅུ་རྩ་གསུམ། ཁ་ཅིག་ཁྲི་གདིང་མི་འདྲེན་པར་འཐག་བསྐྱེད་དང་སོ་གཉིས་གསུངས་སོ། །དེ་ལ་རྟེན་གྱི་ཡན་ལག་སྟོན་པའི་མདོ་ནི། བསྙེན་པར་མ་རྫོགས་ཞེས་སོགས་གསུམ་དང་རྫས་བཀག་པ་གཉིས་མ་གཏོགས་བཅུ་བདུན་དང༌། ཉེས་པ་མེད་པ་གཉིས་དང༌། དེའི་ཆ་བ་གཉིས་དང༌། ཐམས་ཅད་ལ་ཐེ་ཚོམ་ཟ་བ་ལྔ། རང་གི་དོན་ཉིད་དང་ཉེར་བདུན་ནོ། །དེའི་ཚེ་ལུས་དང་རེག་པར་བྱ་བ་སོགས་ཀྱིས་ཀྱང་ཕྱོགས་རེ་སྟོན་པར་བྱེད་དོ། །ཡུལ་གྱི་ཡན་ལག་སྟོན་པར་བྱེད་པ་ནི་མ་གཏོགས་པ་ལྔ་བཤད་པ་དང༌། དེའི་ཚེ་ལ་སོགས་པ་བཞི་དང༌། གཞི་གཅིག་ལ་དུ་མ་བ་གསུམ་དང༌། ཡན་ལག་ཐམས་ཅད་དང་དུ་ནས་རབ་ཏུ་བྱུང་བའི་རྫས་ཀྱི་བར་དང༌། རྣམ་པར་རིག་བྱེད་ལ་ནི་གཉིས་དང༌། དེ་ནི་སྣོད་ཡིན་ནོ་སྟེ་སོ་གསུམ་མོ། །སྦྱོར་བའི་ཡན་ལག་སྟོན་པ་ནི། བྱ་བ་དུ་མ་པ་གཉིས་དང༌། འོག་མ་ཕ་གཉིས་དང༌། མིའི་འགྲོ་བ་གསུམ་དང༌། རྣམ་པར་རིག་བྱེད་ལ་ནི་བ་གཉིས་དང༌། དེ་ནི་ལུས་དང་ངག་གི་བ་ལ་སོགས་པ་


DLL1002_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྟེ་བཅུ་བཞིའོ། །མཐར་ཐུག་གི་ཡན་ལག་སྟོན་པ་ནི། བྱ་བ་དུ་མ་དང་རྣམ་པར་རིག་བྱེད་ལ་ནི་ལ་སོགས་པ་ཐ་སྙད་སྟོན་པ་རྣམས་ཀྱིས་ཅི་རིགས་པར་གཏན་ལ་འབེབས་སོ།། །།གསུམ་པ་ཚིག་དོན་ལ་གསུམ། ཐུན་མོང་གི་ཡན་ལག་སྤྱིར་བཤད་པ། ཡན་ལག་གི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་པ་སྤྱིར་བཤད་པ། ཚན་ཚན་གྱི་ཡན་ལག་སྤྱིར་བཤད་པའོ། །དང་པོ་ལ་བཞི། རྟེན་གྱི་ཡན་ལག །ཡུལ་གྱི་ཡན་ལག །ལྟུང་བ་ཐ་དད་པའི་རྒྱུ་སེལ་བ་དང་བཅས་པ། རྟེན་བསམ་པའི་ཡན་ལག་ཞར་བྱུང་དང་བཅས་པའོ། །དང་པོ་ལ་བཞི། བསླབ་པའི་ཡན་ལག་ཞར་བྱུང་དང་བཅས་པ། བསམ་པའི་ཡན་ལག་སེལ་བ་དང་བཅས་པ། ཚིགས་ཀྱི་ཡན་ལག་ཞར་བྱུང་དང་བཅས་པ། མཚན་གྱི་ཡན་ལག་གོ །དང་པོ་ལ་གཉིས། དངོས་དང༌། ཞར་བྱུང་ངོ༌། །དང་པོ་ལ་གསུམ། ཉམས་པ་དང་མ་ཆགས་པ་ལ་ཅིར་འགྱུར་བ་དང༌། མ་རྫོགས་པ་གསུམ་ལ་ཅིར་འགྱུར་བ་དང༌། བསླབ་པ་བྱིན་པ་ལ་ཅིར་འགྱུར་བའོ། །དང་པོ་ནི། རྣམ་འབྱེད་ཀྱི་སྐབས་སུ། བསྙེན་པར་རྫོགས་པ་ལ་སྡེ་ལྔའི་དངོས་གཞི་བཅས་པ་ལ་འོ་ན་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་པ་ཐམས་ཅད་ལ་སྡེ་ལྔའི་དངོས་གཞི་ཇི་ལྟ་བ་བཞིན་བསྐྱེད་པས་ཁྱབ་བམ་ཞེ་ན། མདོ་དང་པོ་འདི་དག་གིས། སྡེ་ལྔའི་དངོས་གཞི་བསྐྱེད་པ་ལ་བསྙེན་པར་རྫོགས་པའི་སྡོམ་པ་སྐྱེས་ལ་མ་ཉམས་པ་ཞིག་དགོས་སོ་ཞེས་སྟོན་པ་ནི། ཉམས་པ་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །འདི་ལ་ཉམས་ཞེས་པ་བཤད་པའི་གཞིར་བཞག གང་ཉམས་ན། རྩ་བའི་ལྟུང་བ་ལྷག་པར་སྤྱོད་པའི་རྟེན་དེ་ཉམས། ཊཱིཀྐར། ཉམས་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པ་སྟེ་ཞེས་དང༌། ཕྲན་ཚེགས་ཊཱིཀྐར། ཕས་ཕམ་པ་


DLL1002_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་ནི་ལྟུང་བའི་རྗེས་སུ་འགྲོ་བའི་མིང་ཡིན་ཏེ། དེ་དང་ལྡན་པའི་ཕྱིར་གང་ཟག་ལ་ཡང་ཕས་ཕམ་པ་ཞེས་བྱའོ་ཞེས་སོ། །གང་ལས་ཉམས་ན། སྤོང་བདུན་འཁོར་བཅས་ཡོངས་སུ་དག་པ་ལས་ཉམས་ཏེ། ཊཱིཀྐར། དགེ་སློང་གི་དངོས་པོ་ཡོངས་སུ་དག་པ་ལས་ཞེས་སོ། །གང་གིས་ཉམས་ན། ཕམ་པ་འཆབ་བཅས་ཀྱིས་ཉམས་ཏེ། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པར་གསུངས་པའི་ཕྱིར། ཁྱབ་སྟེ། འཆབ་མེད་ནི་མཐོལ་བ་དང་བཤགས་པས་ཕྱིར་གསོ་བར་བྱ་བའི་ཕྱིར་ཏེ། བཅབ་པའི་སེམས་མ་སྐྱེས་ན་ཞེས་སོགས་དང༌། ལྔ་བཅུ་པར། ཕམ་པར་འགྱུར་བའི་དངོས་གཞིའི་ཕྱིར་བཅོས་པ་ཡང་མཐོལ་བ་དང་བཤགས་པ་གཉིས་ཀྱིས་ཕམ་པར་འགྱུར་བའི་དངོས་གཞི་ནས་བསླང་བ་སྟེ། ཞེས་པ་ནས། དེ་ལྟར་མཐོལ་ནས་བཤགས་པ་ནི། བསླབ་པ་སྦྱིན་པའི་ཆོ་གས་དངོས་གཞིའི་ལྟུང་བ་ལས་ལྡང་བར་འགྱུར་བ་སྟེ་ཞེས་སོགས་གསུངས་པའི་ཕྱིར་རོ། །ཇི་ལྟར་ཉམས་ན། སླར་གསོར་མེད་པའི་ཚུལ་གྱིས་ཉམས་ཏེ། ཊཱིཀྐར། ཕྱིར་བཅོས་སུ་མི་རུང་བ་ཉིད་ཀྱིས་ཉམས་པ་ཡིན་ནོ། །དེའི་ཕྱིར་ཉོན་མོངས་པ་རྣམས་ཀྱིས་ཕམ་པར་བྱས་པ་ནི་ཚེ་དེ་ལ་ཉོན་མོངས་པ་རྣམས་སྤོང་བ་མི་སྲིད་པས་དེས་ན་ཕམ་པར་གྱུར་པ་ཞེས་བྱའོ་ཞེས་གསུངས། ཕམ་པ་བྱུང་བས་སྡོམ་པ་གཏན་གཏོང་བ་ནི་མིན་གྱི། གནས་སྐབས་དང་མཐར་ཐུག་གི་འབྲས་བུ་མེད་པར་བྱས་པ་ཡིན་ཏེ། ཊཱིཀྐར། དགེ་སློང་ཕམ་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་གྱུར་ཏེ། ཚངས་པར་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་དག་མེད་པའི་ཕྱིར་རོ། །སྡོམ་པ་ཡང་དག་པར་བླང་བ་ནི་རྣམ་པར་


DLL1002_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་ཕྱིར་ཡིན་ན། དེས་རྣམ་པར་གྲོལ་བ་ཐོབ་པ་ཐག་རིང་དུ་སྤངས་པའི་ཕྱིར་དེའི་སྡོམ་པ་ནི་མེད་པ་དང་འདྲ་བ་ཡིན་ནོ་ཞེས་སོ། །བམ་ལྔར། འདིར་ནི་སྡོམ་པ་ཉམ་ཆུང་བ་ལ་བྱའི་སྡོམ་པ་གཏན་མེད་པ་ནི་མིན་ཏེ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ཀྱི་ལུང་ཉིད་ལས། བུ་ལོན་ནོར་བཞིན་ཁ་ཆེ་དག །བྱུང་བ་ལ་ནི་གཉིས་སུ་འདོད། །ཅེས་གསུངས་པས། ཞེས་སོགས་གསུངས་སོ། །འདུལ་བ་འཛིན་པ་སྔ་རབས་པ་དག ཕམ་པ་འཆབ་མེད་ཀྱིས་ཐམས་ཅད་གཏོང་བར་འདོད་པ་དང༌། མདོ་སྡེ་པ་འཆབ་བཅས་ཀྱིས་ཐམས་ཅད་གཏོང་བར་འདོད་པ་མི་འཐད་དེ། དེ་ལྟར་ན་ཕམ་པ་ཐུན་མོང་མིན་པ་དག་གིས་ཀྱང་སྡོམ་པ་ཐམས་ཅད་གཏོང་བར་ཐལ་ལོ། །འདོད་ན། ཕམ་པ་ཐུན་མོང་མིན་པ་བྱུང་བའི་དགེ་སློང་མ་མཚན་གྱུར་པ་དགེ་སློང་དུ་མི་རུང་བར་འགྱུར་རོ། །བོད་ཁ་ཅིག །སྲོག་གཅོད་ལྟ་བུའི་ཕམ་པ་བྱུང་ན་རང་གི་ངོ་སྐལ་གྱི་སྡོམ་པ་གཏོང་གི་གཞན་རྣམས་དགོས་པ་ཇི་ལྟ་བ་བཞིན་བསྒྲུབ་ནུས་སུ་ཡོད་ཟེར། འོ་ན་སྡོམ་པ་མ་ཚང་བའི་དགེ་སློང་དང་དགེ་ཚུལ་ཡང་ཡོད་པར་འགྱུར་རོ། །འདོད་ན་མཛོད་ཊཱིཀ་ཏུ། གལ་ཏེ་སྡོམ་པ་མེད་པའམ་མ་ཚང་བ་ཡང་དགེ་བསྙེན་དུ་འགྱུར་ན། དགེ་སློང་དང་དགེ་སྦྱོང་དག་ཏུ་ཡང་འགྱུར་རོ། །རེ་ཞིག་ཇི་ལྟར་ན་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་དེ་དག་གི་ཡན་ལག་ངེས་པ་ཡིན། སྟོན་པས་བཏགས་པའི་དབང་གིས་སོ། །དགེ་བསྙེན་ཉིད་ལ་སོགས་པ་ཡང་སྟོན་པས་བཏགས་པའི་དབང་གིས་སོ་སོར་ངེས་པར་འདོད་པར་གྱིས་ཤིག །དགེ་བསྙེན་ནི་སྡོམ་པ་མེད་པར་ཡང་བཏགས་ཀྱིས། དགེ་སློང་དང་དགེ་སྦྱོང་དག་ནི་མིན་ནོ་ཞེས་པ་དང་འགལ། གཞན་ཡང་ལྷག་མའི་དགོས་པ་བསྒྲུབ་ནུས་ན། གནས་ལོངས་དང་ཚེ་དེ་ཉིད་ལ་རྣམ་པར་


DLL1002_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བ་འཐོབ་པའི་སྐལ་པ་ཡོད་སྲིད་པར་འགྱུར་རོ། །ཉམས་པས་ལྟུང་བ་ལ་སྦྱར་བ་ལ་ཅིར་འགྱུར་ཞེ་ན། ཉམས་པ་དེས་ལྟུང་བ་སྡེ་ལྔ་ལ་སྦྱོར་བ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། ཊཱིཀྐར། ཉམས་པ་དང་མ་སྐྱེས་པའི་གང་ཟག་དེ་གཉིས་ནི་ལྟུང་བ་ལ་སྦྱོར་ཞིང་ལྟུང་བ་ཀུན་ནས་སློང་བར་བྱེད་པ་ཀུན་ཏུ་སྤྱོད་པས་ལྷག་པར་སྤྱོད་ཅིང་སྦྱོར་བ་བྱེད་ན་ཐམས་ཅད་དུ་ཉེས་བྱས་སོ་ཞེས་གསུངས་སོ། །ཕམ་པ་འཆབ་མེད་བྱུང་བས་ལྟུང་བ་ལ་སྦྱར་བ་ལ་ནི་དངོས་གཞི་བསྐྱེད་དེ་དེ་ལ་བསྙེན་པར་རྫོགས་པའི་སྡོམ་པ་དགོས་པ་བསྒྲུབ་ནུས་ཡོད་པའི་ཕྱིར་དང༌། ཕམ་པ་བཞི་ཆར་བྱུང་བ་དང༌། སྦྱོར་བ་གཅིག་གིས་མི་དུ་མ་བསད་པ་ལ་ཕམ་པ་དུ་མ་འབྱུང་བ་དང༌། སྐྱོང་མ་ལ། ལྟོ་བ་ཕམ་པ་དག་གིས་གང་བར་བྱས་ནས་ཞེས་དང༌། དགེ་སློང་ཚུལ་ཁྲིམས་འཆལ་བ་ཞིག་དགེ་སློང་མ་ལ་སྟོན་ན་ལྟུང་བྱེད་ཅེས་སོགས་དང༌། ཕུང་པོ་ལས་བརྐུ་ན་ལན་རེ་རེ་ཞིང་ཞེས་དང༌། དེའི་ཊཱིཀྐར། ལྟུང་བའི་དངོས་གཞི་དག་ཀྱང་ཐ་དད་ཅེས་དང༌། རང་རྒྱུད་ཀྱི་ཕམ་ལྷག་མ་རྫོགས་པ་ལ་རིག་པར་བྱས་ན་ལྟུང་བྱེད་དུ་གསུངས་པའི་ཕྱིར། འོ་ན་ཉམས་པས་ལྟུང་བ་ལ་སྦྱར་བ་ལ་ཉེས་བྱས་བསྐྱེད་ཅེས་སྒྲུབ་པའི་སྒྲས་བསྟན་པ་ཡིན་ནམ། ཉེས་བྱས་ལས་མི་སྐྱེད་ཅེས་དགག་པའི་སྒྲས་བསྟན་པ་ཡིན་ཞེ་ན། དགག་པའི་སྒྲས་བསྟན་པ་ཡིན་ཏེ། ཉམས་པ་དེ་ཡང་བསྙེན་པར་རྫོགས་པ་ཡིན་པས་ལྟུང་བ་དངོས་གཞི་བསྐྱེད་དམ་སྙམ་པའི་དོགས་པ་བསལ་ནས་ཉེས་བྱས་ཙམ་བསྐྱེད་པར་བསྟན་པའི་ཕྱིར། ཊཱིཀྐར། ཅི་འདི་སྒྲུབ་པ་ཡིན་ནམ། འོན་ཏེ་དགག་པ་ཡིན་ཞེ་ན། ཉམས་པ་ནི་དགག་པ་ཡིན་ཏེ། འདི་ལྟར་ཉམས་པ་ནི་བསྙེན་པར་རྫོགས་པ་ཅན་ཡིན་པས་


DLL1002_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པར་རྫོགས་པ་ཅན་གྱི་དགེ་སློང་དང་དགེ་སློང་མ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་པས། དེས་ན་ཉམས་པས་ལྟུང་བ་ལ་སྦྱར་བའི་དུས་ན་ཡང་དང་ཡང་དུ་ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་ལ་སོགས་པ་དག་ཏུ་འགྱུར་བར་ཐལ་བ་དེ་དགག་པའི་ཕྱིར་འདིར་ཉེས་བྱས་ཙམ་དུ་བསྟན་པས་དེ་འགོག་པར་བྱེད་པའི་ཕྱིར་ཞེས་སོ། །ཉམས་པ་ལ་བསྙེན་པར་རྫོགས་པའི་སྡོམ་པ་ཡོད་ཀྱང་ལྟུང་བ་ལ་སྦྱར་བ་ལ་ཉེས་བྱས་ལས་མི་སྐྱེད་ན་སྡོམ་པ་མེད་པས་ལྟུང་བ་ལ་སྦྱར་བ་ལ་ཉེས་པ་གཏན་ནས་མི་སྐྱེད་དམ་ཞེ་ན། མ་ཆགས་པ་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །མ་ཆགས་ཞེས་གཞིར་བྱས་ཏེ། གང་ལ་མ་ཆགས་ན། རྟེན་དེ་ལ་མ་ཆགས། ཊཱིཀྐར། མ་སྐྱེས་པ་ཞེས་བྱ་བ་ནི་སྡོམ་པ་མ་ཐོབ་པ་སྟེ་ཞེས་སོ། །གང་གིས་མ་ཆགས་ན། མཐུན་རྐྱེན་མ་ཚང་བའམ་འགལ་རྐྱེན་མ་སྤངས་བས་མ་ཆགས་ཏེ། རྐྱེན་འགའ་ཞིག་མ་ཚང་བས་ཞེེས་སོ། །གང་མ་ཆགས་ན། སྤོང་བ་བཞིའམ་བདུན་འཁོར་དང་བཅས་པའི་ཚུལ་ཁྲིམས་མ་ཆགས་ཏེ། དང་པོ་ཉིད་ནས་དགེ་ཚུལ་དང་དགེ་སློང་དག་གི་སྡོམ་པ་གཉིས་མ་སྐྱེས་པ་ཡིན་ནོ་ཞེས་སོ། །ཇི་ལྟར་མ་ཆགས་ན། མ་ཐོབ་པ་ལས་ཉམས་པའི་ཚུལ་གྱིས་མ་ཆགས། མ་ཆགས་པས་ལྟུང་བ་ལ་སྦྱར་ན་ཅིར་འགྱུར་ན། མ་ཆགས་པས་ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ། །ཉེས་བྱས་བསྐྱེད་ཅེས་སྒྲུབ་པའི་སྒྲས་བསྟན་ནམ། ཉེས་བྱས་ལས་མི་སྐྱེད་ཅེས་དགག་པའི་སྒྲས་བསྟན་ཞེ་ན། སྒྲུབ་པའི་སྒྲས་བསྟན་ཏེ། མ་ཆགས་པ་ལ་སྡོམ་པ་གང་ཡང་མེད་པས་ལྟུང་བ་ཡང་མེད་དམ་སྙམ་པའི་དོགས་པ་བསལ་ནས་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་ཐ་སྙད་ལ་བདག་ཉིད་སྟོན་ཞིང་བར་མའི་ངོ་བོ་ཉིད་ཀྱི་རབ་ཏུ་བྱུང་བ་ཡོད་པས་ཉེས་བྱས་སུ་འགྱུར་ཞེས་བསྟན་པའི་ཕྱིར། ཊཱིཀྐར། མ་སྐྱེས་པ་


DLL1002_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྒྲུབ་པ་ཡིན་ཏེ། འདི་ལྟར་དེས་དང་པོ་ཉིད་ནས་དགེ་ཚུལ་ཉིད་དང་དགེ་སློང་ཉིད་ཀྱི་དངོས་པོ་མ་ཐོབ་པས་མེད་པའི་ཕྱིར་དེས་ལྟུང་བ་ལ་སྦྱོར་བའི་དུས་ན་ཉེས་བྱས་སུ་འགྱུར་བར་བསྒྲུབ་པའི་ཕྱིར་རོ། །འོ་ན་སྡོམ་པ་མེད་པ་ལ་ལྟུང་བ་རྣམ་པར་བཞག་པ་ཡང་མེད་པ་མིན་ནམ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་ཐ་སྙད་ལ་སྡོམ་པ་མ་སྐྱེས་པ་འདིས་ཁས་བླངས་པར་གྱུར་པས་དེའི་ཕྱིར་ཐ་སྙད་དེ་ལ་བདག་ཉིད་སྟོན་པའི་གང་ཟག་མ་སྐྱེས་པ་ལ་ནི་སྡོམ་པ་ཡང་མིན་སྡོམ་པ་མིན་པ་ཡང་མིན་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་བྱུང་བ་ཡོད་པས་དེ་ལ་ཉེས་བྱས་སུ་བཞག་པ་མཛད་དོ་ཞེས་གསུངས། གཉིས་པ་ལ་གཉིས། དངོས་བླངས་ལ་ཅིར་འགྱུར་དང༌། ཕྱོགས་མཐུན་ལ་ཅིར་འགྱུར་རོ། །དང་པོ་ནི། ཉམས་པ་དང་མ་ཆགས་པས་ལྟུང་བ་ལ་སྦྱར་བ་ལ་ཉེས་བྱས་བསྐྱེད་ན་སྡོམ་པ་སྐྱེས་ལ་མ་ཉམས་པ་ཐམས་ཅད་ཀྱིས་ལྟུང་བ་ལ་སྦྱར་བ་ལ་སྡེ་ལྔའི་དངོས་གཞི་བསྐྱེད་པས་ཁྱབ་བམ་ཞེ་ན། འདས་ཞེས་པ་བཤད་པའི་གཞིར་བྱས་ནས། གང་གིས་འདས་ན་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་དགེ་ཚུལ་ཕ་མ་དང་དགེ་སློབ་མ་གསུམ་གྱིས་འདས། བསྙེན་པར་མ་རྫོགས་པ་ཞེས་པས་རྫོགས་པ་དང༌། རབ་ཏུ་བྱུང་བ་ཞེས་པས་ཁྱིམ་པ་བསལ། ཊཱིཀྐར། དེ་ནི་བསྙེན་པར་མ་རྫོགས་པ་ཡང་ཡིན་ལ་རབ་ཏུ་བྱུང་བ་ཡང་ཡིན་པས་ན་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ་ཞེས་བྱ་སྟེ། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མའོ་ཞེས་སོ། །གང་ལས་འདས་ན། སྡོམ་པ་ཡང་དག་པར་བླངས་པ་དགེ་ཚུལ་ཕ་མས་སྲོག་གཅོད་སྤོང་བ་ལ་སོགས་པ་བཅུ་དང༌། དགེ་སློབ་མས་དེ་དག་དང༌། ཆོས་དྲུག་དང༌། རྗེས་སུ་མཐུན་པའི་ཆོས་དྲུག་དང༌། གསུམ་ཅར་གྱིས་


DLL1002_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

བར་མ་ཡང་དག་པར་བླངས་པ་གསུམ་ལས་འདས། ཊཱིཀྐར། དེ་དག་གིས་བླང་བ་ཞེས་བྱ་བ་ནི། དགེ་ཚུལ་གྱིས་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བསླབ་པའི་གཞི་བཅུ་བླངས་པ་དང་དགེ་སློབ་མས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་བླངས་པ་སྟེ་ཞེས་དང༌། འདི་ལྟར་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ནོ་ཞེས་གསུངས་པའི་ཚིག་གང་ཡིན་པ་དེ་ནི་རེ་ཞིག་བླངས་པ་ཡིན་པས་དེའི་ཕྱིར་མུ་སྟེགས་ཅན་གྱི་རྟགས་འཆང་བ་ནི་ཇི་ལྟར་ཁྱིམ་པའི་རྟགས་འཆང་བ་དེ་བཞིན་དུ་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བླངས་པ་ལས་འདས་པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས། ཇི་ལྟར་འདས་ན་བསམས་བཞིན་དུ་སྲོག་གཅོད་པ་ལྟ་བུ་བསླབ་པའི་གཞི་དག་ལས་བྲལ་བར་བྱས་པ་སྟེ། ཊཱིཀྐར། དེ་དག་ལས་འདས་ཤིང་བྲལ་ན་ཉེས་བྱས་ཁོ་ནའོ་ཞེས་སོ། །དེ་འདས་པ་ལ་ཅིར་འགྱུར་ན། ཡང་ངོ་ཞེས་པས་ཉེས་བྱས་སུ་འགྱུར། ཉེས་བྱས་ཞེས་པ་བཤགས་པར་བྱ་བའི་ཉེས་བྱས་ཡིན་པས་དེས་ན་བླངས་པ་ལས་འདས་པ་ཞེས་བཤད་ལ། ཕྱོགས་མཐུན་ལས་འདས་པ་ལ་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་འོག་ནས་སྟོན་ཏེ། ཊཱིཀྐར། ལྟུང་བ་ལ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་སྔར་སྨོས་པས་འདིར་ཡང་དེ་དག་ལྟུང་བ་ཐམས་ཅད་ལ་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བར་ཐལ་བ་དེ་བསལ་བའི་ཕྱིར་བླངས་པ་ལ་འདས་པ་ལ་ཉེས་བྱས་སུ་གསུངས་ཀྱི་དེའི་ཕྱོགས་དང་མཐུན་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་བར་འོག་ནས་སྟོན་ནོ་ཞེས་གསུངས། ཁ་ཅིག་རྩ་བ་བཞི་ལས་འདས་པ་ལ་བཤགས་བྱའི་ཉེས་བྱས་མིན་ཏེ། ཕམ་འདྲའི་ཉེས་བྱས་ཡིན་པའི་ཕྱིར་ཞེས་ཟེར་བ་མི་འཐད་དེ། ཊཱིཀྐར། མི་ཚངས་པར་སྤྱོད་པ་ནི་དེ་སྤོང་བའི་བསླབ་པའི་གཞི་ཡང་དག་པར་བླངས་པ་ལས་འདས་


DLL1002_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས། དེ་ལ་ནི་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ཤིང༌། གལ་ཏེ་ཡང་དེའི་ཚེ་ཉམས་སུ་མྱོང་བར་གྱུར་ན་ནི་དེའི་ཚེ་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། དེས་ན་དེའི་ལུས་ལ་སྐྱེ་བའི་ཆོས་ཉིད་མེད་པར་འགྱུར་ཞེས་གསུངས། དེས་ན་ཕམ་པ་དང་བྱེད་ལས་འདྲ་བས་ཕམ་འདྲའི་ཉེས་བྱས་ཀྱང་ཡིན་ལ། འཆབ་སེམས་མ་སྐྱེས་པ་ལ་བསླབ་པ་བྱིན་ནས་བཤགས་པར་བྱ་བ་ཡིན་པས་བཤགས་བྱའི་ཉེས་བྱས་ཀྱང་ཡིན་ནོ། །དགེ་ཚུལ་ལ་བསླབ་པ་བྱིན་པ་ཡོད་པར་འོད་ལྡན་དུ་གསུངས་ཏེ། དེ་ལས། འོ་ན་ཅི། དགེ་ཚུལ་ལ་བསླབ་པ་བྱིན་པ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བཤད། ཕྲན་ཚེགས་ལས། དགེ་སློང་དག་དེ་ལྟ་བུ་གཞན་ལ་ཡང་བསླབ་པ་བྱིན་ཅིག་ཅེས་གསུངས་པའི་ཕྱིར་རོ། །ཞུ་བ་ལས། དགེ་སློང་མ་བསླབ་པ་བྱིན་པ་ཞེས་གསུངས་པའི་ཕྱིར་བསམ་གཏན་པ་དགའ་བྱེད་ནི་མཚོན་པ་ཡིན་པར་རྟོགས་སོ་ཞེས་སོ། །བསླབ་པ་བྱིན་པ་བཤགས་པ་ཡིན་པར་ལྔ་བཅུ་པར་བཤད་དོ། །དེ་དགག་པའམ་བསྒྲུབ་པའི་སྒྲས་བསྟན་ན། ཉེས་བྱས་ཡིན་གྱི་ཕམ་པ་ལ་སོགས་པ་མིན་ནོ་ཞེས་དགག་པའི་སྒྲས་བརྗོད་དེ། ཊཱིཀྐར། ཉེས་བྱས་ཁོ་ནའོ་ཞེས་དང༌། འོད་ལྡན་དུ། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ་ཞེས་སོ། །འོ་ན། ཕམ་པ་དང་བྱེད་ལས་འདྲ་ན། ཅིའི་ཕྱིར་ཉེས་བྱས་ཞེས་བསྟན་ཞེ་ན། རྫོགས་པ་དང་མ་རྫོགས་པའི་ཁྱད་པར་དབྱེ་བའི་ཕྱིར་ཡིན་ཏེ། འོད་ལྡན་ལས། །ཡང་ཅིའི་ཕྱིར་བསྙེན་པར་མ་རྫོགས་པའི་ནི་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་བའི་ཆད་པར་རྣམ་པར་བཞག་ཅེ་ན། འཕགས་པ་ཉེར་སྦས་ཀྱི་ཞལ་ནས། བསྙེན་པར་རྫོགས་པ་དང་བསྙེན་


DLL1002_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་རོ་ཞེས་གསུངས་སོ། །འཕགས་པ་ཟླ་བ་ནོར་བུའི་ཞལ་ནས་ནི། ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པ་ཡིན་པའི་ཕྱིར་ཞེས་གསུངས་སོ། །དགེ་ཚུལ་གྱི་བཤགས་པར་བྱ་བའི་ཉེས་བྱས་ལ་ཁ་ཅིག་སུམ་ཅུ་རྩ་གསུམ་དུ་འདོད་དེ། རྩ་བཞི་གསོད་གསུམ་གཞི་མེད་ནས། །སུན་འབྱིན་པར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་སྐུར། །ཉེར་འཇོག་འབྲས་ཆན་འགེབས་དང་ཆང༌། །གར་གསུམ་ཕྲེང་གསུམ་མལ་ཆེ་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཁ་ཅིག་ཉེར་འཇོག་འགེབས་པ་དང༌། །བར་མ་གསུམ་ལ་བསྡམ་བྱར་བཞེད། །ཊཱི་བམ་ལྔར། ཁྱིམ་པའི་ཁང་པ་ཁང་ཆེན་བྱེད་པ་དང༌། བུད་མེད་དང་ལྷན་ཅིག་ཉལ་བ་དང༌། རིན་པོ་ཆེ་སློང་བ་དང༌། དེའི་ཁབ་རལ་བྱེད་དུ་འཇུག་པ་དང༌། དཀོན་མཆོག་གསུམ་ལ་མ་གུས་པ་དང༌། གསོ་སྦྱོང་དགག་དབྱེ་མི་བྱེད་པ་དང༌། དབྱར་ཁས་མི་ལེན་པ་དང༌། གནས་ལ་མི་བརྟེན་པའང་བཤགས་པར་བྱ་བར་གསུངས། མདོ་འགྲེལ་དུ། འཕྲོག་པ་སྤྲོད་པ་ཉེས་བྱས་སུ་གསུངས་པའི་རྒྱུ་མཚན་དཔྱད་དགོས་ལ། ཤེས་རབ་བྱེད་པར། ཐ་མ་བཞི་པོ་དེ་དག་བཤགས་བྱར་བཤད་དོ། །འགྲེལ་པ་ལྟར་ན་བར་མ་གཅིག་སྐྱབས་འགྲོ་ཡིན་པར་མངོན་ཏེ། མཁན་པོ་དང་སློབ་དཔོན་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་བསྡམ་བྱར་གསུངས་པའི་ཕྱིར་རོ་ཞེས་གསུངས། སློབ་དཔོན་ཤཱཀྱ་འོད་དང༌། ཤེས་རབ་བྱེད་པར། བར་མ་གསུམ་ལས་འདས་པ་བསྡམ་བྱར་བཞེད་པར་སྣང་ངོ༌། །རང་ལུགས་ལ། དགེ་ཚུལ་ཕ་མའི་བཤགས་བྱའི་ཉེས་བྱས་ནི་བསྡུ་ན་བཅུ་གསུམ་ཡིན་ལ། དགེ་སློབ་མའི་བཤགས་བྱའི་ཉེས་བྱས་བསྡུ་ན་ཉི་ཤུ་རྩ་ལྔའོ། །གཉིས་པ་ནི། མ་རྫོགས་པ་གསུམ་གྱིས་ཡང་


DLL1002_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་བླངས་པ་ཇི་སྐད་བསྟན་པ་དང༌། དགེ་སློབ་མས། འཆང་དང་འབྲལ་དང་མེ་རེག་དང༌། །སྤངས་པ་ཟ་དང་ས་བོན་འཇིག །མི་གཙང་འདོར་དང་ཤིང་འཛེག་དང༌། །བླངས་པ་མདོར་གཏོགས་སློབ་མའི་མིན། །ཞེས་དང༌། དགེ་ཚུལ་ཕ་མས་དེའི་སྟེང་དུ། །དགེ་ཚུལ་གཉིས་གྱིས་རིན་ཆེན་རེག །གསོག་འཇོག་བྱས་པ་ཟ་བ་དང༌། །བྱིན་ལེན་མ་བྱས་ས་བརྐོ་དང༌། །སྐྱེ་བ་འཇིག་དང་བཅས་པ་མིན། །ཞེས་དང༌། རུང་མཐུན་སྦྱར་བ། ཟླ་འཇོག་གསོག་འཇོག་དགོན་པ་འབྲལ། །མ་སྨྲས་འདུན་བསྒྱུར་མ་རྫོགས་ཉལ། །ཞེས་པའི་ཉེས་མེད་དེ་དག་མིན་པ་དངོས་སུ་ཡང་དག་པར་བླངས་པ་དེའི་ཕྱོགས་དང་མཐུན་པ་བླངས་པ་དེ་དག་དང་འདྲ་ཞིང་དེ་དག་གི་ཕྱོགས་ལ་བརྟེན་པ། དབྱར་གནས་གཅིག་ཏུ་གནས་པ་དང༌། །གསོ་སྦྱོང་དགག་དབྱེར་བཅས་པ་དང༌། །དེ་ལ་སོགས་པ་དེ་ཡིས་ནི། །བླངས་པའི་ཕྱོགས་དང་མཐུན་པ་ཡིན། །རྟགས་དང་སློང་དང་སྣོད་དང་ནི། །ལོངས་སྤྱོད་ཕྱར་གཡེང་འདོད་པ་དང༌། །གནོད་པ་དང་ནི་གནས་པ་དང༌། །མ་གུས་མི་སྦྱོང་གཞི་ལས་བྱུང༌། །ཞེས་བྱ་བ་དེ་དག་ལས་འདས་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་གྱི་བཤགས་པར་བྱ་བ་ནི་མིན་པའོ། ། ཊཱིཀྐར། དེའི་ཕྱོགས་དང་མཐུན་པ་ཞེས་བྱ་བ་ནི་བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བ། དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མས་བསླབ་པའི་གཞི་བླངས་པ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་བཅུ་དང༌། ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་པོ་དག་ཉིད་མིན་པ་དེ་དག་དང་འདྲ་ཞིང་དེ་དག་གི་ཕྱོགས་ལ་བརྟེན་པ་གང་ཡིན་པ་དེ་ནི་དེའི་ཕྱོགས་དང་མཐུན་པ་ཞེས་བྱའོ། །དེ་དག་ལས་འདས་ཤིང་འགལ་བར་བྱས་པ་ལ་ནི་ཡིད་ཀྱི་ཉེས་བྱས་སུ་འགྱུར་ཏེ། བསྡམ་པར་བྱ་བའི་ཉེས་བྱས་ཡིན་གྱི་བཤགས་པར་བྱ་བའི་ཉེས་བྱས་ནི་མིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །དེ་ཡང་བཤགས་བྱའི་ལྟུང་བ་ནི་མིན་ཏེ། བླངས་པ་ལས་འདས་པ་མེད་པའི་ཕྱིར་


DLL1002_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །བསྡམ་པར་བྱ་བའི་ཉེས་བྱས་ནི་ཡིན་ཏེ། བླངས་པ་དང་འདྲ་བ་ལས་འདས་པའི་ཕྱིར་རོ། །འོད་ལྡན་ལས། ཅི་སྟེ་དེའི་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱི་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་འབྱུང་ཞེ་ན། དགེ་ཚུལ་གྱི་སྔགས་ལས། ཡན་ལག་བཅུ་པ་འདིས་བདག་ཅེས་པའི་ཚད་གསུངས་པ་ལས་བསླབ་པ་བཅུ་བོ་ཁོ་ན་ལས་འདས་ན་ལྟུང་བ་ཡིན་པར་གསུངས་པའི་ཕྱིར་དང༌། གཞན་ལ་མ་གསུངས་པའི་ཕྱིར་ལ་གཞན་ཡང་སྐྱོན་མེད་པ་ཉིད་ནི་མིན་ཞིང་བླངས་པ་ལས་འདས་པ་དང་ཤན་འདྲ་བའི་ཕྱིར་དང༌། ཡིད་ཀྱིས་བསྡམ་པར་བྱ་བ་ཡང་སྤྱིར་བསྟན་པའི་ངོ་བོ་ཡིན་པས་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱིས་བསྡམ་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་བཞག་གོ །གལ་ཏེ་ཡང་ཆ་མ་ཚང་བའི་ལྟུང་བ་ཡིན་པར་མི་འདོད་ཅེ་ན། མི་འཐད་པའི་ཕྱིར་ཏེ། ཆ་མ་ཚང་པ་ནི་ཡང་དག་པར་བླངས་པའི་ཡུལ་ལས་འདས་པའི་ཡུལ་ཁོ་ན་ཉིད་ཡིན་ནོ་ཞེས་དང༌། དེའི་ཕྱིར་བསླབ་པའི་གཞི་ལས་གཞན་པ་བླངས་པ་དང་འདྲ་བ་རྣམས་ནི། མ་བླངས་ཀྱང་འདས་ན་ཡིད་ཀྱིས་བསྡམ་པར་བྱ་བར་རྣམ་པར་བཞག་པ་ཡིན་གྱི་ལྟུང་བ་ནི་མིན་ནོ་ཞེས་སོ། །གསུམ་པ་བསླབ་པ་བྱིན་པ་ལ་ཅིར་འགྱུར་ནི། བསྙེན་པར་མ་རྫོགས་ཤིང་རབ་ཏུ་བྱུང་བས་བླངས་པ་ལས་འདས་པ་ལ་ཉེས་བྱས་ལས་མི་སྐྱེད་ན། བསླབ་པ་བྱིན་པ་ཡང་རྣམ་གྲངས་ཀྱིས་བསྙེན་པར་མ་རྫོགས་པ་ཡིན་པས་དེས་ལྟུང་བ་ལ་སྦྱར་བ་ལ་ཡང་ཉེས་བྱས་ལས་མི་སྐྱེད་དམ་ཞེ་ན། འདྲ་བ་ཉིད་དོ། །ཞེས་པ་བཤད་པའི་གཞིར་བྱས་ནས། གང་འདྲ་ནི། ཕམ་པར་འགྱུར་བའི་ལྟུང་བ་འཆབ་མེད་བྱུང་ལ་ཆད་པའི་ལས་ཀྱིས་བསླབ་པ་བྱིན་པ་ནི་འདྲའོ། །ནི་ཞེས་པ་ནི་དགར་བ་སྟེ། གང་དགར་ན་བསླབ་བྱིན་དགེ་སློང་དགར། གང་ལས་དགར་ན་བསྙེན་པར་མ་རྫོགས་པ་ལས་དགར། གང་གིས་དགར་ན། ལྟུང་བའི་རྟེན་དུ་དགེ་སློང་དང་འདྲ་བ་ཉིད་ཀྱིས་དགར། གང་དང་


DLL1002_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ་ན། དགེ་སློང་རང་བཞིན་དུ་གནས་པ་གཞན་དང་འདྲ། གང་ལ་འདྲ་ན་ལྟུང་བ་སྡེ་ལྔའི་རྟེན་དུ་འདྲ་སྟེ། ཊཱིཀྐར། བསླབ་པ་བྱིན་པ་ནི་ཐམས་ཅད་དུ་ལྟུང་བ་ལ་སྦྱོར་བ་དགེ་སློང་དང་འདྲ་བ་ཉིད་དུ་རིག་པར་བྱ་སྟེ་ཞེས་སོ། །ཇི་ལྟར་འདྲ་ན་དགེ་སློང་རང་བཞིན་དུ་གནས་པས་ལྟུང་བ་ལ་སྦྱར་བ་ལྟུང་བ་དངོས་གཞིར་འབྱུང་བ་ལྟར། བསླབ་པ་བྱིན་པས་ལྟུང་བ་ལ་སྦྱར་བ་ལ་ཡང་དངོས་གཞི་འབྱུང་བ་འདྲ་སྟེ། ཊཱིཀྐར། ཇི་ལྟར་དགེ་སློང་མི་ཚངས་པར་སྤྱོད་པ་ལ་སོགས་པ་ལ་སྦྱོར་བ་ལ་ཕམ་པར་འགྱུར་བ་ལ་སོགས་པའི་ལྟུང་བ་འབྱུང་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དེ་བཞིན་ནོ་ཞེས་གསུངས། འདྲ་བའི་རྒྱུ་མཚན་བསྙེན་པར་རྫོགས་པའི་སྡོམ་པ་དགོས་པ་བསྒྲུབ་ནུས་ཡོད་པའི་ཕྱིར། ཊཱིཀྐར། རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །འདྲ་བར་བསྟན་པའི་དགོས་པ་ནི། བསླབ་བྱིན་ནི་རྣམ་གྲངས་ཀྱིས་བསྙེན་པར་མ་རྫོགས་པ་ཡིན་པས་སྡེ་ལྔའི་དངོས་གཞི་མི་སྐྱེད་དམ་སྙམ་པའི་དོགས་པ་བསལ་བ་དང༌། བསླབ་པ་བྱིན་པ་ཡང་བསྙེན་པར་རྫོགས་པ་ཡིན་པས་དགེ་སློང་དང་འདྲ་བར་བསླབ་དགོས་པར་གོ་བ་དང༌། ལུང་དུ། གཞི་དུ་མ་ལ་སྦྱར་བ་འདིར་སྤྱིར་བསྟན་པས། ཚིག་ཚོགས་སྐྱུང་པའི་དགོས་པ་ཡོད་དོ། །བསླབ་པ་སྦྱིན་པའི་གཞི་ནི། སློབ་དཔོན་དབྱིག་གཉེན་ནི། མི་ཚངས་སྤྱོད་ལྟ་བུའི་ལྟུང་བ་བྱུང་མ་ཐག་འཆབ་པར་མི་བྱེད་ན་ཕས་ཕམ་པ་མིན་པས་དེ་ལ་བསླབ་པ་སྦྱིན་ལ། འཆབ་ན་ནི་ཕམ་པར་གྱུར་པ་ཡིན་པས་སྡོམ་པ་གཏོང་ཞིང་ཕྱིས་གསོར་མེད་ཅེས་བཞེད། སྔ་རབས་པ་དག་ནི་འཆབ་སེམས་མེད་ཀྱང་ཕམ་པར་འགྱུར་བའི་ལྟུང་བ་བྱུང་མ་ཐག་སྡོམ་པ་གཏོང་ལ། ཕྱིས་ཆོ་གའི་སྒོ་ནས་ནོད་དགོས་ཤིང་དེའི་ཚེ་བསླབ་པ་སྟེར་ལ། འཆབ་སེམས་སྐྱེས་ན་ཕྱིས་གསོར་མེད་ཅེས་


DLL1002_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་དག །རྩ་བའི་ལྟུང་བ་བྱུང་བས་སྡོམ་པ་གཏོང་བ་མེད་ལ། འཆབ་མེད་ལ་བསླབ་པ་སྟེར་བར་བཞེད་དོ། །གཉིས་པ་ཞར་བྱུང་ནི། བསླབ་པ་བྱིན་པ་དེ་རྣམ་པ་ཐམས་ཅད་དུ་བསྙེན་པར་རྫོགས་པ་དང་འདྲའམ་ཞེ་ན། ལྡན་པའམ་འདྲ་བ་ཉིད་ཀྱང་ཡིན་ནོ་ཞེས་བཤད་པའི་གཞིར་བྱས་ནས། གང་འདྲ་ན་བསླབ་པ་བྱིན་པའི་དགེ་སློང་དེ་འདྲ་སྟེ། ཊཱིཀྐར། བསླབ་པ་བྱིན་པ་དེ་དགེ་སློང་གི་ཡུལ་ལ་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་ཀྱང་ཡིན་ནོ། །ཞེའོ། །གང་དང་འདྲ་ན། བསྙེན་པར་མ་རྫོགས་པ་དགེ་ཚུལ་ལ་སོགས་པ་དང༌། གང་ལ་འདྲ་ན། དགེ་སློང་རང་བཞིན་དུ་གནས་པ་ལ་བྱིན་ལེན་སྟོབས་པ་ལ་སོགས་པ་ལ་འདྲ། ཊཱིཀྐར། བསླབ་པ་བྱིན་པ་དེ་དགེ་སློང་གཞན་ཀྱི་ཡུལ་ལ་ནི་བསྙེན་པར་མ་རྫོགས་པ་དང་འདྲ་བ་ཉིད་ཡིན་ལ། རང་གི་ཡུལ་ལ་ནི་བསྙེན་པར་རྫོགས་པ་ཉིད་ཡིན་ནོ། །ཞེས་སོ། །ཇི་ལྟར་འདྲ་ན། མ་རྫོགས་པས་དགེ་སློང་རང་བཞིན་དུ་གནས་པ་ལ་བྱིན་ལེན་བསྟབས་ན་འཐོབ་རེག་ན་འཇིག་བསྙེན་པར་མ་རྫོགས་པ་ལ་ཕྲ་མ་བྱས་ཀྱང་དགེ་སློང་རང་བཞིན་དུ་གནས་པ་ལ་ལྟུང་བྱེད་མི་འབྱུང་བ་ལ་སོགས་པ་དང༌། མ་རྫོགས་པའི་ལག་ཉ་གསོག་འཇོག་ལ་སོགས་པས་དགེ་སློང་རང་བཞིན་དུ་གནས་པའི་ལག་ཉ་གསོག་འཇོག་ལ་སོགས་པར་མི་འགྱུར་བ་ལྟར། བསླབ་པ་བྱིན་པས་ཀྱང་དགེ་སློང་རང་བཞིན་དུ་གནས་པ་ལ་བྱིན་ལེན་བསྟབས་ན་འཐོབ་རེག་ན་འཇིག་དེ་ལ་ཕྲ་མ་བྱས་ཀྱང་དགེ་སློང་རང་བཞིན་དུ་གནས་པ་ལ་ལྟུང་བྱེད་སོགས་མི་འབྱུང་པ་དང༌། དེའི་ལག་ཉ་གསོག་འཇོག་ལ་སོགས་པས་དགེ་སློང་རང་བཞིན་དུ་གནས་པའི་ལག་ཉ་གསོག་འཇོག་ལ་སོགས་པར་མི་འགྱུར་བར་འདྲ། ཊཱིཀྐར། བསླབ་པ་བྱིན་པ་དེ་དགེ་སློང་གི་ཡུལ་ལ་དེས་བྱིན་ལེན་བསྟབས་ན་ཡང་བྱིན་ལེན་དུ་རུང་ལ་དེས་རེག་ན་ཡང་བྱིན་ལེན་འཇིག་པ་དང་དེ་


DLL1002_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྲ་མ་བྱས་ན་ཡང་དགེ་སློང་ལ་ཕྲ་མ་བྱས་པའི་ལྟུང་བྱེད་དུ་མི་འགྱུར་བ་དང་ཞེས་སོགས་གསུངས་སོ། །འདྲ་བའི་རྒྱུ་མཚན་ནི་རྩ་བའི་ལྟུང་བ་བྱུང་ཞིང་དེའི་ཆད་ལས་ལ་གནས་པའི་ཕྱིར། ཊཱིཀྐར། བསླབ་པ་བྱིན་པ་ནི་ཆོ་ག་ཉམས་པ་ཡིན་པའི་ཕྱིར་ཞེས་སོ། །འདྲ་བར་བསྟན་པའི་དགོས་པ་ནི། བསླབ་པ་བྱིན་པ་དེ་ཐམས་ཅད་དུ་དགེ་སློང་གཞན་དང་འདྲའམ་སྙམ་པའི་དོགས་པ་བསལ་ནས་བྱིན་ལེན་གསོག་འཇོག་སོགས་ལ་དགེ་སློང་རང་བཞིན་དུ་གནས་པ་གཞན་དང་མི་འདྲ་བ་གོ་བའི་ཆེད་ཡིན་ནོ། །ཊཱིཀྐར། མདོ་འདིས་ནི་དགེ་སློང་གཞན་གྱི་ཡུལ་ལ་དགེ་སློང་ཐ་མལ་པ་གཞན་དང་མི་འདྲ་བར་བསྟན་ནོ་ཞེས་སོ། །དེ་ལྟུང་བའི་ཡུལ་ཐམས་ཅད་ལ་མ་རྫོགས་པ་དང་འདྲའམ་ཞེ་ན། འདྲ་བ་མིན་ནོ་ཞེས་པ་གཞིར་བྱས་ནས། གང་ལ་མི་འདྲ་ན། ལྟ་མཚན་ནང་མཐུན་པའི་བསླབ་པ་བྱིན་པ་དེ་ལ་ནི་མི་འདྲའོ། །གང་མི་འདྲ་ན། བསླབ་པ་བྱིན་པ་གཞན་ནི་མི་འདྲའོ། །གང་དང་མི་འདྲ་ན། མ་རྫོགས་པ་དགེ་ཚུལ་ལ་སོགས་པ་དང་མི་འདྲའོ། །ཇི་ལྟར་མི་འདྲ་ན། དགེ་ཚུལ་ལ་སོགས་པས་བསླབ་པ་བྱིན་པ་ལ་བྱིན་ལེན་སོགས་རུང་བ་ལྟར་བསླབ་པ་བྱིན་པས་བསླབ་པ་བྱིན་པ་ལ་བྱིན་ལེན་མི་རུང་ཞིང༌། བསླབ་བྱིན་གྱི་གསོག་འཇོག་གིས་བསླབ་བྱིན་གཞན་གྱི་གསོག་འཇོག་ཏུ་འགྱུར་བས་སོ། །མི་འདྲ་བའི་རྒྱུ་མཚན། བསླབ་པའི་རང་བཞིན་འདྲ་བའི་ཕྱིར་རོ། །ཊཱིཀྐར། བསླབ་པ་བྱིན་པ་དེ་ལ་བསླབ་པ་བྱིན་པ་གཞན་ནི་བསྙེན་པར་མ་རྫོགས་པ་དང་ལྡན་པ་ཉིད་མིན་ཏེ། རང་བཞིན་འདྲ་བའི་ཕྱིར་རོ། །ཞེས་དང༌། བཙུན་པ་རེ་ཞིག་བསླབ་པ་བྱིན་པ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། བཞི་སྟེ། བཞི་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང༌། བསླབ་པ་བྱིན་པས་གསོག་འཇོག་བྱས་པ་དང༌། དགེ་སློང་གིས་གསོག་འཇོག་བྱས་པ་དང༌། དགེ་སློང་གི་དགེ་འདུན་གྱིས་གསོག་


DLL1002_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

འཇོག་བྱས་པའོ་ཞེས་སོ། །མི་འདྲ་བར་བསྟན་པའི་དགོས་པ་ནི། བསླབ་པ་བྱིན་པ་ནང་ཕན་ཚུན་དུ་བྱིན་ལེན་སྟོབས་པ་སོགས་རུང་ངམ་སྙམ་པ་དང༌། ནང་ཕན་ཚུན་དུ་ཕྲ་མ་སོགས་བྱས་ཀྱང་ཕྲ་མ་བྱེད་པའི་ལྟུང་བྱེད་སོགས་མི་འབྱུང་ངམ་སྙམ་པའི་དོགས་པ་བསལ་བའོ། །དགེ་སློང་མ་བསླབ་པ་བྱིན་པ་མོ་དེ་དགེ་སློབ་མའི་ཡུལ་ལ་ཡང་བསྙེན་པར་མ་རྫོགས་པ་དང་འདྲའམ་ཞེ་ན། དགེ་སློང་མ་བསླབ་པ་བྱིན་པ་མོ་དེ་དགེ་སློབ་མའི་ཡུལ་ལ་ཡང་མ་རྫོགས་པ་དང་འདྲ་བ་ཉིད་མིན་ཏེ། དེ་བསྙེན་པར་རྫོགས་པའི་སྡོམ་པ་དང་ལྡན་ཞིང་དེའི་གསོག་འཇོག་གིས་དགེ་སློབ་མའི་གསོག་འཇོག་ཏུ་ཡང་འགྱུར་བའི་ཕྱིར། ཞུ་བར། བཙུན་པ། རེ་ཞིག་དགེ་སློབ་མ་ལ་རྒྱུ་དུས་གསོག་འཇོག་བགྱིས་པར་འགྱུར། ལྔ་སྟེ། ལྔ་གང་ཞེ་ན། བདག་ཉིད་ཀྱིས་གསོག་འཇོག་བྱས་པ་དང༌། དགེ་སློབ་མས་གསོག་འཇོག་བྱས་པ་དང༌། བསླབ་པ་བྱིན་པ་མོས་གསོག་འཇོག་བྱས་པ་དང༌། དགེ་སློང་མས་གསོག་འཇོག་བྱས་པ་དང༌། དགེ་སློང་མའི་དགེ་འདུན་གྱིས་གསོག་འཇོག་བྱས་པའོ་ཞེས་སོ། །གཉིས་པ་བསམ་པའི་ཡན་ལག་ལ་གཉིས་ལས། དངོས་ནི། འདྲ་བ་ཉིད་དོ་ཞེས་བཤད་པའི་གཞིར་བཞག །གང་འདྲ་ན། སྔགས་དང་སྨན་ལ་སོགས་པས་འགྲོ་བ་གཞན་དུད་འགྲོ་སོགས་ཀྱི་རྣམ་པ་བསྟེན་པ་སྟེ། གཟུགས་སུ་བསྒྱུར་བའི་དགེ་སློང་དེ་འདྲ། ཊཱིཀྐར། དགེ་སློང་སྔགས་དང་སྨན་དང་ལས་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་རྣམ་པ་ཞེས་བྱ་བ་དུད་འགྲོ་ལ་སོགས་པའི་གཟུགས་སུ་བསྒྱུར་ནས་ཞེས་སོ། །གང་དང་འདྲ་ན་གཟུགས་མ་བསྒྱུར་བའི་དགེ་སློང་དང་འདྲ། ཊཱིཀྐར། དེའི་ཚེ་དགེ་སློང་དེ་ལྟུང་བ་ལ་སྦྱོར་བ་ལ་ནི་དགེ་སློང་གཞན་དག་དང་འདྲ་བ་ཉིད་ཡིན་ཏེ་ཞེས་སོ། །གང་ལ་འདྲ་ན། སྔ་མ་དག །ཕམ་ལྷག་དང་པོ་གཉིས་མ་བྱིན་ལེན། སྲོག་གཅོད་པའི་ལྟུང་བ་བཞི་སྟེ་བདུན་ལ་འདྲ་ཟེར་ཡང༌། སྡེ་ལྔ་ཕལ་མོ་ཆེའི་རྟེན་དུ་འདྲ་སྟེ། ཊཱིཀྐར། ལྟུང་བ་ལ་སྦྱོར་བ་འདྲ་བ་ཉིད་དེ་ཞེས་


DLL1002_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཇི་ལྟར་དགེ་སློང་གཞན་དག་ལྟུང་བ་ལ་སྦྱོར་བ་ལ་གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་བ་དེ་བཞིན་དུ་དེ་ལ་ཡང་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་དང༌། ལྔ་བཅུ་པར། ཕམ་ལྷག་ཐམས་ཅད་ཀྱི་སྐབས་སུ། འགྲོ་བ་གཞན་གྱི་རྣམ་པ་བསྟེན་པ་ན། དགེ་སློང་གི་འདུ་ཤེས་ཡོད་པ་ལ་ན་སྨད་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་བལ་ཐོགས་པ་ས་བོན་དང་སྐྱེ་བ་འཇོམས་པ་ལ་སོགས་པ་གཟུགས་བསྒྱུར་བ་ཙམ་གྱིས་དགག་བྱ་མི་རྫོགས་པ་རྣམས་ལ་ན་སྨད་དོ། །གང་གི་ཚེ་འདྲ་ན། མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱ་བ་མིན་པ་བྱེད་པའི་ཚེ་ན་འདྲ། ཊཱིཀྐར། གཟུགས་དེས་མི་ཚངས་པར་སྤྱོད་པ་ལ་སོགས་པ་བྱ་བ་མིན་པ་བྱེད་པ་ན་ཞེས་སོ། །ཇི་ལྟར་འདྲ་ན། ལྟུང་བ་དངོས་གཞི་འབྱུང་བར་འདྲ། འདྲ་བའི་རྒྱུ་མཚན་ནི། བདག་ཉིད་ལ་ཡིད་གཏད་པའི་ཚེ་དགེ་སློང་གི་འདུ་ཤེས་ཡོད་པ་སྟེ། གཟུགས་གཞན་དུ་བསྒྱུར་སྟོབས་ཀྱིས་བསམ་པ་མ་འགྱུར་བར་བསམ་པ་རང་བཞིན་དུ་གནས་པའི་ཕྱིར། ཊཱིཀྐར། དེ་བྱེད་པའི་ཚེ་གལ་ཏེ་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་ཡོད་པར་གྱུར་ན་ཞེས་དང༌། རཊཱི། གལ་ཏེ་བྱེད་པའི་དུས་ན་དགེ་སློང་ལ་སོགས་པའི་འདུ་ཤེས་མ་བརྗེད་པར་གྱུར་ན་ལྟུང་བ་འདྲ་བ་ཉིད་དོ། །ཞེས་སོ། །འདྲ་བར་བསྟན་པའི་དགོས་པ་ནི། གཟུགས་གཞན་དུ་བསྒྱུར་བ་ཙམ་གྱིས་སེལ་བ་བྱེད་དམ་སྙམ་པའི་དོགས་པ་བསལ་བའོ། །སེལ་བ་ནི། གལ་ཏེ་འགྲོ་བ་གཞན་གྱི་རྣམ་པ་བསྟེན་པའི་དགེ་སློང་དེ་ལ་གཟུགས་བསྒྱུར་སྟོབས་ཀྱིས་བདག་ཉིད་དགེ་སློང་ཡིན་པའི་འདུ་ཤེས་མེད་ཅིང་བརྗེད་པར་གྱུར་ན་ནི་དེ་ལྟུང་བ་ལ་སྦྱོར་བ་དགེ་སློང་གཞན་དང་མི་འདྲ་སྟེ་འདུ་ཤེས་ཉམས་པའི་ཕྱིར་རོ། །དེས་ན་ན་སྨད་པ་ཉིད་དུ་འགྱུར་རོ། །ཊཱིཀྐར། དེའི་ཚེ་ལྟུང་བ་འབྱིན་པ་དེ་ལ་བདག་ཉིད་དགེ་


DLL1002_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

སློང་ཡིན་པའི་འདུ་ཤེས་མེད་ཅིང་བརྗེད་པར་གྱུར་པ་ཉིད་ཡིན་ན་ནི། ལྟུང་བ་ལ་སྦྱོར་བ་དེའི་ཚིགས་འོག་མར་ན་སྨད་པ་ཉིད་དོ་ཞེས་སོ། །ན་སྨད་ཅེས་པ་ཡང་རྟེན་དེས་བྱ་བ་དེ་བྱས་ཙམ་གྱི་ལྟུང་བ་ཡིན་ཏེ། ཊཱིཀྐར། མི་ཚངས་པར་སྦྱོར་བ་ཙམ་ཁོ་ན་ལ་ཁ་ན་མ་ཐོ་བ་འདིར་འགྱུར་གྱི་དངོས་གཞི་ཉིད་དུ་ནི་མི་འགྱུར་རོ་ཞེས་སོ། །དེས་ན་འདི་བདག་ཉིད་ལ་དགེ་སློང་གི་འདུ་ཤེས་མེད་ལ་བྱ་བ་བྱེད་པའི་བློ་ཡོད་པ་ལ་དགོངས་ཏེ། ཊཱིཀྐར། འདི་ནི་གང་གི་ཚེ་དགེ་སློང་དུད་འགྲོ་ལ་སོགས་པའི་གཟུགས་ཀྱིས་མི་ཚངས་པར་སྤྱོད་པ་བྱེད་འདོད་པ་དེའི་ཚེ་སྲིད་དོ་ཞེས་དང༌། ཤེས་རབ་བྱེད་པར། མི་ཚངས་པར་སྤྱོད་པའི་ཚེ་དགེ་སློང་ལས་འཕྲུལ་པ་འཕྲུལ་པར་མི་ཤེས་ན་སྦོམ་པོའོ་ཞེས་གསུངས་སོ། །དེ་བཞིན་དུ་དགེ་སློང་མ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། ཊཱིཀྐར། འདིར་དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང་དགེ་སློབ་མ་དང་བསླབ་པ་བྱིན་པ་དང༌། དགེ་ཚུལ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ་ཞེས་སོ། །འདིར་ཁ་ཅིག །འདི་དང་སྨྱོ་བ་སོགས་གསུམ་དང་བཞི་ལ་སྦྱོར་དངོས་གཉིས་ཀ་ལ་རང་བཞིན་མི་གནས་ན་གཉིས་ཀའི་ལྟུང་བ་མེད་དོ། །སྦྱོར་བའི་ཚེ་གནས་མཐར་ཐུག་གི་ཚེ་མི་གནས་ན་སྦྱོར་བ་ལ་གང་ཡོད་འབྱུང་ངོ༌། །དངོས་གཞི་མེད་དེ། བཟློག་པ་བསྒྲུབ་པར་མི་ནུས་པའི་ཕྱིར་རོ། །དེ་ལས་བཟློག་ན་སྦྱོར་ལྟུང་མེད་ལ་དངོས་གཞི་ལ་སྦྱོར་མཐའ་གཉིས་ཀ་འཕེན་པས་མི་འགྲུབ་པ་ལ་དངོས་གཞི་ན་སྨད་དོ། །མཐར་ཐུག་འགྲུབ་ལ་སྦྱོར་བ་མི་འགྲུབ་པའང་འདྲ་སྟེ། མཐར་ཐུག་ཡོད་ཀྱང་རང་བཞིན་གནས་པ་ལ་སྦྱོར་བ་མེད་པའི་ཕྱིར་རོ། །སྦྱོར་བ་འགྲུབ་ལ་མཐར་ཐུག་འཕེན་པས་མི་འགྲུབ་པ་ལ་བསྡམ་བྱ་ཙམ་དུ་འགྱུར་རོ། །གཉིས་ཀ་འཕེན་པས་འགྲུབ་པ་ལ་ལྟུང་བ་མེད་དོ། གཉིད་སྙོམས་ཞུགས་ར་རོ་བ་རྫས་ཀྱིས་མྱོས་པ་བཞི་ལ་གཉིས་ཀའི་ཚེ་རང་


DLL1002_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མི་གནས་པ་དང༌། སྦྱོར་བ་ལ་མི་གནས་དངོས་ཀྱི་ཚེ་གནས་ན་སྔ་མ་བཞིན་ནོ། །སྦྱོར་བ་གནས་མཐར་ཐུག་མི་གནས་ན་འཕེན་པས་མི་འགྲུབ་པ་གསུམ་ལ་སྔ་མ་བཞིན་ནོ། །གཉིས་ཀ་འཕེན་པས་འགྲུབ་པ་ལ་ནི་རྫོགས་པར་འབྱུང་ངོ་ཞེས་གསུངས། གཟུགས་བསྒྱུར་བ་དང་མི་སྣང་བར་བྱས་པ་ལ་ནི་རང་བཞིན་གནས་ཀྱང་ལྟུང་བ་བདུན་པོ་མ་གཏོགས་པ་ཐམས་ཅད་ལ་ན་སྨད་དུ་འགྱུར་ཏེ། འབྱུང་རིང་བ་དང་མ་དད་པ་མི་རྫོགས་པའི་ཕྱིར་ཞེས་གསུངས་སོ། །འོན་ཀྱང་མདོས་ནི་ཤེས་པ་གཏད་ཐུབ་པ་དང་མི་ཐུབ་པ་ཉིད་བསྟན་པར་མངོན་ནོ། །འབྱུང་བ་ཉེ་རིང་ཞེས་པའང་ཐམས་ཅད་དུ་རྒྱུ་མཚན་མིན་ཏེ། དབྱེན་ལ་སོགས་པ་བཞིན་ནོ། །སྦྱོར་བ་དང་མཐར་ཐུག་འཕེན་པས་འགྲུབ་པ་དང་མི་འགྲུབ་པ་ནི་དེའི་ཚེ་ལུས་ངག་གི་བྱ་བ་དང་ཤེས་པ་མངོན་གྱུར་དགོས་པ་དང་མི་དགོས་པ་ལ་འཆད་དོ། །གསུམ་པ་ཚིགས་ཀྱི་ཡན་ལག་ལ་གཉིས་ལས། དངོས་ནི། གནས་སྐབས་སམ་ཚིགས་སྔ་མར་ཏེ་ཁྱིམ་པའི་རྟེན་ལ་དགེ་ཚུལ་ལ་མཐར་ཐུག་འགྲུབ་རུང་གི་བརྐུ་བ་ལ་སོགས་པའི་སྦྱོར་བ་བྱས་པ་ལ་ཡང་དེའི་ཁ་ན་མ་ཐོ་བ་བསོད་ནམས་མིན་པར་ན་སྨད་དོ། །དེ་བཞིན་དུ་རྫོགས་པའི་རྟེན་ལ་མཐར་ཐུག་འགྲུབ་རུང་གི་སྦྱོར་བ་མ་རྫོགས་པ་གསུམ་གྱི་རྟེན་ལ་བྱས་ན་སྦྱོར་བ་དེའི་ལྟུང་བ་ཉེས་བྱས་སུ་ན་སྨད་པ་ཡིན་ཏེ། ཊཱིཀྐར། ཚིགས་སྔ་མར་སྦྱོར་བ་བྱས་པ་ཞེས་བྱ་བ་ནི་ཁྱིམ་པའམ་དགེ་ཚུལ་ལམ་དགེ་སློབ་མ་ཞེས་བྱ་བའི་ཚིགས་སྔ་མ་དག་ཏུ་སྦྱོར་བའི་ཁ་ན་མ་ཐོ་བ་བྱས་པ་སྟེ། ཚིགས་སྔ་མར་སྦྱོར་བ་བྱས་པ་དེའི་ཁ་ན་མ་ཐོ་བ་དེ་ནི་ན་སྨད་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ་ཁྱིམ་པ་ཉིད་ཅེས་བྱ་བའི་ཚིགས་སུ་རྫས་བརྐུ་བ་ལ་སོགས་པའི་ཕྱིར་སྦྱོར་བ་


DLL1002_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པ་གང་ཡིན་པ་དེའི་སྦྱོར་བ་དེ་ཁོ་ནས་དགེ་ཚུལ་ཉིད་དམ་དགེ་སློབ་མ་ཉིད་དམ་དགེ་སློང་ཉིད་ཅེས་བྱ་བའི་ཚིགས་ཕྱི་མ་དག་ཏུ་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་བའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ནི་ན་སྨད་པ་ཉིད་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ་ཞེས་སོགས་གསུངས། ན་སྨད་ཅེས་པ་རྫོགས་པའི་རྟེན་ལ་མཐར་ཐུག་འགྲུབ་པ་ན་ཕམ་པའི་སྦྱོར་བ་ཡིན་མོད། འོན་ཀྱང་དེ་དགེ་ཚུལ་གྱི་རྟེན་ཡིན་པས་ཉེས་བྱས་ཡིན་པའི་ཕྱིར་ན་སྨད་པ་ཡིན་ནོ། །ཕོ་ཉས་རྫས་གནས་ནས་སྤོས་པ་ལྟ་བུའི་ཚེ་ལྟུང་བ་མེད་དེ། བསྙེན་པར་རྫོགས་པར་བྱེད་པའི་ཚེ་དེ་ལྟ་བུའི་འདུན་པ་ལོག་པས་སྦྱོར་བ་རྒྱུན་ཆད་པར་གྱུར་ཏེ་ཚིགས་སྔ་མར་སྦྱོར་བ་བྱས་པ་ཙམ་གྱི་དབང་ཁོ་ན་ལས་མེད་པའི་ཕྱིར། ཊཱིཀྐར། ཚིགས་སྔ་མར་སྦྱོར་བ་ཙམ་གྱི་དབང་ཁོ་ན་ལས་མེད་ན་དེའི་ཚེ་སྦྱོར་བ་ན་སྨད་དོ། །ཡོད་ན་ནི་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །འདི་སྐད་བསྟན་ཏེ། བསྙེན་པར་རྫོགས་པའི་ཕྱིར་རྐུ་བར་བྱེད་ན་ཞེས་སྦྱར་བར་བྱ་སྟེ། དེའི་ཕྱིར་རམ་དེའི་རྒྱུར་བརྐུས་པ་ཡིན་གྱི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་དེ་ལ་བརྐུ་བའི་བྱ་བ་ཡང་མེད་ལ་བརྐུ་བའི་བསམ་པ་ཡང་མེད་པ་དེ་ལ་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་དོ་ཞེས་སོ། །འོན་ཀྱང་ཕོ་ཉས་རྫས་ཁྱེར་ཏེ་བྱུང་བ་དགེ་སློང་དེས་བླངས་པ་ལྟ་བུའི་མཐར་ཐུག་འགྲུབ་པ་ཡོད་ན་དངོས་གཞི་བསྐྱེད་དུ་རུང་བ་ཡིན་ཏེ། ཊཱིཀྐར། ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ་ཞེས་དང༌། གཞུང་དམ་པར། བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ནས་བཅུག་ན་ཅིར་འགྱུར་མཐར་འགྱུར་རོ། །ཞེས་སོགས་དང༌། བམ་ལྔར། དེའི་དངོས་གཞི་ཚིགས་ཕྱི་མར་གྲུབ་པ་ཉིད་ལ་ནི་ན་སྨད་པ་མེད་དེ། གཞི་ཇི་ལྟ་བ་བཞིན་ནོ་ཞེས་གསུངས། ཁ་ཅིག་འདི་སྦྱོར་བ་ན་སྨད་མིན་གྱི་དངོས་གཞི་ན་སྨད་ཡིན་ཟེར་བ་མི་འཐད་


DLL1002_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

དེ། ཊཱིཀྐར། བསྙེན་པར་རྫོགས་པ་ཉིད་ཀྱི་ཚིགས་ཕྱི་མར་དངོས་གཞིའི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་པའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ཡང་ན་སྨད་པ་ཡིན་ཏེ། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ནོ་ཞེས་དང༌། བམ་ལྔར། ཚིགས་སྔ་མར་སྦྱོར་བ་བྱས་པ་ལ་ཡང་སྦྱོར་བ་ཉིད་ན་སྨད་པ་ཉིད་དེ། ཁྱིམ་པའམ་དགེ་ཚུལ་ལམ་དགེ་སློབ་མ་ཉིད་ཅེས་བྱ་བའི་ཚིགས་སྔ་མ་དག་ཏུ་སྦྱོར་བའི་ཁ་ན་མ་ཐོ་བ་བྱས་པའི་སྦྱོར་བ་དེས་ཕྱིས་དགེ་ཚུལ་ལམ་དགེ་སློབ་མའམ་དགེ་སློང་ཉིད་ཅེས་བྱ་བའི་ཚིགས་ཕྱི་མ་དག་ཏུ་དངོས་གཞི་ཁ་ན་མ་ཐོ་བ་འགྲུབ་པར་འགྱུར་པའི་སྦྱོར་བ་ཚིགས་སྔ་མར་བྱས་པ་དེ་ནི་ན་སྨད་པ་ཉིད་དེ། སྦྱོར་བ་སྦོམ་པོ་ལ་ཉེས་བྱས་ཉེས་བྱས་ལ་ཉེས་བྱས་ཕྲ་མོར་འགྱུར་བ་ལྟ་བུའོ། །ཞེས་དང༌། ཞུ་ཊཱིཀ་ཏུ། སྦྱོར་བ་ལས་བྱུང་བའི་ཉེས་བྱས་དང་ནི་ལྡན་པའོ་ཞེས་སོ། །རྫོགས་པའི་རྟེན་ལ་སྔར་གྱི་སྦྱོར་བའི་ཉེས་བྱས་དེ་དོན་ལ་ཉེས་བྱས་ཡིན་ཡང་མིང་སྦོམ་པོ་ཡིན་པས་ཕམ་པ་བས་ན་སྨད་པ་སྟེ། ཊཱིཀྐར། ཚིགས་འོག་མར་འགྱུར་བ་ཉིད་ཡིན་ཞེས་དང༌། གང་གི་ཚེ་བསྙེན་པར་རྫོགས་པའི་དུས་ན་དྲན་པར་གྱུར་བ་དེའི་ཚེ། རྒྱ་ལ་འགྱོད་པ་སྐྱེས་པར་གྱུར་ན་ཡང་དེའི་ཚེ་སྦྱོར་བ་སྔ་མ་དེ་ན་སྨད་པ་ཉིད་ཡིན་པས་དེས་ན་ཉེས་པ་སྦོམ་པོར་རྣམ་པར་བཞག་པར་མཛད་དོ། ། ཞེས་སོགས་དང༌། ཞུ་ཊཱིཀ་ཏུ། སྦྱོར་བ་ལས་བྱུང་བའི་ཉེས་བྱས་གང་ཡིན་པ་དེ་ནི་འདིའི་ཉེས་པ་སྦོམ་པོར་འགྱུར་ཏེ། ཕམ་པའི་སྦྱོར་བ་ནི་བསྙེན་པར་རྫོགས་པ་དག་ལ་ཉེས་པ་སྦོམ་པོར་བསྟན་པའི་ཕྱིར་ཞེས་སོ། །འོན་ཀྱང་འདི་ལ་སློབ་དཔོན་ཤཱཀྱ་འོད་ནི། ཚིགས་སྔ་མར་སྦྱོར་བ་བྱས་པ་དེའི་དངོས་གཞི་ཚིགས་ཕྱི་མ་ལ་གྲུབ་པ་ན་སྨད་པའོ་ཞེས་བཞེད་དེ། འོད་ལྡན་དུ། དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་


DLL1002_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །ཚིགས་ཕྱི་མའང་དེ་དང་འདྲའམ་ཞེ་ན། ཚིགས་ཕྱི་མ་བསྙེན་པར་རྫོགས་པ་ལ་ཡང་ཚིགས་སྔ་མ་དགེ་སློབ་མ་དང་དགེ་ཚུལ་ལ་སོགས་པའི་ཚིགས་དེ་དང་ལྡན་པ་ཉིད་ཡིན་པས་རྫོགས་པའི་རྟེན་ལ་སྦྱོར་བ་བྱས་ནས་མ་རྫོགས་པའི་རྟེན་ལ་མཐར་ཐུག་འགྲུབ་ཏུ་རུང་བས་མཐར་ཐུག་གྲུབ་པའི་ཚེ་ཁ་ན་མ་ཐོ་བ་རྫོགས་པར་བསྐྱེད་པ་སྟེ། དཔེར་ན། དགེ་སློང་གི་རྟེན་ལ་གཞན་བརྐུ་བའི་ཕྱིར་མངགས་ཏེ། བདག་ཉིད་དགེ་ཚུལ་དུ་བབས་ཤིང་དགེ་ཚུལ་གྱི་དུས་སུ་མཐར་ཐུག་ན་ཉེས་བྱས་དངོས་གཞི་བསྐྱེད་པ་ལྟ་བུ་སྟེ། དེ་ཡང་མར་འབབ་པའི་ཚེ་བྱ་བ་དེ་ལ་བློ་ལོག་པ་མི་འབྱུང་བའི་ཕྱིར། ཊཱིཀྐར། དེ་ལ་ཡང་ཚིགས་སྔ་མ་དེ་དང་ལྡན་པ་ཉིད་ཡིན་ཏེ། དགེ་སློབ་མ་དང༌། དགེ་ཚུལ་གྱི་ཚིགས་དང་ལྡན་པ་ཉིད་ཡིན་པས་ཉེས་བྱས་རྫོགས་པར་འགྱུར་བའོ། །འདི་སྐད་བསྟན་ཏེ། བསྙེན་པར་རྫོགས་པ་ཉིད་ཅེས་བྱ་བའི་ཚིགས་སུ་སྦྱོར་བ་བྱས་པ་གང་ཡིན་པ་དེ་ཙམ་གྱི་དབང་གིས་དེའི་འོག་ཏུ་བསླབ་པ་ཕུལ་ལམ་བབས་ནས་དགེ་སློབ་མ་ཉིད་དམ། དགེ་ཚུལ་ཉིད་དམ་ཁྱིམ་པ་ཉིད་ཀྱི་ཚིགས་དག་ཏུ་དངོས་གཞིའི་གནས་སྐབས་སུ་བསྙེན་པར་མ་རྫོགས་པ་གཉིས་ལ་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ་ཞེས་སོ། །འདིའི་སྦྱོར་བ་ལ་རྟེན་དེ་ལ་གང་འདུག་བསྐྱེད་དེ། ཊཱིཀྐར། བསྙེན་པར་རྫོགས་པའི་སྦྱོར་བར་གྱུར་པ་ལ་ནི་སྦོམ་པོའོ། །ལྷག་མ་རྣམས་ཀྱི་སྦྱོར་བར་གྱུར་པ་ལ་ནི་བསྙེན་པར་མ་རྫོགས་པ་གཉིས་ཀྱི་ནི་ཉེས་བྱས་སོ། །ཁྱིམ་པ་ལ་ནི་ལྟུང་བ་མེད་དོ་ཞེའོ། །སྦྱོར་བའི་ལྟུང་བ་དེ་ཡང་དགེ་ཚུལ་ལ་ཉེས་བྱས་ཡིན་ཏེ། ཞུ་ཊཱིཀ་ཏུ། ཉེས་པ་སྦོམ་པོ་འདིའི་ཉེས་བྱས་སུ་འགྱུར་ཏེ། དགེ་ཚུལ་ལ་ཉེས་བྱས་ཙམ་


DLL1002_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསུངས་པའི་ཕྱིར་རོ་ཞེས་སོ། །གལ་ཏེ་དགེ་ཚུལ་དུ་བབས་པའི་ཚེ་དགེ་ཚུལ་གྱི་བསྲུང་བྱ་མཐའ་དག་བསྲུང་སྙམ་ནས་བྱ་བ་སྔ་མ་དེ་ལས་བློ་ལོག་ན་ཕོ་ཉས་རྫས་གནས་ནས་སྤོས་པ་ཙམ་གྱི་ཚེ་ལྟུང་བ་མེད་དེ། བྱ་བ་དེ་ལས་བློ་ལོག་པའི་ཕྱིར་རོ། །ཡང་རྫས་ཁྱེར་ཏེ་བྱུང་བ་བླངས་ན་ནི། གཞི་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །ཁ་ཅིག་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་གསུམ་ལྡན་པའི་དགེ་སློང་གིས་མི་བསད་པ་ལྟ་བུ་ལ་ཉེས་པ་གསུམ་འབྱུང་སྟེ། སྡོམ་པ་གསུམ་མངོན་གྱུར་པ་དང་ལྡན་ཞིང་དེ་དག་དང་འགལ་བའི་ཕྱིར་ཞེས་གསུངས་པ་ལ། ཁ་ཅིག་ནི། དེ་མི་འཐད་དེ། སྡོམ་གསུམ་མངོན་གྱུར་པ་མ་དམིགས་པའི་ཕྱིར་ཏེ། དེ་རང་རིག་གིས་གྲུབ་སྟེ། སྡོམ་པའི་ངོ་བོ་སེམས་པ་ས་བོན་དང་བཅས་པ་ཡིན་པའི་ཕྱིར་རོ། །གཞན་ཡང་དགེ་སློང་གི་ཕམ་པའི་ཆད་པས་མ་ལོག་ན་ཕམ་འདྲའི་ཉེས་བྱས་ཀྱི་ཆད་པས་མི་བཟློག་པས་དེ་བཅས་པ་དགོས་པ་མེད་དོ་ཞེས་ཟེར་ཏེ། འདི་ལ་བདག་གི་བླ་མ་དག་ན་རེ། རྒྱུ་མཚན་ཕྱི་མ་ནི་འདྲ་ཡང༌། སྡོམ་པའི་ངོ་བོ་སེམས་པ་ཡིན་པ་བསྒྲུབ་དགོས་སོ། །དེས་ན་སྡོམ་གསུམ་མངོན་གྱུར་པར་ཡོད་ཀྱང་བྱེད་ལས་བག་ལ་ཞ་བའི་ཚུལ་དུ་གནས་ཏེ། ཉི་མ་དང་ཟླ་བའི་འོད་བཞིན་ནོ། །གཞན་དུ་ན་བསྙེན་པར་མ་རྫོགས་པའི་བྱ་བ་དང་ལྡན་པར་འགྱུར་བ་དང༌། རྟེན་དེ་འདྲ་གཅིག་གིས་མི་གཅིག་བསད་པ་ལ་སྲོག་གཅོད་པའི་ལས་ལམ་རྫས་གཞན་གསུམ་སྐྱེ་བར་འགྱུར་རོ། །འདོད་ན། ཧ་ཅང་ཐལ་ལོ་ཞེས་གསུངས། གཉིས་པ་ཞར་བྱུང་ནི། སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །བལ་ཁུར་རྨེལ་དང་གསེར་དངུལ་རེག །མངོན་མཚན་ཉོ་ཚོང་གསོད་པ་ལོངས། །ཁབ་རལ་ལས་གྱུར་ཁྱབ་པའོ། །དེ་དག་གི་སྐབས་སུ་ལྟུང་བའི་རྒྱུར་གྱུར་པའི་རྫས་བཀག་པ་


DLL1002_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆུང་བ་དེ་བས་བཟང་པོ་རིན་ཆེ་བ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ཏེ། ཊཱིཀྐར། རྫས་རིན་ཆུང་ངུ་ལ་སོགས་པས་སྟན་བྱེད་པ་བཀག་པའི་རྫས་དེ་བས་བཟང་པོ་རིན་ཆེ་བ་ལ་སོགས་པ་ལ་སྟན་བྱེད་པ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །དེས་ན་ལུག་བལ་ནག་པོ་འབའ་ཞིག་པ་བས་བཟང་བ་སྲིན་བལ་ནག་པོ་ལས་སྟན་བྱེད་ནའང་སྤང་བ་ཡིན་པ་ལྟ་བུ་སྟེ། ཊཱིཀྐར། འདི་ལྟ་སྟེ། དཔེར་ན་ལུག་བལ་ནག་པོ་འབའ་ཞིག་དང་རྫས་རིན་ཆུང་ངུ་ལས་སྟན་བྱེད་པ་བཀག་སྟེ། དེ་ལས་སྟན་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་བ་བཞིན་དུ་སྲིན་བལ་དང་རྫས་རིན་ཆེན་པོ་ལས་སྟན་བྱེད་པ་ཡང་བཀག་སྟེ། དེ་དག་ལས་སྟན་བྱེད་ན་ཡང་སྤང་བའི་ལྟུང་བྱེད་ཁོ་ནར་འགྱུར་བ་ལྟ་བུ་སྟེ། དེས་ན་ལྟུང་བའི་ཕྱིར་ནི་རྫས་བཟང་པོ་ཡང་རྫས་ངན་པ་དང་འདྲ་བར་རིག་པར་བྱའོ་ཞེའོ། །ཡང་དེ་དག་གི་སྐབས་སུ་རྫས་བཀག་པ་དངོས་དེ་དང་རིན་བཟང་ན་འདྲ་བ་ལ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ནོ། །དེས་ན་སྲིན་བལ་རིན་ཆེ་བ་ལ་སྟན་བྱེད་ན་སྤང་བ་ཡིན་པ་ལྟར། མོན་དར་རིན་ཆེ་བ་ལ་སྟན་བྱེད་ན་སྤང་བ་ཡིན་པ་ལྟ་བུ་སྟེ། ཊཱིཀྐར། སྲིན་བལ་ལ་སོགས་པའི་རྫས་རིན་ཆེན་པོ་བཀག་པ་དེ་དང་འདྲ་བར་རིན་ཆེ་བ་མོན་དར་ལ་སོགས་པའི་རྫས་ལ་ཡང་བཀག་པ་དང་ལྡན་པ་ཉིད་ཡིན་ཏེ། གཉིས་ཀ་སྤང་བར་འགྱུར་བ་འདྲའོ་ཞེས་གསུང༌། བམ་ལྔར། མི་ཚངས་པར་སྤྱོད་པ་ལ་སོགས་ལའང་སྦྱར་ནས་གསུངས་སོ། །བཞི་པ་མཚན་གྱི་ཡན་ལག་ལ་གཉིས་ལས། སྤྱི་དོན་ལ་གསུམ། ཐུན་མོང་དང་ཐུན་མོང་མིན་པའི་རབ་དབྱེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དོན། མཚན་ཕྱི་མ་ལ་ཅིར་འགྱུར་རོ། །དང་པོ་ལ་གཉིས། ཐུན་མོང་བ་དང༌། ཐུན་


DLL1002_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

མོང་མིན་པའི་རབ་དབྱེའོ། །དང་པོ་ལ་གཉིས་ལས། མཚན་ཉིད་ཅི་འདྲ་བའི་རབ་དབྱེ་ནི། ཕམ་བཞི་སྨྱན་དང་སྐུར་འདེབས་གཉིས། །འཆང་འཇོག་སློང་དང་སློང་རིགས་དང༌། །སྤགས་པ་སོ་སོར་བསྐུར་དང་གསེར། མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །འཐག་གཉིས་རྫུན་འདོན་བླ་མ་བདེན། །ས་བོན་འདེབས་དང་རིམ་ལྷག་དང༌། །འདུག་གནས་ཕྱེད་དང་དུས་མིན་དང༌། །ཁ་ནས་མིད་དང་སྲོག་ཆགས་བཅས། །གཅེར་བུ་དམག་གསུམ་མེ་ནུབ་ལྷག །ཁ་དོག་ལོངས་པ་ཚ་བའི་དུས། །དུད་འགྲོ་རྩེ་སྦེད་གཞི་མེད་དང༌། །བརྐུ་དང་བརྐོ་དང་མགྲོན་དང་ཆང༌། །དུས་མིན་དུས་མིན་སྐྱ་རེངས་དང༌། །ཁབ་རལ་གདིང་གཡན་བདེ་གཤེགས་གོས། །དེ་ལྟར་ལྔ་བཅུ་རྩ་ལྔའོ། །དམིགས་བསལ་ནི། ཕ་མ་དང་རང་གི་ཁ་བཤང་དུ་བརྩལ་བ་ལས་གཞན་པ་དང༌། མ་དག་པ་ལ་སྐུར་པ་འདེབས་པ་གསུམ་དང༌། ལྷུང་བཟེད་འཚོལ་བ་དང་དོ་གསུམ་ཚད་ལྷག་གཞན་ལྟ་བུ་རྗེས་སུ་མཐུན་པའང་ཡོད་མོད་ཀྱི་ཕལ་ཆེ་བའི་ཆ་ནས་བཤད་དོ། །གཉིས་པ་རྗེས་སུ་མཐུན་པའི་རབ་དབྱེ་ལ་གསུམ་ལས། མཚན་མཐུན་ཡན་ལག་ཏུ་དགོས་པ་ནི། བསྒོ་གྱུར་བཞི་དང་འཕྲོག་པ་དང༌། །བསྔོས་བསྒྱུར་སྐྱོན་དང་ཕྲ་མ་དང༌། །སྐྱོ་སྔོགས་གནས་ངན་བཤེས་ངོ་དང༌། །ཁྱད་གསོད་འཕྱ་བསྒོ་ཁྲི་དང་གདིང༌། །ཕྱིས་གནོན་འབྱུང་བ་སྤངས་པར་སྟོབས། །འདུས་ཟ་བརྡེེག་གཟས་གནས་ངན་ལེན། །བདེ་དང་འདུན་པ་ཆོས་གཏམ་སྨྲ། །དགེ་ཚུལ་འགྱོད་པ་སོར་མོ་དངངས། །ཉེར་འཇོག་ཉན་རྣ་མ་སྨྲས་འགྲོ། །མ་གུས་ཟས་བཅས་ད་གདོད་ཁྲི། །གདལ་དང་སེང་གེ་ལས་གྱུར་ཏེ། །དེ་ལྟར་བཞི་བཅུ་ཐམ་པའོ། །གྲོང་རྒྱུའི་


DLL1002_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་དྲོ་རྒྱུ་བ་མཚན་ཉིད་ཅི་འདྲར་བགྲངས་ལ་སྔ་དྲོ་རྒྱུ་བ་འདིར་བགྲངས་ཏེ་གཉིས་སུ་བྱས་སོ། །གཉིས་པ་མཚན་མི་མཐུན་ཡན་ལག་ཏུ་དགོས་པ་ནི། འཁྲུར་འཇུག་པ་དང་ལེན་པ་དང༌། །ཁྱིམ་པ་མོ་ལ་ཆོས་སྟོན་དང༌། །དེ་དང་ལམ་འགྲོ་བུད་མེད་ཉལ། །དེ་ལྟར་དེ་ནི་ལྔ་ཡིན་ནོ། །གསུམ་པ་ཆོ་ག་འཇིག་པ་ནི། འབྲལ་དང་སྤངས་པ་ཟ་བ་དང༌། །གསོག་འཇོག་བྱེད་དང་ཟ་བ་བཞི། །སྤངས་པ་ཟ་ཡང་འདིར་རིགས་ཏེ། ཕ་མ་གཅིག་གིས་སྤངས་པ་གཅིག་གིས་སྤངས་པར་མི་རིགས་པའི་ཕྱིར་ཏེ། ཞུ་བར། བཙུན་པ་དགེ་སློང་གིས་འཚལ་མ་འཚལ་ལགས་ནས་སྤངས་པ་ལས་དེས་ལྷག་པོར་མ་བགྱིས་པར་བཅའ་བ་དང་བཟའ་བ་ཞིག་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ་ཞེས་སོ། །གཉིས་པ་ཐུན་མོང་མིན་པ་ནི། ཕའི་རྣམ་འབྱེད་ནས་སོ་བརྒྱད་ཡིན་ལ། མའི་རྣམ་འབྱེད་ནས་ཕམ་པ་བཞི་ལྷག་མ་བཅུ་གསུམ་སྤངས་པ་བཅུ་བཞི་འབའ་ཞིག་པ་བརྒྱ་དང་བརྒྱད། སོ་སོར་བཤགས་པ་བཅུ་དང་བརྒྱ་ཞེ་དགུ་སྟེ་བརྒྱ་དང་གྱ་བདུན་ཡིན་ལ། དེ་དག་ཀྱང་ཉེས་བྱས་ཀྱི་སྡེ་ཚན་མ་གཏོགས་པའི་རྣམ་དབྱེ་ཡིན་ནོ། །གཉིས་པ་ཐུན་མོང་དང་ཐུན་མོང་མིན་པའི་དོན་ལ་གསུམ། དངོས་དང༌། དེའི་རྒྱུ་མཚན་དང༌། སོ་སོའི་དོན་ནོ། །དང་པོ་ནི། དགེ་སློང་ཕ་མ་གཉིས་བསགས་ཏེ་བཅས་པའམ། གཅིག་ལ་བཅས་ཏེ་གཅིག་ལའང་བསྒྲགས་པ་སྟེ། བསླབ་པ་ལ་ཉེར་འཇོག་གི་སྐབས་སུ། བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་ཀྱི་བསླབ་པའི་གཞི་ཐུན་མོང་བ་འཆའ་བར་མཛད་པ་དེའི་ཚེ་ན་གཉིས་ཀའི་དགེ་འདུན་བསྡུ་བར་མཛད་པས་འདི་ཡང་བཅོམ་ལྡན་འདས་ཀྱིས་འདུལ་བ་ལ་ཉན་ཐོས་རྣམས་ཀྱི་བསླབ་པའི་གཞི་ཐུན་མོང་བ་


DLL1002_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བར་མཛད་པ་ཡིན་ནོ། །འདི་ལ་གཉིས་ཀའི་དགེ་འདུན་བསྡུ་བ་མ་མཛད་པས། དེས་ན་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཞེས་སོགས་གསུངས་པ་ལྟར་རོ། །ཐུན་མོང་མིན་པ་ནི་དེ་ལས་བཟློག་པའོ། །གཉིས་པ་ནི། ཕ་མ་གཉིས་ལུས་མི་འདྲ་ལ། ལུས་མི་འདྲ་བས་ཉོན་མོངས་པ་དང་མཚུངས་ལྡན་གྱི་སེམས་མི་འདྲ་སྟེ། ཕོ་མོ་ལ་ཆགས་པ་ཆེ་ལ། མོ་ཕོ་ལ་ཆགས་པ་ཤས་ཆེ་བ་ལྟ་བུའོ། །དེས་ན་ལྟུང་བ་ཡང་མི་འདྲ་བས། བཅས་པ་ཐ་དད་དུ་བཞག་སྟེ། ཊཱིཀྐར། གང་གི་ཕྱིར་ལུས་ཀྱི་བྱེ་བྲག་གིས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ། བསམ་པའི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་ཞིང༌། ལྟུང་བའི་བྱེ་བྲག་གིས་བཅས་པའི་བྱེ་བྲག་ཏུ་འགྱུར་བས་དགེ་སློང་མ་རྣམས་ཀྱི་འདུལ་བ་ལོགས་ཤིག་ཏུ་རྣམ་པར་བཞག་པ་དེའི་ཕྱིར་ཞེས་སོགས་སོ། །གསུམ་པ་ལ་མཚན་ཉིད་ཅི་འདྲ་བའི་དོན་ནི། ཕ་མ་གཉིས་ལྟུང་བ་ཆེ་ཆུང་མཉམ་པོར་བཅས་ཤིང་ཡན་ལག་ཐུན་མོང་དུ་འདུག་པའོ། །མིང་ཙམ་གྱི་ཐུན་མོང་བའི་དོན་ནི། ཐུན་མོང་བའི་སྡོམ་གྱིས་བསྡུས་ཤིང་ལྟུང་བ་མཉམ་པོར་བཅས་ལ། ཡུལ་ལ་སོགས་པ་ཅི་རིགས་པ་ཐུན་མོང་མིན་པར་འདུག་པའོ། །ཐུན་མོང་མིན་པའི་དོན་ནི། ལྟུང་བ་མཉམ་ཡང་ཐུན་མོང་མིན་པའི་སྡོམས་ཀྱིས་བསྡུས་པའམ་བཅས་པ་དང་ཡན་ལག་ཅི་རིགས་པ་ཐུན་མོང་མིན་པར་འདུག་པའོ། །གསུམ་པ་མཚན་ཕྱི་མ་ལ་ཅིར་འགྱུར་ལ་གཉིས་ལས། དངོས་ནི། མཚན་ཉིད་ཅི་འདྲའི་སྐབས་སུ། མཚན་སྔ་མ་ལ་སྦྱོར་བ་བྱས་ནས་ཕྱི་མ་ལ་གྲུབ་པ་དང༌། སྔ་མ་ལ་སྦྱོར་དངོས་གཉིས་ཀ་བྱས་པ་ནི་མཚན་ཕྱི་


DLL1002_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་ཡང་ལྟུང་བ་རྫོགས་པའི་རྟེན་དུ་རུང་བའོ། མིང་ཙམ་གྱི་ཐུན་མོང་བ་མཚན་མཐུན་ཡན་ལག་ཏུ་དགོས་པ་རྣམས་དང༌། ཐུན་མོང་མིན་པ་རེག་པ་ལ་སོགས་པའི་སྐབས་སུ་དེ་དག་ཆེ་བ་ཆུང་བར་འགྱུར་བ་དང་ཆུང་བ་ཆེ་བར་མི་འགྱུར་བའོ། །མིང་ཙམ་གྱི་ཐུན་མོང་བ་མཚན་མི་མཐུན་ཡན་ལག་ཏུ་དགོས་པ་རྣམས་དང༌། ཆོ་ག་འཇིག་པ་དང༌། ཐུན་མོང་མིན་པ་མ་བསྐོས་ཉིན་ནུབ་ལ་སོགས་པའི་སྐབས་སུ་དེ་གཉིས་ལ་ཡོད་པ་མེད་པར་འགྱུར་བ་དང༌། མེད་པ་ཡོད་པར་མི་འགྱུར་བར་ཤེས་པར་བྱའོ། །དེ་ཡང་མཚན་གྱུར་ཐེབས་གཅིག་གི་དབང་དུ་བྱས་ཞེས་བཞེད་ཀྱང་ལུས་དང་བསམ་པ་དག་ནི་ལྟུང་བ་ན་སྨད་པའི་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་གྱི་ཞེས་གསུངས་པས་དཔྱད་པར་བྱ་ལ། དགེ་སློང་གི་ལྷུང་བཟེད་འཆང་སྤང་སོ་ན་གནས་པ་ལྟ་བུའི་དམིགས་བསལ་ཡང་ཡོད་དོ། ཁ་ཅིག་མཚན་སྔ་མ་ལ་སྦྱོར་བ་བྱས་ཏེ། ཕྱི་མ་ལ་གྲུབ་པ་ལ་དངོས་གཞིར་གསུངས་པ་ནི་ཕྱི་མ་ལ་སྦྱོར་བ་ཡོད་པ་ལ་དགོངས་ཏེ། ཊཱིཀྐར། དེ་ཡང་བཟློག་པའི་ཚུལ་གྱིས་རྗེས་སུ་ཞུགས་ན་ནི་སྦོམ་པོ་ཉིད་ཡིན་ལ། མ་ཞུགས་ན་ནི་ཉེས་བྱས་སོ་ཞེས་པ་ལྟར་རོ། །གཉིས་པ་དེ་དག་གི་རྒྱུ་མཚན་ནི། མཚན་གྱུར་པས་ལུས་གྱུར་ལུས་གྱུར་པས་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་སེམས་གྱུར་ལ། ལུས་དང་བསམ་པ་དག་ནི་ལྟུང་བ་མཉམ་པ་དང་ཆེ་བ་ཆུང་བ་དང༌། ཡོད་པ་མེད་པའི་རྒྱུར་འགྱུར་གྱི། དེ་ལ་བཟློག་པའི་རྒྱུར་མི་འགྱུར་བའི་ཕྱིར། ཊཱིཀྐར། མཚན་གྱུར་བའི་དབང་གིས་ན། ལྟུང་བྱེད་ལྷག་པ་ནི་ན་སྨད་པ་ཉིད་དུ་འགྱུར་གྱི། ན་སྨད་པ་ནི་ལྷག་པ་ཉིད་དུ་མི་འགྱུར་རོ། །ཁ་ཅིག་ནི་མཉམ་པ་ཁོ་ན་ཡང་ཡོད་དེ། དཔེར་ན། སྲོག་གཅོད་པ་ལྟ་


DLL1002_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བུའོ། །དེ་ཡང་ལུས་ཀྱི་བྱེ་བྲག་ལས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ་བསམ་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་ལུས་དང་བསམ་པ་དག་ནི་ལྟུང་བ་ན་སྨད་པའི་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་གྱི་ལྷག་པའི་རྒྱུའི་དངོས་པོ་བསྒྲུབ་པར་ནི་མི་འགྱུར་རོ་ཞེས་སོགས་གསུངས་སོ། །གཉིས་པ་གཞུང་དོན་ལ་གསུམ། མདོར་བསྟན། རྒྱས་བཤད། དེ་དག་གི་རྒྱུ་མཚན་བསྟན་པའོ། །དང་པོ་ནི། ལྟུང་བའི་སྦྱོར་བ་བྱས་པ་མཚན་གྱུར་ཏེ་མཐར་ཐུག་གྲུབ་པའམ། སྦྱོར་དངོས་གཉིས་ཀ་བྱས་པའི་ཕོ་མོ་ཕན་ཚུན་མཚན་གྱུར་པའི་མཚན་ཕྱི་མ་དེ་ནི་ལྟུང་བའི་དངོས་གཞི་དང་སྦྱོར་བ་དེའི་ཞིང་ངམ་རྟེན་ཡིན་ཏེ། མཚན་དེ་ལ་ཡང་ལྟུང་བ་དེ་དག་འབྱུང་བར་འགྱུར་བའི་ཕྱིར་རོ། །དེ་ཡང་སྦྱོར་དངོས་ཀྱི་ལྟུང་བའི་ཞིང་ཡིན་ཞེས་སྤྱིར་བཏང་བའི་ཚུལ་དུ་བསྟན་གྱི་མཚན་ཉིད་ཅི་འདྲ་བའི་ལྟུང་བ་ཁོ་ནའི་ཞིང་དུ་བསྟན་པར་མི་མངོན་ཏེ། ཊཱིཀྐར། འདི་ནི་སྦྱོར་བ་དང་དངོས་གཞིའི་ལྟུང་བ་གཉིས་ཀའི་ཞིང་ཉིད་ཡིན་ནོ་ཞེས་བྱ་བར་སྤྱིར་སྦྱོར་ཞེས་དང༌། དེ་ལྟར་སྤྱིར་བཏང་བ་བྱས་ནས་དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར་ཞེས་སོ། །དེས་ན་གསོད་པའི་སྦྱོར་བ་བྱས་ཏེ་མཚན་གྱུར་ནས་མཐར་ཐུག་གྲུབ་པ་ན་དེ་དངོས་གཞིའི་ཞིང་ཡིན་པ་ལྟ་བུ་དང༌། དགེ་སློང་ཁུ་བ་འབྱིན་པའི་སྦྱོར་བ་ལ་ཞུགས་པ་མཐར་ཐུག་པ་དང་མཉམ་དུ་དགེ་སློང་མར་གྱུར་ན་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །གཉིས་པ་ནི། དེ་ལྟར་སྦྱོར་དངོས་ཀྱི་ལྟུང་བའི་ཞིང་མཚན་ཕྱི་མ་དེ་ཡིན་ནོ། །ཞེས་སྤྱིར་བཏང་ནས་གང་གི་ཞིང་གང་ཡིན་པ་དམིགས་ཀྱིས་བསལ་


DLL1002_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བསྟན་པ་ནི། མཚན་གཞན་གྱི་དངོས་གཞི་རེག་ཕམ་ལྟ་བུ་ལ་ལྟོས་ཏེ་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་སྐྱེས་པ་ལ་རེག་པར་རྩོམ་པ་ལྟ་བུ་ཉིད་བྱེད་བཞིན་པ་ལས་མཚན་གྱུར་བ་ནི་ན་སྨད་པ་དེ་ཉིད་ཀྱི་ཞིང་ཡིན་ཏེ། བམ་ལྔར། མཚན་གྱུར་པ་དེ་ལྟུང་བ་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་ཞིང་ཡིན་ཏེ་ཞེས་སོ། །དེས་ན་མཚན་གྱུར་ཏེ་མཐར་ཐུག་གྲུབ་པའི་ཚེ་ཕྱི་མའི་རྟེན་དེ་ལ་རེག་པའི་སྦོམ་པོ་དེ་ཉིད་ཀྱི་དངོས་གཞི་འབྱུང་གི་རེག་པ་མི་འབྱུང་སྟེ། ཊཱིཀྐར། འདི་ལྟ་སྟེ་དཔེར་ན། དགེ་སློང་གཉིས་ཁྲི་གཅིག་ལ་རེག་པ་དང་བཅས་བཞིན་དུ་སྐྱ་རེངས་མ་ཤར་བའི་མདུན་རོལ་ཏུ་ཉལ་བ་ཉེས་བྱས་ཀྱི་སྦྱོར་བ་ཡིན་པ་དེ་ལས་དེ་གཉིས་དགེ་སློང་མར་གྱུར་ཏེ། སྐྱ་རེངས་ཤར་ན་ཡང་ཉེས་བྱས་ཁོ་ནར་འགྱུར་གྱི། ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུའོ་ཞེས་སོ། །མདོ་འདིས་སྦྱོར་བ་བྱེད་པ་ལ་དངོས་སུ་དོགས་པ་བཅད་པ་ཡིན་ཏེ། མདོ་སྔ་མའི་ཊཱིཀྐར། འོག་གི་མདོ་ལས་ན་སྨད་པའི་དོན་གྱི་སྦྱོར་བ་གང་ཡིན་པ་ཉིད་ལས་སོ་ཞེས་འབྱུང་བ་དེའི་ཡུལ་ནི་སྦྱོར་བའི་ལྟུང་བའི་ཞིང་ཉིད་ཡིན་པར་བསྟན་ནོ་ཞེས་སོ། །དེ་ཤུགས་ལ་ཆེ་ཤོས་བསྐྱེད་པའི་མཚན་ལ་སྦྱོར་བ་བྱེད་བཞིན་དུ་མཚན་གྱུར་ཏེ་མཐར་ཐུག་གྲུབ་ན་མཚན་ཕྱི་མའི་ཆུང་ཤོས་སུ་འགྱུར་ཞེས་བསྟན་ཏེ། ཊཱིཀྐར། ལྷག་པའི་དོན་གྱི་སྦྱོར་བ་ལས་མཚན་གྱུར་པ་ལ་ནི་ལྟུང་བ་ན་སྨད་པར་འབྱུང་བར་འགྱུར་གྱི་ཞེས་སོགས་གསུངས། མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་གང་གི་དངོས་གཞི་རྫོགས་པར་བྱས་པའི་ཁ་ན་མ་ཐོ་བ་དེ་ནི་ཕྱིས་མཚན་གྱུར་ན་ཡང་མཚན་ཕྱི་མ་དེ་ལ་གང་འདུག་གི་ཁ་ན་མ་ཐོ་བ་དེ་ཉིད་ཡིན་ནོ། །ཊཱིཀྐར། བྱས་པ་ནི་ཞེས་བྱ་བ་ནི། སྔར་མཚན་མ་གྱུར་པའི་གནས་


DLL1002_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་ཁ་ན་མ་ཐོ་བ་གང་བྱས་པའོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཕྱིས་མཚན་གྱུར་པའི་འོག་ཏུ་ཡང་ཁ་ན་མ་ཐོ་བ་ཉིད་ཡིན་པའོ་ཞེས་སོ། །དེ་ཡང་དཔེར་ན་དགེ་སློང་མ་རེག་ཕམ་ཅན་མཚན་གྱུར་ན་དགེ་སློང་གི་རྟེན་ལ་སྦོམ་པོ་ཡིན་པ་ལྟ་བུ་སྟེ། ཊཱིཀྐར། དཔེར་ན་དགེ་སློང་མ་རེག་པའི་ཕམ་པར་གྱུར་པ་གང་ཡིན་པ་དེ་ཉིད་བྱེད་བཞིན་དུ་དེ་མཚན་གྱུར་ཅིང་དགེ་སློང་དུ་གྱུར་ན་རེག་པ་དེ་དགེ་སློང་དེ་ལ་ལུས་ཀྱི་རེག་པའི་དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོར་འགྱུར་ཏེ། འདི་ལྟར་དགེ་སློང་སྐྱེས་པ་དང་ལྷན་ཅིག་ལུས་ཀྱིས་རེག་པའི་རོ་ཉམས་སུ་མྱོང་བ་བྱེད་པ་ཡང་ལུས་ཀྱི་རེག་པའི་ལྷག་མའི་སྦོམ་པོར་གསུངས་པའི་ཕྱིར་ཞེས་སོགས་གསུངས། མདོ་འདིས་དངོས་གཞི་བྱེད་བཞིན་པ་ལ་དོགས་པ་བཅད་པ་ཡིན་ཏེ། ཊཱིཀྐར། དེའི་འོག་མའི་མདོ་ལས་བྱས་པ་ནི་དེ་ཉིད་ཡིན་ནོ་ཞེས་འབྱུང་བ་དེའི་ཡུལ་ནི་དངོས་གཞིའི་ལྟུང་བའི་ཡུལ་ཉིད་ཡིན་པར་བསྟན་ནོ་ཞེས་གསུངས། དེས་ན་བྱེད་བཞིན་དུ་ཞེས་པ་དངོས་གཞི་བྱེད་བཞིན་དུ་ཞེས་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་དངོས་གཞི་བྱེད་བཞིན་པ་མཚན་གྱུར་ན་སྔ་མའི་ལྟུང་བ་དེ་མཚན་ཕྱི་མ་ལ་གང་འདུག་གི་ལྟུང་བ་ཡིན་པར་ངེས་སམ་ཞེ་ན། དེའི་དམིགས་བསལ་ནི། མཚན་མ་གྱུར་པའི་གནས་སྐབས་སུ་མཚན་གཞན་གྱི་དངོས་གཞི་ལ་ལྟོས་ཏེ་ན་སྨད་པའི་ཁ་ན་མ་ཐོ་བ་བྱས་པ་དེ་ནི་མཚན་ཕྱི་མ་དེ་ལ་ཡང་ན་སྨད་པ་རང་གི་ཁ་ན་མ་ཐོ་བ་ན་སྨད་པ་ཉིད་དུ་འགྱུར་གྱི་ལྷག་པར་མི་འགྱུར་ཏེ། དཔེར་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་ཅན་མཚན་གྱུར་བ་ལྟུང་བྱེད་དེ་དགེ་སློང་ལ་ལྟུང་བྱེད་དུ་འགྱུར་


DLL1002_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འབྱིན་ལྷག་ཏུ་མི་འགྱུར་བ་ལྟ་བུ་སྟེ། ཊཱིཀྐར། དཔེར་ན་དགེ་སློང་མ་ཁུ་བ་འབྱིན་པའི་ལྟུང་བྱེད་བྱེད་བཞིན་དུ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་ཁུ་བ་འབྱིན་པ་དེ་དགེ་སློང་དེ་ལ་ཡང་ལྟུང་བྱེད་ཁོ་ནར་འགྱུར་གྱི་དགེ་འདུན་ལྷག་མ་ཉིད་དུ་མི་འགྱུར་བ་ལྟ་བུའོ་ཞེས་སོ། །དེས་ན་མཚན་གྱུར་པས་ལྟུང་བ་ཉམས་པ་པོ་འཛིན་པ་དང་ཆེ་བ་ཆུང་བར་འགྱུར་གྱི་ཆུང་བ་ཆེ་བར་འགྱུར་བ་སོགས་ནི་མེད་དེ། ཊཱིཀྐར། མཚན་གྱུར་བའི་དབང་གིས་ན་ལྟུང་བྱེད་ལྷག་པ་ནི་ན་སྨད་པ་ཉིད་དུ་འགྱུར་གྱི་ན་སྨད་པ་ནི་ལྷག་པ་ཉིད་དུ་མི་འགྱུར་རོ། །ཁ་ཅིག་ནི་མཉམ་པ་ཁོ་ན་ཡང་ཡོད་དེ། དཔེར་ན་སྲོག་གཅོད་པ་ལ་སོགས་པ་ལྟ་བུའོ། །དེ་ཡང་ལུས་ཀྱི་བྱེ་བྲག་ལས་བསམ་པའི་བྱེ་བྲག་ཏུ་འགྱུར་ལ་བསམ་པའི་བྱེ་བྲག་ལས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བའི་ཕྱིར་རོ། །དེས་ན་ལུས་དང་བསམ་པ་དག་ནི་ལྟུང་བ་ན་སྨད་པའི་རྒྱུའི་དངོས་པོ་བསྒྲུབ་པར་འགྱུར་གྱི་ལྷག་པའི་རྒྱུའི་དངོས་པོ་བསྒྲུབ་པར་ནི་མི་འགྱུར་རོ། །ལན་འགའ་ནི་ལྟུང་བ་ལྷག་པར་སྤྱོད་པའི་གནས་སྐབས་སུ་མཚན་གྱུར་ན་ལྟུང་བ་ན་སྨད་པར་འགྱུར་རོ། །ལན་འགའ་ནི་དངོས་གཞིའི་ལྟུང་བ་བྱུང་ཞིང་ལྷག་པར་སྤྱོད་པ་ལས་འདས་པ་ན་རང་གི་ལྟུང་བ་ཉིད་དུ་འགྱུར་གྱི་ན་སྨད་པ་ཉིད་དུ་མི་འགྱུར་རོ་ཞེས་སོ། །དགེ་སློང་གིས་ལྷུང་བཟེད་ལྷག་པ་ཞག་བཅུ་ལས་འདས་པར་བཅངས་ན་སྤང་བར་འགྱུར་ལ། དགེ་སློང་མས་ནི་ཞག་གཅིག་ལས་འདས་པར་བཅངས་ན་སྤང་བར་འགྱུར་ན། དགེ་སློང་གིས་ལྷག་པ་ཞག་དགུར་བཅངས་པ་མཚན་གྱུར་ན་མའི་རྟེན་ལ་སྤང་བར་འགྱུར་རམ་ཞེ་ན། དགེ་སློང་གི་རྟེན་ལ་ལྷུང་བཟེད་ལྷག་


DLL1002_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཞག་བཅུར་མ་ལོན་པ་དགུ་ལྟ་བུར་བཅངས་པ་མཚན་གྱུར་ན་ཞག་དགུ་པོ་དེ་ནི་དགེ་སློང་མའི་རྟེན་དེ་ལ་ལྷུང་བཟེད་རྙེད་པའི་ཉི་མ་དང་པོའི་ཆ་ཉིད་དམ་དེའི་ཁོངས་སུ་གཏོགས་པ་ལྟ་བུ་ཡིན་པས་སྤང་བར་མི་འགྱུར་ཏེ། དཔེར་ན་སྔ་དྲོ་ལ་སོགས་པ་འདས་པ་ཙམ་གྱིས་སྤང་བར་མི་འགྱུར་བ་བཞིན་ནོ། །ནི་ཞེས་པ་ཞག་བཅུར་ལོན་པ་ལས་དགར་བ་སྟེ། ཊཱིཀྐར། ཞག་བཅུར་ལོན་ན་ནི་འཆང་བའི་དུས་རྫོགས་པ་ཡིན་ནོ། །གོས་འཆང་བ་ལ་སོགས་པ་ནི་འདིས་དོགས་པ་བཅད་མི་དགོས་ཏེ་ཆོ་ག་འདྲ་བའི་ཕྱིར་རོ། །ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པ་འཁོར་ཉེར་འཇོག་གི་ལྟུང་བྱེད་ལྟ་བུ་བྱས་པའི་དགེ་སློང་མ་མཚན་གྱུར་པའི་མཚན་ཕྱི་མ་ལྟུང་བ་དེའི་ཞིང་མིན་པ་དགེ་སློང་གི་རྟེན་ཉིད་ལ་སྔར་བྱས་ཀྱི་ལྟུང་བ་དེ་ཉམས་ཤིང་ཞིག་པ་ཡིན་པས་དེའི་དངོས་གཞི་དང་ན་སྨད་པ་གང་ཡང་མེད་ལ་ལྟུང་བ་དེ་བཤགས་པར་ཡང་བྱ་མི་དགོས་ཏེ། ནི་ཞེས་པ་གཏན་ཚིགས་འཛིན་པ་ཡིན་པས་མཚན་ཕྱི་མ་དེ་ལྟུང་བ་དེ་དག་གི་དངོས་གཞི་དང་ན་སྨད་པ་གང་གི་ཡང་ཞིང་མིན་པའི་ཕྱིར་རོ། །ཊཱིཀྐར། མཚན་གྱུར་ན་མཚན་མ་གྱུར་པའི་གནས་སྐབས་སུ་ཁ་ན་མ་ཐོ་བ་ཐུན་མོང་མ་ཡིན་པ་གང་བྱས་པ་དེའི་ཞིང་མིན་པས་ཞེས་སོ། །ཞིང་མིན་པའི་དོན་ཡང་བཅས་པ་མེད་པ་ཡིན་ཏེ། མ་བཅས་པ་ཉིད་ལ་ཡང་ངོ་ཞེས་པ་དང༌། འོད་ལྡན་དུ། ལྟུང་བ་ནི་བཅས་པ་ཙམ་གྱི་རྗེས་སུ་འབྲང་བས་ཞེས་སོ། །མཚན་གྱུར་ན་སྔར་ལྟུང་བ་བྱས་པ་དེའི་ཞིང་མཚན་ཕྱི་མ་དེ་མིན་པ་ལ་ལྟུང་བ་དེ་ཉམས་ཞེས་བཤད་པ་དེ་ལ་སྟེ་དེས་ན་ཉེས་པ་བཅབས་པའི་ཁ་ན་མ་ཐོ་བ་བྱས་པ་ཡང་མཚན་གྱུར་པའི་ཚེ་ཉམས་པ་མིན་པ་མིན་ཏེ། འཆབ་ཉེས་དེ་ཡང་གཏན་ཐུན་མོང་མིན་པ་ཡིན་པའི་ཕྱིར་ཏེ། འཆབ་ཉེས་འབྱུང་བ་ལ་ཡུལ་མཚན་མཐུན་ལ་བཅབས་པ་དགོས་པའི་ཕྱིར། དེས་ན་སྤོ་བ་ལ་སོགས་པ་བྱ་མི་དགོས་ཏེ། ཊཱིཀྐར། དེས་ན་དགེ་སློང་


DLL1002_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགེ་འདུན་ལྷག་མ་བཅབས་ནས་མཚན་གྱུར་ཏེ། དགེ་སློང་མ་ཉིད་དུ་གྱུར་ན་སྤོ་བའི་ལས་ཉིད་སྤྱད་པར་བྱ་མི་དགོས་ཏེ། མཚན་མ་གྱུར་པ་ཉིད་ལ་འཆབ་པའི་ཉེས་པ་སྲིད་པའི་ཕྱིར་རོ་ཞེས་གསུངས། གང་གིས་ཕམ་པ་འཆབ་བཅས་སུ་བྱེད་པའི་འཆབ་པ་དེ་འབྱུང་བ་ཡུལ་ལ་མི་ལྟོས་ཏེ་དུས་ལ་མི་ལྟོས་པའི་ཕྱིར་རོ། །དེས་ན་དེ་ཉམས་པར་མི་འགྱུར་ལ་ཕམ་པ་འཆབ་པའི་ཉེས་བྱས་ནི་ཡུལ་དུས་ལ་ལྟོས་པར་བཤད་དོ། །མཚན་མ་གྱུར་པའི་གོང་དུ་ཉེས་པ་ལས་དབྱུང་བའི་ཕྱིར་མགུ་བ་སྤྱད་པ་མཚན་གྱུར་ན་མགུ་བ་འཕྲོ་ནས་སྤྱད་པར་བྱའམ་ཞེ་ན། མཚན་སྔ་མའི་རྟེན་ལ་ཉེས་པ་ལས་དབྱུང་བའི་ཕྱིར་དུ་མགུ་བ་ཞག་དྲུག་གམ་ཟླ་བ་ཕྱེད་རིལ་གྱིས་སམ་ཆ་ཤས་ཀྱིས་སྤྱད་པ་ནི་མཚན་ཕྱི་མ་དེ་ལ་དབྱུང་བའི་དོན་དུ་དོན་མེད་པ་ཉིད་ཡིན་ཏེ། ཡང་བསྐྱར་ནས་སྤྱད་དགོས་པའི་ཕྱིར་རོ། །དེ་ལྟར་ཡང་སྤོ་བའི་གཞི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་སྤོ་བ་ཐུག་པ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན། ཅི་དེས་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པར་བགྱི་འཚལ་ལམ་སྤྱད་པར་བྱ་དགོས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱད་པ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན། ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་བགྱི་འཚལ་ལམ་སྤྱད་པར་བྱ་དགོས་སོ་ཞེས་དང༌། ཊཱིཀྐར། མདོ་ཕྱི་མ་ཤོས་ཀྱིས་ནི་མགུ་བ་སྤྱད་པ་དོན་མེད་པར་བསྟན་ཏེ། འདི་ལྟར་སྔར་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་དུ་ཟིན་ཀྱང༌། ཡང་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པར་བྱ་དགོས་པར་བསྟན་པའི་ཕྱིར་ཞེས་དང༌། བམ་ལྔར། གདོད་གཞི་ནས་མགུ་བ་སྤྱད་དགོས་སོ་ཞེས་སོ། །གསུམ་པ་དེ་དག་གི་རྒྱུ་མཚན་བསྟན་པ་ནི། མཚན་གྱུར་པ་འདི་ལ་ཆོ་ག་སྟེ་བཅས་པ་རྣམས་འཕོས་པར་གྱུར་པ་ཡིན་ནོ། །དེས་ན་མཚན་གྱུར་པས་ལྟུང་བ་ཆེ་བ་ཆུང་བ་དང་ཡོད་པ་མེད་པར་འགྱུར་བ་དང་།


DLL1002_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མགུ་བ་སྤྱད་པ་དོན་མེད་པར་རྣམ་པར་བཞག་པ་ཡིན་ཏེ། ཊཱིཀྐར། གང་གི་ཕྱིར་བྱས་པ་ནི་དེ་ཉིད་ཡིན་ནོ་ཞིང་མིན་པ་ཉིད་ལ་ཉམས་སོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བསྟན་པ་དེའི་ཕྱིར་རོ་ཞེས་སོ། །གལ་ཏེ་ལྟུང་བ་ཆུང་བ་ཡང་ཆེ་བར་འགྱུར་རོ་ཞེ་ན། ལུས་དང་བསམ་པ་དག་ནི་ལྟུང་བ་ན་སྨད་པའི་རྒྱུའི་དངོས་པོ་བསྒྲུབ་ཅེས་སོགས་བཤད་ཟིན་ནོ། །ཤེས་རབ་བྱེད་པར། མཚན་གྱུར་ནས་ནི་ཕོར་གྱུར་ནའང་ཕོའི་ཁྲིམས་ཉིས་བརྒྱ་ལྔ་བཅུ་བསྲུང༌། མོར་གྱུར་ནའང་མོའི་ཁྲིམས་ལྔ་བརྒྱ་བསྲུང་ཞེའོ། །གཉིས་པ་ཡུལ་གྱི་ཡན་ལག་ལ་བཞི་ལས། དང་པོ་དུས་འདས་པ་དང་མ་འོངས་པ་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས་ད་ལྟར་གྱི་ལུས་ལྟུང་བའི་བྱེད་པ་པོར་སྟོན་པ་ནི། ལྟུང་བའི་སྦྱོར་བ་དང༌། དངོས་གཞིའི་འབྱུང་བའི་དུས་དེའི་ཚེ་གང་ལས་ལྟུང་བ་འབྱུང་བའི་ཡུལ་དང་གང་ལ་ལྟུང་བ་འབྱུང་བའི་རྒྱུད་ཀྱི་ལུས་གནས་སྐབས་གང་དུ་གནས་པ་དེ་དག་སྦྱོར་བ་དང་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཡིན་ཏེ། དེ་ཡང་སྦྱོར་བའི་དུས་ཀྱི་ལུས་ནི་སྦྱོར་བའི་ལྟུང་བའི་བྱེད་པ་པོ་ཡིན་ལ། དངོས་གཞིའི་དུས་ཀྱི་ལུས་ནི་དངོས་གཞིའི་ལྟུང་བའི་བྱེད་པ་པོ་ཡིན་ཏེ། ཊཱིཀྐར། གང་ལས་ལྟུང་བ་འབྱུང་བའི་ལུས་དང་རྒྱུད་གང་ལ་ལྟུང་བ་འབྱུང་བའི་ལུས་དེ་གཉིས་གནས་སྐབས་གྱུར་པ་ན་གང་གི་གནས་སྐབས་སུ་གྱུར་པའི་ལུས་དེ་ཉིད་ཡུལ་དང་རྒྱུད་ཀྱི་ལྟུང་བ་གང་ཡིན་པ་དེའི་བྱེད་པ་པོ་ཉིད་ཡིན་པར་རྣམ་པར་བཞག་གོ་ཞེས་སོ། །དཔེར་ན་གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མིན་པའི་དུས་སུ་གཞན་ཞིག་གསོད་པར་བསྐོས་ན་དེའི་ཚེའི་གསད་བྱའི་ལུས་དེ་ཕམ་པའི་སྦྱོར་བ་ཁོ་ནའི་བྱེད་པ་པོ་ཡིན་ལ། དགྲ་བཅོམ་པ་ཐོབ་པ་ན་བསྐོས་པ་དེས་གསོད་པར་བྱེད་ན་ལུས་དེ་སྲོག་གཅོད་པ་དང་མཚམས་མེད་པ་གཉིས་ཀའི་བྱེད་པ་པོ་ཡིན་པ་དང༌། དེ་བཞིན་དུ་དགེ་སློང་


DLL1002_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བྱས་ནས་ཡུལ་དེ་བུད་མེད་དུ་གྱུར་ཏེ་རེག་ན་སྐྱེས་པའི་ལུས་དེ་སྦྱོར་བའི་བྱེད་པ་པོ་ཡིན་ལ། བུད་མེད་ཀྱི་ལུས་དེ་རེག་ལྷག་གི་བྱེད་པ་པོ་ཡིན་པ་ལྟ་བུ་སྟེ། ཊཱིཀྐར། དཔེར་ན་གསད་པར་བྱ་བ་དགྲ་བཅོམ་པ་མིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་བསད་པའི་སྦྱོར་བ་བརྩམས་ནས་གསད་པར་བྱ་བ་དེས་དགྲ་བཅོམ་པ་ཐོབ་པའི་གནས་སྐབས་སུ་ལྟུང་བ་འབྱིན་པར་བྱེད་པ་དེས་དགྲ་བཅོམ་པ་དེ་གསོད་པར་བྱེད་ན་དེའི་ཚེ་དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པའི་ལྟུང་བ་དང་མཚམས་མེད་པའི་ལས་གཉིས་ཀ་འབྱུང་བའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུ་དང༌། གསད་པར་བྱ་བ་ཉིད་དགྲ་བཅོམ་པ་མིན་པའི་གནས་སྐབས་ལ་ལྟུང་བ་འབྱིན་པར་བྱེད་པས་བསད་པའི་སྦྱོར་བ་བརྩམས་ནས་འགྱོད་པ་དྲག་པོ་བསྐྱེད་པ་ལ་སོགས་པས་སྦྱོར་བ་དེ་ལས་ཕྱིར་ལོག་ནས་དེའི་འོག་ཏུ་གསད་པར་བྱ་བ་དེས་དགྲ་བཅོམ་པ་ཐོབ་ནས་བསད་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་དེའི་ཚེ་དགྲ་བཅོམ་པ་དེ་ཤི་བར་གྱུར་ན་དེའི་ཚེ་དགྲ་བཅོམ་པའི་ལུས་དེ་ལྟུང་བ་འབྱིན་པར་བྱེད་པའི་རྒྱུད་ལ་སྲོག་གཅོད་པ་འབའ་ཞིག་གི་བྱེད་པ་པོ་ཉིད་ཡིན་གྱི། མཚམས་མེད་པའི་ལས་ཀྱི་བྱེད་པ་པོ་ཉིད་མིན་པ་ལྟ་བུ་དང་དེ་བཞིན་དུ་དགེ་སློང་གིས་སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་སྐྱེས་པ་དེ་མཚན་གྱུར་ཏེ་བུད་མེད་དུ་གྱུར་ན་བུད་མེད་ཀྱི་ལུས་ལ་རེག་པ་དེ་ནི་ལྟུང་བ་འབྱིན་པར་བྱེད་པ་དེའི་རྒྱུད་ལ་བུད་མེད་ཀྱི་ལུས་ལ་རེག་པ་ལས་དགེ་འདུན་ལྷག་མའི་ལྟུང་བ་གང་འབྱུང་བ་དེའི་བྱེད་པ་པོ་ཉིད་ཡིན་གྱི། སྦོམ་པོའི་བྱེད་པ་པོ་ཉིད་མིན་པ་ལྟ་བུ་དང་ཞེས་སོགས་སོ། །དེ་བཞིན་དུ་རྟེན་གྱི་ལུས་ལའང་ཤེས་པར་བྱའོ། །འོན་ཀྱང་ཆུང་བ་བསྐྱེད་པའི་མཚན་ལ་སྦྱོར་བ་བྱས་ཏེ། ཆེ་ཤོས་བསྐྱེད་པའི་མཚན་ལ་མཐར་ཐུག་འགྲུབ་པ་ལ་ཆུང་ཤོས་སུ་འགྱུར་ཏེ། རྒྱུ་མཚན། མཚན་འགྱུར་གྱི་


DLL1002_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་སུ་བཤད་པ་བཞིན་ནོ། །འདིར་འགྲེལ་བ་ལ་སོགས་པར་འགྱོད་པ་བསྐྱེད་པས་སྦྱོར་བ་ལས་ལོག་པ་ལ་ཕམ་པ་འབྱུང་ལ་མཚམས་མེད་མི་འབྱུང་བར་བཤད་པ་ནི་དགྲ་བཅོམ་པའི་ཆ་ལ་འདུན་པ་ལོག་པར་གསལ་ལོ། །དེས་ན་མདོ་འདིས་སྦྱོར་བའི་ལྟུང་བ་བསྐྱེད་པའི་དུས་ཀྱི་ལུས་དེ་ཁོ་ན་དངོས་གཞིའི་བྱེད་པ་པོ་མིན་ན་ཞེས་བསྟན་ནོ། །གཉིས་པ་གང་ལས་སྐྱེས་པ་གཞན་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས་རང་གི་འགྲོ་བ་གང་དུ་གཏོགས་པའི་ལུས་ལྟུང་བའི་བྱེད་པ་པོར་བསྟན་པ་ནི། ཕ་མ་མིའི་འགྲོ་བ་པོ་ལས་གཞན་མི་མིན་པའམ་དུད་འགྲོ་ལྟ་བུ་ལས་སྐྱེས་པའི་བུ་ཚ་མིའི་འགྲོ་བ་པ་དེ་ནི་མི་རང་གི་འགྲོ་བ་པ་ཉིད་མིན་པ་མིན་པས་དེ་མ་བྱིན་ལེན་གྱི་རྫས་བདག་ཏུའང་རུང་ལ། སྲོག་གཅོད་ཕམ་པ་ལ་སོགས་པའི་ཡུལ་དུའང་རུང་ངོ༌། །དེ་བཞིན་དུ་མི་དང་དུད་འགྲོ་ལས་སྐྱེས་པའི་མི་མ་ཡིན་དེ་ཡང་རང་གི་འགྲོ་བ་པ་ཡིན་པ་དང༌། མི་དང་མི་མིན་ལས་སྐྱེས་པའི་དུད་འགྲོ་ཡང་རང་གི་འགྲོ་བ་པ་ཉིད་ཡིན་པས་རང་རང་ལ་བརྟེན་པའི་ཁ་ན་མ་ཐོ་བ་རྫོགས་པར་བསྐྱེད་པའི་རྟེན་དུ་རུང་བ་ཡིན་ནོ། །ཊཱིཀྐར། དཔེར་ན། མི་མིན་པ་མོའི་མངལ་ནས་སྐྱེས་པའི་མིའི་རྒྱུད་དུ་དབང་བའི་རྫས་ལ་དེར་འདུ་ཤེས་པས་བརྐུས་ན་མི་ཉིད་ལ་བརྐུས་པ་ཡིན་པས་ཕམ་པར་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་མི་མིན་པ་མོའི་མངལ་ནས་སྐྱེས་པའི་མངལ་ན་གནས་པ་མིའི་ངོ་བོ་ཉིད་བསད་ན་མི་ཉིད་བསད་པ་ཡིན་པས་ཕམ་པ་ཁོ་ནར་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་མིའི་བུད་མེད་ཀྱི་མངལ་ནས་སྐྱེས་པའི་མངལ་ན་གནས་པ་མི་མིན་པའི་ངོ་བོ་ཉིད་བསད་ན་མི་མིན་པ་ཉིད་བསད་པ་ཡིན་པས་སྤོམ་པོར་འགྱུར་བ་ལྟ་བུའོ་ཞེས་སོགས་སོ། །དེ་བཞིན་དུ་བུ་ཚ་འགྲོ་བ་གཞན་ཡིན་ཡང་ཕ་མ་རང་གི་འགྲོ་བ་པ་ཡིན་ཞེས་ཀྱང་སྦྱར་


DLL1002_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ངོ༌། །གསུམ་པ་ཁ་དོག་དང་དབྱིབས་གཞན་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས་རང་གི་རྒྱུད་གང་དུ་གཏོགས་པའི་ལུས་ལྟུང་བའི་བྱེད་པ་པོར་བཞག་པར་སྟོན་པ་ནི། མི་གང་ཞིག་སྨན་དང་སྔགས་ལ་སོགས་པའི་དབང་གིས་མི་མིན་དང་དུད་འགྲོའི་འགྲོ་བ་གཞན་གྱི་རྣམ་པའམ། གཟུགས་སུ་བསྒྱུར་ཞིང་བརྟེན་པ་མིར་འདུ་ཤེས་སམ་གཞན་དུ་འདུ་ཤེས་ཀྱང་རུང་འདི་བསད་དོ་སྙམ་དུ་རྟེན་ངེས་པར་བཟུང་སྟེ་བསད་པ་ལ་ཡང་ཕམ་པ་ཁོ་ནར་འགྱུར་ཏེ། དེ་མི་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་མི་མིན་ནམ། དུད་འགྲོ་འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་བསད་པ་ལ་ཡང་སྦོམ་པོ་དང་ལྟུང་བྱེད་བསྐྱེད་པ་ཡིན་ཏེ། རང་རང་གི་འགྲོ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་པའི་ཕྱིར་འདུ་ཤེས་གང་ཞུགས་ཀྱི་ཉེས་པར་འགྱུར་ལ། དངོས་གཞི་ལ་དོན་ཡན་ལག་ཡིན་པའི་ཕྱིར་དངོས་པོའི་དབང་གིས་ལྟུང་བར་འགྱུར་ཏེ། ཊཱིཀྐར། འདིར་ལྟུང་བ་རྣམ་པར་བཞག་པ་ནི་དངོས་པོའི་དབང་གིས་རྣམ་པར་བཞག་པ་ཡིན་གྱི་འདུ་ཤེས་ཀྱི་དབང་ཁོ་ནས་རྣམ་པར་བཞག་པ་ནི་མིན་ནོ། །དེ་ལྟ་བས་ན་དགེ་སློང་གི་མིའི་འགྲོ་བར་གཏོགས་པ་མི་མིན་པ་དང་དུད་འགྲོའི་འགྲོ་བ་གཞན་གྱི་རྣམ་པ་བརྟེན་པ་ཞིག་གསོད་ན་དེར་འདུ་ཤེས་པས་ཀྱང་རུང་གཞན་དུ་འདུ་ཤེས་པས་ཀྱང་རུང་སྟེ། གསད་པའི་དུས་ན་དངོས་གཞི་ལ་ནི་ཕམ་པར་འགྱུར་རོ། །སྦྱོར་བ་ལ་ནི་མིའི་འགྲོ་བར་གཏོགས་པར་འདུ་ཤེས་ནས་སྦོམ་པའོ། །མི་མིན་པ་དང་དུད་འགྲོའི་འགྲོ་བར་གཏོགས་པར་འདུ་ཤེས་ན་ནི་ཉེས་བྱས་སོ་ཞེས་སོགས་གསུངས། མཛོད་ཊཱིཀ་ལས། དགྲ་བཅོམ་པ་མིན་པའི་འདུ་ཤེས་ཀྱིས་དགྲ་བཅོམ་པ་བསད་ན་ཡང་མཚམས་མེད་པར་འགྱུར་ཏེ། འདི་གསད་དོ་སྙམ་དུ་རྟེན་ངེས་པར་བཟུང་བའི་ཕྱིར་ཞེས་དང༌། ཤེས་རབ་བྱེད་པར། མིར་མི་ཤེས་བཞིན་


DLL1002_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསད་ཀྱང་གསོད་པའི་ཚེ་ཉེས་བྱས། ཤི་ན་ཕམ་པར་འགྱུར། མིར་ཤེས་ཏེ་བསད་ན་ཉེས་བྱས་དང་སྤོམ་པོ་དང་ཕམ་པ་སུམ་ཆར་ཡོད་དོ་ཞེས་གསུངས། གལ་ཏེ་དེ་ལྟར་འདུ་ཤེས་པས་སོ་ཞེས་བཤད་པ་མིན་ནམ་ཞེ་ན། སྐྱོན་མེད་དེ། དེ་ནི་རྒྱུད་ཐ་དད་མ་ནོར་བར་དགོས་པར་བཤད་ལ། འདིར་གང་བསད་པར་བརྣག་པ་དེར་འདུ་ཤེས་པས་རྟེན་ངེས་པར་བཟུང་བའི་ཕྱིར། ཊཱིཀྐར། འདིར་ལྷས་བྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བ་ལྟ་བུར་ཐལ་བར་མི་འགྱུར་ཏེ། དེ་གཉིས་ནི་རྒྱུད་ཐ་དད་པ་ཡིན་པའི་ཕྱིར་ལྷས་བྱིན་དུ་འདུ་ཤེས་པས་མཆོད་སྦྱིན་བསད་པ་ལ་ཕམ་པར་མི་འགྱུར་བར་རིགས་སོ། །འདིར་ནི་རྒྱུད་གཅིག་ཡིན་པའི་ཕྱིར་སྦྱོར་བ་ལ་འདུ་ཤེས་ལོག་པའི་དབང་གིས་ནི་སྦྱོར་བའི་ཁ་ན་མ་ཐོ་བ་ཆེ་ཆུང་དུ་འགྱུར་བར་ཟད་ཀྱི། དངོས་གཞི་ལ་སྲོག་བཅད་པའི་དབང་གིས་ནི་དངོས་པོ་ཇི་ལྟ་བ་ལས་ཁ་ན་མ་ཐོ་བར་འགྱུར་རོ། །འདིར་ཁུངས་ནི། ཨུ་ཏྲ་ཡ་ནའི་རྟོགས་པ་བརྗོད་པ་དྲན་པར་བྱ་སྟེ། འདི་ལྟར་གཙུག་ཕུད་ཅན་གྱིས་ཕས་དགྲ་བཅོམ་པ་ཉིད་ཐོབ་པར་མ་ཤེས་སུ་ཟིན་ཀྱང་ཕས་བུ་ལ། ཁྱོད་ཀྱིས་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པའི་ཕྱིར་དང་དགྲ་བཅོམ་པ་བསད་པའི་ཕྱིར་ཞེས་སྤྲིང་བ་ལ་སོགས་པ་ལྟ་བུའོ་ཞེས་གསུངས། འདི་ལ་ཁ་ཅིག་མི་ལ་དུད་འགྲོར་ཤེས་པ་ལ་དངོས་གཞིར་མི་འགྱུར་ཏེ། དམ་པ་ལས། བཙུན་པ་དགེ་སློང་གིས་བྱོལ་སོང་མོའི་མངལ་དུ་མི་བཀུམ་ན་ཅིར་འགྱུར། དེ་སྟེ། མངལ་ན་མིར་འདུ་ཤེས་ན་ནི་མཐར་འགྱུར་རོ། །དེ་སྟེ་མིན་ན་ལྟུང་བའོ་ཞེས་དང༌། འོད་ལྡན་དུ། མིར་ནི་འདུ་ཤེས་ཞེས་བྱ་བས་ནི་འགྲོ་བ་གཞན་དུ་འདུ་ཤེས་པས་ནི་མཐར་འགྱུར་བ་མེད་པར་སྟོན་ནོ་ཞེས་བཤད་


DLL1002_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

པས། ཊཱིཀྐ་ལ་སོགས་པར་བཤད་པ་ནི་ནོར་ཏེ། དངོས་གཞི་ལ་ཕམ་པ་བསྐྱེད་ན་སྦྱོར་བ་ལ་སྦོམ་པོ་བསྐྱེད་དགོས་ཏེ། སྡེ་ཚན་དེ་ལ་གལ་ཏེ་དངོས་གཞི་ཡིན་ན་སྦོམ་པོའོ་ཞེས་གསུངས་པའི་ཕྱིར་དང༌། འདི་སྦོམ་པོར་མི་འདོད་པའི་ཕྱིར་རོ། །དེས་ན་མདོའི་དགོངས་པ་མིར་ཤེས་པ་ལ་དགོངས། ཞེས་གསུངས་མོད་འདིར་འགྲེལ་བ་ལ་སོགས་པའི་རྗེས་སུ་འབྲང་བར་བྱ་སྟེ། མདོའི་ཊཱིཀྐ་བཞི་བམ་ལྔ་མཛོད་འགྲེལ་དང་བཅས་པར་མཐུན་པར་གསུངས་པའི་ཕྱིར། དེས་ན་རྟེན་ངེས་པར་བཟུང་བ་དངོས་གཞི་བསྐྱེད་པའི་རྒྱུ་མཚན་ཡིན་ལ་རིགས་པ་དེ་ལའང་ཁྱབ་པ་མེད་དེ། སྦྱོར་བ་ལ་དེ་མེད་ན་དེ་མ་བྱས་པ་ཉིད་མིན་ནོ་ཞེས་སོགས་མདོ་འགྲེལ་ཐམས་ཅད་དང༌། འོད་ལྡན་དུ། ཅི་སྟེ་དངོས་གཞི་ལ་བརྐུ་བའི་སེམས་ཉིད་ཡོད་ན་དེའི་ཚེ་དངོས་གཞི་ཁོ་ན་ཡིན་གྱི་སྦྱོར་བའི་ལྟུང་བ་ནི་མེད་དོ་ཞེས་པ་དང་འགལ་བའི་ཕྱིར་རོ། །དེས་ན་དུད་འགྲོར་འདུ་ཤེས་ནས་གསོད་པར་སྦྱོར་བ་འདི་ནི་དུད་འགྲོ་གསོད་པའི་ལྟུང་བྱེད་ཀྱི་སྦྱོར་པ་ཡིན་པས་ཉེས་བྱས་ཡིན་ཏེ། དུད་འགྲོར་འདུ་ཤེས་ནས་གསོད་པར་སྦྱོར་བའི་ཕྱིར། ཁྱབ་སྟེ། སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་པའི་ཕྱིར་དང༌། ཤེས་རབ་བྱེད་པར། ཕྱུགས་ཡིན་པར་ཤེས་ཏེ་བསད་པ་ལས་མི་ཡིན་པར་གྱུར་ན་སྦྱོར་བའི་ཚེ་ལྟུང་བའི་ཉེས་བྱས་བསད་པས་ནི་ཕམ་པའོ། །མི་ཡིན་པར་བསམས་ཏེ་བསད་པ་ལས་ཕྱུགས་ཡིན་པར་གྱུར་ན་བསད་པར་སྦྱོར་བའི་ཚེ་ཕམ་པའི་ཉེས་བྱས་དང་སྦོམ་པོ་ཡོད་དོ། །བྱོལ་སོང་ཡིན་པས་བསད་པ་ནི་ལྟུང་བའོ་ཞེས་པ་དང་ནོར་བ་བཞིན་ནོ། །དེ་ལྟར་ན་སྦྱོར་སྦོམ་མེད་པའི་ཕམ་པར་འགྱུར་བ་ཡིན་ནོ་ཞེ་ན། འདོད་པ་ཡིན་ནོ། །དེས་ན་མདོ་དེའི་དགོངས་པ་ཕམ་པའི་སྦྱོར་བ་ཡིན་ན་སྦོམ་པོ་ཡིན་ཞེས་པ་ཡིན་ནོ། །ལྟུང་བྱེད་ཀྱི་སྦྱོར་བས་ཕམ་པ་བསྐྱེད་


DLL1002_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

པར་འགྱུར་རོ་ཞེ་ན། ཀུན་སློང་གི་རྣམ་པ་ཐ་མི་དད་པའི་ཕྱིར་ཉེས་པ་མེད་དོ། །ཡང་ཁ་ཅིག་ན་རེ། རྒྱུད་ཐ་དད་པའི་ཕྱིར་ཞེས་པས་ཀྱང་མི་འགྲུབ་སྟེ། ལྷས་བྱིན་དང་མཆོད་སྦྱིན་བཞིན་དུ། མི་དང་སྟག་རྒྱུད་ཐ་དད་པའི་ཕྱིར་རོ་གསུང་བ་ཡང་མི་རིགས་ཏེ། གང་བསད་པར་བརྣགས་པའི་ལྷས་བྱིན་དང་མཆོད་སྦྱིན་བཞིན་དུ་འདིར་གང་བསད་པར་བརྣགས་པའི་མི་དང་སྟག་རྒྱུད་ཐ་དད་པ་མེད་པའི་ཕྱིར། ཚུལ་འདི་ནི་སྲོག་གཅོད་པ་ཁོ་ན་ལ་སྦྱར་བར་བྱ་སྟེ། ཊཱིཀྐར། མདོ་འདི་ནི་མ་བྱིན་པར་ལེན་པ་ལ་སོགས་པ་ལྟུང་བྱེད་ཀྱི་སྡེ་ཐམས་ཅད་ལ་སྦྱར་བ་མིན་གྱི་སྲོག་གཅོད་པའི་སྐབས་འབའ་ཞིག་དང་སྦྱོར་རོ་ཞེའོ། །མ་བྱིན་པར་ལེན་པ་ལ་ནི་ཡུལ་དེ་གཟུགས་བསྒྱུར་རུང་རྫས་མིའི་རྒྱུད་ཀྱིས་ཡོངས་སུ་གཟུང་བར་འདུ་ཤེས་ན་དངོས་གཞི་བསྐྱེད་པར་དེ་དག་གིས་བཤད་ལ། ཊཱིཀྐར། ལུས་ཀྱིས་རེག་པ་ལ་སོགས་པ་དག་ལ་ནི་ཐ་སྙད་ཀྱི་ཕྱིར་རྣམ་པར་བཞག་གོ་ཞེའོ། །བཞི་པ་ཡོན་ཏན་གྱི་ཆ་ལ་བརྟེན་པའི་དོགས་པ་རྣམ་པར་བཅད་ནས་འཕེན་པ་གཅིག་གིས་བསྡུས་པའི་ལུས་ལྟུང་བའི་བྱེད་པ་པོར་བསྟན་པ་ནི། སོ་སོ་སྐྱེ་བོ་ལྟ་བུའི་ལུས་གཅིག་གིས་དགྲ་བཅོམ་པ་ལྟ་བུའི་གནས་སྐབས་གཞན་ཐོབ་པ་ནི་སྔར་གྱི་དེ་ལས་རྒྱུད་གཞན་ཉིད་མིན་ནོ། །དེས་ན་དགྲ་བཅོམ་པ་མིན་པའི་དུས་སུ་བསད་པའི་སྦྱོར་བ་བྱས་ནས་དགྲ་བཅོམ་པ་ཐོབ་པ་ན་གསོད་པར་བྱེད་ན་དེ་ལ་ཕམ་པ་དང་མཚམས་མེད་གཉིས་ཀ་འབྱུང་བ་ལྟ་བུ་དང༌། འཕགས་པའི་དམག་ལ་བལྟ་བ་ཡང་ལྟུང་བྱེད་དུ་འགྱུར་པ་ལྟ་བུ་དང༌། དགེ་སློང་སོ་སྐྱེ་ལ་བརྡེག་པ་ལྟུང་བྱེད་ཡིན་པ་ལྟར་དགེ་སློང་དགྲ་བཅོམ་པ་ལ་བརྡེག་པའང་ལྟུང་བྱེད་དུ་འགྱུར་བ་ལྟ་བུའོ། །གསུམ་པ་ལྟུང་བ་ཐ་དད་པའི་རྒྱུ་སེལ་བ་དང་བཅས་པ་ལ་གཉིས་ལས་དངོས་ལ་ལྔ། བསླབ་པ་དང་


DLL1002_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་གྱི་རྒྱུན་ཐ་དད་པ་ལ་བརྟེན་ནས་ལྟུང་བ་ཐ་དད་དུ་འགྱུར་བ་དང༌། ཀུན་སློང་གི་རྒྱུན་ཐ་དད་ལ་དང༌། བཅས་རིགས་ཐ་དད་ལ་དང༌། ཀུན་སློང་གི་རྣམ་པ་ཐ་དད་ལ་དང༌། འབྲས་བུ་ཐ་དད་ལའོ། །དང་པོ་ནི། ཐ་དད་དོ་ཞེས་པ་བཤད་པའི་གཞིར་བྱས་ནས་གང་ལས་ཐ་དད་ན། སྔར་ཉེས་པ་འབྱུང་བ་དེ་ཡོད་པའི་གནས་སྐབས་སུ་སྦྱོར་བའི་ལས་གང་བྱས་པ་དེ་ལས་ཐ་དད་དཔེར་ན་བསླབ་རྒྱུན་སྔ་མ་ལ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བརྩམས་པ་ལྟ་བུ་ལས་ཐ་དད། གནས་སྐབས་གང་ལ་ཐ་དད་ན། བར་སྐབས་སུ་ཉེས་པ་དེ་འབྱུང་བ་མེད་པའི་གང་ཟག་དེ་ལ་ཐ་དད། དཔེར་ན་བར་སྐབས་སུ་ཁྱིམ་པར་བབས་པ་ལྟ་བུ་ལའོ། ཊཱིཀྐར། ཉེས་པ་དེ་མེད་པ་ཞེས་བྱ་བ་ནི་གང་ཟག་གང་ལ་སྟན་ལ་སོགས་པ་བྱེད་པའི་ཉེས་པ་འབྱུང་བ་དེ་མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །ཉེས་པ་དེ་མེད་པ་ཅན་གྱི་གནས་སྐབས་དེ་ལ་ཞེས་སོ། །གང་ཐ་དད་ན་གནས་སྐབས་གཞན་དུ་ཉེས་པ་གང་འོང་ཞིང་འཐོབ་པ་དེ་ནི་ཐ་དད། དཔེར་ན་ཡང་རྫོགས་པར་བྱས་ཏེ་སྟན་གཅིག་བྱས་པ་དེ་ལ་ཉེས་པ་མེད་ལ་སྔར་སྟན་བརྩམས་པ་དེ་ཟིན་པར་བྱས་པའི་བྱ་བ་ལྟ་བུ་དེ་ཐ་དད། ཊཱིཀྐར། གནས་སྐབས་གཞན་དུ་ཉེས་པ་གང་འོང་ཞིང་འཐོབ་པ་དེ་ནི་ཐ་དད་པ་ཡིན་ཏེ་ཞེས་དང༌། བམ་ལྔར། སྦྱོར་བ་དང་དངོས་ཀྱི་བར་དུ་ཉེས་པ་དེ་མེད་པའི་གནས་སྐབས་གཞན་གྱིས་ཆོད་པ་ཉིད་ལ་ཕྱིས་དངོས་གཞིའི་ཉེས་པ་འོང་བ་ཐ་དད་དེ་ཞེས་སོ། །ཐ་དད་པའི་རྒྱུ་མཚན་ནི། བར་སྐབས་སུ་ཉེས་པའི་ཞིང་མིན་དུ་གྱུར་པའི་ཕྱིར། ཊཱིཀྐར། འདི་ལྟར་བར་དུ་ཉེས་པ་དེ་མེད་པ་ཉིད་ཀྱི་གནས་སྐབས་ཉེས་པའི་ཞིང་མིན་པར་འགྱུར་བ་དེས་ཉེས་པ་ཡོད་པའི་གནས་སྐབས་སྔ་ཕྱི་དེ་གཉིས་ཀྱི་བར་དུ་གཅོད་པའི་ཕྱིར་རོ་ཞེས་སོ། །ཐ་དད་པའི་དོན་ནི། སྔ་ཕྱིའི་བྱ་བ་དེ་གཉིས་ཐ་དད་པ་ཡིན་ཏེ། ཊཱིཀྐར། ལས་དེ་ཐ་དད་པའི་ངོ་བོ་


DLL1002_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཡིན་པར་རིག་པར་བྱའོ་ཞེས་སོགས་གསུངས། ཐ་དད་པར་བསྟན་པའི་དགོས་པ་ནི། ལས་ཐ་དད་པས་ལྟུང་བ་ཐ་དད་པ་དང༌། སྔར་གཉིས་པ་བརྩམས་པ་ཉེས་བྱས་དང༌། ཕྱིས་གཉིས་པ་ཟིན་པར་བྱས་པ་དངོས་གཞི་ཡིན་པ་དང༌། དེ་གཉིས་བསླབ་རྒྱུན་ཐ་དད་ཀྱི་ལྟུང་བ་ཡིན་པས་ཕྱིར་བཅོས་སོ་སོར་དགོས་པ་དང༌། ལྟུང་བའི་དངོས་གཞི་འབྱུང་བ་ལ་བསླབ་རྒྱུན་གཅིག་ལ་རྫོགས་པར་བྱས་པ་དགོས་པར་གོ་བའོ། །ཊཱིཀྐར། རྩོམ་པ་དང་ཟིན་པར་བྱེད་པའི་མཚན་ཉིད་སྔ་ཕྱིའི་ཆ་དེ་གཉིས་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་ཏེ། དེ་ལ་སྔར་མ་བབས་པའི་མདུན་རོལ་ཏུ་དུས་མིན་པར་སྟན་གཞན་བརྩམ་པའི་ཆ་སྔ་མ་དེ་ནི་སྦྱོར་བ་ལས་བྱུང་བའི་ཉེས་བྱས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །ཕྱིས་བསྙེན་པར་རྫོགས་ནས་སྟན་གཞན་ཞིག་བྱེད་ཅིང་དེ་ཟིན་པར་བྱས་པ་དེ་ལ་ནི་ཉེས་པ་མེད་དོ། །དེའི་འོག་ཏུ་དུས་མིན་པ་ཁོ་ནར་སྔར་སྟན་བརྩམ་པ་དེ་ཡང་ཟིན་པར་བྱེད་པའི་ཆ་ཕྱི་མ་དེ་ནི་སྤང་པའི་ལྟུང་བྱེད་ཀྱི་དངོས་གཞིའི་བྱེད་པ་པོ་ཡིན་པ་ལྟ་བུ་དང་ཞེས་སོ། །དེ་བཞིན་དུ་མཚན་གཞན་གྱིས་ཆོད་པ་ལའང་བཤད་དོ། །འདིར་ཊཱིཀྐ་ལ་སོགས་པར་དངོས་གཞིར་བཤད་པ་དང༌། ཕྱེད་བྱས་པའང་འགལ་ལོ་ཞེ་ན། མི་འགལ་ཏེ། འདི་རང་ཐེ་བའི་འཕྲོ་ཡིན་པའི་ཕྱིར། ཇི་སྐད་བསྒོ་བ་བཞིན་མི་བྱེད་པ་ཞེས་པ་བཞིན་ནོ། །ཡང་ན་འདི་མཐར་ཐུག་པ་ཡིན་པ་ཙམ་ལ་དགོངས་གསུང་ངོ༌། །གཉིས་པ་ཀུན་སློང་གི་རྒྱུན་ཐ་དད་ལ་བརྟེན་ནས་ལྟུང་བ་ཐ་དད་པར་འགྱུར་བ་ནི། ཐ་དད་པ་ཉིད་དོ་ཞེས་པ་གཞིར་བྱས་ནས། གང་ལས་ཐ་དད་ན། བསམ་རྒྱུན་སྔ་མ་ལ་སྟན་ནམ་ཁང་པ་ལྟ་བུ་བརྩམ་པ་ལས་ཐ་དད། གང་ལ་ཐ་དད་ན་བར་སྐབས་སུ་བྱེད་འདོད་ལོག་པའི་གང་ཟག་ལ་ཐ་དད་ལ། གང་ཐ་དད་ན། སྦྱོར་བ་བརྩམས་ནས་བསམ་པ་ཐག་པས་བཏང་


DLL1002_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསམ་རྒྱུན་ཕྱི་མ་ལ་སྟན་ནམ་ཁང་པ་ལྟ་བུ་རྫོགས་པར་བྱས་པའི་བྱ་བ་དེ་ཐ་དད། ཐ་དད་པའི་རྒྱུ་མཚན་ནི། བར་སྐབས་སུ་བྱེད་པར་འདོད་པ་ལོག་པའི་ཕྱིར་རོ། །ཊཱིཀྐར། གང་བརྩམས་པའི་ལས་དེ་བསམ་པ་ཐག་པ་ནས་བཏང་པའི་ལས་དེ་ཡང་ཐ་དད་པ་ཡིན་ཏེ། བྱེད་འདོད་པ་ལོག་པའི་ཕྱིར་རོ་ཞེའོ། །ཐ་དད་པའི་དོན་ནི་སྔ་ཕྱིའི་བྱ་བ་ཐ་དད་པ་ཡིན་ནོ། །ཐ་དད་པར་བསྟན་པ་དགོས་པ་ནི། ལས་ཐ་དད་པས་ལྟུང་བ་ཐ་དད་པ་དང༌། དེ་ཡང་སྦྱོར་བ་དང་དངོས་གཞིའི་ལྟུང་བ་ཡིན་པ་དང༌། དེ་གཉིས་བསམ་རྒྱུན་ཐ་དད་ཀྱི་ལྟུང་བ་ཡིན་པས་ཕྱིར་བཅོས་སོ་སོར་དགོས་པ་དང༌། བསམ་རྒྱུན་གཅིག་ལ་དེ་དག་གི་བྱ་བ་རྫོགས་པར་བྱས་པ་དགོས་པར་གོ་བ་སྟེ། ཊཱིཀྐར། དཔེར་ན་ཁང་པའམ་སྟན་བརྩམས་ནས་བཏང་སྟེ་ཡང་བྱེད་ན་སྔར་བརྩམས་པ་དང༌། ཕྱིས་ཟིན་པར་བྱེད་པའི་གནས་སྐབས་དེ་གཉིས་སྦྱོར་བ་དང་དངོས་གཞིའི་ལྟུང་བ་ཐ་དད་པའི་བྱེད་པ་པོ་ཉིད་ཡིན་པ་ལྟ་བུའོ་ཞེས་སོ། །གསུམ་པ་བཅས་རིགས་ཐ་དད་ལ་བརྟེན་ནས་ལྟུང་བ་ཐ་དད་དུ་འགྱུར་བ་ནི། གཞི་གཅིག་ལ་བསླབ་པའི་གཞི་དུ་མ་བཅས་པར་གྱུར་པ་ལ་ནི་བསླབ་པའི་གཞི་ཇི་སྙེད་བཅས་པ་ལས་འདས་པ་དེ་སྙེད་ཀྱི་ཉེས་པར་འགྱུར་ཏེ། དཔེར་ན་དགེ་སློང་ལ་རྫུན་གྱིས་སྐྱོན་ནས་སྨྲས་ན། རྫུན་སྨྲ་བའི་ལྟུང་བྱེད་དང་སྐྱོན་སྨྲ་བའི་ལྟུང་བྱེད་གཉིས་འབྱུང་བ་བཞིན། ཊཱིཀྐར། རྫུན་དུ་སྨྲ་བ་དང་སྐྱོན་ནས་སྨྲ་བ་བཀག་པའི་གཞི་གཅིག་ལ་རྫུན་གྱི་སྐྱོན་ནས་སྨྲས་ན་ཤེས་བཞིན་དུ་རྫུན་སྨྲ་བའི་ལྟུང་བྱེད་དང་སྐྱོན་ནས་སྨྲ་བའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང༌། དགེ་ཚུལ་བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དང༌། བསྙིལ་བ་སྡུད་པའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུ་དང༌། དེ་བཞིན་དུ་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་


DLL1002_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཞག་གསུམ་ཉལ་བ་ལ་བསྙེན་པར་མ་རྫོགས་པ་དང་ལྷག་ཅིག་ཉལ་བའི་ལྟུང་བྱེད་དང་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་གཉིས་འབྱུང་བ་ལྟ་བུའོ་ཞེས་སོ། །ཞུ་བར། བཙུན་པ་དགེ་སློང་གིས་འཚལ་མ་ལན་ཅིག་འཚལ་བས་ལྟུང་བ་བཞི་འབྱུང་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ཡོད་དེ། བྱིན་ལེན་མ་བྱས་པ། རུང་བ་མིན་པ་གསོག་འཇོག་བྱས་པ་དུས་མིན་པར་ཟ་བའོ་ཞེས་གསུང༌། དེས་ན་འདིས་ནི་བྱ་བ་ཡུལ་གྱི་གཞི་དང་བྱེད་པ་སྦྱོར་བ་དང་ཀུན་སློང་དང་མཐར་ཐུག་ལྟུང་བ་བསྐྱེད་པའི་དུས་གཅིག་ཀྱང་བཅས་པ་ཐ་དད་པས་ལྟུང་བ་ཐ་དད་པར་བསྟན་ནོ། །མཛོད་ཊཱིཀ་ཏུ། གང་ཞིག་གིས་ཕ་དགྲ་བཅོམ་པ་བསད་ན་ཡང་དེ་ལ་མཚམས་མེད་པ་ནི་གཅིག་ཁོ་ནར་འགྱུར་ཏེ། རྟེན་གཅིག་པའི་ཕྱིར་རོ། །སོང་ལ་སྐྲ་ཅན་ལ། ཁྱོད་ཀྱིས་ནི་མཚམས་མེད་པ་གཉིས་བྱས་ཏེ། ཕ་བསད་པ་གང་ཡིན་པ་དང༌། གང་ཡང་དགྲ་བཅོམ་པ་བསད་པའོ་ཞེས་སྨྲོས་ཤིག་ཅེས་བྱ་བ་རྟོགས་པ་བརྗོད་པ་འདི་ཇི་ལྟ་བུ་ཞེ་ན། རྒྱུ་གཉིས་ཀྱིས་ཞེས་བརྗོད་པར་བྱའོ། །ཡང་ན་བསྒོ་གཉིས་ནས་སྤྱོས་པ་ཡིན་ནོ་ཞེས་དང༌། རྣམ་ཊཱིཀ་ཏུ། སྲོག་ཆགས་གཅིག་བསད་པ་ལ་ལས་ཀྱི་ལམ་དངོས་གཞི་གཉིས་མི་སྲིད་པས་འདིར་མཚམས་མེད་པ་གཅིག་ལ་མིང་གཉིས་སུ་བཏགས་ཏེ་འགྱོད་པ་བསྐྱེད་པར་བྱ་བའི་ཕྱིར་མིང་གཉིས་སུ་བརྗོད་དོ་ཞེས་བཤད་པ་ལྟར་ན། བཅས་པ་དུ་མ་དང་འགལ་བའི་ལྡོག་པ་ནས་བཏགས་པར་འོང་ངོ༌། །མཚམས་མེད་གཅིག་པུ་ནི་དགྲ་བཅོམ་བསད་པའི་མཚམས་མེད་དུ་རྒྱལ་སྲས་གསུང་ངོ༌། །བཞི་པ་ཀུན་སློང་གི་རྣམ་པ་ཐ་དད་ལ་བརྟེན་ནས་ལྟུང་བ་ཐ་དད་པར་བསྟན་པ་ནི། ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལྟ་བུ་དེའི་ཆའམ་ཤན་ནམ་ལྷག་མ་སྟེ། དེ་ཡང་གཉིས་ཏེ། ཆ་ཤས་


DLL1002_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཆར་གྱུར་པ་སྦྱོར་བའི་ལྟུང་བ་ལྟ་བུ་དང་ཆར་གཏོགས་པས་ཆར་གྱུར་པ་འབྱིན་པ་དང་རེག་པ་ལྟ་བུ་སྟེ། ཊཱིཀྐར། ཆའི་ངོ་བོ་ཉིད་ཅེས་བྱ་བ་ནི། མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་བ་གང་ཡིན་དེ་ནི་ཉེས་བྱས་སོ། །བདག་ཉིད་ཀྱི་བསྙེན་བཀུར་བསྔགས་པ་གང་ཡིན་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་སྨྲ་བ་གང་ཡིན་པ་དེ་ནི་གཞན་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །ཞེས་སོགས་གསུངས་པ་དང་སྦྱར་རོ། །དེས་ན་ཆར་གཏོགས་པའི་ཆ་འབྱིན་པ་ལྟ་བུ་དེ་ནི་ཁ་ན་མ་ཐོ་བ་ལྕི་བ་དེ་དང་དགག་བྱས་རིགས་མཐུན་པའི་ལྟུང་བ་མི་ཚངས་པར་སྤྱོད་པ་ལྟ་བུ་ལ་ལྟོས་ཏེ། ཡང་བ་འབྱིན་པའི་ལྷག་མ་ལྟ་བུ་དེར་གཏོགས་པ་སྟེ། མི་ཚངས་པར་སྤྱོད་པ་ལ་སོགས་པའི་ཆར་གཏོགས་པའི་ཁ་ན་མ་ཐོ་བ་རང་གི་ལྕི་བ་འབྱིན་ལྷག་ལྟ་བུ་དང་འབྲེལ་བ་ཡིན་གྱི། །ཆ་ཤས་དང་ཆར་གཏོགས་པ་རྣམ་པ་ཐ་དད་པས། དེས་ན་རིགས་མི་མཐུན་པ་མི་ཚངས་པར་སྤྱོད་པའི་སྦྱོར་ལྟུང་ལྟ་བུ་ཡང་བར་ཡང་མ་གཏོགས་ལ། དགག་བྱ་ཙམ་རིགས་མཐུན་པ་མི་ཚངས་པར་སྤྱོད་པའི་ཕམ་པར་ཡང་མ་གཏོགས་སོ། །ཊཱིཀྐར། ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལ་སོགས་པའི་དེའི་ཆ་ཞེས་བྱ་བ་ཤན་ནམ་ལྷག་མ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བ་དེར་གཏོགས་པ་སྟེ་མི་ཚངས་པར་སྤྱོད་པ་ལ་སོགས་པར་གཏོགས་པའི་ཁ་ན་མ་ཐོ་བ་ལྕི་བ་དང་འབྲེལ་བར་རིགས་པར་བྱའི། རིགས་མི་མཐུན་པ་དང་འབྲེལ་བ་ནི་མིན་ནོ་ཞེས་དང༌། བམ་ལྔར། ཁ་ན་མ་ཐོ་བ་ལྕི་བ་དེའི་ཆ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བ་དེར་གཏོགས་ཏེ་ཁ་ན་མ་ཐོ་བ་ལྕི་བ་མི་ཚངས་པར་སྤྱོད་པ་ལ་སོགས་པ་དེའི་ཆ་ཞེས་བྱ་བ་ཤན་ནམ་ལྷག་མ་ནི་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བ་དེར་གཏོགས་པ་


DLL1002_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་རིགས་མི་མཐུན་པར་ཡང་མ་གཏོགས་ལ་རིགས་མཐུན་པ་ཉིད་ཀྱི་ལྕི་བར་ཡང་མ་གཏོགས་སོ་ཞེས་སོ། །ཆ་དང་ཆ་ཅན་སྦྱར་བ་ནི་མི་ཚངས་པར་སྤྱོད་པ་ནི་ཆ་ཅན་ཡིན་ལ། འབྱིན་པ་དང་རེག་པ་དང་འཁྲིག་པ་སྨྲ་བ་ལ་སོགས་པ་ཆ་ཡིན་ནོ། །དེ་བཞིན་དུ་མ་བྱིན་པར་ལེན་པ་ནི་ཆ་ཅན་ཡིན་ལ། བྱིན་པ་འཕྲོག་པ་དང་བསྔོས་བསྒྱུར་དང་སྐྲོད་པ་དང་སྦེད་པ་ལ་སོགས་པ་ནི་ཆ་ཡིན་ནོ། །སྲོག་གཅོད་པ་ནི་ཆ་ཅན་ཡིན་ལ། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དང༌། ས་བོན་དང་སྐྱེ་བའི་ཚོགས་འཇིག་པ་དག་ནི་ཆ་དང༌། མི་ཆོས་བླ་མ་སྨྲ་བ་ཆ་ཅན་ཡིན་ལ། ཕམ་པ་དང་ལྷག་མས་སྐུར་པ་འདེབས་པ་སོགས་ཆ་ཡིན་ནོ། །མདོའི་དགོས་པ་ནི། ཁུ་བ་འབྱིན་པ་ལ་འབྱིན་པའི་ལྷག་མར་བསྟན་ཟིན་པའི་ཕྱིར་འདིར་ཡང་བསྟན་པའི་དགོས་པ་ཅི་ཡིན་ཞེ་ན། དེ་ལྟ་ཡིན་མོད་ཀྱི་ཧ་ཅང་ཐལ་བ་སེལ་བ་དགོས་པ་ཡིན་ཏེ། ཊཱིཀྐར། མདོ་འདིས་མ་བརྗོད་པ་ནི་ཅུང་ཟད་ཀྱང་མི་བརྗོད་ཀྱི་ཧ་ཅང་ཐལ་བར་འགྱུར་བ་སེལ་བར་བྱེད་དེ་ཞེས་སོ། །ཇི་ལྟར་སེལ་བར་བྱེད་ན། ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་བ་ལ་མི་ཚངས་པར་སྤྱོད་པའི་སྦོམ་པོ་ཡིན་ན་ཧ་ཅང་ཐལ་ཏེ། ཀུན་སློང་གི་རྣམ་པ་ཐ་དད་པའི་ལྟུང་བ་གཞན་གྱི་ཀུན་སློང་གིས་ལྟུང་བ་གཞན་སློང་བར་འགྱུར་བའི་ཕྱིར་རོ། །དེས་ན་དེ་ནི་འབྱིན་པའི་ལྷག་མ་ཡིན་གྱི་ཕམ་པའི་སྦོམ་པོ་མིན་ཞེས་སེལ་ཏེ། ཊཱིཀྐར། ཁུ་བ་འབྱིན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པར་གཏོགས་པའི་སྦོམ་པོ་ལ་སོགས་པ་ཁ་ན་མ་ཐོ་པ་གཞན་དུ་ཐལ་བར་འགྱུར་བ་དེ། དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བའི་མདོ་འདིས་སྦོམ་པོ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དུ་འགྱུར་བ་དམིགས་ཀྱིས་བསལ་ཏོ་ཞེས་སོ། །བམ་ལྔར། མི་ཚངས་པར་སྤྱོད་པའི་ཆ་ཁུ་བ་ལ་སོགས་པ་དེ་དག་ནི་མི་


DLL1002_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཚངས་པར་སྤྱོད་པའི་ཁ་ན་མ་ཐོ་བ་ལྕི་བ་དེ་དང་རིགས་མཐུན་པའི་ཁ་ན་མ་ཐོ་བ་ཡང་བར་གཏོགས་པ་ཡིན་གྱི་རིགས་མི་མཐུན་པར་གཏོགས་པ་མིན་ལ། ལྟུང་བ་རྣམ་པར་བཞག་པ་ནི་མི་ཚངས་པར་སྤྱོད་པའི་ཆ་ནི་མི་ཚངས་པར་སྤྱོད་པ་ཉིད་དང་དེའི་སྦོམ་པོ་དང་ཉེས་བྱས་སུ་མ་གཏོགས་ཀྱི་ཆ་སོ་སོའི་ལྟུང་བར་གཏོགས་ཏེ། དེས་ན་ཁུ་བ་འབྱིན་པ་ནི་མི་ཚངས་པར་སྤྱོད་པའི་ཆ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བར་འགྱུར་བ་དང་ལུས་ཀྱི་རེག་པ་ཡང་མི་ཚངས་པར་སྤྱོད་པའི་ཆ་ཡིན་ལ། དགེ་འདུན་ལྷག་མའི་ལྟུང་བར་འགྱུར་གྱི་དེ་དག་མི་ཚངས་པར་སྤྱོད་པའི་སྦོམ་པོ་དང་ཉེས་བྱས་སུ་མ་གཏོགས་པ་ལྟ་བུའོ་ཞེའོ། །ཡང་ན་འདུག་པ་སྦྱོར་བའི་སྦྱོར་བ། རེག་པ་སྦྱོར་བ། མི་ཚངས་པར་སྤྱོད་པ་མཐར་ཐུག་ཡིན་ན་སྦྱོར་བ་མཐར་ཐུག་མེད་དུ་འགྱུར་བས་དེ་སེལ་ཞེས་ཀྱང་གསུང་ངོ༌། །གཞན་དག་ནི་ཆ་ཅན་དེའི་ཆ་ནི་ཆ་ཅན་དེར་གཏོགས་ལ། ཆའི་ཆ་ཅན་དུ་མི་གཏོགས་པར་བསྟན་ཞེས་ཟེར་རོ། །རྒྱུའི་ཀུན་སློང་མི་ཚངས་པར་སྤྱོད་པར་འདོད་པས་ཀུན་ནས་བསླངས་ཏེ། རྨའི་སྒོ་གསུམ་ཉམས་པ་ལྟ་བུར་དུས་ཀྱི་ཀུན་སློང་ཁུ་བ་དབྱུང་བར་འདོད་པས་ཁུ་བ་ཕྱུང་བ་ཐམས་ཅད་ལ་སྟེ། རྨའི་སྒོ་གསུམ་མ་ཉམས་པར་ནི་དུས་ཀྱི་ཀུན་སློང་གློ་བུར་བ་དེ་འདྲ་མི་འབྱུང་བས་མཐའ་ཕམ་པ་ཉིད་དུ་འགྱུར་ལ། དེ་མ་གཏོགས་པ་རྨའི་སྒོ་གསུམ་ཉམས་པ་ལྟ་བུར་ཁུ་བ་འབྱིན་པ་ནི་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་བའོ། །འགྲེལ་པ་ལ་སོགས་པ་རྣམས་སུ། དཔེར་ན་སྤྱད་མི་བཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང༌། མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་ལ། ཁུ་བ་འབྱིན་པའི་འདུན་པས་ཁུ་བ་ཕྱུང་ལ་ཕམ་པ་ཉིད་མིན་པ་ཐམས་ཅད་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ་ཞེས་སོ། །འདི་ལ་ཡུལ་རྨའི་སྒོ་རྣམས་སུ་


DLL1002_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའི་ཀུན་སློང་མི་ཚངས་པར་སྤྱོད་པས་བྱ་བ་ཉམས་པ་བྱེད་པ་དེ་མི་ཚངས་པར་སྤྱོད་པའི་བྱ་བ་ཡིན་པས་ཉེར་རྒྱུའི་ཀུན་སློང་འབྱིན་པའི་བསམ་པ་ཡོད་ཀྱང་འབྱིན་ལྷག་ཏུ་མི་འགྱུར་རམ་སྙམ་པའི་དོགས་པ་བསལ་བ་ཡིན་ཏེ། ཊཱིཀྐར། མདོ་འདི་ནི་སྔར་དེའི་ཆ་ནི་དེར་གཏོགས་སོ་ཞེས་བསྟན་པ་དེའི་སྤྲོས་པ་ཡིན་ནོ། །འདིར་གང་དག་དགེ་འདུན་ལྷག་མར་མི་འགྱུར་ཏེ། དེ་ནི་བྱ་བ་གཞན་ཡིན་ནོ་སྙམ་དུ་སེམས་པ་དེའི་བསམ་པ་བཟློག་པའི་ཕྱིར་ཏེ། སྦྱོར་བ་གང་ལ་དངོས་གཞི་གཞན་དུ་གྱུར་པ་ཁ་ཅིག་ལ་དགེ་འདུན་ལྷག་མ་ལ་སོགས་པའི་ལྟུང་བར་རྣམ་པར་མ་བཞག་པར་དེ་ལ་ན་སྨད་པའི་ལྟུང་བར་རྣམ་པར་བཞག་པ་ཡང་ཡོད་དེ། དཔེར་ན་ཁྲི་ལས་ལྡང་བ་དང་ཤམ་ཐབས་གྱོན་པ་ལ་སོགས་པ་ལྟ་བུའོ། །སྦྱོར་བ་གང་ལ་དངོས་གཞིར་འགྱུར་བའི་ལྟུང་བ་གཞན་དུ་རྣམ་པར་བཞག་པ་དེ་ལ་དེ་ཉིད་དུ་འགྱུར་བ་ཡང་ཡོད་དེ། དཔེར་ན་བསྙེན་བཀུར་བསྔགས་པ་ལ་སོགས་པ་ལྟ་བུའོ། །དེ་ལྟ་བས་ན་མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ལ་རེག་པ་ནི་རེག་པའི་དགེ་འདུན་ལྷག་མ་ཡིན་གྱི་ཕམ་པའི་སྦོམ་པོ་ནི་མིན་ནོ། །མི་ཚངས་པར་སྤྱོད་པའམ། འཁྱུད་པ་ལ་སོགས་པ་བྱ་བར་བསམས་ཏེ་དབེན་པ་སྐྱབས་ཡོད་པ་ན་བུད་མེད་གཅིག་པུ་དང་ལྷན་ཅིག་འདུག་པའམ་འགྲེང་བ་ཉམས་སུ་མྱོང་བར་བྱེད་པ་ནི་ལྟུང་བྱེད་ཁོ་ན་ཡིན་གྱི་མི་ཚངས་པར་སྤྱོད་པ་དང་དགེ་འདུན་ལྷག་མའི་སྦྱོར་བའི་ཉེས་བྱས་ནི་མིན་ནོ་ཞེས་སོ། །འོ་ན་སྦྱོར་བའི་ལྟུང་བ་གང་གིར་འབྱུང་ཞེ་ན། དང་པོ་ཆ་ཅན་གྱི་སྦྱོར་བར་འགྱུར་ལ། ཉེར་རྒྱུའི་ཀུན་སློང་བྱུང་ནས་ཆའི་སྦྱོར་བར་འགྱུར་ཏེ། ཊཱིཀྐར། འོ་ན་གང་ལ་མི་ཚངས་པར་སྤྱོད་པའི་རྩོམ་པ་ལ་ཞུགས་པ་ལ་ཁུ་བ་འབྱུང་བའི་དུས་ན་དགེ་འདུན་ལྷག་


DLL1002_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

མའི་བྱ་བ་ལ་གནས་པའི་སྦྱོར་བ་དེ་ལ་ཁ་ན་མ་ཐོ་བ་གང་གི་སྦྱོར་བ་ཡིན་པར་ཤེས་པར་བྱ་ཞེ་ན། སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་པའི་སྦྱོར་བ་ཉིད་ཡིན་ལ། གང་ཚུན་ཆད་དེ་ལ་ཁུ་བ་འབྱུང་བའི་བསམ་པ་སྐྱེས་པ་དེ་ཚུན་ཆད་ནི་དགེ་འདུན་ལྷག་མར་འགྱུར་བའི་སྦྱོར་བ་ཡིན་ནོ། །དེ་ལྟར་ན་དེ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ཏེ། ཕམ་པར་འགྱུར་བའི་ཉེས་པ་སྦོམ་པོ་དང༌། དགེ་འདུན་ལྷག་མར་འགྱུར་བའི་ཉེས་པ་སྦོམ་པོའོ་ཞེས་སོ། །དེ་བཞིན་དུ་རྒྱུའི་ཀུན་སློང་ཆའི་ཡོད་ལ་ཉེར་རྒྱུའི་ཀུན་སློང་ཆ་ཅན་གྱི་ཡོད་པ་ལའང་ཤེས་པར་བྱ་སྟེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ལྔ་པ་འབྲས་བུ་ཐ་དད་ལ་བརྟེན་ནས་ལྟུང་བ་ཐ་དད་པར་བསྟན་པ་ནི། བྱ་བ་འབྲས་བུ་ཐ་དད་པས་བར་དུ་ཆོད་པ་འབྲས་བུ་ཐ་དད་པ་དུ་མའི་འབྲས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བ་གཅིག་བསྐྱེད་པར་རྣམ་པར་མི་བཞག་སྟེ། དེ་དག་གི་འབྲས་བུ་ཐ་དད་དུ་གྲུབ་པའི་ཕྱིར་རོ། །ཊཱིཀྐར། དཔེར་ན་ཉུང་ངུ་ཉུང་ངུར་བརྐུས་པ་གཅིག་ཏུ་བསྡོམ་པས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང༌། ཁང་པ་ཆུང་ངུ་དུ་མའི་གཞི་བསྡོམས་པས་ཚད་ལས་ལྷག་པར་འགྱུར་བ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང༌། དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་ཆོག་པ་དུ་མ་ཚང་བར་བཅངས་ཏེ་གཏོང་བར་བྱེད་ཅིང་ཡང་གོས་ཀྱི་དུམ་བུ་གཞན་ཞིག་དུས་གཞན་དུ་བཅངས་ཏེ་གཏོང་བར་བྱེད་པའི་དུས་དེ་དག་སྤྱིར་བསྡོམས་ན་འཆང་བའི་དུས་ལས་ལྷག་ཏུ་ཟིན་ཀྱང་དེ་ལྟ་མོད་ཀྱི་བཅངས་པའི་ཞག་དེ་དག་གི་འབྲས་བུ་ཐ་དད་པའི་ཕྱིར་སྤང་པའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་ཞེས་སོགས་གསུངས། འདི་ལྟར་མ་བྱིན་པ་ལེན་པའི་སྐབས་སུ་དེ་སྐད་གསུངས་མོད་ཀྱི། བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་


DLL1002_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཏེ་སྦྱར་བར་བྱའོ། །གཉིས་པ་སེལ་བ་ནི། ཁང་པ་ཁང་ཆེན་འཁྲུར་འཇུག་དང༌། །སྲིན་བལ་འབའ་ཞིག་ཆ་གཉིས་དང༌། །དྲུག་དང་བལ་རྨེལ་ཐ་ག་གཉིས། །རིམ་ལྷག་བཟོ་བྱེད་ཁབ་རལ་བདུན། །བཅུ་དགུ་པོའི་སྐབས་སུ་མ་བཅོལ་བར་གཞན་གྱིས་སྔར་ཕྱེད་བྱས་པ་ལ་གཟོད་རང་ངམ་བསྐོས་པས་བྱས་པ་དེའི་ལྷག་མ་སྒྲུབ་པར་བྱེད་པ་ནི་ལས་དེའི་བྱ་བ་ཕྱེད་ཉིད་བྱས་པ་ཡིན་གྱི་ཡོངས་རྫོགས་བྱས་པ་མིན་པས་ལྟུང་བ་ཡང་ཕྱེད་ཉིད་དུ་ན་སྨད་པ་ཡིན་ཏེ། ཊཱིཀྐར། ཕྱེད་བྱས་ཟིན་པའི་ལྷག་མ་ཕྱེད་སྒྲུབ་པར་བྱེད་པ་དེ་ལ་ནི་དང་པོ་བརྩམས་ཚུན་ཆད་ནས་མཐར་ཐུག་པའི་བར་ལ་ཉེས་པའི་དངོས་གཞི་གང་བྱུང་བ་དེ་ཚིགས་འོག་མར་ན་སྨད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་སོ། །གལ་ཏེ་འཐག་འཇུག་ལ་གཞན་ཉིད་དང་བཅས་པ་ལ་ནི་ཞེས་བཤད་ཅིང་ཞུ་བར་ཡང་མ་བཤད་པས་སྦྱར་བར་མི་བྱའོ་ཞེ་ན། སྐྱོན་མེད་དེ། ཐགས་གླ་ཁྲུ་གང་རི་བ་ཙམ་ལ་དགོངས་པའི་ཕྱིར། གཞི་མེད་བག་ཙམ་གྱི་སྐབས་སུ་ཕམ་པས་སྐུར་པ་ལ་ལྷག་མ་ལྷག་མས་སྐུར་པ་ལ་ལྟུང་བྱེད་དུ་འགྱུར་ན། དེ་ལས་གཞན་པའི་ལྟུང་བ་དག་གིས་སྐུར་པ་ལ་ཅིར་འགྱུར་ཞེ་ན། ཁ་ན་མ་ཐོ་བ་ཕམ་ལྷག་དངོས་གཞི་ལས་ན་སྨད་པ་སྦོམ་པོ་ལ་སོགས་པ་དག་གི་ཆ་དག་གིས་སྐུར་པ་ལས་བྱུང་བའི་ཉེས་པ་ཉིད་ནི་ན་སྨད་པ་ཉིད་ཡིན་ཏེ། རྒྱུ་བཟང་ངན་གྱིས་ཁྱད་པར་དུ་བྱས་པའི་ཕྱིར་རོ། །ཊཱིཀྐར། ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མ་དག་གིས་སྐུར་བ་ལ་ནི་གོ་རིམ་བཞིན་དུ་དགེ་འདུན་ལྷག་མ་དང་ལྟུང་བྱེད་དག་ཏུ་འགྱུར་ལ། དེ་དག་པས་ན་སྨད་པ་ཉེས་པ་སྦོམ་པོ་དང་ལྟུང་བྱེད་དང་སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་དག་གིས་སྐུར་པ་འདེབས་པ་ལ་ནི་ཆ་ཉིད་ན་སྨད་པའི་ཕྱིར་ཉེས་བྱས་སུ་འགྱུར་རོ་ཞེས་དང༌། མཚམས་མེད་


DLL1002_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་པོ་ཕ་བསད་པ་དང་མ་བསད་པ་དང་དགྲ་བཅོམ་པ་བསད་པ་དག་གིས་སྐུར་བ་འདེབས་པ་ལ་ནི་དགེ་འདུན་ལྷག་མར་འགྱུར་ཏེ། དེ་གསུམ་ཕམ་པར་འགྱུར་བ་ཡིན་པའི་ཕྱིར་རོ། །མཚམས་མེད་པ་གཉིས་པོ་དགེ་འདུན་གྱི་དབྱེན་བྱེད་པ་དང༌། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དག་གིས་སྐུར་བ་འདེབས་པ་དེ་ལ་ནི་ཉེས་བྱས་སུ་འགྱུར་ཏེ། དེ་གཉིས་སྦོམ་པོ་ཡིན་པའི་ཕྱིར་རོ་ཞེས་གསུངས། བཞི་པ་བསམ་པའི་ཡན་ལག་སེལ་བ་དང་བཅས་པ་ལ་གསུམ་ལས། དངོས་ནི་ལྟུང་བ་སྡེ་ལྔའི་སྐབས་སུ་གཞི་ཐམས་ཅད་ལ་ཐེ་ཚོམ་ཟ་བ། དཔེར་ན་འདི་མི་ཡིན་ནམ་འོན་ཏེ་མི་མིན། འདི་བདག་གི་མ་ཡིན་ནམ། འོན་ཏེ་བདག་གི་མ་མིན། འདི་བདག་གི་ཕ་ཡིན་ནམ་འོན་ཏེ་ཕ་མིན། འདི་དགྲ་བཅོམ་པ་ཡིན་ནམ་འོན་ཏེ་མིན། འདི་དེ་ཡིན་ནམ་འོན་ཏེ་མིན་ཞེས་ཐེ་ཚོམ་ཟ་བཞིན་དུ་སྲོག་གཅོད་པར་བསམས་ཏེ་གསོད་པའི་བྱ་བ་ལ་ཞུགས་པའི་གང་ཟག་དེ་ནི་གང་ཡིན་ཡང་བླའི་གསད་པར་བྱའོ་སྙམ་པའི་གསོད་སེམས་ཀྱི་བསམ་པ་ཀུན་སློང་སྤྱི་ཞུགས་དང་བཅས་པ་ཡོད་པ་ཡིན་ཏེ། གཞི་དེ་བྱེ་བྲག་མ་ཕྱེད་པ་གང་ཞིག །མངོན་པར་བསམས་ཏེ་སྲོག་གཅོད་པ་ལ་ཞུགས་པའི་ཕྱིར་རོ། །ཊཱིཀྐར། དེ་ལྟར་ཐེ་ཚོམ་ཟ་བས་ཞུགས་པའི་གང་ཟག་དེས། གཞི་དེ་གང་ཡིན་བྱེ་བྲག་མི་ཕྱེད་དུ་ཟིན་ཀྱང་སྲོག་གཅོད་པ་ལ་ཞུགས་པའི་དུས་ན་གང་ཡིན་ཡང་བླའི་གསད་པར་བྱའོ་སྙམ་པའི་གསོད་སེམས་ཀྱི་བསམ་པ་ཡོད་པས་དེའི་ཕྱིར་ཐེ་ཚོམ་ཟ་བས་ཞུགས་པ་ནི་བསམ་པ་དང་བཅས་པ་ཡིན་ནོ། །དེ་ལྟ་མིན་དུ་ཟིན་ན་གསོད་པ་ལ་འཇུག་པར་ཡང་མི་འགྱུར་རོ་ཞེས་སོ། །དེས་ན་གང་ཟག་དེ་ལ་གཞི་ཇི་ལྟ་བ་ལས་ལྟུང་བར་འགྱུར་ཏེ། དེ་ཡང་མི་ཡིན་ན་ཕམ་པར་འགྱུར་ལ། མི་མིན་ཡིན་ན་སྦོམ་


DLL1002_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

པོར་འགྱུར་བ་དང༌། མ་ལ་སོགས་པ་ཡིན་ན་ཕམ་པ་དང༌། མཚམས་མེད་གཉིས་སུ་འགྱུར་པ་ལྟ་བུའོ། །དེ་བཞིན་དུ་ལྟུང་བ་གཞན་ལ་ཡང་སྦྱར་བར་བྱའོ། །ལྟུང་བ་སྡེ་ལྔའི་སྐབས་སུ། སྦྱོར་བ་ལ་ནི་འདུ་ཤེས་གང་ཞུགས་ཀྱི་ཉེས་པར་འགྱུར་ཏེ། སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་པའི་ཕྱིར་རོ། །ནི་ཞེས་པ་ངེས་བཟུང་ཡིན་ཏེ། དངོས་གཞི་ལ་ཡན་ལག་ཡིན་པར་སྟོན་པའོ། །ཊཱིཀྐར། དཔེར་ན་དུད་འགྲོ་ལ་མིར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་སྦོམ་པོ་ཉིད་དུ་འགྱུར་བ་དང༌། མི་ལ་དུད་འགྲོར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་དང༌། དེ་བཞིན་དུ་མི་མིན་པ་ལ་མིར་འདུ་ཤེས་པས་བསད་ན་སྦྱོར་བ་ལ་སྦོམ་པོར་འགྱུར་བ་དང༌། མི་ལ་མི་མིན་པའི་འདུ་ཤེས་ཀྱིས་བསད་ན་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མ་བྱིན་པར་ལེན་པ་དང་མིའི་ཆོས་བླ་མ་སྨྲ་བ་དང་ལུས་ཀྱི་རེག་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ་ཞེས་གསུངས། ཡུལ་གྱི་བྱེད་པ་སྟོན་པ་ནི། ལྷས་བྱིན་ལྟ་བུ་གསད་པར་བྱའོ་སྙམ་དུ་ཀུན་སློང་བྱེ་བྲག་ཅན་ལ་བསམས་ཏེ་ཞུགས་པ་ལ། གང་བསད་པར་བསམ་པའི་ལྷས་བྱིན་ལྟ་བུ་ནི་དངོས་གཞིའི་ལྟུང་བའི་བྱེད་པ་པོ་དེ་ཉིད་ཡིན་ནོ། །འདིར་དངོས་གཞི་ལ་དོན་ཉིད་ཡན་ལག་ཡིན་པར་བསྟན་ཏེ། ཊཱིཀྐར། དངོས་གཞི་ལ་དོན་ཡན་ལག་ཡིན་པར་སྟོན་ཏེ། སེམས་ཅན་ནམ་རྫས་ལ་བསམས་ཏེ་ཞུགས་པ་གང་ཡིན་པ་དེ་ལ་ནི། བསམ་པའི་དོན་གྱི་རང་གི་ངོ་བོ་ཉིད་ཡན་ལག་དེ་ཉིད་ཡིན་ནོ་ཞེས་སོ། །དེས་ན་དོན་དང་བསམ་པ་མཐུན་ན་དངོས་གཞིར་འགྱུར་ལ། གཞན་དུ་སྦྱོར་བའི་ཉེས་པར་འགྱུར་གྱི་དངོས་གཞི་ལ་ལྟུང་བ་མེད་དོ། །གཉིས་པ་ཧ་ཅང་ལ་ཐལ་བ་སྤངས་པ་ནི། མི་ཚངས་པར་སྤྱོད་པ་དང་ཁུ་བ་


DLL1002_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་གཉིས་ལ་ནི་བུད་མེད་ལ་སོགས་པ་གང་བསམས་པའི་ཡུལ་དེ་འབའ་ཞིག་ཡན་ལག་ཡིན་པར་མ་ཟད་དེ། མ་བསམས་པའི་དོན་ཡང་ཡན་ལག་ཡིན་པའི་ཕྱིར་ཏེ་འདི་གཉིས་ལ་ཡུལ་ཁྱད་པར་མེད་ཀྱི་རེག་བྱ་ཉམས་སུ་མྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་ཀར་ཤམ་ལ་སྤྱད་པར་བྱའོ་སྙམ་པ་ལས་ནོར་ཏེ་སྔོ་སངས་ལ་སྤྱད་ན་ཡང་དངོས་གཞིར་འགྱུར་ལ། བརླ་ལ་དྲུད་ནས་འབྱུང་ངོ་སྙམ་པ་ལས་ནོར་ཏེ་རྐེད་པ་ལ་དྲུད་ནས་ཕྱུང་ན་ཡང་དངོས་གཞིར་འགྱུར་བ་དང༌། དེ་བཞིན་དུ་བུམ་པ་ལ་གཏད་དེ་དབྱུང་ངོ་སྙམ་པ་ལས་བྱ་མ་བུམ་ལ་གཏད་དེ་ཕྱུང་ན་ཡང་སྦོམ་པོར་འགྱུར་བ་ལྟ་བུའོ། །མི་བདེན་པ་རྫུན་དུ་སྨྲ་བའི་ཡུལ་ལ་ནི། གང་ལ་སྨྲ་བར་བསམས་པའི་ཉན་པ་པོ་ལྷས་བྱིན་ལྟ་བུ་དེ་ཡན་ལག་ཡིན་པར་མ་ཟད་དེ། མ་བསམས་པ་མཆོད་སྦྱིན་ལྟ་བུ་ཡང་ཡན་ལག་ཡིན་པའི་ཕྱིར་ཏེ། འདི་ལ་ཡུལ་གང་ཡང་རུང་གི་ཕ་རོལ་པོས་དོན་གོ་བ་གཙོ་བོ་ཡིན་པའི་ཕྱིར། ཁ་ཅིག་ཞུ་བ་ལས། མི་ལ་མི་མ་ལགས་པར་འདུ་ཤེས་ནས་མིའི་ཆོས་བླ་མ་སྨྲ་ན་ཅིར་འགྱུར་སྦོམ་པོའོ་ཞེས་དང༌། ཞུ་ཊཱིཀ་ཏུ། རྣམ་པར་དག་བྱེད་ཀྱི་དོན་ནི་བརྗོད་པར་འདོད་པའི་ཡུལ་གྱིས་དོན་རྟོགས་པ་ཡིན་ན་མ་བསམས་པ་ལ་དེ་མེད་པས་སྦོམ་པོའོ་ཞེས་བཤད་པས། མདོ་འདི་ཀུན་སློང་སྤྱི་ཞུགས་ལ་དགོངས་པ་ཡིན་ལ། གལ་ཏེ་མིན་ན་བརྗོད་བྱ་དངོས་པོ་ལ་འཁྲུལ་ན་དངོས་གཞི་མི་འབྱུང་ལ། གོ་བྱ་ཡུལ་ལ་འཁྲུལ་པ་ལ་དངོས་གཞི་བསྐྱེད་པ་ལ་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་རོ་གསུངས་མོད། གཞུང་འགྲེལ་གྱི་དགོངས་པ་བརྗོད་བྱ་ལ་འཁྲུལ་པ་དང་མི་ལ་མི་མིན་པར་ཤེས་པ་ལ་བསམ་པའི་མངོན་ཞེན་མི་རྫོགས་པས་ན་སྨད་དུ་བསྟན་པར་དགོངས་ཀྱི། ཀུན་སློང་སྤྱི་ཞུགས་ཡིན་ན་འདི་ལ་དམིགས་བསལ་མཛད་པར་མི་རིགས་སོ། །གསུམ་པ་ཞར་ལ་བྱུང་བ་ནི། རེག་ལྷག་གི་སྐབས་


DLL1002_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཡུལ་འཁྲིག་པར་བསྟེན་པའི་མཐུ་དང་ལྡན་པ་དགོས་པར་གསུངས་པ་དང༌། རེག་ཕམ་གྱི་སྐབས་སུ་འདོད་པ་དང་ལྡན་པ་ལ་བརྟེན་པ་དང་ཞེས་གསུངས་པས་ཡུལ་རྟེན་རུང་དེ་ཇི་ལྟ་བུ་ཞེ་ན། མི་ཚངས་པར་སྤྱོད་པ་དང་རེག་པ་ལ་སོགས་པའི་ཡུལ་ལ་ཕོ་མོ་གང་ཡང་རུང་བའི་ཟླ་དེའི་ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ལག་པས་ལག་པར་སྤྲད་དུ་རུང་བ་ལ་སོགས་པ་ཉིད་ནི་འཁྲིག་པ་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ཏེ། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་ཡིན་པའི་ཕྱིར། དེས་ན་ཡུལ་དེ་ལྟ་བུ་ལས་ཁ་ན་མ་ཐོ་བ་རྫོགས་པར་འགྱུར་རོ། །གཉིས་པ་ཡན་ལག་གི་བྱེ་བྲག་གིས་ལྟུང་བའི་བྱེ་བྲག་ཏུ་འགྱུར་བ་ནི། རྫུ་འཕྲུལ་གྱི་ཆོས་ཅན་ཞེས་པ་ནས་སྤྱིར་བསྟན་རྫོགས་ཀྱི་བར་གྱི་མདོ་འོག་མ་དག་གི་སྐབས་སུ་ལྟུང་བའི་དངོས་གཞི་འབྱུང་བ་ལ། ཡུལ་དང་དངོས་པོ་དང་བསམ་པ་དང༌། སྦྱོར་བ་ལ་སོགས་པ་འདི་ལྟ་བུ་ཡན་ལག་ཡིན་ཞེས་བསྟན་པ་ལ་ནི་ཇི་སྐད་བཤད་པ་ལས་གཞན་ཡན་ལག་མ་ཚང་བ་ལ་ལྟུང་བ་ཇི་སྐད་བཤད་པ་ལས་ན་སྨད་པ་ཉིད་ཡིན་ཞེས་སྟོན་པ་ཡིན་ཏེ། དཔེར་ན་ལུས་ཀྱི་རེག་པ་དང་ག་ག་ཚིལ་བྱེད་པའི་བསླབ་པའི་གཞིའི་སྐབས་སུ་རེག་བྱ་རེག་བྱེད་གཉིས་ཀའི་ལུས་ཡན་ལག་ཡིན་པས་གཉིས་གའི་ལུས་མ་ཉམས་ན་དངོས་གཞིར་བསྟན་པ་ལ་གང་ཡང་རུང་བ་གཅིག་གི་ལུས་རྨ་ལ་སོགས་པས་ཉམས་ན་ན་སྨད་དུ་འགྱུར་ཏེ། དེ་ཡང་རེག་པའི་སྦོམ་པོར་འགྱུར་ལ། ག་ག་ཚིལ་བྱེད་པ་ནི་ཉེས་བྱས་སུ་འགྱུར་པ་ལྟ་བུའོ། །རྫུ་འཕྲུལ་གྱི་ཆོས་ཅན་ནས་སྤྱིར་བསྟན་རྫོགས་ཀྱི་བར་གྱི་མདོ་འོག་མ་དག་གིས་ཡུལ་ལ་སོགས་པ་ཡན་ལག་ཡིན་པར་བསྟན་པ་རྣམས་ཀྱི་ཡན་ལག་དུ་མ་གཉིས་ལྟ་བུ་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ཆེས་ན་སྨད་པར་འགྱུར་རོ་ཞེས་སྟོན་ཏེ། དཔེར་ན་རེག་


DLL1002_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ག་ག་ཚིལ་གྱི་སྐབས་སུ་ཡུལ་རྟེན་གཉིས་ཀའི་ལུས་རྨ་ལ་སོགས་པས་ཉམས་ན་ཆེས་ན་སྨད་དུ་འགྱུར་ཏེ། རེག་པའི་ཉེས་བྱས་སུ་འགྱུར་ལ་ག་ག་ཚིལ་བྱེད་པའི་ནི་ཉེས་བྱས་ཕྲ་མོར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་ལྟུང་བ་གང་ལ་མི་ཡན་ལག་ཏུ་དགོས་པ་དེ་ལ་མིའི་དོད་དུད་འགྲོས་བྱས་ན་ཡང་ན་སྨད་པ་དེ་བས་ཀྱང་ཆེས་ན་སྨད་པ་ཉིད་དུ་འགྱུར་ཏེ། དཔེར་ན་དུད་འགྲོ་དང་ལྷན་ཅིག་ལུས་ཀྱི་རེག་པ་དང་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བདག་ཉིད་ཀྱི་ཀུན་ཏུ་སྦྱོར་བ་བསྔགས་པ་ལ་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །དུད་འགྲོ་ཞེས་པ་ཡང་འཇིག་རྟེན་ན་དུད་འགྲོར་གྲགས་པ་བ་ལང་ལ་སོགས་པ་ཡིན་གྱི། བསྟན་བཅོས་ལ་གྲགས་པ་ཀླུ་དང་མིའམ་ཅི་ལ་སོགས་པ་ནི་མིན་ཏེ། དེ་དག་འདིར་མི་མིན་གྱིས་བསྡུས་པའི་ཕྱིར་ཏེ། ཊཱིཀྐར། མི་མིན་པ་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མིའམ་ཅི་དང་ཡི་དྭགས་དང་ཞེས་སོགས་གསུངས་བའི་ཕྱིར། དེས་ན་དེ་དག་ལ་ན་སྨད་པར་འགྱུར་བ་ཡིན་ཏེ། ཇི་ལྟར་མི་མིན་པ་མཐུ་མེད་པ་དང་ལྷན་ཅིག་ལུས་ཀྱི་རེག་པ་ལ་སོགས་པ་བྱེད་པ་ལ་ན་སྨད་དེ་སྦོམ་པོར་འགྱུར་བ་ལྟ་བུ་མིན་ཏེ། འདིར་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་པའོ་ཞེས་སོ། །རྣམ་ཊཱིཀ་ཏུ། དུད་འགྲོ་མོ་བསྟེན་པ་ལ་རེག་པ་སོགས་ལྷག་མར་འདོད་དོ། །གསུམ་པ་ཚན་ཚན་གྱི་ཡན་ལག་སྤྱིར་བཤད་པ་ལ་གསུམ། ཡུལ་གྱི་ཡན་ལག་དང༌། ཀུན་སློང་གི་ཡན་ལག་དང༌། སྦྱོར་བ་དང་མཐར་ཐུག་གི་ཡན་ལག་གོ །དང་པོ་ལ་དྲུག །བུད་མེད་ཀྱིས་བསྐྱེད་པའི་ཡུལ་གྱི་ཡན་ལག་གི་མཚན་ཉིད་དང༌། རེག་པས་དང༌། ཐ་སྙད་ཀྱིས་དང༌། ཁྱིམ་པས་བསྐྱེད་པའི་ཡུལ་གྱི་སེལ་བ་དང༌། དགེ་སློང་ཕ་མས་དང༌། རྫས་དང་ཡོ་བྱད་ཀྱིས་བསྐྱེད་པའི་ཡུལ་གྱི་ཡན་ལག་གི་མཚན་ཉིད་དོ། །དང་པོ་ལ་བུད་མེད་ཡན་ལག་ཏུ་དགོས་པའི་ལྟུང་བ་ཉེར་བཞི་སྟེ། རེག་པ་འཁྲིག་ཚིག་བསྙེན་བཀུར་


DLL1002_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱན། །འཁྲུ་ལེན་བལ་རྨེལ་ཆོས་སྟོན་དང༌། །མ་བསྐོས་སོགས་དང་ཉལ་ཤོམ་གཉིས། །ཉལ་འགྲོ་སོར་བཤགས་དང་པོ་གཉིས། །དེ་དག་གི་སྐབས་སུ་ཡུལ་བུད་མེད་དེ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མིན་པ་རྫུ་འཕྲུལ་མ་ཐོབ་པ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱི་རེག་པ་གཉིས་མིན་པ་འཁྲིག་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང་ཁྱིམ་པ་མོ་ལ་སྟོན་པའི་ལྟུང་བྱེད་ལ་སོགས་པའི་ཡན་ལག་གམ་རྒྱུ་ཡིན་ནོ། །དེས་ན་དེ་ལ་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །འོག་མ་དག་ལ་ནི་གཞན་ལ་ན་སྨད་ཅེས་གསུངས་པས་དེ་དག་གི་སྐབས་སུ་རྫུ་འཕྲུལ་གྱི་ཆོས་ཅན་མོ་ལ་ནི་ན་སྨད་པར་འགྱུར་ཏེ། དགག་བྱ་མི་རྫོགས་པའི་ཕྱིར་རོ། །ཊཱིཀྐར། དེ་ལས་གཞན་པ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ལ་ནི་ཡན་ལག་མ་ཚང་བས་དེ་ལ་ནི་ན་སྨད་པ་ཉིད་དེ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་ལ་ནི་བརྟུལ་དུ་མི་རུང་སྟེ། བཟུང་བར་མི་ནུས་པའི་ཕྱིར་དང༌། དེའི་ཡུལ་ལ་འཁྲིག་པའི་བསམ་པ་ཤས་ཆེན་པོ་མི་སྐྱེ་བས་དེའི་ཕྱིར་དེ་ལ་ན་སྨད་པ་ཤེས་སོ་ཞེའོ། །རེག་པའི་དགག་བྱ་ལ་ཁྱད་པར་མེད་པས་དངོས་གཞིར་འགྱུར་ལ། དེས་ན་རེག་པ་མིན་པ་ཞེས་སྨོས་ཏེ། ཊཱིཀྐར། རེག་པ་ནི་ཐམས་ཅད་ལ་འདྲ་བའི་ཕྱིར་ཏེ། ཁ་ཅིག་ལ་ནི་ཕམ་པར་འགྱུར་ལ་ཁ་ཅིག་ལ་ནི་དགེ་འདུན་ལྷག་མར་འགྱུར་ཞེས་སོ། །གཉིས་པ་ནི། ལུས་ཀྱི་རེག་པའི་བསླབ་པའི་གཞི་ལ་ནི། རེག་པར་བྱ་བ་བརྟེན་པར་བྱ་བའི་ཡུལ་གྱི་ལུས་ཉིད་ནི་རྨ་དང་ནད་ལ་སོགས་པས་མ་ཉམས་པ་ཡན་ལག་ཡིན་ཏེ། ལུས་ཀྱི་རེག་པའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་རེག་པར་བྱེད་པ་བདག་ཉིད་ཀྱི་ལུས་ཀྱང་མ་ཉམས་པ་ཡན་ལག་ཡིན་ལ་གང་ཡང་རུང་བ་ཉམས་ན་ན་སྨད་དང༌། གཉིས་ཀ་ཉམས་ན་ཆེས་ན་སྨད་ཡིན་ཏེ། ཊཱིཀྐར།


DLL1002_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ཚེ་རེག་པར་བྱེད་པ་བདག་ཉིད་ཀྱི་ལུས་དེ་ལྟར་གྱུར་ན་དེའི་ཚེ་ཡང་སྦོམ་པོ་ཁོ་ནའོ། །གཉིས་ཀའི་ལུས་དེ་ལྟར་གྱུར་ན་ནི་ཉེས་བྱས་སོ། །རྣམ་པར་བསྔོས་པ་མོ་དང༌། རྣམ་པར་བརྣག་པ་མོ་དང༌། རྣམ་པར་འབུས་བཤིག་པ་མོ་དང༌། རྣམ་པར་བམ་པ་མོ་དང༌། རྣམ་པར་ཟོས་པ་མོ་དང༌། རྣམ་པར་དམར་བ་མོ་དང༌། རྣམ་པར་འཐོར་བ་མོ་དག་ལ་འཁྱུད་པ་ལ་ནི་སྦོམ་པོའོ་ཞེས་གསུངས་པ་སོར་མོས་ག་ག་ཚིལ་བྱེད་པའི་ཡུལ་དང་རྟེན་ལ་ཡང་རྨ་དང་ནད་ལ་སོགས་པས་མ་ཉམས་པ་ཡན་ལག་ཡིན་ལ་གང་རུང་ཉམས་ན་ན་སྨད་དང་གཉིས་ཀ་ཉམས་ན་ཆེས་ན་སྨད་པ་ཡིན་པས་རིམ་བཞིན་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །རེག་པ་དང་ག་ག་ཚིལ་བྱེད་པའི་བསླབ་པའི་གཞིའི་སྐབས་སུ་རེག་བྱ་རེག་བྱེད་སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་མ་ཉམས་པ་ལས་གཞན་ཉམས་པ་དང་ལྡན་པ་སྟེ་འདྲ་བ་ཉིད་ཡིན་པས་དེ་དག་གིས་མ་ཉམས་པ་ལ་རེག་གམ་མ་ཉམས་པས་དེ་དག་ལ་རེག་ན་ན་སྨད་དང༌། ཉམས་པའམ་དེ་དག་ཕན་ཚུན་རེག་ན་ཆེས་ན་སྨད་དུ་འགྱུར་རོ། །གསུམ་པ་ཐ་སྙད་ཀྱིས་བསྐྱེད་པ་ཡུལ་གྱི་ཡན་ལག་ལ་གསུམ། དངོས་དང༌། སེལ་བ་དང༌། ཞར་ལ་རེག་པ་དེ་དང་འདྲ་བར་བསྟན་པའོ། །དང་པོ་ནི། སྔ་མ་དག་མི་ཡིན་པ་སྨྲ་ཤེས་པ་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ་མ་ནིང་དང་མཚན་གཉིས་པ་མིན་པ་སྟེ་ཡན་ལག་ལྔ་ལྡན་ཡན་ལག་ཏུ་དགོས་པ་ཐ་སྙད་སྤྱི་སྐྱེད་དང༌། སྨྱན་གྱི་སྤྲད་བྱའི་བདག་པོ་དང༌། །ཁང་པའི་བཙལ་བྱ་ཁང་ཆེན་ཆེད། །མི་ཆོས་བླ་མ་སྐུར་འདེབས་གསུམ། །ཁྱིམ་སུན་ཤེས་བཞིན་བཤེས་ངོ་དང༌། །ཟས་ཅུང་སྡིག་ལྟ་བརྗོད་པ་ཡི། །གོ་ཆའི་ཡུལ་ཕྱིར་བཅུ་གཉིས་སོ། །མ་རྫོགས་པ་སྤྱི་སྐྱེད། འདོན་དང་གནས་ངན་ལེན་དང་ཆོས། །ནུབ་ལྷག་མ་ལོན་པ་དང་ལྔ། །བུད་


DLL1002_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མེད་སྤྱི་ཡིས་བསྐྱེད་པ་ནི། །འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །དབེན་པར་འདུག་དང་ཉལ་དང་དྲུག །ཁྱིམ་པས་བསྐྱེད་པ་སོ་ལྔ་དང༌། །བརྐུ་གསོད་ལྔ་པོ་མ་གཏོགས་པ། །བཅོལ་རྫོགས་ཕོ་ཉ་རྣམས་ཞེས་གསུངས། །འོན་ཀྱང་བུད་མེད་སྤྱི་བསྐྱེད་དང་ཁྱིམ་པ་ཕོ་མོ་ཁོ་ནས་བསྐྱེད་པ་རྣམས་ལ་མཚན་གཉིས་པ་དོན་བྱེད་ནུས་པ་ནི་ཡན་ལག་ཏུ་རུང་ངོ༌། །དེ་དག་གི་སྐབས་སུ། མིའི་འགྲོ་བ་པ་ནི་གཞན་ལ་དོན་གོ་བར་བྱ་བའི་ཕྱིར་ལུས་ངག་གི་ཐ་སྙད་དུ་བྱ་བ་ལ་བརྟེན་ནས་འབྱུང་བའི་ཁ་ན་མ་ཐོ་བ་དག་གི་ཡན་ལག་ཉིད་ཡིན་ཏེ། དེ་དག་ལས་དགག་བྱ་རྫོགས་ཤིང་གཞན་གྱིས་མི་རྫོགས་པའི་ཕྱིར་རོ། །ཊཱིཀྐར། ཐ་སྙད་དུ་བྱ་བའི་ཁ་ན་མ་ཐོ་བ་གང་དག་བསྟན་པ་འཁྲིག་པ་དང་ལྡན་པ་སྨྲ་བ་དང༌། བསྙེན་བཀུར་བསྔགས་པ་དང༌། རྫུན་སྨྲ་བ་དང་སྐྱོན་ནས་སྨྲ་བ་དང་དགེ་སློང་ལ་ཕྲ་མ་བྱེད་པ་དང༌། གནས་ངན་ལེན་བརྗོད་པ་དང་མིའི་ཆོས་བླ་མ་བརྗོད་པ་དེ་དག་ལས་གྱུར་པའི་ཁ་ན་མ་ཐོ་བ་དེ་དག་ཐམས་ཅད་ལ་མིའི་འགྲོ་བ་པའི་སྲོག་ཆགས་དག་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པའི་ཡན་ལག་ཉིད་ཡིན་ནོ། །འགྲོ་བ་གཞན་དུ་གཏོགས་པ་དག་ནི་ན་སྨད་པ་ཉིད་ཡིན་ནོ། །འདི་ལྟར་མིའི་འགྲོ་བར་སྐྱེས་པ་རྣམས་ནི་ཐ་སྙད་ཐམས་ཅད་ལ་རུང་བ་ཉིད་ཡིན་པའི་ཕྱིར། དེ་དག་ཉིད་ཀྱིས་ཐ་སྙད་རྫོགས་པར་འགྲུབ་ཀྱིས་འགྲོ་བ་གཞན་དུ་གཏོགས་པ་དག་གིས་ནི་མིན་པའི་ཕྱིར་རོ་ཞེས་སོ། །དེ་བས་ན་མི་མིན་པ་ལ་ན་སྨད་པ་དང་དུད་འགྲོ་ལ་ནི་དེ་བས་ན་སྨད་པར་ཤེས་པར་བྱའོ། །ཊཱིཀྐར། སྨྱན་བྱེད་པ་ལ་ནི། གལ་ཏེ་མོ་མི་མིན་པ་དང༌། ཕོ་མི་མིན་པའམ་ཕོ་མོ་གཉིས་ཀ་མི་མིན་པར་གྱུར་ན་ཡང་དེའི་ཕྱིར་སྦོམ་པོའོ་ཞེས་བཤད་པ་དུ་མ་མ་ཚང་བ་ཡིན་ཡང་ན་སྨད་འབྱུང་བ་ནི་


DLL1002_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་ཡིན་ཞེས་གསུངས། གཉིས་པ་ནི། གལ་ཏེ་མིའི་འགྲོ་བ་པ་ཐམས་ཅད་ཡན་ལག་ཡིན་ནམ་ཞེ་ན། མི་ཡིན་ཡང་ཐ་མལ་བའི་བློའི་རང་བཞིན་ཉམས་པ་མྱོས་པ་དང་སེམས་འཁྲུག་པ་དང་ཚོར་བས་ཉེན་པ་དག་ནི་ཐ་སྙད་དུ་བྱ་བའི་ལྟུང་བ་དེ་དག་གི་ཡན་ལག་མིན་ཏེ། གསལ་བའི་ངོ་བོ་ཉིད་ཉམས་པས་དོན་དེ་དག་ལ་བྱ་བ་དང་བྱ་བ་མིན་པའི་བློ་མེད་པའི་ཕྱིར་རོ། །གོས་སློང་བ་ལ་སོགས་པ་བསླབ་པའི་གཞི་དེ་དག་གི་སྐབས་སུ་མིའི་འགྲོ་བ་པ་ཤེས་པ་རང་བཞིན་དུ་གནས་པ་ཐམས་ཅད་ཡན་ལག་ཡིན་ནམ་ཞེ་ན། རྟེན་གཅིག་ལ་ཉོན་མོངས་པ་གཉིས་ཀྱིས་གནོད་པའི་མ་ནིང་དང༌། རྒྱུད་གཅིག་ལ་ཕོ་མོའི་མཚན་གཉིས་ཡོད་པ་དག་ནི་བསླབ་པའི་གཞི་དེ་དག་གི་ཡན་ལག་མིན་ཏེ། དེ་དག་རང་བཞིན་ཉམས་པ་དེ་དང་ལྡན་པའམ་འདྲ་བ་ཉིད་ཡིན་པའི་ཕྱིར་ཏེ། གསལ་བའི་ངོ་བོ་ཉིད་ཉམས་པས་དོན་དེ་ལ་བྱ་བ་དང་བྱ་བ་མིན་པའི་བློ་མེད་པའི་ཕྱིར་རོ། །ཊཱིཀྐར། དེ་གཉིས་ཀྱི་ལུས་དང་སེམས་དག་ནི་ཐ་སྙད་བྱར་མི་རུང་བ་ཉིད་ཡིན་པའི་ཕྱིར་ཏེ། དེ་གཉིས་ཀྱི་ལུས་མིའི་ཐ་སྙད་དུ་བྱ་བ་དག་ལས་རྣམ་པར་ཉམས་པས་རོ་ལྟ་བུར་ཡིད་ལ་སྣང་ངོ༌། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་གསལ་བས་ནད་པ་ལྟ་བུ་ཡིན་ནོ་ཞེས་སོ། །ཟ་མ་ལ་ནི་ཅི་རིགས་པར་དངོས་གཞི་འབྱུང་ལ། མཚན་མེད་པ་ནི་མ་ནིང་གི་ནང་དུ་འདུས་པས་ལོགས་སུ་མ་སྨོས་ཤིང་ཉམས་པ་མ་ནིང་ནི་རྣམ་པར་འགྱུར་བ་རྩོམ་པར་མི་བྱེད་པ་དེ་སྲིད་དུ་ཐ་སྙད་བྱར་མི་རུང་བ་མིན་ལ་རྣམ་པར་འགྱུར་བ་བརྟེན་ན་ཐ་སྙད་དུ་བྱར་མི་རུང་བ་ཡིན་ནོ། །གསུམ་པ་ནི། ལུས་ཀྱིས་རེག་པའི་བསླབ་པའི་གཞི་ནི་ཐ་སྙད་ཀྱི་བསླབ་པའི་གཞི་དང་ལྟུང་བ་རྣམ་པར་བཞག་པར་འདྲ་སྟེ། མིའི་འགྲོ་བ་པ་ཤེས་པ་རང་བཞིན་དུ་གནས་པ་ཡན་ལག་ཡིན་ལ་བཟློག་པ་ལ་སེལ་བར་འགྱུར་བའི་ཕྱིར་རོ། །རེག་པའི་བསླབ་པའི་


DLL1002_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ནི་ཐ་སྙད་ཀྱི་བསླབ་པའི་གཞི་དང་འདྲ་བ་ཡིན་གྱི། རེག་པ་ཉིད་ཐ་སྙད་དང་འདྲ་བ་མིན་ཏེ། ཊཱིཀྐར། དེའི་ཕྱིར་མདོ་འདིས་རེག་པ་ནི་ཐ་སྙད་དང་འདྲའོ་ཞེས་བསྟན་པ་ཡིན་གྱི་རེག་པ་ཉིད་ཐ་སྙད་དང་འདྲ་བ་ནི་མིན་ནོ། །ཇི་ལྟར་སྨྲ་བ་ལ་སོགས་པའི་ཐ་སྙད་དུ་གྲགས་པ་ལྟར་ལུས་ཀྱི་རེག་པ་ཉིད་དེ་འདྲ་བ་ནི་མིན་ཏེ། འདི་ལྟར་འཁྲིག་པ་དང་ལྡན་པ་སྨྲ་བ་ནི་ཀུན་ཏུ་སྨྲ་བར་གྱུར་པ་ཡིན་བསྙེན་བཀུར་བསྔགས་པ་ནི་གོ་བར་བྱེད་པ་ཡིན། ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ནི་ཉན་རྣ་ལས་གྱུར་པ་ཡིན་གྱི། ལུས་ཀྱི་རེག་པ་ནི་ལུས་ཀྱི་རེག་པའི་བདེ་བ་ཉམས་སུ་མྱོང་བ་ཙམ་ཡིན་པས་དེའི་ཕྱིར་འདིས་ཐ་སྙད་ཉིད་རེག་པ་དང་འདྲ་བར་བསྟན་པ་ནི་མིན་ནོ་ཞེས་སོ། །ལྟུང་བ་འདྲ་བར་བསྟན་པ་ལ་ཡང་ཐ་སྙད་ཀྱི་དོན་དུ་འཁྲིག་པ་སྨྲ་བ་ལ་སོགས་པ་ལ་ལྟུང་བར་འགྱུར་བ་ལྟར་རེག་པ་ལའང་ལྟུང་བར་འགྱུར་བ་ནི་མིན་ཏེ། ཊཱིཀྐར། ལྟུང་བ་རྣམ་པར་བཞག་པ་འདྲ་བར་བསྟན་པ་ལ་ཡང་འཇིག་རྟེན་གྱི་ཐ་སྙད་ཀྱི་དོན་དུ་ལུས་ཀྱི་རེག་པ་དཔེར་ན་བླང་བར་འདོད་པ་དེའི་བུད་མེད་ལ་ཐ་སྙད་ཀྱི་དོན་དུ་ལག་ནས་འཛིན་པ་གང་ཡིན་པ་དང༌། སྔོན་སྤྱད་པ་ཡུན་རིང་བ་ཞིག་ན་མཐོང་བ་ཉིད་ན་ཀུན་ནས་འཁྱུད་པ་གང་ཡིན་པ་ནི་འཇིག་རྟེན་ཁོ་ན་ལས་ཐ་སྙད་དུ་བྱ་བ་ཉིད་དུ་གྲགས་པ་ཡིན་པས་དེ་དག་གི་དོན་དུ་རེག་པ་ལ་ལྟུང་བ་མེད་པའི་ཕྱིར། འདི་དག་གི་དོན་དུ་རེག་པ་ལ་ཡང་ཐ་སྙད་དང་འདྲ་བར་ལྟུང་བ་བཞག་པ་ནི་མིན་ནོ་ཞེས་སོ། །བཞི་པ་ཁྱིམ་པས་བསྐྱེད་པ་ཡུལ་གྱི་སེལ་བ་ནི། ཁྱིམ་པ་ལས་གྱུར་པ་སོ་ལྔ་སྟེ། ཁྱིམ་པ་ཕོ་ལས་སྐྱེ་བ་ནི། །ཉལ་ཤོམ་གཉིས་དང་དམག་གསུམ་དང༌། །རྐུན་མ་དང་འགྲོ་དྲུག་ཡིན་ནོ། །ཁྱིམ་པ་མོ་ཡིས་བསྐྱེད་པ་ནི། །ཆོས་སྟོན་པ་དང་ཉལ་ཤོམ་གཉིས། །ལམ་དུ་འགྲོ་དང༌


DLL1002_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བཞི། །གང་ཡང་རུང་བས་བསྐྱེད་པ་ནི། །ཁྱིམ་སུན་འབྱིན་དང་སློང་སོགས་ལྔ། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །འཐག་གཉིས་རས་ཆེན་བདག་གིར་བྱེད། །སྦྱོར་བཅུག་ཡང་ཡང་ཟ་བ་དང༌། །འདུག་གནས་ཕྱེ་དང་བསོད་པ་དང༌། །ཟན་གཅོད་མགྲོན་གཉེར་མ་སྨྲས་འགྲོ །གྲོང་རྒྱུ་ཕོ་བྲང་འགྲོ་བ་དང༌། །སོར་བཤགས་བཞི་སྟེ་ཉི་ཤུ་བདུན། །བམ་ལྔར། ཡོན་བདག་གཞན་ཉེ་དུ་དང་ཉེ་དུ་མིན་པ་ཁྱིམ་པ་དང་རབ་ཏུ་བྱུང་བ་མཚན་དང་ལྟ་བ་མཐུན་པ་དང་མི་མཐུན་པ་གང་ཡང་རུང་བ་ལ་ན་སྨད་དོ་གསུངས་པས་བསྔོས་བསྒྱུར་ཁྱིམ་པས་བསྐྱེད་པར་མ་བྱས་སོ། །དེས་ན་བསླབ་པའི་གཞི་དེ་དག་གི་སྐབས་སུ་ཕྱི་རོལ་མུ་སྟེགས་པའི་རབ་ཏུ་བྱུང་བ་དང༌། མ་སྐྱེས་པ་རྟགས་ཅན་དང༌། ཕམ་པ་འཆབ་བཅས་ཀྱིས་ཉམས་པ་རྣམས་ལས་ལྟུང་བ་ན་སྨད་པ་འབྱུང་གི་རབ་ཏུ་བྱུང་བ་ཡིན་པས་ལྟུང་བ་མེད་པ་དང༌། རབ་བྱུང་བཏགས་པ་བ་ཡིན་པས་དངོས་གཞི་བསྐྱེད་པ་ལྟ་བུ་མིན་ཏེ། དེ་དག་ཕྱེད་ཉིད་ཁྱིམ་པ་ཡིན་པའི་ཕྱིར། ཊཱིཀྐར། འདི་གསུམ་གྱི་གཞི་ལས་དགེ་སློང་གི་ལྟུང་བ་གང་དག་རྣམ་པར་བཞག་པ་དེ་དག་ནི་ཕྱེད་ཉིད་དུ་ན་སྨད་དེ། དེ་དག་ཕྱེད་ཁྱིམ་པ་ཡིན་པའི་ཕྱིར་རོ། །ནི་ཞེས་པ་དགར་བས་རབ་ཏུ་བྱུང་བ་ལ་ལྟུང་བ་མེད་པར་བསྟན་ལ་ལྟུང་མེད་དེ་ཡང་རྣམ་པ་བཞིས་རིག་པར་བྱའོ། །སྔ་མ་དག་དེ་དག་གི་སྐབས་སུ་མ་རྫོགས་པ་གསུམ་ལ་ན་སྨད་ལ། དགེ་སློང་ཕ་མ་གཉིས་ལ་ཆེས་ན་སྨད། དེ་ཡང་དམིགས་བསལ་དང་བཅས་པའོ་གསུང༌། ལྔ་པ་དགེ་སློང་ཕ་མས་བསྐྱེད་པ་ཡུལ་གྱི་ཡན་ལག་གི་མཚན་ཉིད་ནི། རབ་ཏུ་བྱུང་བ་འདི་བས་བསྐྱེད་པ་ལ་སྡེ་ཚན་ལྔ་ལས། དགེ་སློང་ཕ་ཡིས་བསྐྱེད་པ་ནི། །མཚན་མཐུན་དགོས་པ་བཞི་བཅུའི་སྟེང༌། །སྐྲོད་པ་ཟས་ཅུང་གདེང་མ་ལོན། །གྲལ་རིམ་ནགས་བརྟག་བཞི་བཅུ་དྲུག །དགེ་


DLL1002_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སློང་མ་ཡིས་བསྐྱེད་པ་ནི། །འཁྲུ་དང་ལེན་དང་རྨེལ་པ་དང༌། །མ་བསྐོས་སོགས་དགུ་འདུག་མ་གཏོགས། །སོ་སོར་བཤགས་པ་དང་པོ་གཉིས། །དེ་ལྟར་དེ་ནི་བཅུ་བཞིའོ། །རྫོགས་པ་སྤྱིས་བསྐྱེད་སྐུར་འདེབས་གསུམ། །རབ་བྱུང་སྤྱིས་བསྐྱེད་རྣམ་གཉིས་ཏེ། སྦེད་པ་མ་སྨྲས་འགྲོ་བའོ། །དགེ་ཚུལ་གྱིས་བསྐྱེད་བསྙིལ་བའོ། །དེ་ལྟར་འདི་བས་བསྐྱེད་པ་ལྔ། །མུ་སྟེགས་ཅན་གྱིས་བསྐྱེད་པ་གཉིས། །འདུག་གནས་དང་ནི་གཅེར་བུའོ། །དེ་དག་ལས་སྡེ་ཚན་དང་པོ་གཉིས་ཀྱི་སྐབས་སུ་ཡུལ་དགེ་སློང་དང་དགེ་སློང་མ་དེ་དང་པོ་རྒྱུ་ཕུན་སུམ་ཚོགས་པས་བསྙེན་པར་རྫོགས་པའི་སྡོམ་པ་བླངས་ལ་སྐྱེས་པ་ཅན་བར་དུ་ཕམ་པ་འཆབ་བཅས་ཀྱིས་མ་ཉམས་པ་ཉིད་ནི་དགེ་སློང་ཕ་མས་བསྐྱེད་པའི་བསླབ་པ་དག་ལ་ཡན་ལག་གམ་རྒྱུ་ཡིན་ཏེ། ཁ་ན་མ་ཐོ་བ་དེ་དག་རྫོགས་པར་འགྲུབ་པའི་བྱེད་པ་པོ་ཡིན་པའི་ཕྱིར། དེས་ན་མ་རྫོགས་པ་དང་མ་སྐྱེས་པ་དང་ཉམས་པ་རྫོགས་པའི་རྟགས་ཅན་དག་ལས་ན་སྨད་པ་ཡིན་ཏེ། དགག་བྱ་མི་རྫོགས་པའི་ཕྱིར་རོ། །རྫོགས་པ་སྤྱིས་བསྐྱེད་པའི་སྐབས་སུ་ཉམས་པ་ལས་ཀྱང་དངོས་གཞི་བསྐྱེད་པར་རྣམ་པར་འབྱེད་པར་གསུངས་སོ། །ཊཱིཀྐར། ཡན་ལག་མིན་པ་དེ་ལྟ་བུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ་ཞེས་གསུངས་པ་ནི་ཉམས་པ་ལ་སོགས་པ་རྫོགས་པར་བྱས་ཤིང་མ་སྐྱེས་པ་རྟགས་ཅན་ལ་དགོངས་པའམ། གྲགས་པ་ལ་དགོངས་པར་འོང་ངོ༌། །ཁ་ཅིག་གཞི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཀྱིས་གསོར་རུང་བ་དང་མི་རུང་བའི་ཁྱད་པར་ཡིན་གསུང་ངོ༌། །དེ་དག་གི་སྐབས་སུ་ཕོ་དང་མོའི་མཚན་གྱི་རྒྱུ་མཚན་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་


DLL1002_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དཔེར་ན་བདག་ཅག་དགེ་སློང་རྣམས་ཞེས་པ་ལྟ་བུ་ལྟ་བ་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་དཔེར་ན་བདག་ཅན་ཆོས་ཕྱོགས་པ་ཞེས་པ་ལྟ་བུའོ། །དེ་དག་ལས་རང་གི་ཕྱོགས་དང་མཐུན་པ་ལ་བརྟེན་པའི་ཁ་ན་མ་ཐོ་བ་དགེ་སློང་དང་དགེ་སློང་མ་ཡན་ལག་ཏུ་དགོས་པ་རྣམས་ཅི་རིགས་པར་རྫོགས་པར་འགྱུར་ཏེ། དེ་དག་ཡན་ལག་གམ་རྒྱུ་ཡིན་པའི་ཕྱིར་རོ། །དེའི་ཤུགས་ལ་རང་གི་ཕྱོགས་མིན་པ་ལ་ན་སྨད་དུ་འགྱུར་ཏེ། ཡན་ལག་མིན་པའི་ཕྱིར། ཊཱིཀྐར། དེ་ལྟ་བས་ན་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་པ་མིན་པ་ལ་ནི་ཚིགས་འོག་མར་འགྱུར་རོ། །ཇི་ལྟར་རང་གི་ཕྱོགས་ལ་ལོག་པར་བསྒྲུབ་པ་སྨད་པར་བྱ་བ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི། སྨད་པར་བྱ་བ་མིན་པའི་རྣམ་པ་དེ་ལས་འདི་ལྟར་ཤེས་སོ། །དགེ་སློང་མ་རྣམས་ལ་ཡང་ཐམས་ཅད་དུ་རྣམ་པ་འདི་བཞིན་དུ་རིག་པར་བྱའོ་ཞེས་སོ། །ལྟ་བ་མི་གཏོང་བ་དང་སྤངས་པ་རྗེས་ཕྱོགས་དང་བསྙིལ་བ་སྡུད་པ་རྣམས་ལ་ལྟ་བ་མི་མཐུན་པ་ལ་ཡང་དངོས་གཞིར་འགྱུར་བ་ཡིན་ཏེ། དེ་ཉིད་ཡན་ལག་ཡིན་པའི་ཕྱིར། དེས་ན་འདིས་དོགས་པ་བཅད་མི་དགོས་སོ། །དགེ་སློང་དང་དགེ་སློང་མའི་རྒྱུ་མཚན་གྱི་ཁ་ན་མ་ཐོ་བ་བྱིན་འཕྲོག་ལ་སོགས་པ་འདིར་གཏོགས་པ་ལ་ཁྱིམ་པ་རབ་ཏུ་མ་བྱུང་བའི་གང་ཟག་གི་རྟགས་ཅན་ཏེ། ཁྱིམ་པ་རང་གི་རྒྱལ་མཚན་ཅན་ཉིད་ནི་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ན་སྨད་པ་བས་ཀྱང་ཆེས་ན་སྨད་དོ། །དེས་ན་བྱིན་འཕྲོག་ལ་སོགས་པའི་སྐབས་སུ་ཉེས་བྱས་ཕྲ་མོར་འགྱུར་བ་ལྟ་བུ་སྟེ། འགྲེལ་པར། ཁྱིམ་པར་གྱུར་པའི་སྐྱེས་པ་དང་བུད་མེད་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་དང་བརྡེག་པ་དང་གཟས་པ་ལ་སོགས་པའི་ཚུལ་གཞན་ལ་ཡང་ཉེས་བྱས་ཕྲ་མོར་འགྱུར་རོ་ཞེས་བྱ་བ་དེ་གོ་བར་བྱ་བའི་ཕྱིར་མདོ་འདི་བྱས་སོ་ཞེས་སོ། །


DLL1002_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་པ་རྫས་དང་ཡོ་བྱད་ཀྱིས་བསྐྱེད་པ་ལ། གོས་ཀྱིས་བསྐྱེད་པ་སོ་དྲུག་ནི། །འཆང་ནས་རྨེལ་འཇུག་བར་བཅུ་བདུན། །འཐག་ནས་བསྔོས་བསྒྱུར་བར་བདུན་དང༌། །བཤེས་ངོ་ཁྲི་དང་ཆོས་གོས་གཉིས། །ཁ་དོག་སྦེད་པ་གདེང་མེད་དང༌། །བརྡལ་ལ་སོགས་པ་རྣམ་ལྔའོ། །བསྐུར་དང་གཏད་པ་བསྔོས་བསྒྱུར་དང༌། །བཤེས་ངོ་ལྷུང་བཟེད་ལ་ཡང་མཚུངས། །གསུང་མོད། འཕྲོག་པ་སྦེད་པ་ཡོ་བྱད་ཙམ། །ཡིན་ལ་ཁྲི་ནི་ཁྲི་ལས་ཀྱང༌། །སྣོད་སྤྱད་ལ་བརྟེན་དེ་གསུམ་དང༌། །ལྷུང་བཟེད་གཉིས་དང་གདིང་བ་དང༌། །རྩ་འབྱུང་ཁབ་རལ་ཁྲི་རྐང་དགུ །ཟས་ལ་བརྟེན་པ་ཉེར་གཅིག་སྟེ། །གསོག་འཇོག་སྦྱོར་བཅུག་ཡང་ཡང་སོགས། །གཅེར་བུ་བདེ་དང་མགྲོན་གཉེར་དང༌། །ཆང་དང་ཟས་བཅས་སོར་བཤགས་བཞི། །དེ་དག་གི་སྐབས་སུ་རབ་ཏུ་བྱུང་བའི་རྫས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་དག་ལ་ནི་སངས་རྒྱས་ཀྱིས་མ་བཀག་པའི་རུང་བ་ཉིད་དང༌། ཚད་དང་ལྡན་པ་དང༌། ལ་སོགས་པ་ཚད་ལས་ལྷག་པ་ཉིད་ལྟུང་བའི་ཡན་ལག་ཡིན་པས་དེ་ལས་ལྟུང་བ་རྫོགས་པར་འགྱུར་ལ་རུང་བ་མིན་པ་སོགས་ལས་ན་སྨད་པར་འགྱུར་ཏེ། དགག་བྱ་མི་རྫོགས་པའི་ཕྱིར། ཊཱིཀྐར། ཆོས་གོས་དང་ལྷུང་བཟེད་རུང་བ་མིན་པ་ཉིད་དང་ཚད་པས་ཆུང་བ་ལ་ནི་ན་སྨད་པར་འགྱུར་ཏེ། དེས་ན་ཆོས་གོས་རུང་བ་མིན་པ་དང་ཚད་པས་ཆུང་བ་བྱིན་གྱིས་བརླབས་པ་དེ་དང་བྲལ་ན་ཉེས་བྱས་སོ་ཞེས་གསུངས། ཆོས་གོས་ཀྱི་རྒྱུ་རུང་བ་ནི། བལ་ལ་སོགས་པ་བདུན་དང་སྲིན་བལ་ལ་སོགས་པ་ཡིན་ལ་མ་རུང་བ་ནི་གོས་ཐ་ག་པས་མ་བཏགས་པ་དང༌། བ་ལང་དང་རྔ་མོང་དང་ར་དང་རི་དྭགས་ཀྱི་བལ་ལས་བྱས་པ་དང་ཨརྐའི་ཤིང་བལ་ལས་བྱས་པ་དང༌། རྒྱུ་སྤུན་གང་རུང་དེ་དག་དང་འདྲེས་པ་ལས་བྱས་པ་ལྟ་བུའོ། །ཁ་དོག་རུང་བ་ཚོན་གསུམ་གྱིས་


DLL1002_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་བ་དང༌། ནག་པོའམ་དཀར་པོ་ལ་སོགས་པ་ཅི་རིགས་པ་ཡིན་ལ། མི་རུང་བ་ནི་ཚོན་ཆེན་བརྒྱད་ཀྱིས་ཁ་བསྒྱུར་བ་ལ་སོགས་པའོ། །ལྷུང་བཟེད་རྒྱུ་རུང་བ་ས་དང་ལྕགས་ལས་བྱས་པ་དང་ཁ་དོག་རུང་བ་ནག་པོ་ཡིན་ལ་དེ་ལས་བཟློག་པ་ནི་མི་རུང་པའོ། །གོས་ལ་བྱེ་བྲག་གི་ཚད་རང་རང་གི་ཚད་ཇི་སྐད་བཤད་པ་དང༌། སྤྱི་ཚད་ཁྲུ་གང་དུ་ལོངས་པ་དང༌། ལྷུང་བཟེད་ཀྱང་ཚད་གསུམ་དུ་ལོངས་པ་ཡིན་ལ། དེ་ལས་ལྡོག་པ་ནི་ཚད་དང་མི་ལྡན་པ་ཡིན་ནོ། །བྱེ་བྲག་གི་ཚད་དང་ལྡན་པ་དགོས་པ་ནི། འབྲལ་བ་འཁྲུར་འཇུག་སློང་སོགས་བཞི། །སྲིན་བལ་ལ་སོགས་རྣམ་པ་དྲུག །དགོན་པ་རས་ཆེན་ཁྲི་གོས་བྱེད། །སྦེད་པ་གདེང་མེད་བརྡལ་སོགས་ལྔ། །དེ་ལྟར་ཉི་ཤུ་རྩ་ལྔའོ། །སོགས་པའི་སྒྲས་ཚད་ལས་ལྷག་པ་བསྡུ་བ་ནི། ཊཱིཀྐར། སོགས་པ་ཞེས་བྱའི་སྒྲས་ནི་ཚད་ལས་ལྷག་པ་བསྡུས་ཏེ། ཆོས་གོས་རང་གི་ཁྲུ་ཚད་པས་ལྷག་པ་དང་གོས་ལྷག་ཀྱང་ཁྲུ་གང་གི་ཚད་ལས་ལྷག་པ་དང༌། ལྷུང་བཟེད་ཀྱང་བྱིན་གྱིས་བརླབ་ཏུ་རུང་བ་གསུམ་གྱི་ཚད་ལས་ལྷག་པའོ་ཞེས་དང༌། ར་ཊཱིཀ་ཏུ། སོགས་པའི་སྒྲས་ནི་མ་ཆོག་པ་ལ་ན་སྨད་པའི་བྱེད་པ་པོ་ཉིད་ཡིན་གྱི་ལྷག་པ་ལ་མིན་ཞེས་བྱ་བ་བསྟན་པའི་དོན་དུའོ་ཞེས་དང༌། སྲིན་བལ་ཀྱི་སྟན་གྱི་སྐབས་སུ་བདེ་བར་གཤེགས་པའི་སྟན་གྱི་ཚད་དུ་བགྱིས་ན་ལྟུང་བ་ཅིར་འགྱུར། སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ཏེ། དེས་ན་ལྷག་པ་ནི་ན་སྨད་པའི་རྒྱུར་མི་འགྱུར་རོ་ཞེས་གསུང་ངོ༌། །དགེ་ཚུལ་ལ་སོགས་པའི་རྫས་འཕྲོག་པ་ལ་ཉེས་བྱས་དང་སྦེད་པ་ལ་ལྟུང་བྱེད་འགྱུར་བ་སོགས་ལའང་རྫས་དེ་རུང་ཚད་ལྡན་དགོས་ལ་དེ་ལས་བཟློག་པ་ལ་སེལ་བར་འགྱུར་བ་གོ་བར་བྱ་བའི་ཕྱིར་རབ་ཏུ་བྱུང་བའི་རྫས་ཞེས་སྤྱིར་སྨོས་པ་ཡིན་ཏེ། ཊཱིཀྐར། འདིར་དགེ་ཚུལ་ལ་སོགས་པ་དབང་བའི་རྫས་དག་ལ་ཡང་ཡན་ལག་དེ་


DLL1002_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འཇུག་པར་བསྟན་པའི་ཕྱིར་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྨོས་ཏེ། བསྙེན་པར་རྫོགས་པའི་ཞེས་མ་སྨོས་སོ། །གཉིས་པ་ཀུན་སློང་གི་ཡན་ལག་ནི། ཀུན་སློང་རང་གི་དོན་ཁོ་ན་དགོས་པ་ནི། བླ་མ་འཁྲིག་ཚིག་བསྙེན་བཀུར་དང༌། །འབྲལ་བ་གཉིས་དང་བྱིན་འཕྲོག་དང༌། །བཏད་པ་མ་གཏོགས་ཉི་ཤུ་དྲུག །བླ་མ་འཕྱ་བ་སྦྱོར་བཅུག་དང༌། །ཡང་ཡང་འདུག་གནས་ཕྱེ་དང་ན། །བསོད་པ་མེ་དང་མགྲོན་གཉེར་དང༌། །ཁབ་རལ་བརྡལ་ལ་སོགས་པ་ལྔ། །སོར་བཤགས་བཞི་སྟེ་བཞི་བཅུ་བརྒྱད། །ཁ་ན་མ་ཐོ་བ་གང་ལ་རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པ་མི་ཆོས་བླ་མ་སྨྲ་བ་ལ་སོགས་པ་དེ་དག་ལ་རང་གི་དོན་ཉིད་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པའི་ཡན་ལག་ཡིན་ཏེ། གཞན་དོན་ནམ་རང་གཞན་ཐུན་མོང་བ་ལ་དེ་དག་གི་སྐབས་སུ་ན་སྨད་དུ་འགྱུར་པའི་ཕྱིར། ཊཱིཀྐར། ཁ་ན་མ་ཐོ་བ་གང་ལ་རང་གི་དོན་ཉིད་གཙོ་ཆེར་ཡོད་པ་དེ་ལ། རང་གི་དོན་ཉིད་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་གྱི། གཞན་གྱི་དོན་ནི་ཁ་ན་མ་ཐོ་བ་ཡོངས་སུ་རྫོགས་པར་བྱེད་པ་མིན་ཏེ། རང་གི་དོན་མིན་པ་གཞན་གྱི་དོན་དུ་བྱེད་པ་དེ་ནི་ཚིགས་འོག་མར་ན་སྨད་པའི་བྱེད་པ་པོ་ཡིན་ནོ་ཞེས་གསུངས། འདིར་དགེ་འདུན་ནམ། རང་གཞན་གཉིས་ཀའི་ཕྱིར་བྱེད་པ་ཡང་གཞན་དོན་ཡིན་ཏེ། རང་དོན་གྱི་ཆ་ཡོད་ཀྱང་གཞན་དོན་ཡང་ཡོད་པས་ལྟུང་བའི་ཡན་ལག་མིན་པའི་ཕྱིར། ཊཱིཀྐར། འདིར་དགེ་འདུན་གྱི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ནོ། །རང་དང་གཞན་གཉིས་ཀའི་དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ཏེ། དེ་ལ་བདག་ཉིད་མ་གཏོགས་པར་དོན་དུ་གཉེར་བ་གཞན་ཡོད་པའི་ཕྱིར་ཞེས་སོ། །གསུམ་པ་སྦྱོར་བ་དང་མཐར་ཐུག་གི་ཡན་ལག་ལ་གསུམ། ཐུན་


DLL1002_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

མོང་གི་ཡན་ལག་དོགས་གཅོད་དང་བཅས་པ། ཞར་བྱུང༌། སྦྱོར་བའི་ཡན་ལག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་མཐར་ཐུག་དོན་གོ་བར་དགོས་པ་ནི། བླ་མ་འཁྲིག་ཚིག་བསྙེན་བཀུར་དང༌། །གཞི་མེད་བག་ཙམ་ཤེས་བཞིན་བཅུ། །འཕྱ་བ་བསྒོ་བ་ཕྱིས་གནོན་དང༌། །མ་བསྐོས་ཉི་ནུབ་ཟས་ཅུང་དང༌། །སྟོབས་པ་བདེ་དང་འདུན་པ་སྨྲ། །དགེ་ཚུལ་འགྱོད་པ་དངངས་བྱེད་དང༌། །གཞི་མེད་བསླབ་པ་ཉན་རྣ་དང༌། །མ་གུས་ད་གདོད་སུམ་ཅུ་གསུམ། །སྦྱོར་བ་ལ། རང་ཁོ་ནའི་བྱེད་པ་ཅན་དང༌། བཅོལ་ཡང་རྫོགས་པ་གཉིས་ལས། དང་པོ་ལུས་ཁོ་ནའི་བྱེད་པ་ཅན་སྔར་བཤད་ལ། ངག་ཁོ་ནའི་བྱེད་པ་ཅན་ནི། དེ་ལས་ཕྱིས་གནོན་སྤངས་པ་གཉིས། །དངངས་བྱེད་ཉན་རྣ་མ་གུས་པ། །མ་གཏོགས་ཉི་ཤུ་རྩ་བདུན་དང༌། །བསྒོ་གྱུར་བཞི་དང་འཁྲུ་བ་ནས། །སོ་སོའི་བར་དྲུག་རྨེལ་བ་དང༌། །མངོན་མཚན་ཉོ་ཚོང་ལྷུང་བཟེད་འཚོལ། །རས་ཆེན་འཚོལ་དང་སྡིག་ལྟ་དང༌། །མ་ལོན་པ་སྟེ་བཞི་བཅུ་བཞི། །ལུས་ངག་གང་རུང་གི་བྱེད་པ་ཅན་ནི། བསྐུར་པ་བཏད་པ་བསྔོས་བསྒྱུར་དང༌། །ཕྱིས་གནོན་གོས་སྟེར་བཤམས་དཀྲུག་དང༌། །སྤངས་པ་གཉིས་དང་མ་གུས་པའོ། །ལུས་ངག་གཉིས་ཀ་དགོས་པ་ནི། དོ་གསུམ་བསོད་སློང་ཟས་ལེན་པའོ། །བཅོལ་ཡང་རྫོགས་པ་ནི། རྐུ་དང་གསོད་པ་བཞི་དང་སྨྱན། །ཁང་པ་ཁང་ཆེན་སྲིན་བལ་དང༌། །འབའ་ཞིག་ཆ་གཉིས་དྲུག་དང་གསེར། །འཐག་གཉིས་བྱིན་འཕྲོག་ས་བོན་སྐྲོད། །རིམ་ལྷག་མེ་རེག་རིན་ཆེན་རེག །ཆུ་དང་དངངས་བྱེད་སྦེད་པ་དང༌། །ས་བརྐོ་ཁབ་རལ་ལ་སོགས་བདུན། །སུམ་ཅུ་གཉིས་ཏེ་ཁྲི་གདིང་གི །འདིངས་པ་སོར་བཤགས་མཐའ་གསུམ་གྱི། །ཟས་ལེན་བཅོལ་ཡང་འགྲུབ་པ་ཡིན། །དེ་ལ་ངག་ཁོ་ནའི་བྱེད་པ་ཅན་དང༌། ལུས་ངག་གང་རུང་གི་བྱེད་པ་ཅན་གཉིས་ཀ་དགོས་པ་གཉིས་ཀྱི་ངག་གི་ཆ་དང་བཅོལ་ཡང་རྫོགས་


DLL1002_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟུང་བ་རྣམས་ཀྱི་སྐབས་སུ་རང་ཀུན་ནས་སློང་བ་གཞན་ལ་རིག་པར་བྱེད་པས་ན། རྣམ་པར་རིག་བྱེད་དེ། ལུང་གཞིར། བསམ་པ་ནང་ན་གནས་པ་ཀུན། །ཕྱི་རོལ་དག་ན་ཉེ་བར་གསལ། །སྐར་མདོག་དབང་པོའི་བྱེ་བྲག་གིས། །རྣམ་པར་སྤ་པ་མི་ནུས་སོ། །ཞེས་པ་ལྟར་རོ། །དེ་ཡང་ལུས་ངག་གི་རིག་བྱེད་གཉིས་ལས། འདིར་ངག་གི་རིག་བྱེད་ཀྱི་སྨྲ་བ་དང་སློང་བ་ལ་སོགས་པའི་བསླབ་པའི་གཞི་ལ་ནི། གོ་བྱའི་ཡུལ་གྱི་དོན་གོ་བ་ཉིད་དངོས་གཞི་སྐྱེད་པའི་ཡན་ལག་ཡིན་ཏེ། རྣམ་པར་རིག་བྱེད་ཀྱི་འབྲས་བུ་ནི་དོན་གོ་བ་ཡིན་ཕྱིར། ཊཱིཀྐར། རྣམ་པར་རིག་བྱེད་ཀྱི་འབྲས་བུ་ནི་དོན་གོ་བ་ཡིན་པའི་ཕྱིར་རོ། །དོན་མ་གོ་བ་ལ་ནི་ན་སྨད་དོ། །དེས་ན་སྙོམས་པར་ཞུགས་པ་ལ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དག་ལ་ནི་སྦོམ་པོའོ། །དེ་བཞིན་དུ་གཉིད་ལོག་པ་དང་སྙོམས་པར་ཞུགས་པ་དང་གླེན་པ་དང་འོན་པ་དག་ལ་གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ཡང་སྦོམ་པོའོ་ཞེས་སོགས་གསུངས། མཐར་ཐུག་དོན་གོ་བ་དགོས་པའི་བསླབ་པའི་གཞི་དག་གི་སྐབས་སུ་དོན་གོ་བའི་ཚེ་དངོས་གཞི་བསྐྱེད་ཅིང་དེ་ལས་གཞན་པ་དག་ལ་ནི་དེའི་ཚེ་སྦྱོར་བའི་ལྟུང་བ་འབྱུང་བའི་དུས་ཡིན་ཏེ། ཊཱིཀྐར། འདི་ལྟར་ཁོང་དུ་ཆུད་པར་བྱ་སྟེ་དང་པོ་ཁོ་ནར་གཞན་གྱིས་ངག་གི་རྣམ་པར་རིག་བྱེད་གོ་བའི་སྐད་ཅིག་དེ་ཉིད་ལ་དངོས་གཞིར་འགྱུར་རོ། །སྨྲ་བར་འདོད་པའི་དོན་བརྗོད་པའི་ཚིག་གི་ཡན་ལག་ཇི་སྙེད་པ་དག་དང་ལག་པ་ལ་སོགས་པའི་ཡན་ལག་གཅིག་གམ་དུ་མ་བསྒུལ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དང་པོ་ཁོ་ནར་དོན་གོ་བའི་དངོས་གཞི་དེ་ཉིད་ཀྱི་ཁོངས་སུ་འདུས་པ་ཡིན་ནོ་ཞེས་སོགས་གསུངས། དོན་གོ་ཞེས་པ་ཡང་ཚིག་གིས་བརྗོད་ཚོད་ཀྱི་དོན་རྟོགས་པ་


DLL1002_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་བདེན་རྫུན་གྱི་དོན་རྟོགས་དགོས་པ་མིན་ནོ། །དེ་དག་གི་སྐབས་སུ་དོན་གོ་བ་ཙམ་གྱིས་རྣམ་པར་རིག་བྱེད་ཀྱི་ཡན་ལག་རྫོགས་སམ་ཞེ་ན། ཚིག་སྨྲ་ཤེས་པ་པོ་ཉིད་ལ་ཡོད་པའི་དོན་གོ་བ་དེ་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་ཉེ་བར་སྦྱར་དུ་རུང་པའི་ཕྱིར་ཏེ་ཞེས་པས་དེ་ལྟ་བུ་ཡན་ལག་ཡིན་གྱི་སྨྲ་བ་མི་ཤེས་པ་ལྐུགས་པ་ལ་སོགས་པ་ལ་ཡོད་པའི་དོན་གོ་བ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་མིན་ཞེས་བསྟན་ཏེ། ཊཱིཀྐར། ལྐུགས་པ་དང་མཐའ་འཁོབ་པ་ལ་སོགས་པའི་གང་ཟག་དོན་དེ་དང་འབྲེལ་བ་སྨྲ་མི་ཤེས་ཤིང་སྨྲ་བ་པོ་ཉིད་མིན་པ་གཞན་དག་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་མིན་ཏེ། དེ་དག་ལ་དོན་གོ་བ་ཡོད་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་ཉེ་བར་སྦྱར་དུ་རུང་བ་མིན་པའི་ཕྱིར། བུམ་པའི་ནང་གི་མར་མེ་དང་འདྲའོ་ཞེས་སོ། །ཐམས་ཅན་དུ་སྨྲ་བ་པོ་མིན་པ་ལ་ཡོད་པའི་དོན་གོ་བ་དེ་རྣམ་པར་རིག་བྱེད་ཀྱི་ཡན་ལག་མིན་ནམ་ཞེ་ན། གསོད་པའི་ལྟུང་བ་བཞི་དང་རང་གི་དོན་དུ་བརྐུ་བ་དག་ལས་གཞན་པ་སྐུར་པ་འདེབས་པ་ལ་སོགས་པའི་ཡན་ལག་མིན་ཏེ། འཇིག་རྟེན་གྱི་ཐ་སྙད་ལ་ཉེར་བར་སྦྱར་དུ་རུང་བ་མིན་པའི་ཕྱིར། ཊཱིཀྐར། དེས་ན་ལྐུགས་པ་ལ་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ། །ལྐུགས་པ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང༌། ཉོ་ཚོང་བྱེད་པ་དང་འཐག་ཏུ་གཞུག་པ་དང་འཐག་པ་བསྐྱེད་པའི་ཕྱིར་གོ་བར་བྱེད་པ་དང་ཞེས་སོགས་གསུངས། སྨྲ་མི་ཤེས་པ་ལ་ཡོད་བའི་དོན་གོ་བ་དེ་གསོད་པ་དང་བརྐུ་བ་གཉིས་ལ་ཡན་ལག་ཡིན་ཏེ། དགག་བྱ་རྫོགས་པའི་ཕྱིར། ཊཱིཀྐར། དེ་ལྟ་བས་ན་ལྐུགས་པ་ལ་སོགས་པ་དག་ལ་དོན་གོ་བ་ཡོད་པ་གང་ཡིན་པ་དེ་ནི་འདི་ལྟར་སྨྲ་བ་པོ་ཉིད་མིན་དུ་ཟིན་ཀྱང་གསོད་པ་དང་རང་གི་བརྐུ་བའི་ཡུལ་ལ་ནི་


DLL1002_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ་ཞེས་སོ། །དེ་གཉིས་ཀྱི་སྐབས་སུ་ཕོ་ཉ་ལ་དོགས་པ་བཅད་པ་ཡིན་གྱི་ཡུལ་ལ་དོགས་པ་བཅད་པ་ནི་མིན་ཏེ། ཡུལ་དོན་གོ་བ་མི་དགོས་པའི་ཕྱིར་རོ། །ཤེས་རབ་བྱེད་པར། བརྡས་བསྟན་ཏེ་གོ་ནས་བྱེད་དུ་བཅུག་ན་ཕམ་པར་འགྱུར་རོ་ཞེས་སོ། །ལྔ་བཅུ་པར་དེས་ན་ལྐུགས་པ་དང་ཀླ་ཀློ་ལ་སོགས་པ་སྨྲ་མི་ཤེས་ཤིང་དོན་གོ་བ་ནི་སྨྲ་བ་པོ་ཉིད་མིན་དུ་ཟིན་ཀྱང་གསོད་པ་དང་རང་གི་དོན་དུ་བརྐུ་བའི་ཡུལ་ལ་ཡན་ལག་ཡིན་ཏེ། འདི་ལྟར་དགེ་སློང་གིས་གང་ཟག་ཕ་རོལ་པོ་སྨྲ་མི་ཤེས་ཤིང་དོན་གོ་བ་གསོད་པ་དང༌། དགེ་སློང་གིས་གང་ཟག་ཕ་རོལ་པོ་སྨྲ་མི་ཤེས་ཤིང་དོན་གོ་བ་གང་ཡིན་པ་དེ་ལས་རང་གི་དོན་དུ་བརྐུས་ན་དངོས་གཞིར་འགྱུར་བའི་ཕྱིར་རོ། །ཞེས་ཡུལ་ལ་དོགས་པ་བཅད་དོ། །གཉིས་པ་ཞར་བྱུང་ནི། སྡོམ་པ་དང་སྡོམ་མིན་དང་བར་མ་ཡང་དག་པར་ལེན་པར་བྱེད་པ་ལ་ནི་སྨྲ་བ་པོ་ལ་ཡོད་པའི་དོན་གོ་བ་ཡན་ལག་ཡིན་པ་དེར་མ་ཟད་དེ། སྨྲ་མི་ཤེས་པ་ལ་ཡོད་པའི་དོན་གོ་བ་དེ་ཡང་ཡན་ལག་ཡིན་པའི་ཕྱིར། ཊཱིཀྐར། འདི་ལྟར་གོ་བར་བྱེད་པ་ལྐུགས་པའམ་སྨྲ་བ་པོ་མིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ཡང་དག་པར་ལེན་པ་འབྱུང་བའི་ཕྱིར་རོ་ཞེས་དང༌། དམ་པར། བཙུན་པ་མཐའ་འཁོབ་པ་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པ་བགྱིས་པ་དང༌། མཐའ་འཁོབ་པས་འཕགས་པའི་སྐད་དུ་མ་འཚལ་ན་བསྙེན་པར་རྫོགས་ཞེས་བགྱིའམ། དེ་སྟེ་གསུང་རབ་འདི་དང་ལྡན་ཞིང་རབ་ཏུ་ལྡན་ལ་ཁས་ལེན་པའི་སེམས་ཡོད་ན་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི་མི་བྱ་བ་མངོན་པར་སྤྱད་དེ་བསྙེན་པར་རྫོགས་པར་བྱས་ལས་འདས་པ་དང་བཅས་པའོ། །ཞེས་


DLL1002_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཚིག་ལེར། འོན་པས་ཀྱང་ནི་གོ་གྱུར་ན། །འདི་ལྟར་བསྙེན་རྫོགས་ཡོད་པ་སྟེ། །ཞེས་སོ། །གལ་ཏེ་མིང་མ་བརྗོད་ན་མི་སྐྱེ་བ་མིན་ནམ་ཞེ་ན། སྐྱོན་མེད་དེ། དེ་ནི་མིང་མ་བརྗོད་པས་ཆོ་ག་མ་ཚང་ངོ་སྙམ་ནས་ལེན་སེམས་ལོག་པ་ལ་དགོངས་པའི་ཕྱིར། སྨྲ་བ་པོ་ལ་ཡོད་པའི་དོན་གོ་བ་དེ་ནི་ལྟུང་བ་མཐོལ་བ་ལ་སོགས་པ་རྣམ་པར་རིག་བྱེད་ཀྱི་སྣོད་དམ་ཡན་ལག་ཉིད་ཡིན་ཏེ། དོན་གོ་ན་མཐོལ་བ་སོགས་སུ་འགྱུར་ལ་མ་གོ་ན་མི་འགྱུར་བའི་ཕྱིར་རོ། །དེས་ན་དོན་གོ་བར་ནུས་པའི་གང་ཟག་གང་ཡིན་པ་དེ་མཐོལ་བ་ལ་སོགས་པ་རྣམ་པར་རིག་བྱེད་ཀྱི་ཡུལ་ཡིན་གྱི་གླེན་པ་ལ་སོགས་ནི་མིན་ནོ། །དེས་ན་སྨྲ་མི་ཤེས་པ་ལ་རང་ངམ་གཞན་གྱི་ལྟུང་བ་མ་མཐོལ་ཡང་ཉེས་པ་མེད་ཅེས་ཤུགས་ལ་རྟོགས་པའི་ཕྱིར་མདོ་འདི་མཛད་པ་ཡིན་ཏེ། དངོས་བརྗོད་དེ་སྨྲ་བ་པོ་ཉིད་ཅེས་པས་གྲུབ་པའི་ཕྱིར། ཊཱིཀྐར། འདི་ལྟར་མདོ་འདིའི་དོན་འདི་དག་ཐམས་ཅད་སྔར་སྨྲ་བ་པོ་ཉིད་ལ་ཡོད་པ་སྟེེ་ཞེས་པའི་མདོ་དེས་གྲུབ་ཟིན་མོད་ཀྱི་འོན་ཀྱང་ཚིག་གི་ཡུལ་གཞན་བསྟན་པའི་ཕྱིར་མདོ་འདི་བྱས་ཏེ་འདི་ལྟར་སྨྲ་མི་ཤེས་པ་ལ་ནི་བདག་ཉིད་ཀྱིའམ་གཞན་གྱི་ལྟུང་བ་མ་བརྗོད་ཀྱང་ཉེས་པ་འགར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་བསྟན་པའི་ཕྱིར་རོ་ཞེས་སོགས་སོ། །དེ་ཡང་བདག་ཉིད་ཀྱི་ལྟུང་བ་བཤགས་པ་ལ་སོགས་པ་བྱེད་དགོས་མོད་ཀྱི། མ་མཐོལ་བའི་ཉེས་པ་འབྱུང་བ་ལ་ནི་ཡུལ་མཚན་ཉིད་པ་དགོས་པ་ཡིན་ཏེ། ཊཱིཀྐར། འོ་ན་བདག་ཉིད་ཀྱི་ལྟུང་བ་བཤགས་པ་དང་བྱིན་གྱིས་བརླབས་པ་གཉིས་ཀྱི་ཕྱིར་གསོ་བར་བྱའོ་ཞེས་གསུངས་ན་མ་བརྗོད་པ་ལ་ཉེས་པ་མེད་པ་ཇི་ལྟར་རུང་ཞེ་ན། དེ་ལྟ་བུ་ཡོད་མོད་ཀྱི་འོན་ཀྱང་གང་གི་མདུན་དུ་བཤགས་པར་བྱ་བའི་གང་ཟག་གཞན་ཡོད་ན་ནི་དེའི་མདུན་དུ་མ་བརྗོད་ན་ཉེས་པར་འགྱུར་བ་ཁོ་ན་ཡིན་གྱི་གླེན་པ་ལ་སོགས་


DLL1002_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདུན་དུ་ནི་བརྗོད་ཀྱང་ཕྱིར་གསོ་བར་འགྱུར་བ་མི་སྲིད་དེ། སྣོད་མིན་པ་ལ་རྣམ་པར་རིག་བྱེད་མི་འབྱུང་བའི་ཕྱིར་ཞེས་སོ། །གསུམ་པ་སྦྱོར་བའི་ཡན་ལག་བྱེ་བྲག་ཏུ་བཤད་པ་ནི། མདོ་འདི་དག་གི་སྦྱོར་བའི་ཡན་ལག་སྟོན་པར་བྱེད་དེ། དེ་ཡང་ཆོས་ཅན་གྱི་རབ་དབྱེ་གོང་དུ་བཤད་པ་དེ་དག་ལས་གསོད་པ་དང་བརྐུ་བ་དང་སྨྱན་མ་གཏོགས་པའི་སྐབས་སུ་རང་གི་ངག་ཏུ་བདག་ཉིད་དང་འབྲེལ་བར་སྨྲས་པ་ཞིག་དགོས་ཞེས་འདི་དག་གིས་བསྟན་ལ། བསམ་པའི་དོན་གསལ་པོར་སྨྲས་པ་དགོས་པ་ནོར་ན་ཡང་ངོ་དང་གཞོགས་སྨོས་ཀྱང་ངོ་ཞེས་པས་བསྟན། དེས་ན་དེེ་དག་གི་སྐབས་སུ་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི་སྤྲིང་ཡིག་ལ་སོགས་པ་ནི་མིན་ཏེ། དེ་དག་གིས་དོན་གསལ་བར་གོ་བར་མི་ནུས་པའི་ཕྱིར་རོ། །ངག་དེ་ཡང་རང་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི་འཁྲིག་པ་ལ་སོགས་པ་གཞན་སྨྲར་བཅུག་པ་དང་ཤིང་གཅོད་པ་ལ་སོགས་པའི་སྐབས་སུ་མངགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལ་སོགས་པ་ཡན་ལག་མིན་ཏེ། བསམ་པའི་མངོན་ཞེན་མི་རྫོགས་པའི་ཕྱིར་རོ། །ཊཱིཀྐར། མངགས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་དག་གིས་སྐུར་བ་འདེབས་པ་ལ་ནི་སྦོམ་པོའོ་ཞེས་སོགས་གསུངས། ཞུ་ཊཱིཀ་ཏུ། དེ་ལྟ་བས་ན་ཕོ་ཉ་བས་མིའི་ཆོས་བླ་མར་གྱུར་པ་སྨྲས་ན་དངོས་གཞིར་འགྱུར་བ་ཁོ་ནའོ། །དེ་བཞིན་དུ་འཁྲིག་ཚིག་བསྙེན་བཀུར་ལའང་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ཡང་བདག་ཉིད་དང་འབྲེལ་བའི་རྣམ་པར་རིག་བྱེད་བདག་འདི་སྐད་ཟེར་རོ་ཞེའམ་བདག་གིས་བྱེད་དུ་གཞུག་གོ་ཞེའམ་བདག་གི་ཕྱིར་གྱིས་ཤིག་ཅེས་པ་ལྟ་བུ་ཡན་ལག་ཡིན་གྱི་སྤྲིང་ཡིག་ལ་སོགས་པས་དེ་སྐད་ཟེར་རོ་ཞེའམ།


DLL1002_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་གེ་མོ་ཞིག་འདི་སྐད་ཟེར་རོ་ཞེས་པ་ལ་སོགས་པ་གཞན་ལ་སྙད་འདོགས་པ་ནི་ཡན་ལག་མིན་ཏེ། བསམ་པའི་མངོན་ཞེན་མི་རྫོགས་པའི་ཕྱིར་རོ། །འོ་ན་རང་གི་དོན་ཉིད་གཙོ་ཆེར་ཡོད་པའོ་ཞེས་པས་དོན་འདི་འགྲུབ་མོད་ཅེ་ན། དེ་ལྟ་མིན་ཏེ། རང་གི་དོན་དུ་ཡང་གཞན་ལ་སྙད་འདོགས་པ་ཡོད་པའི་ཕྱིར་རོ། །ལྷས་བྱིན་ན་རེ། ཁོ་བོ་འདོད་ཆགས་དང་བྲལ་བ་ཡིན་ནོ་ཞེས་ཟེར་རོ་ཞེས་པ་ལྟ་བུའོ། །གསོད་པ་དང་བརྐུ་བ་དང་སྨྱན་མ་གཏོགས་པ་བཅོལ་ཡང་རྫོགས་པའི་ལྟུང་བ་རྣམས་ཀྱི་སྐབས་སུ་རང་གིས་མངོན་སུམ་དུ་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་གྱིས། ལྐོག་ནས་ཁྱོད་ཀྱིས་ལྷས་བྱིན་བྱེད་དུ་ཆུག་ཅེས་པ་ལྟ་བུ་ནི་ཡན་ལག་མིན་ཏེ། མངོན་ཞེན་མི་རྫོགས་པའི་ཕྱིར། ཊཱིཀྐར། རང་གིས་བསྐོས་པ་ཉིད་ཅེས་བྱ་བ་རང་གིས་མངོན་སུམ་དུ་བྱེད་དུ་བཅུག་པ་ཉིད་ཡན་ལག་ཡིན་ཏེ། ལྐོག་ནས་བྱེད་དུ་བཅུག་པ་ལ་ནི་དེ་ལྟར་མངོན་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ་ཞེས་སོ། །འདིར་ཊཱིཀྐ་དང་བམ་ལྔར། རང་གིས་བསྐོས་པ་མིན་པ་ལྐོག་ནས་བསྐོས་པས་བྱེད་དུ་བཅུག་པས་འཁྲིག་པ་དང་ལྡན་པར་སྨྲ་བ་དང་བསྙེན་བཀུར་བསྔགས་པ་དང་གཞི་མེད་པ་དང་བག་ཙམ་དག་གིས་བསྐུར་བ་འདེབས་པ་ལ་ནི་སྦོམ་པོའོ་ཞེས་པ་ནི་མངོན་ཞེན་མི་རྫོགས་པའི་དཔེར་བསྟན་པ་ཡིན་གྱི། བཅོལ་ཡང་རྫོགས་པའི་ལྟུང་བར་བསྟན་པ་ནི་མིན་ནོ། །དེ་དག་ལས་ཀྱང་རིན་པོ་ཆེ་བདག་གིར་བྱེད་པ་ས་བོན་མེ་རེག་ཆུ་ལ་རྩེ་བ་ལོངས་པ་ས་བརྐོ་བ་དག་ལ་མངོན་སུམ་དུ་བྱས་པ་ཡང་དགོས་ཏེ། དོན་དང་བྱ་བ་མང་བ་དང་སྦྱོར་བའི་རོ་མྱང་བ་ཡང་དགག་བྱ་ཡིན་པའི་ཕྱིར་རོ་ཞེས་སྔ་མ་དག་གསུངས་པ་ནི། ཤེས་རབ་བྱེད་པར། ས་བོན་དང་རྩི་ཤིང་འཇོམས་པ་དང་མེ་འབུད་པ་ལ་སོགས་པ་ནི་བདག་གི་མངོན་སུམ་དུ་བྱེད་དུ་བཅུག་ན་ལྟུང་བ་མངོན་སུམ་མིན་པ་བྱོས་ཤིག་ཅེས་བསྒོ་སྟེ། བྱེད་དུ་བཅུག་པ་ནི་ཉེས་བྱས་སོ་ཞེས་


DLL1002_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་དང་མཐུན་ནོ། །རྣམ་པར་འབྱེད་པའི་ཞུ་བར་གཏོགས་པ་ཕལ་ཆེ་བ་སྟེ་ལུང་གཞན་ནས་འབྱུང་བ་ཡོད་ཅེས་ཟུར་གྱིས་བསྟན་ཏེ། རྫས་བཀག་པ། འདྲ་བ། ཡན་ལག་ཐམས་ཅད་དང་དུ། མི་ལ་དུད་འགྲོ་ཞེས་པ་བཞི་རྣམ་འབྱེད་ནས་འབྱུང་ལ། རྫུ་འཕྲུལ་གྱི་ཆོས་ཅན་ཞེས་པ་འདུལ་བྱེད་ནས་འབྱུང་ཞིང༌། དེ་ལ་ཉེས་པ་བཅབས་པ། མགུ་བ་སྤྱད་པ་ཞེས་པ་གཉིས་སྤོ་བའི་གཞི་ཞུ་བ་ནས་འབྱུང་བ་དང༌། གཏམ་གྱི་གཞི་ལས་ཀྱང་འབྱུང་བ་ཡོད་པའི་ཕྱིར་རོ། །བསླབ་པའི་གཞི་ཐམས་ཅད་ལ་སྤྱིར་བསྟན་པའི་མདོ་རྣམས་རྫོགས་སོ།། །།གཉིས་པ་ཉམས་སུ་བླང་བ་ལ་འཇུག་པའི་བསླབ་བྱ་ལ་གཉིས། སྤྱི་དོན་དང༌། གཞུང་གི་དོན་ནོ། །དང་པོ་ལ་ལྔ། དབྱེ་བ་དང༌། སྒྲ་འཇུག་པའི་རྒྱུ་མཚན་དང༌། བསྡུ་བ་དང༌། གྲངས་ངེས་པ་དང༌། གོ་རིམ་ངེས་པའོ། །དང་པོ་ནི། གཞི་བཅུ་བདུན་ཡོད་དེ། ལུང་གཞིར། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་དབྱར་དང་ཀོ་ལྤགས་དང༌། །སྨན་དང་གོས་དང་སྲ་བརྐྱང་དང༌། །ཀོ་ཤམ་བི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང༌། །སྤོ་དང་གསོ་སྦྱོང་བཞག་པ་དང༌། །གནས་མལ་དང་ནི་རྩོད་པ་སྟེ། །དགེ་འདུན་དབྱེན་རྣམས་བསྡུས་པ་ཡིན། །ཞེས་སོ། །གཞུང་དམ་པར་གཞི་བཅོ་བརྒྱད་ཅེས་གསུངས་པ། རྣམ་པར་འབྱེད་པའི་གཞི་ཞེས་འདྲེན་པའམ། ཕྱིར་བཅོས་ལ་ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་གཉིས་སུ་མཛད་པའོ། །གཉིས་པ་ནི། ཅིའི་ཕྱིར་འདི་དག་ལ་གཞི་ཞེས་བྱ་ཞེ་ན། འདི་དག་གི་བརྗོད་བྱ་ཚུལ་ཁྲིམས་ཡིན་ལ་དེས་སེམས་དང་ཤེས་རབ་ཀྱི་རྟེན་བྱེད་པས་ན་གཞི་ཡིན་ལ། དེ་འདི་ལ་བརྗོད་པར་བྱ་བའི་ཚུལ་གྱིས་གནས་པས་ན་གཞིའོ། །གསུམ་པ་ནི། ཐར་པ་དོན་གཉེར་གྱི་གང་ཟག་རྣམས་ལ་མྱ་


DLL1002_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི་གཞིར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་ཤིང༌། དེ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་གསུམ་དུ་བསྡུས་ནས་མདོ་འདི་བསྟན་ནོ། །དེ་ཡང་དང་པོ་ནི་རབ་ཏུ་བྱུང་བའི་གཞིས་བསྟན་ལ། གཉིས་པ་ལ་བསྲུང་ཐབས་ཡན་ལག་ལྔ་སྟེ། གང་ཟག་གཞན་ལ་བརྟེན་ནས་བསྲུང་པ་དང༌། རང་གི་བསམ་པ་ཕུན་སུམ་ཚོགས་པས་དང༌། མི་མཐུན་པའི་ཕྱོགས་ངོ་ཤེས་པས་དང༌། བསླབ་པ་ཡོངས་སུ་སྦྱང་བའི་སྒོ་ནས་དང༌། བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བའོ། །དང་པོ་གཉིས་གནས་པས་གནས་ལ་མ་ཞུས་པར་བྱ་བ་མི་བྱའོ་ཞེས་སོགས་དང༌། ངོ་ཚ་དང་ལྡན་པ་དང་གུས་པ་དང་བཅས་པ་དང་རྗེས་དང་བཅས་པ་དང་སེམས་དམའ་བ་དང་ཤེས་བཞིན་གྱིས་རང་གི་དོན་མི་ཉམས་པར་བྱའོ། །དགེ་བ་གང་ཡིན་ཞེས་འཚོལ་བ་ཅན་དུ་བྱའོ་ཞེས་སོགས་རབ་བྱུང་གི་གཞི་ལ་སོགས་པའི་ཞར་ལ་བསྟན། གསུམ་པ་རྣམ་འབྱེད་གཉིས་སྤྱིར་བསྟན་དང་བཅས་པས་བསྟན། བཞི་པ་གསོ་སྦྱོང་ལ་སོགས་པ་གཞི་གསུམ་གྱིས་བསྟན། ལྔ་པ་གོས་དང་སྨན་དང་གནས་མལ་ཏེ་གཞི་ལྔས་བསྟན། གསུམ་པ་ཕྱིར་བཅོས་པའི་ཐབས་ནི། ལྟུང་བ་རྩོད་པ་ཕྱིར་བཅོས་པ་སྟེ། ཕྱིར་བཅོས་ཀྱི་གཞི་ལ་སོགས་པ་བདུན་གྱིས་བསྟན་ནོ། །དེ་ཐམས་ཅད་ལ་ལས་དགོས་པས་ལས་བྱ་ཚུལ་ལས་ཀྱི་གཞིས་བསྟན། བཞི་པ་གྲངས་ངེས་པ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མ་ཐོབ་པ་ཐོབ་པར་བྱེད་པ་དང༌། ཐོབ་པ་མི་ཉམས་པར་བསྲུང་བ་དང༌། ཉམས་ན་ཕྱིར་བཅོས་པའི་ཐབས་སྟོན་པ་ལ་གཞི་བཅུ་བདུན་པོ་འདི་དགོས་ཤིང་དེ་ཙམ་གྱིས་འགྲུབ་པའི་ཕྱིར་རོ། །ལྔ་པ་གོ་རིམ་ནི། ཕལ་ཆེར་ལུང་གི་གོ་རིམ་ཡིན་ལ། དབྱར་དགག་གཉིས་ནི་རྒྱུ་འབྲས་ཀྱི་རིམ་པ་ཡིན་ནོ། །


DLL1002_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གོས་དང་སྨན་ནི་གོས་ཡོ་བྱད་ཀྱི་གཙོ་བོ་ཡིན་ལ་སྨན་གཙོ་བོ་མིན་པའི་ཕྱིར་རོ། །གོས་གཞི་གསུམ་ཡང་སྲ་བརྐྱང་རྒྱུ་ལྟ་བུ་དང་དགག་དབྱེ་དང་དུས་འབྲེལ་བའི་ཕྱིར་དང་པོར་བསྟན་ལ། གོས་དང་ཀོ་ལྤགས་གཉིས་པོ་ཡང་སྤྱིར་བསྟན་པ་དང༌། དམིགས་བསལ་གྱི་རིམ་པ་ཡིན་ནོ། །ལས་ཀྱི་གཞི་ནི་ཐམས་ཅད་ལ་དགོས་པས་དབུས་སུ་བསྟན་ནོ། །རྩོད་པའི་གཞི་གསུམ་བརྗོད་བྱ་མཐུན་པའི་ཕྱིར་ཕྱོགས་གཅིག་ཏུ་བསྟན་ལ། འཁོར་ལོ་བྱེ་བ་བརྗོད་བྱ་ཉུང་བས་རྩོད་གཞིའི་གོང་དུ་བསྟན་ནོ། །གནས་མལ་དེ་དག་ཐམས་ཅད་བྱ་བའི་རྟེན་ཡིན་པའི་ཕྱིར་ཐ་མར་བསྟན་ནོ། །གཉིས་པ་གཞུང་དོན་ལ་ལྔ། བསླབ་པ་ཡོངས་སུ་སྦྱང་བའི་གཞི། བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི། བྱ་བའི་ཐབས་ལས་ཀྱི་གཞི། གསོ་བ་ཕྱིར་བཅོས་པའི་གཞི། དེ་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞིའོ། །དང་པོ་ལ་གསུམ་གསོ་སྦྱོང་གི་སྒོ་ནས་བསླབ་པ་ཡོངས་སུ་སྦྱང་བ་དང༌། དབྱར་གྱི་དང༌། དགག་དབྱེའི་སྒོ་ནས་སོ། །དང་པོ་ལ་གཉིས་ལས་གཞིའི་སྐབས་ནས་འབྱུང་བ་ལ་གཉིས། ཞི་གནས་ཀྱི་སྐབས་དང༌། མཐུན་པའི་སྐབས་སོ། །དང་པོ་ལ་གཉིས། སྤྱི་དོན་དང༌། གཞུང་དོན་ནོ། །དང་པོ་ལ་ཞི་གནས་ཀྱི་གསོ་སྦྱོང་ནི། ཞི་ལྷག་བསྒོམ་པ་ཡིན་པས་འདི་ལ་དྲུག །ཞི་ལྷག་བསྒོམ་པའི་ཕན་ཡོན། དེ་གཉིས་ཏིང་ངེ་འཛིན་ཀུན་གྱི་སྡུད་བྱེད་དུ་བསྟན་པ། ཞི་ལྷག་གི་ངོ་བོ། གཉིས་ཀ་བསྒོམ་དགོས་པའི་རྒྱུ་མཚན། གོ་རིམ་ངེས་ཚུལ། སོ་སོའི་བསླབ་ཚུལ་ལོ། །དང་པོ་ནི། ཞི་ལྷག་ལ་ཕན་ཡོན་ཡོད་དེ། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་ཞི་ལྷག་གི་འབྲས་བུ་ཡིན་པར་གསུངས་པས་སོ། །དེ་ཡང་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་ཡན་ཆད་ཞི་གནས་དང༌། ཇི་ལྟ་བ་དང་ཇི་སྙེད་པ་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་ཡན་ཆད་


DLL1002_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མཐོང་གི་ཕྱོགས་སུ་བསྡུས་པ་ལ་དགོངས་ཀྱི་ཞི་ལྷག་དངོས་ཀྱི་འབྲས་བུ་ནི་མ་ཡིན་ནོ། །ཡང་དགོངས་འགྲེལ་ལས། སྐྱེ་བ་པོ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་གསུངས། གཉིས་པ་ནི། ཏིང་ངེ་འཛིན་དོན་དུ་གཉེར་བ་རྣམས་ཀྱིས་ཞི་ལྷག་སྐྱོང་ཚུལ་ལ་འབད་དགོས་ཏེ། ཐེག་པ་ཆེ་ཆུང་གི་ཏིང་ངེ་འཛིན་ཐམས་ཅད་ཞི་ལྷག་གིས་བསྡུས་པར་དགོངས་འགྲེལ་ལས་གསུངས་པས་སོ། །གསུམ་པ་ལ་ཞི་གནས་ནི་འཇོག་སྒོམ་བྱས་པའི་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེས་པ་ཡིན་ལ། ལྷག་མཐོང་ནི་ཏིང་ངེ་འཛིན་ལ་གནས་བཞིན་པའི་ངང་ནས་དཔྱད་བསྒོམ་བྱས་པའི་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེས་པ་སྟེ། དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་སོ་སོར་རྟོགས་པའོ་ཞེས་དང༌། རྗེ་བཙུན་བྱམས་པས། ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་དང༌། ཡང་དག་གནས་པ་ལ་བརྟེན་ནས། །སེམས་ལ་སེམས་ནི་འཇོག་ཕྱིར་དང༌། །ཆོས་རབ་རྣམ་པར་འབྱེད་པའི་ཕྱིར། །ཞི་གནས་དང་ནི་ལྷག་མཐོང་ཡིན། །ཞེས་པ་དང༌། སྒོམ་རིམ་བར་པ་ལས། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་ནས་ནང་དུ། དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་གནས་པའི་ཚེ་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ་ཞེས་གསུངས། ཅིའི་ཕྱིར་ཞི་གནས་དང་ལྷག་མཐོང་ཞེས་བྱ་ཞེ་ན། སེམས་ཕྱི་རོལ་ལ་


DLL1002_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུག་པ་ཞི་ནས་ནང་དུ་དམིགས་པ་ལ་གནས་པས་ན་ཞི་གནས་དང༌། ལྷག་པ་སྟེ་ཁྱད་པར་དུ་མཐོང་བས་ན་ལྷག་མཐོང་ཞེས་བྱའོ། །ཁ་ཅིག་སེམས་མི་རྟོག་བར་གནས་པ་གསལ་ཆའི་ངར་མེད་པ་ཞི་གནས་དང༌། གསལ་ཆའི་ངར་ཡོད་པ་ལྷག་མཐོང་དུ་འདོད་པ་མི་འཐད་དེ། ཞི་གནས་ལའང་བྱིང་བ་སངས་པ་དགོས་ལ། བྱིང་པ་དང་བྲལ་བའི་ཏིང་ངེ་འཛིན་ཐམས་ཅད་ལ་གསལ་ཆ་ངེས་པར་འོང་བའི་ཕྱིར་རོ། །བཞི་པ་ནི། ཞི་ལྷག་གཉིས་ག་བསྒོམ་དགོས་ཏེ་ཟབ་མོའི་དོན་ལྟ་བ་ལ་དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་དང༌། སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་གནས་པའི་མི་གཡོ་བ་དགོས་ཀྱི་དེ་གཉིས་གང་རུང་གཅིག་མེད་ན་དེ་ཁོ་ན་ཉིད་གསལ་བར་མི་མཐོང་བའི་ཕྱིར། དཔེར་ན་མཚན་མོ་གཟུགས་བལྟ་བའི་དོན་དུ་མར་མེ་སྦར་བ་ན། མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་ཀ་དགོས་ཀྱི་གང་རུང་གཅིག་མེད་ན་གཟུགས་གསལ་བར་མི་མཐོང་བ་བཞིན་ནོ། །སྒོམ་རིམ་བར་པ་ལས། ཞི་གནས་དང་བྲལ་བའི་ལྷག་མཐོང་འབའ་ཞིག་གིས་ནི་རྣལ་འབྱོར་པའི་སེམས་ཡུལ་ལ་རྣམ་པར་གཡེང་བར་འགྱུར་གྱིས་རླུང་གི་ནང་ན་འདུག་པའི་མར་མེ་བཞིན་དུ་བརྟན་པར་མི་འགྱུར་རོ། །དེ་བས་ན་ཡེ་ཤེས་ཀྱི་སྣང་བ་ཤིན་ཏུ་གསལ་བ་མི་འབྱུང་སྟེ་དེ་ལྟ་བས་ན་གཉིས་ཀ་འདྲ་བར་བསྟེན་པར་བྱའོ་ཞེས་གསུངས། ལྔ་པ་ནི། ཐོག་མར་ཞི་གནས་བསྒྲུབས་ནས་ལྷག་མཐོང་བསྒོམ་དགོས་ཏེ། སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས། ཞི་གནས་ལྷག་མཐོང་གི་སྔོན་དུ་འགྲོ་བའི་དོན། བདག་མེད་


DLL1002_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་པའི་ལྟ་བ་སྐྱེ་བ་ལ་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་པར་ལྟ་བ་སྐྱེ་བ་ཡོད་པའི་ཕྱིར། ལྟ་བ་དེ་ལ་ཡིད་འགྱུར་བའི་མྱོང་བ་སྐྱེ་བ་ལའང་ཞི་གནས་སྔོན་དུ་འགྲོ་མི་དགོས་ཏེ། ཞི་གནས་མེད་ཀྱང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་གོམས་པར་བྱས་པས་ཡིད་འགྱུར་བ་སྐྱེ་བའི་ཕྱིར་རོ། །དེས་ན་སོ་སྐྱེ་རྣམས་ཀྱིས་དཔྱད་སྒོམ་བྱས་པའི་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པའི་དགའ་བདེ་སྐྱེས་པའི་ལྷག་མཐོང་འགྲུབ་པ་ལ་ཞི་གནས་སྔོན་དུ་འགྲོ་དགོས་པ་ཡིན་ནོ། །དེ་བཞིན་དུ་སྔ་མ་ལ་བརྟེན་ཕྱི་མ་སྐྱེ། ཞེས་ཕར་ཕྱིན་ཐ་མ་གཉིས་ཀྱི་རིམ་པ་དང༌། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དང་བསླབ་པའི་རིམ་པ་ཡང་ཞི་གནས་སྔོན་དུ་བསྒོམས་ནས་ལྷག་མཐོང་ཕྱིས་བསྒོམ་པའི་རིམ་པ་ཡིན་ནོ། །ཞི་ལྷག་གི་གོ་རིམ་དེ་ཡང་དང་པོར་གསར་དུ་བསྐྱེད་བའི་ཚེ་ཡིན་གྱི་ཕྱིས་ངེས་པ་མེད་དེ། ཕྱིས་ལྷག་མཐོང་སྔར་བསྒོམས་ནས་ཞི་གནས་བསྒོམ་པ་ཡང་ཡོད་པའི་ཕྱིར་རོ། །འོ་ན་ཀུན་ལས་བཏུས་ལས། ལ་ལ་ནི་ལྷག་མཐོང་ཐོབ་པ་ཡིན་གྱི་ཞི་གནས་ནི་མ་ཡིན་ཏེ་དེ་ལྷག་མཐོང་ལ་བརྟེན་ནས་ཞི་གནས་ལ་བརྩོན་པར་བྱེད་དོ་ཞེས་གསུངས་པ་དང་འགལ་ལོ་ཞེ་ན། སྐྱོན་མེད་དེ། དེའི་དོན་སྤྱིར་ཞི་གནས་མ་ཐོབ་པ་མིན་གྱི། ལ་ལ་ནི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་བསྡུས་པའི་ལྷག་མཐོང་ཐོབ་ཀྱི་བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཀྱི་ཞི་གནས་ནི་མ་ཐོབ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ལྷག་མཐོང་གིས་བདེན་པ་མངོན་པར་རྟོགས་པ་ལ་བརྟེན་ནས། བསམ་གཏན་དང་པོ་ཡན་ཆད་ཀྱི་ཞི་གནས་བསྒྲུབ་པའི་དོན་ཡིན་པའི་ཕྱིར་ཏེ། སའི་དངོས་གཞི་ལས། གཞན་ཡང་སྡུག་བསྔལ་ནས་ལམ་གྱི་བར་དུ་ཡང༌། ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ལ་བསམ་གཏན་དང་པོ་


DLL1002_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་ནི་མ་ཐོབ་པ་སྟེ། དེ་འདུག་མ་ཐག་ཏུ་སེམས་འཇོག་སྟེ་སེམས་རྣམ་པར་འབྱེད་པར་མི་བྱེད་དོ། །དེ་ལྷག་པའི་ཤེས་རབ་དེ་ཉིད་ལ་བརྟེན་ནས་ལྷག་པའི་སེམས་ལ་སྦྱོར་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དྲུག་པ་ལ་གསུམ། ཞི་གནས་ལ་བསླབ་ཚུལ། ལྷག་མཐོང་ལ་བསླབ་ཚུལ། དེ་གཉིས་ཟུང་དུ་འབྲེལ་ཚུལ་ལོ། །དང་པོ་ལ་གསུམ། ཞི་གནས་ཀྱི་ཚོགས་བསྟན་པ། དེ་ལ་བརྟེན་ནས་ཞི་གནས་སྒོམ་ཚུལ། བསྒོམས་པས་གྲུབ་པའི་ཚད་དོ། །དང་པོ་ནི། མཐུན་པའི་ཡུལ་ན་གནས་པ། འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་མང་པོ་སྤངས་པ། ཚུལ་ཁྲིམས་རྣམ་པར་དག་པ། འདོད་པ་ལ་སོགས་པའི་རྣམ་རྟོག་སྤངས་པའོ། །གཉིས་པ་ལ་གཉིས། ལུས་ཀྱི་སྤྱོད་ལམ། སྒོམ་པའི་རིམ་པ་ཉིད་བཤད་པའོ། །དང་པོ་ནི། སྟན་འཇམ་ཞིང་བདེ་བ་ལ་ལུས་ཀྱི་ཀུན་སྤྱོད་བརྒྱད་དང་ལྡན་པར་བྱ་སྟེ། རྐང་པ་སྐྱིལ་ཀྲུང༌། མིག་ཧ་ཅང་ཕྱེ་བ་དང་བཙུམས་པ་མིན་པར་སྣ་རྩེར་གཏད་པ། ལུས་ཧ་ཅང་དགྱེ་དགུ་མིན་པར་དྲང་པོར་བསྲང་བ། ཕྲག་པ་ཐད་ཀར་མཉམ་པར་བཞག་པ། མགོ་མི་མཐོ་མི་དམའ་ཞིང་མི་ཡོ་བར་སྣ་ནས་ལྟེ་བར་དྲང་པོར་བཞག་པ། སོ་དང་མཆུ་རང་ལུགས་སུ་བཞག་པ། ལྕེ་ཡ་སོའི་དྲུང་དུ་གཞར། དབུགས་ཕྱི་ནང་དུ་རྒྱུ་བ་སྒྲ་ཅན་དང་རྔམ་པ་མིན་པར་དལ་བུས་བརྒྱུ་བར་བྱའོ། །གཉིས་པ་ནི། ཉེས་པ་ལྔའི་གཉེན་པོ་འདུ་བྱེད་བརྒྱད་དང་ལྡན་པར་བསྒོམ་སྟེ། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ཞེས་གསུངས། ཉེས་པ་ལྔ་ནི། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང༌། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །དེ་སྤོང་བའི་འདུ་བྱེད་བརྒྱད་ནི། གནས་དང་དེ་ལ་གནས་པ་དང༌། །རྒྱུ་དང་འབྲས་


DLL1002_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ཉིད་དུའོ། །དམིགས་པ་བརྗེད་པར་མ་གྱུར་དང༌། །བྱིང་དང་རྒོད་པ་རྟོགས་པ་དང༌། །དེ་སྤོང་མངོན་པར་འདུ་བྱེད་དང༌། །ཞི་ཚེ་རྣལ་དུ་འཇུག་པའོ། །ཉེས་པ་ལྔའི་གཉེན་པོར་སྤང་བའི་འདུ་བྱེད་བརྒྱད་ཇི་ལྟར་སྒོམ་ཞེ་ན། དང་པོར་སྒོམ་པ་ལ་སྦྱོར་བའི་གེགས་ལེ་ལོ་ཡིན་པས་དེའི་གཉེན་པོ་དངོས་ནི་རྩོལ་བ་ཡིན་ལ་དེའི་གནས་འདུན་པ་དང༌། འདུན་པའི་རྒྱུ་དད་པ་དང༌། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་པའོ། །ཏིང་ངེ་འཛིན་སྒོམ་པའི་སྦྱོར་བའི་ཚེ་གདམས་ངག་བརྗེད་པ་ཉེས་པ་ཡིན་པས་དེའི་གཉེན་པོར་དྲན་པ་དང༌། དངོས་གཞི་ལ་ཞུགས་པ་ན་བྱིང་རྒོད་ཉེས་པ་ཡིན་པས་དེའི་གཉེན་པོ་གཙོ་བོ་དྲན་པ་ཡིན་ཞིང་བྱིང་རྒོད་རྟོགས་པའི་ཤེས་བཞིན་དང༌། བྱིང་རྒོད་བྱུང་ན་གཉེན་པོ་འདུ་མི་བྱེད་པ་ཉེས་པ་ཡིན་པས་དེའི་གཉེན་པོར་གཉེན་པོ་འདུ་བྱེད་པའི་སེམས་པ་དང༌། རྩོལ་བ་སྒྲིམ་མི་དགོས་པར་ཏིང་ངེ་འཛིན་རང་གི་ངང་གིས་འཇུག་པ་ན། འདུ་བྱེད་པ་ཉེས་པ་ཡིན་པས་དེའི་གཉེན་པོར་རྩོལ་མེད་དུ་འཇུག་པའི་བཏང་སྙོམས་སྒོམ་མོ། །དམིགས་པ་གང་ལ་དམིགས་ནས་སྒོམ་ཞེ་ན། སྤྱིར་དམིགས་པ་ལ་ཁྱབ་པའི་དམིགས་པ་དང༌། སྤྱད་པ་རྣམ་སྦྱོང་གི་དམིགས་པ་དང༌། མཁས་པའི་དམིགས་པ་དང༌། ཉོན་མོངས་པ་སྦྱོང་བའི་དམིགས་པ་དང་བཞི་ལས། གང་ལ་དམིགས་ནས་བསྒོམས་ཀྱང་ཏིང་ངེ་འཛིན་སྐྱེ་མོད། འདིར་ནི་དམིགས་པ་ཁྱད་པར་ཅན་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་ལ་དམིགས་ནས་ཞི་གནས་བསྒྲུབས་ན་སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་བསོད་ནམས་མཐའ་ཡས་པ་སྐྱེ་བ་དང༌། སྐུ་དེ་རྣམ་པ་གསལ་ཞིང་བརྟན་ན་ཕྱག་མཆོད་དང་སྨོན་ལམ་སོགས་ཚོགས་གསོག་པའི་ཞིང་དང༌། བཤགས་བསྡམས་ལ་སོགས་པ་སྒྲིབ་པ་སྦྱོང་བའི་ཞིང་ལ་ཁྱད་


DLL1002_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་དང༌། འཆི་བའི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ལས་མི་ཉམས་པ་སོགས་ཀྱི་དགོས་པ་དུ་མ་ཡོད་པས་སངས་རྒྱས་ཀྱི་སྐུ་གཟུགས་ལྟ་བུ་ལ་དམིགས་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ། །ཞེས་གསུངས། གསུམ་པ་ནི། དམིགས་པ་གང་ཡང་རུང་བ་ལ་དམིགས་ནས་འཇོག་སྒོམ་བྱས་པའི་སྟོབས་ཀྱིས་ལུས་སེམས་ཤིན་ཏུ་སྦྱངས་པའི་བདེ་བ་སྐྱེས་པ་ན་ཞི་གནས་གྲུབ་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་དེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་གསུངས། ཤིན་སྦྱངས་མ་ཐོབ་གོང་གི་ཏིང་ངེ་འཛིན་དེ་ནི་ཞི་གནས་དངོས་མིན་གྱི་རྗེས་མཐུན་པ་ཡིན་ནོ། །གཉིས་པ་ལྷག་མཐོང་ལ་བསླབ་ཚུལ་ལ་བཞི། ལྷག་མཐོང་གི་ཚོགས་བསྟེན་པ། ལྷག་མཐོང་གི་དབྱེ་བ། ལྷག་མཐོང་བསྒོམ་ཚུལ། ལྷག་མཐོང་གྲུབ་པའི་ཚད་དོ། །དང་པོ་ནི། སྐྱེས་བུ་དམ་པ་ལ་བརྟེན་པ། དེ་ལ་ཆོས་ཐོས་པ་བཙལ་བ། ཚུལ་བཞིན་སེམས་པའོ། །གཉིས་པ་ནི། ལྷག་མཐོང་ལ་དབྱེ་ན། ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་དང༌། ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་གཉིས་སོ། །གསུམ་པ་ནི། འཇོག་སྒོམ་བྱས་པ་ཙམ་གྱིས་ལྷག་མཐོང་མི་འགྲུབ་ཀྱི་ཞི་གནས་ལ་བཞག་བཞིན་པའི་ངང་ནས་ཡང་དང་ཡང་དུ་རིགས་པས་དཔྱད་ནས་བསྒོམ་པར་བྱའོ། །བཞི་པ་ནི། ཡང་དང་ཡང་དུ་རིགས་པས་དཔྱད་པ་བྱས་ནས་སྒོམ་པའི་སྟོབས་ཀྱིས་ལུས་སེམས་སྦྱངས་པའི་དགའ་བདེ་སྐྱེས་པ་ན་ལྷག་མཐོང་གྲུབ་པ་ཡིན་གྱི་


DLL1002_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྔ་རོལ་ཏུ་རྗེས་མཐུན་པ་ཙམ་ལས་མི་འགྲུབ་བོ། །གསུམ་པ་དེ་གཉིས་ཟུང་དུ་འབྲེལ་ཚུལ་ནི། ཞི་ལྷག་ཟུང་དུ་འབྲེལ་བ་ལ་ཞི་ལྷག་གཉིས་ཀ་དགོས་ལ། ཐོག་མར་ཞི་གནས་དང༌། དེ་ནས་ལྷག་མཐོང་ཐོབ། དེའི་རྗེས་སུ་དེ་གཉིས་ཟུང་འབྲེལ་ཐོབ་མི་དགོས་ཏེ། ལྷག་མཐོང་ཐོབ་པ་དང་དུས་མཉམ་དུ་ཞི་ལྷག་ཟུང་འབྲེལ་ཐོབ་པ་ཡིན་ནོ། །གཉིས་པ་གཞུང་དོན་ལ་བཞི། རྣལ་འབྱོར་སྒོམ་པའི་གནས་མིན་པ་དང༌། གནས་བསྟན་པ། བདེ་བར་གནས་པའི་རྐྱེན་བསྟེན་པ་དང༌། བརྩོན་འགྲུས་བརྩམས་པའི་ཚུལ་དང༌། སྤོང་བའི་ཞལ་ཏ་པ་བསྐོ་ཞིང་དེས་ཇི་ལྟར་བྱ་བའོ། །དང་པོ་ནི། དགེ་སློང་སྤྱོད་ཡུལ་གྲོང་དུ་ཞུགས་པ་ལམ་དུ་འགྲོ་བས་རྣལ་འབྱོར་ཏིང་ངེ་འཛིན་གོམས་སུ་གཞུག་པའི་ཕྱིར་སྒོམ་པར་མི་བྱ་སྟེ། གླང་པོ་ཆེ་འཁྲུལ་པ་དང་ཕྲད་པ་སོགས་འབྱུང་བའི་ཕྱིར། དེར་གོམས་པར་བྱེད་པ་བཀག་པ་ཡིན་གྱི། གདུལ་བྱ་འདུལ་བའི་དོན་དུ་རྫུ་འཕྲུལ་བསྟན་པའི་ཕྱིར་སེམས་རྩེ་གཅིག་པ་མངོན་དུ་བྱ་བ་བཀག་པ་མིན་ཏེ། དེ་ལ་སྐྱོན་ཆགས་པ་མེད་པའི་ཕྱིར་རོ། །མི་རྣམས་མངོན་པར་འདུ་བའི་སྒོ་ཁང་དང་ཁྱམས་ལ་སོགས་པར་ཡང་རྣལ་འབྱོར་སྒོམ་པར་མི་བྱ་སྟེ། ཁྱེད་ཅག་འདུ་བར་ཉལ་བའི་བརྟུལ་ཞུགས་ཅན་ཡིན་ནམ་ཞེས་ཅོ་འདྲི་བ་སོགས་འབྱུང་བའི་ཕྱིར། འདུ་བ་རྒྱུན་ཆད་པ་དང་སྒོ་བཅད་ན་ནི་ཁྱམས་ལ་སོགས་པར་སྒོམ་པ་ལ་ཉེས་པ་མེད་དོ། །མི་ལ་སོགས་པའི་སྒྲས་རྣམ་པར་གཡེང་བར་བྱེད་པའི་གནས་ཁང་དང༌། སེང་གེ་དང༌། སྟག་ལ་སོགས་པའི་སྲོག་ཆགས་གཏུམ་པོ་ཡོད་པའི་དགོན་པ་དང༌། ཀྱལ་ཀ་ཅན་དང་ནལ་ཕྲུག་ལ་སོགས་པ་གྱ་ཚོམ་པ་དག་ཡོངས་སུ་སྤང་བར་རིགས་ཏེ། དེ་དག་ཏུ་རིམ་པ་བཞིན་བསམ་གཏན་གྱི་ཚེར་མ་སྒྲས་སེམས་རྩེ་གཅིག་ཏུ་མི་བཏུབ་པ་དང༌། ཆོམ་


DLL1002_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

རྐུན་པ་ལ་སོགས་པས་གནོད་པ་དང༌། ཤི་བ་ཡིན་ནམ་ཅི་ཞེས་ཅོ་འདྲི་བ་དག་འབྱུང་བའི་ཕྱིར་རོ། །འོ་ན་གནས་གང་དུ་སྒོམ་ཞེ་ན། དངོས་སུ་གཉིད་སྤོང་ཞིང་བརྒྱུད་ནས་ཉོན་མོངས་པ་སྤོང་བའི་ཏིང་ངེ་འཛིན་སྒོམ་པའི་ཁང་པ་བརྩིག་པར་བྱའོ། །རྣམ་པ་ཇི་འདྲ་བ་རྩིག་ཅེ་ན། གཡས་གཡོན་གྱི་གནས་ཁང་གཉིས་ཀྱི་བར་དུ་སྲང་གདོད་པར་བྱའོ། །ངོས་རེ་ལ་ལྔའམ་དྲུག་པ་གནས་ཁང་བཅུ་པའམ་བཅུ་གཉིས་པ་བརྩིག་ཅིང་བར་དུ་སྲང་གདོད་པར་བྱའོ། །སྒོ་གླེགས་སྒྲ་མི་སྙན་པ་མི་འབྱུང་བ་དང༌། དྲང་བའི་ཐབས་ལག་བཟུང་དང་ཡང་མིག་ཀྱང་བྱའོ། །མ་ཐོས་ན་སྣང་བ་མི་གསལ་ལ་དམས་ན་ཆོམ་རྐུན་པ་སོགས་འཇུག་པས་རྩིག་པའི་གོང་དུ་སུམ་ཆ་བོར་བར་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་ཡང་བཟང་ངོ༌། །སྐར་ཁུང་དེར་དྲ་བ་དང༌། སྒོ་གླེགས་དང་འཕྲེད་གཏན་དང་གནམ་གཟེར་དང༌། འཁོར་གཏན་དང༌། དབྱུག་གུ་སྐམ་ཁ་ཉེ་བར་བཞག་གོ། དགེ་སློང་དག་མང་བས་སྤོང་ཁང་དུ་མི་ཤོང་ན་གནས་ཁང་གི་སྟེང་དུ་ཁང་མོ་ཆེ་བྱའོ། །ཡང་ན་ཡང་ཐོག་བྱའོ། །ཡང་ཐོག་ཏུ་འཛེག་པའི་ཕྱིར་ཐེམ་སྐས་བྱའོ། །ཐེམ་སྐས་ལ་མི་ལྟུང་བར་བྱ་བའི་ཕྱིར་ཁ་ཁྱེར་ལན་མཁན་གྱི་ཤིང་གིས་བསྐོར་བར་བྱའོ། །ཁ་ཁྱེར་དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་བོ། །དེ་ལྟར་བྱས་ཀྱང་མི་ཤོང་ན་སྤོང་ཁང་གི་ཕྱི་རོལ་ཏུ་སྤོང་ཁང་ཆེན་པོའམ་གནས་ཁང་གི་ཚད་དག་ཀྱང་བྱའོ། །གནས་ཁང་ཐམས་ཅད་ལ་སྒོའི་བྱང་ཐད་དུ་སྒོ་གཞན་གདོད་པར་མི་བྱའོ། །སྤོང་ཁང་ལ་སྒོ་ཁང་བྱའོ། །སྤོང་ཁང་དེའི་ཉེ་འཁོར་གྱི་ཕྱེད་དུ་ས་ཕུག་སོགས་ཀྱང་བྱའོ། །གཉིས་པ་ནི། སྤོང་ཁང་དེར་འདུག་པའི་ཆེད་དུ་སའི་སྟེགས་བུ་དག་དང་ཁྲིའུ་ཡང་བྱའོ། །ཁྲིའུ་དེ་ནི་དབྱིབས་གྲུ་བཞི་པ་ཚད་


DLL1002_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བ་བཟང་ངོ༌། །ཁྲིའུའི་སྟེང་དུ་དྲ་བ་བརྒྱུ་བའི་ཐགས་མ་ནི་རྣམ་པ་ལྔའོ། །ལྔ་གང་ཞེ་ན། མུ་ནའི་ཐགས་མ་དང༌། ཤ་ནའི་དང༌། དྲེས་མའི་དང༌། རས་མའི་དང༌། སྤ་ཕྲ་མོའི་ཐག་པའོ། །ཁྲིའུའི་སྟེང་དེར་རས་བལ་ལ་སོགས་པས་བརྫངས་པའི་སྟན་ནང་ཚངས་ཅན་དག་གདིང་བར་བྱའོ། །ཁྲིའུ་དེའི་ཁོ་ར་ཁོར་ཡུག་ཏུ་སྟན་ནང་ཚངས་ཅན་དེ་ལ་མཐོ་གང་ལྷག་པ་ཉིད་བཟང་ངོ༌། །སྟན་ནང་ཚངས་ཅན་དེའི་ནང་དུ་ཅིས་དགང་ཞེ་ན། ཨརྐའི་དང༌། ཀ་ཤའི་དང༌། ཨེ་ན་ཀའི་དང༌། སྤྲ་བའི་དང༌། ཤ་མ་ལི་དག་གི་བལ་གྱིས་དགང་ངོ༌། །ཡང་ན་བལ་དང་ཤ་ན་དང་རས་བལ་དང་རས་མ་དག་དང་ལོ་མའི་ཚོགས་དག་གིས་ཀྱང་དགང་ངོ༌། །སྟན་གྱི་ནང་གི་ཤིང་བལ་དག་ཁོད་སྙོམས་ཤིང་དོན་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་བའི་ཕྱིར། མདོ་མདོར་བྱ་རོག་རྐང་དག་བྱའོ། །གསུམ་པ་ནི། བསམ་གཏན་པ་རྣམས་གཉིད་བྲོ་ན་གདོས་བུ་ཆུ་ཚོད་ཀྱི་སྣོད་འདྲ་བ་ཆུང་ངུ་མ་རང་གི་རྣ་བ་ལ་བཏགས་ཏེ་བཅང་བར་བྱའོ། །ཤེས་རབ་བྱེད་པར། བུམ་བུ་ཆུས་དགང་བ་རྣ་བ་ལ་གདགས་ཤེའོ། །གཞི་ཊཱིཀ་ཏུ། གཉིད་སེལ་བར་བྱེད་པ་ཤིང་ལ་སོགས་པ་ལས་བྱས་པའི་གདོས་བུའོ་ཞེས་སོ། །ཕྲན་ཚེགས་ཊཱིཀྐར། རིལ་ཆུང་ཞེས་བྱ་བ་ནི་རིལ་བ་ཆུང་ངུ་ཆུས་ཡོངས་སུ་བཀང་བ་སྐེ་ལ་སྐུད་པ་བཏགས་པ་རྣ་བ་ལ་བཅངས་པ་ན་གང་གི་གཉིད་ལོག་པར་གྱུར་པ་རབ་ཏུ་གཡོ་བར་གྱུར་པ་དེའི་ཚེ། ཡོངས་སུ་བོ་བ་གདོང་པ་ལ་བབས་པ་དེས་གཉིད་སད་པར་འགྱུར་རོ། །ཞེས་སོ། །སྤོང་བ་བ་དག་གཉིད་ཡུར་ན་སྤོང་བའི་ཞལ་ཏ་བས་དེ་ལ་དབྱུ་གུས་དལ་བུས་གཟུགས་པར་བྱའོ། །དབྱུག་གུ་དེས་སྤོང་བ་པའི་ལུས་གནད་པར་མི་འགྱུར་བར་བྱ་བའི་ཕྱིར་དབྱུག་གུ་དེའི་རྩེ་མོ་བྲེའི་བཅད་འཕྲོ་ལྟ་བུ་མཉམ་པར་བྱ་ཞིང་རས་མ་དག་གིས་དཀྲིས་


DLL1002_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པས་དལ་བུས་གཟུགས་པར་བྱའོ། །སྤོང་བ་པ་གཉིད་ཡུར་བ་ལ་ཞལ་ཏ་བས་ཕོ་ལོང་སྐུད་པའི་ཚོགས་ཟླུམ་པོ་འཕང་བར་བྱའོ། །ཕོ་ལོང་དེ་ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུ་རིང་པོས་བཏགས་ནས་འཕང་བར་བྱའོ། །འོན་ཀྱང་ཡུར་ན། ཞལ་ཏ་བས་དེའི་མདུན་དུ་མར་མེ་བཞག་པར་བྱའོ། །འོན་ཀྱང་གཉིད་མ་སངས་ན་རྐང་པ་གཅིག་དབྱུང་ངོ༌། །འོན་ཀྱང་མ་སངས་ན་རྐང་པ་ཡ་གཅིག་ཀྱང་དབྱུང་ངོ༌། །སྤོང་བ་པ་མུན་ཁུང་དུ་འཆག་པ་ལམ་མི་འཆོལ་ཞིང་མི་འཐོམ་པར་བྱ་བའི་ཕྱིར་འཆག་པའི་མགོ་མཇུག་སླེབ་པའི་ཕྲེང་ཐག་རབ་ཏུ་བརྒྱངས་པ་དེ་ལྟ་བུ་ལ་བསྐོན་པའི་སྦུ་གུའམ་སྦུ་གུ་དེ་ལ་བཏགས་པའི་ཐ་གུ་ལ་འཇུས་ཏེ་བཅག་པར་བྱའོ། །སྤོང་བ་པར་མ་ཟད་ཐམས་ཅད་ཀྱིས་མཆིལ་ལྷམ་ཅན་གྱིས་བཅག་པར་མི་བྱ་སྟེ། མ་གུས་པ་སྤང་བའི་ཕྱིར་རོ། །འཆག་པའི་ཚེ་རྐང་པ་གཉིས་ལ་རྡུལ་མི་འགོ་བར་བྱ་བའི་ཕྱིར། འཆག་སར་པར་བཏང་གདིང་བར་བྱའོ། །སྤོང་བ་པས་ཞག་གསུམ་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱའོ། །དེ་ལྟར་བྱས་ཀྱང་གཉིད་བྲོ་བ་སངས་པར་མ་ནུས་ན་སྤོང་ཁང་དེར་ཡང་ཉལ་བར་བྱའོ། །མ་དད་པ་དང་མཐོ་འཚམ་པ་སྤང་བའི་ཕྱིར་སྒོ་བཅད་པར་ཉལ་ལོ། །དེར་གློས་ཀྱང་ཕབ་སྟེ་ཉལ་དུ་རུང་ངོ༌། །བཞི་པ་ནི། དགེ་སློང་སྤོང་བ་པ་རྣམས་ཀྱི་ཕྱིར་དགེ་འདུན་གྱིས་སྤོང་བའི་ཞལ་ཏ་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །བདེ་བར་བསམ་གཏན་འཕེལ་བའི་དགོས་པ་ཡོད་པའི་ཕྱིར་རོ། །སྤོང་བའི་ཞལ་ཏ་བ་དེའི་བྱ་བ་ནི་སྔ་དྲོ་ལངས་མ་ཐག་ཁོ་ནར་སྤོང་ཁང་དེ་ལ་ཆག་ཆག་གདབ་པ་དང༌། ཕྱག་བདར་བྱ་བ་དང༌། ལྕི་བ་གསར་པའི་བྱུག་པས་བསྐུ་བར་བྱའོ། །དེར་སྟན་དག་བཤམ་པར་བྱའོ། །མི་གཙང་བའི་སྐྱབས་གཉིས་བྱི་དོར་བྱའོ། །གང་


DLL1002_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བྱ་ན། ཆག་ཆག་དང་ཕྱག་བདར་དང་ལྕི་བ་གསར་པའི་བྱུག་པ་བསྐུ་བས་བྱི་དོར་བྱའོ། །དྲི་མ་དག་པར་བྱ་བའི་ཕྱིར་བོང་རྡོག་དང་ས་དང་དུས་དང་མཐུན་པའི་ཆུ་དག་གཞག་པར་བྱའོ། །རྣལ་འབྱོར་གྱི་གནས་དེར་སྤོང་བ་པ་དག་བསྡུ་བའི་ཕྱིར་གཎྜི་བརྡུང་བར་བྱའོ། །གཎྜི་བརྡུང་བ་དེའི་གནས་ནི་ཁང་སྟེང་སོགས་ཕྱོགས་མཐོན་པོ་གང་ཡང་རུང་བ་ཡིན་ནོ། །གཎྜི་ཇི་ལྟར་བརྡུང་ན་འདུས་པ་ཆེན་པོའི་ཚེ་དགེ་འདུན་ཐམས་ཅད་བསྡུ་བའི་ཕྱིར་ནི། རྒྱུད་གསུམ་དང་དེ་སྙེད་ཀྱི་མཇུག་ཏུ་ཏོག་སྒྲ་ཆེན་པོ་ལན་གསུམ་བྱའོ། །ལས་བྱ་བའི་དོན་དུ་གཎྜི་བརྡུང་བ་ནི་རྒྱུད་གཅིག་དང་ཏོག་གསུམ་མོ། །ལུགས་ཁ་ཅིག་ལས་ནི་ལས་བྱ་བའི་དོན་དུ་རྒྱུད་གསུམ་དང་ཏོག་གཉིས་ཤེའོ། །ཤི་བ་ལ་ཕྲག་པས་ཕུང་པོ་དབྱུང་བའི་དོན་དུ་གཎྜི་བརྡུང་བ་ནི་བྱི་བོ་སྟེ་རྒྱུད་ཉི་ཚེ་བརྡུང་ཞིང་མཇུག་ཏུ་ཏོག་མི་བརྡུང་ངོ། །ལུགས་ཁ་ཅིག་ལས་ནི་ཤི་བའི་དོན་དུ་གཎྜི་བརྡུང་བ་ལ་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེའོ། །སྤོང་བ་པ་བསྡུ་བའི་དོན་དུ་འཁར་གསལ་གྱིས་གཎྜིའི་བྱ་བ་བྱའོ། །ལུགས་ཁ་ཅིག་ལས་ནི་སྤོང་བ་པའི་དོན་དུ་གཎྜི་ཆུང་ངུ་བརྡུང་ངོ་ཞེའོ། །སེར་བ་ལ་སོགས་པའི་གནོད་པ་བྱུང་བའི་ཚེ་གཎྜི་བརྡུང་བ་ལ་ནི་ཇི་ཙམ་གྱིས་ཆོག་པའི་བར་དུ་བརྡུང་བར་བྱའོ། །དགེ་འདུན་རྣམས་ཟན་གྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜི་དང་གཎྜི་ཆུང་ངུ་གཉིས་ཀ་བརྡུང་ངོ༌། །དེ་གཉིས་ཅིག་ཅར་རམ་མཇུག་ཐོགས་སུ་བརྡུང་བར་བྱ་ཞེ་ན། བར་དུ་བཅད་དེ་བརྡུང་ངོ༌། །ཇི་ཙམ་གྱིས་བར་དུ་བཅད་ཅེ་ན། བསྒྱང་བས་ཏེ་དང་པོར་གཎྜི་ཆུང་ངུ་བརྡུངས་ཏེ་ཁང་སྐྱོང་དང་གཙང་སྦྱོར་ལ་སོགས་པས་སངས་རྒྱས་མཆོད་པ་དང་ལྷུང་བཟེད་བཀྲུ་བ་ལ་སོགས་པའི་ལས་བྱས་ནས་དེའི་འོག་ཏུ་གདུགས་ཚོད་ལ་བབ་པའི་ཚེ་གཎྜི་ཆེན་པོ་བརྡུང་ཞིང་དགེ་འདུན་ཐམས་ཅད་


DLL1002_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ཀྱི་ཕྱིར་འདུ་བར་བྱའོ། །ཤིན་ཏུ་འདུས་པ་ཆེན་པོའི་ཚེ་གཎྜི་བརྡུངས་པས་གོ་བར་མི་འགྱུར་བ་ལྟ་ན་དུང་སྒྲིལ་ཏེ་འབུད་པར་བྱའོ། །དེའི་ཚེ་རྔ་བོ་ཆེ་དག་ཀྱང་བརྡུང་བར་བྱའོ། །གཎྜི་གཙོ་བོར་འདུ་བའི་ཕྱིར་དུ་བརྡུང་བ་ཡིན་པས། གཎྜི་བརྡུང་བར་མི་འགྲོ་བར་མི་བྱའོ། །གཎྜི་དེའི་ཕྱིར་མི་མྱུར་བར་མི་བྱ་བར་མྱུར་དུ་འགྲོ་བར་བྱའོ། །སྤོང་བའི་ཞལ་ཏ་བས་དུས་ཇི་ཙམ་གྱིས་སྤོང་བ་པ་དག་གིས་མཆོད་རྟེན་ལ་ཕྱག་བྱ་བ་དང༌། ལྷུང་བཟེད་བཀྲུ་བ་དང༌། བསོད་སྙོམས་ལ་འགྲོ་བ་སོགས་ཀྱི་བྱ་བ་འགྲུབ་པའི་དུས་ཀྱི་ལྷག་མ་ལུས་ཙམ་ན་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང༌། མདོ་གདོན་པ་དང༌། བསྔོ་བའི་རྒྱུད་དེ་རྒྱུད་ཆགས་གསུམ་པ་གདོན་ཅིང་ཚེ་དང་ལྡན་པ་དག་ད་ནི་ཅི་བདེར་སྤྱོད་ཅིག་ཅེས་བག་ཡངས་སུ་བྱའོ། །གཞི་ཊཱིཀ་ཏུ། འགྱེས་ཁར་དཀོན་མཆོག་གསུམ་གྱི་རྒྱུད་དང་མདོ་སྡེའི་རྒྱུད་དང་བསྔོ་བའི་རྒྱུད་ཆགས་གསུམ་གདོན་པར་བྱའོ། །དེ་ཡང་དཔེར་ན་ཀུན་ཏུ་རྒྱུ་དག་གི་རིལ་བའི་གཞི་ཤིང་བུ་གསུམ་ལ་བརྟེན་པ་འདྲ་བར་དམ་པའི་ཆོས་འདོན་པའི་གཞི་ནི་རྒྱུད་ཆགས་གསུམ་པོ་འདི་ཡིན་པས་དེའི་ཕྱིར་རྒྱུད་ཆགས་གསུམ་ཞེས་བྱའོ་ཞེས་སོ། །ལུང་དུ་སྤོང་བ་པ་རྣམས་ཀྱིས་གདོན་པར་བཤད་དོ། །རྒྱུད་ཆགས་གསུམ་པ་འདོན་པ་དེ་ཧ་ཅང་མང་ཉུང་མིན་པར་རན་པར་བྱའོ། །དེའི་འོག་ཏུ་སྤོང་བ་པའི་གནས་བརྟན་གྱིས་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ། །དེ་ཡང་མང་ཉུང་རན་པར་བྱའོ། །སྤོང་བའི་ཞལ་ཏ་བ་སྤོང་ཁང་དུ་གཞན་ལས་སྔར་འདུ་བར་བྱ་ཞིང་ཐམས་ཅད་ཀྱི་མཇུག་ཏུ་འགྱེས་པར་བྱའོ། །གལ་ཏེ་ཞལ་ཏ་པ་དེ་ལ་གློ་བུར་གྱི་རྐྱེན་གྱིས་སྔར་འདུ་བ་མི་ཁོམ་པའི་རྐྱེན་དེ་ལྟ་བུ་བྱུང་ན་སྤོང་ཁང་གི་ལྡེ་མིག་སྦས་པ་དགེ་སློང་སྤོང་བ་པ་དག་ལ་བསྟན་པར་བྱའོ། །གསོ་སྦྱོང་གི་གཞི་ལས་ཞི་


DLL1002_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱི་གསོ་སྦྱོང་གི་སྐབས་སོ། །གཉིས་པ་མཐུན་པའི་གསོ་སྦྱོང་ལ་གཉིས་ལས། སྤྱི་དོན་ནི། ས་ཕྱོགས་གཙང་ཞིང་ཡིད་དུ་འོང་བར་ཁྲི་ལ་སོགས་པའི་སྟེང་དུ་སྟོན་པའི་སྐུ་གཟུགས་མཆོད་པ་དང་བཅས་པ་དང་དཀར་གཏོར་ཆ་བཞི་དང་གནས་མལ་རྣམས་བཤམས་དགེ་འདུན་བསྡུ་བའི་ཕྱིར་གཎྜི་བརྡུང་བར་བྱའོ། །གཎྜིའི་རྒྱུ་ནི། ཙནྡན་བིལ་བ་པ་ལ་ཤ །ཨ་ཤྭད་ཐ་དང་ཙནྡན་དམར། །རྒྱ་སྟར་ཏ་ལ་ཀེང་ཤུ་ཀ །ཤིང་ཤ་པ་དང་ཏ་མ་ལ། །ཨ་མྲ་སྟར་བུ་སྐྱུ་རུ་ར། །ཏིན་ཏི་ས་ར་ཨ་ཤ་ཀང༌། །འདི་དག་ཐམས་ཅད་མེད་ན་ཡང༌། །འོ་སེ་ལས་ནི་འབད་དེ་བྱ། །ཞེས་སོ། །ཚད་ནི་ཆུང་ངུ་སོར་ཚད་ཀྱི། །བརྒྱད་ཅུ་རྩ་བཞི་ཉིད་བྱ་ཞིང༌། །ཞེང་དུ་སོར་དྲུག་བྱ་བ་སྟེ། །དཔངས་སུ་ཡང་ནི་གཉིས་བྱའོ། །སོར་མོའི་ཚིགས་ཀྱི་ཚད་དག་གིས། །ཟུར་བཞིར་ཚད་ནི་གཉིས་པ་ཡིན། །ལེགས་མཉམ་ཉིད་དང་ཤིན་ཏུ་གསལ། །རྩེ་གཉིས་སྦལ་བའི་མགོ་བཞིན་ནོ། །དེ་ནས་རྡུང་བར་བྱེད་པ་ཡང༌། །ཤིང་དེ་ཉིད་ལ་འབད་དེ་བྱ། །སོར་བཅུ་གཉིས་ཀྱི་ཚད་དག་ལ། །ཟླུམ་ཞིང་རྩེ་གཉིས་ནེའུ་ལེ་མགོ །ཆང་ཟུངས་ཚད་ཀྱང་དེ་བཞིན་དེ། །ཤིན་ཏུ་འཇམ་དང་རྩིབས་མཉམ་པར། །ཞེའོ། །གཎྜི་བཞག་པའི་གནས་ནི། སྒོ་ཁང་གི་སྟེང་སོགས་མཐོ་སར་བཞག །བརྡུང་བ་པོ་ནི་དགེ་བསྙེན་ཡན་ཆད་སྡོམ་ལྡན་གྱིས་བརྡུང༌། བརྡུང་བའི་ཚུལ་ནི། ཁང་སྟེང་ལ་སོགས་པ་མཐོ་སར་ཕྱིན་ནས། དང་པོར་དཀོན་མཆོག་ལ་ཕྱག་བྱས་ཤད་ཚ་ལན་གསུམ་བྱས་ནས་རྒྱུད་གསུམ་དང་ཏོག་སྒྲ་ཆེན་པོ་གསུམ་བྱ་བའམ། ཡང་ན་རྒྱུད་གསུམ་དང་ཏོག་གཉིས་བྱ། རྒྱུད་རེ་རེ་ལ་སུམ་ཅུ་རྩ་ལྔ་ལྔ་སྟེ། བརྒྱ་རྩ་བརྒྱད་ཀྱི་ཚུལ་དུ་བྱ་ལ་དེ་ཡང་ཟླ་བ་ཉ་བ་ལྟར་བྱའོ། །ཅིའི་ཕྱིར་གཎྜི་བརྡུང་ཞེས་འདྲི་བ་ལ་གསོ་སྦྱོང་གི་ཕྱིར་རོ་ཞེས་བརྡ་སྤྲད། དགེ་འདུན་རྣམས་ཀྱིས་ཀྱང་ལས་ལ་འདུ་བའི་སྔ་རོལ་ཏུ་རང་རྒྱུད་ལ་


DLL1002_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བརྟགས་ནས་ལྟུང་བ་བཤགས་པར་འོས་པ་རྣམས་བཤགས། བསྡམ་པར་འོས་པ་རྣམས་བསྡམས། བྱིན་གྱིས་བརླབ་པར་འོས་པ་རྣམས་བྱིན་གྱིས་བརླབས་ནས་འདུ། ལས་གྲལ་དུ་ལྟུང་བ་དྲན་ན་དྲུང་ན་འདུག་པའི་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྟེ་ལྟུང་བ་བྱིན་རླབས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། བཙུན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་ལྟ་བུ་ཞིག་དྲན་ཏེ། བདག་ལྟུང་བ་འདི་བཙུན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་ཅིག་བརྗོད། ཐེ་ཚོམ་ཟ་ན། བཙུན་པ་དགོངས་སུ་གསོལ་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་ལྟུང་བ་དེ་བཙུན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ནས་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ། །ཞེས་ལན་ཅིག་བརྗོད། ལས་བྱེད་པ་པོས་ནི་གཞན་ལ་མི་བརྗོད་པར་ཡིད་ཀྱིས་དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་ལྟ་བུ་ཞིག་དྲན་ཏེ་བདག་དགེ་སློང་


DLL1002_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བྱའོ། །སང་ནང་བར་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་བརྗོད། གསོ་སྦྱོང་བཅུ་བཞི་པ་ལ་བཅུ་བཞི་པ་ཞེས་འདོན་པ་བསྒྱུར་རོ། །དེ་ནས་རྒྱུད་ཆགས་གསུམ་པ་བྱ་བའི་ཕྱིར་དགེ་སྐོས་སོགས་གང་ཡང་རུང་བ་ནུས་པ་གཅིག་གིས་སྤྱོད་ལམ་འགྲེང་ཐལ་མོ་སྦྱར་ལུས་བཏུད་ནས་བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ་ཆེ་གེ་མོའི་དྲུང་ནས་གཙོ་མཛད་པའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགུང་ཟླ་ཡར་གྱི་གྲལ་ཚེས་བཅོ་ལྔ་པ་མངོན་དུ་གྱུར་པ་ལགས་ཏེ་གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཞལ་ནས་གསུངས་པའི་མདོ་དང༌། ཚིགས་སུ་བཅད་པ་རེ་བཀའ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། མར་ངོའི་བཅུ་བཞི་པ་དང་བཅོ་ལྔ་པ་ལ་ཡང་འདོན་པ་སྤོའོ། །དེ་ནས་དགེ་འདུན་རྣམས་བཞེངས་ཏེ་མདོ་བཏོན་པའི་རྗེས་སུ་དགེ་བར་གསུངས་ཤིག །སྐར་མ་རབ་རིབ་མར་མེ་དང༌། །ཞེས་སོགས་ཀྱི་ཚིགས་བཅད་འདོན་ནོ། །དེ་ནས་བསྐུལ་བ་པོས་སྤྱོད་ལམ་སྔར་བཞིན་བྱས་ཏེ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དམ་པར་གྱུར་པ། ཆེ་གེ་མོས་གཙོ་མཛད་པའི་དགེ་འདུན་བཙུན་པ་རྣམས་ཐུགས་དམ་གྱི་རིམ་པ་ལ་སྐུ་བསྙེལ་བ་མ་ལགས་པའི་ངང་ནས། དགུང་ངམ་གདུགས་ཀྱི་རིམ་པ་ལ་སྐུ་ཁམས་བདེ་བར་བཞུགས་པ་ལགས་སམ། གཏོར་མ་ཆ་བཞིའི་བྱིན་རླབས་མཛད་པར་ཞུ་ཞེས་བརྗོད། དེ་ནས་ཐམས་ཅད་སྟན་ལ་འདུག་ནས་དཀོན་མཆོག་ཆོས་སྐྱོང་གཞི་བདག་རིགས་དྲུག་རྣམས་ལ་རིམ་པ་བཞིན་བསྔོ། དེ་ནས་བསྐུལ་བ་པོ་སྔར་བཞིན་འགྲེངས་ཏེ་མདོ་འདོན་པ་པོ་ལ། ཐུགས་བརྩེ་བ་ཅན་ཐུགས་བརྩེ་བས་ཉེ་བར་དགོངས་ཏེ་བདག་ཅག་འདིར་འཚོགས་ཤིང་འདིར་འདུས་པ་རྣམས་ལ་


DLL1002_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཟང་པོ་ལ་སོ་སོ་ཐར་པའི་མདོ་དང་ཆོས་བསྒྲགས་པའི་མདོ་རེ་བཀས་གནང་བར་ཞུ་ཞེས་ཞུས་པའི་རྗེས་ལ་མདོ་འདོན་པ་པོས། ཐོག་མར་སྟོན་པ་ལ་ཕྱག་མཛད་པར་ཞུ་ཞེས་བརྗོད་ནས་ཐམས་ཅད་ལངས་ཏེ། དཀོན་མཆོག་གསུམ་ལ་ཕྱག་བྱས་པའི་རྗེས་ལ་ཐམས་ཅད་སྟན་ལ་འདུག་པ་ལ། མདོ་འདོན་པ་པོས་གསོ་སྦྱོང་གི་སྦྱོར་བའི་ཆོ་ག་ལ་ཆོས་བཤད་པ་དང༌། ཉན་པ་ཉམས་སུ་མྱོང་བའི་ཕྱག་ལེན་དུ་ཆོས་བསྒྲགས་པའི་མདོ་རེ་འདོན་པར་གདའ་བས་གསན་པར་ཞུ་ཞེས་བརྗོད་ལ། གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མན་ངྷ་ར་དང་ལྷར་བཅས་གནོད་སྦྱིན་དང༌། །གདེངས་ཀ་ནོར་བུའི་འོད་ཀྱི་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང༌། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་ཡིད་དགའ་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །ལྷ་དང་ལྷ་མིན་མི་དང་མིའམ་ཅི་ཡི་དབང་པོ་དང༌། །བརྒྱ་བྱིན་ལ་སོགས་ཆོས་ཀྱི་མཆོག་ལ་བྱ་བ་བྱས་པ་རྣམས། །སངས་རྒྱས་གསུངས་པ་རབ་ཏུ་ཞི་ཞིང་བདེ་བའི་རྒྱུར་གྱུར་པ། །འདི་དག་བཤད་ཀྱིས་དམ་པའི་ཆོས་མཉན་ཕྱིར་ནི་འདིར་གཤེགས་ཤིག །དེ་བས་རྒྱ་ཆེན་ཡོན་ཏན་རིན་ཆེན་ཟབ་པའི་གཏེར་གྱུར་པ། །དོན་ཆེན་བྱེད་པ་འདི་ལ་མཆོག་ཏུ་དད་ཅིང་གུས་པ་ཡིས། །འདི་བས་ལྷག་པའི་མཉན་བྱ་གཞན་དག་ཅུང་ཟད་ཡོད་མིན་པས། །དབང་པོའི་རྟ་འདི་ལེགས་པར་ཐུལ་ལ་ཐུབ་པའི་གསུང་མཉན་གྱིས། །སྟོན་པའི་ཞལ་ནས་འབྱུང་བ་འཆི་མེད་ལྷ་དང་ཀླུ་སོགས་སྐྱེ་བོའི་ཚོགས་རྣམས་བཀྲ་ཤིས་ཀྱིས། །འབྱུང་གནས་སེམས་ལ་ཞོག་ཅིག་གང་ཕྱིར་འདི་ནི་ལུས་ཅན་ཀུན་གྱི་རྣ་བའི་བདུད་རྩི་དང༌། །ཉོན་མོངས་པ་ཡི་ནད་ཀུན་སེལ་བར་བྱེད་


DLL1002_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན་པས་དེ་དོན་ཡང་དག་བསམ་པར་གྱིས། །རྒྱུ་འདི་རྣམས་ཀྱིས་སངས་རྒྱས་གསུང་དག་སྤྱི་བོས་བླངས་ཏེ་རབ་ཏུ་མཉན་པར་བྱ་བའི་རིགས། །སྟོབས་བཅུའི་ཏིང་འཛིན་ཡེ་ཤེས་མཆེ་བ་ཅན། །གང་ཞིག་སྐྱེ་བའི་རང་བཞིན་གཟེབ་བྲལ་ནས། །མྱ་ངན་འདས་ཤིང་འབྲོག་དགོན་བཞུགས་གྱུར་པ། །སྟོན་པ་གླང་པོ་དེ་ལ་ཕྱག་འཚལ་ལོ། །གང་གིས་ཐུགས་བརྩེ་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་པའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོའུ་ཏཾ་དེ་ལ་ཕྱག་འཚལ་ལོ། །གང་གིས་འཆིང་རྣམས་ཡང་དག་རབ་བཅད་ཅིང༌། །མུ་སྟེགས་ཚོགས་རྣམས་ཐམས་ཅད་རབ་བཅོམ་སྟེ། །སྡེ་དང་བཅས་པའི་བདུད་ནི་རབ་བཏུལ་ནས། །བྱང་ཆུབ་མཆོག་བརྙེས་དེ་ལ་ཕྱག་འཚལ་ལོ། །ཉི་མའི་འོད་ཟེར་དག་གིས་པདྨོ་ཁ་འབྱེད་ལྟར། །གསུང་གི་འོད་ཟེར་དག་གིས་འཇིག་རྟེན་སད་པར་མཛད། །སྟོན་པ་ཤཱཀྱ་ཐུབ་པ་སྒྲོན་མེ་ཐུགས་རྗེ་ཅན། །མྱ་ངན་འདས་སྟོན་གང་ཡིན་དེ་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་བསྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་པ་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་ཁྱེད་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་མང་པོའི་ཚོགས་མངའ་ཞིང༌། །མཚན་རབ་ཡེ་ཤེས་ཡོངས་སུ་དག་པའི་སྐུ། །གསེར་གྱི་མདོག་ཅན་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ།། །།

ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ།


DLL1002_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤཱི་ལ་སཾ་ཡུཀྟ་སཱུ་ཏྲ། བོད་སྐད་དུ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་


DLL1002_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤེས་པ་ནི་འགྲིབ། སྲོག་ནི་འཆད། ཚེའི་འདུ་བྱེད་ནི་འདོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་འགྲུས་དང་བརྟུལ་པ་བརྟན་པོས་སྒྲུབ་པར་མི་བྱེད། མིའི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ན་དེ་ཐོབ་ནས་དེས་རྙེད་པའི་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་བ་ཡང་རྙེད་ནས་ཐར་པའི་དོན་དང་མི་མཐུན་པ་དག་གིས་བསླུས་ཏེ་སྡུག་བསྔལ་བར་གྱུར་ཏ་རེ། དགེ་སློང་དག་སྲོག་དང་བྲལ་ཞིང་ཤི་བ་ནི་སླའི། ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི། ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་པར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་ནི་སྐྱེ་བ་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །དེའི་ཕྱིར་སྟོན་པས་ཚུལ་ཁྲིམས་རབ་བསྔགས་བཤད། །ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག། ཚུལ་ཁྲིམས་ལྡན་པ་དྲི་དང་བྱུག་པ་ཡིན། །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་གདུང་བ་བསིལ་བའི་ཆུ། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཚུལ་ཁྲིམས་དག་གིས་འགྲོ་བ་དམ་པ་མནོས། །ཇི་ལྟར་སྦྲུལ་གདུག་ཀླུ་ཆེན་ནག་པོ་ཡང༌། །ཚུལ་ཁྲིམས་ལྡན་ལ་གནོད་མེད་གཞན་ཅི་སྨོས། །ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་ཐོབ། །ཇི་ལྟར་མིག་མེད་གཟུགས་མཐོང་མི་རུང་ལྟར། །དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང༌། །ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། །དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། །


DLL1002_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང༌། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་བ་དེ། །ཕྱིས་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར། །རྣ་བས་མ་ཐོས་མིག་སྔར་མ་མཐོང་ཡང༌། །བསྟན་བསྲུང་མི་དེ་མཐོ་རིས་འགྲོ་བར་འགྱུར། །ཐོས་མང་ཐོས་ལྡན་ཐོས་བསྲུང་མཐོ་རིས་ཉིད། །བུད་མེད་བསྟེན་དུ་ག་ལ་རུང༌། །རྒྱལ་པོའི་ཕོ་བྲང་ག་ལ་དགའ། །ལྦུ་བ་སྙིང་པོ་ག་ལ་ཡོད། །ལོངས་སྤྱོད་རྟག་པ་ག་ལ་ཡོད། །བུད་མེད་དག་ལ་རུང་བ་མེད། །རྒྱལ་སྲིད་དག་ལ་དགའ་བ་མེད། །ལྦུ་བ་དག་ལ་སྙིང་པོ་མེད། །ལོངས་སྤྱོད་དག་ལ་རྟག་པ་མེད། །ལོངས་སྤྱོད་དག་ནི་འབབ་ཆུ་བཞིན། །གྲུ་དེ་ཅི་འདྲ་ཁྱིམ་དེ་འདྲ། །མེ་ཏོག་ཅི་འདྲ་གཟུགས་དེ་བཞིན། །སྲོག་ནི་ཆུ་བུར་འདྲ་བ་ཡིན། །བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་ནས་ཉེ་བར་འཁོར་ལ་སོགས་པའི་དགེ་སློང་དེ་དག་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། །གོ་འཕང་ཐོབ་ནས་སྐྱོན་གྱི་དགྲ་བཏུལ་ཏེ། །རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །དེ་ནས་སྟན་ལ་འདུག་ལ་སྤྱི་བཤགས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཚེ་འཁོར་བ་ཐོག་མ་མ་མཆིས་པ་ནས། ད་ལྟ་ལ་ཐུག་གི་བར་དུ་ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང༌།


DLL1002_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མ་མཆིས་པར་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ་སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང་བགྱིད་དུ་སྩལ་བ་དང་གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང༌། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་བར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་བར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ་ཞེས་གསུམ་བརྗོད་ལ་གནས་བརྟན་གྱིས་མཐོང་སྡོམ་ལན་གསུམ་དུ་དྲི་མཇུག་ཏུ་ཐབས་ལེགས་བརྗོད། དགེ་སློང་གཞན་ཞིག་གིས་ཀྱང་གནས་བརྟན་ལ་མཐོང་སྡོམ་དྲི་ཞིང་ཐབས་ལེགས་བརྗོད། དགེ་ཚུལ་གྱི་གསོ་སྦྱོང་བྱ་བ་ནི། དགེ་སློང་འོས་པ་ལ་ཕྱག་གསུམ་བཙལ་ནས་གསོ་སྦྱོང་ལ་ཐུགས་གཏད་པར་


DLL1002_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་ཞེས་དགེ་སློང་རེའི་མདུན་དུ་གསུམ་མན་ཆད་འདུག་སྟེ། གནས་བརྟན་སོགས་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ན། བདག་དགེ་ཚུལ་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆི་ན་བདག་ཡོངས་སུ་དག་པར་གནས་བརྟན་སོགས་ཀྱིས་གཟུང་དུ་གསོལ། ཞེས་ལན་གསུམ་བརྗོད་ནས་ཐབས་ལེགས་བྱའོ། །དེ་ནས་དགེ་ཚུལ་རྣམས་ལས་མི་ཐོས་པའི་སར་བཀར་ནས་མདོ་འདོན་པ་པོས་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་གཉིས་ལས། ཐོག་མར་ཡུལ་དུས་ཀྱི་སྟོབས་ཀྱིས་བཤགས་པར་མ་ནུས་པའི་ལྟུང་བ་ཐུན་མོང་པ་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབ་པར་བགྱི་བས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་གི་འཕྲིན་ལས་ལགས་ལ། བདག་ཅག་དགེ་འདུན་ཐམས་ཅད་ནི་ལྟུང་བ་དང་བཅས་པར་གྱུར་ན། གང་གི་མདུན་དུ་བདག་ཅག་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱི་བ་བདག་ཅག་ལས་དགེ་སློང་འགའ་ཞིག་གནས་གཞན་དུ་མཆིས་ལ་དགེ་སློང་གི་མདུན་དུ་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིད་བར་སྤྲོ་བ་སུ་ཡང་མ་མཆིས་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དེང་ལྟུང་བ་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་མཛད་ལ་སླད་ཀྱིས་དགེ་སློང་གི་མདུན་དུ་ལྟུང་བ་དེ་དག་སླར་མཛད་དོ། །འདི་ནི་གསོལ་བའོ། །སྔར་གནས་ལ་བློ་མཐུན་བྱས་པ་ཞིག་པའམ། མ་བྱས་པ་ཡིན་ན་གནས་ལ་བློ་མཐུན་གསོལ་གཉིས་ཀྱི་ལས་ཀྱིས་བགྱི་བ་ལས་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།


DLL1002_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིའོ། །འདི་ནི་གསོལ་བའོ། །ལས་བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བཞེད་དེ་དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི། དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་ན། ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་གསོ་སྦྱོང་གི་གནས་སུ་བློ་མཐུན་པར་བགྱིས་ལགས་ཏེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད། གྲུབ་པ་ནི་བྱ་སྐྱིབས་སོགས་སྐྱེས་བུའི་རྩོལ་བས་མ་བྱས་


DLL1002_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་གྲུབ་པའོ། །བགྱིས་པ་ནི་སྐྱེས་བུའི་རྩོལ་བས་མངོན་པར་བསྒྲུབ་པའོ། །ལགས་པ་ནི་བྱ་བ་བྱེད་པའི་གནས་ལ་སོགས་པ་རུང་བ་སྟེ་གནས་རྫོགས་པར་ཟིན་པའོ། །ཆོ་གའི་ཚེ་དེ་གསུམ་སྐབས་སུ་གང་བབ་ཅིག་བརྗོད་པ་ཡིན་གྱི་གསུམ་ག་བརྗོད་མི་དགོས་སོ། །དེ་ནས་དངོས་གཞི་ལ། སོ་སོར་ཐར་པ་ལ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་དང༌། རང་ཉིད་ལ་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའི་འདུ་ཤེས་དང༌། ཚུལ་འདི་ལྟ་བུ་ལ་བརྟེན་ནས་ཀྱང་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་འདུ་ཤེས་གསུམ་གསལ་བཏབ་ནས་གསན་པར་ཞུ།། །།རྒྱ་གར་སྐད་དུ། པྲ་ཏི་མོཀྵ་སུ་ཏྲ། བོད་སྐད་དུ། སོ་སོར་ཐར་པའི་མདོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སྙན་པའི་བ་དན་འཇིག་རྟེན་གསུམ་དུ་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་བསྒྲགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པ། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ཏེ། །ཐམས་ཅད་མཁྱེན་པའི་བསླབ་གཞི་དཀོན་མཆོག་སྣོད། །འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །སངས་རྒྱས་འདུལ་བ་གངས་ཆེན་མཚོ། །གཏིང་མཐའ་མེད་པ་ཐམས་ཅད་ཀྱི། གནས་པའི་སྙིང་དང་སྙིང་པོ་ནི། །སོ་སོར་ཐར་པ་འདི་ཡིན་ནོ། །འདི་ནི་དམ་ཆོས་རྒྱལ་པོ་ཡི། །ཆོས་ཀུན་གྱི་ནི་འདྲེན་པ་མཆོག །འདི་ནི་དགེ་སློང་ཚོང་ཚོགས་ཀྱི། །བསླབ་ཟོང་ཚོང་ཁང་ཆེན་པོ་ཡིན། །ཚུལ་ཁྲིམས་འཆལ་བས་ཟིན་རྣམས་ཀྱི། །སྡུག་པ་རྣམ་སེལ་སྨན་འདི་ཡིན། །འདི་ནི་ལང་ཚོས་རྣམ་འཕྲུལ་བའི། །རྐང་གཉིས་གཞོན་ནུའི་ལྕགས་ཀྱུ་ཡིན། །མཚོ་བས་ཟབ་པའི་འཁོར་བ་ལས། །སྒྲོལ་བའི་བརྒལ་ཐབས་འདི་ཡིན་ནོ། །འདི་ནི་བཟང་འགྲོར་འགྲོ་བ་ཡི། །ཉེས་པའི་ཆུ་ལོན་ཟམ་


DLL1002_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡིན། །འདི་ནི་ཉོན་མོངས་ཕམ་བྱེད་ལམ། །རྒྱལ་པོ་ཡི་ནི་འདྲེན་པ་མཆོག །འདི་ནི་ཐར་པའི་གྲོང་འཇུག་པའི། །ཐེམ་སྐས་གཞི་དང་འདྲ་བར་གནས། །ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །རང་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཡང༌། །འཇིག་རྟེན་དག་ན་རབ་ཏུ་དཀོན། །མི་ཉིད་རྙེད་པར་ཤིན་ཏུ་དཀའ། །རབ་ཏུ་བྱུང་བའང་ཤིན་ཏུ་དཀོན། །དེ་བཞིན་རབ་ཏུ་བྱུང་རྣམས་ཀྱི། །ཚུལ་ཁྲིམས་ཕུན་སུམ་ཚོགས་རབ་དཀོན། །ཚུལ་ཁྲིམས་ཡོངས་སུ་དག་གྱུར་ཀྱང༌། །གྲོགས་བཟང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་འཇིག་རྟེན་འབྱུང་བ་དང༌། །མི་དང་རབ་ཏུ་བྱུང་བ་དང༌། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང༌། །གྲོགས་བཟང་རྙེད་དཀའ་རྙེད་གྱུར་ནས། །མཁས་པ་བདག་ལ་ལེགས་འདོད་ཅིང༌། །དེ་དག་འབྲས་བཅས་བྱེད་འདོད་པས། །སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར། །མཉན་པའི་ཕྱིར་ནི་འབད་པར་བྱ། །དགེ་སློང་དབང་དུལ་ཀུན་དབང་པོ། །སངས་རྒྱས་མི་འགྱུར་རང་བྱུང་བ། །ངེས་པར་ཐར་པ་འདོད་རྣམས་ཀྱིས། །སོ་སོར་ཐར་པ་རྟག་ཏུ་སྲུངས། །བསྐལ་པ་བྱེ་བ་རྣམས་སུ་ཡང༌། །སོ་སོར་ཐར་པ་ཐོས་པ་དང༌། གཟུང་དང་འཛིན་པ་རྙེད་དཀའ་སྟེ། །སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ། །སངས་རྒྱས་རྣམས་ནི་འབྱུང་བ་བདེ། །ཆོས་བསྟན་པ་ཡང་བདེ་བ་ཡིན། །དགེ་འདུན་མཐུན་པ་བདེ་བ་སྟེ། །མཐུན་པ་རྣམས་ཀྱི་དཀའ་ཐུབ་བདེ། །འཕགས་པ་རྣམས་ནི་མཐོང་བ་བདེ། །དམ་པ་དག་དང་འགྲོགས་པ་བདེ། །བྱིས་པ་རྣམས་ནི་མ་མཐོང་ན། །རྟག་ཏུ་བདེ་བ་ཉིད་དུ་འགྱུར། །ཚུལ་ཁྲིམས་ལྡན་པ་མཐོང་བ་བདེ། །མང་དུ་ཐོས་པ་མཐོང་བ་བདེ། །ཡང་སྲིད་རྣམ་པར་གྲོལ་བ་ཡི། །དགྲ་བཅོམ་པ་དག་མཐོང་བ་བདེ། །འཇུག་དོགས་བདེ་བའི་ཆུ་ཀླུང་བདེ། །ཆོས་ལ་གོམས་


DLL1002_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྱེ་བོ་བདེ། །ཤེས་རབ་ཐོབ་པར་གྱུར་པ་བདེ། །ངའོ་ང་རྒྱལ་ཟད་པ་བདེ། །ངེས་པར་བྱས་ཤིང་དབང་པོ་དུལ་བ་དག །དགོན་པ་ཞི་བ་རྣམས་སུ་རྒས་གྱུར་དང༌། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཚེ་དང་ལྡན་པ་དག་སོས་ཀ་རྣམས་ཀྱི་འདས་པ་དང་ལྷག་མ་ཅི་ཙམ་པ་དེ་ཙམ་མོ། །ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང༌། གཞན་ཡང་གང་དག་དེ་ལྟ་བུ་དང་མཐུན་པ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱིས་དགེ་འདུན་ནི་དོན་ཉུང་བ་བྱ་བ་ཉུང་བ་ཡིན་ན། དགེ་འདུན་གྱི་ཐོག་མར་བྱ་བ་ཅི་ཡོད། ཚེ་དང་ལྡན་པ་དག་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་བརྗོད་པར་བྱའོ། །ཤཱཀྱ་སེངྒེ་དེ་ལ་ནི། །སོར་མོ་བཅུ་ཡིས་ཐལ་སྦྱར་ཏེ། །སོ་སོར་ཐར་པ་གདོན་པར་བྱ། །འདུལ་བའི་དོན་དུ་ང་ལས་ཉོན། །ཐོས་ནས་དྲང་སྲོང་ཆེན་པོ་ཡིས། །ཇི་སྐད་གསུངས་བཞིན་བསྒྲུབ་བྱ་ཞིང༌། །ཁ་ན་མ་ཐོ་ཕྲ་རྣམས་ལ། །བརྟུན་ཞིང་བྱེད་པ་ཉིད་དུ་གྱིས། །རྟག་ཏུ་འབད་པས་བདའ་བ་ཡི། །སེམས་རྟ་ཁ་གླན་དཀའ་བ་ལ། །མཐུན་པའི་གཟེར་རྣོན་བརྒྱ་བ་ཡི། །སྲབ་ནི་སོ་སོར་ཐར་འདི་ཡིན། །ཆེ་བ་གང་དག་ངག་ཙམ་གྱིས། །ལྡོག་ཅིང་མཚམས་ལས་མི་འདའ་བ། །དེ་དག་མི་རྟ་བཟང་པོ་སྟེ། །ཉོན་མོངས་གཡུལ་ལས་ངེས་རྒྱལ་འགྱུར། །སུ་ལ་སྲབ་འདི་མེད་པ་དང༌། །ནམ་དུའང་འདོད་པར་མི་འགྱུར་བ། །དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས། །འཇོག་བྲལ་རྣམ་པར་འཁྱམ་པར་འགྱུར། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།


DLL1002_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་གྱིས་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་ཏོ། །འདི་ནི་གསོལ་བའོ། །ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ་སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེ་མཐོལ་ཞིག །ལྟུང་བ་མེད་ན་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་ཡོངས་སུ་དག་པར་རིག་པར་བྱའོ། །དེ་ལྟར་སོ་སོར་དྲིས་ནས་དགེ་སློང་གིས་ལན་བཏབ་པ་དེ་བཞིན་དུ་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །ཡང་དགེ་སློང་གང་དགེ་སློང་གི་འཁོར་འདི་ལྟ་བུར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི། བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས། ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་མཐོལ་བར་བྱའོ། །མཐོལ་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་གླེང་གཞི་བཏོན་ཟིན་ཏོ། །དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་འདྲིའོ། །ཚེ་དང་ལྡན་པ་དག་འདི་ལྟར་ཡོངས་སུ་དག་ན་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །སླད་མ་ཕམ་པར་འགྱུར་བའི་ཆོས་བཞི་དང་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་མ་ངེས་པའི་ཆོས་གཉིས་དང་སྤང་བའི་ལྟུང་


DLL1002_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱི་ཆོས་སུམ་ཅུ་དང༌། འབའ་ཞིག་པ་དགུ་བཅུ་དང༌། སོ་སོར་བཤགས་པའི་ཆོས་བཞི་དང༌། བསླབ་པར་བྱ་པའི་ཆོས་མང་པོ་དང༌། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་བས་སྔར་གསན་པའམ་ཕྱིས་ཀྱང་གསན་པར་འགྱུར་རོ། །སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་དང༌། གཞན་ཡང༌། སྐབས་དང་བསྟུན་པའི་བསྔོ་བ་སྨོན་ལམ་དང་ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་པོའི་མིང་ནས་སྨོས་པའི་བསྔོ་བ་སྨོན་ལམ་ཡང་བྱའོ། །གསོ་སྦྱོང་བྱིན་གྱིས་རློབ་ཚུལ་དང༌། བཅུ་བཞི་པ་ནམ་གྱི་ཚེ་འབྱུང་ཚུལ་ལ་སོགས་པ་འོག་ཏུ་འཆད་པར་འགྱུར་རོ། །གཉིས་པ་གཞུང་གི་དོན་ལ་གསུམ། གང་དུ་གསོ་སྦྱོང་བྱ་བ་གནས་ཀྱི་སྐབས། གང་དག་དང་བྱ་བ་ཚོགས་པའི་སྐབས། ཇི་ལྟར་བྱ་བ་ཆོ་གའི་སྐབས་སོ། །དང་པོ་ལ་གསུམ། བློ་མཐུན་པར་བྱེད་པའི་དགེ་འདུན་གྱི་གནས་དང༌། མཚམས་བཅད་པའི་གནས་དང༌། མཚམས་མེད་པའི་གནས་སོ། །དང་པོ་ནི། གང་དུ་གསོ་སྦྱོང་བྱ་བའི་གནས་ལ་དགེ་འདུན་གྱི་གསོལ་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱ་སྟེ། དེ་མ་བྱས་པའི་ཉེས་པ་མི་འབྱུང་བ་དང༌། ལས་ཀྱི་གནས་སུ་ཅ་ཅོ་མི་འབྱུང་བའི་ཕྱིར་རོ། །འདིའི་འཇིག་རྒྱུ་ནི། ལས་ཀྱིས་བཤིག་པ་དང༌། དགེ་སློང་དང་བྲལ་བ་དང༌། རེ་བ་མེད་པའོ། །གནས་ཇི་ལྟ་བུ་ལ་བློ་མཐུན་བྱ་ཞེ་ན། གནས་ཐམས་ཅད་བསྐལ་པ་འཆགས་པའི་ཚེ་རང་གྲུབ་


DLL1002_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། དེའི་འོག་ཏུ་གཏི་བ་ཆད་པ་ལ་སོགས་པས་རང་གྲུབ་པ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་སོགས་པ་ལྟ་བུའམ། བྱས་པ་སྐྱེས་བུའི་རྩོལ་བས་བྱས་པའམ། ཟིན་པ་བྱ་བ་བྱེད་པའི་གནས་སུ་རུང་བ་ལ་བློ་མཐུན་བྱའོ། །རེད་མདའ་བ་ན་རེ། གསོ་སྦྱོང་ནི་དུས་རྟག་ཏུ་བྱ་བའི་ལས་ཡིན་པས། དེ་ལ་གནས་ཀྱི་བློ་མཐུན་དགོས་ཀྱི་ལས་གཞན་ནི་དུས་ངེས་པ་མེད་པའི་ཕྱིར་བློ་མཐུན་མི་དགོས་སོ། །དེས་ན་བསྙེན་རྫོགས་ལ་བློ་མཐུན་བྱེད་པ་རྣམས་མ་དག་པར་མངོན་ཏེ། དེ་ལྟ་ན་ལས་བརྒྱ་རྩ་གཅིག་པོ་ཐམས་ཅད་ལ་བློ་མཐུན་བྱ་དགོས་པ་ཧ་ཅང་ཐལ་བའི་ཕྱིར་རོ། །ཞེས་དང༌། གནས་བྱས་པ་གཙུག་ལག་ཁང་སོགས་དང༌། ཟིན་པ་ནེའུ་གསིང་ལ་སོགས་པ་ཡིན་གསུངས་པ་ནི་འཐད་པར་མ་གོའོ། ། གནས་དེ་ཡང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་ལྡན་པ་ཚུན་ཆད་དང་ལྡན་པའོ། །ཅི་མི་འདོད་བཞིན་དུ་ཡང་བློ་མཐུན་བྱ་འམ་ཞེ་ན། གནས་དེ་གསོ་སྦྱོང་གི་གནས་སུ་དགེ་འདུན་བློ་མཐུན་པར་འདོད་ན་བྱའོ། །གནས་དེར་གསོ་སྦྱོང་ལས་གཞན་པའི་ལས་མི་བྱའམ་སྙམ་ན། དགག་དབྱེ་ལ་སོགས་པ་ལས་གཞན་གྱི་གནས་ཀྱང་གསོ་སྦྱོང་གི་གནས་དེ་ཡིན་ནོ། །གཉིས་པ་ལ་གཉིས། ལས་ཀྱི་མཚམས་དང༌། རྩིག་པའི་མཚམས་སོ། །དང་པོ་ནི། སྲ་བ་དང་འབྲེལ་བ་མཚམས་གཞན་མིན་པ་སྔར་བཅད་ལ་མ་ཞིག་པ་མིན་པར་གནས་དེའི་ཕྱོགས་བཞིའི་མཚམས་འདི་ཚུན་ཆད་གནས་ཀྱི་ཁོངས་སུ་གཏོགས་ལ་ཕན་ཆད་མི་གཏོགས་པར་གསོལ་གཉིས་ཀྱི་ལས་ཀྱིས་གཅད་པར་བྱ་སྟེ། ལས་ལ་མི་འདུ་བ་དགག་པ་དང༌། གསོ་སྦྱོང་ལ་སོགས་པ་མཚམས་པོ་ཆེའི་སྟེང་དུ་བྱ་བར་གསུངས་པ་དང་མི་འགལ་བ་དང༌། མི་འབྲལ་བའི་གནང་བ་འཆགས་པ་དང༌། རྙེད་པ་དང་དབྱར་དང་སྲ་བརྐྱང་འདིང་བ་དང༌། གནས་མེད་ཀྱི་ཉེས་པ་ཁེགས་པའི་གནས་གཅིག་ཏུ་འགྱུར་བའི་དགོས་པ་ཡོད་པའི་ཕྱིར་རོ། །འཇིག་རྒྱུ་ནི་ལྔ་སྟེ། མཚམས་


DLL1002_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འབྱུང་བ་དང༌། ལས་ཀྱིས་གཞིག་པ་དང༌། དགེ་སློང་དང་བྲལ་བ་དང༌། རེ་བ་མེད་པ་དང༌། མཚན་མ་ཞིག་པའོ། །ཚད་ཇི་ཙམ་དུ་མཚམས་བཅད་ཅེ་ན། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུ་གང་འོས་པར་བཅད་དོ། །ཇི་ལྟར་གཅད་པར་བྱ་ཞེ་ན། ཕྱོགས་ཕྱོགས་སུ་ཕ་བོང་དང་རྩིག་པ་དང་ཀ་བ་དང་ཤིང་ལྗོན་པ་དང༌། ར་བ་དང་བྱ་སྐྱིབས་དང་ལམ་པོ་ཆེ་དང་ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་ཡུལ་དེ་ན་གནས་པའམ་གཉུག་མར་གནས་པ་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་ཕ་བོང་ལ་སོགས་པའི་མཚན་མ་བརྟན་པོ་ཡུན་རིང་དུ་གནས་པ་བརྗོད་དེ། དེའི་འོག་ཏུ་མཚམས་བཅད་པའི་ལས་བྱའོ། །མཚམས་བཅད་པའི་གནས་དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་བྱས་ན་ཆོས་གོས་དང་མི་འབྲལ་བར་འགྱུར་གྱི་མཚམས་བཅད་པ་ཙམ་གྱིས་མི་འབྲལ་བ་མིན་ནོ། །དེས་ན་གནས་དེར་ཆོས་གོས་དང་མི་འབྲལ་བའི་གནང་བ་དེ་སྦྱིན་པར་བྱ་སྟེ་རྟགས་མ་བསྲུངས་པའི་ཉེས་པ་མི་འབྱུང་བ་དང༌། མཚམས་ནང་དུ་ཆོས་གོས་བགོ་མི་དགོས་པས་རེག་པར་གནས་པའི་ཕྱིར་རོ། །གང་ཟག་རྫོགས་པའི་སྡོམ་ལྡན་མཚམས་དེར་གནས་པ་སྔར་གནང་བ་བྱས་ཟིན་པ་མིན་པ་སྟེ། ཞུ་ཊཱིཀ་ཏུ། འདི་ནི་རྒས་པ་དང༌། ནད་བུ་ཅན་ལ་སྦྱིན་པ་མ་ཡིན་གྱི་འོན་ཀྱང་སྤྱིར་ཏེ་འདི་ལྟར་དགེ་སློང་དེ་དག་ཁྱེར་བས་སྐྱོ་བར་གྱུར་བ་དང་གནང་བ་བྱ་བར་གསུངས་པའི་ཕྱིར་རོ་ཞེས་སོ། །དངོས་པོ་ནི་ཆོས་གོས་གསུམ་སྟེ། ཊཱིཀྐར། ཆོས་གོས་དག་དང་འབྲལ་བར་མི་འགྱུར་ཞེས་དང༌། ཚིག་ལེར། ཆོས་གོས་གསུམ་པོ་མེད་པར་ཡང༌། །སྡོམ་བརྩོན་མཚམས་འདིར་གནས་རུང་སྟེ། །གྲོང་དང་དེ་ཡི་ཉེ་འཁོར་དག །མ་གཏོགས་གཞན་དུ་ཅི་བདེར་རོ། །ཞེས་གསུངས། གནས་ནི། ལས་མཚམས་དང་རྩིག་མཚམས་ཅི་རིགས་པར་རོ། །ཆོ་ག་གསོལ་གཉིས་ཀྱི་ལས་སོ། །སྔར་མཚམས་པོ་ཆེ་བཅད་ཟིན་ནས། དེའི་འོག་ཏུ་གསོ་སྦྱོང་འབའ་ཞིག་ཏུ་མ་ཟད་


DLL1002_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་བ་དང་ལྡན་པའི་ལས་ཐམས་ཅད་ཀྱི་ཆེད་དུ་གསོལ་གཉིས་ཀྱི་ལས་ཀྱིས་མཚམས་བུ་ཆུང་བཅད་ཅིང་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ། །ཧ་ཅང་འདུ་བ་ཐལ་ཆེ་བས་བྱ་བ་ཉམས་པར་འགྱུར་པ་སྤང་བའི་ཕྱིར་རོ། །ཚད་དགེ་སློང་བཞི་བཅུའི་གདིང་བ་ཤོང་བ་ཕན་ནས་སྐད་ཐ་མལ་ཐོས་པ་ཚུན་ཆད་དོ། །ཞུ་བར། མཚམས་ཆེན་པོའི་ཚད་ཇི་ལྟ་བུ་ལགས། ཨུ་པ་ལི་དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུན་ཆད་ནི་ཐམས་ཅད་ཀྱང་ཆུང་ངུ་སྟེ། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུར་སྐོང་བ་ཤོང་བའོ་ཞེས་གསུངས། སྔ་མ་མཚམས་པོ་ཆེ་བཅད་པ་དགྲོལ་ཞིང་བག་ཡངས་སུ་མ་བྱས་པར་ཕྱོགས་དེ་ཉིད་དུ་མཚམས་བུ་ཆུང་བཅད་པ་གཞན་མི་འཆགས་སོ། །དེའི་ཕྱིར་མཚམས་བུ་ཆུང་གཅོད་པར་འདོད་ན་དགེ་འདུན་གྱིས་སྔར་གྱི་མཚམས་ཆེན་པོ་བཅད་པ་དག་དགྲོལ་བར་བྱའོ། །མཚམས་གཉིས་ཀར་དགེ་འདུན་བཀོད་ནས་དེ་གཉིས་ཤིང་ངམ་རེ་ལྡེ་ལྟ་བུས་མནན་པའི་སྟེང་དུ་ལས་བྱེད་པ་པོ་འདུག་སྟེ། ཅིག་ཅར་དུ་གསོལ་བ་དང་གཉིས་ཀྱི་ལས་དང་གསོལ་བཞིའི་ལས་ཀྱིས་རིམ་པ་བཞིན་དུ་ཚིག་གཅིག་གིས་མཚམས་གཉིས་པ་བཅད་པ་དང་འགྲོལ་དུ་རུང་ངོ༌། །ལས་བྱེད་པ་པོས་མཚམས་གཉིས་ཀའི་དགེ་འདུན་གྱི་ཁ་སྐོང་དུའང་རུང་སྟེ། གླེང་གཞིར། བཙུན་པ་ལས་བགྱིད་པ་གཅིག་གིས་ལས་ཀྱི་ཚིག་ཀྱང་གཅིག་གསོལ་བ་ཡང་གཅིག་གིས་གནས་བཞིར་སྡེ་བཞི་ལ་ལས་བགྱིར་རུང་ངམ། ཨུ་པ་ལི་རུང་སྟེ་གནས་བཞིར་དགེ་སློང་གསུམ་གསུམ་གནས་ལ་གསོལ་བ་དང་ལས་ཀྱང་མངོན་དུ་འགྱུར་ལ། གསོལ་བ་བྱེད་པའི་དགེ་སློང་གིས་གནས་བཞིའི་མཚམས་སུ་སབ་མོའམ་རེ་ལྡེའམ་ཁྲིའམ་གཞན་དག་ཀྱང་རུང་སྟེ་དེས་མནན་ཏེ་དེའི་སྟེང་དུ་འདུག་ནས་ལས་བྱའོ། །ལས་བྱེད་པ་དེ་ཉིད་དེ་དག་གི་གྲངས་སུ་སྐོང་བའོ་ཞེས་སོ། །གཉིས་པ་ནི། ལས་ཀྱི་མཚམས་མ་བཅད་


DLL1002_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནས་སུ་ནི་ལས་བརྒྱ་རྩ་གཅིག་པོར་མ་ཟད་ཀྱི། འདུལ་བ་དང་ལྡན་པའི་ལས་དབྱར་གྱི་གནས་དང༌། རྙེད་པ་བགོ་བ་དང༌། ཤི་བའི་ཡོ་བྱད་བྱིན་གྱིས་བརླབས་པ་ཡན་ཆད་ཀྱི་ལས་ལ་རྩིག་པ་མཚམས་ཡིན་ནོ། །རྩིག་པས་མ་བསྐོར་བའི་གནས་ལ་ནི་གནས་ཁང་གི་ལྦ་ཁ་ནས་ཆུ་འཛག་པ་གང་དུ་འབབ་པ་ཚུན་ཆད་ཀྱང་མཚམས་སུ་གཏོགས་པ་ཡིན་ནོ། །གྲོང་ལ་ནི། སྔར་འབྲལ་སྤང་གི་སྐབས་སུ་བསྟན་པའི་ཉེ་འཁོར་གྱི་མཐའ་ཚུན་ཆད་ལས་ཀྱི་མཚམས་ཡིན་ནོ། །གསུམ་པ་ནི། དགོན་པ་ལ་ནི་དབུས་ནས་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་མཚམས་ཡིན་ནོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་གནས་ཀྱི་སྐབས་སོ། །གཉིས་པ་ཚོགས་པའི་སྐབས་ལ་གསུམ་མཐུན་པས་ལས་ཇི་ལྟར་བྱ་བ་དང༌། མི་མཐུན་པའི་མཚན་ཉིད་ཉེས་པ་དང་བཅས་པ་དང༌། མཐུན་པ་བསྒྲུབ་པའི་བྱ་བ་གཞན་བསྟན་པའོ། །དང་པོ་ལ་གཉིས། འདུན་པ་འབུལ་བ་དོགས་གཅོད་དང་བཅས་པ་དང༌། ཡོངས་དག་འབུལ་བ་བསླབ་བྱ་དང་བཅས་པའོ། །དང་པོ་ནི། ལས་ལ་མཐུན་པ་འགྲུབ་པ་ལ་ལུས་ཀྱིས་ལས་གྲལ་དུ་འདུས་པ་ངེས་པར་དགོས་སམ་ཞེ་ན། དགེ་འདུན་གྱི་ལས་དེ་ལ་འདུན་པ་འབུལ་བ་ལས། འདུན་པ་འབུལ་བའི་གང་ཟག་དེ་དང་ལས་བྱེད་པའི་དགེ་འདུན་དེ་བློ་མཐུན་པ་འགྲུབ་བོ། །ཐམས་ཅད་དུ་འགྲུབ་བམ་ཞེ་ན། མཚམས་བཅད་པའི་ལས་ལ་ནི་འདུན་པ་ཕུལ་བས་མཐུན་པ་མི་འགྲུབ་སྟེ། མི་འདུ་བ་དགག་པའི་ཕྱིར། མཚམས་གཅོད་པ་ཡིན་པས་དེ་ལ་ལུས་ཀྱིས་མི་འདུ་བ་མི་རིགས་པའི་ཕྱིར་རོ། །ནི་ཞེས་པས་དེ་ལས་གཞན་པའི་ལས་ཐམས་ཅད་ལ་མཐུན་པ་འགྲུབ་སྟེ། ཉེ་བར་འཁོར་ལས་ཐམས་ཅད་འདུན་པ་དང་བཅས་པ་ཡིན་ཏེ། མཚམས་གཅོད་པ་ནི་མ་གཏོགས་སོ་ཞེས་གསུངས། འགྲུབ་པར་བསྟན་པའི་དགོས་པ་ནི། ངེས་པར་ལུས་ཀྱིས་འདུ་དགོས་པའི་དོགས་པ་བསལ་བ་དང༌། རེག་པར་གནས་


DLL1002_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང༌། སྲ་བརྐྱང་གདིང་དབྱུང་ཡང་འགྲུབ་པའོ། །ཁ་སྐོང་པར་འོས་པ་ཁོ་ན་ལ་འདུན་པ་བླང་ངམ་ཞེ་ན། བསླབ་པ་བྱིན་པ་ལས་འདུན་པ་དེ་བླང་དུ་རུང་ངོ༌། །སུ་ལ་རུང་ཞེ་ན། བསླབ་པ་བྱིན་པ་དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་བཞག་པ་དེ་ལ་བསླབ་བྱིན་དེ་ལས་འདུན་པ་བླང་དུ་རུང་ངོ༌། །དགེ་སློང་གི་འདུ་ཤེས་བཞག་པའི་དོན་ནི། ལྟུང་བ་བྱུང་ནས་ཕྱིར་འཆོས་པ་ཡང་མཁས་པ་སོགས་ཡིན་ནོ་སྙམ་དུ་འདུ་ཤེས་པ་ཡིན་གྱི། རང་བཞིན་དུ་གནས་པར་ཤེས་པ་ནི་མ་ཡིན་ནོ། །བསླབ་བྱིན་དེ་ལ་འདུན་པ་འབུལ་དུ་ཡང་རུང་ངམ་ཞེ་ན། དགེ་སློང་རང་བཞིན་དུ་གནས་པས་བསླབ་བྱིན་དེ་ལ་འདུན་པ་འབུལ་དུ་མི་རུང་ལ་འདུན་པ་བླངས་པ་དེ་ལ་བརྗོད་དུ་ཡང་མི་རུང་ངོ༌། །ཡོངས་དག་དང་དགག་དབྱེ་ལ་ཡང་དེ་བཞིན་ནོ། །དེས་དགྲ་བཅོམ་པ་ཐོབ་ན་ནི་རུང་ངོ༌། །གང་ཟག་སྨྱོས་པའི་གནང་བ་ཐོབ་པས་ནི་མཚམས་གཅིག་ཡིན་ཡང་དེ་ལས་འདུན་པ་སོགས་མ་བླངས་པས་མི་མཐུན་པར་མི་འགྱུར་རོ། །སྨྱོས་པའི་གནང་བ་བྱིན་པའི་དབང་གིས་བག་ཡངས་སུ་བྱས་པའི་ཕྱིར་རོ། །གཉིས་པ་ནི། ཡོངས་སུ་དག་པ་ཕུལ་བའི་གང་ཟག་ནི། ཡོངས་སུ་དག་པའི་དགེ་འདུན་དང་མཐུན་པ་གཅིག་པ་ཉིད་འགྲུབ་བོ། །དོན་གང་ལ་གཅིག་པ་ཉིད་འགྲུབ་ཅེ་ན། གསོ་སྦྱོང་དང་དགག་དབྱེ་ལ་འགྲུབ། གང་བྱས་པས་འགྲུབ་ཅེ་ན། གསོ་སྦྱོང་གི་ཡོངས་དག་དང་དགག་དབྱེ་དེ་ཕུལ་བས་འགྲུབ་བོ། །ཡོངས་དག་ཕུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་བ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་


DLL1002_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཡོངས་སུ་དག་པ་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །དགག་དབྱེ་ཕུལ་བ་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་བྱ་བ་ཡིན་ནོ། །ཡོངས་སུ་དག་པ་དང་དགག་དབྱེ་འབུལ་བ་དེ་གཉིས། གསོ་སྦྱོང་དང་དགག་དབྱེ་ཁོ་ན་ལ་བྱེད་པ་དེ་བཞིན་དུ་ལེན་པར་དགེ་སློང་དེས་ཀྱང་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ཁོ་ན་ལ་ཡོངས་དག་དང་དགག་དབྱེ་འབུལ་བ་དེ་བླངས་ཏེ་དགེ་འདུན་ལ་བརྗོད་པར་བྱའོ། །ཡོངས་དག་དང་དགག་དབྱེ་ཕུལ་བས་གསོ་སྦྱོང་དང་དགག་དབྱེ་བྱ་བའི་ཆོ་ག་དེ་དགེ་འདུན་གྱིས་ནོད་ཅིང་ཁས་བླང་བར་བྱའོ། །མཚམས་ནང་གཅིག་ཏུ་ཚོགས་པ་ཐ་དད་པའི་དགེ་འདུན་འདུན་པ་དང་ཡོངས་དག་ལ་སོགས་པ་ཕུལ་བས་ཕན་ཚུན་མཐུན་པར་བྱས་ཏེ། གསོ་སྦྱོང་དང་དགག་དབྱེ་ལ་སོགས་པའི་ལས་བྱེད་པ་ལ་ནི་མི་རུང་བ་མེད་དོ། །འདུན་པ་དང་ཡོངས་དག་བརྗོད་པ་དང་འདུན་པ་དང་དགག་དབྱེ་རིག་པར་བྱ་བ་དང༌། འཁར་བ་དང་དྲ་བའི་གནང་བ་གསོལ་བ་སོགས་བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་མི་རུང་བ་མེད་དོ། །འདིར་གཞུང་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་བར་ཆད་ཀྱི་ཆོས་རྣམས་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་མཛད་པ་ལ་


DLL1002_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་དང༌། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ་བྲོ་ཚབས་ཆེ་བ་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་པ་ལྟ་བུའོ། །ལེན་པ་གཅིག་གིས་དགེ་སློང་དུ་མའི་འདུན་པ་དང་ཡོངས་དག་དེ་དག་ལེན་པ་ལ་ཡང་མི་རུང་བ་མེད་དོ། །གཅིག་གིས་དུ་མའི་འདུན་པ་སོགས་ལེན་པ་འདི་ལ་གྲངས་ངེས་པ་མེད་ཀྱི་དགེ་སློང་ཇི་སྙེད་ཀྱི་མིང་ལ་སོགས་པ་བརྗོད་པར་ནུས་པའི་ཚིག་གིས་བཟུང་སྟེ་འདུན་པ་ལ་སོགས་པ་བླང་ངོ༌། །འདུན་པ་ལ་སོགས་པ་འབུལ་བར་བྱེད་པའི་དགེ་སློང་ནད་ཚབས་ཆེ་བ་ལ་སོགས་པའི་རྐྱེན་གྱིས་དེར་འགྲོ་བའམ། སྔགས་བརྗོད་མི་ནུས་ན་འདུན་པ་ལ་སོགས་པ་དེ་དག་འབུལ་བ་ཇི་སྐད་བཤད་པའི་སྔགས་ལས་གཞན་ལུས་ངག་གི་རྣམ་པར་རིག་བྱེད་གང་ཡང་རུང་བས་ཕུལ་ཀྱང་འགྲུབ་བོ། །ལུས་ཀྱི་མཚན་མ་གང་ཡང་རུང་བས་ཀྱང་འབུལ་དུ་རུང་ངོ༌། །འདུན་པ་ལ་སོགས་པ་འབུལ་བར་བྱེད་པ་དེས་ལུས་ངག་གིས་ཇི་ལྟར་ཡང་འདུན་པ་སོགས་འབུལ་མི་ནུས་ན། ཡང་ན་དགེ་འདུན་དེར་འགྲོ་བར་བྱ། ཡང་ན་ནད་པ་དེ་ཁྲིས་བླང་བར་བྱའོ། །འདུན་པ་སོགས་ལེན་པར་བྱེད་པ་དེས་འདུན་པ་ལ་སོགས་པ་བླངས་ནས་དགེ་འདུན་གྱི་ནང་དུ་མ་བརྗོད་


DLL1002_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བར་དུ་བརྒྱུག་པར་མི་བྱའོ། །མགྱོགས་པར་འགྲོ་བར་མི་བྱའོ། །མཆོང་པར་མི་བྱའོ། །གཙུག་ལག་ཁང་གི་ཕྱི་རོལ་རྩིག་པའམ་ས་རྒལ་ལ་མཆོང་པར་མི་བྱའོ། །ནམ་མཁའ་ནི་མཚམས་གཞན་ཡིན་པས་ནམ་མཁའ་ལ་འདུག་པའམ་འགྲོ་བར་མི་བྱའོ། །མཚམས་དེ་ནས་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱའོ། །སྐས་ཀྱི་རིམ་པ་གཞན་ཐོད་རྒལ་དུ་བཞག་ནས་རིམ་པ་གཞན་དུ་གོམ་པ་དོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པའི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ། །ལམ་གཞན་ཡོད་ན་ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །མེད་ན་ཉེས་པ་མེད་དོ། །འདུན་པ་སོགས་དགེ་འདུན་ལ་མ་བརྗོད་པར་གཉིད་ལོག་པ་དང་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་མི་བྱའོ། །གཉིད་ལོག་པ་སྙོམས་པར་འཇུག་པ་དེ་གཉིས་ནི་ལྟུང་བ་འབྱིན་པར་བྱེད་པར་མ་ཟད་མ་ཀླས་པ་བསྟན་པ་ལ་ཐེ་ཚོམ་ཟ་བ་དང་མ་ངེས་པ་དང་མ་གུས་པ་ཉིད་ཀྱི་སྒོ་ནས་ཀྱང་སྨད་པར་བྱ་བ་ཡིན་ནོ། །འདུན་པ་སོགས་མནོས་པས་དེ་དགེ་སློང་ལ་བརྗོད་པར་བྱའོ། །ལུགས་ཁ་ཅིག་ལས། དགེ་འདུན་ལ་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་ངོ༌། །སྐབས་གང་དུ་བརྗོད་ཅེ་ན། གནས་བརྟན་གྱིས་འདུན་པ་དང་ཡོངས་སུ་དག་པ་བརྗོད་པར་བྱའོ་ཞེས་པའི་འོག་ཏུ་བརྗོད་པར་བྱ། ཚིག་གང་གིས་བརྗོད་པར་བྱ་ཞེ་ན། དགེ་འདུན་ལ་བརྗོད་ན། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ་ཞེས་པའི་ཚིག་གིས་འདུན་པ་སོགས་འབུལ་བ་བརྩམ་པར་བྱའི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བའི་ཚིག་གིས་བརྩམ་པར་མི་བྱ་སྟེ། མདོ་འདི་ནི་ཚིག་དག་པར་བྱ་བའི་ཕྱིར་བྱས་སོ། །འདུན་པ་ལ་སོགས་པ་ལེན་པར་བྱེད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ་ཁྱིམ་པ་ཉིད་དང་དགེ་ཚུལ་ལ་སོགས་པར་ཁས་བླངས་ན་འདུན་པ་ལ་སོགས་པ་མ་བླངས་པ་ཉིད་ཡིན་པས་


DLL1002_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གཟོད་བླང་དགོས་སོ། །ལེན་པར་བྱེད་པ་དེ་དགེ་འདུན་གྱི་ནང་དུ་ཕྱིན་ནས་དེ་ལྟར་གྱུར་ན་དགེ་འདུན་ལ་མ་བརྗོད་ཀྱང་འདུན་པ་སོགས་བླངས་པ་ཉིད་ཡིན་པས་གཟོད་བླང་མི་དགོས་སོ། །རྒྱལ་པོ་ལ་སོགས་པ་གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་གང་གིས་བཟུང་བ་དེ་ལ་དགེ་སློང་རྣམས་ཀྱིས་མངོན་སུམ་དུའམ་འཕྲིན་པ་བཏང་སྟེ་དགེ་སློང་འདི་བདག་ཅག་གི་ཚངས་པ་མཚུམས་པར་སྤྱོད་པ་ཡིན་གྱི་ཐོངས་ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟར་བརྗོད་ཀྱང་དགེ་སློང་དེ་མ་བཏང་ན་དེ་ལ་དགེ་སློང་རྣམས་ཀྱིས་བདག་ཅག་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་སྔ་མ་ཐོངས་ཤིག་ཅེས་པ་དང་བཅས་ཏེ་བརྗོད་པར་བྱའོ། །དེ་ལྟར་བརྗོད་ཀྱང་མ་བཏང་ན་དགེ་སློང་རྣམས་ཀྱིས་དཀྱིལ་འཁོར་བའི་མཚམས་སུ་གསོ་སྦྱོང་བྱའོ། །གཞི་ཊཱིཀ་ཏུ། མི་མཐུན་པ་སྤངས་པའི་ཕྱིར་དེ་སྐད་གསུངས་ཀྱིས་དེ་མཚམས་ནང་ན་མི་འདུག་ན་དཀྱིལ་འཁོར་པར་འདོང་མི་དགོས་སོ་ཞེས་སོ། །ཕོ་བྲང་ལྟ་བུར་ཁྲིད་ན་ཕྱི་རོལ་ཡིན་ནོ། །གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་དགེ་འདུན་རྣམས་ཀྱིས་གསོ་སྦྱོང་ལ་སོགས་པའི་ཉི་མ་ལ་མ་བབ་པའི་མདུན་རོལ་སྔར་མི་འབད་པར་མི་བྱའོ། །གཉིས་པ་ནི། མཚམས་ནང་ན་དགེ་སློང་དངོས་སུ་ཡོད་པར་ཤེས་པ་ལ་འདུན་པ་སོགས་མ་བླངས་པས་དགེ་འདུན་གྱི་ལས་མི་མཐུན་པར་འགྱུར་པར་མ་ཟད་མཚམས་ནང་དུ་དགེ་སློང་གློ་བུར་བ་འགའ་ཞིག་འོང་བར་མཐོང་ངམ་ཐོས་སམ་འཁར་གསིལ་གྱི་སྒྲ་གྲག་གམ་གཏུར་བུ་སོགས་མཐོང་བའི་མཚན་མའི་སྒོ་ནས་མཚམས་ནང་ན་དགེ་སློང་འགའ་ཞིག་ཡོད་པར་འཕྲིགས་པས་དེའི་འདུན་པ་ལ་སོགས་པ་མ་བླངས་ན་དགེ་འདུག་གྱི་ལས་མི་མཐུན་པ་ཉིད་དུ་འགྱུར་རོ། །མཚམས་ནང་ན་དགེ་སློང་གཞན་ཡོད་པར་


DLL1002_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་སམ་འཕྲིགས་ཀྱང་རུང་སྟེ། དེ་དག་མ་འདུས་ཀྱང་སླ་སྙམ་དུ་དེ་དག་དང་ཐ་དད་དུ་འདོད་པས་མངོན་པར་བཏགས་ཏེ་འདུན་པ་སོགས་མ་བླངས་པར་ལོགས་ཤིག་ཏུ་ལས་བྱེད་ན་དགེ་འདུན་དབྱེན་དུ་གཏོགས་པའི་ཉེས་པ་སྤོམ་པོར་འགྱུར་རོ། །འདིར་མ་ལྷགས་པ་འགའ་ཞིག་ཀྱང་ཡོད་དམ་སྙམ་དུ་རྟོག་པ་ཉིད་ན། མ་ལྷགས་པ་དེ་དག་མེད་པར་གསོ་སྦྱོང་སོགས་བྱ་རུང་མི་རུང་སྙམ་དུ་ཐེ་ཚོམ་ཟའམ་གདོན་མི་ཟ་བར་རུང་ངོ་ཞེས་ངེས་པར་བྱས་ནས་ལས་བྱེད་པ་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མིན་ཏེ། འབྱུང་བ་ཁོ་ནའོ། །གསུམ་པ་ནི། རྒྱུ་མེད་པར་བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོ་ལོབ་འོལ་སྤྱི་ཙམ་མ་བྱས་ན་མཚམས་ནང་ན་དགེ་སློང་གཞན་ཡོད་དུ་ཟིན་ཀྱང་དགེ་སློང་དེ་དག་ལ་ལྟུང་བ་མེད་ཅིང་དག་པའི་བྱེད་པ་ཡིན་ནོ། །ཇི་ལྟར་བཙལ་ཞེ་ན། དང་པོར་ཕྱོགས་རྣམས་མྱུལ་ཏེ་བཙལ་བ་དང༌། དེའི་འོག་ཏུ་འདི་ན་དགེ་སློང་འགའ་ཞིག་ཡོད་དམ་ཞེས་འབོད་པ་དང༌། དེའི་འོག་ཏུ་ཕྱོགས་མཐོན་པོར་འདུག་སྟེ་རྒྱང་མིག་གིས་ཕྱོགས་སུ་བལྟ་བ་དག་གིས་ནི་བསམ་པ་ཐག་པ་ནས་བཙལ་བ་དེ་ཡིན་ནོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ། །གསུམ་པ་ཇི་ལྟར་བྱ་བའི་ཆོ་གའི་སྐབས་ལ་གཉིས་ལས། མདོར་བསྟན་པ་ནི། ཆོས་འདི་པའི་རབ་བྱུང་རྣམས་ཀྱི་ཚུལ་ཁྲིམས་གསོ་ཞིང་སྦྱོང་བའི་གསོ་སྦྱོང་བྱ་བར་གནང་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར། དྲི་ཚིག་གི་ཊཱིཀྐར། གསོ་སྦྱོང་ནི་ཚུལ་ཁྲིམས་གསོ་བའི་ཕྱིར་དང་སྡིག་པ་རྣམ་པར་སྦྱོང་པའི་ཕྱིར་ཏེ། འདི་ལྟར་དགེ་བ་མཐའ་དག་གསོ་བྱེད་ཅིང༌། །སྡིག་པ་མཐའ་དག་ཡང་དག་འདིར་སྦྱོང་བ། །དགེ་གསོ་ཕྱིར་དང་སྡིག་པ་རྣམ་སྦྱོང་ཕྱིར། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་གསུངས་སོ། །བམ་ལྔར། གསོ་སྦྱོང་ཞེས་བྱ་བ་ནི་བསླབ་པ་གསུམ་


DLL1002_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གསོ་ཞིང་སྦྱོང་བར་བྱེད་པའོ། །དེ་ཡང་རྣམ་པ་གཉིས་ཏེ། མཐུན་པའི་གསོ་སྦྱོང་དང༌། ཞི་གནས་ཀྱི་གསོ་སྦྱོང་ངོ༌། །དེ་ལ་མཐུན་པའི་གསོ་སྦྱོང་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། གནས་དང་ཚོགས་པ་དང་ཚོགས་མཐུན་པར་བྱའོ། །ཞི་གནས་ཀྱི་གསོ་སྦྱོང་ནི། ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་དབང་དུ་བྱས་ཏེ། སྤོང་པའི་ཡན་ལག་བསྒོམ་པའོ་ཞེས་སོ། །རྒྱས་བཤད་ལ་ལྔ། དངོས་གཞིའི་ཆོ་ག་དང༌། སྦྱོར་བའི་ཆོ་ག་དང༌། བྱིན་གྱིས་བརླབ་པའི་ཆོ་ག་དང༌། རང་གཞན་གྱི་གསོ་སྦྱོང་ལ་གུས་པར་བྱ་བ་དང༌། ངེས་པ་དང་ཅི་དགར་འཇུག་པ་བཤད་པའོ། །དང་པོ་ནི། དུས་ནམ་གྱི་ཚེ་གསོ་སྦྱོང་བྱ་ན། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་བྱ་སྟེ། བྱིན་གྱིས་བརླབ་པའི་དུས་ཡིན་པ་དང༌། མཚན་མ་གསལ་བའི་ཕྱིར་རོ། །ཚེས་བཅོ་ལྔ་ཞེས་སྨོས་པས་བཅུ་བཞི་པ་ཡང་བསྡུས་ཏེ། ཊཱིཀྐར། འདི་ལྟར་ཚེས་གཅིག་ནས་བཅོ་ལྔའི་བར་གྱི་ཉི་མ་གང་ཡང་རུང་བ་ལས་ཉི་མ་གཅིག་ཆད་པས་སྤྱིར་ཞག་བཅུ་བཞི་ཡོད་པའི་ཕྱིར། འཇིག་རྟེན་པའི་དབང་དུ་བྱས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་སོ་སོར་ཐར་པའི་མདོ་ལས། གསོ་སྦྱོང་བཅུ་བཞི་པ་ཞེས་གསུངས་པར་ཟད་ཀྱི། དངོས་སུ་ན་ཟླ་བའི་ངོ་དེའི་ཚེས་གྲངས་གང་ལ་ཉི་མ་གཅིག་ཆད་པ་དེ་ཉིད་ས་སྟོང་དུ་དོར་བར་ཟད་ཀྱི་གསོ་སྦྱོང་གི་ཉི་མ་འདི་ལ་ཉི་མ་ཆད་པ་མིན་པས་གསོ་སྦྱོང་བཅུ་བཞི་པ་ཞེས་བྱ་བའི་ཉི་མ་དེ་ཉིད་ཚེས་བཅོ་ལྔ་ཡིན་པའི་ཕྱིར་རོ། །ཞེས་དང༌། བམ་ལྔར། གསོ་སྦྱོང་ཉི་ཤུ་རྩ་བཞི་ཡོད་དེ། དེ་དག་ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ན་ནི་ཐམས་ཅད་གསོ་སྦྱོང་བཅོ་ལྔ་པ་ཡིན་ནོ། །འཇིག་རྟེན་པའི་ཐ་སྙད་ཀྱི་དུས་ལས་ལྟོས་ན་ནི། དྲུག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གང་གི་སྒོ་ནས་གསོ་སྦྱོང་བྱ་


DLL1002_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། སེམས་དྲང་པོར་བསྒྲུབ་པ་ཞི་གནས་དང༌། འགལ་བ་ལྡོག་པ་ལ་སོགས་པས་ཚུལ་ཁྲིམས་གསོ་བ་ལ་སོགས་པ་ཡོད་པས། དེ་དག་བསལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པས་གསོ་སྦྱོང་བྱའོ། །དགག་དབྱེ་བྱས་ན་ཡང་གསོ་སྦྱོང་མི་བྱ་སྟེ། དགག་དབྱེ་ཉིད་ཀྱིས་གསོ་སྦྱོང་འདི་མ་གྲུབ་པ་ཉིད་མིན་པའི་ཕྱིར། ཕྲན་ཚེགས་ཊཱིཀྐར། དགག་དབྱེ་བྱས་ནས་ཡང་གསོ་སྦྱོང་མི་བྱའོ་ཞེས་དང༌། ཚིག་ལེར། སྡིག་པ་སྨན་གྱི་གསོ་སྦྱོང་ནི། །དགག་དབྱེ་བྱས་ནས་ཡང་མི་བྱ། །གསོ་སྦྱོང་དག་པར་བྱ་ཕྱིར་ཏེ། །དགག་དབྱེ་ཡང་ནི་དེ་ཉིད་ཡིན། །ཞེས་སོ། །ཚུལ་ཇི་ལྟར་གསོ་སྦྱོང་བྱ་ཞེ་ན། སོ་སོར་ཐར་པའི་མདོ་གདོན་པའི་ཚེ། དང་པོར་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཞེས་པའི་གསོལ་བ་འབའ་ཞིག་གི་ལས་དང༌། འཁོར་ཡོངས་སུ་དག་པར་བྱ་བའི་ཕྱིར་ལྟུང་བ་ཡོད་ན་མཐོལ་དུ་གཞུག་པ་དང༌། མེད་ན་ཅང་མི་སྨྲ་བར་བྱ་བ་དང༌། ཅང་མི་སྨྲ་ན་ཡོངས་སུ་དག་པར་རིག་པར་བྱ་བའི་རྣམ་པར་བཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང་དེའི་འོག་ཏུ་གླེང་གཞི་ནས་བརྩམས་ཏེ། སོ་སོར་ཐར་པའི་མདོ་འདོན་པ་དེ་འདོན་ནོ། །གསོ་སྦྱོང་བྱེད་པའི་ཚེ་སོ་སོར་ཐར་པའི་མདོ་རིལ་གྱིས་ཁ་ཏོན་དུ་གདོན་བར་བྱའམ་ཞེ་ན། གླེང་གཞི་གདོན་པ་དང༌། གསོལ་བ་ནི། ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི། ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་མིན་ནོ། །གླེང་གཞི་དང་གསོལ་བ་གཉིས་ཀྱི་ལྷག་མ་ཕམ་པའི་སྡེ་ཚན་ལ་སོགས་པ་ནི་ཚིག་ཏུ་བརྗོད་པར་མ་ནུས་ན་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོ་ཐར་པའི་མདོ་གདོན་པ་འདོན་པ་ལས་ཐོས་པར་འགྱུར་རོ་ཞེས་ཐོས་པ་བསྒྲགས་པས་ཀྱང་རུང་ངོ༌། །ཕམ་པ་དང༌། ལྷག་མ་དང༌། མ་ངེས་པའི་ཆོས་རྣམས་ཚིག་ཏུ་བརྗོད་པས་འདོན་པའི་འགོ་བརྩམས་ན། གང་བརྩམས་པའི་སྡེ་ཚན་དེ་རྫོགས་པར་བྱ་དགོས་ཏེ། འདི་ལྟར་ཕྱེད་བཏོན་ཅིང་ཕྱེད་འཇོག་པ་ནི་སྨད་པར་བྱ་བ་ཡིན་པའི་ཕྱིར་རོ། །སོ་སོ་ཐར་


DLL1002_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མདོ་ལས་འབྱུང་བའི་སྡེ་ཚན་དྲུག་པོ་ཕམ་པ་དང་དགེ་འདུན་ལྷག་མ་དང་མ་ངེས་པ་དང་ལྟུང་བྱེད་དང་སོར་བཤགས་དང་བསླབ་པའི་སྡེ་ཚན་དག་ལས་སྡེ་ཚན་བཞི་པ་ལྟུང་བྱེད་ཀྱི་སྡེ་ཚན་འདོན་པ་ལ་རེག་ན་དེ་མན་ཆད་རིལ་གྱིས་གདོན་དགོས་ཏེ། ལས་ཕལ་ཆེར་བྱས་པ་མ་རྫོགས་པ་དོར་བ་ནི་མི་ལེགས་པར་ཡིད་ལ་སྣང་བའི་ཕྱིར་རོ། །གཉིས་པ་ལ་གསུམ་ལས། རང་གི་ལྟུང་བ་ཕྱིར་བཅོས་པ་ནི། གསོ་སྦྱོང་འདི་ལ་ཟླ་བ་ཕྱེད་འདས་པའི་ཉེས་པ་བདག་ལ་ཅི་བྱུང་བ་སོ་སོར་བརྟག་པར་བྱའོ། །གང་གི་ཚེ་བརྟག་ཅེ་ན། དགེ་སློང་རྣམས་གསོ་སྦྱོང་ལ་འདུ་བར་འགྱུར་བའི་དུས་དེར་རོ། །སོ་སོར་བརྟགས་ནས་ཅི་བྱ་ཞེ་ན། ལྟུང་བ་ཤེས་པ་དང་ཡིད་གཉིས་ཟ་བ་རྣམས་བཤགས་པའམ་བྱིན་གྱིས་བརླབས་པས་ཕྱིར་བཅོས་ཏེ། གསོ་སྦྱོང་དུ་མ་ཟད་དགག་དབྱེ་ལ་སོགས་པའི་ལས་ཀྱི་གནས་ཐམས་ཅད་དུ་འདུག་པར་བྱའོ། །འདུག་པ་ན་ལྟུང་བ་དྲན་ནམ་ཡིད་གཉིས་ཟ་ན་ལྟག་འོག་ན་འདུག་པའི་དགེ་སློང་ལ་བྱིན་གྱིས་བརླབ་པར་བྱ་སྟེ། དེའི་སྔགས་ནི་ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱིས་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ་བདག་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ལ་དེང་གསོ་སྦྱོང་བགྱིའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་སླར་བགྱིའོ་ཞེས་དང༌། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན། བདག་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་བྱིན་གྱིས་བརླབས་ལ། དེང་གསོ་སྦྱོང་བགྱིའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་


DLL1002_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མོ་འཛིན་པ་རྣམས་ལ་དྲིས་ཏེ། དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་སླར་ཆོས་བཞིན་དུ་བགྱིའོ་ཞེས་བྱ་བ་ཡིན་ནོ། །ལས་གྲལ་ལ་འདུག་པ་ན་ལས་བྱེད་པས་ལྟུང་བ་དྲན་ནམ་ཡིད་གཉིས་ཟ་ན་གཞན་གྱི་མདུན་དུ་བྱིན་གྱིས་བརླབ་མི་དགོས་པར་རང་གི་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་དང་འདི་ལྟ་བུ་ཞིག་དྲན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་དེ་གསོ་སྦྱོང་བྱའོ། །སང་ནང་པར་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ། །ཞེས་བྱ་བ་དང༌། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་ནང་དུ་ལྟུང་བ་འདི་ལྟ་བུ་ཞིག་ལ་ཡིད་གཉིས་སུ་གྱུར་ན་བདག་དགེ་སློང་ལས་བྱེད་པ་མིང་འདི་ཞེས་བྱ་བས་ལྟུང་བ་དེ་རང་གི་སེམས་ཀྱིས་བྱིན་གྱིས་བརླབས་ལ་གསོ་སྦྱོང་བྱའོ། །སང་ནང་པར་དགེ་སློང་མདོ་སྡེ་འཛིན་པ་དང་འདུལ་བ་འཛིན་པ་དང་མ་མོ་འཛིན་པ་རྣམས་ལ་དྲིས་ཏེ་དོགས་པ་དང་ཡིད་གཉིས་བསལ་ལ་ལྟུང་བ་དེ་ཆོས་བཞིན་དུ་ཕྱིར་བྱའོ་ཞེས་སོ། །འདི་དང་སྔ་མའི་བྱིན་རླབས་ཀྱི་སྐབས་སུ་ཧ་ཅང་ཡུན་རིང་ན་མི་མཛེས་པས་སྔགས་ལན་རེ་བཟླས་པས་ཆོག་གིས་ལན་གསུམ་མི་དགོས་སོ། །གཉིས་པ་གཞན་གྱི་གྲོགས་བྱ་བ་ནི། གལ་ཏེ་ཚེས་བཅོ་ལྔ་ལ་བདག་གཅིག་པུ་ལྟུང་བ་དེ་དང་མི་ལྡན་ཞིང་གཞན་ཐམས་ཅད་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་ན་དང་པོར་རང་འགྲོགས་བཤེས་ལ་དྲང་པོར་འབད་པས་བསྒྲུབ་པར་བྱའོ། །ཇི་ལྟར་བྱ་ན། དགེ་འདུན་ཐམས་


DLL1002_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལྟུང་བ་དང་བཅས་སོ་ཞེས་ཐོག་མར་གྱ་ཚོམ་དུ་མི་བརྗོད་པར་རང་གི་འགྲོགས་བཤེས་ལ་ཚེ་དང་ལྡན་པ་འདི་དང་འདི་ལྟར་བྱེད་པ་གང་ཡིན་པ་དེས་ཅིར་འགྱུར། གྲོགས་ན་རེ། ལྟུང་བ་དང་བཅས་པར་རོ་ཞེས་ཟེར་ན། འོ་ན་ཚེ་དང་ལྡན་པས་ཀྱང་འདི་དང་འདི་ལྟར་བྱས་སམ་བྱས་སོ་ཞེས་ཟེར་ན། འོ་ན་ཚེ་དང་ལྡན་པ་ཡང་ལྟུང་བ་དང་བཅས་པ་ཡིན་ནོ། །གྲོགས་ན་རེ། ཚེ་དང་ལྡན་པ་ཁོ་བོ་གཅིག་པོར་མ་ཟད་ཀྱི་དགེ་འདུན་ཐམས་ཅད་དོན་དེ་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས། ཀྱེ་ཚེ་དང་ལྡན་པ་ཇེ། ཁྱོད་རང་གི་ལྟུང་བ་ཆོས་བཞིན་དུ་ཕྱིར་གྱིས་ཤིག །དགེ་འདུན་ཐམས་ཅད་ཀྱིས་ཁྱོད་ལ་ཅིར་འགྱུར་ཞེས་བསྐུལ་ཞིང་དེ་ལྟ་བུའི་རིམ་པ་རྩོམ་པས་གྲོགས་པོ་དེ་དགེ་འདུན་ཐམས་ཅད་ཀྱི་མིག་ལམ་དུ་ལྟུང་བ་དེ་འཆགས་སུ་གཞུག་གོ །དེ་དགེ་འདུན་གྱིས་མཐོང་སྟེ་ཅི་འཆག་ཅེས་འདྲི་ན། གཞི་འདི་ལས་བྱུང་བའི་ལྟུང་བ་འཆགས་སོ་ཞེས་བརྗོད་པར་བྱའོ། །དེ་ནས་དགེ་འདུན་ལྷག་མ་རྣམས་ཀྱང་ལྟུང་བ་དྲན་ནས་འཆགས་པར་འདོད་པ་རྣམས་དགེ་སློང་དེས་འཆགས་སུ་གཞུག་གོ །གསོ་སྦྱོང་དང་དགག་དབྱེ་འདི་ལ་ཉེས་པ་གླེང་བར་མི་འདོད་པའི་དགེ་སློང་ལྟུང་བ་དང་བཅས་པ་དེ་ལ་གླེང་བར་མི་བྱའོ། །གསུམ་པ་ཐུན་མོང་གི་ལྟུང་བ་ཕྱིར་བཅོས་པ་ནི། འོ་ན་ཇི་ལྟར་མ་དག་པ་རྣམས་དང་ལྷན་ཅིག་གསོ་སྦྱོང་ལ་སོགས་པའི་ལས་ཉམས་སུ་མྱོང་བར་བྱར་རུང་ཞེ་ན། གལ་ཏེ་ཚེས་བཅོ་ལྔ་ལ་དགེ་འདུན་ཐམས་ཅད་ཀྱིས་བདག་ཅག་རྣམས་ལྟུང་བ་མཐུན་པ་དང་ལྡན་པར་ཤེས་སམ་ཡིད་གཉིས་སུ་གྱུར་ན་བདག་ཅག་རྣམས་ཀྱི་ལྟུང་བ་འཆག་པ་ལེན་པར་བྱེད་པ་ལྟུང་བ་མེད་པ་གཅིག་བསྒྲུབ་པའི་ཕྱིར་བདག་ཅག་གི་ནང་ནས་དགེ་སློང་འགའ་ཞིག་དེ་རང་གི་ལྟུང་བ་ཕྱིར་བཅོས་པའི་དོན་དུ་ལྟུང་བ་མཐུན་པ་དེ་མེད་པའི་གནས་གཞན་དུ་བཏང་བར་བྱའོ། །ཇི་སྐད་བཤད་པའི་ཆོ་ག་མ་གྲུབ་ན།


DLL1002_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་རྣམས་ཀྱིས་ལྟུང་བ་མཐུན་པ་རྣམས་བྱིན་གྱིས་བརླབ་པའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བ་འདོད་པར་བྱའོ། །གསུམ་པ་བྱིན་གྱིས་བརླབ་པའི་ཆོ་ག་ལ། སྦྱོར་བ། དངོས་གཞི། ཞར་བྱུང་གསུམ་ལས། དང་པོ་ནི། གཙུག་ལག་ཁང་གཅིག་ན་དགེ་སློང་བཞི་པས་ཉུང་བ་གསུམ་མན་ཆད་གནས་པ་ཉིད་ལ་ཡང་ཕྱག་བདར་ལ་སོགས་པ་གཙུག་ལག་ཁང་གི་བྱ་བ་གནས་པ་ཁོ་ན་ཡིན་ནོ། །བཞི་པས་ཉུང་བ་རྣམས་ཀྱིས་གཙུག་ལག་ཁང་དེར་དགེ་སློང་གློ་བུར་བ་ཡོང་སྲིད་པས་སྟན་ཐབས་ཏེ་སྟན་གདིང་བ་ཉམས་པར་མི་བྱའོ། །ཆག་ཆག་དང་ཕྱག་བདར་དང་ལྕི་བ་གསར་པའི་བྱུག་པ་བྱ་བ་དང་སེང་གེའི་ཁྲི་བཤམས་པ་དང༌། མར་མེའི་གཟུགས་པ་དང་ཆོས་ཉན་དུ་གཞུག་པ་དག་བྱས་ལ་ཕྱོགས་ཆེས་མཐོན་པོར་འདུག་སྟེ། དགེ་སློང་མ་འོངས་པ་དག་འོང་ངམ་མི་འོང་ཕྱོགས་བཞིར་རྣམ་པར་བལྟ་བར་བྱའོ། །བལྟས་པའི་ཚེ་དགེ་སློང་དག་འོང་བ་སྣང་ན་ཀྱེ་ཚེ་དང་ལྡན་པ་དག་མྱུར་བ་མྱུར་བར་ཤོག་ཅིག་དེང་དགེ་འདུན་གྱི་གསོ་སྦྱོང་ངམ་དགག་དབྱེ་བཅོ་ལྔ་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །གཉིས་པ་ནི་དེ་ལྟར་བྱས་ཀྱང་དགེ་སློང་བཞིར་མ་ཚང་ན་གསོ་སྦྱོང་དང་དགག་དབྱེའི་དུས་སྐྱ་རེངས་མ་ཤར་བར་དུ་བསྡད་ནས་དགེ་སློང་གཞན་མ་བྱུང་ན་གསོ་སྦྱོང་སོགས་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་དགེ་སློང་དེ་གྲོགས་མེད་པ་གཅིག་བུ་འབའ་ཞིག་ཡིན་ན་འདུག་སྟེ་བྱིན་གྱིས་བརླབ་བོ། །དེའི་སྔགས་ནི། དེང་དགེ་འདུན་གྱི་གསོ་སྦྱོང་བཅོ་ལྔ་པ་ཡིན་ལ་བདག་དགེ་སློང་མིང་འདི་ཞེས་བྱ་བའི་གསོ་སྦྱོང་ཡང་བཅོ་ལྔ་པ་ཡིན་ཏེ། བདག་དགེ་སློང་མིང་འདི་ཞེས་བྱ་བ་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་ཀྱང་བདག་སྨྲ་ཞིང་གསོ་སྦྱོང་བྱིན་གྱིས་བརླབ་བོ། །གང་གི་ཚེ་དགེ་འདུན་ཚོགས་པ་རྙེད་པ་དེའི་ཚེ་ཚུལ་ཁྲིམས་ཀྱི་ཕུང་


DLL1002_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དགེ་འདུན་དང་ལྷན་ཅིག་གསོ་སྦྱོང་བྱའོ་ཞེས་ལན་གསུམ་བཟླས་སོ། །དགེ་སློང་ལྷག་མ་གཞན་དང་བཅས་པ་ཡིན་ན་མདུན་དུ་འདུག་སྟེ་བྱིན་གྱིས་བརླབ་བོ། །གཉིས་ཡིན་ན་ཚེ་དང་ལྡན་པ་དགོངས་སུ་གསོལ་ཞེས་མཇུག་ཐབས་ལེགས་བརྗོད་དོ། །གལ་ཏེ་དགེ་སློང་གསུམ་ཡིན་ན་ནི་གྲལ་རིམ་བཞིན་དུ་འཁོད་དེ་བྱིན་གྱིས་བརླབ་བོ། །གསུམ་པ་ནི། དགེ་སློང་བཞིའི་དགག་དབྱེ་བྱིན་གྱིས་བརླབ་པ་ཡང་གསུམ་གྱི་གསོ་སྦྱོང་བྱིན་གྱིས་བརླབ་པ་དེ་བཞིན་དུ་འཁོད་དེ་བྱའོ། །བཞི་པ་རང་གི་གསོ་སྦྱོང་ལ་གུས་པར་བྱ་བ་ནི། གསོ་སྦྱོང་གི་དུས་དེའི་ཚེ་གཙུག་ལག་ཁང་ལ་སོགས་པའི་གནས་གང་ན་སོ་སོར་ཐར་པའི་མདོ་འདོན་ནུས་པ་མེད་པར་ཤེས་ན་གསོ་སྦྱོང་ལ་བསྡད་པར་མི་བྱའོ། །གནས་གང་ན་སོ་སོར་ཐར་པའི་མདོ་འདོན་པ་མེད་པའམ། དགེ་འདུན་མེད་པས་གསོ་སྦྱོང་དེ་ལས་འདའ་བའི་གནས་དེར་ཉེ་བར་འགྲོ་བར་མི་བྱའོ། །གང་ན་གསོ་སྦྱོང་ལས་འདའ་བར་བྱེད་པའི་གནས་དེར་དབྱར་གནས་པར་ཁས་བླངས་པ་ཕྱི་མའི་གོང་མ་སྔ་མ་ཟླ་བ་དང་པོ་བསྲུང་བར་མི་བྱ་སྟེ། གནས་གཞན་དུ་འགྲོ་བར་བྱའོ། །དབྱར་གནས་པ་ཕྱི་མ་ཁས་བླངས་པ་དེ་ལ་ཡང་ཟླ་བ་གཉིས་བསྲུང་གི་གཉིས་ལས་ལྷག་པ་བསྲུང་བར་མི་བྱའོ། །གང་ན་སོ་སོར་ཐར་པ་འདོན་པར་བྱེད་པ་མེད་པའི་དགེ་སློང་རྣམས་ཀྱིས་གཙུག་ལག་ཁང་དང་མལ་ཆ་ལ་སོགས་པའི་གནས་དང་ལག་གི་བླ་ལ་སོགས་པའི་ལས་སུ་བྱ་བ་ལ་མི་བསྐོ་བར་ཡི་དལ་དུ་བཞག་པ་དང༌། ཆོས་གོས་དང་བསོད་སྙོམས་ལ་སོགས་པའི་རྙེད་པ་དང༌། གཡོག་བྱེད་པ་སོགས་བསྙེན་བཀུར་བ་བསྟབས་པས་སོ་སོར་ཐར་པའི་མདོ་འདོན་པར་བྱེད་པ་གནས་གཞན་ནས་གཉེར་བར་བྱའོ། །དེ་ལྟར་བཙལ་


DLL1002_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་གྲུབ་ན་སྔར་བསྟན་པའི་ཆོ་ག་དག་བྱའོ། །ཞར་ལ་བསྟན་པ་འཛིན་པ་ལ་བཀུར་སྟི་བྱ་བའི་རིམ་པ་བསྟན་པའི་ཕྱིར། དགེ་སློང་ཚིག་དང་དོན་གྱི་སྒོ་ནས་མདོ་སྡེ་འཛིན་པ་རང་དགར་འོང་བ་ཐོས་ན་དགེ་འདུན་གྱིས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པ་དག་གིས་བསུ་བར་བྱའོ། །འདུལ་བ་དང་མ་མོ་འཛིན་པ་ཡང་བསུ་བར་བྱའོ། །ལམ་ཇི་ཙམ་ནས་བསུ་ཞེ་ན། དཔག་ཚད་ཕྱེད་དང་གསུམ་དུ་བསུའོ། །དེ་ཙམ་མ་ནུས་ན་རྒྱང་གྲགས་ལྔར་བསུའོ། །རྒྱང་གྲགས་གསུམ་མམ་དཔག་ཚད་ཕྱེད་དམ་རྒྱང་གྲགས་སམ་རྒྱང་གྲགས་ཕྱེད་དམ་ཁྱམས་སུ་ཡང་བསུའོ། །བསུ་ནས་ཅི་ཞིག་བྱ་ཞེ་ན། ངག་གིས་བྱོན་པ་ལེགས་སོ་ཞེས་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ་བསྐུ་མཉེ་དང་དྲིལ་ཕྱི་བྱ་ཞིང་དུས་དང་མཐུན་པའི་ཆུས་ཁྲུས་བྱའོ། །དེའི་ཕྱིར་དུ་དགེ་འདུན་ལ་ཡང་སྣུམ་དག་གི་རྙེད་པ་འབུལ་བར་བྱའོ། །གནས་དང་ལས་དང་རྙེད་པ་དང་བསྙེན་བཀུར་བ་བསྟབས་པ་སྦྱིན་ནོ། །ཐམས་ཅད་ཀྱིས་སྡེ་སྣོད་འཛིན་པ་དེ་ཆོས་སྟོན་པར་སྤྲོ་བ་བསྐྱེད་ཅིང་སེང་གེའི་ཁྲི་བཤམ་པ་སོགས་ཀྱི་སྒོ་ནས་ཆོས་ཉན་པ་ཡང་སྦྱིན་ནོ། །གཞན་མཁས་ཤིང་བཀུར་གྱིས་དོགས་པའི་དགེ་སློང་ཕྲག་དོག་ཅན་ལ་སྡེ་སྣོད་འཛིན་པ་འདི་དག་ནི་སྟོན་པ་འཛིན་པ་ཡིན་ནོ་ཞེས་གོ་བར་བྱའོ། །སྟོན་པ་ནི་སྡེ་སྣོད་གསུམ་སྟེ། དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་རོ། །ལུང་དུ། འདི་ནི་སྟོན་པའོ་འདི་ནི་རྟེན་ཏེ། འདི་ལྟ་སྟེ། མདོ་སྡེ་དང་འདུལ་བ་དང་མ་མོའོ་ཞེས་དང༌། སོ་ཐར་དུ། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱོད་ཀྱི་སྟོན་པ་ཞེས། །ཞེས་གསུངས་སོ། །དགེ་སློང་གང་གསོ་སྦྱོང་དང་དགག་དབྱེ་མ་བྱས་པས་གསོ་སྦྱོང་དང་དགག་དབྱེ་དེའི་ཉིན་མོ་རང་གི་གསོ་སྦྱོང་དང་དགག་དབྱེ་དེ་ཡོད་པའི་གནས་ནས་གཞན་དུ་འགྲོ་བར་མི་བྱའོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་


DLL1002_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་དང་དགག་དབྱེའི་དུས་དེ་ཉིད་ཀྱི་ཚེ་གསོ་སྦྱོང་དང་དགག་དབྱེ་ཡོད་པའི་གནས་ཀྱི་རྣམ་པ་དེ་ལྟ་བུར་ཕྱིན་པའམ་གཞན་ཡང་དགེ་སློང་འཐབ་ཀྲོལ་ཅན་དག་དང་འབྲལ་བར་འདོད་པས་འགྲོ་བའམ་དགེ་སློང་སྤྱོད་པ་བཟང་པོ་དག་དང་འཕྲད་པ་དེ་ལྟ་བུར་འགྲོ་བ་ཉིད་མིན་ན་འགྲོ་བར་མི་བྱའོ། །སྤྱོད་པ་བཟང་པོ་ཅན་གྱི་དགེ་སློང་དང་བཅས་པ་ནས་འཐབ་ཀྲོལ་ཅན་གྱི་དགེ་སློང་དང་བཅས་པར་འགྲོ་བར་མི་བྱའོ། །དགེ་སློང་དང་བཅས་པ་ནས་དགེ་སློང་མེད་པའི་གནས་སུ་འགྲོ་བར་མི་བྱའོ། །ཐམས་ཅད་དུ་མི་འགྲོ་བའམ་ཞེ་ན། དགེ་སློང་དང་བཅས་པའི་གནས་ཀྱིས་དགེ་སློང་ལྷག་མ་རྣམས་དང་ལྷན་ཅིག་ཏུ་འགྲོ་བ་ལ་ཉེས་པ་མེད་པས་དེ་མིན་པའམ་གཞན་ཡང་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་ཀྱིས་གནོད་པས་འགྲོ་བ་དང༌། ལུས་དང་སེམས་ཤིན་ཏུ་སྦྱངས་པ་སྐྱེ་བའི་དབང་གིས་འགྲོ་བ་མ་གཏོགས་པར་འགྲོ་བར་མི་བྱའོ། །ལུས་སེམས་ཤིན་ཏུ་སྦྱངས་པའི་རྒྱུར་གྱུར་པའི་ཏིང་ངེ་འཛིན་སྐྱེ་ན་གསོ་སྦྱོང་དང་དགག་དབྱེ་བས་ཀྱང་འདི་ཚུལ་ཁྲིམས་གསོ་བ་ཤས་ཆེ་བས་དེའི་དོན་དུ་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་རློབ་པ་ཙམ་དུ་བཤོལ་བ་རིག་པ་ཁོ་ན་ཡིན་ནོ། །གཞན་གྱི་གསོ་སྦྱོང་ལ་གུས་པར་བྱ་བ་ནི་མཁན་པོ་ལ་སོགས་པས་བདག་ཉིད་གཞན་དུ་འགྲོ་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེའི་ཉིན་མོ་གནས་པ་སློབ་མ་གསོ་སྦྱོང་དང་དགག་དབྱེ་མ་བྱས་པ་དོར་བར་མི་བྱའོ། །གནས་ལ་དེའི་ཉིན་མོ་མི་འགྲོར་མི་རུང་བའི་རྐྱེན་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་དེ་ལྟ་བུ་ཡོད་ན་གནས་པ་ལ་དགེ་སློང་སྤྱོད་པ་བཟང་པོ་དང་ལྡན་པ་དང༌། སོ་སོ་ཐར་པའི་མདོ་འདོན་པ་དང་ལྡན་པའི་གནས་བསྟན་ནས་དེར་སོང་ཞིག་ཅེས་འགྲོར་གཞུག་པར་བྱའོ། །གནས་པས་ཀྱང་བསྒོ་བ་དེ་ལས་འདའ་བར་ཡང་མི་བྱའོ། །ལྔ་པ་ངེས་པ་དང་ཅི་དགར་འཇུག་པ་ནི། ཉི་


DLL1002_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མ་གཅིག་ལ་གསོ་སྦྱོང་དང་དགག་དབྱེ་གཉིས་པ་བཀག་ཀྱང་དགེ་སློང་འགའ་ཞིག་ཕྱིས་འོངས་པ་རྣམས་ཀྱི་དོན་དུ་དགེ་སློང་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱས་ཟིན་པ་དག་གིས་ཀྱང་གསོ་སྦྱོང་དང་དགག་དབྱེ་དེ་གཉིས་ཡང་བྱར་རུང་སྟེ། ཟློས་པར་མི་འགྱུར་རོ། །ཇི་ལྟར་བྱ་ན། གལ་ཏེ་དགེ་སློང་སྔ་མ་དག་གིས་དེ་གཉིས་ལེགས་པར་བྱས་ཟིན་ན་ཕྱི་མའི་དེ་གཉིས་ལ་ཅི་དགར་འཇུག་པར་བྱའོ། །མི་མཐུན་པ་ལ་སོགས་པའི་ཉེས་པ་ཡོད་ན་ཅི་དགར་མི་འཇུག་པར་ངེས་པར་འཇུག་པར་བྱའོ། །ཅི་དགར་འཇུག་པ་དེ་གཉུག་མར་པས་གློོ་བུར་བ་ལྟ་བུ་རིགས་མི་མཐུན་པ་ཁོ་ན་ལ་ཡིན་ནམ་ཞེ་ན། ཚོགས་པའམ་འདུ་བ་མཐུན་ཞིང་རིགས་གཅིག་པ་གཉུག་མ་པས་གཉུག་མ་པ་ལྟ་བུ་དག་ལ་ཡང་ཅི་དགར་འཇུག་པར་བྱའོ། །ཅི་དགར་འཇུག་པ་དེ་དག་ལས་གཞན་ཕྱིས་འོངས་པ་ངེས་པར་འཇུག་དགོས་པ་དག་གིས་དགེ་འདུན་ལ་ཚོགས་པ་གསོལ་བར་བྱའོ། །ཚོགས་པ་མ་ཐོབ་ན་མཚམས་གཞན་དུ་གསོ་སྦྱོང་དང་དགག་དབྱེ་བྱའོ། །དེ་ནི་མི་མཐུན་པའི་ཉེས་པ་སྤང་བའི་ཕྱིར་རོ། །དགེ་འདུན་སྔ་མ་གསོ་སྦྱོང་དང་དགག་དབྱེ་བྱེད་པའི་ཚེ་དགེ་སློང་དག་ཕྱིས་འོངས་ན་ལས་ཀྱི་ལྷག་མ་ཉམས་སུ་མྱོང་བས་དེ་དག་གི་གསོ་སྦྱོང་དང་དགག་དབྱེ་འགྲུབ་བོ། །སྔ་མ་དག་གསོ་སྦྱོང་གི་གནས་དེ་ནས་དགེ་སློང་འགའ་ཡང་ལངས་ཏེ་མ་སོང་བ་ཉིད་ཡིན་ན། དགེ་སློང་ཕྱི་མ་རྣམས་གནས་དེར་ལྷགས་པ་དག་ལ་ཚོགས་པ་སྦྱིན་པའི་ཕྱིར་སྔ་མ་རྣམས་བསྡད་པ་ཉིད་དུ་ངེས་པ་ཡིན་གྱི་ཅི་དགར་འཇུག་པར་བྱ་བ་མིན་ནོ། །གལ་ཏེ་གཉུག་མར་གནས་པ་དག་ལས་གློ་བུར་དུ་ལྷགས་པ་དག་ཆེས་མང་བ་ཡིན་ན་ཡང་སྔ་མ་དག་གིས་ཕྱིས་འོངས་པ་དག་གསོ་སྦྱོང་དང་དགག་དབྱེ་བྱེད་པ་ལ་ཚོགས་པ་སྦྱིན་པར་ངེས་པ་ཡིན་ནོ། །གཉུག་མར་གནས་པ་རྣམས་ཀྱི་ཚེས་བཅོ་


DLL1002_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་ཡིན་ལ་གློ་བུར་དུ་ལྷགས་པ་རྣམས་ཀྱི་བཅུ་བཞི་ཡིན་པ་ལྟ་བུ་དུས་ཀྱི་ཕྱིར་བློ་མི་མཐུན་པ་ནི་ཆེས་མང་བ་རྣམས་ཀྱི་རྗེས་སུ་འཇུག་པར་བྱ་བ་ཉིད་ཡིན་ནོ། །གལ་ཏེ་གྲངས་མང་ཉུང་མཉམ་པ་ཉིད་ཡིན་ན། གཉུག་མར་གནས་པ་རྣམས་ཀྱི་རྗེས་སུ་འཇུག་པར་བྱའོ། །དུས་ཀྱི་ཕྱིར་ཞེས་པ་དང༌། མཉམ་པ་ཉིད་ཡིན་ན་ཞེས་པ་འདི་གཉིས་ལ་ཡང་ངེས་པར་འཇུག་པར་བྱ་བ་ཡིན་གྱི་ཅི་དགར་འཇུག་པར་བྱ་བ་མིན་ནོ། །གསོ་སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཆོ་གའི་སྐབས་སོ། །གཉིས་པ་རྣམ་འབྱེད་ལ་སོགས་པའི་སྐབས་ནས་འབྱུང་བ་ལ་གསུམ། ཞི་གནས་ཀྱི་གསོ་སྦྱོང་གི་སྤྲོས་པ། ཐུན་མོང་བའི་སྤྲོས་པ། མཐུན་པའི་གསོ་སྦྱོང་གི་སྤྲོས་པའོ། །དང་པོ་ནི། དགེ་སློང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དོན་གང་གི་ཕྱིར་ཡང་བསླང་བར་མི་བྱའོ། །སྒོམ་པའི་ལུང་ངམ་གདམས་ངག་མེད་པར་ཏིང་ངེ་འཛིན་བསྒོམ་པར་མི་བྱ་སྟེ། ལྟ་བ་ཕྱིན་ཅི་ལོག་སྐྱེ་བ་དང༌། སེམས་འཁྲུག་པ་འབྱུང་བའི་ཕྱིར་རོ། །གཉིད་བྲོ་བ་སངས་བའི་ཕྱིར་གདོས་བུ་དང་ཕོ་ལོང་གི་སྦྱོར་བ་རིག་པ་ཉིད་ཡིན་ནོ། །འདི་ནི་སྔར་བསྟན་པ་དེ་རང་གཟོ་མིན་པར་ཚིག་གཞན་གྱིས་བསྣན་པའོ། །སེམས་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་བརྩོན་འགྲུས་ལྷོད་པ་ཞན་པར་མི་བྱའོ། །དེའི་ཚུལ་ནི་མདོ་སྡེ་ལས་གསུངས་པ་བཞིན་ནོ། །མདོ་སྡེ་ལས། དགེ་སློང་ཉིན་མོ་འདུག་པ་དང་འཆག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་ཅིང་ཞེས་སོགས་གསུངས་སོ། །ནམ་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས་གཙུག་ལག་ཁང་དུ་ཞུགས་ཏེ་བླ་གོས་བཞི་བལྟབ་ཏུ་བཏིང་ནས་སྣམ་སྦྱར་རིམ་པ་མང་དུ་བལྟབ་སྟེ་སྔས་སུ་བཅུག་པ་གོས་མ་འཕྱར་བ་དང་གློོ་གཡས་པ་ཕབ་སྟེ་རྐང་པ་རྐང་བའི་སྟེང་དུ་བཞག་ནས་


DLL1002_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་མ་འཕྱར་བ་དང༌། སྣང་བའི་འདུ་ཤེས་དང༌། དགེ་བ་བརྩམས་པ་དང༌། དགེ་བ་ཕྱོགས་གཞན་དང་དུས་ཇི་ལྟ་བ་བཞིན་དུ་ལྡང་བའི་སེམས་མ་འཕྱར་བས་ཉལ་བར་བྱའོ། །མི་ན་བས་ཉིན་མོ་ཉལ་བར་མི་བྱའོ། །ན་བ་ལྟར་ངལ་བ་དང་ལུས་ཉམ་ཆུང་བ་དང་གཉིད་དང་ཟས་ཀྱི་སྙོམས་པ་བརྣག་མི་བཟོད་པ་སངས་པའི་ཕྱིར་དེ་ཙམ་ཞིག་བསྟེན་པར་བྱའོ། །དགེ་སློང་རོ་རྒྱབ་ན་བས་པུས་འཁྱུད་རྐེད་ཆིངས་བཅང་བར་བྱའོ། །མིག་སོགས་དབང་པོ་རྣམས་ནང་དུ་བསྡུས་པ་དང༌། ས་གཞི་ལ་སོགས་པ་ལ་ཡིད་ཕྱི་རོལ་ཏུ་མ་སོང་བ་དང༌། སེམས་དང་བས་ཟིན་པའི་གསལ་བ་དང༌། གོམ་པ་དྲང་པོས་གོ་མལ་གཅིག་ཏུ་མི་ཐོགས་པར་བཅག་པར་བྱའོ། །དྲང་པོར་འཆག་མི་ནུས་ན་ཐག་གུས་བྲེས་ཏེ་བཅག་པར་བྱའོ། །ཁ་ཏོན་པའི་འཆག་ས་ནི་སྲིད་དུ་ཁྲུ་བཅུ་གཉིས་སོ། །སྤོང་བ་བའི་འཆག་ས་ནི་སྲིད་དུ་ཁྲུ་བཅོ་བརྒྱད་དོ། །འཆག་ས་དེ་ཐག་གུས་གཞལ་ཏེ་གོང་དུ་བཤད་པའི་ཚད་དེ་བྱའོ། །ཚད་དེ་གཉིས་ཀྱི་ཁྱད་པར་བྱེད་པ་ནི། རླུང་དང་བད་ཀན་ཆེ་ཆུང་གི་ཁྱད་པར་ཡིན་གསུང༌། གཉིས་པ་ལ་གསུམ། ཆོས་བཤད་པའི་ཚུལ་དང༌། བརྩམས་པའི་ཚུལ་དང༌། བརྩད་པའི་ཚུལ་ལོ། །དང་པོ་ནི། དགེ་སློང་གིས་མྱང་འདས་དང་མཐུན་པའི་ཆོས་རྒྱུད་ཆགས་གསུམ་པའི་ཚུལ་གྱིས་བསྟན་པར་བྱ་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར་རོ། །སྤྱོད་ལམ་གང་གིས་བསྟན་པར་བྱ་ཞེ་ན། སེང་གེའི་ཁྲི་ལ་སོགས་པ་ལ་འདུག་སྟེ་བསྟན་པར་བྱའོ། །གལ་ཏེ་ཆོས་སྨྲ་བ་དུ་མ་ཉིད་ཡིན་ན། དང་པོར་གཅིག་གིས་བསྟན་པར་བྱའོ། །དེ་དག་གི་ནང་ནས་གང་ཡང་རུང་བ་གཅིག་གིས་ཆོས་བསྟན་པར་བྱའི་དུ་མ་ཡོད་ཀྱང་ཐམས་ཅད་ཀྱིས་ཅིག་ཅར་བསྟན་པར་མི་བྱའོ། །ཆོས་སྟོན་པར་མ་གསོལ་བར་ཆོས་བསྟན་པར་མི་བྱའོ། །ཐམས་ཅད་དུ་མི་བྱའམ་ཞེ་ན། གལ་ཏེ་དགེ་སློང་དེའི་ཚིག་གིས་


DLL1002_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་སྤྱན་དྲངས་པ་ལ་སོགས་པར་འགྲོ་བ་བྱུང་བ་མིན་ན་མ་གསོལ་བར་མི་བྱའི། གལ་ཏེ་དེའི་ཚིག་གིས་དགེ་འདུན་སྤྱན་དྲངས་པ་ཡིན་ན་དེས་གསོལ་བ་མ་བཏབ་པར་ཡང་སྦྱིན་བདག་ལ་ཆོས་བསྟན་པར་བྱའོ། །ཕན་ཚུན་སྒྲ་གྲག་པའི་གྲྭས་ཆོས་བསྟན་པར་མི་བྱའོ། །གྲྭ་གཅིག་གི་ནང་དུ་ལ་ལ་གྲྭ་ཕྱེད་ལ་སྟོན་ཅིང་ལ་ལ་གྲྭ་ཕྱེད་ཀྱིས་ཆོས་སྟོན་པར་མི་བྱའོ། །དེ་གཉིས་གང་རུང་གཅིག་ཏུ་ཆོས་སྟོན་པ་གཉིས་ཀྱིས་ཅིག་ཅར་ཆོས་བསྟན་པར་མི་བྱའོ། །གལ་ཏེ་ཆོས་བསྟན་པ་དུ་མ་ཉིད་ཡིན་ན་རྒན་རིམ་གྱིས་བསྟན་པར་བྱའོ། །གལ་ཏེ་ཆོས་སྟོན་པ་བདག་ལས་རྒན་རབས་མང་བ་ཉིད་ཡིན་ན་དེ་དག་གི་སྟན་གཉིས་སམ་གསུམ་གོང་དུ་བཞག་སྟེ་ཆོས་བསྟན་པར་བྱའོ། །ཐམས་ཅད་ཀྱིས་སམ་ཞེ་ན། གལ་ཏེ་ཆོས་སྟོན་པ་དེས་རྒན་རབས་གཉིས་སམ་གསུམ་གྱི་སྟན་དེ་དག་མི་འཐོབ་པ་ཡིན་ནའོ། །འདི་ནི་ཆོས་སྟོན་པའི་ཁྲི་གུད་དུ་མ་བཤམས་པའི་ཆོ་གའོ། །སེང་གེའི་ཁྲི་གུད་དུ་བཤམས་པ་ལ་ཡང་འདུག་སྟེ་ཆོས་བསྟན་པར་བྱའོ། །དེ་ལ་ནི་གོང་དུ་སྟན་བཞག་མི་དགོས་སོ། །མཆིལ་མ་དོར་བའི་ཕྱིར་མཆིལ་མའི་སྣོད་གཞག་པར་བྱའོ། །མཆིལ་མའི་སྣོད་དེར་གཅལ་བླུགས་སོ། །གང་གི་ཞེ་ན། བྱེ་མའམ་ཐལ་བའིའོ། །མཆིལ་མའི་སྣོད་དུས་དུས་སུ་སྦྱང་བར་བྱའོ། །ཆོས་སྨྲ་བས་ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔའི་ནུབ་མོ་ཆོས་བཤད་པ་དང་མཉན་པར་བྱའོ། །ཚེས་བརྒྱད་དང་ཉེར་གསུམ་ལ་ངོས་བཞིའི་མགོན་པོ་དང་ལྷ་ཕྲན་གྱི་གཡོག་དང༌། བཅུ་བཞི་དང་ཉེར་དགུ་ལ་ལྷ་ཕྲན་གྱི་བུ་དང༌། བཅོ་ལྔ་གཉིས་ལ་ངོས་བཞིའི་མགོན་པོ་དང་ལྷ་ཕྲན་དངོས་ཆོས་ཉན་དུ་འོང༌བར་གདགས་པར་བཤད་པས་བསྒྲུབ་པའི་བསླབ་པའོ། །ནད་པས་ཆོས་བཤད་ཉན་དེ་མ་བྱས་པ་ལ་ནི་ཉེས་པ་མེད་དོ། །ཆོས་དེ་སྨྲ་བའི་ཕྱིར་གསོལ་བ་འདེབས་པ་ནི་དགེ་


DLL1002_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གིས་མི་ནོད་པར་མི་བྱ་བར་ཁས་བླང་པར་བྱའོ། །གལ་ཏེ་ཆོས་བཤད་པ་མི་ནུས་པ་ལ་སོགས་པ་ཡིན་ན་གསོལ་བ་འདེབས་པ་ལ་ཤད་ཀྱིས་སྦྱང་བར་བྱའོ། །ཚེས་བརྒྱད་དམ་བཅུ་བཞིའི་དུས་སུ་ཆོས་སྨྲ་བ་པོ་སྡེ་སྣོད་འཛིན་པ་མེད་ན་དགེ་སློང་ཐམས་ཅད་ཀྱིས་རྒན་རིམ་གྱིས་དྲན་པར་བྱ་ཞིང་ཐ་ན་ཚིགས་སུ་བཅད་པ་རེ་རེ་ཙམ་ཡང་སྨྲ་བར་བྱའོ། །མཚན་མོ་ཆོས་ཉན་པ་དེར་མར་མེ་གཟུགས་སོ། །ཁྱམས་སུ་ཆོས་ཉན་པའི་གྲལ་ཟླ་གམ་གྱི་རྣམ་པ་ལྟ་བུའམ། རྫིང་བུའི་རྣམ་པ་ལྟ་བུར་བཤམས་པར་བྱའོ། །བླ་གབ་མེད་པར་ཆོས་ཉན་ན་བླ་རེ་གདགས་སོ། །རླུང་དང་ཆར་བབ་ན་བརྟུལ་ལོ། །བླ་རེ་བརྟུལ་ནས་རླུང་དང་ཆར་འབབ་པ་དེར་ཆོས་ཉན་པ་དག་དོར་བར་མི་བྱའོ། །ཆོས་སྨྲ་བའི་གནས་དེར་གནས་བརྟན་དང་པོར་འདུག་སྟེ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་བསྡད་ནས་གནས་བརྟན་རང་གིས་ཆོས་སྨྲ་བར་བྱ་བའམ། ཡང་ན་ཆོས་སྨྲ་བ་པོས་གཞན་ལ་དགེ་སློང་ཆོས་སྨྲོས་ཤིག་ཅེས་གསོལ་བར་བྱའོ། །སྨྲ་བ་པོ་ཆོས་སྨྲ་བ་ན་ཐམས་ཅད་ཀྱིས་སེམས་གཏད་དེ། གལ་ཏེ་དེས་སྨྲས་པ་ཆོས་ཡིན་ན་དགེ་སློང་ལེགས་སོ་ལེགས་སོ། །ཆོས་བཟང་པོ་བཤད་དོ་ཞེས་སྤྲོ་བར་བྱའོ། ། གལ་ཏེ་དེས་སྨྲས་པ་ཆོས་མིན་ན། དགེ་སློང་ཆོས་མིན་པ་མ་སྨྲ་ཞིག་ཅེས་བཟློག་པར་བྱའོ། །ཆོས་ཉན་པའི་གྲྭ་དེར་ཆོས་འགོ་མ་བཙུགས་པའམ་རྫོགས་པའི་རྗེས་ལ་ཁྱིམ་པ་ལྷགས་པ་རྣམས་ལ་ཆོས་དང་ལྡན་པའི་གཏམ་བྱའོ། །ཆོས་ཉན་པའི་གནས་དེར་མུ་སྟེགས་ཅན་དག་ལྷགས་ནས་གལ་ཏེ་འདི་ནི་ཆོས་མིན་འདུལ་བ་མིན་ཞེས་ཀླན་ཀ་འཚོལ་ཞིང་གནས་ན། རིགས་པའི་ཚིག་གིས་ལེགས་པར་ཚར་བཅད་ཅིང་ཁྲོ་བ་མི་སྟོན་པར་ཚུར་ཁྲོ་ཡང་བཟོད་པར་བྱའོ། །ཆོས་སྟོན་པས་ཆོས་བསྟན་ཟིན་ནས་ཆོས་བསྟན་པར་བྱའོ་ཞེས་འཁོར་རྣམས་ཁྲིད་དེ་གཞན་དུ་འགྲོ་བར་མི་བྱའོ། །ཆོས་སྟོན་པ་ནི་གནས་བརྟན་གྱི་ལས་


DLL1002_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར་རོ། །འཁོར་དེ་དག་རང་དགར་འགྲོ་ཞིང་ཕྱི་བཞིན་དུ་འོང་ན་ཆོས་སྟོན་པས་དེ་དག་ཆོས་ཀྱི་སྒོར་གཟུད་པར་བྱའོ། །ཆོས་སྨྲ་བས་འཁོར་གྱི་ནང་དུ་གཞན་ལ་བླ་མ་ཉིད་དུ་བལྟ་བས་རྗེ་ས་དང་བཅས་པ་དང༌། གཞན་ལ་འཇིགས་པའི་གནས་སུ་བལྟ་བས་གུས་པ་དང་བཅས་པ་དང༌། རྒྱགས་པ་དང་ང་རྒྱལ་བཅོམ་པའི་སེམས་དམའ་བ་དང་བཅས་པས་འཁོར་གྱི་ནང་དུ་འཇུག་པར་བྱའོ། །ཆོས་སྨྲ་བས་གུས་པར་བྱས་ཏེ་ཆོས་བསྟན་པར་བྱའོ། །ཇི་ལྟར་བྱ་ཞེ་ན། ཆོས་ལ་གུས་པ་ཉེ་བར་བཞག་པ་དང༌། ཚིག་མི་གཡོ་བ་བརྟན་པ་དང༌། ཆོས་ལས་གཞན་ལ་སེམས་མི་གཡེང་བ་དང༌། ཚད་མ་ལྡན་པའི་རིག་པ་དང༌། ཐོགས་པ་མེད་པ་གྲོལ་བའི་ཚིག་དག་གིས་སོ། །དེ་ཇི་ལྟ་བུ་ཞེ་ན། དོན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་བརྗོད་པ་དག་གིས་སོ། །གཏམ་གཞན་དང་མ་འདྲེས་པར་བསྟན་ནོ། །ཚིག་སྔ་ཕྱིའི་དོན་འབྲེལ་ཞིང་སྐབས་སུ་མ་ཆད་པར་རོ། །བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་དང༌། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང༌། དེའི་རྒྱུས་རྙེད་བཀུར་སོགས་དོན་དུ་མི་གཉེར་བ་ཟང་ཟིང་མེད་པའི་སེམས་ཀྱིས་ཆོས་བསྟན་པར་བྱའོ། །ཉན་པ་པོའི་རྒྱུད་ལ་ཡང་དག་པར་གཟེངས་སྟོད་པ་རངས་པ་དང༌། བསམས་པ་དང་མཐུན་པར་ཆོས་སྟོན་པས་མོས་པ་དང༌། ཚད་མ་དང་ལྡན་པའི་གཏམ་སྟོན་པས་དགའ་བར་བྱའོ། །མི་ནུས་པ་ལ་སོགས་པའི་དོན་གྱི་དབང་གིས་ཆོས་འཆད་པའི་འཕྲོ་མ་རྫོགས་ན་གཞག་པར་བྱའོ། །ཆོས་མཉན་པའི་མཇུག་ཏུ་རྒྱལ་པོ་དང༌། ལྷ་དང་སྦྱིན་བདག་གི་དོན་དུ་ཡོན་བསྔོ་བ་བརྗོད་པར་བྱའོ། །ཚིག་ཐ་མལ་པར་སྨྲས་པ་འཁོར་གྱིས་མ་གོ་ན་དབྱངས་ཀྱི་ང་རོས་ཆོས་སྨྲ་བར་བྱའོ། །འདུག་བཞིན་དུ་སྨྲས་པ་མ་གོ་ན་ལངས་ནས་ཚིག་དང་དོན་རྣམ་པར་དབྱེ་བར་བྱའོ། །གཉིས་པ་


DLL1002_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམ་པའི་ཚུལ་ནི། གཙུག་ལག་ལས་དོན་བཏུས་ཏེ་རང་གིས་ཡི་གེ་མཛེས་པར་བྱ་བའི་ཕྱིར་སྙན་དངགས་བསྡེབ་པར་བྱའོ། །གསུམ་པ་རྩོད་པའི་ཚུལ་ནི། ཚིག་འདི་མི་རིགས་ཏེ། སྒྲ་ངན་པ་ལ་སོགས་པའི་སྐྱོན་ཆགས་པའི་ཕྱིར་དང༌། དོན་ཡང་སྔ་ཕྱི་འགལ་བ་དང༌། ལུང་གཞན་དང་འགལ་བ་དང༌། གཏན་ཚིགས་མི་འཐད་པ་ལ་སོགས་པའི་སྐྱོན་ཆགས་པའི་ཕྱིར་ཞེས་གལ་བཟུང་ཞིང་དོགས་པ་བསུ་བ་དང༌། དེའི་ལན་དུ་ཚིག་དང་དོན་གྱི་ཉེས་པ་སྤངས་པས་གཞུང་གཟུག་པ་ཡང་བྱའོ། །གསུམ་པ་མཐུན་པའི་གསོ་སྦྱོང་གི་སྤྲོས་པ་ལ་བཞི། གང་གི་ཚེ་གསོ་སྦྱོང་བྱ་བ་དུས་ཀྱི་སྤྲོས་པ་དང༌། གང་དུ་བྱ་བ་གནས་ཀྱི་དང༌། གང་དག་དང་བྱ་བ་ཚོགས་པའི་དང༌། ཇི་ལྟར་བྱ་བ་ཆོ་གའི་སྤྲོས་པ་ཞར་བྱུང་དང་བཅས་པའོ། །དང་པོ་ལ་གསུམ། དུས་དང་འབྲེལ་བའི་བྱ་བ་གཞན་བསྟན་པ་དང༌། བཅུ་བཞི་པའི་དུས་བཤད་པ་དང༌། ཞར་ལ་བཤོལ་དང་རྒྱུ་སྐར་བཤད་པའོ། །དང་པོ་ནི། དགེ་འདུན་གྱི་གནས་བརྟན་གྱིས། ཚེས་གཅིག་ནས་བཟུང་སྟེ་གསོ་སྦྱོང་རན་གྱི་བར་གྱི་ཉི་མ་བགྲང་བར་བྱའོ། །ཇི་ལྟར་བགྲང་ཞེ་ན། སྨྱིག་མའི་ཐུར་མ་སྐུད་པ་ལ་བརྒྱུས་པ་སྤོ་བས་ཉི་མ་བགྲང་བར་བྱའོ། །དགེ་སྐོས་ཀྱིས་གནས་བརྟན་གྱིས་སྨྱིག་མའི་ཐུར་མ་སྤོས་པ་དེ་ལས་བརྟགས་ཏེ་རྟོགས་པར་བྱས་ནས་དགེ་འདུན་ལ་དེང་ཚེས་གྲངས་འདི་ལགས་སོ་ཞེས་ཉི་མ་རེ་རེ་ཞིང་བརྗོད་པར་བྱའོ། །དེ་ཡང་བྱེ་བྲག་ཏུ་བྱས་པའི་ཉི་མ་བརྗོད་པར་བྱའོ། །གང་གིས་བྱེ་བྲག་ཏུ་བྱས་པ་ཞེ་ན། ཡར་ངོ་དང་མར་ངོའི་དབྱེ་བས་བྱེ་བྲག་ཏུ་བྱས་པའོ། །དགེ་སྐོས་ཀྱིས་གཙུག་ལག་ཁང་གི་བདག་པོ་དང་ལྷའི་ཕྱིར་ཚིགས་སུ་བཅད་པ་འདོན་པའི་དགེ་སློང་རྣམས་ལ་བསྐུལ་བའི་ཚིག་བྱའོ། །གང་གི་ཚེ་བྱ་ཞེ་ན། ཚེས་གྲངས་བརྗོད་པའི་མོད་ལའོ། །ཇི་ལྟར་བསྐུལ་བར་བྱ་ཞེ་ན། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། དེང་


DLL1002_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཡར་གྱི་ངོའི་ཚེས་གཅིག་ལགས་ཏེ། གཙུག་ལག་ཁང་གི་བདག་པོ་དང་གཙུག་ལག་ཁང་གི་ལྷ་རྣམས་ཀྱི་སླད་དུ་ཚིགས་སུ་བཅད་པ་རེ་རེ་བཀླག་ཏུ་གསོལ་ཞེས་བརྗོད་དོ། །བཤོས་སྦྱོར་བ་ཡོད་ན། གཙུག་ལག་ཁང་གི་བདག་པོས་དགེ་འདུན་བཤོས་ལ་སྤྱན་འདྲེན་པའི་ཚིག་ཀྱང་དགེ་སྐོས་ཀྱིས་དགོང་གར་དགེ་འདུན་ལ་བརྗོད་པར་བྱའོ། །ཇི་སྐད་དུ་བརྗོད་ཅེ་ན། ཡོན་བདག་མིང་འདི་ཞེས་བགྱི་བས་སང་དགེ་འདུན་བཤོས་ལ་སྤྱན་འདྲེན་ན་དགེ་འདུན་བཙུན་པ་རྣམས་ཀྱིས་དེ་ལ་དགེ་ལེགས་ཀྱི་ཡིད་དག་གིས་སོ་སོ་ནས་ཐུགས་བརྩེ་བར་མཛད་དུ་གསོལ་ཞེས་སོ། །གཉིས་པ་ནི། ཚེས་གྲངས་བརྗོད་པའི་ཚེ་ཟླ་བའི་ངོ་ཐམས་ཅད་བཅོ་ལྔ་པར་བྱའམ་ཞེ་ན། ཟླ་བའི་ངོ་ལ་ཉིན་ཞག་གཅིག་གིས་ཞག་བཅོ་ལྔར་མི་ཆོག་པར་བྱའོ། །ཚེས་ཞག་གིས་ཉིན་ཞག་གི་དོད་མི་ཐུབ་པའི་ཕྱིར་ཏེ། ཉིན་ཞག་ནི་ཐམས་ཅད་དུ་ཡུད་ཙམ་སུམ་ཅུ་ཚང་བ་ཡིན་ལ། ཚེས་ཞག་ནི་ཡུད་ཙམ་ཕྱེད་དང་སུམ་ཅུ་ཡིན་པའི་ཕྱིར་རོ། །དེ་ལ་ཞག་ནི་གསུམ་སྟེ། ཚེས་ཞག་དང༌། ཉིན་ཞག་དང༌། ཁྱིམ་ཞག་གོ །དང་པོ་ནི། ཟླ་བ་འཕེལ་འགྲིབ་ལ་སུམ་ཅུར་བྱས་པའི་ཆ་གཅིག་གམ་གཟའ་བདུན་ཚེས་ལ་སྤྱོད་པའི་ཡུན་ནོ། །གཉིས་པ་ནི། ནམ་ལངས་པ་ནས་ནམ་ལངས་ཀའི་བར་རོ། །གསུམ་པ་ནི། ལུག་གླང་འཁྲིག་པ་ཀར་ཀ་ཊ། །སེང་གེ་བུ་མོ་སྲང་སྡིག་པ། །གཞུ་དང་ཆུ་སྲིན་བུམ་པ་ཉ། །ཞེས་པའི་ཁྱིམ་རེ་རེར། ཉི་མ་ཇི་ཙམ་གནས་པའི་སུམ་ཅུའི་ཆ་གཅིག་གོ །དེ་ཡང་ལོ་རེ་ལ་ཚེས་ཞག་སུམ་བརྒྱ་དང་དོན་གཅིག་དང༌། ཉིན་ཞག་སུམ་བརྒྱ་དང་རེ་ལྔ་དང༌། ཁྱིམ་ཞག་སུམ་བརྒྱ་དང་དྲུག་ཅུ་ཡོད་དོ། །དེས་ན། ཉིན་ཞག་ལས་ཚེས་ཞག་ཡུད་ཙམ་ཕྱེད་ཕྱེད་ཀྱིས་མྱུར་བར་འདའ་བས་ཚེས་ཞག་དྲུག་ཅུ་སོང་བ་ན་


DLL1002_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཉིན་ཞག་ང་དགུ་ཡིན་པས་ཞག་མི་ཐུབ་པ་ཞེས་བྱའོ། །ཊཱིཀྐར། ཉི་མ་གཅིག་ཆད་པ་དེ་ཉིད་ས་སྟོང་དུ་དོར་བར་ཟད་ཅེས་པ་དང༌། ཉི་མ་དེ་ཉིད་ཚེས་བཅོ་ལྔ་པ་ཡིན་པའི་ཕྱིར་རོ། །ཞེས་དང༌། བམ་ལྔར། ཚེས་གྲངས་ཀྱི་ཡང་དག་པ་ལ་ལྟོས་ནས་ནི་ཐམས་ཅད་བཅོ་ལྔ་པ་ཡིན་ནོ་ཞེས་པའང་འདི་ཁོ་ན་ཡིན་ནོ། །མི་ཆོག་པ་དེ་གང་གི་ཚེ་བྱ་ཞེ་ན། དུས་ཚིགས་དྲུག་པོ་དགུན་དང་དགུན་སྨད་དང༌། དཔྱིད་དང༌། སོ་ག་དང༌། དབྱར་དང༌། སྟོན་རྣམས་ལ་ཟླ་བ་གཉིས་གཉིས་ཡོད་དེ། སྟོན་ཟླ་ཐ་ཆུང་གི་བཅོ་ལྔའི་ཕྱི་དེ་ཉིན་ཚེས་བཅུ་དྲུག་ནས་དགུན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་བར་ནི་དགུན་གྱི་དུས་སོ། །དེའི་བཅུ་དྲུག་ནས་དཔྱིད་ཟླ་ར་བའི་བཅོ་ལྔའི་བར་ནི་དགུན་སྨད་ཀྱི་དུས་སོ། །དེའི་བཅུ་དྲུག་ནས་དཔྱིད་ཟླ་ཐ་ཆུང་གི་བཅོ་ལྔའི་བར་ནི་དཔྱིད་ཀྱི་དུས་སོ། །དེའི་བཅུ་དྲུག་ནས་དབྱར་ཟླ་འབྲིང་པོའི་བཅོ་ལྔའི་བར་ནི་སོ་གའི་དུས་སོ། །དེའི་བཅུ་དྲུག་ནས་སྟོན་ཟླ་ར་བའི་བཅོ་ལྔའི་བར་ནི་དབྱར་གྱི་དུས་སོ། །དེའི་བཅུ་དྲུག་ནས་སྟོན་ཟླ་ཐ་ཆུང་གི་བཅོ་ལྔའི་བར་ནི་སྟོན་གྱི་དུས་ཟླ་བ་གཉིས་སོ། །དེ་དག་ལ་ཟླ་ཕྱེད་བཞི་བཞི་ཡོད་པ་དེ་རྣམས་ཀྱི་ཟླ་ཕྱེད་དང་པོ་གཉིས་ཐལ་ཞིང་ཟླ་བ་ཕྱེད་ལུས་པ་ཟླ་ཕྱེད་གསུམ་པ་ལ་ཞག་བཅོ་ལྔ་མི་ཐུབ་པར་བཅུ་བཞི་པ་བྱ་ལ། ལྷག་མ་རྣམས་བཅོ་ལྔ་པར་ཐུབ་པར་བྱའོ། །ཞག་མི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་ལོ་ལ་ཞག་སུམ་བརྒྱ་དང་ང་བཞི་བཤད་པ་ནི། ཟླ་བཤོལ་ལ་སོགས་པ་བཏང་སྙོམས་སུ་མཛད་པའོ། །བཅུ་བཞི་པའི་དུས་གོ་སླ་བར་བརྗོད་ན། ཧོར་ཟླ་དང་པོ་གསུམ་པ་ལྔ་པ་བདུན་པ་དགུ་པ་བཅུ་གཅིག་པ་རྣམས་ཀྱི་མར་ངོ་ལ་གསོ་སྦྱོང་བཅུ་བཞི་པ་བྱའོ། །གསུམ་པ་ནི། བཤོལ་དང་བཅས་པའི་ཚེ་གསོ་སྦྱོང་ཉི་ཤུ་རྩ་དྲུག་ཡིན་ན། བཤོལ་ཟླ་དེ་ཐུབ་པའམ་མི་ཐུབ་པ་ཡིན་ཞེ་ན། ཁ་ཅིག་ན་རེ། ཐུབ་པར་ངེས་ཞེས་ཟེར། ཁ་ཅིག་ན་རེ། དངོས་ཟླས་


DLL1002_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་ན་བཤོལ་ཟླས་ཐུབ། དངོས་ཟླས་མི་ཐུབ་ན་བཤོལ་ཟླས་མི་ཐུབ་ཅེས་ཟེར། ཁ་ཅིག་དངོས་ཟླས་ཐུབ་ན་བཤོལ་ཟླས་མི་ཐུབ། དངོས་ཟླས་མི་ཐུབ་ན་བཤོལ་ཟླས་ཐུབ་ཅེས་ཟེར། བཤོལ་དེ་དུས་ནམ་གྱི་ཚེ་འབྱུང་ཞེ་ན། ལུང་ལྟར་ན་ལོ་དྲུག་དྲུག་ནས་འབྱུང་བར་གསུངས་ལ། འོན་ཀྱང་རྒྱལ་པོ་དང་མི་མཐུན་པས། བློན་པོ་རྣམས་འཕྱ་བ་ལ་བརྟེན་ནས། ཟླ་བ་ལྷག་པ་བཤོལ་དོར་བ་ནི། རྒྱལ་པོ་དུས་ཚོད་ལ་མཁས་པའི་རྩིས་པ་དྲུང་ན་རྟག་ཏུ་སྡོད་པའི་དེའི་རྗེས་སུ་འབྲང་བས་དོར་བར་བྱའོ། །ཚིག་ལེར། ལོ་དང་ཟླ་བ་ཟླ་བཤོལ་དག །རྒྱལ་པོའི་བཀའ་ཡིས་ཀྱང་ནི་མངགས། །བཀའ་བཙན་གྲགས་ལྡན་ཤེས་རབ་ཅན། །དཔུང་ལྡན་དེ་ཡི་རྗེས་འབྲང་བྱ། །ཞེས་སོ། །ཚེས་འདི་ལ་རྒྱུ་སྐར་འདི་འོང་ནི། སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །ཉིན་རེ་བཞིན་ཚེས་གྲངས་བརྗོད་པ་ལ་སོགས་པ་འདི་ལ་དགོས་པ་ནི་འཇིག་རྟེན་གྱི་ཐ་སྙད་ལ་མཁས་པར་བྱ་བ་དང༌། ཚེ་འདས་པ་སེམས་ལ་བཞག་པ་དང༌། གསོ་སྦྱོང་གི་ཉི་མ་ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པའོ། །འདིར་དུས་ཀྱི་རྣམ་གཞག་ཅུང་ཟད་དཔྱད་པ་ལ་གསུམ། དུས་ཀྱི་དང་པོ་གང་ནས་འཛིན་རྣམ་གྲངས་དང་བཅས་པ་དང༌། བཅུ་བཞི་པ་གང་གི་ཚེ་འབྱུང་རྒྱུ་མཚན་དང་བཅས་པ་དང༌། ཟླ་བཤོལ་གང་གི་ཚེ་འབྱུང་རྒྱུ་མཚན་དང་བཅས་པའོ། །དང་པོ་ནི། དཀར་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ་སྟོང་གི་བར་ལ་ཟླ་བར་བྱེད་པ་ནི་ཡར་ངོ་སྔོན་འགྲོ་སྟེ། རིལ་ཚེས་དང་ནག་ཕྱོགས་ཀྱི་ཚེས་གཅིག་ནས་ཉའི་བར་ལ་ཟླ་བར་བྱེད་པ་ནི་མར་ངོ་སྔོན་འགྲོ་སྟེ་ཕྱེད་ཚེས་སོ། །ཡར་ངོའི་ཚེས་གཅིག་ལ་སྐར་མ་ལྷ་མཚམས། ཉ་ལ་སྨིན་དྲུག །གནམ་སྟོང་ལ་སྣུབས་ཡོད་པ་དེ་མིག་བཅུ་གཉིས་པར་སྟོན་ཐར་བཤད་པ་དེའི་ཉ་ནས་དགུན་དང་དུས་འགོ་


DLL1002_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་འདུལ་བ་པ་དག་གིས་ལུགས་ཏེ། ཊཱིཀྐར། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་ཚིགས་སོ། །ཞེས་སོགས་གསུངས་ལ་དེ་ཡང་དུས་དྲུག་གི་ལུགས་ཡིན་ནོ། །དེ་དག་གཉིས་གཉིས་ལ་དུས་རེར་བྱས་པའི་དུས་གསུམ་ནི། གཞིའི་ཊཱིཀྐར། སྟོན་ཐ་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་བཞི་ནི་དགུན་གྱི་དུས་སོ། །ཞེས་གསུངས་སོ། །སྟོན་ཐ་ཉ་ནས་དགུན་ར་ཉའི་བར་ལ་དགུན་ར་ཞེས་ཀྱང་ཟེར་ཏེ། ཕྲན་ཚེགས་ཊཱིཀྐར་དགུན་ཟླ་ར་བ་དང༌། འབྲིང་པོ་དང༌། ཐ་ཆུང་དང༌། དཔྱིད་ཟླ་ར་བ་ཞེས་བྱ་བའི་ཟླ་བ་བཞི་ནི། དགུན་གྱི་དུས་ཡིན་ནོ་སོགས་ནས་དབྱར་ཟླ་ཐ་ཆུང་གི་ཟླ་བ་ནི་དབྱར་ར་ཡིན་ནོ། །དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་དྲུག་ནི་དབྱར་ཐུང་ངུ་ཡིན་ནོ་སོགས་དང༌། དགེ་སློང་གི་ལོ་དྲི་བར་དགུན་གྱི་ཚད་ཇི་ཙམ་ཞེ་ན་ཟླ་བ་བཞིའོ། །བཞི་གང་ཞེ་ན། དགུན་ར་བ་དང༌། འབྲིང་པོ་དང༌། ཐ་ཆུང་དང༌། དཔྱིད་ཟླ་ར་བ་དག་གོ་ཞེས་སོགས་ནས། དབྱར་ཐུང་ངུའི་དུས་ཉིན་ཞག་གཅིག་གོ །དེ་གང་ཞེ་ན། སྟོན་ཟླ་ར་བ་ཚེས་གཅིག་གི་ཉིན་ཞག་གོ་ཞེས་སོགས་སོ། །ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནི་ཞེས་སོགས་བཞིན་ནོ། །ཉི་མའི་སྙིང་པོའི་མདོར། དབྱུག་པའི་ཉ་ནས། སྨིན་དྲུག་གི་ཉའི་བར་སྟོན་ཟླ་དང༌། དེ་ནས་དགུན་འགོ་འཛིན་པར་འདོད་དེ། དེར་བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། ཟླ་བ་ཉ་ཚེ་ཟླ་རངས་འགྱུར། །སྟོན་ཟླ་ཐ་ཆུང་ཞེས་བྱ་བ། །འདི་ནི་རབ་ཏུ་བརྗོད་པ་ཡིན། །མཚན་མོ་ཡང་ནི་ཡུད་ཙམ་གཅིག །ཡོངས་སུ་བསྐོར་ཏེ་སླར་ལོག་བྱེད། །བྲ་ཉེ་དང་ནི་སྨིན་དྲུག་ཀྱང༌། །ལན་གཉིས་ཡོངས་སུ་འཁོར་བར་བྱེད། །ཅེས་དང༌། ཉིན་དང་མཚན་ནི་མཉམ་པ་སྟེ། །ཡུད་ཙམ་བཅོ་ལྔ་བཅོ་ལྔ་ཡིན། །ཞེས་དང༌། སྡིག་པ་ཞེས་བྱ་ཁྱོད་ཕན་སོང༌། །ཞེས་ཉི་ཁྱིམ་སྡིག་པ་དང༌། དགུན་ཐ་ལ། མཆུ་ནི་ཟླ་བ་རབ་རྫོགས་བྱེད། །མཚན་མོ་བཅོ་


DLL1002_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཤེས་པར་གྱིས། །ཞེས་དགུན་ཉི་བཟློག་དུས་བཤད་ལ། དེས་དཔྱིད་ཉིན་མཚན་མཉམ་པ་དང༌། དབྱར་ཉི་བཟློག་དུས་ཀྱང་ཤེས་པར་བྱའོ། །སྟོན་འབྲིང་ལ། ཟླ་རངས་ཉ་ཚེ་ཐ་སྐར་ཡིན། །དང༌། ཟླ་བ་བཅུ་གཉིས་བཤད་པ་ཡིན། །ཡོངས་སུ་འཁོར་བ་དེ་ཡིས་ནི། །ལོ་ནི་དེ་ལྟར་འགྲོ་བར་བྱེད། །ཅེས་སོ། །གདགས་པར། ལོ་གཅིག་ལ་དུས་གཅིག་ཏུ་མཚན་མོ་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་ཡོད་དེ། དེ་གང་ཞེ་ན། དགུན་ཟླ་ཐ་ཆུང་ཡར་གྱི་ཚེས་བརྒྱད་ལ། མཚན་མོ་ཡུད་ཙམ་བཅོ་བརྒྱད་། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ཡུད་ཙམ་བཅོ་བརྒྱད། མཚན་མོ་ཡུད་ཙམ་བཅུ་གཉིས་པ་ཡོད་དེ། དེ་གང་ཞེ་ན། དབྱར་ཟླ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་ལ། ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ཚེས་དགུ་ཕན་ཆད་ནི། ཉིན་མོ་འབྲི་མཚན་མོ་སྐྱེ་སྟེ་ཞེས་གསུངས་ཞིང༌། དཔྱིད་ཐ་སྟོན་ཐའི་ཡར་ཚེས་བརྒྱད་ལ་མཉམ་པར་གསུངས་པ་རྣམས། མཛོད་དུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་ལྡོག །ཅེས་པས་བསྡུས་པ་ཡིན་ལ། དེའི་ཕྱིར། དབྱར་རྣམས་ཀྱི་ཟླ་བ་གཉིས་པ། དབྱར་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་དགུ་ནས། མཚན་མོ་རིང་ངོ་ཞེས་དང༌། དགུན་ཟླ་ཐ་ཆུང་ཡར་གྱི་ངོའི་ཚེས་དགུ་ནས་སོ། །ཞེས་གསུངས་པས། ཉི་མའི་སྙིང་པོའི་མདོ་དང་མཐུན་ལ། རྒྱལ་སྲས་སུ། དབྱར་གྱི་གཉིས་པ་སྟོན་རར་བཤད་པ་ནི། སྨིན་དྲུག་གིས་ཉ་བ་དེ་དགུན་ར་དང༌། དེ་ནས་ལོ་འགོ་ཡིན་པར་འདོད་དེ། དེར་སངས་རྒྱས་པ་ཐམས་ཅད་ཀྱི་དུས་དང་པོ་ནི་དགུན་དག་ཡིན་ནོ། །གཉིས་པ་ནི། དཔྱིད་དོ། །གསུམ་པ་ནི་དབྱར་རོ་ཞེས་པ་ལྟ་བུའོ། །སྨན་གྱི་


DLL1002_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ཕྱི་མར། ཉི་མ་གང་ལོག་དགུན་ཟླ་འབྲིང་པོ་ཡིན་ཞེས་དང༌། སྟག་སྣང་དུའང་ཚུལ་འདི་བཤད་དོ། །གསེར་འོད་དུ་དབྱར་ནས་དང༌། དུས་འཁོར་བ་དཔྱིད་འབྲིང་ནག་པས་ཉ་བ་ནས་དང༌། རྒྱ་རྩིས་པ་དག་དཔྱིད་ཟླ་ར་བ་སྟག་རྒྱལ་གྱིས་ཉ་བ་ནས་ལོ་འགོ་བྱེད་དོ། །ཁ་ཅིག་དབྱུག་པས་ཉ་བ་དེས་དགུན་ཟླ་ར་བ་རྫོགས་པ་བཞེད་པ་སྣང་སྟེ། ལུང་རྣམ་འབྱེད་དུ། དགུན་གྱི་དགུང་ནི་རིང་དགུན་སྨད་ཀྱི་དུས་ཀྱི་ཚེ་ནི་ཚེས་བརྒྱད་ཀྱི་བར་ལ་འོད་མ་འགས་པའི་བསེར་མ་ལྡང་ཞེས་དང༌། ཕྲན་ཚེགས་ཊཱིཀྐར། གྲང་བའི་དུས་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུང་དང་དཔྱིད་ཟླ་ར་བའོ། །ཞེས་དང༌། དབྱར་སྔ་མའི་དུས་ཟླ་བ་གསུམ་པོ་ཆར་ཆུ་དང་སྲོག་ཆགས་ཀྱི་སྒང་དུ་བཤད་པ་དང་འགལ་བར་དོགས་སོ། །གཉིས་པ་ནི་དུས་དྲུག་པོའི་ལུགས་ནི་འབྲུའི་སྐབས་སུ་བཤད་ཟིན་ནོ། །དེ་དག་ཟླ་བ་བཞི་བཞི་པའི་དུས་གསུམ་ཡིན་ཏེ། རྒྱལ་སྲས་སུ། གསུང་རབ་ལས་ནི་དུས་གསུམ་ཁོ་ན་ཡིན་གྱི་འཇིག་རྟེན་པའི་ལྟ་བུར་དྲུག་ནི་མིན་ཏེ། དགུན་སྟོད་ནི་གྲང་བར་འདྲ་བའི་ཕྱིར་དགུན་དུ་བཤད་དོ། །སོས་ཀ་ནི་ཚ་བར་འདྲ་བའི་ཕྱིར་དཔྱིད་དུ་བཤད་དོ། །སྟོན་སྨད་ནི་ཆར་པ་འབབ་ཏུ་འདྲ་བའི་ཕྱིར་དབྱར་དུ་བཤད་དོ། །དེ་ལྟར་ན་དགུན་དང་དཔྱིད་དང་དབྱར་དག་ཡིན་ནོ་ཞེས་པ་ལྟར་རོ། །དེ་དག་གི་ཡང་ཟླ་བ་གཉིས་པ་དང་བཞི་པ་དག་གི་མར་ངོ་མི་ཐུབ་པ་ཡིན་ཏེ། ཚིག་ལེར། ཁ་བ་སོ་ག་དབྱར་རྣམས་ཀྱི། །ཟླ་བ་གཉིས་དང་བཞི་ཡི་ནི། །མར་ངོ་ལ་ནི་བཅུ་བཞི་པའི། །གསོ་སྦྱོང་སྡོམ་བརྩོན་དག་གིས་བྱ། །ས་ག་དང་ནི་ཆུ་སྟོད་དང༌། །དེ་བཞིན་ཁྲུམས་སྨད་སྨིན་དྲུག་ཅན། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །ཅེས་དང༌། དགེ་ཚུལ་གྱི་ལོ་དྲི་བར། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པ། །ཞེས་དང༌། དགེ་སློང་གི་ལོ་དྲི་བར། གསོ་


DLL1002_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོང་དུ་ཡོད་ཉི་ཤི་རྩ་བཞི་སྟེ། དགུན་ཟླ་འབྲིང་པོ་དང་དཔྱིད་ཟླ་ར་བ་དང་ཐ་ཆུང་དང་དབྱར་ཟླ་འབྲིང་པོ་དང་སྟོན་ཟླ་ར་བ་དང་ཐ་ཆུང་རྣམས་ཀྱི་མར་གྱི་ངོའི་གསོ་སྦྱོང་ནི་བཅུ་བཞི་པའོ། །ལྷག་མ་ནི་བཅོ་ལྔ་པའོ། །ཞེས་གསུངས་སོ། །ཕྱེད་ཚེས་ཀྱི་ལུགས་ཡིན་ནོ། །ཊཱིཀ་བམ་དུ། དགུན་ཟླ་འབྲིང་པོ་ལ་སོགས་པ་ཐུབ་པར་གསུངས་པ་རིལ་ཚེས་ཀྱི་ལུགས་ཡིན་ནོ། །དེ་ཡང་དུས་གཅིག་ཏུ་ཡོངས་ཏེ། རིལ་ཚེས་ཀྱི་སྟོན་ཐའི་བཅུ་དྲུག་དེ་ཕྱེད་ཚེས་པའི་དགུན་རའི་ཚེས་གཅིག་ཡིན་པའི་ཕྱིར། མཛོད་ཊཱིཀ་ཏུ། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་ནི་དོར་བར་བྱ། །ཞེས་པ་དང་ཡང་མཐུན་ཏེ། རྒྱལ་སྲས་ལས། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་ར་བ་ཉ་དང༌། དགུན་ཟླ་ར་བ་མར་གྱི་ངོ་དང་བཅས་པ་འདས་ནས་ལྷག་མ་ཟླ་བ་ཕྱེད་ནི་ལུས་པ་ན་སྟེ་ཞེས་སོགས་གསུངས་པའི་ཕྱིར་རོ། །གོང་དུ་གསུངས་པའི་དགུན་འགོ་འཛིན་དུས་དང་འགལ་ལོ་ཞེ་ན། འདི་བཅུ་བཞི་པ་ངོས་བཟུང་བའི་ཕྱིར་གཞན་རྣམས་དང་མཐུན་པར་བཤད་པར་འོང་སྟེ། རྒྱལ་སྲས་སུ། འདིར་ནི་དགེ་སློང་རྣམས་ཀྱིས་བཅུ་བཞི་པའི་གསོ་སྦྱོང་བྱེད་དོ་ཞེས་སོ། །དེ་ལྟ་བུ་གཞན་དུ་ཡང་སྣང་བ་ཡོད་དམ་ཞེ་ན། ཡོད་དེ། གཟུགས་ཁམས་གནས་རིས་བཅུ་དྲུག་དང་བཅུ་བདུན་དུ་བཤད་པ་བཞིན་ནོ། །བཅུ་བཞི་པ་འབྱུང་བའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཚེས་ཞག་གིས་ཉིན་ཞག་གི་དོད་མ་ཐུབ་པའི་ཕྱིར་ཡིན་ནོ་ཞེས་བཤད་ཟིན་ནོ། །གསུམ་པ་ཟླ་བཤོལ་གང་གི་ཚེ་འབྱུང་བ་ནི། ལུང་གླེང་གཞིར། དེ་ལྟ་བས་ན་ལོ་རེ་རེ་ཞིང་བཤོལ་མ་བོར་བར་ལོ་དྲུག་དྲུག་ཅིང་བཤོལ་དོར་ཅིག །དྲུག་ལྔ་སུམ་ཅུ་སྟེ་དེ་ལྟ་བུར་ཞག་དང་ཟླ་བ་ཕྱེད་པ་དང་ལོ་བསྒྲེས་ན་མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་རྣམས་ཀྱིས་གླགས་བཙལ་ཀྱང་གླགས་རྙེད་པར་


DLL1002_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་རོ། །ཞེས་གསུངས་པས། ལོ་ལྔ་ལྔའི་ཚེས་ཞག་དྲུག་དྲུག་ལྷག་པ་ལོ་དྲུག་པ་ལ་ཟླ་བར་ལོངས་པ་འདོར་བའམ། ཡང་ན་ཞག་ལྔ་ལྔ་ལྷག་པ་ཁྱིམ་ལོ་དྲུག་པ་ལ་འདོར་བར་མངོན་ནོ། །དུས་འཁོར་བ་དག་ཟླ་བ་སུམ་ཅུ་རྩ་ཕྱེད་དང་གསུམ་གསུམ་ན་བཤོལ་གྱི་ཟླ་བ་རེ་འབྱུང་བ་གསུངས་ཏེ། ལོ་རེ་རེ་ལ་ཚེས་ཞག་བཅུ་གཅིག་རེ་ལྷག་པའི་ཕྱིར་རོ། །དེ་ཡང་རླུང་གི་རྒྱུ་བའི་བྱེ་བྲག་ལས་དེ་ལྟར་དུ་འགྱུར་བ་ཡིན་གསུང་ངོ༌། །དེས་ཉི་མ་དགུན་བཟློག་དཔྱིད་བཟློག་ལྟ་བུར་ཡང་མི་འགྱུར་ཏེ། ཁྱིམ་གྱིས་ཚད་བཟུང་བའི་ཕྱིར་རོ། །ཊཱིཀ་ཆུང་དུ། ལོ་ཕྱེད་དང་གསུམ་གསུམ་ན་བཤོལ་ཟླ་རེ་འབྱུང་བར་བྱས་སོ། །ཁ་ཅིག་རྟ་བྱ་བྱི་བ་ཡོས་ལ་བཤོལ། །སྟོན་དབྱར་དཔྱིད་དགུན་འབྲིང་པོ་གཉིས། །སྔ་མ་བཤོལ་ཏེ་ཐུབ་པར་ངེས། །ཞེས་པ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱལ་པོའི་ལུགས་བརྩིས་པ་ཡིན་གསུང་ངོ༌། །གཉིས་པ་གང་དུ་བྱ་བ་གནས་ཀྱི་སྤྲོས་པ་ནི། དགེ་སློང་གློ་བུར་བ་གནས་སྟོང་པར་ཞུགས་པ་དག་གིས་འདིར་མཚམས་བཅད་པ་ཡོད་དམ། འོན་ཏེ་མ་བཅད་ཅེས་དེ་ལྟར་མ་བརྟགས་ཤིང༌། གསོ་སྦྱོང་གི་ཉིན་མོའི་བར་དུ་ཡང་མ་བསྡད་པར་གནས་འདི་སྟོང་པ་ཞིག་གོ་སྙམ་ཞིང་མཚམས་བཅད་པར་མི་བྱའོ། །སྔར་སྔ་མ་བག་ཡངས་སུ་མ་བྱས་པར་བཅད་པ་གཞན་མི་འཆགས་སོ། །ཞེས་བཤད་པ་དེ་ལ་མཚམས་བཅད་པ་ལ་བཅད་པ་ཉིད་དུ་ཤེས་པ་ཉིད་ནི་མཚམས་བཅད་པ་གཞན་མི་འཆགས་པའི་ཡན་ལག་མིན་ཏེ། སྔར་མཚམས་བཅད་ཟིན་ན་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་མི་འཆགས་པའི་ཕྱིར་རོ། །འོན་ཀྱང་ཤེས་བཞིན་དུ་བཅད་ན་ཉེས་བྱས་སུ་འགྱུར་ལ། མི་ཤེས་པར་བཅད་ན་ལྟུང་བ་མེད་པའི་ཁྱད་པར་ཡོད་དོ། །མཚམས་དགྲོལ་བ་ནི་ལས་འབའ་ཞིག་ཏུ་མ་ཟད་ཀྱི་མཚམས་དང་ལྡན་པའི་དགེ་སློང་དང་དགེ་སློང་མ་དེ་མཚམས་ནང་ན་གཅིག་ཀྱང་མེད་པ་ཉིད་ཀྱིས་ཀྱང་


DLL1002_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཅད་པ་བག་ཡངས་སུ་འགྱུར་རོ། །འདིར་ཡང་སྐྱ་རེངས་ཤར་བའི་དུས་ན་མཚམས་དེ་བག་ཡངས་སུ་འགྱུར་ལ། དེ་མེད་པ་ཉིད་དུ་གྱུར་པ་རྣམ་པ་ལྔ་སྟེ། དགེ་འདུན་ཐམས་ཅད་དོང་བ་དང༌། ཐམས་ཅད་མཚན་གྱུར་པ་དང༌། ཞིང་མིན་པར་གྱུར་པ་དང༌། བབས་པར་གྱུར་པ་དང༌། ཤི་བའོ། །དཀྱིལ་འཁོར་བ་ལ་ནི་འདིར་ཐལ་བར་མི་འགྱུར་ཏེ། གནས་ཆེ་བ་ན་དགེ་སློང་དང་དགེ་སློང་མ་དེ་ཡོད་ན་དཀྱིལ་འཁོར་བ་དེར་དེ་མེད་དུ་ཟིན་ཀྱང་བག་ཡངས་སུ་མི་འགྱུར་རོ། །རུང་བའི་ཁང་པ་ཡང་ལས་ཀྱི་བག་ཡངས་སུ་འགྱུར་བར་མ་ཟད་རུང་ཁང་དེ་གང་གི་ཡིན་པའི་དགེ་སློང་མེད་ན་ཡང་འདིའི་རུང་བ་བག་ཡངས་སུ་འགྱུར་རོ། །མཚམས་གཞན་བཅད་ཟིན་པའི་མཚམས་སུ། མཚམས་གཞན་གྱིས་བསྐོར་དུ་མི་རུང་སྟེ། གནས་གཞན་ནི་གནས་གཞན་གྱི་ཁོངས་སུ་གཏོགས་པ་མ་ཡིན་པའི་ཕྱིར་རོ། །དེར་ལས་བྱས་ཀྱང་བྱས་པར་མི་འགྱུར་རོ། །དམིགས་བསལ་ནི། དགེ་སློང་གི་གཙུག་ལག་ཁང་གི་ཉེ་འཁོར་ན་དཀྱིལ་འཁོར་པ་དང་དགེ་སློང་མའི་དབྱར་ཁང་དག་དང་ཁྲོན་པ་དག་ལ་ནི་ཕྱི་རོལ་མཚམས་གཅིག་གིས་བསྐོར་དུ་རུང་ངོ༌། །ཤིང་ལྗོན་པ་གཅིག་ལ་ཕྱོགས་ཕྱོགས་ཀྱི་མཚམས་རྣམས་འདོམ་ན་མཚམས་བཞི་མན་ཆད་ཀྱི་མུ་ཐུག་དུ་མ་རྣམ་པར་གནས་སོ། །ཤར་ཕྱོགས་པའི་ནུབ་ཕྱོགས་ཀྱི་མཚམས་ཀྱི་མུ་ཐུག་ཀྱང་དེ་ཡིན། ནུབ་ཕྱོགས་པའི་ཤར་གྱི་མུ་ཐུག་ཀྱང་དེ་ཡིན་པ་སོགས་ཤེས་པར་བྱའོ། །མཚམས་འདི་ལ་འཇིག་རྟེན་གྱི་ཐ་སྙད་དུ་རུང་བའི་ཤིང་ལྗོན་པ་སོགས་མཚན་མ་ཡིན་གྱི། ཐ་སྙད་ལས་འདས་པ་མི་མིན་ལ་སོགས་པ་དག་ནི་བརྟན་པར་གནས་པ་ཡིན་དུ་ཟིན་ཀྱང་མཚན་མ་མིན་ནོ། །རྣལ་འབྱོར་པའི་རྫུ་འཕྲུལ་གྱིས་བྱས་པའི་མཚན་མ་དང༌། སྒྱུ་མས་བྱས་པའི་མཚན་མ་དག་ཀྱང་འཇིག་རྟེན་གྱི་ཐ་སྙད་


DLL1002_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་གྱུར་པའི་མཚན་མ་མ་ཡིན་ནོ། །ཟླ་བ་དང་ཉི་མ་དང་སྐར་མའི་འོད་དང༌། རྦ་ཀློང་གི་རླབས་དག་མཚན་མ་མིན་ཏེ། མི་བརྟན་པ་ཉིད་ཡིན་པའི་ཕྱིར་རོ། །སྔར་མཚམས་བཅད་པའི་ནང་དུ་ཆུས་ཆོད་ན་མཚམས་གཞན་དང་འདྲ་བར་མཚམས་ཐ་དད་པ་ཡིན་ཏེ། ཆུ་ནི་གནས་མིན་པའི་ཕྱིར་རོ། །མཚམས་བཅད་ནས་དེའི་འོག་ཏུ་ཆུས་ཆོད་ན་ཇི་སྲིད་དུ་ཆུ་ཡོད་པ་དེ་སྲིད་དུ་མཚམས་ཀྱི་ཡུལ་མིན་ལ། ཆུ་ཆད་ན་སྔ་མ་ཁོ་ན་བཞིན་དུ་མཚམས་ཉིད་དུ་འགྱུར་རོ། །གལ་ཏེ་མཚམས་གཅིག་གི་ནང་དུ་ཆུ་ལ་སོགས་པས་བར་དུ་ཆོད་ཅིང་ཕྱོགས་འགའ་ཡང་འབྲེལ་བ་མེད་ན་མཚམས་གཅིག་པ་ཉིད་མིན་ནོ། །གལ་ཏེ་ཆུ་དེ་ལ་ཟམ་པ་བརྟན་པོ་ཡོད་པ་ཡིན་ན་དེས་སྦྲེལ་བའི་ཕྱི་རོལ་ཀྱི་ཡུལ་ཡང་མཚམས་བཅད་པའི་ནང་དུ་གཏོགས་ན་མཚམས་བཅད་པའི་ཡུལ་ཉིད་ཡིན་ནོ། །མཚམས་བཅད་ཟིན་པའི་འོག་ཏུ་ཟམ་པ་དེ་ཞིག་པ་ཡང་ཟམ་པ་དེ་ཕྱིར་བཅོས་པར་བྱས་ནས་མཚམས་ཀྱི་རྗེས་སུ་འཇུག་སྟེ་མཚམས་གཅིག་ཏུ་འགྱུར་རོ། །ཇི་ལྟ་བུ་ཞིག་ཡང་ཕྱིར་བྱས་ན་ཞེ་ན། ཟམ་པ་ཞིག་ནས་ཡང་ཕྱིར་བཅོས་པའི་སྦྱོར་བ་མ་བཏང་བ་ཉིད་དེ། ཡང་ཕྱིར་བྱས་ན་རྗེས་སུ་འཇུག་གོ །དུས་ཇི་སྲིད་དུ་སྦྱོར་བ་མ་བཏང་བ་དགོས་ཤེ་ན། ཞག་བདུན་ཚུན་ཆད་དུ་སྦྱོར་བ་མ་བཏང་བ་ཉིད་ལས་ཕྱིར་བྱས་ན་རྗེས་སུ་འཇུག་གི་དེ་ཕན་ཆད་དུ་རྗེས་སུ་མི་འཇུག་གོ །མཚམས་བཅད་པའི་གནས་ཀྱི་ནམ་མཁའ་གནས་དེའི་ཁོངས་སུ་གཏོགས་སམ་ཞེ་ན། ནམ་མཁའི་ཁམས་ནི་ཆུ་བཞིན་དུ་བར་དུ་ཆད་པར་གྱུར་པ་ཡིན་པས་མཚམས་གཞན་ཡིན་ཏེ། ནམ་མཁའ་དེ་ལ་དངོས་པོར་ཡོད་པ་ཉིད་ཀྱི་ཐ་སྙད་ཀྱང་མེད་ན་ས་ལ་སོགས་པ་དང་འབྲེལ་བ་ལྟ་ག་ལ་ཡོད། དེས་ན་ནམ་མཁའ་ལ་འདུག་པ་དང་ས་ལ་འདུག་པ་དག་ལྷན་ཅིག་ལས་བྱར་མི་རུང་ངོ༌། །མཚམས་ཆེན་པོ་


DLL1002_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཚད་ཇི་ཙམ་དུ་བཅད་ཅེ་ན། དབུས་ནས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ལས་ལྷག་པར་མཚམས་བཅད་པ་མི་འཆགས་སོ། །མཚམས་པོ་ཆེ་བཅད་པ་ན་འོག་དང་སྟེང་དུ་རྩིག་པ་དང་ཤིང་ལྗོན་པ་སོགས་སྲ་བ་དང་འབྲེལ་བ་ལ་ནི་དཔག་ཚད་ཕྱེད་དང་གསུམ་པོ་དེ་ཚུན་ཆད་ས་གཞི་དང་འདྲ་བར་མཚམས་ཀྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ནོ། །མཚམས་བུ་ཆུང་གཞན་ལ་ནི་དབུས་ནས་ཕྱོགས་བཞིར་ཐག་རུའི་རྒྱ་ཇི་ཙམ་ཡོད་པ་སྟེང་འོག་ཏུ་ཡང་དེ་ཙམ་མན་ཆད་དང་ཡན་ཆད་ས་གཞི་དང་འདྲ་བར་མཚམས་ཀྱི་ཁོངས་སུ་གཏོགས་སོ། །ས་གཞི་མཚམས་ཆེན་པོ་མ་བཅད་པ་ཉིད་དུ་ནི་ཆོས་གོས་དང་མི་འབྲལ་བའི་གནང་བ་མི་འཆགས་སོ། །མཚམས་བཅད་པ་ཞིག་ན་ཆོས་གོས་དང་མི་འབྲལ་བའི་གནང་བ་ཞིག་གོ །མི་འབྲལ་བའི་གནང་བ་ཞིག་པ་དེས་ནི་མཚམས་དེ་མི་ཞིག་སྟེ། མཚམས་བཅད་པ་གནས་དང་མི་འབྲལ་བའི་གནང་བ་ཐོབ་པ་གནས་པ་ཡིན་པས་གནས་ཞིག་ན་གནས་པ་འཇིག་པར་རིགས་ཀྱི། གནས་པ་ཞིག་པ་ཙམ་གྱིས་གནས་འཇིག་པར་མི་རིགས་པའི་ཕྱིར། གྱང་དང་གྱང་རིས་བཞིན་ནོ། །གསོ་སྦྱོང་གི་ཚེ་མཆོད་རྟེན་དང་གཙང་ཁང་ཕྱུར་བུ་དང༌། འཁོར་ས་དང་གསོ་སྦྱོང་གི་གནས་དག་ཏུ་ཕྱག་བདར་བྱ་བ་ཉིད་དོ། །གསུམ་པ་ཚོགས་པའི་སྤྲོས་པ་ནི། དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ཉིད་ནི་ཕུལ་བ་ཡིན་ནོ། །དགེ་འདུན་ལ་འདུན་པ་ལ་སོགས་པ་ཕུལ་བ་ན་དགེ་འདུན་དེ་ལས་གང་ཟག་གང་ཡང་རུང་བས་འདུན་པ་ལ་སོགས་པ་དེ་དགེ་འདུན་ལ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དགེ་འདུན་ལ་དངོས་སུ་ཕུལ་ཟིན་ཡང་བསྟན་པ་རྣམ་པར་བཞག་པ་རྗེས་སུ་བསྲུང་བའི་ཕྱིར་རོ། །གང་ཟག་མཚམས་ཀྱི་ཕྱི་རོལ་ན་གནས་པས་འདུན་པ་དེ་དབུལ་བར་ཡང་མི་བྱ་དབུལ་དུ་གཞུག་པར་ཡང་མི་བྱའོ། །མཚམས་གཞན་ན་གནས་པ་ནི་གང་


DLL1002_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡང་ཡན་ལག་མིན་ནོ་ཞེས་གསུངས་པའི་ཕྱིར་རོ། །ལེན་པར་བྱེད་པས་གཞན་ལ་ཕུལ་དེས་ཀྱང་གཞན་ལ་ཕུལ་བ་ལ་སོགས་པ་བརྒྱུད་པས་འདུན་པ་ལ་སོགས་པ་འབུལ་བ་དང་འབུལ་དུ་གཞུག་པར་མི་བྱའོ། །རྐྱེན་མེད་པར་ཡང་འདུན་པ་སོགས་འབུལ་དུ་རུང་ངམ་ཞེ་ན། ན་བ་ལས་གཞན་པ་དང་དབང་མེད་པ་ལས་གཞན་པ་དང༌། རྒྱལ་པོ་དང་ཆོམ་རྐུན་པ་ལ་སོགས་པའི་བར་ཆད་ཀྱི་དབང་མེད་པ་ལས་གཞན་དང་སྲོག་གི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པ་དང༌། ཚངས་པར་སྤྱོད་པའི་བར་ཆད་ཀྱིས་འཇིགས་པ་ལས་གཞན་པའི་གང་ཟག་གིས་དགེ་འདུན་གྱི་ནང་དུ་འདུ་བར་འདུན་པ་སོགས་འབུལ་བ་ལ་ནི་ཉེས་བྱས་སོ། །འབུལ་བ་མི་འཆགས་པ་ནི་མིན་ནོ། །ལེན་པར་བྱེད་པས་འདུན་པ་ལ་སོགས་པ་དགེ་འདུན་ལ་མ་བརྗོད་ན་ནི་མ་གུས་པ་ལས་གྱུར་པའི་ལྟུང་བྱེད་ཀྱི་རྗེས་སུ་མཐུན་པའི་ཉེས་བྱས་སོ། །བླངས་པར་ནི་འགྱུར་རོ། །འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་སྲོག་དང་ཚངས་སྤྱོད་ཀྱི་བར་ཆད་ཀྱིས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་འདུན་པ་སོགས་དགེ་འདུན་གྱི་ནང་དུ་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ། །དགེ་སྐོས་ཀྱིས་གསོ་སྦྱོང་གི་གནས་སུ་དགེ་འདུན་རྣམས་ཚོགས་པའི་ཚེ་ཚུལ་ཤིང་བྲིམས་པས་དགེ་སློང་རྣམས་བགྲང་བར་བྱའོ། །འོངས་མ་འོངས་ཤེས་པར་བྱ་བའི་ཕྱིར་རོ། །བཞི་པ་ཆོ་གའི་སྤྲོས་པ་ནི། སོ་སོར་ཐར་པའི་མདོ་ཁ་ཏོན་དུ་ལེགས་པར་ཐོན་པས་གསོ་སྦྱོང་གདོན་པར་བྱ་སྟེ། དེའི་ཚད་ནི་ཚིག་ཕྱེད་ཀྱང་མ་འཁྲུལ་བ་ཉིད་ཡིན་ན་ལེགས་པར་ཐོན་པ་ཡིན་ཏེ། གཞན་དུ་ན་མཉེས་བྱས་སོ། །གདོན་པ་དེ་སུའི་ལས་ཡིན་ཞེ་ན། སོ་སོར་ཐར་པའི་མདོ་འདོན་པ་ནི་དགེ་འདུན་གྱི་གནས་བརྟན་གྱི་ལས་ཡིན་ནོ། །གནས་བརྟན་གྱིས་མདོ་འདོན་མི་ནུས་པ་ཉིད་ཡིན་ན། གནས་བརྟན་གཉིས་པའི་ལས་ཡིན་ནོ། །གཉིས་པ་དེས་ཀྱང་མི་ནུས་ན། གནས་བརྟན་


DLL1002_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་ལས་ཡིན་ནོ། །གསུམ་པ་དེས་ཀྱང་མི་ནུས་ན། དགེ་འདུན་ཐམས་ཅད་ཀྱིས་རེས་ཀྱིས་གདོན་པར་བྱའོ། །རེས་བབས་པའི་ཚེ་རང་གིས་མི་ནུས་ན་འདོན་ནུས་པ་གཞན་ལ་བཅོལ་བར་བྱའོ། །གང་ཟག་གིས་བཅོལ་བས་མ་བཏུབ་ན། དེ་ལ་དགེ་འདུན་གྱིས་བཅོལ་བར་བྱའོ། །འདོན་མཁས་པ་དེས་རྟག་ཏུ་འདོན་པ་ཡང་དགེ་འདུན་གྱིས་བཅོལ་བར་བྱའོ། །བར་དུ་བརྗེད་པ་ལ་སོགས་པས་རྡུགས་ཤིང་བར་ཆད་ན་ལྷག་མ་གཞན་གྱིས་གདོན་པར་བྱའོ། །མདོ་འདོན་པ་ལྔ་པོའི་དུམ་བུ་རེ་རེ་འཛིན་པ་ཉིད་ཡིན་ན་འདོན་པར་བྱེད་པ་ཇི་སྙེད་ཀྱིས་འདོན་པ་འགྲུབ་པར་འགྱུར་བ་དག་གིས་རྗེས་སུ་བསྒྲུབ་བོ། །ཆོམ་རྐུན་པ་ལ་སོགས་པས་འཇིགས་པ་དང་བཅས་པ་ཡིན་ན། ནེའི་གསིང་ལ་སོགས་པའི་གནས་མཛེས་པ་འདོད་ཅིང་ཆགས་པས་གྲོང་དང་མི་ཉེ་བར་གསོ་སྦྱོང་བྱར་མི་རུང་ངོ༌། །གསོ་སྦྱོང་དུ་མ་ཟད་ལས་གཞན་ལ་ཡང་དེ་བཞིན་ནོ། །ལམ་འཇིགས་པ་དང་བཅས་པའི་ཚེ་ལམ་གྲོགས་ཀྱི་འགྲོན་པོ་དག་མི་སྡོད་ན་འགྲོ་བཞིན་དུ་གསོ་སྦྱོང་བྱ་བ་ལ་མི་རིགས་པ་མེད་དོ། །མགྲོན་པོ་དག་འཇིགས་པ་དང་བཅས་པའི་ལམ་དེར་སྒྲ་མི་འདོད་ན་མདོར་བསྡུ་བ་ཚིགས་བཅད་ཕྱེད་དང་བཞི་པས་གསོ་སྦྱོང་བྱའོ། །མདོར་བསྡུས་ནས་གསོ་སྦྱོང་བྱ་བའི་སྒྲ་དེ་ཙམ་ཡང་མི་འདོད་ན། དགེ་སློང་རྣམས་སོ་སོ་ནས་ཡིད་ཀྱི་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱའོ། །ཁྱིམ་བདག་དད་པ་ཅན་དང་རྒྱལ་པོ་ལྟ་བུ་གཙོ་བོ་དག་དགའ་བར་འགྱུར་པ་ལྟ་ན། དགེ་སློང་གིས་བྱ་བ་དང་བྱ་བ་མིན་པའི་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དད་པ་ཅན་དང་གཙོ་བོ་དག་དགའ་བར་འགྱུར་བ་ལྟ་ན་དེ་དག་གི་དྲུང་དུ་གསོ་སྦྱོང་བྱེད་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །དགེ་སློང་དག་ཕོངས་པའི་ཚེ་ཁྱིམ་པའི་དྲུང་དུ་ལྟུང་བ་བཤགས་པར་བྱར་རུང་ངོ༌། །ཕོངས་པའི་ཚེ་ཁྱིམ་


DLL1002_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ལ་རབ་ཏུ་བྱུང་བའི་བསླབ་པའི་ཆོ་ག་རྗེས་སུ་བསྒྲགས་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །རྒྱལ་པོ་ལ་བདག་ཅག་གི་སྟོན་པས་འདི་སྐད་གསུངས་སོ། །འདི་ལྟར་བཀག་གོ །ཞེས་སོགས་རབ་ཏུ་བྱུང་བའི་བྱ་བ་དང་བྱ་བ་མིན་པའི་ཆོ་ག་དག་གོ་བར་བྱ་བ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །འདི་དང་གོང་མའི་ཁྱད་པར་ནི། གོང་མ་གཞན་དག་དགའ་བར་བྱ་བའི་ཚེ་ཡིན་ལ་འདི་དག་བདག་ཉིད་ཕོངས་པའི་ཚེ་ཡིན་ནོ། །གསོལ་བ་དང་གླེང་གཞི་རྫོགས་པར་སྟོན་ན་དེའི་ལྷག་མ་གཞན་ཕམ་པའི་སྡེ་ལ་སོགས་པ་མ་རྫོགས་པ་ལ་མི་འཆགས་པ་མེད་དོ། །འོན་ཀྱང་དེ་དག་འདོན་པར་བརྩམས་ནས་རྫོགས་པར་མ་བྱས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་མིན་པས་ལས་མི་བྱ་ན། གསོ་སྦྱོང་གི་སྐབས་འདིར་ཆོས་མིན་པ་གང་ཡིན་ཞེ་ན། གདོན་པར་བྱ་བ་སོ་སོར་ཐར་པའི་མདོ་ཡིན་ལ། དེ་ཁོ་ན་བཞིན་ཉེ་བར་མ་བཟུང་བར་ཕྲན་ཚེགས་ལ་སོགས་པ་འདོན་པ་དང༌། དེའི་ཚད་གླེང་གཞི་མི་འདོན་ཞིང་ལྷག་མ་ཐོས་པ་བསྒྲགས་པས་སྒྲུབ་པར་མི་བྱེད་པ་དང༌། དུས་གསོ་སྦྱོང་གི་དུས་ལས་གཞན་པའི་དུས་སུ་བྱེད་པ་དང༌། འདོན་པར་བྱེད་པ་བསྙེན་པར་རྫོགས་པ་ལྟ་བ་དང༌། མཚན་མཐུན་པ། ཚུལ་ཁྲིམས་མཐུན་པ་ལས་གཞན་པས་འདོན་པ་འདིར་ཆོས་མིན་ནོ། །གནས་དེ་ནས་འགའ་ཡང་མ་སོང་བ་ཉིད་ན་ཞེས་པའི་སོང་བའི་ཚད་གང་ཞེ་ན། ཚིག་ཐ་མལ་པ་ཐོས་པའི་སྤྱོད་ཡུལ་ལམ། ཉེ་འཁོར་ལས་འདས་པ་ཉིད་ན་སོང་བ་ཡིན་ནོ། །གསོ་སྦྱོང་གི་གཞི་དང་འབྲེལ་བ་རྣམ་པར་འབྱེད་པ་ལ་སོགས་པའི་སྐབས་སོ། །གསོ་སྦྱོང་གི་གཞི་རྫོགས་སོ།། །།གཉིས་པ་དབྱར་གྱི་སྒོ་ནས་བསླབ་པ་ཡོངས་སུ་སྦྱང་བ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གཉིས། དབྱར་ཁས་བླང་བའི་ཆོ་ག་དང༌། དམ་ཚིག་བསྲུང་བའི་ཆོ་གའོ། །དང་པོ་ལ་གཉིས།


DLL1002_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། རབ་བྱུང་སྡེ་ལྔས་དབྱར་གཞི་གཅིག་ཏུ་གནས་པར་ཆོ་ག་སྔོན་དུ་བཏང་བས་ཁས་བླང་བར་བྱ་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར་རོ། །དགོས་པ་ནི། གནས་རལ་བ་དང་། འདྲུམས་པ་བཅོས་པ་དང༌། གཞན་འཕྱ་བ་སྤང་བ་དང༌། རང་གཞན་གྱི་ལུས་སྲོག་ལ་གནོད་པ་སྤང་བ་དང༌། དོན་དང་བྱ་བ་མང་བ་སྤང་བ་དང༌། བསམ་གཏན་དང་ཀློག་པ་འཕེལ་བར་བྱ་བ་དང༌། དགག་དབྱེ་དང་སྲ་བརྐྱང་འབྱུང་བའི་ཆེད་དོ། །ཡུན་ཇི་སྲིད་དུ་ཁས་བླང་ཞེ་ན། ཟླ་བ་གསུམ་དུ་ཁས་བླང་བར་བྱའོ། །ལུང་དུ་ཟླ་བ་བཞིར་གསུངས་པ་ནི། སྔ་ཕྱིའི་དུས་བསྡོམས་པའོ། །ཉི་མ་གང་ལ་ཞེ་ན། ཚེས་བཅུ་དྲུག་ལའོ། །ཟླ་བ་གང་གི་ཞེ་ན། དབྱར་སྔ་མ་ནི་ཡར་ངོ་སྔོན་འགྲོ་བའི་ལུགས་ཀྱི་དབྱར་ཟླ་འབྲིང་པོ་ཉའི་ཕྱི་དེ་ཉིན་པར་གྱི་ཚེས་བཅུ་དྲུག་ལའོ། །དབྱར་ཕྱི་མ་ནི། དབྱར་ཟླ་ཐ་ཆུང་ཉའི་ཕྱི་དེ་ཉིན་བར་གྱི་ཚེས་བཅུ་དྲུག་ལའོ། །མར་ངོ་སྔོན་འགྲོ་བ་ཁ་ཅིག་ལྟར་ན། དབྱར་ཐ་དང་སྟོན་རའི་ཚེས་གཅིག་ཟེར་ཏེ། ཚིག་ལེར། གྲོ་བཞིན་ཅན་གྱི་ཚེས་གཅིག་ནི། །སྔ་མའི་དབྱར་ཏེ་གཙོ་བོ་ཡིན། །དེ་ཉིད་ཁྲུམས་སྟོད་ཟླ་བ་ཡི། །ཚེས་གཅིག་ཅེས་ནི་ཕྱི་མར་གྲགས། །ཞེས་དང༌། ལོ་དྲི་བར། སྟོན་ཟླ་ར་བ་ཚེས་གཅིག་གི་ཉིན་ཞག་གོ་ཞེས་སོ། །གཉིས་པ་རྒྱས་བཤད་ལ་གཉིས། སྦྱོར་བའི་ཆོ་ག་དང༌། དངོས་གཞིའི་ཆོ་གའོ། །དང་པོ་ལ་གསུམ། གནས་བྱི་དོར་བྱ་བའི་ཚུལ་དང༌། གནས་མལ་སྟ་གོན་བྱ་བའི་ཚུལ་དང༌། བྱེད་པ་པོ་བསྐོ་ཞིང་དེས་ཇི་ལྟར་བྱ་བའོ། །དང་པོ་ནི། གཙུག་ལག་ཁང་ཆུང་ན། ཞག་བཅུའམ། ཆེ་ན་ཟླ་བ་ཕྱེད་ཀྱིས་དབྱར་ཁས་ལེན་འབྱུང་བར་འགྱུར་བ་ཉིད་ན། གཙུག་ལག་ཁང་རལ་བ་དང༌། རི་མོ་གསོ་བ་དང༌། རྒྱན་ལ་སོགས་པ་གདགས་པས་བྱི་དོར་བྱའོ། །ལུགས་ཁ་ཅིག་


DLL1002_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི། ཞག་བདུན་ནམ་བརྒྱད་ན་བྱི་དོར་བྱའོ་ཞེས་འབྱུང་བས་དེ་གཉིས་གང་དགའ་བ་བྱའོ། །གཉིས་པ་ནི། དབྱར་ཁས་བླང་བའི་ཉི་མ་སྔ་མ་བཅོ་ལྔ་ལ་གནས་ཁང་དང་ཁྲི་དང་སྟན་སོགས་གནས་མལ་རྣམས་སྟ་གོན་བྱ་བས་བསྡོག་གོ །ཐ་ན་ཁྲིའུ་དང་ཆོལ་ཟངས་ཡན་ཆད་བསྡོག་གོ །གསུམ་པ་ལ་གསུམ། སྦྱོར་བའི་ཆོ་ག་དང༌། དངོས་གཞིའི་དང༌། མཇུག་གིའོ། །དང་པོ་ནི། གནས་མལ་དེ་སྟོབ་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །གཅིག་གིས་སྟོབ་མི་ནུས་ན་གཉིས་གསུམ་ཡན་ཆད་དུ་མ་བསྐོ་བར་བྱའོ། །བསྐོ་བའི་ཚུལ་ནི་དབྱར་སྔ་མ་ཡིན་ན་དབྱར་ཟླ་འབྲིང་པོ་ཕྱི་མ་ཡིན་ན་དབྱར་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ཉིན་པར་སྔར་བཞིན་གསོ་སྦྱོང་བྱས་པའི་རྗེས་སུ་གནས་མལ་སྟོབ་པ་བསྐོ་བར་འོས་པའི་དགེ་སློང་ལ་གནས་བརྟན་གྱིས་དགེ་སློང་མིང་འདི་ཞེས་བྱ་བ་ཁྱོད་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོའམ་ཞེས་དྲིས་ལ། དེས་ཀྱང་སྤྲོ་ལགས་ཞེས་བྱའོ། །དེ་ནས་གནས་བརྟན་གྱིས་དགེ་འདུན་རྣམས་སྤྱོད་ལམ་བསྟུན་ནས་གནས་མལ་སྟོབ་པ་བསྐོ་བའི་གསོལ་བ་དང༌གཉིས་ཀྱི་ལས་ལས་ཐོག་མར་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ཏེ། གནས་མལ་སྟོབ་པ་མིང་འདི་ཞེས་བགྱི་བ་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབས་སོ། །འདི་ནི་གསོལ་བའོ། །བརྗོད་པ་མཇུག་སྡུད་དང་བཅས་པ་ལ་ཐུགས་གཏད་པར་ཞུ་ཞེས་བྱས་ལ། དགེ་


DLL1002_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་དགེ་འདུན་ལ་དབྱར་གྱི་གནས་མལ་སྟོབ་པར་སྤྲོ་སྟེ། དེའི་སླད་དུ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་ན། ཚེ་དང་ལྡན་པ་གང་དག་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོ་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་དགེ་སློང་མིང་འདི་ཞེས་བགྱི་བ་གནས་མལ་སྟོབ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བརྗོད་དོ། །བསྐོས་པའི་དགེ་སློང་གིས་ཚུལ་ཤིང་སྲིད་དུ་ཁྲུ་གང་བ། ཡ་ཡོ་དང་ཁྱར་ཁྱོར་དང་བཅས་བཅུས་མེད་ཅིང༌། ཁ་དོག་ངན་པ་མིན་པ། རེག་པ་འཇམ་པ་རྣམས་སྟ་གོན་བྱས་ལ། ཙནྡན་དང་གུར་གུམ་ལ་སོགས་པའི་དྲིས་ལེགས་པར་བསྒོས་པ། གཟེབ་ཀྱི་སྤྲོག་མར་རས་དཀར་པོ་བཏིང་བས་དཀྲིས་པ་རྒན་པའི་མཐར་བཞག་ནས་རང་ཉིད་སྤྱོད་ལམ་སྔར་བཞིན་ཐལ་མོ་སྦྱར་ནས་འགྲེངས་ཏེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེ་གེ་ཞེས་བྱ་བ་འདི་ན་ཁྲིམས་སུ་བྱ་བ་ཆུ་མགོར་ཟག་པ་མི་འདོར་བར་བྱ་བ་འདི་དང༌། མཁོ་ཞིང་སྤྱད་པར་བྱ་བའི་དངོས་པོ་མྱུར་དུ་བསྐྱལ་བར་བྱ་བ་འདི་དང༌། དགེ་བའི་རྩ་བ་ལ་བརྩོན་པར་བྱ་བ་འདི་དང༌། ཉེ་འཁོར་གཙང་བར་བྱ་བ་འདི་དང༌། ཞིང་རྐེད་པར་མི་གཅད་པར་བྱ་བ་འདི་དང༌། སེར་བ་བྱུང་ན་བཟློག་པར་བྱ་བ་ལ་སོགས་པ་འདི་ཡོད་དེ། ཁྱེད་ཅག་ལས་གང་ཁྲིམས་སུ་བྱ་བ་ཆུ་མགོར་ཟག་པ་མི་འདོར་བར་བྱ་བ་ལ་སོགས་པ་ནས། སེར་བ་བྱུང་ན་བཟློག་པ་ལ་སོགས་པ་འདིས་གནས་འདིར་


DLL1002_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པར་སྤྲོ་བ་དེས་ནི་ཚུལ་ཤིང་ལོངས་ཞིག །ཁྱེད་ཅག་ལས་སུས་ཀྱང་དབྱར་དགེ་འདུན་གྱི་ནང་དུ་འཁྲུག་ལོང་བསྐྱེད་པར་མི་བྱའོ། །ཁྱེད་ཅག་ལས་གང་གིས་འགའ་ཞིག་ལ་ཅུང་ཟད་ཤེས་པ་དེས་དེ་སྨྲོས་ཤིག །ཁྱེད་ཅག་ལས་གང་དབྱར་གྱི་ནང་དུ་དགེ་འདུན་ལ་འཁྲུག་ལོང་བསྐྱེད་པར་འགྱུར་བ་དེ་ལ་དགེ་འདུན་གྱིས་ཕྱིས་ཉེ་བར་བརྟག་པར་དགོངས་སོ། །ཞེས་དགེ་སློང་རྣམས་ལ་ཁྲིམས་སུ་བྱ་བ་གོ་བར་བྱའོ། །དེ་ནས་གནས་མལ་སྟོབ་པའི་དགེ་སློང་དེ་ལས་གཞན་པའི་དགེ་སློང་གཅིག་གིས་ཚུལ་ཤིང་བླང་བ་དང་དབྱར་གནས་པར་ཁས་བླང་བའི་ཕྱིར་དགེ་འདུན་ལ་གསོལ་བ་འབའ་ཞིག་གི་ལས་བྱའོ། །དེའི་ཚུལ་ནི། ལས་བྱེད་པ་པོས་ཚུལ་ཤིང་བླང་བ་དང་ཁས་བླང་བའི་ཕྱིར་དགེ་འདུན་ཐུགས་བསྟུན་པ་གསོལ་བའི་ལས་ལ་ཐུགས་གཏད་པར་ཞུ་ཞེས་བརྗོད་ལ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལགས་ན་གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་དེང་ཚུལ་ཤིང་བཞེས་ཏེ་སང་ནང་པར་གནས་པར་ཁས་བླང་ངོ་འདི་ནི་གསོལ་བའོ་ཞེས་བརྗོད། དབྱར་ཕྱི་མ་ལ་ནི། དབྱར་ཉེ་བར་བསྒྲུབ་པ་དབྱར་ཟླ་ཐ་ཆུང་གི་ཚེས་བཅོ་ལྔ་ལགས་ན་ཞེས་འདོན་པ་བསྒྱུར། དེ་མ་ཐག་ཏུ་ཚུལ་ཤིང་བྲིམ་མོ། །ཚུལ་ཤིང་བྲིམ་པ་པོས་དང་པོར་སྟོན་པའི་ཚུལ་ཤིང་གཅིག་བླངས་ནས། སྟོན་པའི་ཚུལ་ཤིང་ལེན་པ་ལས་གཞན་པའི་དགེ་སློང་དག་གིས་རང་རང་གི་སྟན་ལས་ཕྱེད་འཕགས་པ་པུས་མོ་བཙུགས་པའི་སྤྱོད་ལམ་གྱིས་རང་རང་གི་ཚུལ་ཤིང་བླང་བར་བྱའོ། །དགེ་སློང་རྣམས་ལ་ཚུལ་ཤིང་བྲིམས་པའི་མཇུག་ཏུ་ཡང་འགོ་ནས་བཟླས་ཏེ། དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་ནི་རང་རང་གི་སློབ་དཔོན་དང་


DLL1002_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

མཁན་པོ་དག་གིས་བླང་ངོ༌། །དགེ་ཚུལ་རྣམས་ཀྱི་ཚུལ་ཤིང་བྲིམས་ཟིན་པའི་མཇུག་ཏུ་གཙུག་ལག་ཁང་གི་སྲུང་མ་གཉུག་མར་གནས་པ་ལྷ་མོ་ཆེན་མོ་འཕྲོག་མ་ལ་སོགས་པ་དག་གི་ཚུལ་ཤིང་བྲིམས་པ་དེ་ཡང་བྱའོ། །ཚུལ་ཤིང་སྡུད་པ་ན་ཐམས་ཅད་ཀྱིས་དལ་བུས་གཞག་པར་བྱའོ། །བསྡུས་པའི་འོག་ཏུ་ཚུལ་ཤིང་བགྲངས་ནས་བྲིམས་པ་པོས་སྔར་བཞིན་འགྲེངས་ཏེ་ཐལ་མོ་སྦྱར་ནས། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་བཀྲ་ཤིས་ཀྱི་གཙུག་ལག་ཁང་ཆེ་གེ་མོ་ཞེས་བྱ་བ་འདིར་དབྱར་གནས་པར་ཞལ་གྱིས་བཞེས་པའི་དགེ་སློང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ། །དགེ་ཚུལ་ཡང་འདི་སྙེད་ཀྱིས་ཚུལ་ཤིང་བཞེས་སོ་ཞེས་གོ་བར་བྱའོ། །དེའི་འོག་ཏུ་གྲལ་ན་གནས་པ་ཐམས་ཅད་ཀྱིས་ལེགས་པར་བཞེས་སོ་ཤིན་ཏུ་བཞེས་སོ་ཞེས་བརྗོད། གཉིས་པ་ལ་གསུམ། གནས་ཀྱི་གཞི་བསྟབ་པ་དང༌། ལོངས་སྤྱོད་པའི་ཚུལ་དང༌། མལ་ཆ་བསྟབ་པའི་ཚུལ་ལོ། །དང་པོ་ནི། དེ་ནས་གནས་པར་བྱ་བ་ཉིད་ཀྱི་གཞི་ཁང་པ་བསྟབ་པར་བྱའོ། །ཇི་ལྟར་བསྟབ་པར་བྱ་ཞེ་ན། གནས་ཁང་སོགས་དེ་དག་གི་སྒོ་ལྕགས་དང་ལྡེ་མིག་བླངས་པས་དང་པོར་གནས་བརྟན་གྱི་མདུན་དུ་འདུག་སྟེ། གནས་བརྟན་གཙུག་ལག་ཁང་ཆེ་གེ་མོ་ནི་རྙེད་པ་དང་བཅས་པ་གོས་ཀྱི་རིན་དང་བཅས་པ་ལགས་ཀྱིས་བཞེས་ཤིག་ཅེས་ཡོན་ཏན་ཇི་ལྟ་བ་བཞིན་དུ་མོས་པ་བསྐྱེད་ཅིང་ལེན་དུ་གཞུག་གོ །ལེན་ཚུལ་ནི། བླང་བ་ལ་སོགས་པ་ནི་ལྷུང་བཟེད་འབྲེལ་མེད་འབྲིམ་པ་དང་འདྲ་བར་བར་དུ་ཆོད་པས་བླངས་ན་གོང་མས་དེ་ཁོ་བོ་ལ་བྱིན་ཅིག་ཅེས་མི་བླང་ཞིང༌། ནན་གྱིས་སློང་ན་ཚིག་གཉིས་པ་ལ་མི་སྦྱིན་ཞིང་གསུམ་པ་ལ་སྦྱིན་ནོ། །མཆོད་རྟེན་དང་དགེ་འདུན་གྱི་དོན་མིན་པར་རང་དགར་ཡུལ་


DLL1002_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་སོང་བར་ཤེས་པ་ལ་ནི་དགེ་སློང་གཉུག་མར་གནས་པ་རྣམས་ལ་བསྐོས་ཟིན་པའི་འོག་ཏུ་གནས་ཀྱི་གཞིའི་འཐེབ་ཡོད་ན་དེ་ལས་བསྐོ་བར་བྱའི་རྒན་རིམ་དུ་མིན་ལ་མཆོད་རྟེན་དང་དགེ་འདུན་གྱི་དོན་དུ་སོང་བ་ལ་རྒན་རིམ་བཞིན་དུ་སྐལ་པ་བགོ་བར་བྱའོ། །གཙུག་ལག་ཁང་དུ་མ་ཟད་ཤིང་ལྗོན་པའི་དྲུང་དང་ནེའུ་གསིང་གི་གཞི་དག་ལ་ཡང་རྒན་རིམ་བཞིན་དུ་བསྐོ་བར་བྱའོ། །དགེ་སློང་རེ་རེ་ལ་གནས་ཁང་གིས་རེ་རེ་བསྐོར་མི་ཆོག་ན། གང་ཟག་གཉིས་དང་གསུམ་བཞི་ལ་སོགས་པ་དག་ལ་ཐ་ན་གནས་ཁང་དེའི་ས་གཞི་གདིང་བའི་ཚད་ཙམ་ཤོང་བའི་དགེ་སློང་དེ་སྙེད་ལ་གནས་ཁང་གཅིག་བསྐོ་བར་བྱའོ། །སྟན་གྱི་ཚད་ཤོང་བའི་དགེ་སློང་དེ་སྙེད་ལ་གནས་ཁང་གཅིག་བསྐོ་བར་བྱའོ། །ཞེས་བཤད་པ་དེ་ལ་དགེ་སློང་དེ་དག་གི་ལྷུང་བཟེད་དང་བྱ་མ་བུམ་དང་འདག་རྫས་དང༌། སོ་ཤིང་དང་སྨན་གྱི་གནས་ལ་ལྟོས་པར་བྱས་ཏེ། དེ་དག་གི་གནས་བཞག་པའི་ལྷག་མ་ལ་སྔ་མ་བཞིན་དུ་བསྐོ་བར་བྱའོ། །མི་ཤོང་དུ་ཟིན་ཀྱང་སྒོ་ཁང་དང་ཐེམ་སྐས་ཀྱི་ལྐོག་དང་བཀད་ས་དང་སྲོ་ཁང་གི་ར་བ་དག་གང་ཟག་གི་གནས་ཁང་དུ་བསྐོ་བར་མི་བྱའོ། །མཚན་མོ་གནས་མལ་མི་བསྐོའོ། །རྒན་རིམ་གྱི་དམིགས་བསལ་ནི། སྔར་ནས་ཐོབ་པའི་ནད་པ་འདུག་པའི་གནས་ཁང་གཞན་ལ་མི་སྦྱིན་ནོ། །སྔར་ནས་ནད་པས་གནས་གོལ་བ་དེ་ཉིད་ཐོབ་པ་མེད་ན་གསར་དུ་མི་སྦྱིན་པར་མི་བྱ་བར་གསར་དུ་སྦྱིན་དགོས་སོ། །ནད་པ་དང་ནད་པ་དེའི་གཡོག་ལས་བྱེད་དུ་མི་གཞུག་གོ །མཛེ་ཅན་གྱིས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱ་སྟེ་ཤིན་ཏུ་བཙོག་པའི་ཕྱིར་རོ། །མཛེ་ཅན་དེ་ལ་མཐའ་འཁོབ་དབེན་པར་གནས་སྦྱིན་ནོ། །དེ་ནི་ནད་ཡུན་རིང་ལ། སངས་རྒྱས་ཀྱི་བསྟན་པ་སྙིང་རྗེས་རབ་ཏུ་ཆེ་བའི་ཕྱིར་རོ། །མཛེ་ཅན་གྱིས་དགེ་འདུན་གྱི་བརྟེན་པར་བྱ་བ་དང་བཅས་པ་ཐ་ན་


DLL1002_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱམས་དང༌། ཁྱམས་གྲུ་བཞི་དང༌། སྒོ་ཁང་དང་བང་རིམ་དང་འཆག་ས་དང་ཤིང་དྲུང་གི་གནས་དེར་ཡང་འདུག་པར་མི་བྱའོ། །མཛེ་ཅན་གྱིས་དགེ་འདུན་གྱི་བཤང་པ་དང་གཅི་བའི་སྐྱབས་གཉིས་སུ་འཇུག་པར་མི་བྱའོ། །དགེ་འདུན་གྱིས་མཛེ་ཅན་དེ་ལ་གཡོག་བསྐོ་བས་སྙིང་བརྩེ་བར་བྱ་སྟེ། མཛེ་ཅན་དེ་ནི་ནད་ཡུན་རིང་ཞིང་ཆེ་བ་ཡིན་པའི་ཕྱིར་དང༌། སངས་རྒྱས་ཀྱི་བསྟན་པ་ནི་སྙིང་རྗེས་རབ་ཏུ་ཆེ་བ་ཡིན་པའི་ཕྱིར་རོ། །དབྱར་ཉི་ཚེར་མ་ཟད་དགུན་ལ་སོགས་པ་དུས་ཐམས་ཅད་དུ་དགོན་པ་པ་དག་ལ་ལྷུང་བཟེད་དང་ཆོས་གོས་བཞག་པའི་ཕྱིར་གཙུག་ལག་ཁང་དུ་གནས་ཁང་བསྐོ་བར་བྱའོ། །དབྱར་སྔ་མ་དང་ཕྱི་མར་ཁས་བླངས་པ་ན་དགེ་སློང་ཁ་ཅིག་གློ་བུར་དུ་འོང་སྲིད་པས་གནས་དང་གནས་མལ་གཞག་པར་བྱའོ། །དེའི་ཚེ་གློ་བུར་པ་མང་པོ་དག་ལྷགས་ན་དབྱར་གནས་པ་དག་གིས་གནས་མལ་གཟོད་བསྐོ་བར་བྱའོ། །དབྱར་གནས་པར་ཁས་བླངས་པ་ཕྱི་མ་ཕྱིན་ཆད་གཟོད་བསྐོ་བར་མི་བྱའོ། །གནས་པར་ཁས་བླང་བ་གསུམ་པ་མེད་པའི་ཕྱིར་རོ། །གནས་ཀྱི་གཞི་མང་བ་ཉིད་ཡིན་ན་དགེ་སློང་གཅིག་ལ་ཡང་གནས་གཉིས་ལ་སོགས་པ་ནས་ཐམས་ཅད་ལ་ཁྱབ་པའི་བར་དག་བསྐོའོ། །ཞག་གཅིག་ཁོ་ན་གནས་པའི་དོན་དུ་གནས་མལ་བགོ་བཤའ་མནོད་པར་མི་བྱའོ། །རྙེད་པ་འདོད་པས་གཙུག་ལག་ཁང་དང་གནས་མལ་མི་ནོད་དོ། །གཉིས་པ་ལོངས་སྤྱོད་པའི་ཚུལ་ནི། གནས་མལ་མནོས་པ་དེ་དག་ཐམས་ཅད་ཡོངས་སུ་སྤྱད་པར་བྱའོ། །ཇི་ལྟར་སྤྱད་ན། གནས་ཁང་ལ་ལར་ཀློག་པ་དང༌། ལ་ལར་ཁ་ཏོན་དང༌། ལ་ལར་འདུག་པ་དང༌། བཅག་པ་དག་ལས་གང་ཡང་རུང་བ་བྱ། ལ་ལར་ལྷུང་བཟེད་དང་ཆོས་གོས་བཞག་པར་བྱ། ལ་ལར་མཚན་མོ་ཉལ་བར་བྱ། ལ་


DLL1002_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ལར་སྔ་དྲོ་དང་གུང་ཚིགས་དང་ཕྱི་དྲོ་འདུག་པས་ལོངས་སྤྱོད་པ་དེ་ལ་སྦྱར་བར་བྱའོ། །དགེ་སློང་དབྱར་གནས་པར་ཁས་བླངས་པས་གནས་ཀྱི་གཞི་རལ་བ་ཕྱོགས་གཅིག་ཆད་པ་དང༌། འདྲུམས་པ་གས་པ་བཅོས་པར་བྱའོ། །དབྱར་ཁང་དེ་ལྟར་གྱུར་ན་དགེ་སློང་མ་དབྱར་གནས་པ་རྣམས་ཀྱིས་སྤྱས་ལོག་སྟེ་བཅོས་པར་བྱའི་གང་ན་གནས་པ་དེ་ཁོ་ནས་བཅོས་པར་མི་བྱའོ། །འཐབ་ཀྲོལ་ཅན་གཞན་ནས་འོངས་པས་མཚམས་ནང་དུ་གནས་མི་ཐོད་པར་བྱ་བའི་ཕྱིར་དགུན་མནོད་པ་དང༌། དཔྱིད་མནོད་པའི་གནས་མལ་ཡང་བསྟབ་པར་བྱའོ། །དེས་གནས་མི་ཐོད་པར་བྱ་བའི་ཕྱིར་གནས་མལ་རིལ་གྱིས་བསྐོ་བར་བྱའོ། །འདི་ལྟ་སྟེ། གཙུག་ལག་ཁང་དང་ཁང་ཁྱིམ་གྱི་ཉེ་འཁོར་ཡང་བསྐོའོ། །དགེ་འདུན་འདུ་བའི་ཁྱམས་ཀྱི་ཉེ་འཁོར་དེ་ཡང་བསྐོའོ། །དེ་དག་བསྐོས་ཟིན་ནོ་ཞེས་བརྗོད་པས་དེ་དག་དོར་བའི་འོག་ཏུ་གཙུག་ལག་ཁང་ལ་སོགས་པ་དེ་དག་མི་གཏང་བར་མི་བྱ་བར་སྔ་མ་བཞིན་དུ་གཏང་བར་བྱའོ། །དགེ་སློང་རང་བཞིན་དུ་གནས་པའི་ཕྱིར་དུས་ཐམས་ཅད་དུ་སྔར་གྱི་སྒྱུ་ཐབས་དེ་མི་བྱའོ། །དགེ་སློང་ད་ལྟ་མི་གནས་པ་ཕྱིས་འབྱུང་བའི་དོན་དུ་ནི་གནས་མལ་སྔར་མི་བསྐོའོ། །དེ་སྟོན་པ་ནི། འདི་ནི་དགུན་ལ་སོགས་པའི་དུས་ཚིགས་དང༌། འདི་ནི་ཚེས་གཅིག་ལ་སོགས་པ་ཉིན་མཚན་དང༌། ཉིན་མཚན་དེའི་ཡན་ལག་སྔ་དྲོ་ལ་སོགས་པ་དང༌། འདི་ནི་མཁན་པོ་དང་སློབ་དཔོན་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་ལྷན་ཅིག་གནས་པ་དང་ཉེ་གནས་ཆེ་གེ་མོ་ཞིག་འབྱུང་བའིའོ། །འདི་ནི་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང༌། འགྲོགས་བཤེས་དང་སྨོན་འདྲིན་ལ་སོགས་པ་ཆེ་གེ་མོ་ཞིག་འབྱུང་བའིའོ་ཞེས་གཙུག་ལག་ཁང་དག་བསྐོ་བར་མི་བྱའོ། །གཞན་གྱིས་བསྐོས་ཀྱང་མནོད་པར་མི་བྱའོ། །གཙུག་ལག་ཁང་དུ་


DLL1002_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བྱིའུ་ལ་སོགས་པའི་ཚང་གཞིག་པའི་ཕྱིར་དབྱུག་གུ་ཐོགས་པ་བསྐོ་བར་བྱའོ། །དེས་ཚང་ཇི་ལྟར་གཞིག་ན། ཚང་སྒོ་ང་མེད་པ་རྣམས་ནི་ཕྱིར་བཏོན་པར་བྱའོ། །སྦྲང་བུ་ལ་སོགས་པ་རྣམས་ཀྱི་ཚང་སྒོ་ང་ཡོད་པ་རྣམས་ནི་མི་འཕེལ་བར་བྱ་བའི་ཕྱིར་སྐུད་པས་དཀྲིའོ། །གསུམ་པ་གནས་མལ་བསྟབ་པའི་ཚུལ་ནི། གནས་མལ་དང་གོས་ལ་སོགས་པ་སྦྱིན་ནོ། །གནས་མལ་མང་པོ་ཡོད་པ་ཉིད་ན་གང་ཟག་གཅིག་ལ་ཡང་རྒན་རིམ་ནས་བརྩམས་ཏེ་དུ་མ་ཡང་སྦྱིན་ནོ། །ཁྲི་ཆེན་པོ་དག་ཀྱང་རྒན་རིམ་ནས་བསྐོ་བར་བྱ་བ་ཉིད་ཡིན་ནོ། །སྟན་དག་ཀྱང་རྒན་རིམ་ནས་བསྐོ་བར་བྱའོ། །དགེ་འདུན་གྱི་གནས་མལ་གོས་ལ་སོགས་པས་གཡོགས་པ་དགེ་ཚུལ་མི་གཙང་བས་ཉམས་པར་བྱེད་པའི་ཆོས་ཅན་ལ་སུས་ཀྱང་མི་སྦྱིན་ནོ། །དགེ་འདུན་གྱི་གནས་མལ་གཡོགས་པ་མི་གཙང་བས་ཉམས་པར་བྱེད་པའི་དགེ་སློང་མ་ལ་ཡང་མི་སྦྱིན་ནོ། དགེ་འདུན་གྱི་གཙུག་ལག་ཁང་འདིར་གནས་ལྷག་པོ་འབྱོར་ན་དགེ་སློང་མ་དེ་ལ་དགེ་སློང་གི་གཙུག་ལག་ཁང་གི་འདབ་ཏུ་གཙུག་ལག་ཁང་སྦྱིན་ནོ། །གནས་མལ་ལྷག་པ་བཟང་པོ་མ་ཡིན་པ་ཡོད་ན་ཡང་སྦྱིན་ནོ། །གསུམ་པ་མཇུག་གི་ཆོ་ག་ནི། གནས་མལ་བསྟབས་ཟིན་ནས་སྟོབ་པ་པོས་ཁྱེད་ཅག་ལས་གང་གིས་ཀྱང་གནས་མལ་གདིང་བ་མེད་པར་ལོངས་སྤྱད་པར་མི་བྱ། གདིང་བ་རུང་བ་མ་ཡིན་པས་ལོངས་སྤྱོད་པར་མི་བྱའོ། །གདིང་བ་དྲི་མ་ཅན་གྱིས་ལོངས་སྤྱད་པར་མི་བྱའོ་ཞེས་གོ་བར་བྱའོ། །དེས་ཚེས་བཅོ་ལྔ་ལ་གནས་མལ་བསྟབས་ཟིན་ནས་འདི་སྐད་བརྗོད་དོ། །དགེ་འདུན་སང་སྦྱིན་བདག་ཆེ་གེ་མོ་དང༌། ཞལ་ཏ་བ་ཆེ་གེ་མོ་དང༌། སྤྱོད་ཡུལ་གྲོང་ཆེ་གེ་མོ་དང་ནད་གཡོག་ཆེ་གེ་མོས་གནས་པར་ཞལ་གྱིས་བཞེས་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །གནས་མལ་སྟོབ་པས་གནས་མལ་ཟླ་བ་ཕྱེད་ཕྱེད་


DLL1002_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སོ་སོར་བརྟག་པར་བྱའོ། སྔར་གྱི་དམ་ཚིག་ལས་འདས་ཤིང་སྤྱད་ན་གནས་པའི་གནས་མལ་ནི་གནས་ལ་བརྗོད་ནས་དབྲོག་ལ། གནས་ཤིག་ཡིན་ན་དགེ་འདུན་ལ་བརྗོད་དེ་དབྲོག་བར་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། མ་བརྟགས་པར་ཁས་བླང་ངམ་ཞེ་ན། བརྟག་དགོས་ལ་ཇི་ལྟར་བརྟག་ན། འགྱོད་པ་དང་གཞན་སྡུག་བསྔལ་དང༌། ཡིད་མི་བདེ་བ་མི་བསྐྱེད་པ་ཉིད་དང༌། སྐྱེས་པ་སེལ་བ་ཉིད་དང༌། བདེ་བ་དང་ཡིད་བདེ་བ་གསར་དུ་བསྐྱེད་པ་ཉིད་དང༌། སྐྱེས་པ་རྗེས་སུ་བསྲུང་བ་ཉིད་དག་དང༌། ན་ན་ནད་གཡོག་ཉིད་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་འབྱུང་བ་སོ་སོར་བརྟགས་པས་གནས་དང༌། བསོད་སྙོམས་ཀྱི་སྤྱོད་ཡུལ་དང༌། སྦྱིན་བདག་གིས་བསོད་སྙོམས་སྦྱིན་པ་དང༌། ན་བའི་སྨན་སྦྱིན་པར་བྱེད་པ་ལ་རྣམ་པར་བལྟས་ཏེ་དེ་ལྟ་བུ་ཡོད་ན་གནས་པར་ཁས་བླང་བར་བྱའོ། །གང་དུ་སུའི་མདུན་དུ་ཞེ་ན། སྟེང་གཡོགས་པར་དགེ་སློང་གི་མདུན་དུ་གནས་པར་ཁས་བླང་ངོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདི་ལྟ་སྟེ། གནས་རལ་བ་དང་འདྲུམས་པ་བཅོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བགྱི་བ་དང༌། ཞལ་ཏ་པ་མིང་འདི་ཞེས་བགྱི་བ་དང༌། སྤྱོད་ཡུལ་གྱི་གྲོང་ཆེ་གེ་མོ་ཞེས་བགྱི་བ་དང༌། བྲོ་གཡོག་ཆེ་གེ་མོ་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་གནས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བརྗོད། དབྱར་ཕྱི་མ་ལ་ནི་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་འདོན་པ་བསྒྱུར་རོ། །ཤིང་ལ་སོགས་པས་མནན་ཏེ་གཙུག་ལག་ཁང་དུ་མར་མཚམས་དུ་མར་དབྱར་གནས་པར་ཁས་བླང་བར་མི་བྱའོ། །གཙུག་ལག་ཁང་


DLL1002_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གང་ན་ལས་བྱེད་ནུས་པའི་དགེ་སློང་མེད་པ་དང༌། སྒོ་གླེགས་མེད་པ་དང་བཅས་པར་ཡང་དབྱར་གནས་པར་ཁས་བླང་བར་མི་བྱའོ། །སྦྱིན་བདག་དང་ཞལ་ཏ་བ་དང་སྤྱོད་ཡུལ་གྱི་གྲོང་དང༌། ནད་གཡོག་དག་ཡོད་པ་ཉིད་ཡིན་ན་ཚེས་བཅོ་ལྔ་དང་བཅུ་དྲུག་གི་ནང་པར་བརྗོད་པར་བྱའི་མེད་ན་བརྗོད་མི་དགོས་སོ། །གཉིས་པ་དམ་ཚིག་བསྲུང་བའི་ཚུལ་ལ་གཉིས། དབྱར་རལ་བ་སྤང་བ་དང༌། རལ་ཡང་ཉེས་པ་མེད་པའོ། །དང་པོ་ནི། དབྱར་གནས་པར་ཁས་བླངས་པས་ཞག་བདུན་ལ་སོགས་པར་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་འཆར་བར་མི་བྱའོ། །བྱིན་གྱིས་བརླབས་ནས་འགྲོར་རུང་ན་ཆེད་དུ་བྱ་བ་གང་ལ་དུས་ཇི་ཙམ་དུ་བྱིན་གྱིས་རློབ་ན་ཆོས་དང་ལྡན་པའི་དོན་དུ་ཞག་བདུན་ཚུན་ཆད་མཚམས་ནང་དུ་དགེ་སློང་གཅིག་གི་མདུན་དུ་བྱིན་གྱིས་བརླབས་ནས་འགྲོ་བར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས་བདག་མིང་འདི་ཞེས་བགྱི་བ། བགྱི་བ་ཞིག་གི་སླད་དུ་དགུང་བདུན་མཚམས་ཀྱི་སླད་རོལ་ཏུ་མཆི་བ་དང༌། དེ་ཚུན་ཆད་ཀྱིས་སླར་མཆི་བར་བྱིན་གྱིས་བརླབ་བོ། །བདག་དབྱར་འདི་ན་གནས་ཤིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ་ཞེས་ལན་གསུམ་བརྗོད། དབྱར་ཕྱི་མ་ལ་དབྱར་ཕྱི་མ་ཟླ་བ་གསུམ་ཞེས་འདོན་པ་བསྒྱུར་རོ། །ཆོས་དང་ལྡན་པ་འདི་ལྟ་སྟེ། མཚམས་ཀྱི་ཕྱི་རོལ་ན་གནས་པའི་དགེ་སློང་གིས་མཚམས་ནང་གི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང༌། གཙུག་ལག་ཁང་ཞལ་བསྲོ་བ་འཇུག་པ་དང་གནས་པ་ལ་སོགས་པའི་ཆོ་ག་བྱ་བ་དང༌།


DLL1002_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མལ་འབུལ་བ་དང༌། བསྟན་པ་ལ་ཕན་པའི་བསླབ་པ་བརྟན་པོ་བཅའ་བ་དང༌། མཆོད་རྟེན་ཞལ་བསྲོ་བ་དང༌། མཆོད་རྟེན་གྱི་མཆོད་སྡོང་སྲོག་ཤིང་འཛུགས་པ་དང༌། རྒྱལ་མཚན་བསྒྲེང་བ་དང༌། གདུགས་གདགས་པ་ལ་སོགས་པ་དང༌། དཀོན་མཆོག་གསུམ་ལ་མཆོད་པ་བྱ་བ་དང༌། མཆོད་རྟེན་སོགས་ལ་ཡུང་བ་ལ་སོགས་པའི་ཚོན་གྱིས་བྱུག་པ་དང༌། ཙནྡན་དང་གུར་གུམ་གྱི་བྱུག་པ་སྐུད་པ་དང༌། མདོ་སྡེའི་སྡེ་ཚན་བཀླག་པ་དང༌། བཀླག་པའི་ལུང་ནོད་པ་དང༌། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་སྤང་བ་དང༌། ནན་ཏུར་གྱི་ལས་སམ། རྩོད་པ་འགའ་ཞིག་བྱུང་བ་ན་ཆོས་ཀྱི་ཕྱོགས་དང་མཐུན་པ་བསྒྲུབ་པ་དང༌། སྔར་དགེ་འདུན་གྱིས་སྤངས་བ་དགེ་འདུན་ལ་བཟོད་པ་གསོལ་བ་དང༌། སྤོ་བ་དང་ལ་སོགས་པ་གཞི་ནས་སྤོ་བ་དང༌། མགུ་བ་དང་གཞི་ནས་མགུ་བ་བཞི་བྱ་བ་དང༌། ལྷག་མའི་ལྟུང་བ་ལས་དབྱུང་བ་དང༌། ནད་པ་དབུགས་དབྱུང་བ་དག་ལ་བྱིན་གྱིས་བརླབ་བོ། །དགེ་སློང་མའི་སྔར་གྱི་དེ་དག་གི་སྟེང་དུ་ལྕི་བའི་ཆོས་ཀྱི་མགུ་བར་བྱ་བ་དབུལ་བ་ལ་ཡང་བྱིན་གྱིས་བརླབ་བོ། །དགེ་སློབ་མའི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ནོད་པ་དང༌། བསྙེན་པར་རྫོགས་པར་བྱ་བ་ལ་ཡང་བྱིན་གྱིས་བརླབ་བོ། །མཚམས་ཀྱི་ཕྱི་རོལ་ན་གནས་པའི་དགེ་ཚུལ་གྱི་བསྙེན་རྫོགས་ཀྱི་ཆོ་ག་དེ་ལ་བྱིན་གྱིས་བརླབ་བོ། །མཚམས་ཀྱི་ཕྱི་རོལ་ན་གནས་པའི་དགེ་ཚུལ་མའི་བསླབ་པའི་སྡོམ་པ་སྦྱིན་པ་ལ་བྱིན་གྱིས་བརླབ་བོ། །ཁྱིམ་པ་དང་ཁྱིམ་པ་མོའི་ཁྱེའུ་རྣམས་ཀྱིས་དཔྲལ་བ་གསལ་བར་བྱ་བའི་ཕྱིར་མགོ་དཀྲི་བ་དང༌། བུད་མེད་བུ་སྐྱེས་པ་རྣམས་ཀྱི་མངལ་གྱི་དྲི་མ་བཀྲུ་བའི་ཕྱིར་བང་བསང་བ་ཁྲུས་བྱེད་པ་དང༌། ད་ཕྱིན་ཆད་སྐྲ་མི་བྲེག་པའི་སྐྲ་བསྐྱེད་པ་དང༌། དེ་དག་གི་དང་པོའི་སྐྲ་བྲེག་པ་དང༌། རྣ་ཆ་གདུབ་ཀོར་གཞུག་པའི་


DLL1002_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་རྣ་བའི་བུ་ག་བསྐྱེད་པ་དག་ལ་བྱིན་གྱིས་བརླབ་བོ། །བསྙེན་པར་མ་རྫོགས་པ་དགེ་སློབ་མ་དང༌། དགེ་ཚུལ་ཕ་མ་དང་ཁྱིམ་པ་མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་ཀྱི་དགེ་འདུན་ལྷག་མའི་སྐབས་མ་གཏོགས་པ་སྔ་མ་ཀུན་དགའ་ར་བ་འབུལ་བ་སོགས་དག་ལ་ཡང་བྱིན་གྱིས་བརླབ་བོ། །འོ་ན་ཁྱིམ་པ་ལ་བཟོད་པ་གསོལ་བ་ཡང་ཡོད་དམ་ཞེ་ན། ཡོད་དེ། ཁྱིམ་པ་དང་ཁྱིམ་པ་མོའི་བཟོད་པ་གསོལ་བ་ནི་སྔར་དེ་དག་ལ་དགེ་འདུན་གྱི་ལྷུང་བཟེད་ཁ་ཕུབ་པ་ཕྱིར་ཁ་བསྲང་བའོ། །གཉིས་པ་དབྱར་རལ་ཡང་ཉེས་པ་མེད་པ་ནི། གནས་པར་ཁས་བླངས་པའི་གནས་དེར་ཕྱིས་ཟས་དང་སྨན་དང་གཡོག་དག་མེད་ལ། དེ་དག་མེད་པར་འཚོ་མི་ནུས་ན་དབྱར་གནས་པ་ཁས་བླངས་པ་དེ་ལས་འདའ་བར་བྱ་སྟེ། རལ་ཡང་ཉེས་པ་མེད་ཅིང་དགོས་པ་མཐོང་བའི་ཕྱིར་རོ། །གལ་ཏེ་རྩ་བ་དང་འབྲས་བུ་ལ་སོགས་པས་འཚོ་བར་ནུས་ན་གནས་པར་བྱའོ། །གནས་པར་ཁས་བླངས་པའི་དབྱར་གྱི་ནང་དེར་དགེ་སྦྱོང་གི་ཚུལ་གྱི་བར་ཆད་དང༌། སྲོག་གི་བར་ཆད་དང༌། ཚངས་པར་སྤྱོད་པའི་བར་ཆད་ཡོད་ན་ཡང་དབྱར་གནས་པར་ཁས་བླངས་པ་ལས་འདའ་བར་བྱའོ། །བདག་ཉིད་ལ་དགེ་འདུན་དབྱེ་བའི་ཕྱིར་བརྟུལ་བ་རྗེས་སུ་མི་མཐུན་པའི་སེམས་བསྐྱེད་པ་དང༌། སྡིག་པ་ཅན་གྱི་ཚིག་བརྗོད་པ་དག་འབྱུང་ན་མྱུར་བར་དབྱར་གནས་པ་རལ་ནས་གུད་དུ་འགྲོ་བར་བྱའོ། །མཚམས་གཞན་ན་དགེ་འདུན་དབྱེ་བའི་ཕྱིར་ཞུགས་པ་སོགས་ཡོད་པ་དེ་ཞི་བར་བྱ་བའི་མཐུ་ཡོད་པ་ལྟ་ན་དེར་མི་འགྲོ་བར་མི་བྱའོ། །དེར་སོང་བ་ན་ཞག་བདུན་འདས་ཀྱང་མ་ཞི་ལ་ད་དུང་གནས་དགོས་ན་དུས་དེ་ལས་མི་འདའ་བར་མི་བྱའོ། །གནས་འདིར་དབྱར་གནས་པར་བྱའོ་ཞེས་དམ་བཅས་ན་སྤྱིར་


DLL1002_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དབྱར་གནས་པ་ཁས་ལེན་པ་དང༌། གནས་ཁང་ལ་སོགས་པ་གནས་སུ་མི་འབྲེལ་བར་མི་བྱ་སྟེ། ངེས་པར་འབྲེལ་དགོས་པའི་ཕྱིར་རོ། །ཐམས་ཅད་དུ་དགོས་སམ་ཞེ་ན། གསོ་སྦྱོང་གཅིག་པ་ཉིད་ཀྱི་གནས་གཉིས་ཡོད་ན། ཅིག་ཤོས་སུ་གནས་ཀྱང་དབྱར་གནས་པ་དང་གནས་སུ་མ་འབྲེལ་བའི་ཉེས་པ་དེ་འབྱུང་བ་མེད་དོ། །གསོ་སྦྱོང་གཅིག་པས་གནས་ཐ་དད་པ་མ་ཡིན་པའི་ཕྱིར་རོ། །གནས་དེ་གཉིས་གསོ་སྦྱོང་ཐ་དད་ཅིང་ཟང་ཟིང་གི་རྙེད་པ་གཅིག་པ་ཉིད་ལ་ནི་གཅིག་ཏུ་གནས་པར་དམ་བཅས་ནས་ཅིག་ཤོས་སུ་གནས་པར་ཁས་ལེན་ན་ཉེས་པ་སྔ་མ་དེ་ཡོད་དེ། ལོངས་སྤྱོད་ཐ་དད་པས་གནས་ཐ་དད་པ་ཡིན་པའི་ཕྱིར་རོ། །གཞིར་གཏོགས་པའི་དབྱར་གྱི་གཞིའོ། །གཉིས་པ་གླེང་གཞི་ལ་སོགས་པའི་སྐབས་ལ་གསུམ། གང་ཟག་གང་གིས་བྱ་བ་དོགས་གཅོད་དང་བཅས་པ་དང༌། གནས་ཀྱི་སྤྲོས་པ་དང༌། འཇིག་མི་འཇིག་གོ །དང་པོ་ནི། དགེ་སློང་ཕ་མ་འབའ་ཞིག་གིས་གནས་པར་ཁས་བླང་བར་མ་ཟད་རབ་ཏུ་བྱུང་བ་སྡེ་བ་ལྔ་ཆར་གྱིས་ཀྱང་གནས་པར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །འོ་ན་བསྙེན་པར་རྫོགས་པ་མེད་པར་ཡང་ཁས་བླང་དུ་རུང་ངམ་ཞེ་ན། དགེ་ཚུལ་འབའ་ཞིག་གིས་དབྱར་གནས་པར་ཁས་བླང་བར་བྱ་བ་ཉིད་མ་ཡིན་ནོ། །བསྙེན་པར་རྫོགས་སུ་ཟིན་ཀྱང་མི་གནས་པར་འདུག་པའི་ལོ་མ་ཚང་བ་ཤ་སྟག་གིས་ཀྱང་གནས་པར་ཁས་བླང་བར་མི་བྱ། དེ་དག་གིས་ཁས་བླངས་པ་མི་འཆགས་སམ་ཞེ་ན། དགེ་ཚུལ་དང་ལོ་མ་ཚང་བ་ཤ་སྟག་དེ་དག་ལ་གནས་པར་ཁས་བླངས་པ་མི་འཆགས་པ་ཉིད་ནི་མ་ཡིན་ཀྱང་བཀག་སྟེ། གནས་མེད་པའི་ཕྱིར་དང༌། བྱ་བ་དང་བྱ་བ་མེད་པ་ཡོངས་སུ་ཤེས་པ་མེད་པའི་ཕྱིར་རོ། །དེ་དག་གིས་གནས་པར་ཁས་བླངས་ན་གནས་མལ་མི་ནོད་པར་བྱ་བ་ཉིད་མིན་


DLL1002_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །གནས་མལ་སྟོབ་པ་མེད་ཀྱང་མི་ནོད་པ་མིན། དགེ་འདུན་གྱིས་གནས་མལ་སྟོབ་པར་མ་བསྐོས་པས་སུ་ལ་ཡང་གནས་མལ་བསྟབ་པར་མི་བྱའོ། །གཉིས་པ་ནི། གོང་དུ་འགྱོད་པ་ལ་སོགས་པ་སྐྱེས་པ་སེལ་བ་དང༌། མ་སྐྱེས་པ་མི་སྐྱེད་པ་ཉིད་དུ་ཁས་བླང་བར་གསུངས་པ་དེས་སྡེ་སྣོད་འཛིན་པ་ཡོད་པ་དང༌། འཐབ་ཀྲོལ་བྱེད་པ་མེད་པ་དག་མ་བསྡུས་པ་ཉིད་མིན་ནོ། །བྱིན་རླབས་སོགས་ཆོ་གས་ཁས་བླངས་པ་ཁོ་ནས་བྱའམ་ཞེ་ན། དགེ་སློང་དབྱར་གནས་པར་ཁས་མ་བླངས་པས་ཟླ་བ་གསུམ་དུ་གནས་དེ་མི་གཏོང་ན་གནས་པ་ཉིད་ཡིན་པས་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ན་བྱིན་གྱིས་བརླབ་པར་བྱའོ། །ནམ་མཁའ་ལ་དབྱར་གནས་པར་ཁས་བླང་བ་མི་འཆགས་སོ། །དགེ་སློང་གིས་གྲུ་ལ་དེ་དབྱར་གྱི་ནང་དུ་འཇོམས་པ་ཉིད་དུ་ཤེས་ན་དབྱར་གནས་པ་ཁས་བླངས་པ་མི་འཆགས་ཏེ། གྲུ་སྐམ་ལ་ཕྱིན་པ་དང༌། སྐམ་ལ་གནས་པའི་ཕུར་བ་སོགས་བརྟན་པོ་དང་འབྲེལ་བ་ནི་མ་གཏོགས་ཏེ། དེར་དབྱར་གནས་པར་ཁས་བླངས་པ་འཆགས་སོ། །གསུམ་པ་ནི། དགེ་འདུན་བྱེ་བ་ན་ཆོས་མིན་པ་དེའི་ལྟ་བ་ལ་མངོན་པར་ཞེན་ནས་ཆོས་མིན་པའི་ཕྱོགས་སུ་སོང་ན་སྐྱ་རེངས་ཤར་ན་དབྱར་གནས་པར་ཁས་བླངས་པ་དེ་འཇིག་གོ །བདག་གིས་དབྱར་གནས་པར་ཁས་བླངས་སམ་མ་བླངས་ཐེ་ཚོམ་ཟ་བ་ལ་ནི་དབྱར་གནས་པར་ཁས་བླངས་པ་མི་འཇིག་གོ །གནས་པར་ཁས་བླངས་པའི་ཟླ་བ་གསུམ་གྱི་མཐའི་ཞག་དྲུག་ལུས་པ་ལ་ཞག་བདུན་དུ་བྱིན་གྱིས་བརླབས་པ་མི་འཆགས་ཏེ། དུས་ཧ་ཅང་ཐུང་ངུ་ལུས་པའི་ཕྱིར་རོ། །ཐམས་ཅད་དུ་བྱིན་གྱིས་བརླབས་པའི་དུས་དེ་སྲིད་དེར་གནས་སུ་རུང་ངམ་ཞེ་ན། མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་བར་བྱིན་གྱིས་བརླབས་ཏེ་སོང༌


DLL1002_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

བ་ན་དོན་དེ་གཞན་གྱིས་བསྒྲུབས་སམ་བསྒྲུབ་མི་དགོས་པས་བྱ་བ་མེད་པར་ཤེས་ན་ཕྱིར་མི་ལྡོག་པར་དེར་སྐྱ་རེངས་འཆར་བར་བྱེད་པ་དང༌། དོན་དེ་གྲུབ་ནས་སྐྱ་རེངས་ཤར་གྱི་བར་དུ་གནས་པ་དག་ལ་ནི་ཞག་བདུན་གྱི་མདུན་ཡིན་ཀྱང་གནས་པར་ཁས་བླངས་པ་འཇིག་གོ །བྱིན་གྱིས་བརླབ་པའི་དུས་ཞག་བདུན་པ་ངེས་སམ་ཞེ་ན། བྱིན་གྱིས་བརླབ་པ་འདི་ལ་ཞག་གྲངས་ཀྱི་མཐར་ཐུག་པའི་མཐའ་ནི་ཞག་བདུན་ཉིད་ཡིན་གྱི། ཞག་གཅིག་ལ་སོགས་པར་བྱིན་གྱིས་བརླབ་ཏུ་རུང་ངོ༌། །ཐམས་ཅད་ཀྱི་མཐའ་ཞག་བདུན་ཡིན་ནམ་ཞེ་ན། ཞག་བཞི་བཅུའི་གནང་བ་མ་ཐོབ་པའི་མཐའ་ཞག་བདུན་དེ་ཡིན་ནོ། །གཞན་གནང་བ་ཐོབ་པའི་མཐའ་ནི་ཞག་བཞི་བཅུའོ། །དེས་ཀྱང་འགྲོ་བའི་ཚེ་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབས་ཏེ་འགྲོ་བར་བྱའོ། །གནང་བ་དེས་ཡུལ་དེ་ལ་སྤྲོ་བ་དྲིས་ལ། ཡུལ་དེས་དགེ་འདུན་ལ་ལན་གསུམ་དུ་གསོལ་ནས་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་ནོ། །དགེ་འདུན་གྱི་ཕྱིར་དུ་འགྲོ་ན་སྤྲོ་བ་དྲི་དགོས་ཀྱི། རང་དོན་དུ་འགྲོ་ན་མི་དགོས་སོ། །ཞག་བཞི་བཅུ་པོ་དེ་ལས་ལྷག་པར་ཕྱི་རོལ་ཏུ་གནས་པར་མི་བྱ་བ་ཉིད་དོ། །བྱིན་གྱིས་བརླབ་པ་དེ་ནི་སྡེ་བ་ལྔ་པོ་དག་གི་ཡང་ཡིན་ནོ། །བྱིན་གྱིས་བརླབ་པ་དེ་ནི་མཚམས་ཀྱི་ནང་དུ་འཆགས་ཀྱི་ཕྱི་རོལ་ཏུ་མི་འཆགས་སོ། །དགེ་སློང་དང་དགེ་ཚུལ་གྱིས་དགེ་སློང་གི་མདུན་དུ་བྱིན་གྱིས་བརླབ་བོ། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་གསུམ་གྱིས་དགེ་སློང་མའི་མདུན་དུ་བྱིན་གྱིས་བརླབ་བོ། །མུ་སྟེགས་ཅན་གྱི་ལྟ་བ་དང་དབྲལ་བའི་ཕྱིར་དང༌། ཉེ་དུའི་བྱ་བ་བསྒྲུབ་པའི་ཕྱིར་དང༌། བདག་ཉིད་ཀྱི་ལུང་དང་རྟོགས་པ་ལ་ནེམ་ནུར་ཟ་བ་བསལ་བའི་ཕྱིར་འགྲོ་བ་ལ་བྱིན་གྱིས་བརླབ་པ་དེ་བྱ་བ་ཆོས་དང་ལྡན་པའི་དོན་དུ་ཞེས་སྨོས་པས་མ་


DLL1002_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ཉིད་དུ་དོགས་པར་མི་བྱའོ། །དབྱར་གནས་པར་ཁས་བླངས་པ་ཉིད་ལ་གནས་པ་སྤོང་བར་འོས་པ་ཞིག་ཡིན་ན་ཡང་དབྱར་གྱི་ནང་དུ་སྤང་བར་མི་བྱ་བ་ཉིད་དོ། །སྔར་དམ་བཅས་ནས་དབྱར་གནས་པ་དང་གནས་སུ་མི་འབྲེལ་བར་མི་བྱའོ། །ཞེས་གནས་པ་སྨོས་པ་ནི་དཔེ་ཡིན་ཏེ། གཞན་དག་ལ་ཡང་དམ་བཅས་པ་སྒྲུབ་པར་མི་བྱེད་ན་ཉེས་བྱས་སོ། །གླེང་གཞི་ལ་སོགས་པར་གཏོགས་པའི་དབྱར་གྱི་གཞིའོ། །དབྱར་གྱི་གཞི་རྫོགས་སོ།། །།གསུམ་པ་དགག་དབྱེའི་སྒོ་ནས་བསླབ་བ་ཡོངས་སུ་སྦྱང་བ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གཉིས། ཡི་དམ་ངན་པ་དགག་པ་དང༌། དངོས་སོ། །དང་པོ་ནི། མི་སྨྲ་བའི་ཡིད་དམ་བཅའ་བ་སྔོན་དུ་བཏང་བའི་བརྟུལ་ཞུགས་བླང་བར་མི་བྱ་སྟེ། དེ་མུ་སྟེགས་ཅན་གྱི་བརྟུལ་ཞུགས་ཡིན་པའི་ཕྱིར་རོ། །མི་སྨྲ་བ་འདིས་སྡིག་པ་དག་པ་དང་གྲོལ་བ་མྱ་ངན་ལས་འདས་པ་འཐོབ་བོ་སྙམ་ན། དགེ་འདུན་གྱི་དབྱེན་དུ་གཏོགས་པའི་ཉེས་པ་སྦོམ་པོའོ། །མི་སྨྲ་བ་ཙམ་གྱི་དགོས་པ་ཡོད་ན་ལྟུང་བ་མེད་དོ། །གཉིས་པ་ལ་གཉིས་ལས། མདོར་བསྟན་ནི། དབྱར་གནས་པ་དབྱར་རལ་པའམ་མ་རལ་བ་ཐམས་ཅད་ཀྱིས་དགེ་འདུན་ལ་མཐོང་བ་དང་ཐོས་པ་དང་དོགས་པ་དག་གིས་དགག་དབྱེ་བྱའོ། །དུས་གང་གི་ཚེ་བྱ་ན། དབྱར་ཟླ་བ་གསུམ་པོ་རྣམས་ཀྱི་ཐ་མའི་ཉི་མ་སྟོན་ཟླ་ཐ་འབྲིང་པོ་ཉའམ་སྟོན་ཟླ་ཐ་ཆུང་ཉ་ལ་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས། སྤྱིར་བསྟན་པ་དང༌། དམིགས་ཀྱིས་བསལ་བའོ། །དང་པོ་ལ་གསུམ། ཆོ་ག་ཇི་ལྟར་བྱ་བ་དང༌། དགག་དབྱེ་བྱ་བའི་གོ་རིམ་དང༌། གནས་དང་བྱེད་པ་པོ་ལ་དོགས་པ་བཅད་པའོ། །དང་པོ་ལ་གསུམ་ལས། སྦྱོར་བའི་ཆོ་ག་ནི། དགག་དབྱེ་མཛད་པ་གྲོང་དང་


DLL1002_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་ལ་སོགས་པའི་སྤྱོད་ཡུལ་དུ་བརྗོད་པར་བྱའོ། །དུས་ནམ་གྱི་ཚེ་བརྗོད་ཅེ་ན། གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱེད་པ་ནས་བརྗོད་པར་བྱའོ། །ཇི་སྐད་བརྗོད་ཅེ་ན། ད་ཕྱིན་ཆད་ཞག་འདི་ཙམ་ན་དགག་དབྱེ་མཛད་པར་འགྱུར་བ་ཁྱེད་ཅག་ལ་བརྗོད་པ་ཡིན་ནོ། །ཞེས་བརྗོད་དོ། །གང་ཚུན་ཆད་ནས་གཙུག་ལག་ཁང་བྱི་དོར་བྱེད་པ་དེ་ཚུན་ཆད་ནས་གོས་ལ་སོགས་པས་གཙུག་ལག་ཁང་བརྒྱན་པར་བྱའོ། །དེ་ཚུན་ཆད་ནས་ཁང་པ་བརྩེགས་པ་དག་བརྩིག་གོ །དེ་ཚུན་ཆད་ནས་གཙང་ཁང་ཕྱུར་བུ་དག་ཀྱང་རི་མོ་བྲིའོ། །མཆོད་རྟེན་རལ་བ་དང་འདྲུམས་པ་གསོ་བ་དང༌། དཀར་པོར་བྱ་བ་དང༌། རྡུལ་ལ་སོགས་པ་སྤྲུག་པ་དང༌། ཕྲེང་བ་རྙིང་པ་སོགས་བསལ་བས་བྱི་བྱད་བྱའོ། །ཚེས་བཅུ་བཞི་ནས་སེང་གེའི་ཁྲི་བརྒྱན་པར་བྱའོ། །ཚེས་བཅུ་བཞིའི་ཉིན་དོ་མོད་མཚན་ཐོག་ཐག་ཆོས་མཉན་པ་འབྱུང་བར་འགྱུར་གྱིས་དེར་ཚེ་དང་ལྡན་པ་དག་གིས་ཚོགས་པ་སྦྱིན་པར་བྱའོ། །ཞེས་སྤྱོད་ཡུལ་དུ་བརྗོད་ནས་ཐམས་ཅད་ཚོགས་པ་ན། དགེ་སློང་མདོ་སྡེ་དང་འདུལ་བ་དང༌། མ་མོ་འཛིན་པ་གསོལ་བ་བཏབ་པ་དག་གིས་ཚེས་བཅུ་བཞིའི་མཚན་ཐོག་ཐག་ཏུ་ཆོས་མཉན་པ་སྦྱིན་པར་བྱའོ། །གཞན་བཅོ་ལྔའི་ནུབ་མོ་ལ་ནི་སྡེ་སྣོད་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ཀྱི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་མཚན་འདའ་བར་བྱའོ། །དགག་དབྱེའི་ལས་ནི་སྐྱ་རེངས་དང་པོ་འཆར་བའི་མདུན་རོལ་ཏུ་ཟིན་པར་བྱའོ། །དགེ་སློང་དགག་དབྱེ་བྱེད་པ་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དགེ་འདུན་མང་བས་གཅིག་གིས་མི་ནུས་ན་དགག་དབྱེ་བྱེད་པ་དུ་མ་ཅིག་ཅར་བསྐོའོ། །དགག་དབྱེ་བྱ་བའི་ཕྱིར་དགག་དབྱེ་བྱེད་པ་ལས་གཞན་གྱིས་དགེ་འདུན་ལ་གསོལ་བ་བྱའོ། །འདིའི་སྔགས་ནི། དགེ་འདུན་


DLL1002_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་པ་རྣམས་གསན་དུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དེང་དགེ་འདུན་དགག་དབྱེ་མཛད་དོ། །འདི་ནི་གསོལ་བའོ་ཞེས་སོ། །དགག་དབྱེ་བྱེད་པ་འདི་ལ་གྲལ་གྱི་ཆ་སྟོད་སྨད་ལས་དགག་དབྱེ་བྱེད་པ་དུ་མས་ཅིག་ཅར་དགག་དབྱེ་བྱར་རུང་ངོ༌། །དགག་དབྱེ་བྱེད་པ་དེས་དགེ་སློང་རྣམས་ལ་རྩྭ་དར་བྷ་ནས་འཇག་བྲིམ་པར་བྱའོ། །དགག་དབྱེ་བྱེད་པས་དགག་དབྱེ་བྱས་ཟིན་གྱི་བར་དུ་དགག་དབྱེ་བྱ་བ་དག་ཙོག་པུར་འདུག་ཅིང་ལྷམ་ཕུད་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་འདུག་པ་དེ་བཞིན་དུ་དགེ་སློང་རེ་རེའི་མདུན་དུ་འདུག་པར་བྱའོ། །དེའི་ཚེ་རྩ་དེ་གཉིས་ཀའི་ལག་པས་ཕན་ཚུན་དུ་བཟུང་བར་བྱས་ཏེ། ཇི་ལྟར་རྩྭ་ཀུ་ཤ་འདི་དག་འདུད་པར་བྱེད་པ་དེ་བཞིན་དུ་བདག་ཀྱང་ལྟུང་བ་ཆོས་བཞིན་དུ་ཕྱིར་བྱ་བའི་ཕྱིར་དགེ་སློང་རྣམས་ལ་འདུད་པར་བྱེད་དོ་ཞེས་སྟོན་པའོ་ཞེས་པ་མན་ངག་གོ་ཞེས་དགེ་ལེགས་བཤེས་གཉེན་གྱིས་བཤད་དོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། དགག་དབྱེ་བྱེད་པ་པོ་དེ་ལ་སྔགས་ཀྱི་དགག་དབྱེ་གོ་བར་བྱ་བ་ནི་ལན་གསུམ་མོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་དགག་དབྱེ་ཡང་བཅོ་ལྔ་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱིས། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་


DLL1002_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན་ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ་བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་དུ་འདུལ་བ་བཞིན་དུ་སླར་བགྱིའོ། །ལན་གསུམ་བརྗོད་ཐབས་ལེགས་བྱའོ། །དམིགས་བསལ་ནི། ལན་གསུམ་བཟླས་པ་དེ་ཙམ་གྱིས་ནད་པ་ངལ་བ་དང༌། གནས་མལ་ཕན་ཕུན་དུ་འགྱུར་བ་དང༌། དུས་ལས་ཡོལ་བ་དང༌། གནོད་པ་འབྱུང་ན་ལན་གཉིས་བརྗོད། ལན་གཉིས་བཟླས་པ་དེ་ཙམ་གྱིས་ཉེས་དམིགས་དེ་ཉིད་དུ་འགྱུར་ན་ཡང་སྔགས་ལན་ཅིག་བརྗོད་དོ། །དགག་དབྱེ་བྱེད་པ་པོ་དེས་དགེ་སློང་རྣམས་ཀྱི་གྲལ་གྱི་དགག་དབྱེ་རྫོགས་ན་དགག་དབྱེ་བྱེད་པ་པོ་གཞན་གཅིག་ལ་རང་གི་དགག་དབྱེ་བྱའོ། །བསྐོས་པ་མེད་ན་གྲལ་གྱི་དགེ་སློང་གཞན་གཅིག་ལ་རང་གི་དགག་དབྱེ་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། ཐམས་ཅད་ཀྱིས་དགག་དབྱེ་བྱས་ཟིན་པ་ན་དགག་དབྱེ་བྱེད་པ་པོས་དགེ་འདུན་ཐམས་ཅད་ཀྱིས་དགག་དབྱེ་བྱས་པ་དེ་ཉིད་དགེ་འདུན་ལ་གོ་བར་བྱའོ། །དེ་མ་ཐག་ཏུ་དགེ་སློང་འདུས་པ་ཐམས་ཅད་ཀྱིས་ལེགས་པར་དགག་དབྱེ་མཛད་དོ། །ཤིན་ཏུ་དགག་དབྱེ་མཛད་དོ་ཞེས་བྱེད་པ་པོའི་ཚིག་དེ་བསྒྲུབ་པར་བྱའོ། །དེ་མ་ཐག་ཏུ་དགག་དབྱེ་བྱེད་པ་པོས་རང་གི་རྫས་ཆེ་ཆུང་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། རྫས་དེ་བླངས་ནས་ཚིག་གིས་དགག་དབྱེ་བྱའོ། །ཚིག་ཇི་ལྟ་བུས་བྱ་ཞེ་ན། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་སློང་གི་དགེ་འདུན་ལ་དགག་དབྱེ་བགྱིར་རུང་ངོ་ཞེས་སོ། །འདི་ནི་སྦྱིན་བདག་རྣམས་ཀྱི་བསོད་ནམས་ཀྱི་འདུ་བའི་སྒོའི་བྱེ་བྲག་བསྟན་པའི་ཕྱིར་བཅས་ཏེ། དགག་དབྱེ་བྱས་པའི་དགེ་སློང་གི་དགེ་འདུན་ནི། དགེ་ལེགས་ཀྱི་བསམ་པ་ཅན་ཡིན་པས་ཤིན་ཏུ་ཡོངས་སུ་དག་པ་དང་བྱམས་པའི་


DLL1002_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ལྡན་པ་ཡིན་པའི་ཕྱིར་ཤིན་ཏུ་དང་བར་གྱུར་པ་ཡིན་པས་བསོད་ནམས་ཀྱི་ཞིང་ཁྱད་པར་དུ་འཕགས་པ་ཡིན་པས་དེ་ལ་སྦྱིན་པ་བྱིན་ན་འབྲས་བུ་ཆེས་མང་པོར་འགྱུར་རོ། །གཉིས་པ་དགག་དབྱེ་བྱ་བའི་གོ་རིམ་ནི། རྫས་ཀྱི་དགག་དབྱེ་བྱས་པ་དེའི་འོག་ཏུ་དགེ་ཚུལ་རྣམས་ལ་དགག་དབྱེ་བྱའོ། །དགེ་ཚུལ་གྱི་དགག་དབྱེ་བྱས་པ་དེའི་འོག་ཏུ་དགེ་སློང་མ་དང༌། དགེ་སློབ་མ་དང༌། དགེ་ཚུལ་མ་རྣམས་ལ་དགག་དབྱེ་བྱའོ། །རང་གི་ཕྱོགས་མ་རྫོགས་པར་ཕྱོགས་གཞན་ལ་འཇུག་པར་མི་རིགས་པས་དགེ་ཚུལ་གྱི་འོག་ཏུ་དགེ་སློང་མ་རྣམས་ལ་དགག་དབྱེ་བྱ་བ་བསྟན་ནོ། །གསུམ་པ་ནི། གང་དུ་དབྱར་གནས་པར་ཁས་བླངས་པ་དེར་དགག་དབྱེ་འཆགས་ཀྱི་གཞན་དུ་མི་འཆགས་སམ་ཞེ་ན། ཆོས་ལྡན་གྱི་དོན་དུ་ཞག་བདུན་བྱིན་གྱིས་བརླབས་ཏེ་སོང་བས་གནས་གཞན་དེར་དབྱར་སྔ་མ་ཁས་བླངས་པའམ། ཚེས་གྲངས་ནོར་བའམ། འཐབ་བཀྲོལ་ཅན་འོང་བ་ཐོས་པའི་དབང་གིས་དགག་དབྱེ་བྱེད་པ་ན་གཉུག་མར་གནས་པ་དེ་དག་དང་ལྷན་ཅིག་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་ཉིད་ཡིན་ནོ། །དགག་དབྱེ་བྱེད་པ་པོ་བུད་མེད་ལ་ནི་དགེ་སློང་དང་དགེ་སློང་མ་སོགས་ཀྱིས་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་མིན་ནོ། །དེས་ན་བུད་མེད་ལ་ཡང་དགག་དབྱེ་བྱེད་པ་པོ་སྐྱེས་པ་དགོས་ཏེ། དགག་དབྱེ་ནི་སྐྱེས་པའི་དབང་དུ་བྱས་པའི་ཕྱིར། དགག་དབྱེ་བྱེད་པའི་ཚེ་དགག་དབྱེ་བྱེད་པར་བསྐོས་པ་དགག་དབྱེ་བྱེད་པའི་ཚེ་བུད་མེད་དུ་མཚན་གྱུར་པ་ལ་ཡང་དགག་དབྱེ་བྱས་ན་དགག་དབྱེ་བྱས་པ་མིན་ནོ། །གཉིས་པ་དམིགས་བསལ་ནི། གནས་པར་ཁས་བླངས་པའི་གནས་སུ་ཡུལ་འཁྲུག་པ་ལ་སོགས་པའི་རྒྱུས་གནས་པར་མི་ནུས་པ་ཉིད་ཡིན་ན། རང་གི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་དགེ་སློང་མདུན་ན་གནས་པ་ལ་འགྲོ་བར་རྩོམ་པའི་དགེ་སློང་


DLL1002_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ཚོགས་ཀྱི་དགག་དབྱེ་གོ་བར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང་ཐོས་པ་དང་དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་ཚོགས་པའི་དགག་དབྱེ་བགྱིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། །ཞེས་སོགས་ལན་གསུམ་བཟླས། ཐབས་ལེགས་བྱའོ། ། དགག་དབྱེའི་དུས་ལ་མ་བབ་པར་དབྱར་གྱི་ནང་དུ་བྱ་བའི་དབང་གིས་གཞན་དུ་འགྲོ་དགོས་ན་གསོ་སྦྱོང་གཅིག་དང་སྦྱར་ཏེ་དགག་དབྱེ་ཚུལ་བཞིན་དུ་བྱས་ནས་འགྲོ་བར་བྱའོ། །གཞི་ལྟུང་བའམ་གང་ཟག་རེག་པ་ལ་སོགས་པའི་ལྟུང་བ་གང་ལས་འབྱུང་བའི་ཡུལ་ལམ། གཞི་དང་གང་ཟག་གཉིས་ཀ་བཞག་ནས་ཀྱང་དགག་དབྱེ་བྱར་རུང་ངོ༌། །གཞིའམ་གང་ཟག་གམ་གཉིས་ཀ་བཞག་སྟེ་དགག་དབྱེ་བྱེད་པ་དེ་དག་དགེ་འདུན་གྱིས་ནོད་ཅིང་ཁས་བླང་བར་བྱའོ། །བཞག་པ་ཐམས་ཅད་ཁས་བླང་ངམ་ཞེ་ན། གཞག་པར་བྱ་བའི་གཞི་མཐའ་ཕམ་པ་མ་གཏོགས་པ་བཞག་ནས་དགག་དབྱེ་བྱེད་པ་དང་དགེ་འདུན་གྱིས་ཁས་བླང་བར་བྱའོ། །ཇི་ལྟར་ཁས་བླངས་ན། ཚེ་དང་ལྡན་པ་ཁོ་བོ་ཅག་ནི་ཚེ་དང་ལྡན་པས་ཅི་ནས་ཀྱང་གཞི་འཇོག་པར་བྱེད་ཅིང་གང་ཟག་འཇོག་པར་མི་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་མིན་གྱི། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་གསོ་སྦྱོང་གསུངས་ལ། ཆོས་རྣམ་པར་དག་པར་བྱ་བའི་ཕྱིར་ནི་དགག་དབྱེ་གསུངས་པས། གལ་ཏེ་འདོད་ན་དགག་དབྱེ་གྱིས་ཤིག་ཅེས་སོ། །གང་ཟག་འཇོག་པར་བྱེད་ཅིང་གཞི་འཇོག་པར་མི་བྱེད་པ་དང༌། གཞི་ཡང་འཇོག་པར་བྱེད་ཅིང་གང་ཟག་ཀྱང་འཇོག་པར་བྱེད་པ་དེའི་དོན་དུ་འདུས་ཤིང་འདུག་པ་


DLL1002_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

མིན་གྱི་ཞེས་སོགས་ཀྱང་བརྗོད། གསུམ་པོ་དེ་བྱེད་པ་པོ་དང་དགེ་འདུན་གྱིས་ཁས་བླངས་པ་ཉིད་ན་བདག་གིས་ཅུང་ཟད་ཀྱང་མ་བཞག་ཅེས་རིལ་གྱིས་བཞག་པ་བསྙོན་པའམ། འདི་མ་བཞག་གཞན་བཞག་ཅེས་བཞག་པ་ལ་ཆ་ཤས་ཀྱིས་བསྙོན་པས་ནི་དགག་དབྱེ་ཁས་བླངས་པ་ཉམས་པར་མི་འགྱུར་བས་དེའི་དགག་དབྱེ་གཟོད་བྱ་མི་དགོས་སོ། །བསྟན་མ་ཐག་པའི་བསྙོན་པ་དེ་ལ་སྔ་མ་རིལ་ལམ་ཆ་ཤས་བཞག་པ་འདིའི་རྣམ་པ་དེ་ལྟ་བུ་ཅུང་ཟད་ཀྱང་མེད་དོ་ཞེས་ཟེར་ན་རྫུན་ཉིད་དོ། །དུས་ཀྱི་སྔ་རོལ་ཏུ་དགག་དབྱེ་རུང་བར་བསྟན་པ་ནི། གལ་ཏེ་དབྱར་གནས་པར་ཁས་བླངས་པ་དག་གིས་རང་གི་གནས་དེར་དགག་དབྱེ་བྱེད་པའི་དུས་སུ་གཞན་ནས་དགེ་སློང་འཐབ་ཀྲོལ་བྱེད་པ་དག་འོང་བར་ཐོས་པར་གྱུར་ན་གལ་ཏེ་གསོ་སྦྱོང་གཉིས་སམ་གསུམ་ཐལ་བར་གྱུར་ན། ཚེས་བཅོ་ལྔ་གཅིག་དང་བསྟུན་ནས་དགག་དབྱེ་བྱའོ། །ཐབས་དེས་སམ་བར་ཆད་ཀྱི་རྐྱེན་གྱིས་དགག་དབྱེ་མ་གྲུབ་པར་འཐབ་ཀྲོལ་བ་ལྷགས་ན་དཀྱིལ་འཁོར་པ་ལྔའམ་དྲུག་ཏུ་བློ་མཐུན་པར་བྱ་ཞིང་མཚམས་བཅད་ནས་སོ་སོར་དགག་དབྱེ་བྱའོ། །དགག་དབྱེ་མ་བྱས་པའི་སྐབས་སུ་འཐབ་ཀྲོལ་པ་འོངས་ན་འཐབ་ཀྲོལ་བ་དེ་དག་ལ་ངག་གི་བཤེས་པའི་ཚིག་གིས་བསུ་ནས། ལྷུང་བཟེད་དང་ཆོས་གོས་བླང་བ་དང༌། གནས་ཁང་དང་ཁྱམས་དང་ཁང་པ་བརྩིགས་པ་བསྐོ་བ་དང༌། ཁྲུས་དང་སྣུམ་བྱུག་གི་རྙེད་པ་བསྟབ་པ་དང༌། ཆོས་མཉན་པ་སྦྱིན་པ་དང༌། དེ་ལྟ་བུས་མགུ་བར་འགྱུར་བ་དག་བྱའོ། །དེ་ལྟར་བྱས་ཀྱང་གཉུག་མ་བ་དང་མཐུན་པའི་བདག་ཉིད་ཀྱི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་དག་ཏུ་གསོ་སྦྱོང་བྱའོ། །འཐབ་ཀྲོལ་བ་ན་རེ། འོ་ན་དེའང་ཁྱོད་ཀྱི་དགག་དབྱེ་མིན་ནམ། ཅིའི་ཕྱིར་གསོ་སྦྱོང་བྱེད་ཟེར་བ་དག་ལ། གཉུག་མར་


DLL1002_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་དག་གིས་ཚེ་དང་ལྡན་པ་དག་སྡོད་ཅིག །ཁྱེད་ཅག་གློ་བུར་དུ་ལྷགས་པ་ཡིན་གྱི་དོན་འདི་ནི་གཉུག་མར་གནས་པ་དག་གི་ཡིན་པས་དེང་དགག་དབྱེ་བྱེད་དམ། སང་ངམ་ཉི་མ་གཞན་ལ་བྱེད་པ་དེ་ནི་གཉུག་མར་གནས་པ་དག་གི་བསམ་པ་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །འཐབ་ཀྲོལ་པ་དེ་དག་གནས་དེ་ནས་དོང་བ་ན་ཉ་ཤི་གཅིག་དང་བསྟུན་ནས་དགག་དབྱེ་བྱའོ། །དགག་དབྱེའི་གཞིའོ། །གཉིས་པ་ཕྲན་ཚེགས་ནས་འབྱུང་བ་ལ་གསུམ། བཟོད་པ་མ་བྱས་པར་དགག་དབྱེ་བྱ་བ་དགག་པ་དང༌། ཀུན་དགའ་བར་མ་བྱས་པར་དགག་དབྱེ་བྱ་བ་དགག་པ་དང༌། བཟོད་གསོལ་དང་འབྲེལ་བ་གཞན་བསྟན་པའོ། །དང་པོ་ནི། ནང་ཞེ་འགྲས་པ་དང་བཅས་པས་ཕན་ཚུན་བཟོད་པ་མ་བྱས་པར་དགག་དབྱེ་མི་བྱའོ། ། བཟོད་པ་བྱ་བའི་དུས་གང་ཞེ་ན། ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་དགག་དབྱེ་དེ་འབྱུང་བར་འགྱུར་བ་ཉིད་ན་བཟོད་པ་བྱ་བ་དེའི་དུས་ཡིན་ནོ། །གཞུང་ཁ་ཅིག་ལས་ནི། ཞག་བདུན་ནམ་བརྒྱད་ན་དགག་དབྱེ་དེ་འབྱུང་བར་འགྱུར་བ་ཉིད་ན་བཟོད་པ་དེ་བྱ་བའི་དུས་ཡིན་ཞེས་འབྱུང༌། མི་མང་པོ་འདུས་པ་ནི་བཟོད་པ་བྱ་བའི་དུས་མིན་ཏེ། བཟོད་པར་བྱ་བས་ཀྱང་སེམས་སྟོད་མི་ནུས་ལ། བཟོད་པར་བྱེད་པའི་སེམས་ཀྱང་སྐྱེངས་པར་འགྱུར་བའི་ཕྱིར་རོ། །ནང་དང་བཅས་པ་དེས་བཟོད་པར་མ་བྱས་པར་དགག་དབྱེ་མི་བྱའོ། །གཉིས་པ་ནི། དགག་དབྱེའི་དུས་དེའི་ཚེ་གནས་དེར་འདུས་པའི་དགེ་སློང་ཐམས་ཅད་ཀྱིས། ཕྱག་ལ་སོགས་པས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་དགག་དབྱེ་མི་བྱའོ། །ཤེས་རབ་བྱེད་པར། འདུས་པའི་ཕྱིར་ཡང་སྤྱིའི་བཟོད་པ་གསོལ་ཞེས་སོ། །གསུམ་པ་ནི། གཤེ་བ་ལ་དགག་དབྱེའི་དུས་འབའ་ཞིག་ཏུ་མ་ཟད་དུས་གཞན་དུ་ཡང་བཟོད་པ་མི་གསོལ་བར་མི་བྱའོ། །དགེ་སློང་མས་དགེ་སློང་ལ་གནས་ཀྱི་ཕྱི་རོལ་ཏུ་བཟོད་པ་གསོལ་བར་མི་བྱ་བར་ནང་དུ་བཟོད་གསོལ་


DLL1002_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་བྱས་ཏེ་བཟོད་པ་གསོལ་བར་མི་བྱའོ། །དགེ་སློང་གིས་བཟོད་ན་དགེ་སློང་མས་དགེ་སློང་གི་རྐང་པ་གཉིས་ལ་མགོ་བོས་ཕྱག་བྱས་ཏེ་འགྲོ་བར་བྱའོ། །དགེ་སློང་མ་བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མི་གུས་པར་བྱས་ཏེ་འགྲོ་བར་མི་བྱའོ། །དགེ་སློང་མ་བཟོད་པ་གསོལ་བར་བྱེད་པ་དེ་ལས་དགེ་སློང་གིས་འདའ་བར་མི་བྱ་བར་བཟོད་པ་དང་དུ་བླང་བར་བྱའོ། །བཟོད་པ་གསོལ་བར་བྱ་བ་ལ་བཟོད་པ་གསོལ་བའི་སྔར་ཤད་སྦྱང་ཤེས་པ་གཅིག་ཤད་ཀྱིས་སྦྱོང་དུ་བཅུག་ནས་དེའི་འོག་ཏུ་རང་གིས་བཟོད་གསོལ་བྱའོ། །བཟོད་པར་བྱ་བ་དེ་བཟོད་པ་མི་འདོད་ན་བཟོད་པ་གསོལ་བའི་ཐབས་བཙལ་བ་ལ་མི་འབད་པར་མི་བྱའོ། །ཐབས་བཙལ་བ་ལ་ཡུན་རིང་དུ་མི་བསྒྱང་ངོ༌། །ཁྲོ་པའི་ཀུན་ནས་དཀྲིས་པ་དང་མ་བྲལ་གྱི་བར་དུ་མི་བསྡད་པར་མི་བྱ་བར་བསྡད་པར་བྱ་ལ། ཀུན་དཀྲིས་དང་བྲལ་ནས་བཟོད་པ་གསོལ་བར་བྱའོ། །བཟོད་པ་གསོལ་བར་བྱེད་པ་ལ་ཅིག་ཤོས་ཀྱིས་ཀྱང་མི་བཟོད་པར་མི་བྱ་བར་བཟོད་པར་བྱའོ། །དགག་དབྱེའི་གཞི་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །དགག་དབྱེའི་གཞི་རྫོགས་སོ།། །།གཉིས་པ་བདེ་བར་གནས་པའི་རྐྱེན་བསྟེན་པའི་གཞི་ལ་གཉིས་ཏེ། གོས་བསྟེན་པ་དང༌། སྨན་བསྟེན་པའོ། །དང་པོ་ལ་གསུམ་སྟེ། བག་ཡངས་དང་འབྲེལ་བ་སྲ་བརྐྱང་དང༌། འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས་ཀྱི་དང༌། དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ཀྱི་གཞིའོ། །དང་པོ་ལ་ལུང་གི་བྱེ་བྲག་གཉིས་ལས། གཞི་ལ་གསུམ་སྟེ། སྲ་བརྐྱང་གདིང་བའི་ཆོ་ག་དང༌། དབྱུང་བའི་དང༌། རྙེད་པ་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ལ་གཉིས་ཏེ། དངོས་དང༌། བསྐྱང་བའི་ཚུལ་ལོ། །དང་པོ་ལ་གཉིས་ལས་བསྟན་པ་ནི། གདིང་བ་འབྱུང་རུང་གི་དགེ་འདུན་ཆོས་ཅན། ཆོས་


DLL1002_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གོས་སྲ་བརྐྱང་གདིང་བར་བྱ་བར་གནང་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར་རོ། །སྲ་བརྐྱང་ངམ་གཏན་པ་ནི་སྤྱིའི་བྱིན་རླབས་ཅན་གྱི་ཆོས་གོས་ལ་བྱ་སྟེ། བྲམ་མོར་གཏན་པ་ཞེས་བྱའི་དོན་ཇི་ལྟ་བུ་ལགས། གཏན་པ་ཞེས་བྱ་བ་ནི་གོས་ལ་བྱ་བ་སྟེ། གོས་གང་དགེ་འདུན་གྱི་གཏན་པར་བཏིང་བའོ། །ཞེས་དང༌། ཞུ་བར། ཨུ་པ་ལི་གོས་ནི་གཏན་པའོ་ཞེས་སོ། །ཅིའི་ཕྱིར་ཆོས་གོས་ལ་སྲ་བརྐྱང་ཞེས་བྱ་ཞེ་ན། འདི་ལ་གསུམ་ལས། འདོགས་པའི་རྒྱུ་མཚན་ནི་གཏན་པ་དང་འདྲ་བའི་ཕྱིར་ཏེ། སྨན་བྱ་རོག་རྐང་བཞིན་ནོ། །བཏགས་པའི་དགོས་པ་ནི། འདྲ་བའི་ཆོས་བཞི་ཡོད་པ་དེ་དག་གོ་བའོ། །བཞི་གང་ཞེ་ན། གཏན་པའི་སྟེང་དུ་ཆོས་གོས་བཏིང་བས་ཁ་དོག་གཅིག་ཏུ་འགྱུར་བ་ལྟར་འདིས་ཀྱང་འདིང་བ་པོ་དག་བློ་གཅིག་ཏུ་བསྡུས་པས་དབྱེར་མེད་པ་དང༌། གཏན་པའི་སྟེང་དུ་སྣམ་ཕྲན་དང་གླེགས་བུ་དུ་མ་གནས་པ་ལྟར་འདི་ལའང་འདིང་བ་པོ་དུ་མའི་བྱིན་རླབས་གནས་པས་རོ་གཅིག་པ་དང༌། གཏན་པས་ཆོས་གོས་མི་འཁུམ་པ་ལྟར་འདིས་ཀྱང་འདིང་བ་པོ་དག་བག་ཡངས་སུ་བྱེད་པས་མི་འཁུམ་པར་བྱ་བ་གཅིག་པ་དང༌། གཏན་པས་ཆོས་གོས་དག་ལ་ཁྱབ་པ་ལྟར་འདིས་ཀྱང་འདིང་པ་པོ་དག་རྙེད་པ་དང་ཕན་ཡོན་འདྲ་བར་བསྒྲུབས་པས་ཁྱད་པར་འདྲ་བ་རྣམས་སོ། །དངོས་ལ་གནོད་བྱེད་ནི། གོས་གདིང་བའི་གཞིར་གྱུར་པའི་སྤང་ལེབ་མིན་པའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ་བཞི་སྟེ། དགོས་པ་དང༌། གང་ཟག་གང་གིས་འདིང་བ་ལྡོག་པའི་སྒོ་ནས་བསྟན་པ་དང༌། དངོས་པོ་གང་གདིང་བ་ཞར་བྱུང་དང་བཅས་པ་དང༌། གདིང་བར་བྱ་བའི་ཆོ་གའོ། །དང་པོ་ནི། དགོས་པ་གང་ཞེ་ན། གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང༌། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱའི་ཆོས་ཡོངས་སུ་སྤྱོད་པའོ། །དེ་དག་གང་ཞེ་ན། སྔར་འཆང་འབྲལ་འཇོག་


DLL1002_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསུམ་པོ་དག་ཉེས་པ་མེད་པར་གསུངས་པ་ཇི་ལྟ་བ་དཔེ་དེ་བཞིན་དུ་སྲ་བརྐྱང་བཏིང་ན་འདུས་ཤིང་ཟ་བ་དང༌། མ་སྨྲས་པར་གྲོང་དུ་འགྲོ་བ་དང་སྲ་བརྐྱང་བཏིང་བའི་དགེ་སློང་དེ་ཇི་སྲིད་གཏན་པ་མི་འབྱིན་གྱི་བར་དུ་མཚམས་གཞན་དུ་འདུག་ཀྱང་བསྟན་པའི་དགེ་སློང་ལྷག་མ་དག་དང་སྲ་བརྐྱང་དང་འབྲེལ་བའི་རྙེད་པ་ཐུན་མོང་དུ་འགྱུར་བ་ཡིན་ཏེ། གནས་ཅིག་ཏུ་བསྡུས་པའི་ཕྱིར་རོ། །དེས་བྱེ་འགྱུར་གྱི་དགག་བྱ་མེད་པའི་ཕྱིར་འདུས་པ་གནང་ངོ༌། །ཡང་ཡང་ཟ་བ་དང་མ་སྨྲས་པར་འགྲོ་བ་འཆང་འཇོག་རུང་བར་མ་བྱས་པའི་ཆོས་གོས་འཆང་བ་གོས་སློང་བ་ལའང་ཉེས་པ་མེད་དེ། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་ཕྱིར་རོ། །དེ་དག་རྣམས་དང་སྨད་གཡོགས་སྟོད་གཡོགས་དང་བཅས་པས་ལྗོངས་རྒྱུར་རུང་བའི་ཕྱིར་བདེ་བར་གནས་པའོ། །ཁ་ཅིག་གནས་བསྡུ་བ་དབྱར་གནས་གཅིག་ཏུ་ཁས་ལེན་པ་ཡིན་གསུངས་པ་ལ། འབྲས་བུ་སྔ་པར་ཐལ་བ་དང༌། དབྱར་བསྲུང་བ་ལ་སོགས་པ་ཡང་དེར་ཐལ་བར་འགྱུར་རོ་གསུང༌ངོ། །ཕན་ཡོན་ཐ་མ་གཉིས་འདིར་དངོས་སུ་མ་གསུངས་པ་ནི་འདི་གསུམ་ཞེས་པའི་སྐབས་སུ་བསྡུས་པའི་ཕྱིར་རོ། །ཇི་ལྟར་ན་འབྲལ་བ་ཉེས་པ་མེད་པར་བསྟན་པས་སྣམ་སྦྱར་བསྐུར་མི་དགོས་པར་བསྟན་ཏེ། དེ་བསྐུར་པ་འབྲལ་པ་བསྲུང་བའི་ཕྱིར་རོ། །ཆོས་གོས་གཉིས་བསྐུར་བ་ནི་ངོ་ཚ་བའི་གནས་གཡོགས་པའི་ཕྱིར་དང༌། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་བསྲུང་བའི་དགོས་པ་ཡོད་ལ་སྣམ་སྦྱར་ལ་དེ་འདྲ་བའི་དགོས་པ་མེད་པའི་ཕྱིར་རོ། །འཆང་འཇོག་མེད་པར་བསྟན་པས་གོས་རུང་བར་བྱ་མི་དགོས་པར་བསྟན་ཏེ། འཆང་འཇོག་སྤང་བའི་ཕྱིར་རུང་བར་བྱེད་པའི་ཕྱིར་རོ། །


DLL1002_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དུ་གསུངས་པ་ནི་སྣམ་སྦྱར་ཁྱེར་བའི་ཁུར་ལས་ཐར་པ་དང༌། རུང་བར་བྱེད་པའི་བྱ་བ་ལས་ཐར་པ་དང༌། བག་ཡངས་ཀྱི་བདེ་བའི་ཕན་ཡོན་ཡང་བསྟན་པའི་ཕྱིར་རོ། །གཉིས་པ་ནི། གང་ཟག་གང་གིས་སྲ་བརྐྱང་གདིང་ཞེ་ན། དབྱར་གནས་པར་ཁས་མ་བླངས་པ་དང་དབྱར་རལ་བ་དང་དབྱར་ཕྱི་མར་ཁས་བླངས་པ་དང་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་དག་ལ་སྲ་བརྐྱང་གདིང་བ་དེ་མི་འབྱུང་ཞིང་བཏིང་བའི་ཕན་ཡོན་ཡང་མེད་དེ། དང་པོ་གཉིས་ལ་དབྱར་གྱི་ཚོགས་པ་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་དང༌། ཕྱི་མ་གསུམ་པ་འདིང་བར་གཏོགས་པའི་དགེ་འདུན་དང་ལྷན་ཅིག་དབྱར་གྱི་ཚོགས་པ་གཅིག་པ་མེད་པའི་ཕྱིར། དེས་ན་སྲ་བརྐྱང་གདིང་བ་འབྱུང་བ་ལ་དབྱར་ཁས་བླངས་པ་དང་མ་རལ་བ་སོགས་དགོས་སོ། །ཆད་པས་བཅད་པ་དང་སྤོ་བ་བྱེད་པ་ལ་སོགས་པ་ས་གཞན་ན་གནས་པ་དག་ལ་ཡང་སྲ་བརྐྱང་གདིང་བ་མི་འབྱུང་སྟེ། དེ་དག་དགེ་སློང་རང་བཞིན་དུ་གནས་པ་དང་རིགས་མི་མཐུན་པའི་ཕྱིར་རོ། །ས་གཞན་པ་དེ་དག་ཉིད་འཐོབ་པ་ཡིན་ན་ཡང་སྲ་བརྐྱང་གདིང་བ་དེ་མི་འབྱུང་ངོ༌། །དེ་དག་རྙེད་པའང་མི་དབང་ངམ་ཞེ་ན། ཐ་མ་དབྱར་གནས་གཞན་དུ་གནས་པར་ཁས་བླངས་པ་མ་གཏོགས་པ་དང་པོ་གསུམ་དག་དང་ས་གཞན་ན་གནས་པ་དག་དང་དགེ་ཚུལ་ནི་སྲ་བརྐྱང་གི་རྙེད་པ་དབང་སྟེ། དེ་དག་དབྱར་གནས་པའི་རྙེད་པ་དབང་ཞིང་དེ་དབྱར་རྙེད་དང་དོན་གཅིག་པའི་ཕྱིར། ས་གཞན་ན་གནས་པ་ཐམས་ཅད་རྙེད་པ་དབང་ངམ་ཞེ་ན། གནས་ནས་ཕྱུང་བ་ནི་སྲ་བརྐྱང་གི་རྙེད་པ་མི་དབང་སྟེ། དེ་དགེ་འདུན་ལས་ཐ་དད་དུ་གྱུར་པའི་ཕྱིར་རོ། །སྲ་བརྐྱང་བཏིང་ནས་དགེ་འདུན་བྱེ་བ་དག་ན་ཆོས་མིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་སྲ་བརྐྱང་གི་རྙེད་པ་ལ་གནས་ཕྱུང་དེ་ཉིད་ཀྱིས་མི་འཐོབ་པ་དང་འདྲའོ། །གསུམ་པ་ནི། དངོས་པོ་ཇི་ལྟ་བུ་འདིང་ན། གདིང་ངོ་


DLL1002_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་བཤད་པའི་གཞིར་ཞོག །གང་གི་ཚེ་བྱུང་བ་གདིང་ན། དངོས་གཞིའི་དབྱར་སྔ་མའི་དུས་ཟླ་བ་གསུམ་གྱི་དགག་དབྱེ་སྟོན་འབྲིང་གི་ཉ་ལ་བྱེད་པའི་དགག་དབྱེ་བྱེད་པའི་མཐའ་དེ་ཚུན་ཆད་དུ་གྲུབ་པ་གདིང་། དེས་ནི་འཐབ་ཀྲོལ་བ་ལ་སོགས་པའི་རྐྱེན་གྱིས་སྔ་ཕྱིར་དགག་དབྱེ་བྱས་པའི་དུས་སུ་གྲུབ་པ་དེ་བསལ། རྒྱུ་གང་ལས་བྱུང་བ་གདིང་ན། དབྱར་ཁས་ལེན་གྱི་ཟླ་བ་གསུམ་པོའི་སྦྱིན་བདག་དངོས་སམ་གློ་བུར་དུ་འོངས་པས་ཕུལ་བ་སོ་སོར་ངེས་པའི་རྒྱུ་ལས་བྱུང་བ་ནམ་གྲུབ་པ་ན་གདིང༌། ནམ་གྱི་ཚེ་གདིང་ན། གདིང་བའི་ཉི་མ་སྟོན་འབྲིང་གི་ཚེས་བཅུ་དྲུག་གི་མཐར་གོས་དེ་གྲུབ་པ་ན་གདིང༌། གང་དུ་གཏོགས་པ་གདིང་ན། གོས་ཀྱི་རྙེད་པར་བགྲང་བ་གོས་དངོས་སམ་དེའི་རིན་བསྒྱུར་བའི་གོས་གདིང་དེས་ནི་མཁར་ལྷན་དང་གཙུག་ལག་ཁང་བརྒྱན་པ་ལ་སོགས་པའི་རྙེད་པ་བསལ། གང་གདིང་ན། སྣམ་སྦྱར་བླ་གོས་མཐང་གོས་ཏེ་ཆོས་གོས་གསུམ་གདིང༌། དེས་ནི་མང་བ་དང་ཉུང་བ་བསལ་ལོ། །ལུང་དུ་ཆོས་གོས་གསུམ་ཞེས་དངོས་སུ་མ་གསུངས་སོ་ཞེ་ན། སྐྱོན་མེད་དེ། སྔགས་ཆོག་ཏུ། ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་དང༌། གཞིར། བཙུན་པ་གང་ཟག་གི་སྣམ་སྦྱར་གྱི་ཆོས་གོས་གཏན་པ་གདིང་དུ་རུང་ངམ། ཉེ་བར་འཁོར་མི་རུང་ངོ༌། །གལ་ཏེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ༌། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པའི་ཕྱིར། བསལ་བ་དེ་དག་གི་སྔ་མ་བཞི་ལ་གདིང་བ་མི་འཆགས་ལ་སྣམ་སྦྱར་ལྟ་བུ་གཅིག་ལ་གདིང་བ་འཆགས་ཤིང་ཕན་ཡོན་ཐམས་ཅད་འབྱུང་ལ་འོན་ཀྱང་འབྲལ་བ་ནི་དེ་ཉིད་ཀྱི་མི་འབྱུང་ངོ་ཞེས་ཁ་ཅིག་ཟེར། ཁ་ཅིག་མ་ཚང་བ་ལ་གདིང་བ་མི་འབྱུང་གསུང་ངོ༌། །འོ་ན་སུ་དབང་བ་གདིང་ཞེ་ན། དགེ་འདུན་གྱི་ཆོས་གོས་གསུམ་གདིང་སྟེ་དེ་དགེ་


DLL1002_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་གྱིས་བྱིན་གྱིས་བརླབ་པར་བྱ་བ་ཡིན་པའི་ཕྱིར། ཆོས་གོས་ཇི་ལྟ་བུ་གདིང་ཞེ་ན། སྣམ་བུ་བཞིན་དུ་སྤུ་བཤད་ཅིང་བརྡབ་པ་མ་བྱས་པ་དང༌། གྲྭ་འཕྱང་བའི་ཡ་ཡོར་མ་གྱུར་པ་དང༌། སྲིལ་ལ་སོགས་པའི་མཆུས་མ་རྨུགས་པ་དང༌། ཤས་སྲབ་པའི་མ་ཟེགས་པ་དང༌། ཚོན་གྱིས་ཁ་བསྒྱུར་བའོ། །སུས་ཀྱང་ཡོངས་སུ་མ་སྤྱད་པའོ། །དེང་བ་མིན་པའི་སྲ་བའོ། །དུམ་བུ་རིགས་མི་མཐུན་པས་འཐུད་མ་ཅན་དང༌། ལྷན་པ་རིང་པོས་གླན་པ་ཅན་དང༌། ལྷན་པ་ཆུ་བུར་ལྟར་རློ་བ་ཅན་དང༌། མཐའ་སྐུད་པའི་ཆག་བཏབ་པ་ཅན་དང༌། མཐའ་བྲེགས་པ་ལ་སྐུད་པས་དཀྲིས་པའི་གཟུངས་ཅན་མིན་པའོ། །སྤང་བ་བྱུང་ནས་སྤངས་པ་དང༌། རྒྱུ་མ་བཏགས་པ་དང༌། བདག་པོ་སྔ་མ་དང་བྲལ་ཞིང་ཕྱི་མ་དང་ཕྲད་པའི་ཕྱག་དར་ཁྲོད་མིན་པའོ། །སྣམ་ཕྲན་དང་གླེགས་བུར་དྲས་ཤིང་དྲུབས་པའོ། །བཟོ་རྫོགས་པར་ཟིན་པའོ། །སྲིད་དུ་ཁྲུ་ལྔ་པ་དང༌། ཞེང་དུ་ཁྲུ་གསུམ་པའོ། །ཁྲུ་ཚད་སུམ་ཕྲུགས་ལྷག་པ་ཡང་ངོ༌། །ལོ་གཞན་ལ་སྔར་མ་བཏིང་བའོ། །སྤྲོག་མའི་ནང་དུ་བཏིང་བའོ། །སུམ་ཕྲུགས་དུ་མ་ཡང་ངོ༌། །སུམ་ཕྲུགས་དེ་ཇི་སྙེད་ཡོད་པ་གདིང་བར་བྱེད་པའི་དགེ་སློང་ཡང་བསྐོ་བར་བྱའོ། །སྲ་བརྐྱང་གདིང་བ་དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབས་པ་ཡིན་པས་དེའི་ཕྱིར་སྲ་བརྐྱང་འདིང་བའི་ཉིན་པར་དགེ་སློང་རང་རང་གི་ཆོས་གོས་སྔར་བྱིན་གྱིས་བརླབས་པ་དག་ཕྱུང་ནས་སྲ་བརྐྱང་གདིང་བར་བྱའོ། །སྣམ་སྦྱར་ལྟ་བུ་ལ་བྱིན་རླབས་གཉིས་མ་གནང་བའི་ཕྱིར་རོ། །བཞི་པ་གདིང་བར་བྱ་བའི་ཆོ་ག་ལ་བཞི། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་ཆོ་ག་དང༌། དགོས་པ་ལ་དོགས་པ་བཅད་པའོ། །དང་པོ་ལ་གཉིས། དགེ་འདུན་གྱི་དང༌། བསྐོས་པའིའོ། །དང་པོ་ནི། སྲ་བརྐྱང་གདིང་བའི་ཉི་མ་དེ་ཕན་ཆད་ནས་དབྱར་ནང་གི་ཉི་མ་གང་ལ་ཆོས་གོས་དེ་འབྱོར་བའི་ཉི་མ་དེ་ལ་ཞག་མ་


DLL1002_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་པར་དབྱར་གནས་པར་ཁས་བླངས་པའི་དགེ་སློང་ཐམས་ཅད་མཚམས་ཀྱི་ནང་དུ་ཚོགས་པས་ཆོས་གོས་དེ་དབྱར་གནས་པའི་དགེ་འདུན་གྱི་གནས་བསྡུ་བ་དང༌། དགེ་སློང་རྣམས་བདེ་བར་གནས་པར་བྱ་བ་དང༌། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པར་བྱ་བའི་ཕྱིར་དུ་སྲ་བརྐྱང་དུ་གདིང་པར་མོས་པར་བྱའོ། །དེ་ལྟར་མོས་པར་བྱས་པའི་འོག་ཏུ་ཆོས་གོས་དེ་སྲ་བརྐྱང་ཉིད་དུ་བྱ་བ་དགེ་འདུན་གྱིས་མཚམས་ཀྱི་ནང་དུ་གསོལ་གཉིས་ཀྱི་ལས་ཀྱིས་བློ་མཐུན་པར་བྱའོ། །གདིང་བ་ཡང་མཚམས་ཀྱི་ནང་དུ་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །ཇི་ལྟ་བུ་བསྐོ་ན། གང་ལ་སྲ་བརྐྱང་གདིང་བ་དེ་འབྱུང་བ་ཁས་བླངས་པ་ནས་རང་ཕྱོགས་པའི་བར་བསྐོའོ། །འདིང་བར་བསྐོས་པ་དེ་ལ་དགེ་འདུན་གྱིས་ཆོས་གོས་དེ་སྲ་བརྐྱང་དུ་བློ་མཐུན་པར་བྱས་པ་དེ་ཉིད་ཀྱི་ཉིན་མོ་གཏད་པར་བྱ་སྟེ་ཆོས་གོས་བློ་མཐུན་བྱས་པ་ཉི་མ་གཞན་དུ་བཞག་པར་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། ཆོས་གོས་དེ་ད་གཟོད་བྱ་དགོས་ན་བཀྲུ་བ་དང་དྲུབ་པ་དང་ཁ་བསྒྱུར་བ་དག་ལ་འདིང་བར་བྱེད་པ་དེས་སྔོན་དུ་འགྲོ་བར་བྱའོ། །ཆོས་གོས་བྱས་ཟིན་པ་ཞིག་གྲུབ་ན་སྲ་བརྐྱང་འདིང་བ་པོས་ཁ་བསྲུབས་གཉིས་སམ་གསུམ་གྲུབ་པར་བྱའོ། །བསྐོས་པས་དང་པོ་དགེ་འདུན་ལ་སྲ་བརྐྱང་འདིང་བ་མནོས་པའི་ཚེ་གདིང་བར་འགྱུར་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། གདིང་བ་མ་བརྩམས་པའི་ཕྱིར་རོ། །བཀྲུ་བ་ལ་སོགས་པའི་ལས་རང་གིས་བྱེད་པའི་ཚེ། གདིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། གདིང་བའི་ལས་བརྩམས་པའི་ཕྱིར་རོ། །དེའི་མཇུག་ཏུ་བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱ་སྟེ། ཟིན་པའི་ཕྱིར་རོ། །དང་པོ་མནོས་པའི་ཚེ་གདིང་བར་འགྱུར་རོ་སྙམ་དུ་སེམས་བསྐྱེད་པ་ཉམས་ན་ཡང་འོག་མ་གཉིས་མ་ཉམས་ན་སྲ་བརྐྱང་འདིང་བ་མི་འབྱུང་བ་མིན་ནོ། །སྟོན་ཟླ་འབྲིང་


DLL1002_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཉ་ལ་སྲ་བརྐྱང་འདིང་བའི་དགེ་སློང་དེས་དགེ་འདུན་མཚམས་ནང་དུ་ཚོགས་པ་ལ་ཚེ་དང་ལྡན་པ་དག་བདག་སང་སྲ་བརྐྱང་འདིང་བར་འགྱུར་གྱིས་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་བརྗོད་པར་བྱའོ། །བཅུ་དྲུག་གི་ནང་པར་སྲ་བརྐྱང་འདིང་བའི་དོན་དུ་དགེ་འདུན་འདུ་བའི་སྐབས་གནས་མལ་བཤམ་པ་གཎྜི་བརྡུང་བ་དྲིས་པའི་ཚིག་གིས་ཡང་དག་པར་བསྒོ་བ་དག་རྗེས་སུ་བསྒྲུབ་ཅིང་ལས་བྱའོ། །གཉིས་པ་དངོས་གཞིའི་ཆོ་ག་ནི། སྲ་བརྐྱང་འདིང་བར་བསྐོས་པའི་དགེ་སློང་དེས་སྲ་བརྐྱང་དུ་འདིང་བའི་ཆོས་གོས་སུམ་ཕྲུགས་དྲི་དང་མེ་ཏོག་གིས་མཆོད་ཅིང་དྲི་ཞིམ་པོས་བདུགས་པ་དུ་མ་གཟེབ་ཀྱི་སྤྲོག་མར་ལྷན་ཅིག་བཞག་པ་ཐོགས་ཏེ་རྒན་རིམ་དུ་འདུག་པས་སྲ་བརྐྱང་གདིང་བ་བསྒྲུབ་པར་བྱའོ། །དུས་གང་གི་ཚེ་ཞེ་ན། ཚེས་བཅུ་དྲུག་ལའོ། །ཟླ་བ་གང་གི་ཚེ་ཞེ་ན། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལའོ། །ཅི་ཞིག་གིས་བསྒྲུབ་ཅེ་ན། དང་པོར་དགེ་འདུན་ཐམས་ཅད་ལ་འདིང་ངོ་ཞེས་ལན་གསུམ་བཟླས་སོ། །སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ནི་སྲ་བརྐྱང་འདིང་བར་བསྐོས་པ་ལགས་ཏེ། འདི་ལྟར་གནས་བསྡུ་བ་དང་དགེ་སློང་རྣམས་བདེ་བར་གནས་པར་བགྱི་བ་དང༌། སྦྱིན་པ་པོ་རྣམས་ཀྱིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་སྤྱད་པའི་སླད་དུ། བདག་སྲ་བརྐྱང་འདིང་བ་དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་དགེ་འདུན་གྱི་སྲ་བརྐྱང་དུ་གདིང་བར་བགྱིའོ། །གནས་གང་དུ་སྲ་བརྐྱང་གཏིང་བར་ཆོས་གོས་རྙིང་པ་རྣམས་དང་ཡང་འབྲལ་བར་མི་འགྱུར་ན་གསར་པ་རྣམས་ལྟ་ཅི་སྨོས་ཞེས་ལན་གསུམ་བཟླས་སོ། །གསུམ་པ་མཇུག་གི་ཆོ་ག་ནི། དེའི་འོག་ཏུ་སྲ་བརྐྱང་འདིང་བའི་དགེ་སློང་དེས་སྲ་བརྐྱང་བཏིང་བའི་སྤྲོག་མ་འཕང་དུ་ཐོགས་ཏེ། རྒན་རིམ་བཞིན་དུ་དགེ་སློང་རེ་རེའི་མདུན་དུ་འདུག་སྟེ། གནས་


DLL1002_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་ནམ། བཙུན་པའམ། ཚེ་དང་ལྡན་པ་དགོངས་སུ་གསོལ། ཆོས་གོས་འདི་ནི་དགེ་འདུན་གྱིས་སྲ་བརྐྱང་དུ་བློ་མཐུན་པར་བགྱིས་པ་ལགས་ཞེས་སོགས་ཀྱིས་བཏིང་ངོ་ཞེས་ལན་གསུམ་གསུམ་གོ་བར་བྱའོ། །དེའི་རྗེས་ལ་དགེ་སློང་གཞན་གྱིས་ནི་ལེགས་པར་བཏིང་ངོ༌། །ཤིན་ཏུ་བཏིང་ངོ་འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པ་དེ་བདག་གི་ཡིན་ནོ་ཞེས་ལན་རེ་རེ་བརྗོད་པར་བྱའོ། །གཞིར། ལན་གཉིས་ལན་གསུམ་དུ་བརྗོད་པར་བཤད་དོ། །བཞི་པ་དགོས་པ་ལ་དོགས་པ་བཅད་པ་ནི། སྲ་བརྐྱང་གདིང་བ་འབྱུང་བ་ལ་གདིང་བའི་ཆོ་ག་ཉམས་སུ་མྱོང་བ་དགོས་སམ་ཞེ་ན། སྲ་བརྐྱང་གདིང་བ་འདི་ལ། གཉིད་ལོག་པ་ལ་སོགས་པའི་དབང་གིས་སྲ་བརྐྱང་འདིང་བ་ཉམས་སུ་མ་མྱོང་བར་གཉིད་སད་པའི་དུས་སུ་སྲ་བརྐྱང་བཏིང་བའི་གཏམ་ཐོས་ནས་རྗེས་སུ་ཡི་རང་བ་ནི་སྲ་བརྐྱང་འདིང་བའི་ལས་ཉམས་སུ་མྱོང་བ་དང་འདྲ་བར་སྲ་བརྐྱང་འདིང་བའི་ཕན་ཡོན་དང་རྙེད་པ་འབྱུང་ངོ༌། །གང་གིས་རྗེས་སུ་ཡི་རང་བར་བྱ་ཞེ་ན། སྲ་བརྐྱང་འདིང་བ་ལ་མངོན་སུམ་དུ་ཚོགས་པར་གྱུར་པས་སོ། །གཉིས་པ་བསྐྱང་བའི་ཚུལ་ནི། སྲ་བརྐྱང་འདིང་བའི་དགེ་སློང་དེས་བཏིང་བའི་སྲ་བརྐྱང་དེ་ཇི་ལྟར་བསྐྱང་ཞེ་ན། དེས་དུས་དུས་སུ་རླུང་ལ་བསང་བར་བྱ། ཉི་མ་ལ་བསྲད་པར་བྱ། རྡུལ་སྤྲུག་པར་བྱའོ། །ཁྱིམ་དུ་བ་ཅན་དང་རྡུལ་ཅན་དུ་གཞག་པར་མི་བྱའོ། །དེས་དེ་རྒྱལ་པོའི་ཕོ་བྲང་དུ་གཞག་བར་མི་བྱའོ། །དེས་ཆོས་གོས་དེ་དང་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་གྱི་བར་དུ་འབྲལ་བར་མི་བྱའོ། །དེས་དེ་ཁྱེར་ཏེ་མཚམས་ཀྱི་ཕྱི་རོལ་གཞན་དུ་འགྲོ་བར་མི་བྱའོ། །དེས་དེ་ཁྱེར་ཏེ་མི་གཙང་བའི་སྐྱབས་སུ་འཇུག་པར་མི་བྱའོ། །དགེ་སློང་གཞན་གྱིས་ཆོས་གོས་དེ་ཁྱེར་ཏེ་བླ་གབ་མེད་པར་འདུག་པར་མི་བྱའོ། །གཉིས་པ་དབྱུང་བའི་ཆོ་ག་ལ་གཉིས་ལས། མདོར་བསྟན་ནི། སྲ་བརྐྱང་དབྱུང་བ་ནི་རྣམ་


DLL1002_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པ་གཉིས་ཏེ། དབྱུང་བའི་བློ་སྔོན་དུ་མ་བཏང་བར་སྲ་བརྐྱང་རང་ཉིད་བཏིང་བའི་འཇུག་པ་དང་བྲལ་བ་དང༌། ལས་ལ་སོགས་པའི་ཆོ་གས་བློ་སྔོན་དུ་བཏང་བའི་བཅོས་མས་དབྱུང་བའོ། །གཉིས་པ་རྒྱས་བཤད་ལ་གསུམ། རང་འཇུག་བྲལ་དང༌། བཅོས་མས་དབྱུང་བ་དང༌། ཞར་ལ་ཐོས་བྱུང་གིས་མ་བཤད་པའོ། །དང་པོ་ལ་གཉིས། དགེ་འདུན་མཐའ་དག་གི་རང་འཇུག་བྲལ་དང༌། གང་ཟག་སྒོས་ཀྱི་རང་འཇུག་བྲལ་ལོ། །དང་པོ་ནི། རང་འཇུག་བྲལ་དེ་གང་གིས་འགྲུབ་ཅེ་ན། རང་འཇུག་པ་དང་བྲལ་བ་ནི། སྲ་བརྐྱང་གིས་རང་ཉིད་བཏིང་བ་དང་ཡོད་པའི་མཚམས་ལས་མཚམས་གཞན་དུ་ཕྱིན་པར་འགྱུར་ཏེ། རྟེན་དང་བརྟེན་པ་བྲལ་བའི་ཕྱིར་རོ། །དཔེར་ན་སྲ་བརྐྱང་གདིང་བ་དེ་དབྱར་གྱི་གནས་ལས་གནས་གཞན་དུ་མི་འབྱུང་བ་བཞིན་དུ་བྱུང་བ་ཡང་ཞིག་པར་འགྱུར་རོ། །ཡོད་པའི་ཕྱི་རོལ་ཏུ་ཕྱིན་ཡང་གདིང་བའི་ཕྱི་རོལ་ཏུ་མ་ཕྱིན་ན་རང་འཇུག་བྲལ་དུ་མི་འགྱུར་བ་ཡོད་དོ། །མཚམས་ཀྱི་ནང་དུ་བྱིན་གྱིས་རློབ་པར་བྱེད་པའི་དགེ་སློང་མེད་པར་སྐྱ་རེངས་ཤར་ན་ཡང་རང་འཇུག་བྲལ་དུ་འགྱུར་རོ། །གཉིས་པ་ནི། དགེ་སློང་གང་དགེ་འདུན་གྱི་དབྱར་གྱི་གནས་དེའི་དཀྱིལ་འཁོར་མཚམས་ཀྱི་ཁོངས་སུ་གཏོགས་པ་ལུས་དང༌། བློའི་འབྲེལ་བ་གཏན་ནས་གཏོང་ཞིང་རྒྱུན་ཆད་པ་ན་རང་འཇུག་བྲལ་དུ་འགྱུར་ཏེ། སྲ་བརྐྱང་ནི་དབྱར་གྱི་གནས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ། །སྔ་མ་གཉིས་ནི། དགེ་འདུན་ཐམས་ཅད་ཀྱི་རང་འཇུག་བྲལ་ཡིན་ལ། འདི་ནི་གང་ཟག་སྒོས་ཀྱི་རང་འཇུག་བྲལ་ཡིན་ནོ། །ཇི་ལྟར་འཆད་ན། རང་འཇུག་བྲལ་གྱི་རྒྱུ་ཀུན་ཏུ་སྤྱོད་པ་དེ་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་ཆད་པ་དེ་བཞག་གི །དེས་དགེ་འདུན་ཐམས་ཅད་ཀྱི་རྙེད་པ་དང་ཕན་ཡོན་ལྡོག་པར་མི་འགྱུར་རོ། །གང་གི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་འགྲུབ་ཅེ་ན། འདིང་བ་དང་ཡོད་པའི་མཚམས་ལས་འདས་


DLL1002_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་འགྲུབ་བོ། །སེམས་གང་ཡང་རུང་བས་མཚམས་ལས་འདས་ན་ཡང་འགྲུབ་པར་འགྱུར་རམ་ཞེ་ན། འདིང་བ་དང་ཡོད་པའི་མཚམས་དེར་གཏན་ནས་ཕྱིར་མི་འོང་བའི་སེམས་ཀྱིས་སྲ་བརྐྱང་གི་གནས་ཀྱི་མཚམས་ལས་འདས་ཤིང་འགྲོ་ན་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་འགྲུབ་བོ། །དེ་འབའ་ཞིག་གིས་འགྲུབ་བམ་ཞེ་ན། མཚམས་ཀྱི་ནང་ནས་འགྲོ་བའི་ཚེ་སེམས་མ་སྐྱེས་ཀྱང་མཚམས་ཀྱི་ཕྱི་རོལ་ཏུ་ཕྱིར་མི་འོང་བའི་སེམས་སྐྱེས་ན་ཡང་འགྲུབ་བོ། །བྱེ་བྲག་མེད་པར་དེ་གཉིས་ཀྱིས་ཆད་དམ་ཞེ་ན། བདག་གིས་གུད་དུ་ཆོས་གོས་གཅིག་བྱ་དེ་མ་གྲུབ་ཀྱི་བར་དུ་སྲ་བརྐྱང་གདིང་སྙམ་པའི་བསམ་པས་སྲ་བརྐྱང་ལ་རོ་གཅིག་པའི་རྗེས་སུ་འབྲེལ་བ་མེད་ན། གཉིས་པོ་དེའི་ཚེ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་དེ་འགྲུབ་བོ། །འོ་ན་རྗེས་སུ་འབྲེལ་བ་མེད་པ་ཁོ་ནས་ཆད་དམ་ཞེ་ན། གུད་དུ་ཆོས་གོས་བྱ་བའི་བསམ་པ་རྗེས་སུ་འབྲེལ་བ་ཡོད་ན། གུད་དུ་ཆོས་གོས་བྱེད་པར་འགྱུར་བའི་བསམ་པ་ཉིད་རྒྱུན་ཆད་ན་འགྱུར་རོ། །ཕྱི་རོལ་ཏུ་རྗེས་སུ་འབྲེལ་བ་ཆད་པ་ཁོ་ནས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་འགྲུབ་བམ་ཞེ་ན། སྲ་བརྐྱང་བཏིང་བའི་མཚམས་སུ་ཕྱིར་འོངས་པའི་ཚེ་ཆོས་གོས་བྱ་བའི་བསམ་པ་རྒྱུན་ཆད་ན་ཡང་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་རོ། །བྱེད་པར་འགྱུར་བ་ཆད་པའི་གནས་སྐབས་དུ་ཡོད་ཅེ་ན། གུད་དུ་ཆོས་གོས་བྱེད་པར་འགྱུར་བའི་མཐར་ཐུག་པ་གོས་གྲུབ་ནས་ལུས་ལ་གྱོན་པ་ལྟ་བུ་དང༌། ཆོས་གོས་ཀྱི་ལས་བརྩམས་པ་མེས་ཚིག་པ་ལ་སོགས་པའི་རྐྱེན་གྱིས་ཞིག་པ་དང༌། སྦྱིན་བདག་ན་རེ། གོས་མ་གྲུབ་ཅེས་ཆོས་གོས་ལ་རེ་བའི་བསམ་པ་རྒྱུན་ཆད་པ་གསུམ་ལ་བྱེད་པར་


DLL1002_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ཆད་པ་དེ་གནས་སོ། །ངེས་ཤེས་སྐྱེས་པ་ཁོ་ནས་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པར་འགྱུར་རམ་ཞེ་ན། ཕྱིར་འོང་ངམ་མི་འོང་སྙམ་པས་འགྲོ་བ་དང༌། ཕྱི་རོལ་ཏུ་ཕྱིན་པ་ན་དེ་ལྟ་བུའི་ཡིད་གཉིས་སྐྱེས་པ་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པར་འགྱུར་ཏེ། དཔེར་ན་སྦྱོར་འགྲོ་ལ་སོགས་པ་ངེས་བས་དེ་ཆད་པས་འབྱིན་པར་བྱེད་པ་དང་འདྲའོ། །གཉིས་པ་བཅོས་མས་དབྱུང་བ་ནི། གསོལ་བཞིའི་ལས་ལས་གཞན་པའི་སྲ་བརྐྱང་དབྱུང་བའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱ་སྟེ། བདག་ལ་སྲ་བརྐྱང་མི་དགོས་སོ་སྙམ་དུ་སེམས་བསྐྱེད་པས་ཀྱང་དབྱུང་བ་འབྱུང་བའི་ཕྱིར། འོ་ན། དབྱུང་བ་དེ་ནམ་གྱི་ཚེ་བྱ་ཞེ་ན། སྲ་བརྐྱང་དབྱུང་བའི་ལས་བྱ་བ་དེའི་དུས་ནི་དཔྱིད་ཟླ་ར་བ་ཉའོ། །ལོ་གཉིས་པ་ལྟ་བུའི་དཔྱིད་ཟླ་ར་བ་ཉ་ལའང་བྱའམ་ཞེ་ན། དབྱར་དེ་ཉིད་ཀྱི་བར་དུ་མ་ཆོད་པ་མོད་ལ་འབྱུང་བའི་དཔྱིད་ཟླ་ར་བ་ཉ་ལ་དབྱུང་བར་བྱའོ། །དུས་དེར་ངེས་སམ་ཞེ་ན། དགེ་སློང་ཆོམ་རྐུན་པས་བཅོམ་པའི་དོན་ཉིད་དུ་ནི། དཔྱིད་ཟླ་ར་བ་ལས་སྔར་ཡང་དབྱུང་བའི་དུས་ཡིན་ནོ། །དེའི་དོན་དུ་ཡང་ཉ་ཤིའི་གསོ་སྦྱོང་གི་དུས་གཅིག་དང་སྦྱར་ཏེ། སྔར་གསོ་སྦྱོང་བྱས་པའི་མོད་ལ་གསོལ་བཞིའི་ལས་ཀྱིས་དབྱུང་ངོ༌། །གསུམ་པ་ཐོས་བྱུང་གིས་མ་བཤད་པ་ནི། དུས་མ་ཡིན་པ་དེར་སྲ་བརྐྱང་ཕྱུང་བ་ལུས་དང་འདུན་པས་ཉམས་སུ་མ་མྱོང་བ་དང་ལྡན་པ་ནི་སྲ་བརྐྱང་ཕྱུང་པའི་གཏམ་མ་ཐོས་ཀྱི་བར་དུ་ཕྱི་ནང་གང་དུ་གནས་ཀྱང་སྲ་བརྐྱང་བཏིང་བའི་ཕན་ཡོན་རྗེས་སུ་འཇུག་ལ་ནམ་ཐོས་པའི་ཚེ་ན་ཕན་ཡོན་བཟློག་གོ །འོ་ན་ཐོས་མ་ཐག་ཏུ་བཟློག་གམ་ཞེ་ན། གུད་དུ་ཆོས་གོས་བྱེ་བའི་བསམ་པ་རྗེས་སུ་འབྲེལ་བ་མེད་ན་དེའི་ཚེ་བཟློག་ལ་རྗེས་སུ་འབྲེལ་བ་ཡོད་ན་རྗེས་འབྲེལ་དེ་མ་ཆད་ཀྱི་བར་དུ་འཇུག་ལ། ཆད་ན་བཟློག་གོ །གསུམ་པ་ནི་སྲ་བརྐྱང་མ་ཕྱུང་ན། ཆོམ་རྐུན་པས་བཅོམ་མ་བཅོམ་སོགས་


DLL1002_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དགེ་སློང་ཐམས་ཅད་ཀྱིས་སྲ་བརྐྱང་བཏིང་བ་དེའི་དུས་ཀྱིས་རྙེད་པ་བགོ་བར་མི་བྱའོ། །གཞིར་གཏོགས་པའི་སྲ་བརྐྱང་གི་གཞིའོ། །གཉིས་པ་ཞུ་བའི་སྐབས་ལ་གསུམ་སྟེ། གདིང་བ་དང་དབྱུང་བའི་སྤྲོས་པ་དང༌། བྱེད་པ་པོ་ལ་དོགས་པ་བཅད་པ་དང༌། དགོས་པའི་སྤྲོས་པའོ། །དང་པོ་ལ་བཞི་སྟེ། དུས་ཀྱི་སྤྲོས་པ་དང༌། གང་ཟག་གི་དང༌། བསམ་པ་དང་འདུན་པའི་དང༌། གནས་ཀྱིའོ། དང་པོ་ནི། སྟོན་ཟླ་འབྲིང་པོའི་བཅུ་དྲུག་ལ་གདིང་བའི་དུས་ཡིན་ན་རྒྱལ་པོས་སྟོན་འབྲིང་ཉའི་བར་ཟླ་བ་གསུམ་ཐལ་བའི་རྗེས་ལ་དེ་ནས་སྟོན་ཟླ་ཉའི་བར་གྱི་ཟླ་བ་དེ་ངོ་གཉིས་སུ་བྱས་ན་ཇི་ལྟར་བྱ་ན། དབྱར་སྔ་མ་ཟླ་བ་གསུམ་རྫོགས་པའི་མཐའི་དགག་དབྱེའི་ཉི་མ་ཇི་ལྟ་བའི་རྗེས་སུ་འབྲངས་ནས་དེའི་ཕྱི་དེ་ཉིན་སྲ་བརྐྱང་གདིང་བར་བྱའི་བཤོལ་གྱི་རྗེས་སུ་འབྲངས་ནས་གདིང་བར་མི་བྱའོ། །དེས་ན་སྟོན་འབྲིང་གཉིས་བྱུང་ན་སྔ་མའི་ཚེས་བཅུ་དྲུག་ལ་གདིང་ངོ༌། །དེའི་ཚེ་སྐྱོང་བའི་དུས་ནི་ཟླ་བ་དྲུག་ཏུ་འགྱུར་རོ། །སྟོན་འབྲིང་གི་ཉ་ལ་གསོ་སྦྱོང་སྟེ། དགག་དབྱེ་བྱས་པའི་མཐའ་ཚེས་བཅུ་དྲུག་མིན་པ་ལ་སྲ་བརྐྱང་གདིང་བ་མི་བྱའོ། །སྲ་བརྐྱང་དབྱུང་བ་ཡང་གསོ་སྦྱོང་གི་མཐའ་མིན་པ་ལ་མི་བྱའོ། །སྲ་བརྐྱང་དབྱུང་བ་འདི་ནི་གསོ་སྦྱོང་གི་ཉི་མ་དེ་ཉིད་ཀྱི་མཐའ་ལ་བྱའི་ཕྱི་དེ་ཉིན་པར་མིན་ནོ། །གཉུག་མར་བས་སྲ་བརྐྱང་བཏིང་ཚོགས་ཀྱི་ཉི་མ་དེ་ཉིད་ལ་གློ་བུར་བ་ཆེས་མང་བས་དེར་བཅོ་ལྔ་པ་ཡིན་ནོ་ཞེས་ཟེར་ནས་གཉུག་མར་པ་དག་གིས་ཀྱང་གསོ་སྦྱོང་གི་ཉིན་མ་ཡིན་ནོ་སྙམ་ནས་ཡང་གསོ་སྦྱོང་བྱས་ན་སྲ་བརྐྱང་བཏིང་བ་དེ་ཕྱུང་བ་ཉིད་ཡིན་ཏེ། བདག་ཅག་གིས་དུས་མིན་པར་སྲ་བརྐྱང་བཏིང་ངོ་སྙམ་པའི་བློ་སྐྱེས་པའི་ཕྱིར། ཡང་ཉི་མ་གཉིས་པ་ལ་སྲ་བརྐྱང་གདིང་བར་བྱ་སྟེ། དེའི་ཚེ་དུས་ཡིན་པའི་བློ་སྐྱེས་པའི་ཕྱིར་རོ། །བཀྲ་ཤིས་ཀྱི་སྦྱོང་སོགས་བྱས་པ་ལ་ནི་འདིར་ཐལ་བར་མི་འགྱུར་ཏེ། དེ་ལ་དུས་མིན་པར་བཏིང་བའི་བློ་


DLL1002_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་ཕྱིར་རོ། །གཉིས་པ་ནི། སྲ་བརྐྱང་བཏིང་ནས་དགེ་འདུན་ཕྱོགས་གཉིས་སུ་བྱེ་བ་དག་ལ་ནི་སྲ་བརྐྱང་དབྱུང་བ་དེ་ཐ་དད་པར་འགྲུབ་ཀྱི་ཚོགས་ནས་ཀྱང་མི་དབྱུང་ལ་གཅིག་གིས་ཕྱུང་བས་ཅིག་ཤོས་ཀྱིས་ཕྱུང་བ་ཡང་མིན་ནོ། །གནས་གང་དུ་ཁས་བླངས་ནས་སམ། དགག་དབྱེ་བྱས་ནས་བྱ་ན་ཆོས་མ་ཡིན་སྨྲ་བ་ཡོད་ཀྱང་ཆོས་སྨྲ་བའི་ཕྱོགས་པས་སྲ་བརྐྱང་གདིང་ངོ༌། །བྱེ་བའི་གནས་དེར་གཞན་ཆོས་མ་ཡིན་སྨྲ་བ་དག་གིས་སྲ་བརྐྱང་གདིང་བ་བྱས་ཀྱང་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ཚུན་ཆད་ཀྱི་གནས་ཀྱི་རྙེད་པ་ཆོས་ཕྱོགས་པ་དེ་དག་ལ་འོས་སོ། །གནས་ཀྱི་རྙེད་པ་སྨོས་པས་གཞན་བཅད་དོ། །སྲ་བརྐྱང་བཏིང་བའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་ཐམས་ཅད་ལ་འོས་སོ། དགེ་སློང་རང་བཞིན་དུ་གནས་པའི་གནས་སུ་སྲ་བརྐྱང་འདིང་བ་དེ་སྤངས་པ་གནས་ཕྱུང་རྣམས་ལ་མི་འབྱུང་ངོ༌། །ཁ་ཅིག་གཏན་མི་འབྱུང་ཟེར་ཡང་བྱེ་བ་དང་གཞི་མཐུན་པ་ལ་འབྱུང་བར་བཞེད་དོ། །གསུམ་པ་བསམ་པ་དང་འདུན་པའི་སྤྲོས་པ་ནི། སྲ་བརྐྱང་འདི་ལས་བདག་གི་རྙེད་པ་དང་ཕན་ཡོན་འབྱུང་ངོ་སྙམ་དུ་བསམ་པ་གནས་པ་ནི་སྲ་བརྐྱང་བཏིང་བའི་ངོ་བོ་ཡིན་ནོ། །དགེ་འདུན་དང་ལྷན་ཅིག་སྲ་བརྐྱང་འདིང་བ་བྱ་བ་ལ་འདུན་པ་ཕུལ་བའི་དབང་གིས་ལྷག་མ་འདུན་པ་ལེན་པ་རྣམས་ཀྱིས་བྱས་ན་འདུན་པ་འབུལ་བར་བྱེད་པས་ཀྱང་བྱས་པ་ཉིད་ཡིན་ནོ། །བསམ་པ་གནས་པ་བཏིང་བ་ཡིན་ལ་དེ་དང་བྲལ་བ་ཕྱུང་བ་ཡིན་པའི་ཕྱིར་རོ། །བསམ་པ་གནས་པ་དེ་དང་བྲལ་བ་ཕྱུང་བ་ཡིན་ནོ། །དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་དགེ་འདུན་གྱི་ནང་ན་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་སྲ་བརྐྱང་བཏིང་བའམ་ཕྱུང་བ་མ་ཐོས་ཀྱི་བར་དུ་སྲ་བརྐྱང་བཏིང་བ་དང་ཕྱུང་བ་མི་འབྱུང་ངོ༌། །བཞི་པ་གནས་ཀྱི་སྤྲོས་པ་ནི། གདིང་བ་འབྱུང་བ་ལ་རྩིག་མཚམས་གཅིག་པ་དགོས་སམ་ཞེ་ན། མི་དགོས་ཏེ། མཚམས་གཅིག་གི་ནང་ན་གནས་དུ་མ་ཡོད་པར་དབྱར་གནས་སོ་


DLL1002_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོར་གནས་པ་སྲ་བརྐྱང་བཏིང་བའི་ཕྱིར་བློ་མཐུན་པ་ཡིན་ན་གནས་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་སྲ་བརྐྱང་གདིང་བའི་ཕྱིར་གནས་པ་ཡིན་ནོ། །རྙེད་པའི་ཕྱིར་གནས་པ་མིན་ཏེ། དེ་དག་ལ་གནས་ཀྱི་རྙེད་པ་ནི་བདག་པོས་ཇི་ལྟར་བཞག་པ་བཞིན་གནས་སོ། །འོ་ན་དབྱར་གྱི་ལས་མཚམས་གཅིག་པ་དགོས་སམ་ཞེ་ན། གནས་གཞན་དེ་ནི་སྲ་བརྐྱང་བཏིང་བའི་ཚེ་མཚམས་གཅིག་པ་དེ་ཡིན་ན་གནས་དེ་ཉིད་ཡིན་ནོ། །དེས་ན་དབྱར་མཚམས་ཐ་དད་ཀྱང་འདིང་བའི་ཚེ་གཅིག་ཏུ་བྱས་ན་ཐམས་ཅད་དུ་ཐམས་ཅད་ཀྱིས་བཏིང་བར་འགྱུར་ཏེ། འདིང་བའི་དུས་ན་མཚམས་གཅིག་པའི་ཕྱིར་རོ། །དེ་ལྟར་བཏིང་ནས་ཡང་ཐ་དད་པར་བྱས་ན་གང་དུ་བཏིང་བ་དེར་བསྐྱང་དགོས་སམ་ཞེ་ན། མཚམས་གཅིག་ཏུ་གནས་དུ་མར་གནས་པ་དག་གིས་སྲ་བརྐྱང་བཏིང་ནས་ཕྱིས་མཚམས་ཐ་དད་པར་བྱས་ན། གནས་དུ་མ་དེ་ལས་གང་ཡང་རུང་བ་ཆོས་གོས་དེའི་གནས་ཡིན་ནོ། །དེ་ལྟ་བུའི་གནས་ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་སྲ་བརྐྱང་དེ་དབྱུང་གི་ཐམས་ཅད་ཀྱིས་གཅིག་ཏུ་དབྱུང་དུ་མི་རུང་ངོ༌། །གནས་གང་དུ་སྲ་བརྐྱང་བཞག་པ་དེར་ཕྱུང་ན་གནས་གཞན་ན་གནས་པ་དག་གིས་སྲ་བརྐྱང་དེ་རང་གི་གནས་སུ་སྤོ་བར་བྱ། ཡང་ན་རང་གི་གནས་ནས་དེ་བསྲུང་བ་གཏང་བར་བྱའོ། །གཞན་དུ་ན་སྐྱ་རེངས་ཤར་བའི་ཚེ་རང་འཇུག་བྲལ་དུ་འགྱུར་ཞིང་འབྲལ་བའི་ཉེས་པར་ཡང་འགྱུར་རོ། །མཚམས་གཅིག་ཏུ་ནི་ཕྱུང་ན་ཐམས་ཅད་ཀྱིས་ཕྱུང་བར་འགྱུར་རོ། །སྤོས་པའི་ཚེ་རང་འཇུག་བྲལ་དུ་འགྱུར་རོ་ཞེ་ན། མི་འགྱུར་ཏེ། མཚམས་གཞན་དུ་ཕྱིན་པའི་བློ་མི་འབྱུང་བའི་ཕྱིར་རོ། །ཐམས་ཅད་དུ་དེར་ངེས་སམ་ཞེ་ན། སྲ་བརྐྱང་བཏིང་ནས་དགེ་འདུན་བྱེ་བ་ཉིད་ན་ཕྱོགས་སོ་སོར་སྲ་བརྐྱང་དབྱུང་ངོ༌། །གཉིས་པ་བྱེད་པ་པོ་ལ་དོགས་པ་བཅད་པ་ནི། གནས་དེར་སྲ་བརྐྱང་མ་བཏིང་བའི་གང་ཟག་གིས་སྲ་བརྐྱང་ཕྱུང་བ་ནི་མ་ཕྱུང་བ་མིན་ནོ། །འདིང་བའི་


DLL1002_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐོང་དུ་རུང་བ་ལ་འདིང་བ་འབྱུང་བ་དགོས་སམ་ཞེ་ན། དབྱར་ཁས་མ་བླངས་པ་སོགས་སྲ་བརྐྱང་གདིང་བ་དེ་མི་འབྱུང་བ་ཉིད་ཀྱིས་སྲ་བརྐྱང་འདིང་བའི་ཁ་བསྐང་དུ་མི་རུང་བ་ཉིད་མིན་ནོ། །དབྱུང་བ་ལ་འདིང་བ་ལ་གཏོགས་པ་དགོས་སམ་ཞེ་ན། སྲ་བརྐྱང་མ་བཏིང་བ་ཉིད་ཀྱིས་འབྱིན་པའི་ལས་ཀྱི་ཁ་སྐོང་བྱས་ནས་དབྱུང་བར་མི་རུང་བ་ཉིད་མིན་ནོ། །གསུམ་པ་དགོས་པའི་སྤྲོས་པ་ནི། སྲ་བརྐྱང་བཏིང་བ་སྣམ་སྦྱར་མེད་པར་གྲོང་དང་གྲོང་ཁྱེར་ལ་སོགས་པར་འཇུག་པ་དང༌། ལམ་པོ་ཆེའི་སུམ་མདོ་ཚུན་ཆད་དུ་འདུག་པ་ལ་ཉེས་པ་མེད་དོ། །འདི་ནི་དོན་གྱིས་ཐོབ་པ་གསལ་བར་བྱ་བའི་ཕྱིར་མདོར་བྲིས་སོ། །སྲ་བརྐྱང་གི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །སྲ་བརྐྱང་གི་གཞི་རྫོགས་སོ།། །།གཉིས་པ་འཚོ་བའི་ཡོ་བྱད་དང་འབྲེལ་བ་གོས་ཀྱི་གཞི་ལ་གཉིས་ལས། གཞིའི་སྐབས་ལ་གསུམ། ཁྱིམ་པའི་གོས་བསྟེན་པ་དགག་པ། གོས་བསྟེན་པ་དངོས། གོས་ཀྱི་རྒྱུའི་རྙེད་པ་བགོ་ཞིང་གང་དབང་བ་དང་མི་དབང་བའི་བྱེ་བྲག་བསྟན་པའོ། །དང་པོ་ནི། ཁ་ཚར་དང་ཕུན་ཚར་མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ། །གཉིས་པ་ལ་བཞི། གོས་བསྒྲུབ་ཅིང་བྱིན་གྱིས་བརླབ་པར་བྱ་བ་དང༌། བྱི་དོར་བྱ་ཞིང་ལོག་པར་ལོངས་སྤྱོད་པ་དགག་པ་དང༌། བྱེ་བྲག་གདིང་བ་དང་གཡན་པ་དགབ་པ་ལ་ཇི་ལྟར་བྱ་བ་དང༌། རྟགས་གཞན་དུ་འགྱུར་བ་སྤང་བའོ། །དང་པོ་ནི། གླེགས་བུར་དྲས་ཤིང་དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གང་གིས་དྲུབས་པ་ཞེ་ན། སྣམ་ཕྲན་སྲིད་དུ་བཏིང་བའི་ཚལ་བུ་དག་གི་སྣ་མཐོ་དམན་མི་མཉམ་པ་ཉིད་ཀྱིས་འགྲུས་ཐབས་སུ་འདུག་པའི་སྣྲེལ་ཞི་ཉིད་དང༌། ཞེང་དུ་ཐལ་རངས་སུ་བཏང་བའི་སྣམ་ཕྲན་དེ་དག་གི་འཕྲོས་ནོན་པའི་ལྷག་མ་ཕན་ཚུན་སྲིད་མཉམ་པ་ཉིད་དང༌། ཞིང་དུ་བཏང་བའི་སྣམ་ཕྲན་དབུས་མ་གཉིས་ཀྱི་བར་གླེགས་བུ་ནི་དབུས་ཏེ། དེ་ནས་གཡས་གཡོན་གཞན་དུ་སྣམ་ཕྲན་གྱི་གླེགས་བུའི་


DLL1002_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོ་ཕྱོགས་ཕྱོགས་སུ་ཕྱི་རྒྱུད་དུ་བལྟ་བ་ཉིད་དང༌། ཆུ་ཞེང་གི་མཐའ་ཀུན་ནས་བསྐོར་བ་ཉིད་དག་གིས་སོ། །གོས་གང་ལ་བྱིན་གྱིས་བརླབ་པར་བྱ་ཞེ་ན། མཐང་ལ་སྦྱར་བ་ནང་དུ་བགོ་བའི་གོས་དང༌། བླ་སྟོད་དུ་བགོ་བའི་གོས་དང༌། སྣམ་ཕྲན་དུ་དྲས་ཏེ་སྦྱར་བའི་སྣམ་སྦྱར་ལ་བྱིན་གྱིས་བརླབ་བོ། །དགེ་སློང་མས་ནི། ཆོས་གོས་གསུམ་པོ་དེ་དང་ཤི་ང་དཔུང་ཆད་དང༌། རྔུལ་གཟན་དྲས་ཤིང་དྲུབས་པའམ་དྲས་ཤིང་མ་དྲུབས་པ་རྣམ་པ་གང་ཡང་རུང་བ་བྱིན་གྱིས་བརླབ་བོ། །ཤི་ང་དཔུང་ཆད་ནི་བླ་གོས་དང་ཚད་མཉམ་ལ། སྣམ་ཕྲན་དང་གླེགས་བུ་ཡང་འདྲའོ། །འདིའི་གྱོན་ལུགས་ལ། གྲྭ་གཅིག་ཕྲག་པ་གཡོན་པའི་སྟེང་དུ་བཟུང་ནས་གྲྭ་གཞན་དེ་ལག་པ་གཡས་པའི་འོག་ནས་དཀྲིས་ནས་གཡོན་པའི་ཡང་འོག་ནས་ཕྱུང་སྟེ། གཡས་པའི་ཕྲག་གོང་ནས་མར་གཡོགས་ཏེ་དེ་བྲང་ནས་དཀྲིས་པའི་འོག་ཏུ་བཅུག་པ་ཡིན་ཞེས། ཞང་ཞུང་པས། བྲམ་ཟེ་འདུལ་བ་འཛིན་པ་ལ་དྲིས་པ་ཡིན་གསུང་ངོ༌། །ཆོས་གོས་དྲས་ཤིང་དྲུབས་པ་ཡོད་ཅིང་བྱ་བ་ནུས་པ་བདོག་ན་ཡང་བྱིན་གྱིས་བརླབ་བོ། །མི་བདོག་ན་དྲས་ཤིང་དྲུབས་པ་མིན་པ་ཡང་བྱིན་གྱིས་བརླབ་བོ། །གསུམ་མམ་ལྔ་པོ་དེ་དག་བཞག་སྟེ་སྐྱ་རེངས་འཆར་བར་མི་བྱའོ། །ཁ་བསྒྱུར་བའམ་བརྙན་པོ་གཞན་མེད་ན་ཁ་མ་བསྒྱུར་བའི་གོས་ལ་ཡང་བྱིན་གྱིས་བརླབས་པ་འཆགས་སོ། །དྲས་པ་གཞན་མེད་ན་མ་དྲས་པ་ལའང་བྱིན་རླབས་འཆགས། ཆོས་གོས་མ་དྲས་པ་དེ་ལ་གལ་ཏེ་འབྱོར་ན་གླེགས་བུའི་འཕྲོ་ལྷན་ཐབས་སུ་གླན་ནོ། །ཁྱིམ་པའི་ཁྱིམ་དུ་སྤྱད་དུ་རུང་བའི་གོས་ཀྱི་རྣམ་པ་ཁ་ཚར་དང་ཕུན་ཚར་མ་བཅད་པ་ལ་ཡང་གཞན་མེད་ན་བྱིན་གྱིས་བརླབ་པ་འཆགས་སོ། །ཐམས་ཅད་དྲས་དྲུབས་བྱའམ་ཞེ་ན། ཕྱིང་བ་དང་ལྭ་བ་བལ་ལས་བྱས་པ་སྤུ་ཅན་དང༌། བེའུ་ཕྲུག་སྤུ་ཅན་ཏེ་དེ་གཉིས་སྤུ་བྱི་བ་སྲིད་པས་འདིར་སྨོས་སོ། །ཀླམ་ལྭ་བ་འཐུག་པོ་དང༌། སེངས་པ་གོས་ཕྲ་མོ་


DLL1002_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་དེ་དག་མི་འདྲ་བར་ལྷན་ཐབས་གླན་ཞིང་དྲུབ་བོ། །གཉིས་པ་ནི། གནས་མལ་མི་གཙང་བས་གོས་པར་གྱུར་ན་དེའི་མོད་ལ་སྦྱང་བར་བྱའོ། །དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་པ་ཐ་མལ་པར་འདུག་པའི་སྟན་ཡན་ཆད་ལ་དགེ་འདུན་གྱི་དེ་མིན་པ་རང་གི་གདིང་བ་མེད་པ་དང༌། གདིང་གཡོགས་ལ་ཡང་གང་ཟག་དགོས་ཀྱིས་བར་བཅད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ། །དགེ་འདུན་ནམ་གང་ཟག་ཐམས་ཅད་ཀྱི་གནས་མལ་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་གདིང་བ་མེད་པར་ལོངས་མི་སྤྱད་དོ། །གདིང་བ་ངན་ངོན་ཙམ་དང༌། དྲི་མ་ཅན་གྱིས་དགེ་འདུན་ནམ་གང་ཟག་གི་གནས་མལ་མི་སྤྱད་དོ། །གསུམ་པ་ནི། གང་ཟག་གིས་གདིང་བ་བཅང་བར་བྱའོ། གདིང་བ་དེ་ནི་རྒྱུ་སྟུག་ན་ཆིག་རྐྱང་རུང་ངོ༌། །གདིང་བ་སེངས་པ་ནི་ཉིས་རིམ་དུ་བྱ་དགོས་སོ། །གདིང་བ་སྟུག་གམ་སེངས་ཀྱང་རུང་ཁྲ་ཁྲ་བོ་མི་རུང་ངོ༌། །གདིང་བ་དེ་ལ་གླེགས་བུའི་འཕྲོ་བྱའོ། །ཕྱོགས་གང་དུ་བྱ་ཞེ་ན། སྟོད་དུ་སུམ་གཉིས་བོར་ཞིང་འོག་རོལ་ཏུ་སུམ་ཆ་བོར་བའི་དང་པོར་གླེགས་བུའི་འཕྲོ་བྱའོ། །གདིང་བ་གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ། །གཡན་པ་དེ་དང་ལྡན་པས་གཡན་པ་དགབ་པ་བཅང་བར་བྱའོ། །གཡན་པ་དགབ་པ་དེ་ཞག་ལྔའམ་དྲུག་ཅིང་སྦྱང་བར་བྱའོ། །སྲིན་བལ་གྱི་དང༌། བལ་གྱི་དང༌། ཤ་ནའི་དང༌། ཟར་མ་ལས་བྱས་པའི་ཆོས་གོས་རུང་ངོ༌། །བཞི་པ་ནི། སྣམ་བུ་མ་བྱས་པ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ལ་སོགས་པ་དང༌། གསོ་མ་ལས་བྱས་པའི་གོས་ནི་མི་རུང་ངོ། །སྐྲ་ལས་བྱས་པའི་ལྭ་བ་ཡང་དག་པར་ལེན་པ་དང༌། གཅེར་བུ་བ་ཡང་དག་པར་ལེན་པ་དང༌། བྱ་འུག་པ་པ་ཡང་དག་པར་ལེན་པ་ཡང་མི་རུང་སྟེ། གསུམ་པོ་ལེན་པ་དེ་ལ་དགེ་འདུན་དབྱེན་གྱི་ཁོངས་སུ་གཏོགས་པའི་སྦོམ་པོའོ། །གསུམ་པོ་དེ་ལས་གཞན་པ་མུ་སྟེགས་ཅན་གྱི་རྒྱལ་མཚན་བསྟེན་པ་ནི་མི་རུང་བ་དེའོ། །མུ་སྟེགས་ཅན་གྱི་བརྟུལ་ཞུགས་སྐྲ་འབལ་བ་འཐོག་པ་དང༌། ལོ་མ་དང་ཤུན་པ་སོགས་གྱོན་པ་དང༌། རི་དྭགས་ཀྱི་པགས་


DLL1002_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཡང་གཞིའི་སྟོད་གཡོགས་སྨད་གཡོགས་དང་བཅས་པས་འཚོ་བ་དང༌། གསོ་མ་ལས་བྱས་པའི་རས་སེང་སེང་པོ་དང༌། ཡན་ལག་གི་སྤུབས་དོར་མ་སོགས་དང༌། གོས་ཐམས་ཅད་སྔོ་བ་དང༌། གོས་ཐམས་ཅད་སྔོ་བ་བཀག་གི །ཐམས་ཅད་སེར་བ་དང༌། དམར་བ་ནི་མ་བཀག་གོ །གོས་ཀྱི་ཁ་ཚར་སྦྲུལ་མགོའི་གདེངས་ཀ་ལྟ་བུ་དང༌། གོས་ཁ་ཚར་མ་བཅད་པའི་རིང་པོ་དང༌། ཤི་ང་དཔུང་ཆད་ལས་གཞན་པའི་རྣམ་པའི་རལ་ཁ་དང༌། གཙུག་ཏོར་མཐོན་པོ་དང༌། ཐོད་ལ་སོགས་པས་མགོ་དཀྲིས་པ་དང༌། ར་ཕྱར་དང༌། རྔ་བལ་གྱི་སྣམ་བུ་དང༌། དེ་དག་ལས་གཞན་པའི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་མི་རུང་ངོ༌། །གསུམ་པ་ལ་གསུམ། རྙེད་པ་ཇི་ལྟར་བགོ་བ། མི་དབང་བས་ལེན་པ་དགག་པ། དབང་མི་དབང་གི་བྱེ་བྲག་གཞན་བསྟན་པའོ། །དང་པོ་ནི། ཟས་པུ་ས་ལ་འུ་སུའམ་ཟར་མའི་འདབ་མ་གང་དང༌། གོས་མར་མེའི་སྙིང་པོ་སྡོང་རས་ཙམ་དེས་ཀྱང་མཉམ་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །ལྭ་བ་དང༌། ལྭ་བ་དེ་ལྟ་བུའི་གོས་བཅང་དུ་མི་རུང་བ་དག་ནི་བཙོངས་ཏེ་བགོ་བཤའ་བྱའོ། །ལྭ་བ་དང་དེ་ལྟ་བུ་དག་ནི་གོས་གཞན་བཞིན་དུ་མི་གཤེགས་པ་ཉིད་དོ། །རྙེད་པ་བགོ་བ་ལ་ལྔ་བྱའོ། །ལྔ་གང་ཞེ་ན། དེང་རྙེད་པ་འགྱེད་པར་འགྱུར་གྱིས། དེང་ཁྱེད་ཅག་གིས་ཚོགས་པར་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང༌། གཎྜི་བརྡུང་བ་དང༌། ཚུལ་ཤིང་བྲིམ་པ་དང༌། བགྲང་བ་དང༌། སོ་སོའི་སྐལ་བ་བྲིམ་པའོ། །ལྔ་པོ་དེ་ལས་ཐ་མ་སོ་སོའི་སྐལ་བ་བྲིམ་པ་ཡན་ཆད་བྱེད་པ་ཉིད་ལ་འོངས་བ་སྐལ་བ་དབང་བ་ཉིད་དོ། །ལྔ་པོ་དེའི་མཇུག་ཏུ་ཕྱིན་པ་ཉིད་ན་སྐལ་བ་མི་དབང་ངོ༌། །ལྔ་པོ་དེ་ནི་རྙེད་པ་ཆུང་ངུ་ལ་ཡང་བྱའོ། །རྙེད་པའི་བྱ་བ་དེར་ཞུགས་ན་མཚམས་ལས་འདས་ཏེ་སོང་བ་ཉིད་ཡིན་ཡང་སྐལ་བ་མི་དབང་བ་མིན་ནོ། །རྙེད་པ་དེ་དབང་བ་དེའི་ཕྱིར་དགེ་སློང་འགྲོ་བས་རང་གི་སྐལ་བ་ནོད་པ་གཞན་ལ་བཅོལ་


DLL1002_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །རྙེད་པ་ནོད་པར་ཁས་བླངས་པས་དེའི་རྙེད་པ་མ་མནོས་ན་རང་གིས་བསབ་པར་བྱ་བ་ཉིད་དོ། །འོ་ན་རྙེད་པ་ཇི་ཙམ་ལ་བསབ་ཅེ་ན། རྙེད་པ་ཆུང་ངུ་ལ་པ་ཎ་མ་ཤ་ཀ་ལྔའམ་སོགས་པ་དེ་བས་ལྷག་ན་བསབ་ཀྱི་ཆེས་ཆུང་ན་བསབ་རིན་མེད་དོ། །བདག་པོས་མ་བཅོལ་ན་དེའི་སྐལ་བ་ནོད་པར་མི་བྱའོ། །སློབ་དཔོན་ནམ། མཁན་པོའི་སྐལ་བ་ནི་མ་བཅོལ་ཡང་ནོད་པར་བྱའོ། །གང་ཟག་ཡིད་གཅུགས་པའི་གནས་ཀྱི་དོན་དུ་མ་བཅོལ་ཡང་ནོད་པར་བྱའོ། །བྱེ་བ་ན་རང་གི་ཕྱོགས་དང་མཐུན་པ་མིན་པར་སོང་བའི་དོན་དུ་ཡང་ནོད་པར་མི་བྱའོ། །མ་བཅོལ་ན་ནོད་པར་མི་བྱ་བ་དེ་ནི་གནས་མལ་ལ་ཡང་ཤེས་པར་བྱའོ། །མ་བཅོལ་ན་ཟས་ལ་ཡང་སྐལ་བ་ནོད་པར་མི་བྱའོ། །གཞན་གྱི་ཚིག་གི་སྐབས་མེད་པར་བྱ་བའི་ཕྱིར་གཞན་གྱི་དོན་དུ་རྙེད་པ་དང་གནས་མལ་སོགས་ནོད་པ་ཕ་རོལ་ལ་གོ་བར་བྱའོ། །གཉིས་པ་ནི། རྙེད་པ་མི་དབང་བས་དབང་བའི་ནང་དུ་ཞུགས་ཏེ་སྐལ་པ་ནོད་པར་མི་བྱའོ། །གསུམ་པ་ལ་གཉིས། གཞན་ལས་བྱུང་བའི་རྙེད་པ་དབང་མི་དབང་གི་བྱེ་བྲག་བསྟན་པ། ཤི་བའི་ཡོ་བྱད་ཀྱིའོ། །དང་པོ་ནི། གང་ཟག་དབང་བ་གཅིག་ཉིད་ཀྱིས་རྙེད་པ་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་དོ། །དགེ་འདུན་བྱེ་བ་ན། ཆོས་ཕྱོགས་ནས་ཆོས་མིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་དགེ་འདུན་གྱི་རྙེད་པ་མི་དབང་ངོ༌། །དབྱར་གནས་ལ་སོགས་པ་དེའི་དུས་ཀྱི་རྙེད་པ་ལ་ནི་ཆེས་རིང་བ་ཞག་ཞེ་དྲུག་ལས་ལྷག་པ་གནས་ན་གནས་པ་ཉིད་ཡིན་ནོ། །བབས་པ་དང་ཤི་བར་གྱུར་པ་གཉིས་ཀྱང་ཆེས་རིང་དུ་གནས་ན་དེའི་དུས་ཀྱི་རྙེད་པ་དབང་ངོ༌། །ཐམས་ཅད་དུ་རྙེད་པ་ནི་བདག་པོས་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་བཞག་གོ །སྦྱིན་བདག་གིས་ངེས་པར་མ་བྱས་པའི་ཚེ་རྙེད་པ་འཐོབ་པ་རྣམས་ཀྱིས་ཀྱང་རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་བཞག་གོ །ཁྱིམ་དེར་ཕྱོགས་གཉིས་ཀས་རྙེད་


DLL1002_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་ན་ཅིག་ཤོས་ལ་འབུལ་ཅི་དགོས་སྙམ་ན། སྦྱིན་བདག་ཐམས་ཅད་ཀྱིས་ཕྱོགས་གཉིས་ཀ་ལ་སྤྱིར་ཕུལ་ན་ཡང་སྦྱིན་བདག་གི་ཚིག་མི་བཙན་པར་དགེ་སློང་རྣམས་ཀྱི་ཁྲིམས་ཀྱི་རྗེས་སུ་འབྲངས་ནས་རྣམ་པར་བཞག་གོ །སྦྱིན་བདག་གིས་དགེ་འདུན་ལ་འབུལ་ལོ་ཟེར་ལ་གང་ལ་འབུལ་ཡོངས་སུ་མ་དཔྱད་ན་ལས་བྱ་བའི་མཚམས་ཇི་སྐད་བཤད་པ་ཉིད་ཀྱིས་ཡོངས་སུ་དཔྱད་ནས་མཚམས་དེར་གཏོགས་པ་དག་དབང་ངོ༌། །དགེ་འདུན་ལ་ཕུལ་བའི་རྙེད་པ་འདི་ལ། དགེ་འདུན་དུ་མ་ལོངས་པ་གཅིག་ལ་སོགས་པ་ནི་དགེ་འདུན་དེ་ཉིད་དང་འདྲའོ། །ཆོས་ལ་ཕུལ་བའི་རྙེད་པ་ནི་ཆོས་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ། །གཙུག་ལག་གི་ཚིགས་སུ་བཅད་པ་གཅིག་ཡན་ཆད་འཛིན་པ་ནི་ཆོས་ཀྱི་རྙེད་པ་དབང་བ་འདིར་ཆོས་སྨྲ་བ་དེ་ཉིད་ཀྱི་མཐའ་ཡིན་ནོ། །གཉིས་པ་ཤི་བའི་ཡོ་བྱད་གང་དབང་མི་དབང་གི་བྱེ་བྲག་བསྟན་པ་ལ་གསུམ། རབ་བྱུང་གི་དང༌། ཁྱིམ་པའི་དང་རྟགས་ཅན་ཤི་བའི་ཡོ་བྱད་དབང་མི་དབང་བསྟན་པའོ། །དང་པོ་ལ་གཉིས། དགེ་འདུན་དང༌། གང་ཟག་དབང་བར་བསྟན་པ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། ཤི་བའི་ཡོ་བྱད་དབང་བ་ལ་སྤྱིར་བཏང་དུ་གང་ཟག་ཆོས་དྲུག་ལྡན་ཏེ་སྡེ་ལྔའི་སྡོམ་པ་དང་ལྡན་པ་དང༌། ལྟ་མཚན་མཐུན་པ། གནས་ནས་མ་ཕྱུང་བ། བྱིན་རླབས་གཉིས་མ་བྱས་པའི་དུས་སུ་ཡོད་པའོ། །དངོས་པོ་བུ་ལོན་ལ་གཞལ་དགོས་དང༌། ཡོ་བྱད་དྲུག་ནད་གཡོག་ལ་དགོས་པ་དང༌། སྡེ་ཚན་གྱི་རྫས་མ་བགོས་པ་དང༌། མ་ཤི་པའི་དུས་སུ་བསྔོས་པ་དང༌། ཁྱིམ་གཞན་དུ་འདུག་པ་རྣམས་བྱིན་གྱིས་མི་རློབ་བོ། །མཚན་མི་མཐུན་པ་ཤི་བའི་ཡོ་བྱད་ལ་ཅིག་ཤོས་མཚན་མཐུན་པ་ཡོད་ན་མཚན་མི་མཐུན་པ་དེ་མི་དབང་བ་ཉིད་དོ། །མཚན་མཐུན་མེད་ན་མཚན་མི་མཐུན་ཡང་དབང་ངོ༌། །གནས་ནས་ཕྱུང་བ་ཤི་བའི་ཡོ་བྱད་ལ་ཡང་དེ་བཞིན་དུ་གནས་ནས་མ་ཕྱུང་བ་ཡོད་ན་གནས་ཕྱུང་མི་དབང་ལ་མེད་ན་དབང་ངོ༌། །གནས་ནས་མ་ཕྱུང་བ་


DLL1002_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བའི་ཡོ་བྱད་ལ་ནི་གནས་ནས་མ་ཕྱུང་བ་མེད་ན་ཡང་གནས་ཕྱུང་མི་དབང་ངོ༌། །ཐམས་ཅད་དུ་མི་དབང་ངམ་ཞེ་ན། གནས་ནས་ཕྱུང་བའི་རྒྱུ་ལས་སེམས་མ་ལོག་ན་མི་དབང་གིས་ལོག་ན་དབང་ངོ༌། །གནས་ཕྱུང་ཤི་བ་དེའི་ཡོ་བྱད་ནོད་པར་བྱ་བ་ཉིད་ལ་གནས་ཕྱུང་དེ་ནི་གནས་ནས་མ་ཕྱུང་བ་དང་ཐ་དད་པ་ཉིད་མིན་པས་ཕྱུང་བ་ཡོད་ཀྱང་དགེ་འདུན་དབང་ངོ༌། །ཁས་བླངས་པ་དང་མ་བླངས་པ་ཤི་བའི་ཡོ་བྱད་ལ་ནི་ཕྱོགས་དེ་ཉིད་ཐ་དད་པ་ཡིན་པས་གཅིག་ལ་གཅིག་མི་དབང་ངོ༌། །རབ་བྱུང་ཤི་བའི་ཡོ་བྱད་དེ་རབ་ཏུ་བྱུང་བ་དང༌། ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་ཉེ་དུ་དང་རྒྱལ་པོ་ལ་སོགས་པ་དག་མི་དབང་ངོ༌། །ཤི་བའི་ཡོ་བྱད་ལ་གསོལ་བས་བྱིན་གྱིས་བརླབས་ཟིན་པའམ། དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་པ་ན་རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་འོངས་པ་ནི་མི་དབང་ལ་དེ་གཉིས་མ་ཟིན་པའི་སྐབས་སུ་འོངས་པ་ནི་དབང་ངོ༌། །གསོལ་བས་བྱིན་གྱིས་བརླབ་པའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། འདི་ལྟར་གནས་འདིར་དགེ་སློང་ཉེ་དགའ་གུམ་ན། གལ་ཏེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་དགེ་སློང་ཉེར་དགའ་གུམ་པའི་རྫས་བགོ་པར་བགྱི་བ་གུམ་པའི་ཡོ་བྱད་ཆོས་གོས་དང་ཆོས་གོས་མ་ལགས་པ་གདའ་བ་དང་མི་གདའ་བ་བྱིན་གྱིས་བརླབ་པར་བགྱིའོ། །འདི་ནི་གསོལ་བའོ། །ཉེར་དགའ་ཞེས་སྨོས་པ་ནི་གླེང་གཞིའི་དབང་གིས་གསུངས་པ་ཡིན་གྱི། ལས་བྱ་བའི་སྐབས་སུ་གང་ཤི་བ་དེའི་མིང་བརྗོད་པར་བྱའོ། །དང་པོ་དང་ཐ་མའི་བྱིན་རླབས་ཇི་ལྟ་བུ་ཞེ་ན། ཤི་བའི་ཡོ་བྱད་དེ་ལས་དངོས་པོ་འགའ་ཞིག་དགེ་འདུན་གྱི་རྒན་པ་གྲལ་གཙོ་བོ་དང༌། གསར་བུ་ཐ་མ་གཉིས་ལ་སྦྱིན་པ་ནི་དང་པོ་དང་ཐ་མས་བྱིན་གྱིས་བརླབ་པ་དེ་ཞེས་བྱའོ། །འོ་ན་གང་གིས་བྱིན་གྱིས་བརླབ་ཅེ་ན། གནས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་འདུག་པ་དེའི་མཚམས་


DLL1002_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོགས་པ་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པ་འདི་ལ་ཤི་བའི་གནས་ཉིད་ནི་རྒྱུ་མིན་ནོ། །ནོར་གང་ན་ཡོད་པའི་གནས་ཀྱི་དགེ་འདུན་བྱིན་གྱིས་རློབ་པ་པོ་ཡིན་ནོ། །འོ་ན་མཚམས་གཉིས་ཀྱི་བར་ན་ཡོ་བྱད་འདུག་པ་ལ་སུས་བྱིན་གྱིས་རློབ་ཅེ་ན། ཤི་བ་དེའི་ལུས་སམ་ཁྲིའམ་ཁྲིའུ་སོགས་གཞན་གྱིས་རེག་པའི་ཡོ་བྱད་ཀྱིས་མཚམས་ཇི་ཙམ་ནོན་པའི་མཚམས་དེར་གཏོགས་པ་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །མཚམས་གང་ན་ནོར་དང་འདྲ་བ་སྟེ་ནོར་སྐྱོང་བར་བྱེད་པ་དེ་འདུག་པའི་མཚམས་དེའི་ཁོངས་སུ་ཤི་བའི་ཡོ་བྱད་མཚམས་གཞན་ན་འདུག་པ་ཡང་གཏོགས་པས། ནོར་འདྲ་བ་དེ་འདུག་པའི་མཚམས་དེའི་ཁོངས་སུ་གཏོགས་པའི་དགེ་འདུན་གྱིས་མཚམས་དེའི་ནང་དུ་ནོར་འདྲ་བ་དེ་བྱིན་གྱིས་བརླབས་ན་ཤི་བའི་ཡོ་བྱད་མཚམས་གཞན་ན་འདུག་པ་བྱིན་གྱིས་བརླབ་བོ། །དངོས་པོ་གང་གཞན་ལ་བསྐུར་བར་བྱ་བས་མ་སྤངས་པ་ནི་བསྐུར་བར་བྱ་བ་དབང་བ་དེ་ཉིད་ཡིན་པས་བར་སྐབས་སུ་དེ་གཉིས་ཤི་ན་དངོས་པོ་དེ་བསྐུར་བར་བྱ་བའི་ཤི་བའི་ཡོ་བྱད་ཡིན་ནོ། །བསྐུར་བར་བྱ་བས་སྤངས་པ་ནི། སྐུར་བར་བྱེད་པ་ཉིད་དབང་བ་ཡིན་པས་བར་སྐབས་སུ་དེ་གཉིས་ཤི་ན་དངོས་པོ་དེ་སྐུར་བར་བྱེད་པའི་ཤི་བའི་ཡོ་བྱད་དུ་འགྱུར། སྐུར་བར་བྱེད་པས་དངོས་པོ་དེ་སྤངས་ན་ཡང༌། དངོས་པོ་དེ་སྐུར་བར་བྱེད་པ་དེ་ཉིད་དབང་བ་ཡིན་པས་བར་སྐབས་སུ་དེ་གཉིས་ཤི་ན་སྐུར་བར་བྱེད་པ་པོའི་ཤི་བའི་ཡོ་བྱད་དུ་འགྱུར་རོ། ། མཚམས་ཀྱི་ཕྱི་རོལ་ཏུ་ཡང་མཚམས་ཀྱི་ནང་དུ་འདུ་ཤེས་པ་དག་གིས་མི་མཐུན་པ་འབའ་ཞིག་གིས་བྱིན་གྱིས་རློབ་པ་མི་འཆགས་སོ། །ཡང་ཞེས་པས་མཚམས་ཀྱི་ནང་དུ་ཡང་མི་མཐུན་པ་འབའ་ཞིག་གིས་བྱིན་གྱིས་རློབ་པ་མི་འཆགས་སོ། །མཚམས་དེར་ཤི་ན་ཤི་བའི་རོ་དབྱུང་བ་དང་རིམ་གྲོ་དང༌། ཆོས་ཉན་པ་དང༌། ཡོན་བཤད་པ་མ་བྱས་པར་ཤི་བའི་ཡོ་བྱད་བྱིན་གྱིས་


DLL1002_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བརླབ་པར་མི་བྱའོ། །གཉིས་པ་ནི། ཤི་བའི་ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ཉིད་ནི་ཁྱིམ་བདག་གིས་རབ་བྱུང་གང་ལ་བྱིན་པ་དེས་དབང་བ་ཉིད་ཡིན་ནོ། །ཐམས་ཅད་དུ་དབང་ངམ་ཞེ་ན། གལ་ཏེ་ཁྱིམ་བདག་གིས་རབ་བྱུང་གང་ལ་བྱིན་པ་དེ་ཡང་མཚན་མཐུན་པ་ལ་སོགས་པ་དབང་ཞིང་ལྷུང་བཟེད་ལ་སོགས་པ་དེས་ཕོངས་པ་ཉིད་ཡིན་ན་དབང༌། སྦྱིན་བདག་གིས་རང་དགར་སྦྱིན་པར་མི་བྱེད་ན་དེ་དབང་ཞིང་དེས་ཕོངས་པའི་རབ་བྱུང་གང་གིས་བསླངས་པ་དང་ལྡན་པ་དེ་དབང་བ་ཡིན་ནོ། །མཐར་གྱིས་སློང་ན་དང་པོར་བསླངས་པ་དེ་དབང་ངོ༌། །ལེན་པ་མེད་པ་ཉིད་ཡིན་ཞིང་སྦྱིན་བདག་གིས་བྱེ་བྲག་ཏུ་མ་བསྔོས་པར་བོར་ན་དང་པོར་དེར་སོང་བ་ཉིད་དབང་བ་དང་ལྡན་པ་ཡིན་ནོ། །སོང་བ་དེ་ནི་མཐར་གྱིས་སློང་བ་དང་འདྲ་བར་དང་པོར་སོང་བ་དབང་ངོ༌། །གཉིས་པ་ནི། ཤི་བའི་འོག་ཏུ་བུ་ལོན་པ་བྱུང་ན་བུ་ལོན་པ་དེ་ལ་གཞལ་བར་བྱ་བའི་ཚད་ཀྱིས་ཤི་བའི་ཡོ་བྱད་བུ་ལོན་པ་དེ་དབང་བ་ཉིད་ཡིན་ནོ། །ཤི་བའི་ཡོ་བྱད་བགོས་ན་ཡང་བུ་ལོན་པ་བྱུང་ན་གཞལ་བར་བྱའོ། །ཤི་བ་དེ་དང་བུ་ལོན་པ་གཉིས་དངོས་པོ་འཇལ་ལེན་ལྷན་ཅིག་རྣམ་པར་བཞག་པར་བྱས་པ་ན་དེ་ལ་སྦྱིན་པར་བྱ་བ་སྦྱིན་ཞིང་བླང་བར་བྱ་བ་ཉིད་གང་ཡིན་པ་བླང་བར་བྱའི་སྔར་གྱི་དངོས་པོ་དེ་ཉིད་སྦྱིན་པ་དང་བླང་བ་མིན་ནོ། །དཔེར་ན་ཤི་བས་ཚོང་པ་ལ་རས་ཡུག་བླངས་ནས་རིན་སྦྱིན་པར་ཆད་ན་རིན་སྦྱིན་པར་བྱའི་རས་ཡུག་སྦྱིན་པར་མི་བྱ་བ་དང༌། ཐ་ག་པ་ལ་རས་ཡུག་འཐག་པའི་ཕྱིར་རྒྱུ་སྤུན་གཏད་ན་རས་ཡུག་བླང་བར་བྱའི་རྒྱུ་སྤུན་བླང་བར་བྱ་བ་མིན་པ་ལྟ་བུའོ། །ཤི་བ་ལ་བུ་ལོན་ཆགས་པ་དེས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་བས་ཚངས་པ་མཚུངས་པར་སྤྱོད་པ་དག་གིས་རང་གི་ལྷུང་བཟེད་དང་ཆོས་གོས་ཤི་བའི་བུ་ལོན་ལ་གཞལ་བར་མི་བྱའོ། །དགེ་སློང་ལག་གི་བླས་རང་གི་དོན་དུ་དཀོན་མཆོག་གི་དཀོར་བླངས་ནས་ཤི་ན་དཀོན་མཆོག་གི་དཀོར་དེའི་ཇི་སྙེད་


DLL1002_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་པ་དེ་སྙེད་བླངས་པར་བསབ་བོ། །ལག་གི་བླ་ནི་མཚོན་པ་ཡིན་ནོ། །ནད་པ་ཤི་བ་དེ་ནད་གཡོག་དང་བཅས་པ་ཡིན་ནོ་ཆོས་གོས་གསུམ་གདིང་བ་ལྷུང་བཟེད་ཆུ་ཚགས་ཏེ་ཡོ་བྱད་དྲུག་པོ་ནད་གཡོག་དེ་དབང་བ་ཉིད་ཡིན་པས། དགེ་འདུན་གྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་དོ། །ཡོ་བྱད་དྲུག་པོ་དེ་ནི་ནད་གཡོག་ལ་ཁ་ཅིག་རབ་དང༌། ཁ་ཅིག་འབྲིང་དང༌། ཁ་ཅིག་ཐ་མ་དང་བཅས་པ་ལས་སྦྱིན་པར་བྱའོ། །ནད་གཡོག་དུ་མ་ཉིད་ཡོད་པ་ཉིད་ནི་ཡོ་བྱད་དྲུག་པོ་དག་གི་ཐུན་མོང་ཡིན་ནོ། །ནད་པ་དེའི་དོན་དུ་ནད་གཡོག་གཞན་དུ་སོང་པ་ཉིད་ཡིན་ལ་ནད་པ་ཤི་ན་ཡང་ཡོ་བྱད་དྲུག་པོ་སྦྱིན་པར་བྱའོ། །ཤི་བའི་རྫས་དེ་མི་དབང་བ་ཁྱིམ་པ་ལ་སོགས་པའི་ནད་གཡོག་ལ་ནི་ཡོ་བྱད་དྲུག་དེ་མི་སྦྱིན་ནོ། །ནད་གཡོག་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་ཡོ་བྱད་དྲུག་པོ་དེ་མི་སྦྱིན་པར་མི་བྱ་སྟེ། གཞན་དུ་གནས་པར་ཁས་བླངས་པ་ནི་མི་སྦྱིན་པའི་རྒྱུ་མིན་པའི་ཕྱིར་རོ། །ཤི་བའི་ཡོ་བྱད་བགོ་བ་འདི་ལ་བསྙེན་པར་ན་རྫོགས་པ་ནི་སོ་སོའི་སྐལ་བའི་ཆ་ཐམས་ཅད་བསྙེན་པར་རྫོགས་པ་དང་མཉམ་པར་དབང་བ་ཉིད་ཡིན་གྱི་དབྱར་རྙེད་སོགས་ལ་སུམ་ཆ་འབྲི་བ་ལྟ་བུ་མིན་ནོ། །ནད་པས་ནད་གཡོག་སོགས་ལ་འདི་བྱིན་ཅིག་སྨྲས་པའི་གང་ཟག་དེས་སྦྱིན་པ་ཕྲི་ཡང་ནད་པས་ཇི་སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ། །ཤི་བས་སྔར་ལྟོས་མེད་དུ་བྱིན་ཟིན་པ་ཉིད་ཀྱི་ཕྱིར་རོ། །ནད་པ་རབ་བྱུང་གིས་བདག་ཤི་བ་ཉིད་ཀྱི་དུས་ན་རྫས་འདི་ཆེ་གེ་མོ་ལ་བྱིན་ཅིག་ཅེས་བསྒྲུབ་པ་ལ་ནི་ཤི་བ་དེ་ནོར་བདག་ཏུ་མི་འགྱུར་བས་ནོར་དེ་དེ་ལ་མི་སྦྱིན་པར་དགེ་འདུན་གྱིས་ཤི་བའི་ཡོ་བྱད་དུ་བྱིན་གྱིས་བརླབ་བོ། །ཁྱིམ་པས་བདག་ཤི་བར་གྱུར་ན་རྫས་འདི་ཆེ་གེ་མོ་ལ་བྱིན་ཅིག་ཅེས་ཟེར་ན་དེ་ཤི་བའི་ཚེ་ཡང་ནོར་དེའི་བདག་པོར་འགྱུར་རོ། །འདི་གཉིས་ཀྱི་ཁྱད་པར་ནི། རྫས་ལ་ལྟོས་པ་དང་བཅས་པ་དང་ལྟོས་པ་མེད་པའི་ཁྱད་པར་ཡིན་ནོ། །གཉིས་


DLL1002_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། ཁྱིམ་པས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་ཁྱིམ་པ་དེ་ཤི་ན་དེའི་བུ་དང་ཆུང་མ་ཅི་བདེར་བྱའི་བདག་གིར་མི་བྱའོ། །གསུམ་པ་ནི། གླང་པོ་ཆེ་དང་རྟ་དང་བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་འབུལ་ལོ། །དབྱིག་དང་གསེར་དང་ཟངས་ལ་སོགས་པ་གཞན་བརྡུངས་སུ་བྱས་པ་དང་མ་བྱས་པ་རྣམས་ནི་དཀོན་མཆོག་གསུམ་ལ་འབུལ་ལོ། །ནོར་བུ་བཻཌཱུརྱ་ལ་སོགས་པ་རིན་པོ་ཆེ་རྣམས་ཀྱང་དཀོན་མཆོག་གསུམ་ལ་འབུལ་ལོ། །དཀོན་མཆོག་གསུམ་ནང་བགོ་བ་ནི། མུ་ཏིག་རྣམས་ནི་གལ་ཏེ་མུ་ཏིག་ལས་གཞན་པའི་རིན་པོ་ཆེ་ཡོད་ན་སངས་རྒྱས་དེའི་སྐལ་བས་དཀོན་མཆོག་གཞན་གྱི་མུ་ཏིག་དག་བརྗེས་ནས་སམ་སངས་རྒྱས་ཀྱི་སྐལ་བའི་རིན་པོ་ཆེ་གཞན་ལས་མུ་ཏིག་ལྷག་པ་ཉིད་ཡིན་ཡང་རུང༌། གལ་ཏེ་རིན་པོ་ཆེ་གཞན་མེད་ན་ཡང་དེ་བཞིན་དུ་སྦྱིན་པ་མེད་ཀྱང་བླ། མུ་ཏིག་ཐམས་ཅད་སངས་རྒྱས་ལ་འབུལ་ལོ། །གུར་ཀུམ་དང་མཚལ་ལ་སོགས་པའི་ཚོན་རྩི་ཆེན་པོ་རྣམས་ཀྱང་སངས་རྒྱས་ལ་འབུལ་ལོ། །སངས་རྒྱས་ལ་ཕུལ་བའི་མུ་ཏིག་དེ་དག་ནི་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ། །མུ་ཏིག་དེ་མིན་པ་སངས་རྒྱས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་གཞན་ནི་སྐུ་གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་དུ་སྦྱར་རོ། །ཆོས་ཀྱི་སྐུ་སྐལ་གྱི་རིན་པོ་ཆེ་ནི། སངས་རྒྱས་ཀྱི་བཀའ་བྲི་བ་དང་སེང་གེའི་ཁྲི་དག་གི་ཡོ་བྱད་དུ་སྦྱར་རོ། །ཁྱོགས་དང་ཤིང་རྟའི་ཐེག་པ་ནི་སྐུ་གཟུགས་ལ་འབུལ་ལོ། །རྒྱལ་མཚན་དང༌། རྒྱལ་མཚན་དེའི་སྲོག་ཤིང་དག་ནི་རྒྱལ་མཚན་གྱི་དོན་དུ་དབུལ་ལོ། །རྒྱལ་མཚན་གྱི་སྲོག་ཤིང་དེར་རུང་བའི་སྲོག་ཤིང་གཞན་དག་ཀྱང་སྐུ་གཟུགས་ལ་དབུལ་ལོ། །རྒྱལ་མཚན་གྱི་སྲོག་ཤིང་དུ་མི་རུང་བའི་ཤིང་གཞན་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལ་འབུལ་ལོ། །དེ་དག་ནི་འཁར་གསིལ་གྱི་ཡུ་བ་དང༌། ཁབ་དང༌། གྲིའུར་བྱས་ཏེ་དགེ་འདུན་ལ་བྲིམ་མོ། །དགེ་འདུན་གྱི་


DLL1002_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཤིང་དང་མཚོན་ཆ་སོགས་ལས་གཞན་ཞིང་དང་རས་དང༌། འབྲས་ལ་སོགས་པ་ནི་བཞག་པ་དང་བགོ་བ་དང་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ། །ཞིང་དང་ཁང་ཁྱིམ་དང༌། ཚོང་ཁང་དང༌། གནས་མལ་དང༌། མགར་སྤྱད་དང༌། གསེར་མགར་གྱི་ལག་ཆ་དང༌། འདྲེག་མཁན་གྱི་ལག་ཆ་དང༌། རྫ་མཁན་གྱི་ལག་ཆ་དང༌། ཤིང་མཁན་གྱི་ལག་ཆ་དང༌། བསིལ་ཡབ་མཁན་གྱི་ལག་ཆ་དང༌། བྲན་དང་བྲན་མོ་དང་ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་དང་བ་ལང་དང་མ་ཧེ་དང་ར་དང་ལུག་དང་སྨན་དང༌། སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་དང༌། མྱུར་དུ་མི་འགྲུབ་པའི་དམ་རྒྱ་དག་ནི་དང་པོ་བཞག་པར་འོས་པ་ཉིད་ཡིན་ནོ། །རས་དང་རས་ཡུག་ཅན་དང་བེའུ་རས་དང་མཆིལ་ལྷམ་དང༌། ལྷམ་སྒྲོག་གུ་ཅན་དང༌། འབྲུ་མར་དང༌། འབྲུ་མར་སྣོད་དང༌། བྱ་མ་བུམ་དང༌། རིལ་པ་སྤྱི་བླུགས་དང༌། གླེགས་བམ་གཞན་དང༌། དམ་རྒྱ་གཞན་དང༌། ཚོན་རྩི་གཞན་དག་ནི་གཉིས་པ་བགོ་བར་འོས་པ་ཉིད་ཡིན་ནོ། །འབྲས་དང་ཏིལ་དང་ནས་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་འབྲུ་གཞན་དང༌། བཟའ་བ་དང༌། བཏུང་བ་དག་ནི་གསུམ་པ་བཟའ་བར་འོས་པ་ཉིད་ཡིན་ནོ། །གཞིར་གཏོགས་པ་གོས་ཀྱི་གཞིའོ། །གཉིས་པ་ཕྲན་ཚེགས་ལ་སོགས་པ་ལ་གཉིས། ཕྲན་ཚེགས་དངོས་ནས་འབྱུང་བ་དང༌། ལུང་སྣ་ཚོགས་ནས་འབྱུང་བའོ། །དང་པོ་ལ་གཉིས། གོས་བསྟེན་པར་བྱ་བ་དང༌། གོས་རྒྱུ་རྙེད་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ལ་ལྔ། གོས་བསྒྲུབ་པར་བྱ་བ་དང༌། ལོངས་སྤྱོད་པའི་ཚུལ་དང༌། ལམ་དུ་འགྲོ་བའི་དང༌། དུར་ཁྲོད་ལ་བརྟེན་པའི་དང༌། ཡོ་བྱད་གཞན་བསྟེན་པར་བྱ་བའོ། །དང་པོ་ལ་ལྔ། དྲ་བ། དྲུབས་པ། བཀྲུ་བ། ཕྱག་དར་ཁྲོད་ལ་ཇི་ལྟར་བྱ་བ། ཁ་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། གླེགས་བུ་དང་


DLL1002_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བུ་ཕྱེད་དག་མཉམ་པར་བྱ་སྟེ། མཛེས་པར་བྱ་བའི་ཕྱིར་རོ། །གླེགས་བུ་དང༌། གླེགས་བུ་ཕྱེད་པ་མཉམ་པར་གཞལ་བར་བྱ་བའི་ཕྱིར་དེ་གཉིས་ཀྱི་ཚད་ཀྱི་ཆགས་ཤིང་བཅང་བར་བྱའོ། །ཚལ་བུ་དག་ཀྱང་མཉམ་པ་ཉིད་དུ་བྱའོ། །ཚལ་བུ་དེའི་ཚད་ཀྱི་ཆགས་ཤིང་བཅང་པར་བྱའོ། །ཚལ་བུ་དེའི་ཞིང་གི་ཆེ་ཚད་ནི་སོར་བཞིའོ། །ཚལ་བུ་དེའི་ཞེང་གི་ཆེ་ཚད་བྱ་རོག་གི་མཐོ་གང་ཡང་ཡིན་ནོ། །བྱ་རོག་གི་མཐོ་གང་ནི། མཛུབ་མོའི་ཚིགས་དབུས་མའི་སྟེང་དུ་མཐེ་བོའི་ཚིགས་དབུས་མའི་ལྟོ་གཏད་དེ་རྒྱ་གྲམ་དུ་བཞག་པའི་མཐེབ་མཛུབ་གཉིས་ཀྱི་རྩེ་མོའི་བར་གྱི་ཚད་དོ། །འདི་ལ་དངོས་སུ་སོར་བཞི་ཡོད་ལ། རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་དེ་སྐད་གསུངས་སོ། །ཚལ་བུའི་ཞེང་ཆུང་ཚད་ནི་སོར་གཉིས་སམ། ཕྱེད་དང་གསུམ་མམ། མཐེབ་སོར་གཅིག་གོ །དེ་གཉིས་ཀྱི་བར་ནི་འབྲིང་ཚད་དོ། །དྲ་བའི་ཚེ་ཡང་ས་ལ་ཆོས་གོས་གདིང་བར་མི་བྱའོ། །ཆོས་གོས་གདིང་བ་དེའི་དོན་དུ་གཏན་པ་བྱའོ། །གཏན་པ་ཇི་ལྟ་བུ་ཞེ་ན། ཤིང་ལས་བྱས་པའམ་སྨྱུག་མ་ལས་བྱས་པ་གྲུ་བཞི་སྟོད་པའི་ཕྱིར་ཐ་གུ་གཞུག་པའི་བུ་ག་སྟོད་པ་ནི་གཏན་པ་དེ་ཞེས་བྱའོ། །དེའི་ཚད་ཇི་ཙམ་ཞེ་ན། ཆོས་གོས་ཇི་ཙམ་པའི་ཚད་བྱའོ། །ཆོས་གོས་གྲིའུས་དྲའོ། །གྲིའུ་དེ་བཅང་བར་བྱའོ། །དབྱིབས་ཇི་ལྟ་བུ་བྱ་ན། བྱ་གག་གི་མཆུ་ལྟ་བུའམ། བྱ་གག་གི་གཤོག་པ་ལྟ་བུར་བྱའོ། །ཅི་ལས་བྱས་པ་ཞེ་ན། ལྕགས་ལས་བྱས་པ་སྟེ། དེ་ལས་གཞན་བྱ་བ་མིན་ནོ། །གྲིའུའི་ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ། །གྲིའུ་སྲིད་དུ་སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ། །གཞུང་ཁ་ཅིག་ལས་ནི་གྲིའུ་སོར་བརྒྱད་ཀྱི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་གསུང་ངོ། ། གྲིའུ་སོར་བཞི་པས་ཐུང་བ་ནི་དགོས་པ་མེད་པས་མི་བཅང་ངོ། །གཉིས་པ་ནི། ཆོས་གོས་བཙེམ་པའི་གནས་ནི། ལྕི་བའི་བྱུགས་པས་བསྐུས་པར་བཙེམ་མོ། །བ་ལང་གི་ལྕི་བ་མེད་ན་ཆུས་ཆག་ཆག་བཏབ་ཅིང་འཆག་སར་ཆོས་གོས་བཙེམ་མོ། །དགེ་སློང་གིས་ཆོས་གོས་དེ་བཙེམ་པར་བྱ་བ་རུང་ངོ༌། །ཁབ་


DLL1002_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་བཙེམ་དུ་རུང་ངོ༌། །ཁབ་དེ་ཡང་བཅང་བར་བྱའོ། །རྒྱུ་ར་གན་དང་ཟངས་དང་འཁར་བ་དང་ལྕགས་ལས་བྱས་པ་ལས་གཞན་པ་མི་བཅང་ངོ། །ཁ་ཅིག་ལས་ཟངས་དང་ལྕགས་རྣོ་བ་དག་ལས་བྱས་པ་བཅང་ཞེས་འབྱུང༌། ཁབ་དེའི་ཁབ་རལ་སྣ་ནས་དབྱེ་རུང་བ་སྦུ་གུའི་རྣམ་པ་ལྟ་བུ་དང༌། སྦར་བའི་ཆངས་པ་ལྟ་བུ་གློ་ནས་དབྱེར་རུང་བའོ། །ཁབ་རལ་དེ་དགེ་སློང་ངོ་ཚ་མེད་པ་དང་དགེ་ཚུལ་དག་ལ་རག་ལུས་པར་མི་བྱའོ། །མི་བཤེས་པ་དང༌། མི་དྲན་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་མིན་པ་དག་ལ་ཡང་ཁབ་རལ་དེ་རག་ལས་པར་མི་བྱའོ། །ཁབ་དང་གྲིའུ་དག་བཙས་མི་ཟོས་པར་བྱ་བའི་ཕྱིར་སྤྲ་ཚིལ་གྱིས་བསྐུས་པའི་རས་མར་གཞག་པར་བྱའོ། །ཆོས་གོས་གྱོན་པ་ལུས་ལས་མི་འབྱིལ་བར་བྱ་བའི་ཕྱིར་ཆོས་གོས་ལ་སྒྲོགས་བརྟེན་བྱས་ཏེ་སྒྲོག་བཟུངས་གདགས་སོ། །མི་འབྱིལ་བར་བྱ་བའི་ཕྱིར་སྒྲོག་གུ་ཡང་གདགས་སོ། །གསུམ་པ་ནི། བཙོ་བླག་མཁན་ལ་གོས་ཁ་བསྒྱུར་བ་དང་ཁ་མ་བསྒྱུར་བ་འཁྲུར་གཞུག་པར་མི་བྱའོ། །རལ་བ་ལ་སོགས་པ་བཟློག་པའི་ཕྱིར་ཏེ། ཚིག་ལེར། བཙོ་བླག་མཁན་གྱིས་བརྩེ་མེད་པར། །གོས་དག་དྲག་ཏུ་སྤྲུགས་བརྡབས་ན། །ཚགས་སྲན་ཟད་པར་བྱེད་པའི་ཕྱིར། །བསྟན་བཅོས་ལས་ནི་རབ་ཏུ་བཀག །ཅེས་སོ། །བཙོ་བླག་མཁན་དེ་དང་འདྲ་བར་རང་གིས་ཀྱང་བཀྲུ་བར་མི་བྱའོ། །བཙོ་བླག་མཁན་དེའི་ངོགས་སུ་བཀྲུ་བར་མི་བྱའོ། །ཤིང་གི་ངོས་ལ་གོས་བཀྲུ་བར་མི་བྱའོ། །གཞོང་པ་འཇམ་པོར་རང་གིས་བཀྲུ་བར་བྱའོ། །གྲང་དྲོ་རན་པའི་ཆུ་བདེ་བས་བཀྲུའོ། །ལག་པ་གཉིས་ཀྱིས་མཐར་གྱིས་བསྒྱུར་ཞིང་བཀྲུའོ། །ལག་པ་གཉིས་ཀྱིས་མི་ནུས་ན་རྐང་པ་གཉིས་ཀྱིས་བཀྲུའོ། །རང་གིས་བཀྲུ་བའི་ཆོ་ག་བསྟན་པ་དེ་ལྟར་ཁྱིམ་པས་བཀྲུར་རུང་ངོ༌། །ཁྱིམ་པ་དེའི་གཞན་དུ་གྱུར་པ་ལོག་པར་སྤྱོད་པ་དགེ་སློང་གིས་བསྲུང་བར་བྱའོ། །བཞི་པ་ནི། ཕྱག་དར་ཁྲོད་ལེགས་པར་བཀྲུས་པ་དང༌། བཙེམས་པ་དང་ཁ་སྒྱུར་བ་


DLL1002_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཅང་བར་བྱའོ། །མི་གཙང་བས་གོས་པ་མི་བཅང་བར་མོད་ལ་བཀྲུའོ། །ལྔ་པ་ནི། ཚོན་བཟང་བ་ཉིད་དུ་བྱ་བའི་ཕྱིར་གྲིབ་མ་དང་ཉི་མ་འདྲེས་མར་བརྡུང་ཞིང་བསྐམ་པར་བྱའོ། །ཚོན་གྱི་ནང་དུ་གོས་དག་མེད་པར་བསྐོལ་ལོ། །ཇི་ཙམ་དུ་ཞེ་ན། བྱེ་བྲག་གསུམ་མན་ཆད་དུ་བསྐོལ་ལོ། །དེའི་ཕྱིར་ཚོན་མང་བ་ཉིད་དུ་འདོད་པ་ཉིད་ཡིན་ན་ལན་གསུམ་བསྐོལ་ལོ། །དང་པོ་བསྐོལ་བ་བས་ཕྱི་མ་བསྐོལ་བ་ཆེས་ངན་པ་ཉིད་དོ། །ཕྱི་མ་ཆེས་ངན་པ་དེའི་ཕྱིར་བསྐོལ་བ་རྣམས་སྣོད་ཐ་དད་པར་གཞག་གོ །འདི་ནི་ཚོན་དང་པོའི་ཞེས་བྱ་བ་དང༌། ལ་སོགས་པ་འདི་ནི་གཉིས་པའོ། །འདི་ནི་གསུམ་པའོ་ཞེས་ཚོན་སོ་སོར་ཤེས་པའི་ཕྱིར་སྣོད་ཀྱི་སྟེང་དུ་ཡི་གེ་བྲིའོ། །སྔར་ཚོན་དང་པོ་བསྐོལ་བ་དང་གོས་སྦྱར་རོ། །ཚོན་ལེགས་པར་འཇེན་པར་བྱ་བའི་ཕྱིར་ཚོན་གྱིས་གོས་ཀུན་ནས་བཙུབས་པ་ལ་ཚོན་དང་སྦྱར་རོ། །ཚོན་བསྐོལ་བ་དེ་ལས་ཐུན་ཇི་ཙམ་གྱིས་གོས་བངས་པར་འགྱུར་བའི་རན་པ་བཅུ་ཞིང་གཞོང་པར་བླུགས་སོ། །གཤེར་ཆེས་ན་འཛག་ལ་སྐམ་ཆེས་ན་འདྲིས་པར་འགྱུར་བས་དེའི་ཕྱིར་རན་པར་བླུགས་སོ། །སྐེམས་པའི་ཚུལ་ནི་གཟར་ཐག་ཐང་བཅད་ཅིང་བརྒྱངས་པ་ཉིད་ལ་བསྐམས་ན་བཟང་ངོ༌། །ཇི་ལྟར་ཞེ་ན། མཐའ་རྣམས་འབྱར་བས་སོ། །ཇི་ལྟར་མཐའ་འབྱར་བར་བྱ་ཞེ་ན། དབང་བུ་དག་གིས་བཟུང་བས་སོ། །དབང་བུས་བཟུང་དཀའ་བའི་གོས་རྣམས་ནི་རྩྭ་བཏིང་བར་བསྐམ་མོ། །ཚོན་ཕྱོགས་གཅིག་ཏུ་མི་འཚིག་པར་བྱ་བའི་ཕྱིར་སྟེང་འོག་ཡང་དང་ཡང་བསྒྱུར་བར་བྱའོ། །ཚོན་གསར་པ་ནི་གོས་གསར་པ་དག་ལ་བླུག་ན་བཟང་ངོ༌། །ཚོན་རྙིང་པ་ནི་གོས་རྙིང་པ་དག་ལ་བླུག་ན་བཟང་ངོ༌། །གོས་གསར་པ་རྣམས་ནི་ཉི་མ་ལ་བསྐམས་ན་བཟང་ངོ། །གོས་རྙིང་པ་རྣམས་ནི་གྲིབ་མ་ལ་བསྐམས་ན་བཟང་ངོ༌། །ཚོན་ཕྱོགས་གཅིག་ཏུ་མི་འདྲིས་པར་བྱ་བའི་ཕྱིར་ཉི་མ་གཞན་ལ་ཆུའི་ཐུན་བླུག་ཅིང་བཙུབ་པ་དང་བསྐམ་པར་བྱའོ། །བང་རིམ་དང་འཆག་སར་ཚོན་གྱི་ལས་མི་བྱའོ། །གཙུག་ལག་ཁང་དུ་ཚོན་གྱི་ལས་མི་བྱའོ། །གཙུག་ལག་ཁང་དེའི་སྟེང་དུ་ཚོན་གྱི་ལས་


DLL1002_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཆབ་ཁུངས་ལ་སོགས་པ་འཐོར་འཐུང་བྱ་བའི་ཉེ་འཁོར་དུ་ཚོན་གྱི་ལས་མི་བྱའོ། །ཚོན་བྱས་ཟིན་པའི་ཕྱོགས་དེར་ཞལ་ཞལ་བྱའོ། །གལ་ཏེ་ཕྱོགས་དེ་རྡོ་ཐལ་གྱིས་བྱུགས་པ་ཡིན་ན་ཆུས་བཀྲུའོ། །གལ་ཏེ་ཚོན་གྱི་ལས་བརྩམས་པ་ན་རླུང་དང་ཆར་འོང་ན་ཁྱམས་སུ་ཚོན་གྱི་ལས་བྱའོ། །ཚོན་གྱི་ལས་བྱས་ཟིན་ནས་ཕྱོགས་དེར་ལྕི་བའམ་སས་བྱུག་པར་བྱའོ། །གཉིས་པ་ལོངས་སྤྱོད་པའི་ཚུལ་ནི། གོས་བཅགས་པ་དང་བརྡབ་པར་རུང་བར་མ་གྱུར་པ་སྤྱད་པ་བརྟེན་པར་མི་བྱའོ། །རུང་བ་གང་ཡིན་ཞེ་ན། གོས་འདི་ལ་མདོག་གསལ་ཞིང་འཚེར་བ་ཉམས་པ་ནི་རུང་པ་ཡིན་ནོ། །ཇི་ལྟར་འཚེར་བ་ཉམས་པར་བྱ་ཞེ་ན། གོས་ཀྱི་འཚེར་བ་ཆུས་བརླན་པ་ཉིད་ནི་ཉམས་པར་འགྱུར་གོས་ཟིལ་པས་བརླན་ན་ལག་པས་མཉེ་བས་འཚེར་བ་ཉམས་པར་བྱ་སླའོ། །ཤམ་ཐབས་བགོས་པའི་སྟེང་དུ་སྐ་རགས་བཅིང་ངོ༌། །སྐ་རགས་གང་གིས་བཅིང་ཞེ་ན། ཤུར་བུ་ནི་སྐུད་པ་ལས་བཏགས་པ་སྲབ་མོ་ཞེང་ཆེ་བའོ། །ལྕགས་སྦོད་ལྷས་མ་གྲུ་བཞིར་འདུག་པའོ། །རྒྱ་ཆང་སྐུད་པ་མང་པོ་ལས་བཏགས་པ་དབུས་ཁོང་སྟོང་དུ་འདུག་པའོ། །ཤུར་བུའི་ཁྲིའུ་ནི་སྐུད་པ་ཁྲ་བོ་ལས་བཏགས་པ་མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བྱས་པ་གཏོད་པ་རྣམས་གང་རུང་གིས་བཅིང་ངོ༌། །ཤམ་ཐམས་བགོས་པའི་སྟེང་དུ་སྐ་རགས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །སྐ་རགས་ཁྲིས་གཅིག་གིས་བཅིངས་ཀྱང་མི་རུང་ངོ༌། །སྐ་རགས་ཚོམ་བུ་ཅན་གསེར་སྐུད་ཀྱིས་ཤར་བུ་གསུམ་མམ་བཞིའི་ཚོམས་ལ་མདོ་མདོར་ནོར་བུས་སྤྲས་པ་དང༌། ཚར་ཚར་ཅན་གསེར་ལས་བྱས་པའི་ཚར་ཚར་གྲོག་རྒྱལ་གྱི་བང་རིལ་ལུ་ཅན་སྣ་ལ་གསེར་སྐུད་ཀྱིས་བརྒྱུས་པ་ཐོག་མར་དྲིལ་བུ་གཡེར་ཁ་འཕྱང་བ་བཏགས་པའི་འོག་པག་དང༌། ཟླ་གམ་ཅན་གསེར་ལས་བྱས་པའི་རྒྱན་གྲུ་གསུམ་གྱིས་བརྒྱན་པ་དང༌། གསེར་སྐུད་གསེར་ལས་བྱས་པའི་ལུ་གུ་རྒྱུད་དག་ནི་


DLL1002_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱན་མིན་པ་མིན་པས་བཀག་གོ །ཟ་འོག་དང་ཚོན་རིས་སོགས་ཀྱིས་ཁྲ་བོར་བྱས་པ་ཡང་རྒྱན་དེ་དང་འདྲའོ། །རས་ལ་སོགས་པས་གཞི་མ་བཏིང་བའི་སར་ཆོས་གོས་གཞག་པར་མི་བྱའོ། །ཆོས་གོས་དེ་གཞི་མི་གཙང་བའི་ཕྱོགས་སུ་བར་ཆོད་ཀྱང་མི་བཞག་གོ །ཐབས་སམ་བརྟུལ་བ་ཡོད་ན་ཁུར་ལྕི་བས་ཆོས་གོས་མི་མནན་ནོ། །སྟེང་དུ་བགོ་བ་སྨད་དུ་གོན་པ་སོགས་གཞན་དུ་སྤྱད་པས་ཡོངས་སུ་སྤྱད་པར་མི་བྱའོ། །བཤང་བ་དང་གཅི་བ་བྱ་བ་དང་མི་གཙང་བའི་བྱི་དོར་བྱ་བ་དག་ཏུ་བླ་གོས་བགོ་བ་བསྟེན་པར་མི་བྱའོ། །མ་མོར་སྟོད་གཡོགས་བགོས་ནས་ལྷུང་བཟེད་དང་ཆོས་གོས་ཀྱི་ལས་དང་བཤང་གཅིའི་སར་འཇུག་པ་དང༌། ལུས་མཐང་ལ་བགོ་བ་རྒྱུན་དུ་སྤྱད་ཅིང་བགོ་བ་བཀག་གོ །བླ་གོས་བཏིང་བ་དེའི་སྟེང་དུ་ཉལ་བར་མི་བྱའོ། །སྣམ་སྦྱར་བགོ་བའི་གནས་ནི་བསོད་སྙོམས་ལ་རྒྱུ་བ་དང༌། མཆོད་སྟོན་དང༌། མཆོད་རྟེན་ལ་ཕྱག་བྱ་བ་དང༌། ཞེ་ས་བྱ་བ་དང༌། དགེ་འདུན་ཚོགས་པ་དང༌། གདམས་ངག་དང་ཆོས་ཉན་པ་ཉམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ། །སྣམ་སྦྱར་དེའི་སྟེང་ལ་འདུག་པའམ་ཉལ་བར་མི་བྱའོ། །སྣམ་སྦྱར་དེས་དངོས་པོ་འགའ་ཡང་བསྐུར་བ་ལ་སྦྱོར་བར་མི་བྱའོ། །སྣམ་སྦྱར་ལུས་ལ་རེག་པར་བགོ་བར་མི་བྱའོ། །མཆན་ཁུང་གཡས་པའི་དྲོད་རྔུལ་གྱིས་སྣམ་སྦྱར་དེ་མ་རུངས་པར་འགྱུར་སྲིད་དོ། །མ་རུངས་པ་དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་མཆན་ཁུང་གཡས་པའི་ཕྱོགས་དེར་སྣམ་སྦྱར་དེ་ལ་གོས་གླན་པར་བྱའོ། །ཚད་ཇི་ཙམ་ཞེ་ན། སྲིད་དུ་ཁྲུ་ཕྱེད་དོ། །ཞེང་དུ་མཐོ་གང་ངོ༌། །གོས་དེའི་ངོས་གཉིས་ཀར་སྐུད་པའི་གཟུངས་ཀྱིས་སྦྱོར་རོ། །གོས་དེ་དུས་དུས་སུ་བཀྲུ་བ་དང་ཁ་བསྒྱུར་བར་བྱའོ། །གོས་དེའི་ཁ་བསྒྱུར་བ་དེ་ནི་བཙག་གིས་བྱའོ། །གདོང་ཕྱིས་དང་ལག་ཕྱིས་སོགས་བཅང་བར་བྱའོ། །ལུས་ལ་རྣག་གམ་ཁྲག་འཛག་པས་རྣག་གཟན་བཅང་བར་བྱའོ། །རྣག་གཟན་དེ་ཆོས་གོས་ཀྱི་ནང་དུ་བགོ་བར་བྱའོ། །རྣག་གཟན་དེ་ལུས་ལ་


DLL1002_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འབྱར་ན་བསྐོལ་པའི་ཆུའམ་སོ་ཕག་གི་ཕྱེ་མ་དང་སྦྱར་བའི་ཆུས་སྦངས་ཏེ་དལ་གྱིས་ཁད་ཀྱིས་ཁད་ཀྱིས་དགོག་པར་བྱའོ། །རྣག་དང་ཁྲག་ཀྱང་བསྐོལ་པའི་ཆུ་དང་སོ་ཕག་གི་ཕྱེ་མ་དང་སྦྱར་བའི་ཆུས་སྦངས་ཏེ། དལ་བུས་ཁད་ཀྱིས་འགོག་པར་བྱའོ། །རྣག་གཟན་དེ་དུས་སུ་བཀྲུ་བ་དང་བསྐམ་པ་དང་ཁ་བསྒྱུར་བར་བྱའོ། །རྣག་གཟན་དེ་ཁ་བསྒྱུར་བ་དེ་ནི་བཙག་གིས་བྱའོ། །འཛག་པ་དེ་བསྐམ་པ་དང་ཤ་བཀྲར་མི་འགྱུར་བ་དེ་ལ་སྨན་ནི། སའི་སྙིང་པོ་མཚལ་གྱི་ཕྱེ་མ་བཟང་ངོ༌། མཛོད་དུ་ཡང་ཆོས་གོས་དག་གར་བབ་བབ་ཏུ་མི་གཞག་གོ །ཆོས་གོས་གཞག་པ་དེའི་དོན་དུ་གདང་བུ་བཅའོ། །གདང་བཅའ་བ་དེའི་དོན་དུ་རྩིག་ངོས་ལ་སྦུབས་ཁུང་བྱའོ། །གང་གི་ཚེ་བྱ་ན། གཙུག་ལག་ཁང་བརྩིག་པའི་ཚེ་ན་བྱའི་བརྩིགས་ཟིན་པའི་འོག་ཏུ་མི་བྱའོ། །གཙུག་ལག་ཁང་བྱས་ཟིན་ན་སྦུབས་ཁང་གི་དོན་དུ་བུ་གུ་མི་བྱའོ། །ཁང་ཁྱིམ་ལ་ཡང་གཙུག་ལག་ཁང་དེ་བཞིན་དུ་གདང་གི་ཕྱིར་བརྩིག་པའི་ཚེ་སྦུབས་ཁུང་བྱའི། བྱས་ཟིན་ནས་སྦུ་གུ་མི་བྱའོ། །དགོན་པའམ་གཙུག་ལག་ཁང་ཡང་རུང་པར་གོས་བཞག་པའི་གདང་བུ་དེ་ནི་ཤང་བུའམ་ཐག་པས་འགྲུབ་བོ། །གཏུར་བུས་གོས་དག་བསྐུར་ན་བཟང་སྟེ་ཆོས་གོས་ཆུད་ཟ་བ་སྤང་བའི་ཕྱིར་རོ། །གཏུར་བུ་དེ་བྱའོ། །གཏུར་བུ་དེའི་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་དང་གསུམ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །གཏུར་བུ་དེའི་དབུས་སུ་ཁ་གདོད་དོ། །གཏུར་བུ་དེའི་ཁ་དེར་ཁ་རན་བུ་གུ་ཅན་བྱའོ། །གང་ལས་བྱས་ན་ཐ་གུ་ལས་སོ། །ཁ་རྒྱུན་སྲད་བུ་གཞན་ཡང་བཏགས་སོ། །གོས་སྤྱད་པར་བྱ་བ་དག་གཏུར་བུའི་སྟེང་དུ་གཞུག་གོ །གསུམ་པ་ལམ་དུ་འགྲོ་བའི་ཚུལ་ནི། ཡུལ་གཞན་དུ་སང་འགྲོ་བར་འགྱུར་བ་ཉིད་ན། བླ་མ་ལ་ཞུས་ཏེ་གནང་ན་འགྲོ་བར་བྱའོ། །འགྲོ་ཁར་རང་གི་གནས་སུ་ཆག་ཆག་ལ་སོགས་པ་བྱས་ཏེ་འགྲོ་བར་བྱའོ། །ལམ་དུ་ཞུགས་པས་ཆོས་དང་ལྡན་པའི་གཏམ་གྱིས་སམ་འཕགས་


DLL1002_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མི་སྨྲ་བ་ཉིད་ཀྱིས་འགྲོ་བར་བྱའོ། །ངལ་བསོ་བའི་གནས་སུ་གཙུག་ལག་གི་ཚིགས་སུ་བཅད་པ་འདོན་ནོ། །ཆུ་བཅུས་སར་ཡང་གཙུག་ལག་གི་ཚིགས་བཅད་འདོན་ནོ། །སུའི་ཕྱིར་དུ་འདོན་ན། ཆུ་དེའི་བདག་པོ་གང་ཡིན་པ་དེའི་ཕྱིར་དུ་ཡང་འདོན་ནོ། །ཆུའི་ལྷ་རྣམས་ཀྱི་ཕྱིར་ཡང་ཚིགས་སུ་བཅད་པ་གཞན་གདོན་ནོ། །ཞག་ཏུ་གནས་པར་ནི་དགོང་ག་དང་ནང་བར་གྱི་དུས་རྒྱུན་ཆགས་གསུམ་པ་འདོན་ནོ། །འབབ་ཆུ་དཀོན་ཞིང་ཁྲོན་པའི་ཆུ་ལ་ལྟོས་དགོས་པའི་ཡུལ་དུ་འགྲོ་བའི་ཚེ་དཔྱང་ཐག་བཅང་པར་བྱའོ། །དཔྱང་ཐག་དེའི་ཚད་ནི་ཁྲུ་བརྒྱ་ཡན་ཆད་ནས་བརྒྱ་ལྔ་བཅུ་མན་ཆད་དོ། །གཞུང་ཁ་ཅིག་ལས་ནི། ཡུལ་གྱི་རྗེས་སུ་མཐུན་པའི་དཔྱང་ཐག་བཅང་བར་བཤད་དོ། །དཔྱང་ཐག་དེ་མེད་སར་ཁྲོན་པའི་ཆུ་མིན་པ་འབབ་ཆུ་སོགས་དཀོན་པའི་ཡུལ་དུ་ལྗོངས་ཀུན་ཏུ་བརྒྱུ་བར་མི་བྱའོ། །དགེ་སློང་ལམ་དུ་འགྲོ་བས་གཙུག་ལག་ཁང་གཞན་དུ་ཕྱིན་དུ་ཉེ་བ་ན། ཆོས་གོས་སྤྲུགས་ཤིང་ནུས་ན་ཁྲུས་བྱ་བའམ། མ་ནུས་ན་རྐང་ལག་བཀྲུས་ཏེ་བཏུང་བའི་ཆུ་རུང་བ་ཐོགས་ནས་མཆིལ་ལྷམ་ཕྱིས་ཤིང་ཆོས་གོས་གསུམ་གྱོན་ཏེ་སྤྱོད་ལམ་ཞི་བས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཙུག་ལག་ཁང་གཞན་དུ་སོང་ནས་གཉུག་མར་གནས་པའི་དགེ་སློང་རྒན་རིམ་བཞི་ཙམ་ལ་ཕྱག་བྱས་ནས་ཐ་མལ་པའི་ཕྱོགས་ལྐོག་ཏུ་མ་གྱུར་པར་བསྡད་པར་བྱའོ། །དེ་ན་སྡོད་ཅིང་གཞན་དང་ཕྲད་པའི་ཚེ་སྒྲ་སྐྱུང་བ་དང༌། ཆ་ལུགས་མཛེས་པ་དང༌། མཉམ་པར་བཞག་པའི་ཕྱིར་ཤིན་ཏུ་བསྡམས་པ་དང༌། ཚུལ་དང་མཐུན་པའི་སྤྱོད་ལམ་རན་པར་བྱའོ། །གཉུག་མར་གནས་པ་གློ་བུར་བའི་རྒྱུས་ཤེས་པ་དང་ལྡན་པས་གློ་བུར་བ་དེ་བསུ་བར་བྱའོ། །རྒྱུས་མི་ཤེས་ན་མི་གཅིག་པ་ཚངས་པ་མཚུངས་པར་སྤྱོད་པ་ཡིན་ཡང་རང་གི་གནས་སུ་བསུ་བར་མི་བྱའོ། །དགེ་སློང་བྲང་བདག་གིས་དགེ་སློང་གཞན་ལ་སྒོ་ཆོད་ཅིག་འདིར་འགའ་ཞིག་ཁོ་བོ་དང་ཡིད་གཅུགས་སོ་ཟེར་ནས་རྫས་འཚོལ་ན་མ་སྦྱིན་ཅིག །རང་


DLL1002_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དགར་ལེན་ན་ཟློག་ཅིག་ཅེས་བཅོལ་བ་དགེ་སློང་གིས་ཡལ་བར་བོར་ཏེ་བྲང་བདག་གིས་རྫས་བརླག་གམ། དེ་བཞིན་དུ་དགེ་སློང་གཞན་ཞིག་གིས་དགེ་སློང་བྲང་བདག་གི་གནས་སུ་དགེ་སློང་གཞན་ཞིག་ཁྲིད་དེ་འདི་ཁོ་བོའི་གྲོགས་ཡིན་ནོ། །འོང་ན་སྒོ་མ་བཅད་འཚོལ་ན་བྱིན་ཅིག་ཅེས་སོགས་ཀྱི་ཚིག་གིས་ཡིད་གཅུགས་པ་ཉིད་དུ་བསྒྲུབས་ནས་བྲང་བདག་གི་རྫས་བརླག་པར་གྱུར་ན་རྫས་ཅི་བརླག་པའི་སྐྱིན་པ་དགེ་སློང་གཞན་དེས་གཞལ་བར་བྱའོ། །ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ཡིད་ཆེས་པ་ལ་བརྟེན་པར་བྱའོ། །དེ་ཇི་ལྟ་བུ་ཞེ་ན། གང་ཟག་རྒྱུས་མི་ཤེས་པ་འགའ་ཞིག་ཆེ་གེ་མོའི་ལྷུང་བཟེད་ལ་སོགས་པ་ཁོ་བོ་ལ་སྐུར་ཅིག་ཟེར་བ་ལ་གཞན་གྱིས་མི་ཤེས་པའི་རྟགས་ཅི་ཡོད་པའི་བྱེ་བྲག་བརྟགས་ནས་མི་བདེན་ན་མི་བསྐུར་བ་ནི་ཡིད་ཆེས་པ་ལ་བརྟེན་པའི་ཐབས་ཡིན་ནོ། །དབུལ་བར་བྱ་བའི་རྫས་འབུལ་བར་བྱེད་པས་འཛིན་མ་ནུས་ཏེ། དབུལ་བར་བྱ་བའི་དངོས་པོ་ཅིག་ཤོས་ཀྱི་ལག་ཏུ་མི་ཕྱིན་པར་ཆུ་ལ་སོགས་པར་ལྟུང་ན་འབུལ་བར་བྱེད་པས་གཞལ་དགོས་སོ། །ཐམས་ཅད་དུ་དེ་ལྟར་ངེས་སམ་ཞེ་ན། གལ་ཏེ་དབུལ་བར་བྱ་བས་མ་བླངས་པར་འབུལ་བར་བྱེད་པས་དངོས་པོ་དེ་བཏང་ན་འབུལ་བར་བྱེད་པས་གཞལ་བར་བྱ་བ་ཡིན་གྱི། དབུལ་བར་བྱ་བ་དེས་བླངས་ནས་འབུལ་བར་བྱེད་པས་བཏང་ན་ལེན་པར་བྱེད་པས་གཞལ་བར་བྱ་བ་ཡིན་ནོ། །འབུལ་བ་དང་ལེན་པའི་དུས་ན་དེ་ལ་ལྟུང་བ་སོགས་བག་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་ཁྱོད་ཀྱིས་ཟིན་ནམ། མ་ཟིན་ཞེས་དྲི་བར་བྱའོ། །བརྙན་པོ་བྱས་པའི་རྫས་མི་གཙང་བས་མི་རུངས་པར་གྱུར་པ་བཀྲུ་བ་ལ་སོགས་པས་བདག་པོའི་སེམས་བཟུང་བར་མ་གྲུབ་ན་གང་ལས་བརྙས་པ་དེ་ལ་རིན་སྦྱིན་ནོ། །རྒྱུས་ཤེས་པ་དང་ལྡན་པས་བསུ་བར་བྱའོ་ཞེས་སྨྲས་ན། ཇི་ལྟར་བསུ་ཞེ་ན། ལྷུང་བཟེད་དང་ཆོས་གོས་བླང་བར་བྱའོ། །སྟན་གདིང་བར་བྱའོ། །རྐང་བ་བཀྲུ་བས་མགྲོན་དུ་གཉེར་བར་བྱའོ། །འཐུང་བའི་ཆུས་


DLL1002_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མགྲོན་དུ་གཉེར་བར་བྱའོ། །དེ་རྒན་ན་ཕྱག་བྱའོ། །སྤྱོད་པ་བདེའམ་དྲིའོ། །ཅི་ནུས་ཀྱིས་ཡང་དག་པར་དགའ་བར་འགྱུར་བར་བྱའོ། །གནས་མལ་རྐྱེན་དུ་འབབ་པར་སྦྱིན་ནོ། །གློ་བུར་དུ་འོངས་པ་དེས་ཀྱང་གནས་དེའི་དགེ་འདུན་གྱི་གནས་བརྟན་གྱི་གན་དུ་འགྲོ་བར་བྱའོ། །དགེ་འདུན་གྱི་གནས་བརྟན་དེ་དང་གློ་བུར་དུ་འོངས་པ་དེ་གནས་འཆའ་བ་ལ་སྦྱར་བར་བྱའོ། །གལ་ཏེ་རྒན་པས་གནས་འཆའ་མི་དགོས་ན། གློ་བུར་འོངས་པ་དེ་ལ་གནས་མལ་བསྟབ་པའི་ཕྱིར་གནས་བརྟན་གྱིས་གནས་མལ་སྟོབ་པ་དེའི་དགེ་བསྐོས་ལ་བསྒོ་བར་བྱའོ། །གློ་བུར་དུ་འོངས་པས་སྐབས་སུ་མ་བབ་པར་བབ་ཅོལ་དུ་གནས་མལ་གསོལ་བར་མི་བྱའོ། །ཆོས་གོས་ཀྱི་མཐའ་ཟེགས་ན། མཐའ་སྐོར་གྱི་ལྷན་རིངས་ཀྱིས་གླན་ཞིང་ཕྱིར་བཅོས་སོ། །ཁ་སྲུབས་སྨྱུང་ཚེམས་ལྟ་བུ་རིང་པོ་དག་དྲུབས་པས་མཐའ་བསྐོར་བ་དེའི་གཟུངས་གདབ་བོ། །ཕྲན་ཚེགས་ཊཱིཀྐར། གོས་ཟེགས་པ་མཐའ་ལ་སོར་གཉིས་ཀྱི་ཚད་ཀྱི་རས་མས་གླན་པའི་ཕྱིར་ཆག་བཏབ་པའོ། །སྨྱུང་ཚེམས་ལྟ་བུར་བརྟན་པོར་རིང་དུ་བཙེམས་པའམ་གནས་གནས་སུ་གནས་པའི་བཙེམས་པས་ན་གཟུངས་བཏབ་པའོ་ཞེའོ། །བཞི་པ་དུར་ཁྲོད་ལ་བརྟེན་པའི་ཚུལ་ནི། དགེ་སློང་དུར་ཁྲོད་པས་རོའི་གོས་ནི་བླ་གབ་མེད་པ་ཤིང་ལྗོན་པ་ལ་སོགས་པའི་སྟེང་དུ་ཉི་མ་བདུན་ནམ་བརྒྱད་དམ། ཁ་ཅིག་ལས་ལྔའམ་དྲུག་བཞག་སྟེ་འཁྲུར་བཅུག་ནས་སྤྱད་པར་བྱའོ། །དུར་ཁྲོད་པས་གཙུག་ལག་ཁང་སོགས་ཀྱི་འདབ་ཏུ་ཕྱིན་པ་ན་གྱ་ཚོམ་དུ་མི་འཇུག་པར་བདག་དུར་ཁྲོད་པའོ་ཞེས་གོ་བར་བྱས་ན་སླའི་ཚུར་ཤོག་ཅེས་འབོད་ན་གཙུག་ལག་ཁང་དང་ཁྱིམ་དག་ཏུ་འཇུག་པར་བྱའོ། །དུར་ཁྲོད་པས་སྦྱིན་བདག་བསོད་ནམས་འདོད་པས་འདི་ལ་འདུག་ཅིག་ཅེས་མགྲོན་དུ་གཉེར་ན་སྦྱིན་བདག་གིས་བདག་གིར་བྱ་བ་ཐམས་ཅད་དུ་མ་བཏང་བ་ལའང་སྤྱད་པར་བརྟེན་པར་བྱའོ། །དུར་ཁྲོད་པས་དགེ་འདུན་གྱི་གནས་མལ་སྤྱད་པར་མི་བྱའོ། །དུར་ཁྲོད་པས་མཆོད་རྟེན་ལ་འདོམ་གང་ཙམ་གྱིས་ཕྱིར་འགྱེད་དོ། །ལྔ་


DLL1002_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཡོ་བྱད་གཞན་བསྟེན་པའི་ཚུལ་ནི། སྦྲང་བུ་ཟ་བའི་ཡུལ་དུ་དགེ་སློང་ཐམས་ཅད་ཀྱིས་སྦྲང་ཡབ་བཅང་བར་བྱའོ། །ཇི་ལྟ་བུ་བཅང་ན། བལ་ལས་བྱས་པ་དང༌། ཤ་ནས་བྱས་པ་དང༌། རས་བལ་ལས་བྱས་པའི་རས་མའམ། འདབ་མའི་དོག་པའོ། །གླང་པོའི་ཆེའི་སྤུ་ལས་བྱས་པ་དང༌། རྟའི་སྤུ་དང་བ་ལང་གི་སྤུ་ལ་སོགས་པ་ལས་བྱས་པ་མི་རུང་ངོ༌། །སྦྲང་ཡབ་ཀྱི་ཡུ་བ་འབའ་ཞིག་ཏུ་མ་ཟད་ལུས་བརྟེན་པའི་འཁར་བ་ཐམས་ཅད་ལ་གང་ཟག་གི་འཁར་བརྩི་ཅན་ཉིད་དང་ཁྲ་བོ་ཉིད་མི་རུང་ངོ༌། །སྦྲང་སྐྱབས་ཀྱང་བཅང་ངོ༌། །ཇི་ལྟ་བུ་ཞེ་ན། ཤིང་བུའི་སྟེང་དུ་རས་ཀྱིས་གཡོགས་པའོ། །ཤིང་བུ་ལ་ཇི་ལྟར་གཡོག་ཅེ་ན། བཅིང་པས་སོ། །རས་ཇི་ཙམ་ཞེ་ན། སྲིད་དུ་ཁྲུ་བཞི་དང་ཞེང་དུ་ཁྲུ་དོ་ཡོད་པའོ། །ངོས་ཅིས་གཡོག་ཅེ་ན། རས་སྲིད་དུ་ཁྲུ་བཅུ་གཉིས་པས་གཡོག་གོ །ཇི་ལྟར་གཡོག་ཅེ་ན། རས་ཀྱི་མཐའ་འབྱར་བ་དང་བཅས་པས་གཡོག་གོ །དེའི་མ་མཐའ་ནི་མལ་ཆས་སྦྱར་རོ། །སྦྲང་སྐྱབས་ཀྱི་སྒོ་བསེགས་ཁ་སྣོལ་མར་གདོད་དོ། །ཡུལ་ཚ་བར་ནི་བསིལ་ཡབ་སྦྱར་རོ། །བསིལ་ཡབ་བཅང་བར་བྱའོ། །ཇི་ལྟ་བུ་ཞེ་ན། བསིལ་ཡབ་མཁན་གྱིས་བྱས་པའམ། ཏ་ལའི་ཆང་བུའོ། །བསིལ་ཡབ་ཁྲ་ཁྲ་བོ་མི་རུང་ངོ༌། །དགེ་འདུན་གྱི་བསིལ་ཡབ་ནི། བསིལ་ཡབ་མཁན་གྱིས་བྱས་པ་དང༌། ཏ་ལའི་ཆང་བུ་ལས་གཞན་ཀོ་ལྤགས་དང་རྨ་བྱའི་གཤོག་པ་སོགས་ལས་བྱས་པ་དང༌། ཁྲ་ཁྲ་བོ་ཡང་རུང་ངོ༌། །གང་གིས་ནོར་བུ་དང་རྔ་མའི་བསིལ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ལོ། །མཆོད་རྟེན་གང་ལ་འབུལ་ན་ཉན་ཐོས་ཀྱི་མཆོད་རྟེན་ལ་ཡང་དབུལ་ལོ། །དགེ་སློང་གིས་སྟན་ནང་ཚངས་ཅན་དང༌། ལྭ་པ་དང༌། སྔས་ནང་ཚངས་ཅན་དང་གོང་བུ་དག་བཅང་བར་བྱའོ། །གཉིས་པ་གོས་ཀྱི་རྒྱུའི་རྙེད་པ་ལ་ཇི་ལྟར་བྱ་བ་ལ་ལྔ། སྦྱིན་བདག་གིས་བསྟབ་པའི་རྙེད་པ་ལ་ཇི་ལྟར་བྱ་བ། ས་གང་གིས་བྱུང་བ་གང་དུ་ལོངས་སྤྱོད་པའི་ཚུལ་དོགས་དཔྱོད་དང་བཅས་པ། རྙེད་པ་ཇི་ལྟར་བགོ་བ། གང་ཟག་གང་གིས་ལོངས་སྤྱད་པ། བགོ་བ་དང་


DLL1002_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པའི་སྤྲོས་པ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། སྦྱིན་བདག་གིས་བུ་དང་ཆུང་མ་ཕུལ་བའི་རྙེད་པ་ནི་སྦྱིན་པར་བྱེད་པས་ཇི་ལྟར་བཞག་པའི་དབང་གིས་བསྒྲུབ་བོ། །གལ་ཏེ་སྦྱིན་བདག་གིས་བུ་དང་ཆུང་མ་ཕུལ་བ་སླར་སླུ་བར་བྱེད་ན་སྦྱིན་བདག་དེས་རིན་ཇི་ཙམ་དུ་འདོད་པ་དེ་ཙམ་དུ་བཙོང་བ་ཉིད་ཡིན་ནོ། །སྦྱིན་བདག་གིས་དད་པ་སྤེལ་བའི་ཕྱིར་ཕུལ་ཟིན་པའི་དངོས་པོ་དེ་ལེན་པ་པོ་དེ་ལ་ཡང་དང་ཡང་དུ་དབུལ་དུ་རུང་ངོ་། །གཉིས་པ་ནི། སྦྱིན་བདག་གིས་གཙུག་ལག་ཁང་གི་ཤིང་ལྗོན་པ་ལ་ཕུལ་བའི་རྫས་དེ་གལ་ཏེ་རྒྱན་ཡིན་ན་དུས་སྟོན་གྱི་ཚེ་ཤིང་ལྗོན་པ་དེ་ཉིད་བརྒྱན་པར་བྱ་བའི་ཕྱིར་བཞག་གོ །གལ་ཏེ་གནས་ཁང་གི་རྩིག་པ་ལ་ཕུལ་ན་རྩིག་པའི་རི་མོ་བྱ་བའི་ཕྱིར་སྤྱད་དོ། །གལ་ཏེ་རྩིག་པ་དེ་གནས་ཁང་གི་མིན་ནམ། ཀ་བ་ལ་ཕུལ་ན་རྫས་དེ་མཁར་ལན་གྱི་ལས་གསལ་བའི་ཕྱིར་སྤྱད་དོ། །ས་ལ་ནའོ་ཞེས་ཕྱིར་བསྟན་ནས་མེ་ཁང་གི་ས་ལ་ཕུལ་བ་ནི་དགེ་འདུན་གྱི་སྣང་བར་བྱའོ། །མེ་ཁང་གི་ས་ལ་ཕུལ་བའི་རྫས་དེ་ཡང་ན་སྣུམ་བག་གི་རྙེད་པར་སྦྱར་རོ། །རུང་བའི་ཁང་པའི་ས་ལ་ཕུལ་བའི་རྫས་ནི། ན་བའི་སྨན་དུ་བསྒྱུར་ནས་གཞག་གོ །བཀད་སའི་ཁང་པའི་ས་ལ་ཕུལ་བའི་རྫས་ནི་ཟས་སུ་བསྒྱུར་རོ། །སྐྱེམས་མལ་གྱི་ས་ལ་ཕུལ་བའི་རྫས་ནི་བཏུང་བར་བསྒྱུར་རོ། །བསྲོ་ཁང་གི་གནས་ཀྱི་ས་ལ་ཕུལ་བའི་རྫས་ནི་བསྲོ་ཁང་གི་ཡོ་བྱད་དམ། དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱའོ། །འཁོར་གྱི་ཁྱམས་དང་སྤོང་སའི་ར་བའི་ས་ལ་ཕུལ་བའི་རྫས་ནི། དགེ་འདུན་གྱི་སྣུམ་བག་གི་རྙེད་པར་བྱའོ། །ཡང་ན་དེ་གཉིས་སྐྱེས་པའི་རབས་ཀྱི་སྡེ་བྲི་བར་བྱའོ། །བང་རིམ་དང་འཆག་ས་དང་སྒོ་ཁང་དང༌། ཁྱམས་དག་གི་ས་ལ་ཕུལ་བའི་རྫས་ནི་དགེ་འདུན་གྱིས་བགོའོ། །རྫིང་བུའི་ས་ལ་ཕུལ་བའི་རྫས་ཀྱང་བགོའོ། །ཁ་ཅིག་ལས་རྫིང་བུའི་ས་ལ་ཕུལ་བའི་རྫས་དེ་ནི་ཕྱོགས་བཞིའི་དགེ་འདུན་གྱི་དོན་ཉིད་དུ་གཞག་གོ་ཞེས་སོ། །དཀོན་མཆོག་གསུམ་གྱི་དོན་དུ་དགེ་སློང་གིས་གཞན་


DLL1002_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཡོ་བྱད་བླང་དུ་རུང་ངོ༌། སྦྱིན་པར་བྱ་བ་དང༌། སྦྱིན་བདག་གི་མིང་བསྒྲག་ཅིང་བསྔོ་བ་སྨོན་ལམ་བྱའོ། །གང་གི་ཚེ་བསྒྲག་ན། རྙེད་པ་འབུལ་བ་ལེན་པའི་ཚེ་ནའོ། །སྒྲོག་པར་བྱེད་པ་གཞན་གྱིས་མཐོང་བར་བྱ་བའི་ཕྱིར་འཕང་ལོ་གཉིས་དང་ལྡན་པའི་ཤིང་རྟ་བྱས་ནས་དེའི་སྟེང་ནས་བསྒྲག་གོ །ཚ་བ་དང་རླུང་དང་ཆར་པའི་གནོད་པས་མི་རེག་པར་བྱ་བའི་ཕྱིར་འཕང་ལོ་དེའི་སྟེང་དུ་ཁང་པ་བརྩེགས་པ་སྒོ་བཞི་དང་ལྡན་པ་ཡང་བྱའོ། །དུས་སྟོན་ཟིན་པའི་རྗེས་ལ་འཕང་ལོ་བརྟུལ་ཞིང་སྦའོ། །དགེ་སློང་སྣོད་སྤྱད་འདྲུབ་པས་དུས་སྟོན་ལ་རྙེད་པ་འབྱུང་བ་དག་དྲུབ་པར་བྱའོ། །དགེ་སློང་དང་དགེ་སློང་མ་གཉིས་ཀ་ལ་ཐུན་མོང་དུ་མ་བསྔོས་པ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་གནས་སྐབས་ཀྱང་སྟོན་པ་ཡིན་པས་དེ་མཆོད་པའི་ཚེ་ཕུལ་བའི་དགེ་འདུན་གྱི་རྙེད་པ་ལ་དགེ་སློང་མ་འཇུག་པ་མེད་དེ་སྐལ་པ་མི་དབང་ངོ༌། །དེ་བཞིན་དུ་དགེ་སློང་མ་རྣམས་ཀྱིས་དེ་བྱས་པའི་ཚེ་དགེ་སློང་མ་ལ་བསྔོས་པའི་རྙེད་པ་དེ་ཡང་དགེ་སློང་རྣམས་མི་དབང་ངོ༌། །གཉིས་ཀས་བྱས་པའི་ཚེ་གཉིས་ཀ་ལ་བསྔོས་པ་ནི་གཉིས་ཀ་དབང་ངོ༌། །སངས་རྒྱས་རྗེ་བཙུན་ལ་སོགས་པ་མཆོད་པ་འདི་ལ་མཆོད་པ་གཅིག་གི་ནང་དུ་གཞན་དེ་དག་གི་འཕང་ལོ་ཐ་དད་པ་བཙུགས་ན་དགེ་འདུན་དབྱེན་གྱི་ཁོངས་སུ་གཏོགས་པའི་སྦོམ་པོའོ། །གསུམ་པ་རྙེད་པ་བགོ་བའི་ཚུལ་ནི། དུས་སྟོན་ལ་བྱུང་བའི་རྙེད་པ་དེ་དག་སྣོད་སྤྱད་འགྱེད་པས་བགོ་བར་བྱའོ། །དགེ་འདུན་གྱིས་སྣོད་སྤྱད་འགྱེད་པ་དེ་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱིས་བསྐོ་བར་བྱའོ། །དེས་ཇི་ལྟར་བགོ་ན། བཙོང་བར་བྱ་བ་རྣམས་བཙོངས་ཏེ་བགོའོ། །སུ་ལ་བཙོང་ན། དགེ་འདུན་འདུས་པ་ལའོ། །ཇི་ལྟར་བཙོང་ན་བཙོང་བར་བྱ་བའི་དངོས་པོའི་རིན་ཐང་དགེ་འདུན་གྱི་གནས་བརྟན་གྱིས་རན་པར་སྤྱད་པ་དེ་ལས་སུ་ཉོ་བར་འདོད་པས་བསྐྱེད་པས་བཙོང་ངོ༌། །སྣོད་


DLL1002_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་འགྱེད་པའི་གང་ཟག་དེ་ཉིད་ཀྱིས་དགེ་འདུན་འདུ་བའི་གནས་དེར་གནས་མལ་བཤམས་པ་སོགས་དགེ་འདུན་འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ། །སུ་ལ་བཙོང་བར་བྱ་བ་མ་བྲིམས་པའི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་གདབ་བོ། །རིན་ཐང་ཇི་ཙམ་གདབ་ཅེ་ན། རན་པར་གདབ་བོ། །ཤེས་རབ་བྱེད་པར། སྲང་གཅིག་རི་བ་ལ་ཞོ་དྲུག་རི་བ་ཙམ་དུ་གདབ་བོ་ཞེའོ། །དང་པོར་རིན་ཐང་གདབ་པ་དེས་ནི་གནས་བརྟན་དེ་ལ་རྫས་ཉོ་བ་དང་རིན་གཞལ་བ་མི་འབབ་ལ་དེའི་འོག་ཏུ་བསྐྱེད་ན་ནི་དེ་ལ་ཡང་འབབ་བོ། །གནས་བརྟན་གྱིས་རིན་བཏབ་པའི་འོག་ཏུ་སྣོད་སྤྱད་འགྱེད་པས་རྫས་དེ་ཐོགས་ཏེ་རྫས་འདིས་འདི་ཙམ་རིའོ་ཞེས་གནས་བརྟན་ནས་གསར་བུ་ཡན་ཆད་ཀུན་ལ་བྲིམས་ནས་རྫས་དེའི་རིན་བསྐྱེད་པ་གཞན་མི་འབྱུང་བར་ངེས་པར་བྱས་ནས་སྔར་ལས་རིན་བསྐྱེད་ན་དེ་ལ་རྫས་དེ་ཉོ་བ་དང་རིན་བསྐྱེད་དང་བཅས་པ་འབུལ་བ་དབབ་བོ། །དེ་བཞིན་དུ་གཞན་ཞིག་གིས་དེ་ལས་ཀྱང་རིན་གོང་དུ་བསྐྱེད་ན་དེ་ལ་འབབ་བོ། །དེ་ལྟར་བྲིམས་པའི་ཚེ་གང་གིས་རྫས་དེའི་རིན་ཡང་འདི་ལས་བསྐྱེད་པ་གཞན་མི་འབྱུང་སྙམ་དུ་ངེས་པར་བྱས་ནས་ཐ་མར་དེ་ལས་གོང་དུ་བསྐྱེད་པ་སུ་ཡང་མ་བྱུང་ན་རྫས་འདི་གང་ཟག་ཆེ་གེ་མོས་རིན་འདི་ཙམ་གྱིས་བསྐྱེད་ནས་ཉོས་སོ་ཞེས་སྤྱིར་བསྒྲགས་ནས་ཏོག་བརྡུངས་ནས་རྫས་དེ་གང་ཟག་དེའི་མདུན་དུ་བཞག་ཅིང་ཕྱིན་ཆད་གཞན་གྱིས་བསྐྱེད་ཅིང་ཉོར་མི་གནང་ངོ༌། །མི་ཉོ་བས་རིན་བསྐྱེད་པར་མི་བྱའོ། །དགེ་སློང་བུད་མེད་ཉོ་བས་རིན་དེ་ལྟར་བསྐྱེད་པར་མི་བྱའོ། །དགེ་འདུན་གྱི་རྫས་ཉོས་པས་རྫས་དེའི་རིན་མ་ཕུལ་གྱི་བར་དུ་སྤྱད་པ་དང་བྱི་དོར་ཡང་མི་བྱའོ། །རྙེད་པའི་བགོ་སྐལ་དབང་བ་རྣམས་མང་བ་ཉིད་ཡིན་ན་བཅུ་ལ་སོགས་པའི་ཚོམས་ཀྱིས་བགོ་བར་བྱའོ། །ཚོམས་གཅིག་གིས་རྙེད་པའི་སྐལ་པ་སྤྱིར་ཕོག་ཅིང་ནང་གསེས་ཀྱིས་མ་བགོས་པར་ཚོམས་དེ་ལས་འགའ་ཞིག་ཤི་ན་དེའི་སྐལ་པ་ཚོམས་དེ་པ་དབང་བ་ཡིན་ནོ། །བཞི་པ་གང་ཟག་གང་གིས་ལོངས་སྤྱད་


DLL1002_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། མྱ་ངན་ལས་འདས་པའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་དག་དང་ལྡན་པ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་ཀརྵ་པ་ཎ་འབུམ་རི་བ་དང་ཟས་རོ་བརྒྱ་པ་དང༌། མི་ལྔ་བརྒྱའི་གནས་བཅར་རུང་བའམ་ནེ་ཙོའི་སྣ་ལྟ་བུ་ལྔ་བརྒྱ་ཡོད་པའི་ཁང་པ་བརྩེགས་པ་ལྔ་བརྒྱ་པ་ཕུལ་ཡང་བླང་ཞིང་ལོངས་སྤྱོད་པར་འོས་སོ། །ཡོན་གནས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གང་ཟག་ལ་ནི་སྦྱིན་པ་པོ་དགེ་འདུན་གྱི་རྫས་ཀྱང་ལོངས་སྤྱོད་པར་འོས་སོ། །དགེ་འདུན་གྱི་རྫས་ཇི་ལྟ་བུ་ཞེ་ན། མི་སློབ་པའི་དགེ་འདུན་མན་ཆད་ཀྱི་རྫས་ཀྱང་འོས་སོ། །ཚུལ་ལྡན་ཇི་ལྟ་བུ་ཞེ་ན། འཕགས་པར་མ་ཟད་སོ་སོའི་སྐྱེ་བོ་དེ་ལྟ་བུ་ལ་ཡང་འོས་སོ། །ཚུལ་ཁྲིམས་འཆལ་བ་ལ་ནི་གོས་སྟོང་ཕྲག་བརྒྱ་པ་ལ་སོགས་པ་འོས་པ་མ་ཡིན་ཏེ། དེ་དག་གིས་དགེ་འདུན་གྱི་རྫས་ཅུང་ཟད་ལོངས་སྤྱད་པ་ཡང་ལྕགས་གོང་མེ་འབར་བ་ཟ་བ་སོགས་ཉེས་དམིགས་བཅུ་ཡོད་པའི་ཕྱིར་རོ། །ཚུལ་ཁྲིམས་དང༌ལྡན་ཡང་བསམ་གཏན་དང་ཀློག་པ་སོགས་བསྒྲུབ་མི་ཕོད་པའི་ལེ་ལོ་ཅན་ལ་ནི་དད་པ་ཅན་གྱི་རྫས་བླངས་ཏེ་བདག་གིར་བྱས་པ་དང་ཉེ་བར་སྤྱད་པ་ནི་བུ་ལོན་དུ་འགྱུར་ཏེ། ཚེ་རབས་གཞན་དུ་སྦྱིན་བདག་དེ་ལ་དཔྱ་འཇལ་བའི་འབངས་དང༌། དེའི་བྲན་གཡོག་དང༌། ཕྱུགས་ལ་སོགས་པར་སྐྱེ་བར་འགྱུར་རོ། །མཚམས་ཀྱི་ནང་ན་གང་ཟག་གི་གཙུག་ལག་ཁང་ངམ། དེའི་རྙེད་པས་འཚོ་བ་ལ་ནི་དགེ་འདུན་སྤྱིའི་རྙེད་པའང་འོས་སོ། །ངེས་པ་ཅན་གྱི་གནས་ཁང་ལ་གནས་པ་ལ་ཡང་དེ་ལྟ་བུ་འོས་སོ། །རྙེད་པ་དེ་བགོད་པ་རེ་མོས་བྱས་ཏེ་བགོའོ། །ལྔ་པ་བགོ་བ་དང་བཞག་པའི་སྤྲོས་པ་ཞར་བྱུང་དང་བཅས་པ་ནི། ལྕགས་ལས་བྱས་པའི་སྣོད་སྤྱོད་དག་ལས་ལྷུང་བཟེད་དང་བྱིན་གྱིས་བརླབ་ཏུ་མི་རུང་བའི་ལྷུང་བཟེད་ཆུང་ངུ་དང་ལན་ཚྭའི་སྣོད་དང༌། ཟོ་ཕོར་དང་ལྡེ་མིག་ཀྱོག་པོ་དང༌། གྲིའུ་དང་ཁབ་དང་སེན་མོ་བཅད་པ་དང་ནལ་ཟེར་དང་མེ་འཇོག་པའི་ཐལ་ཕྱག་དང་སྟ་རེ་དང༌། སླ་ང་དང་ཕོར་བུ་དག་ནི་བགོ་བར་བྱའོ། །སའི་སྣོད་


DLL1002_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་དག་ལས་ནི་ལྷུང་བཟེད་དང་ལྷུང་བཟེད་ཆུང་ངུ་དང་སླ་ང་དང་བུམ་བུ་དང་བྱ་མ་བུམ་དང་གཞོང་པ་དང་རིལ་བ་སྤྱི་བླུགས་དང་ཆུ་སྣོད་དག་བགོའོ། །ཁྲི་ནི་རིན་པོ་ཆེ་ལས་བྱས་པ་ལ་སོགས་པ་ནས་ལྕགས་ལས་བྱས་པའི་པར་དག་བགོའོ། །ཇི་ལྟར་བགོ་ན་རིན་གྱིས་བརྗེས་ཏེ་བགོའོ། །ཤིང་ལས་བྱས་པའི་ཁྲི་ནི་མི་བགོའོ། །ཚོན་རྩི་ནི་མཐིང་ཤིང་དང༌། ལེ་བརྒན་དང༌། རྒྱ་སྐྱེགས་དང༌། གུར་ཀུམ་དང༌། མཚལ་ཏེ་ལྔ་ལས་གཞན་པ་བགོའོ། །ཐམས་ཅད་དུ་བགོའམ་ཞེ་ན། མ་བསྐོལ་བའོ། །ཚོན་རྩི་ཆེན་པོ་བསྐོལ་བ་ནི་གོས་ལ་སོགས་པའི་ཁ་བསྒྱུར་བ་ལ་སྦྱར་བར་བྱ་བ་ཉིད་དོ། །སུའི་ཞེ་ན། དགེ་འདུན་གྱི་ལའོ། །ཀུན་དགའ་ར་བ་མེ་ཏོག་གི་ར་བ་སོགས་དང༌། གཙུག་ལག་ཁང་དང༌། ཀུན་དགའ་ར་བ་སོགས་དེ་དག་གི་གཞི་དང་གནས་མལ་དག་ནི་བཙོང་བར་བྱ་བ་ཡང་མིན་བགོ་བར་བྱ་བ་ཡང་མིན་ནོ། །དེ་དག་གཏར་བཞག་པར་བྱ་བ་ཉིད་མ་ཡིན་ནོ། །ཚོན་རྩི་ཆེན་པོས་ཁ་བསྒྱུར་བ་ནི་གང་ཟག་གིས་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་ནོ། །རང་བྱུང་གིས་ཕ་མ་ལ་ཟས་གོས་ཀྱི་འཚོ་བའི་མཐུད་མ་བསྟད་པར་བྱའོ། །ཇི་ལྟར་བསྟད་ན་གལ་ཏེ་རང་ལ་ལྷུང་བཟེད་དང་ཆོས་གོས་ལས་ལྷག་པའི་རྙེད་པ་མེད་ན་སྦྱིན་བདག་གཞན་ལ་བླངས་ཏེ་བསྟད་པར་བྱའོ། །བླངས་ཏེ་བསྟད་པ་མ་གྲུབ་ན་རང་གི་ཟན་གྱི་སྐལ་པ་ལས་ཕྱེད་སྦྱིན་ནོ། །གཉིས་པ་ལུང་སྣ་ཚོགས་ནས་འབྱུང་བ་ལ་བཞི། གོས་བསྟེན་པར་བྱ་བ། གོས་ཀྱི་རྒྱུའི་རྙེད་པ་ལ་ཇི་ལྟར་བྱ་བ། གྲོགས་པོ་ལ་ཇི་ལྟར་བྱ་བ། རྟགས་ཉམས་པ་སྤངས་པའོ། །དང་པོ་ལ་ལྔ། འཁྲུལ་བ་སྤང་བའི་ཕྱིར་མཚན་མ་བྱ་བ། གོས་བསྒྲུབ་ཅིང་ལོངས་སྤྱོད་པའོ། །གོས་བསྟེན་པའི་ཐབས། སྤོངས་པ་ལ་ཇི་ལྟར་བྱ་བ། ལོངས་སྤྱད་པ་ཞར་བྱུང་དང་བཅས་པའོ། །དང་པོ་ནི། གང་ཟག་ཕན་ཚུན་འདྲ་བ་དག་མི་ནོར་བའི་བྱེ་བྲག་ཤེས་པའི་ཕྱིར་ཆོས་གོས་དག་ལ་ཐིག་ལེ་བྱའོ། །ཆོས་གོས་མི་ནོར་བར་བྱ་བའི་ཕྱིར་གོས་དེ་དག་ལ་མཚན་མ་གདབ་བོ། །ཆོས་གོས་ཀྱི་གྲྭར་


DLL1002_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

སྣག་ཚའི་ཐིག་ལེ་གསུམ་བྱས་པ་ནི་མཚན་མ་དེ་ཞེས་བྱའོ། །གཉིས་པ་ནི། ཆོས་གོས་དག་ལ་ལུང་ཐག་ཀྱང་གདགས་ཏེ་ཚོན་གྱི་ལས་བྱས་ནས་གཟར་ཐག་ལ་གདགས་པའི་ཕྱིར་རོ། །ཁ་ཚར་དང་ཕུན་ཚར་བཅད་པའི་མཐར་མཐའ་དྲིལ་ཏེ་དྲུབས་པའི་རང་ཆག་བྱའོ། །ཆོས་གོས་ཐམས་ཅད་ལ་ངེས་པར་དྲས་དྲུབ་བྱ་དགོས་སམ་ཞེ་ན། སྣམ་སྦྱར་མ་ཡིན་པ་བླ་གོས་དང་མཐང་གོས་དག་ལ་དྲས་ཏེ་བྱིན་གྱིས་བརླབས་པའི་ངེས་པ་མེད་དོ། །ཆོས་གོས་བརླག་པ་ལ་སོགས་པའི་རྐྱེན་མེད་ན་སྣམ་སྦྱར་ནི་ངེས་པར་དྲས་ཤིང་དྲུབས་པ་ཁོ་ན་བྱིན་གྱིས་བརླབ་བོ། །རྐྱེན་དེ་ལྟ་བུ་ཡོད་ན་སྣམ་སྦྱར་ལ་ཡང་མ་ངེས་སོ། །དགེ་སློང་དང་བཅས་པ་དང༌། སྒོ་གླེགས་དང་བཅས་པ་ཞེས་སོགས་འབྲལ་བའི་སྐབས་སུ་བཤད་པའི་རྐྱེན་དེ་ལྟ་བུ་མེད་པར་སྣམ་སྦྱར་མ་དྲས་པ་དེས་གྲོང་དང་ཁྱིམ་གཞན་དག་ཏུ་འཇུག་པ་དང་འདུག་པར་མི་བྱའོ། །རྐྱེན་དེ་ལྟ་བུ་མེད་པར་སྣམ་སྦྱར་མ་དྲས་པ་དེས་མུ་སྟེགས་ཅན་གྱི་འདུག་གནས་སུ་ཡང་འཇུག་པ་དང་འདུག་པར་མི་བྱའོ། །རྐྱེན་དེ་ལྟ་བུ་ཡོད་ཅིང་མུ་སྟེགས་ཅན་མེད་ན་འཇུག་པ་དང་འདུག་པར་བྱའོ། །མུ་སྟེགས་ཅན་འཁོད་ན་རྐྱེན་དེ་ལྟ་བུ་ཡོད་ཀྱང་འཇུག་པ་འདུག་པར་མི་བྱའོ། །དེ་དག་དང་ཤན་འདྲེ་བ་སྤང་བའི་ཕྱིར་རོ། །ཆོས་གོས་བརླག་པ་ལ་སོགས་པའི་རྐྱེན་དེ་ལྟ་བུ་མེད་ན་སྤུ་ཅན་ཆོས་གོས་གསུམ་ཉིད་དུ་བྱིན་གྱིས་མི་བརླབ་བོ། །སྤུ་ཅན་དེ་མལ་ཆ་མིན་པའི་འགོ་བའི་གོས་སུ་ལུས་ལ་མི་བརྟེན་ནོ། །སེང་བ་དག་རུང་བར་བྱས་ཏེ་བདག་གིར་བྱའོ། །སེང་བ་དེ་ནི་རྣམ་པ་བཞིའོ། །བཞི་གང་ཞེ་ན། བལ་ལས་བྱས་པ་་དང་ཟར་མ་ལས་བྱས་པ་དང་དུ་གུ་ལ་ལས་བྱས་པ་དང་རས་བལ་ལས་བྱས་པའོ། །སྤུ་དམའ་བ་སྤུ་སྟུག་པོ་ཕྱིང་ངེ་འདུག་པ་བེའུ་རས་ལ་སོགས་པ་རས་ཀྱི་རྣམ་པ་གཞན་དག་ཀྱང་བདག་གིར་བྱར་རུང་ངོ༌། །ལྭ་བ་སྤུུ་དམའ་བ་མིན་པ་ཡང་བདག་གིར་བྱར་རུང་ངོ༌། །ལྭ་བ་དེ་དྲི་མ་དང་ཤིག་ལ་སོགས་པའི་གནོད་པ་མེད་ན་སྤུ་ཕྱིར་བསྟན་ཏེ་བགོ་བར་མི་བྱ་སྟེ་


DLL1002_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་དུ་གནོད་པ་ཡོད་ན་ཉེས་པ་མེད་དོ། །དེ་ལས་གཞན་སྤུ་ནང་དུ་བསྟན་ནས་གྱོན་པ་ལ་ཉེས་པ་མེད་དོ། །གནོད་པ་ཡོད་ཀྱང་ལྭ་བ་དེ་སྤུ་ཕྱིར་བསྟན་པ་དེ་བཞིན་དུ་གྱོན་པས་བཅག་པར་མི་བྱའོ། །ལུང་དུ་ལྭ་བ་སྤུ་ཕྱིར་བསྟན་ཏེ་གྱོན་ལ་འདུག་པར་བྱ་ཞིང་ཉལ་བར་ཡང་བྱའོ། །བཅག་པར་མི་བྱའོ་ཞེས་གསུངས། པར་སིག་གི་ཡུལ་ནས་བྱུང་བའི་ལྭ་བ་ཧ་ཅང་རིན་ཆེ་བ་དང༌། བེའུ་རས་ཀྱི་རིགས་སྤུ་ཤིན་ཏུ་རིང་བའི་བེའུ་ཕྲུག་མེ་ཏོག་གི་རྣམ་པ་ལྟ་བུའི་རི་མོ་སྣང་བ་དང༌། པར་ཐང་ཁྲ་བོ་ཧ་ཅང་བཀྲ་བས་གང་ཟག་གིས་བདག་གིར་མི་བྱའོ། །འཆག་སར་པར་ཐང་ཁྲ་བོ་མིན་ན་གདིང་བ་ནོད་པར་བྱའོ། །རྟག་ཏུ་པར་ཐང་གི་མལ་ཕྱོགས་གཅིག་ཁོ་ནའི་སྟེང་དུ་བཅག་པར་མི་བྱའོ། །འཆག་སར་བཏིང་བའི་པར་ཐང་དེ་རྙིངས་པ་ན་བཅོས་པར་ནུས་པ་ཉིད་ཡིན་ན་བཙེམ་པ་དང་ལྷན་པ་རིང་པོ་དག་གླན་པས་ཕྱིར་བཅོས་པར་བྱའོ། །དེ་བཅོས་པར་མི་ནུས་ན་འཆག་ས་དེ་ཉིད་དུ་ལྕི་བ་དང་སའི་བྱུག་པ་བསྲེས་ནས་བྱུག་པར་བྱའོ། །གསུམ་པ་གོས་བསྟན་པའི་ཐབས་བསྟན་པ་ནི་སྤུ་ཅན་དང་སྤུ་དམའ་བ་སོགས་ལས་གཞན་པར་སིག་གི་ལྭ་བ་ལ་སོགས་པ་ཡང་བཅང་བར་བྱའོ། །ཇི་ལྟར་བཅང་ན་སྦྱིན་བདག་ལ་ཡིད་བརྟན་པ་དེ་དབང་བའི་བསམ་པར་བཅང་ངོ༌། །རབ་ཏུ་བྱུང་བའི་གོས་ཀྱི་ཡོ་བྱད་ནི་བཞི་སྟེ། འཚོ་བའི་ཡོ་བྱད་དང༌། མཁོ་བའི་ཡོ་བྱད་དང༌། ལྷག་པའི་ཡོ་བྱད་དང༌། ཕྲན་ཚེགས་ཀྱི་ཡོ་བྱད་དོ། །དང་པོ་ལ་དངོས་དང་བཏགས་པ་བ་གཉིས་ལས། དང་པོ་ནི། སྣམ་སྦྱར་དང༌། བླ་གོས་དང༌། མཐང་གོས་དང༌། མཐང་གོས་ཀྱི་ཉིན་མོའི་གཟན་ཤམ་ཐབས་དང་མཚན་མོའི་བགོ་བ་ཤམ་ཐབས་ཀྱི་གཟན་ཏེ་དེ་གཉིས་ཀྱི་ཚད་མཐང་གོས་དང་མཉམ་མོ། །དེ་བཞིན་དུ་བླ་གོས་ཀྱི་དེ་གཉིས་ནི་རྔུལ་གཟན་དང་རྔུལ་གཟན་གྱི་གཟན་དང༌། གདོང་ཕྱིས་ཁྲུ་གང་བ་དང༌། རྣག་གཟན་ཆོས་གོས་དང་མཉམ་མོ། །གཡན་པ་དགབ་པ་དང༌། སྐྲ་བཟེད་ལ་ཚིག་ལེར། བསྲུང་བའི་དོན་དུ་སྐྲ་བཟེད་ནི། །ཞེང་དུ་ཕྱེད་དང་གཉིས་


DLL1002_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུ་ལ། །སྲིད་དུ་ཁྲུ་ནི་གསུམ་ཡིན་ཏེ། །ལྷག་པ་བརྟག་པར་མི་བྱའོ། །ཞེས་སོ། །གདིང་བ་དང་དབྱར་གྱི་གོས་རས་ཆེན་ཏེ་འཚོ་བའི་ཡོ་བྱད་བཅུ་གསུམ་བཅང་བར་བྱའོ། །དེ་དག་གི་བྱིན་རླབས་ལ་གསུམ། དངོས་ཀྱི་དང༌། རྒྱུའི་དང༌། རྐྱེན་དབང་གིའོ། །དང་པོ་ནི། སྣམ་སྦྱར་ལ་སོགས་པའི་ཆོས་གོས་གནང་བ་དག་སྣམ་སྦྱར་ལ་སོགས་པའི་ཆོས་གོས་དེ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་བགྱིས་ལགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། དེ་བཞིན་དུ་བླ་གོས་ལ་སོགས་པ་ལའང་བརྗོད་དོ། །བཏགས་པ་བ་ནི། རྒྱུ་དང་རྐྱེན་དབང་གིས་བྱིན་རླབས་ཅན་ཏེ། དེའི་སྔགས་ནི། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བའི་ཆོས་གོས་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབ་པོ་ཞེས་པ་ལྟ་བུའོ། །རྒྱུའི་བྱིན་རླབས་འཆགས་པ་ལ་རྒྱུ་རུང་བ་དགོས་ལ། རྐྱེན་དབང་གིས་བྱིན་རླབས་ལ་རྒྱུ་རུང་བ་མི་དགོས་སོ། །བཅུ་གསུམ་པོ་ལས་མ་གཏོགས་པའི་གོས་གྲང་བ་སྐྱོབ་པ་སོགས་དགོས་པ་ནི་མཁོ་བའི་ཡོ་བྱད་ཡིན་ལ། མཁོ་བའི་ཡོ་བྱད་ཀྱི་གོས་ཀྱང་བཅང་ངོ། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། གོས་འདི་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་ལ་མཁོ་བའི་ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ལེགས་བྱའོ། །ཡོ་བྱད་ཀྱི་གོས་བཅང་བ་དེ་ནི་དཀར་པོ་ཉིད་དང་ཁ་ཚར་དང་ཕུན་ཚར་དང་བཅས་པ་ལ་ཡང་ཉེས་པ་མེད་དོ། །དགེ་འདུན་གྱི་ཡོ་བྱད་ཀྱི་གོས་ཀྱང་དཀར་པོ་ཉིད་ལ་སོགས་པ་འཆང་བ་ལ་ཉེས་པ་མེད་དོ། །སྣམ་སྦྱར་སོགས་བཅུ་གསུམ་དང་ཡོ་བྱད་ཀྱི་གོས་ལས་གཞན་པའི་གོས་དུ་མ་ཡང་རུང་བར་བྱས་ཏེ་འཆང་དུ་རུང་ངོ༌། །དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་


DLL1002_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བགྱི་བའི་གོས་ལྷག་པ་རུང་བར་མི་བགྱིས་པ་རུང་བར་བགྱི་བར་འོས་པ་འདི་མཁན་པོའི་ལེགས་པར་རུང་བར་བགྱིའོ། །མཁན་པོ་ལ་ཡིད་གཏད་དེ་བཅང་པར་བགྱིའོ། །རྐྱེན་ཇི་ལྟ་བ་བཞིན་བགྱིའོ། །ཞེས་ལན་གསུམ་བཟླས། ཐབས་ལེགས་བྱའོ། །མཁན་པོ་ཞེས་པ་མཚོན་པ་ཡིན་པས་སློབ་དཔོན་ནམ་བསྙེན་པར་རྫོགས་པ་གཞན་ལ་ཡང་རུང་ངོ༌། །སྨྱོན་པ་ལ་སོགས་པའི་སེམས་མི་བརྟན་པ་ལ་དེའི་མིང་གིས་ཆོས་གོས་རུང་བར་མི་བྱའོ། །བསྙེན་པར་མ་རྫོགས་པའི་མིང་གིས་རུང་བར་མི་བྱའོ། །གང་ལ་རུང་བ་བྱ་བ་དེའི་མངོན་སུམ་དུ་རུང་བར་མི་བྱའོ། །གང་གི་མིང་གིས་རུང་བར་བྱས་པ་དེ་ཡུལ་གཞན་དུ་གནས་ཀྱང་རུང་བ་དེ་མི་ཉམས་སོ། །དེ་ཤི་ན་རུང་བ་དེ་ཉམས་སོ། །གང་གི་ཚེ་ཉམས་ཤེ་ན། ཤི་བར་ཤེས་ན་ཉམས་སོ། །རུང་བ་བྱས་པའི་དངོས་པོ་འདི་ལ་རུང་བར་བྱེད་པ་བདག་པོ་ཉིད་ཡིན་གྱི། གང་ལ་རུང་བར་བྱས་པ་དེ་མི་དབང་ངོ༌། །བཞི་པ་སྤང་བ་ལ་ཇི་ལྟར་བྱ་བ་ནི། ལྟུང་བ་བཤགས་པའི་ཕྱིར་སྤངས་པའི་རྫས་དེ་དགེ་འདུན་ནམ་གང་ཟག་གིས་བདག་གིར་མི་བྱ་སྟེ། དེ་ལྟུང་བྱེད་བཤགས་པའི་ཕྱིར་བཞག་པ་ཡིན་གྱི། སྦྱིན་པའི་ཕྱིར་བཞག་པ་མིན་ནོ། །དགེ་འདུན་ནམ་མ་རྫོགས་པ་ལ་མི་སྤང་གི་ལྟུང་བ་བསྐྱེད་པའི་རྫས་དེ་དགེ་སློང་ལ་སྤང་བར་བྱའོ། །གླེན་པ་ལ་སོགས་པ་མི་གསལ་བ་ལ་སྤང་བར་མི་བྱ་སྟེ། ཐ་སྙད་མི་ཤེས་པའི་ཕྱིར་རོ། །སྤངས་པའི་རྫས་གང་ལ་སྤངས་པ་དེས་ཕྱིར་མ་བྱིན་ན་སྤོང་པར་བྱེད་པས་ཕྱིར་བླང་ངོ༌། །མི་བྱིན་ན་མཐུས་ཀྱང་དགུག་གོ །ལྔ་པ་ལོངས་སྤྱོད་ཚུལ་ནི། གོས་ག་བུར་ལ་སོགས་པའི་དྲི་དག་གིས་གོས་པ་བཀྲུས་ཏེ་བགོ་བར་བྱའོ། །གོས་ཕྱེ་མ་དག་གིས་གོས་ན་སྤྲུགས་ཏེ་བགོའོ། །གོས་སྣུམ་གྱིས་གོས་ན་ཐལ་ཆུ་ལ་སོགས་པས་རྩུབ་པར་བྱས་ཏེ་བགོའོ། །ཆར་འབབ་པའི་ཚེ་བླ་གབ་མེད་པར་དགེ་འདུན་གྱི་གོས་མི་བགོའོ། །བཀྲུ་བཤལ་དང༌། ཚོན་དང་ལྷུང་བཟེད་ཀྱི་ལས་དང༌། ཤིང་གཤག་པ་ལ་སོགས་པ་བྱེད་པའི་ཚེ་དགེ་འདུན་གྱི་གོས་མི་བགོའོ། །རྫས་འདོམས་པར་བྱེད་པ་མང་པོ་དག་གིས་དགེ་སློང་ལ་རྫས་ཤིག་བཅོལ་ནས་དེ་དག་གིས་


DLL1002_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ངེད་ལྷན་ཅིག་ཚོགས་པ་ལ་བྱིན་ཅིག་ཅེས་མ་བསྒོ་ན་རྫས་བདག་གང་རུང་གཅིག་ལེན་དུ་འོངས་པའི་ཚེ་གྲོགས་གཞན་གཅིག་ཚེགས་དང་བྲལ་བའི་ཕྱིར་འདོམས་པར་བྱེད་པ་གང་རུང་གཅིག་འོངས་པ་དེ་ལ་རྫས་དེ་བྱིན་པ་ནི་ཡང་དག་པར་བྱིན་པ་ཉིད་ཀྱི་གྲངས་ཡིན་ནོ། །འདོམས་པར་བྱེད་པ་མིན་པ་དང་བཅས་ཏེ་ལེན་དུ་འོངས་པ་ལ་སྦྱིན་པར་མི་བྱ་སྟེ། དངོས་པོ་དེ་བདག་པོ་མིན་པ་ལ་བྱིན་པར་འགྱུར་བའི་ཕྱིར་རོ། །གཉིས་པ་གོས་ཀྱི་རྒྱུའི་རྙེད་པ་ལ་ཇི་ལྟར་བྱ་བ་ལ་ལྔ། གང་ལ་བླང་བ་དང་མི་བླང་བའི་ཡུལ་བསྟན་པ། ཀུན་ལ་མཁོ་བའི་རྫས་བགོ་བ་དགག་པ། དབྱར་གྱི་རྙེད་པ་གང་དབང་བ་དང་མི་དབང་བར་བསྟན་པ། ཟས་ཀྱི་མཇུག་གི་རྙེད་པ་ཞར་བྱུང་དང་བཅས་པ། ཟས་ཀྱི་རྙེད་པ་ལ་ཇི་ལྟར་བྱ་བའོ། །དང་པོ་ནི། སྨྱོན་པས་རང་གི་ཉེ་དུ་མིན་པའི་ཁྱིམ་དང་སྨྱོན་པ་དེའི་ཁྱིམ་ནས་བླངས་པ་ལས་རྫས་དགེ་སློང་གིས་བླང་བར་མི་བྱ་སྟེ། སྨྱོན་པ་ནི། ཐ་སྙད་བྱར་མི་རུང་བས་བརྐུས་སོ་ཞེས་ཁ་ཟེར་བ་སྤང་བའི་ཕྱིར་རོ། །ཕས་བུ་བསྐྲད་པའི་ལག་ནས་རྫས་བླང་པར་བྱ་སྟེ། བུ་དེ་ཕའི་ཁྱིམ་གྱི་བདག་པོ་ལས་མི་ལྡོག་པའི་ཕྱིར། དུར་ཁྲོད་དུ་རོ་བསྐྱལ་ནས་རོའི་གོས་ཕྱིར་ལྡོག་པ་དགེ་སློང་ལ་འབུལ་ན་བླང་ངོ༌། །དེ་ལྟ་བུའི་གོས་དགེ་སློང་ལ་ཕུལ་བ་དེ་ཕྱིར་འགུགས་ན་སྦྱིན་པར་བྱ་སྟེ། ངན་པ་ནོར་དུ་མི་ཆེ་བའི་ཕྱིར་རོ། །ཕྱིར་བཀུག་པ་དེ་ཡང་དགེ་སློང་ལ་ཕུལ་ཏེ་རྙེད་ན་བླང་བར་བྱ་སྟེ་ཁྲོ་བ་མི་བསྟན་པའི་ཕྱིར་རོ། །གཉིས་པ་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་དཀོར་དང༌། ཞིང་དང༌། ལོ་ཐང་དང༌། ཀུན་དགའ་ར་བ་ལ་སོགས་པ་དགེ་འདུན་གྱི་འདུ་བའི་སྒོར་གྱུར་པའི་འབྱུང་ཁུངས་དང༌། །རྩ་བ་དང་འབྲས་བུ་དང༌། བུ་རམ་ཤིང་ལས་གཞན་པའི་ཟས་ཀྱི་དོན་དང༌། གནས་མལ་དང་གཙུག་ལག་ཁང་ལ་སོགས་པ་དགེ་འདུན་


DLL1002_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྤྱི་བུངས་གང་ཟག་ལ་བསྐོ་བས་ཉེ་བར་འཚོ་བར་བྱ་བ་དང༌། ན་བའི་སྨན་དུ་རུང་བ་ཨ་རུ་ར་ལ་སོགས་པ་གང་ཟག་སོ་སོས་བདག་གིར་བྱ་བའི་ཕྱིར་བགོ་བར་མི་བྱ་བ་ཉིད་ཡིན་ནོ། །འཐེབ་ཡོད་ན་བསྒྱུར་ཞིང་དགེ་འདུན་མཆོད་སྟོན་གསོལ་བ་ལ་ཉེས་པ་མེད་དོ། །གསུམ་པ་ནི། དགེ་འདུན་ཙམ་གྱི་ཕྱིར་འབུལ་བའི་དབྱར་གྱི་རྙེད་པ་ལ་ནི་དབྱར་གྱི་དུས་ཀྱི་མཚམས་འཇུག་པ་སྟེ། དབྱར་གྱི་མཚམས་ནང་དུ་གཏོགས་པ་རྣམས་དབང་གི་རྙེད་པའི་དུས་ཀྱི་མཚམས་མི་དབང་ངོ༌། །དབྱར་ཡུན་རིང་དུ་གནས་པ་ཉིད་ཡིན་ན། དགེ་སློང་དེ་དབྱར་རལ་དུ་ཟིན་ཀྱང་གནས་ཀྱིས་བསྟབས་པའི་རྙེད་པ་དེ་མི་དབང་བ་མིན་ནོ། །གནས་ནས་ཕྱུང་ན་དབྱར་གནས་པའི་རྙེད་པ་དེ་མི་དབང་ངོ༌། །དེ་ནི་དགེ་འདུན་ལས་གནས་དང་ལོངས་སྤྱོད་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །མཚམས་དུ་མ་ཁྲི་ལ་སོགས་པའི་རྫས་གཅིག་གིས་མནན་པར་དབྱར་གནས་པར་ཁས་བླངས་པ་ནི་གནས་དེ་དག་ནས་སྐལ་པ་གཅིག་ཁོ་ན་སྦྱིན་ནོ། །གང་ནས་སྐལ་པ་གཅིག་ཁོ་ན་སྦྱིན་ཞེ་ན། མཚམས་དུ་མ་ཁྲི་ལ་སོགས་པས་མནན་ཏེ་དབྱར་གནས་པའི་གང་ཟག་དེ་ལ་མཚམས་ཇི་སྙེད་མནན་པ་རྣམས་སུ་བདག་ཉིད་བགྲང་བའི་ཆ་རེ་རེ་དབང་སྟེ་སྤྱིར་བསྡོམས་པས་སྐལ་པ་གཅིག་ཁོ་ན་སྦྱིན་ནོ། །མཚམས་དུ་མ་རྫས་གཅིག་གིས་མནན་ཏེ་དབྱར་གནས་པར་ཁས་བླངས་པ་ལས་དང་པོར་གཅིག་ཏུ་གནས་པར་ཁས་བླངས་དེ་མ་ཐག་ཏུ་གཞན་པ་གཅིག་ཏུ་གནས་བར་ཁས་བླངས་པ་ལ་ནི་གནས་དེ་དག་གང་དུ་ཡུན་རིང་བར་གནས་པ་ཉིད་ཀྱིས་དེའི་རྙེད་པ་རྣམ་པར་བཞག་གོ །དགེ་ཚུལ་དང་དགེ་ཚུལ་མ་དག་ནི་དབྱར་གནས་པ་ལ་སོགས་པ་དགེ་འདུན་གྱི་གོས་ཀྱི་རྙེད་པ་ལ་སུམ་ཆ་དབྲི་ཞིང་སུམ་གཉིས་དབང་ངོ༌། །ཡོན་བདག་གིས་མངོན་སུམ་དུ་སྤྱིར་ཕུལ་བའི་རྙེད་པ་ལ་མི་དབྲིའོ། །ཟས་ཀྱི་རྙེད་


DLL1002_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ནི་དགེ་ཚུལ་དང་དགེ་ཚུལ་མ་བསྙེན་པར་རྫོགས་པ་དང་མཉམ་པར་དབང་བ་ཉིད་དོ། །བསྙེན་པར་རྫོགས་པར་འདོད་པ་དང༌། དགེ་སློབ་མ་དག་ཀྱང་བསྙེན་པར་རྫོགས་པ་དང་ཟས་སུ་མ་ཟད་རྙེད་པ་ཐམས་ཅད་མཉམ་མོ། །དགེ་སློང་དང་དགེ་སློང་མ་རྣམས་ཀྱིས་རྙེད་པ་དེ་དག་སོ་སོ་ལ་མ་བསྔོས་པར་ཕྱིར་ཕུལ་བའི་སྐལ་བ་བགོ་བ་ནི་གང་ཟག་གི་གྲངས་ལས་བགོ་བར་བྱ་བ་ཡིན་གྱི་དགེ་འདུན་ལས་ཕྱེད་ཕྱེད་དུ་བགོ་བར་བྱ་བ་མིན་ནོ། །བཞི་པ་ནི། ཟས་ཀྱི་མཇུག་ཐོགས་ཀྱི་རྙེད་པ་དགེ་སློང་དང་དགེ་སློང་མ་སོ་སོ་ལ་བྱེ་བྲག་ཏུ་མ་བཅད་པ་དེ་ལ་དེར་ཟན་ཟོས་པའི་དགེ་སློང་མ་ཉིད་དག་ཀྱང་སྐལ་བ་ལ་མི་འཇུག་པ་མིན་ནོ། །སྟན་དང་ཆུ་དང་བསོད་སྙོམས་དག་ལ་དགེ་སློང་ནི་དགེ་སློང་མ་དག་ལས་གཙོ་བོ་ཉིད་མིན་པ་མིན་ནོ། །དགེ་སློང་མ་རྣམས་ཀྱིས་ཚོགས་པ་ན་རྒན་པའི་མཐར་སྟན་གཞག་པར་བྱ་སྟེ། རྒྱ་ལ་དགེ་སློང་ཡོང་སྲིད་པའི་ཕྱིར་རོ། །མཆོད་སྟོན་སོགས་ལ་དགེ་སློང་དང་བཅས་པ་ཉིད་ཡིན་ན་དགེ་སློང་དེ་དག་གིས་ཡོན་བཤད་པ་བྱེད་མི་ནུས་ན་དགེ་སློང་མས་ཡོན་བཤད་པར་བྱའོ། །ལྔ་པ་ཟས་ཀྱི་རྙེད་པ་ལ་ཇི་ལྟར་བྱ་བ་ནི། ཟས་འབྲིམ་པར་བྱེད་པས་དགེ་འདུན་ལ་ཟས་སྦྱིན་པའི་ཕྱིར་མདུན་དུ་ཟས་ཉེ་བར་བཞག་པ་ན་དགེ་འདུན་གྱི་གནས་བརྟན་གྱིས་ཟན་ལེན་པའི་དང་པོར་དེ་ལ་ཐམས་ཅད་ལ་སྙོམས་པར་བྲིམས་ཤིག་ཅེས་བསྒོ་བར་བྱའོ། །ཡང་དགེ་འདུན་གྱི་གནས་བརྟན་གྱིས་འཁོར་ལ་བལྟས་ཏེ། འཁོར་མང་ལ་ཟས་ཉུང་བ་ཉིད་ཡིན་ན། དེའི་ཚེ་སྔ་མ་དགེ་སློང་མང་ལ་ཟས་ཉུང་གི་ཁྱེད་པར་བྲིམས་ཤིག་ཅེས་བརྗོད་དོ། །དེ་ལས་གཞན་འཁོར་ཉུང་ཞིང་ཟས་མང་བ་ཉིད་ཡིན་ན། དེ་བརྗོད་ཅིང་ཅི་འབྱོར་བ་བྲིམས་ཤིག་ཅེས་བསྒོའོ། །འབྲིམ་པར་བྱེད་པས་དགེ་འདུན་གྱི་རྒན་པའི་མཐར་སཾ་


DLL1002_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

པྲཔྟ་ཞེས་མ་བརྗོད་པར་དང་པོར་བླང་བར་མི་བྱའོ། །འབྲིམ་པས་དགེ་སློང་གི་མདུན་དུ་སྔགས་འདི་བརྗོད་ན་ཟས་དུག་ཅན་ཡང་དུག་མེད་པར་འགྱུར་རོ། བི་ཥམ་པྲཔྟ་ནི་མི་མཉམ་པར་གྱུར་ཅེས་པ་སྟེ་དུག་ཏུ་གྱུར་ཅེས་པའོ། །གསུམ་པ་དགེ་སློང་གྲོགས་པོ་ལ་ཇི་ལྟར་བྱ་བ་ནི། སྦྱིན་བདག་གིས་ཟས་བསྡོགས་པ་ན་མགྲོན་དུ་བསྐོས་པའི་དགེ་སློང་དག་ལས་གཞན་མགྲོན་དུ་མ་བསྐོས་པ་དག་ལྷགས་ན། མགྲོན་དུ་བསྐོས་པ་དག་གིས་སྦྱིན་བདག་ལ་སྦྲན་པར་བྱ་སྟེ། དེ་ནི་ཕོངས་པ་དང་སྐྱེངས་པ་སྤང་བའི་ཕྱིར་རོ། །བཞི་པ་རྟགས་ཉམས་པ་སྤང་བ་ནི། དགེ་སློང་གིས་དགེ་སློང་ན་བས་དགེ་འདུན་ལ་ཆོས་གོས་གསུམ་ཡོན་དུ་སྦྱིན་དུ་གཞུག་པར་མི་བྱའོ། །གལ་ཏེ་དགེ་སློང་ནད་པས་དགེ་འདུན་ལ་ཆོས་གོས་གསུམ་ཕུལ་ན་དགེ་འདུན་གྱིས་ནད་གསོས་པར་གྱུར་པ་ཉིད་ན་ཆོས་གོས་འདི་ཕྱིར་སྦྱིན་ནོ་སྙམ་པ་དེ་ལས་གཞན་པའི་ཡིད་ཀྱིས་བླང་བར་མི་བྱའོ། །གང་ཟག་ལ་ཕུལ་ན་ཡང་དེ་བཞིན་ནོ། །ཤི་བའི་རོ་ནི་སྟོད་གཡོགས་དང་སྨད་གཡོགས་གྱིས་གཡོགས་ཏེ་དོར་གྱི། སྒྲེན་མོར་མི་དོར་ཏེ། དེ་མགོན་མེད་པའི་ཉེས་པ་སྤང་བའི་ཕྱིར་རོ། །སྟོད་གཡོགས་དང་སྨད་གཡོགས་འབྲིང་གིས་སོ། །སྟོད་གཡོགས་དང་སྨད་གཡོགས་ལས་གཞན་པའི་རྫས་ལྷག་མས་དོར་བར་མི་བྱའོ། །སྐེ་རགས་ཀྱིས་ཤམ་ཐབས་མ་བཅིངས་པར་གྲོང་དུ་འཇུག་པར་མི་བྱའོ། །སྐེ་རགས་ཁྲིས་གཅིག་གིས་བཅིངས་པས་ཀྱང་གྲོང་དུ་འཇུག་པར་མི་བྱའོ། །གོས་ཀྱི་གཞི་ཕྲན་ཚེགས་ལ་སོགས་པ་ཞུ་བ་དང་བཅས་པའི་སྐབས་སོ། །གོས་ཀྱི་གཞི་རྫོགས་སོ།། །།གསུམ་པ་དམིགས་བསལ་དང་འབྲེལ་བ་ཀོ་ལྤགས་ལ་བཞི། ཡུལ་དབུས་དང་མཐའ་འཁོབ་ཀྱི་ས་ཚིགས་བསྟན་པ། མཆིལ་ལྷམ་རུང་མི་རུང་གི་


DLL1002_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བྲག་བསྟན་པ། ཀོ་ལྤགས་རུང་མི་རུང་གི་བྱེ་བྲག་བསྟན་པ། ཆུ་ལ་འཇུག་པའི་ལས་གཞན་བསྟན་པའོ། །དང་པོ་ནི། མཐའ་འཁོབ་ཤེས་པའི་ཕྱིར་དུ་ཡུལ་དབུས་ཀྱི་མཚམས་བསྟན་པར་བྱའོ། །དེ་གང་ཞེ་ན། ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཚང་ཚིང་ཅན་ཞེས་བྱ་བ་ཡོད་པའི་ནུབ་ཀྱི་ཆ་ཚུན་ཆད་ཡུལ་དབུས་ཀྱི་ཤར་ཕྱོགས་ཀྱི་མཚམས་ཡིན་ལ། དེ་ཕན་ཆད་ཡུལ་མཐའ་འཁོབ་ཡིན་ནོ། །ལྷོར་ནི་གྲོང་ཁྱེར་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་དེ་ཡོད་པའི་བྱང་གི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་ལྷོ་ཕྱོགས་ཀྱི་མཚམས་ཡིན་ནོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉ་བའི་ཀ་བ་ཞེས་བྱ་བ་གཉིས་ཡོད་པའི་ཤར་གྱི་ཆ་ཚུན་ཆད་ནི་ཡུལ་དབུས་ཀྱི་མཚམས་ཡིན་ནོ། །བྱང་དུ་ནི། ཨུ་ཤི་རའི་རི་ཞེས་བྱ་བ་ཡོད་པ་དེའི་ལྷོའི་ཆ་ཚུན་ཆད་ཡུལ་དབུས་ཀྱི་བྱང་ཕྱོགས་ཀྱི་མཚམས་ཡིན་ནོ། །དེ་ནི་ས་ཚིགས་ཀྱིས་ཕྱེ་བའི་མཚམས་ཡིན་ལ། ཆོས་ཀྱི་ཚིགས་ཀྱིས་ཕྱེ་བ་ནི། ཤེར་ཕྱིན་བཞུགས་པ་དང༌། འཁོར་རྣམ་བཞི་ཚང་བ་དང༌། བྱང་སེམས་སར་ཞུགས་པ་ཡོད་པ་ཡུལ་དབུས་སོ། །གཉིས་པ་ནི། ཡུལ་མཐའ་འཁོབ་ཏུ་མཆིལ་ལྷམ་བཅང་བར་བྱའོ། །ཡུལ་དབུས་སུ་ཡང་ཁྲི་ལ་སོགས་པའི་གནས་མལ་བསྐྱབ་པའི་ཕྱིར་མཆིལ་ལྷམ་བཅང་ངོ༌། །ཇི་ལྟ་བུ་བཅང་ན། མཐིལ་གཅིག་རིམ་མོ། །རྡོལ་ན་སྡོགས་པ་ཞུགས་པས་བཅོས་པར་བྱའོ། །མ་རྡོལ་བར་རིམ་པ་གཞན་ནི་མི་རུང་ངོ༌། །མཐིལ་ལྷམ་རིམ་པ་མང་པོ་ཁྱིམ་པས་ཐ་ན་གོམ་པ་བདུན་དུ་བགོས་ན་རིམ་པ་མང་ཡང་རུང་ངོ༌། །རུང་བ་ཙམ་གྱི་མཐིལ་དང་བོལ་ལ་སོགས་པའི་དོན་ཉིད་དུ་རུང་བ་ཙམ་དེ་དང་བདག་ཉིད་དུ་སྦྱར་ཞིང་ཕྲད་པའི་དབང་དུ་རིམ་པ་དུ་མ་ཅན་ལེན་པ་ནི་མི་རུང་བ་དེ་དག་བླངས་པ་ཉིད་མིན་ནོ། །རུང་བ་མིན་པའི་དངོས་པོ་ལ་བདག་གིར་བྱ་བ་


DLL1002_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མི་འབྱུང་བའི་ཕྱིར་རོ། །སྒེག་པ་སྤང་ཕྱིར་མཆིལ་ལྷམ་ཁྲ་བོ་བཀྲ་བ་དག་མི་བཅང་ངོ༌། །ལུག་རུ་ལྟ་བུ་དག་མི་བཅང་ངོ༌། །ཨ་ཤྭད་ཐ་དང་ཀ་ར་བི་རིའི་འདབ་མ་ལྟ་བུ་དག་མི་བཅང་ངོ༌། །གསེར་དང་དངུལ་གྱིས་སྤྲས་པ་དག་མི་བཅང་ངོ༌། །ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ༌། །ཀྲོག་ཀྲོག་ཟེར་བ་དག་མི་བཅང་ངོ༌། །མཐིལ་ལྷམ་སྒྲ་ཏུག་ཏུག་ཟེར་བ་དག་མི་བཅང་ངོ༌། །མཆིལ་ལྷམ་སྒྲ་ཐྲིག་ཐྲིག་ཟེར་བ་དག་མི་བཅང་ངོ༌། །སྒེག་རྫས་སུ་འགྱུར་བ་གཞན་དག་ཀྱང་མི་བཅང་ངོ༌། །བོལ་ཀོ་བ་ཅན་ནི་མི་རུང་བ་ཉིད་མིན་ནོ། །མཆིལ་ལྷམ་སྣའི་སྦུབས་ཅན་དང་། རྟིང་པའི་སྦུབས་ཅན་བཅང་བར་བྱའོ། །རྐང་པ་ཐམས་ཅད་ཕལ་ཆེར་གཡོགས་ལ་བོལ་གྱི་སྣར་མཐོངས་ཕྱུང་བའི་སྦུབས་མཐོངས་ཅན་གྱི་ཁ་ཆུ་ཆུས་བྱུང་བཅང་བར་བྱའོ། །ལྷམ་ཡུ་བཅད་ཀྱང་བཅང་བར་བྱའོ། །ཆུ་ལ་ཆབ་རོམ་འཁྱག་པ་འཆགས་པའི་ཡུལ་དུ་ནི་ཞྭ་དང་ལྷམ་སྒྲོ་གུ་ཅན་ཡང་རུང་ངོ༌། །དེ་གཉིས་ནི་ལྷགས་པ་བསྐྱབ་པའི་ཕྱིར་བཅང་བར་གསུངས་པ་ཡིན་པས། ལྷགས་པ་དང་བྲལ་ན་དབྱར་གྱི་གོས་རས་ཆེན་བཞིན་དུ་གཞག་པར་བྱའོ། །ནད་གསོ་བའི་དོན་དུ་ནི་ཐམས་ཅད་དུ་རུང་སྟེ། བཅས་པའི་ཁ་ན་མ་ཐོ་བ་ཡིན་པའི་ཕྱིར་རོ། །མཁན་སློབ་སོགས་བླ་མའི་དྲུང་དུ། མཆིལ་ལྷམ་བགོ་བ་བསྟེན་པར་མི་བྱ་སྟེ། ཚུལ་དེ་ནི་སྨད་པ་ཡིན་པས་སོ། །མཆེ་བ་དང་སྡེར་མོ་སྟོབས་ཆེན་སེང་གེ་དང་སྟག་དང་གུང་དང་གླང་པོ་ཆེ་ཅང་ཤེས་དང་རྟ་ཅང་ཤེས་ཀྱི་པགས་པ་དང་རྒྱུས་པ་ལ་སོགས་པའི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་གདགས་པར་མི་བྱ་བ་ཉིད་དོ། །སེང་གེ་ལ་སོགས་པ་དེ་དག་གིས་གླང་པོ་ཆེ་ཕལ་པ་དང་རྟ་དམུ་རྒོད་དང་དེ་ལས་གཞན་པའི་གཅན་གཟན་དག་ཀྱང་འཕངས་པ་ཡིན་ནོ། །རྡུལ་སོགས་སྤྲུག་པའི་ཕྱིར་མཆིལ་ལྷམ་དག་བརྡབ་པར་མི་བྱའོ། །རས་མ་གཤེར་པ་དག་གིས་མཆིལ་ལྷམ་དེ་


DLL1002_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་རྡུལ་མེད་པར་བྱ་བའི་ཕྱིར་ཕྱི་བར་བྱའོ། །ཕྱི་བའི་རས་མ་དེ་བཅང་བར་བྱའོ། །དགེ་སློང་གིས་མཆིལ་ལྷམ་དེ་དག་བརྒྱུ་བར་བྱའོ། །མཆིལ་ལྷམ་བརྒྱུ་བ་དང་ལྷུང་བཟེད་གླན་པ་སོགས་མི་མཛེས་པའི་དངོས་པོ་དབེན་པའི་ཕྱོགས་སུ་བྱའོ། །མཆིལ་ལྷམ་བརྒྱ་བ་དེའི་ཆེད་དུ་སྙུང་བུ་དང་ཀོ་བ་བཅང་བར་བྱ་སྟེ། ཀོ་བ་དྲ་བའི་གྲི་ཆེན་པོ་ནི་རུང་བ་མིན་ནོ། །ཁྱིམ་གཞན་དང་ཆབ་ཁུང་ལས་གཞན་པར་ཤིང་གི་མཆིལ་ལྷམ་བགོ་བར་མི་བྱའོ། །སྨྱིག་མའི་གླེགས་བུ་དང༌། མུན་ཛ་དང༌། སི་རི་དང༌། དར་བྷ་དག་གི་མཆིལ་ལྷམ་ཡང་བགོ་བར་མི་བྱའོ། །ཐ་གུའི་མཆིལ་ལྷམ་ཡང་བགོ་བར་མི་བྱའོ། །རླུང་ཁྲག་ཅན་མིན་པས་ཐ་གུའི་མཆིལ་ལྷམ་བགོ་བར་མི་བྱའོ། །རླུང་ཁྲག་ཅན་གྱིས་བགོ་བར་བྱའོ། །གསུམ་པ་ནི། ཁྱིམ་པའི་ཁྱིམ་གཞན་དུ་སྟན་གཞན་མེད་ན་ཀོ་ལྤགས་ལ་འདུག་པར་བྱའོ། །ཁྱིམ་གཞན་དེར་ཡང་མལ་ཆ་གཞན་མི་འབྱོར་བའི་རྐྱེན་དེ་ལྟ་བུ་དག་མེད་ན་ཀོ་ལྤགས་དེའི་སྟེང་དུ་ཉལ་བར་མི་བྱ་བ་ཉིད་དོ། །ཀོ་ལྤགས་ཀྱི་ཐགས་མ་ཡང་ཀོ་ལྤགས་ཡིན་པས་ཀོ་ལྤགས་ཀྱིས་བརྒྱུས་པའི་ཁྲི་དང་ཁྱིའུ་སོགས་ལའང་འདུག་པར་མི་བྱའོ། །མིག་ལ་ཕན་པར་བྱ་བའི་ཕྱིར་དོམ་ལྤགས་བཅང་བར་བྱའོ། །དོམ་ལྤགས་བླངས་པ་དེ་སྟན་དང་རྐང་པའི་འོག་དང་ལྷམ་གྱི་ནང་ལ་སོགས་པར་གཞུག་པར་བྱའོ། །སངས་རྒྱས་ལ་བསྔོས་པའི་དོམ་ལྤགས་ནི་དྲི་གཙང་ཁང་གི་སྒོར་གདིང་ངོ༌། །དོམ་ལྤགས་དེ་མིག་ལ་ཕན་པའི་ཕྱིར་མཆིལ་ལྷམ་དག་ཏུ་བགོ་བར་བྱའོ། །རླུང་ནད་ཅན་གྱིས་དོམ་ལྤགས་དེའི་སྟེང་དུ་འདུག་པ་དང་ཉལ་བར་ཡང་བྱའོ། །གཞང་འབྲུམ་ཅན་ཐམས་ཅད་ཀྱིས་ཀྱང་སྔར་བསྟན་པ་དེ་བཞིན་དུ་རྐང་པའི་གནས་སུ་གདིང་བ་དང་མཆིལ་ལྷམ་དུ་བགོ་བ་དང་འདུག་པ་དང་ཉལ་བར་བྱའོ། །དོམ་ལྤགས་དེ་ལ་རྣམ་པ་དེ་ལྟར་


DLL1002_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཏན་དུ་སྦྱར་བར་བྱའོ། །དོམ་ལྤགས་ཀྱི་མཆིལ་ལྷམ་དག་རིམ་པ་མང་པོ་ཉིད་ཀྱིས་ཀྱང་མཆོག་ཏུ་ཕན་པར་བྱེད་དོ། །དོམ་ལྤགས་ཀྱི་སྤུ་ལ་རེག་པས་ཕན་པར་བྱེད་པ་ཉིད་དུ་རིག་གོ །ཀོ་ལྤགས་གཞན་རིམ་པ་དུ་མའི་སྟེང་དུ་དོམ་ལྤགས་རིམ་པ་གཅིག་གཞག་པས་ཀྱང་ཕན་ནོ། །ཨ་སྨ་པ་རན་ཏ་རྡོ་ཅན་ཞེས་བྱ་བའི་ཡུལ་དག་ཏུ་ནི་ཀོ་ལྤགས་མི་བཅང་བར་མི་བྱའོ། །མཐའ་འཁོབ་ཐམས་ཅད་དུ་མལ་དང་སྟན་གཉིས་ཀ་རུང་སྟེ། སུམ་བརྒྱ་བར་ཡུལ་གྱི་མཐའ་འཁོབ་དག་ཏུ་གཉིས་ཀའང་གནང་ཞེས་གསུངས། སེང་གེ་དང་སྟག་ལ་སོགས་པའི་ཀོ་ལྤགས་མི་བཅང་ངོ༌། །སེང་གེ་ལ་སོགས་པ་གང་གི་ཀོ་ལྤགས་མི་རུང་བ་ཉིད་ཡིན་པ་དེའི་རྒྱུས་པ་དང་རུས་པ་དང་སོ་དང་ཤ་ལ་སོགས་པ་ཡང་མི་རུང་ངོ༌། །བཞི་པ་ནི། ཆུ་ལ་རྐྱལ་བས་ཆུ་མི་འཆགས་པར་བྱེད་པའི་བསྐ་བས་ཞེན་པར་བྱས་པ་ཅན་བཅང་ངོ༌། །ཡང་ན་རྐྱལ་སྐྱ་བཅང་ངོ༌། །རྐྱལ་བ་དང་རྐྱལ་སྐྱ་ཁྲ་བོ་བཀྲ་བ་དག་མི་བཅང་ངོ༌། །རྐྱལ་མི་ཤེས་པས་སྟ་གོན་མ་བྱས་རྐྱལ་བསླབས་པར་མ་བྱས་པར་ཆུའི་གཏིང་དུ་འཇུག་པར་མི་བྱའོ། །མི་མཛེས་པ་སྤང་བའི་ཕྱིར་དབེན་པའི་ཕྱོགས་སུ་རྐྱལ་བསླབ་པར་བྱའོ། །བ་ལང་གིས་བརྒལ་ནུས་པ་དེ་མིན་པའི་ཆུའི་གཏིང་དུ་ཁྱུ་མཆོག་མ་གཏོགས་པའི་བ་ལང་ལ་བརྟེན་པར་མི་བྱའོ། །དེ་ལ་བརྟེན་ན་བསླབ་པ་འདི་དང་འགལ་བའི་ཉེས་བྱས་གཅིག་དང༌། མོ་ལ་རེག་པའི་ཉེས་བྱས་གཞན་གཅིག་དང་གཉིས་སུ་འགྱུར་རོ། །ཆུ་ཀླུང་བརྒལ་བའི་ཕྱིར་གླང་པོ་ཆེ་དང་རྟ་དང་མ་ཧེ་དང་གཡག་དག་ལ་བརྟེན་པར་བྱའོ། །ཀོ་ལྤགས་ཀྱི་གཞི་རྫོགས་སོ།། །།གཉིས་པ་བདེ་བར་གནས་པའི་རྐྱེན་སྨན་བསྟེན་པ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། ཕན་པར་བྱེད་པས་ན་སྨན།


DLL1002_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་ཀྱི་ཁམ་གྱི་ཟས་བཟའ་བཏུང་གི་སྒོ་ནས་བསྟེན་པར་བྱ་སྟེ། དེས་ཁྱད་པར་དུ་བྱས་པའི་དགོས་པ་མཐོང་བའི་ཕྱིར་རོ། །དེ་ཡང་དགེ་སློང་དག །སྟོན་ཀའི་ནད་ཀྱིས་ཐེབས་ཏེ། སྐྱ་བོ་དང་སེང་སེང་པོར་གྱུར་པ་ལ་བརྟེན་ནས་གནང་བའོ། །གཉིས་པ་ལ་ལྔ། སྨན་བཞི་བསྟེན་པར་བྱ་བ་དེ་ཉིད་མཚོན་བྱེད་དུ་བསྟན་པ། མཚོན་བྱའི་དོན་བཤད་པ། རུང་ཁང་ཇི་ལྟར་བྱ་བ། ཕོངས་པའི་དུས་ཀྱི་དམིགས་བསལ་ལོ། །དང་པོ་ལ་བཞི། སྨན་བཞི་སོ་སོའི་མཚན་ཉིད། དུས་རུང་གི་སྨན་བསྟེན་ཚུལ། སྨན་འདྲེས་པ་ལ་ཇི་ལྟར་བྱ་བ། བྱིན་གྱིས་བརླབ་ཚུལ་ལོ། །དང་པོ་ལ་གསུམ། དབྱེ་བ། དངོས་པོ་དང་གང་ཟག་གི་རྐྱེན་གྱིས་གནང་བའི་མཚམས། སྨན་གསུམ་གྱི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྨན་དུ་ཞེ་ན། སྨན་དེ་ནི་རྣམ་པ་བཞིའོ། །རང་གི་གུང་ཚིགས་ཀྱི་དུས་ཚུན་ཆད་དུ་བསྟེན་པར་བྱ་བ་དུས་སུ་རུང་བ་རྒུན་འབྲུ་སོགས་ཏེ། ཚིག་ལེར། རྒུན་འབྲུ་བ་ལ་སེའུ་འབྲུ་གོ་དང༌། །ཨུཏྤལ་ལ་སོགས་རྩ་བ་སྟེ། །མཁས་པས་དུས་སུ་རུང་བར་གསུངས། །ཞེས་སོ། །དེ་ཡང་མཚན་ཉིད་པ་དང་ལག་ཉར་གྱུར་པ་སོགས་དེ་དང་འདྲ་བས་སམ་ངོ་བོའི་སྒོ་ནས་དུས་སུ་རུང་བ་ཡིན་ཏེ། སྔ་དྲོའི་དུས་ཁོ་ནར་རུང་བས་སམ་དེའི་རིགས་ཡིན་པས་དུས་རུང་ངོ༌། །བུ་རམ་སོགས་ནི་དུས་སུ་ཡང་རུང་བ་སྟེ། འགྲེལ་པར། བཟའ་བར་བྱ་བ་ཐམས་ཅད་དུས་སུ་རུང་བ་ཉིད་ཡིན་པས་ལོགས་ཤིག་ཏུ་མི་བརྗོད་དེ། བྱེ་བྲག་མེད་པའི་ཕྱིར་རོ་ཞེས་སོ། །ལོངས་སྤྱོད་པའི་གནས་སྐབས་དྲུག་གོ །བྱེད་ལས་གཙོ་བོར་བཀྲེས་པ་སེལ་ལ། རླུང་ནད་སོགས་ཀྱང་སེལ་ལོ། །སྲོད་ཀྱི་ཐུན་ཚོད་དུ་རུང་བ་སྨན་གསུམ་ལས་བྱུང་བའི་བཏུང་བ་ཐུན་ཚོད་ཀྱི་མཐའི་དུས་ཚུན་ཆད་དུ་རང་གིས་བྱིན་གྱིས་བརླབས་


DLL1002_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། བསྟེན་པར་བྱ་བ་སྟེ་ཐུན་ཚོད་དུ་རུང་བའི་ཕྱིར་རོ། །མ་བརླབས་པ་སོགས་ནི་རྒྱུའམ་དེའི་རིགས་ཡིན་པས་སོ། །གནས་སྐབས་ལྟུང་བ་ཁོ་ནའོ། །བྱེད་ལས་གཙོ་བོར་སྐོམ་པ་སེལ་ལོ། །ཐུན་ཚོད་དེ་གང་ཞེ་ན། ཁ་ཅིག་ཉིན་མོའི་མཐའ་ཡིན་ཏེ། ཤེས་རབ་བྱེད་པར། ཐུན་གྱི་ནི་སྐྱ་རེངས་བྱུང་ནས་ཉི་མ་ནུབ་ཀྱི་བར་དུའོ། །ཞེས་བཤད་པས་སོ་ཞེས་ཟེར་ཏེ། ཁ་ཅིག །མཚན་མོའི་མཐའ་ཡིན་ཏེ། གཞན་དུ་ན་དེར་ནད་པ་ལ་སྐོམ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་ཟེར་ཏེ། བླ་མ་དག་སྲོད་ཀྱི་ཐུན་ཚོད་ཀྱི་མཐའ་ཡིན་གསུངས་ཏེ། ཀྱེ་ན་ཡའི་སྐབས་སུ། ནམ་གྱི་ཐུན་དང་པོ་འདས་ནས། སྤྱད་པར་མི་བྱའོ་ཞེས་དང༌། ནམ་གྱི་ཆ་སྟོད་འདས་ནས་སྤྱད་པར་མི་བྱའོ་ཞེས་དང༌། མ་མོར། ནམ་སྐྱུར་བར་གྱུར་པ་དེ་ནི་དང་བ་མ་རྙོགས་པ་དང༌། ཚགས་ཀྱིས་བཙགས་ལ་ཆུས་བསླད་དེ་དང་བར་བྱས་ནས་ཉིན་པར་དང་སྲོད་ཀྱི་བར་དུ་བཏུང་སྟེ། འདི་ནི་ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པའོ། །ཞེས་དང༌། བམ་ལྔར། མཚན་མོའི་ཐུན་དང་པོ་མ་ཐལ་ཚུན་ཆད་དུ་འཐུངས་ཟིན་ཅིང་ལྷག་མ་མེད་ན་དེར་ཟད་ཅེས་སོགས་གསུངས་པའི་ཕྱིར། ཉན་སར། ནམ་གྱི་ཆ་སྟོད་ནི་འདི་ཡིན་ཏེ། ཕྱེམ་རེད་ཉི་མ་ནུབ་པའི་དུས་ནས་བཟུང་སྟེ། ནམ་གྱི་སྲོད་ཀྱི་ཆ་མེལ་ཚེ་ཐུན་གཅིག་ལྷག་ཙམ་གྱི་བར་གང་ཡིན་པའོ། །ཞེས་དང༌། ཛེ་ཏཱ་རིས། དམར་ཐག་ཆད་ནས་མཚན་མོ་ནི། །བླ་མའི་བསྙེན་བཀུར་ཚུལ་བཞིན་བྱ། །ཞེས་པ་ནས། ནམ་གྱི་ཆ་སྟོད་འདས་པ་ན། །ཚུལ་བཞིན་ཡིད་ལ་བྱེད་པ་ཡིས། །རིགས་པ་བཞིན་དུ་ཉལ་བར་བྱ། །ཞེས་སོ། །ཞག་བདུན་པ་ནི། ཞག་བདུན་གྱི་མཐའ་ཚུན་ཆད་དུ་མཚན་མོ་དང་ཉིན་མོའི་དུས་སུ་རང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་སྟེ། ཞག་བདུན་དུ་རུང་བས་སོ། །བརླབ་རུང་སོགས་སྔར་བཞིན་ནོ། །ལོངས་སྤྱོད་པའི་གནས་སྐབས་དྲུག་གོ །བྱེད་ལས་ནད་དང་བཀྲེས་


DLL1002_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

པའང་སེལ་ལོ། །འཚོ་བའི་བར་དུ་བཅང་བ་ནི། ཇི་སྲིད་འཚོའི་དུས་ཀྱི་མཐའ་ཚུན་ཆད་རུང་གིས་བྱིན་གྱིས་བརླབས་ཏེ་བསྟེན་པར་བྱ་བ་སྟེ་ནམ་མཚོའི་བར་དུ་རུང་བས་སོ། །བརླབ་རུང་སོགས་ནི་སྔར་བཞིན་ནོ། །གནས་སྐབས་ཅི་རིགས་སོ། །བྱེད་ལས་འདུ་བའི་ནད་སེལ་ལོ། །ཇི་སྲིད་འཚོ་དེ་གང་ཞེ་ན། སྔ་མ་དག་ནད་འཚོའི་བར་ཏེ། དེ་མིན་པ་ལ་མ་གནང་བའི་ཕྱིར་དང༌། ནད་གསོས་ནས་བཅང་དུ་མི་རུང་བར་གསུངས་པའི་ཕྱིར་ཞེས་ཟེར། དེ་གཉིས་ཀ་ལ་ཞག་བདུན་པས་མ་ངེས་སོ། །ཁ་ཅིག ཚེ་ཇི་སྲིད་འཚོ་ཡིན་ཏེ། སུམ་བརྒྱ་བར་མ་ཤི་བར་བཅང་སྨན་དུ་གསུངས་ཞེས་དང༌། ཤེས་རབ་བྱེད་པར། ཚེ་གཅིག་པའོ། །ཞེས་དང༌། ནམ་འཚོ་བ་ཞེས་གསུངས་པའི་ཕྱིར། ཞེས་པ་འཐད་དེ། ཞུ་བ་གཉིས་སུ། བཙུན་པ་དགུང་བདུན་པའི་སྨན་ཇི་སྲིད་འཚོའི་བར་དུ་བཅངས་ཀྱང་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་མཆིས་ལགས་སམ། ཉེ་བར་འཁོར་ཡོད་དེ། ཞག་བདུན་ཚུན་ཆད་དུ་དུས་བྱས་ནའོ་ཞེས་དང༌། བམ་ལྔར། དེ་ཕྱིན་ཆད་བདག་ཉིད་ཇི་སྲིད་འཚོའི་བར་དུའམ་སྨན་དེ་དག་ཇི་སྲིད་མ་ཟད་ཀྱི་བར་དུ་བྱིན་ལེན་མ་ཞིག་པར་བྱས་ཏེ། རང་གིས་བསྟེན་ཅིང་བཟའ་བར་བྱའོ་ཞེས་གསུངས་པས་སོ། །ཞུ་བ་གཉིས་སུ། བཙུན་པ་དུས་སུ་རུང་བ་དང༌། ཐུན་ཚོད་དུ་རུང་བ་དང༌། བདུན་པ་དང༌། ཇི་སྲིད་འཚོའི་བར་དུ་བཅང་བའི་སྨན་གང་དག་ལགས་པ་དེ་དག་བྱིན་ལེན་བགྱིས་ཏེ་བྱིན་གྱིས་བརླབས་ལ་བྱིན་གྱིས་བརླབས་པ་ལས་འདས་པར་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་དུ་རུང་ལགས་སམ་ཉེ་བར་འཁོར་མི་རུང་སྟེ། དུས་སུ་རུང་བ་ཡང་དུས་སུ་ཡོངས་སུ་སྤྱད་པར་བྱའོ། །དུས་ལས་འདས་ནས་ཡོངས་སུ་སྤྱད་པར་མི་བྱའོ། །ཞེས་པ་ནས། ཇི་སྲིད་འཚོ་བའི་བར་དུ་བཅང་བ་ནི། ཇི་སྲིད་འཚོ་བའི་


DLL1002_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུ་ཡོངས་སུ་སྤྱད་པར་བྱའོ། །གལ་ཏེ་ཡོངས་སུ་སྤྱད་ན་ཅིར་འགྱུར་ལ། གསོག་འཇོག་བྱས་པ་ཡོངས་སུ་སྤྱད་པས་ལྟུང་བྱེད་དུ་འགྱུར་རོ། །ཞེས་གསུངས་སོ་ཞེ་ན། སྐྱོན་མེད་དེ། འཚོ་བཅང་ཞག་གྲངས་ལ་བརྟེན་ནས་བྱིན་གྱིས་བརླབ་ཏུ་རུང་བས་སོ། །གཉིས་པ་ནི། དང་པོ་དུས་རུང་མིན་པ་གསུམ་པོ་ཉིད་དག་ནི་ནད་པའི་ཕྱིར་བསྟེན་པར་བྱ་བ་ཡིན་གྱི། མི་ན་པས་དེ་དག་བྱིན་གྱིས་བརླབ་ཏུ་མི་རུང་ཞིང༌། བཟར་ཡང་མི་རུང་ངོ༌། །ཙོ་ཚ་དང་ཆུ་ཤིང་གི་འབྲས་བུ་དང༌། རྒྱ་ཤུག་དང༌། ཨ་ཤྭད་ཐ་དང༌། ཨུ་དུམ་བ་ར་དང༌། རྩུབ་འགྱུར་དང༌། རྒུན་ཆུ་དང༌། འབྲ་ཀོའི་བཏུང་བ་རྣམས་ནི་ན་མི་ནའི་གང་ཟག་དང༌། དུས་དང་དུས་མིན་པ་ཐམས་ཅད་དུ་ལོངས་སྤྱད་དུ་རུང་བས་སྔ་དྲོའི་དུས་ཁོ་ནར་རུང་བ་མིན་ནོ། །རྒུན་དང་སྦྲང་གི་ཆང་སོགས་བསྐོལ་བའི་སྐྱུར་པོ་བཅོས་པའི་ཚ་དང་འབྲུའི་ཚ་ནས་ལ་སོགས་པའི་ཆང་ལས་བྱས་པའི་སྐྱུར་པོ་དང༌། ཞོ་ཁ་ཆུ་ཞོ་ཁུ་དང༌། དར་བའི་དྭངས་མ་ཆུར་ཁུ་དང༌། རྩབ་མོ་འབྲས་དང་ཁྲེ་ལ་སོགས་པ་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་ཙང་ཤུ་སྟེ། སྐྱུར་པོ་ལྔ་པོ་ཆུས་བཏབ་པ་རས་ཀྱི་ཚགས་ཀྱིས་བཙགས་པ་ཤིན་ཏུ་སླ་བ་བཞིན་གྱི་གཟུགས་བརྙན་སྣང་བ་འདམ་བུའི་ཉག་མའི་མདོག་ལྟ་བུ་ཅུང་ཟད་སེར་བ་དག་ཀྱང་འབྲས་བུ་བརྒྱད་ཀྱི་བཏུང་བ་དེ་དག་འདྲ་བར་ན་མི་ན་ཐམས་ཅད་ཀྱིས་ལོངས་སྤྱོད་རུང་ངོ༌། །ཆུས་བཏབ་པ་ལ་སོགས་པ་དེ་ལྟ་བུ་ཉིད་ཀྱི་མདུན་རོལ་ཆུས་མ་བཏབ་པ་ལ་སོགས་པའི་གནས་སྐབས་སུ་བཅོས་ཚ་སོགས་ལ་གང་ཟག་གང་གི་ཆེད་དུ་བཏུང་བའི་སྦྱར་ཚགས་བྱེད་པ་ལ་དེ་ལ་ལྟས་པའི་བསྙེན་པར་རྫོགས་པ་མཚན་མཐུན་པས་རེག་ཏུ་མི་རུང་ངོ༌། །ཨ་རུ་ར་དང་ལ་སོགས་པ་སྐྱུ་རུ་ར་དང༌། བ་རུ་ར་དང༌། ན་ལེ་ཤམ་དང༌། པི་པི་ལིང་སྟེ་ལྔ་ཡང་དུས་ཐམས་ཅད་དུ་ལོངས་སྤྱད་དུ་རུང་བས་དུས་རུང་ཉིད་


DLL1002_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མིན་ནོ། །བུ་རམ་བྱིན་གྱིས་མ་བརླབས་པ་ཡང་ཐམས་ཅད་དུ་རུང་བས་དང་པོ་ཉིད་མིན་ནོ། །བུ་རམ་དེ་ཞག་བདུན་པ་སོགས་སུ་བྱིན་གྱིས་བརླབས་པ་བཟའ་བ་ལ་ལམ་དུ་ཞུགས་པ་དང༌། དགེ་སྐོས་དང་ལག་གི་བླ་རྣམས་ནི་ནད་པ་དང་འདྲ་བ་ཉིད་ཡིན་ནོ། །དགེ་སློང་ཟན་ཆད་པས་ཀྱང་བུ་རམ་བྱིན་གྱིས་བརླབས་པ་དེ་དང་འབྲུ་མར་ལ་སོགས་པ་དུས་སུ་རུང་བ་མིན་པར་བཟར་རུང་ངོ༌། །གསུམ་པ་ལ་གསུམ། ཐུན་ཚོད་དུ་རུང་བའི་མཚན་ཉིད། ཞག་བདུན་པའི་མཚན་ཉིད། འཚོ་བཅང་གི་མཚན་ཉིད་དོ། །དུས་རུང་ལོགས་ཤིག་ཏུ་མི་བརྗོད་པས་ལྷག་མ་གསུམ་གྱི་ངོ་བོ་ཇི་ལྟ་བུ་ཞེ་ན། ཐུན་ཚོད་དུ་རུང་བའི་ངོ་བོ་ནི་བཏུང་བ་དག་ཡིན་ནོ། །དེ་ཇི་ལྟ་བུ་ན་ཤིན་ཏུ་སླ་བའོ། །དེ་ཇི་ལྟར་བསྒྲུབ་ན་བཏུང་བ་དེའི་རྫས་དེ་རྒྱུ་བཏུང་བ་དེ་ཉིད་མིན་པའི་ཕྱིར་སྦྱར་ཚགས་ཀྱིས་བསྒྲུབ་བོ། །དེ་གང་གིས་བྱ་ན་གལ་ཏེ་རྫས་དེ་དུས་སུ་རུང་བ་རྒུན་འབྲུ་སོགས་ཡིན་ན། གང་ལ་ལྟོས་པའི་བསྙེན་པར་རྫོགས་པས་བསྐོལ་མཉེ་བངས་སུ་བཞུགས་པ་སོགས་སྦྱར་ཞིང་རས་ཚགས་ཀྱིས་བཙག་པར་བྱའོ། །དེ་བྱ་དགོས་ཤིང་རྫོགས་པས་མི་རུང་བའི་ཕྱིར་རོ། །བཏུང་བ་དེའི་རྒྱུ་དུས་རུང་མིན་ན་བསྙེན་པར་རྫོགས་པས་ཀྱང་སྦྱར་ཚགས་བྱར་རུང་ངོ༌། །བཏུང་བའི་རྫས་བཅུ་གསུམ་པོ་དེར་ངེས་སམ་ཞེ་ན། ཐུན་ཚོད་དུ་རུང་བའི་བཏུང་བ་དེ་དག་ཏུ་ཙོ་ཙི་སོགས་ལས་གཞན་བལ་པོ་སེའུ་སེ་འབྲུ་དང༌། མ་དུ་ལུང་ག་ལ་སོགས་པའི་རྫས་ཀྱིས་སྦྱོར་དུ་བཅུག་ཟན་ཀྱང་ཉེས་པ་མེད་དོ། །བཏུང་བ་དེ་དག་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པའི་མཐའ་གང་ཡིན་ཞེ་ན། བཏུང་བའི་རྒྱུ་དེ་དུས་སུ་རུང་བ་རྒུན་འབྲུ་ལ་སོགས་པ་ཡིན་ན། མཚན་མོའི་ཐུན་ཚོད་ཀྱི་ཆའི་མཐའ་ཉིད་དེ་བཏུང་བ་དེ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པའི་མཐའ་ཡང་


DLL1002_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བཏུང་བའི་རྒྱུ་དེ་དུས་རུང་ལས་གཞན་ཞག་བདུན་པའམ། འཚོ་བཅང་ཉིད་ཡིན་ན་རྫས་དེའི་བཟའ་བའི་མཐའ་གང་ཡིན་པ་ཞག་བདུན་ནམ། འཚོ་བའི་མཐའ་དེ་བཏུང་བ་བྱིན་གྱིས་བརླབས་ནས་ལོངས་སྤྱོད་པའི་མཐའ་ཡང་ཡིན་ནོ། །འོ་ན་ཐུན་ཚོད་དུ་རུང་བ་མིན་པར་འགྱུར་རོ་ཞེ་ན། དེར་ཡང་བྱིན་གྱིས་བརླབ་ཏུ་རུང་བས་ཐུན་ཚོད་ཀྱི་མཐའ་དང་འགལ་བ་མེད་དོ། །དེས་ན་བཏུང་བ་དེ་ལོངས་སྤྱོད་པ་ཙམ་ནི་དུས་ཐམས་ཅད་པ་ཡིན་ལ་བྱིན་གྱིས་བརླབ་པ་ནི་རང་དུས་སུ་མ་ཟད་ཐུན་ཚོད་དུའང་རུང་ངོ༌། །རྒྱ་གར་གྱི་འདུལ་བ་འཛིན་པ་ཁ་ཅིག་ན་རེ། བཏུང་བ་དེའི་རོ་དང་སླ་བ་མ་གྱུར་ན་རྫས་ཀྱི་མཐའ་གང་ཡིན་པ་བཏུང་བའི་མཐའ་ཡང་དེ་ཡིན་ཏེ། བཏུང་བའི་རོ་དང་སླ་བ་གྱུར་ན་གང་ཚུན་ཆད་རོ་དང་སླ་བ་འགྱུར་བའི་སྐད་ཅིག་དེ་བཏུང་བའི་མཐའ་ཡིན་ཞེས་ཟེར་རོ། །བུ་རམ་ལ་སྦྱར་བའི་བྱིན་གྱིས་བརླབ་རུང་གི་བཏུང་བ་ཞག་བདུན་གྱི་གོང་དུ་རོ་སླ་འགྱུར་བ་དེ་ཆོས་ཅན། ཁྱོད་བྱིན་གྱིས་བརླབས་ནས་ལོངས་སྤྱད་པའི་མཐའ་དེ་ཁྱོད་ངོ་བོ་ནམ་འགྱུར་གྱི་སྐད་ཅིག་ཡིན་པ་དེ་མིན་པར་ཐལ། དེ་ལྟར་ན་ཁྱོད་བྱིན་གྱིས་བརླབ་པར་བྱ་བ་ཉིད་མིན་པར་འགྱུར་བའི་ཕྱིར་རོ། །རྟགས་མ་གྲུབ་ཅེ་ན། འོ་ན་གང་དུ་བྱིན་གྱིས་རློབ་དྲིའོ། །ཞག་བདུན་པར་བྱིན་གྱིས་བརླབ་ཅེ་ན། དེ་ཆོས་ཅན། ཁྱོད་ཞག་བདུན་པར་བྱིན་གྱིས་བརླབ་པར་བྱ་བ་མིན་པར་ཐལ། ཁྱོད་ཞག་བདུན་པར་བྱིན་གྱིས་བརླབས་ན་ཁྱོད་ཀྱི་ལོངས་སྤྱོད་ཀྱི་དུས་ལས་ལྷག་པ་ལ་ཁྱོད་ཀྱི་བྱིན་རླབས་བསྟེན་པར་འགྱུར་ལ། དེ་ལྟར་ན་བྱིན་རླབས་མི་འཆགས་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ངོ་བོ་ནམ་འགྱུར་གྱི་སྐད་ཅིག་དེ་ཚུན་ཆད་དུ་བྱིན་གྱིས་རློབ་པས་ཉེས་པ་མེད་དོ་ཞེ་ན། དེ་ཆོས་ཅན། ཁྱོད་ངོ་བོ་ནམ་འགྱུར་གྱི་སྐད་ཅིག་དེར་བྱིན་གྱིས་རློབ་པར་བྱ་བ་མ་ཡིན་པར་ཐལ། ཁྱོད་ངོ་བོ་ནམ་འགྱུར་གྱི་སྐད་ཅིག་དེ་


DLL1002_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བར་འགྱུར་བ་མ་འོངས་པའི་དངོས་པོ་དེ་ཕལ་པ་སྔ་མ་ལ་ལྟ་བའི་མངོན་ཤེས་མེད་པ་རྣམས་ཀྱིས་བགྲོད་པའི་ཡུལ་མིན་པས་བྱིན་གྱིས་རློབ་པའི་ཚེ་བྱིན་གྱིས་རློབ་པའི་དུས་མི་ཤེས་པས་དུས་ལྷག་པ་ལ། བྱིན་རླབས་བརྟེན་པར་འགྱུར་བས་བྱིན་གྱིས་བརླབ་པར་བྱ་བ་ཉིད་མིན་པར་འགྱུར་བའི་ཕྱིར་རོ། །ཐུན་ཚོད་དུ་རུང་བ་འདིར་བུ་རམ་ཤིང་ལ་སོགས་པའི་རོ་དང༌། ཆང་གི་སྣོད་ཀྱི་ནང་དུ་སྦྱངས་པ་ལ་ཆང་གི་དྲི་གོས་པར་གྱུར་པ་ཕྱེ་མ་དང་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་དོ། །སྨན་རྩབས་ཤིན་ཏུ་སླ་བ་ཡང་འདུས་པ་ཉིད་ཡིན་ནོ། །སྨན་རྩབས་དེ་ནི་རྩ་བ་དང་སྡོང་བུ་ལ་སོགས་པའི་སྨན་ཆུས་སྦངས་ཤིང་བཀུས་པའི་ཁུ་བ་སྐྱུར་བའོ། །གཉིས་པ་ཞག་བདུན་པའི་སྨན་ནི། ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང༌། བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ། །བུ་རམ་དང་ཧྭགས་དང་ལི་ཁ་ར་ལ་སོགས་པ་ཐམས་ཅད་ནི་བུ་རམ་གྱི་དབུ་བ་ཉིད་ཀྱིས་འཕངས་སོ། །བདུད་རྩི་ནི། ཞུན་མར་དང་འདྲ་བ་ཉིད་བཟའ་བར་བྱ་བ་དང་ཞག་བདུན་པར་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །ཞག་བསྐོལ་ཞིང་བཙགས་པ་དག་ནི་བཟའ་བར་བྱ་བ་དང༌། ཞག་བདུན་པར་བྱིན་གྱིས་བརླབས་པ་ལ་འབྲུ་མར་དང་འདྲ་བ་ཉིད་དོ། །ཉ་དང་རི་བོང་དང་ཆུ་སྲིན་བྱིས་པ་གསོད་པ་དང་དོམ་དང་ཕག་སྟེ་ལྔའི་ཞག་ནི་འབྲུ་མར་དང་འདྲ་བ་ཉིད་ཡིན་ནོ། །ཞག་ལྔ་པོ་དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱར་བར་བྱེད་དོ། །ནད་པ་གང་གིས་བྱིན་གྱིས་བརླབས་པ་ན་ནད་གསོས་པ་ཉིད་ན་ཞག་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ། །སློང་བ་དེ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱའོ། །སྨན་ཁུ་དང་མིག་སྨན་དག་ཀྱང་གསོས་པ་ན་ནད་པའི་ཕྱིར་སློང་ན་སྦྱིན་ཞིང་མེད་ན་སྨན་ཁང་དུ་གཞག་གོ །གསུམ་པ་འཚོ་བའི་བར་དུ་བཅང་བ་ནི། རྩ་བ་དང་སྡོང་བུ་དང་


DLL1002_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མིན་པའོ། །རྩ་བ་གང་ཞེ་ན། འདི་ལྟ་སྟེ། གླ་སྒང་དང༌། ཤུ་དག་དང༌། ཡུང་བ་དང༌། སྒེའུ་གཤེར་སྒ་རློན་པ་དང༌། བོང་བ་དཀར་པོ་དག་གོ །སྡོང་བུ་གང་ཞེ་ན། ཙནྡན་དང༌། སྤྱི་མོ་དང༌། ཤུག་པ་དང༌། སླེ་ཏྲེས་དང༌། ཐང་ཤིང་སྒྲོན་ཤིང་དང༌། སྐྱེར་པ་དག་གོ། འདབ་མ་གང་ཞེ་ན། བ་ཤ་ཀ་དང༌། ཀོ་ཤ་ཏ་ཀི་དང༌། པ་ཏྲོ་ལ་གསེར་གྱི་མེ་ཏོག་དང༌། ནིམ་པ་འཆི་བ་སླུ་བ་དང༌། སཔྟ་པརྣ་འདབ་མ་བདུན་པའི་འདབ་མ་དག་གོ །མེ་ཏོག་གང་ཞེ་ན། བ་ཤ་ཀ་དང༌། ནིམ་པ་དང༌། དདྷི་ཀི་དང༌། ཀླུ་ཤིང་དང༌། པདྨའི་ཟེ་བའི་མེ་ཏོག་དག་གོ །འབྲས་བུ་གང་ཞེ་ན། ཨ་རུ་ར་དང༌། སྐྱུ་རུ་ར་དང༌། བ་རུ་ར་དང༌། ན་ལེ་ཤམ་དང༌། པི་པི་ལིང་དག་གོ །གཞན་ཡང་སྤྱི་པའོ། །དེ་གང་ཞེ་ན། ཤིང་ཀུན་གྱི་ཞོ་དང༌། སྲ་རྩི་ཤིང་སཱ་ལའི་དྲང་ཆུ་དང༌། རྒྱ་སྐྱེགས་ཀྱི་ཤིང་གི་ཆུ་དང༌། སྤྲ་ཚིལ་དང༌། ཤིང་མ་ཞོའོ། །འགྱུར་བྱེད་ཐལ་བའོ། །དེ་གང་ཞེ་ན། འདི་ལྟ་སྟེ། ཏིལ་གྱི་དང༌། རྒྱ་སྐྱེགས་ཀྱི་ཤིང་གི་དང༌། ས་ཚུར་གྱི་དང༌། ནས་ཀྱི་དང༌། ནས་ཀྱི་གྲ་མའི་དང༌། བཱ་ཤ་ཀའི་དང༌། ཐལ་བའི་འགྱུར་བྱེད་དོ། །ལན་ཚྭའོ། །དེ་གང་ཞེ་ན། འདི་ལྟ་སྟེ། རྒྱམ་ཚྭ་དང༌། ཁ་རུ་ཚྭ་དང༌། ཚྭ་དམར་དང༌། རྒྱ་མཚོའི་ཚྭ་དང༌། བ་ཚྭའོ། །སྨན་ཁུའོ། །དེ་གང་ཞེ་ན། འདི་ལྟ་སྟེ། ཤིང་ཨ་མྲ་དང༌། ནིམ་པ་དང༌། ཀོ་ཤམ་དང༌། ཤི་རི་ཁ་དང༌། འཛམ་བུ་དག་གི་ཁུ་བའོ། །སྨན་ཁུ་དེ་ཇི་ཙམ་གྱིས་ཆོག་པར་བསྟེན་ནོ། །སྨན་ཁུ་དེ་བཀྲུས་ནས་ཀྱང་ཇི་ཙམ་གྱིས་ཆོག་པར་བསྟེན་ནོ། །མི་མཉེ་བ་ལ་ཉིན་གཅིག་ལ་ལན་ཅིག་བཀྲུའོ། །སྨན་ཁུ་རྣམ་པ་དེ་ལྟར་བསྟེན་ནོ། །སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མིན་ནོ། །དུག་སྨན་དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ། །ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་དང༌། གཅིན་དག་ནི་དུག་སྨན་དེ་ཞེས་བྱའོ། །ལྕི་བ་དང་གཅིན་ལ་སོགས་པ་དེ་དག་ནི་


DLL1002_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

དུག་ཟོས་པ་ལ་ཕན་ནོ། །དུག་སྨན་ཐལ་བའོ། །དེ་གང་ཞེ་ན། ཤིང་ཀན་ཙ་ན་དང༌། ཀ་པི་ལ་དང༌། ཨ་ཤྭད་ཐ་དང་། ཨུ་དུམ་བ་ར་དང༌། ནྱ་གྲོ་ཏ་རྣམས་ཀྱི་ཐལ་བའོ། །ཐལ་བ་དེ་དུག་ལ་ཕན་པའོ། །དུག་སྨན་གྱི་ས་ནི་སོར་བཞིའི་འོག་གི་ས་བཟང་ངོ༌། །དུག་སྨན་དེ་དགེ་བསྙེན་དད་པ་ཅན་ལ་བླང་ངོ༌། །དགེ་བསྙེན་དད་པ་ཅན་དེས་དུག་སྨན་དེའི་བྱིན་ལེན་བསྟབ་པར་བྱའོ། །གཉིས་པ་དུས་རུང་གི་སྨན་བསྟེན་ཚུལ་ནི། ཤའི་བདག་ཉིད་ཀྱི་སྨན་དེ་ཡང་དགེ་བསྙེན་དད་པ་ཅན་དེས་བྱིན་ལེན་བྱའོ། །ཤའི་སྨན་ཐམས་ཅད་དགེ་བསྙེན་དད་པ་ཅན་གྱིས་བཤན་པའི་གནས་ནས་བླང་ངོ༌། །དགེ་བསྙེན་དད་པ་ཅན་གྱིས་བཤན་པའི་གནས་ནས་ཤའི་སྨན་བླངས་པ་དེ་ནི་བྱ་བ་ཉིད་ཡིན་ནོ། །གལ་ཏེ་དུས་མིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན། ནས་ལས་བྱས་པའི་སྨན་དེའི་དོན་དུ་བ་གླང་རྒན་པོའི་ལྕི་བའི་ནང་ནས་བྱུང་བའི་ནས་ཀྱིས་ཆོག་པར་བྱའི། ནས་གཞན་དུས་མིན་པར་བཟའ་བར་མི་བྱའོ། །གལ་ཏེ་དུས་མིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན། དེའི་དོན་དུ་བ་ལང་རྒན་པོའི་ལྕི་བའི་ནང་གི་ནས་ཀྱིས་ཆོག་པར་བྱ་བ་དེ་ཡང་ནས་དེ་ལས་བྱས་པའི་སྐྱོ་མ་ཚགས་ཀྱིས་བཙགས་ན་དེས་ཆོག་པར་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་དུས་མིན་པར་ཤ་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན། མཚའ་དྲེད་མོའི་རྟུག་པའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱའི། ཤ་གཞན་དུས་མིན་པར་མི་བཟའོ། །གལ་ཏེ་ཤ་དེས་ཆོག་པར་བྱ་བ་དེ་ཡང་ཤ་དེ་ལས་བྱས་པའི་ཁུ་བ་ཚགས་ཀྱིས་བཙགས་ན་དེས་ཆོག་པར་བྱའི་གཞན་གྱིས་མིན་ནོ། །གསུམ་པ་སྨན་འདྲེས་པ་ལ་ཇི་ལྟར་བྱ་བ་ནི། སྨན་དུས་ཐུང་བ་གཞན་དང་བཅས་པ་དུས་རིང་པ་ལ་ཐུང་བ་དེ་ལྷག་པར་སྤྱད་པ་ཡོད་ན་དེའི་ཕྱིར་དུས་ཐུང་བ་དང་བཅས་པའི་ཕྱི་མ་ལ་ཟས་ཀྱི་ཚིག་སྔ་མས་འཇུག་པར་བྱའོ། །དེས་ན་དུས་རུང་དང་


DLL1002_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་ཐུན་ཚོད་དུ་རུང་བ་དུས་སུ་བཟའ་བར་བྱའི་ཐུན་ཚོད་དུ་ལོངས་སྤྱད་པར་མི་བྱ་བ་ལྟ་བུའོ། །དེ་སྨན་གཞན་དང་ཕྲད་ཀྱང་རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་གི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་པ་དེའི་ཕྱིར་གཞན་དང་མ་འདྲེས་པ་ལ་རང་གི་ཆོ་གས་རུང་བ་བྱ་བ་མི་འགྲུབ་པ་མ་ཡིན་ནོ། །བུ་རམ་སྒོང་བའི་ཕྱིར་འབྲས་ཕྱེའི་ནང་དུ་བཞག་པ་ནི་གོང་བུར་གྱུར་པ་ན་འབྲས་ཕྱེའི་བག་ཆགས་པ་ནི་ཆུས་བཀྲུ་བས་ཞག་བདུན་པ་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་བོ། །བུ་རམ་བསྐོལ་བའི་དུས་ན་འགོར་དང་ལིང་པོ་ཉིད་དུ་བྱ་བའི་ཕྱིར་འབྲས་ཕྱེ་ལ་སོགས་པའི་གཟུངས་ལྡུགས་པ་ནི་བུ་རམ་ཉིད་ཡིན་པས་ཞག་བདུན་པའོ། །བཞི་པ་བྱིན་གྱིས་བརླབས་པ་ནི། དགོས་པ་གསོག་འཇོག་གི་ལྟུང་བ་མི་འབྱུང་བ་དང༌། ཚེགས་ཆུང་བས་བདེ་བ་ལ་རེག་པར་གནས་པ་དང་བཅས་པའི་ས་མཚམས་ཟིན་པའོ། །བསྡུས་དོན་ལ་བརྒྱད་ལས། ཡུལ་ཆོས་བདུན་ལྡན་ནོ། །དངོས་པོ་སྨན་གསུམ་ལས་གང་ཡང་རུང་བ་རུང་བ་ཚད་ལྡན་རང་གི་ཡིན་པ་བྱིན་ལེན་དང་འབྲེལ་བ་སྔར་བྱིན་གྱིས་བརླབས་པ་ཆོ་ག་རྫོགས་པའོ། །རྟེན་བསྙེན་པར་རྫོགས་པའམ་དགེ་སློབ་མ་ཤེས་པ་རང་བཞིན་དུ་གནས་པ་ལུས་ཐ་མལ་བར་གནས་པ་གནས་ནས་མ་ཕྱུང་བ་ནད་པའམ་ལམ་ཞུགས་སོགས་གང་རུང་ངོ། །དུས་སྔ་དྲོའི་ཚེའོ། ཡུན་རང་རང་གི་དུས་ཀྱི་མཐའ་ཚུན་ཆད་གང་རུང་ངོ༌། །འཇིག་རྒྱུ་ནི་བྱིན་ལེན་འཇིག་རྒྱུ་རྣམས་དང༌། འཕེན་པ་ཟད་པའོ། །ཚིག་དོན་ནི། སྨན་ཞག་བདུན་པ་སོགས་སུ་བྱིན་གྱིས་བརླབས་པ་ལ་རང་དུས་མ་འདས་ཀྱི་བར་དུ་གསོག་འཇོག་གི་ཉེས་པ་མི་འབྱུང་སྟེ། དེ་བྱིན་གྱིས་བརླབས་པའི་དགོས་པ་ཡིན་པའི་ཕྱིར་རོ། །གང་ཟག་གང་གི་ཕྱིར་བྱིན་གྱིས་བརླབས་ན། ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་དང༌། འཚོ་བའི་བར་དུ་བཅང་བ་དག་ནད་པའི་ཆེད་དུ་ལོངས་སྤྱད་པའི་ཕྱིར་རང་རང་གི་དུས་ཀྱི་མཐའི་བར་དུ་


DLL1002_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབ་པའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན་ཚོད་དུ་རུང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་བགྱི་བ་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་བཟླས། ཐབས་ལེགས་བྱ། ཞག་བདུན་པ་དང༌། འཚོ་བཅང་ལ་ཡང་འདོན་པ་སྤོའོ། །གང་གི་ཚེ་བྱིན་གྱིས་བརླབ་ན། ཟས་སྔ་མ་གུང་ཚིགས་མ་ཡོལ་བའི་ཚེ་བྱིན་གྱིས་བརླབ། ཇི་ལྟར་ན། བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབ་བོ། །བྱིན་གྱིས་རློབ་པའི་ཚེ་བྱིན་ལེན་མ་བྱས་པ་དང་གསོག་འཇོག་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་ཏེ། བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་བྱིན་གྱིས་བརླབ་ཏུ་མི་རུང་བའི་ཕྱིར། བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་དང་འདྲེས་པ་བསྲུང་བར་བྱ་བ་དེའི་ཕྱིར་ལག་པ་གཉིས་བཀྲུ་ཞིང་བསྙལ་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབ་བོ། །ལག་ཉར་བླངས་པ་དང་གསོག་འཇོག་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ། །རྣམ་པ་ཐམས་ཅད་དུ་བྱིན་རླབས་ཅན་གྱི་སྨན་རང་གི་དུས་ཀྱི་མཐའི་བར་དུ་ལོངས་སྤྱད་དུ་རུང་ངམ་ཞེ་ན། རྒུན་ཆུ་དང་བུར་བཏུང་སོགས་བྱིན་རླབས་ཅན་གྱི་བཏུང་བ་རོ་མྱོས་པར་མི་འགྱུར་བ་ལས་མྱོས་པར་གྱུར་པ་དང༌། སླ་བ་བཞིན་སྣང་བ་ལས་མི་སྣང་བ་ཉིད་དུ་ཡོངས་སུ་གྱུར་ན། རང་དུས་ཀྱི་མདུན་རོལ་ཏུ་ཡང་ལོངས་སྤྱད་དུ་མི་རུང་སྟེ། དེའི་ཚེ་དངོས་པོ་གྱུར་ལ་དེ་གྱུར་པས་བྱིན་ལེན་དང་བྱིན་རླབས་མེད་པར་གྱུར་པའི་ཕྱིར་རོ། །ཊཱིཀྐར། གལ་ཏེ་རོ་དང་སླ་བ་གཉིས་ཀ་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ནོ། །རོ་འབའ་ཞིག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་


DLL1002_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །ཅི་སྟེ་སླ་བ་འབའ་ཞིག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ཏེ་བྱིན་ལེན་མ་བྱས་པའི་ཕྱིར་རོ་ཞེས་གསུངས། དེས་ན་རང་དུས་འདས་པའི་གསོག་འཇོག་བྱས་པ་དང་འདྲ་བ་ཉིད་ཡིན་ཏེ་བྱིན་རླབས་ཅན་གྱི་སྨན་ལོངས་སྤྱོད་རུང་ལོངས་སྤྱད་དུ་མི་རུང་བར་གྱུར་པའི་ཕྱིར་རོ། །འཚོ་བཅང་ལྟ་བུར་བྱིན་གྱིས་བརླབས་པ་འོག་མ་ཞག་བདུན་པ་ལ་སོགས་པ་དང་ལྷན་ཅིག་འདྲེས་པར་གྱུར་ན་ཡོངས་སུ་ལོངས་སྤྱད་པར་མི་བྱ་སྟེ། གསོག་འཇོག་ཏུ་གྱུར་པ་དང་འདྲ་བའི་ཕྱིར་རོ། །གཉིས་པ་དེ་ཉིད་མཚོན་བྱེད་དུ་བསྟན་པ་ནི། གོང་དུ་སྨན་གྱི་གོ་རིམ་བཞི་སྨོས་པ་ནི་དཔེ་ཙམ་དུ་ཟད་དོ། །གསུམ་པ་མཚོན་བྱའི་དོན་བཤད་པ་ལ་བཞི། མིག་སྨན་བསྟེན་པ་གཞན་དང་བཅས་པ། ཤའི་སྨན་བསྟེན་པ། ཆང་གི་སྨན་བསྟེན་པ། སྒོག་པའི་སྨན་བསྟེན་པའོ། །འཕངས་པ་གང་ཞེ་ན། མིག་སྨན་བསྟེེན་པར་བྱའོ། །སྨན་མིན་པ་སྒེག་པ་ལ་སོགས་པའི་དོན་དུ་མིག་སྨན་བསྟེན་པར་མི་བྱའོ། །མིག་སྨན་དེའི་སྣོད་ནི་གཞག་པར་རིགས་པའོ། །ཇི་ལྟ་བུ་ཞེ་ན། མིག་སྨན་སྐྱེར་ཁན་དེའི་སྣོད་ནི་ཟ་མ་ཏོག་གོ །མིག་སྨན་རིལ་ལུའི་སྣོད་ནི་སྒྱེའུའོ། །མིག་སྨན་དུ་བ་དང་སྦྲུས་པ་དང་མིག་སྨན་ཕྱེ་མ་རྣམས་ཀྱི་སྣོད་ནི་དོང་བུའོ། །མིག་སྨན་བཀུ་བའི་ཐུར་མ་བཅང་བར་བྱའོ། །ཟངས་མ་དང་ལྕགས་དག་གི་ཐུར་མ་བཟང་ངོ༌། །དེ་གཉིས་ཐམས་ཅད་དུ་བཟང་ངམ་ཞེ་ན། རང་འཁྲུངས་རང་བཞིན་གྱིས་གྲུབ་པ་དག་གམ། བཞུས་དེ་བླུགས་པ་དག་གོ །ནད་པས་སྨན་གཞུག་པའི་ཕྱིར་མཆན་ཁུག་བཅང་བར་བྱའོ། །དེ་ནི་ལྕུག་མ་སོགས་ལས་བྱས་པ། ཀོ་ལྤགས་ཀྱིས་བཅིངས་པ་རིམ་པ་རེ་རེ་ཡང་སྨན་ཐ་དད་པ་གཞུག་པའི་ཕྱིར་མིག་མང་པོ་ཡོད་ཅིང་བཅད་དུ་རུང་བའོ། །མཆན་ཁུག་དེར་སྨན་མིང་ཤོང་བ་ཉིད་ཡིན་ན། སྨན་གྱི་ཐུམ་པོ་དག་བུངས་སུ་བྱས་ཏེ་གཅིག་གི་སྟེང་


DLL1002_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གཅིག་བཅེར་བའམ་ཕྱི་ཐུམས་གཅིག་གིས་ཐུམ་བོར་བྱས་ཏེ་བཅེར་རོ། །སྨན་མཆན་ཁུག་ཏུ་བཅུག་པ་མི་འདྲུལ་བར་བྱ་བའི་ཕྱིར་དུས་དུས་སུ་བསྐམ་མོ། །གང་དུ་བསྐམ་ན། ཉི་གྲིབ་ལ་བསྐམ་མོ། །ཉི་མ་ཚ་བ་འབའ་ཞིག་ལ་བསྐམས་ན་ནི། སྨན་རྣམས་མཐུ་འབྲིའོ། །རླུང་དང་ཆར་པ་སོགས། སྨན་མ་རུངས་པར་འགྱུར་བའི་རྒྱུ་བྱུང་ན་དགེ་སློང་རང་གིས་བསྡུ་ཞིང་བྲུབ་པར་བྱའོ། །ཐམས་ཅད་དུའམ་ཞེ་ན། བསྙེན་པར་མ་རྫོགས་པ་མེད་ནའོ། །ནད་པས་སྨན་ཕོར་བཅང་བར་བྱའོ། །ནད་པས་སྨན་གྱི་ནལ་ཟེ་ཡང་བཅང་པར་བྱའོ། །ཟས་ཟས་པ་མིད་པར་ཐོགས་ནས་འགྲོར་མི་བཏུབ་པས་དེ་ཕུལ་བའི་ཕྱིར་སྐོམ་བཏུང་བའི་ཕོར་པ་སྣོད་ཆུང་ངུ་བཅང་ངོ༌། །ནད་པས་ལན་ཚྭ་བཅང་བར་བྱའོ། །ལན་ཚྭ་དེའི་སྣོད་ནི་རྭའི་སྦུབས་བཟང་ངོ༌། །རྭ་ཇི་ལྟ་བུ་ཞེ་ན། སྣུམ་སོགས་ཀྱི་དྲི་ང་བ་སྤང་བའི་ཕྱིར། ལྕི་བས་ཀུན་ནས་བསྐོལ་བར་བྱའོ། །ཁ་དགབ་དེ་མེད་པའི་ཉེས་པ་རྫས་མ་རུངས་པར་མི་འགྱུར་བར་བྱ་བའི་ཕྱིར་ཁ་བཀབ་གཞུག་གོ །ཅི་ལས་བྱས་པ་ཞེ་ན། རྭ་ལྕི་བས་ཀུན་ནས་བསྐོལ་བ་དེ་ཉིད་ལ་བྱས་པའོ། །ནད་པས་ལག་པ་བསྙལ་པ་ལ་སོགས་པའི་ཆེད་དུ་དྲིས་བསྒོས་པའི་ས་བཅང་ངོ༌། །ཡང་ནད་པས་ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་གར་བུ་བཅང་ངོ༌། །ནད་པས་བཅང་བ་དེ་ནི་ན་མི་ན་ཐམས་ཅད་ཀྱིས་སྤྱད་པར་བྱའོ། །ལྕགས་ཀྱི་གར་བུ་བསྲེགས་པ་གདེག་པའི་ཕྱིར་གར་བུ་དེ་ལ་ལྕགས་ཐག་གདགས་སོ། །ལྕགས་ཐག་ཚ་བའི་དུས་ནས་གཤེར་བས་ལྕགས་ཐག་དེ་མནན་ནོ། །ལྕགས་ཀྱི་གར་བུ་བསྲེགས་པ་ན་དེ་ལ་ཟས་དང་འབགས་པའི་གནས་མེད་དོ། །དེར་བཏུང་བར་བྱ་བ་སོགས་ཀྱི་ཆུ་རུང་བ་སྔར་བསྲོའོ། །ཆབ་ཁུང་སོགས་སུ་ཁྲུས་བྱ་བའི་ཕྱིར་ལོངས་སྤྱད་པའི་ཆུ་ཕྱིས་བསྲོའོ། །ནད་པས་འདོམས་ཀྱི་གསོ་བ་མེས་བཏང་བ་སོགས་བསྟེན་


DLL1002_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཐབས་གཞན་གྱིས་ནད་དེ་འཚོ་བར་ནུས་པ་ཉིད་ཡིན་ན་འདོམས་ཀྱི་གསོ་བ་བསྟེན་པ་དེ་ལ་ཉེས་པ་སྦོམ་པོའོ། །འདོམས་ཀྱི་གསོ་བ་འདི་ལ་ཟངས་མའམ། འཁར་བའི་སྦུ་གུ་བཟང་གི་ལྕགས་ཀྱི་ནི་མི་རུང་ངོ༌། །མཚོན་གྱིས་གསོ་བ་ཡང་འདོམས་ཀྱི་གསོ་བ་དེ་དང་འདྲ་བར་གཞན་གྱིས་འཚོ་བར་མི་ནུས་ན་བསྟེན་ཅིང་ནུས་ན་སྦོམ་པོའོ། །དགེ་སློང་གི་གདོང་ནི་མེ་ལོང་དང་འདྲ་བས་གདོང་དུ་རྩའི་རྒྱུན་ལས་གཞན་པར་མཚོན་གྱིས་གསོ་བ་དེ་མི་བསྟེན་ནོ། །གཞང་འབྲུམ་གཅད་པར་མི་བྱའོ། །གདོང་དུ་ཚོན་གྱི་ལས་བྱེད་པ་དང༌། གཞང་འབྲུམ་གཅོད་པ་ལ་སྦོམ་པོའོ། །མཚོན་ལས་གཞན་པས་ཀྱང་གཞང་འབྲུམ་མི་བཅད་དེ། གཞང་འབྲུམ་དེ་ནི་གསང་སྔགས་དང་སྨན་དག་གིས་གསོའོ། །གཞང་འབྲུམ་དེ་ཞེ་འབྲས་པ་གཞན་གསོར་མི་འཇུག་གོ །ནད་གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མིན་ནོ། །ནད་གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་དང་གསོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ། །གློ་ལུ་བ་གསོ་བའི་ཕྱིར་སྨན་གྱི་རེང་བུའི་དུ་བ་བརྔུབ་པར་བྱའོ། །རེང་བུའི་དུ་བ་བརྔུབ་པ་དེ་ནི་སྨན་གཅེའུས་འགྲུབ་བོ། །སྨན་གཅེའུ་དེ་ལྕགས་ལས་བྱའོ། །སྨན་གཅེའུ་དེ་སྲིད་དུ་སོར་བཅུ་གཉིས་པ་བཟང་ངོ༌། །སྨན་གཅེའུའི་སྦུབས་རྣོ་བ་དང་རྩུབ་པར་མི་བྱའོ། །སྨན་གཅེའུ་དེ་ཞུན་མར་རམ་འབྲུ་མར་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ །ཤུབས་དེ་ནི་ཟུང་བའམ་ཆོས་གོས་ཀྱི་གདང་བུ་ལ་གཞག་གོ །གཅེའུ་དེ་དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་གོ །ཆམ་པ་གསོ་བའི་ཕྱིར་སྣར་བླུག་པའི་ལས་བྱའོ། །སྣར་བླུག་པའི་ལས་དེ་སྣར་བླུག་པའི་སྤྱད་ཀྱིས་འགྲུབ་བོ། །སྣར་བླུག་པའི་སྤྱད་དེ་ནི་ཁ་བྲག་མཆུ་གཉིས་པ་མི་རྣོ་བ་བཟང་ངོ༌། །སྣར་བླུག་པའི་སྤྱད་དེ་བྱའོ། །གཉིས་པ་ནི། སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ། །ཤ་རློན་པ་དེ་ཟ་མི་ནུས་ན་དེ་ཟར་གཞུག་པའི་ཐབས་


DLL1002_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ཤ་རློན་པ་ཡིན་པ་མི་ཤེས་པར་བྱ་བའི་ཕྱིར་རས་ཀྱིས་མིག་གཉིས་དགབ་ལ་ཁར་སྙོད་དོ། །མི་རྒལ་བ་སྐྱུག་མི་བྲོ་བར་བྱ་བའི་ཕྱིར་དྲི་ཞིམ་པོས་ཤ་རློན་པ་ལ་བསྒོའོ། །ཤ་རློན་གྱི་དུམ་དྲུགས་སོགས་ཤན་མེད་པ་ཉིད་ནི་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་བཞག་སྟེ་མིག་རས་ཀྱིས་གཡོགས་པ་དགྲོལ་ལོ། །ཤ་རློན་དེ་སྨན་གྱི་དོན་ལས་གཞན་གསང་སྔགས་བསྒྲུབ་པ་ལ་སོགས་པའི་དོན་དུ་ཟ་ན་དགེ་འདུན་དབྱེན་གྱི་ཁོངས་སུ་གཏོགས་པའི་སྦོམ་པོ་སྟེ། བདག་ཉིད་འདྲེའི་ཁོངས་སུ་གཏོགས་པར་བྱེད་པའི་ཕྱིར་རོ། །མིའི་ཤ་ནི་སྨན་དང་སྨན་མིན་པའི་དོན་ཐམས་ཅད་དུ་ཟོས་ན་ཉེས་པ་སྦོམ་པོའོ། །ཟ་བ་པོའི་ཕྱིར་ཤ་བསྔོས་པར་ཟ་བ་པོས་མཐོང་ཐོས་དོགས་པས་ཤེས་ན་བཟའ་བར་མི་བྱའོ། །དེས་ན་རབ་བྱུང་རྣམས་ཀྱིས་བཤན་པའི་གནས་སམ་ཚོང་འདུས་ནས་ཤ་རུང་བ་དགེ་བསྙེན་དད་པ་ཅན་གྱི་བླངས་ཏེ་བཟའ་བར་གནང་ངོ༌། །སྟག་གི་གོད་མའི་ཤ་མི་བཟའ་སྟེ། དེ་ནི་ལྟོས་པ་དང་བཅས་པའི་ཕྱིར་བཀག་གོ །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་ཤ་མི་བཟའོ། །རྟ་དང་བོང་བུ་ལ་སོགས་པའི་རྨིག་གཅིག་པ་དང༌། ལྦ་དང་སྤྲེའུ་དང༌། བྱ་ཤིང་རྟ་མོ་དང༌། ཁྭ་དང་བྱ་རོག་དང་བྱ་རྒོད་དང༌། ཆུ་སྐྱར་དང༌། ཁྱི་དང༌། བྱི་ཁྲ་དང༌། འུག་པ་དང༌། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང༌། བྱ་གར་དང༌། ཕ་ལྦང་དང༌། ཆུ་དང་སྐམ་ལ་གནས་པའི་སྐྱིན་ཀོར། །སྦལ་བ་དང༌། དྲེའུ་སྲིན་ས་ལས་སྐྱེས་པའི་སྲིན་རིང་པོ་དང༌། སྲིན་བུ་པད་པ་ལ་སོགས་པ་རྣམས་ཀྱི་ཡང་ཤ་ཤེས་ན་མི་བཟའོ། །རབ་བྱུང་རྣམས་ལ་སྦྱིན་བདག་གིས་ཤའི་བྱིན་ལེན་སྟོབས་པ་ལ་ཟ་བ་པོས་འདི་དགེ་སློང་གིས་བཟའ་མི་རུང་པའི་ཤ་བཅད་པ་མི་ཤ་ལ་སོགས་པ་ལས་བྱུང་བ་མིན་ནམ་ཞེས་དྲི་བར་བྱ་ཞིང་དེ་དག་མིན་ན་བཟའོ། །ཚིག་དེ་ནི་མཚོན་པ་ཙམ་སྟེ། འདི་


DLL1002_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཤ་ཡིན་ཞེས་དྲིས་ན་གཞན་མ་སྨོས་ཀྱང་ཉེས་པ་མེད་དོ། །ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲིའོ། །དང་པོས་དྲི་བ་ཉམས་ན་དེའི་འོག་མས་དྲིའོ། །རབ་ཏུ་བྱུང་བས་གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱའོ། །ཤ་དང་འོ་མ་རུང་བ་མིན་པས་པགས་པ་བསྐུ་བ་དང་རྨ་བསྐུ་བ་དང༌། སྣར་བླུག་པ་དང༌། མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ། །གསུམ་པ་ཆང་གི་སྨན་བསྟེན་པ་ནི། ནད་པས་ནི་ཞུན་མར་དང༌། འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་ཡིན་གྱི། དེ་དག་དང་འདྲེས་པའི་ཆང་བཏུང་དུ་རུང་བ་ནི་མིན་ནོ། །ཆང་དེ་ཡང་ཆང་མིན་པ་ཉིད་དུ་གྱུར་ན་ཐམས་ཅད་ལ་ཉེས་པ་མེད་དོ། །ཆང་མིན་པ་དེ་ནི་བསྐོལ་བ་ལས་འགྲུབ་བོ། །ཆང་དེ་ནི་ནས་བརྔོས་པས་བཏབ་ཅིང་སྣོད་དང་བཅས་པར་སའི་ནང་དུ་བཅུག་ན་ཚྭ་ཉིད་དུ་འགྱུར་རོ། །རྒུན་གྱི་ཁུ་བ་ནི་བཙིར་མ་ཐག་ཏུ་བསྐོལ་ན་ཡུན་རིང་དུ་བཞག་ཀྱང་ཆང་ཉིད་དུ་མི་འགྱུར་རོ། །ཏིལ་ལ་ཏིལ་མར་ཐ་དད་པ་ཉིད་མིན་པ་ཉིད་ལ་ནི་ཏིལ་ལ་ཏིལ་མར་ཡོད་པ་ཉིད་མིན་པས། ཏིལ་ལ་བྱིན་ལེན་བྱས་པས་ཏིལ་མར་བྱིན་ལེན་བྱས་པར་མི་འགྱུར་ལ། ཏིལ་བྱིན་ལེན་བྱས་པ་བཟར་རུང་གི །ཏིལ་བཙགས་པའི་མར་ནི་གཟོད་བྱིན་ལེན་བྱ་དགོས་སོ། །རྫས་རུང་བ་མིན་པ་དང་འབགས་ཏེ་བག་ཆགས་སུ་གྱུར་པ་ཉིད་ནི་རུང་བ་མིན་པ་ཉིད་དེ་ཡོད་པས་བཟའ་བྱ་མིན་ནོ། །ཆང་འདོད་པའི་སྲེད་པ་ཡོད་ན། ཆང་གི་སྲེད་པ་དེ་དང་བྲལ་བར་བྱ་བའི་ཕྱིར། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་དྲིས་བསྒོས་པ་ཆུ་དང་སྦྱར་བ་བཏུང་བའོ། །ཇི་ལྟར་དྲིས་བསྒོ་ཞེ་ན། ཆང་དང་བཅས་པའི་སྣོད་དུ་སྨན་གྱི་ཕྱེ་མ་དེ། སྦྱངས་ཏེ་བཞག་པས་བསྒོ་བར་བྱའོ། །སྨན་གྱི་ཕྱེ་མ་དེ་ཆང་དང་རེག་པ་བསྲུང་ངོ༌། །རེག་པ་བསྲུང་དགོས་པ་དེའི་ཕྱིར་ཆང་གི་སྣོད་ཆང་གིས་མ་གང་བ་ཆང་གྱེན་དུ་ལྡུད་


DLL1002_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཤུགས་དང་བྲལ་བ་ཉིད་དུ་གཞག་གོ །གཞན་དུ་ན་ཆང་གྱེན་དུ་ལྡུད་པས་རེག་པར་འགྱུར་བའི་ཕྱིར་རོ། །ཕྱེ་མ་ཆང་དང་རེག་པ་སྲུང་བར་བྱེད་པ་དེ་བཞིན་དུ་རྫས་གང་གིས་བཏུང་བ་དེ་རོ་མེད་པར་བྱེད་པ་བསྲུང་བ་དང༌། དུས་མིན་པར་བཏུང་བ་ལ་ནི་ཟས་དང་རེག་པ་ཡང་བསྲུང་ངོ༌། །བཏུང་བ་དེ་ཟས་དང་རེག་པ་བསྲུང་བ་དེ་མཛེས་པ་ཡང་བཟང་བའོ། །མཛེས་པ་བཟང་བ་དེའི་ཕྱིར་རས་མ་དཀར་པོས་བཙག་པར་བྱའོ། །ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ༌། །དགེ་བསྙེན་ཡན་ཆད་ཆོས་འདི་པ་ཐམས་ཅད་ཀྱིས་ཆང་མི་བླུད་དོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་བཀག་པ་ལ་ནད་གསོ་བའི་དོན་ཉིད་ནི་མ་གཏོགས་ཞེས་བྱ་བའི་ལྷག་མ་ནི་མྱོས་འགྱུར་འཐུང་བ་བཀག་པ་འདི་ཡིན་ནོ། །འདི་ནི་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་སྡིག་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་པའི་ཕྱིར་དེ་ལ་དམིགས་བསལ་མེད་དོ། །བཞི་པ་སྒོག་པའི་སྨན་བསྟེན་པ་ནི། སྒོག་སྐྱ་དང་ཀུན་དོང་དང༌། ཀེའུ་དག་བཟའ་བར་མི་བྱའོ། །ནད་པས་ནི་སྒོག་སྐྱ་ལ་སོགས་པ་དབེན་པའི་ཕྱོགས་སུ་བཟའོ། །ནད་པས་དབེན་པའི་ཕྱོགས་སུ་སྒོག་སྐྱ་ལ་སོགས་པ་ཟོས་ནས་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ནི་ཞག་གསུམ། ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །སྒོག་པ་ཟོས་ནས་དགེ་འདུན་གྱི་གནས་མལ་ལ་སྤྱད་པར་མི་བྱའོ། །དགེ་འདུན་གྱི་བཤང་བའི་སར་འཇུག་པར་མི་བྱའོ། །དགེ་འདུན་གྱི་གཅི་བའི་སར་འཇུག་པར་མི་བྱའོ། །སྒོག་སྐྱ་ལ་སོགས་པ་ཟོས་པས་དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ། །དེས་མཆོད་རྟེན་གྱི་ཉེ་འཁོར་དུ་འགྲོ་བར་མི་བྱའོ། །ཉེ་འཁོར་དེའི་ཐག་ནི་འདོམ་གང་བའོ། །སྒོག་སྐྱ་ལ་སོགས་པ་ཟོས་པས་ཁྱིམ་པ་དག་


DLL1002_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་བསྟན་པར་མི་བྱའོ། །ཁྱིམ་པའི་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །སྐྱེ་བོས་གང་བའི་ཕྱོགས་སུ་འགྲོ་བར་མི་བྱའོ། །སྒོག་སྐྱ་ལ་སོགས་པ་བསྟེན་དགོས་པ་གྲུབ་ཟིན་ནས་འཇུག་ཏུ་ཁྲུས་བྱའོ། །སྒོག་སྐྱ་ལ་སོགས་པ་བསྟེན་པའི་གོས་དག་གི་དྲི་མ་ནི་བཀྲུ་བ་དང་དུ་བ་དག་གིས་བསལ་ལོ། །བཞི་པ་རུང་ཁང་བློ་མཐུན་བྱ་བའི་ཚུལ་ལ་ལྔ། དགོས་པ། གཞི། དུས། ཆོ་ག །རུང་ཁང་གི་བྱེད་པའོ། །དང་པོ་ནི། མཚམས་བཙོས་སོགས་བཀག་ན་ཇི་ལྟར་བྱ་ཞེ་ན། གཙུག་ལག་ཁང་གི་ནང་དུ་རུང་བ་ཉིད་དུ་བྱིན་གྱིས་བརླབས་པའི་ཁང་པར་བཙོས་པ་དང་ཞག་ལོན་པར་གནས་པ་དག་ནི་གནས་ཀྱི་ཉེ་འཁོར་འདོམ་གང་དང་བཅས་པ་ནས་ཕྱི་རོལ་ཏུ་བཙོས་པ་དང་ཞག་ལོན་པ་ལ་ཉེས་པ་མེད་པ་དང་འདྲ་བར་ཞག་ལོན་དང་མཚམས་བཙོས་ཀྱི་ཉེས་པ་མེད་པ་དེས་ན། རུང་ཁང་བྱིན་གྱིས་བརླབ་པར་བྱའོ། །གཉིས་པ་ནི། གཞི་གང་དུ་བྱིན་གྱིས་རློབ་ཅེ་ན། ཤིང་དྲུང་དང༌། གླང་པོ་ཆེའི་ར་བ་དང༌། མུ་སྟེགས་ཅན་གྱི་འདུག་གནས་དང༌། རྒྱལ་པོའི་ཕོ་བྲང་དང༌། དགེ་སློང་མའི་དབྱར་ཁང་དང༌། གཙུག་ལག་ཁང་གི་བང་རིམ་དང༌། སྒོ་ཁང་དང༌། ཁྱམས་དང༌། སྲོ་ཁང་དང༌། སྤོང་སའི་ར་བ་དག་ཏུ་རུང་ཁང་བྱིན་རླབས་མི་བྱའོ། །དེ་དག་ཏུ་གཏུམ་གླང་ཅན་དང༌། སྙོན་ཐབས་མཁན་དང༌། ཟིལ་གྱིས་གནོན་པ་དག་སྤང་བའི་ཕྱིར་རོ། །གཞུང་ཁ་ཅིག་ལས། བླ་གབ་མེད་པ་དང༌། མེ་ཁང་དང༌། མཆོད་རྟེན་གྱི་གཞི་དང༌། ཁྱིམ་བདག་གི་གཞིར་ཡང་རུང་ཁང་བློ་མཐུན་མི་བྱ་ཞེས་འབྱུང༌། ཤིང་དྲུང་སོགས་དང་བླ་གབ་མེད་པ་སོགས་དེར་འབྲས་ཆན་སོགས་གཡོས་དང༌། དེ་ལས་གཞན་པའི་བཙོ་བ་ཡང་མི་བྱའོ། །དེ་དག་ཏུ་ཚོས་ཟིན་པའི་བྱི་དོར་ཡང་མི་བྱའོ། །གསུམ་པ་ནི། རུང་བའི་ཁང་པ་བྱིན་གྱིས་རློབ་པ་འདི་ལ་དུས་བཞི་ཡོད་དོ། །བཞི་གང་ཞེ་ན། རུང་ཁང་


DLL1002_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བརྩིག་པའི་ཕྱིར། དང་པོ་སོ་ཕག་འགྲེམས་པ་ནི་བྱིན་གྱིས་རློབ་པའི་དུས་གཅིག་ཡིན་ནོ། །དུས་ཕྱིས་སོ་ཕག་བཀྲམ་པའི་འོག་ཏུ་མཁར་ལན་གྱི་ལས་མ་རྫོགས་ཤིང་ལས་གསར་པ་དང་བཅས་པའི་མཇུག་ཡོད་པའི་བར་ནི། དུས་གཞན་གཅིག་ཡིན་ནོ། །ལས་གསར་པ་མཐར་ཕྱིན་པའི་འོག་ཏུ་གཞན་གྱི་ཚེ་གནས་དེར་ཇི་སྲིད་དགེ་སློང་གནས་པ་ཉིད་དང་མ་བྲལ་བའི་བར་ཡང་དུས་གཅིག་ཡིན་ནོ། །གནས་དེ་ན་དགེ་སློང་སྔར་གནས་པ་དེ་དག་མེད་པ་ན་དེར་གནས་པའི་ཕྱིར་དགེ་སློང་གཞན་དག་ཕྱིན་པའི་དུས་དེ་ཡང་དུས་གཅིག་ཡིན་ནོ། །དུས་བཞི་པོ་དེ་དག་གང་ཡང་རུང་བར་བྱིན་གྱིས་བརླབས་པས་ཆོག་གིས། རུང་ཁང་གཅིག་ལ་དུས་བཞི་ཆར་དུ་བྱིན་གྱིས་བརླབ་མི་དགོས་སོ། །དགེ་སློང་དག་ཕྱིན་པའི་དུས་ཚིགས་ཅིས་བཟུང་ཞེ་ན། དེ་དག་གིས་ཕྱིན་པའི་བྱ་བ་ལས་གཞན་ཆུ་བཙགས་པ་དང༌། གཙུག་ལག་ཁང་སྒོ་བ་སོགས་ཀྱི་བྱ་བ་མ་བརྩམས་པ་དང༌། སྟན་ལ་འདུག་པ་ལ་སོགས་པའི་ངལ་བསོ་བ་མ་བྱས་པ་ཚུལ་ཆད་ནི་དེ་ཉིད་དོ། །བཞི་པ་ནི། དུས་བཞི་པོ་ཐམས་ཅད་ལ་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་རུང་ཁང་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང༌། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ།


DLL1002_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་ན་ཚེ་དང་ལྡན་པ་གང་དག་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེ་འཁོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ་འདི་ལྟར་ཅང་མི་གསུངས་པས་དེ་དེ་བཞིན་དུ་འཛིན་ཏོ། །གནས་ཐམས་ཅད་བགྱིས་པ་དང་ལགས་པ་ལ་འདོན་པ་སྤོའོ། །བྱིན་གྱིས་བརླབས་པའི་དུས་དང་པོ་སོ་ཕག་འགྲེམས་པ་དང་ཕྱིས་ལས་གསར་པ་དང་བཅས་པ་གཉིས་ལ་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་ངོ༌། །གང་ཟག་ཇི་ལྟ་བུས་ཤེ་ན། ལག་གི་བླས་སོ། །དེས་ཇི་ལྟར་བྱིན་གྱིས་བརླབ་ན། ལག་གི་བླས་དང་པོ་རྡོ་འདེགས་པ་ན། གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ་སྙམ་དུ་བསྐྱེད་ཅིང༌། ཚིག་ཏུ་ཡང་དེ་སྐད་བརྗོད་པས་སོ། །དུས་དང་པོར་བྱིན་གྱིས་བརླབས་པའི་རུང་ཁང་འདིའི་མིང་རྡོ་བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །དུས་གཉིས་པ་ཕྱིས་ལས་གསར་པ་དང་བཅས་པའི་དུས་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་གིས་ཚེ་དང་ལྡན་པ་དག་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་སྡུས་ཤིག་སེམས་སྡུས་ཤིག་ཅེས་བརྗོད་ཅིང༌། སེམས་བསྡུ་བས་བྱིན་


DLL1002_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བརླབ་བོ། །དེ་ལྟར་བྱིན་གྱིས་བརླབས་པའི་རུང་ཁང་འདིའི་མིང་སེམས་བསྡུས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །བྱིན་གྱིས་བརླབ་པའི་དུས་གསུམ་པ་དགེ་སློང་གནས་པ་དང་མ་བྲལ་བ་ལ་ནི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཁོ་ནས་བྱིན་གྱིས་བརླབ་བོ། །དེ་ལྟར་བྱིན་གྱིས་བརླབ་པའི་རུང་ཁང་འདིའི་མིང་ལས་ཀྱི་མཐའ་ལས་བྱུང་བ་ཞེས་བྱའོ། །དུས་བཞི་པ་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའི་དུས་ལ་ནི། དགེ་སློང་གསུམ་ལ་སོགས་པ་དེར་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་རོ་ཞེས་རུང་བའི་ཁང་པ་ཉིད་དུ་བསྒྲགས་པའི་ཚིག་ཅིག་ཅར་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ལྟར་བྱིན་གྱིས་བརླབ་པའི་རུང་ཁང་འདིའི་མིང་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །ཆེད་དུ་མ་བསམས་པར་བྱུང་བ་ཡིན་པས་ན་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །ལྔ་པ་ནི། རུང་ཁང་གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་ནང་དུ་བཙོ་བ་དང་ནང་དུ་ཞག་ལོན་པ་དག་བྱེད་པ་ལ་མི་མཛེས་པ་མེད་དོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པའི་རུང་ཁང་འདིའི་མིང་བ་ལང་གི་གནས་ལྟ་བུ་ཞེས་བྱ་སྟེ། རུང་ཁང་གཅིག་ལ་གཙུག་ལག་ཁང་མང་པོ་བ་ལང་ལྟར་ཁ་ཐ་དད་པ་དག་ནས་འཁོད་པས་སོ། །བ་ལང་གི་གནས་ལྟ་བུའི་རུང་ཁང་དེ་ནི་གཙུག་ལག་ཁང་གི་གནས་འབྲེལ་མེད་ཐ་དད་པར་གྱུར་པ་དག་གིས་རུང་ཁང་ཉིད་དུ་མ་བསྟན་ཏེ། གཙུག་ལག་ཁང་གི་གནས་འབྲེལ་བས་བྱིན་གྱིས་བརླབས་པའི་རུང་ཁང་ཡིན་པའི་ཕྱིར། གཞུང་སྔ་མ་ནི། མཚམས་གཅིག་གི་གཙུག་ལག་ཁང་དུ་མ་ལ་དགོངས་སོ། །ལྔ་པ་ཕོངས་པའི་དུས་ཀྱི་དམིགས་བསལ་ནི། འོག་ནས་པདྨའོ། །ཞེས་འབྱུང་བ་ཡན་ཆད། འདི་མན་ཆད་དུ་སྨོས་པ་རྣམས་མུ་


DLL1002_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཚེ་གནང་བ་ཡིན་གྱི། གཞན་དུ་མ་གནང་བར་ཤེས་པར་བྱའོ། །མུ་གེའི་ཚེ། དགེ་སློང་གིས་བཙོས་པ་དང༌། ལག་ཉར་བླངས་པ་བྱིན་ལེན་མ་བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལོན་པའོ། །སྔ་དྲོ་བའི་ཟས་སོ། །དེ་དག་ནི་སྤངས་ཟ་དང་ཡང་ཡང་ཟ་བ་གནང་བའོ། །ཐུག་པ་དང་སྐྱོ་མ་ལ་སོགས་པའི་བཏུང་བ་ནི། མུ་གེ་དང་ལོ་ལེགས་པའི་དུས་ཐམས་ཅད་དུ་སྤངས་ཟ་དང་ཡང་ཡང་ཟ་བ་གནང་ངོ༌། །སྔར་བྱིན་ལེན་བྱས་པ་སྤངས་ཏེ། ལངས་པས་བཟའ་བར་བྱའོ། །འདི་ནི་སྤངས་ཟའི་དམིགས་བསལ་ལོ། །སྤངས་པས་བྱིན་ལེན་བྱ་བ་དེ་བླང་བའི་ཕྱིར་ལྡང་བར་བྱའོ། །འདི་ནི་ཟས་བརྩམས་པས་ལྡང་བར་མི་བྱའོ། །ཞེས་བྱ་བ་བག་ཡངས་སུ་བྱ་བའོ། །བཟའ་བའི་ཕྱིར་སྟ་གོན་བྱས་པ་དེ་ལས་ལྷག་མ་ཡོད་པ་དགེ་སློང་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །མགྲོན་དུ་བོས་པས་ན་ཟས་ཀྱི་ལྷག་མ་གནས་སུ་བཞག་སྟེ་སོང་བ་ན། སྦྱིན་བདག་གིས་འདི་བྱེད་ལ་བསྟབས་པ་ལགས་ཀྱི་བཞེས་ཤིག་ཅེས་པ་ནི། མངོན་པར་བསྒྲུབས་པ་ཕུལ་བ་ཡིན་པས་བཟའོ། །ལྷག་མ་དེ་བསྒྲུབ་པས་དེ་དྲང་བར་བྱའོ། །ནགས་ཀྱི་རུས་པ་ཤིང་ཐོག་རུས་པ་ཅན་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །ནགས་ཀྱི་རུས་པ་དེ་གང་ཞེ་ན། འདི་ལྟ་སྟེ། རྒུན་དང་བལ་པ་སེའུ་དང༌། འབྲ་ཀོ་དང༌། སྟར་ཀ་དང༌། བཱ་ཏཱ་མ་དང༌། ཀུ་རུ་མ་ཡི་ཀ་དང༌། ཁམ་བུ་དང༌། རྒྱ་ཤུག་དང༌། སར་དག་ནི་ནགས་ཀྱི་རུས་པ་དེ་ཞེས་བྱའོ། །པདྨ་ཡང་ནགས་ཀྱི་རུས་པ་ཡིན་པས་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །པདྨ་དེ་གང་ཞེ་ན། འདི་ལྟ་སྟེ། པདྨའི་རྩ་བ་དང༌། པདྨའི་རྩ་ལག་དང༌། འབེ་ཏ་དང༌། ཨུཏྤ་ལའི་རྩ་བ་དང༌། པདྨའི་སྙིང་པོ་ས་བོན་དག་ནི་པདྨ་དེ་ཞེས་བྱའོ། །གཞིར་གཏོགས་པའི་སྨན་གྱི་གཞིའོ། །གཉིས་པ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་ལ་གསུམ། ཟས་


DLL1002_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུ་འདུ་བའི་སྐབས་བསྒྲུབ་པ། ཟས་བསྟེན་ཚུལ་དངོས། ཟས་ཀྱི་རྒྱུ་མཐུན་ཟག་པ་འདོར་ཚུལ་ལོ། །དང་པོ་ནི། བཀྲེས་སྐོམ་ནི་ནད་དང་འདྲ་སྟེ། ལུས་ལ་གནོད་པར་བྱེད་པའི་ཕྱིར་རོ། །དེས་ན་དེ་དག་གི་གཉེན་པོར་གྱུར་པ་འཚོ་བ་ཙམ་སྒྲུབ་པར་བྱེད་པས་བཟའ་བཏུང་གི་རང་བཞིན་དུས་རུང་གི་སྨན་འདུ་བའི་སྒོ་བསྒྲུབ་པ་ནི། རྗེ་དཔོན་བློན་པོ་ཡུལ་འཁོར་རྫོང༌། །མཛོད་དང་དཔུང་དང་མཛའ་བཤེས་ཀྱི། །ཡན་ལག་བདུན་ལྡན་རྒྱལ་སྲིད་དེ། །སེམས་ཅན་བློ་ལ་བརྟན་པ་ཡིན། །ཞེས་པའི་རྒྱལ་སྲིད་དང༌། རྒྱལ་སྲིད་དེའི་ཕྱེད་འབུལ་ན་དགེ་འདུན་ནམ་གང་ཟག་གིས་ནོད་པར་མི་བྱའོ། །རྒྱལ་པོ་ལ་སོགས་པས་དགེ་འདུན་གྱི་ཆེད་དུ་ཕུལ་བའི་གྲོང་ནོད་པར་བྱའོ། །གྲོང་གི་ཡུལ་ཞིང་ཡང་ནོད་པར་བྱའོ། །དགེ་འདུན་ལ་ཕུལ་བའི་ཞིང་དེ་ཡལ་བར་མི་དོར་རོ། །ཞིང་དེའི་ཐོག་ཤས་ནོད་དོ། །ཞིང་གི་ཐོག་ཤས་ཞིང་པ་བཙལ་བར་བྱའོ། །ཞིང་པ་གང་གིས་དགེ་འདུན་གྱི་ཞིང་རྨོས་པས་ཞིང་དེའི་ཐོག་ཤས་ཀྱི་ཆ་དེ་དགེ་འདུན་ལ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ། །ནམ་གྱི་ཚེ་ཞེ་ན། ཞིང་པ་བདག་ཉིད་ཀྱི་ཐོག་ཤས་པས་དང་པོར་དགེ་འདུན་གྱི་ཐོག་ཤས་དབུལ་ལོ། །དགེ་འདུན་གྱི་ཐོག་ཤས་ནོད་པ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ། །གཙུག་ལག་ཁང་གང་ན་འདུ་བ་ཡོང་སྒོ་དང༌། འགོད་པ་འགྲོ་སྒོ་དང༌། དེ་གཉིས་ལས་གང་ཡང་རུང་བ་མི་མངོན་པས། རྩིས་གདབ་པར་མི་བྱའོ། །དེ་ལས་གཞན་གཙུག་ལག་ཁང་གང་ན་འདུ་འགོད་ཀྱི་རྩིས་བྱ་དགོས་ཤིང་མངོན་པ་ལ་ནི་དགེ་སློང་གིས་དེ་ལ་དྲན་པ་དང༌། ཤེས་བཞིན་སྔོན་དུ་བཏང་སྟེ་འཇུག་པར་བྱའོ། །དགེ་འདུན་གྱི་ཆེད་དུ་ཡོན་བདག་གིས་གཡོག་ཕུལ་ན་ཉེ་བར་བཞག་གོ །ལྷ་འབངས་ཀྱི་ཁྱིམ་གང་ནས་གཙུག་ལག་ཁང་དུ་


DLL1002_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཐ་མལ་པའི་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་ཁྱིམ་བྱེད་དུ་གཞུག་གོ །གཙུག་ལག་ཁང་དུ་ལྷ་འབངས་དང་རྩེ་རྒོད་སོགས་ལས་བྱ་བའི་ཕྱིར་ཇི་སྙེད་དགོས་པ་འཇུག་པར་བྱའི་རིལ་གྱིས་མི་འཇུག་གོ །དགེ་འདུན་གྱི་གཡོག་དེ་དག་ལ་ཟས་དང་གོས་སྦྱིན་པར་བྱའོ། །ཐམས་ཅད་དུའམ་ཞེ་ན། གལ་ཏེ་དེ་དག་ལས་བྱེད་ན་ཟས་གོས་སྦྱིན་གྱི་གཞན་དུ་མིན་ནོ། །གཡོག་ན་བ་རྣམས་ལ་སྨན་སྟེར་བ་ལ་སོགས་པའི་གཡོག་བྱའོ། །བ་ལང་དང་མ་ཧེ་དང་ར་དང་ལུག་དང་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་ཙམ་པ་དང༌། སྣོད་ཀྱང་དགེ་འདུན་གྱི་ཆེད་དུ་བླང་ངོ༌། །གྲོང་ལ་སོགས་པ་དང་བ་ལང་ལ་སོགས་པ་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་བ་དེ་དག་མཆོད་རྟེན་གྱི་ཆེད་དུ་ཡང་བླང་དུ་མི་རུང་བ་མིན་ནོ། །གང་ཟག་གིས་ཀྱང་ཁ་གཟར་ཐུར་མ་དང་ཚྭ་ཁུག་བཅང་བར་བྱའོ། །ཁ་གཟར་དང་ཚྭ་ཁུག་དེ་གཉིས་དང་ཕུལ་བའི་བཏུང་ཕོར་ལས་གཞན་པའི་འཁར་བའི་སྣོད་བཅང་བར་མི་བྱའོ། །བཅང་བར་མི་བྱ་བའི་དོན་བདག་གིར་མི་བྱ་བ་ཡིན་ཏེ། འཁར་བའི་སྣོད་སྨན་ཕོར་གྱི་བློས་ལོངས་སྤྱད་པར་བྱ་བར་གསུངས་པའི་ཕྱིར་རོ། །གང་ཟག་གིས་ཀྱང་ཀུན་དགའ་ར་བ་གཡོག་བྱེད་པའི་མི་ཉེ་བར་གཞག་པར་བྱའོ། །ཁྱིམ་པ་དག་གིས་གནོད་པས་བསྲུང་བའི་ཕྱིར་དུ་དགེ་འདུན་ནམ་གང་ཟག་བྱིས་པ་ཁྱེའུ་དང་བུ་མོ་ཕུལ་བ་མཚན་མཐུན་པ་དག་བླང་བར་བྱ་སྟེ། དགེ་སློང་གིས་ཁྱེའུ་བླང་བར་བྱ། དགེ་སློང་མས་བུ་མོ་བླང་བར་བྱའོ། །དགེ་སློང་གིས་བླངས་བའི་བྱིས་པ་དེ་དག་གི་ཆ་ལུགས་ནི་མགུལ་བར་དགེ་སློང་གི་ཆོས་གོས་ཀྱི་ཚལ་བུ་རེ་བཏགས་པ་ཉིད་དོ། །རྐེད་པར་ཡང་ཆོས་གོས་བཏགས་པ་ཉིད་དོ། །བྱིས་པ་དེ་དག་ལ་ཕན་གདགས་པའི་སེམས་ཀྱིས་སོ་སོར་བསྐྱང་བར་བྱའི་ཟང་ཟིང་དང་བཅས་པའི་སེམས་ཀྱིས་མིན་ནོ། །བྱིས་པ་དེའི་ཉེ་དུས་གོས་ལ་སོགས་པ་ཕུལ་བ་བླང་བར་བྱའོ། །


DLL1002_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པའི་ཉེ་དུ་དག་གིས་མཇུག་ཏུ་བྱིས་པ་ཕྱིར་ལེན་པའི་ཚེ་བྱིས་པའི་རིན་ཉིད་དུ་གོས་ལ་སོགས་པ་ཕུལ་ཡང་བླང་བར་བྱའོ་དེ་ནི་དེ་དག་གིས་དད་པས་ཕུལ་བ་ཡིན་པས་ལོག་འཚོའི་ཉེས་པ་མེད་དོ། །བྱིས་པ་དེ་དག་གིས་བྱས་པ་ཤེས་པས་གོས་ལ་སོགས་པ་ཕུལ་བ་ཡང་བླང་བར་བྱའོ། །བྱིས་པ་བསྐྱང་བའི་རིན་དང་རྔན་པ་བདའ་བར་མི་བྱའོ། །གཞན་གྱིས་ཤིང་ཐོག་གི་རྙེད་པ་ཕུལ་བ་ཡང་བླང་བར་བྱའོ། །ཞུན་མར་དང༌། འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བས་གང་བའི་བུམ་པ་ཡང་བླང་བར་བྱའོ། །ཞུན་མར་ལ་སོགས་པ་དེ་དག་གི་སྣོད་བུམ་པ་ལ་སོགས་པ་འབུལ་ན་ཡང་བདག་གིར་བྱའོ། །ཞུན་མར་ལ་སོགས་པ་དང་སྣོད་དེ་དག་གཞག་པར་བྱའོ། །གང་དུ་གཞག་ན་ས་གཞི་ལའོ། །བཤང་བ་དང་གཅི་བ་དང་ཆང་གི་བུམ་པ་དག་ནི་མི་མཁོ་བ་ཉིད་ཡིན་པས་མི་གཞག་གོ །དགེ་འདུན་གྱི་ཕྱིར་ཡོན་བདག་གི་འབྲས་ཆན་གྱི་གཡོས་དང་ཚོད་མ་ལ་སོགས་པ་འཚེད་པའི་ཞལ་ཏ་བྱའོ། །གཉིས་པ་ཟས་བསྟེན་ཚུལ་ལ་ལྔ། ཟས་ཀྱི་སྔོན་དུ་ཇི་ལྟར་བྱ་བ། ཟས་ལ་འཇུག་པའི་ཚུལ་དངོས། རུང་མི་རུང་གི་བྱེ་བྲག་བསྟན་པ། བཟའ་བའི་བསམ་པ་མི་མཛེས་པ་དགག་པ། ཟོས་པའི་རྗེས་ཀྱི་བྱ་བའོ། །དང་པོ་ནི། ལྷུང་བཟེད་དུ་བསོད་སྙོམས་བླུག་པའི་མདུན་རོལ་ཏུ་ལྷུང་བཟེད་བློས་མ་བཟུང་བར་ཁ་གྱེན་དུ་བསླངས་ནས་བསོད་སྙོམས་ལ་འཇུག་པར་མི་བྱ་སྟེ། དེ་ནི་མི་གཙང་བས་གོས་པའི་ཉེས་པ་སྤང་བའི་ཕྱིར་རོ། །ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ། །ལྷུང་བཟེད་ཀྱི་ཁ་གཡོགས་འདི་དང་ཁ་གཟར་སོགས་ལས་གཞན་པའི་འཁར་བའི་སྣོད་བཅང་བར་མི་བྱ་བ་ལ་དགེ་སློང་གིས་ཐུན་མོང་མིན་པར་དོགས་པར་མི་བྱ་སྟེ། དགེ་སློང་མས་ཀྱང་དེ་ལྟར་བྱའོ། །དགེ་སློང་མ་ནད་པས་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་


DLL1002_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་པར་མི་བྱའོ། །གསིལ་བྱེད་འཁར་གསིལ་གྱི་སྒྲ་མ་བྱུང་བར་ཁྱིམ་དུ་བསོད་སྙོམས་ལ་འཇུག་པར་མི་བྱའོ། །གསིལ་བྱེད་དེ་བཅང་བར་བྱའོ། །བསོད་སྙོམས་པས་ཁྱིམ་ནས་ཕྱིར་འབྱུང་བ་དང་ཁྱིམ་དུ་འཇུག་པའི་ལམ་རྒྱུས་ལ་མཁས་པར་འབད་པར་བྱའོ། །ཇི་ལྟར་བྱ་ན། མཚན་མ་གདབ་བར་བྱ་བས་སོ། །གང་གིས་ཤེ་ན། སྐབས་སྐབས་སུ་ཕྱེ་ལ་སོགས་པའི་འགྲམ་གཟེར་བཞག་པས་སོ། །རྙེད་པའི་ཕྱིར་ཆོས་བཙོངས་པས་འཚོ་བ་སྦྱར་བར་མི་བྱ་སྟེ། ལོག་འཚོར་འགྱུར་བས་སོ། །ཆུ་མེད་ན་ཞོ་ལ་སོགས་པའི་ཁུ་བས་རྐང་པ་དག་བཀྲུའོ། །རྐང་པ་བཀྲུ་བ་དཔེ་ཙམ་དུ་ཟད་དེ། བཤང་གཅི་སོགས་བྱ་བ་ལ་ཡང་ཆུ་མེད་ན་དེ་དག་གིས་བཀྲུ་བ་ལ་ཉེས་པ་མེད་དོ། །སྟན་གཞན་མེད་ན་རྩྭ་བམ་ལ་འདུག་པར་བྱའོ། །རྩྭ་བམ་དེ་མི་སྤྱོད་པའི་ཚེ་བླ་གབ་མེད་པའི་མཐའ་གཅིག་ཏུ་གཞག་གོ །སོ་སོར་གཞག་པར་མ་ཟད་སྤུངས་ཏེ་གཞག་ཏུ་རུང་ངོ༌། །བྱ་བ་ཟིན་པའི་མཇུག་ཏུ་རྩྭ་བམ་དེ་དོར་རོ། །དགེ་སློང་མང་བ་ཉིད་ཡིན་ལ་སྟན་གྱིས་མི་ཆོག་ན་རྩྭ་བམ་བྱའོ། །དགེ་སློང་མང་བ་ཉིད་ན་གྲལ་གྱི་ཚར་དུ་མ་ཉིད་ཀྱང་བྱའོ། །ཚད་ཇི་ཙམ་ཞེ་ན། གྲལ་ཚར་གཅིག་ལ་དགེ་སློང་ལྔ་བརྒྱ་བཀོད་པའི་ཚར་རིང་བོ་བྱར་རུང་ངོ༌། །གྲལ་གྱི་ཚར་དུ་ཡོད་པའི་རྒན་པའི་མཐའ་རེ་རེར་འབྲིམ་རྒྱུའི་ཟས་ཀྱི་སྤྱི་བུངས་རེ་བྱའོ། །ཟས་འབྲིམ་པ་དག་བརྐུ་བ་ཉིད་ན་དགེ་སློང་སྤྱན་པ་དག་བསྐོའོ། །གཙང་སྦྱོར་བ་ལ་སོགས་པ་ཟན་གྱི་ལས་བྱེད་པ་དག་གིས་དང་པོར་ཟས་བཟའ་བར་བྱའོ། །དགེ་སློང་འདུས་པ་ཆེན་པོའི་ཚེ་རྒན་རིམ་དུ་འཁོར་དུ་གཞུག་པའི་ཕྱིར་དང༌། རྒན་རིམ་དུ་ཟས་འབྲིམ་དུ་གཞུག་པའི་ཕྱིར་དགེ་སློང་དང༌། བསྐོའོ། །འདུས་པ་ཆེན་པོ་འདི་ལ་དགེ་སློང་མས་ནི། རྒན་པ་གཉིས་སམ། གསུམ་རྒན་རིམ་དུ་འཁོད་དུ་བཅུག་ནས་གཞན་ཅི་དགར་


DLL1002_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད་པར་བྱའོ། །ཟན་གྱི་ཆེད་དུ་འགྲོ་བའི་ཚེ་སྒྲ་སྐྱུངས་ཏེ་འགྲོ་བར་བྱའོ། །ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པས་ཟན་གྱི་ཆེད་དུ་འགྲོ་བར་བྱའོ། །ཆ་ལུགས་མཛེས་པས་ཟན་གྱི་ཆེད་དུ་འགྲོའོ། །དེ་བཞིན་དུ་སྒྲ་སྐྱུངས་པ་དང་ཤིན་ཏུ་བསྡམས་པ་ལ་སོགས་པས་ཟན་གྱི་ཆེད་དུ་འདུག་པར་བྱའོ། །འབྲས་ཆན་ལ་སོགས་པའི་ཟས་རྐང་པས་བརྫི་བ་དང་འགོམ་པར་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ཡང་མིག་དང་ཞ་ཉེའི་དབྱར་འདབ་སོགས་ལ་རྐང་པས་རེག་པར་མི་བྱའོ། །གཉིས་པ་ནི། འདི་ནི་སྦྱིན་པར་བྱེད་པའོ། །བདག་ནི་ལེན་པར་བྱེད་པའོ། །སྙམ་དུ་དྲན་པ་ཉེ་བར་བཞག་སྟེ་བསོད་སྙོམས་བླང་བར་བྱའོ། །ཡུལ་གཞན་ལ་སེམས་རྣམ་པར་མ་གཡེངས་པས་བསོད་སྙོམས་བླང་བར་བྱའོ། །སེམས་གཞན་དུ་མི་འཕྲོ་བ་དང་ལུས་འཚོ་བ་ཙམ་དང༌། བསོད་སྙོམས་སོ་སོར་མ་འདྲེས་པ་དང༌། ཐམས་ཅད་སྣོད་གཅིག་ཏུ་བླུག་སྟེ་མི་དཀྲུག་པ་དང༌། སྐྱེ་བོའི་རྒྱུན་ལུགས་མེད་པའི་ཤིན་ཏུ་དབེན་པ་དང༌། གུང་ཚིགས་ཀྱི་དུས་ལ་མ་ཡོལ་བར་བཟའ་བ་བསྒྲུབ་པར་བྱའོ། །སྦྱིན་བདག་གིས་ཐུག་པ་ལ་སོགས་པ་གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་པའི་བསོད་སྙོམས་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་ཉིད་མེད་དོ། །རང་གི་ཟས་ཟ་བའི་ཚེ་གཞན་གྱིས་ཟས་སྦྱིན་པར་བྱེད་ན་དེ་མནོས་པ་ལ་ཉེས་པ་མེད་པ་ཉིད་དོ། །དགེ་སློང་སྦྱིན་བདག་གཞན་གྱིས་མགྲོན་དུ་བོས་པ་ན་འདུག་པ་ལ་སྦྱིན་བདག་དེས་གནང་ན་སྦྱིན་བདག་གཞན་གྱིས་ཟས་བྱིན་པ་ནི་སྦྱིན་བདག་བཞི་པོ་དེའི་ཟས་ཀྱི་ཁོངས་སུ་གཏོགས་པ་དང་འདྲ་བར་ཡང་ཡང་ཟ་བ་དང་དམ་བཅའ་ལས་འདས་པའི་ཉེས་པ་མེད་དོ། །སྨྲ་བ་པོའི་བསམ་པའི་དོན་གྱིས་བརྡའི་སྦྱོར་བ་རྣམ་པར་བཞག་གི །འཇིག་རྟེན་ན་གྲགས་པས་ནི་མིན་ཏེ། སྒྲ་རྣམས་ནི་སྨྲ་བ་པོའི་བརྗོད་འདོད་


DLL1002_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྗེས་སུ་འབྲངས་ནས་དོན་སྟོན་པའི་ཕྱིར་རོ། །དེས་ན། སངས་རྒྱས་ཚུར་ཤོག་ཅེས་འབོད་ཅིང་ཅི་ཡང་རུང་བ་སྦྱིན་པར་བྱེད་པ་ན་དེས་སྐད་དུ་བརྗོད་པ་དེ་སངས་རྒྱས་དངོས་ལ་བསམས་ན་སངས་རྒྱས་ལ་ཕུལ་པ་ཡིན་ཞིང༌། དགེ་སློང་འགའ་ཞིག་གི་མིང་དུ་གྲགས་པ་ལ་བསམས་ན་དེ་ཉིད་ལ་ཕུལ་བ་ཡིན་ནོ། །ཟས་གོས་ལ་སོགས་པ་གཞན་ལས་བླངས་པ་དེ་ཉིད་ལ་ཕྱིར་བྱིན་ཏེ་སྤང་བར་མི་བྱའོ། །སྦྱིན་བདག་རྒྱུ་འབྲས་ལ་ཡིད་ཆེས་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པ་དང་སོ་སོ་ཐར་པ་རིས་བདུན་གང་རུང་གི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་ཟས་གོས་བླངས་པ་དེ་དག་ལས་གཞན་པ་གོ་རིམ་བཞིན་ལྟ་བ་ཉམས་པ་དང༌། ཚུལ་ཁྲིམས་ཉམས་པ་ལ་སྦྱིན་པ་དང༌། བདག་ཉིད་ཚིམ་པར་གྱུར་ཟིན་ནས་བསམས་བཞིན་དུ་འཚོ་བར་བྱེད་པ་ལྷག་པ་ཁམ་གཅིག་ཡན་ཆད་ལེན་པ་དང་ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །དེའི་དམིགས་བསལ་ནི། ཕ་མ་དང་ནད་པ་དང་རབ་ཏུ་འབྱུང་བར་འདོད་པ་དང་སྦྲུམ་པ་དག་དང་གདུལ་བ་དང་བསོད་སྙོམས་འདོད་པས་བསོད་སྙོམས་ལ་རེག་པ་དང༌། ཟས་ཀྱི་དུས་སུ་ཁྱིམ་པ་འོང་བ་ལ་ནི་ཟས་དེ་ལས་བགོ་བཤའ་བྱའོ། །ཟས་ཀྱི་བྱ་བ་བྱེད་པའི་དང་པོར་ཟན་ཁམ་ཆང་གཅིག་ཟ་བ་པོ་དམིགས་ཀྱིས་རྣམ་པར་མ་བཅད་པར་སྤྱིར་གཞག་པར་བྱའོ། །ཁམ་ཆང་གཅིག་བཞག་པ་དེ་དུད་འགྲོ་ལ་ཡང་སྦྱིན་པར་བྱའོ། །བདག་ཉིད་ཟ་བའི་ཕྱིར་བཞག་པའི་ཟས་ལས་རང་གི་ཟས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་ལྷག་མ་ཟ་བ་སོགས་ལ་སྦྱིན་པར་མི་བྱའོ། །ཁྱོད་ཁོ་ནས་འདི་བཟའ་བར་བྱའོ། །ཞེས་དད་པས་སྦྱིན་པར་བྱ་བ་ཉིད་ཀྱིས་མགྲོན་དུ་བོས་པ་ལ་ཡང་ཟས་ཀྱི་བྱ་བ་རྫོགས་ཀྱང་སྦྱིན་པར་མི་བྱའོ། །ལྷུང་བཟེད་ཀྱི་འོག་གཞི་འཁུར་སྐྱ་ལ་སོགས་པ་ནི་


DLL1002_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ཟ་བ་རྣམས་ལ་ཅི་བདེར་སྦྱིན་པར་བྱའོ། །གཙུག་ལག་ཁང་ན་གཉུག་མར་གནས་པའི་མི་མིན་རྣམས་ལ་སྤྱི་བུངས་སོགས་ལས་གཏོར་མ་སྦྱིན་ནོ། གཉུག་མར་གནས་པ་དེ་དག་གི་ཟས་ཀྱི་ཆོ་གའི་རྗེས་སུ་འབྲང་བས་སྔ་དྲོ་དང་གུང་ཚིགས་ལ་སོགས་པ་གཏོར་མ་སྦྱིན་ནོ། །དེ་དག་གི་ཆོ་ག་ཐ་དད་པ་ཉིད་ཡིན་ནོ། །དྲི་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ལ་སོགས་པ་ཡང་རང་རང་གི་ཆོ་ག་བཞིན་ཐ་དད་པར་བྱའོ། །གསུམ་པ་ནི། ཤིང་ཐོག་ཨ་མྲ་རུས་པ་མ་ཆག་པའི་གནས་སྐབས་སུ་བཟའ་བར་མི་བྱའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་བཅའ་བར་བྱ་བ་དང༌། འབྲས་ཆན་དང་ཟན་དྲོན་དང་ལྡེ་གུ་དང་ཤ་དང་སྣུམ་འཁུར་དང་འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་སྐམ་དག་ནི་བཟའ་བའི་ཕྱིར་མི་རུང་བ་མ་ཡིན་ནོ། །གསོ་མ་དང་ཡུངས་ཀར་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་པར་བྱ་བ་ཉིད་མིན་པར་དོགས་པར་མི་བྱའོ། །བཟའ་བ་དང་བཅའ་བ་ལ་སོགས་པ་འོ་མ་ལ་སོགས་པའམ་ཐ་ན་ཆུ་ཙམ་གྱིས་ཀྱང་སྦངས་ན་འཚག་ཏུ་འགྱུར་བ་ཉིད་དོ། །ཚྭ་ལ་སོགས་པ་རྐྱལ་བ་དང་འབྲག་དང་གྲོད་པ་ལ་སོགས་པར་བླུག་པ་ནི། དེ་དག་ཀོ་ལྤགས་ཡིན་དུ་ཟིན་ཀྱང་མི་རུང་བ་ཉིད་མིན་ནོ། །སྣོད་དུ་ཟན་བཟར་རུང་ངོ༌། སྣོད་ཇི་ལྟ་བུ་ཞེ་ན། ཤིང་ལས་བྱས་པའི་ཡོལ་གོར་རོ། །ཡོལ་གོར་རྡོ་ལས་བྱས་པར་བཟར་རུང་ངོ༌། །སྣོད་སྔར་ཟས་ཟོས་ཟིན་པར་བྱས་པར་ཡང་བཟར་རུང་ངོ༌། །ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་བཞིན་དུ་ཡོལ་གོར་དུ་སྔར་ཟས་བླུག་པ་ཡང་བཀྲུས་ཏེ་ཟས་ཀྱི་སྣོད་བྱའོ། །ལྷུང་བཟེད་ལ་སོགས་པའི་བཀྲུ་བཤལ་ནི་གནས་པ་སློབ་མ་དང་ཉེ་གནས་ཀྱི་ལས་ཡིན་ནོ། །ཟས་ཟོས་ནས་ཀྱང་ལྷུང་


DLL1002_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ལ་སོགས་པ་བཀྲུ་བ་ནི། གནས་པ་དག་གི་ལས་ཡིན་ནོ། གཞན་གཉིས་ལ་སོགས་པ་དང་ལྷན་ཅིག་སྣོད་གཅིག་གི་ནང་དུ་ཟས་བཟའ་བར་མི་བྱའོ། །ལམ་དུ་སྣོད་གཞན་དག་མེད་ན་གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་བྱའོ། །སུ་དང་ལྷན་ཅིག་བཟའ་ན་དགེ་སློང་དང་ངོ། །ལྷན་ཅིག་ཟ་བའི་ཚེ་དགེ་སློང་གཞན་གྱིས་ལག་བཏེག་ནས་རང་གིས་ལག་གཞུག་པར་བྱའོ། །དགེ་ཚུལ་དང་ནི་འོག་མ་གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ་ཞེས་འབྱུང་བ་བཞིན་བྱའོ། །རྐྱེན་དབང་གིས་ཕྱོགས་སུ་སྦྱིན་དུ་མི་ལྡན་ན་ལམ་དུ་སྣོད་གཞན་མེད་ན་དགེ་ཚུལ་དང་ཡང་ལྷན་ཅིག་སྣོད་གཅིག་ཏུ་བཟའོ། །གཡོག་རྣམས་ལ་ཟས་བཅངས་ཏེ་སྦྱིན་ནོ། །ཉེ་དུས་གཅུགས་པས་ཟས་ལྷན་ཅིག་ཏུ་བཟའ་བར་གསོལ་ན་ལམ་དུ་མ་ཟད་གནས་ཐམས་ཅད་དུ་དབེན་པའི་ཕྱོགས་སུ་ལྷན་ཅིག་བཟའ་བར་བྱའོ། །དགེ་ཚུལ་དང་ཉེ་དུ་དེ་གཉིས་དང་ལྷན་ཅིག་ཟ་བ་ན་བྱིན་ལེན་བྱས་བས་འཇིག་པ་དང་བྱིན་ལེན་མ་བྱས་པ་དང་འདྲེ་བ་བསྲུང་བར་བྱ་བ་ཉིད་དོ། །ཇི་ལྟར་བསྲུང་ན་ལྷུང་བཟེད་ཀྱིས་བཀང་བ་བྱིན་ལེན་བྱས་ནས་དེ་རང་གིས་མི་བཏང་བར་བྱིན་གྱིས་བརླབས་ཏེ་དེ་གཉིས་ལག་པ་དག་བསྙལ་དུ་བཅུག་ནས་ལྷན་ཅིག་བཟའ་བར་བྱའོ། །མཆིལ་ལྷམ་དང་བཅས་བཞིན་དུ་བཟའ་བར་མི་བྱའོ། །རྐང་པ་ས་ལ་བཞག་ན་མི་འཕྲོད་པའི་ནད་པས་མཆིལ་ལྷམ་གཉིས་ཕུད་པའི་སྟེང་དུ་རྐང་གཉིས་ཀྱིས་མནན་ཏེ་བཟའོ། །འཁོར་གསུམ་མ་གཡོགས་པའི་སྒྲེན་མོ་དང་གོས་གཅིག་པས་བཟའ་བར་མི་བྱའོ། །མི་ནུས་ན་སྒྲེན་མོ་དང་གོས་གཅིག་པས་ཟ་བ་ལ་ནད་པ་ལ་ནི་ལྟུང་བ་མེད་དོ། །ནད་པ་དེ་ནད་གཡོག་གིས་ལུས་དང་གོས་ལ་སོགས་པ་དག་གིས་སྐྱོར་ཏེ་ཟར་གཞུག་པར་བྱའོ། །ནད་པ་དེས་ནུས་ན་སྟོད་དུ་རྔུལ་གཟན་གཡོགས་པ་ལ་བརྟེན་ནས་ཟས་བཟར་


DLL1002_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་གོ །ནད་པས་ནུས་ན་སྨད་གསང་བའི་ཕྱོགས་ཀྱང་འཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཤམ་ཐབས་ལ་བརྟེན་པར་བྱའོ། །ཟན་གྱི་ཕྱིར་འདུས་པས་དངོས་པོ་འདི་བྱིན་ཅིག་སྤྱི་སྤུངས་འདི་ནས་བྱིན་ཅིག་ཅེས་འབྲིམ་མཁན་ལ་གོ་བར་མི་བྱའོ། །ནད་པས་འཕྲོད་པའི་ཟས་ལ་འདི་བྱིན་ཅིག་འདི་ནས་བྱིན་ཅིག་ཅེས་བྱས་པ་ལ་ལྟུང་བ་མེད་དོ། །དཔེར་ན། དྲོད་ཆུང་བས་ཚོས་པ་བྱིན་ཅིག་ཅེས་དང༌། དྲོད་ཆེ་བས་རློན་པ་བྱིན་ཅིག །འདི་ནས་བྱིན་ཅིག་ཅེས་བྱས་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །བཞི་པ་ནི། །བཀྲེས་པ་དང་སྐོམ་པ་ནི་ནད་ཡིན་ལ་དེ་བདག་ལ་ཡོད་པས་བདག་ཉིད་ལ་ནད་པའི་འདུ་ཤེས་དང༌། དེ་ཟས་ཀྱིས་འཚོ་བས་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །ཟས་ལ་དྲན་པ་ཉེ་བར་བཞག་སྟེ་བཟའོ། །ཇི་ལྟར་ན། ཟས་འདི་མི་གཙང་བ་དང་ལུས་ལས་འབྱུང་བ་དང་འབྲས་ཆན་ནི་སྲིན་བུ་དང་འདྲ་ལ། ཕྱེ་ནི་ལུས་ཕྱེ་དང་འདྲ་བ་དང༌། ཟས་ཟོས་ནས་བད་ཀན་དང་སྣབས་དང་རྣག་ཁྲག་ལ་སོགས་པར་འགྱུར་བ་དང༌། ཟས་ཀྱི་ཕྱིར་མ་དང་བུ་དག་ཀྱང་ཕན་ཚུན་རྩོད་པས་ཕྱིར་རྒོལ་བ་དང༌། ཟས་ཀྱིས་རྒྱུ་མཐུན་པ་བཤང་གཅི་སོགས་འབྱུང་བ་དང༌། ཟས་འདི་ཞིང་སོགས་ལ་བརྟེན་ནས་འབྱུང་ལ། དེ་དག་ལ་ཀུན་ནས་ཉོན་མོངས་པ་འབྱུང་བས་བརྟེན་པའི་རྣམ་པ་དང་དེ་ཚེགས་ཆེན་པོས་བཙལ་དགོས་པ་དང༌། ཚེགས་ཆེན་པོས་གྲུབ་ཀྱང་གཡོ་བ་ལ་སོགས་པ་གཞན་ལ་རག་ལས་པ་ཉིད་དང༌། ཟས་ལོག་པར་ཞུ་བས་རིམས་ལ་སོགས་པ་ནད་མང་པོ་འབྱུང་བ་དང་བཅས་པ་ཉིད་དང༌། ཟས་འདིའི་ཆ་གཅིག་ལུས་ཀྱི་མེས་བསྲེག་པ་དང༌། གཉིས་པ་བཤང་གཅིར་འགྱུར་བ་དང༌། གསུམ་པ་ལུས་ལ་གནས་པའི་སྲིན་བུ་དག་གིས་ཟ་བར་འགྱུར་བ་དང༌། བཞི་པས་ལུས་བརྟས་པར་བྱེད་


DLL1002_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྒོ་ནས་སོ་སོར་འགྲོ་བ་ཉིད་དག་གིས་ཟས་ལ་མི་མཐུན་པའི་དྲན་པ་བཞག་སྟེ་བཟའ་བར་བྱའོ། །ཟས་ལ་དྲན་པ་ཉེ་བར་གནས་པ་སེམས་གཏད་པས་བཟའོ། །སེམས་རྣམ་པར་མ་གཡེངས་པ་སེམས་ཐམས་ཅད་ཀྱིས་ཟས་ལ་གཏད་པས་བཟའོ། །ཤེས་བཞིན་གྱིས་སྒྲ་བསྐྱུང་ཞིང་བཟའོ། །རྐང་ལག་སོགས་ཀྱི་སྒྲ་དེ་མི་བྱ་བར་བཟའོ། །སྒྲ་མི་དབྱུང་བར་ཐུག་པ་དག་བཏུང་བར་བྱའོ། །འཁུར་བ་སོགས་ཟ་བའི་ཚེ་སྒྲ་ཁྲུམ་ཁྲུམ་མི་བྱ་བར་བཅའ་བར་བྱའོ། །ཟས་ལྡད་པ་ན་སྒྲ་འབྱུང་བ་དག་ཆུ་ལ་སོགས་པ་ལས་སྦངས་ནས་སྙི་བར་བྱའོ། །ཟས་བཟའ་བ་དེའི་དོན་དུ་གླིང་བུ་ལ་སོགས་པའི་རོལ་མོ་བྱེད་དུ་མི་གཞུག་གོ །དགེ་རྩ་བསྔོ་ཞིང་སྨོན་ལམ་འདེབས་པའི་ཡོན་བཤད་པ་བྱེད་པ་ཉིད་ན་ཟན་བཟའ་བར་མི་བྱའོ། །ཡོན་བཤད་པ་དེ་དགེ་སློང་འཁོར་ན་འཁོད་པ་དག་གིས་སོ་སོར་རིག་པར་བྱའོ། །གལ་ཏེ་དྲོའི་དུས་ཡོལ་བར་འགྱུར་ན་ཚིགས་སུ་བཅད་པ་གཉིས་སམ་གསུམ་བཤད་པ་བྱེད་ཀྱི་བར་དུ་མི་ཟ་ལ་དེའི་འོག་ཏུ་ཟ་བ་ལ་ཉེས་པ་མེད་དོ། །ལྔ་པ་ནི། ཟས་ཟོས་ནས་ཁ་དང་ལག་པ་བཀྲུས་ཏེ། གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ནོ། །ཟས་ཟོས་ནས་མགྲོན་དུ་འབོད་པ་སྦྱིན་བདག་ལ་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ། །ནམ་གྱི་ཚེ་བྱ་ན། དགེ་སློང་ཐམས་ཅད་ཀྱིས་ཟས་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་ཡོན་བཤད་བྱའོ། །ཇི་ལྟར་ངེས་པར་ཤེས་པར་བྱ་ན། ཀུན་ཏུ་བལྟ་བས་སོ། །གང་གིས་ཡོན་བཤད་བྱ་ཞེ་ན། དགེ་སློང་དུ་མ་ཉིད་ཡིན་ན་གྲལ་གྱི་དང་པོས་བྱའོ། །དང་པོས་མི་ནུས་ན་ནུས་པ་གཞན་ལ་བཅོལ་ལོ། །གལ་ཏེ་ཡོན་བཤད་མ་བྱས་པར་དགེ་སློང་རྣམས་འགྲོ་དགོས་པའི་རྐྱེན་བྱུང་ན་ཡོན་བཤད་པ་དེ་ལ། འཁོར་ཐ་ན་བཞི་ཡན་ཆད་སྦྱིན་ནོ། །འཁོར་དེ་ལ་འགྲོ་དགོས་པའི་རྐྱེན་བྱུང་ན་གང་གི་འཁོར་དུ་བྱིན་པ་ལ་ཞུས་ཏེ་འགྲོ་བར་བྱའོ། །ཡོན་འཆད་


DLL1002_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་ན། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོའི་མིང་སྨོས་པར་བྱ་སྟེ། དེ་གཉིས་ནི། བསྟན་པ་ལ་མངོན་པར་དད་པའི་ཕྱིར་དང་བསྟན་པ་སྐྱོང་པར་བྱེད་པའི་ཕྱིར་དང་མིང་སྨོས་ན་དགའ་བ་བསྐྱེད་པའི་ཕྱིར་རོ། །མིད་པ་གཉིས་པས་དུས་མིན་པའི་སྒྲེགས་པ་དག་འབྱུང་ཞིང་ཟས་ཕྱིར་ཟློས་ཤིང་ལྡད་ན་དང་པོ་གཉིས་སམ་གསུམ་བོར་ཏེ་ཁ་བཀྲུས་ནས་ཕྱི་མ་རྣམས་མིད་པར་བྱའོ། །གཉིས་སམ་གསུམ་དོར་བ་ནི་ཁ་ཆུ་ལ་སོགས་པས་གནོད་པ་སྤང་བའི་ཕྱིར་རོ། །དུས་མིན་པའི་སྒྲེགས་པ་དེ་ནི་ཟས་མིན་པ་མ་ཡིན་ནོ། །སྒྲེགས་པ་ཟས་ཡིན་པ་དེའི་ཕྱིར་མིད་པ་གཉིས་པ་ལས་གཞན་གྱིས་དུས་མིན་པ་དང་སྤངས་པའི་ཚེ་སྒྲེགས་པ་བྱུང་ན་ཁ་བཀྲུ་བར་བྱའོ། །གསུམ་པ་ཟས་ཀྱི་རྒྱུ་མཐུན་ཟག་པ་འདོར་བ་ལ་གསུམ། ཁའི་ཟག་པ་དོར་བ། ཟག་པ་གཞན་དོར་བ། གཙང་སྦྲ་ཇི་ལྟར་བྱ་ཚུལ་ལོ། །དང་པོ་ནི། གཙུག་ལག་ཁང་གི་ཕྱོགས་གང་དུ་མཆིལ་མ་དོར་བའི་གནས་མ་བཤམས་པའི་ཕྱོགས་སུ་མཆིལ་མ་དོར་བར་མི་བྱའོ། །དགེ་འདུན་ནམ་གང་ཟག་གི་ཡང་རུང་ཞལ་ཞལ་ལ་སོགས་པས་བྱི་དོར་བྱས་པའི་ཕྱོགས་དེར་ཡང་མཆིལ་མ་མི་དོར་རོ། །སོས་ལྕེ་བཙིར་ཏེ་སྒྲ་ཙིད་ཅེས་མཆིལ་མ་དོར་བར་མི་བྱའོ། །མཆིལ་མ་དོར་བ་དེ་དང་མཆིལ་མ་དོར་བ་དེའི་སྒྲ་ཧག་ཐྭེ་ཞེས་བྱ་བ་དཀོན་མཆོག་དང་བླ་མའི་དྲུང་དུ་མི་བྱའོ། །དེ་དང་དེའི་སྒྲ་ཟས་ཟ་བའི་དྲུང་དུ་ཡང་མི་བྱའོ། །དཀོན་མཆོག་དང་བླ་མ་དང་ཟ་བའི་ལྷག་མ་དགེ་སློང་གཞན་གྱི་དྲུང་དུ་ཡང་དེ་དང་དེའི་སྒྲ་ཡང་དང་ཡང་དུ་མི་བྱའོ། །དེ་དང་དེའི་སྒྲ་དགག་མི་ནུས་ན་ཕྱོགས་གཞན་དུ་འགྲོའོ། །གཞན་བཟའ་བཏུང་བྱེད་པའི་མདུན་དུ་མཆིལ་མ་འདོར་བ་སོགས་གཞན་ལ་མི་བདེ་བ་མི་བྱའོ། །གཞན་ལ་མི་བདེ་བ་ཇི་ལྟ་བུ་ཞེ་ན། གཉིད་ལོག་པའི་ཚེ་སྔུར་སྒྲ་འབྱུང་བ་དག་


DLL1002_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ལྷག་མ་རྣམས་ཀྱི་དྲུང་དུ་ཡང་ཉལ་བར་མི་བྱའོ། །དེས་སྔུར་སྒྲ་ཇི་ལྟར་སྤང་ཞེ་ན། དེས་བཅག་པས་གཉིད་བསྲུང་བའམ་གཞན་དུ་འགྲོ་བར་བྱའོ། །མཆིལ་མ་དེའི་སྣོད་ཆོལ་ཟངས་ནི་ཞབས་གླང་པོ་ཆེའི་རྨིག་མཐིལ་ལྟ་བུར་མཉམ་པར་འདུག་པའམ། ལྕགས་སྒྱེད་ཀྱི་སྟེང་དུ་ཆོལ་ཟངས་བཞག་པ་བརྩེག་མའོ། །མཆིལ་མའི་སྣོད་དེ་ཉེ་བར་གཞག་པར་བྱའོ། །མཆིལ་མའི་སྣོད་དེར་སོ་ཕག་གི་ཕྱེ་མའམ་བྱེ་མའམ་ཐལ་པ་དག་གི་གཅལ་བླུགས་སོ། །མཆིལ་མའི་སྣོད་དེར་སྦྲང་བུ་དག་འདུ་བ་ན་ལོ་མ་སོགས་དགབ་པས་སྦྲང་བུ་དག་བསྐྲད་པ་ནི་གཉེན་པོ་ཡིན་ནོ། །མཆིལ་མའི་སྣོད་དེ་དྲི་ང་བར་མི་འགྱུར་བ་དང༌། སྲོག་ཆགས་འབྱུང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པར་བྱའོ། །བཀྲུ་བ་དང་བསྐམ་པ་དེའི་དུས་ཀྱི་ཆེད་དུ་མཆིལ་མའི་སྣོད་འཐེབ་གཞན་ཉེ་བར་གཞག་གོ །མཆིལ་མའི་སྣོད་ཀྱིས་མི་བྲེལ་བར་བྱ་བའི་ཕྱིར་གཙུག་ལག་ཁང་གི་གྲྭའི་ཀ་བ་བཞི་པོ་དག་གི་ངོས་སུ་ཡང་མཆིལ་མའི་སྣོད་འཐེབ་དག་གཞག་པར་བྱའོ། །གཉིས་པ་ནི། རླུང་གི་ལས་ཕྱེན་སྒྲ་དང་བཅས་པར་གཏང་བར་མི་བྱའོ། །དཀོན་མཆོག་དང་བླ་མའི་མདུན་དུ་སྒྲ་མེད་པ་ཡང་མི་བཏང་ངོ༌། །དཀོན་མཆོག་དང་བླ་མ་ལས་གཞན་གྱི་དྲུང་དུ་ཡང་སྒྲ་མེད་པ་ཡང་དང་ཡང་དུ་མི་གཏོང་ངོ༌། ། ཤིང་ལྗོན་པའི་དྲུང་དུ་བཤང་བ་དང་གཅི་བ་དག་མི་བྱ་སྟེ། དེ་སྐྱེ་བོ་མང་པོ་འདུ་བའི་གནས་ཡིན་པའི་ཕྱིར་རོ། །དགོན་པར་ཤིང་ལྗོན་པ་དེ་དག་གིས་ཁྱབ་ཅིང་སྐབས་མེད་པ་ཉིད་ཡིན་ན་མ་གཏོགས་སོ། །ཚེར་མ་ཅན་གྱི་ཤིང་གི་དྲུང་ཡང་མ་གཏོགས་ཏེ། དེར་སྐྱེ་བོ་དག་མི་འདུ་བའི་ཕྱིར་རོ། །བཤང་བའི་སྐྱབས་ཆབ་ཁུང་ས་བྱའོ། །གལ་ཏེ་གཙུག་ལག་ཁང་དང་འབྲེལ་བར་ཆབ་ཁུང་བྱས་ན་གཙུག་ལག་ཁང་གི་སྒོ་གང་དུ་བསྟན་པ་དེ་འདིར་ཤར་ཡིན་པས་དེ་ལ་ལྟོས་ཏེ་རྒྱབ་ནུབ་བམ་


DLL1002_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་བྱང་ཡིན་པས་དེ་གཉིས་གང་རུང་གི་ངོས་སུ་བྱའོ། །རྐང་བཀྲུས་ས་དང་སྟོར་ཁུང་ལ་སོགས་པ་མི་གཙང་བ་ཐམས་ཅད་ཕྱོགས་འདི་གཉིས་སུ་བྱའོ། །མདུན་དང་གཡས་ཕྱོགས་ནི་ཕྱོགས་ཀྱི་གཙོ་བོ་ཡིན་པས་མི་བྱའོ། །རྣམ་པ་ཇི་ལྟ་བུ་བྱ་ན། ཁུང་ལ་སྟོར་ཁུང་གི་ལྦ་བཙུགས་པ་གསོང་ལྡོང་ངམ་ཁུང་ལ་སྟོར་ཁུང་གི་ལྦ་མ་བཙུགས་པ་ཁུང་ཉི་ཚེ་བརྐོས་པ་ཕུགས་གདུགས་སོ། །སྐྱེ་བོ་མི་འདུ་བར་བྱ་བའི་ཕྱིར་ཡང་ཐོག་ནས་གཏོང་ན་འོག་ཏུ་ཤིང་ཚེར་མ་ཅན་དག་བསྐྱེད་པར་བྱའོ། །ཆབ་ཁུང་སའི་སྟེང་དུ་བུ་གུའི་ཉེན་ཀོར་དུ་རྐང་པ་གཉིས་བསྟེན་པའི་ཤིང་ངམ་རྡོ་ལེབ་བམ་སོ་ཕག་དག་གཞུག་གོ །ཆབ་ཁུང་སར་ཁྲུས་བྱ་བའི་རིལ་པ་སྤྱི་བླུགས་གཞག་པར་བྱའོ། །ཆབ་ཁུང་སའི་སྒོ་སྣོལ་མར་གདོད་ཅིང་སྒོ་དྲང་པོར་མི་འདུག་པས་ནང་དུ་ཞུགས་པ་ཕྱི་རོལ་ནས་མི་སྣང་བར་བྱའོ། །ཆབ་ཁུང་སའི་ར་བ་ལ་སྒོ་གླེགས་གཞུག་གོ །སྒོ་གླེགས་དེ་ལ་ཡང་མིག་དང་སྒོ་གཏན་དག་ཀྱང་གཞུག་གོ །ཆབ་ཁུང་སའི་ནང་དུ་འཇུག་པར་འདོད་པས་སེ་གོལ་དང་ལུད་པ་ལ་སོགས་པའི་སྒྲ་བྱའོ། ཆབ་ཁུང་ས་དེར་སྔར་ཞུགས་པས་ཀྱང་འཇུག་པར་འདོད་པའི་གང་ཟག་ཕྱིས་འོང་བའི་སྒྲ་བྱས་པ་ཐོས་ན་སེ་གོལ་དང་ལུད་པ་ལ་སོགས་པའི་སྒྲ་བྱའོ། །ཆབ་ཁུང་སར་གོས་ལེགས་པར་བརྫེས་པས་ཤེས་བཞིན་དུ་འདུག་པར་བྱའོ། །ཆབ་ཁུང་གི་དཀྱིལ་དུ་བབ་པར་འདུག་པར་བྱའོ། །བཤང་བས་རྐང་བསྟེན་གཉིས་ལ་མི་གོས་པར་ཁད་ཀྱིས་བྱའོ། །བཤང་བ་རང་ཤུགས་ཀྱིས་མི་ཡོང་ན་བསྡད་ནས་མཐུས་བཙིར་བར་མི་བྱའོ། །ཤུགས་ཀྱིས་འོང་ན་ཕྱིར་དགག་པར་མི་བྱའོ། །ཆབ་ཁུང་ས་དེ་དང་འབྲེལ་བའི་དོན། བཤང་གཅི་བྱ་བ་ལས་གཞན་པས་ཆབ་ཁུང་ས་དེའི་དྲུང་དུ་འདུག་པར་མི་བྱའོ། །དེ་དང་འབྲེལ་བའི་དོན་ལས་གཞན་པས་རྐང་པ་


DLL1002_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ་བ་དང་འཐོར་འཐུང་བྱ་བ་དག་ཏུ་ཡང་དེ་བཞིན་དུ་དེ་དག་གི་དྲུང་དུ་འདུག་པར་མི་བྱའོ། །ཁང་སྐྱོང་གིས་ཉི་མ་རེ་རེ་བཞིན་བཤང་གཅིའི་སྐྱབས་དང་རྐང་བ་ཁྲུས་ས་དང༌། འཐོར་འཐུང་གི་སའི་ཕྱོགས་སྤྱད་པར་འོས་པ་བྱི་དོར་བྱའོ། །ས་དང་ལོ་མ་བཞག་པ་ཡང་ཁང་སྐྱོང་གིས་བྱའོ། །ལོ་མ་ནི་བཤང་བ་ཕྱི་བར་བྱ་བའི་བོང་རྡོག་ལ་སོགས་པ་དག་གི་དཔེ་ཡིན་པས་གཞན་དག་ཀྱང་གཞག་གོ །གཅི་བའི་སྐྱབས་ཀྱི་ཕྱོགས་མིན་པར་གཅིན་གཅི་བར་མི་བྱའོ། །ཕྱོགས་དུ་མར་གཅི་བར་མི་བྱའོ། །གཅི་བའི་རྒྱུན་གྱི་ཁུང་བརྐོར་གཞུག་གོ །གཅི་བའི་སྐྱབས་བྱའོ། །བཤང་པའི་སྐྱབས་དེའི་གློར་གཅི་བའི་སྐྱབས་བྱའོ། །ཕུགས་རྡུགས་སམ་ལྦ་གཞུག་པར་བྱའོ། །འོག་ཏུ་ཚེར་མ་བསྐྱེད་པ་ལ་སོགས་པ་གཞན་ནི་བཤང་བའི་སྐྱབས་དང་འདྲའོ། །ས་དང་ལོ་མ་བཞག་པ་ཡང་འདིར་མི་དགོས་སོ། །འཁྲུ་བའི་ནད་ཅན་གྱི་གང་ཟག་ལ་ནི་ཁྲིའུའི་བུ་གུ་བྱའོ། །ཇི་ལྟར་བྱ་ན། ཐགས་མ་བཤུགས་པས་སོ། །བཤུག་ཏུ་མི་བཏུབ་ན་ཐགས་མ་དེ་བཅད་དོ། །གལ་ཏེ་བཤང་བ་བྱ་བའི་ཕྱིར་འདུག་པ་ན་བཤང་བའི་ལམ་གྱི་ཐན་ཀོར་ན་ན་བུ་གུའི་ཐན་ཀོར་དུ་ལོ་མའི་ཆང་བུ་གཞུག་གོ །གནས་ཁང་ལ་སོགས་པར་ས་བརྐོར་མི་རུང་པས་ས་སྣད་པ་བསྲུང་བར་བྱའོ། །ས་སྣད་པ་བསྲུང་བ་དེའི་ཕྱིར་ཁྲིའུའི་བུ་གུའི་འོག་གཞིར་གྱོ་མོ་གཞུག་གོ །གྱོ་མོ་ཧ་ཅང་མི་མཐོ་བ་བཟང་ངོ༌། །གྱོ་མོ་དེ་དྲི་ང་བར་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པ་དང་ཡུངས་མར་གྱིས་བསྐུ་བར་བྱའོ། །བསྐུ་བ་ལ་སོགས་པ་དེའི་དུས་ཀྱི་ཆེད་དུ་གྱོ་མོའི་འཐེབ་གཞན་བསྒྲུབ་བོ། །དེའི་ཚེ་གྱོ་མོ་གཞན་མ་འབྱོར་ན་བཤང་བའི་གཞི་ཉིད་དུ་ལོ་ཆུན་བཞག་ནས་དེའི་སྟེང་དུ་བཤང་བ་བྱའོ། །གསུམ་པ་ནི། བཤང་བ་བྱས་ནས་བཤང་བ་དེ་བྱེད་པའི་བཤང་བའི་ལམ་ཕྱི་བར་བྱའོ། །གང་གིས་ཕྱི་ན། རྫས་རྣོན་པོ་དང་རྩྭའི་


DLL1002_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཆངས་པ་རྩུབ་པོ་མིན་པས་ཕྱིའོ། །འོ་ན་ཅི་བཟང་ཞེ་ན། ཕྱི་བ་འདི་ལ། རས་མ་དང་ལོ་ཆུན་དང་ལོ་མའི་ཆངས་བུ་དང་ཤིང་དང་བོང་རྡོག་དག་བཟང་པས་དེ་དག་གིས་ཕྱིའོ། །རས་མ་ལ་སོགས་པས་ཕྱིས་པའི་འོག་ཏུ་ས་གཉིས་ཀྱིས་བཤང་ལམ་བཀྲུ་བར་བྱའོ། །བཤང་བ་བྱེད་པའི་སྔར་བཞག་པའི་ས་མ་འདྲེས་པ་དག་གིས་ཕྱིས་བཀྲུ་བར་བྱའོ། །འཐོར་འཐུང་གི་རྐང་བསྟེན་དག་ཁྲུས་བྱེད་པའི་ཆུའི་ཟེར་མ་དག་གིས་མི་ཉམས་པ་ཉིད་དུ་ཁད་ཀྱིས་དལ་བུ་དལ་བུས་བཀྲུ་བཤལ་བྱའོ། །བཤང་བ་བྱས་ནས་དེའི་ལམ་ཕྱིས་པའི་འོག་ཏུ་སའི་ཕུང་པོ་བདུན་པོ་དག་གིས་ལག་པ་གཡོན་པ་བཀྲུའོ། །ལག་པ་གཉིས་བཀྲུས་པ་དེའི་རྗེས་ལ་ལག་ངར་གཉིས་ཀྱང་བཀྲུའོ། །ལག་ངར་གཉིས་བཀྲུས་པའི་རྗེས་ལ་ཡང་ལག་པ་གཉིས་སས་བཀྲུའོ། །དེའི་རྗེས་ལ་ས་གཞན་གྱིས་རིལ་བ་སྤྱི་བླུགས་བཀྲུའོ། །དེའི་འོག་ཏུ་རྐང་པ་གཉིས་བཀྲུའོ། །ལྟོ་འཛག་པས་ནི་འཛག་པ་ཐ་མའི་མདུན་དག་ཏུ་བཤང་བ་བྱས་པའི་རྗེས་ལ་རས་མ་སོགས་ཀྱིས་ཕྱི་བ་ཙམ་བྱས་ཏེ་ས་ལ་སོགས་པས་མ་བཀྲུས་པར་འདུག་པ་ལ་ཉེས་པ་མེད་དོ། །ལྟོ་འཛག་པ་དེ་ལས་གཞན་པས་ནི་ཆུ་ཡོད་ན་འཐོར་འཐུང་མ་བྱས་པར་འདུག་པར་མི་བྱའོ། །ཆུ་མེད་ན་མ་བཀྲུས་ཀྱང་ཉེས་པ་མེད་དོ། །སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །སྨན་གྱི་གཞི་རྫོགས་སོ།། །།གསུམ་པ་བྱ་བའི་ཐབས་ལས་ཀྱི་གཞི་ལ་གཉིས་ལས། དང་པོ་ལུང་གཞིའི་སྐབས་ནས་འབྱུང་བ་ལ་གསུམ། ལས་འཆགས་པ་དང་མི་འཆགས་པའི་རྒྱུ་བསྟན་པ། ལས་འཆགས་པར་བྱེད་པའི་རྒྱུ། ལས་དང་འབྲེལ་བའི་བྱ་བ་གཞན་བསྟན་པའོ། །དང་པོ་ནི། རྒྱུར་གྱུར་པའི་ཆོ་ག་ལས་འདས་པ་སྟེ་མ་ཚང་ན་


DLL1002_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུར་གྱུར་པའི་ལས་རྣམ་པར་བཞག་པ་དང༌། དེ་དག་གི་འབྲས་བུ་བསྙེན་པར་རྫོགས་པ་མི་འཆགས་ཤིང་མི་འགྲུབ་སྟེ། རྒྱུ་མ་ཚང་པའི་ཕྱིར་རོ། །དེ་ཡང་སྤྱིར་བསྟན་པའི་ཆོ་ག་མ་ཚང་ན་དེའི་ལས་བྱས་པར་མི་འགྱུར་ལ་དམིགས་བསལ་གྱི་ཆོ་ག་མ་ཚང་ན་དེའི་ལས་བྱས་པར་མི་འགྱུར་རོ། །ཆོ་ག་རང་གང་ཞེ་ན། ལས་དང་ཆོ་གའི་རྣམ་བཞག་སྟོན་པའི་སྐབས་འདིར་ཆོ་ག་ནི་ལས་གང་ལ་གྲངས་ཇི་སྐད་བཤད་པའི་དགེ་འདུན་གྲངས་ཚང་བ་སྟེ་དེ་ཡང་གྲངས་ཚང་ཚན་པ་བཅུ་གཅིག་ཅེས་གྲགས་པ་ནི། མའི་དབྱུང་བ་ལ་ཕ་མ་ཉི་ཤུ་ཉི་ཤུ་སྟེ་བཞི་བཅུ་དང༌། བུད་མེད་དབུས་སུ་རྫོགས་པར་བྱེད་པ་ལ་ཉེར་གཉིས་དང༌། དགེ་སློང་གི་དབྱུང་བ་ལ་ཉི་ཤུ་དང༌། མ་ཆོག་སོགས་ལྔ་ལ་དབུས་སུ་བཅུ་གཉིས་དང༌། མ་ཆོག་ལ་མཐའ་འཁོབ་ཏུ་བཅུ་གཅིག་དང༌། ཕ་ཆོག་ལ་དབུས་སུ་བཅུ་དང༌། མའི་དགག་དབྱེ་ལ་ཕ་ལྔ་མ་བཞི་སྟེ་དགུ་དང་མའི་མགུ་བ་ལ་ཕ་མ་བཞི་བཞི་སྟེ་བརྒྱད་དང༌། མ་ཆོག་སོགས་ལྔ་ལ་མཐའ་འཁོབ་ཏུ་དྲུག་དང༌། མཐའ་འཁོབ་ཏུ་ཕ་ཆོག་དང་དགག་དབྱེ་ལ་ལྔ་དང༌། ལས་གཞན་ཐམས་ཅད་ལ་བཞིས་གྲངས་ཚང་བ་ཡིན་གསུངས་སོ། །མ་རྣམ་དུ་ཕ་ཉི་ཤུ་མ་ཉི་ཤུས་དབྱུང་བར་གསུང་ཞིང༌། ཞུ་བར་དཀྱིལ་འཁོར་གང་དུ་བཞི་བཅུ་ཤོང་བ་ཞེས་དང༌། ལམ་སྒྲོན་འགྲེལ་པར་ཡང་བཞི་བཅུས་དབྱུང་བར་གསུང་ལ། འོན་ཀྱང་མགུ་བ་དང་དབྱུང་བ་གཉིས་ག་ནི་ཚོགས་པ་ལའོ་ཞེས་དང༌། ཊཱིཀྐར། དགེ་སློང་མའི་ལྔ་པོ་ཇི་སྐད་བསྟན་པ་དེ་དག་གི་ལྷག་མ་དགེ་སློང་མའི་དགེ་འདུན་གྱི་ལས་གཞན་ཐམས་ཅད་ལ་ནི་དགེ་སློང་མ་བཞིའི་ཚོགས་ཡན་ཆད་ཀྱིས་ལས་བྱར་རུང་བའོ་ཞེས་གསུངས་པས་དཔྱད་ཀྱང་དགོས་སོ། །གསོལ་བ་འབའ་ཞིག་དང་གཉིས་དང་བཞིའི་ལས་ཚིག་ཏུ་བརྗོད་པ་ཚང་བ་དང་སྟེ་ལྷག་པ་


DLL1002_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཉེས་པ་མེད་པའི་ཕྱིར་རོ། །ལས་བྱེད་པ་པོ་བསྙེན་པར་རྫོགས་པ་ལ་སོགས་པ་འོག་ཏུ་ཇི་སྐད་འཆད་པ་ཉིད་རྒྱུར་གྱུར་པའི་ཐབས་སོ། །འབྲས་བུར་གྱུར་པའི་ལས་སམ་རྣམ་པར་བཞག་པ་གང་ཞེ་ན། ལས་ནི་གསོལ་བ་འབའ་ཞིག་དང༌། ལས་བརྗོད་པ་དང་པོ་དང་གཉིས་པ་དང༌། གསུམ་པ་དང༌། སོ་སོར་ཐར་པའི་མདོ་འདོན་པའི་གསོ་སྦྱོང་དང༌། དབྱར་གནས་པའི་དགེ་འདུན་ལ་གནས་གསུམ་གྱི་དགག་དབྱེ་བྱ་བའོ། །ཐོས་པར་བྱ་བ་མིན་པ་བསྙེན་པར་མ་རྫོགས་པ་ལ་སོགས་པས་ཐོས་པས་ནི་ལས་མི་འཆགས་པར་མི་འགྱུར་རོ། །ཁྱིམ་པས་སོ་སོར་ཐར་པའི་མདོ་འདོན་པ་ཉན་དུ་རུང་བ་ཡོད་པའི་ཕྱིར་རོ། །དེ་ལྟར་ཡང་ཀུན་དགའ་བོ་ཁྱེད་ཀྱིས་རྒྱལ་པོ་གསོ་སྦྱོང་གི་ཕྱིར་སོགས་ལས་མི་འཆགས་པ་མི་བྱ་སྟེ། དགོས་པ་མེད་ཅིང་ཉེས་པར་འགྱུར་བའི་ཕྱིར་རོ། །མི་འཆགས་པ་དེ་གང་ཞེ་ན། ཆད་ལས་ལ་གླེང་དྲན་མ་བྱས་པ་དང༌། བསྐོ་ལས་ལ་སྤྲོ་བ་མ་དྲིས་པ་ལྟ་བུ་ཆོས་མིན་པས་ལས་མི་བྱའོ། །མ་འདུས་པ་དང་འདུས་པ་ཕྱིར་བཟློག་གི་མི་མཐུན་པས་ལས་མི་བྱའོ། །ཚོགས་ཀྱིས་ཚོགས་ཀྱི་ཆེད་དུ་ལས་མི་བྱ་སྟེ་དབྱེན་དུ་འགྱུར་བའི་ཕྱིར་རོ། །དེ་ཡང་མཐུན་པ་སྦྱིན་པ་སོགས་དམིགས་བསལ་དང་བཅས་པ་ཡིན་ནོ། །ལས་གང་ལ་གྲངས་ཇི་སྐད་བཤད་པའི་དགེ་འདུན་དུ་མ་གྱུར་པ་དག་གིས་ལས་མི་བྱའོ། །གཉིས་པ་ལ་བཞི། ཁ་སྐོང་བར་བྱེད་པ་དགེ་འདུན་གྱི་མཚན་ཉིད། བྱེད་པ་པོ་ལས་མཁན་གྱི་མཚན་ཉིད། ལས་ཇི་ལྟར་བྱ་བའི་ཚུལ། མི་མཐུན་པའི་མཚན་ཉིད་དོ། །དང་པོ་ལ་གསུམ། དགེ་སློང་གི་ལས་བྱ་བ་གྲངས་ཀྱི་ཚད། ཞར་ལ་མའི་ལས་བྱ་བའི་ཚུལ། ཁ་སྐོང་གི་མཚན་ཉིད་ཞར་བྱུང་དང་བཅས་པའོ། །དང་པོ་ནི་ལས་གང་ལ་གྲངས་དུ་དགེ་འདུན་ཡིན་ཞེ་ན། དགེ་


DLL1002_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དགེ་འདུན་ལྷག་མའི་ལྟུང་བ་ལས་དབྱུང་བའི་ལས་ལ་ནི་མཚན་ཉིད་དང་ལྡན་པའི་དགེ་སློང་ཉི་ཤུ་ལ་སོགས་པ་དགེ་འདུན་ཡིན་པས་དེར་མ་ཚང་ན་ལས་མི་འཆགས་ཏེ། སོ་ཐར་དུ། གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས་དགེ་སློང་དེ་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་མ་ཕྱིན་ལ་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་ཞེས་སོ། །ཡུལ་དབུས་སུ་དགེ་སློང་བསྙེན་པར་རྫོགས་པར་བྱེད་པའི་ལས་ལ་ནི་དགེ་སློང་བཅུ་ལ་སོགས་པ་དགེ་འདུན་ཡིན་ནོ། །ས་ཚིགས་ཀྱིས་ཕྱེ་བའི་ཡུལ་མཐའ་འཁོབ་དག་ཏུ་ནི་དགེ་སློང་བཅུ་ལ་སོགས་པ་མེད་ན་འདུལ་བ་འཛིན་པ་ལས་མཁན་དང་ལྔ་ལ་སོགས་པ་དགེ་འདུན་ཡིན་ནོ། །ཡོད་ན་སྤྱིར་བསྟན་པའི་ཆོ་ག་ལ་བརྟེན་པར་བྱའོ། །དེ་གཉིས་ནི་དགེ་སློང་དཀོན་མོད་ཀྱི་དབང་གིས་བཞག་སྟེ། ཀོ་ལྤགས་ཀྱི་གཞིར། དགེ་སློང་ཉུང་སྟེ་གྲངས་ཉི་ཤུར་བསྐང་བ་དཀའ་ན་དེ་ལ་བདག་གིས་ཇི་ལྟར་བགྱི་ཞེས་སོ། །ཁ་ཅིག་གིས་བཞིས་ཀྱང་བསྙེན་པར་རྫོགས་པའི་ལས་འཆགས་ཏེ། ཞུ་བར། བཙུན་པ་བཞིའི་ཚོགས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན་རྫོགས་ཞེས་བྱའམ་མ་རྫོགས་ཞེས་བྱ། ཨུ་པ་ལི་བསྙེན་པར་རྫོགས་ཞེས་བྱ་སྟེ། རྫོགས་པར་བྱེད་པ་དག་ལ་འགལ་ཚབས་ཅན་དུ་འགྱུར་ཞེས་གསུངས་པའི་ཕྱིར་གསང་སྟེ་སྟོན་པ་མ་བསྐོས་པར་རྫོགས་པར་བྱར་རུང་གསུང་བ། ཆོ་ག་ལས་འདས་པ་ཡིན་པའི་ཕྱིར། དཔྱད་པར་བྱ་ཞིང༌། དབྱུང་བ་ལ་དབུས་མཐའ་བརྩི་གསུང་བ་ཡང་དཔྱད་དོ། །དབྱུང་བ་དང་བསྙེན་པར་རྫོགས་པའི་ལས་དེ་དག་གི་ལྷག་མ་ཐམས་ཅད་ལ་དགེ་སློང་བཞི་ལ་སོགས་པ་དགེ་འདུན་ཡིན་ནོ། །དགག་དབྱེ་ལ་ནི་དགག་དབྱེ་བྱེད་པ་གཏོགས་པ་ལྔ་ལ་སོགས་པ་དགེ་འདུན་ཡིན་ནོ། །གཉིས་པ་ནི། བསྙེན་རྫོགས་དགག་དབྱེ་མགུ་བ།


DLL1002_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུང་བ་མ་གཏོགས་པའི་དགེ་སློང་མ་རྣམས་ཀྱི་ལས་ཐམས་ཅད་ནི་དགེ་སློང་དང་གནས་ཐ་དད་པ་ཉིད་དུ་བྱ་སྟེ། ཧ་ཅང་འདྲེ་བ་སྤང་བའི་ཕྱིར་རོ། །དགེ་སློང་མའི་དགག་དབྱེ་ནི། དགེ་སློང་གི་དགེ་འདུན་ལ་ཡང་བྱ་དགོས་སོ། །ཡང་ཞེས་པས་དགེ་སློང་མའི་དགེ་འདུན་ལ་ཡང་བྱ་དགོས་པར་བསྟན། མའི་གསོ་སྦྱོང་ནི། དགེ་སློང་གི་དགེ་འདུན་དེ་དང་མཐུན་པ་གྲུབ་པ་རྣམས་ཀྱིས་གནས་ཐ་དད་པ་ཉིད་དུ་བྱའི། མཐུན་པ་མ་གྲུབ་ན་མི་འགྲུབ་བོ། །མཐུན་པ་ཇི་ལྟར་བསྒྲུབ་ན། འདུན་པ་དང་གསོ་སྦྱོང་འབུལ་བས་མཐུན་པ་དེ་བསྒྲུབ་བོ། །དེའི་སྔགས་ནི། འཕགས་པ་དགོངས་སུ་གསོལ། རྒྱལ་པོའི་ཀུན་དགའ་ར་བའི་དགེ་སློང་མའི་དགེ་འདུན་མཐུན་པ་རྒྱལ་བྱེད་ཚལ་གྱི་དགེ་སློང་གི་དགེ་འདུན་མཐུན་པའི་ཞབས་ལ་མགོ་བོས་ཕྱག་འཚལ་ལོ། །གནོད་པ་ཉུང་ངམ། ཉམ་ང་བ་ཆུང་ངམ། བསྐྱོད་པ་ཡང་ངམ། འཚོའམ། སྟོབས་དང་ལྡན་ནམ། བདེའམ། ཁ་ན་མ་ཐོ་བ་མ་མཆིས་སམ། བདེ་བ་ལ་རེག་པར་གནས་སམ་ཞེས་སྙུན་གསོལ་ལོ། །ཟླ་བ་ཕྱེད་ཕྱེད་ཅིང་གདམས་ངག་དང་རྗེས་སུ་བསྟན་པ་གསོལ་ལོ། །འདུན་པ་དང་གསོ་སྦྱོང་བགྱི་བར་གསོལ་བ་འདེབས་སོ། །གསོལ་བ་ཡང་མཁྱེན་པར་གསོལ་ལོ་ཞེས་པའོ། །འདུན་པ་དང་གསོ་སྦྱོང་འབུལ་བ་འདི་ལ་དགེ་སློང་མ་གཉིས་ཀྱིས་དགེ་སློང་མའི་དགེ་འདུན་ལས་བླང་ཞིང་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱའོ། །དགེ་སློང་མ་དེ་གཉིས་འདུན་པ་དང་གསོ་སྦྱོང་འབུལ་ནུས་པ་ཉིད་ཀྱིས་དབུལ་ལོ། །ནུས་པ་གཉིས་མེད་ན་ནུས་པ་གཅིག་གིས་འབུལ་ལོ། །དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མའི་འདུན་པ་དང་གསོ་སྦྱོང་ལེན་པའི་དགེ་སློང་བསྐོ་བར་བྱའོ། །བསྐོས་པའི་དགེ་སློང་དེས་སྒོ་ཁང་དུ་བསྡད་


DLL1002_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དགེ་སློང་དེ་འཇིགས་པ་དང་བཅས་པས་འབྲོས་ན། དགེ་སློང་མ་དེ་གཉིས་ཀྱིས་ཤད་ཀྱིས་སྦྱང་ངོ༌། །དགེ་སློང་དེས་ཀྱང་དགེ་སློང་མ་དེ་གཉིས་འབྲོས་ན་དགེ་སློང་དེས་ཀྱང་དེ་བཞིན་དུ་བཤད་ཀྱིས་སྦྱང་ངོ༌། །ལེན་པ་དང་འབུལ་བར་བྱེད་པ་དེ་དག་གིས་འབྲོས་པར་མི་བྱའོ། །འབུལ་བྱེད་དེ་གཉིས་ཀྱིས་ལེན་བྱེད་དེ་མི་ཤེས་ན་དེའི་མིང་རུས་དྲི་བར་བྱའོ། །དགེ་སློང་མ་རྣམས་ཀྱི་དགེ་འདུན་ལྷག་མ་བྱུང་བའི་མགུ་བ་དང་དབྱུང་བ་ནི་དགེ་སློང་དང་དགེ་སློང་མའི་དགེ་འདུན་གཉིས་ཀ་གནས་གཅིག་ཏུ་ཚོགས་པ་ལ་བྱའོ། །དགེ་སློང་མ་རྣམས་ཀྱིས་བསྙེན་པར་རྫོགས་པར་བྱ་བ་ཡང་གཉིས་ཀའི་དགེ་འདུན་ཚོགས་པ་ལ་བྱའོ། །དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་འདི་ལ། ཡུལ་དབུས་སུ་དགེ་སློང་མ་དེ་དག་གི་ཚོགས་ནི་བཅུ་གཉིས་ཡན་ཆད་དོ། །མཐའ་འཁོབ་ཏུ་མེད་ན་འདུལ་བ་འཛིན་པ་དང་དྲུག་གོ །དགེ་སློང་མ་བསྙེན་པར་རྫོགས་པའི་སྔོན་རོལ་གྱི་བསླབ་པའི་སྡོམ་པ་དང༌། ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་གཉིས་དང༌། འཁོར་འཇོག་པ་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་བཅས་པའི་དགེ་སློང་མའི་དགེ་འདུན་གྱི་གྲངས་ཀྱི་མཐའ་ཡུལ་དབུས་སུ་བཅུ་གཉིས་ཡན་ཆད་དང༌། མཐའ་འཁོབ་ཏུ་མེད་ན་འདུལ་བ་འཛིན་པ་དང་དྲུག་ཡན་ཆད་གྲངས་ཀྱི་མཐའ་ཡིན་ནོ། །དགེ་སློང་མའི་ལས་ལྔ་པོ་དེ་ལས་གཞན་པའི་ལྷག་མ་དག་གི་དགེ་སློང་མའི་དགེ་འདུན་གྱི་ཚོགས་ནི་བཞི་ཡན་ཆད་དོ། །དགེ་སློང་མའི་ལས་བྱ་བ་ལ་དགེ་སློང་མ་ལས་བྱེད་པ་མོས་ལས་བྱེད་མི་ནུས་ན་དགེ་སློང་གིས་ལས་བྱ་ཞིང་དགེ་སློང་མ་ལས་བྱེད་པ་མོ་དེས་དགེ་སློང་གིས་བྱས་པའི་ཚིག་ཉན་ཅིང་ངེས་པར་བརྟགས་ན་རུང་ངོ༌། །འོ་ན་ཚིག་ཇི་ཙམ་ཡན་ཆད་ཉན་ཅིང་བརྟགས་ན་རུང་ཞེ་ན། འདི་ལྟར་ཅང་མི་གསུང་བས་དེ་དེ་


DLL1002_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་དུ་འཛིན་ཏོ་ཞེས་བྱ་བའི་གོང་ཡན་ཆད་དགེ་སློང་གིས་བྱས་པ་མཉན་ན་རུང་ལ། འདི་ལྟར་ཞེས་སོགས་ལས་བྱེད་པ་མོས་ངེས་པར་བརྗོད་དགོས་སོ། །གསུམ་པ་ནི། འདུག་ནས་ལས་བྱེད་པ་དག་གི་དགེ་འདུན་མ་ཚང་བའི་ཚེ་ལས་གྲལ་དེ་ན་དགེ་སློང་འགའ་ཞིག་གིས་ས་ལ་མི་འདུག་པར་འགྲེང་བ་ནི་དགེ་འདུན་ཚང་བར་བྱ་བའི་ཕྱིར་ཁ་སྐོང་བཞིན་པ་ཉིད་མ་ཡིན་ཏེ། སྤྱོད་ལམ་ཐ་དད་པས་ཐ་དད་པར་སྣང་བའི་ཕྱིར་རོ། །སྤྱོད་ལམ་བཞི་ཐ་དད་པ་གཞན་ལ་ཡང་འདྲ་ལ། ཙོག་པུ་དང་སྐྱིལ་མོ་ཀྲུང་ཐ་དད་པ་ལྟ་བུ་ལ་ལས་མི་འཆགས་པར་མི་འགྱུར་ཏེ། འདུག་པར་གཅིག་པའི་ཕྱིར་རོ། །གང་ཟག་གང་ལ་བསྐྲད་པ་སོགས་ཀྱི་ལས་བྱ་བ་ཡང་ཁ་སྐོང་དུ་མི་རུང་སྟེ། བྱ་བ་ཡུལ་དང་བྱེད་པ་པོ་ཐ་དད་པས་ཐ་དད་དུ་གྱུར་པའི་ཕྱིར་རོ། །རྒྱུ་མཚན་དེའི་ཕྱིར་འདུན་པ་སོགས་ཕུལ་ཡང་ལུས་ཀྱིས་ལས་ཀྱི་གནས་སུ་མ་འོངས་པའི་དགེ་སློང་དེ་ལས་ལ་འདུན་པ་དང་ཡོངས་སུ་དག་པ་ཕུལ་བའི་ཆོ་ག་ལས་ཁ་སྐོང་བཞིན་པ་མ་ཡིན་ཏེ། ལས་ཀྱི་གནས་སུ་འདུས་པ་དང་མ་འདུས་པ་ཐ་དད་པས་ཐ་དད་དུ་གྱུར་པའི་ཕྱིར། དེས་ན་ཁ་སྐོང་བར་བྱེད་དགོས་པ་དེས་འདུན་པ་དང་ཡོངས་དག་དེ་གཉིས་དབུལ་བར་བྱ་བ་ཉིད་མིན་པར་རང་ཉིད་ལས་ཀྱི་གནས་སུ་འགྲོ་བར་བྱའོ། །དགེ་སློང་བཞི་ལས་མེད་ན་ཁ་སྐོང་བར་བྱེད་པ་དེ་དགག་དབྱེ་བྱེད་པ་ཉིད་དུ་མི་བསྐོའོ། །བསྐོ་བྱ་མ་གཏོགས་པ་བཞིའི་ཚོགས་མ་ལོངས་པའི་ཕྱིར་བསྙེན་པར་མ་རྫོགས་པ་ཡང་ཁ་སྐོང་བཞིན་པ་མ་ཡིན་ཏེ། བསྙེན་པར་རྫོགས་པ་དང་མ་རྫོགས་པ་ཐ་དད་པས་ཐ་དད་དུ་གྱུར་པའི་ཕྱིར། ཕམ་པ་བྱུང་ནས་ཉམས་པ་དང༌། མཚམས་མེད་པ་ལྔ་བྱས་པ་དང༌། ལྟ་ངན་དྲུག་ཅུ་རྩ་གཉིས་གང་རུང་དང་ལྡན་པའི་སྡིག་པའི་ལྟ་བ་ཅན་དང༌། སྤོ་བ་ལ་སོགས་པའི་ཆད་ལས་བྱེད་པས་གཞན་ན་གནས་པ་དང་།


DLL1002_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ན་ཆོས་མིན་ལས་ཐ་དད་པར་གནས་པ། ཆོས་ཕྱོགས་པ་རྣམས་ཀྱང་ཅིག་ཤོས་ཀྱིས་སྐོང་དུ་རུང་བ་མ་ཡིན་ནོ། །ལྟུང་བ་གང་ཡང་རུང་བས་འཁྲུལ་བ་དང་བཅས་པ་ཡང་ཁ་སྐོང་བ་མ་ཡིན་ནོ། །བསླབ་པ་རང་བཞིན་དུ་གནས་པ་དང་མི་གནས་པ་ཐ་དད་པས་ཐ་དད་དུ་གྱུར་བའི་ཕྱིར། གང་གིས་འཁྲུལ་བཅས་ཡིན་ཞེ་ན། བསྡམ་པར་བྱ་བའི་ཉེས་བྱས་ཀྱིས་ཀྱང་འཁྲུལ་བཅས་ཡིན་གྱི། བཤགས་པར་བྱ་བའི་ཉེས་བྱས་ཡན་ཆད་འབའ་ཞིག་གིས་འཁྲུལ་བཅས་ཡིན་པར་མ་ཟད་དོ། །དགག་དབྱེའི་གཞིར། གལ་ཏེ་བསྡམ་པར་བྱ་བའི་ཉེས་བྱས་དག་ཤེས་ན་བསྡམས་ཏེ་དགག་དབྱེ་བྱའོ་ཞེས་གསུངས། ལས་ལ་མི་སྒྲིབ་པའི་དག་པ་ལ་ངེས་པར་བཤགས་དགོས་སམ་ཞེ་ན། གང་ཟག་སྤྱིའམ་སྒོས་ཀྱི་ལྟུང་བ་བྱིན་གྱིས་བརླབས་པས་ལས་ལ་མི་སྒྲིབ་པའི་དག་པ་ཉིད་དུ་འགྱུར་ཏེ། ཐབས་ཁྱད་པར་ཅན་ཡིན་པའི་ཕྱིར་རོ། །ཐམས་ཅད་དག་པར་འགྱུར་རམ་ཞེ་ན། ལས་བྱེད་པའི་མདུན་རོལ་ཏུ་ལྟུང་བ་དེ་བཤགས་པར་ནུས་པ་ཉིད་ཡིན་ན། བྱིན་གྱིས་བརླབས་པས་དག་པར་མི་འགྱུར་ཏེ། ངེས་པར་བཤགས་དགོས་པའི་ཕྱིར། ནུས་པ་ཉིད་གང་ཞེ་ན། ལས་བྱེད་པའི་ཉི་མ་དེའི་ཚེ་ལྟུང་བ་བཤགས་པ་ལེན་པ་བཤགས་ཡུལ་མཚན་ཉིད་པ་ཡོད་ན་ལྕི་བའི་ཆོས་ལས་འདས་པའི་ལྟུང་བ་དག་མ་གཏོགས་པ་ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ་དང་སོ་སོར་བཤགས་པར་བྱ་བ་དང༌། ཕྱིར་བཅོས་པར་བྱ་བའི་ཉེས་བྱས་རང་དབང་ཅན་ནི་ནུས་པ་ཡིན་ཏེ། ཞག་གི་ཆད་ལས་ལ་མི་ལྟོས་པར་ཡུལ་དེའི་མདུན་དུ་བཤགས་པར་བྱ་བ་ཙམ་གྱིས་ཕྱིར་བཅོས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཚེ་དགེ་འདུན་གྱིས་ལྟུང་བ་གང་བྱུང་དངོས་པོའི་དབང་གིས་ཕྱིར་བཅོས་སུ་གཞུག་པ་ཁོ་ནར་ངེས་སམ་ཞེ་ན། གང་ཟག་ལྟུང་བ་བྱུང་བ་ལ་ནི་བྱེད་པ་པོ་རྣམས་ཀྱི་འདུ་ཤེས་ཇི་ལྟ་བ་བཞིན་དུ་ཕྱིར་བཅོས་བསྒྲུབ་ཏུ་གཞུག་


DLL1002_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་སྟེ། ཕམ་པར་ཤེས་ན་དེ་མེད་པར་ལས་བྱ། ལྷག་མ་དང་བཅས་པར་ཤེས་ན་བྱིན་གྱིས་རློབ་པ་དང༌། བཤགས་པ་དང་བསྡམ་པ་ཅི་རིགས་པར་བྱེད་དུ་གཞུག་གོ །འོ་ན་གང་ཟག་གཅིག་ལ་དགེ་འདུན་ལ་འདུ་ཤེས་དུ་མ་བྱུང་ན་ཇི་ལྟར་བྱ་ཞེ་ན། གང་ཟག་ལྟུང་བ་བྱུང་བ་གཅིག་ལ་དགེ་འདུན་གྱི་འདུ་ཤེས་ཇི་ལྟར་བྱུང་བ་དེ་ལྟར་ཕམ་པ་བྱུང་བར་ཤེས་ན་བསྙིལ་པ་དང༌། ལྷག་མ་དང་སྤང་ལྟུང་བྱུང་བར་ཤེས་ན་མི་བསྙིལ་བར་བྱིན་གྱིས་བརླབ་པ་དང༌། ལྟུང་བྱེད་གཞན་བྱུང་བར་ཤེས་ན་ཕྱིར་བཅོས་པ་རྣམ་པ་དུ་མ་ནི་རིག་པ་ཁོ་ནའོ། །གཉིས་པ་ནི། མི་འདུག་པར་འགྲེང་བ་ནས་འཁྲུལ་བཅས་ཀྱི་བར་དེ་དག་ནི་ལས་བྱེད་པ་པོ་ཉིད་མ་ཡིན་ཏེ། དེ་དག་གིས་ལས་བྱས་ཀྱང་བྱས་པར་མི་འགྱུར་བའི་ཕྱིར་རོ། །དམིགས་བསལ་ནི། ལྷག་མ་དང་བཅས་པ་སྤོ་བ་ནས་དབྱུང་བའི་བར་གྱི་ཕྱིར་བཅོས་པ་ལ་ཞུགས་པ་ནི་འདོན་པ་པོ་མཚན་ཉིད་པ་གཞན་མེད་པའི་ཚེ་སོ་ཐར་གྱི་མདོ་འདོན་པར་བྱེད་པ་ཉིད་དུ་རུང་བ་ཉིད་ཡིན་ནོ། །གསུམ་པ་ལས་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། ཐོས་པར་བྱ་བ་དང་མི་བྱ་བའི་བྱེ་བྲག །མངོན་སུམ་དང་ལྐོག་ཏུ་གྱུར་པའི་བྱེ་བྲག །ལས་བྱ་བའི་གོ་རིམ་བསྟན་པའོ། །ལྷག་མ་ཕྱིར་བཅོས་པ་ལ་ཞུགས་པ་དེ་ལས་གཞན་པ་བསྙེན་པར་མ་རྫོགས་པ་དང་ཉམས་པ་ལ་སོགས་པ་དེ་དག་གིས་ཐོས་པ་དང་བཅས་པར་དགེ་འདུན་གྱི་ལས་མི་བྱ་སྟེ། ཐོས་པར་བྱ་བ་མིན་པས་ཐོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དམིགས་བསལ་ནི། དགེ་འདུན་གྱིས་ཆོས་དང་ཟང་ཟིང་གིས་སྤངས་པ་དང༌། བདེ་འགྲོར་འགྲོ་བ་སོགས་ལས་མ་ལོག་པ་བསླབ་པ་བྱིན་པ་དེ་ངོ་བོ་ཉིད་འཚོལ་བ་བྱིན་པ་བསྡིགས་པ་ལ་སོགས་པ་བྱས་པ་མ་གཏོགས་ཏེ། དེ་དག་གིས་ཐོས་པར་ལས་བྱ་བར་རུང་ངོ༌། །དེ་དག་ལས་ཀྱང་གནས་ནས་


DLL1002_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུང་བ་ནི་རང་གི་ལས་ལན་གསུམ་དུ་གསོལ་ནས་དགེ་འདུན་གྱིས་བཟོད་པ་བྱ་བ་གསོལ་བཞིའི་ལས་ལ་ཡང་མ་གཏོགས་ཏེ། དེས་ཐོས་པར་ལས་དེ་བྱར་རུང་ངོ༌། །དེས་ནི་ཆོས་གཞན་པས་ཀྱང་ཐོས་པར་བཟོད་པ་ལ་སོགས་པ་བྱར་རུང་པར་བསྟན་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དགེ་འདུན་གྱི་ནང་དུ་བར་ཆད་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་དང་ལ་སོགས་པ་དངོས་གཞི་གསོལ་བཞིའི་ལས་ལ་བསྙེན་པར་རྫོགས་པར་བྱ་བ་ཡང་མ་གཏོགས་པས་དེས་ཐོས་པར་ལས་བྱའོ། །གཉིས་པ་ནི། ཐོས་པར་བྱ་བ་མ་ཡིན་པའི་བསྙེན་པར་མ་རྫོགས་པ་ལ་སོགས་པའི་གང་ཟག་ལ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱ་བ་གང་ཡིན་པ་དང༌། བསྙིལ་བ་ལ་སོགས་པ་རྗེས་སུ་བསྒྲག་པར་བྱ་བ་གང་ཡིན་པ་ལས་རྣམ་པ་གཉིས་བྱ་བ་དེ་ཐབས་གང་གིས་བྱ་ན་མངོན་སུམ་དུ་བྱ་བ་དང་རྗེས་སུ་བསྒྲག་པར་བྱ་བའི་ལས་དེ་དག་བྱ་བ་ལ་ཡུལ་དེ་ཚིག་མི་ཐོས་ཤིང་མིག་གིས་བལྟ་བའི་ཉེ་འཁོར་དུ་བཞག་པས་ནི་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱ་བ་དག་བསྒྲུབ་བོ། །ཁྱོད་ལ་གསོལ་བཞིའི་ལས་བྱ་བ་ལས་གསོལ་བ་ནི་བྱས་ཟིན་ཏོ་ཞེས་པ་ལྟ་བུ་གོ་བར་བྱ་བས་ནི་བསྙིལ་བ་ལ་སོགས་པ་རྗེས་སུ་བསྒྲག་པ་དག་བསྒྲུབ་བོ། །བསྙེན་པར་རྫོགས་པའི་ལས་ཐོས་པར་བྱེད་ན་ཐོས་པར་བྱ་བ་མིན་པའི་གང་ཟག་ལ་བྱེད་པ་འགལ་ལོ་ཞེ་ན། སྐྱོན་མེད་དེ། སྤྱིར་བཏང་དམིགས་བསལ་ཡིན་པའི་ཕྱིར། གནས་ཕྱུང་དེ་དགེ་འདུན་གྱིས་སྤངས་པ་ཡིན་ཡང་དེ་ནད་པ་ལ་གནས་ལོངས་རུང་བ་བཞིན། མ་མོ་ལས། མངོན་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབ་པ་དང༌། ལྷུང་བཟེད་ཁ་སྦུབ་པ་བག་ཡངས་སུ་བྱ་བ་དང༌། བསླབ་པའི་སྡོམ་པ་དང༌། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང༌། དགེ་ཚུལ་གྱི་སྡོམ་པ་དང༌།


DLL1002_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོས་པའི་གནང་བ་དང༌། ཕྱག་མི་བྱ་བའི་སྡོམ་པ་དང༌། མི་སྨྲ་བའི་སྡོམ་པ་དང༌། ལོངས་མི་སྤྱོད་པའི་སྡོམ་པ་དང༌། གཙུག་ལག་ཁང་གི་སྡོམ་པའོ། །ཞེས་གསུངས་པའི་དང་པོ་ལྔ་ནི་བསྙེན་པར་མ་རྫོགས་པའི་ཡུལ་ལ་བྱ་བ་ཡིན་པས་དེ་དག་ལ་མངོན་དུ་གྱུར་པའི་དོགས་པ་མེད་པས་འདིར་མ་བསྡུས་ལ། ཕྱི་མ་ལྔ་བསྙེན་པར་རྫོགས་པའི་ཡུལ་ལ་ཡང་བྱ་བ་ཡིན་པས་མངོན་སུམ་དུ་དོགས་པ་བསལ་བའི་ཕྱིར་དགེ་སློང་བྱེ་མ་སྐྱེས་ལ་བཅས་པ་ལྟ་བུ་སྨྱོས་པའི་གནང་བ་དང༌། དགེ་སློང་གནས་ཕྱུང་ལ་མ་རྣམས་ཀྱིས་ཕྱག་མི་བྱ་བ་དང༌། དེ་ལ་གཏམ་འདྲི་བར་མི་བྱ་བའི་མི་སྨྲ་བ་དང༌། དེ་དག་གི་ལོངས་སྤྱོད་ལ་ལོངས་མི་སྤྱོད་པ་དང༌། དེ་དག་གི་གཙུག་ལག་ཁང་དུ་མི་འགྲོ་བའི་སྡོམ་པ་དག་ནི་ཡུལ་དེ་མངོན་སུམ་དུ་མ་གྱུར་བར་བྱ་སྟེ། དེ་དག་ནི་རང་གི་བ་ཡང་དག་པར་བསྡམས་པ་ཡིན་གྱི། གཞན་ལ་སྤྱོ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གསུམ་པ་ནི། སྔར་གསོལ་བ་མ་བྱས་པར་བསྙེན་རྫོགས་ལྟ་བུ་དེའི་དོན་དུ་ལས་བརྗོད་པ་མི་བྱ་སྟེ། མ་བསྐོས་པར་འགྱུར་བའི་ཕྱིར་རོ། །བཞི་པ་ནི། སྔར་མི་མཐུན་པ་ཞེས་པའི་ངོ་བོ་ལ་མ་འདུས་པའི་མི་མཐུན་པ་ནི་མ་ཞུགས་པ་ཉིད་མི་མཐུན་པ་ཉིད་དོ། །གང་ན་གང་དུ་ལས་དེ་བྱེད་པའི་གནས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་པ་ཐེ་བའོ། །ཁྱད་པར་ཇི་ལྟ་བུ་ན། ཚོགས་ཀྱི་ཁ་སྐོང་པར་འོས་པ་སྟེ་མི་འོས་པ་མ་རྫོགས་པ་སོགས་མ་ཡིན་ནོ། །དེ་ཡང་ངེས་པའམ་འཕྲིགས་པ་སྨྱོས་པའི་གནང་བ་མ་ཐོབ་པའོ། །གང་ལ་ན། ལས་དེ་ལའོ། །རྣམ་པ་གང་གིས་ན་ལུས་སམ་དེ་ལ་འདུན་པས་སོ། །གང་དུ་ན། དགེ་འདུན་ཚོགས་ཤིང་འདུས་པར་རོ། ཇི་ལྟར་ན། རྗེས་སུ་མཐུན་པར་མ་ཞུགས་པ་ཉིད་ནི་མ་འདུས་པའི་མི་མཐུན་པའོ། །འདུས་པ་ཕྱིར་ལོག་གི་མི་


DLL1002_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་ནི། ཡང་ཞེས་པས་མི་མཐུན་པ་ཉིད་ཅེས་དང༌། མཚམས་ཀྱི་ཁོངས་སུ་གཏོགས་པ་དེས་ཕྱིར་ཟློག་པར་བྱེད་པ་ཡང་མི་མཐུན་པ་ཉིད་དོ། །གང་གིས་ཟློག་པར་བྱེད་ན། ཡུལ་གང་ལ་ལས་དེ་བྱེད་པ་དེ་ལས་གཞན་གྱིས་འཆགས་ཀྱི། དེས་ནི་ཕྱིར་བཟློག་པ་མི་འཆགས་སོ། །ལས་ཐམས་ཅད་ལ་མི་འཆགས་སམ་ཞེ་ན། གལ་ཏེ་མི་མཐུན་པ་ཆད་པས་བཅད་པའི་ལས་ལ་མི་འཆགས་ཀྱི། སྦྱིན་པ་དང༌། དབྱུང་བ་དང༌། བཟོད་པ་དང༌། བསྐོ་བ་དག་ལ་ནི་གང་ལ་བྱེད་པ་དེས་ཕྱིར་བཟློག་པ་འཆགས་སོ། །ཆད་ལས་ཐམས་ཅད་ལ་མི་འཆགས་སམ་ཞེ་ན། འདུན་པ་ལེན་པ་དང་དགེ་འདུན་ཚོགས་པ་ལ་སོགས་པ་ཆོས་དང་ལྡན་ན་མི་འཆགས་ཀྱི། གཞན་དུ་འཆགས་སོ། །བྱེད་པ་པོ་ཐམས་ཅད་ཀྱིས་འཆགས་སམ་ཞེ་ན། སྤྱོད་ལམ་ལས་མ་ཉམས་པ་དང༌། རང་བཞིན་དུ་གནས་པ་དང༌། ངག་ཡང་དག་པར་བསྡམས་པས་བཟློག་ན་འཆགས་ཀྱི། དེ་དག་ལས་བཟློག་པས་མི་འཆགས་སོ། །དེ་ལྟ་བུ་ཐམས་ཅད་ཀྱིས་འཆགས་སམ་ཞེ་ན། འདུལ་བར་གཏོགས་པའི་བྱ་བ་མངོན་པར་མི་ཤེས་པ་དང༌། ནང་ཞེ་འཁོན་དང་བཅས་པ་མ་གཏོགས་སོ། །སྤྱོད་ལམ་ལས་ཉམས་པ་ལ་སོགས་པའི་ངོ་བོ་ཇི་ལྟ་བུ་ཞེ་ན། རྫུན་དུ་སྨྲ་བའི་རྗེས་སུ་མཐུན་པ་རྣམ་པ་ཐམས་ཅད་དུ་རྫུན་མི་སྨྲ་སྙམ་པ་མེད་པས་དེ་ལས་སེམས་ཕྱིར་མ་བསྡུས་པ་ཉིད་ནི་ངག་ཡང་དག་པར་མ་བསྡམས་པ་ཡིན་གྱི། དྲན་པ་གང་ཡང་རུང་བས་རྫུན་དུ་གྱུར་པ་ནི་མ་ཡིན་ནོ། །དེ་ཁོ་ན་ངག་ཡང་དག་པར་མ་བསྡམས་པ་ཡིན་ནམ་ཞེ་ན། ཕ་རོལ་དབྱེ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཚིག་ཕྲ་མ་དང༌། གཞན་ལ་གནོད་པའི་ཚིག་རྩུབ་མོ་དང༌། ཉོན་མོངས་ཅན་གྱི་ཚིག་ངག་བཀྱལ་བ་ཡང་ངག་ཡང་དག་པར་མ་བསྡམས་པ་ཡིན་ན་རྫུན་སྨྲ་བའི་རྗེས་སུ་མཐུན་པ་ཡིན་


DLL1002_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །བསླབ་པ་རང་བཞིན་དུ་གནས་པ་མིན་པ་ཉིད་ཀྱང་རྫུན་ལ་སོགས་པ་དེ་དག་གི་རྗེས་སུ་མཐུན་པ་ཡིན་ནོ། །གཞན་ཡང་བྱ་བ་མིན་པ་ལྟུང་བར་འགྱུར་བ་ལྷག་པར་སྤྱོད་པའི་རྗེས་སུ་མཐུན་པ་ཉིད་ཀྱང་དེ་ཡིན་ནོ། །གསོ་སྦྱོང་ལ་སོགས་པའི་བྱ་བ་མི་བྱེད་པ་ཡང་དེའི་རྗེས་སུ་མཐུན་པ་ཡིན་ནོ། །འདུག་པའི་སྤྱོད་ལམ་དེ་བརྩམས་པ་འདུག་པར་གྱུར་པ་གཞན་དུ་འགྲོ་བའི་སེམས་ཀྱིས་བཏང་བ་ནི་སྤྱོད་ལམ་ལས་ཉམས་པ་ཡིན་གྱི་གཞན་དུ་སོང་བ་འབའ་ཞིག་ཏུ་མ་ཟད་དོ། །གསུམ་པ་ལས་དང་འབྲེལ་བའི་བྱ་བ་གཞན་བསྟན་པ་ནི། ལས་བརྒྱ་རྩ་ལས་གང་ཡང་རུང་བ་བྱེད་པ་ན་ལས་འདི་བྱ་བ་འོས་མི་འོས་ཁོ་བོ་འདི་ལྟར་སེམས་ཞེས་པའི་ལྟ་བ་སྟེ་བསམ་པ་དགེ་འདུན་ལ་བརྗོད་པར་བྱའོ། །དགེ་འདུན་ལས་གཞན་པའི་ཚོགས་ལ་དེ་བརྗོད་པར་མི་བྱ་སྟེ་དགོས་པ་མི་འགྲུབ་པའི་ཕྱིར་རོ། །དགེ་འདུན་དུ་ལོངས་ཀྱང་བསྙེན་པར་མ་རྫོགས་པ་ལ་བརྗོད་པར་མི་བྱའོ། །བསྙེན་པར་རྫོགས་ཀྱང་ཁ་སྐོང་པར་འོས་པ་མ་ཡིན་པ་ལ་ཡང་བརྗོད་པར་མི་བྱའོ། །འདི་ཕམ་པར་གྱུར་པ་བདག་གིས་ཤེས་སོ། །ཞེས་ལྷག་མ་མ་ལུས་པ་ཕམ་པར་གྱུར་པའི་ལྟ་བ་ནི་སུ་ལའང་བརྗོད་པར་མི་བྱ་སྟེ། བརྗོད་ཀྱང་དེ་ཕྱིར་བཅོས་སུ་མི་རུང་བས་དགོས་པ་མེད་པའི་ཕྱིར་དང༌། འཐབ་ཀྲོལ་དུ་འགྱུར་བའི་ཕྱིར་རོ། །མ་མོར། ཆོས་དང་ལྡན་པ་མིན་པའི་ལྟ་བ་བརྗོད་པ་ལྔ་གང་ཞེ་ན། གནས་པར་མི་བྱ་བ་ལ་ལྟ་བ་བརྗོད་པ་དང༌། ཐ་དད་པར་གནས་པ་ལ་དང༌། བསྙེན་པར་མ་རྫོགས་པ་ལ་དང༌། ཚོགས་ལ་དང༌། ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་སྟེ། ལྔ་པོ་དེ་དག་ནི་ཆོས་དང་ལྡན་པ་མིན་པའི་ལྟ་བ་བརྗོད་པའོ། །ཞེས་སོ། །གནས་མལ་སྟོབས་པ་ལྟ་བུར་བསྐོས་པ་བརྗེས་ནས་ཆེས་ལེགས་པ་


DLL1002_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་བ་དང་ཆེས་མང་བ་ཡུན་རིང་དུ་བྱེད་པ་བསྐོ་བར་བྱའོ། །བསྐོ་བ་ན་དུས་ངེས་པར་བྱས་ཏེ་བསྐོ་བར་མི་བྱའོ། །གང་ལ་དུས་ངེས་པར་བྱས་ཏེ་བསྐོ་བར་མི་བྱ་ན། ཡང་དང་ཡང་དུ་དགོས་པ་བྱུང་ངོ་ཅོག་ལ་ཁྱོད་བསྐོའོ་ཞེས་པའམ། དགོས་པ་གཞན་ལ་ཡང་ཁྱོད་ཁོ་ན་བསྐོའོ། །ཞེས་དུས་ངེས་པར་བྱས་ཏེ་མི་བསྐོའོ། །དུས་ངེས་པར་བྱས་ཏེ་བསྐོས་པ་ལས་གཞན་ངེས་པ་མེད་པར་བསྐོས་པ་ལ་ཡང་ཇི་ཙམ་གྱིས་ཆོག་ཅིང་རན་པ་ན། བརྗེས་ནས་སྤང་བ་བག་ཡངས་སྦྱིན་ནོ། །སྣོད་སྤྱད་འགྱེད་པར་བསྐོས་པ་མེད་ན་རྙེད་པ་དབང་བ་རྣམས་མདུང་དོར་བས་བགོའོ། །མདུང་དོར་བ་ནི། ཤིང་བུའམ། རྡེའུ་མཚན་མ་བཏབ་པ་དེ་རང་རང་གིས་ཁྱེར་འོངས་ནས་དེ་རྣམས་མདུང་འདོར་བའི་གང་ཟག་གཅིག་གིས་བསྡུས་ནས་བགོ་བྱའི་རྫས་ཀྱི་སྟེང་དུ་རེ་རེ་བཞག་པ་ན་གང་ལ་བབ་པ་དེས་དེ་ལེན་པའམ། མདུང་དོར་བ་མེད་ན་རྫས་རྣམས་མི་མངོན་པར་བཞག་ནས་དབང་བ་རྣམས་ཀྱིས་རང་རང་གིས་རེ་རེ་བླངས་ནས་གང་ཟིན་པ་དེས་དེ་འཁྱེར་རོ། །བསྙེན་པར་མ་རྫོགས་པ་ལ་སོགས་པ་གང་ཁ་སྐོང་བར་མི་འོས་པ་དེ་མདུང་འདོར་བར་ཡང་འོས་པ་མིན་ནོ། །དགེ་འདུན་གྱི་དབྱེན་ལ། ཆོས་དང་ཆོས་མིན་པའི་ཕྱོགས་གང་ཡིན་བརྟག་པའི་ཕྱིར་ཚུལ་ཤིང་བྲིམ་པ་ལ་ནི་ཡང་ཁ་སྐོང་བར་འོས་པ་མིན་པས་ཚུལ་ཤིང་དག་འབྲིམ་པ་མི་འཆགས་སོ། །ལས་ཀྱི་གཞི་གཞིར་གཏོགས་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གཉིས། ལས་སྤྱིར་བསྟན་པ། ཐུན་མོང་མིན་པའི་སྐབས་སོ། །དང་པོ་ལ་གསུམ། ལས་བརྗོད་པ་ངོ་བོ་ཉིད་ཀྱི་མཚན་ཉིད་དབྱེ་བ་དང་བཅས་པ། སྤྱོད་ལམ་དང་ཡུལ་གྱི་མཚན་ཉིད། ལས་དང་འབྲེལ་བའི་མཚན་ཉིད་གཞན་བསྟན་པའོ། །དང་པོ་ནི། ཆོ་ག་ལས་འདས་ན་ལས་མི་འཆགས་པ་ལྟར་ལྷག་ནའང་མི་འཆགས་སམ་ཞེ་


DLL1002_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ན། གསོལ་བ་འབའ་ཞིག་ལ། གཉིས་ཀྱི་ལས་བྱས་པ་ལྟ་བུ་བརྗོད་པ་ལྷག་པ་དག་གིས་ནི་ལས་མ་བྱས་པ་ཉིད་མིན་ཏེ། ཉམས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །མ་ཚང་ཡང་ཉེས་བྱས་ཙམ་འཆགས་སམ་ཞེ་ན། གང་ལ་ལས་བརྗོད་པ་ཇི་སྙེད་གསུངས་པ་དེ་ལས་ཉམས་ན་ལས་མ་བྱས་པ་ཉིད་དོ། །ལས་བྱེད་པ་ཉིད་ན་བྱེད་པ་པོ་འགའ་ཞིག་སོང་ན་གསོལ་བ་དང་བརྗོད་པ་རྫོགས་པ་དག་ནི་བྱས་པ་ཡིན་ལ། དེ་དག་གི་ཚིག་མ་རྫོགས་པ་རྣམ་པར་འཁྲུགས་པ་ཉིད་ཡིན་པས་ཡང་བྱ་དགོས་སོ། །དཔེར་ན་གསོལ་བ་རྫོགས་ཤིང་བརྗོད་པ་དང་པོ་མ་རྫོགས་པར་སོང་ན་གསོལ་བ་བསྐྱར་མི་དགོས་ལ་བརྗོད་པ་འགོ་ནས་བསྐྱར་དགོས་པ་ལྟ་བུའོ། །ལས་བྱེད་པ་ན་དགེ་སློང་དག་འགྲོ་བ་ན་ལས་དེ་ལ་དགེ་སློང་བཅུ་ལ་སོགས་པ་དགེ་འདུན་གྱི་ཚད་དག་ཏུ་སྟན་ལས་མ་ལངས་བ་རྣམས་མ་ལུས་པ་ཉིད་ན་ཚིག་སྔར་རྫོགས་པ་རྣམས་ཀྱང་འཁྲུགས་པ་ཉིད་དོ། །ཁ་ཅིག་སོང་ཡང་སྟན་ལས་མ་ལངས་པ་དགེ་འདུན་གྱི་ཚད་ཙམ་ལུས་པ་ཉིད་ན་ཚིག་སྔར་རྫོགས་པ་རྣམས་འཁྲུགས་པར་མི་འགྱུར་རོ། །གལ་ཏེ་ཚིག་རྫོགས་ཟིན་པ་རྣམ་པར་མ་འཁྲུགས་པའི་ལས་དེ་ཡང་གཞི་ནས་བྱེད་པར་འདོད་ན་ལས་བྱེད་པས་དང་པོར་ཚིག་གིས་རྣམ་པར་དཀྲུག་ཅིང༌། དེའི་འོག་ཏུ་ལས་དེ་གཞི་ནས་བཟླས་པར་བྱའོ། །ཚིག་གིས་ཇི་ལྟར་དཀྲུག་ན། དགེ་འདུན་ལ་གསོལ་བས་སོ། །རྣམ་པ་གང་གིས་གསོལ་ན། གསོལ་བ་རྫོགས་ཟིན་ཡང་གཞི་ནས་བཟླས་པར་འདོད་ན། དགེ་འདུན་ལ་བཙུན་པ་དག་ཡང་གསོལ་བར་བགྱིའོ། །ཞེས་བརྗོད་ཅིང་བརྗོད་པ་འབའ་ཞིག་བཟླས་པར་འདོད་ན་ཡང་རྗེས་སུ་བསྒྲག་པར་བགྱིའོ། །ཞེས་བརྗོད་ལ། གཉིས་ཀ་བཟླས་པར་འདོད་ན། གསོལ་བ་བགྱི་ཞིང་རྗེས་སུ་


DLL1002_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲག་པར་བགྱིའོ་ཞེས་བརྗོད་པས་སོ། །དགེ་འདུན་སྨོས་པ་དཔེ་སྟེ། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་རློབ་པ་སོགས་ལའང་ཚིག་རྫོགས་ཟིན་པ་དེ་གཞི་ནས་བཟླས་པར་འདོད་ན་གང་ཟག་དེ་ལ་བཙུན་པ་ཡང་རྗེས་སུ་བསྒྲག་གོ །ཞེས་བརྗོད་ནས་དེའི་འོག་ཏུ་སྔགས་ཀྱི་ཚིག་གཞི་ནས་བཟླས་པར་བྱའོ། །དེའི་སྐབས་སུ་གསོལ་བ་བགྱིའོ་ཞེས་ནི་བསྒྲག་མི་དགོས་ཏེ། གསོལ་བ་ནི་གསོལ་བའི་བདག་ཉིད་ཀྱི་ལས་ཀྱི་སྐབས་ཡིན་པའི་ཕྱིར་རོ། །བརྗོད་པ་ཆད་ལྷག་གིས་དེ་ལྟར་འགྱུར་ན། ལས་གང་ལ་བརྗོད་པ་དུ་བྱ་ཞེ་ན། དབྱེན་ལ་སོགས་པ་བཟློག་པའི་ཕྱིར་བསྒོ་བའི་ལས་བཅུ་དང༌། བཅུ་པོ་ནི་དགེ་འདུན་གྱི་དབྱེན་བྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་དང༌། ཁྱིམ་སུན་འབྱིན་པ་དང༌། བཀའ་བློ་མི་བདེ་བ་དང༌། དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དང༌། གནས་ནས་ཕྱུང་བའི་རྗེས་སུ་ཕྱོགས་པའི་དགེ་སློང་མ་དང༌། དགེ་སློང་མ་དཀོན་མཆོག་གཏོང་བ་དང༌། འཐབ་ཀྲོལ་བྱེད་པ་དང༌། སྡེ་ཞིང་གནས་པ་དང༌། སྡེ་ཞིང་གནས་སུ་འཛུད་པ་ལ་ཞུགས་པ་བཟློག་པའི་ཕྱིར་བསྒོ་བའོ། །དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་བསྙིལ་བ་དང༌། ལྟུང་བ་གང་བྱུང་གསལ་བར་མི་དྲན་པ་ལ་དེའི་ངོ་བོ་ཉིད་འཚོལ་དུ་གཞུག་པ་སྦྱིན་པ་དང༌། ཕམ་པ་འཆབ་མེད་བྱུང་བ་ལ་བསླབ་པ་སྦྱིན་པ་དང༌། མཐུན་པ་སྦྱིན་པ་དང༌། མཐུན་པ་དེའི་གསོ་སྦྱོང་སྦྱིན་པ་དང༌། མུ་སྟེགས་ཅན་རབ་ཏུ་འབྱུང་བར་འདོད་པ་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་སྦྱིན་པ་དང༌། དེ་ལས་གཞན་པ་དགེ་འདུན་ལྷག་མ་བཅབས་པ་ལ་སྤོ་བ་སྦྱིན་པ་དང༌། དགེ་འདུན་ལྷག་མའི་ལྟུང་བ་དང་ལྕི་བའི་ཆོས་ལྷག་པར་སྤྱད་པའི་ཕྱིར་མགུ་བ་སྦྱིན་པ་དང༌། སྤོ་མགུ་སྤྱོད་པའི་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ན་ཡང་གཞི་ནས་


DLL1002_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྤོ་བ་དང་མགུ་བ་དང༌། ཡང་སྤོ་དང་ཡང་མགུ་སྦྱིན་པ་དང༌། དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པ་དང༌། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན་པ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། མཚམས་དགྲོལ་བ་དང༌། བསྡིགས་པ་ལ་སོགས་པའི་ནན་ཏུར་དང༌། གནས་ནས་ཕྱུང་བ་ལ་བཟོད་པ་བྱ་བའི་ལས་དང༌། དགེ་འདུན་ལྷག་མ་ལས་དབྱུང་བ་དང༌། སྲ་བརྐྱང་དབྱུང་བ་དག་ལ་ནི་བརྗོད་པ་གསུམ་མོ། །འོ་ན་འདིར་གསོལ་བཞིའི་ལས་གཅིག་པུ་སྟོན་པ་ཅི་ཞེ་ན། འདུལ་བའི་གཞུང་ལས་བསྒྲང་བ་དང༌། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། ཕྱག་མི་བྱ་བའི་བསླབ་པའི་སྡོམ་པ་སྦྱིན་པ་དང༌། རྩོད་པ་སྤོ་བར་བྱེད་པ་བསྐོ་བ་དང༌། བཟོད་པ་གསོལ་བའང་གསོལ་བཞིའི་ལས་སུ་སྣང་བ་དེ་དག་འདིར་གསོལ་བཞིའི་ལས་སུ་མ་བྱས་ཏེ། ཅི་རིགས་པར་འབའ་ཞིག་དང་གཉིས་ཀྱི་ལས་ཡིན་པའི་ཕྱིར་རོ། །དེ་གང་ལས་ཤེས་ཤེ་ན། གཏམ་གྱི་གཞིར། བཙུན་པ་ལས་དུ་དག་མཆིས། ཉེ་བར་འཁོར། བརྒྱ་རྩ་གཅིག་གོ །བཙུན་པ་ལས་ཇི་ལྟ་བུ་དག་གིས་ལས་ཐམས་ཅད་བསྡུས། ཉེ་བར་འཁོར་གསུམ་གྱིས་ཏེ། གསུམ་གང་ཞེ་ན། གསོལ་བའི་ལས་དང༌། གསོལ་བ་དང་གཉིས་ཀྱི་ལས་དང༌། གསོལ་བ་དང་བཞིའི་ལས་ཀྱིས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་གང་དག་ལགས་པ་དེ་དག་ལ་གསོལ་བའི་ལས་དག་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལས་དག་ནི་དུ་མཆིས། བཀའ་སྩལ་པ། ཉེ་བར་འཁོར་གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ། །ལས་གཉིས་འདིར་མ་བསྟན་པ་ནི། ཕྲན་ཚེགས་ལ་སོགས་པར། འབའ་ཞིག་


DLL1002_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པར་བསྟན་པ་དག་པར་བྱ་བའི་ཕྱིར་རོ། །གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞི་ནི། གསང་དང་ནང་དུ་དྲི་ཕྱིར་དང༌། །གསོ་སྦྱོང་དེ་ལ་ལྟུང་བཅས་དང༌། །དེ་ལ་དགེ་འདུན་ཡིད་གཉིས་དང༌། །རྩོད་དང་ངེས་ཉིད་མ་ཡིན་དང༌། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། ཤི་བའི་རྫས་དང་ནོར་འདྲེ་དང༌། །ཆོས་གོས་སྲ་བརྐྱང་གཏད་པ་དང༌། །ཆོས་གོས་སྦྱིན་པར་བྱ་བ་དང༌། །གནས་ངན་ལེན་ནི་བརྗོད་པ་དང༌། །གྲངས་སུ་གཞུག་པ་བཞི་དག་དང༌། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང༌། །ལྷུང་བཟེད་ཁ་སྦུབ་བྱ་བ་དང༌། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་གསུངས་ཏེ། ཤི་བའི་རྫས་དང་ནོར་འདྲེས་ལས་གཅིག་བསྟན་ནོ། །ཆོས་གོས་གཏད་པ་སྦྱིན་པ་གཉིས་ཀྱིས་གཅིག་གོ །གྲངས་སུ་གཞུག་པ་བཞིས་བཞི་བསྟན་ནོ། །གནས་དང་མཚམས་ནི་གཉིས་པོ་དང༌། །མི་འབྲལ་མྱོས་དང་དགག་དབྱེ་དང༌། །གནས་མལ་སྟོབས་པར་བྱེད་པ་དང༌། །རུང་བའི་ས་གཞི་བསྐོ་བ་དང༌། །སྲ་བརྐྱང་དང་ནི་དེ་འདིང་དང༌། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བསྐོ་ལ་སོགས་པ་དང༌། །གཟུ་དང་གསལ་དང་སྦེད་པ་དང༌། །ཚུལ་ཤིང་འབྲིམ་པར་བྱེད་པ་དང༌། །ཁང་པ་ཁང་ཆེན་བསྟན་པ་དང༌། །གླེང་དང་འདྲལ་བར་མི་འགྱུར་དང༌། །སྟན་དང་ལྷུང་བཟེད་འབྲིམ་པ་དང༌། །མ་དད་གོ་བར་བྱ་བ་དང༌། །སྟོན་པ་དང་ནི་ནགས་མྱུལ་དང༌། །ཕྱག་མི་བྱ་བ་མང་ཕྱིར་དང༌། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང༌། །བསླབ་པ་སྦྱིན་དང་ཉེར་གནས་དང༌། །བུ་དང་ཉེ་དུ་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་གསུངས། མཚམས་ཞེས་པས་མཚམས་ཆེན་དང་དཀྱིལ་འཁོར་བ་བཅད་པ་གཉིས་


DLL1002_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གཅིག་པའི་ཕྱིར་གཅིག་ཏུ་བགྲང་ངོ༌། །གནས་བསྐོ་སོགས་པས། གནས་ཁང་ཟས་ལ་བསྐོ་བ་གཉིས། །ཐུག་པ་བག་ཚོས་འབྲིམ་པ་དང༌། །ཕྲན་ཚེགས་འབྲིམ་པར་བྱེད་པ་དང༌། །སྣོད་སྤྱད་འགྲུབ་དང་གོས་ཀྱི་གཉིས། །དབྱར་གྱི་རས་ཆེན་སྦེད་དང་འགེད། །མངག་གཞུག་པ་དང་མཛེས་འཆོས་ཏེ། །ཞེས་པས་བཅུ་གཉིས་བསྟན་ནོ། །མང་ཕྱིར་གྱིས་འཁོར་དང་འཁོར་མང་ཉེར་འཇོག་གཉིས་བསྟན་ནོ། །བསྙེན་པར་རྫོགས་པ་བྱ་བ་དང༌། །མུ་སྟེགས་གནས་དང་མཚམས་དགྲོལ་དང༌། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང༌། །བརྒྱད་དང་དྲན་དང་མ་མྱོས་དང༌། །དེ་ཉིད་འཚོལ་དུ་གཞུག་པ་དང༌། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་གསུངས། བདུན་པོས་ལས་གཉིས་བསྟན་ནོ། །བརྒྱད་དང་གིས་སྤོ་བ་སོགས་དྲུག་དང་ལྷག་མའི་དང་སྲ་བརྐྱང་དབྱུང་བ་སྟེ་བརྒྱད་དོ། །བསྒོ་བར་བྱ་བས་བསྒོ་གྱུར་བཅུ་དང་བསྙིལ་བ་དང་བཅུ་གཅིག་གོ །སློབ་དཔོན་དུལ་ལྷས་ཆད་པ་དང་བསྒོ་བ་དང་རྩོད་པ་ཞི་བར་བྱ་བ་དང༌། ས་གོང་མར་སྤོ་བ་དང༌། དགེ་འདུན་ལ་མཁོ་བ་རྣམ་པར་བཞག་པ་དབྱུང་བ་དག་ལ་ནི་གསོལ་བ་བརྗོད་པ་གསུམ་དང་བཅས་པའོ། །ཞེས་གསུངས་ཏེ། ཆད་པ་ཞེས་པས་ཆད་པས་བཅད་པའི་ལས་བཅུ་གསུམ་བསྟན་ཏེ། བསླབ་པ་བསྙིལ་བ་ངོ་བོ་ཉིད། །མུ་སྟེགས་ཅན་གནས་སྤོ་སོགས་དྲུག །དྲན་དང་མ་མྱོས་ནན་ཏུར་རྣམས། །བསྒོ་བས་བཅུ་དང་རྩོད་པ་བཞིས། །མཐུན་དང་དེ་ཡི་གསོ་སྦྱོང་གཉིས། །ས་གོང་སྤོ་བས་གསུམ་བསྟན་ཏེ། །བསྙེན་རྫོགས་དབྱུང་བ་བཟོད་པའོ། །དགེ་འདུན་ལ་མཁོ་ལས་གཉིས་ཏེ། །མཚམས་དགྲོལ་སྲ་བརྐྱང་དབྱུང་བའོ། །བསྐོ་བ་དང་རབ་ཏུ་བྱུང་བ་ལ་མཁོ་བ་


DLL1002_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་བཞག་པའི་བྱ་བ་དག་ལ་ནི་བརྗོད་པ་གཅིག་དང་བཅས་པའོ་ཞེས་ཏེ། བསྐོ་དང་བློ་མཐུན་ལས་སོ་གཅིག །དགག་དབྱེ་ནས་ནི་ཁང་ཆེན་པར། །གནས་ལ་བློ་མཐུན་གླེང་བ་བསྐོ། །འབྲེལ་མེད་གནས་ངན་ལེན་བརྗོད་དང༌། །སྟོན་པ་དང་ནི་ནགས་མྱུལ་ལོ། །རབ་བྱུང་ལ་མཁོ་བས་བཅུ་དྲུག་སྟེ། མཚམས་བཅད་མི་འབྲལ་མྱོས་པ་དང༌། །སྣམ་སྦྱར་སྟན་དང་ཕྱག་མི་བྱ། །འཁོར་གཉིས་འཁར་བ་དྲ་བ་དང༌། །རྙེད་པ་གཅིག་བྱ་སྡོམ་གཉིས་དང༌། །བུ་དང་ཉེ་དུ་ཕྱིར་འགྲོ་བའོ། །རྗེས་སུ་གནང་བ་དང་དགེ་འདུན་གྱིས་བྱིན་གྱིས་བརླབས་པ་དང༌། སྦྱིན་པ་དང་རང་གི་དོན་ལ་སྦྱར་བ་དང༌། བགྲང་བ་དང༌། ཁྱིམ་པའི་དོན་རྣམ་པར་བཞག་པར་བྱ་བ་དང༌། དབྱུང་བ་དག་ལ་ནི་འབའ་ཞིག་གོ་ཞེས་གསུངས། རྗེས་སུ་གནང་བས་གསང་སྟེ་དང༌། ནང་དུ་དང༌། གསོ་སྦྱོང་དགག་དབྱེ་སྟེ་བཞིའོ། །དགེ་འདུན་གྱིས་ཤེས་པས་ལྟུང་བ་བྱིན་གྱིས་བརླབས་པ་བརྒྱད་དང༌། ཤི་བའི་རྫས་བྱིན་གྱིས་བརླབས་པ་དགུའོ། །སྦྱིན་པས་གཅིག་སྟེ། སྲ་བརྐྱང་གཏད་པ་དང་ཆོས་གོས་ངན་པ་ལ་སྦྱིན་པའོ། །རང་གིས་གནས་ངན་ལེན་བརྗོད་པ་དང༌། ཚུལ་ཤིང་ལེན་པ་གཉིས་བསྟན་ནོ། །བགྲང་བས་བཞིའོ། །ཁྱིམ་པའི་དོན་རྣམ་པར་བཞག་པས་བསླབ་སྡོམ་དང༌། ཁ་སྦུབ་གཉིས་སོ། །དབྱུང་བས་གཞིག་པ་དང་བཟློག་པ་གཉིས་བསྟན་ཏེ། གསོལ་བ་འབའ་ཞིག་དང༌། གསོལ་གཉིས་དང༌། གསོལ་བཞིའི་ལས་རྣམས་ཀྱི་ཁྱད་པར་ནི་འབད་པ་ཆེ་འབྲིང་ཆུང་ངུའི་བྱེ་བྲག་གིས་བཞག་པ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། རང་གི་དོན་གྱི་སྔགས་བརྗོད་ལ། འཁར་བ་དྲ་བའི་གནང་བ་གསོལ་བ་དང༌། ཆོས་གོས་སོགས་བྱིན་གྱིས་བརླབས་པ་དང༌། སྐྱབས་འགྲོ་རབ་བྱུང་སྡོམ་པ་ནོད་པ། མཆོད་རྟེན་ལ་ཕྱག་བྱ་བ་བདུག་པ་བསྲེག་པ་སོགས་ལེན་པ་


DLL1002_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་བཤགས་པ། གསོ་སྦྱོང༌། དགག་དབྱེ། དབྱར་ཁས་བླང་བ་བྱིན་གྱིས་བརླབ་པ། འདུན་པ་དང༌། ཡོངས་དག་འབུལ་བ། དགག་དབྱེ་འབུལ་བ། དགག་དབྱེ་རིགས་པར་བྱ་བ་སོགས་ལ་ལན་གསུམ་བྱ། ལྷག་པོར་མ་གཏོགས་ཏེ་འབྲས་བུ་ཆུང་བས་ལན་ཅིག་གསོལ་བས་ཀྱང་འགྲུབ་པའི་ཕྱིར་རོ། །གཞན་གྱི་དོན་དུ་གང་ཟག་ལ་སྔགས་བརྗོད་པ་འདུན་པ་ལ་སོགས་པ་ཡང་ལན་གསུམ་བྱའོ། །གཞན་དོན་དུ་དགེ་འདུན་ལ་བརྗོད་པ་ལ་ནི་ལན་ཅིག་གིས་ཆོག་གོ །རང་གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་དང༌། ལྷག་པོར་ཡང་གང་ཟག་དེའི་མདུན་དུ་ཙོག་པུར་འདུག་སྟེ་བྱའི་སྤྱོད་ལམ་གཞན་གྱིས་མི་བྱའོ། །རབ་ཏུ་བྱུང་བའི་ཞུ་བ་བྱེད་པའི་ཚེ་དགེ་བསྙེན་དེ་ཡང་རྒན་པའི་མཐར་ཙོག་པུར་འདུག་གོ །སྐྱེས་པ་བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་སྟོན་པའི་སློབ་དཔོན་གྱིས་གསང་སྟེ་བར་ཆད་ཀྱི་ཆོས་བསྟན་ཞིང་བརྟགས་པ་མ་གཏོགས་པ་མཁན་པོར་གསོལ་བ་ལ་སོགས་པའི་ཚེ་བསྒྲུབ་བྱ་དེ་ཕ་གུ་ལ་རྟིང་པ་གཉིས་ཀྱིས་མནན་ཏེ་འདུག་ཏུ་གཞུག་གོ །ལུང་དུ། རྩྭ་བཏིང་བ་ལ། ཞེས་པ་ནི། གཞི་ཊཱིཀ་ཏུ། རྩྭ་བཏིང་བ་ནི་ཆོས་གོས་མ་རུང་བར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ་ཞེས་སོ། །ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབ་པ་ནི་སྔར་བྱས་ཟིན་པས་དེ་ལ་ཆོ་ག་འདི་ཐལ་བར་མི་འགྱུར་རོ། །བུད་མེད་བསྙེན་རྫོགས་བྱེད་པ་ན་གསང་སྟེ་བསྟན་པ་མ་གཏོགས་པར་སྟན་ནང་ཚངས་ཅན་དང་འཇམ་པ་ལ་སོགས་ལ་ཅི་བདེར་འདུག་ཏུ་གཞུག་གི །ཙོག་པུར་འདུག་ཏུ་མི་གཞུག་སྟེ། ལྟོ་བ་སྙི་བས་སོ། །དགེ་འདུན་ལས་གཞན་གང་ཟག་གཙོ་བོ་མིན་པ་རང་དོན་དུ་དགེ་འདུན་ལ་སྔགས་བརྗོད་པ་ན་དགེ་འདུན་གྱི་རྒན་པའི་མཐར་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །གཞན་གྱི་དོན་དུ་དགེ་འདུན་ལ་བརྗོད་པ་


DLL1002_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བྱུང་ཞུ་བ་ལ་སོགས་པ་ནི་རྒན་པའི་མཐར་འགྲེང་སྟེ་ཐལ་མོ་སྦྱར་མགོ་སྨད་དེ་འདུད་པ་དང་བཅས་པར་བརྗོད་པར་བྱའོ། །ཁ་ཅིག་ལས་གསང་སྟེ་སྟོན་པ་ཉིད་ནི་ལྐོག་ཏུ་བར་ཆད་དྲིས་ནས་ནང་དུ་འོང་བ་ཞུ་བའི་ཚེ་ལམ་གྱི་དབུས་ནས་འགྲེང་སྟེ་འདུད་པ་དང་བཅས་པས་བརྗོད་པར་བྱའོ་ཞེས་འབྱུང༌། སྨན་ལ་སོགས་པའི་རྫས་བྱིན་གྱིས་བརླབ་པ་ཡང་དགེ་སློང་གི་མདུན་དུ་འགྲེང་སྟེ་བརྗོད་པར་བྱའོ། །དབྱར་དང་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་བརླབ་པ་ནི་ཙོག་པུར་འདུག་སྟེ་བྱའོ། །གོས་ལྷག་པའི་ཡོ་བྱད་དུ་རུང་བར་བྱ་བ་ནི་བྱིན་གྱིས་བརླབ་པ་དེ་ཉིད་དོ། །རྫས་དེ་གཉིས་ཀའི་ལག་པས་བཟུང་སྟེ་བྱིན་གྱིས་བརླབ་བོ། །ལྷུང་བཟེད་དང་སྨན་བྱིན་གྱིས་བརླབ་པ་ནི། གཉིས་ཀས་དེ་དག་ལག་པ་གཡོན་པར་བཞག་སྟེ་ལག་པ་གཡས་པས་བཀབ་ནས་བྱིན་གྱིས་བརླབ་བོ། །དབྱུང་བ་ན། སྟེང་ནས་གཡོགས་པ་བཏང་སྟེ་ལག་པ་ཡ་རེས་ཁ་ནས་བཟུང་ངོ༌། །གསེར་དངུལ་སོགས་གཟུང་བར་བྱ་བ་མིན་པ་བྱིན་གྱིས་རློབ་པ་ཉིད་ལ་ནི་རྫས་དེ་མདུན་དུ་བཞག་སྟེ་བྱིན་གྱིས་བརླབ་བོ། །གསོལ་བ་ལ་སོགས་པའི་ལས་ནི་འདུག་པའི་སྤྱོད་ལམ་ཉིད་ཀྱིས་བྱའོ། །བརྟད་པ་བྱུང་ན་ནི་སྤྱོད་ལམ་གཞན་གྱིས་ཀྱང་གསོ་སྦྱོང་ལ་སོགས་པའི་ལས་བྱའོ། །དགེ་འདུན་ཁོ་ན་ལ་བརྟེན་པ་སྤོ་བ་བརྗོད་པ་ལྟ་བུ་དང༌། གང་ཡང་རུང་བ་གཅིག་ཁོ་ན་ལ་བརྟེན་པ་གྲོང་དུ་འཇུག་པ་ཞུ་བ་ལྟ་བུ་ལ་མ་བརྟེན་པ་རྫས་བྱིན་གྱིས་བརླབ་པ་དང༌། ཉི་མ་བརྗོད་པ་ལྟ་བུ་ལ་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱ་བ་ཉིད་དོ། །ཆོས་གོས་ཀྱི་བྱིན་རླབས་དབྱུང་བ་དང༌། བྱིན་གྱིས་བརླབ་པ་ནི་དགེ་སློང་ཉེ་བར་མི་གནས་ན་རང་གི་ཡིད་ཀྱིས་དབྱུང་བ་དང་བྱིན་གྱིས་བརླབ་པ་རྣམ་པར་བརྟགས་པས་འཆགས་སོ། །ཆོས་གོས་བྱིན་གྱིས་རློབ་པ་ལ་ཆོས་གོས་ཉེ་བར་གནས་དགོས་ལ། དབྱུང་བ་ལ་ཉེ་བར་གནས་མི་དགོས་སོ། །ཆོས་


DLL1002_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གོས་ལྟ་བུའི་བྱིན་རླབས་སྔ་མ་མ་ཕྱུང་ན་ཕྱི་མ་སྣམ་སྦྱར་ལྟ་བུའི་བྱིན་རླབས་མི་འཆགས་སོ། །ཆོས་གོས་རྙིང་པའི་བྱིན་རླབས་མ་ཕྱུང་བར་ཕྱི་མ་གསར་པའི་བྱིན་རླབས་མི་འཆགས་སོ། །གསོ་སྦྱོང་སོགས་རང་གཅིག་པུས་བྱིན་གྱིས་རློབ་ན། གསོ་སྦྱོང་ལྟ་བུ་དེ་ལ་དང་པོར་འདི་བྱིན་གྱིས་བརླབ་སྙམ་དུ་བསམ་པ་བསྒྲུབ་ཅིང་དེའི་འོག་ཏུ་ཚིག་ཏུ་ཡང་བརྗོད་པར་བྱའོ། །ལྟུང་བ་འཆགས་པ་སོགས་ལ་དགེ་སློང་དང་ལྷན་ཅིག་འདུ་བ་ཉིད་ན་ཕྲག་པ་གཡས་པ་ཕྱུང་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་དོ། །དགེ་འདུན་ནམ་གང་ཟག་ལ་རང་གི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན། ཟླ་དེ་ཕྱག་འོས་པ་རྒན་པ་ཉིད་ལ་ཕྱག་བྱས་ཏེ་བརྗོད་པར་བྱའོ། །གསང་སྟེ་སྟོན་པས་བར་ཆད་འདྲི་བ་ན་ཡང་ཕྱག་བྱའོ། །བསྙེན་རྫོགས་བྱ་བའི་གང་ཟག་ལ་མཁན་པོས་ཆོས་གོས་གསུམ་བྱིན་གྱིས་རློབ་ཏུ་བཅུག་སྟེ་སྣམ་སྦྱར་དང་བཅས་པ་ཉིད་ན་བསྙེན་པར་རྫོགས་པའི་ཕྱིར་འདུས་པའི་དགེ་འདུན་ལ་དེས་ཕྱག་བྱའོ། །བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་འཕྲད་དོ་ཅོག་ཐམས་ཅད་ལ་བསྙེན་པར་རྫོགས་པར་བྱ་བ་དེས་ཕྱག་ལན་གསུམ་གསུམ་བྱ་བར་རིགས་ཏེ། ཕྱག་བྱས་པས་རང་དགེ་འདུན་གྱི་ནང་དུ་འཇུག་པར་སྟོན་ཅིང་བསམ་པ་དྲག་པོས་དང་པོར་འཇུག་པར་རིགས་པའི་ཕྱིར། རབ་བྱུང་ཞུ་བ་དང༌། ཡང་དག་པར་བླང་བ་དང༌། མཁན་པོར་གསོལ་བ་སོགས་ཐལ་མོ་སྦྱོར་བའི་གང་ཟག་དེའི་དོན་དུ་འདུས་པའི་དགེ་འདུན་ནམ་གང་ཟག་དང་གསོ་སྦྱོང་དང་དགག་དབྱེ་བྱིན་གྱིས་རློབ་པ་སོགས་ཟླ་བའི་ངོ་འདིའི་ཉི་མ་འདིའོ་ཞེས་བརྗོད་པ་ལ་གང་ཟག་དེས་ཐལ་མོ་སྦྱོར་བ་རིགས་སོ། །གསུམ་པ་ལས་དང་འབྲེལ་བའི་བྱ་བ་གཞན་བསྟན་པ་ནི། གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན་གང་ལ་གསོལ་


DLL1002_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཏབ་པས་སྔགས་བརྗོད་པའི་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་སྟེ། ཁྱོད་ཀྱིས་དེ་ལྟར་བྱས་པ་ནི་དོན་དེ་བསྒྲུབ་པའི་ཐབས་ཡིན་ནོ་ཞེས་པའོ། །དེའི་རྗེས་ལ་ཅིག་ཤོས་གསོལ་བ་འདེབས་པས་ལེགས་སོ་ཞེས་བརྗོད་དོ། །ཐབས་ཡིན་ནོ་ཞེས་སྨྲས་པ་དེ་ལེགས་ཏེ་ཐབས་ཡིན་ནོ། །ཞེས་པའོ། །བསྐོ་བའི་ལས་ཐམས་ཅད་ལ་ཡུལ་དེ་འདུན་པ་སྲེད་པ་དང་ཞེ་སྡང་འཁོན་གྱི་རྒྱུ་དང༌། གཏི་མུག་མི་ཤེས་པ་དང༌། འཇིགས་པ་སྐྲག་པ་སྟོན་པས་འགྲོ་བ་དང་བྲལ་བ་གནས་མལ་བསྟབས་པ་ལྟ་བུ་བྱས་པ་དང་མ་བྱས་པ་དྲན་པར་ནུས་པ་སྤྲོ་བར་བྱས་ཏེ་བསྐོའོ། །གསོལ་གཉིས་དང་གསོལ་བཞིའི་ལས་བྱས་ཟིན་པ་ཉིད་ན། ལས་བྱེད་པས་གནས་པ་མཇུག་སྡུད་བརྗོད་པར་བྱའོ། །འབའ་ཞིག་གི་ལས་ལ་འདི་མེད་དེ། གོ་བར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །དགེ་འདུན་གྱི་མཚམས་གཅོད་པར་བརྩོམ་པ་ཉིད་ནི་དགེ་འདུན་མཚམས་གཞན་ན་གནས་ནས་མཚམས་བཅད་པ་ཉིད་མི་འགྲུབ་པ་དང་འདྲ་བར་མཚམས་གཞན་ན་གནས་ནས་མཚམས་གཅོད་པར་བྱེད་པ་དེ་ཡང་མི་འགྲུབ་བོ། །དགེ་འདུན་སྡུད་པར་བྱེད་པས་གཎྜི་བརྡུང་བ་དང༌། ཅིའི་ཕྱིར་བརྡུང་ཞེས་དྲི་བ་ལ། འདིའི་ཕྱིར་བརྡུང་ཞེས་བརྗོད་པས་འདུ་བ་རྗེས་སུ་བསྒྲུབ་པ་དག་གིས་བསྡུ་བར་བྱ་བ་དག་ལ་གོ་བར་བྱའོ། །སྡུད་པར་བྱེད་པ་དེས་བསྡུ་བར་བྱ་བ་དེ་དག་གི་དོན་དུ་སྟན་བཤམ་མོ། །ལག་གི་བླ་ལ་སོགས་པ་དོན་གང་གི་ཕྱིར་བསྐོ་བར་བྱ་བ་དེའི་དོན་ཉིད་ལ་ནི་བསྡུ་བར་བྱ་བའི་སྐབས་རྗེས་སུ་བསྒྲུབ་པ་དེ་བསྐོ་བྱ་དེ་ཉིད་ཀྱི་ལས་ཡིན་ནོ། །ཤིང་དྲུང་དང་ནེའུ་གསིང་ལ་སོགས་པ་འདུག་པའི་གནས་ཐམས་ཅད་ལ་རྒན་རིམ་དུ་བསྐོ་བ་རིགས་སོ། །གནས་མལ་ལ་སོགས་པ་བླང་པར་བྱ་བ་ལ་ནི། རྒན་པ་དག་གང་ལེན་པར་འདོད་པ་དེ་མཆོག་ཡིན་གྱི་དངོས་པོ་ལས་ནི་མ་ཡིན་ནོ། །དེས་ན་རྒན་


DLL1002_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

པས་གང་བླངས་པ་དེ་ཉིད་མཆོག་ཡིན་པས་དེ་ཉིད་དེ་ལ་སྦྱིན་ནོ། །ནི་ཞེས་པས་འདུ་བ་དང༌། ཕྱག་བྱ་བ་དང༌། མདུན་དུ་འགྲོ་བ་ལ་ནི་རྒན་རིམ་ཁོ་ནས་རྣམ་པར་བཞག་གི་འདོད་པས་རྣམ་པར་མི་གཞག་གོ །ལས་སྤྱིར་བསྟན་པའོ། །གཉིས་པ་ཐུན་མོང་མིན་པ་ལ་བཞི། ལས་བྱེད་པ་དགེ་འདུག་གྱི་མཚན་ཉིད་འཆགས་དུས་དང་བཅས་པ། བྱེད་པ་པོ་ལས་མཁན་གྱི་མཚན་ཉིད་ཞར་བྱུང་དང་བཅས་པ། ལས་ཉམས་སུ་མྱོང་བའི་མཚན་ཉིད། ལས་དང་འབྲེལ་བའི་བྱ་བ་གཞན་བསྟན་པའོ། །དང་པོ་ནི། བསྒོ་བ་ལས་བྱུང་བའི་ལྟུང་བ་ལྔ་ལྟ་བུ་བཤགས་པའམ་བྱིན་གྱིས་བརླབས་པས་ཕྱིར་མ་བཅོས་པའི་གང་ཟག་གིས་དགེ་འདུན་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་མི་བྱ་སྟེ་ཉེས་བྱས་སུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཤེས་བཞིན་དུ་མྱོང་བར་བྱེད་པ་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་རོ། །ལས་ཐམས་ཅད་ཉམས་སུ་མྱོང་བར་མི་བྱའམ་ཞེ་ན། གསོ་སྦྱོང་དང་དགག་དབྱེ་དག་ནི་མ་གཏོགས་ཏེ། དེ་གཉིས་ཉམས་སུ་མྱོང་བ་ལ་ཉེས་བྱས་སུ་མི་འགྱུར་རོ། །དགེ་འདུན་ནམ་གང་ཟག་མཚམས་གཞན་ན་གནས་པ་ནི། ལས་གང་གི་ཡང་ཡན་ལག་ཉིད་མ་ཡིན་ཏེ། བྱིན་ལེན་སོགས་བྱས་ཀྱང་བྱས་པར་མི་འགྱུར་རོ། །མཚམས་གཞན་དེར་སོང་ན་ཚོགས་པའི་ཡན་ལག་འདུན་པ་ལ་སོགས་པ་ཉམས་པ་ཡིན་པས་དེའི་ཉེས་པ་སྤང་བའི་ཕྱིར་ནམ་མཁའ་ལ་འདུག་པར་མི་བྱའོ། །ཞེས་སོགས་གསུངས། མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ལ་མཚམས་གཞན་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ན་མཚམས་དེ་གཉིས་ཀར་གནས་པ་ཉིད་དོ། །མཚམས་འདབ་འབྱོར་དུ་མ་ཡོད་པ་ན། མཚམས་དེ་ཐམས་ཅད་ནོན་པའི་རྫས་ལ་གནས་ནས་དབྱར་གནས་པར་ཁས་ལེན་ན་ཇི་ཙམ་ནོན་པའི་གནས་དེ་དག་ཏུ་


DLL1002_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པ་ཡིན་ནོ། །དུ་མར་གནས་པར་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ། །གནས་དུ་མར་གནས་པར་ཁས་བླངས་པའི་དགེ་སློང་གིས་གང་དུ་ཁས་བླངས་པའི་གཙུག་ལག་ཁང་དུ་མ་ནས་གནས་མལ་དུ་མ་ནོད་པར་རིགས་པ་ཉིད་དོ། །དུ་མར་གནས་པར་ཁས་བླངས་པ་དེས་གནས་དེ་དག་ཅི་དགའ་བར་གནས་པར་བྱ་བ་ཉིད་དོ། །རྒྱལ་བ་སངས་རྒྱས་མཚམས་ནང་ན་བཞུགས་པ་ནི་མ་འདུས་ཀྱང་དགེ་འདུན་གྱི་ལས་ལ་མ་འདུས་པས་མི་མཐུན་པ་བྱེད་པ་ཉིད་མ་ཡིན་ཏེ། དཀོན་མཆོག་གཞན་ཡིན་པའི་ཕྱིར་རོ། །ཁ་ཅིག །འདིས་ཕྱིར་བཟློག་ཀྱང་མི་འཆགས་ཟེར་བ་མི་འཐད་དེ། དེ་ལ་ཁ་སྐོང་དུ་རུང་བ་མི་དགོས་པའི་ཕྱིར་དང༌། སངས་རྒྱས་ཀྱིས་གསུངས་པ་དགེ་འདུན་ལ་གཡོ་བ་མེད་པའི་ཕྱིར་རོ། །དེས་ལས་བྱས་པར་འགྱུར་བ་ནི་ཡོད་དོ། །རྒྱལ་བ་དེས་གྲངས་ཀྱི་ཁ་སྐོང་བར་བྱེད་པ་ནི་མ་ཡིན་ནོ། །གསོལ་བཞི་ལྟ་བུ་དེས་བྱ་བ་བསྙེན་རྫོགས་ལྟ་བུ་དེ་དེའི་ལས་མིན་པ་གསོལ་བ་འབའ་ཞིག་ལྟ་བུས་མི་འཆགས་སོ། །དེ་བསྙེན་པར་རྫོགས་པའི་སྐབས་སུ་གསུངས་མོད། ཐམས་ཅད་ལ་འདྲ་བས་འདིར་སྤྱིར་མདོར་བྱས་སོ། །ཐམས་ཅད་དུ་ལས་བྱས་པར་འགྱུར་བ་ལ་ཚིག་རྫོགས་པ་དགོས་སམ་ཞེ་ན། གསོལ་བརྗོད་ལ་དོན་གྱིས་སྐབས་གསུམ་ཡོད་པའི་ཚིག་ཕལ་ཆེར་ཏེ་སྐབས་གཉིས་བྱས་པ་ཉིད་ནི་སུམ་ཆ་ལུས་ཀྱང་ལས་བྱས་པ་ཉིད་དོ། །དེ་གསུམ་ཡང་དང་པོ་ནི། རང་གི་ངོ་བོ་ཙམ་བརྗོད་པས་ངོ་བརྗོད་དེ་བསྒྲུབ་བྱའི་ཆོས་བརྗོད་པ་ཉིད་མཆི་ན་ཞེས་པ་ལྟ་བུའོ། །གཉིས་པ་སྒྲུབ་རྒྱུའི་བྱ་བ་བརྗོད་པ་སྟེ། གསོལ་ཏེའི་བར་ལྟ་བུའོ། །གསུམ་པ་སྒྲུབ་བྱེད་བྱེད་པ་བརྗོད་པ་དེ་མན་ཆད་ལྟ་བུའོ། །ཚིག་ཐམས་ཅད་ལ་ཕལ་ཆེར་བྱས་པ་ན་བྱས་པ་ཉིད་ཡིན་ནམ་ཞེ་ན། འོག་མ་མེད་པའི་ཚིག་ཕལ་ཆེར་བྱས་ན་བྱས་པ་ཉིད་ཡིན་ནོ། །དཔེར་


DLL1002_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

ན་གསོལ་བ་འབའ་ཞིག་གི་ལས་ལ་དེ་ཉིད་འོག་མ་མེད་པ་དང༌། གསོལ་གཉིས་ཀྱི་ལས་ལ་བརྗོད་པ་འོག་མ་མེད་པ་དང༌། གསོལ་བཞིའི་ལས་ལ་བརྗོད་པ་གསུམ་པ་འོག་མ་མེད་པ་ཕལ་ཆེར་བྱས་པ་ན་བྱས་པ་ཡིན་ནོ། །དེ་ལྟར་ཡིན་ཀྱང་མཚམས་གཅོད་པའི་སྐབས་སུ་ཕྱོགས་བཞིའི་མཚན་མ་དག་མ་བརྗོད་པ་ཉིད་ན་མཚམས་བཅད་པའི་ལས་མ་བྱས་པ་ཡིན་ནོ། །གཉིས་པ་ནི། སྤོ་བ་བྱེད་པས་ནི་ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་ལས་གཞན་པའི་ལས་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནོ། །སྤོ་བས་མཚོན་ནས་དགེ་འདུན་ལྷག་མའི་ཕྱིར་བཅོས་ལ་ཞུགས་པ་ཐམས་ཅད་དོ། །ཚངས་སྤྱོད་ལ་ཉེར་གནས་ནི། ཤིན་ཏུ་དག་བྱེད་ཀྱི་ལས་ཡིན་པས་དེ་དག་གིས་མི་རུང་ངོ༌། །སྨྱོན་པས་སོ་སོ་ཐར་པ་སྟོན་པ་ཡང་བྱས་པ་ཉིད་ཡིན་ནོ། །དེ་ནི་རང་བཞིན་ཉམས་པ་དག་གི་དཔེའོ། །དགེ་འདུན་གྱི་དབྱེན་རྗེས་སུ་བསྒྲུབ་པ་ནི། བསྙེན་པར་མ་རྫོགས་པ་ལ་སོགས་པ་ཁ་སྐོང་དུ་མི་རུང་བ་རྣམས་ཀྱིས་གསོལ་བ་ལ་སོགས་པའི་ལས་བྱས་པ་མི་འཆགས་པ་དང་འདྲའོ། །ཕས་མའི་དབྱེན་འགྲུབ་བམ་ཞེ་ན། དབྱེན་རྗེས་སུ་བསྒྲུབ་པ་འདི་ལ་མཚན་མི་མཐུན་པ་ནི། ཁ་སྐོང་གི་ཡན་ལག་མ་ཡིན་ནོ། །བཞད་གད་ཀྱི་དངོས་པོ་ཀུ་རེའི་བསམ་པས་ལས་བྱས་པ་ནི་གང་གི་ཡན་ལག་ཏུའང་མི་འགྱུར་རོ། །དབྱེན་ལ་སོགས་པ་མི་འཆགས་པའི་བློས་དབྱེན་དང་གནས་ནས་འབྱིན་པའི་ལས་བྱེད་པ་ནི་དབྱེན་གྱི་སྦོམ་པོའོ། །དགེ་འདུན་དུ་མ་གྱུར་པ་གསུམ་མན་ཆད་ཀྱིས་དབྱེན་དང་གནས་ནས་འབྱིན་པ་སོགས་བྱེད་ན་ཉེས་བྱས་སོ། །གསུམ་པ་ལ་གཉིས། མཚན་ཉིད་དང་མི་ལྡན་པས་ལས་མི་འཆགས་པར་བསྟན་པ། མཚན་ཉིད་དང་ལྡན་པས་ཐོས་དགོས་


DLL1002_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྟན་པའོ། །དང་པོ་ནི། ཆོས་མིན་གྱི་ཕྱོགས་ཁས་བླངས་པའི་ཐ་དད་པར་གནས་པ་དེ་ལས་གཞན་མཚམས་མེད་བྱས་པ་སོགས་ཁ་སྐོང་བར་འོས་པ་མ་ཡིན་པ་དག་གི་ཚོགས་ཀྱིས་གསོལ་བ་དང་བརྗོད་པ་དག་བྱས་པ་ཉིད་ནི་བྱས་པ་ཉིད་མ་ཡིན་ནོ། །ཐ་དད་པར་གནས་པ་དག་གིས་རང་གི་ཕྱོགས་ཀྱི་ལས་བརྗོད་པ་འཆགས་སོ། །གསོལ་བརྗོད་བཀག་པས། གསོ་དགག་ནི་གཞན་གྱིས་ཀྱང་འགྲུབ་བོ། །གཉིས་པ་ནི། བསྙེན་རྫོགས་གསོལ་བཞིའི་ལས་ལྟ་བུ་རང་གི་དགེ་འདུན་གྲངས་ཚང་པ་དང༌། ཁ་སྐོང་བར་འོས་པའི་དགེ་འདུན་གྱིས་ཚིག་ཐོས་ཤིང་དགོས་ཆེད་གོ་བའི་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་ལས་བྱས་པ་ཉིད་མ་ཡིན་ནོ། །ཚིག་གི་དོན་རྟོགས་པ་ནི་མི་དགོས་ཏེ། དམ་པར། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་ཀྱི་ལས་བྱས་ན་དེ་དག་གིས་མ་གོ་ན་ལས་བྱས་པ་ཡིན་ལ་འདས་པ་དང་བཅས་པའོ་ཞེས་དང༌། འགྲེལ་པར། ལས་དེ་མ་ཐོས་ན་ལས་དེ་བྱས་པ་ཉིད་མ་ཡིན་ནོ། །ཞེས་སོ། །ལས་ཐམས་ཅད་ཐོས་པ་དགོས་སམ་ཞེ་ན། དགེ་འདུན་དང་ཉན་དུ་གཞུག་པ་མ་རྫོགས་པ་ལ་སོགས་པས་གསོལ་བ་ཙམ་ཐོས་ན་ཉམས་སུ་མྱོང་བ་དེ་གྲུབ་པ་ཉིད་ཡིན་ནོ། །གཏམ་གྱི་གཞིར། ལྷག་མའི་ཉེས་པ་བྱུང་བ་དེ་དབྱུང་བར་ལས་ཀྱི་ཚིག་རྣམས་བྱེད་དོ། །གསོལ་བ་བྱས་པ་དང༌། དེ་གཉིད་ཀྱིས་ལོག་ནས་ལས་ཀྱི་ཚིགས་གསུམ་མཇུག་ཏུ་ཕྱིན་པ་དང་ལངས་པ་དེ་ལྟ་བུ་ནི་སད་བཞིན་ཉེས་པ་བྱུང་བ་ལ་གཉིད་ལོག་བཞིན་ཚངས་པའོ། །ཞེས་སོ། །བཞི་པ་ནི། རབ་བྱུང་སོགས་ཐམས་ཅད་ཡུལ་དེ་མངོན་དུ་གྱུར་པ་ཁོ་ན་ལ་བྱའམ་ཞེ་ན། རབ་ཏུ་བྱུང་བའི་སྐལ་པ་དང༌ལྡན་པའི་རང་བཞིན་ཅན་ཁྱིམ་ནས་འབྱུང་བའི་སྐབས་མ་རྙེད་པ་ལ་ད་ལྟར་ཆོ་གས་རབ་ཏུ་དབྱུང་དུ་རུང་ངོ༌། །


DLL1002_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གང་གིས་ན། དགེ་འདུན་གྱིས་མངགས་པའི་གང་ཟག་རབ་ཏུ་དབྱུང་བར་བྱ་བ་དེ་དང་འདྲ་བས་ཆོ་ག་རྣམས་འཕྲིན་དུ་ནོད་དེ། རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མིན་པ་མ་ཡིན་ནོ། །དེ་ཡང་ཚུལ་ཇི་ལྟར་བྱ་ན། མཁན་པོ་ལ་སོགས་པས་མངགས་པ་དེ་ལ་རབ་ཏུ་འབྱུང་བ་དེའི་སྐབས་ཞུ་བ་དང་སྐྱབས་སུ་བཏང་བ་དང༌། དགེ་བསྙེན་གྱི་སྡོམ་པ་དང༌། རབ་བྱུང་དང་དགེ་ཚུལ་ཁས་བླང་བ་ལ་སོགས་པ་རྗེས་སུ་བསྒྲུབ་པར་བྱའོ། །མངགས་པ་དེས་ཀྱང་བསྒྲུབ་བྱ་དེ་ལ་ཆོ་ག་ཇི་ལྟ་བ་བཞིན་བརྗོད་པས་དེ་དག་བསྒྲུབ་པར་བྱ་སྟེ། མངགས་པའང་སློབ་དཔོན་དང་འདྲ་བས་བསྙེན་པར་རྫོགས་པ་ཞིག་གིས་བྱའོ། །བྱེ་བྲག་མེད་པར་བྱའམ་ཞེ་ན། རབ་ཏུ་དབྱུང་བར་བྱ་བ་བུད་མེད་ལ་ནི་མངགས་པ་བུད་མེད་དང་སྐྱེས་པས་ཀྱང་རུང་ལ། རབ་ཏུ་དབྱུང་བར་བྱ་བ་སྐྱེས་པ་ལ་ནི་སྐྱེས་པ་ཁོ་ནས་བྱའི་བུད་མེད་ཀྱིས་མི་བྱ་སྟེ། མཐུ་དང་ལྡན་པའི་ཡུལ་ལ་དམན་པ་དབང་མེད་པའི་ཕྱིར་རོ། །དེ་ལ་མངག་པས་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། རབ་ཏུ་འབྱུང་བར་གསོལ་བ་དང༌། བསླབ་པ་ཁས་བླང་བ་དག་རབ་ཏུ་དབྱུང་བར་བྱ་བ་དེའི་མིང་ཁོ་ནས་བྱའོ། །དེ་ཁོ་ནར་ཟད་དམ་ཞེ་ན། རབ་ཏུ་བྱུང་བའི་གོང་མ་བསྙེན་པར་རྫོགས་པ་མན་ཆད་ཀྱང་སྐལ་པ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་འདྲ་བས་བྱ་བ་རིགས་སོ། །བསླབ་པ་བྱིན་པ་སོགས་ཀྱི་ལས་བྱེད་པ་ན་བདག་ལ་བསླབ་པ་མ་བྱིན་ཅིག་ཅེས་མི་ནོད་ན་ཆོ་ག་བྱས་སུ་ཟིན་ཀྱང་བྱིན་པ་ཉིད་མ་ཡིན་ནོ། །མི་ནོད་པ་དེ་ལ་དེས་སྔར་གསོལ་བ་ཡང་ཉམས་པས་ཡང་ལེན་འདོད་ན་གསོལ་བར་བྱའོ། །བསྒོ་གྱུར་གྱི་ལྟུང་བ་ལ་སྔར་བཞམས་ཏེ་བསྒོ་བ་ཆོ་ག་ཉིད་ཡིན་ནོ། །དེས་ན་སྔར་བཞམས་བསྒོ་སོགས་མ་བྱས་པར་བསྐྲད་པ་དང་གནས་དབྱུང་


DLL1002_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བ་སོགས་བྱས་ན་ཆོ་ག་ལས་འདས་པས་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་དེ་བཞིན་དུ་སྔར་བཞམས་ཏེ་བསྒོ་བ་ཆོ་ག་ཡིན་ནོ། །དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ། བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་གསན་དུ་གསོལ། ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་ལ་ཕ་རོལ་ཀྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་པས། སེམས་གཏོད་ན། དགོངས་སུ་གསོལ། ཞེས་སོགས་མ་བརྗོད་ཀྱང་ལས་འཆགས་སོ། །ལས་བྱེད་པའི་ཚེ་དོན་གྱི་སྐབས་དག་གི་ཚིག་སྔ་ཕྱིའི་གོ་རིམ་འཁྲུགས་པས་ནི་ལས་དེ་མི་འཆགས་པ་མ་ཡིན་ནོ། །དགོངས་སུ་གསོལ་ལ་སོགས་པའི་ཚིག་མེད་པ་དང༌། དོན་གྱི་སྐབས་ཀྱི་གོ་རིམ་འཁྲུགས་པ་དེ་ནི་མི་བྱ་བ་ཉིད་དོ། །དགེ་སློང་ཞེས་བརྗོད་པར་བྱ་བ་ལྟ་བུ་ལ། དགེ་སློང་མ་ཞེས་མཚན་གཞན་ལ་བརྟེན་པས་ནི་ལས་མི་འཆགས་པ་མིན་ལ་ཉེས་བྱས་སུ་འགྱུར་རོ། །བུད་མེད་རྫོགས་པར་བྱེད་པ་ལ་དགེ་སློང་དང༌། སྐྱེས་པ་རྫོགས་པར་བྱེད་པ་ལ་དགེ་སློང་མ་ཉིད་དག་གི་ལས་གཞན་བྱེད་པས་མི་འཆགས་པ་མ་ཡིན་ཏེ། རིམ་པ་བཞིན་དགེ་སློང་གི་དགེ་འདུན་གཙོ་བོ་ཡིན་པའི་ཕྱིར་དང༌། ཉམས་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ལས་ཀྱི་གཞི་རྫོགས་སོ།། །།བཞི་པ་ཕྱིར་བཅོས་པའི་གཞི་ལ་གཉིས། ལྟུང་བ་ཕྱིར་བཅོས་པའི་ཚུལ། རྩོད་པ་ཕྱིར་བཅོས་པའི་ཚུལ་ལོ། །དང་པོ་ལ་གཉིས། སྤྱིའི་དོན། ཚིག་གི་དོན་ནོ། །དང་པོ་ལ་གཉིས། ཕྱིར་བཅོས་པའི་ཐབས་ནན་ཏུར། ཕྱིར་བཅོས་པ་དངོས་སོ། །དང་པོ་ལ་དྲུག །དབྱེ་བ། བསྡུ་བ། ངོ་བོ། སྒྲ་དོན། དེ་ཇི་ལྟར་བྱ་བའི་ཚུལ། དགོས་པའོ། །དང་པོ་ནི། བཅུ་བཞི་སྟེ། བསྡིགས་པ་སྨད་པ་བསྐྲད་པ་ཕྱིར་འགྱེད། གསོ་སྦྱོང་བཞག་པ། དགག་དབྱེ་


DLL1002_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་པ། གནས་ཕྱུང་བདུན། ལྷུང་བཟེད་ཁ་སྦུབ་པའོ། །གཉིས་པ་ནི། ཡུལ་གྱི་དབང་གིས་བསྡུ་ན་གཉིས་ཏེ། རབ་ཏུ་བྱུང་བ་ལ་བྱ་བ། ཁྱིམ་པ་ལ་བྱ་བ་སྟེ། དང་པོ་བཅུ་གསུམ་དང༌། ཐ་མ་རིམ་བཞིན་ནོ། ། ཆོ་གའི་སྒོ་ནས་བསྡུ་ན་ཡང་གཉིས་ཏེ་གསོལ་བཞི་དང༌། འབའ་ཞིག་གིས་བསྒྲུབ་པ་སྟེ་སྔ་མ་བཞིན་ནོ། །ངོ་བོའི་སྒོ་ནས་བསྡུ་ན་གསུམ་སྟེ། སྨད་པ་དང༌། རྣམ་པར་དག་པ། སྤང་བའི་ནན་ཏུར་ཏེ། སྔ་མ་བཞི། བར་པ་གཉིས། ཐ་མ་བརྒྱད་རིམ་བཞིན་ནོ། །གསུམ་པ་ནི། མི་འདོད་བཞིན་དུ་ཆད་པས་བཅད་པའི་གསོལ་བཞིའི་རྣམ་དག་གམ། འབའ་ཞིག་གིས་རྣམ་དག་གི་མཇུག་བཟོད་པ་གསོལ་དགོས་པའི་རིགས་ཡིན་པ། བྲམ་མོར། བསྐྲད་པ་ཞེས་བགྱི་བའི་དོན་ཅི་ལགས། ཉེ་བར་འཁོར་ལས་དེའི་མིང་ཡིན་ཏེ། འོན་ཀྱང་བསྐྲད་པར་བྱ་བ་ནི་དགེ་སློང་ཁྱིམ་སུན་འབྱིན་པ་གང་ཡིན་པ་དེ་ལ་བྱ་སྟེ། དེ་འདིར་གནས་པར་མི་བྱའོ་ཞེས་སོགས་གསུངས་པའི་ཕྱིར་རོ། །བཞི་པ་ནི། འོག་ཏུ་བཞག་ཅིང་བཤུང་བར་བྱེད་པ་སྟེ། འོག་ཏུ་བཞག་ཅིང་བཤུང་བ་ཉིད་དུ་རྣམ་པར་བཞག་པ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་དང༌། གཞིའི་འགྲེལ་བར། ནན་ཏུར་ནི་ཆད་པའི་ལས་ཏེ་ཡོངས་སུ་དག་པའི་ས་ནས་ཉམས་པར་བྱས་ཏེ། ས་འོག་མར་འཇོག་པར་བྱེད་པའི་ཕྱིར་རོ། །ཞེས་སོ། །ལྔ་པ་ལ་དྲུག །ཡུལ་གང་ལ། བྱེད་པ་པོ། ཆོ་ག །གནས་དུས་གང་དུ། དེ་དག་གི་བསླབ་བྱ། གྲོལ་བའི་རྒྱུའོ། །དང་པོ་ལ་རབ་ཏུ་བྱུང་བ་ལ་བྱ་བའི་ཡུལ་ནི། སྡོམ་པ་དང་ལྡན་པ་ཤེས་པ་དང་ལུས་ཐ་མལ་པར་གནས་པ། ཤེས་པ་ལ་སོགས་པ་བརྒྱད། ནད་པ་དང་གནས་ཕྱུང་དང་ཆོས་མ་ཡིན་པ་དང་ཚོགས་སུ་ཚང་བ་རྣམས་མ་ཡིན་པ་དང༌། གླེང་དྲན་ལ་སོགས་པ་སྔོན་དུ་སོང་བ་དང་།


DLL1002_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ལེགས་པ་དང་ལྡན་པའོ། །གཅིག་ཤོས་འོག་ཏུ་འཆད་དོ། །གཉིས་པ་དགེ་འདུན་ཆོས་གསུམ་ལྡན་ནོ། །གསུམ་པ་ནི་སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་དང་གླེང་དྲན་སོགས་བྱ་བའོ། །དངོས་གཞིའི་ལས་ཆོས་གསུམ་ལྡན་ནོ། །མཇུག་འདི་ཉིད་དུ་ལྟུང་བ་འདི་ཞེས་སོགས་བསྒོ་བའོ། །བཞི་པ་ནི། གནས་དབེན་པ་དང༌། དུས་དབྱར་དང་འབྲེལ་བའི་དུས་མ་ཡིན་པའོ། །ལྔ་པ་ནི། དེ་དག་གིས་གཤེ་བ་ལ་སོགས་པ་ཇི་སྐད་བཤད་པ། ཅི་རིགས་པར་ཁྱད་པར་ཅན་དང་མཉམ་པའི་སྤྱོད་པ་སྤང་བ། འགྲོགས་བཤེས་ལ་བརྟེན་པ། དགེ་འདུན་ལ་གུས་པར་བྱ་བ་ལ་སོགས་པ། ཁྱད་པར་དུ་བསྐྲད་པས་སུན་ཕྱུང་བའི་གནས་སུ་མི་གནས་པ་ལ་བསླབ་པར་བྱའོ། །དྲུག་པ་ནི། ཐུན་མོང་དུ་བདེན་པ་མཐོང་བ་དང་བཟོད་པ་གསོལ་བའོ། །གཞན་ཡང་ཅི་རིགས་པར་ནན་ཏུར་གཞན་བྱས་པ་དང༌། གསོ་སྦྱོང་སོགས་ལྷན་ཅིག་ཏུ་བྱས་པས་གྲོལ་བར་འགྱུར་བའོ། །དྲུག་པ་དགོས་པ་ནི་དགེ་འདུན་ལ་ནན་ཏུར་རྒྱུ་ལྡན་ཡལ་བར་དོར་བའི་ཉེས་པ་མི་འབྱུང་བ་དང༌། དེ་དག་ཉེས་པ་ལ་ཞུགས་པ་ལྡོག་པ་དང༌། མ་ཞུགས་པ་རྣམས་མི་འཇུག་པ་དང༌། བསྟན་པ་སྤྱི་ལ་ཕན་པའོ། །གཉིས་པ་ཕྱིར་བཅོས་པ་དངོས་ལ་གཉིས། མཐོལ་བ་དང༌། བཤགས་པའོ། །དང་པོ་ལ་ལྔ། ཡུལ། རྟེན། དངོས་པོ། ཆོ་ག །དགོས་པའོ། །དང་པོ་ནི། བསྙེན་པར་རྫོགས་པ། ཆོས་གསུམ་ལྡན། རང་བཞིན་དུ་གནས་པ། ལྟ་བ་དང་མཚན་མཐུན་པ་བཞིའི་སྟེང་དུ། ལུས་དང་ས་ཐ་མལ་པར་གནས་པ། ཐ་སྙད་དང་ལྡན་པ་མཚམས་ནང་ན་གནས་པའོ། །འོན་ཀྱང་མཐོལ་བར་འགྱུར་བ་ལ། དེ་དག་ཐམས་ཅད་ཚང་མི་དགོས་ལ། ཁ་ཅིག་རྫོགས་པ་དང་ལྟ་བ་མཐུན་པ་ལུས་ཐ་མལ་པར་གནས་པ་གསུམ་གང་རུང་མ་ཚང་ན་མཐོལ་


DLL1002_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བར་མི་འགྱུར་གསུངས་པ་ནི། མདོ་དང་ཊཱིཀྐ་སོགས་དང་འགལ་བ་ཡིན་ནོ། །དེ་ཡང་བསྒོ་བ་ལས་གྱུར་པ་རྣམས་ནི་དེར་རུང་བ་ཐམས་ཅད་དང༌། སོ་སོར་བཤགས་པ་ནི་གནས་དེར་ཚོགས་པ་ལ་དང༌། གཞན་རྣམས་གཅིག་ལ་མཐོལ་ལོ། །གཉིས་པ་ནི། སྡེ་ལྔའི་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་དང༌། ཤེས་པ་དང་ལུས་ཐ་མལ་པར་གནས་པ་དང༌། གནས་ནས་ཕྱུང་བ་མ་ཡིན་པའོ། །གསུམ་པ་དངོས་ནི་ལྟུང་བ་སྡེ་ལྔ་གང་ཡང་རུང་བ་དང༌། བདག་རྒྱུད་དང་འབྲེལ་བ་དང༌། ཡིད་གཉིས་ཡན་ཆད་ཀྱིས་ཤེས་པ་དང་མཐོལ་མ་ཟིན་པའོ། །བཞི་པ་ཆོ་ག་ལ་འོས་པ་ལ་ཕྱག་འཚལ་ཞིང་སྤྱོད་ལམ་བསྟེན་པ། ཐུགས་གཏད་པར་ཞུ་བའོ། །གཞོན་པ་ལ་ཕྱག་འཚལ་མི་དགོས་སོ། །དངོས་པོ་ཊཱིཀྐར་གསུངས་པ་མཐོལ་བཤགས་ལྷན་ཅིག་ཏུ་བྱ་བའི་ཚུལ་ཡིན་ནོ། །དེས་ན་འདི་ལྟར་བྱ་སྟེ། བཙུན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ་མི་འཆབ་བོ། །མཐོལ་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི་མ་མཐོལ་ན་མི་འགྱུར་རོ། །ལན་གསུམ་བཟླས་མཇུག་ཏུ་ཐབས་ལེགས་བརྗོད་དོ། །དམིགས་བསལ་ནི་མིང་ཙམ་ཡང་རིག་པར་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་གཉིས་ལ་དག་དང་གསུམ་ནས་གྲངས་ཤེས་པ་ལ་མང་པོ་དང༌། མི་ཤེས་པ་ལ་དཔག་ཏུ་མེད་པ་ཞེས་བྱའོ། །ཡང་བླ་མ་དག་ཚུལ་དེ་ནི་མ་བཅབས་པའི་དབང་དུ་བྱས་པ་ཡིན་ལ། བཅབས་པའི་མཐོལ་བ་ནི་ལྟུང་བ་གཅིག་བྱུང་བ་ཞག་གཅིག་བཅབས་པའི་དང༌། གཉིས་དང༌། ཞག་གསུམ་ནས་གྲངས་ཤེས་ཀྱི་བར་ཚད་མང་པོའི་བཅབས་པའི་ཉེས་


DLL1002_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་གྲངས་ཤེས་པ་ཚད་མང་པོ་དང༌། གྲངས་མི་ཤེས་པ་དཔག་ཏུ་མེད་པ་དང༌། ཞག་གྲངས་མི་ཤེས་པ་དཔག་ཏུ་མེད་པ་སྟེ་ལྔ་དང༌། ལྟུང་བ་གཉིས་བྱུང་བའི་དེ་ལྔ་དང༌། ལྟུང་བ་ཚད་མང་པོའི་དེ་ལྔ་དང༌། ལྟུང་བ་དཔག་ཏུ་མེད་པའི་ཞག་གཅིག་བཅབས་པ་དང༌། གཉིས་དང་ཚད་མང་པོ་དང༌། ཞག་དཔག་ཏུ་མེད་པར་བཅབས་པའི་མཐོལ་བ་སྟེ་མུ་བཅུ་དགུའོ། །དེ་དག་གི་སྔགས་ནི། ལྟུང་བ་སྡེ་ཚན་འདིའི་མིང་འདིའི་ལྟུང་བ་གཅིག་བྱུང་བ་ཞག་གཅིག་བཅབས་པའི་ཉེས་པ་གཅིག་བྱུང་བ་དེ་ཞེས་སོགས་སྦྱར་བར་བྱས་ལ་མཐོལ་ལོ། །དེས་འཆབ་ཉེས་འཕེལ་བ་རྒྱུན་ཆད་པར་འགྱུར་རོ་གསུང་ངོ༌། །བླ་མ་ཁ་ཅིག་གཉིས་ནས་གྲངས་ཤེས་པའི་བར་ལ་ཚད་མང་པོ་ཞེས་གསུང་ངོ༌། །ལྔ་པ་དགོས་པ་ནི་འཆབ་པའི་ཉེས་པ་མི་འབྱུང་བ་དང༌། ཕྱིར་བཅོས་པར་འགྱུར་བའོ། །གཉིས་པ་བཤགས་པ་ལ་གཉིས། འཆབ་པའི་ཉེས་པ་བཤགས་པ་དང༌། ལྟུང་བ་དངོས་བཤགས་པའོ། །དང་པོ་ལ་གཉིས། བཤགས་པ་ཙམ་གྱིས་བཤགས་པ། ཞག་གི་ཆད་ལས་ཀྱི་སྒོ་ནས་བཤགས་པའོ། །དང་པོ་ལ་ལྔ་ལས། ཡུལ་ནི་འདྲའོ། །རྟེན་ལ་རྫོགས་པའི་སྡོམ་པ་དང་ལྡན་པ་ཞེས་སྦྱར། གཞན་འདྲའོ། །ཉེས་པ་ཕམ་པ་དང་ལྷག་མ་དང་བསྡམ་བྱའི་ཉེས་བྱས་ལས་གཞན་པའི་ལྟུང་བའི་འཆབ་ཉེས་ཡིན་པ་དང༌། རང་རྒྱུད་དང་འབྲེལ་བ་དང་ཡིད་གཉིས་ཡན་ཆད་ཀྱིས་དྲན་པའོ། །ཆོ་ག་ལ་སྦྱོར་བ་འདྲ། དངོས་གཞི་ལ་མཐོལ་ལོའི་གནས་སུ་བཤགས་སོ་གཞུག་ཅིང་གཞན་མུ་བཅུ་དགུའི་ཚུལ་ནི་འདྲའོ། །མཇུག་མཐོང་སྡོམ་འདྲི་ཞིང་ལན་འདེབས་པ་དང༌། ཐབས་ལེགས་བརྗོད་པའོ། །དགོས་པ་འཆབ་ཉེས་དག་པ་དང༌། བཤགས་པའི་རྟེན་དུ་རུང་བའོ། །ཊཱིཀྐར། དེའི་རྗེས་སུ་འབྲང་བས་ལྟུང་བ་གཞན་དག་ལ་ཡང་སྔར་བཅབས་


DLL1002_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་ཕྱིས་ལྟུང་བ་ཕྱིར་བཅོས་པར་བྱ་བར་ཤེས་པར་བྱའོ་ཞེས་བྱའོ། །ཁ་ཅིག་ན་རེ། མཐོལ་བས་འཆབ་པའི་ཉེས་པ་དག་པར་འགྱུར་ཞེས་གསུང་པ་ལ། གཞན་གྱི་ཉེས་པ་འཆབ་པའི་སེལ་བ་རང་གི་འཆབ་པ་ཡིན་ལ། གཞན་གྱི་འཆབ་ཉེས་དག་པ་ལ་བཤགས་དགོས་པ་ལྟར། རང་གི་དག་པ་ལའང་བཤགས་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །རང་ལ་བརྡེག་པ་བཤགས་དགོས་པ་བཞིན་ནོ། །གཞན་ཡང་མཐོལ་བའི་ཚེ་མཐོང་སྡོམ་འདྲི་དགོས་པར་འགྱུར་རོ། །ཞེས་གསུང་ངོ༌། །བམ་ལྔར་ནི། འཆབ་པའི་ཉེས་པ་ཕྱིར་བཅོས་པ་ནི། ལྟུང་བ་མིང་དང་རིགས་གང་བྱུང་བ་དང༌། ཇི་སྲིད་བཅབས་པ་དེ་དག་ཇེ་མཐོལ་བར་བྱའོ། །དགེ་འདུན་ལྷག་མ་ལ་ནི་བཅབས་པའི་ཉེས་པ་ཡོད་ན་སྤོ་བ་ཞེས་བྱ་བའི་ལས་ཀྱིས་དེ་མེད་པར་བྱ་དགོས་ཏེ་ཞེས་དང༌། སྤང་བའི་ལྟུང་བྱེད་ཀྱི་དངོས་གཞི་མཐོལ་བ་འདི་ལ། གལ་ཏེ་བཅབས་པ་ཡོད་ན་དུས་ཇི་སྲིད་བཅབས་པ་ཉིད་སྔགས་ཀྱི་ནང་དུ་མནན་ཏེ་མཐོལ་ལོ། །བཅབས་པ་མེད་ན་མཐོལ་བ་ཉི་ཚེ་སྔ་མ་བཞིན་བྱ་སྟེ། དེ་ཙམ་གྱིས་ན་མཐོལ་བ་ཡིན་ནོ་ཞེས་སོགས་འབྱུང་བས་དཔྱད་པར་བྱའོ། །གཉིས་པ་ཞག་གི་ཆད་པའི་ལས་ཀྱི་སྒོ་ནས་བཤགས་པ་ལ་གཉིས། སྤོ་བ་ནོད་པ་དང༌། སྤྱད་པའོ། །དང་པོ་ལ་བདུན། ཡུལ་གང་ལས། རྟེན་གང་གིས། གང་གི་དོན་དུ། ཡུན་ཇི་སྲིད། ཆོ་ག །སྒྲ་དོན། དགོས་པའོ། །དང་པོ་ནི། དགེ་འདུན་ཆོས་གསུམ་ལྡན་ནོ། །གཉིས་པ་ནི། རྫོགས་པའི་སྡོམ་པ་དང་ལྡན་པ། ལྟ་མཚན་མཐུན་པ། ཤེས་པ་དང་ལུས་ཐ་མལ་པར་གནས་པ། གནས་ཕྱུང་དང་ཚོགས་ལོངས་དང་སྔར་དེ་ལེགས་པར་མནོས་པ་གསུམ་མ་ཡིན་པའོ། །གསུམ་པ་ནི། ལྷག་མའི་འཆབ་ཉེས་སོགས་ཆོས་


DLL1002_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལྡན་ནོ། །བཞི་པ་ནི། ཇི་སྲིད་བཅབས་པའི་དུས་སམ་དག་པའི་མཐའ་ཅན་ནོ། །ལྔ་པ་ནི། སྦྱོར་བ་འདུ་བའི་སྐབས་རྗེས་སུ་བསྒྲུབ་པ་སོགས་དང༌། དངོས་གཞི་གཞིའི་ལས་ཆོས་གསུམ་ལྡན་ནོ། །མཇུག་གནས་པ་བརྗོད་པའོ། །དྲུག་པ་ནི། རང་བཞིན་གནས་པའི་ས་ནས་དམན་པའི་སར་སྤོ་བས་སོ། །བདུན་པ་ནི། སྤོ་བ་སྤྱད་པའི་རྟེན་དུ་རུང་བར་འགྱུར་བའོ། །གཉིས་པ་སྤོ་བ་སྤྱོད་པ་ལ་བདུན་ལས། ཡུལ་ནི་དགེ་འདུན་དུ་ལོངས་པ་དང༌། ས་རང་བཞིན་དུ་གནས་པ་དང༌། གུད་དུ་མ་བཅད་པའོ། །གནས་ནི་གང་དུ་མནོས་པ་དང༌། གཞན་མིང་མཐུན་པ་གསུམ་ལ་སོགས་པ་མེད་པ་དང༌། སྤྱིར་བསྟན་དུ་གནས་བརྟན་དང་སོ་སོ་ཐར་པ་འདོན་པ་ཡོད་པའོ། །རྟེན་ནི་སྤོ་བ་མནོས་པ་དང་འབྲེལ་བ་དང༌། རྐྱེན་དང་མི་ལྡན་པའོ། །གང་གི་དོན་དུ་ནི་སྔ་མ་བཞིན་ནོ། །ཡུན་ནི་ཇི་སྲིད་མནོས་པ་དེ་སྲིད་དུའོ། །ཚུལ་ནི་ཁྱད་པར་ཅན་དང་མཉམ་པའི་སྤྱོད་པ་སྤང་བ་དང༌། དམན་པའི་སྤྱོད་པ་དང་དུ་ལེན་པའི་ཚུལ་གྱིས་ཏེ། རྒྱས་པར་དཀྱུས་ན་གསལ་ལོ། །དགོས་པ་ནི། འཆབ་པའི་ཉེས་པ་འདག་པ་དང་མགུ་བ་འཆགས་པར་འགྱུར་བ་སྟེ་བཅབས་པའི་ཉེས་པ་མེད་ན་དེ་འཆགས་སོ་ཞེས་གསུངས་བའི་ཕྱིར་རོ། །ཞུ་བར་ནི། ཆད་པའི་ལས་བགྱིད་པའི་རིགས་པ་ཞིག་ལ་མགུ་བ་བརྩལ་ལམ་ཕྱུང་ན་ཕྱུང་ཞེས་བྱའོ། །ཞེས་ཀྱང་གསུངས་སོ། །གཉིས་པ་ལྟུང་བ་དངོས་བཤགས་པ་ལ་གཉིས། དགོས་པ་སྤྱིར་བཤད་པ་དང༌། བསྡུས་དོན་སོ་སོར་བཤད་པའོ། །དང་པོ་ནི། ལྟུང་བ་དག་པར་འགྱུར་ལ། དེས་དག་པའི་ཕན་ཡོན་བཅུ་འཐོབ་པ་དང༌། ཁ་སྐོང་དུ་རུང་བ་ལ་སོགས་པའོ། །དག་ལུགས་ལ་ཁ་ཅིག་ན་རེ། ལྟུང་བ་ངོ་བོ་མི་འདག་ལ་འཕེལ་བ་རྒྱུན་ཆད་པ་ཙམ་ཡིན་ཏེ། ཕྱགས་མ་ལྟ་བུའི་དམྱལ་བར་སྐྱེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །


DLL1002_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་ཟེར་རོ། །དེ་ལ་གཞན་དག་མཐོལ་བས་ཀྱང་འཆབ་བའི་འཕེལ་བ་རྒྱུན་ཆད་པར་འགྱུར་བས་མི་རིགས་ཞེས་སྨྲ་བ་ནི་མི་རིགས་ཏེ། མཐོལ་བས་ལྟུང་བ་དངོས་གཞི་ཡོད་ལ་ཕྱིར་མི་འཆོས་ཀྱི་ཉེས་པ་འཆབ་པར་མི་ནུས་པའི་ཕྱིར་རོ། །དེས་ན་གཉིས་ཀ་མི་རིགས་ཏེ་ངོ་བོ་མ་དག་ན་ལས་ལ་སྒྲིབ་པ་སོགས་སུ་འགྱུར་བ་དང༌། བཤགས་པ་ནི་གཉེན་པོ་སྟོབས་ལྡན་ཡིན་པའི་ཕྱིར་ངོ་བོ་འདག་པར་རིགས་སོ། །ཡང་ཁ་ཅིག་བག་ཞད་ཙམ་ཡང་མ་ལུས་པར་འདག་གསུངས་པ་ལ། ཁ་ཅིག་དེ་མ་ཡིན་ཏེ། ལྟུང་བ་སྒོམ་སྤང་ཡིན་པའི་ཕྱིར་དང༌། སོ་ཊཱིཀ་ཏུ། རྣམ་པར་གནོན་ཀུན་ཏུ་སྤྱོད་པ་སེལ་ཞེས་གསུངས་ཤིང༌། དེས་ན་ངོ་བོ་བཤགས་པས་འདག་གི་ས་བོན་མི་འདག་སྟེ། དེ་སྒོམ་སྤང་ཡིན་པའི་ཕྱིར་རོ། །དེས་ན་ས་བོན་གྱི་རྣམ་སྨིན་འབྱིན་གསུང་ངོ༌། དེ་ལྟ་ན་ངོ་བོ་ཡང་མི་འདག་པར་འགྱུར་ཏེ། དེ་སྒོམ་སྤང་ཡིན་པའི་ཕྱིར་རོ། །དེས་ན་བཤགས་པས་ངོ་བོ་ཐོབ་པ་ཆད་པའི་ཚུལ་གྱིས་བཏང་ལ། བྱེད་པ་མངོན་གྱུར་དག་པ་ཡིན་ནོ། །དེ་ལྟ་བུའི་དག་པ་ལ་སྔ་མ་ལ་འགྱོད་པ་དང༌། ཕྱིན་ཆད་སྡོམ་པ་དང་ད་ལྟར་བ་འཆགས་པའི་སེམས་གསུམ་ཁྱད་པར་ཅན་ནི་བཤགས་པ་ཐམས་ཅད་ལ་དགོས་སོ། །དེ་ནི་ལྟུང་བ་རྣམ་པར་ཉམས་པ་ཞེས་བྱའི་སྤངས་པ་ཞེས་ནི་མི་བྱ་སྟེ། ཐོབ་པ་ཆད་པའི་ཕྱིར་དང༌། བྲལ་ཐོབ་མ་སྐྱེས་པའི་ཕྱིར་རིམ་བཞིན་ནོ། །བྲལ་ཐོབ་ནི་འདོད་པའི་སྒོམ་སྤང་དགུ་པ་སྤོང་བའི་ཚེ་འཐོབ་པ་ཡིན་ནོ། །གལ་ཏེ་བཤགས་པས་ལྟུང་བ་ཐོབ་པ་ཆད་པའི་ཚུལ་གྱིས་དག་པ་ཡིན་ན་རྣམ་པར་སྨིན་པ་ཡང་མི་འབྱིན་པར་འགྱུར་རོ་ཞེ་ན། འདི་ལ་ངེས་པ་མེད་དོ། །འོ་ན་རྣམ་པར་སྨིན་པ་འབྱིན་པ་དང་མི་འབྱིན་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན།


DLL1002_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ལས་མ་ངེས་པ་རྣམས་ཀྱིས་རྣམ་སྨིན་མི་འབྱིན་ཏེ། དབྱུང་བའི་སྐབས་སུ་མ་བཤགས་པའི་ཚེ་ངན་སོང་དུ་སྐྱེ་བར་གསུངས་ཤིང༌། བཤགས་པའི་ཚེ་ལྷ་དང་མིར་སྐྱེ་བར་གསུངས་པ་ལྟ་བུའོ། །ལས་ངེས་པ་རྣམས་ཀྱིས་ནི་རྣམ་སྨིན་འབྱིན་ཏེ་རྣམ་པར་སྨིན་པར་ངེས་པའི་ཕྱིར་རོ། །དེས་ན་ཕྱགས་མ་ལྟ་བུའི་དམྱལ་བ་ལ་སོགས་པ་ཡིན་ནོ། །དེ་ལ་ཉན་ཐོས་སྡེ་པ་གཉིས་ནི་ལས་སྤངས་སུ་ཟིན་ཀྱང་རྣམ་སྨིན་འབྱིན་པར་འདོད་དེ། དགྲ་བཅོམ་པ་ལའང་རྣམ་སྨིན་འབྱིན་པར་འདོད་པའི་ཕྱིར་རོ། །དེ་ཡང་བྱེ་བྲག་ཏུ་སྨྲ་བ་དག་ནི་འདས་པ་རྫས་སུ་ཡོད་པའི་ཕྱིར་ལས་འདས་པ་ལས་འབྱུང་བར་འདོད་དོ། །མདོ་སྡེ་པ་དག་ནི་འདས་པ་དངོས་པོར་མེད་པའི་ཕྱིར་ལས་འདས་པ་ལས་འབྲས་བུ་མི་འབྱུང་གི །དེ་སྔོན་དུ་འགྲོ་བའི་རྒྱུད་ཀྱི་ཁྱད་པར་ལས་འབྲས་བུ་འབྱུང་བར་འདོད་དོ། །འོན་ཀྱང་བཤགས་པས་ལས་མ་ངེས་པ་རྣམས་ཀྱིས་རྣམ་སྨིན་མི་འབྱིན་པ་དང༌། ལས་ངེས་པ་དག་གིས་རྣམ་སྨིན་སྲབ་པར་འགྱུར་ཏེ། ཕ་མ་བསད་པའི་གླེང་གཞི་ལས་འབྱུང་བ་བཞིན་ནོ། །མདོ་སྡེ་རྒྱན་དུ། ངེས་འབྱུང་བདུན་གསུངས་པའི་ཆད་པའི་ལས་ཁས་ལེན་པ་ནི་བཤགས་པར་འདུས་ལ་ཀློད་པ་དང་བག་ཡངས་གཉིས་ནི་ལྟུང་བ་མི་འབྱུང་བ་ཙམ་ལ་དེར་བཏགས་པ་ཡིན་ཞིང༌། མཚན་གྱུར་པ་ཡང་རྟེན་གྱུར་པས་ཐུན་མོང་མ་ཡིན་པ་ཁ་ཅིག་ཐོབ་པ་བཏང་བ་དང་ཁ་ཅིག་ཆུང་བའི་ངོ་བོར་གྱུར་པ་ལ་དགོངས་སོ། །སོ་སོར་རྟོག་པ་དང་བདེན་པ་མཐོང་བ་ནི་ཤུགས་ཆད་པར་འོང་ངོ༌། །བསམ་པའི་ཁྱད་པར་གྱིས་ལྡང་བ་ཡང་དེ་དང་འདྲའོ། །མདོར་དགྲ་བཅོམ་པ་མ་ཐོབ་བར་དུ་ཆད་ལས་བྱ་དགོས་པར་གསུངས་པ་ནི་རྣམ་སྨིན་མི་འབྱིན་པར་བྱ་བའི་ཕྱིར་དང༌། དེ་སྲབ་པར་བྱ་བའི་ཕྱིར་དང༌། བསླབ་པ་ལ་གུས་པ་ཤིན་ཏུ་བསྐྱེད་པའི་


DLL1002_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་ཡིན་གྱི། ལྟུང་བ་མ་དག་པའི་ཕྱིར་མ་ཡིན་པར་སེམས་སོ། །ལུང་མ་བསྟན་གྱི་ལྟུང་བ་རིག་བྱེད་འགགས་པ་ཙམ་གྱིས་ཐོབ་པ་ཆད་ཀྱང་ལས་ལ་སྒྲིབ་པ་ལ་སོགས་པ་འདས་པ་ཡོད་པའི་ཕྱིར་དང༌། གཉེན་པོ་མ་བྱས་པའི་ཕྱིར་ཏེ། སྨྱིག་མའི་ཚལ་ལྟ་བུར་ཤེས་པར་བྱའོ། །མཐར་དེ་ལ་བཙལ་བ་ཡང་བསམ་པའི་ཁྱད་པར་གྱིས་ཡིན་པར་རིག་པར་བྱའོ། །གཉིས་པ་བསྡུས་དོན་སོ་སོར་བཤད་པ་ལ་གསུམ། ཕམ་པའི་བཤགས་པའི་ཚུལ་དང༌། ལྷག་མའི། དེ་ལས་གཞན་པའོ། །དང་པོ་ལ། ཆད་པའི་བསླབ་པ་ནོད་ཚུལ། དེ་ལ་སྤྱད་པའི་ཚུལ་ལོ། །དང་པོ་ལ་བདུན་ལས། ཡུལ་དང་ཆོ་ག་སྤོ་བ་བཞིན་ནོ། །རྟེན་སྡེ་ལྔའི་སྡོམ་པ་གསོར་རུང་དང་ལྡན་པ་ཞེས་སྦྱོར་གཞན་འདྲའོ། །གང་གི་དོན་དུ་ན་འཆབ་ཉེས་མེད་པའི་ཕམ་པའམ་ཕམ་འདྲའི་ཉེས་བྱས་ཆོས་གསུམ་ལྡན་ནོ། །ཡུན་ཇི་སྲིད་འཚོའི་བར་རོ། །ངེས་ཚིག་དེ་དག་པའི་དོན་དུ་ཁྱད་པར་ཅན་གྱི་སྤྱོད་པ་སྤང་བ་དང༌། དམན་པའི་སྤྱོད་པ་དང་དུ་བླང་བ་ལ་བསླབ་པའི་ཕྱིར་རོ། །དགོས་པ་བསླབ་པ་སྤྱད་པའི་རྟེན་དུ་རུང་བའོ། །གཉིས་པ་ལ་དྲུག་ལས། ཡུལ་དང་རྟེན་དང་ཚུལ་སྤོ་བ་བཞིན་ནོ། །གནས་ལ་མནོས་པ་ཕྲི་བའོ། །ལྟུང་བ་དང་ཡུན་ནི་ནོད་པ་བཞིན་ནོ། །གཉིས་པ་ལྷག་མ་བཤགས་ཚུལ་ལ་གཉིས་ལས་མགུ་བ་ལའང་གཉིས་ལས། མནོད་པ་ལ་བདུན་ལས། ཡུལ་རྟེན་སྤོ་བ་བཞིན་ནོ། །ལྟུང་བ་འཆབ་ཉེས་མེད་པའི་དགེ་འདུན་ལྷག་མའམ་ལྕི་བའི་ཆོས་འདས་ཆོས་གསུམ་ལྡན་ནོ། །ཡུན་ནི་ཞག་དྲུག་གམ་ཟླ་བ་ཕྱེད་དོ། །ཆོ་ག་འདྲའོ། །སྒྲ་དོན་དགེ་འདུན་ཐུགས་མཉེས་པར་བྱེད་པའི་ཕྱིར་རོ། །དགོས་པ་སྤྱད་པ་འཆགས་པའོ། །གཉིས་པ་སྤྱད་པའི་ཚུལ་ལ་བདུན་ལས། ཡུལ་རྟེན་གནས་ཚུལ་བཞི་སྤོ་བ་བཞིན་ནོ། །ལྟུང་བ་ཡུན་ཅན་གཉིས་སྔ་མ་


DLL1002_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོ། །དགོས་པ་དབྱུང་བ་འཆགས་པའོ། །གཉིས་པ་དབྱུང་བས་བཅོས་པ་ལ་ལྔ་ལས། ཡུལ་རྟེན་འདྲའོ། །ལྟུང་བ་མགུ་བ་སྔོན་དུ་སོང་བའི་དགེ་འདུན་ལྷག་མ་ཆོས་གསུམ་ལྡན་ནོ། །ཆོ་ག་འདྲ་བ་ལས་བསྡིགས་པ་དང་གཟེངས་བསྟོད་དང་བཅས་པར་བྱའོ། །དགོས་པ་རང་བཞིན་དུ་གནས་པར་འགྱུར་བ་སོགས། གལ་ཏེ་དགྲ་བཅོམ་པ་ཐོབ་ན་ཆད་པའི་ལས་ལྷག་མ་དག་བྱ་མི་དགོས་སོ། །གསུམ་པ་དེ་དག་ལས་གཞན་པའི་བཤགས་ཚུལ་ལ་ཡུལ་ནི་ཆོས་བརྒྱད་ལྡན་གོང་མ་བཞིན་གྱི་སྟེང་དུ་ཕམ་པའི་སྦོམ་པོ་ལྕི་བ་ལ་དྲུག་དང༌། ཡང་བ་ལ་བཞི་དང༌། ལྷག་མའི་ལྕི་བ་ལ་ལྔ་ལ་སོགས་པ་ཚང་པ་དང༌། གཞན་རྣམས་གཅིག་གི་དྲུང་དུའོ། །རྟེན་སྡོམ་པ་གསོར་རུང་ཡན་ཆད་དང་ལྡན་པ་ལུས་ཤེས་ཐ་མལ་པར་གནས་པ་གནས་ནས་མ་ཕྱུང་པའོ། །ལྟུང་བ་ཕམ་ལྷག་དང་བསྡམས་བྱ་ལས་གཞན་པའི་ལྟུང་བ་ཆོས་གསུམ་ལྡན་ནོ། །ཆོ་ག་སྦྱོར་བ་ལ་སྤང་བ་ལ་སྤངས་བྲལ་དང༌། ཁབ་རལ་སོགས་ལ་བཅག་པ་སོགས་སྔོན་དུ་བཏང་བ་དང༌། ཕྱག་འཚལ་བ་སོགས་སྤྱོད་ལམ་བསྟེན་ཅིང༌། ཡུལ་གྱིས་ཀྱང་ཁྱོད་ཅི་འཆགས་ཞེས་དྲིས་ཏེ། སྤང་བའོ་ཞེས་ཟེར་ན་སྤངས་བྲལ་སྔོན་དུ་སོང་ངམ་དང༌། ཁབ་རལ་འཆོས་པའོ་ཞེ་ན། བཅག་གམ་སོགས་དང༌། སོ་སོར་བཤགས་པའོ་ཞེ་ན། མཐོལ་བ་སྔོན་དུ་སོང་ངམ་ཞེས་སོགས་དྲི་བར་བྱའོ། །དངོས་གཞི་ནི་བཙུན་པ་རྣམས་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་ཕམ་པར་འགྱུར་བའི་སྡེ་ཚན་ལས་རིགས་འདི་ཞེས་བགྱི་བའི་སྦྱོར་བ་ཆེ་གེ་མོ་ལས་གྱུར་པའི་ཉེས་པ་སྦོམ་པོ་ལྕི་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པ་དག་གི་མདུན་དུ་འཆགས་སོ། །བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་


DLL1002_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། ཉན་པའི་རྒན་པ་གཅིག་གིས་ལྟུང་བ་མཐོང་ངམ་ཞེས་དྲིས་འཆགས་པས་མཐོང་ངོ་དང༌། ཉན་པས་ཕྱིར་སྡོམ་མམ་དང༌། འཆགས་པས་སྡོམ་མོ། །ཞེས་པ་དག་ལན་གསུམ་དང༌། ཉན་པས་ཐབས་ཡིན་ནོ་དང༌། འཆགས་པས་ལེགས་སོ་ཞེས་བརྗོད་པའོ། །དེ་བཞིན་དུ་ལྟུང་བ་གཞན་ལའང་ཅི་རིགས་པར་བརྗོད་པར་ཤེས་པར་བྱའོ། །གཉིས་པ་ཚིག་གི་དོན་ལ་གཉིས། རང་སྟོབས་ཀྱིས་ཕྱིར་བཅོས་པ་དང༌། གཞན་སྟོབས་ཀྱིས་སོ། །དང་པོ་ལ་གཞི་གསུམ་ལས་ཕྱིར་བཅོས་པའི་གཞི་ལ་ལུང་གི་བྱེ་བྲག་གཉིས་ལས། གཞི་ལ་གཉིས། ནན་ཏུར་ཇི་ལྟར་བྱ་བ་དང༌། ཕྱིར་བཅོས་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། གཞི་གང་ལ་ནན་ཏུར་བྱ་བ་སྤྱིར་བཤད་པ། བཟོད་པ་བྱ་བའི་ཚུལ་ཞར་བྱུང་དང་བཅས་པ། རྒྱུ་གང་ལ་ནན་ཏུར་བྱ་བ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། འཐབ་ཀྲོལ་བྱེད་པ་ལ་སོགས་པ་ནན་ཏུར་གྱི་གཞི་དེ་བཞམས་བསྒོ་སོགས་བྱས་ཀྱང་གང་ཟག་དེས་བསམ་པས་ཡོངས་སུ་མ་བཏང་སྦྱོར་བས་ཕྱིར་མ་བཅོས་པར་དགེ་འདུན་གྱིས་མཐོང་ཐོས་དོགས་གསུམ་གྱི་ངེས་པ་ཆུང་འབྲིང་ཆེན་པོས་ཤེས་ཤིང་རྣམ་པར་ཤེས་ལ་ཡིད་ཆེས་ཤིང་མངོན་པར་ཆེས་པར་གྱུར་ནས་དགེ་འདུན་གྱི་དབུས་སུ་གླེང་པ་པོས་འཐབ་ཀྲོལ་བྱེད་པ་ལ་སོགས་པ་དེ་གླེང་བ་དང༌། དྲན་པར་བྱས་པས་ཤེས་པར་བྱས་ཤིང་ཡུལ་དེས་ཀྱང་འཐབ་ཀྲོལ་བྱེད་པ་ལྟ་བུ་དེ་དགེ་འདུན་གྱི་མངོན་སུམ་དུ་འཇོག་པ་སྟེ་ཁས་ལེན་པ་ལ་ཆོས་གསུམ་ལྡན་གྱི་དགེ་འདུན་གྱིས་བསྡིགས་པ་ལྟ་བུའི་ནན་ཏུར་གྱི་ལས་བྱས་ཏེ་དགེ་འདུན་ཐམས་ཅད་ལ་གཤེ་བ་མི་རིགས་པའི་ཕྱིར་རོ། །ལུང་ལས་རྒྱུ་ལྔས་བསྡིགས་པའི་ལས་བྱས་ན་དེ་ནི་ཆོས་ཀྱི་ལས་དང་འདུལ་བའི་ལས་ཡིན་ཏེ། དེས་ན་


DLL1002_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་འདུན་འགལ་ཚབས་ཅན་དུ་མི་འགྱུར་རོ། །ལྔ་གང་གིས་ཤེ་ན། གླེང་བར་བྱས་པ་དང༌། དྲན་པར་བྱས་པ་དང༌། གཞི་དང་བཅས་པ་དང༌། ཁས་བླང་བ་དང༌། མངོན་སུམ་དུ་གྱུར་པར་བྱེད་པའོ། །ཞེས་སོགས་ནན་ཏུར་བདུན་ཆར་ལ་བཤད་པ་མདོ་འདིས་བསྡུས་པ་ཡིན་ནོ། །འོ་ན་གླེང་བ་དང་དྲན་པར་བྱས་ཏེ་ནན་ཏུར་བྱ་ན། གླེང་བ་པོ་རང་ཉིད་སྤྲོ་བ་མ་བྱུང་ན་དེ་ལ་དགེ་འདུན་གྱིས་རེ་ཞིག་བཏང་སྙོམས་སུ་བྱ་འམ། གླེང་བ་པོ་བཙལ་བར་བྱ་ཞེ་ན། བདག་གིས་གླེང་བར་བྱའོ་ཞེས་གླེང་བ་པོ་རང་སྤྲོ་བ་མ་བྱུང་ན། བཏང་སྙོམས་བྱར་མི་རུང་གིས་དགེ་འདུན་གྱིས་གླེང་ཞིང་ནན་ཏུར་བྱ་བ་ལ་འཇུག་པར་བྱའོ། །རང་མ་བླང་ན་ཞེས་པས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ཏེ་བླང་ཞེས་བསྟན་པ་ཡིན་ལ། གལ་ཏེ་རྒྱུ་ལྔས་ནན་ཏུར་བྱ་ན། མངོན་སུམ་དུ་འདུ་བ་མི་སྟེར་ན་གླེང་བ་ལ་སོགས་པ་བཞི་མི་འགྲུབ་པས་མངོན་སུམ་གྱི་དངོས་པོ་བཙལ་དགོས་སམ་ཞེ་ན། དགེ་འདུན་གྱི་དབུས་སུ་མངོན་སུམ་དུ་འདུ་བ་མི་སྟེར་ན་གླེང་བ་ལ་སོགས་པ་བཞི་བྱ་བར་མི་ནུས་པས་འཐབ་ཀྲོལ་བྱེད་པ་ལ་སོགས་པའི་གཞི་གྲགས་པ་སྟེ་མ་ཞི་བར་ཤེས་པ་ཙམ་གྱིས་ནན་ཏུར་གྱི་ལས་བྱའི་མངོན་སུམ་གྱི་དངོས་པོ་བཙལ་མི་དགོས་སོ། །གལ་ཏེ་ནན་ཏུར་ཐམས་ཅད་ལ་རྒྱུར་གྱུར་གྱི་ལྟུང་བ་ཁས་ལེན་པ་དེ་མངོན་སུམ་གྱི་ཡན་ལག་ཡིན་ནམ་ཞེ་ན། ལྟུང་བ་མ་མཐོང་བ་གནས་ནས་དབྱུང་བའི་ལས་བྱེད་པ་ལ་ནི་རྒྱུ་ཤེས་པ་དང་ལུས་མངོན་སུམ་དུ་གྱུར་པ་གཉིས་ཡན་ལག་ཡིན་གྱི་ལྟུང་བ་ཁས་ལེན་པ་ཡན་ལག་ཏུ་དགོས་པ་མ་ཡིན་ཏེ། གལ་ཏེ་དེས་བདག་གིས་ཡང་དག་པར་ལྟུང་བ་མཐོང་ངོ་ཞེས་ཁས་ལེན་ན་ནན་ཏུར་གྱི་རྒྱུ་ཡོད་པ་ཉིད་རྣམ་པར་བཤིག་པས་དེ་ལ་ནན་ཏུར་བྱ་བར་མི་རིགས་པའི་ཕྱིར་རོ། །ནི་ཞེས་པ་ནན་ཏུར་གྱི་ལས་དྲུག་པོ་ལས་དགར་བ་སྟེ།


DLL1002_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ལ་གཙོ་བོའི་རྒྱུ་ལྟུང་བ་ཁས་ལེན་པ་ཡན་ལག་ཡིན་པའི་ཕྱིར་རོ། །མ་མཐོང་བ་གནས་དབྱུང་ནན་ཏུར་དུ་མ་ཟད་གླེང་བྱ་དེས་ལྟུང་བ་གླེང་བའི་སྐབས་མི་འབྱེད་ན་གསོ་སྦྱོང་དང་དགག་དབྱེ་བཞག་པའི་ནན་ཏུར་བྱ་བ་ལ་ཡང་གྲགས་པ་དང་མངོན་སུམ་ཙམ་ཡན་ལག་ཡིན་གྱི་ཁས་ལེན་པ་ཡན་ལག་མ་ཡིན་ཏེ། སྐབས་མི་འབྱེད་པའི་གང་ཟག་ལ་གླེང་བ་ཉིད་ཀྱང་མི་བྱ་བ་དང་ཇི་ལྟར་བྱས་ཀྱང་ཁས་ལེན་པའི་བསམ་པ་མེད་པས་ཁས་ལེན་པ་མི་རིགས་པའི་ཕྱིར་རོ། །གླེང་བ་པོ་རང་མ་བླངས་ན་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བས་གླེང་བ་པོ་བླང་བར་བྱའོ། །གཉིས་པ་ནི། ནན་ཏུར་བྱས་པ་ཇི་ལྟར་གྱུར་པ་ལ་བཟོད་པ་བྱ་ཞེ་ན། ཁྱིམ་པ་དང་རབ་བྱུང་གི་སྐྱོན་གྱིས་ལྐོག་ཏུ་གཤེ་བ་དང་དངོས་སུ་སྤྱོ་བ་དང་དེ་གཉིས་ཀྱི་རྒྱུ་མཚན་ཁྲོ་བ་མི་འཛིན་པ་བཟོད་པ་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །དགེ་འདུན་ནམ་གང་ཟག་གི་རྙེད་པ་མེད་པ་དང་གནས་མེད་པར་བྱ་བར་སེམས་པ་ཉིད་དུ་མི་འཛིན་པ་དང༌། བླའི་གྲྭ་དང་འོག་གཟུ་དང་ཁྱིམ་པ་དང་རབ་བྱུང་གང་རུང་གི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་དང༌། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པར་རྟེན་དུ་འཛིན་པ་དང༌། ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཏེ་ཆ་ལུགས་འཆང་བར་མི་བྱེད་པ་དང༌། གྲོགས་ཁྱིམ་པ་དང་མུ་སྟེགས་ཅན་ལ་བརྟེན་པར་མི་བྱེད་པ་དང༌། སྤྱོད་པ་དང་སྤྱོད་ལམ་གྱི་རྣམ་པ་བཀག་པའི་ཆོ་ག་མ་ཡིན་པ་ལ་སྤྱོད་པར་མི་བྱེད་པ་དང༌། སྤོང་བས་བསྡུས་པའི་དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་དང༌། སྐྲ་གྱེན་དུ་འགྲེང་བར་གྱུར་པ་དང༌། སྐྲ་ཐད་ཀར་འཕྱར་བར་གྱུར་པ་དང༌། དེ་གཉིས་ཀྱིས་སྨ་བབ་པར་བསྟན། དགེ་འདུན་ལ་སྤུུ་སྙོལ་བ་བག་འཁུམས་པར་བྱེད་པ་དང༌། དེས་རྒྱགས་པ་མེད་པར་བསྟན། སྨད་པའི་གནས་ནས་རྣམ་


DLL1002_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པར་དག་པའི་སར་འབྱུང་བར་བསྐྱོད་ཅིང་སྒྲུབ་པར་བྱེད་པ་དང༌། དགེ་འདུན་དང་འདྲེ་ཞིང་ལྷན་ཅིག་མཚུངས་པར་ཉེ་བར་སྟོན་པ་དང༌། འཐབ་ཀྲོལ་སོགས་ནན་ཏུར་གྱི་རྒྱུ་ལས་ཕྱིར་བཟློག་པ་སྔགས་ལན་གསུམ་བཟླས་པས་བཟོད་པ་གསོལ་བ་ལ་བཟོད་པར་བྱའོ། །ཁང་པ་ཁང་ཆེན་བསྟན་པ་ལ་སོགས་པའི་ལས་སྦྱིན་པ་དང་ལྷག་མ་ལས་དབྱུང་བ་དང༌། བསྙེན་པར་རྫོགས་པར་བྱ་བ་དང༌། ཁྱིམ་གྱི་བསླབ་པ་གཞག་པ་དང༌། ལྷུང་བཟེད་ཁ་སྦུབ་པ་ཕྱིར་བསྲང་བ་དག་ལ་ཡང་དགེ་འདུན་ལ་གསོལ་བའི་སྔགས་ལན་གསུམ་ཟློས་པ་ལ་སྦྱིན་པར་བྱའོ། །གསུམ་པ་ལ་གསུམ། སྨད་པ་ནན་ཏུར་བྱ་བ། སྤང་བ་ནན་ཏུར་བྱ་བ། མཇུག་གི་ཆོ་གའོ། །དང་པོ་ནི། ཉེས་པ་གང་ལ་ནན་ཏུར་གྱི་ལས་གང་བྱ་ཞེ་ན། གང་དག་དགེ་འདུན་གྱི་ནང་དུ་འཐབ་ཀྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་བསྡིགས་པར་བྱའོ། །དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་བྱུང་བ་ཕྱིར་མི་འཆོས་པར་ཡང་དང་ཡང་རྒྱུན་དུ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་སྨད་པར་བྱའོ། །སྤྱོད་པ་ངན་པས་ཁྱིམ་སུན་འབྱིན་པ་ལ་གསོལ་བཞིའི་ལས་ཀྱིས་གནས་ནས་བསྐྲད་པར་བྱའོ། །ཁྱིམ་སུན་འབྱིན་པ་ལ་བསྐྲད་པའི་ལས་བྱ་བ་དེའི་ཕྱིར་དགེ་འདུན་གྱི་ནང་དུ་འདུ་བ་མི་སྦྱིན་པ་དང༌། ལྟུང་བ་གླེང་བའི་སྐབས་མི་འབྱེད་པ་དག་ལ་ཡང་གྲགས་པ་ཙམ་གྱིས་བསྐྲད་པའི་ལས་བྱའོ། །ཁྱིམ་སུན་འབྱིན་པ་དེ་དགེ་འདུན་གྱི་ནང་དུ་འདུས་ཀྱང༌། ཁྱིམ་སུན་འབྱིན་པའི་ལྟུང་བ་དེ་མ་མཐོང་ངོ༌། །ཞེས་ཟེར་ན་ཡང་གྲགས་པ་ཙམ་གྱིས་བསྐྲད་པའི་ལས་བྱའོ། །ཁྱིམ་པ་ལ་བརྙས་ཐབས་མཐོ་འཚམས་པ་བྱེད་པ་ལ་ནི་ཁྱིམ་པ་ཡི་ཆད་པ་བསལ་བའི་ཕྱིར་ཇི་སྲིད་ལས་ཀྱི་མཐའ་འདི་མ་བཏང་གི་བར་དུ་ཁྱེད་ལ་ཡང་ངེད་ཀྱིས་མཛའ་གཅུགས་ཀྱི་དངོས་པོ་དང་དགའ་བའི་དངོས་པོ་ཕྱིར་སྡུད་ཅིང་ཕྱིར་དགྱེད་པར་བྱའོ། །ཞེས་ཕྱིར་འགྱེད་


DLL1002_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

པ་གསོལ་བཞིའི་ལས་ཀྱིས་བྱའོ། །ཕྱིར་འགྱེད་པ་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་ཁྱིམ་པ་དེ་ལ་དགེ་སློང་དེ་བཟོད་པ་གསོལ་དུ་གཞུག་གོ །དགེ་འདུན་གྱིས་གང་ཟག་དེ་ལ་ལྟུང་བ་བྱུང་བར་གྲགས་པ་སྟེ་ཤེས་པའི་ལྟུང་བ་དེ་ཆོས་བཞིན་ཕྱིར་མ་བཅོས་པ་ཡིད་ཀྱིས་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་ལ་གསོལ་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །གླེང་དྲན་བྱས་པ་ན་ལྟུང་བ་མ་མཐོང་ངོ་ཞེས་ཟེར་ཞིང་ལྟུང་བ་ཕྱིར་འཆོས་པ་རྗེས་སུ་སྒྲུབ་པར་མི་འདོད་པ་ལ་གསོལ་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །བཅོམ་ལྡན་འདས་ཀྱིས་བར་ཆད་ཀྱི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་ཆད་དུ་མི་འགྱུར་རོ། །ཞེས་སོགས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་པ་ལ་ནི་གསོལ་བཞིའི་ལས་ཀྱིས་གནས་ནས་དབྱུང་བར་བྱའོ། །གསུམ་པ་མཇུག་གི་ཆོ་ག་ནི། ནན་ཏུར་བདུན་པོ་གང་རུང་བྱས་པའི་རྗེས་ལ་དགེ་འདུན་གྱིས་གང་ཟག་དེ་ལ་གནས་འདི་ཉིད་དུ་ལྟུང་བ་འདི་ཕྱིར་བཅོས་པར་གྱིས་ཤིག །གནས་གཞན་དུ་ཕྱིར་བཅོས་སུ་མི་རུང་བར་བསྟན། དགེ་འདུན་འདི་ཉིད་ཀྱིས་ཁྱོད་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་འདུན་འདིས་མ་གནང་ན་མཚམས་གཞན་གྱི་དགེ་འདུན་གྱིས་བག་ཡངས་སུ་བྱེད་པ་མི་དབང་བར་བསྟན་ནོ། །གཉིས་པ་ཕྱིར་བཅོས་ཇི་ལྟར་བྱ་བ་ལ་གསུམ། ཕྱིར་བཅོས་པའི་རྒྱུ་མཐོལ་བ་བྱ་ཚུལ། བསྡམ་པ་དང་བཅས་པའི་བཤགས་པ་བྱ་ཚུལ། བྱེ་བྲག་ལྷག་མའི་ལྟུང་བ་ཕྱིར་བཅོས་ཚུལ་ལོ། །དང་པོ་ནི། གཞན་གྱི་ལྟུང་བ་འཆབ་པའི་ཉེས་པ་བསྟན་ཟིན་པས་རང་གི་ལྟུང་བ་དགེ་འདུན་ལྷག་མ་འབའ་ཞིག་ཏུ་མ་ཟད་རང་གི་ལྟུང་བ་ཐམས་ཅད་བཅབ་པར་མི་བྱ་སྟེ། དེ་གང་ཟག་གི་མདུན་དུ་ལན་གསུམ་མཐོལ་ཞིང་བཤགས་པར་བྱ་


DLL1002_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པའི་ཕྱིར། དེའི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་འདི་ལྟ་བུ་འདི་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལྟུང་བ་དེ་ཚེ་དང་ལྡན་པའི་མདུན་དུ་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལན་གསུམ་བཟླས། མཐོང་སྡོམ་འདྲི་ཞིང་ཐབས་ལེགས་བྱའོ། །མཐོལ་བར་བྱ་བའི་གང་ཟག་མེད་ན་དེ་སྲིད་དུ་མ་མཐོལ་ཡང་ཉེས་པ་མེད་དོ། །དམིགས་བསལ་ནི། རྒྱ་ཆེར་གོ་བར་བྱེད་མ་ནུས་ན་ཐ་ན་སྡེ་ཚན་གྱི་མིང་ངམ་རིགས་གོ་བར་བྱ་བ་ཉིད་དོ། །ཉེས་བྱས་ནི། བདག་ལ་ལྟུང་བ་བྱུང་ངོ་ཞེའམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་གང་ཡང་རུང་བས་གོ་བར་བྱའོ། །ཡུལ་གང་ལ་རིག་པར་བྱ་ན། བསླབ་པས་ཤེས་པ་གསུམ་རང་བཞིན་དུ་གནས་པ་ལ་རིག་པར་བྱའོ། །དེ་ཡང་རང་དང་ལྟ་བ་ཐ་མི་དད་པ་ལ་རིག་པར་བྱའི་ལྟ་བ་ཐ་དད་པ་ལ་རིག་པར་མི་བྱའོ། །ལྟ་བ་ཐ་མི་དད་པ་དེ་ཡང་བསྙེན་པར་རྫོགས་པ་དང་བཅས་པ་ལ་རིག་པར་བྱའོ། །དེ་ཡང་དགེ་སློང་གིས་དགེ་སློང་མའམ་དགེ་སློང་མས་དགེ་སློང་ལ་རིག་པར་བྱ་བ་མ་ཡིན་གྱི། རང་དང་མཚན་མཐུན་པ་ལ་རིག་པར་བྱའོ། །འོ་ན་བསྙེན་པར་མ་རྫོགས་པས་ཀྱང་བསྙེན་པར་མ་རྫོགས་པ་ལ་ལྟུང་བ་རིག་པ་དང་བཤགས་པར་བྱར་རུང་ངམ་ཞེ་ན། དགེ་ཚུལ་ལ་སོགས་པས་བསྙེན་པར་རྫོགས་པ་དེ་ཉིད་ལ་ལྟུང་བ་རིག་པ་འདི་དང་འོག་མ་བཤགས་པ་དང་བཅས་ཏེ་བྱའི་ནང་ལ་མི་རུང་ངོ༌། །ཅིའི་ཕྱིར་ན། རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བའི་འཁོར་ཙམ་ཡིན་གྱི་རང་དབང་ཅན་མ་ཡིན་པའི་ཕྱིར་རོ། །དེས་ན་དགེ་ཚུལ་ལ་སོགས་པའི་བྱ་བ་ཐམས་ཅད་བསྙེན་


DLL1002_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པར་རྫོགས་པ་ཉིད་ལ་རག་ལས་པ་ཡིན་ནོ། །མཐོལ་བར་འགྱུར་བ་ལ་ངེས་པར་མཚན་ཉིད་དེ་དག་ཚང་དགོས་སམ་ཞེ་ན། ཁྱིམ་པ་ཡན་ཆད་ཆོས་འདི་པའི་ལྟ་བ་དང་ལྡན་པ་ལ་རིག་པར་བྱས་ན་བྱས་པ་ཉིད་ཡིན་པས་མཚམས་གཞན་ན་གནས་པ་ནི་གང་གི་ཡང་ཡན་ལག་མ་ཡིན་ཞེས་པའི་དམིགས་བསལ་མཚམས་གཞན་ན་གནས་པ་ལ་ཡང་རིག་པར་བྱས་ན་བྱས་པ་ཉིད་ཡིན་ལ་ཉེས་བྱས་སུ་འགྱུར་རོ། །བསྒོ་བ་ལས་གྱུར་པའི་ལྟུང་བ་བཅུ་པོ་རྣམས་ནི་རང་རང་གི་མཚམས་ནང་གི་དགེ་འདུན་ཐམས་ཅད་ལ་རིག་པར་བྱའོ། །སོ་སོར་བཤགས་པར་བྱ་བ་ནི་གནས་དེར་དགེ་སློང་གང་ཚོགས་པ་ཐམས་ཅད་ལ་རིག་པར་བྱས་ཏེ་ཐམས་ཅད་འདུས་པ་དང་དགེ་འདུན་དུ་ལོངས་པ་དགོས་པ་ནི་མ་ཡིན་ནོ། །དེ་ཡང་གནས་ཁང་ན་འཁོད་པ་སོགས་ལ་ཡང་གྲག་པར་བྱ་ལ། ཐོས་པར་བྱ་བ་མིན་པས་ཐོས་པར་ནི་མི་བྱའོ། །ཇི་ལྟར་རིག་པར་བྱ་ན། ཚེ་དང་ལྡན་པ་དག་བདག་ལ་ངེས་པར་དམན་པ་དང་ཟས་ལ་བསྡུ་བ་ཡིན་པས་སྨད་པའི་གནས་ཟང་ཟིང་མེད་པའི་ཆོས་བསྒྲུབ་པའི་ཕྱིར་དུ་ཞུགས་པ་རྣམས་སྨད་པའི་གནས་དེ་ལ་རྒྱུག་པ་ནི་སྒྲུབ་པ་པོ་ལ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ། །ཞེས་རིག་པར་བྱའོ། །བཤགས་པ་ནི་ལྟུང་བྱེད་བཞིན་དུ་གང་ཟག་གཅིག་གི་དྲུང་དུ་བྱའོ། །རིག་པར་བྱ་བ་དེ་ནི་རང་དོན་དུ་སྔགས་ལན་གསུམ་བརྗོད་པ་དང་འདྲ་བ་མ་ཡིན་ཏེ། ལན་ཅིག་བརྗོད་པས་ཆོག་གོ །གཉིས་པ་ནི་ཐབས་གང་གིས་ལྟུང་བ་ལས་ལྡང་ཞེ་ན། གཞན་ཤི་བར་འདོད་པ་སོགས་ཡིད་ཀྱི་ཉེས་བྱས་དེ་ལས་ནི་ཡང་མི་བྱའོ་སྙམ་དུ་བསྡམས་པ་བྱས་ན་ལྟུང་བ་ལས་ལྡང་ངོ༌། །ཡིད་ཀྱི་ལྟུང་བ་དེ་ལས་གཞན་པ་བཤགས་བྱའི་ལྟུང་བ་


DLL1002_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་བསྡམས་པ་དེ་དང་བཅས་པའི་བཤགས་པ་བྱས་ན་ལྡང་སྟེ། དེ་དེའི་དག་བྱེད་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །བསྡམས་པ་ཅི་དགོས་ན་དགོས་ཏེ། དག་པ་དང་མ་དག་པ་དག་ནི་བསམ་པའི་གཞི་ལས་བྱུང་བ་ཡིན་པས་བསྡམ་པར་བྱ་བ་མེད་ན་བཤགས་པས་ཅིར་ཡང་མི་འགྱུར་བའི་ཕྱིར་རོ། །དེས་ནི་ཕྱིན་ཆད་སྡོམ་མམ་སྡོམ་མོ་ཞེས་གསུངས་སོ། །འོ་ན་ཆོ་ག་ཅི་དགོས་ཤེ་ན། དགོས་ཏེ། ཚིག་ཏུ་བརྗོད་པ་ནི་སེམས་བཟློག་པ་སྔོན་དུ་བཏང་བ་ཡིན་གྱི། གཞན་དུ་རྫུན་དུ་སྨྲ་བ་ཁོ་ནར་འགྱུར་བའི་ཕྱིར། དེ་ལྟར་ཡང་བསམ་པས་ལྟུང་བ་ལས་ལྡང་གི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས། གང་ལ་བཤགས་པར་བྱ་ཞེ་ན། རང་བཞིན་དུ་གནས་པ་ལ་སོགས་པ་དེ་གཅིག་པུ་རང་དང་ལྟ་བ་ཐ་མི་དད་པ་ལས་སོ། །ཐམས་ཅད་དུ་མཚན་ཉིད་དེ་དག་ཚང་བ་དགོས་སམ་ཞེ་ན། ཁ་ན་མ་ཐོ་བ་མི་མཐུན་པ་ལ་བཤགས་པར་བྱའོ། །ཇི་ལྟར་ཁ་ན་མ་ཐོ་བ་མི་མཐུན་པ་ཡིན་ཞེ་ན། གང་ཟག་གི་མདུན་དུ་བཤགས་པར་བྱ་བ་དེ་དང༌། ལྟུང་བ་སྡེ་ཚན་ལས་མི་མཐུན་པ་ཡིན་ན་དེ་ལ་བཤགས་སུ་རུང་ངོ༌། །སྡེ་ཚན་ལས་མི་མཐུན་པ་མེད་ན་ལྟུང་བ་ལས་ཁ་ན་མ་ཐོ་བ་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ། །སྤང་བའི་ལྟུང་བྱེད་ལས་ནི་རྒྱུར་གྱུར་གྱིས་རྫས་དེ་སྤངས་པ་དང༌། ཞག་གཅིག་བླ་གབ་ཐ་དད་དུ་བྲལ་བ་སྔོན་དུ་བཏང་བ་ལས་བཤགས་པར་བྱའོ། །འགྲེལ་པར། ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་མ་བརླབས་པར་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། །ཆོས་གོས་གཞན་བྱིན་གྱིས་བརླབས་ན་ནི། བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་བར་མི་འགྱུར་རོ་ཞེས་སོ། །ཕྱིར་བཅོས་ཀྱི་ལྷག་མ་དང་བཅས་པ་དགེ་འདུན་ལྷག་མའི་ལྟུང་བར་གཏོགས་པའི་སྦོམ་པོ་ལྕི་བ་ཡན་ལག་གི་རྣམ་པ་ལས་སུ་རུང་བ་ལ་


DLL1002_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་ལྟ་བུ་ནི་མཚམས་དེའི་དགེ་འདུན་ལྔ་ལ་སོགས་པ་ནང་དུ་མ་ཆད་པ་ཐམས་ཅད་ལ་བཤགས་པས་ལྡང་ངོ༌། །ལྷག་མར་གཏོགས་པའི་སྦོམ་པོ་ཡང་བ་ལས་ནི་གཅིག་ལ་བཤགས་པས་ལྡང་ངོ༌། །ཕྱིར་བཅོས་ཀྱི་ལྷག་མ་མེད་པ་ཕམ་པར་གཏོགས་པའི་སྦོམ་པོ་ལྕི་བ་བསྟེན་དུ་རུང་བ་དང་མ་ཉམས་པར་བཅུག་ལ་རེག་པ་མ་མྱོང་བ་ལྟ་བུ་ལ་ནི་མཚམས་དེར་གཏོགས་པའི་དགེ་འདུན་མཚམས་དེའི་ཕྱི་རོལ་ཏུ་མ་བཅད་པ་ལྔ་པས་ལྷག་པ་དྲུག་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་ངོ༌། །དགེ་སློང་ཉུང་བའི་གནས་སུ་ནི་གནས་གཞན་ནས་དགེ་སློང་གཉེར་ཏེ་དྲུག་ཏུ་ཚང་པ་ཡན་ལ་བཤགས་པར་བྱའོ། །ཕམ་པར་གཏོགས་པའི་སྦོམ་པོ་ཡང་བ་དེ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་མ་བཅད་པ་བཞི་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་ངོ༌། །སྦོམ་པོ་ལྕི་ཡང་ཇི་ལྟར་ཤེས་པར་བྱ་ན། ཁ་ན་མ་ཐོ་བ་མང་བ་ནི་ལྕི་བ་ཡིན་ལ། ཁ་ན་མ་ཐོ་བ་ཉུང་བ་ནི་ཡང་བ་སྟེ། ཁ་ན་མ་ཐོ་བ་མང་བ་དང་ཉུང་བ་ཉིད་ནི་ཡུལ་དང་བསམ་པ་ཤས་ཆེ་བ་དང་ཤས་ཆུང་བ་གཉིས་ལས་ཤེས་པར་བྱའོ། །འཆི་བའི་སྲིད་པའི་གནས་སྐབས་ཀྱི་མཐར་ཕྱིར་བཅོས་པ་དེ་ལ་ལུས་ངག་གིས་བརྩལ་ཏེ་འབད་པ་བྱས་ཀྱང་བཤགས་ཡུལ་སོགས་རྐྱེན་མ་འབྱོར་བ་ཉིད་ན་ཕྱིར་བཅོས་ཀྱི་ལས་དེ་བྱས་པ་དང་འདྲ་བར་ལྟུང་བ་ལས་ལྡང་བར་རིག་པར་བྱའོ། །མྱོས་པ་ལ་སོགས་པས་རང་བཞིན་ཉམས་པའི་སྐབས་སུ་ཁ་ན་མ་ཐོ་བ་བྱས་པ་དེས་ཕྱིར་སངས་པ་དྲན་པ་རྙེད་པ་ན་བདག་གིས་འདི་ལྟ་བུ་གཅིག་བྱས་སོ་ཞེས་འདུ་ཤེས་པ་ནི་ཉེས་བྱེད་ཉེས་བྱས་དང་འདྲ་བར་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱའོ། །དེ་ཡང་ལོག་པ་བསལ་བའི་ཕྱིར་ཡིན་གྱི་ཕྱིར་བཅོས་ནི་མ་ཡིན་ཏེ། མྱོས་པ་སོགས་


DLL1002_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྟུང་བ་མེད་པའི་ཕྱིར་རོ། །བཤགས་པ་བྱེད་པའི་ཚེ་ལྟུང་བ་སྡེ་ལྔ་པོ་གང་རུང་གི་མིང་དང་གང་བྱུང་བའི་ལྟུང་བ་དེ་ཉིད་ཀྱི་རིགས་དང་ལྡན་པར་བརྗོད་པས་ལྟུང་བ་བཤགས་པར་བྱ་སྟེ། དཔེར་ན། བདག་ལ་བསམས་བཞིན་དུ་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མ་བྱུང་སྟེ་ཞེས་པ་ལྟ་བུའོ། །གསུམ་པ་ནི། བཤགས་པའི་དུས་སུ་དགེ་འདུན་ལྷག་མ་ལ་ནི་མཐོལ་བ་དང་སྤོ་མགུ་དབྱུང་གསུམ་གྱི་དུས་ན་གལ་ཏེ་བཅབས་ན་བདག་ལ་ཆེ་གེ་མོའི་དགེ་འདུན་ལྷག་མ་བྱུང་སྟེ་དེ་ཡང་ཞག་གཅིག་གམ་གཉིས་ལ་སོགས་པ་དུས་འདི་སྲིད་གཅིག་བཅབས་ཏེ་ཞེས་པ་ཉིད་དང༌། མ་བཅབས་ན་མ་བཅབས་པ་ཉིད་དང་ལྡན་པ་བརྗོད་པར་བྱའོ། །མགུ་བ་ལ་སོགས་པའི་ཚེ་འཆབ་མེད་དེ་ཉིད་བརྗོད་ཀྱི་མ་བཅབས་ཞེས་བརྗོད་དགོས་པ་ནི་མ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བ་དེ་ལས་བླང་པར་བྱེད་པའི་མིང་ནི་ལྟུང་བ་ལས་དབྱུང་བར་བྱེད་པས་དབྱུང་བའོ། །མ་མོར། ཅིའི་ཕྱིར་དབྱུང་བ་ཞེས་བྱ། མི་དགེ་བའི་གནས་ནས་ཕྱུང་སྟེ་དགེ་བའི་གནས་སུ་རབ་ཏུ་བཞག་པ་སྟེ་དེས་ན་དབྱུང་བ་ཞེས་བྱའོ། །ཞེས་སོ། །དབྱུང་བ་གང་ཞེ་ན། ལྟུང་བ་འབྱིན་པ་པོས་དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བའི་དངོས་པོ་མནོས་ཏེ་སྤྱོད་པ་དེ་ལྟུང་བ་དེ་ལས་སློང་བར་བྱེད་པས་ན་དབྱུང་བ་ཡིན་ནོ། །དགེ་སློང་མས་ནི་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་མནོས་ཏེ་སྤྱད་པ་ལ་དབྱུང་བ་སྦྱིན་ནོ། །དགེ་སློང་མས་ལྕི་བའི་ཆོས་བརྒྱད་གང་རུང་ལས་འདས་ན་ཡང་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་དེ་སྤྱད་པར་བྱ་བ་ཉིད་ཡིན་ནོ། །ལྷག་མ་བཅབས་པའི་ཉེས་པ་མེད་ན་མགུ་བ་དེ་འཆགས་སོ། །བཅབས་པའི་ཉེས་པ་དེ་གང་གིས་འདག་ན། རང་བཞིན་གནས་པའི་ས་ནས་དམན་པའི་སར་སྤོ་བས་འཆབས་ཉེས་དེ་མེད་པར་འགྱུར་རོ། །སྤོ་བ་ཇི་ལྟ་བུ་ཞེ་ན། ལྟུང་བ་འབྱིན་པར་བྱེད་པས་དུས་ཇི་


DLL1002_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་བཅབས་པ་དེ་སྲིད་དུ་སྤོ་པ་དགེ་འདུན་ལ་མནོས་ཏེ་ཆད་ལས་ཀྱིས་གནས་པའོ། །སྤོ་མགུ་དེ་གཉིས་བྱེད་པ་ན་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་རིགས་མཐུན་པ་དེ་བྱུང་ན་སྔར་མནོས་ཏེ་བྱས་པའི་སྤོ་མགུ་དེ་གཉིས་ཞིག་པས་དེའི་ཕྱིར་དགེ་སློང་དེ་ལ་ཡང་གཞི་ནས་སྤོ་བ་དང་མགུ་བ་བརྩམས་པ་ཉིད་སྦྱིན་པར་བྱའོ། །གལ་ཏེ་སྤྱོད་པའི་ཚེ་དེ་ལྟར་ཡིན་ན་མི་བྱེད་པའི་ཚེ་ཇི་ལྟར་བྱེད་ན། སྤོ་མགུ་སོགས་སྤྱོད་པར་བརྩམས་པའི་ཚེ་དགེ་འདུན་ལྷག་མ་རིགས་མཐུན་བྱུང་ན་དེའི་ཚེ་སྤོ་མགུ་སོགས་བརྩམས་པ་དེ་ནི་ཆོས་ཅན། ཞིག་པའི་ཚུལ་གྱིས་མི་བཏང་སྟེ། ལྷག་མ་སྔ་མའི་ཆེད་དུ་སྤྱོད་དགོས་པའི་ཕྱིར་རོ། །ཕྱི་མ་མ་བྱུང་བའི་ཚེ་སྔ་མ་དག་གི་དོན་དུ་མཐར་ཐུག་པར་བྱ་བ་དང་འདྲའོ། །ལྟུང་བ་སྔ་མའི་ཆེད་དུ་སྔར་བརྩམས་པ་མཐར་ཐུག་པར་སྤྱོད་དགོས་པ་དེའི་ཕྱིར་སྤོ་བ་ལ་སོགས་པ་སྔར་བྱིན་པ་དེ་དགེ་འདུན་མ་ཚང་བ་ལ་སོགས་པའི་ཉེས་པས་མ་ཆགས་པའི་སྐབས་སུ་ལྷག་མ་རིགས་མཐུན་བྱུང་ན་དེའི་ཚེ་བར་མ་མ་བྱུང་ཡང་གང་མ་ཆགས་པ་སྤོ་བ་ལྟ་བུ་དང་པོ་དེ་ཉིད་ཡང་བསྐྱར་ཏེ་དགེ་འདུན་གྱིས་གཞི་ནས་བླངས་ཏེ་ཆད་ལས་ཕྱི་མ་ལས་ཐ་དད་པར་སྦྱིན་པར་བྱ་བ་ཉིད་ཡིན་ནོ། །དེའི་ཚེ་གཞི་སྤོ་ནི་མི་སྦྱིན་ན་དེ་ཉིད་བར་མའི་དག་བྱེད་ཡིན་པས་དེའི་ཚེ་བྱུང་བའི་བར་མ་དེ་རེ་ཞིག་བཏང་སྙོམས་སུ་བྱའམ་ཞེ་ན། སྤོ་བ་ལྟ་བུ་མ་ཆགས་པའི་གནས་སྐབས་སུ་དགེ་འདུན་ལྷག་མའི་ལྟུང་བ་བར་མ་ལྟུང་བ་སྔ་མ་དང་འདྲ་བ་བྱུང་བ་དེ་བཏང་སྙོམས་སུ་དོར་བར་མི་བྱ་སྟེ། ངེས་པར་ཕྱིར་བཅོས་པར་བྱ་དགོས་པའི་ཕྱིར་རོ། །ལྟུང་བ་སྔ་ཕྱི་བར་གསུམ་གྱི་བར་མའི་རིགས་ཡིན་པས་བར་མ་ཞེས་བྱའོ། །ཐབས་གང་གིས་ཕྱིར་བཅོས་པར་བྱ་ཞེ་ན། བར་མ་དེ་ངེས་པར་ཕྱིར་བཅོས་དགོས་པ་དེའི་ཕྱིར་གཞི་ནས་


DLL1002_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་པས་སྤོ་བ་ལ་སོགས་པ་མ་ཆགས་པ་ལེན་པ་དེའི་ཚེ་ལྟུང་བ་ཕྱིས་བྱུང་བ་དེ། ཕྱིར་བཅོས་པ་དེའི་དོན་དུ་ཡང་བསྟེན་པར་བྱ་བ་ཉིད་ཡིན་པས་སྔ་མའི་སྤོ་མགུ་ལེན་པའི་ཚེ་ལྟུང་བ་ཕྱི་མའི་མིང་ཡང་བརྗོད་ནས་སྔ་ཕྱི་གཉིས་ཀའི་སྤོ་མགུ་ཅིག་ཅར་བླངས་ཏེ་སྤྱད་པར་བྱའོ། །གཞི་སྤོ་ལ་སོགས་པ་སྤྱད་པ་བསྐྱར་བའི་ཕྱིར་ལྷག་མ་སྔ་མའི་བཅབ་དུས་ཁོ་ནར་སྦྱིན་ནམ་ཞེ་ན། སྔ་མ་ཟླ་བ་ཕྱེད་བཅབས། ཕྱི་མ་ཞག་ཉི་ཤུར་བཅབས་ན་ལྟུང་བ་ཕྱི་མ་དེ་བཅབས་པའི་དུས་ལྷག་པ་ཞག་ལྔ་པོ་ཡང་སྔ་མའི་བཅབས་དུས་དེར་གཞུག་ཅིང་འཕྲོ་འཐུད་པ་ཉིད་ཡིན་པས་ཞག་ཉི་ཤུར་སྤོ་བ་སོགས་སྦྱིན་ལ། དེས་སྔ་ཕྱི་གཉིས་ཀའི་འཆབ་ཉེས་དག་པར་འགྱུར་རོ། །ལྷག་པ་ཞེས་སྨོས་པས་བཅབས་དུས་མཉམ་པ་དང་ཉུང་བ་དེ་གཉིས་ལྷག་པའི་ནང་དུ་བགྲང་བར་མི་བྱའོ། །དགེ་འདུན་གྱིས་གང་ཟག་དེ་ལ་སྤོ་མགུ་དེ་གཉིས་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །དབྱུང་བ་ཡང་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །དབྱུང་བ་དེར་བསྡིགས་པའི་སྔགས་ཡང་བརྗོད་པར་བྱའོ། །ཇི་ལྟར་བརྗོད་ན། དེའི་མིང་ནས་བོས་ཏེ། ཁྱོད་ཀྱིས་ལེགས་པར་མ་བྱས་སོ། །ལེགས་པར་ཤིན་ཏུ་མ་བྱས་སོ། །བྱ་བ་གཞན་ཡིན་ན་གཞན་བྱས་སོ། །ཞེས་སོགས་བརྗོད། ནམ་གྱི་ཚེ་བརྗོད་ཅེ་ན། དབྱུང་བའི་གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུ་བརྗོད་དོ། །ལྟུང་བ་འབྱིན་པ་ཇི་ལྟར་འདུག་པ་ལ་བརྗོད་ན། རྩྭ་བཅད་དེ་ས་ལ་བཀྲམ་པ་ལྟ་བུར་ལུས་ཐམས་ཅད་ས་ལ་བསྒྱེལ་བ་ལའོ། །དེ་ལ་གཟེངས་བསྟོད་པའི་སྔགས་ཀྱང་བརྗོད་པར་བྱའོ། །ཇི་ལྟར་བརྗོད་ན། བསྙལ་བ་ལས་བསླངས་ནས་ལྟུང་བ་འབྱིན་པའི་མིང་ནས་བོས་ཏེ། ཁྱོད་ཀྱིས་ལེགས་པར་བྱས་སོ། །ལེགས་པར་ཤིན་ཏུ་བྱས་སོ། །གཉིས་ནི་མཁས་པ། གཉིས་ནི་གསལ་བ། གཉིས་ནི་དགེ་བ། གཉིས་ནི་སྐྱེས་བུ་དམ་པ་སྟེ།


DLL1002_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གང་ཞེ་ན། ལྟུང་བ་མི་འབྱིན་པ་གང་ཡིན་པ་དང༌། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་གང་ཡིན་པའོ། །ཞེས་སོགས་སོ། །གང་གི་ཚེ་གཟེངས་བསྟོད་བྱ་ཞེ་ན། དབྱུང་བའི་བརྗོད་པ་གསུམ་པ་བྱས་མ་ཐག་ཏུ་བྱའོ། །ཕྱིར་བཅོས་པའི་གཞི། གཞིར་གཏོགས་པའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གཉིས། ནན་ཏུར་གྱིས་སྤྲོས་པ་དང༌། བཤགས་པའི་སྤྲོས་པའོ། །དང་པོ་ལ་གཉིས། རབ་བྱུང་ལ་བྱ་བ་དང༌། ཁྱིམ་པ་ལ་བྱ་བའོ། །དང་པོ་ལ་ལྔ། ཉམས་པ་བསྐྲད་ཚུལ། ནན་ཏུར་བྱས་པ་ལ་ཇི་ལྟར་བྱ་བ། སྤངས་པ་ནན་ཏུར་བྱ་ཚུལ། ནན་ཏུར་བྱ་བ་ལ་དོགས་པ་བཅད་པ། ནན་ཏུར་ཐུན་མོང་བར་བསྟན་པའོ། །དང་པོ་ནི། ཕམ་པ་འཆབ་བཅས་བྱུང་བའི་ཚུལ་ཁྲིམས་འཆལ་བ་གཙུག་ལག་ཁང་ནས་བསྐྲད་པར་བྱའོ། །དེ་དང་ལྷན་ཅིག་གནས་ལོངས་བྱར་མི་རུང་བའི་ཕྱིར་རོ། །བྲམ་མོར། དེ་ལ་ཚུལ་ལྡན་གྱིས་སོ་ཤིང་བསྟབས་པ་ལ་སོགས་པ་དང༌། སྐྱ་རེངས་མ་ཤར་བར་དུ་ཉལ་ན་ལོ་སྟོང་ཕྲག་དགུ་བཅུར་དང༌། སྐྱ་རེངས་ཤར་ན་བྱེ་བ་ཕྲག་བཅུ་བཞི་དང༌། སྟོང་ཕྲག་བཞི་བཅུར་དམྱལ་བར་འགྱུར་བར་གསུངས་སོ། །ཚུལ་འཆལ་བསྐྲད་པ་འདི་ལ་དགེ་འདུན་དབང་སྟེ། གཙུག་ལག་ཁང་གི་བྱ་བ་ཚོགས་ལ་རག་ལས་པའི་ཕྱིར། དགེ་འདུན་དེས་ཚུལ་འཆལ་བསྐྲད་པ་དེ་ཡལ་བར་མི་དོར་རོ། །གཉིས་པ་ནི། ནན་ཏུར་བྱ་བ་གཞན་ལ་བཟོད་པར་བྱ་བ་བཞིན་དུ་འབྱུང་བར་བསྐྱོད་པ་ལ་སོགས་པར་གྱུར་ན། དགེ་ཚུལ་བསྙིལ་བ་ལ་བཟོད་པར་བྱ་བ་ཉིད་དོ། །དགེ་འདུན་ཙམ་གྱིས་བཟོད་པ་འཆགས་སམ་ཞེ་ན། ནན་ཏུར་བྱེད་པའི་དགེ་སློང་དག་གིས་ནན་ཏུར་བྱས་པ་དེ་ལ་བཟོད་པར་གྱིས་ཤིག་ཅེས་མ་བསྒོས་ན་ནན་ཏུར་བྱས་པ་དེ་ལ་དགེ་སློང་གཞན་གྱིས་བཟོད་པ་ལེན་པ་མི་འཆགས་སོ། །ཁྱིམ་


DLL1002_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

སུན་འབྱིན་པ་བསྐྲད་པས་གང་དུ་ཁྱིམ་སུན་ཕྱུང་བའི་གནས་སུ་གནས་པར་མི་བྱ་བ་ཉིད་དོ། །སྡིག་ལྟ་མི་གཏོང་བས་གནས་ནས་ཕྱུང་བར་མ་ཟད་གནས་ནས་ཕྱུང་བ་ཐམས་ཅད་ལ་ལྷན་ཅིག་ཏུ་གནས་པར་བྱ་བ་མ་ཡིན་པ་ཉིད་དང༌། ཆོས་དང་ཟང་ཟིང་གིས་ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དོ། །གནས་ཕྱུང་སྤང་བ་འདི་ལ་འདུ་ཤེས་ཀྱིས་རྣམ་པར་བཞག་པས་འདི་གནས་ནས་ཕྱུང་བའོ་ཞེས་ཤེས་ནས་དེ་དང་ལྷན་ཅིག་གནས་པ་དང་ལོངས་སྤྱོད་པ་ལ་ཉེས་པ་འདིར་འགྱུར་གྱི། མི་ཤེས་པ་ལ་མ་ཡིན་ནོ། །ལས་དང་འཁོར་ལོ་བྱེ་བ་ཉིད་ནི་གནས་ལོངས་མི་བྱ་བ་དེ་གཉིས་ཆོས་མིན་པའི་ཕྱོགས་དང་ལྷན་ཅིག་ཅིག་ཤོས་ཆོས་ཕྱོགས་པས་མི་བྱ་བ་ཡིན་གྱིས། ཅིག་ཤོས་ཆོས་ཕྱོགས་པ་དང་ཆོས་མིན་པས་གནས་ལོངས་མི་བྱ་བ་ནི་མ་ཡིན་ཏེ། ཆོས་ཕྱོགས་པ་ལ་སྤང་དགོས་པའི་ཉེས་པ་མེད་པའི་ཕྱིར་རོ། །ནན་ཏུར་བྱས་པ་ཐམས་ཅད་ལ་གནས་ལོངས་མི་བྱའམ་ཞེ་ན། བསྡིགས་པ་ལ་སོགས་པ་ནན་ཏུར་བྱས་པ་གཞན་དག་ལ་གནས་ལོངས་མི་བྱ་བ་དེ་གཉིས་མི་བྱ་སྟེ། དེ་དག་ལ་ནན་ཏུར་གཞན་འཆགས་པའི་ཕྱིར་རོ། །གནས་ཕྱུང་ལས་གཞན་པའི་ནན་ཏུར་བྱས་པ་དེས་འགྲོགས་བཤེས་ལ་བསྟེན་ཏེ་གནས་པར་བྱ་བ་ཉིད་དོ། །དགེ་སློང་གང་ལ་ནན་ཏུར་བྱས་པས་སམ་ཚུལ་ཁྲིམས་ཉམས་པ་བསྐྲད་པར་བྱ་བས་ངོ་ཟུམ་དང་ཁྲོ་བ་སོགས་འགྱུར་བ་བསྟེན་ན། དེའི་ཡོ་བྱད་ཀྱང་ཕྱུང་སྟེ་དོར་རོ། །སྔར་བསྟན་པའི་ནན་ཏུར་བྱ་བ་དང་ཚུལ་འཆལ་དེ་གཉིས་མཐུས་བསྐྲད་པར་བྱའོ། །དེ་གཉིས་བསྐྲད་པ་ན་ཀ་བ་སོགས་ལ་འཇུས་པ་དེ་གཅད་པར་བྱའོ། །གང་ལ་འཇུས་པ་དེ་རྡིབ་པའི་ཆོས་མ་ཡིན་ན་དབྱུང་ངོ༌། །བཅད་པ་དང་དབྱུང་བ་དེ་དགེ་འདུན་གྱིས་ཕྱིར་བཅོས་པར་བྱའོ། །ཇི་ལྟར་བྱ་ན། སྦྱིན་བདག་ལ་བཅོལ་ཏེའོ། །བཅོལ་བས་མ་གྲུབ་ན། གཙུག་ལག་ཁང་གི་


DLL1002_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཀྱིས་ཕྱིར་བཅོས་པར་བྱའོ། །འཐབ་ཀྲོལ་བྱེད་པ་གཙུག་ལག་ཁང་ནས་བསྐྲད་པ་ན་དགེ་སློང་གཞན་གྱིས་དེ་གཟུང་བར་མི་བྱའོ། །གསུམ་པ་ནི། གང་ཟག་འཐབ་ཀྲོལ་བྱེད་པ་ལ་བསྡིགས་པ་ནན་ཏུར་གྱིས་འབད་པས་འཐབ་ཀྲོལ་བྱེད་པ་མ་ལོག་ན་དེ་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ། །འདི་ནི་ཆོས་སོ། །འདི་ནི་ཆོས་མ་ཡིན་པ་ལྟ་བུ་དངོས་པོའི་རང་གི་ངོ་བོ་རྣམ་པར་གཏན་ལ་འབེབས་པ་ལས་བྱུང་བའི་འཐབ་ཀྲོལ་ལ་རྩོད་པ་ཉེ་བར་ཞི་བས་འབད་ཀྱང་མི་ལྡོག་ན་གནས་དབྱུང་བྱའོ། །གནས་པ་སློབ་མ་དང་ཉེ་གནས་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་འཐབ་མོ་ལ། གནས་མཁན་སློབ་ཀྱིས་རང་ངམ་བཅོལ་བས་འབད་པར་བྱའོ། །འཐབ་ཀྲོལ་དངོས་སུ་བྱེད་པ་མི་གཏོང་བར་མ་ཟད། འཐབ་ཀྲོལ་གྱི་རྒྱུ་སྐྱོ་མ་ལྟ་བུ་བདེན་ཡང་རུང་རྫུན་ཡང་རུང་ཉེ་བར་བསྒྲུབ་པ་འབད་པས་མ་ལོག་ན་ཡང་གནས་ནས་དབྱུང་བར་བྱའོ། །དགེ་སློང་གང་དགེ་སློང་མ་རྣམས་དང་ཡང་དང་ཡང་དུ་ལྷན་ཅིག་འདྲེ་ཞིང་གནས་པ་ལ་ཡང་འབད་པས་མ་ལོག་ན་གནས་ནས་དབྱུང་བར་བྱའོ། །དགེ་སློང་མ་དང་འདྲེ་ཞིང་གནས་པའི་རྒྱུ་འདིས་གནས་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མིན་པའི་སྡོམ་པ་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱའོ། །བཞི་པ་ནན་ཏུར་བྱ་བ་ལ་དོགས་པ་བཅད་པ་ནི། བསྡིགས་པ་ནན་ཏུར་གྱི་རྒྱུ་གཞན་འཐབ་ཀྲོལ་བྱེད་པ་ལྟ་བུ་ལ་འཐབ་ཀྲོལ་བྱེད་པ་དེའི་དོན་དུ་བསྡིགས་པ་ནན་ཏུར་བྱ་བར་བསམས་པས་འཐབ་ཀྲོལ་ལས་གཞན་བསྐྲད་པ་ནན་ཏུར་གྱི་རྒྱུ་ཁྱིམ་སུན་འབྱིན་པ་ལ་སོགས་པའི་མིང་གིས་བརྗོད་པར་བྱེད་པ་ནི། བསྡིགས་པ་ནན་ཏུར་གྱི་ལས་དེ་འཆགས་ཏེ། གཞི་དང་བསམ་པ་མཐུན་པའི་ཕྱིར་རོ། །དེའི་དོན་དུ་བསམས་པ་ལས་གཞན་དུ་བསྐྲད་པའི་དོན་ཉིད་དུ་བསམས་ཏེ། ཁྱིམ་སུན་


DLL1002_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པའི་མིང་ཚིག་བརྗོད་ན་དེས་བསྡིགས་པ་ནན་ཏུར་མི་འཆགས་ཏེ། གཞི་དང་བསམ་པ་མི་མཐུན་པའི་ཕྱིར་རོ། །ཞུ་བར། བསྡིགས་པ་ཡང་གཞན་ལ་སྨད་པ་ཡང་གཞན་བསྐྲད་པ་ཡང་གཞན་ཕྱིར་དགྱེད་པ་ཡང་གཞན་ཁོ་ན་ཡིན་ཏེ། དེ་དག་གི་རྒྱུ་ནི་ཐ་དད་པ་ཉིད་དོ། །ཞེས་གསུངས། བསྡིགས་པ་ལྟ་བུའི་ནན་ཏུར་གཞན་བྱས་པ་ལ་ཡང་ནན་ཏུར་གཞན་བྱས་ན་སྔར་བྱས་པ་དེ་ཉམས་པ་ཡིན་གྱི། ཕྱི་མ་མི་འཆགས་པ་མ་ཡིན་ནོ། །གནས་ནས་ཕྱུང་བ་ལ་ནི་བསྡིགས་པ་སོགས་བྱས་ཀྱང་མི་འཆགས་ལ་སྔ་མ་ཉམས་པར་ཡང་མི་འགྱུར་ཏེ། དེ་ལོངས་མི་སྤྱོད་པའི་སར་སོང་བའི་ཕྱིར་རོ། །ནན་ཏུར་གྱི་རྒྱུ་དང་ལྡན་པ་ཐམས་ཅད་ལ་ནན་ཏུར་བྱ་འམ་ཞེ་ན། རྒྱལ་པོ་མན་ཆད་འཇིག་རྟེན་ཀུན་གྱིས་ཤེས་པ་དང༌། མི་ནོར་ཀུན་འདུ་བའི་བསོད་ནམས་ཆེན་པོ་དང༌། མདོ་སྡེ་དང་འདུལ་བ་དང་མ་མོ། ཚིག་དང་དོན་གྱི་སྒོ་ནས་འཛིན་པ་དང༌། སྒྲ་ཚད་ལ་སོགས་པ་ཐོས་པ་མང་བ་དང༌། ཕྱོགས་སུ་གཏོགས་པ་མང་བ་དང༌། ལྷ་འབངས་ལ་སོགས་པ་འཁོར་མང་བདག་ལ་དབྱེ་བར་འདོད་པས་གནས་ནས་འབྱིན་པ་ནི་དབྱེན་གྱི་ཁོངས་སུ་གཏོགས་པའི་སྦོམ་པོའོ། །དབྱེ་བར་མི་འདོད་པས་གནས་ནས་འབྱིན་ན་ཉེས་བྱས་སོ། །ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་དགྱེད་པའི་ལས་བྱའོ་ཞེས་ཁྱིམ་པ་སྨོས་པ་ནི་དཔེ་ཡིན་པས་དགེ་སློང་ལ་སོགས་པ་རབ་ཏུ་བྱུང་བ་སྡེ་ལྔ་པོ་དག་ལ་བརྙས་ཐབས་བྱེད་པ་དག་ལ་ཡང་ཕྱིར་དགྱེད་པ་བྱའོ། །ཁྲོ་བ་ནི་བརྙས་ཐབས་དང་འདྲ་བ་མིན་པ་མིན་པས་དེ་ལ་ཡང་ཕྱིར་དགྱེད་བྱའོ། །ལྔ་པ་ནན་ཏུར་ཐུན་མོང་བར་བསྟན་པ་ནི། ནན་ཏུར་གྱི་ལས་དག་ལ་དགེ་སློང་གི་ཐུན་མོང་མིན་པར་དོགས་པར་མི་བྱ་སྟེ། དགེ་སློང་མ་ལ་ཡང་ནན་ཏུར་གྱི་ལས་བྱའོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་ནན་ཏུར་གྱི་ལས་དེ་དག་བྱ་བ་ཉིད་ཡིན་ནོ། །བསྟན་པ་ལ་ཞུགས་


DLL1002_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

པ་མ་རྫོགས་པས་ནན་ཏུར་མི་བྱའོ་སྙམ་པའི་དོགས་པ་བསལ་བའི་ཕྱིར་རོ། །དེ་ལ་སྨད་པ་ནན་ཏུར་མི་བྱ་སྟེ། དེ་ལ་ལྷག་མ་མི་འབྱུང་བའི་ཕྱིར་རོ། །ཁྱིམ་པ་ལའང་ནན་ཏུར་བྱའམ་ཞེ་ན། ཁྱིམ་པ་ལ་ནན་ཏུར་མི་བྱ་སྟེ། དེ་ལ་དགེ་འདུན་མི་དབང་བའི་ཕྱིར་རོ། །གཉིས་པ་ཁྱིམ་པ་ལ་བྱ་བ་ནི། ཁྱིམ་པ་ཐམས་ཅད་དུ་ཆད་པས་མི་བཅད་དམ་ཞེ་ན། དགེ་སློང་ལ་སོགས་པ་རབ་བྱུང་སྡེ་ལྔ་ལ་ཕམ་པར་འགྱུར་བ་སོགས་ཡང་དག་པ་མིན་པས་སྐུར་པ་འདེབས་པ་དང༌། རབ་བྱུང་འདི་པ་ལ་བདེན་རྫུན་གང་ཡང་རུང་བས་གཤེ་བ་དང༌། སྤྱོ་བར་བྱེད་པའི་ཁྱིམ་པ་ལ་ལྷུང་བཟེད་ཁ་དབུབ་པར་བྱའོ། །ལྷུང་བཟེད་ཁ་ཕུབ་ཏུ་བཞག་པས་ཁ་སྦུབ་པ་ཡིན་ནམ། གཞན་གྱིས་ཡིན་ཞེ་ན། འདིའི་ཁྱིམ་ནས་ལྷུང་བཟེད་བཟེད་པར་མི་བྱའོ། །ཞེས་ཁྲིམས་སུ་བཅའ་བ་རྣམ་པར་བཞག་པ་བྱ་བས་ཡིན་གྱི་ལྷུང་བཟེད་ཀྱི་དབྱིབས་ཁ་སྦུབ་པས་ནི་མིན་ནོ། །གང་གིས་རྣམ་གཞག་བྱ་ཞེ་ན། གསོལ་བ་འབའ་ཞིག་གི་ལས་ཀྱིས་བྱའོ། །ལྷུང་བཟེད་ཁ་སྦུབ་པ་དེའི་དོན་ནི། ལྷུང་བཟེད་ཁ་ཕུབ་པའི་ཁྱིམ་དུ་འགྲོ་བར་མི་བྱའོ། །དེའི་སྟན་ལ་འདུག་པར་མི་བྱའོ། །སྦྱིན་པར་བྱ་བའི་ཆོས་སྔར་བཤམས་པ་ལ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །བསོད་སྙོམས་བླང་བར་མི་བྱའོ། །ཆོས་བསྟན་པར་མི་བྱའོ། །གནས་ཀྱི་གཞི་གང་དུ་ལྷུང་བཟེད་ཁ་ཕུབ་པའི་ལས་བྱས་པའི་གནས་ཀྱི་མཚམས་དེར་གཏོགས་པའི་ཁྱིམ་བདག་རྣམས་ལ་ལྷུང་བཟེད་ཁ་ཕུབ་པ་ཡིན་གྱི་མཚམས་ཐ་དད་པར་ལས་བྱས་པས་མི་འཆགས་སོ། །ལྷུང་བཟེད་ཁ་ཕུབ་པའི་ལས་བྱེད་པའི་དགེ་འདུན་རང་གི་ཡོན་བདག་མིན་པ་ཐ་ན་གནས་ནས་ཕྱུང་བ་ཕན་ཆད་རང་གི་ཕྱོགས་དང་མཐུན་པ་མིན་པའི་ཁྱིམ་དུ་ལྷུང་བཟེད་ཁ་ཕུབ་པ་དེ་མི་འཆགས་སོ། །ལྷུང་བཟེད་ཁ་ཕུབ་པ་དེ་དགེ་


DLL1002_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སློང་འགའ་ཞིག་གིས་ཁྱིམ་བདག་དེ་ལ། ཁྱོད་ལ་དགེ་འདུན་གྱིས་ལྷུང་བཟེད་ཁ་ཕུབ་བོ། །ཞེས་གོ་བར་བྱའོ། །བཟོད་པའི་ཁྱད་པར་ནི། སྐུར་པ་སོགས་བྱས་པའི་གང་ཟག་ལ་བཟོད་པ་གསོལ་ཟིན་པ་དང་ལྡན་ཞིང༌། དགེ་འདུན་ལའང་ལྷུང་བཟེད་ཕྱིར་ལྡོག་པར་གསོལ་བའི་སྔགས་ལན་གསུམ་ཡང་བརྗོད་ན། དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཕྱིར་བཟློག་པར་བྱའོ། །གཉིས་པ་བཤགས་པའི་སྤྲོས་པ་ནི། ཐམས་ཅད་དུ་ཕམ་པ་ལ་ཕྱིར་བཅོས་མེད་དམ་ཞེ་ན། མཐོལ་བ་བཤད་ཟིན་ལ། བཤགས་པ་སྟོན་པ་ནི། མི་ཚངས་སྤྱོད་སོགས་བྱས་ནས་འཆབ་པའི་སེམས་སྐད་ཅིག་ཀྱང་མ་སྐྱེས་ན་མཐའ་ཕམ་པའི་ལྟུང་བ་ལས་ལྡང་བར་འགྱུར་རོ། །ཐབས་གང་གིས་ལྡང་ཞེ་ན། བསླབ་པ་སྤྱོད་པས་སོ། །བསླབ་པ་སྤྱོད་པ་དེ་ཐབས་གང་གིས་བསྒྲུབ་ན། བསླབ་པ་སྤྱོད་པ་དེ་ཐོབ་པས་སོ། །སུ་ལ་ཐོབ་པས་ཤེ་ན། དགེ་འདུན་ལས་ཇི་སྲིད་འཚོའི་བར་དུ་བསླབ་པ་སྦྱིན་པ་ལན་གསུམ་གསོལ་ཏེ་ཐོབ་པས་སོ། །དགེ་འདུན་གྱིས་དེ་ལ་ཇི་ལྟར་སྦྱིན་ཞེ་ན། གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །ཇི་སྲིད་དུ་སྦྱིན་ཞེ་ན། ཇི་སྲིད་འཚོའི་བར་དུའོ། །དགྲ་བཅོམ་པ་ཐོབ་པ་དེའི་ཚེ་ན་ནི་བསླབ་པ་བྱིན་པ་ཞེས་མི་བྱ་སྟེ། འཁྲུལ་པའི་རྒྱུ་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤངས་པའི་ཕྱིར་རོ། །གང་ཟག་ཁྱད་པར་ཅན་གྱིས་ཕྱིར་བཅོས་པའི་ཁྱད་པར་ནི། ལྟུང་བ་བྱུང་པས་འཆག་ཙམ་ཡང་བྲི་བའི་ངོ་ཚ་དང་ལྡན་པ་ཡང་དག་པའི་ལྟ་བ་དང་ལྡན་པ་དང༌། མདོ་སྡེ་འཛིན་པ་དང༌། འདུལ་བ་འཛིན་པ་དང༌། མ་མོ་འཛིན་པ་དང༌། ཀུན་གྱིས་ཤེས་པས་ནི་གང་ཟག་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་འདག་སྟེ། སྤོ་མགུ་སོགས་བྱ་མི་དགོས་སོ། །དེའི་རྒྱུ་མཚན། འགྱོད་པ་དང་སྡོམ་


DLL1002_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བསམ་པ་ཁྱད་པར་ཅན་གྱིས་ལྟུང་བ་ལས་ལྡང་གི །སྤོ་བ་ལ་སོགས་པ་ཆད་པའི་ལས་ཙམ་གྱིས་ནི་ལྡང་བ་མ་ཡིན་ཏེ། དག་མ་དག་ནི་བསམ་པའི་གཞི་ལས་བྱུང་བའི་ཕྱིར་རོ། །དེས་ན་བསམ་པའི་ཁྱད་པར་བསྐྱེད་པའི་ཕྱིར་ཆད་པའི་ལས་བྱ་བ་ཡིན་གྱི་ཆད་པའི་ལས་མེད་པར་ཡང་བསམ་པའི་ཁྱད་པར་སྐྱེ་ན་ཆད་པའི་ལས་བྱ་མི་དགོས་སོ། །ལྟུང་བ་མིང་རིགས་དང་ལྡན་པ་བརྗོད་པའི་སྐབས་འདིར། ལྟུང་བྱེད་ཀྱི་སྡེ་ཚན་ལ་བརྟེན་ནས་ལྟུང་བ་རྣམས་ཀྱི་མིང་དུ་གྲགས་པ་ཕམ་པ་དང་ལྷག་མ་དང་ལྟུང་བྱེད་དང་སོར་བཤགས་དང་ཉེས་བྱས་ཞེས་བྱ་བ་རྣམས་ནི་མིང་ངོ༌། །སྤྱོད་པའི་ཕམ་པ་དང་འབྱིན་པའི་ལྷག་མ་ཞེས་པ་ལྟུང་བ་རང་ལ་གང་བྱུང་བ་དེ་ནི་རིགས་སོ། །ཕྱིར་བཅོས་པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ཀོའུ་ཤམ་བི་དང༌། དམར་སེར་ཅན་གྱི་གཞི་གཉིས་ལ་ཕྱིར་བཅོས་པའི་གཞི་ཞེས་མིང་གཞན་དུ་བྱས་ཏེ། ཕྱིར་བཅོས་པར་བྱ་བའི་གང་ཟག་གི་བྱེ་བྲག་ཐམས་ཅད་བསྟན་པའི་ཕྱིར་རོ། །གཞི་དེ་རྫོགས་སོ།། །།གཉིས་པ་དུས་དང་དུས་མིན་པར་བསྡུས་པ་འབྱུང་བའི་གཞི་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གསུམ། འཆབ་པ་གང་ལ་འབྱུང་མི་འབྱུང་གི་བྱེ་བྲག །བླ་ཐབས་པའི་ཉེས་པ། ལྷག་མའི་ལྟུང་བ་ཕྱིར་བཅོས་ཐབས་སོ། །དང་པོ་ནི། ལྟུང་བ་མི་འཆབ་པར་མཐོལ་དགོས་པ་འདི་ལ་རེག་པ་ལྟ་བུ་ལ་དགེ་འདུན་ལྷག་མ་འབྱུང་བར་མི་ཤེས་པ་ཉིད་ལ་འཆབ་པ་མི་འབྱུང་སྟེ། ཤེས་ནས་སྦས་ན་འཆབ་པར་འགྱུར་བའི་ཕྱིར་རོ། །འཆབ་པའི་སེམས་སྔར་ནས་མ་བཞག་པས་བརྗོད་པ་ལ་ཡང་འཆབ་པ་མི་འབྱུང་ངོ༌། །ལན་ཅིག་བཅབས་ན་ཕྱིས་བརྗོད་ཀྱང་བཅབས་པར་འགྱུར་རོ། །བདག་གིས་ལྟུང་བ་ཞིག་


DLL1002_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་སམ་མ་བྱས། ལྟུང་བ་ཞིག་བྱས་ཏེ། ཅི་འབྱིན་པ་ཞིག་གམ་རེག་པ་ཡིན་སྙམ་དུ་དོགས་པ་དང༌། འབྱིན་པ་བྱས་ན་བསམ་བཞིན་དུ་བྱས་སམ་མ་བྱས་ཇི་ལྟ་བུ་ཞིག་ཅེས་གསུམ་པོ་དེ་དྲན་པར་མི་ནུས་པ་ལ་འཆབ་པ་མི་འབྱུང་སྟེ། བྱ་བ་དེ་དག་ལ་ངེས་པ་མེད་པའི་ཕྱིར་བསྙེན་པར་མ་རྫོགས་པ་ཉིད་ལ་འཆབ་པ་མི་འབྱུང་སྟེ། དེ་ལ་དགེ་འདུན་ལྷག་མ་མེད་པའི་ཕྱིར་རོ། །གནས་ནས་ཕྱུང་བ་ཉིད་ལ་འཆབ་པ་མི་འབྱུང་སྟེ། དེ་ལ་ཕྱིར་བཅོས་པའི་གྲོགས་མེད་པའི་ཕྱིར་རོ། །སྨྱོན་པ་དང་སེམས་འཁྲུགས་པ་ལ་སོགས་པ་ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་པ་ཉིད་ལ་ནི་ཕམ་པར་འགྱུར་བ་མན་ཆད་ཀྱི་ལྟུང་བ་ཐམས་ཅད་མི་འབྱུང་ངོ༌། །ཡང་ཞེས་པས་འཆབ་པ་ཡང་མི་འབྱུང་ངོ༌། །སྔར་བསླབ་པ་མ་བཅས་པ་ཉིད་ལ་ཡང་ཕམ་པ་མན་ཆད་ཀྱི་ལྟུང་བ་མི་འབྱུང་ངོ༌། །ལས་དང་པོ་པ་ལ་ལྟུང་བ་མེད་དོ་ཞེས་གསུངས་ཏེ་འདི་ལྟུང་བ་ཡིན་ནོ་ཞེས་མི་ཤེས་པ་ལ་ལྟུང་བ་མི་འབྱུང་བ་མིན་ཏེ། མི་ཤེས་པ་ལྟུང་བ་འབྱུང་བའི་རྒྱུ་ཡིན་པའི་ཕྱིར་རོ། །སོ་སོར་ཐར་པའི་མདོ་འདོན་པ་དང༌། བརྗོད་པ་ཐོས་ནས་འདི་ལྟུང་བ་ཡིན་ནོ་ཞེས་མངོན་པར་མི་ཤེས་པ་ཉིད་ལ་ཡང་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །འདོན་པ་དང་རྗོད་པར་བྱེད་པ་ལ་འདི་བྱིས་པ་ཡིན་པས་ཅུང་ཟད་ཀྱང་སྨྲ་བར་བྱེད་པ་མིན་ནོ་ཞེས་མངོན་པར་མི་ཤེས་པ་ཉིད་དུ་འདུ་ཤེས་པ་ལ་ཡང་ལྟུང་བ་མི་འབྱུང་བ་མ་ཡིན་ནོ། །གནས་ཕྱུང་མ་གཏོགས་པའི་ས་གཞན་ན་གནས་པ་ཉིད་ལ་ནི་ལྟུང་བ་དང་སྔ་མ་འཆབ་པ་ཡང་འབྱུང་ངོ༌། །འཆབ་པའི་ཡུལ་ལ་དགེ་འདུན་ལྷག་མ་ལ་ཡིད་གཉིས་ཟ་བཞིན་དུ་བཅབས་པ་ནི། ཤེས་བཞིན་དུ་བཅབས་པ་དང་འདྲ་བར་འཆབ་ཉེས་འགྱུར་རོ། །བསྙེན་པར་མ་རྫོགས་པ་དང་གནས་ཕྱུང་དང༌། ཐ་སྙད་དུ་རུང་བའི་འདུ་ཤེས་ཉམས་


DLL1002_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ས་གང་ལ་འཆབ་པ་མི་འབྱུང་བ་དེ་ལ་སྤོ་བ་སོགས་སྤྱད་པ་ཡང་མི་འབྱུང་ངོ༌། །གཉིས་པ་ནི། མ་གུས་པ་སྤོ་མགུ་སྤྱོད་པ་གཏོང་ན་བླ་ཐབས་པའི་ཉེས་བྱས་སོ། །འཐབ་ཀྲོལ་བ་འོང་བས་གཏོང་བ་ལ་ནི་ཉེས་པ་མེད་དོ། །སྤོ་མགུ་སྤྱོད་པའི་གནས་སྐབས་དེ་ལ་དགེ་འདུན་ལྷག་མའི་སྡེ་ཚན་དུ་གཏོགས་པ་དངོས་གཞི་འམ། སྦོམ་པོའམ། ཉེས་བྱས་ལྷག་པར་སྤྱོད་པ་ལ་ཡང་ཉེས་བྱས་སོ། །བཤགས་པ་ལེན་པ་སོགས་ཕྱིར་བཅོས་པའི་ཐབས་ཡོད་ལ་ལྟུང་བ་ཕྱིར་མི་འཆོས་ན་ཡང་སྐྱ་རེངས་རེ་རེ་ཞིང་ཉེས་བྱས་སུ་འགྱུར་རོ། །གསུམ་པ་ནི། སྤོ་མགུ་སྤྱོད་བཞིན་པ་བབས་སམ་གནས་ནས་ཕྱུང་པ་ལ་སོགས་པ་སྤོ་མགུ་མི་སྤྱོད་པའི་ས་ནས་སླར་ཡང་བསྙེན་པར་རྫོགས་པ་སོགས་བྱས་ནས་ཕྱིར་འོང་བ་ནི་སྤོ་མགུ་སྤྱོད་པའི་ལྟུང་བ་དང་བཅས་པའི་གནས་སྐབས་དེ་ཉིད་ཡིན་ནོ། །དེས་ན་སྔར་གྱི་ལྟུང་བ་སྦྱང་བའི་ཕྱིར་སྤོ་མགུ་ཡང་སྤྱད་དགོས་སོ། །གཞི་ནས་སྤྱད་དགོས་སམ་ཞེ་ན། སྔར་སྤོ་མགུ་སྤྱོད་པ་སྦྱངས་པའི་གཞི་ལ་ལྷག་མ་སྔར་མ་སྤྱད་པ་དེ་རྗེས་སུ་བསྒྲུབ་ཅིང་སྤྱད་པར་བྱའི་གཞི་ནས་བསྐྱར་མི་དགོས་སོ། །བདག་གིས་ལྟུང་བ་དེ་དུས་འདི་སྲིད་དུ་བཅབས་སོ་ཞེས་བཅབས་པའི་དུས་ངེས་པར་མི་ཤེས་ན་ཅི་ནས་ཀྱང་བཅབས་པའི་དུས་ལས་ཉུང་བ་ཉིད་དུ་མི་འགྱུར་བའི་དུས་དེ་སྲིད་ལ་བརྟེན་ནས་སྤོ་བ་སོགས་སྤྱད་པར་བྱའོ། །ཡུལ་གང་ལ་ཉུང་བར་མི་འགྱུར་བའི་དུས་ལ་བརྟེན་པར་བྱ་ཞེ་ན། སྤོ་བ་སྤྱད་པར་བྱ་བ་ཉིད་ཀྱི་ཡུལ་ལ། སྔར་ལྟུང་བ་བཅབས་པའི་ཉེས་པ་མེད་པ་དག་པའི་མཐའ་ཅན་ནས་བཟུང་སྟེ་ཕྱིས་མཐོལ་གྱི་བར་གྱི་བྱེ་བྲག་གི་དུས་ལ་བརྟེན་པར་བྱའོ། །བཅབས་པ་ལ་སྤོ་བ་དང་མགུ་བ་གཉིས་ཀའི་དུས་ལ་བརྟེན་ནོ། །


DLL1002_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པར་བྱ་བ་ཉིད་ལ་ནི་སྤོ་བའི་དུས་འབའ་ཞིག་ལ་བརྟེན་གྱི་མགུ་བར་བྱ་བའི་དུས་ལ་མི་བརྟེན་ཏེ། མགུ་བར་བྱ་བའི་དུས་ནི་ཞག་དྲུག་ཁོ་ནར་ངེས་པའི་ཕྱིར་རོ། །དག་པའི་མཐའ་ཅན་གྱི་བྱེ་བྲག་གི་དུས་ལ་ཇི་ལྟར་བརྟེན་ཞེ་ན། དག་པའི་མཐའ་ཅན་གྱི་བྱེ་བྲག་ཟླ་བ་བཞི་ལྟ་བུ་ལ་བརྟེན་པར་བྱའོ། །དེ་ཡང་དེ་ཙམ་ཞིག་སྤྱད་ན་ཉུང་བར་མི་འགྱུར་བར་བསམས་ནས་ཟླ་བ་བཞི་ཞེས་སྨོས་ཀྱི། སྤྱད་དུས་དེར་ངེས་པ་ནི་མིན་པས་ཟླ་བ་གསུམ་མམ་ལྔ་ལྟ་བུ་ལའང་བརྟེན་པར་བྱའོ། །དུས་འདི་སྲིད་དུ་བཅབས་སོ་ཞེས་བརྗོད་པ་ཡང་དུས་ངེས་པ་ཞིག་ལ་བརྟེན་ནམ་ཞེ་ན། བཅབས་པའི་དུས་ངེས་པ་མི་ཤེས་ན་བཅབས་པའི་དུས་དཔག་ཏུ་མེད་པ་ལ་བརྟེན་པར་བྱའོ། །ཇི་ལྟར་ཞེ་ན། བསམས་བཞིན་དུ་ཁུ་བ་ཕྱུང་བ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་དུས་དཔག་ཏུ་མེད་པར་བཅབས་པ་ཞེས་བརྗོད་པར་བྱའོ། །སྤོ་མགུ་སྤྱད་པ་འདི་ལ་ལྟུང་བ་ཇི་སྙེད་ལ་ཕྱིར་བཅོས་པར་སེམས་པ་དེ་སྙེད་དུ་གཏོགས་པའི་སྤོ་མགུ་སྤྱོད་པ་གཅིག་རྗེས་སུ་བསྒྲུབ་པར་བྱའི་རེ་རེའི་ཕྱིར་དུ་རེ་རེ་ནོད་པ་དང་སྤྱོད་དགོས་པ་མ་ཡིན་ནོ། །ལྟུང་བའི་ཚད་མི་ཤེས་ན་ཇི་ལྟར་བྱ་ཞེ་ན། ལྟུང་བའི་གྲངས་ཀྱི་ཚད་ངེས་པར་མི་ཤེས་ན་ལྟུང་བ་དེ་དཔག་ཏུ་མེད་པ་བྱུང་ཞེས་བརྗོད་པ་ལ་བརྟེན་པར་བྱའོ། །ལྟུང་བ་མང་པོ་གཉིས་སམ་གསུམ་ནས་གྲངས་ཤེས་ཀྱི་བར་ཉིད་ལ་ནི་ལྟུང་བ་ཚད་ཤིན་ཏུ་མང་པོ་དང་ལྡན་པ་བྱུང་བ་ཞེས་བརྗོད་པ་ལ་བརྟེན་པར་བྱའོ། །དང་པོར་ལྟུང་བ་གང་བྱུང་བ་དེ་དང་པོར་བརྗོད་དམ་ཞེ་ན། ལྟུང་བ་དུ་མ་བཅབས་པའི་དུས་ཐ་དད་པ་རྣམས་ལ་ནི་དེ་རྣམས་ཀྱི་ནང་ནས་ལྟུང་བ་བཅབས་པའི་དུས་ལྷག་པ་ལ་བརྟེན་ནས་བརྗོད་པས་གཞན་གྱི་དུས་ཀྱང་བརྗོད་པར་འགྱུར་རོ། །བསམ་བཞིན་དུ་ཁུ་བ་ཕྱུང་བ་ལ་སོགས་པ་སྡེ་ཚན་གྱི་མིང་ཐ་དད་པ་དག་ལ་ནི་སོགས་པ་དང་ལྡན་པ་ཉིད་


DLL1002_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྗོད་དེ། ཆེ་གེ་མོ་ལ་སོགས་པ་འདི་དང་འདི་བྱུང་སྟེ་ཞེས་པ་ལྟ་བུའོ། །ལྟུང་བ་དུ་མ་ཕྱིར་འཆོས་པ་ན་དང་པོར་གང་བྱུང་བ་དེ་དང་པོར་བརྗོད་དམ་ཞེ་ན། གཞི་གང་ལས་ལྟུང་བ་དུ་མ་བྱུང་བའི་ལྕི་བ་ཉིད་དང༌། དུག་གསུམ་གྱི་བསམ་པ་དྲག་པོས་ཀུན་ནས་བསླངས་ཏེ་བྱས་པ་ཉིད་ཀྱིས་དེའི་མིང་དང་པོ་ཉིད་དུ་བརྗོད་ཀྱི་དང་པོར་བྱུང་བ་དང་པོར་བརྗོད་མི་དགོས་སོ། །སྤོ་མགུ་སྤྱོད་པའི་གང་ཟག་ལ་སྔོན་བྱུང་བའི་ལྟུང་བ་གཞན་ཕྱིར་གསོ་བར་འདོད་པ་སྐྱེས་ན་དེ་ལ་ལྟུང་བ་དེའི་སྤོ་མགུ་སྦྱིན་པ་ཐ་དད་པར་སྦྱིན་ཞིང་སྤྱད་པ་ནི་ཕྱི་མ་དང་ཅིག་ཅར་སྤྱད་དུ་རུང་ངོ༌། །ལྟུང་བ་གཞན་དེ་བཅབས་པ་ཉིད་ཡིན་ན་མགུ་བར་བྱ་བ་སྤྱོད་པ་ལ་ཅིག་ཅར་སྤྱོད་པ་མི་སྲིད་དེ། མགུ་བར་བྱ་བ་ནི་སེམས་མགུ་བར་བྱ་བའི་ཕྱིར་ཡིན་ལ། སྤོ་བ་ནི་བཅབས་པའི་ཁ་ན་མ་ཐོ་བ་གཞོམ་པའི་ཕྱིར་ཡིན་པས་སོ། །གང་ཟག་གི་གཞི་ལ་མིང་གཞན་དུ་བྱས་པ་ནི་དོན་དང་ལྡན་པར་བསྟན་པའི་ཕྱིར་ཏེ། ལྟུང་བ་བཅབས་པ་སྤྱད་པ་རྣམས་ཀྱི་ལྡང་བའི་དུས་དང་དུས་མ་ཡིན་པར་ལྟུང་བ་རྣམས་ཀྱི་ཆོ་ག་མདོར་བསྡུས་པ་འདི་ཅིག་ཅར་དོན་གཅིག་ཏུ་འབྱུང་བའི་གཞིའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གསུམ། འཆབ་པ་དངོས་ཀྱི་སེལ་བ། ཀུན་སློང་གི་མཚན་ཉིད། བླ་ཐབས་པའི་དམིགས་བསལ་ལོ། །དང་པོ་ནི། འཆབ་པ་དེ་ནམ་གྱི་ཚེ་འབྱུང་ཞེ་ན། ཉིན་མཚན་གྱི་ཐ་མའི་ཆ་མ་ཡིན་པ་ལ་འཆབ་པ་མི་འབྱུང་བས་སྐྱ་རེངས་ཤར་ན་འཆབ་པའི་དངོས་གཞི་འབྱུང་ངོ༌། །བརྗོད་པའི་ཡན་ལག་ཡུལ་རང་བཞིན་དུ་གནས་པ་སོགས་མེད་ན་བརྗོད་པ་དེའི་སེམས་མིན་པ་འཆབ་པའི་སེམས་ཉིད་ཡོད་ཀྱང་ཉིན་མཚན་གྱི་མཐར་ཡང་འཆབ་པ་འབྱུང་བ་མ་ཡིན་ཏེ། རྒྱུ་མ་ཚང་བའི་ཕྱིར་རོ། །ཡུལ་ཡོད་ཀྱང་རྐྱེན་དབང་གིས་དེའི་དྲུང་དུ་བགྲོད་དུ་མེད་དམ།


DLL1002_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་གནས་དེ་ནས་སོང་བའི་དབང་གིས་ཡུལ་མེད་པ་ནི་འཆབ་པར་མི་འགྱུར་ཏེ། དང་པོ་ནས་ཡུལ་གཏན་མེད་པ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་གཉིས་སུ་མ་ཟད་ཀྱི་འཆབ་པར་འགྱུར་དུ་དོགས་པ་དེའི་དོན་གྱི་དབང་གིས་ཡུལ་དེའི་དྲུང་དུ་མི་འགྲོ་བའམ་རང་ཉིད་གཞན་དུ་སོང་བར་བྱས་པ་ཡང་ཡུལ་མེད་པ་དང་འདྲའོ། །དོན་ཅུང་ཟད་ཀྱང་མེད་པས་དེ་གཉིས་བྱས་པ་ནི་བཅབས་པར་མི་འགྱུར་ཡང་བླ་ཐབས་པའི་ཉེས་བྱས་སོ། །ཉིན་མཚན་གྱི་མཐའི་མདུན་རོལ་ཏུ་བཅབས་པ་ཡང་ཉེས་བྱས་སོ། །གཉིས་པ་ནི། འཆབ་པ་ཀུན་ཏུ་སྤྱོད་པ་ཉིད་འཆབ་སེམས་ཡིན་པར་མ་ཟད་འཆབ་པའི་སེམས་མ་བཏང་ཞིང་མ་སྤངས་པ་ཉིད་ནི་འཆབ་པ་དེའི་སེམས་ཉིད་ཡིན་པས་ཉིན་མཚན་གྱིས་མཐར་འཆབ་པར་འགྱུར་རོ། །གསུམ་པ་ནི། དགེ་སློང་ཕམ་པར་འགྱུར་བ་འཆབ་བཅས་བྱུང་བས་ལྟུང་བ་ཕྱིར་མ་བཅོས་པ་ལ་ནི་ཡོད་ལ་ཕྱིར་མི་འཆོས་པའི་ཉེས་པ་མེད་དེ། དེའི་སྡོམ་པ་ནི་དགོས་པ་མེད་པ་ཉིད་དུ་གྱུར་པའི་ཕྱིར། དུས་དང་དུས་མིན་པར་བསྡུས་པ་འབྱུང་བའི་གཞི་ཞུ་བའི་སྐབས་སོ། །དུས་དང་དུས་མིན་པར་བསྡུས་པ་འབྱུང་བའི་གཞི་རྫོགས་སོ།། །།གསུམ་པ་ས་གཞན་ན་གནས་པ་སྤྱོད་པའི་གཞི་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གཉིས་ལས། སྤྱི་དོན་ལ་དྲུག་ལས། སྤོ་སྤྱོད་གསུམ། སྤོ་ལྡན་གསུམ། མགུ་སྤྱོད་བཅུ་གཉིས། མགུ་ལྡན་བཅུ་གཉིས། ངོ་བོ་ཉིད་འཚོལ་བ་བྱིན་པ། བསླབ་པ་བྱིན་པ། བསྡིགས་སོགས་བཞི། གནས་ཕྱུང་བདུན་ཏེ་ཞེ་གསུམ་མོ། །གསོ་དགག་བཞག་པ་གཉིས་དེར་མ་གསུངས་སོ། །བསྡུ་ན། དང་པོ་སོ་གཉིས་རྣམ་པར་དག་པའི་དང༌། བར་མ་བཞི་སྨད་པའི་དང༌། ཐ་མ་བདུན་སྤངས་པའི་ས་གཞན་པ་སྟེ་གསུམ་མོ། །ངེས་ཚིག་རང་བཞིན་དུ་གནས་པའི་ས་ལས་གཞན་


DLL1002_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གནས་པའི་ཕྱིར་རོ། །གྲལ་ནི། མགུ་ལྡན། མགུ་སྤྱོད། སྤོ་ལྡན་སོགས་རིམ་བཞིན་ནོ། །སྤྱོད་པ་དཀྱུས་ན་གསལ་ལོ། །གྲོལ་བའི་རྒྱུ་དགྲ་བཅོམ་ཐོབ་པ་དང༌། བདེན་པ་མཐོང་བ་དང༌། དབྱུང་བ་དང༌། བཟོད་གསོལ་ཅི་རིགས་པའོ། །གཞུང་དོན་ལ་བཞི། ས་གཞན་པ་རྣམས་ཀྱི་ཐུན་མོང་གི་སྤྱོད་པ་བསྟན་པ། དེ་ཆེན་པོ་པ་རྣམས་ཀྱི་སྤྱོད་པ། ས་རྣམས་ཀྱི་ཁྱད་པར། སྤོ་མགུ་བསླབ་པ་སྤྱོད་པས་ཇི་ལྟར་བྱ་བའོ། །དང་པོ་ནི། དགེ་སློང་སྤོ་བ་དང༌། གཞི་ནས་བསླངས་ཏེ་སྤོ་བ་དང༌། ཡང་གཞི་ནས་བསླངས་ཏེ་སྤོ་བ་སྤྱོད་པ་དང༌། མགུ་བ་དང་གཞི་ནས་བསླངས་ཏེ་མགུ་བ་སྤྱོད་པ་དག་གིས་དགེ་སློང་རང་བཞིན་དུ་གནས་པ་ལས་ཕྱག་འཚལ་ལོ་ཞེས་མངོན་པར་སྨྲ་བ་དང༌། ལུས་འདུད་པའི་ཕྱག་དང༌། མངོན་དུ་བབ་པ་ན་སྟན་ལས་ལྡང་བ་དང༌། ཐལ་མོ་སྦྱར་ཞིང་འདུད་པ་དང༌། ལག་པ་རྐྱོང་བ་དང་བསུ་བ་སོགས་གུས་པའི་ལས་དང་དུ་ལེན་པས་བདག་གིར་མི་བྱ་སྟེ། དེ་དག་ཁྱད་པར་ཅན་གྱི་སྤྱོད་པ་ཡིན་པའི་ཕྱིར། སྤོ་མགུ་སྤྱོད་པ་དེ་གཉིས་ཀྱིས་དང་དུ་བླང་བར་མི་བྱ་བ་མངོན་པར་སྨྲ་བ་ལ་སོགས་པ་གང་ཡིན་པ་དེའི་སྐབས་རང་བཞིན་དུ་གནས་པ་གཞན་དག་གིས་ཀྱང་ས་གཞན་པ་དེ་དག་ལ་མི་བྱའོ། །དེ་གཉིས་ཀྱི་དགེ་སློང་རང་བཞིན་དུ་གནས་པ་དེ་དང་ལྷན་ཅིག་ཏུ་གོམ་པ་བསྲི་བ་ལས་གཞན་པ་གོམ་པ་མཉམ་དུ་འདོར་བ་དང༌། གོམ་པ་མདུན་དུ་འདོར་བས་བཅག་པར་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པའི་དྲུང་དུ་སྟན་ཆེས་དམའ་བ་ལས་གཞན་པ། མཉམ་པའམ་མཐོ་བས་འདུག་པར་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པའི་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་གི་བདག་ཉིད་ལས་གཞན་པ་དེའི་གྲོགས་སམ་བླ་མའི་ཚུལ་དུ་ཁྱིམ་དག་ཏུ་འགྲོ་བར་མི་བྱའོ། །དེ་གཉིས་དགེ་སློང་རང་བཞིན་དུ་གནས་


DLL1002_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་གཡོགས་མ་གཅིག་པའི་གནས་ཀྱི་ནང་དུ་མལ་བཤམ་པར་མི་བྱའོ། །དེ་གཉིས་ཀྱིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། དགེ་ཚུལ་ཉེ་བར་གཞག་པར་མི་བྱའོ། །དེ་གཉིས་ཀྱིས་དགེ་འདུན་གྱིས་གསོལ་བ་དང་བརྗོད་པ་དག་བྱེད་དུ་བཅུག་ན་ཡང་ཁས་མི་བླང་ངོ༌། །དེ་གཉིས་ཀྱིས་ལས་བྱེད་པར་བསྐོ་བ་དང༌། དགེ་སློང་མའི་སྟོན་པར་བསྐོ་བ་དང༌། དགེ་འདུན་གྱི་ཡིད་བརྟན་པ་གནས་ཁང་ལ་བསྐོ་བ་སོགས་ཀྱང་ཁས་མི་བླང༌། དེ་གཉིས་སྔར་ལས་བྱེད་པར་བསྐོས་པས་ཀྱང་མི་བྱའོ། །སྔར་བསྐོས་ཀྱང་དགེ་སློང་མ་ལ་བསྟན་པར་མི་བྱའོ། །དེ་གཉིས་ཀྱིས་འདོན་པར་བྱེད་པའི་དགེ་སློང་གཞན་ཡོད་ན། གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་འདོན་པར་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་ལ་ཚུལ་ཁྲིམས་དང༌། ལྟ་བ་དང༌། ཆོ་ག་དང༌། འཚོ་བ་ཉམས་པས་གླེང་བར་མི་བྱའོ། །ཐམས་ཅད་ལ་མི་བྱའམ་ཞེ་ན། དགེ་འདུན་ལས་མ་བཀར་བ་དགེ་སློང་རང་བཞིན་དུ་གནས་པ་ལ་གླེང་བར་མི་བྱའོ། །རང་བཞིན་དུ་མི་གནས་པ་ལ་གླེངས་ཀྱང་ཉེས་པ་མེད་དོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་ལ་བརྗོད་པ་དང་བཅས་པ་ཉིད་དང༌། ཕུར་པ་དང་བཅས་པ་ཉིད་དག་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་ལ་གདམས་ངག་བཞག་པ་དང་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་བརྗོད་པ་དག་བཞག་པར་མི་བྱའོ། །དེ་གཉིས་ཀྱིས་དགེ་སློང་རང་བཞིན་དུ་གནས་པ་དང་བསྟེན་ཅིང་འཇིང་བསྒྲིལ་བར་མི་བྱའོ། །དེ་གཉིས་ཀྱིས་སྤོ་མགུ་སྤྱད་པའི་ཆད་པ་དེའི་རྒྱུ་ལྷག་མའི་ལྟུང་བ་བྱས་པ་དེ་ལྟ་བུ་གཞན་ཡང་སྤང་ངོ༌། །ཆད་པའི་ལས་ཀྱི་རྒྱུ་ལས་གཞན་པའི་ཉེས་པ་ཡང་སྤང་བར་བྱའོ། །དེ་གཉིས་ཀྱིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་བརྙས་ཐབས་ལ་སོགས་པ་


DLL1002_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་དང་མཐུན་པ་ཉིད་མི་བྱའོ། །དེ་གཉིས་ཀྱིས་བདག་ཅག་གིས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང་བརྙས་ཐབས་སོགས་བྱས་ན་སྤོ་མགུ་སྤྱད་པའི་བརྟུལ་ཞུགས་སྙིང་པོ་མེད་པར་འགྱུར་རོ་སྙམ་དུ་ཡིད་ལ་བྱའོ། །གཉིས་པ་ནི། དེ་གཉིས་ཀྱིས་ནང་པར་སྔར་ལངས་ཏེ་གཙུག་ལག་ཁང་གི་སྒོ་དབྱེ་བ་དང༌། མར་མེའི་སྐོང་བུ་དག་བསལ་བར་བྱའོ། །གཙུག་ལག་ཁང་དུ་ཆག་ཆག་དང་ཕྱག་བདར་དང༌། ལྕི་བ་འཇམ་པོའི་བྱུག་པས་བསྐུ་བ་དག་ཀྱང་བྱའོ། །དགེ་འདུན་གྱི་བཤང་པ་དང་གཅི་བའི་སྐྱབས་དག་ཀྱང་སྦྱང་ཞིང་བྱི་དོར་བྱའོ། །བཤང་གཅིའི་སྐྱབས་ཀྱི་ས་འཕྱག་པ་དང་དེ་དག་ཏུ་དུས་དང་མཐུན་པའི་ཆུ་དགུན་དྲོན་མོ་དང༌། ཚ་བའི་དུས་སུ་ཆུ་གྲང་གཞག་པར་བྱའོ། །གཙུག་ལག་ཁང་གི་ལྦ་ཁ་དག་བསལ་ལོ། །དགེ་འདུན་གྱི་ཁྲི་ལ་སོགས་པའི་སྟན་བཤམ་མོ། །མཆོད་པའི་དུས་ཤེས་པར་བྱ་སྟེ། བདུག་སྤོས་དང་པོག་ཕོར་སྟ་གོན་བྱས་ཏེ་ཉེ་བར་བཞག་གོ། གལ་ཏེ་ནུས་པ་ཉིད་ཡིན་ན། སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་ཡང་དག་པར་བསྒྲག་གོ །གལ་ཏེ་སྟོན་པ་སངས་རྒྱས་ཀྱི་ཡོན་ཏན་བསྒྲག་མི་ནུས་ན་སྨྲ་བ་པོ་གཞན་ལ་བཅོལ་ལོ། །འབྲས་ཆན་ལ་སོགས་པའི་སྤྱི་བུངས་བཤམས་ཟིན་པ་ན་གཎྜི་བརྡུང་ངོ༌། །གལ་ཏེ་དགེ་སློང་རྣམས་ཚ་ན་བསིལ་ཡབ་གཡབ་པར་བྱའོ། །སྤོ་མགུ་སྤྱོད་པ་དེ་དག་གི་འདུག་པ་ལ་སོགས་པ་བསྙེན་པར་རྫོགས་པ་ཐམས་ཅད་ཀྱིས་མཐའ་ཉིད་དུ་བྱའོ། །དགེ་སློང་རྣམས་ཀྱིས་ཟས་ཀྱི་བྱ་བ་བྱས་ཟིན་ནས་དགེ་འདུན་གྱི་གདན་ཆ་འཇམ་པོ་ལ་སོགས་པ་དབེན་པར་བརྟུལ་ལོ། །ལྷུང་བཟེད་ཀྱི་གཞི་རྩྭ་ལ་སོགས་པ་ཕྱི་རོལ་ཏུ་དོར་རོ། །མཆོད་པའི་དུས་ཤེས་པར་བྱས་ཏེ་མཆོད་རྟེན་གྱི་ཕྱག་བདར་བྱའོ། །མཆོད་རྟེན་ལ་ལྕི་བ་འཇམ་པོའི་བྱུག་པས་བསྐུའོ། །དགེ་འདུན་འདུ་བའི་དུས་སུ་སྟན་


DLL1002_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

བཤམ་པ་དང༌། དུས་ཤེས་པར་བྱས་ཏེ་བདུག་སྤོས་དང་དེའི་སྤོས་ཕོར་ཉེ་བར་བཞག་པ་ལ་སོགས་པ་ནས་ནུས་ན་སྟོན་པའི་ཡོན་ཏན་ཡང་དག་པ་བསྒྲག་པ་དང༌། མི་ནུས་ན་སྨྲ་བ་པོ་ལ་བཅོལ་བའི་སྐབས་ཀྱི་བར་དག་བྱའོ། །ནུས་ན་ཉི་མ་བརྗོད་པར་ཡང་བྱའོ། །གལ་ཏེ་ཉི་མ་བརྗོད་མི་ནུས་ན་དགེ་སློང་གཞན་ལ་བཅོལ་ལོ། །དགོང་གར་དུས་དང་མཐུན་པའི་ཆུ་གྲང་བའི་དུས་སུ་དྲོ་ཚ་བའི་དུས་སུ་བསིལ་བས་དགེ་སློང་རྣམས་ཀྱི་རྐང་པ་དག་བཀྲུའོ། །དགོང་གར་དགེ་སློང་རྣམས་ཀྱི་རྐང་པ་དག་ལ་སྣུམ་བསྐུའོ། །དགེ་སློང་དག་དེ་གཉིས་ཀྱིས་རྐང་པ་བསྐུ་བར་མི་འདོད་ན་སྣུམ་དབུལ་ལོ། །སྤོ་མགུ་སྤྱོད་པ་དེའི་གནས་ཁང་ལ་སོགས་པའི་གཙུག་ལག་ཁང་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ཐ་མར་བསྐོ་བར་འོས་པ་ཉིད་ཡིན་ནོ། །སྤོ་བ་བྱེད་པ་སོགས་ནང་གི་ཆེ་རིམ་གྱིས་བསྐོ་སྟེ། མགུ་བ་སྤྱོད་པ་བས་སྤོ་བ་སྤྱོད་པ་དམན་ལ། དེ་ལས་བསླབ་པ་བྱིན་པ་དམན་ཏེ། ལྟུང་བ་བྱུང་བ་ཆེས་དམན་པའི་ཕྱིར་རོ། །དེ་བས་གནས་ནས་ཕྱུང་བ་དམན་ཏེ། སྤངས་པའི་ཕྱིར་རོ། །གནས་ཕྱུང་མ་གཏོགས་པའི་ས་གཞན་ན་གནས་པ་རྣམས་དུས་ཐམས་ཅད་དུ་བྱུང་བའི་རྙེད་པ་དབང་བ་ཉིད་ཡིན་ནོ། །དེ་གཉིས་ཀྱིས་ཚོགས་ཆེན་པོ་བསྒྲུབ་པའི་ཕྱིར་དགེ་བའི་ཕྱོགས་ལ་མི་གཡེལ་བར་བརྩོན་པར་བྱ་སྟེ། ནམ་ཞིག་ན་རྟོགས་པའི་སྐལ་པ་ཅན་དུ་ཡང་འགྱུར་བའི་ཕྱིར་རོ། །འགྲེལ་པར། བསླབ་པ་བྱིན་པ་ལ་ཡང་རྟོགས་པ་གྲག་པས་དེས་ན་དགྲ་བཅོམ་པ་ཉིད་ཐོབ་པ་ན་སྤོ་བ་དང་མགུ་བར་བྱ་བ་སྤྱོད་པ་འདི་གཉིས་ཀྱང་བསླབ་པ་བྱིན་པ་དང་འདྲ་བར་རང་བཞིན་འཐོབ་ཅིང་ཆད་པའི་ལས་ལྷག་མ་སྤྱད་པར་བྱ་མི་དགོས་པ་ཉིད་ཡིན་ཏེ། དབྱུང་བ་ལ་སོགས་པ་བྱ་མི་དགོས་སོ། །ཞེས་གསུངས། གསུམ་པ་ནི། སྤོ་མགུ་སྤྱོད་པ་དག་གིས་རང་བཞིན་དུ་གནས་པ་དག་ལས་མངོན་པར་སྨྲ་བ་སོགས་བདག་གིར་མི་བྱའོ། །


DLL1002_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས། དགེ་བའི་ཕྱོགས་ལ་མི་གཡེལ་བར་བྱའོ། །ཞེས་བསྟན་པ་འདི་ལ་དེའི་ངོ་བོ་ཉིད་འཚོལ་བ་བྱིན་པ་དང༌། བསླབ་པ་བྱིན་པ་དག་ཀྱང་སྤོ་མགུ་སྤྱོད་པ་དེ་དང་འདྲའོ། །ཐམས་ཅད་དུ་འདྲའམ་ཞེ་ན། དེའི་ངོ་བོ་ཉིད་འཚོལ་བ་བྱིན་པ་དང་བསླབ་པ་བྱིན་པ་དག་གིས་གཞན་མེད་ཀྱང་གསོ་སྦྱོང་ལ་སོ་སོར་ཐར་པ་འདོན་པར་མི་བྱའོ། །སྔ་མ་དེའི་ངོ་བོ་ཉིད་འཚོལ་བ་བྱིན་པ་ནི་རང་གིས་དགེ་འདུན་ལ་བཟོད་པ་གསོལ་ཞིང་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་བྱས་པས་རང་བཞིན་དུ་གནས་པ་འཐོབ་བོ། །འོག་མ་བསླབ་པ་བྱིན་པ་ནི་བཟོད་པས་རང་བཞིན་དུ་གནས་པ་མི་འཐོབ་ཀྱི། དགྲ་བཅོམ་པ་ཐོབ་པ་ཉིད་ཀྱིས་རང་བཞིན་དུ་གནས་པ་འཐོབ་བོ། །ནང་པར་སྔར་ལངས་ཏེ། སྒོ་དབྱེ་བ་དང༌། ཞེས་པའི་གོང་ཡན་ཆད་དང༌། དེའི་གཙུག་ལག་ཁང༌། ཞེས་པ་དང༌། ཐམས་ཅད་དུ་ཞེས་པ་དང༌། དགེ་བའི་ཕྱོགས་ཞེས་པ་ལ་སོགས་པ་ལ་སྤོ་བ་བྱས་ལ། མགུ་བ་མ་བླངས་པའི་བར་ན་གནས་པའི་སྤོ་བ་དང་ལྡན་པ་དང༌། མགུ་བ་བྱས་ཟིན་ལ་དབྱུང་བ་མ་བྱས་པའི་བར་ན་གནས་པའི་སྤྱོད་པ་དང་ལྡན་པ་གཉིས་ཀྱང་སྤོ་མགུ་སྤྱོད་པ་དེ་དག་དང་འདྲ་བར་བྱ་དགོས་སོ། །སྒོ་དབྱེ་བ་དང༌། གཙུག་ལག་ཁང་སོགས་ལ་བསྡིགས་པ་དང་སྨད་པ་དང་བསྐྲད་པ་དང་ཕྱིར་དགྱེད་པ་དང་གནས་ནས་ཕྱུང་བ་དག་ཀྱང་སྤོ་མགུ་སྤྱོད་པ་དེ་བཞིན་དུ་བྱའོ། །དམིགས་བསལ་ནི། འདོན་པ་གཞན་མེད་ན་ཡང་དེ་དག་གིས་གསོ་སྦྱོང་ལ་སོ་སོ་ཐར་པ་གདོན་པ་ནི་མི་བྱ་བ་ཉིད་དོ། །རང་བཞིན་དུ་གནས་པ་གཞན་དག་གིས་གནས་ནས་ཕྱུང་བ་སྤང་བར་བྱ་བ་ཁོ་ན་ཡིན་པས་དེ་དང་ལྷན་ཅིག་འཆག་པ་དང་འདུག་པ་སོགས་མི་བྱ་ཞིང་འདོན་པ་གཞན་མེད་ཀྱང་སོ་སོར་ཐར་པའི་མདོ་འདོན་པ་ཡང་མི་བྱ་དེ་ལ་ལུས་ངག་གི་འདྲེ་བ་ཅུང་ཟད་ཀྱང་མི་སྤྱད་དོ། །དེ་གནས་ནས་ཕྱུང་བ་


DLL1002_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་དུས་ཀྱི་རྒྱུ་ལས་བྱུང་བའི་དགེ་འདུན་གྱི་རྙེད་པ་ཡང་མི་དབང་བ་ཉིད་དོ། །གནས་ནས་མ་ཕྱུང་བའི་མདུན་རོལ་ཏུ་དབྱར་གནས་པ་སོགས་ཀྱི་རྒྱུ་ལས་བྱུང་བའི་རྙེད་པ་ནི་དེ་ཡང་དབང་སྟེ། དེའི་ཚེ་ན་དེ་རང་བཞིན་དུ་གནས་པ་ཡིན་པའི་ཕྱིར་རོ། །གཏན་དུ་མི་དབང་ངམ་ཞེ་ན། དགེ་འདུན་བྱེ་བ་ན་ཆོས་མ་ཡིན་གྱི་ཕྱོགས་དག་ཆོས་ཕྱོགས་ཀྱི་རྙེད་པ་མི་དབང་ལ། ཆོས་ཕྱོགས་ཀྱི་ལྟ་བ་ཁས་བླངས་པ་ན་དབང་བ་དེ་བཞིན་དུ་འདི་ཡང་བཟོད་པ་མ་གསོལ་གྱི་བར་དུ་དགེ་འདུན་གྱི་རྙེད་པ་མི་དབང་གི་ནམ་བཟོད་པ་གསོལ་ནས་གནས་སུ་ཆུད་པ་ན་དབང་ངོ༌། །དགེ་འདུན་ཕྱོགས་གཉིས་སུ་བྱེ་བ་དག་ན་ཆོས་མིན་པའི་ཕྱོགས་དང་མཐུན་པ་ཡང་གནས་ནས་ཕྱུང་བ་དེ་དང་འདྲ་བར་སྒོ་དབྱེ་བ་ཡན་ཆད་དང་གདོན་པ་སོགས་གསུམ་ལའོ། །བཞི་པ་ནི། དགེ་སློང་རང་བཞིན་དུ་གནས་པ་མིན་པ་ས་གཞན་ན་གནས་པ་དག་ལ་སྤོ་བ་དང་མགུ་བར་བྱ་བ་སོགས་དང་བསླབ་པ་བྱིན་པ་དག་སྤྱོད་པ་མི་འཆགས་ཏེ། ཡུན་རིང་པོར་སྤྱད་ཀྱང་ཅུང་ཟད་མ་སྤྱད་པ་དང་འདྲ་བར་འགྱུར་རོ། །དགེ་འདུན་མིན་པ་གང་ཟག་གཅིག་གམ་གཉིས་ལ་སོགས་པ་ལ་ཡང་སྤོ་མགུ་སོགས་སྤྱོད་པ་མི་འཆགས་སོ། །སྤོ་མགུ་སོགས་སྤྱད་དགོས་པའི་གནས་དེ་ན་འཁོད་པའི་དགེ་སློང་དག་ལས་གང་ཟག་གཉིས་གསུམ་མམ་དགེ་འདུན་དུ་ལོངས་པ་ལོགས་སུ་སྤྱད་པ་དག་ལ་ཡང་སྤོ་མགུ་སོགས་སྤྱད་པ་མི་འཆགས་སོ། །གནས་འདིར་དགེ་སློང་མང་པོ་འཁོད་པས་སྤྱད་དཀའོ་སྙམ་པས་མང་པོ་ཉིད་ཡོངས་སུ་སྤང་པར་མི་བྱའོ། །གང་དུ་སྤྱད་ན། གནས་བརྟན་དང་སོ་སོ་ཐར་པ་དང་བཅས་པ་ཉིད་དུ་འབད་པར་བྱའོ། །དེར་མ་གྲུབ་ན་གཞན་དུ་ཡང་སྤྱད་དུ་རུང་ངོ༌། །གནས་གང་ན་གང་ཟག་གཞན་གསུམ་ལ་སོགས་པ་སྤོ་བ་སོགས་དེ་དག་གི་མིང་རྣམ་པ་ཐམས་ཅད་སྤྱོད་པ་དེར་སྤོ་བ་སོགས་སྤྱད་པར་མི་བྱ་སྟེ། ཚོགས་ཀྱིས་


DLL1002_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ལས་བྱར་མི་རུང་བའི་ཕྱིར་དང༌། ངོ་ཚ་ཁྲེལ་ཡོད་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །དང་པོ་སྤོ་མགུ་སྤྱོད་པ་གཉིས་ཀྱིས་སྤོ་མགུ་སྤྱོད་པའི་གནས་དེ་ལས་གཞན་པའི་མཚམས་སུ་སྐྱ་རེངས་འཆར་བར་མི་བྱའོ། །བསླབ་པ་བྱིན་པ་ལ་ནི་ཆོ་ག་འདི་མེད་དེ། དེ་ནི་ཚེ་གཅིག་ཏུ་སྤྱད་དགོས་པས་ཚེ་གཅིག་ཏུ་གནས་གཅིག་ཏུ་ངེས་པ་མེད་པའི་ཕྱིར་རོ། །སྤོ་མགུ་སྤྱོད་པ་གཉིས་ཀྱིས་གནས་དེར་གཎྜི་བརྡུངས་ནས་མཚམས་དེར་གཏོགས་པའི་དགེ་སློང་ཇི་སྙེད་འདུས་པའི་དགེ་འདུན་ལ། རང་གིས་སྤོ་མགུ་སོགས་གང་བླངས་པ་དེའི་སྔར་འདས་པའི་ཞག་གྲངས་དང༌། ཕྱིས་འབྱུང་བར་འགྱུར་བའི་ཞག་གྲངས་སྔགས་ཀྱིས་བརྗོད་པར་བྱ་བ་ཉིད་དོ། །འདུས་པའི་ཞེས་སྨོས་པས། ལས་བཞིན་དུ་ཐམས་ཅད་མ་ཚོགས་ན་བརྗོད་པ་མི་འཆགས་པ་མིན་ཏེ། ཐམས་ཅད་མ་འདུས་ཀྱང་གང་འདུས་པ་ལ་བརྗོད་པར་བྱ། དགེ་འདུན་ལ་ཞེས་སྨོས་པས་གང་ཟག་ལ་མི་བརྗོད་དོ། །དེའི་སྔགས་ནི། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ་ཟླ་བ་ཕྱེད་བཅབས་པས་བདག་དགེ་སློང་མིང་འདི་ཞེས་བགྱི་བ། ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་དགེ་འདུན་ལས་ཟླ་བ་ཕྱེད་སྤོ་བ་གསོལ་ཏེ། དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། ཟླ་བ་ཕྱེད་བཅབས་པ་དེའི་སླད་དུ་ཟླ་བ་ཕྱེད་སྤོ་བ་སྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས་ལ། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་སྤོ་བ་བགྱིད་པར་གཟུང་དུ་གསོལ། ལན་གསུམ་བཟླས། མགུ་བའི་སྐབས་སུ། དགེ་འདུན་བཙུན་པ་རྣམས་


DLL1002_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གསན་དུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་དེའི་སླད་དུ་དགེ་འདུན་ལས་ཞག་དྲུག་མགུ་བར་བགྱི་བ་གསོལ་ཏེ་དགེ་འདུན་གྱིས་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཆེ་གེ་མོ་ལས་བྱུང་བའི་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་སླད་དུ་ཞག་དྲུག་མགུ་བར་བགྱི་བ་སྩལ་བས་ཞག་འདི་སྙེད་ཅིག་ནི་བགྱིས་ལགས། བགྱི་བ་ནི་ཞག་འདི་སྙེད་ཅིག་མཆིས་ཏེ། དགེ་འདུན་བཙུན་པ་རྣམས་ཀྱིས་བདག་མགུ་བར་བགྱི་བ་སྤྱོད་པར་གཟུང་དུ་གསོལ། ལན་གསུམ་བཟླས། གཞན་ལ་ཡང་ཅི་རིགས་པར་འདོན་པར་བསྒྱུར་རོ། །དུས་ཇི་ཙམ་ཞིག་ན་བརྗོད་ཅེ་ན། གལ་ཏེ་སྤོ་བ་ཡུན་རིང་དུ་སྤྱད་པར་བྱ་བ་ཉིད་མིན་ན། ཉིན་རེ་ཞིང་བརྗོད་པར་བྱའོ། །ཟླ་བ་ཕྱེད་པས་ལྷག་པ་ཡུན་རིང་དུ་སྤྱད་པར་བྱ་བ་འདི་ལ་ནི་ཉི་མ་གསུམ་མམ་བཞི་ཞིང་ལན་རེ་བརྗོད་དོ། །སྤོ་མགུ་སྤྱོད་པ་དེ་གཉིས་ལ་ལྷག་མའི་ལྟུང་བ་བྱུང་བ་དོན་དེས་བརྙས་ཐབས་མི་བྱ་སྟེ། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་འཆོས་པ་ནི་མཁས་པ་གསལ་བ་དགེ་བ་སྐྱེས་བུ་དམ་པ་ཡིན་པའི་ཕྱིར་རོ། །གནས་དེར་གང་ཟག་དེ་དང་མི་མཛའ་བའམ་ཐམས་ཅད་ལ་འཐབ་ཀྲོལ་བྱེད་པ་འོང་བར་ཐོས་ཤིང་དེས་གླེང་དྲན་བྱེད་པས་འཇིགས་ན་སྤོ་མགུ་སྤྱོད་པ་དེས་དགེ་འདུན་ཚོགས་པའམ་གང་ཟག་ལ་སྤོ་མགུ་སྤྱོད་པ་ཉིད་ཕྱིར་གཏང་བར་བགྱི་བ་ཉིད་རང་བཞིན་དུ་གནས་པར་བྱའོ། །འཐབ་ཀྲོལ་བྱེད་པ་དག་སོང་སྟེ་འཇིགས་པ་དང་བྲལ་ན་གཙུག་ལག་ཁང་དེ་ཉིད་དུ་དགེ་འདུན་ཚོགས་པའམ་གང་ཟག་གི་མདུན་དུ་སྤོ་མགུ་སྤྱོད་པ་བཏང་བ་དེ་ཕྱིར་བླང་བར་བྱའོ། །ས་གཞན་ན་གནས་པ་སྤྱོད་པའི་གཞིའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གཉིས། ཉིན་མཚན་བཅད་པ་དམིགས་


DLL1002_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དང་བཅས་པ། གྲོགས་ངན་སྤོང་བ་དམིགས་བསལ་དང་བཅས་པའོ། །དང་པོ་ནི། སྤོ་བ་དང་མགུ་བར་བྱ་བ་སྤྱོད་པས་དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་གཡོགས་མ་གཅིག་པར་ཉལ་ན། གང་ཉལ་བའི་ཉིན་མཚན་དེ་སྤོ་མགུ་སྤྱོད་པའི་གྲངས་སུ་མི་བགྲང་བར་ལོགས་སུ་བཅད་པར་བྱའོ། །དེས་སྤོ་མགུ་སྤྱོད་པའི་གནས་དེའི་མཚམས་ཀྱི་ཕྱི་རོལ་ཏུ་ཉལ་ན་ཡང་ཉིན་མཚན་དེ་བཅད་དོ། །དེ་གཉིས་ཀྱིས་འདས་པ་དང་མ་འོངས་པའི་ཞག་བརྗོད་པར་བྱ་བ་མ་བརྗོད་ན་ཡང་ཉིན་མཚན་དེ་བཅད་དོ། །ཐོས་པར་བྱ་བའི་དགེ་སློང་དག་མཚམས་ནང་དེ་ན་ཉེ་བར་མི་འཁོད་ན་མ་བརྗོད་པའི་ཉེས་པ་དེ་མི་འབྱུང་ངོ༌། །ཉི་མ་དེ་ཉིད་ལ་ཕྱིར་འོང་ན་མཚམས་གཞན་དུ་འགྲོ་བའི་ཉེས་པ་མེད་དོ། །གཉིས་པ་ནི། སྤོ་བ་བྱེད་པ་དང་མགུ་བ་སྤྱོད་པས་མགུ་བ་བྱེད་པ་གཞན་དང་ལྷན་ཅིག་གཡོགས་མ་གཅིག་པའི་གནས་སུ་ཞག་ལོན་པར་ཉལ་བར་མི་བྱ་སྟེ། ཉིན་མཚན་བཅད་མི་དགོས་ཀྱང་ཉེས་བྱས་སུ་འགྱུར་རོ། །དམིགས་བསལ་ནི། སྤོ་མགུ་སྤྱོད་པ་དེ་དང་མུ་སྟེགས་ཅན་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱིས་གནས་པ་ལ་གནས་པ་དང༌། གཡོགས་མ་གཅིག་པའི་གནས་སུ་ཉལ་བ་ལ་ཉེས་པ་མེད་དོ། །སྤོ་བའི་གཞི་ལ་མིང་གཞན་དུ་བྱས་པ་ནི་མགུ་བ་སྤྱོད་པ་དང་བསླབ་པ་སྤྱོད་པ་ལ་སོགས་པ་ས་གཞན་ན་གནས་པ་ཐམས་ཅད་ཀྱི་སྤྱོད་པ་བསྟན་པས་མིང་དེ་སྐད་དུ་བྱའོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་ཞུ་བའི་སྐབས་སོ། །ས་གཞན་ན་གནས་པའི་སྤྱོད་པའི་གཞི་རྫོགས་སོ།། །།བཞི་པ་གཞན་སྟོབས་ཀྱིས་ལྟུང་བ་ཕྱིར་བཅོས་པ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་བཞི། གླེང་བའི་གཞི་དང་དུས་མིན་པ་དགག་པ། གླེང་བྱ་གླེང་བྱེད་མིན་པ་དགག་པ། ཇི་ལྟར་གླེང་པའི་ཚུལ།


DLL1002_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོ་གང་གིས་གླེང་བའོ། །དང་པོ་ནི། འོག་ནས་གཞི་དང་བཅས་པས་གླེང་བ་སོགས་འཆགས་ཀྱི་གཞི་མེད་པར་མི་འཆགས་པར་གསུངས་པའི་གཞི་ཡོད་མེད་ཇི་ལྟ་བུ་ཞེ་ན། ཐ་མལ་པའི་མཐོང་ཐོས་དོགས་གསུམ་ལ་མ་གྲགས་པ་མི་ཆོས་བླ་མའི་མཐོང་ཐོས་དོགས་གསུམ་ནི་ལྟུང་བ་གླེང་བ་ལ་སོགས་པའི་གཞི་འམ་རྒྱུ་མིན་པས་གཞི་དེས་གླེང་བ་ལ་སོགས་པ་མི་བྱའོ། །ཅིའི་ཕྱིར་དེ་བཀག་ཅེ་ན། མི་ཆོས་བླ་མས་གླེང་བ་ན་ཁ་ཅིག་དེའི་ཆོས་ལ་སྐུར་པ་འདེབས་པར་འགྱུར་བ་དང༌། ཁ་ཅིག་དེ་དང་མི་ལྡན་བཞིན་དུ་བདག་ཉིད་དེ་དང་ལྡན་པར་སྒྲོ་འདོགས་ཤིང༌། གཞན་ལ་སྐུར་པ་འདེབས་པའི་ཉེས་པ་སྤང་བའི་ཕྱིར་རོ། །དེས་མཚོན་ནས་རྨི་ལམ་དང་མོ་དང་པྲ་ལ་སོགས་པས་ཀྱང་གླེང་དུ་མི་རུང་ངོ༌། །གང་ཟག་གིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བརྗོད་པ་རྫོགས་ན་དེ་ལ་གཞན་གྱིས་ཁྱོད་མཐོང་ཐོས་དོགས་གསུམ་གྱི་དགག་དབྱེ་མ་བྱེད་ཅིག་ཅེས་དགག་དབྱེ་བཞག་པ་མི་འཆགས་ཏེ། དེ་བྱས་ཟིན་པའི་ཕྱིར་རོ། །འོ་ན་དབྱར་གྱི་ནང་དུ་ནན་ཏུར་རུང་བར་འགྱུར་རོ་ཞེ་ན། སྐྱོན་མེད་དེ། དགག་དབྱེའི་ཉི་མ་དེ་ཉིད་ལ་ལྟུང་བ་གླེང་དུ་རུང་བ་བཞིན་ནོ། །འོ་ན་དབྱར་གྱི་ནང་དུ་གསོ་སྦྱོང་བཞག་ཏུ་རུང་བར་འགྱུར་ཏེ། གསོ་སྦྱོང་ནི་དགག་དབྱེའི་སྔོན་དུ་འགྲོ་བའི་ཕྱིར་ཞེ་ན། རུང་སྟེ། གསོ་སྦྱོང་གཉིས་གསུམ་ཐལ་ནས་དབྱར་གྱི་དགོས་པ་གྲུབ་པའི་ཕྱིར་ཞེས་རྒྱ་གསུང༌། ཚུལ་འཕགས་ན་རེ། དེ་ཕྱིན་ཆད་རུང་བར་གསུངས་པ་མེད་པས། དུས་ཀྱི་འོག་རོལ་གྱི་དགག་དབྱེ་ལ་དགོངས་ཞེས་གསུངས། དགག་དབྱེ་བྱེད་པ་སྐབས་འབྱེད་པ་ཡིན་པས་འདི་མི་རིགས་སོ་ཞེ་ན། དགག་དབྱེ་བྱེད་ཀྱང་སྐབས་མི་འབྱེད་པ་ལ་དགོངས་སོ། །གཉིས་པ་ནི། ཐམས་ཅད་ཀྱིས་དགག་དབྱེ་འཇོག་པ་འཆགས་སམ་ཞེ་ན། འཇོག་པར་བྱེད་པ་པོ་ནད་


DLL1002_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་ལྡན་པས་གཞན་ལ་ཁྱོད་ཀྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་མ་བྱེད་ཅེས་འཇོག་ཏུ་འཇུག་པ་ཡང་དེ་བཞིན་དུ་མི་འཆགས་སོ། །ནད་པས་མངགས་པའི་གང་ཟག་གིས་དགག་དབྱེ་འཇོག་པ་ཡང་མི་འཆགས་སོ། །གཞན་གྱིས་ནད་པ་ཉིད་ལ་དགག་དབྱེ་དང་གསོ་སྦྱོང་སོགས་བཞག་པ་ཡང་མི་འཆགས་སོ། །དགག་དབྱེ་སོགས་བཞག་པ་མི་འཆགས་པ་དེ་དགེ་འདུན་གྱིས་ཀྱང་ནོད་པར་མི་བྱའོ། །ཇི་ལྟར་ནོད་པར་མི་བྱ་ན། གཞན་ནམ་ནད་པས་འཇོག་པའི་ཚེ། དེ་དག་ལ་ཚེ་དང་ལྡན་པ་ནད་པ་ནི་བྱ་བ་བྱེད་མི་ནུས་པས་སྦྱོར་མི་བཟོད་པ་ཡིན་གྱི། ཁྱོད་སྡོད་ཅིག་ཅེ་འམ། མངགས་པ་གཉིས་ཀྱིས་འཇོག་པའི་ཚེ་དེ་དག་ལ། ཚེ་དང་ལྡན་པ། ནད་པ་ནི་སྦྱོར་མི་བཟོད་པ་ཡིན་གྱི་ཁྱོད་སྡོད་ཅིག་ནད་པ་དེ་ལ་ནི་ལྟུང་བ་ཡོད་མེད་བརྒལ་ཞིང་བརྟག་པར་བྱ་བ་མིན་ནོ་ཞེས་ལན་གདབ་པར་བྱའོ། །ཆེ་གེ་མོས་ཉེས་པ་འདི་བྱས་ཞེས་མ་རྟོགས་པ་དང༌། ཉེས་པ་འདི་ལྟ་བུ་བྱས་ཞེས་བྱེད་པའི་རང་གི་ངོ་བོ་མ་རྟོགས་པ་ཉིད་ན་ཡང་གླེང་བ་མི་འཆགས་སོ། །གསུམ་པ་ནི། ནད་པ་ལ་སོགས་པའི་ལྷག་མ་བྱེད་པ་པོ་མཚན་ཉིད་པས་ཀྱང་དབྱར་ལྟ་བུ་དུས་མིན་པར་ལྟུང་བ་གླེང་པ་ལ་འཇུག་པར་མི་བྱའོ། །ཕན་པར་འདོད་པའི་དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པར་གླེང་བ་ལ་འཇུག་པར་མི་བྱའོ། །མཐའ་མིན་པ་གང་ཟག་དེའི་མཁན་སློབ་བམ་དགེ་འདུན་ཞེ་འགྲས་པ་ལ་སོགས་པའི་མདུན་དུ་གླེང་པར་མི་བྱ་སྟེ། ལྕགས་ཀྱི་གསལ་ཤིང་ཅན་ཉིད་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཉིད་དོ། །དེས་ན་དབེན་པར་གླེང་ངོ། །གང་ཟག་གང་ལ་ལྟུང་བ་གླེང་བའི་སྐབས་འབྱེད་དུ་མ་བཅུག་པར་ཡང་གླེང་པར་མི་བྱའོ། །དེ་ནི་རབ་ཏུ་འཁྲུག་པ་སྤང་བའི་ཕྱིར་རོ། །དགག་དབྱེའི་ཚེ་དགེ་འདུན་ལ་དགག་དབྱེ་བྱས་པ་ནི་སྐབས་ཕྱེ་བ་དེ་ཉིད་ཡིན་པས་དགག་དབྱེ་བྱེད་པ་ན་གླེང་པ་ལ་འཇུག་པ་ཉེས་པ་མེད་


DLL1002_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གླེང་པའི་ཚེ་མི་དྲན་ན་དྲན་པར་བྱའོ། །སྐབས་འབྱེད་པ་དེ་མི་བྱེད་ན། གླེང་བྱ་དེ་ལ་བརྗོད་པ་དང་བཅས་པ་ཉིད་བྱའོ། །ཇི་ལྟར་བྱ་ན། ཚེ་དང་ལྡན་པ་ཁྱོད་ལ་བརྗོད་པ་དང་བཅས་པ་ཉིད་བྱས་ཀྱི་ཁྱོད་ཀྱིས་གནས་འདི་ནས་ང་ལ་མ་ཞུས་པར་འགྲོ་བར་མི་བྱའོ། །ཁོ་བོ་ལ་ཚེ་དང་ལྡན་པ་ལ་བརྗོད་པའི་ཕྱིར་དུ་ངེས་པའི་བསྡོགས་པ་ཡོད་དོ། །ཞེས་བྱའོ། །བརྗོད་བཅས་བྱས་པ་དེས་དུལ་བར་མི་འགྱུར་ན་དེ་ལ་མི་བསྡམས་པ་ཉིད་དུ་བྱའོ། །དེར་མ་ཟད་དེ་ལ་གཏམ་འདྲེ་བ་དང་ཕེབས་པར་སྨྲ་བ་དང་སོ་སོར་ཀུན་དགའ་བའི་ཐ་སྙད་ཀྱི་ཚིག་སྦྱིན་པ་ལ་སོགས་པ་ཡང་བཟློག་པར་བྱའོ། །དེ་ལྟར་བྱས་ན་ཡང་སྐབས་མི་འབྱེད་ན། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་གསོ་སྦྱོང་གཞག་གོ །གསོ་སྦྱོང་བཞག་པ་དེས་ཀྱང་དུལ་བར་མི་འགྱུར་ཞིང་སྐབས་མི་འབྱེད་ན། གསོལ་བཞིའི་ལས་ཀྱིས་དགག་དབྱེ་གཞག་པར་བྱའོ། །དེ་གཉིས་ཀྱི་བཟོད་པའི་ཁྱད་པར་ཚིག་ཁོ་ནས་བཟོད་པར་འགྱུར་བར་མ་ཟད་འཇོག་པར་བྱེད་པའི་དགེ་སློང་དག་གིས་གསོ་སྦྱོང་དང་དགག་དབྱེ་བཞག་པ་དེ་དང་ལྷན་ཅིག་གསོ་སྦྱོང་དང་དགག་དབྱེ་བྱ་བ་ཡང་སྐབས་འདིར་བཟོད་པ་ཡིན་ནོ། །སྐབས་ཕྱེ་པ་ཉིད་ན་ལྟུང་བ་ཁས་མི་ལེན་པར་མཉན་པ་ཉིད་མིན་ན། དེ་ལ་ཕུར་པ་དང་བཅས་པ་བྱའོ། །ཇི་ལྟར་བྱ་ན། གནས་འདིའམ་གཞན་གྱི་གཙུག་ལག་ཁང་ངམ་ཤིང་དྲུང་ངམ་ཁྱིམ་དུའམ་གླེང་བའི་གཞི་འདིའམ་གཞི་གང་ཡང་རུང་བ་ལ་སུ་འདོད་པ་སྨྲ་བར་བྱའོ་ཞེས་བྱ་བ་དང༌། ལྟུང་བ་བཀལ་ཅིང་ཉེས་པ་བསྟན་ཏེ་བཏང་བས་སོ། །རྟ་རྨུ་རྒོད་ཕུར་པ་དང་བཅས་པ་དང་འདྲ་བར་དེ་ཡང་དྲི་མ་དང་བཅས་པར་བཏང་བ་ཡིན་པས་ཕུར་བཅས་ཞེས་བྱའོ། །བཞི་པ་ནི། ཕམ་པ་བཞི་གང་རུང་བྱུང་བའི་ཚུལ་ཁྲིམས་ཉམས་པ་དང༌། ལྟ་ངན་དྲུག་ཅུ་རྩ་གཉིས་གང་རུང་ལ་ཞེན་པའི་ལྟ་བ་ཉམས་པ་དང༌། ཆོ་ག་སྤྱོད་ལམ་ཉམས་པ་དང༌། འཚོ་བ་ཉམས་པས་


DLL1002_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གླེང་བ་ལ་སོགས་པ་དེ་དག་ཐམས་ཅད་བྱེད་པ་ན་མཐོང་ཐོས་དོགས་གསུམ་གྱི་གཞི་དང་བཅས་པ་ལ་འཆགས་ཀྱི། གཞི་མེད་པར་མི་འཆགས་སོ། །མཐོང་ཡང་ལེགས་པར་མ་མཐོང་ཐོས་ཀྱང་ལེགས་པར་མ་ཐོས། དོགས་ཀྱང་ལེགས་པར་མ་དོགས་པའི་གཞི་ལེགས་པ་མིན་པས་གླེང་བ་སོགས་མི་བྱའོ། །དེ་ཡང་མི་གསལ་བར་མཐོང་པ་ནི་ལེགས་པར་མ་མཐོང་བའོ། །མི་གསལ་བར་ཐོས་པ་ནི་ལེགས་པར་མ་ཐོས་པའོ། །སྙིང་ཐ་དད་ཅིང་དད་པ་ཞན་པའི་ཡོངས་སུ་རྟོག་པ་ནི་ལེགས་པར་མ་རྟོགས་པའོ། །མཐོང་ཐོས་དོགས་པའི་གཞི་འདི་ལ་དངོས་པོ་ལས་བདེན་པ་ཉིད་ཀྱི་རྒྱུ་མིན་གྱི། འདུ་ཤེས་རྒྱུ་ཡིན་ཏེ། དངོས་པོ་ལ་བདེན་ཡང་མཐོང་ཐོས་དོགས་གསུམ་གྱི་འདུ་ཤེས་མེད་ན། གཞི་མེད་པ་ཡིན་ལ། དངོས་པོ་ལ་མི་བདེན་ཡང་ལེགས་པར་མཐོང་བ་ལ་སོགས་པའི་འདུ་ཤེས་ཀྱིས་གླེང་ན་གཞི་བཅས་ཡིན་ནོ། །ཐོས་པའི་གཞི་ནི་རྣམ་པ་གསུམ་སྟེ། མི་ཚངས་པར་སྤྱོད་པ་དང༌། རེག་པ་ལ་སོགས་པ་དེ་ལ་སྒྲ་ཤུབ་ཤུབ་པོ་དང༌། ཁུ་ཚུར་གྱིས་བརྡེག་པ་ལ་སོགས་པ་བྱ་བའི་མཚན་མའི་སྒྲ་ཐོས་པ་དང༌། གཞན་ཕེབས་པར་སྨྲ་བ་ལས་ཆེ་གེ་མོས་འདི་དང་འདི་བྱས་སོ་ཞེས་ཐོས་པ་དང༌། གཞན་དག་ལོགས་ཤིག་ན་འདིས་ལྟུང་བ་འདི་བྱས་སོ་ཞེས་སྨྲ་བ་རང་གིས་རྗེས་སུ་ཐོས་པའོ། །ཐོས་ཀྱང་རང་ཡིད་མ་ཆེས་པ་ནི་གཞི་མིན་ནོ། །ཡོངས་སུ་སྦྱོང་པའི་གཞིའོ། །གཉིས་པ་ཞུ་བའི་སྐབས་ནས་འབྱུང་བ་ལ་གསུམ། གླེང་བྱེད་ཀྱི་སྤྲོས་པ། ཇི་ལྟར་གླེང་བའི་སྤྲོས་པ། གླེང་བྱ་གླེང་བྱེད་ཀྱི་སྤྲོས་པའོ། །དང་པོ་ནི། གླེང་བྱ་དེའི་ལྟུང་བ་ཤེས་པའི་དགེ་སློང་དུ་མ་ཉིད་ཡོད་པ་ཡིན་ན་དེ་ལ་གླེང་དྲན་དང་སྐབས་འབྱེད་དུ་གཞུག་པ་སོགས་ལ་སུ་འདོད་པས་འཇུག་པར་བྱའི། རྒན་རིམ་གྱིས་འཇུག་མི་དགོས་སོ། །གཉིས་པ་ནི། དགག་དབྱེའི་


DLL1002_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་དུས་མིན་པར་དགག་དབྱེ་དེ་གཞག་པར་མི་བྱའོ། །གསོ་སྦྱོང་གི་ལས་ཀྱི་དུས་མིན་པར་གསོ་སྦྱོང་དེ་གཞག་པར་མི་བྱའོ། །གསུམ་པ་ནི། དགག་དབྱེ་འཇོག་པར་བྱེད་པའི་ཚེའང་དགག་དབྱེ་བཞག་པ་བྱས་པའི་འོག་ཏུ་མཚན་གྱུར་རམ། དང་པོ་ནས་བུད་མེད་ཡིན་པ་ཉིད་ཀྱིས་གཞན་སྐྱེས་པའི་གསོ་སྦྱོང་དང་དགག་དབྱེ་བཞག་པ་ཉིད་བྱེད་པ་མ་བྱས་པ་ཉིད་ནི་བཞག་པ་མ་ཡིན་ཏེ། བུད་མེད་ནི་སྐྱེས་པའི་ལུས་ལ་དབང་མེད་པའི་ཕྱིར། སྨྱོན་པ་ལ་སོགས་པ་རང་བཞིན་ཉམས་པས་བཞག་པ་ཉིད་ཀྱང་བཞག་པ་མིན་ཏེ། བྱ་བ་དེ་ལ་རང་དབང་མེད་པའི་ཕྱིར། ཉམས་པའམ་དང་པོ་ནས་མ་ཐོབ་པས་ཚུལ་ཁྲིམས་མེད་པ་དང༌། ལྟ་བ་གཅིག་པ་མིན་པས་བཞག་ཀྱང་བཞག་པ་མ་ཡིན་ནོ། །རང་བཞིན་ཉམས་པ་དང་ཚུལ་ཁྲིམས་མེད་པ་དེ་གཉིས་ཀྱི་གསོ་སྦྱོང་དང་དགག་དབྱེ་གཞན་གྱིས་འཇོག་པ་ཡང་བཞག་པ་མ་ཡིན་ནོ། །གསོ་སྦྱོང་བཞག་པའི་གཞི་འདིའི་མིང་ཅིའི་ཕྱིར་ཡོངས་སུ་སྦྱོང་བའི་གཞི་ཞེས་གཞན་དུ་བྱས་ཤེ་ན། འདི་གསོ་སྦྱོང་བཞག་པ་འབའ་ཞིག་ཏུ་མ་ཟད། དགག་དབྱེ་བཞག་པ་དང༌། གདམས་ངག་བཞག་པ་དང༌། བརྗོད་བཅས་ཕུར་བཅས་སོགས་ཡོངས་སུ་སྦྱང་པར་བྱ་བ་ཐམས་ཅད་བསྡུས་པས་ཡོངས་སུ་སྦྱང་པའི་གཞི་ཞེས་མིང་གཞན་དུ་བྱས་སོ། །ཡོངས་སུ་སྦྱང་བའི་གཞི་ཞུ་བའི་སྐབས་སོ། །ཡོངས་སུ་སྦྱང་བའི་གཞི་རྫོགས་སོ།། །།གཉིས་པ་རྩོད་པ་ཕྱིར་བཅོས་པ་ལ་གསུམ། ལས་དང་འབྲེལ་བའི་རྩོད་པ་ཞི་བར་བྱ་བ། འཁོར་ལོའི་རྩོད་པ་ངོས་བཟུང་བ། དེ་ལས་གཞན་པའི་རྩོད་པ་ཞི་བར་བྱ་བའོ། །དང་པོ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་བཞི། མི་མཐུན་པའི་རྒྱུ་སྤང་བ། དངོས་པོ་བྱེད་པ་དང་བཅས་པ། ཆོས་འདི་པས་ཇི་ལྟར་བྱ་བ། ཞི་བྱེད་ཞར་བྱུང་དང་བཅས་པའོ། །དང་པོ་ནི། གང་


DLL1002_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གིས་དགེ་འདུན་ཐ་དད་པ་ཉིད་དུ་ནུས་པ། སྡེ་སྣོད་འཛིན་པ་འཁོར་དང་ཕྱོགས་མང་བ་ལྟ་བུ་ལ་དེ་མི་འདོད་པར་གླེང་བ་དང༌། དེས་ཚུར་གླེང་བར་བྱེད་པ་ན་མི་འདོད་ན་ལོག་སྟབས་མི་བྱ་སྟེ། དེས་དགེ་འདུན་འབྱེད་པར་འགྱུར་བ་སྤང་བའི་ཕྱིར་རོ། །ཆོས་གཞན་པ་དང་འདི་པ་འབྱིན་མཁན་གཉིས་ཀྱིས་རྩོད་པ་མ་ཞི་བར་དུ་ཇི་ལྟར་བྱ་བ་ནི། ངལ་གསོ་ཞིང་འདའ་བར་བྱེད་པའི་གནས་གང་ན་རང་དང་མི་མཐུན་པ་དགྲ་བོ་ཡོད་པ་དེ་དང་ལྷན་ཅིག་ཏུ་འདུག་པ་དང་འགྲེང་བར་མི་བྱ་སྟེ་འཐབ་ཀྲོལ་གྱི་སྐབས་བཅད་པའི་ཕྱིར་བཅའ་བ་འདི་མཛད་དོ། །གནས་དབེན་པ་སྔར་བསྟན་པ་དེ་ལས་གཞན་དུ་ནི་ལྷན་ཅིག་ཏུ་མི་འཁོད་དུ་མི་རུང་ན་དེ་དང་གོ་གཉིས་སམ་གསུམ་གྱི་བར་དུ་བཅད་དེ་འཁོད། མི་མཐུན་པ་དེས་ཀྱང་མི་མཐུན་པའི་ཡུལ་ཅིག་ཤོས་ལ་གོང་དུ་བསྟན་པའི་ཆོ་ག་དེ་བཞིན་བྱའོ། །མི་མཐུན་པ་དེ་གཉིས་ཀྱི་གཙུག་ལག་ཁང་བར་དུ་ཆོད་པ་གནས་ཁང་བསྐོ་བས་ཀྱང་སྦྱིན་པར་བྱ་བ་ཉིད་ཡིན་ལགས། རང་གིས་ཀྱང་མནོད་པར་བྱ་བ་ཉིད་དོ། །གཉིས་པ་ནི། སྟོང་བདག་མེད་སོགས་ལྟ་བས་བསྡུས་པའི་ཆོས་དང༌། བྱ་བ་དང་བྱ་བ་མིན་པ་སོགས་སྤྱོད་པས་བསྡུས་པའི་འདུལ་བ་ལ་གལ་ཏེ་འདོད་པ་མི་མཐུན་པ་དེ་དང་ལྡན་པར་ཤེས་ནས་ཆོས་མིན་པ་དང་འདུལ་བ་མིན་པ་ལ་མངོན་པར་ཞེན་པ་ལ་དགེ་འདུན་མཐུན་པ་མེད་དེ། ཆོས་དང་འདུལ་བའི་ཕྱིར་དགེ་འདུན་མཐུན་པ་ཡིན་གྱི། གཞན་གྱི་ཕྱིར་མཐུན་པ་མིན་པའི་ཕྱིར་རོ། །དེས་ན་ཟང་ཟིང་ལ་སོགས་པ་གཞན་གྱི་ཕྱིར་མི་མཐུན་པས་ནི་མི་མཐུན་པར་མི་འགྱུར་རོ། །རྣམ་པ་དེ་ལྟ་བུ་ལ་དགེ་འདུན་མཐུན་པ་མེད་པ་དེའི་ཕྱིར་ཆོས་མིན་པ་ལ་མངོན་པར་ཞེན་པ་དེ་དག་དང༌། དེ་ལས་གཞན་པ་ཆོས་ཕྱོགས་པ་དག་ཚོགས་ཏེ་ལས་བརྒྱ་རྩ་གཅིག་པོ་དག་བྱས་ན་ཡང་མི་


DLL1002_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འཆགས་ཏེ། མཐུན་པ་མེད་པ་དེའི་ཕྱིར་རོ། །མ་འཚོགས་པར་སོ་སོར་མཚམས་ནང་གཅིག་ཏུ་ལས་བྱས་ན་ཡང་ཕན་ཚུན་མ་འདུས་པས་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་ཏེ། དེའི་ཕྱིར་རོ། །གསུམ་པ་ནི། ཆོས་མིན་ལ་མངོན་པར་ཞེན་པ་དེ་དག་དེའི་མི་མཐུན་པའི་ཕྱོགས་ཆོས་ཕྱོགས་པ་དང་འཐབ་པར་འགྱུར་བ་ཉིད་ན། ཆོས་འདི་པ་དག་གིས་ཕྱག་མི་བྱ་བ་ཉིད་དོ། །དེ་དག་ལ་ཆོས་འདི་པ་དག་གིས་མཐོང་བ་ན་མངོན་དུ་ལྡང་བ་དང༌། འདིར་བཞུགས་ཞེས་སྟན་ལ་འཁོད་པ་དང༌། ཚིག་ལན་སོགས་སྦྱིན་པའི་གཏམ་འདྲེ་བ་དང༌། ཡིད་གཅུགས་པའི་གཏམ་བྱ་བ་ཕེབས་པར་སྨྲ་བ་དང༌། གཏམ་དྲི་བ་སོགས་ཀུན་དགའ་བ་དང༌། མིག་གིས་རྒྱུན་དུ་རྣམ་པར་བལྟ་བ་དང༌། རྒྱུན་ལྡན་མིན་པ་ཅུང་ཟད་བལྟ་བ་དག་ཀྱང་མི་བྱ་སྟེ། ཆོས་མ་ཡིན་པ་ལ་མངོན་པར་ཞེན་པ་སྤངས་པའི་ཕྱིར་རོ། །ཆོས་མིན་པ་ལ་མངོན་པར་ཞེན་པ་དེ་དག་ཉེ་བར་འོང་ན། ལག་པའི་ཐ་སྙད་ཀྱིས་གནས་མལ་ངན་པ་རྗེས་སུ་སྦྱིན་ནོ། གཞུང་ཁ་ཅིག་ལས་ནི། དེ་དག་གིས་འདི་ཙམ་ཞིག་ཐོབ་བོ་ཞེས་པའི་ཚིག་གིས་དེ་དག་གིས་ཐོས་པ་དང་བཅས་པར་གང་ཟག་གཞན་ལ་བརྟེན་ནས་གནས་མལ་ངན་པ་སྦྱིན་ནོ། །དེ་དག་ལ་གཙུག་ལག་ཁང་མཇུག་ཏུ་སྦྱིན་ནོ། །ངན་པ་དང་ཐ་མར་བྱིན་པའི་ཚེ་ཁོ་བོ་ཅག་བསླབ་པ་རྒན་པས་ཅི་ཕྱིར་གནས་མལ་ངན་པ་སྦྱིན་ཞེ་ན། ཁྱེད་ཀྱང་བདག་ཅག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ཡིན་སྙམ་དུ་བདག་ཉིད་ཁས་འཆེའམ། གསོ་སྦྱོང་དང་དགག་དབྱེ་ཉམས་པ་ལ་སོགས་པའི་ཁྱེད་ཅག་གི་སྤྱོད་ཚུལ་འདི་ལྟ་བུ་དང༌། དེ་ལ་བརྟེན་ནས་སྟོན་པ་ཡུལ་གཞན་དུ་གཤེགས་པ་ལ་སོགས་པའི་གཏམ་འདི་ལྟ་བུ་ལ་གནས་མལ་ངན་པ་མཇུག་ཏུ་


DLL1002_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པ་འདི་ཡང་མི་འཐོབ་པ་ཡིན་ན། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་དང་ལྡན་པས་དེས་ན་གནས་མལ་ངན་པ་མཇུག་ཏུ་སྦྱིན་པ་འདི་རྗེས་སུ་གནང་ངོ་ཞེས་དེ་དག་ལ་དངོས་སུ་མི་སྨྲ་བར་གཞན་ལ་བརྟེན་ནས་ལན་གདབ་པར་བྱའོ། །འཐབ་ཀྲོལ་བྱེད་པ་དེ་དག་ལ་དགེ་སློང་མས་སྟན་ལས་ལྡང་བ་དབྲི་བར་མི་བྱའོ། །འཐབ་ཀྲོལ་བྱེད་པ་དེ་དག་ལ་དགེ་བསྙེན་གྱིས་བསོད་སྙོམས་དབུལ་བར་བྱའོ། །བཞི་པ་ནི། འདི་རང་བཞིན་གནས་པར་འགྱུར་བའི་ཁྱད་པར་བསྟན་པའི་ཕྱིར་དེ་དག་གིས་དགེ་འདུན་ལ་བཟོད་པ་གསོལ། དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་བཟོད་པ་བྱས་པ་དེ་དག་ལ་རང་གིས་དགེ་འདུན་ལ་མཐུན་པ་གསོལ་ཏེ། དགེ་འདུན་གྱིས་མཐུན་པ་སྦྱིན་པ་འཐོབ་པ་མེད་པར་དགེ་འདུན་དང་མཐུན་པ་མི་འབྱུང་ངོ༌། །མཐུན་པ་ཐོབ་ཏུ་ཟིན་ཀྱང་དགེ་འདུན་ལ་མཐུན་པའི་གསོ་སྦྱོང་གསོལ་ཞིང་མཐུན་པའི་གསོ་སྦྱོང་འཐོབ་པ་མེད་པར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་གཉིས་ཀྱི་འོས་སུ་གྱུར་པའི་རང་བཞིན་དུ་གནས་པ་ཉིད་མི་འཐོབ་བོ། །མཐུན་པའི་གསོ་སྦྱོང་དེ་དགེ་འདུན་གྱིས་བྱིན་ནས་བྱའོ། །བྱིན་པ་དེ་ནི་དེ་དག་གིས་གསོལ་ནས་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །སྔ་མ་མཐུན་པ་སྦྱིན་པ་ཡང་དེ་དག་གིས་གསོལ་ནས་གསོལ་བཞིའི་ལས་ཀྱིས་སྦྱིན་ནོ། །ཞར་བྱུང་ནི། བཅུ་བཞི་པ་དང་བཅོ་ལྔ་པ་གཉིས་སུ་མ་ཟད་བྱེ་བ་རྣམས་མཐུན་པ་བསྒྲུབ་པའི་ཕྱིར་དུ་མཐུན་པའི་གསོ་སྦྱོང་དང༌། ཆོས་དང་འདུལ་བའི་སྐབས་སུ་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པའི་དོན་སྒྲོ་འདོགས་པ་དང༌། དགེ་འདུན་བདེ་བའི་སྐབས་སུ་ཡམས་ནད་དང་སེར་བ་དང་ཆོམ་རྐུན་དང་དམག་ལ་སོགས་པ་བཀྲ་མི་ཤིས་པ་འབྱུང་བ་མཐོང་ན། བཀྲ་ཤིས་ཀྱི་གསོ་སྦྱོང་དང་རིམས་ཉིན་བཞི་པ་ལ་སོགས་གནོད་པ་བྱུང་བ་ན། དེ་ཞི་བའི་དོན་དུ་གསོ་སྦྱོང་བྱ་རུང་ངོ༌། །ཡངས་པ་ཅན་དུ་སྡུད་པར་བྱེད་པས་གསོ་སྦྱོང་བྱས་པ་ནི། མི་རུང་བའི་གཞི་བཅུ་


DLL1002_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དེ་དག་ཞི་བའི་ཕྱིར་དུ་བཀྲ་ཤིས་ཀྱི་གསོ་སྦྱོང་བྱས་པ་ཡིན་ནོ། །མི་རུང་བའི་གཞི་བཅུ་ནི། ཧུ་ལུ་ཧུ་ལུ་ཡི་རང་དང༌། །ཀུན་སྤྱད་སྣོད་དང་ལན་ཚྭ་དང༌། །ལམ་དང་སོར་གཉིས་དཀྲུག་དང་གདིང༌། །གསེར་གྱི་རུང་བ་བྱ་བ་ནི། །མི་རུང་བ་ཡི་གཞི་བཅུ་ཡིན། །མཐུན་པའི་གསོ་སྦྱོང་ལ་སོགས་པ་གང་གི་ཚེ་བྱ་ཞེ་ན། གསོ་སྦྱོང་གསུམ་པོ་འདི་ལ་བཅུ་བཞི་འམ་བཅོ་ལྔའི་དུས་སུ་བྱ་དགོས་པར་མ་ངེས་ཀྱི་མཐུན་པ་ལ་སོགས་པ་ནམ་བསྒྲུབ་པའི་དུས་དེ་ཁོ་ནའི་རྒྱུ་ཉིད་དུ་བྱའོ། །ལས་བྱེ་བའི་གཞིའོ། །གཉིས་པ་ཞུ་བ་དང་བྲམ་ཟེའི་བུ་མོའི་སྐབས་ནས་འབྱུང་བ་ལ་གསུམ། མི་མཐུན་པ་དངོས་བྱེད་པ་དང་བཅས་པ། གཟུ་བོ་རྣམས་ཀྱི་བསླབ་བྱ། ཞར་ལ་དབྱར་རྙེད་གང་དབང་མི་དབང་བསྟན་པའོ། །དང་པོ་ནི། ལས་བྱེ་བའི་ངོ་བོ་ཇི་ལྟ་བུ་ཞེ་ན། ཆོས་མིན་པ་སྨྲ་བ་དག་གིས་ཆོས་ཕྱོགས་པ་བདག་ཅག་གི་ནང་དུ་ཞུགས་པས་ཅི་བྱ་སྙམ་དུ་དབྱེ་བའི་སེམས་ཀྱིས་མཚམས་ནང་དུ་གསོ་སྦྱོང་ལ་སོགས་པའི་ལས་ཐ་དད་པར་བྱས་ན་ལས་དེ་བྱེ་བ་ཡིན་ནོ། །ཆོས་སྨྲ་བ་དག་གིས་མཚམས་ནང་དུ་ཆོས་མིན་ལས་ཐ་དད་པར་ལས་བྱས་པས་ནི་ལས་བྱེ་བར་མི་འགྱུར་ཏེ། དེ་དག་གིས་ལས་དེ་ཆོས་ལས་མ་གཡོས་པ་ཁོ་ནར་བྱེད་པའི་ཕྱིར་རོ། །ལས་བྱེ་བ་འདི་ལ་ཕྱོགས་སོ་སོའི་རང་གི་ལས་ཐ་དད་པར་བྱས་པ་ནི་ཐ་དད་པར་འཆགས་སོ། །རང་གི་ཕྱོགས་དང་མཐུན་པ་མིན་པ་ལ་ནི་བསྡིགས་པ་ལ་སོགས་པའི་ལས་བྱེད་པ་མི་འཆགས་སོ། །དགེ་འདུན་གྱི་མཚམས་བཅད་པའི་ལས་ལ་སོགས་པ་ནི་ཆོས་སྨྲ་བས་བྱས་པ་ན་བྱས་པ་ཉིད་ཡིན་གྱི། ཆོས་མ་ཡིན་པས་བྱས་པ་ནི་བྱས་པར་མི་འགྱུར་རོ། །གཉིས་པ་ནི། ལས་བྱ་བ་འདི་ལ་གལ་ཏེ་གཟུ་བོ་མཚན་ཉིད་པ་ཡོད་ན་དེ་དག་གིས་དགེ་སློང་མ་རྣམས་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཡིན་ནོ། །གཟུ་བོ་


DLL1002_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ན་ཆོས་སྨྲ་བས་བསྟན་པར་བྱའོ། །གཟུ་བོ་དེ་དག་གི་ལས་ནི་ཆོས་ཀྱི་ཕྱོགས་དང་མཐུན་པ་དག་གིས་མ་འདུས་ན་མི་མཐུན་པ་ཉིད་དུ་འགྱུར་ཏེ། དེ་དག་དགེ་འདུན་གྱི་ཁོངས་སུ་གཏོགས་པ་དང༌། དགེ་འདུན་ལས་ཐ་མི་དད་པའི་ཕྱིར། ཆོས་མིན་པས་མ་འདུས་པས་མི་མཐུན་པར་མི་འགྱུར་ཏེ། རྟགས་ལྡོག་གོ །དེས་ན་གཟུ་བོའི་དགེ་སློང་དག་གིས། ལས་ལ་ཆོས་སྨྲ་བ་དང་མི་མཐུན་པ་ཉིད་སྤང་བར་བྱ་ཞིང་དེ་དག་དང་ལྷག་ཅིག་གི་ལས་བྱས་ན་ཡང་འཆགས་ལ། ཆོས་མ་ཡིན་པ་དང་དེ་ལྟ་མ་ཡིན་ནོ། །གཟུ་བོ་རྣམས་ཕྱོགས་གཉིས་པོ་གང་རུང་གི་རྗེས་སུ་མཐུན་པར་ཞུགས་ན་གཟུ་བོ་དེ་ཉིད་ཉམས་པས་གཟུ་བོར་མི་རུང་ངོ༌། །གཟུ་བོ་ཉམས་པ་དེ་མི་བྱ་སྟེ། ཆོས་ཕྱོགས་ཁས་བླངས་ཀྱང་ཉེས་བྱས་སུ་འགྱུར་བའི་ཕྱིར། ལུང་དུ། དགེ་འདུན་བྱེ་བར་རྣམ་པར་གནས་པ་ན་གཟུ་བོ་རྣམས་ཀྱིས་ཇི་ལྟར་བསྒྲུབ་པར་བགྱི། ཕྱོགས་ཅིག་ཤོས་སུ་རང་འགྲོ་བར་མི་བྱ། མངག་པ་གཏང་བར་ཡང་མི་བྱ་ཞིང་ཕྱོགས་གཉིས་པར་ཡང་རང་འགྲོ་བར་ཡང་མི་བྱ་མངག་པ་གཏང་བར་ཡང་མི་བྱ་བར་ལུས་ཀྱིས་ཀྱང་བསྡམ་པར་བྱ། ངག་གིས་ཀྱང་བསྡམ་པར་བྱ་ཞིང་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་གསོ་སྦྱོང་བྱའོ། །ཞེས་སོ། །ལས་དང་འཁོར་ལོ་མ་བྱེ་བའི་དགེ་སློང་མའི་དགེ་འདུན་དེ་ལས་དང་འཁོར་ལོ་བྱེ་བའི་དགེ་སློང་གི་དགེ་འདུན་ཕྱོགས་དང་གཞན་གྱི་ཕྱོགས་ཀྱི་འགབ་ན་རྣམ་པར་གནས་པ་ལ་དེ་དག་བྱེ་བར་མི་འགྱུར་བར་བྱ་བའི་ཕྱིར་བསྡམས་ཤིང་རྗེས་སུ་བསྟན་པར་བྱ་བ་ཉིད་ཡིན་ནོ། །འདི་ནི་དེ་མི་བྱའོ་ཞེས་པས་ཕྱོགས་གང་རུང་ལ་བརྟེན་པ་ལ་བསྡམས་པ་མི་རུང་ངམ་སྙམ་པའི་དོགས་པ་བསལ་བའོ། །དགེ་སློང་མའི་དགེ་འདུན་ལས་དང་འཁོར་ལོ་བྱེ་བ་ལ་ནི་བསྡམ་པར་བྱ་བ་དེ་ལྟ་མིན་ནོ། །དགེ་སློང་མ་ཕྱོགས་དང་གཞན་གྱི་


DLL1002_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་གནས་པ་དག་གདམས་ངག་གསོལ་པ་ན་སྲིང་མོ་དག་དང་པོར་མཐུན་པར་གྱིས་ཤིག་ཅེས་མཐུན་པ་ཉིད་ལ་ངེས་པར་སྦྱར་བར་བྱ་བ་ཉིད་དོ། །གསུམ་པ་ནི། དགེ་འདུན་བྱེ་བ་ན་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་ནི་ཆོས་སྨྲ་བ་དག་དབང་པ་ཉིད་དོ། །ཕྱོགས་གཉིས་ཀ་འདུས་པ་ལ། བྱེ་བྲག་ཏུ་མ་བྱས་པར་བགོ་བཤའ་བྱ་བ་ཆོས་གོས་ལ་སོགས་པ་དགེ་འདུན་ཙམ་ལ་ཕུལ་བ་ཡང་ཆོས་སྨྲ་བ་དབང་གི་ཆོས་མ་ཡིན་པ་མི་དབང་ངོ༌། །ཐམས་ཅད་དུ་དེ་ལྟར་ངེས་སམ་ཞེ་ན། རྙེད་པ་དབང་བ་དེ་ལ་གལ་ཏེ་ཆོས་སྨྲ་བ་དགེ་འདུན་གྱི་ཚད་ཉིད་དུ་ལོངས་པ་ཡིན་ན། དེ་དག་རྙེད་པ་དབང་ལ། གལ་ཏེ་ཆོས་སྨྲ་བ་དགེ་འདུན་ལས་ཉུང་བ་ཉིད་ཡིན་ལ། ཅིག་ཤོས་ཆོས་མ་ཡིན་སྨྲ་བ་དགེ་འདུན་དེ་ཉིད་ཡིན་ན་གང་ཟག་གང་གི་པང་པར་ཕུལ་བའི་ཕྱོགས་དེ་དབང་ངོ༌། །གལ་ཏེ་ཕྱོགས་གཉིས་ཀའི་པང་བ་ལ་སོགས་པར་ཕུལ་ན་གཉིས་ཀ་དབང་ངོ༌། །དེ་ཕྱོགས་གཉིས་ཀས་ཇི་ལྟར་བགོ་ཞེ་ན། ཕྱོགས་གཉིས་ཀ་དབང་བ་དེ་ལ། གཉིས་ཀའི་གང་ཟག་ལས་སྐལ་པའི་ཆ་ཉིད་བགོ་བ་ཡིན་གྱི། དགེ་འདུན་ལས་ཕྱེད་ཕྱེད་དུ་བགོ་བ་ནི་མ་ཡིན་ནོ། །ལས་བྱེ་བའི་གཞི་ཞུ་བ་དང་བྲམ་ཟེའི་བུ་མོ་ཉེ་བར་འཁོར་གྱི་སྐབས་རྫོགས་སོ། །ལས་བྱེ་བའི་གཞི་རྫོགས་སོ།། །།གཉིས་པ་འཁོར་ལོའི་རྩོད་པ་ངོས་གཟུང་བ་ལ་གསུམ། སྦྱོར་བའི་མཚན་ཉིད། གཞིའི་སེལ་བ། བསམ་པའི་མཚན་ཉིད་དོ། །དང་པོ་ནི། དགེ་འདུན་གྱི་དབྱེན་ནི་རྒྱུ་གཉིས་ལས་འབྱུང་སྟེ། ཆོས་ཐར་པའི་ལམ་ལས་ཐ་དད་པའི་དངོས་པོར་གསོལ་བས་འབྱེད་པ་དང༌། ཇི་སྐད་བཤད་པའི་དོན་དེས་ཚུལ་ཤིང་ལེན་དུ་འཇུག་པས་འབྱེད་པའོ། །གསོལ་བས་འབྱེད་པ་ནི། ཚེ་དང་ལྡན་པ་དག །དགེ་སྦྱོང་གོའུ་ཏམ་ནི་ཤ་ཟ་སྟེ། བདག་ཅག་གིས་ཤ་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་


DLL1002_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ཆགས་ལ་གནོད་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ནི་འོ་མ་འཐུང་སྟེ། བདག་ཅག་གིས་བཏུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་བེའུ་ལ་གནོད་པའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ནི་ལན་ཚྭ་ཟ་སྟེ། བདག་ཅག་གིས་བཟའ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཁུ་བ་ལས་གྱུར་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ནི་གོས་དྲས་པ་གྱོན་ཏེ། བདག་ཅག་གིས་བགོ་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཆུད་ཟོས་པར་འགྱུར་བའི་ཕྱིར་རོ། །དགེ་སྦྱོང་གོའུ་ཏ་མ་ནི་དགོན་པ་ན་གནས་པར་བྱེད་དེ། བདག་ཅག་གིས་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་དད་པས་སྦྱིན་པར་བྱ་བ་ཡོངས་སུ་མ་སྤྱད་པར་འགྱུར་བའི་ཕྱིར་རོ། །ཚེ་དང་ལྡན་པ་དག་ཁྱེད་ཅག་ལས་གང་བརྟུལ་ཞུགས་ཀྱི་གནས་ལྔ་པོ་འདི་དག་གིས་དག་པ་དང་གྲོལ་བ་དང༌། ངེས་པར་འབྱུང་བར་འདོད་པ་དང༌། བཟོད་པ་དང་ལེགས་པར་འཛིན་པ་དེས་དགེ་སྦྱོང་གོའུ་ཏ་མ་ལས་རིང་དུ་གྱིས་ཤིག །སོ་སོར་གྱིས་ཤིག །ཐ་དད་དུ་གྱིས་ཤིག །རྒྱང་སྲིངས་ཤིག །ཐག་སྲིངས་ཤིག །ལོགས་ཤིག་ན་འདུག་ཅིག་ཅེས་ཟེར་བའོ། །གཉིས་པ་ནི། གང་དབྱེ་བར་བྱ་བ་ཆོས་མིན་པ་དག་དགེ་འདུན་གྱི་ཚད་ཉིད་དུ་ལོངས་པ་མ་ཡིན་པ་དང༌། མཚམས་ནང་ན་གང་ལས་དབྱེ་བར་བྱ་བ་གཞན་ཆོས་ཕྱོགས་པ་བཞི་ཡན་ཆད་དགེ་འདུན་གྱི་ཚད་ཀྱང་མེད་པ་ཉིད་ཡིན་ན། འབྱེད་པར་བྱེད་པས་དགེ་འདུན་འབྱེད་པ་དེ་མི་འཆགས་སོ། །འབྱེད་པ་པོ་ཉིད་ཀྱིས་ཆོས་མ་ཡིན་པའི་ཕྱོགས་ཀྱིས་དགེ་འདུན་གྱི་ཁ་བསྐང་དུ་ཡང་མི་རུང་ངོ༌། །གསུམ་པ་ནི། ཀུན་སློང་གང་ཡང་རུང་བས་འབྱེད་པ་ཐམས་ཅད་ལ་མཚམས་མེད་པར་འགྱུར་རམ་ཞེ་ན། ཐར་ལམ་ཡང་དག་པ་ཉིད་ཀྱི་ཆོས་དང༌། བསླབ་ཚིགས་ལྔ་ལྟ་བུའི་ཆོས་མ་ཡིན་པ་གཉིས་ཀ་རིམ་བཞིན་ཆོས་དང་ཆོས་མ་ཡིན་པ་དེ་བཞིན་ཉིད་དུ་


DLL1002_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ནས་དགེ་འདུན་འབྱེད་པ་མཚམས་མེད་པར་འགྱུར་གྱི། ཕྱིན་ཅི་ལོག་ཏུ་འདུ་ཤེས་པ་ལ་མཚམས་མེད་པར་མི་འགྱུར་རོ། །དེ་ལ་བསམ་པས་ལོག་པར་བསྒྲུབ་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མཚམས་མེད་པ་ཞེས་བྱ་ཞེ་ན། ཚེ་རབས་གཞན་གྱི་ལས་དག་གིས་འདི་རྣམ་པར་སྨིན་པར་འགྱུར་བའི་བར་ཆད་མི་ནུས་བས་ན་མཚམས་མེད་པའམ་ཡང་ན་དེ་བྱེད་པའི་གང་ཟག་འདི་ནས་ཤི་འཕོས་པ་ན་དམྱལ་བར་སྐྱེ་བ་ལ་བར་ཆད་མེད་པའི་ཕྱིར་རོ། །ཕུང་པོའི་ལྷག་མ་མེད་པ་ཆུད་ཟ་བ་དེ་ལས་བཟློག་ཅིང་དབྱེན་བྱེད་པ་འགྲོ་བ་རྣམས་ཐར་པ་ལས་བཟློག་པ་གང་ཡིན་པ་དེ་ནི་འདོད་ཁམས་དབང་ཕྱུག་ལ་ཕན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པས་དབྱེན་ལ་ཆོས་སུ་འདུ་ཤེས་པས་ཀྱང་དབྱེན་བྱེད་ན་མཚམས་མེད་པར་འགྱུར་ཏེ། ཆོས་དང་ཆོས་མིན་པ་གཉིས་ཀ་དེ་བཞིན་ཉིད་དུ་ཤེས་ནས་འབྱེད་པའི་ཕྱིར་རོ། །ཡིད་གཉིས་ནི་འདུ་ཤེས་དང་འདྲ་བས་འདི་ལ་ཡིད་གཉིས་ཟ་ནས་འབྱེད་ན་ཡང་མཚམས་མེད་དུ་འགྱུར་རོ། །འཁོར་ལོ་བྱེ་བའི་གཞིའོ། །གསུམ་པ་དེ་ལས་གཞན་པའི་རྩོད་པ་ཞི་བར་བྱ་བ་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གསུམ། འཁྲུག་ལོང་གི་རྒྱུ། ཞི་བྱེད་ཀྱི་ཆོས། དེ་དང་འབྲེལ་བའི་བསླབ་བྱའོ། །དང་པོ་ནི། སེམས་ཁོངས་ནས་འཁྲུག་ཅིང་ལུས་ངག་རྩུབ་ལོང་དུ་བྱེད་པ་ནི་རྩོད་པ་ཡིན་ལ་དེའི་རྒྱུ་བཞི་སྟེ། ཆོས་ཡིན་མིན་དང་རྟག་མི་རྟག་སོགས་དངོས་པོའི་དེ་བཞིན་ཉིད་དམ་གནས་ལུགས་ལ་ལོག་པར་བསྒྲུབ་པ་དང༌། གདམས་ངག་ལ་སོགས་པ་འཇོག་པས་གཞན་སྤོང་པ་དང༌། ལྟུང་བ་སྡེ་ལྔ་དང་བཅས་པ་ཉིད་ལ་བྱས་མ་བྱས་དང་ལུས་ཀྱི་ལྟུང་བ་ཡིན་གྱི། ངག་དང་སེམས་ཀྱི་མ་ཡིན་པ་སོགས་དང༌། གསོལ་བ་ལ་སོགས་པའི་ལས་ལ་མཐུན་པ་མི་སྦྱིན་པའོ། །དེ་བཞི་ལས་རིམ་པ་བཞིན། འགྱེད་ཕྱིར་རྩོད་པ་དང༌། མི་བསྡམས་ཕྱིར་རྩོད་པ་དང༌།


DLL1002_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་ཕྱིར་རྩོད་པ་དང༌། བྱ་ཕྱིར་རྩོད་པ་རྣམས་འབྱུང་ངོ༌། །གཉིས་པ་ཞི་བྱེད་ཀྱི་ཆོས་ལ་གཉིས་ལས། མདོར་བསྟན་ནི། རྩོད་པ་དེ་དག་ཇི་ལྟར་ཞི་བར་བྱ་ཞེ་ན། ཞི་བྱེད་སྡོམས་ཀྱིས་བསྡུས་པ་ནི། །མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླང་བར་ཡང་བྱ་བའོ། །ཞེས་པ་བདུན་ཡིན་ལ། དེ་དག་དབྱེ་ན། འགྱེད་ཕྱིར་རྩོད་པ་ཞི་བྱེད་ལ་མངོན་སུམ་བརྒྱད་དང་གང་མང༌། སྤོང་བའི་དང་པོ་དེ་དང་འདྲ་ལ། རྒྱུ་མེད་ལ་དྲན་པ་གསུམ། མ་མྱོས་པ། ལྟུང་ཕྱིར་གྱི་ངོ་བོ་ཤེས་པ་གསུམ་ལ་རིམ་བཞིན། ཁས་བླངས་མངོན་སུམ་བརྒྱད་རྩྭ་བཀྲམ་མོ། །ངོ་མི་ཤེས་པ་ལ་ངེས་སྦྱོར་གསུམ་སྟེ་སོ་གསུམ་མོ། །མཐུན་པ་སྦྱིན་དུ་གཞུག་པ་ནི་སྔ་མ་རྣམས་ཀྱི་འབྲས་བུ་དང༌། རང་གི་ངང་གིས་ཞི་བ་དག་ཅི་རིགས་པར་བསྒྲུབ་པར་བྱ་བ་དང༌། བསྒྲུབ་པར་མི་ནུས་པས་མ་བཤད་དོ། །རྒྱུ་བཞི་པོ་དེས་བསྐྱེད་པའི་འཁྲུག་ལོང་དེ་དག་ཇི་ལྟར་ཞི་བར་འགྱུར་ཞེ་ན། རྒྱུ་དང་པོ་དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་བསྒྲུབ་པ་ལས་བྱུང་བ་འགྱེད་ཕྱིར་རྩོད་པ་ནི། རྒོལ་ཕྱིར་རྒོལ་རྩོད་གཞིའི་དངོས་པོ་ལ་རྒྱུད་མཐའ་གཅིག་ཏུ་ངེས་པར་བྱ་བས་ཉེ་བར་ཞི་བར་འགྱུར་ཏེ། རྩོད་པ་དེ་ཐེ་ཚོམ་ལས་བྱུང་བའི་འཁྲུག་ལོང་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཐེ་ཚོམ་ནི་ངེས་ཤེས་བསྐྱེད་པས་བཟློག་པའི་ཕྱིར་རོ། །རྒྱུ་གཉིས་པ་སྤོང་བ་ལས་བྱུང་བ་མི་བསྡམས་ཕྱིར་རྩོད་པ་ནི། གཞི་བཅས་དང་གཞི་མེད་གཉིས་ལས། དང་པོ་ནི། མངོན་སུམ་དང་གང་མང་གིས་རྒྱུད་གཅིག་ཏུ་བྱ་བ་འདི་དང༌། གཉིས་པ་ལ་དྲན་པ་དང་མ་མྱོས་པས་འདུལ་བའི་དག་པ་སྦྱིན་པས་ཉེ་བར་ཞི་བར་འགྱུར་ཏེ། སྤང་བར་འོས་པ་ཉིད་ངེས་པར་གྱུར་པའི་ཕྱིར་དང༌། སྤང་བའི་རྒྱུ་མེད་ན་དག་པར་གནས་པའི་ཕྱིར་རོ། །རྒྱུ་གསུམ་པ་ལྟུང་བ་དང་བཅས་པ་ཉིད་ལས་བྱུང་བ་ལྟུང་ཕྱིར་རྩོད་པ་ནི་གཉིས་ལས། ཉེས་པའི་


DLL1002_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོ་བོ་རྣམ་པར་ཤེས་པ་བཤགས་པས་ཕྱིར་བཅོས་པ་དང༌། ངོ་བོ་མི་ཤེས་པ་ནི་ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ཞི་བར་འགྱུར་རོ། །རྒྱུ་ཐ་མ་ལས་ལ་མཐུན་པ་མི་སྟེར་བ་ལས་བྱུང་བའི་བྱ་ཕྱིར་རྩོད་པ་ནི་ཞི་བྱེད་གཞན་གྱིས་རྒྱུ་ཞི་བར་བྱས་ནས་ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཞི་བར་འགྱུར་རོ། །ཞི་བྱེད་དེ་དག་གིས་ཉེ་བར་མ་ཞི་ན་དེ་གཉིས་ཀའམ་གང་གིས་མ་བཏང་བ་དེ་གནས་ནས་དབྱུང་བའམ་ནན་ཏུར་གཞན་བྱས་ལ་དེས་ཀྱང་མ་ཞི་ན་གནས་ནས་དབྱུང་ངོ༌། །གཉིས་པ་རྒྱས་བཤད་ལ་གསུམ། འགྱེད་ཕྱིར་རྩོད་པ་ཞི་བྱེད། སྤོང་ཕྱིར་རྩོད་པ་ཞི་བྱེད། ལྟུང་ཕྱིར་རྩོད་པ་ཞི་བྱེད་དོ། །དང་པོ་ལ་གཉིས། མངོན་སུམ་གྱིས་ཞི་བར་བྱ་བ་དང༌། གང་མང་གིས་ཞི་བར་བྱ་བའོ། །དང་པོ་ནི། དངོས་པོའི་དེ་བཞིན་ཉིད་ལ་འགྱེད་ཕྱིར་རྩོད་པའི་རྒོལ་ཕྱིར་རྒོལ་གཉིས་རང་གིས་རྩོད་པ་དེ་ཞི་བར་མི་ནུས་ན་ཚོགས་པར་དབྱུང་བ་འདུས་པར་འཆར་ཕོད་པ་དག་གིས་རྒྱུད་གཅིག་པའི་དོན་དེ་ལེགས་པར་བསྒྲུབ་བོ། །ཚོགས་པར་དབྱུང་པ་ཇི་ལྟ་བུས་ཤེ་ན། དགེ་སློང་དག་གིས་སོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འདྲང་པའམ་མོས་པ་དག་གིས་སོ། །སུ་འདྲང་བ་དག་གིས་ཤེ་ན། འགྱེད་པ་དེ་གཉིས་སོ། །ཇི་སྙེད་དག་གིས་ཤེ་ན། དགེ་སློང་གཅིག་ཡན་ཆད་དུ་མས་ཀྱང་རུང་ངོ༌། །གཅིག་གམ་དུ་མ་ཇི་ལྟ་བུ་ལ་དེ་གཉིས་ཀྱིས་འདྲང་བར་བྱ་ཞེ་ན། ཕྱོགས་གཉིས་ཀའི་དབུས་ན་གནས་པའི་གཟུ་བོ་དག་ལ་འདྲང་བར་བྱའོ། །དགེ་འདུན་གྱིས་གཟུ་བོ་དེ་དག་རྩོད་པ་བྱུང་ངོ་ཅོག་ཞི་བའི་ཕྱིར་དུ་གཏན་དུ་བསྐོའོ། །རྩོད་པ་གཅིག་གི་ཕྱིར་འཕྲལ་ལ་བསྐོ་བ་ནི་མིན་ནོ། །གཟུ་བོ་བསྐོ་བའི་སྐབས་འདིར་འཐབ་མོ་མི་སྐྱེད་པ་བསྐོ་བར་བྱའོ། །མ་མོ་ལས། དགེ་སློང་ཆོས་ཉི་ཤུ་རྩ་གཉིས་དང་ལྡན་པ་བཙལ་བར་བྱ་སྟེ། ཉི་ཤུ་རྩ་གཉིས་གང་ཞེ་ན། ཅི་ཚེ་དང་ལྡན་པ་དེ་ཚུལ་ཁྲིམས་དང་ལྡན་ཞིང་། དང་པོ་ནས་ཕུན་སུམ་ཚོགས་པ་དང༌།


DLL1002_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ངོ་ཚ་ཤེས་ཤིང་འགྱོད་པ་དང་ལྡན་ལ་བསྡམས་པ་དང༌། བསླབ་པ་འདོད་པ་དང༌། འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་ཤིང་ཐོས་པ་འཛིན་ལ་ཐོས་པ་བསགས་པ་དང༌། ལུང་ཐོན་པ་དང༌། རྩོད་པ་ལ་མཁས་པ་དང༌། རྩོད་པ་ཀུན་ནས་སློང་བ་ལ་མཁས་པ་དང༌། རྩོད་པའི་བྱེ་བྲག་ལ་མཁས་པ་དང༌། རྩོད་པ་འགོག་པ་ལ་མཁས་པ་དང༌། རྩོད་པ་འགགས་ནས་ཕྱིས་མི་འབྱུང་བ་ལ་མཁས་པ་དང༌། བསྟན་བཅོས་ལ་མཁས་པ་དང༌། གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་མེད་པར་སྨྲ་བ་དང༌། ཉེས་རྩོམ་བྱེད་དུ་མི་འཇུག་པ་དང༌། ལུས་དང་ངག་གིས་མི་འཇུག་པ་དང༌། སྨྲ་བར་བྱེད་ཅིང་སྨྲས་པ་བརྡ་ཕྲད་པར་བྱེད་པ་དང༌། གོ་བར་བྱེད་ཅིང་བསྒོ་བ་བརྡ་ཕྲད་པར་བྱེད་པ་དང༌། རྣམ་པར་རིག་པར་བྱེད་ཅིང་རྣམ་པར་རིག་པར་བྱས་པ་བརྡ་ཕྲད་པར་བྱེད་པ་དང༌། ངེས་པར་རྟོགས་པར་བྱེད་ཅིང་བརྟགས་པར་བརྡ་ཕྲད་པར་བྱེད་པ་དང༌། འདུན་པས་འགྲོ་བ་མིན་པ་དང༌། ཞེ་སྡང་གིས་འགྲོ་བ་མ་ཡིན་པ་དང༌། གཏི་མུག་གིས་འགྲོ་བ་མིན་པ་དང༌། འཇིགས་པས་འགྲོ་བ་མིན་པ་སྟེ་གཟུ་བོ་ཆོས་ཉི་ཤུ་རྩ་གཉིས་པོ་དེ་དག་དང་ལྡན་པ་ནི་ཆོས་ཀྱི་ལོངས་སྤྱོད་དམ་ཟང་ཟིང་གི་ལོངས་སྤྱོད་ཀྱིས་ཕྱོགས་གཉིས་ཀ་ལ་མི་བརྟེན་པ་ཡིན་ནོ་ཞེས་གསུངས་པ་རྣམས་འདིར་བསྡུས་པ་ནི། ངོ་ཚ་ཤེས་པ་བསླབ་པའི་གཞི་ཡང་དག་པར་བླངས་པ་ཐམས་ཅད་ལ་བག་རྐྱོང་བ་ཞུམ་པར་བྱེད་པ་ཡིན་གྱི་ཕམ་པར་འགྱུར་བ་ཉི་ཚེར་མ་ཟད་དོ། །བསླབ་པ་འདོད་པ་གཟུ་བོར་བསྐོའོ། །དེ་གཉིས་ཀྱིས་ཚུལ་ཁྲིམས་དང་ལྡན་ཞིང་ཞེས་པ་ནས་བསླབ་པ་འདོད་པ་ཞེས་པའི་བར་བསྡུས། ལྟུང་བ་དང་ལྟུང་བ་མིན་པ་ལ་མཁས་པ་འདུལ་བ་ལ་ཤིན་ཏུ་རྣམ་པར་ངེས་པ་དང་འདིས་འདུལ་བ་ལ་རྣམ་པར་ངེས་པ་ནས་ལུང་ཐོན་པའི་བར་བསྡུས་སོ། །རྩོད་པ་འབྱུང་བ་སྤྱོད་པ་ལ་མཁས་པ་འདིས་


DLL1002_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

རྩོད་པ་ལ་མཁས་པ་ནས་ཕྱིས་མི་འབྱུང་བ་ལ་མཁས་པའི་བར་བསྡུས། དོན་གྱི་ཡིན་ལུགས་རྣམ་པར་ངེས་པས་གཞན་གྱི་ཚིག་གིས་མི་འགྱུར་པའི་རྣམ་པར་ཞེན་པའོ། །དེས་བསྟན་བཅོས་ལ་མཁས་པ་བསྡུས། བརྟན་ཞིང་ལུས་ངག་གིས་མི་འཇུག་པ་དང༌། ཉེས་རྩོམ་མེད་པར་འཇུག་པའོ། །དེས་གཞི་ལྷག་པར་སྤྱོད་པ་ལ་མཁས་ཤིང་ཉེས་རྩོམ་བྱེད་དུ་མི་འཇུག་པ་བསྡུས། གཟུ་བོར་གནས་པའི་སྙོམས་པའོ། །དེས་འདུན་པ་དང་ཞེ་སྡང་དང་འཇིགས་པས་མི་འགྲོ་བ་གསུམ་བསྡུས། གཞན་གྱིས་བསྒོ་བའི་དོན་གོ་བ་བརྡ་ཕྲད་པའོ། །དེས་སྨྲས་པ་བརྡ་ཕྲད་པར་བྱེད་པ་དང་བསྒོ་བ་བརྡ་ཕྲད་པར་བྱེད་པ་སོགས་བཞི་བསྡུས། གཞན་ལ་གོ་བར་བྱེད་ནུས་པའི་བརྡ་སྤྲོད་པར་བྱེད་པའོ། །དེས་སྨྲ་བར་བྱེད་པ་དང་གོ་བར་བྱེད་པ་སོགས་བཞི་བསྡུས། རྨོངས་པ་མེད་ཅིང་མཁས་པའོ། །དེས་གཏི་མུག་གིས་འགྲོ་བ་མིན་པ་བསྡུས། གཟུ་བོ་དེ་དག་གིས་རྩོད་པ་དེ་ཉེ་བར་མ་ཞི་ན། རྩོད་པ་དེ་དགེ་འདུན་ལ་དབུལ་བར་བྱའོ། །དགེ་འདུན་དེས་རྩོད་པ་དེ་ཞི་བར་མ་ནུས་ན། དགེ་སློང་བློ་གསལ་བ་དག་བསྐོའོ། །གསལ་བ་དུ་བསྐོ་ན། དགེ་འདུན་གྱི་ཚད་ལས་མི་ཉུང་བ་དག་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སྤྲོ་བར་བྱས་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །གསལ་བའི་སྡེ་ཚན་དེས་རྩོད་པ་ཞི་བར་མ་ནུས་ན། སྡེ་ཚན་དེ་རང་གིས་གསལ་བའི་གསལ་བ་དག་ལས་ཀྱིས་བསྐོའོ། །དགེ་འདུན་གྱི་ཚད་ལས་མི་ཉུང་བ་བསྐོ་བའི་དགོས་པ་ནི་འདི་ཡིན་ནོ། །གསལ་བའི་གསལ་བ་དེ་དག་གིས་རྩོད་པ་དེ་ཞི་བར་མ་ནུས་ཤིང༌། སྡེ་ཚན་གཞན་ཡང་སྐོ་བར་མི་བྱེད་ན། རང་གིས་གང་ལས་དང་པོ་རྩོད་པ་དེ་བླངས་པ་དེ་ལ་འབུལ་ལོ། །གསལ་བའི་གསལ་བས་གསལ་བ་དག་ལ་གསལ་བས་དགེ་འདུན་ལ་དབུལ་ལོ། །རྩོད་པ་དེ་དགེ་འདུན་ལ་ཕྱིར་འོངས་ན་དགེ་འདུན་བཞི་


DLL1002_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པོས་རྩོད་པ་སྦེད་པ་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །རྩོད་པ་སྦེད་པ་དེས་གནས་བརྟན་དང་བཅས་སོ་སོ་ཐར་པ་དང་བཅས་པའི་དགེ་འདུན་གཞན་ལ་རྩོད་པ་དེ་འབུལ་ལོ། །ཇི་ལྟར་འབུལ་ན། རྩོད་པ་འདི་གནས་ཆེ་གེ་མོར་གང་ཟག་ག་གེ་མོ་དང་མིང་ག་གེ་མོ་ཞེས་བགྱི་བ་ལས། གཞི་འདིའི་སླད་དུ་བྱུང་ནས་ཡུན་འདི་སྲིད་ཅིག་ལོན་ཞེས་སོགས་སྔར་བྱུང་བའི་མཐའ་བརྗོད་དེ། དགེ་འདུན་གྱིས་རྩོད་པ་འདི་ཟླ་བ་གསུམ་ཚུན་ཆད་ཀྱིས་ཞི་བར་མཛད་དུ་གསོལ་ཞེས་དབུལ་ལོ། །དབུལ་བའི་བདག་ཉིད་ཀྱི་ལས་དེ་ནི་རྩོད་པ་སྦེད་པ་དེ་ཡིན་ནོ། །གནས་བརྟན་དང་བཅས་སོ་སོ་ཐར་པ་དང་བཅས་པས་རྩོད་པ་དེ་ཞི་བར་བྱེད་མ་ནུས་པར་ཕྱིར་ཕུལ་བ་ན། རྩོད་པ་སྦེད་པ་དེས་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་སྔར་བྱུང་བའི་མཐའ་བརྗོད་དེ། དུས་ཟླ་བ་དྲུག་ཏུ་དབུལ་ལོ། །མདོ་སྡེ་འཛིན་པ་ལ་སོགས་པ་དེ་དག་གིས་རྩོད་པ་ཕྱིར་ཕུལ་པ་དེ་གནས་བརྟན་གྲགས་པ་བས་ཀྱང་ཆེས་གྲགས་པ། གཙོ་བོ་བས་ཀྱང་ཆེས་གཙོ་བོ་མཐུ་དང་ལྡན་པ་ལ་དབུལ་ལོ། །སྔར་གྱི་བྱུང་བའི་མཐའ་བརྗོད་ནས་དུས་ཐུག་པ་མེད་པ་ཚུན་ཆད་ཀྱིས་ཞི་བར་མཛད་དུ་གསོལ་ཞེས་དབུལ། གནས་བརྟན་མཐུ་དང་ལྡན་པ་དེས་འདུལ་བར་བྱ་བ་དེ་གཉིས་ལས་བདག་གིར་བྱ་བ་ཐ་ན་འདག་རྫས་དང་སོ་ཤིང་ཡན་ཆད་ཅུང་ཟད་སྤང་བར་བྱའོ། །དེས་དེ་གཉིས་དང་ལྷན་ཅིག་འགྲེང་བ་དང་འདུག་པ་དང་ལྷན་ཅིག་འཆག་སར་འཆག་པ་དང༌། གཏམ་འདྲེ་བ་དང༌། ཕེབས་པར་སྨྲ་བ་དག་སྤོང་ངོ༌། །རྒོལ་ཕྱིར་རྒོལ་དེ་གནས་བརྟན་དེའི་རྗེས་སུ་འབྲང་ན། དེས་དེ་དག་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག །ཁྱེད་ཅག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་འཐབ་པར་གྱུར། མཚང་འབྲུ་བར་གྱུར། རྩོད་པར་གྱུར། འགྱེད་པར་གྱུར་ཅིང་གནས་


DLL1002_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་མ་རྙེད་དེ་རྙེད་པ་མིན་ནོ། ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མིན་གྱིས་ཚེ་དང་ལྡན་པ་དག་མ་འཐབ་ཅིག མཚང་མ་འབྲུ་ཞིག །མ་རྩོད་ཅིག །མ་འགྱེད་ཅིག །འགྱེད་པ་གཉིས་ཀ་རྒྱལ་བ་མེད་དེ། རྒྱུག་པ་གཉིས་ཀ་རྒྱལ་བ་མེད་དོ། །གཅིག་རྒྱལ་གཅིག་ཕམ་དུ་འགྱུར་རོ་ཞེས་བརྗོད་པར་བྱའོ། །གཉིས་པ་གང་མང་ལ་བཞི། ཞི་བྱེད་གཞན་ཡིན་པར་བསྟན་པ། གཞི་གང་ལ་བྱ་བ། བྱེད་པ་པོ་གང་གིས་བྱ་བ། ཚུལ་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་བརྟན་གྱིས་ལོ་མང་པོ་ཞིག་གི་བར་དུ་འབད་ཀྱང་མ་ཞི་ན། གང་ཟག་ཆེས་མང་བའི་བློས་ལེགས་པར་བཞག་ཅིང་རྒྱུད་གཅིག་ཏུ་བྱ་བ་ནི། ལེགས་པར་བསྒྲུབ་པའི་རྣམ་པ་མངོན་སུམ་གྱིས་བསྒྲུབས་པ་ལས་གཞན་ཡིན་ནོ། །གཉིས་པ་ནི། ཆེས་མང་བའི་བློས་ལེགས་པར་བཞག་པ་འདི་ནི་ཆོས་ཡིན་ནམ་མིན། འདུལ་བ་ཡིན་ནམ་མིན། ཞེས་སོགས། ཆོས་རྣམ་པར་གཏན་ལ་དབབ་པ་ལ་ཞི་བྱེད་དུ་འཇུག་པ་སྲིད་ཀྱི་ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལྟུང་ཕྱིར་རྩོད་པ་ཞི་བྱེད་དུ་མི་འཇུག་སྟེ། དེ་ནི་འགྱེད་པ་གཉིས་ལས་གཞན་པའི་ཤེས་པའི་ཡུལ་མིན་པའི་ཕྱིར་ཏེ། ཚུལ་ཁྲིམས་རྣམ་པར་གཏན་ལ་དབབ་པ་ལྟུང་བ་བྱུང་ཞེས་སམ་མ་བྱུང་ཞེས་པ་དེའི་སྐབས་ཀྱི་ཤེས་པ་ནི་འགྱེད་པ་གླེང་བྱ་གླེང་བྱེད་གཉིས་ཁོ་ནའི་རྒྱུད་དང་འབྲེལ་བ་ཡིན་པའི་ཕྱིར། དགེ་འདུན་མཐའ་དག་དང་འབྲེལ་བའི་ལྟུང་ཕྱིར་རྩོད་པ་ཡོད་པ་མིན་ནམ་ཞེ་ན། ཡོད་མོད། དེ་དག་ཀྱང་གླེང་བྱ་གླེང་བྱེད་ཁོ་ན་ཡིན་ནོ། །འོ་ན་དེ་ལ་གཟུ་བོའི་མངོན་སུམ་སོགས་ཀྱང་མི་འཇུག་པར་འགྱུར་རོ་ཞེ་ན། གང་མང་ལྟར་གཟུ་བོའི་ཞེ་འདོད་ཀྱི་ཕྱོགས་སུ་ཞི་བར་བྱེད་པ་མིན་གྱི། དེ་དག་ལ་དྲིས་ཏེ་གང་བདེན་པའི་ཕྱོགས་སུ་ཞི་བར་བྱེད་པ་ཡིན་ལ། དཔང་པོ་ཡང་དེ་དག་དང་འབྲེལ་བ་ཡིན་ནོ། །ཅི་འདི་ལ་དེ་བཞིན་དུ་བརྟེན་པར་བྱའམ་ཞེ་


DLL1002_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ན། རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་མངོན་ཞེན་རྣོན་པོས་རྩོད་པ་དེ་གཅེས་པར་གཟུང་བ་ཉིད་དང༌། མངོན་ཞེན་མི་ཕྱེད་པས་རབ་ཏུ་དམ་པ་ཉིད་དང༌། རྒོལ་བ་དེ་དག་སྡེ་སྣོད་འཛིན་པ་དང་ཕ་རོལ་གནོན་པ་ཉིད་ཀྱིས་རྩོད་པ་དེ་མི་བཟད་པ་ཡིན་ཞིང༌། དེ་ཡལ་བར་བོར་ན་དགེ་འདུན་བྱེ་བར་དོགས་པ་ཉིད་ཡོད་ན། དགེ་འདུན་བྱེ་ན་མི་རུང་ངོ་སྙམ་པའི་བསམ་པ་ཉིད་ཀྱིས་ཆེས་མང་བའི་བློས་ལེགས་པར་བཞག་པ་དེ་ལ་བརྟེན་པར་བྱའི། གཞན་དུ་མི་བྱའོ། །འདི་ལྟུང་བ་ཡིན་ནམ་མིན་རྣམ་པར་གཏན་ལ་དབབ་པ་དེ་བསྡམ་པར་བྱ་བ་ཉིད་མིན་པ་བཤགས་པར་བྱ་བ་ཉིད་ཡིན་ན། དེའི་དོན་ལ་འདི་ལ་བརྟེན་པར་བྱའི། བསྡམ་བྱ་ཡིན་མིན་ཙམ་ལ་མི་བྱ་སྟེ། ཕྲན་ཚེགས་ཙམ་ཡིན་པའི་ཕྱིར། དང་པོ་ནས་འདི་ལ་བརྟེན་པར་བྱའམ་ཞེ་ན། དགེ་འདུན་བཞི་པོ་ལ་སོགས་པ་ནས་གནས་བརྟན་གྱི་མཐར་ཐུག་པ་དག་རྩོད་པ་དེ་ཞི་བའི་ཕྱིར་ཡོངས་སུ་ཉོན་མོངས་པར་གྱུར་ཀྱང༌། མ་ཞི་བ་དག་ལ་འདི་བྱའོ། །གསུམ་པ་ནི། གང་གིས་འདི་ལ་བརྟེན་པར་བྱ་ཞེ་ན། དགེ་འདུན་བཞི་པོས་སོ། །བཞི་པ་ནི། དོན་འདི་ལ་ཆེས་མང་པོ་དག་ལ་ཇི་ལྟར་འདྲང་བར་བྱ་ཞེ་ན། ཆེས་མང་བའི་བློས་ལེགས་པར་བཞག་པ་འདི་ལ། ཚུལ་ཤིང་བྲིམ་པའི་ཐབས་ཀྱིས་རྒོལ་ཕྱིར་རྒོལ་དག་གིས་བློ་གཟུང་བར་བྱ་ཞིང་འདྲང་བར་བྱའོ། །དེ་ཐབས་གང་གིས་བྱ་ན། དགེ་འདུན་གྱིས་ཚུལ་ཤིང་འབྲིམ་པའི་དགེ་སློང་སྤྲོ་བར་བྱས་ནས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །བསྐོས་པ་དེས་ཆོས་དང་ཆོས་མིན་གྱི་ཚུལ་ཤིང་རྣམ་པ་གཉིས་དག་ཉེ་བར་གཞག་གོ །ཆོས་ཀྱི་ཚུལ་ཤིང་དག་ནི་བསླབ་པ་གསུམ་མཚོན་པའི་ཡ་ཡོ་མེད་པ་དང༌། ཁྱར་ཁྱོར་མེད་པ་དང༌། ཅས་ཅུས་མེད་པ་མིག་གི་ཡུལ་དུ་ཁ་དོག་བཟང་བ་གསལ་བས་ཡིད་དུ་འོང་བ་དང་སྣའི་ཡུལ་དུ་དྲི་ཞིམ་པ་ཕྲད་ན་ཀུན་


DLL1002_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བ་དང༌། ལུས་ཀྱི་ཡུལ་དུ་རེག་པ་འཇམ་པ་ནི་འགྲོགས་ན་བདེ་བ་མཚོན་པ་ཡིན་ནོ། །ཅིག་ཤོས་ཆོས་མིན་གྱི་ཚུལ་ཤིང་ནི་དེ་ལས་བཟློག་པ། ཡ་ཡོ་ཅན་དང་ཁྱར་ཁྱོར་ཅན་དང་ཅས་ཅུས་ཅན་དང་ཁ་དོག་ངན་པ་དང་དྲི་ང་བ་དང་རེག་པ་རྩུབ་པ་དག་ཡིན་ནོ། །ཚུལ་ཤིང་འབྲིམ་པ་དེས་དགེ་འདུན་ལ་འདུ་བར་གསོལ་ལོ། །ཇི་སྐད་དུ་གསོལ་ན། ཚུལ་ཤིང་འབྲིམ་པར་འགྱུར་གྱི། ཐམས་ཅད་ཀྱིས་འདུ་བར་བྱའོ། །ཞེས་སོ། །གལ་ཏེ་དེ་ལྟར་འདུ་བ་སྦྱིན་པས་ཚོགས་པ་ན་ཆོས་མ་ཡིན་པའི་ཚུལ་ཤིང་ལྷག་པར་སེམས་ན་འབྲིམ་པར་མི་བྱའོ། །ཆོས་ཀྱི་ཚུལ་ཤིང་ལྷག་པར་སེམས་ན་འབྲིམ་པར་བྱའོ། །ཚུལ་ཤིང་འབྲིམ་པའི་ཚེ་ན། ལག་པ་གཡས་པས་ཆོས་ཀྱི་ཚུལ་ཤིང་དག་བཟུང་ཞིང༌། གཡོན་པས་ཅིག་ཤོས་ཆོས་མིན་གྱི་ཚུལ་ཤིང་དག་བཟུང་ངོ༌། །ཆོས་མིན་པའི་ཚུལ་ཤིང་དེ་དག་གཡོགས་ཏེ་སྔ་མ་ཆོས་ཀྱི་ཚུལ་ཤིང་དག་སྣང་བར་བྱས་ནས་དགེ་འདུན་ལ་བརྗོད་པར་བྱའོ། །ཇི་སྐད་བརྗོད་ན། གནས་བརྟན་འདི་དག་ནི་ཆོས་ཀྱི་ཚུལ་ཤིང་ཡ་ཡོ་མེད་པ་ཁྱར་ཁྱོར་མེད་པ་ཅས་ཅུས་མེད་པ་ཁ་དོག་བཟང་བ་དྲི་ཞིམ་པ་རེག་པ་འཇམ་པ་དག་ཡིན་གྱིས་ལོངས་ཤིག་ཅེས་བརྗོད་དོ། །ཅིག་ཤོས་ཆོས་མིན་གྱི་ཚུལ་ཤིང་འཚོལ་ན། ཚིག་གཉིས་ཀྱི་བར་དུ་མི་དབུལ་ལོ། །གཡོགས་སམ་ཕྱེ་བ་གང་གིས་ཆོས་ཀྱི་ཚུལ་ཤིང་མང་བར་འགྱུར་བ་དེ་ལྟར་བྲིམ་པར་བྱའོ། །མཁན་སློབ་ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་པའི་སློབ་མ་ལ་སོགས་པ་ཆོས་མིན་པའི་ཚུལ་ཤིང་ལེན་པར་རྩོམ་ན་ཇི་ལྟར་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱེད་ཀྱི་མཁན་པོ་དང་སློབ་དཔོན་དང༌། མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་གཏམ་འདྲེས་པ་དང་ཕེབས་པར་སྨྲ་བ་དང་སྨོན་འདྲིན་དང་འགྲོགས་བཤེས་ཀྱིས་ཆོས་ཀྱི་ཚུལ་ཤིང་བླངས་ཀྱིས། ཁྱོད་ཀྱིས་ཀྱང་ཆོས་ཀྱི་ཚུལ་ཤིང་ལོངས་ཤིག །ཁྱོད་


DLL1002_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་ལྷན་ཅིག་རྩོད་པར་གྱུར་ན་མ་ལེགས་སོ་ཞེས་རྣ་དྲུང་དུ་བཤུབ་ཅིང་དྲང་པོར་བརྗོད་པར་བྱའོ། །ཆོས་མིན་པའི་ཚུལ་ཤིང་བླང་བར་མི་བྱའོ། །བླངས་ན་འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་དགོས་སོ། །ཆོས་ཀྱི་ཚུལ་ཤིང་ཤེས་པར་བྱ་བའི་ཕྱིར་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དག་ལ་མ་དྲིས་པར་ཚུལ་ཤིང་བླང་བར་མི་བྱའོ། །དགེ་འདུན་བྱེ་བར་གྱུར་ན་ཅི་མ་རུང་སྙམ་དུ་དབྱེན་དུ་འགྱུར་པའི་བཟོད་པས་ཚུལ་ཤིང་བླང་བར་མི་བྱའོ། །ཆོས་མིན་པ་བྱུང་ན་སྙམ་པས་ཚུལ་ཤིང་བླང་བར་མི་བྱའོ། །བྱེ་འདོད་དང༌། ཆོས་མ་ཡིན་བྱུང་འདོད་དེ་གཉིས་འབྱུང་བར་འགྱུར་བ་ཉིད་དུ་ཤེས་ན་ཚུལ་ཤིང་བླང་བར་མི་བྱའོ། །མཇུག་ཏུ་བགྲངས་པ་ན། ཆོས་དང་ཆོས་མ་ཡིན་པའི་ཚུལ་ཤིང་གྲངས་མཉམ་པ་ཉིད་ན། ཉན་ཐོས་ཆེན་པོ་བཙུན་པ་ཀུན་ཤེས་ཀོའུ་དི་ནྱའི་ཕྱིར་ཆོས་ཀྱི་ཚུལ་ཤིང་གཅིག་བླང་ངོ༌། །དེ་ལྟར་ན་རྩོད་པ་ཆོས་ཕྱོགས་སུ་ཉེ་བར་ཞི་བར་གྱུར་པ་ཡིན་ནོ། །དེ་ལྟར་བྱས་ཀྱང་ཆོས་མིན་པའི་ཚུལ་ཤིང་མང་ན་རྩོད་པ་དེ་ཆོས་མིན་པས་ཞི་བ་ཡིན་ནོ། །རྩོད་པ་ཆོས་མིན་པས་ཉེ་བར་ཞི་བ་ལ་སྐྱོ་སྔོགས་མི་བྱ་སྟེ། བྱས་ན་ཉེས་བྱས་སུ་འགྱུར་རོ། །ཆོས་ཕྱོགས་སུ་ཞི་བ་ལ་སྐྱོ་སྔོགས་བྱས་ན་ལྟུང་བྱེད་དུ་འགྱུར་རོ། །གཉིས་པ་སྤོང་ཕྱིར་རྩོད་པ་ཞི་བར་བྱ་བ་ནི། དེ་ཞི་བར་བྱ་བ་གཉིས་ལས། རྒྱུད་གཅིག་ཏུ་བྱ་བ་བཤད་ཟིན་ལ། དག་པ་སྦྱིན་པ་ནི། གླེང་བའི་ཁ་ན་མ་ཐོ་བ་གླེང་བྱ་ལ་མེད་པ་ལ་ནི་དྲན་པ་དང་མ་མྱོས་པས་འདུལ་བའི་དག་པ་སྦྱིན་པས་ཞི་བར་བྱའོ། །གླེང་བའི་ཁ་ན་མ་ཐོ་བ་མེད་པ་དེ་ནི་བཞི་སྟེ། མཐོང་ཐོས་དོགས་གསུམ་གྱི་གཞི་མེད་པ་ལ་གླེང་བ་དང༌། ལྟུང་བྱེད་ལ་གཞན་དགེ་འདུན་ལྷག་མ་ལྟ་བུ་རྗེས་སུ་བསྒྲུབ་པའི་དབང་གིས་གླེང་བ་དང༌། ལྟུང་བ་དེ་གླེང་བྱས་སྔར་ཕྱིར་བཅོས་ཟིན་


DLL1002_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་ཕྱིར་བཅོས་པ་ལ་མི་ལྟོས་པའི་ཕྱིར་གླེང་བ་དང༌། སྨྱོན་པའི་གནས་སྐབས་སུ་བྱ་བ་མིན་པ་བྱས་པ་ལ་དེས་གླེང་བའོ། །དང་པོ་གསུམ་ལ་ནི། གླེང་བྱ་རང་གིས་དགེ་འདུན་ལ་གསོལ་བ་བཏབ་ནས་དགེ་འདུན་གྱིས་དེ་ལ་གསོལ་བཞིའི་ལས་ཀྱིས་དྲན་པས་འདུལ་བ་སྦྱིན་པར་བྱ་སྟེ། དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་དག་གིས་དྲན་པ་དང་ལྡན་པར་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་ཏེ། དེས་དེའི་རྩོད་པ་ཉེ་བར་ཞི་བ་ཡིན་ནོ། །ཐ་མ་མྱོས་པས་བྱས་པས་གླེང་པ་ལ་ནི། གླེང་བྱ་རང་ཉིད་ཀྱིས་གསོལ་བ་བཏབ་སྟེ། དགེ་འདུན་གྱིས་དེ་ལ་གསོལ་བཞིའི་ལས་ཀྱིས་མ་མྱོས་པས་འདུལ་བ་སྦྱིན་ཏེ། དེ་བྱིན་ན་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་རང་བཞིན་དུ་གནས་པར་འཛིན་གྱི་ལྟུང་བ་དང་བཅས་པར་མི་འཛིན་པས་རྩོད་པ་ཞི་བར་འགྱུར་རོ། །གསུམ་པ་ལྟུང་ཕྱིར་རྩོད་པ་ཞི་བྱེད་ལ་གཉིས། ཉེས་པའི་ངོ་བོ་ཤེས་པའི་ཞི་བྱེད་དང༌། མི་ཤེས་པའི་ཞི་བྱེད་དོ། །དང་པོ་ལ་གཉིས་ལས། རྩོད་པའི་དབྱེ་བ་ནི། ལྟུང་བ་དང་བཅས་པ་ཉིད་ཀྱི་ཕྱིར་འཁྲུག་ལོང་རྣམ་པ་གསུམ་སྟེ། གླེང་བྱ་གླེང་བྱེད་གཉིས་ལས་གཞན་ལ་ཕྱིར་འཕྲོས་པ་མེད་པ། ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པ་དང་བྲལ་བ་དང༌། དེ་གཉིས་སུ་མ་ཟད་གཞན་ལ་ཡང་ཕྱིར་འཕྲོས་པ་དང་བཅས་པ་རྣམ་པ་གཉིས་ཡོད་ལ། གཉིས་པོ་གང་ཞེ་ན། ཉི་ཚེ་བ་དགེ་འདུན་གྱི་ཁོངས་སུ་གཏོགས་པའི་ཁ་ཡར་བ་ལ་འཕྲོས་པ་དང༌། དགེ་སློང་གཅིག་ཀྱང་མ་ལུས་པར་དགེ་སློང་གི་དགེ་འདུན་མཐའ་དག་དང་འབྲེལ་བ་ཐམས་ཅད་ཕྱོགས་དང་གཞན་ཕྱོགས་སུ་གྱུར་པས་འཁྲུག་ལོང་དུ་གྱུར་པའོ། །གཉིས་པ་ཞི་བྱེད་དངོས་ལ་གཉིས་ལས། མདོར་བསྟན་ནི། དང་པོ་ཕྱིར་འཕྲོས་པ་མེད་པ་ལས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བ་ཕྱིར་བཅོས་པ་ནི། གླེང་བྱས་ཁས་བླང་བའི་བྱ་བས་ལྟུང་བ་ཕྱིར་བཅོས་ཏེ་རྩོད་པ་ཞི་བར་བྱའོ། །གཉིས་


DLL1002_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉི་ཚེ་བ་ལས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ཕྱིར་བཅོས་པ་ནི། མངོན་སུམ་གྱི་འདུལ་བས་རྩོད་པ་ཞི་བར་བྱ་སྟེ། གླེང་བར་བྱ་བ་དང་གླེང་བར་བྱེད་པ་དང་དེ་དག་གི་རྗེས་སུ་འབྲང་བ་རྣམས་ཀྱི་རྒོལ་པ་དང་ལན་མངོན་སུམ་དུ་འབྱུང་བ་གང་ཡིན་པ་དེ་སྔོན་དུ་བཏང་ནས་ཕྱིར་བཅོས་པར་བྱ་བས་ནི་མངོན་སུམ་གྱིས་འདུལ་བ་ཞེས་བྱའོ། །གསུམ་པ་དགེ་འདུན་མཐའ་དག་དང་འབྲེལ་བ་ལས་འཁྲུག་ལོང་དུ་གྱུར་པའི་འོག་ཏུ་ལྟུང་བ་ཕྱིར་བཅོས་པ་ནི། རྩ་བཀྲམ་པ་ལྟ་བུས་རྩོད་པ་ཞི་བར་བྱེད་པ་ཡིན་ཏེ། དཔེར་ན་རྩྭ་བཀྲམ་ན་རྩྭ་ཐམས་ཅད་ཕན་ཚུན་ནས་རྩེ་སྤྲོད་དུ་ཉལ་བ་དང་འདྲ་བར་རང་ཕྱོགས་དང་གཞན་གྱི་ཕྱོགས་སུ་རྣམ་པར་གནས་པའི་དགེ་འདུན་དུ་གྱུར་པའི་དགེ་སློང་ཐམས་ཅད་འཁྲུག་ལོང་ཉེ་བར་ཞི་བར་བྱ་བའི་ཕྱིར་ཕན་ཚུན་ནས་འདུད་པར་འགྱུར་བས་དེའི་མིང་རྩྭ་བཀྲམ་པ་ལྟ་བུ་ཞེས་བྱའོ། །གཉིས་པ་རྒྱས་བཤད་ལ་གཉིས་ལས། རྩྭ་བཀྲམ་པས་ཞི་བར་བྱ་བ་ནི། རྩྭ་བཀྲམ་པ་ལྟ་བུ་འདི་ལ་རང་ཕྱོགས་པའི་གང་ཟག་མང་པོ་དག་གི་དོན་དུ་ཕམ་པ་དང་ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་དགེ་འདུན་ལ་བཤགས་བྱ་རྣམས་མ་གཏོགས་དགེ་འདུན་མིན་པ་ལ་བཤགས་པར་བྱ་བ་ནི་རང་ཕྱོགས་པའི་གང་ཟག་མང་པོ་དག་གི་དོན་དུ་རང་ཕྱོགས་པ་རྒན་པ་ལྟ་བུ་གཅིག་གིས་རྩྭ་བཀྲམ་པ་ལྟ་བུའི་ཕྱིར་བཅོས་པས་རྩོད་པ་ཞི་བར་བྱའོ། མང་པོའི་དོན་དུ་ལྟུང་བ་དུ་མ་དག་ཅིག་ཅར་དུ་ཡང་ཕྱིར་བཅོས་སུ་རུང་ངོ༌། །ཇི་ལྟར་ཕྱིར་བཅོས་པར་བྱ་ཞེ་ན། གཞི་འདི་ལས་ཁོ་བོ་ལ་ལྟུང་བ་བྱུང་བ་གང་ཡིན་པ་དང༌། གཞི་འདི་ལས་འདི་དག་ལ་ལྟུང་བ་བྱུང་བ་གང་ཡིན་པ་དེ་དག་ཚེ་དང་ལྡན་པ་དག་གི་མདུན་དུ་བཤགས་པ་དང་མི་བཅབ་པར་ཁོ་བོ་སྤྲོའོ། །ཞེས་བྱ་བའི་སྔགས་རང་ཕྱོགས་པ་ལ་སྨོས་པ་དང༌། ལྟུང་བའི་མིང་དང་རིགས་སྨོས་པས་གཞན་ལ་


DLL1002_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བའི་ངོ་བོ་ཉིད་ཤེས་པ་སྣང་བར་བྱ་ཞིང་གོ་བར་བྱ་བས་ཕྱིར་བཅོས་སོ། །གླེང་བྱ་ལས་ཕྱོགས་གཞན་གླེང་བྱེད་ཀྱིས་ཀྱང་བློ་མཐུན་པར་གྱུར་པ་དེ་དག་ལ་ཕྱིར་བཅོས་པ་འདི་བྱའི། གཞན་གང་ལ་ཡང་མིན་ནོ། །ལྟུང་བ་སྡེ་ལྔ་བྱུང་ཡང་གླེང་བྱས་ཁས་མི་ལེན་པ་དང༌། དོན་མེད་པ་ལྟུང་བ་མ་བྱུང་བ་ལ་ནི་བཤགས་ཀྱང་བཤགས་པ་མི་འཆགས་སོ། །གླེང་བྱ་གཉིས་ལ་སོགས་པ་ལ་ལྷན་ཅིག་གི་དངོས་པོས་གླེང་བ་ཉིད་དུ་རུང་ངོ༌། །གླེང་བྱ་ལ་ལྷན་ཅིག་གི་དངོས་པོས་གླེང་དུ་རུང་བར་མ་ཟད་གླེང་པ་པོ་ཉིད་ཀྱང་དེ་བཞིན་དུ་ལྷན་ཅིག་གི་དངོས་པོས་གླེང་དུ་རུང་ངོ༌། །གླེང་བྱ་གླེང་བྱེད་འདི་ལ་གླེང་བྱ་ཇི་སྙེད་པ་དེ་སྙེད་ཀྱི་གླེང་བ་པོའི་གྲངས་ཀྱི་བྱེ་བྲག་ནི་ངེས་པ་མེད་དོ། །གླེང་བ་པོ་ལུས་དང་ངག་གིས་བསྡམས་པ་ཇི་སྐད་བཤད་པ་ཉིད་དང༌། སྡེ་སྣོད་དག་ཚིག་གི་སྒོ་ནས་འཛིན་ཅིང་དོན་མངོན་པར་ཤེས་པ་ཉིད་དང༌། དགེ་འདུན་གྱི་ནང་དུ་བསམས་བཞིན་དུ་ཤེས་བྱ་རྣམ་པར་བཞག་པའི་ཆོས་དང༌། ཚུལ་ཁྲིམས་རྣམ་པར་བཞག་པའི་འདུལ་བ་ལ་ཆོས་མིན་པ་དང་འདུལ་བ་མིན་པའི་ལོག་པ་དང་དེ་ལས་བཟློག་པ་ཆོས་དང་ཆོས་མིན་པ་དག་ཆོས་དང་འདུལ་བར་མི་སྟོན་པ་ཉིད་ཅེས་བྱ་བ་གསུམ་དང་ལྡན་པ་ལ་དགེ་འདུན་གྱིས་གུས་པར་བྱའོ། །གླེང་པ་པོ་ཚུལ་ཁྲིམས་འཆལ་པ་དང༌། ཆོས་དང་འདུལ་བ་ལོག་པར་སྟོན་པ་ལ་མཐུན་པར་མི་བྱ་སྟེ། དེའི་ཚིག་གིས་ཅུང་ཟད་ཀྱང་བསྒྲུབ་པར་མི་བྱའོ། །ཚུལ་ཁྲིམས་འཆལ་པ་དང་ལོག་པར་སྟོན་པ་དེ་ལྟ་བུའི་རྣམ་པ་མིན་པ་སྡེ་སྣོད་དག་ཚིག་གི་སྒོ་ནས་འཛིན་ཅིང་དོན་མི་ཤེས་པས་གླེང་བ་ལ་ནི་དགེ་འདུན་གྱིས་ཚིག་འཇམ་པོ་སྙན་པས་ཟློག་པར་བྱེད་པའི་བློན་གདབ་པར་བྱའོ། །གླེང་བ་པོ་ཡོན་ཏན་གསུམ་དང་ལྡན་པ་ལ་གུས་པར་བྱའོ་ཞེས་བསྟན་ན། བརྟག་པ་ཙམ་ཡང་མ་བྱས་པར་གུས་པར་བྱའམ་ཞེ་ན། གླེང་བ་པོ་ཡོན་ཏན་གསུམ་ལྡན་དེ་ལ། བསམ་པ་རྟོགས་


DLL1002_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་བའི་ཕྱིར་བརྒལ་ཞིང་བརྟག་པར་བྱ་སྟེ། སེམས་ཀྱི་སྤྱོད་པ་ནི་གཡོ་བ་ཡིན་པས་སྔར་སྡིག་པ་ལ་མ་ཞུགས་ཀྱང་ཕྱིས་འཇུག་སྲིད་པས་སོ། །ཇི་ལྟར་བརྒལ་བརྟག་བྱ་ཞེ་ན། ཡུལ་དུས་སྤྱོད་ལམ་རྗེས་སུ་བསྒྲུབ་པའི་གནས་སུ་མ་བཞག་པས་བརྒལ་བརྟག་བྱའོ། །གང་དུ་མི་འཇོག་ན། བསམ་པ་ལོག་པར་མཚོན་པའི་གནས་དེ་གང་ཞེ་ན། གནས་ནི་སྔ་དྲོ་སོགས་དུས་དང༌། ལྐོག་ལ་སོགས་པ་ཡུལ་དང༌། འགྲོ་བ་དང་འགྲེང་བ་ལ་སོགས་པའི་སྤྱོད་ལམ་དང༌། ཕམ་ལྷག་སོགས་རྗེས་སུ་བསྒྲུབ་པ་དག་གོ །དེ་ལྟར་བརྒལ་ཞིང་བརྟགས་པ་ན། གནས་ནས་གནས་གཞན་དུ་འཕོ་བ་དང༌། རྙོག་པ་ཅན་དུ་གྱུར་ན། དེའི་ཚེ་གླེང་བ་མི་འཆགས་སོ། །གང་ཟག་གང་ལ་གླེང་བ་དེས་ལྟུང་བ་དེ་ཁས་བླངས་ན་རྩོད་པ་དེ་མཐར་ཐུག་པ་ཡིན་ཏེ། ཁས་བླངས་ན་རྩོད་པ་ཉེ་བར་ཞི་བ་ཡིན་པའི་ཕྱིར་རོ། །གླེང་པའི་གང་ཟག་དེས་ཉེས་པ་ཁས་མི་ལེན་ན་ཇི་ལྟར་བྱ་ཞེ་ན། སྨྲ་བ་པོ་བདེན་པ་མཐོང་བ་ཟག་པ་མེད་པའི་ལམ་ཐོབ་པ་དང༌། འདོད་པའི་འདོད་ཆགས་དང་བྲལ་བ་སོགས་ཡོན་ཏན་ལས་ཆེས་མཆོག་ཏུ་གྱུར་པ་རབ་བྱུང་དུ་མ་ཟད་ཁྱིམ་པ་ཡང་རུང་བ་གཞན་ཚད་མར་བྱས་ཏེ། ཆེ་གཞིར་དྲི་བར་བྱའོ། །ཆེ་གཞི་དེ་ལ་གལ་ཏེ་གང་ཟག་གཞན་དང་བཅས་པ་ཉིད་ཡིན་ན། ཆེ་གཞི་དེ་གཉིས་ཚིག་བསྟུན་པར་བྱ་སྟེ། མཐུན་ན་གླེང་བྱེད་བཞིན་བྱ་ལ། མི་མཐུན་ན་གླེང་བྱ་བཞིན་བྱའོ། །གླེང་པའི་ཚེ་གླེང་བྱའི་ལན་གྱིས་གླེང་བྱེད་ཐེ་ཚོམ་ཉིད་དུ་གྱུར་ན་དེས་དོན་དེ་ཤེས་པ་ཉིད་མིན་ཏེ། ངེས་ཤེས་མ་སྐྱེས་པའི་ཕྱིར་རོ། །དེ་ཡང་དང་པོ་ངེས་ཤེས་ཡོད་ལ་ཕྱིས་ཐེ་ཚོམ་དུ་གྱུར་པ་ཡིན་གྱི་དོགས་པས་གླེང་དུ་མི་རུང་བ་ནི་མིན་ནོ། །བདེན་པ་མཐོང་བ་དང་ཡོན་ཏན་གྱིས་ཆེས་མཆོག་ཏུ་གྱུར་པའི་ཆེ་གཞི་དེ་ལས་གླེང་བ་པོ་དང་མཐུན་པའི་


DLL1002_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་ནས་ངེས་པར་གྱུར་པ་ནི་རྩོད་པ་མཐར་ཐུག་པ་ཡིན་ཏེ། ཆེ་གཞི་ཁྱད་པར་ཅན་དང་གླེང་བྱེད་མཐུན་པའི་ཕྱིར་རོ། །དཔེར་ན་གླེང་བྱ་རང་གིས་ཁས་བླངས་པ་དང་འདྲའོ། །གཉིས་པ་ལྟུང་པའི་ངོ་བོ་མི་ཤེས་པའི་ཞི་བྱེད་ནི། དང་པོར་རྒྱུ་ཡོད་པས་ཁས་བླངས། དེ་ནས་གླེང་བྱ་དེས་ཕྱིས་ཁས་བླངས་པ་བཞིན་མི་བསྒྲུབ་ན་ཇི་ལྟར་བྱ་ན། ཉེས་པའི་རང་གི་ངོ་བོ་ངོ་མི་ཤེས་པ་ཇི་སྐད་བཤད་པའི་ལྟུང་བའི་ཕྱིར་རྩོད་པ་འདི་ལ་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་ལྟུང་བ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པར་བྱ་སྟེ། དེ་དེའི་ཞི་བྱེད་མཚན་ཉིད་པ་ཡིན་པའི་ཕྱིར་རོ། །ཁས་བླངས་པས་ཡོད་པར་བསྟན་ལ། ཁྱད་དུ་བསད་པས་མེད་པར་བསྟན་པའི་ཕྱིར་རོ། །ཁྱད་དུ་གསོད་པ་ཇི་ལྟ་བུ་ལ་སྦྱིན་ཞེ་ན། སྔར་དགེ་འདུན་གྱི་ནང་དུ་ལྟུང་བ་ཁས་བླངས་ནས་བརྗེད་པས་ངེས་པ་དང་བྲལ་བ་ནི་བརྗེད་པའི་སྒོ་ནས་ཁྱད་དུ་གསོད་པ་ཡིན་པས་དེ་ལ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པ་ཡིན་གྱི། རྫུན་གྱིས་མ་མཐོང་ཞེས་པ་ལ་ནི་གནས་ནས་དབྱུང་བའི་ལས་བྱའོ། །སུ་ལ་ཁས་བླངས་ནས་ཁྱད་དུ་གསོད་པ་ལ་སྦྱིན་ཞེ་ན། སྔར་དགེ་འདུན་ནམ་གླེང་བྱེད་མཚན་ཉིད་པ་ལ་ལྟུང་བ་ཁས་བླངས་ནས་ཡང་ཁྱད་དུ་གསོད་ན་ལྟུང་བའི་ངོ་བོ་ངེས་པར་འཛིན་དུ་གཞུག་པའི་ཕྱིར་ངེས་པར་སྦྱོར་བ་སྦྱིན་ནོ། །ཅིའི་ཕྱིར་ངེས་པར་སྦྱོར་བ་འདིའི་མིང་དེ་སྐད་དུ་བྱ་ཞེ་ན། ངེས་པར་སྦྱོར་བའི་གསོལ་བཞིའི་ལས་དེ་ནི་ལྟུང་བ་དེའི་ངོ་བོ་ཉིད་འཚོལ་བ་ལ་ཕན་པའི་ཕྱིར་དེའི་ངོ་བོ་ཉིད་ཚོལ་བ་དང་མཐུན་པ་ཉིད་ཅེས་བྱ་སྟེ། དོན་དང་མིང་མཐུན་པའི་ཕྱིར་རོ། །འདི་བླངས་པས་དེའི་ངོ་བོ་ཉིད་ཚོལ་བར་བྱེད་ལ། ལྟུང་བ་དེའི་ངོ་བོ་ཉིད་ཡོངས་སུ་ཤེས་ན་དགེ་འདུན་གྱིས་དེ་ལ་བཟོད་པར་བྱ་ཞིང་དེའི་འོག་ཏུ་རང་བཞིན་དུ་གནས་པར་འགྱུར་རོ། །ལུགས་གཞན་དགག་པ་ལ་གཉིས་ལས། ཁས་བླངས་བརྗོད་པ་ནི། རྒྱ་


DLL1002_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱི་འདུལ་བ་འཛིན་པ་ཁ་ཅིག་གིས། དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པ་འདི་ནན་ཏུར་གྱི་ཚུལ་དུ་བསྟན་ཏེ། གང་ཟག་དེ་མི་འདོད་བཞིན་དུ་དགེ་འདུན་གྱིས་སྦྱིན་པ་ཡིན་པའི་ཕྱིར། དཔེར་ན་བསྡིགས་པ་ལ་སོགས་པ་བཞིན་ནོ། །རྟགས་གྲུབ་སྟེ། རྣམ་པར་འབྱེད་པའི་མ་ངེས་པ་གཉིས་ཀྱི་སྐབས་སུ་ལན་གསུམ་དུ་གསོལ་བ་མ་གསུངས་པར་འདི་སྦྱིན་པར་གསུངས་པའི་ཕྱིར། དེ་དགག་པ་ལ་གསུམ་ལས། ལུང་གིས་དགག་པ་ནི། དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པ་དེ་ནན་ཏུར་གྱིས་ཚུལ་དུ་བསྟན་ཟེར་པ་དེ་ནི་མི་བཟང་སྟེ། མདོ་སྡེ་ལུང་གཞི་དང་འགལ་བའི་ཕྱིར་ཏེ། ལུང་གཞི་ལས། ཀུན་དགའ་བོ་འདི་ན་དགེ་སློང་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང༌། ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ། ཁས་བླངས་ནས་ཡང་ཁྱད་དུ་གསོད་པ་དེ་ལ་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་དབུས་སུ་ལྟུང་བ་ཁྱད་དུ་གསོད་པར་བྱེད་ཅིང༌། ཁྱད་དུ་བསད་ནས་ཁས་ལེན་པར་བྱེད་ལ། ཁས་བླངས་ནས་ཀྱང་ཁྱད་དུ་གསོད་པར་བྱེད་པ་གང་ཡིན་པ་དེ་ནི་ཁྱོད་ཀྱིས་མ་རྙེད་དེ་རྙེད་པ་མ་ཡིན་ནོ། །ཉེས་པ་རྙེད་ཀྱི་ལེགས་པ་རྙེད་པ་མིན་གྱིས་ཚེ་དང་ལྡན་པ་ཁྱོད་དགེ་འདུན་གྱི་གན་དུ་སོང་ལ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་ལེགས་པ་གསོལ་ཅིག །དེས་དགེ་འདུན་གྱི་གན་དུ་སོང་སྟེ། དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་གསོལ་བར་བྱའོ། །དགེ་འདུན་གྱིས་ཀྱང་ཆོས་དང་འདུལ་བས་དེ་ལ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདི་ལྟར་གང་གསོལ་བར་བྱེད་པ་དེ་ནི་བདག་ཉིད་དག་པར་བྱ་བའི་ཕྱིར་ཡིན་གྱི་ནན་ཏུར་གྱི་ལས་ནི་མིན་པའི་ཕྱིར་རོ། །ལུང་གཞིར། ལན་གསུམ་གསོལ་བའི་ཆོ་ག་དགེ་སློང་མི་བཞི་ལ་གསུངས་པའི་ཕྱིར་རོ། །


DLL1002_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པས་དགག་པ་ནི། འདི་ཆོས་ཅན། ཁྱོད་རྩོད་པ་ཉེ་བར་ཞི་བའི་སྐབས་འདིར་བསྟན་པ་མི་རིགས་པར་ཐལ། ནན་ཏུར་ཡིན་པའི་ཕྱིར། གལ་ཏེ་ཁྱབ་པ་མ་གྲུབ་སྟེ། ནན་ཏུར་ཡིན་ཀྱང་རྩོད་པ་ཉེ་བར་ཞི་བར་བྱེད་པ་ཡིན་པ་ཉིད་ཀྱིས་ནན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་རྩོད་པ་ཉེར་ཞིའི་སྐབས་སུ་བསྟན་པར་མཛད་དོ་ཞེ་ན། དེ་ཡང་མི་འཐད་དེ། རྩོད་པ་ཞི་བྱེད་ཡིན་པ་ཙམ་གྱིས་ནན་ཏུར་གྱི་སྡེ་ཚན་ལས་ལོགས་ཤིག་ཏུ་མཛད་པར་མི་བཞེད་པའི་ཕྱིར། རྟགས་མ་གྲུབ་པོ་ཞེ་ན། བསྡིགས་པ་ལ་སོགས་པ་ནན་ཏུར་བདུན་པོ་འདི་ཆོས་ཅན། རྩོད་པ་ཞི་བྱེད་ཀྱི་སྐབས་འདིར་བསྟན་པར་ཐལ། འཐབ་མོ་ལ་སོགས་པའི་རྩོད་པ་ཉེ་བར་ཞི་བྱེད་ཡིན་པས་སོ། །འདོད་མི་ནུས་ཏེ། དེར་རྣམ་པར་མ་བཞག་པའི་ཕྱིར། གསུམ་པ་རྟོག་པ་གཞན་བཟློག་པ་ནི། དེ་ཆོས་ཅན། ཁྱོད་ཡུལ་དེ་མི་འདོད་བཞིན་དུ་བྱ་བའི་ནན་ཏུར་གྱི་ལས་ཡིན་ཏེ། དགེ་འདུན་གྱི་ཐུགས་ལ་ཡུལ་དེ་ལྟུང་བ་དེ་ཤེས་བཞིན་དུ་ཁྱད་དུ་གསོད་དོ་སྙམ་དུ་བློ་སྐྱེས་ནས་ཁྱོད་སྦྱིན་པའི་ཕྱིར་ཞེ་ན། དེ་ཆོས་ཅན། ཁྱོད་བྱེད་པ་པོའི་དགེ་འདུན་ལ་ཁྱོད་བྱ་བའི་ཡུལ་གྱིས་ཁྱོད་ཀྱི་རྒྱུར་གྱུར་པའི་ལྟུང་བ་དེ་ཡོད་བཞིན་དུ་རྫུན་གྱིས་མ་མཐོང་ཟེར་བར་འདུག་སྙམ་པ་ཉིད་ཀྱི་ཤེས་པ་སྐྱེས་ནས་ཁྱོད་བྱེད་པར་ཐལ། དེའི་ཕྱིར་རོ། འདོད་ན། ཁྱོད་བྱ་བའི་གཞི་དེ་མ་མཐོང་གནས་དབྱུང་ནན་ཏུར་བྱ་བའི་གཞི་ཡིན་པར་ཐལ་ལོ། །འདོད་ན། ཁྱོད་བྱ་བའི་གཞི་དེ་དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པའི་གཞི་མིན་པར་ཐལ་ལོ། །དེ་འདོད་ན། དེའི་ངོ་བོ་ཉིད་འཚོལ་བ་དང་མཐུན་པ་སྦྱིན་པའི་སྐབས་མེད་པར་ཐལ་ལོ། །བཟོད་པ་གསོལ་དགོས་པ་ནི་ལས་བྱེ་བ་བཞིན་ནོ། །གསུམ་པ་བསླབ་བྱ་ནི། དགེ་འདུན་གྱིས་རྩོད་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་འབད་པ་མི་སྐྱེད་པར་མི་བྱའོ། །རྩོད་པའི་གཞིའོ། །གཉིས་པ་ཞུ་བའི་སྐབས་


DLL1002_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འབྱུང་བ་ལ་གསུམ། བྱ་ཕྱིར་རྩོད་པ་ཞི་བྱེད། བྱེད་པ་པོའི་མཚན་ཉིད། རྩོད་པ་རང་གི་ངང་གིས་ཞི་བའི་ཚུལ་ལོ། །དང་པོ་ནི། རྩོད་པ་ཞི་བར་བྱ་བ་བདུན་པོ། མངོན་སུམ་དྲན་པ་མ་མྱོས་དང༌། །དེ་བཞིན་གང་མང་ངོ་བོ་ཉིད། །རྩ་རྣམས་བཀྲམ་པ་ལྟ་བུ་དང༌། །ཁས་བླངས་བར་ཡང་བྱ་བའོ། །ཞེས་པ་ཐམས་ཅད་ནི་རྒྱུའི་སྒོ་ནས་བྱ་བའི་ཕྱིར་རྩོད་པ་ལ་འཇུག་སྟེ། དེའི་རྒྱུ་ཞི་བར་བྱེད་པའི་ཕྱིར། དཔེར་ན་སྨན་གྱིས་ནད་ཞི་བར་བྱས་ནས། ཁ་ཟས་ཀྱིས་ལུས་རྒྱས་པར་བྱེད་པ་བཞིན་ནོ། །དེ་ཡང་འགྱེད་ཕྱིར་རྩོད་པ་རྒྱུར་བྱས་ནས་ལས་ལ་མཐུན་པ་མི་སྟེར་ན། འགྱེད་ཕྱིར་རྩོད་པ་དེ་མངོན་སུམ་བདུན་དང་གང་མང་གིས་ཞི་བར་བྱས་ནས་མཐུན་པ་སྦྱིན་དུ་གཞུག་པ་ལྟ་བུའོ། །དེ་བཞིན་དུ་གཞན་རྣམས་ལའང་རིག་པར་བྱ་སྟེ། ཞུ་བར། བཙུན་པ་བཅོམ་ལྡན་འདས་ཀྱིས་རྩོད་པ་བཞི་པོ་གང་དག་གསུངས་པ་དང༌། རྩོད་པ་ཞི་བ་བདུན་པོ་གང་དག་གསུངས་པ་དེ་དག་ལ་བཙུན་པ་དགེ་སློང་གི་རྩོད་པ་བཞི་པོ་དག་རྩོད་པ་ཞི་བར་བགྱིད་པ་བདུན་པོ་གང་ཡང་རུང་བས་ཉེ་བར་ཞི་བར་བགྱིད་པ་དང་ཉེ་བར་ཞི་བར་རུང་ངམ། ཉེ་བར་འཁོར་བྱ་བའི་ཕྱིར་རྩོད་པ་མ་གཏོགས་པ་མི་རུང་ངོ༌། །ཞེས་གསུངས། གཉིས་པ་ནི། དགེ་ཚུལ་ལ་སོགས་པ་དགེ་འདུན་གྱི་ཁ་སྐོང་བར་འོས་པ་མིན་པ་ནི། གཟུ་བོ་ལ་སོགས་པ་དགེ་འདུན་གྱི་ཐ་སྙད་ལ་ཚོགས་པར་དབྱུང་བ་ཉིད་མིན་པས་བསྐོ་བར་མི་བྱའོ། །གཞན་བསྙེན་པར་མ་རྫོགས་པ་རྣམས་ཀྱི་རྩོད་པ་ལ་ནི་བསྙེན་པར་རྫོགས་པ་རྣམས་ཀྱི་དབང་དུ་བྱས་ཏེ་དེ་དག་གིས་ཞི་བར་བྱའོ། །དགེ་སློང་མས་རང་ཕྱོགས་ཀྱི་རྩོད་པ་ཞི་བར་རུང་ངམ་ཞེ་ན། བུད་མེད་དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་རྣམས་ཀྱི་རྩོད་པ་ནི་སྐྱེས་པས་ཞི་བར་བྱ་རིགས་སོ། །གསུམ་པ་ནི། སྲོག་ལས་ཉམས་སམ། བསྙེན་པར་རྫོགས་པ་ལས་ཉམས་ན་རྩོད་པ་རང་གི་ངང་གིས་ཞི་བ་ཉིད་ཡིན་


DLL1002_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །སྤང་བར་བྱ་བ་ཉིད་ནས་རང་ཕྱོགས་ནས་གཞན་གྱི་ཕྱོགས་ཉིད་ཀྱི་བར་དུ་གྱུར་ན་ཡང་རྩོད་པ་རང་ཞི་བར་འགྱུར་རོ། །ཡུལ་ཐག་རིང་པོ་གཞན་དུ་སོང་ངམ། ནད་ཀྱི་རྣམ་པ་ཡུན་རིང་པོས་བཏབ་ན་ཡང་རྩོད་པ་རང་ཞི་བར་འགྱུར་རོ། །སུ་ཞིག་དེ་ལྟར་གྱུར་ན་རྩོད་པ་ཞི་བར་འགྱུར་ཞེ་ན། དོན་སྦྱིན་པར་བྱེད་པ་གླེང་བ་པོའམ། མངོན་པར་བརྩོན་པ་གླེང་བྱ་གཉིས་ཀའམ་གང་རུང་དེ་ལྟར་གྱུར་ན་རྩོད་པ་རང་ཞི་བར་འགྱུར་རོ། །རྩོད་པའི་གཞི་ཞུ་བའི་སྐབས་སོ། །རྩོད་པའི་གཞི་རྫོགས་སོ།། །།ལྔ་པ་དེ་དག་ཐམས་ཅད་ཀྱི་རྟེན་གནས་མལ་གྱི་གཞི་ལ་གཉིས་ལས། གཞིའི་སྐབས་ནས་འབྱུང་བ་ལ་གཉིས། ཕྱག་བྱ་བ་དང་མི་བྱ་བའི་རིམ་པ། གནས་མལ་བསྟེན་པ་དངོས་སོ། །དང་པོ་ནི། རབ་བྱུང་སྡེ་ལྔ་པོ་དག་གིས་ཕྱག་གི་རིམ་པ་ཇི་ལྟར་བྱ་ཞེ་ན། སོ་སོ་ཐར་པའི་སྡོམ་པས་མཆོག །དགེ་སློང་ལ་རབ་ཏུ་བྱུང་བ་དགེ་ཚུལ་གྱིས་ཕྱག་བྱའོ། །དགེ་སློང་མ་ལ་དགེ་སློབ་མ་དང་དགེ་ཚུལ་མས་ཕྱག་བྱ། དགེ་སློབ་མ་ལ་དགེ་ཚུལ་མས་ཕྱག་བྱ་སྟེ། དགེ་བའི་ཕྱོགས་འཕེལ་ཞིང་རྒྱས་པའི་དགོས་པ་ཡོད་པའི་ཕྱིར་སོ་སོ་ཐར་པའི་སྡོམ་པས་མཉམ་ན། སྡོམ་པ་དེ་ཉིད་ཀྱིས་རྒན་པ་ལ་གཞོན་པས་ཕྱག་བྱའི་ན་ཚོད་ཀྱིས་རྒན་པ་ལ་ནི་མིན་ནོ། །འོ་ན་དགེ་ཚུལ་ལས་དགེ་སློབ་མ་དང་དགེ་སློང་མ་སྡོམ་པས་མཆོག་ཡིན་པས་དགེ་ཚུལ་ཀྱིས་དེ་གཉིས་ལ་ཕྱག་བྱ་འམ། སྡོམ་པས་མཉམ་པ་དགེ་སློང་གིས་དགེ་སློང་མ་ལ་ཕྱག་བྱའམ་ཞེ་ན། མཚན་ཐ་མི་དད་པ་ལ་ཡིན་གྱི། མཚན་མི་མཐུན་ལ་མིན་ནོ། །འོ་ན་དགེ་སློང་མ་སོགས་ཀྱིས་ཀྱང་དགེ་སློང་ལ་ཕྱག་མི་བྱའམ་ཞེ་ན། སྐྱེས་པ་རང་བས་སྡོམ་པས་མི་དམན་པ་གསར་བུ་ལ་ཡང་བུད་མེད་ཀྱིས་ཕྱག་བྱ་ན་རྒན་པ་ལ་ལྟ་ཅི་སྨོས། དམན་པ་ལ་ནི་ཕྱག་བྱ་མི་དགོས་སོ། །དེ་རྣམས་ཀྱི་དམིགས་བསལ་ནི། སྤོ་མགུ་སྤྱོད་པ་སོགས་ས་གཞན་ན་གནས་པ་དང༌། ཕམ་པ་འཆབ་


DLL1002_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱིས་ཉམས་པ་དང༌། དགེ་སློང་མ་སུན་ཕྱུང་བ་དང༌། ཆོས་མིན་པའི་ཕྱོགས་དང་མཐུན་པ་དང༌། ཐ་དད་པར་གནས་པ་དང༌། མཚམས་མེད་པ་སོགས་བྱས་པ་དང༌། གློས་ཕབ་སྟེ་ཉལ་བ་དང༌། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང༌། བྱ་བས་བྲེལ་བ་དང༌། ཕྱག་འཚལ་བ་ལ་སེམས་མི་གཏོད་པར་སེམས་གཞན་དུ་སོང་བ་དང༌། མདུན་པར་བལྟ་བའི་རྒྱབ་ཀྱིས་ཕྱོགས་པ་དང༌། ཁྱིམ་པའི་ཁྱིམ་གཞན་ན་འདུག་པ་དང༌། ཟས་ཟ་བའི་གྲལ་ན་འདུག་པ་མ་གཏོགས་ཏེ། དེ་དག་ལ་ཕྱག་འཚལ་མི་དགོས་སོ། །ཁྱིམ་པས་སྔར་བཤད་པ་དེ་དག་ལས་གཞན་པའི་རབ་ཏུ་བྱུང་བ་ཐམས་ཅད་ལ་ཕྱག་བྱའོ། །རབ་ཏུ་བྱུང་བ་ཁྱིམ་གཞན་ན་འདུག་པ་ལ་ཡང་ཕྱག་བྱ་སྟེ། ཁྱིམ་གཞན་ནི་ཁྱིམ་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཁྱིམ་པ་དང་རབ་བྱུང་དང་སྐྱེས་པ་བུད་མེད་དང་རྒན་གཞོན་ཐམས་ཅད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །གཉིས་པ་ལ་གསུམ། རྩིག་པའི་ཆོ་ག་ཞར་བྱུང་དང་བཅས་པ། བསྐྱང་བའི་ཆོ་ག །ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ཇི་ལྟར་བྱ་ཚུལ་ལོ། །དང་པོ་ནི། དགེ་སློང་གིས་གཙུག་ལག་ཁང་བྱ་རུང་ངོ༌། །ཇི་ལྟར་བྱ་ན། ཤར་ལ་སོགས་པའི་ངོས་གཅིག་ཏུ་དྲི་གཙང་ཁང་བྱའོ། །དྲི་གཙང་ཁང་དེའི་མདུན་གྱི་བྱང་ཐད་ཀྱི་ངོས་སུ་སྒོ་ཁང་བརྩིག་པར་བྱའོ། །གཙུག་ལག་ཁང་གི་དབྱིབས་གྲུ་བཞི་བཟང་བ་ཉིད་དོ། །གྲུ་བཞི་ལ་ངོས་གསུམ་ནས་ཁྱམས་གསུམ་བཏགས་པ་ཡང་བཟང་ངོ༌། །གཞན་གྱིས་ཕུལ་བ་དེ་ནོད་པར་བྱའོ། །གཙུག་ལག་ཁང་དུ་གནས་པར་བྱའོ། །སྦྱིན་བདག་གཞན་དག་དགེ་འདུན་གྱི་གཞིར། དགེ་འདུན་གྱི་ཕྱིར་རམ་གང་ཟག་དགེ་སློང་གི་ཕྱིར་གནས་ཀྱི་གཞི་བྱེད་པ་རྗེས་སུ་གནང་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གཞི་དེ་ལ་སྦྱིན་བདག་ཡོད་ན། དེས་རྗེས་སུ་


DLL1002_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

གནང་ནའོ། །གྲོང་ཁྱེར་གྱི་ཕྱི་རོལ་ལམ་ནང་དུ། བསྟི་བའི་གནས་དག་བྱར་རུང་ངོ༌། །རང་གི་ཁྲོན་པར་རང་ཆུ་འཆུ་བའི་ཚེ་བུད་མེད་གཞན་ཡང་ཆུ་འཆུར་འོང་པ་ན་བུད་མེད་ལ་ཆགས་སེམས་སྐྱེ་ན་གཅིག་གིས་གཅིག་མི་མཐོང་བར་བར་དུ་བཅད་པའི་ཕྱིར་རྩིག་གུ་བྱ་བས་བུད་མེད་ལ་ཀུན་ཏུ་ཆགས་པའི་ཤེས་པ་བསལ་བར་བྱའོ། །སྙིམ་པ་བཀང་སྟེ་ཆུ་བླུད་པས་བུད་མེད་རྗེས་སུ་གཟུང་བར་བྱ་ཞིང་ཆུའི་རྒྱུན་མི་ཆད་པར་བླུག་པར་མི་བྱའོ། །དབྱར་གྱི་རྙེད་པ་དེའི་དུས་ཀྱི་ཚེ་དབྱར་གྱི་ནང་དུ་འོངས་ཤིང༌། ཞག་བཞི་བཅུ་རྩ་དྲུག་ལས་ལྷག་པར་མཚམས་དེའི་ནང་དུ་གནས་ན་དབྱར་གནས་པར་ཁས་མ་བླངས་ཀྱང་རུང༌། དབྱར་རལ་ཡང་རུང་སྟེ་དབྱར་གྱི་རྙེད་པ་དབང་སྟེ། དེ་དབང་བའི་རྒྱུ་དབྱར་གནས་པ་ཡིན་པའི་ཕྱིར་རོ། །ཟན་ཙམ་ཟ་ཞིང་རྙེད་པ་མ་བྱིན་པ་ལ་ནི་མཚམས་དེའི་དགེ་འདུན་གྱིས་ལས་སུ་བསྐོ་བར་མི་རིགས་སོ། །ལས་སུ་ནི་གཞོན་རིམ་ནས་མཐར་གྱིས་བསྐོའོ། །ལས་མི་བྱེད་པས་རྙེད་པ་མི་འཐོབ་པ་ལ་ཟས་ནི་སྦྱིན་པར་བྱ་བ་ཉིད་དོ། །དགེ་སློང་གཞན་གྱི་རྙེད་པ་ལ་མགྲོན་དུ་མ་བོས་པས་བློ་སྔོན་དུ་བཏང་སྟེ་འདུ་བར་མི་བྱའོ། །ཟན་གྱི་དོན་ཁོ་ནར་མ་སོང་བ་གཙུག་ལག་ཁང་གཞན་དུ་སོང༌ནས་དྲོ་ལ་བབ་སྟེ་དེར་ཟན་ཟ་བ་ལ་ནི་ཉེས་པ་མེད་དོ། །མུ་གེའི་ཚེ་རང་གི་རྒྱགས་མ་ཁྱེར་བར་གཙུག་ལག་ཁང་གཞན་དུ་བློ་སྔོན་དུ་བཏང་ནས་ཟོས་ཀྱང་ཉེས་པ་མེད་དོ། །གཙུག་ལག་ཁང་གང་ན་དགེ་སློང་ཇི་སྙེད་འཁོད་པའི་ཟས་ཀྱི་ཚོད་ལས་ལྷག་པའི་འཐེབ་ཡོད་པ་ལ་དེར་སོང་སྟེ་ཟས་བླངས་པ་ལ་ཡང་ཉེས་པ་མེད་དོ། །གཉིས་པ་ནི་དགེ་འདུན་ནམ་གང་ཟག་གིས་གཙུག་ལག་ཁང་ཞིག་རལ་བྱུང་བ་ཡལ་བར་མི་དོར་བར་ཕྱིར་བཅོས་པར་བྱའོ། །ཇི་ལྟར་ན། ཕྱིར་བཅོས་པའི་ཕྱིར་སྦྱིན་བདག་སྤྲོ་བར་བྱའོ། །སྦྱིན་བདག་མ་གྲུབ་ན་དགེ་འདུན་གྱི་རྫས་ལས་ཇི་ཙམ་གྱིས་ནུས་པ་དེས་བཅོས་པ་ལ་ངེས་པར་སྦྱར་རོ། །རང་གི་ལས་


DLL1002_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ཀྱང་ཕྱིར་བཅོས་པར་བྱའོ། །གཙུག་ལག་ཁང་དེ་ནས་རྙེད་པ་ནོད་པས་གཙུག་ལག་ཁང་གི་བྱི་དོར་བྱའོ། །སྦྱིན་བདག་གིས་དད་པས་གང་ཟག་འགའ་ཞིག་ལ་ཕུལ་པའི་རྙེད་པ་ནི་གཙུག་ལག་ཁང་ཉིད་ཀྱི་རྙེད་པ་མིན་ནོ། །གཙུག་ལག་ཁང་ནས་གཞན་དུ་འགྲོ་བའི་ཚེེ་སྒོ་བཅད་དེ་འགྲོ་བར་བྱའོ། །གཙུག་ལག་ཁང་གི་བསྲུང་མ་ཡང་བཞག་སྟེ་འགྲོའོ། །བསྲུང་མ་དེ་ལ་ཟན་མེད་ན་སྦྱིན་ནོ། །བསྲུང་མ་དེས་གཞན་དག་ཕྱི་རོལ་ནས་གཙུག་ལག་ཁང་གི་སྒོ་ཕྱེ་ཞིག་ཅེས་ཟེར་ན། ཆོམ་རྐུན་པའི་རང་དབང་ཉིད་མེད་པར་ངེས་པར་མི་ཤེས་པར་སྒོ་དབྱེ་བར་མི་བྱའོ། །ངེས་པར་ཤེས་པའི་ཐབས་གང་ཞེ་ན། ཁང་སྟེང་དུ་འཛེགས་ཏེ་བལྟ་བ་དང་ཁྱོད་རིམས་ཀྱིས་མ་བཏབ་བམ་ཞེས་བརྡ་སྐད་བརྗོད་པ་ནི་འདིར་ཐབས་ཡིན་ནོ། །ཁྱོད་གནས་གང་ན་འདུག་པ་ཡིན་ཁྱོད་ཀྱི་མིང་ཅི་ཁྱོད་ཀྱི་ཕ་མ་ལ་སོགས་པ་གང་ཡིན་ཞེས་དྲི་ཞིང་སོ་སོར་ཤེས་པར་བྱེད་དུ་གཞུག་པ་ཡང་ཐབས་ཡིན་ནོ། །ཡིད་མི་ཆེས་ཤིང་འཇིགས་པ་དང་བཅས་པ་ཉིད་ལ་གཙུག་ལག་ཁང་གི་སྒོ་དབྱེ་བར་མི་བྱའོ། །དགེ་སློང་དགོན་པ་བས་ཁྱི་བཅང་པར་བྱའོ། །ཁྱི་འཆང་པའི་གང་ཟག་དེས་ནང་པར་སྔར་ལངས་མ་ཐག་ཁོ་ནར་གཙུག་ལག་ཁང་དང་མཆོད་རྟེན་གྱི་འཁོར་སར་ཁྱིས་མི་གཙང་བ་མ་བྱས་སམ་ཞེས་པ་བལྟ་བར་བྱའོ། ། གལ་ཏེ་དེས་དེར་བཤང་བ་བྱས་ན་དོར་བར་བྱ་ཞིང༌། གལ་ཏེ་གཅི་བ་བྱས་ན་ཕྱི་བར་བྱ། གལ་ཏེ་སྡེར་མོ་དག་གིས་བྲད་ན་མཉམ་པར་བྱའོ། །བཤང་པ་སོགས་དེ་དག་བྱས་པའི་གནས་དག་ཏུ་དཀྱིལ་འཁོར་ཞལ་ཞལ་བྱའོ། །ཁྱི་དེ་ཇི་ལྟར་གསོ་ན། ཁྱི་དེ་ལ་ལྷུང་བཟེད་ཀྱི་ལྷག་རོལ་སྦྱིན་ནོ། །གང་དུ་སྦྱིན་ན། མཆོད་རྟེན་དང་གཙུག་ལག་ཁང་གི་ཉེ་འཁོར་གྱི་ཕྱི་རོལ་ཏུ་སྦྱིན་ནོ། །གསུམ་པ་ལ་གཉིས་ལས། ཆོས་ཀྱི་ལོངས་སྤྱོད་ཇི་ལྟར་བྱ་བ་ནི། མཁན་སློབ་དག་


DLL1002_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གིས་སྤྱོད་ལམ་བཞི་པོ་ཅི་འདོད་པས་སློབ་མ་དག་ལ་ལུང་དབོག་གོ །གསར་བུས་བླ་མ་ལ་ལུང་ནོད་པའི་ཕྱིར་ཕྱག་བྱ་བ་སྔར་བཏང་བའི་སྤྱོད་ལམ་བསྟེན་པས་ཁམས་སྙོམས་པ་དྲིའོ། །ལག་པ་གཉིས་པོ་ཐལ་མོ་བསྣོལ་ཏེ་བཅང་བའི་སྤྱོད་ལམ་བསྟེན་ནོ། །ལུས་དང་སེམས་བཏུད་དེ་དྲང་པོར་བྱའོ། །ལུང་འབོག་པར་བྱེད་པའི་གནས་སྐབས་ཇི་ལྟ་བུ་ལ་སྤྱོད་ལམ་ཇི་ལྟ་བུ་བསྟེན་ཞེ་ན། ལུང་འབོག་པ་པོ་འཆགས་པ་ན་གོམ་པ་བསྲི་བས་བཅག་པའི་སྤྱོད་ལམ་བསྟེན་ནོ། །འགྲེང་པ་ནི་འགྲེང་བའི་སྤྱོད་ལམ་བསྟེན། འདུག་པ་དང་ཉལ་པ་ནི་འདུག་པའི་སྤྱོད་ལམ་བསྟེན། གང་དུ་འདུག་ཅེ་ན། སྟན་ཆེས་དམའ་བ་ལ་འདུག་གོ །གསར་བུས་ནི་སློབ་དཔོན་གྱིས་བསྒོ་ན་འདུག་གོ །མ་བསྒོ་ན་ཙོག་པུར་འདུག་གོ །ལུང་ནོད་པར་བྱ་བ་མང་བ་ཉིད་ཡིན་ན་འདུག་པའི་ཕྱིར་ལུང་འབོག་པར་བྱེད་པ་ལ་ཞུ་བར་བྱའོ། །ལུང་འབོག་པར་བྱེད་པའི་ཐོས་པའི་ཉེ་འཁོར་མ་གཏོགས་པ་སྣང་བའི་ཉེ་འཁོར་དུ་འདུག་སྟེ་ཁ་ཏོན་བྱའོ། །སྒོམ་པའི་གདམས་ངག་ནི་མཐའ་གཅིག་ཏུ་སོང་སྟེ་བསྒྲུབ་པར་བྱའོ། །འབོག་པར་བྱེད་པས་ལུང་འབོག་པ་དང༌། ལུང་ནོད་པར་བྱེད་པས་དེ་ལས་ལུང་ནོད་པ་ནི་ཤིན་ཏུ་ལེགས་པར་བཀླགས་པ་ཐག་ཐོགས་མེད་པ་དང༌། མཚན་མར་འདྲིས་པས་ཤིན་ཏུ་ཡོངས་སུ་བྱང་བ་དང༌། རྣམ་གྲངས་སོགས་ལ་ཐེ་ཚོམ་མེད་པར་བྱས་ཏེ་བྱའོ། །གཉིས་པ་ཟང་ཟིང་གི་ལོངས་སྤྱོད་ཇི་ལྟར་བྱ་བའི་ཚུལ་ནི། གནས་ཁང་འདིར་འདུག་ཅེས་པ་གནས་ཁང་བསྐོ་བ་དང༌། ཟས་ལ་འདིར་སོང་ཞེས་བསྐོ་བ་དང༌། ཐུག་པ་འབྲིམ་པ་དང༌། བག་ཚོས་འཁུར་བ་འབྲིམ་པ་དང༌། ཤིང་ཐོག་འབྲིམ་པ་པོ་བསྐོ་བར་བྱའོ། །བར་བུར་རམ་ཕྲན་ཚེགས་འབྲིམ་པ་དང༌། ལྷག་རོལ་ཕྱི་དེ་ཉིན་པར་འབྲིམ་པར་བྱ་བ་ནི་བར་བུར་འབྲིམ་པ་དེ་ཞེས་བྱའོ། །སྣོད་སྤྱད་གཡར་དུ་གཏོང་བ་དང་ལེན་པ་འདྲུབ་པའོ། །དབྱར་གྱི་རས་ཆེན་


DLL1002_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

སྦེད་པ་དང་འགྱེད་པ་གཉིས་དང༌། སྲ་བརྐྱང་འདིང་བ་དང༌། གོས་དག་སྦེད་པ་དང་འགྱེད་པ་ཡང་ངོ༌། །དགེ་སྐོས་དང་མངག་གཞུག་པ་དག་གོ །སྡེར་སྤྱད་འབྲིམ་པ་རྣམས་སྤྲོ་པར་བྱས་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །སྡེ་སྤྱད་དེ་དག་བྲིམ་པ་དང་ཟན་གྱུ་ནས་གྲུབ་པ་ནི་སྡེ་སྤྱད་འབྲིམ་པ་དེའི་ལས་ཡིན་ནོ། །ཆུའི་ཞལ་ཏ་པའོ། །མཛེས་འཆོས་པ་ཡང་སྤྲོ་བར་བྱས་ཏེ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། མཛེས་འཆོས་པ་དེས་བལྟས་ཏེ་རབ་ཏུ་བྱུང་བ་རྣམས་མི་མཛེས་པ་བསྟེན་ན་སེ་གོལ་གྱི་སྒྲ་སྔོན་དུ་བཏང་སྟེ་མཛེས་པ་ལ་ངེས་པར་སྦྱར་བར་བྱའོ། །མཛེས་པ་ལ་སྦྱར་བ་ནི་འདི་ལྟ་སྟེ། ཟས་ལ་སྒྲ་བསྒྱུར་བ་ཉིད་དང༌། ཤིན་ཏུ་བསྡམས་པ་ཉིད་དང༌། ཤིན་ཏུ་ནོགས་ཐུབ་པ་རབ་ཏུ་གཡོགས་པ་ཉིད་ལ་སྦྱར་རོ། །མཆོད་རྟེན་ལ་ཕྱག་བྱ་བ་ལ་སྒྲ་བསྐྱུངས་བ་ཉིད་དང༌། རྒན་རིམ་གྱིས་བྱའོ། །བང་རིམ་གྱི་ཞལ་ཏ་པ་བསྐོའོ། །ཞལ་ཏ་པ་དེས་དང་པོར་ཟན་ཟོས་ཏེ་དབྱུག་གུ་བླངས་ནས་ཟན་ཟ་བ་དག་ལ་ཁྭ་དང་བྱེའུ་དང་ཕུག་རོན་ལ་སོགས་པ་བཟློག་པར་བྱའོ། །ཁྲི་དང་ཁྲིའུ་དང་སྟན་ནང་ཚངས་ཅན་ལ་སོགས་པའི་གནས་མལ་འབོག་པ་དང༌། དེ་དག་མེད་པའི་གནས་མལ་བྱིའོ། །ཤིང་ལྗོན་པའི་དྲུང་ནེའུ་གསིང་ལ་སོགས་པ་གཏན་གྱི་གནས་མལ་མིན་པ་འབོག་པ་གསོལ་གཉིས་ཀྱི་ལས་ཀྱིས་བསྐོའོ། །ཟས་རུང་བ་ཤ་དང་བཅས་པ་ཡིན་ན། དེར་མི་གཞན་དག་ཡོང་པོ་བསྲུང་བ་ལ་སྒེའུ་ཆུང་བསྲུང་བ་བསྐོ་བར་བྱའོ། །གནས་མལ་གྱི་གཞིའོ། །གཉིས་པ་ཕྲན་ཚེགས་ལ་སོགས་པའི་སྐབས་ནས་འབྱུང་བ་ལ་གསུམ། ཕྱག་བྱ་བ་དང་མི་བྱ་བའི་རིམ་པ་མཚན་ནས་བརྗོད་པའི་ཚུལ། གནས་མལ་བསྟེན་པ་དངོས། འདུལ་བ་མདོར་བསྡུས་ཏེ་བསྟེན་པའོ། །དང་པོ་ནི། ཕྱག་འཚལ་བའི་


DLL1002_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མུན་ཁྲོད་དུ་ལུས་བཏུད་པའི་ཕྱག་མི་བྱ་བར་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ་ཞེས་པའི་སྒྲ་དང་བཅས་པའི་ཚིག་བརྗོད་པར་བྱའོ། །ཕྱག་བྱ་བའི་འོས་ཉེ་འཁོར་དུ་གྱུར་པ་ལ་གཞན་གྱིས་ཕྱག་བྱ་བར་བརྩམས་པ་ལ་རང་གིས་སྔར་ཕྱག་བྱས་ཟིན་ཀྱང་ཡང་བྱའོ། །དགེ་འདུན་ཐམས་ཅད་གནས་གཅིག་ཏུ་འཚོགས་པ་ལ་སྤྱིར་ཕྱག་བྱ་བ་ཚངས་པའི་ཕྱག་གིས་ནི་རེ་རེའི་ཕྱག་དེ་བྱས་པ་ཉིད་ཡིན་ནོ། །གནོད་པ་བྱ་བའི་བསམ་པ་ཉེ་བར་གནས་པའི་ནད་དང་བཅས་པ་ལ་ཕྱག་མི་བྱའོ། །གང་ཟག་ཕྱག་འཚལ་བ་ལ་ཨ་རོཀྵ་ཞེས་མི་བྱ་བར་མི་བྱའོ། །ཨ་རོཀྵ་ནི་ནད་མེད་པར་གྱུར་ཅེས་པའོ། །ད་ལྟར་ཕྱག་འཚལ་བའི་འོས་མིན་ཡང་འདས་པའི་དུས་ན་ཕྱག་བྱ་བའི་འོས་ཡིན་ན། སྔོན་གྱི་གནས་སྐབས་དེ་མངོན་དུ་བྱས་ནས་དེ་ལས་ཕྱག་མི་བྱ་བ་ཉིད་མིན་ནོ། །གང་ཟག་སྦགས་པ་ལ་ཕྱག་མི་བྱའོ། །གང་ཟག་སྦགས་པས་གཞན་ལ་ཕྱག་མི་བྱའོ། །སྦགས་པས་ཕྱག་དེ་བདག་གིར་མི་བྱའོ། །གཞན་སྦགས་པ་ལས་ཕྱག་བདག་གིར་མི་བྱའོ། །སྦགས་པ་ནི་རྣམ་པ་གཉིས་ཏེ། ཟ་བས་སྦགས་པ་ནི། ཐ་ན་སོ་ཤིང་ཡན་ཆད་ཟ་བས་སྦགས་པ་དང༌། མི་གཙང་བས་སྦགས་པ་ནི་ཐ་ན་མི་གཙང་བའི་ས་བྱི་དོར་བྱེད་པ་ཡན་ཆད་ཀྱིས་སྦགས་པའོ། །ཕྱག་བྱ་བ་འདི་ལ་གཅེར་བུ་ཉིད་དང་གོས་གཅིག་པ་འདི་ནི་སྦགས་པ་དང་འདྲ་བས་གཅེར་བུ་ལ་ཕྱག་མི་བྱ་གཅེར་བུས་ཕྱག་མི་བྱ། གཅེར་བུས་ཕྱག་བདག་གིར་མི་བྱ། གཅེར་བུ་ལས་ཕྱག་བདག་གིར་མི་བྱའོ། །དེ་བཞིན་དུ་གོས་གཅིག་པ་ལའང་སྦྱར་རོ། །ཕྱག་ནི་རྣམ་པ་གཉིས་ཏེ་ཡན་ལག་ལྔས་ཕྱག་འཚལ་བ་དང༌། སྒྱིད་པ་ལ་འཁྱུད་པས་ཕྱག་འཚལ་བའོ། །ཤེས་རབ་བྱེད་པར། བྱིན་པ་མནན་པ་ཞེས་ཏེ། ཕ་རོལ་ཀྱི་རྐང་པ་ནས་བཟུང་སྟེ་ཕྱག་བྱས་པ་ཞེའོ། །མ་མོར། རྐང་པ་ནས་དམ་དུ་བཙིར་བ་ཞེའོ། །སྦྲིད་པ་བྱུང་བ་ལ་སོས་ཞེས་བརྗོད་པར་མི་བྱ་སྟེ། རྒན་ཞུགས་


DLL1002_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྱིམ་པ་ལ་ནི་མ་གཏོགས་པ། དེ་གཉིས་ལ་ནི་སོས་ཞེས་བརྗོད་དུ་རུང༌། གསར་བུ་སྦྲིད་པ་བྱུང་བ་དེ་ལ་ནི། རྒན་པོས་ཨ་རོཀྵ་ཞེས་བརྗོད་པར་བྱའོ། །ཨ་རོཀྵ་ནི་ནད་མེད་པར་གྱུར་ཅེས་པའོ། །རྒན་པོ་སྦྲིད་པ་བྱུང་བ་ལ་ནི་གསར་བུས་ཕྱག་བྱའོ། །ཚིག་ལེར། གསར་བུ་ཡིས་ཀྱང་རྒན་པོ་ལ། །ལུས་ཀྱིས་ཕྱག་ནི་བྱ་བ་ཡིན། །ཞེས་གསུངས། སུམ་བརྒྱ་པར། རྒན་ལ་སྦྲིད་བྱུང་ཚིག་གིས་ཕྱག་བྱ་བའོ། །ཞེས་གསུངས། གསར་བུ་སྦྲིད་པ་བྱུང་ན་ཡང་དེས་རྒན་པོ་ལ་ཕྱག་བྱའོ། །དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་བརྗོད་པ་དང༌། མིང་རྐྱང་པ་ནས་བརྗོད་པ་དང༌། རུས་བརྗོད་པས་བོད་པ་ཀུན་ཏུ་སྤྱད་པར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་དེ་བཞིན་གཤེགས་པ་དེའི་མཚན་ནམ་གདུང་སྨོས་བར་མི་བྱའོ། །ཉེ་བའི་ཚིག་དང་བྲལ་བར་རྒན་པའི་མིང་དང་རུས་སྨོས་པར་མི་བྱའོ། །རྒན་པ་འདི་ལ་གནས་བརྟན་དང་ཚེ་དང་ལྡན་པ་ནི་ཉེ་བའི་ཚིག་ཉིད་ཀྱིས་ཚུལ་དང་མཐུན་པ་ཡིན་ནོ། །སྔ་མ་དེ་བཞིན་གཤེགས་པ་ལ་ནི། གནས་བརྟན་དང་ཚེ་དང་ལྡན་པ་ཞེས་བྱ་བ་ཉེ་བའི་ཚིག་ཉིད་ཀྱིས་ཚུལ་དང་མཐུན་པ་མ་ཡིན་ནོ། །གཉིས་པ་ལ་གཉིས། གཙུག་ལག་ཁང་དུ་གནས་པའི་སྐབས་དང༌། དེར་ཇི་ལྟར་བྱ་བའོ། །དང་པོ་ལ་གསུམ། གཙུག་ལག་ཁང་ཇི་ལྟར་བརྩིག་པ། རི་མོར་ཇི་ལྟར་བྲི་བ། ཇི་ལྟར་བསྐྱང་བར་བྱ་བའོ། །དང་པོ་ནི། ལག་གི་བླས་གང་དུ་འགྲོ་བར་ནུས་པ་དང༌། གང་ནས་འོང་བར་ནུས་པ་དང་ལྡན་པའི་གཞིར་གཙུག་ལག་ཁང་རབ་ཏུ་གནས་པ་སྟེ་བརྩིག་པར་བྱའོ། །ཤིང་ལྗོན་པ་དང་ལྡན་པ་དང༌། རྫིང་བུ་དང་ལྡན་པ་དང༌། འཆག་ས་དག་དང་ལྡན་པར་གཙུག་ལག་ཁང་བརྩིག་གོ །ཉེ་འཁོར་དང་ལྡན་པ་བརྩིག་གོ །སྐྱེ་བོ་མང་པོའི་རྒྱུན་ལུགས་ཉུང་བ་དང༌། རང་དབང་དུ་གཏམ་ཟེར་བའི་ཀླག་ཅོར་དང༌། བྲམ་ཟེའི་ཀློག་པ་དང༌། གླང་པོ་ཆེ་དང་རྟ་ལ་སོགས་པའི་


DLL1002_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་དང༌། རྫ་རྔ་ལ་སོགས་པའི་ཏུག་རིང་ཆུང་བར་བརྩིག་གོ །སྦྱིན་པ་པོ་སྦྱིན་བདག་གིས་རྗེས་སུ་གནང་ན་གཙུག་ལག་ཁང་བྱ་བའི་དངོས་པོ་རྫས་ལས་ལག་གི་བླ་དེའི་ཟས་ལ་སོགས་པ་བྱ་བའི་སྤྱད་བྱའོ། །ལག་གི་བླའི་བྱ་བའི་སྤྱད་དེ་བཞག་པའི་ཁང་པ་སྦྱིན་ནོ། །ལས་བྱ་བ་དེར་དགོས་པའི་འབྲུ་མར་ལ་སོགས་པ་ཚོད་རན་པར་ཉོའོ། །ལག་གི་བླས་དགེ་འདུན་གཞི་པའི་ཟན་གྱི་སྤྱི་སྤུངས་ཅི་དྲི་བ་དེ་བཟའོ། །ལྷག་པ་མི་བཟའོ། །གནས་དེའི་གཙུག་ལག་ཁང་གཞན་མེད་པ་ཉིད་ཡིན་ན་ཉེ་འཁོར་གྱི་གཙུག་ལག་ཁང་གི་ཟན་ཐང་ཇི་ཙམ་པ་དེ་ཙམ་བཟའོ། །ལག་གི་བླས་སྣུམ་བག་གི་རྙེད་པ་བྱ་ན་ཡང་དགེ་སློང་གཞན་གྱི་ཐང་བཞིན་དུ་མནོད་དོ། །དགེ་སློང་རྣམས་ཀྱི་གཙུག་ལག་ཁང་གི་བརྩེག་མ་ཉིད་ཀྱི་མཐའ་ནི་ལྔའོ། །དགེ་སློང་མ་རྣམས་ཀྱི་གཙུག་ལག་ཁང་གི་བརྩེག་མ་ཉིད་ཀྱི་མཐའ་ནི་སུམ་བརྩེག་གོ །དྲི་གཙང་ཁང་དང་སྒོ་ཁང་སྟེང་གི་བསིལ་ཁང་དག་ནི་བརྩེག་མ་གཉིས་ཀྱིས་གཙུག་ལག་ཁང་ལས་ལྷག་པར་བྱས་ཏེ། དགེ་སློང་གི་བདུན་བརྩེག་དང༌། དགེ་སློང་མའི་ལྔ་བརྩེག་གོ །གཙུག་ལག་ཁང་དེ་དག་ལྕི་བས་འཇིག་པ་ཡིན་ན་བརྩེག་མ་ཇི་སྙེད་གཞིག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །གཙུག་ལག་ཁང་བརྩིག་པར་བརྩམས་པ་ན། ཡོ་བྱད་སོགས་དང་ལྡན་པས་ཆུང་ངུ་་ཆེན་པོར་བསྐྱེད་པའམ་ཡོ་བྱད་སོགས་དང་མི་ལྡན་པས་ཆུང་ངུར་སྐྱུང་བར་བྱ་བའི་ཕྱིར་གཞིག་པ་ལ་ཡང་ཁ་ན་མ་ཐོ་བ་མེད་དོ། །མཆོད་རྟེན་དང་སྐུ་གཟུགས་དག་ནི་བརྩམས་པ་ན་བསྐྱེད་པའི་ཕྱིར་བཤིག་ན་ཁ་ན་མ་ཐོ་བ་མེད་ཀྱི་བསྐྱུང་བའི་ཕྱིར་བཤིག་ཏུ་མི་རུང་ངོ། །མཆོད་རྟེན་དང་སྐུ་གཟུགས་རྙིངས་པ་བཅོས་པ་ཉིད་ཀྱི་ཕྱིར་བརྩམས་པར་མ་ཟད་ཟིན་ཀྱང་མཉམ་པའི་ཕྱིར་ཡང་བཤིག་པ་ལ་ཁ་ན་མ་ཐོ་བ་མེད་དོ། །མཆོད་རྟེན་དང་སྐུ་གཟུགས་ཕྱོགས་གཅིག་རྙིངས་པར་ཕྱིར་བཅོས་པའི་ཕྱིར་བཤིག་པ་ལ་ཡང་ཁ་ན་མ་


DLL1002_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཐོ་བ་མེད་དོ། །རྙིངས་པ་བཅོས་པའི་ཕྱིར་མཆོད་རྟེན་དང་སྐུ་གཟུགས་ལས་གདུགས་དང་ཆར་ཁེབས་ལ་སོགས་པ་དབོག་པ་ལ་ཡང་ཉེས་པ་མེད་དོ། གསར་པ་གཞན་གདགས་པའི་ཕྱིར་གདུགས་ལ་སོགས་པ་དབོག་པ་ལ་ཡང་ཉེས་པ་མེད་དོ། གཞན་གདགས་པ་དེའི་དོན་དུ་གདུགས་ལ་སོགས་པ་ཉེ་བར་མ་བཞག་པར་སྔ་མ་དབོག་པར་མི་བྱའོ། །སྐྱེས་བའི་རབས་ལ་སོགས་པའི་རི་མོ་དང༌། སངས་རྒྱས་ཀྱི་བཀའི་ཡི་གེ་དག་ཀྱང་རྙིངས་པ་བཅོས་པའི་ཕྱིར་ཕྱིས་པ་ལ་ཉེས་པ་མེད་དོ། །གང་གི་ཕྱིར་ཕྱིས་པ་ལ་ཉེས་པ་མེད་ཅེ་ན། །ཕྱིད་པའི་བྱེ་བྲག་དེ་ཁོ་ན་བྲི་བའི་ཕྱིར་ཕྱིད་པ་ལ་ཉེས་པ་མེད་དོ། །མཆོད་རྟེན་དང་གཙུག་ལག་ཁང་རྩོམ་པར་བྱེད་པས་བརྩམས་ནས་ཟིན་པར་མ་བྱས་ན་གཞན་གྱིས་དེའི་ལྷག་མ་བྱའོ། །གལ་ཏེ་དགེ་འདུན་གྱི་ཕྱིར་སྦྱིན་བདག་གིས་གཙུག་ལག་ཁང་ལ་སོགས་པ་ཕྱེད་བརྩིགས་ནས་བཏང་ན་དགེ་འདུན་གྱི་མཁར་ལན་གྱིས་བསྟང་བ་སྦྱིན་པར་བྱ་བ་ཉིད་དོ། །མཁར་ལན་དེས་བསྟང་བའི་དུས་ནི། གལ་ཏེ་དགུན་ཡིན་ན་ཟས་ཀྱི་འོག་རོལ་ཏུ། གལ་ཏེ་སོ་ག་ཡིན་ན་ཟས་ཀྱི་མདུན་རོལ་ཏུ་བྱའོ། །ལྷུང་བཟེད་བཀྲུ་བ་ལ་སོགས་པ་ཟས་ཀྱི་བྱ་བའི་དུས་ལུས་བར་ལས་བྱའི། དུས་ཡོལ་གྱི་བར་དུ་ལས་མི་བྱའོ། །མཁར་ལས་བྱས་པ་དེ་ལས་བཀྲུ་བཤལ་སོགས་བྱི་དོར་མ་བྱས་པར་བསོད་སྙོམས་ལ་འགྲོ་བ་སོགས་འཚོ་བ་ལ་འཇུག་པར་མི་བྱའོ། །བྱི་དོར་བྱས་པ་དེའི་མཐའ་ནི་རྐང་ལག་བཀྲུ་བ་ཉིད་དོ། །དགེ་སློང་རྣམས་ཟས་ཀྱི་མདུན་རོལ་ཏུ་ལས་བྱེད་ན། ལག་གི་བླས་ཁྱེའུ་སོས་བྱེད་དུ་གཞུག་གོ །དགེ་སློང་རྣམས་ཟས་ཀྱི་འོག་རོལ་ཏུ་ལས་བྱེད་ན་ལག་གི་བླས་སྐོམ་དང་རྐང་ལག་བསྐུ་མཉེ་བྱ་བ་སྦྱོར་དུ་གཞུག་གོ་དགེ་འདུན་ནམ་གང་ཟག་གི་གནས་ཁང་དག་གི་སྒོ་གདོད་དོ། །


DLL1002_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

སྒོར་སྒོ་གླེགས་གཞུག་གོ །སྒོ་གླེགས་ལ་ལག་བཟུང་དང་ཡང་མིག་དང་ཀོ་བའི་དུམ་བུ་དག་གཞུག་གོ །གནས་ཁང་ལ་སྐར་ཁུང་གདོད་དོ། །ཕྱོགས་གང་དུ་ན། རྩིག་ངོས་ཀྱི་དཀྱིལ་དུའོ། །དབྱིབས་ཇི་ལྟ་བུ་ན། ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཚོའི་རྣམ་པ་ལྟ་བུའོ། །སྐར་ཁུང་ལ་དྲ་བ་གཞུག་གོ །སྐར་ཁུང་ལ་སྒོ་གླེགས་གཞུག་གོ །སྒོ་གླེགས་དེ་ལ་འཁོར་གཏན་དང་གནམ་གཟེར་དང་འཕྲེད་གཏན་དག་གཞུག་གོ །སྒོ་དབྱེ་བའི་ཕྱིར་དབྱུག་གུ་སྐམ་ཁ་བཅང་ངོ༌། །ཐགས་མ་བརྒྱུ་བ་ཐམས་ཅད་ནི་གསོར་གྱི་རྩུབས་པས་བརྒྱུའོ། །གནས་ཁང་གི་མདུན་སྒོ་ལོགས་སུ་ཁྱམས་བྱའོ། །གནས་ཁང་བརྩིག་པའི་འོག་གཞིར་སོ་ཕག་གི་གཅལ་བདུན་ནམ་བརྒྱད་བྱའོ། །སོ་ཕག་གི་གཅལ་དེའི་སྟེང་དུ་ཀ་བརྟེན་གྱི་སྤང་ལེབ་བཞག་གོ །སྤང་ལེབ་དེའི་སྟེང་དུ་ཀ་བའི་ཚར་དག་གཟུགས་སོ། །ཀ་བའི་ཚར་དེ་དག་གི་སྟེང་དུ་ཀ་གཞུའི་འདབ་མ་དག་གཞུག་གོ །ཀ་གཞུ་དེ་དག་གི་སྟེང་དུ་གདུང་མ་དག་གཞག་གོ །གདུང་མ་དེ་དག་གི་སྟེང་དུ་ཕྱམ་དག་གཞག་གོ །ཕྱམ་དེ་དག་གི་སྟེང་དུ་སྤང་ལེབ་དག་གཞག་གོ །སྤང་ལེབ་དེ་དག་གི་སྟེང་དུ་སོ་ཕག་གི་གཅལ་དག་དགྲམ་མོ། །སོ་ཕག་གི་གཅལ་དེ་དག་གི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པས་གླན་ནོ། །མི་ལྷུང་བར་བྱ་བའི་ཕྱིར་བརྩེག་མ་དག་གི་སྟེང་དུ་ལན་ཀན་བྱའོ། །ལན་ཀན་མི་འགུལ་བར་བྱ་བའི་ཕྱིར་ཤར་བ་གཞུག་གོ །ཤར་བ་དེ་ལྕགས་ཀྱི་གཟེར་བུ་དག་གིས་སྟེང་གི་ཤིང་ལ་སྦྱར་རོ། །བརྩེག་མ་ལ་འཛེག་པའི་ཕྱིར་ཐེམ་སྐས་བྱའོ། །བརྩེག་མ་དག་ཏུ་ཐེམ་སྐས་འོག་ཏུ་རྡོ་ལས་བྱས་པ་བར་དུ་ས་ལས་བྱས་པ་སྟེང་དུ་ཤིང་ལས་བྱས་པའོ། །ཐེམ་སྐས་མེད་ན་ཡ་གད་ལས་འཛེག་པར་བྱའོ། །ཤིང་དང་སྨྱིག་མ་དང་ཐག་པ་ལས་བྱས་པའི་ཡ་གད་རུང་ངོ༌། །རྫིང་བུ་དང་སྒོ་ཁང་དུ་རྫབ་མི་འབྱུང་བར་


DLL1002_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་གོ །སོ་ཕག་གི་གཅལ་དེའི་སྟེང་དུ་སོ་ཕག་གི་ཕྱེ་མའི་འཇིམ་པ་བསྐུའོ། །འཇིམ་པ་དེའི་སྟེང་དུ་རྡོ་ཐལ་གྱི་སྐྱང་ནུལ་གྱིས་བསྐུའོ། །ཇི་སྐད་བསྟན་པའི་རྫས་དེ་དག་མེད་ན་རྐང་པ་བསྐྱབ་པའི་ཕྱིར་ཤིང་གི་སྤང་ལེབ་གཞུག་གོ །ཡང་ན་རྐང་པ་བསྐྱབ་པའི་ཕྱིར་བར་བར་དུ་སོ་ཕག་དག་གཞུག་གོ །མཆོད་རྟེན་ལ་ཡང་རྫབ་མི་འབྱུང་བར་བྱ་བའི་ཕྱིར་སོ་ཕག་གི་གཅལ་གཞུག་པ་སོགས་དེ་བཞིན་དུ་བྱའོ། །མཆོད་རྟེན་འདི་ལ་གཅལ་དེ་འདོམ་གང་ཙམ་བྱས་པ་ཉིད་ན་བྱས་པ་ཉིད་དོ། །ཆོས་སྨྲ་བ་བཞག་པའི་ཕྱིར་སེང་གེའི་ཁྲི་གྲུབ་བཞི་བྱའོ། །རྐང་པ་བཞི་པོ་དག་ལ་སེང་གེའི་གདོང་ལྟ་བུ་བྱའོ། །ཁྲི་དེ་སྤོ་བའི་ཕྱིར་རྐང་པ་བཞི་པོ་དག་ལ་ལྕགས་ཀྱི་ཡང་མིག་གདགས་སོ། །སེངྒེའི་ཁྲིའི་ཐགས་མ་ཐ་གུ་དག་གིས་བཏགས་སོ། །སེང་གེའི་ཁྲི་དེར་སྟན་ནང་ཚངས་ཅན་གཞག་གོ །སེང་གེའི་ཁྲི་དེའི་སྟེང་དུ་བླ་རེ་གདགས་སོ། །དར་ལ་སོགས་པ་དཔྱང་པ་དག་བླ་རེ་དང་སེང་གེའི་ཁྲི་ལ་གདགས་སོ། །སེང་གེའི་ཁྲི་གཞན་དུ་མི་བསྐྱོད་པའི་བརྟན་པ་ལ་ནི་སོ་ཕག་ལས་བྱས་པའི་ཐེམ་སྐས་བྱའོ། །གཞན་དུ་སྤོ་བ་ལ་ནི་ཤིང་ལས་བྱས་པའི་ཐེམ་སྐས་བྱའོ། །དེ་མ་འབྱོར་ན་ཡ་གད་གཟུགས་སོ། །སེང་གེའི་ཁྲི་དེ་ལ་རྐང་པ་གཉིས་འཕྱང་བ་དེར་རྐང་པ་བཞག་པའི་ཚད་ཙམ་གྱི་རྐང་རྟེན་བྱའོ། །དད་པ་ཅན་གྱིས་རྐང་རྟེན་ལ་དྲི་བྱུག་པ་སོགས་མཆོད་པ་དེའི་ཚེ་རྐང་རྟེན་དེའི་སྟེང་དུ་ལོ་མའི་ཆུན་པོ་འམ་རྩྭའི་ཆུན་པོ་གཞག་གོ །རྐང་རྟེན་འདི་ནི་རྐང་པ་གཉིས་མི་འཕྱང་བར་བྱ་བའི་ཕྱིར་རོ། །རྐང་པ་གཉིས་མི་འཕྱང་བ་འདི་ནི་རྡོས་འགྲུབ་བོ། །ཁྱམས་སུ་ཟན་ཟ་བ་རྣམས་ལ། ཁྭ་དང་བྱེའུ་དང་ཕུག་རོན་དག་གིས་མི་འཚེ་བར་བྱ་བའི་ཕྱིར་བྱ་རྒྱ་བྱའོ། །བྱ་རྒྱ་དེ་ནི་རྣམ་པ་བཞིའོ། །


DLL1002_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མུན་ཛ་ལས་བྱས་པ་དང༌། བལ་བ་ཛ་ལས་བྱས་པ་དང༌། ཤ་ན་ལས་བྱས་པ་དང༌། རས་བལ་ལས་བྱས་པའོ། །ཁྱམས་ཀྱི་གྲུབ་བཞི་དག་ཏུ་ཟུང་གཟེར་གདབ་བོ། །ཟུང་གཟེར་དེ་དག་ལ་བྱ་རྒྱ་གདགས་སོ། །ཤིང་གི་ཟུང་གཟེར་ནི་ཆག་པ་དང་འདྲུལ་བས་དེའི་ཕྱིར་ལྕགས་ལས་བྱས་པའི་ཟུང་གཟེར་དག་གོ །བྱ་རྒྱ་དེའི་ཕྱོགས་གཅིག་ཏུ་མཐོངས་གདོད་དེ། དགེ་སློང་རྣམས་ཟན་ཟོས་ཟིན་ནས་ཁྭ་ལ་སོགས་པ་ནང་དུ་འཇུག་པར་བྱ་བའི་ཕྱིར་རོ། །མཐོངས་དེ་དྲོ་ཁར་དགབ་བོ། །དབྱར་དག་ཁྱམས་སུ་ཆུ་མི་འབྱུང་བར་བྱ་བའི་ཕྱིར་སྤང་ལེབ་དག་གཞུག་གོ །ཕྱོགས་གང་དུ་ཞེ་ན། ཀ་བའི་བར་དག་ཏུའོ། །ཐམས་ཅད་དུའམ་ཞེ་ན། སྣང་བར་བྱ་བའི་ཕྱོགས་མ་གཏོགས་པར་རོ། །སྤང་ལེབ་དག་མེད་ན་སྲེག་གམ་རེ་ལྡེ་དག་གཞུག་གོ །དབྱར་གྱི་ཟླ་བ་བཞི་པོ་དག་གི་མཐར་སྤང་ལེབ་དག་དབྱུང་ངོ༌། །འཁོར་གྱི་ཁྱམས་ཟླུམ་པོ་དག་བྱའོ། །གནས་བསིལ་བར་བྱ་བའི་ཕྱིར་ནང་དུ་ཀ་བའི་ཚར་གཟུགས་ཤིང་ཕྱི་རོལ་རྩིག་པས་བསྐོར་བར་བྱའོ། །ནང་དུ་ཀ་བའི་ཚར་དག་གཟུགས་སོ། །དེར་སྐར་ཁུང་དག་གདོད་དོ། །སྐར་ཁུར་དག་གི་མ་མཐའ་དག་སྟན་གྱི་ཡ་མཐའ་དང་ཐད་ཀར་བབ་པར་བྱའོ། །སྐར་ཁུང་དག་ལ་བ་དྲ་དང་སྒོ་གླེགས་དག་བྱའོ། །ཟས་ཀྱི་ཁང་པ་དང༌། མེ་ཁང་དང༌། དཔོང་སའི་ཁང་པ་དང༌། འཆག་སའི་ཁང་པ་དག་བྱའོ། །གཙུག་ལག་ཁང་གི་རྩིག་ངོས་ཀྱི་ཕྱོགས་འཁོར་བར་གཙུག་ལག་ཁང་གི་རྩིག་པ་ལ་བརྟེན་ཏེ་གནས་ཁང་གི་ཆེད་དུ་གློ་འབུར་དག་བྱའོ། །དགེ་སློང་གི་གནས་སུ་ས་ཁྱིམ་བྱར་རུང་ངོ༌། །དགེ་སློང་གི་གནས་སུ་དགྲ་ཁང་ཡང་བྱར་རུང་ངོ༌། །དགྲ་ཁང་འདི་ལ་ལན་ཀན་ལ་སོགས་པའི་སྐབས་ནི་ཁྱམས་དང་འདྲའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བར་རྩིག་པས་བསྐོར་བ་ཉིད་ཀྱང་རུང་ངོ༌། །རྩིག་པ་དེ་ལ་ཆུ་ཁུང་གདོད་པ་ཉིད་ཀྱང་རུང་ངོ༌། །རབ་ཏུ་བྱུང་བའི་


DLL1002_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་དགའ་ར་བ་རྩང་དང་འོབས་དག་གིས་བསྐོར་དུ་རུང་ངོ༌། །གང་ཟག་གི་གཙུག་ལག་ཁང་ཡོ་བྱད་དང་བཅས་པའང་རུང་ངོ༌། །གཉིས་པ་རི་མོ་བྲི་བའི་ཚུལ་ནི། ཟད་པར་སྔོན་པོ་ལ་སོགས་པ་སེར་པོ་དམར་པོ་དཀར་པོ་རྣམས་ཀྱི་མཚན་མ་མངོན་དུ་བྱ་བའི་ཕྱིར་གནས་ཁང་གི་རྩིག་པ་དག་སྔོན་པོ་ལ་སོགས་པའི་རྣམ་པ་བཞིར་བྱའོ། །རབ་ཏུ་བྱུང་བའི་ཀུན་དགའ་ར་བ་ལ་རི་མོ་བྲི་བ་ཉིད་རུང་ངོ༌། །གང་དུ་ཅི་ཞིག་བྲི་ཞེ་ན། གཙུག་ལག་ཁང་གི་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་འཛིན་པ་ལ་སོགས་པའི་སྐུ་དག་བྲི་བར་བྱའོ། །སྒོ་ཁང་དུ་འཁོར་བའི་འཁོར་ལོ་བྲིའོ། །ཇི་འདྲ་འབྲི་ན་ཆ་ལྔ་པར་བྱའོ། །ཆ་ལྔ་པ་ཞེས་པས་འགྲོ་བ་ལྔ་པོ་བསྟན། ཕྱོགས་གང་དུ་གང་བྲི་ན། འཁོར་ལོ་དེའི་སྟེང་གི་ཕྱོགས་སུ་ལྷ་དང་མིའི་འགྲོ་བ་དག་བྲི་བར་བྱའོ། །འོག་གི་ཕྱོགས་སུ་དམྱལ་བ་དང་དུད་འགྲོ་དང་ཡི་དྭགས་དག་གི་འགྲོ་བ་དག་བྲི་བར་བྱའོ། །མིའི་གནས་སུ་གླིང་བཞི་པོ་དག་བྲིའོ། །བརྫུས་ཏེ་སྐྱེ་བའི་སེམས་ཅན་བར་སྲིད་པ་ཟོ་ཆུན་རྒྱུད་མོ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བ་དག་ཀྱང་བྲིའོ། །དབུས་སུ་འདོད་ཆགས་ཕུག་རོན་གྱི་རྣམ་པ་དང༌། ཞེ་སྡང་སྦྲུལ་གྱི་རྣམ་པ་དང༌། གཏི་མུག་ཕག་གི་རྣམ་པར་བྲིའོ། །སྔ་མ་འདོད་ཆགས་དང་ཞེ་སྡང་གི་རྣམ་པ་ཕུག་རོན་དང་སྦྲུལ་གཉིས་གཏི་མུག་གི་རྣམ་པ་ཕག་གིས་ཟ་བ་བྲིའོ། །འཁོར་བའི་འཁོར་ལོའི་ཕྱི་རོལ་གྱི་མཐའ་ཁོ་ར་ཁོར་ཡུག་ཏུ་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་འཁོར་བར་འཇུག་པའི་ལུགས་དང་མཐུན་པ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགག་པ་སོགས་འཁོར་བའི་ལུགས་ལས་བཟློག་པ་དག་བྲི་སྟེ། དེ་ཡང་མ་རིག་པ་བུད་མེད་མ་འདྲེས་པ་དང༌། འདུ་བྱེད་རྫ་མཁན་སྣོད་དག་མངོན་


DLL1002_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུ་བྱེད་པ་དང༌། རྣམ་པར་ཤེས་པ་སྤྲེའུའི་གཟུགས་དང༌། མིང་དང་གཟུགས་བུད་མེད་དང་སྐྱེས་པ་དང༌། སྐྱེ་མཆེད་དྲུག་དྲུག་པོ་དག་ཡུལ་ཐ་དད་ལ་ཆགས་པ་དང༌། རེག་པ་བུད་མེད་དང་སྐྱེས་པ་ལུས་ཀྱིས་རེག་པ་ཀུན་ཏུ་སྤྱོད་པ་དང༌། ཚོར་བ་སྐྱེས་པ་སྡུག་བསྔལ་གྱི་ཚོར་བ་མྱོང་བར་བྱེད་པ་དང༌། སྲེད་པ་བུད་མེད་བུ་འཚོ་བ་དང༌། ལེན་པ་བུད་མེད་ལ་མངལ་ན་གནས་པ་འཇུག་པ་དང༌། སྲིད་པ་མངལ་ན་གནས་པ་དེ་ཉིད་འབྲང་བ་དང༌། སྐྱེ་བ་འབྲང་བ་དེ་ཉིད་སྐྱེ་བ་དང༌། རྒ་བ་སྐྱེས་པ་རྒས་ཤིང་འཁོགས་པ་དང༌། ཤི་བ་མི་ཤི་བའི་གཟུགས་སུ་བྲིའོ་ཞེས་འདུལ་བ་རྣམ་པར་བཤད་པ་ལས་གསུངས་སོ། །དེ་ཐམས་ཅད་མི་རྟག་པའི་སྲིན་པོས་པང་དུ་བླངས་ཏེ་ཡན་ལག་ལྔ་ཆར་གྱིས་བཟུང་བར་བྲིས་ཏེ། འཁོར་བ་ཐམས་ཅད་རྟག་པར་གནས་པ་མེད་པར་བསྟན་པའི་ཕྱིར་རོ། །འཁོར་བའི་འཁོར་ལོ་མི་རྟག་པའི་སྲིན་པོས་བཟུང་བ་དེའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་བྲི་ཞིང༌། དེའི་དྲུང་དུ་མྱ་ངན་ལས་འདས་པའི་གཟུགས་བརྙན་གྱི་དཀྱིལ་འཁོར་དཀར་པོ་བྲི་བར་བྱ་སྟེ། དཀར་བ་བསིལ་བ་མུན་པའི་གཉེན་པོ་བྱེད་པར་འདྲ་བའི་ཕྱིར་རོ། །སྐུ་གཟུགས་དེས་སྡུག་བསྔལ་རྒྱུ་བཅས་ལས་ཐར་པ་འདི་ཡིན་ནོ། །ཞེས་དཀྱིལ་འཁོར་དེ་གཞན་ལ་ཉེ་བར་སྟོན་པ་བྲིའོ། །ཐར་པ་དེའི་ཐབས་གང་ཞེ་ན། མི་རྟག་པས་བཟུང་བ་དེའི་འོག་ཏུ། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །སངས་རྒྱས་བསྟན་ལ་འཇུག་པར་བྱ། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱ། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པ་གཉིས་བྲིའོ། །སྐྱེ་བོ་ལྷགས་པ་རྣམས་ལ་འཁོར་བའི་


DLL1002_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་སྟོན་པར་བྱེད་པའི་དགེ་སློང་གཙུག་ལག་ཁང་དེར་གཞག་པར་བྱའོ། །སྒོ་ཁང་དེའི་ཁོ་ར་ཁོར་ཡུག་ཏུ་བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བཞུགས་ཏེ་བདུད་བཏུལ་བ་དང༌། སངས་རྒྱས་ནས་ཆོ་འཕྲུལ་ཆེན་པོ་བསྟན་པ་དག་བྲིའོ། །གཙུག་ལག་ཁང་གི་ཁྱམས་སུ་སྐྱེས་པའི་རབས་དག་བྲིའོ། །དྲི་གཙང་ཁང་གི་སྒོར་གནོད་སྦྱིན་ལག་ན་ཕྲེང་བ་ཐོགས་པ་དག་བྲིའོ། །དཔོང་སའི་ཁང་པར་གནས་བརྟན་ཆེན་པོ་ཀུན་ཤེས་ཀོའུ་དི་ནྱ་ལ་སོགས་པ་གནས་བརྟན་ཆེན་པོ་རྣམས་ཀྱི་གྲལ་དག་བྲི་བར་བྱའོ། །མཛོད་ཀྱི་སྒོར་གནོད་སྦྱིན་ལག་ན་མྱུ་གུ་དང་སྙེ་མ་དང་འབྲུ་ཐོགས་པ་དག་བྲིའོ། །ཟས་ཀྱི་ཁང་པར་གནོད་སྦྱིན་ལག་ན་བཟང་བ་དང་བཅའ་བ་ཐོགས་པ་དག་བྲིའོ། །བསྲོ་ཁང་གི་ཁང་པར་གནོད་སྦྱིན་ལག་ན་མྱུ་གུ་དང་བུམ་པ་ཐོགས་པ་དག་བྲིའོ། །མེ་ཁང་དུ་གྲུལ་བུམ་མེ་སྦར་བར་བྱེད་པ་དག་དང་གྲུལ་བུམ་གྱི་བུ་མོ་བྱི་དོར་བྱེད་པ་དང༌། མེ་སྦར་བར་བྱེད་པ་དང༌། སྦྱིན་བདག་མར་མེ་ཐོགས་པ་དང༌། ལྷའི་ཕོ་ཉ་སེམས་ཅན་སྐྱེ་བ་དང༌། རྒ་བ་དང་ན་བ་འཆི་བ་ལ་སོགས་པ་བྲི་བར་བྱ་སྟེ། སྐྱོ་བ་བསྐྱེད་པ་དང༌། དགེ་བའི་ཕྱོགས་ལ་བརྩོན་པར་བྱ་བའི་ཕྱིར་རོ། །ཆུའི་ཁང་པར་ཀླུ་ལག་ན་བུམ་པ་ཐོགས་པ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་དག་དང༌། ཀླུའི་བུ་མོ་ཆུ་འབྲིམ་པར་བྱེད་པ་དག་བྲི་བར་བྱ་སྟེ། ཀླུ་རྣམས་ནི་ཆུ་ལ་དབང་བའི་ཕྱིར་རོ། །ནད་པའི་རུང་བའི་ཁང་པར་དེ་བཞིན་གཤེགས་པ་ནད་པའི་རིམ་གྲོ་ནད་གཡོག་མཛད་པ་བྲིའོ། །བཤང་བ་དང་གཅི་བའི་སྐྱབས་སུ་དུར་ཁྲོད་རྒྱས་པ་དག་གམ་མགོའི་ཐོད་པ་ལ་སོགས་པའི་ཀེང་རུས་དམ་དུམ་དག་བྲིའོ། །གསུམ་པ་ཇི་ལྟར་བསྐྱང་བ་ནི། གཙུག་ལག་ཁང་བླ་གབ་མེད་པ་མིན་པར་མེ་དུ་བ་དང་བཅས་པ་བུད་པར་ཡང་མི་བྱའོ། །བླ་གབ་མེད་པར་ཉེས་པ་མེད་དོ། །ས་གཞི་


DLL1002_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིལ་བ་བརྡུངས་ཤིང་འཇམ་པོར་ནི་མེ་དུ་བ་ཡོད་མེད་ཐམས་ཅད་བུད་པར་མི་བྱའོ། །དེའི་དོན་དུ་ཞུགས་ལིང་བཅང་བར་བྱའོ། །མེ་ཕན་ཚུན་ནས་མཉམ་པར་བཅིར་བའི་ཕྱིར་ལྕགས་ཀྱི་འཕྲ་སྐམ་བཅང་བར་བྱའོ། །ཤིང་གི་ཡོག་པས་ཀྱང་འཕྲ་སྐམ་ཀྱི་ལས་དེ་འགྲུབ་བོ། །ཁང་སྐྱོང་གིས་གཙུག་ལག་ཁང་ཉི་མ་རེ་རེ་ཞིང་ཕྱག་བདར་བྱའོ། །ཕྱོགས་ཐམས་ཅད་བྱ་དགོས་སམ་ཞེ་ན། གཙུག་ལག་ཁང་མཐའ་དག་ཕྱག་བདར་བྱེད་མི་ནུས་ན་མཁོ་བའི་ཕྱོགས་དེ་ཕྱག་བདར་བྱའོ། །མཁོ་བའི་ཕྱོགས་ཀྱི་ལྷག་མ་ཕྱག་བདར་མ་བྱས་པ་ནི། ཚེས་བརྒྱད་དམ་བཅུ་བཞི་ལ་གཎྜི་བརྡུངས་ཏེ་དགེ་འདུན་ཐམས་ཅད་ཀྱིས་ཆོས་དང་ལྡན་པའི་གཏམ་གྱིས་སམ། འཕགས་པའི་མི་སྨྲ་བ་ཚུལ་བཞིན་ཡིད་ལ་བྱེད་པ་ཉིད་ཀྱིས་ཕྱག་བདར་བྱའོ། །གསོ་སྦྱོང་དང་དགག་དབྱེ་ལ་སོགས་པ་ཆོས་ཀྱི་འདུན་མའི་སར་ཆག་ཆག་གདབ་ལྕི་བ་འཇམ་པོའི་བྱུག་པས་བྱུག་གོ །ཕྱག་བདར་ལ་སོགས་པ་ཟིན་པའི་མཇུག་ཏུ་ཁྲུས་བྱའོ། །ཡང་ན་མཇུག་ཏུ་རྐང་ལག་བཀྲུའོ། །ལག་པ་ཆུས་བརླན་པས་ལུས་ཀྱི་རྡུལ་ཕྱི་བའི་ཕྱིར་ལུས་ལ་བྱུུག་པར་བྱའོ། །ཚེས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་ལ་སྣུམ་བག་གི་རྙེད་པ་བྱའོ། །དཀོན་མཆོག་གི་དོན་དུ་ཕྱག་བདར་བྱས་པ་དང༌། ཞལ་ཞལ་བྱས་པ་དང༌། དྲི་གཙང་ཁང་དང་སྐུ་གཟུགས་དང་མཆོད་རྟེན་དང་སྲོག་ཤིང་གི་གྲིབ་མ་ལ་མི་འགོམ་དུ་མི་རུང་ན་སངས་རྒྱས་ཀྱི་ཞལ་ནས་གསུངས་པ་གཙུག་ལག་གི་ཚིགས་སུ་བཅད་པ་དང༌། ཀྱེ་མ་འདུས་བྱས་རྣམས་མི་རྟག །ཅེས་སོགས་གདོན་ཅིང་བགོམ་མོ། །ཚེས་བརྒྱད་དང་བཅུ་བཞིའི་ཉི་མ་དེ་ཉིད་ལ་མལ་ཆ་དང་སྟན་ལ་སོགས་པའི་གནས་མལ་ལ་སོ་སོར་བརྟག་པ་དང་བཅོས་པར་བྱའོ། །དེ་ལ་སུས་སོ་སོར་བརྟག་ན། མལ་ཆ་ལ་སོགས་པ་རྡོལ་བ་ལ་སོགས་པ་དང་ལྡན་པ་དག་གིས་སོ། །སུས་བཅོས་པར་བྱ་ན། གནས་པ་


DLL1002_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་མཁན་སློབ་ཀྱི་མལ་སྟན་སོགས་བཅོས་པར་བྱའོ། །གནས་ཁང་སོགས་གནས་མལ་གྱི་གཞིར་གནས་པའི་དགེ་སློང་གིས་ཆག་ཆག་དང་ཕྱག་བདར་དང་ལྕི་བ་འཇམ་པོའི་བྱུག་པས་བསྐུ་བར་བྱའོ། །མལ་ཆ་དྲི་མས་གོས་པ་སྤྲུག་པར་བྱའོ། །གལ་ཏེ་ཧ་ཅང་དྲི་མ་ཅན་དུ་གྱུར་ན། འགྱུར་བྱེད་ཀྱི་ཆུ་ལ་སོགས་པས་བཀྲུའོ། །ཆག་ཆག་བཏབ་པའི་འོག་ཏུ་ཕྱག་བདར་བྱའོ། །ཕྱག་བདར་བྱས་པ་དེའི་འོག་ཏུ་མལ་བསྟན་བཤམ་མོ། །མལ་སྟན་གྱི་གཞི་ཁྲི་ལ་སོགས་པ་རྡུལ་དང་བཅས་པ་མ་སྤྲུགས་པ་ལ་མལ་སྟན་བཤམ་པར་མི་བྱའོ། །མལ་སྟན་བཤམ་པར་བྱ་བ་དག་ལས་གོས་གཅིག་ཁྲི་ལ་སོགས་པ་སྤྲུག་པར་སྤྱད་དོ། །གོས་ཇི་ལྟ་བུ་ན། གོས་ཐམས་ཅད་ཀྱི་ནང་ནས་ངན་པའོ། །གོས་ངན་པ་དེ་བཅོས་སོ། །གོས་ངན་པ་དེ་འཆོས་མི་ནུས་པ་ཉིད་ན་རས་མར་བྱས་ཏེ་ཤིང་བུའི་རྩེ་མོ་ལ་བཏགས་ནས་ཁྲི་ལ་སོགས་པ་སྤྲུག་གོ །དེ་ལྟར་བྱས་ཀྱང་ཁྲི་ལ་སོགས་པ་སྤྲུག་པར་མི་རུང་བ་ཉིད་ཡིན་ན། སྦྱིན་པ་པོའི་བསོད་ནམས་མངོན་པར་སྤེལ་བ་དང་ཡུན་རིང་བ་ཉིད་དུ་བྱ་བའི་ཕྱིར་ལྕི་བ་དང་ས་དང་བསྲེས་ཏེ་ཀ་བ་དང་རྩིག་པའི་སེར་ག་གླན་པར་བྱའོ། །སྒོ་ཁང་དང་ཁྱམས་སུ་མལ་བཅའ་བར་ཡང་མི་བྱ། གཞན་གྱིས་བཅས་ན་ཡང་རང་གིས་གཟུང་བར་མི་བྱའོ། །རྒྱལ་པོ་གསལ་རྒྱལ་གྱིས་མའི་མལ་ཁྲི་མཐོང་ནས་མྱ་ངན་སྐྱེས་པ་བསལ་བའི་ཕྱིར་དགེ་སློང་རྣམས་ལ་ཕུལ་བ་ལྟ་བུ་སྦྱིན་པ་པོ་མྱ་ངན་སངས་པའི་ཕྱིར་ཕུལ་བ། སྦྱིན་བདག་དེས་མཐོང་བར་གཞག་པར་མི་བྱའོ། །སྦྱིན་བདག་གིས་མི་མཐོང་བའི་ཕྱིར་རྫས་སྦས་པ་ན། དགེ་སློང་དག་གིས་མལ་ཁྲི་བརྐུས་སོ་ཞེས་སྒྲ་མི་སྙན་པའི་གཉེན་པོར་ཚེས་བརྒྱད་དང་བཅུ་བཞི་ལྟ་བུ་ལ་སྦྱིན་བདག་དེ་མེད་པའི་སྐབས་སུ་མལ་ཁྲི་སོགས་ཁྱམས་སུ་བཤམས་ནས་གཞན་གྱིས་མཐོང་བར་


DLL1002_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། གང་ཟག་གིས་ཀྱང་ཁྲི་དང་ཁྲིའུ་བཅང་བར་བྱའོ། །ས་གཞི་སྤྱིལ་བ་འཇམ་པོ་མི་ཉམས་པར་གཅད་པར་བྱའོ། །ཡང་ན་ཁྲི་རྐང་དེའི་འོག་ཏུ་ཕུབ་མའི་ཕུང་པོ་བཞག་པའམ། ཁྲི་རྐང་དེ་རས་མས་དཀྲི་བར་བྱའོ། །དགེ་འདུན་མིན་པ་གང་ཟག་གིས་རྐང་པ་རི་མོ་བྲིས་པའི་ཁྲིའུ་བདག་གིར་བྱ་བ་བསྟེན་པར་མི་བྱའོ། །དགེ་འདུན་མིན་པས་སྟན་བཟང་པོ་ཚད་ཆེན་པོའོ། །ཕྲན་ཚེགས་འགྲེལ་བར། སྟན་གྲུ་བཞི་པ་ཆེན་པོ་གོས་གྱ་ནོམ་པ་དང་བཅས་པའོ། །ཞེས་སོ། ལུས་ཀྱི་རྒྱབ་རྟེན་དང་བཅས་པའི་སྟན་ཡང་བདག་གིར་མི་བྱའོ། །རྒྱབ་རྟེན་དང་བཅས་པའི་སྟན་ལ་ཤིང་ཟུར་བཞི་པ་རྒྱབ་ཕྱོགས་སུ་བསྒྲེང་བ་དང་བཅས་པའི་སྟན་ཞེའོ། །ཤིང་ལྗོན་པའི་རྣམ་པ་འདྲ་བའི་མར་མེའི་སྡོང་པོ་ཡང་དགེ་འདུན་མིན་པས་བདག་གིར་མི་བྱའོ། །ཁ་ཅིག་ལས་ནི་ཡལ་ག་དུ་མ་དང་ལྡན་པའི་མར་མེའི་སྡོང་པོ་དགེ་འདུན་མིན་པས་བདག་གིར་མི་བྱ། ཡལ་ག་གཅིག་དང་ལྡན་པས་བདག་གིར་བྱས་པ་ལ་ཉེས་པ་མེད་ཅེས་གསུངས། དགེ་འདུན་དང་གང་ཟག་གིས་སྟན་ནང་ཚངས་ཅན་གྲུ་བཞི་དང་སྔས་ནང་ཚངས་ཅན་བཅང་བར་བྱའོ། །སྔས་ནང་ཚངས་ཅན་ནི་སྲིད་དུ་ཁྲུ་བཞི་པ་ཉིས་བལྟབ་ཞེང་དུ་ཁྲུ་དོ་པ་ཉིས་བལྟབ་ཏུ་བྱས་ཏེ་བཙེམ་མོ། །སྟན་དང་སྔས་ནང་ཚངས་ཅན་དག་ཤིང་བལ་གྱིས་བརྫང་ངོ༌། །མལ་སྟན་ལ་སོ་སོར་བརྟག་པ་མ་བྱས་པར་ཉལ་བར་མི་བྱའོ། །དགེ་བ་ད་ལྟ་བརྩམས་པ་དང༌། ཕྱིས་དགེ་བའི་ཕྱོགས་གཞན་དང་འབྲེལ་བ་དང༌། དུས་ཇི་ལྟ་བ་བཞིན་དུ་ལྡང་བ་དང༌། ལུས་དང་གོས་མ་འབྱར་བ་དང་འབྲལ་བའི་དྲན་པ་ཉེ་བར་མ་བཞག་པར་ཉལ་བར་མི་བྱའོ། །གང་ཟག་གཞན་དང་ལྷན་ཅིག་ཁྲིའམ་སྟན་ནམ་སྟེགས་བུ་སོགས་གཞན་ལ་ཅིག་ཅར་ཉལ་བར་མི་བྱའོ། །དགེ་སློང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པས་


DLL1002_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་ལ་སོགས་པ་མལ་ཐ་དད་མེད་ན་གདིང་པའི་སྟན་སོ་སོར་བཏིང་སྟེ་གཏུར་བུའམ་ལྷུང་བཟེད་ཀྱི་སྣོད་ལ་སོགས་པས་བར་དུ་བཅད་ནས་དྲན་པ་ཉེ་བར་བཞག་སྟེ་ཁྲིའམ་སྟན་ནམ་གཞན་དེའི་སྟེང་དུ་གཞན་དང་ལྷན་ཅིག་ཉལ་བར་བྱའོ། །གང་ཟག་གསུམ་ལས་ལྷག་པ་མང་པོ་དང་ལྷན་ཅིག་ཁྲི་གཅིག་གི་སྟེང་དུ་འཛེག་པ་དང་འདུག་པ་དང་ཉལ་བར་མི་བྱའོ། །ཁྲི་གཅིག་གི་སྟེང་དུ་གསུམ་མན་ཆད་འཛེག་པ་དང་འདུག་པ་དང་ཉལ་དུ་རུང་ངོ་། །ཁྲིའུ་རིང་པོ་ལ་ནི་གཉིས་ལ་ལྷག་པ་མང་པོ་དང་ལྷན་ཅིག་འཛེག་པར་མི་བྱའོ། །ཁྲིའུ་ཐུང་ངུ་ལ་གཅིག་མིན་པས་འདུག་པར་མི་བྱའོ། །བསྙེན་པར་རྫོགས་པའི་དུས་ལོ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷན་ཅིག་སྟན་གཅིག་ལ་འདུག་པར་མི་བྱ་སྟེ་གཞོན་པ་ཆེས་རྒན་པ་དང་ལྷན་ཅིག་འདུག་པ་མི་རིགས་པའི་ཕྱིར་རོ། །ཁྱིམ་པའི་ཁྱིམ་གཞན་དུ་སྟན་གཞན་མེད་ན་མཁན་པོ་དང་ཡང་སྟན་གཅིག་ལ་འདུག་པར་བྱ་སྟེ། འདི་ནི་མཁན་པོ་ཡིན་པས་གུས་པ་དང་བཅས་པས་འདུག་པར་བྱ་སྙམ་དུ་དྲན་པ་ཉེ་བར་བཞག་སྟེ་འདུག་གོ །ཁྱིམ་པ་དང་གནས་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །བསྙེན་པར་མ་རྫོགས་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །ཟ་མ་དང་མ་ནིང་དང་མ་བསད་པ་ལ་སོགས་པ་དང༌། མུ་སྟེགས་ཅན་དང༌། མུ་སྟེགས་ཅན་ཞུགས་པ་དང༌། རྐུ་ཐབས་སུ་གནས་པ་དང༌། ཐ་དད་དུ་གནས་པ་དང༌། གནས་པར་མི་བྱ་བ་དག་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །བསླབ་པ་བྱིན་པ་དང་གང་དུ་ཡང་སྟན་གཅིག་ལ་འདུག་པར་མི་བྱའོ། །ཨར་མོ་ནི་ཀ་ནི་བསྙེན་པར་རྫོགས་པ་དང་བཅས་པའི་དགེ་འདུན་འདུས་པ་ལས་གཞན་པར་སྟན་ཉིད་ཡིན་པས་དགེ་འདུན་འདུས་པ་ལས་གཞན་པར་


DLL1002_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

ཨར་མོ་ནི་ཀ་ལ་ལོ་གསུམ་གསུམ་ལས་ལྷག་པས་བར་དུ་ཆོད་པ་དང་ལྷག་ཅིག་འདུག་པར་མི་བྱའོ། །ཨར་མོ་ནིག་དྲེའུ་རྔོག་ཡིན་ཞེས་གསུངས། ཁ་ཅིག་རྡོ་ལེབ་ཡིན་ཞེས་ཟེར་རོ། །སྟེགས་བུ་ནི་སར་བྱུང་བ་ཡིན་པས་སྟན་ཉིད་མིན་ནོ། །འདུས་པའི་སྐབས་ཀྱི་བསླབ་པའི་གཞི་ཐམས་ཅད་ལ་དོགས་པའི་གནོད་པར་གྱུར་ན་ལྟུང་བ་མེད་དོ། །གནས་མལ་སྦེད་པ་ན་གལ་ཏེ་གང་ཟག་གཉིས་ཡོད་ན། གཅིག་གིས་ཁྲིའམ་ཁྲིའུ་བསྐུལ་ཞིང་ཅིག་ཤོས་ཀྱིས་སྟན་ནང་ཚངས་ཅན་ལ་སོགས་པ་བསྐུར་རོ། །དགེ་འདུན་གྱི་གནས་མལ་དེ་སྙིང་མི་བརྩེ་བར་མདུན་ནས་དྲང་ཞིང་བཤལ་བ་དང་གློ་གཡས་གཡོན་ནས་དྲང་ཞིང་བཤལ་བར་མི་བྱའོ། །དགེ་འདུན་གྱི་གནས་མལ་དེ་ཅི་ནས་ཀྱང་དུ་བ་དང་དྲི་མ་རྡུལ་དག་གིས་གོས་པར་འགྱུར་བ་དེ་ལྟར་མི་བྱའོ། །དགེ་འདུན་གྱི་གནས་མལ་དེ་མི་གཙང་བའི་སྐྱབས་དང་ཉེ་བར་བརྟེན་པར་མི་བྱའོ། །དགེ་འདུན་གྱི་གནས་མལ་བརླན་པ་དང་གཤེར་བ་དང་རྡུལ་ཆགས་པ་དང་རྡོལ་བ་ལ་སོགས་པས་ཉམས་པ་ཕྱི་རོལ་ཏུ་དོར་བར་མི་བྱའོ། །འོ་ན་ཇི་ལྟར་བྱ་ན། སྲད་པ་དང་བསྐམ་པ་དང་སྤྲུག་པ་དང་བུ་གུ་བླན་པར་བྱའོ། །གནས་མལ་རལ་བ་དང་གས་ན་ལྷན་རིང་གླན་ནོ། །གནས་མལ་གྱི་དབུས་ཟེགས་ཤིང་མཐའ་གཉིས་སྲ་ན། མཐའ་གཉིས་དབུས་ཉིད་དུ་བྱའོ། །གནས་མལ་ཁ་བསྒྱུར་བ་དེར་འོས་པ་ཁ་བསྒྱུར་རོ། །གནས་མལ་ཕྱིར་བཅོས་མི་ནུས་པ་ཉིད་ཡིན་ན། དཀོན་མཆོག་ལ་ཕུལ་བའི་མར་མེ་གང་ཟག་སྦྱིན་བདག་ཡིན་པ་ཡང་རུང་བ་དག་གིས་སྙིང་པོ་ཉིད་དུ་སྤྱད་དོ། །མར་མེའི་སྙིང་པོ་དེར་མི་མཁོ་བ་ཉིད་ཡིན་ན་འཇིམ་པ་དང་བསྲེས་ཏེ་དཀོན་མཆོག་དག་གི་རྩིག་པ་དང་ཀ་བ་དང་སྒོ་གླེགས་ཀྱི་སེར་ཁ་དག་བྱུག་པའི་ཕྱིར་སྲད་པ་དང་བསྐམ་པ་དང་སྤྲུག་པ་དག་ལ་ནན་ཏན་བྱའོ། །གནས་མལ་བསྐོས་པ་ནི་གང་གིས་མནོས་པ་དེས་སྲད་པ་སོགས་


DLL1002_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །ལྷག་མ་མ་བསྐོས་པ་ནི་གཎྜི་བརྡུང་བས་དགེ་འདུན་བསྡུས་ཏེ་ཐམས་ཅད་ཀྱིས་སྲད་པ་ལ་སོགས་པ་ནན་ཏན་བྱའོ། །དགེ་འདུན་གྱི་རྫས་ཆོམ་རྐུན་པས་རྐུ་འཕྲོག་བྱེད་པ་མཐོང་ལ་ཕྱིར་བཟློག་ནུས་ན་མི་བཟློག་པར་མི་བྱའོ། །ཆོམ་རྐུན་པ་སོགས་ཀྱིས་སྐྲག་པ་ན་དགེ་འདུན་གྱི་རྫས་ཡལ་བར་མི་དོར་རོ། །སྐྲག་པ་ན་དགེ་འདུན་གྱི་རྫས་ཡལ་བར་མ་བོར་བར་བླངས་པ་དེ་རང་གི་གནས་སུ་མ་སོན་གྱི་བར་དུ་གང་གིས་ཁྱེར་བར་བྱེད་པ་དེས་ལོངས་སྤྱད་པར་བྱ་བ་ཉིད་ཡིན་ནོ། །རྫས་དེ་རང་གི་གནས་སུ་བསྐུར་བར་མི་འགྲུབ་ན་གནས་གཞན་དུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ། །གནས་གཞན་གྱི་ཟས་ཀྱི་རྙེད་པ་བཟའ་བ་དང་བཅའ་བ་སོགས་དང་ཡོ་བྱད་ཀྱི་རྙེད་པ་མར་མེ་དང་འབྲུ་མར་སོགས་གནས་གཞན་དུ་དྲང་ཞིང་ཡོངས་སུ་སྤྱད་པར་མི་བྱའོ། །གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་དེ་གནས་གཞན་དུ་ཟ་བར་བྱེད་པ་དེ་ལ་དགེ་འདུན་གྱིས་སྦྱིན་པར་མི་བྱའོ། །གནས་གཞན་དུ་ཟ་བར་བྱེད་པ་དེས་གནས་གཞན་གྱི་ཟས་དང་ཡོ་བྱད་ཀྱི་རྙེད་པ་ནོད་པ་དེ་ནོད་པར་བྱེད་པའི་གང་ཟག་དེ་ཉིད་ཕྱིར་འབུལ་དུ་གཞུག་པར་བྱའོ། །གལ་ཏེ་ནོད་པར་བྱེད་པ་མ་རྙེད་དམ་མཐུ་དང་ལྡན་པ་ལ་བརྟེན་ནས་མི་ཁུགས་ན་དེ་ལ་དབྲོག་པར་བྱེད་པ་ཉིད་དབུལ་དུ་གཞུག་གོ །དགེ་འདུན་གྱི་གནས་ཀྱི་འཁོར་ན་སྐྱེས་པའི་རྩྭ་དང་ཤིང་མི་མཁོ་བ་དེའི་ཚེ་དབང་བའི་དགེ་སློང་དག་གིས་རང་གི་དང་འདྲ་བར་སྤྱད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱི་ཡོ་བྱད་གང་ཟག་སྒོ་གཅིག་ལ་མ་བསྐོས་པར་རེས་ཀྱིས་འཁོར་ཞིང་སྤྱད་པ་ལ་ནི་ཇི་ལྟར་འོངས་བས་སྤྱད་པར་བྱའི་རྒན་རིམ་གྱིས་སྤྱད་པར་བྱ་བ་མིན་ནོ། ། དགེ་འདུན་གྱིས་སྤྱད་པ་གང་ཟག་གཉིས་ཀྱིས་ཅིག་ཅར་བརྙས་ན་ནི་རྒན་རིམ་གྱིས་སྤྱད་པར་བྱའོ། །གང་གིས་བརྙས་པ་དེས་རྫས་དེའི་བྱ་བ་ཁ་བསྒྱུར་བ་


DLL1002_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མ་ཟིན་ན་རྫས་དེ་ལས་མཐུས་དབྲལ་བར་མི་བྱའོ། །རྐང་པ་དེ་བཀྲུ་བའི་སར་ཆུས་རྐང་པ་འབགས་པ་ཉིད་ན་ལས་བརྩམས་པ་མ་ཟིན་པ་དེ་ཉིད་ཡིན་པས་དེས་རྐང་པ་བཀྲུས་མ་ཟིན་པར་གཞན་གྱིས་མི་དབྲོག་གོ །བཤང་གཅིའི་ཆབ་ཁུངས་དེར་ཞུགས་པ་ཉིད་ན་མ་ཟིན་པ་ཡིན་ནོ། །བསམ་གཏན་སོགས་བསྒོམ་པའི་ཕྱིར་སྟན་ལ་འདུག་པ་མཐུས་བསླང་བར་མི་བྱའོ། །བསྒོམ་པ་དེ་ལ་སྟན་ལ་སོགས་པ་རྒན་རིམ་དུ་སྤྱད་པར་མི་བྱའོ། །དགེ་སློང་ལས་དང་ཟས་བརྩམས་པས་འབགས་པ་བསླང་བར་མི་བྱའོ། །རང་གི་བྱུག་རིགས་མིན་པར་འདུག་པར་མི་བྱའོ། །དགེ་འདུན་གྱི་འཁོར་ཞིང་སྤྱད་པར་བྱ་བ་ཟངས་ལ་སོགས་པ་དང༌། ཆབ་ཁུངས་ལ་སོགས་པ་རང་གིས་བྱ་བ་བྱས་ནས་གཞན་འདོད་པ་ཡོད་ན་བཅང་བར་མི་བྱའོ། །བར་དུ་གོས་ཁ་བསྒྱུར་བ་གདང་ལ་གཟར་བ་བསྙབ་པའི་དོན་གྱི་ཆེད་དུ་ཁྲིའུ་ལས་ལངས་པ་ནི་བྱ་བ་བྱས་པ་ཉིད་མིན་པས་དེའི་སྐབས་སུ་ཁྲིའུ་འདོད་པ་ཡོད་ཀྱང་བསྐུར་བར་མི་བྱའོ། །བར་དུ་དོན་གྱི་ཆེད་དུ་ཁྲི་ལས་ལྡང་བ་དེའི་དུས་ན་ཁྲིའུ་དེ་ལ་ཆོས་གོས་སམ་པུས་འཁྱུད་གཞག་པར་བྱའོ། །འཁོར་ཞིང་སྤྱད་པར་བྱ་བ་ཟངས་ལ་སོགས་པ་བླངས་ནས་ཚོན་ལ་སོགས་པས་སྦགས་ཤིང་བྱ་བ་བྱས་མ་ཟིན་པའི་ཚེ་འདོད་པ་གཞན་ཡོད་ལ། བདག་ལ་སྣོད་ལ་སོགས་པ་གནས་གཞན་ཡོད་ན་དགེ་འདུན་གྱི་སྣོད་ལ་སོགས་པ་སྦགས་པ་ཉིད་བྱ་བ་བྱས་མ་ཟིན་ཡང་བསྟེན་པར་མི་བྱའོ། །དགེ་འདུན་གྱི་ཡོ་བྱད་འདོད་པ་ཕྱི་མ་ལ་དོན་ཡོད་པ་ཡིན་ན། གང་ཟག་སྔ་མ་ལ་རང་གི་སྣོད་གཞན་ཡོད་བཞིན་དུ་དགེ་འདུན་གྱི་ཡོ་བྱད་གང་ཟག་ཕྱི་མ་ལ་མི་སྟེར་ན་རྣམ་པ་དེ་ལྟ་བུ་ལས་དགེ་འདུན་གྱི་སྣོད་དེ་ན་དེའི་སྦགས་པ་འདུག་པ་དེ་ཁོ་རང་གི་སྣོད་དུ་བྱོ་ནས་བྲལ་བར་བྱས་པ་ལ་ཁ་ན་མ་ཐོ་བ་མེད་དོ། །དགེ་འདུན་གྱིས་མཆིག་ལན་ཚྭ་ལ་སོགས་པ་འཐག་པའི་འོག་གཞི་རྡོ་ལེབ་


DLL1002_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། དེའི་མཆིག་གུ་མཆིག་དེའི་སྟེང་ནས་ལན་ཚྭ་ལ་སོགས་པ་འཐག་པར་བྱེད་པའི་རྡོ་ལེབ་ཆུང་ངུ་བཅང་བར་བྱའོ། །འདྲེག་མཁན་གྱི་ལག་ཆ་ཡང་བཅང་བར་བྱའོ། །འདྲེག་མཁན་གྱི་ལག་ཆ་དེ་སྣོད་དུ་བཅུག་སྟེ་རྩིག་པ་ལ་གཞག་གོ །དགེ་འདུན་གྱིས་སྟེའུ་དང་སྟ་རེ་དང་གཟོང་ལ་སོགས་པ་དང་དེ་དག་གི་སྣོད་དང་བཅས་པ་ཡང་བཅང་བར་བྱའོ། །དགེ་འདུན་དེས་དགེ་སློང་ཤིང་བཟོ་བྱེད་པ་ལ་ལག་ཆ་དེ་དག་གཡར་པོ་ཉིད་དུ་ཐ་ན་ས་ལས་བྱས་པ་ཡན་ཆད་སྦྱིན་ནོ། །དགེ་སློང་མས་མཆིག་བུའི་སྣོད་རྣམ་པ་ཐམས་ཅད་དུ་བཅང་པར་མི་བྱའོ། །དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་འབྲུ་མར་སྣོད་བཅང་བར་བྱའོ། །འབྲུ་མར་སྣོད་ཀྱི་ཚད་ཕུལ་གང་མན་ཆད་ནས་ཕུལ་ཕྱེད་ཡན་ཆད་ཤོང་བའོ། །འགྲེལ་པར། ཕུལ་གང་ལ་ནི་དབུས་ཀྱི་སྲང་བརྒྱད་ཀྱི་ཚད་དོ། །ཕུལ་ཕྱེད་ལ་ནི་དབུས་ཀྱི་སྲང་བཞིའི་ཚད་དོ། །ཞེས་འབྱུང༌། དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་ལྕགས་ཀྱི་དོག་ལེ་ཡང་བཅང་ངོ། །ལྕགས་ཀྱི་དོག་ལེ་དེའི་ལྕགས་སྒྱེད་རྐང་གསུམ་པའམ་རྐང་བཞི་པ་ཡང་བཅང་ངོ། །ས་ལས་བྱས་པའི་རྒྱ་ཐབ་དང་སྒྱེད་པུ་ཡང་བཅང་ངོ༌། །འཁར་བའི་གནང་བ་ཐོབ་པས་འཁར་བ་བཅང་ངོ། །དྲ་བའི་གནང་བ་ཐོབ་པས་དྲ་བ་ཁ་དོག་གཅིག་ལ་ཡང་བཅང་ངོ། །འཁར་བ་དང་དྲ་བའི་གནང་བ་དེ་སྦྱིན་པར་བྱའོ། །སུ་ལ་སྦྱིན་ན། རྒས་པ་དང་ནད་པ་དག་གིས་དགེ་འདུན་ལ་གསོལ་ནས་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་སྦྱིན་ནོ། །འཁར་བ་དང་དྲ་བའི་གནང་བ་དེ་གཉིས་སྔགས་ཚིག་གཅིག་གིས་ཅིག་ཅར་གསོལ་བ་དང་སྦྱིན་དུ་ཡང་རུང་ངོ༌། །སྡིག་སྦྲུལ་ལ་སོགས་པ་མང་བའི་ཡུལ་དུ་དེས་འཚེ་བའི་གཉེན་པོའི་ཕྱིར་འཁར་བ་སྒྲ་དང་བཅས་པ་ཡང་བཅང་ངོ། །སྔར་རྒན་པོ་དང་ནད་པ་ལ་ལུས་བསྟེན་པའི་


DLL1002_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བེ་ཅོན་སྦོམ་པོ་གནང་བ་ཡིན་ལ་འཁར་གསིལ་ནི་བསོད་སྙོམས་ཀྱི་ཚེ་ནང་ན་གནས་པ་ལ་གོ་བར་བྱེད་པ་དང༌། ཁྱི་སྐྲོད་པའི་ཕྱིར་གནང་བ་ཡིན་ལ། འདི་ནི་སྡིག་སྦྲུལ་ལ་སོགས་པའི་གཉེན་པོར་གནང་བ་ཡིན་པས་དེ་གསུམ་ཐ་དད་དོ། །འཁར་བ་དང་འཁར་གསིལ་ལ་སོགས་པའི་ཡུ་བའི་རྩ་བ་ནས་གས་ན་ལྕགས་ཀྱི་སྦུ་གུ་ངོས་གཅིག་ཞབས་བཅུག་པ་བསྐོན་ནོ། དེ་དག་གི་ཡ་ཐོག་ནི་གས་ན་ལྕགས་ཀྱི་གླེགས་བུས་དཀྲི་བས་བསྐོན་ནོ། །སྨྱིག་མ་མཁན་གྱིས་བྱས་པའམ་ལོ་མ་ལས་བྱས་པའི་གདུགས་བཅིང་བར་བྱའོ། །དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ་གདུགས་ཁྲ་བོ་བཀྲ་བ་དག་བྱེད་པས་དེ་འདིར་ཉེས་པ་མེད་པར་བསྟན་པའི་ཕྱིར་སྨྱིག་མ་མཁན་གྱིས་བྱས་པ་ཞེས་སྨོས་སོ། །སུམ་བརྒྱ་བར། སྡོམ་བརྩོན་དག་གིས་གདུགས་ཁྲ་བཅང་མི་བྱ། ཞེས་གསུངས། གདུགས་ཀྱི་ཡུ་བའི་སྲིད་ཀྱི་ཚད་ནི། ལུས་ཀྱི་སྲིད་ཀྱི་ཚད་དང་མཉམ་པར་བྱ། གདུགས་དེས་གྲོང་གི་དབུས་སུ་འགྲོ་བར་མི་བྱའོ། །གལ་ཏེ་ལམ་གྱི་དབང་གིས་གྲོང་གི་དབུས་སུ་འགྲོ་དགོས་ན་གདུགས་དེ་གློར་བསྙལ་ཏེ་འགྲོ་བར་བྱའོ། །ཆར་འབབ་པ་ཉིད་ན་གདུགས་དེ་ཐོགས་ཏེ་བསོད་སྙོམས་ལ་གྲོང་གི་དབུས་སུ་རྒྱུ་བར་བྱའོ། །གོས་བསྐྱབ་པའི་ཕྱིར་གདུགས་ཀྱི་ཡུ་བ་ལ་གཞར་དུ་མི་རུང་བ་ཉིད་མིན་ནོ། །ཆར་ཆད་ན་དྲུང་ན་འདུག་པའི་ཁྱིམ་དུ་གདུགས་དེ་གཏམས་ཏེ་གཞག་གོ །གྲོང་ནས་ཕྱིར་འབྱུང་ཁར་གདུགས་དེ་བླང་ངོ༌། །གཉིས་པ་དེར་ཇི་ལྟར་བྱ་བ་ལ་ལྔ། ནང་གི་སྐབས། ཕྱི་རོལ་གྱི་སྐབས། བྱ་བའི་སྐབས། ཤི་བ་དང་བཞག་པའི་སྐབས། བཀྲ་ཤིས་པར་བྱ་བའི་ཕྱིར་སྐབས་ལྔ་སྔ་མ་མཐར་བྱ་བའོ། །དང་པོ་ལ་གཉིས། གནས་གཞན་གྱི་སྐབས། སྦ་བ་དང་བཞག་པའི་སྐབས་སོ། །དང་པོ་ནི། །རོལ་མོ་མཁན་གྱི་གནས་དང༌། སྨད་འཚོང་མའི་གནས་དང༌། ཆང་འཚོང་མའི་གནས་དང༌། རྒྱལ་


DLL1002_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕོ་བྲང་དང༌། གདོལ་བའི་ཁྱིམ་གྱི་གནས་ཏེ་དགེ་སློང་གི་སྤྱོད་ཡུལ་མིན་པའི་གནས་ལྔ་པོ་དེ་དག་ཏུ་འཇུག་པ་བསྟེན་པར་མི་བྱའོ། །མི་གཙང་བའི་སྐྱབས་སུ་འཇུག་པའི་ཕྱིར་སོང་ན་ཡང་དེའི་ཉེ་འཁོར་དུ་བསྡད་པར་མི་བྱའོ། །ལྭ་བ་རིན་པོ་ཆེ་ལ་སོགས་པ་གོས་རིན་པོ་ཆེར་གྱུར་པས་དགོན་པར་གནས་པར་མི་བྱའོ། །ལྡུམ་བུ་ན་མེ་རུ་ཀའི་ཕྱེ་མས་བཏབ་ན་ལྭ་བ་ལ་སྲིན་ལ་སོགས་པའི་སྲོག་ཆགས་དག་མི་འབྱུང་ངོ༌། །ཤིང་ཀུན་གྱི་ཕྱེ་མས་ཀྱང་བཏབ་ན་ལྭ་བ་ལ་སྲོག་ཆགས་དག་མི་འབྱུང་ངོ༌། །ཤིང་ནིམ་པ་དང་བ་ཤ་ཀའི་ལོ་མ་དག་གི་ཕྱེ་མས་བཏབ་ན་ཡང་ལྭ་བ་ལ་སྲོག་ཆགས་དག་མི་འབྱུང་ངོ༌། །རིམ་པ་གཅིག་དེར་ཕྱེ་མ་སོང་ན་རིམ་པ་གཞན་མ་སོང་བ་དེ་ལ་ཤིན་ཏུ་ཕན་པ་ཉིད་དོ། །གོས་བསྐམ་པ་ཡང་སྲོག་ཆགས་མི་སྐྱེ་བ་དེའི་དོན་ཉིད་ཡིན་ནོ། །དགོན་པ་པས་ཕྱོགས་དང་ལམ་དང་ཚེས་གྲངས་དང་ཉི་མ་དང་རྒྱུ་སྐར་དག་ལ་མཁས་པར་བྱའོ། །དགོན་པ་བས་རྟག་ཏུ་མེ་དང་ཆུ་ཡོད་པར་བྱའོ། །དགོན་པ་པས་ཕྱེ་དང་རས་མ་དག་དང་སྦྲང་རྩི་དང་ཞུན་མར་དག་ཅི་འབྱོར་བ་ཉེ་བར་བཞག་སྟེ། དེ་ནི་ཆོམ་རྐུན་པའི་གནོད་པ་བཟློག་པའི་ཕྱིར་རོ། །གལ་ཏེ་ཟས་ལས་ལྷག་རོལ་བྱུང་ན་ཡང་ཉེ་བར་བཞག་གོ །དགེ་སློང་མས་རྣམ་པ་ཐམས་ཅད་དུ་དགོན་པར་གནས་པར་མི་བྱའོ། །གང་དུ་གནས་པར་བྱ་ན། གྲོང་ཁྱེར་གྱི་ནང་དུ་དབྱར་ཁང་བྱའོ། །དགེ་སློང་མ་དེས་དབྱར་ཁང་དེའི་ཕྱིའི་སྒོར་འདུག་པར་མི་བྱའོ། །སྐར་ཁུང་ལ་སོགས་པ་སྣང་ཡེལ་ཅན་དུ་འདུག་པར་མི་བྱའོ། །ལམ་གྱི་བཞི་མདོར་འདུག་པར་མི་བྱའོ། །དགེ་སློང་མ་གོས་མེད་པ་ཅན་གྱིས་ཐམས་ཅད་དུ་འདུག་པར་མི་བྱའོ། །བསྟན་མ་ཐག་པ་དེ་ལ་རྔུལ་གཟན་ནི་གོས་ཉིད་ཡིན་ནོ། །དགེ་སློང་མས་དཔུང་པ་གཉིས་གོས་ཀྱིས་མ་གཡོགས་པར་ཁྱིམ་པའི་དྲུང་དུ་འདུག་པར་མི་བྱའོ། །དགེ་སློང་མ་


DLL1002_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་སྐྱིལ་མོ་ཀྲུང་གིས་འདུག་པའི་གནས་སུ་སྐྱིལ་མོ་ཀྲུང་ཕྱེད་ཀྱིས་འདུག་སྟེ་ཏིང་ངེ་འཛིན་ལ་གནས་པར་བྱའོ། །དགེ་སློང་མས་ཟག་བྱེད་ཀྱི་སྒོར་སྲོག་ཆགས་མི་འཇུག་པར་བྱ་བའི་ཕྱིར་གོས་ལ་སོགས་པས་གཡོག་གོ །དགེ་སློང་དག་གིས་དགེ་སློང་མ་དགེ་སློང་གི་གཙུག་ལག་ཁང་དུ་འཇུག་པ་དག་ཕྱིར་བཟློག་པར་མི་བྱའོ། །དགེ་སློང་དག་གིས་དགེ་སློང་མ་དེ་དག་ཚུལ་བཞིན་མི་བྱེད་ན་གཏམ་མི་འདྲེ་བ་དང་མི་བསྡམས་པ་དང༌། གསོ་སྦྱོང་དང་དགག་དབྱེ་བཞག་པ་དག་གིས་ཡོངས་སུ་གདུལ་བར་བྱའོ། །དགེ་སློང་མ་དེས་དགེ་སློང་རྗེས་སུ་གནང་བ་བྱེད་དུ་མ་བཅུག་པར་དགེ་སློང་གི་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །དགེ་སློང་གིས་དེ་ལ་ཇི་ལྟར་རྗེས་སུ་གནང་བར་བྱ་ཞེ་ན། ཁྱོད་ནང་ཞེ་འགྲས་པ་དང་བཅས་པ་མིན་ན་རྗེས་སུ་གནང་ངོ༌། །ཞེས་གནང་བར་བྱ། གཞན་ལ་དྲི་བས་དགེ་སློང་མ་དེ་ལ་ཞེ་འགྲས་པ་མེད་པ་ཉིད་ངེས་པར་ཤེས་པར་བྱས་ཏེ་གནང་ངོ༌། །གཉིས་པ་ནི། འཕྲེད་གཏན་དང་གནམ་གཟེར་དང་འཁོར་གཏན་དང་སྒོ་ལྕགས་དང༌། ལྡེ་མིག་ཀྱོག་པོ་དག་གཙུག་ལག་ཁང་བསྡམ་པའི་ཕྱིར་ཡང་དག་པར་སྦྱར་རོ། །དགེ་སྐོས་ཀྱིས་དགོང་ག་མཚན་མོའི་ཐུན་དང་པོའི་ཆར་གཙུག་ལག་ཁང་གི་སྒོ་ལ་སོགས་པ་བསྡམས་ནས་སོ་སོར་བརྟག་པར་བྱའོ། །གཙུག་ལག་ཁང་ཆོམ་རྐུན་པས་འཇིགས་པ་དང་བཅས་པ་ཉིད་ཡིན་ན། ཐུན་དུ་བཀླག་པའི་ཐུན་པ་ཉིད་ཀྱིས་མེལ་ཚེ་བྱའོ། །མེལ་ཚེའི་ཐུན་པ་དེར་གྱུར་པས་ཉལ་བ་དང་སྙོམས་པར་འཇུག་པ་དག་ཀྱང་སྤང་ངོ༌། །གཙུག་ལག་ཁང་དེར་དགེ་འདུན་གྱི་གནས་བརྟན་གྱིས་དགེ་སྐོས་ལ་སྣོད་སྤྱད་ལ་སོགས་པ་དམ་བཞག་བྱས་པ་ཉིད་དྲི་བར་བྱའོ། །གལ་ཏེ་འཕྲེད་གཏན་ལ་སོགས་པ་སྡོམ་བྱེད་ལྔ་པོ་ཡང་དག་པར་སྦྱར་བ་དག་གིས་གཙུག་ལག་ཁང་གི་སྒོ་ལ་སོགས་པ་མ་བསྡམས་པར་ཆོམ་རྐུན་པས་གཙུག་ལག་ཁང་བོར་བརླག་བྱུང་ན་


DLL1002_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་ཇི་ཙམ་བརླག་པ་དགེ་སྐོས་འཇལ་དུ་གཞུག་པར་བྱ་བ་ཉིད་ཡིན་ནོ། །སྡོམ་བྱེད་ལྔ་པོ་དེ་དག་གཅིག་གམ། གཉིས་སམ། མང་པོ་ཇི་ཙམ་མ་བསྒྲུབས་ཤིང་ཉམས་པར་བྱས་པ་དེ་ཙམ་གྱི་ཆ་དག་དགེ་སྐོས་འཇལ་དུ་གཞུག་སྟེ། གཅིག་གིས་མ་བསྡམས་ན་གཅིག་གི་ཆ། གཉིས་ཀྱིས་མ་བསྡམས་ན་གཉིས་ཀྱི་ཆ། གསུམ་གྱིས་མ་བསྡམས་ན་གསུམ་གྱི་ཆ། བཞིས་མ་བསྡམས་ན་བཞིའི་ཆ་འཇལ་དུ་གཞུག་གོ །ལྔ་ཆར་གྱིས་མ་བསྡམས་ན་སྐྱིན་པ་རིལ་གྱིས་འཇལ་དུ་གཞུག་གོ །དགེ་སློང་དང་དགེ་སློང་མ་ཐམས་ཅད་ཀྱིས་ལྡེ་མིག་ཀྱོག་པོ་དང་སྒོ་ལྕགས་བཅང་བར་བྱའོ། །འཕྲེད་གཏན་ལ་སོགས་པ་སྡོམ་པར་བྱེད་པ་ཇི་སྙེད་ཡོད་པ་དེ་དག་གིས་སྒོ་མ་བསྡམས་པར་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་གནས་གང་དུ་ཞུགས་པ་དེ་སྟོང་པ་ཡིན་ན་དེར་ཆག་ཆག་ལ་སོགས་པ་བྱའོ། །གནས་ཁང་དུ་ཞུགས་པ་དེ་ན་སྣོད་སྤྱད་དག་བསྡུ་བསྐྱོག་མ་བྱས་པ་བརྩམ་པར་འདུག་ན་དེ་དག་གནས་ཇི་ལྟ་བ་བཞིན་དུ་བསྡུ་བསྐྱོག་བྱ་ཞིང་མཁོས་སུ་དབབ་པར་བྱའོ། །གལ་ཏེ་སྣོད་སྤྱད་དེ་དག་བཀྲུ་བཤལ་ལ་སོགས་པ་བྱི་དོར་བྱ་བཟོད་ན་བྱི་དོར་བྱའོ། །གལ་ཏེ་བསྙེན་པར་མ་རྫོགས་པ་རུང་བར་བྱེད་པ་ཡོད་ན་གཙུག་ལག་ཁང་དུ་རྩྭ་སྔོན་པོ་ལ་སོགས་པ་སྐྱེས་པ་སྲབ་པ་བྱེད་དུ་གཞུག་གོ །གལ་ཏེ་གཙུག་ལག་ཁང་དེར་ཁྱིམ་པ་དག་ལྷགས་ན་ཁྱིམ་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་བྱ་བ་དང༌། ཟས་སྐོམ་དང་དབྱར་གཟིགས་སོགས་ནུས་པའི་ཆོས་གཞན་ཡང་བྱའོ། །གཉིས་པ་ཕྱི་རོལ་གྱི་སྐབས་ནི། དགེ་སློང་གིས་ཤིང་ལྗོན་པ་བསྐྱེད་པ་མི་རུང་བ་མིན་ནོ། །ཤིང་ལྗོན་པ་དེ་བསྐྱེད་ནས་མི་བསྐྱང་པར་མི་བྱའོ། །དུས་ཇི་སྲིད་དུ་བསྐྱང་ན། མེ་ཏོག་དེའི་ཤིང་ལྗོན་པ་ནི་མེ་ཏོག་ཆགས་ཀྱི་བར་དུ་བསྐྱང་ངོ༌། །གཞན་འབྲས་བུའི་ཤིང་ལྗོན་པ་


DLL1002_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ནི་འབྲས་བུ་ཆགས་ཀྱི་བར་དུ་བསྐྱང་ངོ༌། །མེ་ཏོག་དང་འབྲས་བུ་ཆགས་པ་དེ་གཉིས་ཡུན་རིང་བ་ཉིད་ཡིན་ན་ལོ་ལྔར་བསྐྱང་བར་བྱའོ། །ཤིང་ལྗོན་པ་བསྐྱང་བ་འདི་ལ། དགེ་སློང་གཞན་ལ་བཅོལ་ཞིང་བསྐོས་པ་ནི་རང་ཉིད་དང་འདྲའོ། །ཤིང་ལྗོན་པ་དེ་བཅུ་བས་ཇི་ལྟར་བསྐྱང་ཞེ་ན། ཕྱོགས་དེར་ལག་པ་དང་རྐང་པ་དག་བཀྲུ་བ་དང༌། སོ་ཤིང་དོར་བ་དང༌། ལྷུང་བཟེད་བཀྲུ་བ་དང༌། ཁྲུས་བྱ་བ་ནི་བཅུ་པ་ཡིན་ནོ། །ལྷགས་པས་གྲང་བ་བསྐྱབ་པའི་ཕྱིར་ཤིང་དེའི་སྟེང་དུ་ཁང་བུའི་སྦུབས་དབུབ་པར་བྱའོ། །དབུབས་ཏེ་རླངས་པ་ཕྱིར་དབྱུང་བའི་ཕྱིར་ཁང་བུའི་སྦུབས་དེ་ལ་སྐར་ཁུང་གདོད་དོ། །གྲང་བ་བསྐྱབ་པའི་ཕྱིར་ཁང་བུའི་སྦུབས་དེའི་སྟེང་གཡོགས་མས་དགབ་བོ། །སོ་ག་ཤིང་ལྗོན་པ་མི་ཚ་བར་བྱ་བའི་ཕྱིར་གཡོགས་མ་དེ་བསལ་ལོ། །དབྱར་དག་ཤིང་ལྗོན་པ་མི་འདྲུལ་བར་བྱ་བའི་ཕྱིར་སྔ་མ་ཁང་བུའི་སྦུབས་དེ་ཡང་བསལ་ལོ། །ཁང་བུའི་སྦུབས་དེ་ལས་ཆུའི་ཡུར་བ་གདོད་དོ། །རྩ་བ་ཤིང་ལྗོན་པའི་འོངས་མེ་ཏོག་དང་འབྲས་བུ་ཡལ་བར་མི་དོར་རོ། །དགེ་སློང་གི་འཁོར་མང་ཉུང་རྣམ་པར་དབྱེ་བའི་བྱེ་བྲག་གིས་བྱི་དོར་བྱའོ། །དེ་ཁོ་ན་ལ་འཇུག་པས་བྱའམ་ཞེ་ན། ཁ་ཅིག་ཏུ་སོ་ཤིང་བཟའ་བ་དང༌། ཁ་ཅིག་ཏུ་ཁ་བཀྲུ་བ་དང༌། ཁ་ཅིག་ཏུ་རྐང་པ་དག་བཀྲུ་བ་དེ་ལྟ་བུས་གཅིག་པུ་དེ་ལ་བྱ་བ་དེ་འཇུག་པ་ཉིད་མིན་པར་ལྷག་མ་རྣམས་ལ་ཡང་ཁ་བཀྲམ་སྟེ་བཅུ་བར་བྱའོ། །ཤེས་རབ་བྱེད་པར། བདག་གིས་དགེ་བ་བཏང་སྟེ་ཤིང་འབའ་ཞིག་བསྐྱེད་པ་མིན་གྱི་ཞེའོ། །མེ་ཏོག་དང་འབྲས་བུ་དག་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ། །དགེ་སློང་སྔ་མ་ཟན་ཟ་བའི་དུས་ཀྱི་ཆེད་དུ་དགེ་སློང་གཞན་དག་བསྐོའོ། །ཟན་གྱི་ཆེད་དུ་བསྐོ་བའི་དགེ་སློང་དེ་དག་གིས་དང་པོར་ཟན་ཟོས་ཏེ་འགྲོ་བར་བྱའོ། །གསུམ་པ་བྱ་བའི་སྐབས་ལ་གསུམ། ཀློག་ཏུ་འཇུག་པའི་སྐབས། ཀློག་པར་བྱེད་པའི་སྐབས། བཟོ་རྗེས་སུ་སྒྲུབ་


DLL1002_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་པའི་སྐབས་སོ། །དང་པོ་ནི། ཀློག་ཏུ་འཇུག་པའི་སློབ་དཔོན་གྱིས་རང་གི་དྲུང་ན་འདུག་པའི་སློབ་མ་དང་ཉེ་གནས་རང་ལ་འཕྲལ་གྱི་བྱ་བ་བསྒྲུབ་ཅིང་བསྙེན་བཀུར་ཆེས་མང་པོ་བྱེད་པ་དང༌། གཞན་དང་ལྷན་ཅིག་ཏུ་ལུང་འབོགས་པ་འཛིན་མི་ནུས་པ་ལ་ལོགས་ཤིག་ཏུ་ལུང་འབོགས་པ་སོགས་བྱས་པས་རྗེས་སུ་སྙིང་བརྩེ་བར་བྱའོ། །དགེ་སློང་གིས་དགེ་སློང་མ་དེའི་འདུལ་བ་བཟུང་སྟེ། དགེ་སློང་མའི་འདུལ་བ་དེའི་ལུང་དབོག་པ་དང༌། ཁ་ཏོན་བྱ་བ་དང༌། དམིགས་ཀྱིས་འདྲི་བ་སྦྱིན་པ་དག་གིས་དགེ་སློང་མ་ལ་རྗེས་སུ་བརྩེ་བར་བྱའོ། །སྤྲིང་ཡིག་ལ་སོགས་པ་ཡི་གེ་བྲི་བར་བྱ་བ་ལ་ཚུལ་དང་མི་མཐུན་པ་མེད་དོ། །གང་གིས་འདུལ་བའི་ཚིག་དང་དོན་དྲན་པ་དང་འཛིན་པར་མི་ནུས་པས། འདུལ་བ་ཡི་གེར་བྲི་བར་བྱའོ། །འདུལ་བ་དེ་དྲན་པར་བྱ་བའི་དོན་ལས་གཞན་དུ་ཡི་གེར་མི་བྲི་བར་བྱ་བ་ཉིད་ཡིན་ནོ། །འདུལ་བ་ནི་གཞི་རྣམས་སོ། །ཡི་གེར་བྲི་བ་དང་མི་བྲི་བ་འདི་ལ་སོ་སོར་ཐར་པ་ནི་འདུལ་བ་དེ་དང་འདྲ་བས་དྲན་པ་དང་འཛིན་པར་མི་ནུས་པས་སོ་སོར་ཐར་པའི་མདོ་ཡི་གེར་བྲིའོ། །འདུལ་བ་དེ་དང་ལྡན་པ་དང༌། སོ་སོར་ཐར་པ་དེ་དང་ལྡན་པ་ཡང་ཡི་གེར་བྲི་བ་དང་མི་བྲི་བ་ལ་འདུལ་བ་དང་འདྲའོ། །སོ་སོར་ཐར་པ་དང་ལྡན་པ་ནི། སོ་སོར་ཐར་པ་རྣམ་འབྱེད་དང༌། དེར་གཏོགས་པའི་ཕྲན་ཚེགས། གླེང་གཞི། སིལ་བུ། ཞུ་བ་ལ་སོགས་པའོ། །འདུལ་བ་དང་ལྡན་པ་ནི། ལུང་གཞིར་གཏོགས་པའི་ཕྲན་ཚེགས་དང༌། གླེང་གཞི་དང༌། སིལ་བུ་དང༌། ཞུ་བ་ལ་སོགས་པའོ། །གང་ཟག་གི་དངོས་པོ་ལ་ཡང་བདག་པོའི་མིང་ཡི་གེར་བྲི་བར་མི་བྱའོ། །ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ལྷུང་བཟེད་ལ་སོགས་པ་ལ་མཚན་མ་བྱ་བ་ལ་ནི་ཉེས་པ་མེད་དོ། །དགེ་འདུན་གྱི་གནས་མལ་ལ་མིང་ཡི་གེར་བྲིའོ། །ཇི་ལྟར་བྲི་ན། འདི་


DLL1002_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྦྱིན་བདག་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ། །ཞེས་ཡི་གེར་བྲིའོ། །དགེ་འདུན་གྱི་གོས་དག་ལ་ཡང་འདི་ནི་ཆེ་གེ་མོའི་གཙུག་ལག་ཁང་མིང་འདི་ཞེས་བྱ་བའི་སྦྱིན་པར་བྱ་བའི་ཆོས་སོ་ཞེས་ཡི་གེར་བྲིའོ། །གནས་མལ་གྱི་རྣམ་པ་དེ་ལྟར་སྣོད་སྤྱད་ལ་སོགས་པ་གཞན་ལ་ཡང་བྱའོ། །གཉིས་པ་ནི། སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་བཀའ་རིང་པོར་དྲང་བ་ལ་སོགས་པའི་རྣམ་པ་དང༌། ང་རོ་འགྱུར་བ་ལ་སོགས་པའི་སྡེབ་སྦྱོར་དང༌། ཚིག་རེ་རེར་རྣམ་པར་ཕྱེ་སྟེ་བཀླག་པ་དང༌། རིམ་པ་ཐམས་ཅད་གཅིག་ཏུ་བྱས་ནས་ཀློག་པ་དེ་ལ་སེམས་གཞོལ་པ་ཉིད་ཀྱིས་སྦྱར་ཏེ་བཀླག་པར་མི་བྱའོ། །དགེ་སློང་གིས་གཞན་ལ་ཚིག་དོན་ལེགས་པར་གོ་བར་བྱེད་ནུས་ཤིང་ཕས་ཀྱི་རྒོལ་བ་བཟློག་ནུས་པས་སངས་རྒྱས་ཀྱི་བཀའ་ལ་བརྩོན་པ་ཉིད་མི་གཏོང༌ན། །ཕྱི་རོལ་པའི་བསྟན་བཅོས་དག་གཟུང་བར་བྱའོ། །ཕྱི་རོལ་པའི་བསྟན་བཅོས་གཟུང་བ་དེའི་དུས་ནི། ཉི་མའི་སུམ་ཆ་བདེ་བ་མིན་པ་ལུས་སེམས་ལས་སུ་རུང་བ་མིན་པའོ། །མཚན་མོ་ཡང་དེའི་དུས་སུ་བདེ་བ་མིན་པའོ། །དུག་ཞི་བ་ལ་སོགས་པའི་གསང་སྔགས་ཕན་འདོགས་པར་བྱེད་པ་དག་བཟུང་བར་བྱའོ། །གསང་སྔགས་ཕན་འདོགས་པར་བྱེད་པ་རང་གིས་བཟུང་བ་དག་གཞན་ལ་ཡང་གདབ་པ་ལ་སོགས་པས་སྦྱར་བར་བྱའོ། །གསང་སྔགས་གནོད་པ་བྱེད་པ་ནི་གཟུང་བར་ཡང་མི་བྱ་སྦྱར་བར་ཡང་མི་བྱའོ། །གསང་སྔགས་དེ་དག་གི་ཕྱག་གི་གནས་སུ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ། །ཁྱབ་འཇུག་ལ་སོགས་པའི་ལྷ་གཞན་ལ་ཕྱག་མི་བྱའོ། །ཕྱི་རོལ་པའི་ལྷ་ལ་མཆོད་པ་མི་བྱའོ། །བཀུར་སྟི་མི་བྱའོ། །དགེ་སློང་གིས་ཕྱི་རོལ་པའི་གནས་སུ་ཕྱིན་པ་ན། ཁྱབ་འཇུག་ལ་སོགས་པའི་ལྷ་རྟེན་གྱི་མངོན་སུམ་དུ་འགྲེང་སྟེ་སེ་གོལ་གྱི་སྒྲས་གོ་བར་བྱས་


DLL1002_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པས་དེ་ལ་ཕན་གདགས་པར་བྱའོ། །གསུམ་པ་ནི། དགེ་སློང་གིས་རང་གི་བཟོ་རྗེས་སུ་བསྒྲུབ་པར་མི་བྱ། གཞན་ལ་བཟོ་བསླབ་པར་མི་བྱ་བ་དང༌། བཟོ་སྤྱད་དེའི་སྣོད་ཉེ་བར་གཞག་པར་མི་བྱ་སྟེ། མཚོན་གྱི་ཤུབས་དང་ཁབ་རལ་དང་རམ་ཕྱིས་ནི་མ་གཏོགས་སོ། །དེ་ཡང༌། སྔོན་སྨན་པ་ཡིན་ན་མཚོན་གྱི་ཤུབས་དང༌། སྔོན་ཡི་གེ་པ་ཡིན་ན་རམ་ཕྱིས་དང༌། སྔོན་བཟང་མཁན་ལས་རབ་ཏུ་བྱུང་བ་ཡིན་ན་ཁབ་རལ་ནི་མ་གཏོགས་སོ། །སྔོན་སྨན་པ་རབ་ཏུ་བྱུང་བའི་དགེ་སློང་གིས་མུ་གཅིག་པ་ཚངས་པ་མཚུངས་པར་སྤྱོད་པ་ལ་བསོད་ནམས་ཀྱི་བསམ་པས་དགེ་བའི་གསོ་བ་ཉེ་བར་བསྒྲུབ་པར་བྱ་སྟེ། གླ་རྔན་གྱིས་ནི་མིན་ནོ། །གཞན་ལ་བཀྲུ་སྨན་བཏང་ནས་རེ་ཤིག་གཞན་དུ་འགྲོ་བར་མི་བྱའོ། །གལ་ཏེ་ངེས་པར་འགྲོ་དགོས་པའི་རྐྱེན་དེ་ལྟ་བུ་དག་བྱུང་ན། ཧ་ཅང་འཁྲུ་བ་དང་ཡེ་མི་འཁྲུལ་ལ་སོགས་པའི་གནོད་པའི་གཉེན་པོའི་ཆོ་ག་སྨན་དཔྱད་ཀྱི་ཐབས་ནད་པ་དང་ནད་གཡོག་ལ་བསྟན་ཏེ་འགྲོའོ། །ཚངས་པ་མཚུངས་པར་སྤྱོད་པ་མཚན་མཐུན་པ། དགེ་སློང་གིས་དགེ་སློང་དང༌། དགེ་སློང་མས་དགེ་སློང་མ་ལ་དབེན་པའི་ཕྱོགས་སུ་འདྲེག་མཁན་གྱི་བྱ་བ་སྐྲ་དང་སེན་མོ་བྲེག་པ་སོགས་བྱའོ། །ཁྲི་ལ་སོགས་པའི་ཡན་ལག་ཆག་པ་འཆོས་པ་ཡང་དབེན་པའི་ཕྱོགས་སུ་བྱའོ། །ཕྲེང་རྒྱུད་མཁན་རབ་ཏུ་བྱུང་བས་ཕྲེང་བའི་རིམ་པ་དག་བརྒྱུ་བ་ཡང་དབེན་པའི་ཕྱོགས་སུ་བྱའོ། །རི་མོ་མཁན་རབ་ཏུ་བྱུང་བས་དཀོན་མཆོག་མཆོད་པར་གྱུར་པ་སེམས་ཅན་གྱི་གཟུགས་མིན་པའི་རི་མོ་བྲི་བ་ཡང་དབེན་པའི་ཕྱོགས་སུ་བྱའོ། །སེམས་ཅན་དང་སེམས་ཅན་མིན་པའི་གཟུགས་བསླབ་པ་དེའི་ཕྱིར་འབྲི་པ་ནི་གོ་རིམ་བཞིན་དུ་ཉེས་པ་དང་བཅས་པ་དང་ཉེས་པ་མེད་པ་དེ་ཉིད་ཡིན་ནོ། །


DLL1002_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ཤི་བ་དང་བཞག་པའི་སྐབས་ལ་གསུམ། ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་མཆོད་སོགས་ཇི་ལྟར་བྱ་བ། མཆོད་རྟེན་ལ་ཇི་ལྟར་བྱ་བ། སྐུ་གཟུགས་ཇི་ལྟར་བྱ་བའོ། །དང་པོ་ནི། ཚངས་པ་མཚུངས་པར་སྤྱོད་པ་ཤི་བའི་ལུས་ལ་སྤོས་ཆུ་དང་ཁྲུས་དང་བྱུག་པ་དང་མེ་ཏོག་དང་གོས་ཀྱིས་དགབ་པ་དང་གདུགས་དང་རྒྱལ་མཚན་བསྒྲེང་བ་དང༌། དུང་ལ་སོགས་པའི་སྒྲ་དང༌། སྤོས་བསྲེག་པ་དང༌། མེ་ཏོག་སིལ་མ་སོགས་གཏོར་བའི་མཆོད་པ་བྱའོ། །མཆོད་པ་བྱས་ནས་བསྲེག་པར་བྱའོ། །ངེས་པར་བསྲེག་གམ་ཞེ་ན། གལ་ཏེ་སྲོག་ཆགས་དང་བཅས་པའི་རྨ་མེད་པ་ཉིད་ཡིན་ན་བསྲེག་གོ །དེ་ལ་སྲོག་ཆགས་ཡོད་མེད་སོ་སོར་བརྟག་པས་ངེས་པར་བྱའོ། །ཡང་ན། ས་བརྐོས་པར་གཞུག་པའམ་ཆུ་ཀླུང་ལ་བསྐུར་བར་བྱའོ། །སྲོག་ཆགས་དང་བཅས་པ་བསྲེག་པ་སོགས་མི་རུང་ན། ཚང་ཚིང་གི་དབུས་སུ་གཞག་གོ །ལུས་ལ་སྲིན་བུ་དག་ཡོད་པ་མིན་ནམ་ཞེ་ན། སྐྱོན་མེད་དེ། ཚིག་ལེར། ལུས་ཅན་རྣམས་ལ་སྲིན་བུའི་རིགས། །བརྒྱད་ཁྲི་བཞི་སྟོང་ཡོད་པ་རྣམས། །ལྷན་ཅིག་སྐྱེ་ཞིང་འཇིག་པའི་ཕྱིར། །མིང་ཅན་དེ་དག་ཚིག་པར་འགྱུར། །ཞེས་གསུངས། སྤྱོད་ལམ་གང་གིས་གཞག་ན། གློ་གཡས་པ་བསྙལ་ཏེ་མགོ་བྱང་ཕྱོགས་སུ་བསྟན་ནོ། །རོའི་སྔས་སུ་རྩྭའི་ཆུན་པོ་གཞུག་གོ །རྩྭ་དག་གམ་ལོ་མ་དག་གིས་རོ་དེ་གཡོག་གོ །ཤི་བ་དེའི་ཕྱིར་དུ་ཆོས་ཉན་པ་དང་ཡོན་བཤད་པ་དག་བྱའོ། །རོ་ལ་རེག་པ་དག་གིས་གོས་དང་བཅས་ཏེ་ཁྲུས་བྱའོ། །རོ་ལ་མ་རེག་པ་གཞན་དག་གིས་ནི་རྐང་ལག་བཀྲུའོ། །ཐམས་ཅད་ཀྱིས་མཆོད་རྟེན་ལ་ཕྱག་བྱས་ནས་གཙུག་ལག་ཁང་དུ་འཇུག་པར་བྱའོ། །གཉིས་པ་ནི། མཆོད་རྟེན་ནི་རྣམ་པ་གཉིས་ཏེ། བུམ་པའི་ཕྱོགས་ན་གཙང་ཁང་ཕྱུར་བུ་དང་ལྡན་པའི་གཙང་ཁང་ཅན་ཉིད། གཙང་ཁང་མེད་པའི་ཀ་བ་ལྟ་བུར་བསྒྲེང་བའོ། །རབ་ཏུ་


DLL1002_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་རྣམས་ལ་མཆོད་རྟེན་དེ་འོས་པ་ཉིད་དོ། །ཐམས་ཅད་ལའམ་ཞེ་ན། གལ་ཏེ་རབ་ཏུ་བྱུང་བ་དགེ་བ་བཙུན་པ་ཡིན་ན་སོ་སོ་སྐྱེ་བོ་ལ་ཡང་འོས་སོ། །གང་ལ་ཇི་ལྟ་བུ་འོས་ན། སངས་རྒྱས་རྣམས་ཀྱི་སྐུ་གདུང་གི་མཆོད་རྟེན་ནི་རྣམ་པ་ཐམས་ཅད་རྫོགས་པར་བྱའོ། །རྣམ་པ་ནི། བང་རིམ་བཞི་དང༌། འགབ་མ་བུམ་གདན་དང༌། བུམ་པ་དང༌། པུ་ཤུ་བྲེ་དང༌། སྲོག་ཤིང་དང༌། གདུགས་བཅུ་གསུམ་དང་ཆར་ཁེབ་དག་གོ །བསེ་རུ་ལྟ་བུའི་རང་སངས་རྒྱས་རྣམས་ཀྱི་མཆོད་རྟེན་ནི། རྣམ་པ་དེ་དག་ལས་ཆར་ཁེབ་མེད་པའོ། །ཚོགས་དང་སྤྱོད་པའི་མཆོད་རྟེན་ནི། ཉན་ཐོས་དགྲ་བཅོམ་པའི་མཆོད་རྟེན་གྱི་རྣམ་པ་ལྟ་བུའོ། །ཉན་ཐོས་རྣམས་ཀྱི་མཆོད་རྟེན་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ལ་སོགས་པའི་ཚད་དག་གིས་ཆར་བཀབ་མེད་པའི་མཆོད་རྟེན་དེའི་གདུགས་གཅིག་གིས་ལྷག་པར་བྱའོ། །རྒྱུན་ཞུགས་ལ་གདུགས་གཉིས་ནས་དགྲ་བཅོམ་པ་ལ་ལྔའི་བར་དུ་བྱའོ། །ཉན་ཐོས་ཀྱི་མཆོད་རྟེན་ཕྱོགས་གང་དུ་བྱ་ཞེ་ན། དེ་བཞིན་གཤེགས་པ་བཞུགས་པའི་དུས་ན་ཕྱོགས་བཞིའི་ཡུལ་ཉིད་དུ་གང་དུ་ཉན་ཐོས་ཆེན་པོ་དེ་དག་གནས་པར་བྱུང་བའི་ཕྱོགས་དེར་དེ་བཞིན་གཤེགས་པའི་མཆོད་རྟེན་དེའི་འཁོར་དུ་ཉན་ཐོས་ཆེན་པོ་རྣམས་ཀྱི་མཆོད་རྟེན་བྱའོ། །དཔེར་ན་མཆོག་ཟུང་གཅིག་བཅོམ་ལྡན་འདས་ཀྱི་མངོན་སུམ་དུ་བཞུགས་པས་དེ་གཉིས་ཀྱི་མཆོད་རྟེན་དེ་བཞིན་གཤེགས་པའི་མཆོད་རྟེན་གྱི་སྤྱན་སྔར་བརྩིག་པ་ལྟ་བུའོ། །མཆོད་རྟེན་གྱི་ཡུལ་འདི་ལ་ཉན་ཐོས་ཆེན་པོ་རྣམས་ཀྱི་མཆོད་རྟེན་རྒན་རིམ་དུ་མི་བྱས་མི་བྱའོ། །དང་པོར་འོད་སྲུངས་ཆེན་པོའི་མཆོད་རྟེན་བརྩིག་གོ །དེའི་འོག་ཏུ་གཞན་དག་གི་བརྩིག་གོ །སོ་སོ་སྐྱེ་བོ་དགེ་བ་རྣམས་ཀྱི་མཆོད་རྟེན་ནི་བྱི་བོ་སྲོག་ཤིང་མེད་པའོ། །སོ་སོ་སྐྱེ་བོའི་མཆོད་རྟེན་དེ་དག་ནི་དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱི་


DLL1002_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ཏུ་བྱའོ། །འཕགས་པ་ལ་ནི་མཆོད་རྟེན་གྱི་དུས་སྟོན་རིགས་སོ། །ཉན་ཐོས་ཀྱི་མཆོད་རྟེན་ལ། རས་དང་རྫས་དང་སྣམ་བུ་ལ་སོགས་པ་ཕུལ་བ་ནི་ཚངས་པ་མཚུངས་པར་སྤྱོད་པ་དབང་བ་ཉིད་ཡིན་ནོ། །དྲི་ཚིག་གི་ཊཱིཀྐར། འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་ལ་ཕུལ་བའི་རྫས་ནི་ཤི་བའི་ཡོ་བྱད་ཡིན་པར་བསམས་ནས་བགོ་བར་བྱ་བ་ཉིད་ཡིན་གྱི་འཕགས་པ་བྷ་ར་དྷ་ཛ་བསོད་སྙོམས་ལེན་ལ་སོགས་པ་ཡོངས་སུ་མྱ་ངན་ལས་མ་འདས་པའི་ནི་མིན་ནོ་ཞེས་སོ། །ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་བའི་མུ་ཏིག་དག་ནི། སྔར་བསྟན་པ་བཞིན་དུ་སངས་རྒྱས་ལ་དབུལ་ཞིང༌། དྲི་གཙང་ཁང་གི་ཞལ་ཞལ་བྱའོ། །འབུད་དུང་དག་ནི་སངས་རྒྱས་ཀྱི་སྐུ་གཟུགས་ལ་དབུལ་ལོ། །མཆོད་རྟེན་ལ་ཕུལ་བའི་རྫས་དེ་ལས། མཆོད་རྟེན་དེའི་ཞིག་རལ་བཅོས་པའི་ཕྱིར་གཞག་པར་ཡང་བྱའོ། །འཕན་དང་གདུགས་ལ་སོགས་པ་མཆོད་པར་རུང་བ་ཉིད་ཀྱང་མཆོད་རྟེན་དེའི་དུས་སྟོན་གྱི་ཚེ་མཆོད་པ་བྱ་བའི་ཕྱིར་གཞག་གོ །སངས་རྒྱས་ལ་ལྕགས་ལས་བྱས་པའི་མཆོད་རྟེན་བྱ་བ་ནི་ཆོས་དང་མཐུན་ནོ། །དབུ་སྐྲ་དང་སེན་མོའི་མཆོད་རྟེན་གསེར་དང་དངུལ་དང་བཻཌཱུརྱ་དང་ཤེལ་ལས་བྱས་པ་ཡང་ཆོས་དང༌མཐུན་ནོ། །སངས་རྒྱས་ཀྱི་མཆོད་རྟེན་དེ་ལ་རི་མོ་དང་བྱུག་པའི་ལས་ལ་སོགས་པས་མཐུན་པའི་འཁོར་བྱའོ། །མཐུན་པའི་འཁོར་གང་ཞེ་ན། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་མཐའི་བར་གྱི་སྤྱོད་པ་ནི། མཐུན་པའི་འཁོར་དེ་ཞེས་བྱ་བའོ། །དཀར་རྩིས་དཀར་པོར་བྱའོ། །མར་མེ་འཛིན་པའི་གོང་བུ་བྱའོ། །ཁོ་ར་ཁོར་ཡུག་ཏུ་ལན་ཀན་གྱིས་བསྐོར་རོ། །སྒོར་རྟ་བབས་བསྒྲེང་བར་བྱའོ། །མཆོད་རྟེན་གྱི་དྲུང་དུ་རྒྱལ་མཚན་གཟུགས་སོ། །རྒྱལ་མཚན་དེ་ནི་རྣམ་པ་བཞིའོ། །


DLL1002_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་གང་ཞེ་ན། སེང་གེའི་རྒྱལ་མཚན་དང༌། ཆུ་སྲིན་གྱི་རྒྱལ་མཚན་དང༌། ཀླུའི་རྒྱལ་མཚན་དང༌། ཁྱུ་མཆོག་གི་རྒྱལ་མཚན་ནོ། །གཙང་ཁང་ཕྱུར་བུའི་ཆར་གྱིས་བསྐོར་བའི་མུ་ཁྱུད་བྱའོ། །གཙང་ཁང་གི་མུ་ཁྱུད་དེར་རྟ་བབས་བསྒྲེང་བར་བྱའོ། །མུ་ཁྱུད་དེའི་མདུན་དུ་སྒོ་ཡབ་ཀྱི་ཁྱམས་བྱའོ། །སྒོ་ཡབ་དེ་ལ་ལན་ཀན་གྱིས་བསྐོར་རོ། །གཙང་ཁང་ལ་སོགས་པའི་ཀ་བ་རྣམས་བཙག་གིས་བསྐུའོ། །རྩིག་པ་དག་རྒྱ་སྐྱེགས་ཀྱིས་དྲིའོ། །དྲིས་དབང་བསྐུར་བ་དབུལ་ལོ། །འབྲུ་མར་དང་བ་བླ་དང་ཙནྡན་དང་གུར་ཀུམ་གྱི་ཆག་ཆག་དག་ཀྱང་འབུལ་བ་ཆོས་དང་མཐུན་ནོ། །མཆོད་རྟེན་ལ་གོས་ལ་སོགས་པ་བཅང་པའི་ཕྱིར་གཟེར་བུ་མི་གདབ་བོ། །མཆོད་རྟེན་བརྩིག་པའི་ཚེ་ཕྲེང་བ་དང་དར་ལ་སོགས་པ་གདགས་པའི་ཕྱིར་ཟུང་ང་དག་བྱའོ། །མཆོད་རྟེན་ལ་ཟུང་ང་གཞུག་པའི་ཕྱིར་མི་དབུག་གོ །མཆོད་རྟེན་གྱི་སྟེང་ན་མར་མེ་མི་གཟུགས་སོ། །མཆོད་རྟེན་ལ་མཆོད་པ་བྱ་བའི་ཕྱིར་ཁྱིམ་པ་དག་འཛེག་ཏུ་གཞུག་གོ །ཁྱིམ་པ་མེད་ན་དགེ་ཚུལ་དག་དྲི་ཆུས་རྐང་པ་བཀྲུས་ཏེ་འཛེག་ཏུ་གཞུག །གལ་ཏེ་དྲི་ཆུས་རྐང་པ་བཀྲུ་བ་དེ་མ་བྱས་ན་དྲི་དག་གིས་རྐང་པ་དྲིལ་ཕྱི་བྱས་ཏེའམ་གོས་ཀྱིས་དཀྲིས་ཏེ་སྟོན་པའི་འདུ་ཤེས་མངོན་སུམ་དུ་བྱས་ནས་དགོས་པའི་དོན་གྱི་བརྣབ་སེམས་ཀྱི་དྲན་པ་དག་གིས་དགེ་ཚུལ་མཆོད་རྟེན་ལ་འཛེག་ཏུ་གཞུག་གོ །དགེ་ཚུལ་དེ་དག་ཀྱང་མེད་ན་དགེ་སློང་དག་གིས་སྔར་བསྟན་པ་དེ་བཞིན་དུ་བྱའོ། །འཛེག་པ་དེའི་ཆེད་དུ་ཐག་པ་གདགས་སོ། །མཆོད་རྟེན་ལ་རིན་པོ་ཆེ་ལས་བྱས་པའི་ཕྲེང་བ་དབུལ་ལོ། །ཆར་ལ་སོགས་པས་མཆོད་རྟེན་འཇིག་པར་བྱེད་པ་བཟློག་པའི་ཕྱིར་ངོས་ནས་སྐྱོར་བའི་སྦུབས་དང༌། སྟེང་ནས་གཡོགས་ཀྱིས་གཡོག་གོ །སྦུབས་གཡོགས་དེ་ལ་མུན་མི་ནག་པར་བྱ་བའི་སྒོ་གདོད་དོ། །གསུམ་པ་ནི། །སངས་རྒྱས་ཀྱི་སྐུ་གཟུགས་བྱ་བ་ཆོས་དང་མཐུན་ནོ། །སངས་རྒྱས་ཀྱི་


DLL1002_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཟུགས་དེ་ལ་དུས་སྟོན་བྱའོ། །བལྟམས་པའི་དུས་ཤེས་རབ་བྱེད་པར། དཔྱིད་ཟླ་འབྲིང་པོའི་ཚེ་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམས་ནས་བལྟམས། གླེང་གཞིར། དཔྱིད་ཟླ་ཐ་ཆུང་ལ་བལྟམས་ཞེས་སོ། །གཙུག་ཕུད་ལོ་དྲུག་པ་ལ་བཞག་པ་དང༌། དབུ་སྐྲ་ལོ་ལྔ་པ་ལ་བྲེག་པ་དང༌། དཔྱིད་ཟླ་ཐ་ཆུང་ལ་མངོན་པར་བྱང་ཆུབ་པའི་དུས་སྟོན་བྱའོ། །དེ་ཡང་ཚེས་བཅོ་ལྔ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གཟུགས་དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པ་འདི་ལ་ཁྱོགས་ལ་སོགས་པ་དེ་དགེ་སློང་གིས་བསྐུར་དུ་རུང་ངོ༌། །བསྐུར་པ་དེ་ནི་གསར་བུ་དག་ལ་འབབ་བོ། །དགེ་སློང་ལ་སོགས་པ་སྡེ་པ་ལྔ་པོ་དག་གིས་ཞབས་འབྲིང་བྱའོ། །གོས་དང་རྒྱན་ལ་སོགས་པ་མཆོད་ཡོན་དུ་བྱ་བ་ནི་དགེ་སློང་ཆེན་པོ་དག་གིས་གཟུང་ངོ༌། །སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པ་དེ་ལ་རོལ་མོ་བྱེད་པ་དག་གིས་གླིང་བུ་དང་སིལ་སྙན་ལ་སོགས་པའི་རོལ་མོ་བྱ་བ་དང༌། ལྷའི་བུའི་གཟུགས་དག་གིས་མེ་ཏོག་དང་གོས་དང་རྒྱན་འཐོར་བ་དང༌། བསིལ་ཡབ་གཡོབ་པ་དང༌། ལྷའི་བུ་མོས་གར་བྱེད་པ་དང༌། དྲི་ཟས་སིལ་སྙན་བྱེད་པ་དང༌། གྲུབ་པ་དག་གིས་བསྟོད་པ་བྱེད་པ་དང༌། མིའམ་ཅིས་གླུ་ལེན་པ་དང༌། ཀླུས་ཆག་ཆག་འདེབས་པ་ལ་སོགས་པ་བཀུར་སྟི་ཆེན་པོ་གཞན་ཡང་བཟང་ངོ༌། །རོལ་མོ་བྱེད་དུ་གཞུག་པའི་ཕྱིར། །ཀྱེ་མི་དག་སྟོན་པ་ལ་མཆོད་པ་གྱིས་ཤིག་ཅེས་བརྗོད་པ་ལ་ཁ་ན་མ་ཐོ་བ་མེད་དོ། །སྐྱེ་བོ་རྣམས་སངས་རྒྱས་མཆོད་པའི་སྟ་གོན་བྱེད་དུ་གཞུག་པའི་ཕྱིར་ལམ་པོ་ཆེ་དང་ལམ་སྲང་དང་བཞི་མདོ་དང་སུམ་མདོ་དག་ཏུ་སངས་རྒྱས་ཀྱི་སྐུ་གཟུགས་གྲོང་ཁྱེར་དུ་གཤེགས་པ་སང་ངམ་གནང་འབྱུང་བ་ཉིད་ན་ཡི་གེར་བྲིས་པ་བསྒྲག་པར་བྱའོ། །ཇི་ལྟར་ཡི་གེ་བྲི་ཞེ་ན། སྔར་བཤད་པ་དེ་ལྟར་སང་ངམ་གནངས་སངས་རྒྱས་གྲོང་ཁྱེར་དུ་གཤེགས་པར་འགྱུར་རོ་ཞེས་གྲོ་ག་སོགས་ལ་བྲིས་པ་གླང་པོ་ཆེའི་


DLL1002_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཤུལ་སྟེང་དུ་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་ཡོངས་སུ་བསྐོར་བའོ་ཞེས་བྲིས་པ་བསྒྲག་པར་བྱའོ། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཁྱད་ཆོས་དང་ལྡན་ནོ། །ཕྲན་ཚེགས་སུ། ཤིང་འཛམ་བུའི་གྲིབ་མ་ལ་བྱང་ཆུབ་སེམས་དཔའ་ཟག་པ་ཟད་པ་དང་འདྲ་བའི་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པ་དེའི་ཚེ་བྱང་ཆུབ་སེམས་དཔའི་ལུས་ཅི་འདྲ་བ་དེའི་རྣམ་པ་དང་རྗེས་སུ་མཐུན་པར་བྱས་པ་དེའི་སྐུ་གཟུགས་སོ་ཞེས་སོ། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་དེ་རྒྱལ་མཚན་དག་གིས་བསྐོར་རོ། །དེ་ལན་ཀན་གྱིས་བསྐོར་རོ། །ལྕགས་ཀྱི་ཀ་བ་དག་གིས་ཀྱང་བསྐོར་རོ། །ལྕགས་ཀྱི་ཀ་བ་དེ་དག་ལ་བ་དན་གདགས་སོ། །རྗེས་སུ་འགྲོ་བ་སྔར་སྨོས་པའི་མཐུན་པའི་འཁོར་བྱའོ། །རྐང་རྒྱན་དང་རྣ་རྒྱན་མ་གཏོགས་པའི་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་ལ་སོགས་པའི་རྒྱན་གདགས་སོ། །སྤོས་ཀྱི་ལུས་སྦྱིན་ནི་དྲི་ལས་བྱས་པའི་འདབ་མ་དང་མྱུ་གུ་དང་འཁྲི་ཤིང་དང་མེ་ཏོག་ལ་སོགས་པ་ལུས་ལ་གཞག་པར་བྱའོ། །སྐུ་གཟུགས་དེ་ཁྱོགས་ཀྱིས་བཀུར་རོ། །ཤིང་རྟས་ཀྱང་བཀུར་རོ། །ཁྱོགས་དང་ཤིང་རྟ་དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་དག་བསྒྲེང་ངོ༌། །བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་དབུ་ལ་མེ་ཏོག་རྣ་རྒྱན་གདགས་སོ། །སྐུ་གཟུགས་དེ་ལ་མཆོད་ཡོན་དང་ཞབས་ལ་གསོལ་བ་དག་ཀྱང་འབུལ་བ་ཆོས་དང་མཐུན་ནོ། །ཡོངས་སུ་ཚིམ་པས་ཕུལ་བའི་དད་རྫས་ནི་གནས་པ་དང་གཞོན་ནུ་དང་རྒན་པོ་དག་གིས་བླང་ངོ༌། །དད་རྫས་དེ་གནས་བརྟན་རྣམས་ཀྱིས་བསྲུང་ངོ༌། །མཆོད་ཡོན་དང་ཞབས་ལ་གསོལ་བ་དང་མེ་ཏོག་དང་གོས་ལ་སོགས་གཏོར་བ་དག་ས་ལ་མི་འབབ་པར་བྱ་བའི་ཕྱིར་ལམ་པོ་ཆེར་ཕྲེང་བའི་ཟ་མ་ཏོག་བྱའོ། །ཕྲེང་བའི་ཟ་མ་ཏོག་གི་ནང་དུ་དྲིའི་ཟ་མ་ཏོག་གཞུག་གོ །བྱང་སེམས་ཀྱི་སྐུ་གཟུགས་ལ་ཕྲེང་བ་གདགས་སོ། །མཆོད་པ་


DLL1002_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་ཤིང་རོལ་མོ་བརྟུལ་བ་དག་ན་སྐྱེ་བོའི་ཚོགས་ཕྱིར་དོང་བའི་ཚེ་ན་སྐུ་གཟུགས་ལ་སོགས་པའི་རྒྱན་བརྟུལ་ལོ། །གང་གི་ཚེ་རྒྱན་བརྟུལ་ན། ཉིན་མོ་སྐྱེ་བོ་རྣམས་ཕྱིར་སོང་ཡང་སླར་འོང་བ་སོགས་སྲིད་པས་ཉིན་མོ་རྒྱན་མ་བརྟུལ་བར་མཚན་མོ་བརྟུལ་ལོ། །ལྔ་པ་བཀྲ་ཤིེས་པར་བྱ་བའི་ཕྱིར་སྐབས་སྔ་མ་མཐར་བྱ་བ་ནི། རབ་ཏུ་བྱུང་བའི་གཙུག་ལག་ཁང་གི་གནས་སུ་ཁང་པའི་དུས་སྟོན་བྱ་བ་ཆོས་དང་མཐུན་ཞིང་རིགས་པའོ། །གསུམ་པ་འདུལ་བ་མདོར་བསྡུས་ཏེ་བསྟན་པ་ནི། དངོས་སུ་བཀག་པ་མི་རུང་བ་དང་དགག་བྱ་མཐུན་ལ། དངོས་སུ་སྒྲུབ་གནང་དུ་གསུངས་པ་རུང་བ་དང་རྒྱུ་མཚན་འགལ་བ་ཁྲིའུ་རྐང་པ་བྲིས་པ་འཆང་བ་དང༌། ཉལ་བ་དང༌། འགྲོ་བས་བཤང་གཅི་བྱ་བ་དང༌། ཉལ་བ་དང་འགྲོ་བས་ཟས་བཟའ་བ་ལ་སོགས་པ་ནི་རུང་བ་མིན་པར་བསྡུ་བར་བྱ་སྟེ། རྒྱུ་མཚན་སླ་བའི་ཕྱིར་རོ། །ཕྱི་མ་རུང་བ་དང་རྒྱུ་མཚན་མཐུན་པའམ་འདྲ་ལ། སྔ་མ་བཀག་པ་དང་རྒྱུ་མཚན་འགལ་བ་ཚྭ་དང་བསྲེས་པའི་རྒུན་ཆུ་བཏུང་བ་དང་ཁམ་ཕོར་དུ་ཟས་བཟའ་བ་ལ་སོགས་པ་ནི་རུང་བར་བསྡུའོ། །སྒྲུབ་པའི་རུང་མཐུན་ནི་ཚེས་ཀྱི་སྐྱ་རེངས་ཤར་ཡང་ཉི་མ་མ་ཤར་ན་ཁས་ལེན་སོགས་བྱ་བ་དང༌། འཁྲུར་འཇུག་གི་སྤང་བ་ལ་སོགས་པ་བཤགས་པའི་ཚེ་ཕྱིས་རྙེད་པའི་རྫས་སྤང་དགོས་པ་དང༌། དགེ་ཚུལ་གྱི་གསོ་སྦྱོང་ལྟ་བུ་སྟེ། སུམ་བརྒྱ་པར། གལ་ཏེ་མངོན་སུམ་གསུངས་བ་མེད་གྱུར་ཀྱང༌། དགག་དབྱེ་གསུངས་ཕྱིར་འདིར་ནི་གསོ་སྦྱོང་ཡོད། ཅེས་གསུངས་སོ། །དེས་ན་དེ་ཕྱིན་ཆད་གནང་བཀག་ཐམས་ཅད་འདིས་ཤེས་པར་བྱའོ། །གནས་མལ་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །གནས་མལ་གྱི་གཞི་རྫོགས་སོ། །འདུལ་བའི་མདོ་རྣམས་རྫོགས་སོ།། །།བཞི་པ་མཇུག་གི་དོན་ལ་བཞི། གུས་པ་བསྐྱེད་པའི་ཕྱིར་ཆེ་བ་བརྗོད་པ་དང༌། ཁུངས་བཙུན་པའི་ཕྱིར་གང་ལ་བརྟེན་ཏེ་བྱས་པ་དང༌། བྱས་པ་


DLL1002_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པའི་ཕྱིར་བསྒྱུར་ཚུལ་དང༌། གཞུང་ཚད་རྟོགས་པའི་ཕྱིར་ཤོ་ལོ་ཀ་དང་བམ་གྲངས་བརྗོད་པའོ། །དང་པོ་ནི། །འདུལ་བའི་མདོ་ཞེས་བྱ་བ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པ་འདུལ་བ་རྒྱ་མཚོའི་སྙིང་པོ་མདོར་བསྡུས་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཐའ་དག་གི་མཛོད་དུ་གྱུར་པ། འདུལ་བའི་སྡེ་སྣོད་ཐམས་ཅད་ཀྱི་མ་ལྟ་བུ་འདི་ནི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཆེན་པོ་བྲམ་ཟེའི་སློབ་དཔོན་བཙུན་པ་ཡོན་ཏན་འོད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། བདེ་བར་གཤེགས་པའི་ཆོས་འདུལ་བ་བདུད་རྩིའི་ཉིང་ཁུས་ཤེས་རབ་གྱི་དབང་པོ་རྒྱས་པ་དེ་བཞིན་གཤེགས་པའི་བཀའ་དམ་པ་ནན་ཏན་སྙིང་པོར་བསྒྲུབ་པས་མཛད་དོ། །གཉིས་པ་ནི། གང་ལ་བརྟེན་ནས་མཛད་ན། སྡེ་བ་བཅོ་བརྒྱད་པོ་ཐམས་ཅད་ཀྱི་འདུལ་བའི་སྡེ་སྣོད་མཐའ་དག་གི་གཙོ་བོར་གྱུར་པ་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་ཀུན་ལས་བཏུས་ནས་མཛད་པ་ཡིན་ནོ། །གསུམ་པ་ནི། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་རྒྱལ་བའི་བཤེས་གཉེན་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཕྱག་འོས་སམ་བཙུན་པ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བཞི་པ་ནི། འདུལ་བའི་མདོ་འདི་ལ། ཤླཽ་ཀ་གཉིས་སྟོང་བདུན་བརྒྱ་ཡོད། བམ་པོ་ནི་དགུར་བྱས་སོ། ། གང་ཡང་མཚུངས་མེད་སྟོན་པ་མཆོག་གི་མཁྱེན་པ་བརྒྱ་ཆེན་མཐའ་དབུས་བྲལ་བའི་ལྷ་ལམ་རབ་ཏུ་ཡངས་པར་ལེགས་བཤད་གློག་གི་རོལ་རྩེད་དང་བཅས་ཐུགས་རྗེའི་ཆུ་འཛིན་འཐུག་པོ་ལས་འཐོན་ཆོས་ཆར་


DLL1002_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་གདུལ་བྱའི་འཛིན་མར་ཀུན་ཏུ་བབ་པས་དམ་ཆོས་ཆུ་ཆེན་ཀུན་ནས་འཁྱིལ་བའི་འདུལ་བ་སྡེ་བཞིའི་ཆུ་གཏེར་ཆེན་པོའི་གླིང་ནས་ལེགས་པར་འོང་བའི་གླེང་གཞི་དེ་ལ་བརསྟེན་ནས་བཅས་པའི་བསླབ་བྱ་ལྟུང་བ་རྣམ་གཞག་ལ་སོགས་ལེགས་པར་བཤད་པའི་ནོར་བུ་ཇི་སྙེད་སྡེབ་ལེགས་ཚིག་གི་སྐུད་པ་ལ་བརྒྱུས་བློ་གསལ་མགྲིན་པའི་རྒྱན་དུ་སྤེལ་ལ་བདག་གིས་འདིར་འབད་དགེ་བ་མུ་ཏིག་ཕྲེང་མཛེས་དུང་དང་ཀུན་ད་པདྨའི་རྩ་བ་དངུལ་དང་འོ་མའི་རྒྱ་མཚོ་སྟོན་ཀའི་ཟླ་ཟེར་བྱུགས་པའི་གངས་རིའི་དབང་པོ་ལྟ་བུར་མཆོག་ཏུ་དཀར་བ་གང་ཞིག་ཐོབ་པ་དེ་ཡིས་རབ་བརྟན་དད་པ་རྒྱ་མཚོའི་གོས་ཅན་ཤིན་ཏུ་ཡངས་པའི་ངོས་ལ་རྣམ་དག་ཚུལ་ཁྲིམས་ཟླ་བ་ནོར་བུའི་རྡོ་ལེབ་དཀར་པོ་གཅལ་དུ་བཀྲམ་པའི་འོག་གཞི་བརྟན་པོར་རྣམ་དཀར་ལས་ཀྱི་མཐོ་རིས་བཟོ་བོས་དལ་འབྱོར་རིན་ཆེན་རྩིག་པ་རྒྱ་ཆེན་རབ་བརྩེགས་རྣམ་ཐར་སྒོ་བཞི་གྲུབ་མཐའ་རྣམ་བཞིའི་ཐེམ་སྐས་དང་ལྡན་སྙིང་རྗེའི་ཀ་བ་བརྟན་པོས་གཞན་ཕན་གདུང་ཆེན་ལེགས་པར་བཏེག་པའི་ཡིད་ཀྱི་ཚོམས་ཆེན་མཁྱེན་རབ་ཉི་ཟླའི་སྣང་བ་གསལ་བར་འཆར་བའི་མངོན་པར་ཤེས་པའི་སྐར་ཁུང་ལུང་དང་རིགས་པའི་རིན་ཆེན་དྲ་མིག་རབ་མཛེས་བློ་བཟང་བདེན་བཞི་སྒྲོགས་པའི་དྲིལ་ཆེན་ལྷག་བསམ་དཀར་བའི་རྔ་ཡབ་དང་འགྲོགས་མན་ངག་ནོར་བུའི་དོ་ཤལ་དོ་ཤལ་ཕྱེད་པ་མཛེས་པར་འཕྱང་བའི་ཚོགས་གཉིས་བ་གམ་མཐོན་པོ་དང་ལྡན་འཕགས་ནོར་བདུན་གྱིས་ལེགས་པར་བལྟམས་པའི་བློ་ཡི་བང་མཛོད་དམན་པ་མིན་པར་དལ་གྱིས་བརྒྱུ་བའི་རྣམ་དཔྱོད་མཛེས་མ་ཏིང་འཛིན་ལང་ཚོ་རབ་རྒྱས་ལེགས་བཤད་འཛུམ་དཀར་སྟོན་མཁས་དང་འགྲོགས་བློ་ཆེན་རྒྱལ་སྲས་ཀུན་དང་ཐབས་ཅིག་ཉིད་དུ་མི་འཇིགས་སེང་གེའི་ཁྲི་ལ་ཐེག་ཆེན་ཆོས་ཀྱི་དགའ་བདེའི་དཔལ་ལ་རྟག་ཏུ་དགྱེས་པ་རོལ་པའི་ཆོས་ཀྱི་རྒྱལ་པོའི་ཕོ་བྲང་ཁང་བརྩེགས་ཡིད་འཕྲོག་གང་དེར་ཚད་མེད་བྱམས་པའི་དཔུང་གིས་འཇིགས་རུང་


DLL1002_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་དང་ལྷ་མིན་མུ་སྟེགས་བྱེད་སོགས་ནག་པོའི་རྩ་ལག་སྡེ་དང་བཅས་པའི་གཡུལ་ལས་རྣམ་པར་རྒྱལ་བས་ལྷ་རྣམས་དགའ་བའི་དགའ་སྟོན་རྒྱལ་མཚན་མཐོན་པོ་གནམ་དུ་བསྒྲེང་བའི་སྤྲོ་དགའ་རྒྱ་ཆེར་གསར་དུ་སྤེལ་བའི་ཆོས་ཀྱི་རྔ་ཆེན་སྲིད་གསུམ་གཡོ་བའི་སྒྲ་དབྱངས་ཟབ་མོ་ཅི་ཡང་སྒྲོག་པ་དང་བཅས་སྐྱབས་གསུམ་དགེ་ལེགས་དབང་གི་རྒྱལ་པོ་འདུན་པའི་རྒྱལ་མཚན་རྩེ་མོར་ལན་ཅིག་མིན་པར་མཆོད་པས་ལེགས་པར་གྲུབ་པའི་ཕན་བདེའི་དཔལ་འབྱོར་བཟང་པོ་མཐའ་དག་འགྲོ་ལ་ཡིད་བཞིན་སྩལ་བའི་མཛད་པ་ལྷུན་གྲུབ་རྒྱུན་ཆགས་འཇུག་པ་ཉིད་ཀྱི་སྙན་པའི་བ་དན་དཀར་པོ་འབུམ་ཕྲག་ཕྱོགས་བཅུར་རོལ་པའི་གྲགས་པ་རྒྱ་ཆེན་ལུས་ཅན་ཀུན་གྱི་རྣ་བའི་ལམ་ནས་བདེ་བར་སོན་པས་ཡིད་ཀྱི་ཁྱིམ་དུ་རྟག་པར་དགེ་ལེགས་སྤེལ་གྱུར་ཅིག །རིག་གྲོལ་ཕུན་ཚོགས་དགེ་འདུན་འདུས་པའི་གཙོ། །གྲུབ་པའི་དབང་ཕྱུག་མཁས་པ་ཀུན་གྱི་དཔལ། །བཟང་པོའི་མཛད་པ་ཕྱོགས་བཅུར་རྒྱས་མཛད་པའི། །བཤེས་གཉེན་ཀུན་གྱིས་ས་སྟེང་མཛེས་གྱུར་ཅིག །བདག་ནི་རྒྱལ་བ་ཀུན་གྱི་བསྟན་པ་ལ། །གཞོན་ནུའི་དུས་སུ་རབ་བྱུང་ཐོབ་གྱུར་ཏེ། །འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་ནས། །བསྟན་པའི་རྒྱལ་མཚན་འཛིན་ལ་བརྩོན་པར་ཤོག །ནམ་ཞིག་རྡོ་རྗེ་གདན་གྱི་རི་བོའི་སྤོར། །བྱམས་མགོན་ཉིན་མོའི་དབང་ཕྱུག་ཤར་བའི་ཚེ། །བདག་གི་རྣམ་དཔྱོད་པདྨོ་ཁ་ཕྱེ་ནས། །སྐལ་བཟང་བུང་བ་ཐམས་ཅད་ཚིམ་བྱེད་ཤོག །ལེགས་པར་གསུངས་བའི་དམ་པའི་ཆོས་འདུལ་བ་མཐའ་དག་གི་སྙིང་པོའི་དོན་ལེགས་པར་བཤད་པ་རིན་པོ་ཆེའི་ཕྲེང་བ་ཞེས་བ་བྱ་བ་འདི་ནི། རིགས་རུས་ཆོ་འབྲང་ཕུན་སུམ་ཚོགས་ཤིང་ལུང་དང་རྟོགས་པའི་ཡོན་ཏན་དུ་མས་མཛེས་པར་གྱུར་པ་རུ་ཆ་དཀའ་བཅུ་པ་ནམ་མཁའ་བརྩོན་འགྲུས་ཞེས་བྱ་བས། ཀ་དན་ཁ་སྟོང་གི་ཡོན་དང་བཅས་ཏེ་གུ་གེ་ནས་ནན་གྱིས་བསྐུལ་བ་


DLL1002_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། ཁྱད་པར་དུ་ཡང་འདུལ་བའི་སྡེ་སྣོད་མཐའ་དག་གི་དོན་ཤེས་ནས་ཉམས་སུ་ལེན་པར་འདོད་པའི་དོན་གཉེར་ཅན་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། ཤཱཀྱའི་དགེ་སློང་དགེ་འདུན་གྲུབ་པ་དཔལ་བཟང་པོ་ཞེས་བྱ་བས་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་གི་རྒྱལ་མཚན་མཐོན་པོར་སྦྱར་བའི་ཡི་གེ་པ་ནི་རྣམ་དཔྱོད་ཡངས་པའི་བློ་གྲོས་དང་ལྡན་པ་དམ་པ་སངས་རྒྱས་ཞེས་བགྱི་བས་བྲིས་པའོ། །ཨོཾ་སྭ་སྟི། རྨད་བྱུང་རླབས་ཆེན་ཚོགས་གཉིས་རབ་རྫོགས་ཏེ། །དོན་གཉིས་མཐར་ཕྱིན་ལུས་ཅན་སྲིད་མཚོ་ལས། །དྲངས་ནས་རྣམ་གྲོལ་གླིང་དུ་འཁྲིད་མཛད་པ། །མཉམ་མེད་ཉི་མའི་གཉེན་དེས་དགེ་ལེགས་སྩོལ། །འདུལ་འཛིན་མཆོག་ཏུ་ལུང་བསྟན་ཉེ་བར་འཁོར། །འོད་སྲུངས་ཆེ་སོགས་གཏད་རབས་བདུན་པོ་དང༌། །ལུང་སྡེའི་དགོངས་དོན་ལེགས་པར་བཀྲལ་མཛད་པའི། །འདུལ་བའི་བསྟན་འཛིན་རྣམས་ལ་གུས་པས་འདུད། །རིགས་ལམ་དྲི་མེད་རྩིབས་སྟོང་འཁོར་ལོ་ཡིས། །ཐུབ་བསྟན་ནོར་འཛིན་ཁྱོན་ལ་དབང་བསྒྱུར་ཞིང༌། །སྐལ་ལྡན་རེ་བ་སྐོང་མཛད་དགེ་འདུན་གྲུབ། །གང་དེའི་བཀའ་དྲིན་བསམ་བཞིན་ཕྱག་བགྱིའོ། །པཎ་གྲུབ་ཆེ་དེའི་ཞལ་གྱི་བུམ་བཟང་ལས། །འོངས་པའི་ལེགས་བཤད་འདུལ་ཊཱིཀ་རིན་ཆེན་ཕྲེང༌། །པར་རྙིང་བགྲེས་སྐྱོན་ཆེ་གཤིས་ཤིང་རྟ་ལོར། །གསར་བརྐོས་བགྱིས་པའི་དགེ་ཚོགས་ཅི་མཆིས་མཐུས། །ཕན་བདེའི་རྩ་བ་ཀུན་མཁྱེན་རྒྱལ་བའི་བསྟན། །མི་ཉམས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །དེ་འཛིན་དམ་པ་སྐུ་ཚེ་ཡུན་དུ་བརྟན། །མཛད་འཕྲིན་ཡར་ཟླའི་འཕེལ་བར་འགྲན་པ་དང༌། །ཡིད་ཅན་ཀུན་ཀྱང་ཆོས་འདུལ་ལ་བརྟེན་ནས། །བསླབ་གསུམ་ཉམས་ལེན་གོང་ནས་གོང་དུ་འཕེལ། །དེའི་མཐུས་མཁའ་ཁྱབ་ལུས་ཅན་མ་ལུས་པ། །སྐུ་གསུམ་གོ་འཕང་


DLL1002_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་དུ་མཐར་ཕྱིན་ཤོག །དེ་ལྟར་ལྷག་བསམ་སྨོན་པའི་འབྲས་བཟང་རྣམས། །སྲས་བཅས་ཀུན་དང་ཆོས་ཉིད་བདེན་པའི་མཐུས། །རེ་དོན་ཡིད་བཞིན་མྱུར་དུ་ལེགས་འགྲུབ་སྟེ། །འགྲོ་ཀུན་འདྲེན་པའི་དཔའ་བོར་བདག་གྱུར་ཤོག །པཎ་ཆེན་དགེ་འདུན་གྲུབ་ཀྱིས་མཛད་པའི་འདུལ་ཊཱིཀ་རིན་ཆེན་འཕྲེང་བ་འདི་ཉིད་སྔོན་ནས་པར་བརྐོས་དུ་མ་འདུག་ཀྱང་དེང་དུས་བགྲེས་སྐྱོན་ཆེ་གཤིས། པར་གསར་འདེབས་རྣམས་ལ་ཕན་ཐོགས་དཀའ་བར་མཐོང་བ་དང༌། འདུལ་བའི་བསྟན་པ་འདི་ཉིད་དར་རྒྱས་ཡུན་དུ་གནས་པའི་བསམ་པས་ཀུན་ནས་བསླངས་ཏེ། ཀུན་མཁྱེན་མཚོ་སྣ་པས་མཛད་པའི་མདོ་རྩ་མཆན་འགྲེལ་མཐོང་བ་དོན་འགྲུབ། འདུལ་ཊཱིཀ་ཉི་མའི་འོད་ཟེར་བཅས་པར་གསར་བརྐོས་ཟིན་ནས། དེ་འབྲེལ་ཤིང་རྟ་ལོ་ནང་འདུལ་ཊཱིཀ་རིན་ཆེན་འཕྲེང་བ་འདི་ཡང་པར་གསར་བརྐོས་བགྱིས་པའི་དགེ་ཚོགས་རྣམས་བསྟན་པ་རྒྱས་པ་དང༌། འགྲོ་བ་བདེ་བའི་ཆེད་དུ་བསྔོ་བའི་ཚིགས་སུ་བཅད་པ་འདི་ནི་ཆོས་སྨྲ་བའི་བཙུན་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོར་འབོད་པས་སུག་བྲིས་སུ་བགྱིས་པ་དགེ་ལེགས་འཕེལ།། །།


DLL1002_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།

སོ་སོར་ཐར་པའི་མདོའི་རྣམ་བཤད་གཞུང་དོན་གསལ་བའི་ཉི་མ།


DLL1002_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཐར་པའི་མདོའི་རྣམ་བཤད་གཞུང་དོན་གསལ་བའི་ཉི་མ་བཞུགས།


DLL1002_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

གང་སྐུ་མཚན་དཔེའི་ཆ་ཤས་རབ་རྫོགས་དཀྱིལ་འཁོར་ནི། །གང་གསུང་འགྲོ་ལ་ཐར་ལམ་སྟོན་པའི་འོད་ཟེར་འཕྲོ། །གང་ཐུགས་ཤེས་བྱའི་ཆོས་ཀུན་ཇི་བཞིན་ལྷང་ངེར་གསལ། །ཐུབ་དབང་ཕྱག་འཚལ་བླ་མའི་གསུང་བཞིན་ངས་འདི་བྲི། །དེ་ལ་བདེ་བར་གཤེགས་པའི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་པོ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུས་ལ། དེའི་ནང་ནས་འདུལ་བའི་སྡེ་སྣོད་ནི་བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་ཉེ་བར་འཁོར་གྱིས་བསྡུས་སོ། །འདུལ་བའི་སྡེ་སྣོད་ལའང་དུམ་བུ་བཞི་སྟེ། རྣམ་འབྱེད་དང་། གཞི་དང་། ཕྲན་ཚེགས་དང་། གཞུང་བླ་མའོ། །དེ་དག་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་པས། འདི་འཆད་པ་ལ་བཞི་སྟེ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་གི་དོན་ནོ། མཚན་དོན། དང་པོ་ལ་གཉིས་ལས་བསྒྱུར་བ་ནི།


DLL1002_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་གྱི་སྐད་དུ་པྲ་ཏི་ནི་བོད་དུ་སྐད་དུ་སོ་སོར་དང་། མོཀྵ་ནི་ཐར་པ་དང་། སུ་ཏྲ་ནི་མདོའོ། །གཉིས་པ་བཤད་པ་ནི། པྲ་ཏིའི་སྒྲ་ནི་དང་པོ་དང་། སོ་སོ་དང་། ཐབས་གསུམ་ལ་འཇུག་པ་ལས། དང་པོར་སྡོམ་མིན་ལས་ཐར་པའི་ཕྱིར་དང་པོར་ཐར་པ་ཞེས་བྱ་བའམ། ཡང་ན་གང་གིས་བསླབ་པའི་གཞི་ཡང་དག་པར་བླངས་ནས་བསྲུངས་པས་དེ་ཐར་གྱི་གཞན་གྱིས་བསྲུངས་པས་གཞན་མི་ཐར་པའི་ཕྱིར་ན་སོ་སོར་ཐར་པ་ཞེས་པའམ། ཡང་ན་ཐར་པ་ནི་མྱ་ངན་ལས་འདས་པ་ཡིན་ལ་དེ་ཐོབ་པའི་ཐབས་ཡིན་པས་ན་སོ་སོར་ཐར་པ་སྟེ། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཡིན་ལ་དེ་བརྗོད་བྱར་བྱེད་པའི་དོན་གྱིས་ན་འདི་ལ་ཡང་སོ་སོར་ཐར་པ་ཞེས་བྱའོ། །དོན་མདོར་བསྡུས་པ་ཙམ་ཞིག་སྟོན་པས་ན་མདོའོ། །འགྱུར་གྱི་ཕྱག་གཉིས་པ་འགྱུར་གྱི་ཕྱག་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ་ཞེས་པའོ། །གསུམ་པ་ལ་ལྔ་སྟེ། མཆོད་བརྗོད་དང་། གླེང་གླེང་བ། ཡང་དག་པར་བརྩམ་པ། གཞུང་རྒྱས་པའི་མཚན་ཉིད། བསྡུས་པའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཆོད་བརྗོད་དངོས་དང་། བཤད་པར་དམ་བཅའ་བའོ། །དང་པོ་ལ་བསྟོད་པ་དང་།


DLL1002_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་བའོ། །དང་པོ་ལ། གཞན་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་དང་། རང་དོན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པའོ། །དང་པོ་ལ་ལྔ་ལས་གཞན་གྱི་རྒྱུ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། བཅོམ་ལྡན་འདས་ཆོས་ཅན། གཞན་དོན་གྱི་རྒྱུ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས་པ་ལས་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་སྙན་པའི་བ་དན་འཇིག་རྟེན་ཁམས་གསུམ་ན་གྲགས་པས་སོ། །ཇི་ལྟར་གྲགས་ཤེ་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་དང་པོར་ས་བླ་བ་རྣམས་ལ་གྲགས། དེ་ནས་བར་སྣང་གི་ལྷ་དང་། དེ་ནས་རྒྱལ་ཆེན་རིས་བཞི་དང་། དེ་ནས་རིམ་གྱིས་འོག་མིན་གྱི་བར་དུ་གྲགས་པས་སོ། །གཟུགས་མེད་དུ་གྲགས་པ་མི་འཐད་དེ། དེ་ནས་སྒྲ་ཐོས་པ་མེད་པའི་ཕྱིར་ཞེ་ན། སྐྱོན་མེད་དེ་གཟུགས་ཅན་གྱི་ཁམས་སུ་སྐྱེས་པའི་ཚེ་གྲགས་པས་གྲགས་པའི་ས་བོན་རྒྱུད་ལ་ཡོད་པ་ལ་གྲགས་ཞེས་བརྗོད་པའི་ཕྱིར་རོ། །གཉིས་པ་ཕན་འདོགས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། ཕན་འདོགས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། དམ་པས་གསུངས་པའི་ཆོས་བདེན་བཞི་སྟོན་པའི་སྒྲ་སེང་གེའི་སྒྲ་དང་ལྡན་པ་བསྒྲགས་པར་མཛད་པའི་ཕྱིར་ཏེ། གདུལ་བྱ་ལ་ཆོས་ཀྱི་འཁོར་ལོ་བདེན་པ་བཞི་ལ་ལན་གསུམ་དུ་བཟླས་ཏེ་རྣམ་པ་བཅུ་གཉིས་སུ་བསྐོར་བའི་ཕྱིར། བདེན་བཞི་སྟོན་པའི་སྒྲ་དེ་ཇི་ལྟར་སེང་གེའི་སྒྲ་དང་འདྲ་ཞེ་ན། དེ་དང་འདྲ་བ་ཡིན་ཏེ། མུ་སྟེགས་བྱེད་གླང་པོ་ལྟ་བུ་སྐྲག་པར་མཛད་ཅིང་རིགས་ཀྱི་བུ་སེང་


DLL1002_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

གེའི་ཕྲུ་གུ་ལྟ་བུ་སྡུད་པར་མཛད་པའི་ཕྱིར། གསུམ་པ་ཤེས་རབ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་ཕྱིར། བཞི་པ་ཐུགས་རྗེ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། ཐུགས་རྗེ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། ལུང་དང་རྟོགས་པའི་ཆོས་དཀོན་མཆོག་གི་མཛོད་འཕགས་པའི་དགེ་འདུན་འཁོར་དུ་བརྙེས་ནས་སྨིན་པར་མཛད་པའི་ཕྱིར། ལྔ་པ་འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། འབྲས་བུའི་ཁྱད་པར་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ཞབས་ལ་ཚངས་པ་དང་ལྷ་དབང་ལ་སོགས་པའི་གཙུག་གི་ནོར་བུས་གཏུགས་ཏེ་ཕྱག་བྱས་པའི་ཕྱིར་རོ། །གཉིས་པ་ལ་གཉིས་ལས་སྤངས་པ་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། སྤངས་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སྡུག་བསྔལ་གྱི་རྒྱ་མཚོའི་གཏིང་དང་ཕ་རོལ་གྱི་མཐའ་དཔག་ཏུ་མེད་པ་ལས་བརྒལ་བས་སོ། །གཉིས་པ་ཡེ་ཤེས་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ་ནི། ཆོས་ཅན། ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་བརྙེས་པས་འགྲོ་བའི་གཙོ་བོར་གྱུར་པའི་ཕྱིར། གཉིས་པ་ཕྱག་འཚལ་བ་ནི། དེ་ལྟ་བུའི་སྟོན་པ་ལ་སྤྱི་བོས་ཕྱག་འཚལ་བ་ཆོས་ཅན། དོན་ཡོད་དེ། གནས་སྐབས་དང་མཐར་ཐུག་གི་དོན་དུ་མ་འགྲུབ་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་བཤད་པར་དམ་བཅའ་བ་ནི།


DLL1002_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་ཕྱག་བཙལ་ཏེ་ལས་སུ་བྱ་བ་ཅི་ཞིག་བྱེད་ཅེ་ན། ཐམས་ཅད་མཁྱེན་པས་གསུངས་པའི་བསླབ་པའི་གཞི་ལུང་སྡེ་བཞི་ནི་དཀོན་མཆོག་ཡིན་ལ། དེའི་སྣོད་སོ་སོར་ཐར་པའི་མདོ་འདི་ཉན་ཐོས་འཕགས་པའི་ཚོགས་དགེ་འདུན་གྱི་དབུས་སུ་དབྱེ་བར་བྱའོ། །གཉིས་པ་གླེང་གླེང་བའི་མཚན་ཉིད་ལ་གསུམ། སོ་སོར་ཐར་པའི་ཆེ་བ་བརྗོད་པ། ཚོགས་གཉིས་ཀྱི་ལམ་འབྲས་བུ་དང་བཅས་པ། སོ་སོར་ཐར་པ་བསྒྲུབ་པར་གདམས་པའོ། །དང་པོ་ལ་གསུམ། ཚེ་འདིའི་འབྲས་བུ། ཕྱི་མའི་འབྲས་བུ། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའོ། །དང་པོ་ནི། སོ་སོར་ཐར་པའི་མདོ་དེ་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱའོ་ཞེས་བཤད་ན། དེ་ལ་ཆེ་བའི་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། སོ་སོར་ཐར་པ་འདི་ཆོས་ཅན། ཁྱོད་གོམས་པར་བྱས་པ་ལ་རྟེན་ནས་ཚེ་འདིར་ཆེ་བའི་འབྲས་བུ་ཐོབ་པ་ཡིན་ཏེ། ཁྱོད་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་སྡེ་བཞི་པོ་གང་ཆེན་མཚོ་དང་འདྲ་བ་ཐམས་ཅད་ཀྱི་བརྗོད་བྱ་ལྟུང་བ་སྡེ་ལྔ་དང་གཞི་བཅུ་བདུན་ལ་སོགས་པའི་མཚན་ཉིད་རྣམ་པར་གནས་པའི་སྙིང་དང་སྙིང་པོ་ཡིན་པའི་ཕྱིར། འོ་ན་སངས་རྒྱས་ཀྱིས་གསུངས་པའི་འདུལ་བ་དེ་ཇི་ལྟར་གངས་ཆེན་མཚོ་དང་འདྲ་ཞེ་ན། དེ་ཆོས་ཅན། ཁྱོད་གངས་ཆེན་མཚོ་དང་འདྲ་བ་ཡིན་ཏེ། རྒྱ་མཚོ་ལ་གཞིའི་གཏིང་དང་ཕ་རོལ་གྱི་མཐའ་དཔག་ཏུ་མེད་པ་བཞིན་དུ་ཁྱོད་ཀྱི་ཀུན་སློང་གི་གཏིང་དང་འབྲས་བུའི་མཐའ་ཡང་དཔག་ཏུ་མེད་པའི་ཕྱིར། སོ་སོར་ཐར་པ་འདི་ཆོས་ཅན། ཁྱོད་དམ་པའི་ཆོས་ཀྱི་རྒྱལ་པོ་ཡི་མདོ་ལ་སོགས་པའི་ཆོས་ཀུན་གྱི་ནི་འདྲེན་པའི་མཆོག་ཡིན་ཏེ། ཁྱོད་ལ་བརྟེན་ནས་མདོ་ལ་སོགས་པའི་ཆོས་རྣམས་འབྱུང་བའི་ཕྱིར། སོ་སོ་ཐར་པ་འདི་ནི་ཆོས་ཅན། ཁྱོད་དགེ་སློང་མྱ་ངན་ལས་འདས་པའི་ནོར་བུ་དོན་དུ་གཉེར་


DLL1002_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚོང་པའི་ཚོགས་ཀྱི་བསླབ་པའི་ཟོང་གི་ཚོང་ཁང་ཆེན་པོ་ཡིན་ཏེ། ཁྱོད་ཀྱི་ནང་དུ་བསླབ་པ་ཐམས་ཅད་ཆུད་པའི་ཕྱིར། སོ་སོར་ཐར་པ་འདི་ཆོས་ཅན། ཚུལ་ཁྲིམས་འཆལ་བ་སྦྲུལ་གདུག་པ་དང་འདྲ་བས་ཟིན་པའི་གང་ཟག་རྣམས་ཀྱི་སྦྲུལ་གྱི་གདུག་པ་དུག་དང་འདྲ་བའི་ལྷུང་བ་རྣམ་པར་སེལ་བའི་སྨན་ཡིན་ཏེ། ཁྱོད་ཀྱིས་ལྟུང་བ་ཞི་བར་བྱེད་པའི་ཕྱིར། སོ་སོར་ཐར་པ་འདི་ནི་ཆོས་ཅན། ཁྱོད་ལང་ཚོ་དང་བག་མེད་པ་སོགས་ཀྱིས་རྣམ་པར་འཁྲུལ་བའི་རྐང་གཉིས་གཞོན་ནུ་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པ་རྣམས་ལ་གླང་ཆེན་གྱི་ལྕགས་ཀྱུ་ལྟ་བུ་ཡིན་ཏེ། ཁྱོད་ཀྱིས་བག་མེད་པའི་ཉེས་དམིགས་བསྟན་པའི་སྒོ་ནས་དེ་དག་སྐྲག་པར་བྱེད་པའི་ཕྱིར། གཉིས་པ་ནི། སོ་སོར་ཐར་པ་འདི་ཆོས་ཅན། ཁྱོད་མཚོ་བས་ཟབ་པའི་འཁོར་བ་ལས་སྒྲོལ་བའི་བརྒལ་ཐབས་ཡིན་ཏེ། ཁྱོད་ལ་བརྟེན་ནས་ཟག་མེད་ཀྱི་ལམ་འབྱུང་བའི་ཕྱིར། སོ་སོར་ཐར་པ་འདི་ནི་ཆོས་ཅན། ཁྱོད་བཟང་འགྲོ་ལྷ་མིན་འགྲོ་བའི་ངེས་པའི་ཆུ་ལོན་དང་ཟམ་པ་ཡིན་ཏེ། ཁྱོད་ངན་འགྲོའི་ཆུ་བོ་འགོག་བྱེད་པ་དང་། བདེ་འགྲོའི་རྒྱུ་ཡིན་པའི་ཕྱིར། སོ་སོར་ཐར་པ་འདི་ནི་ཆོས་ཅན། ཁྱོད་ཉོན་མོངས་པ་ཕམ་པར་བྱེད་པའི་འཕགས་པའི་ལམ་རྒྱལ་པོ་ཡི་ནི་འདྲེན་པ་མཆོག་བློན་པོ་ལྟ་བུ་ཡིན་ཏེ། ཁྱོད་ཀྱིས་འཕགས་ལམ་འདྲེན་པར་བྱེད་པའི་ཕྱིར། སོ་སོར་ཐར་པ་འདི་ནི་ཆོས་ཅན། ཁྱོད་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཐེམ་སྐས་ཀྱི་གཞི་རྟེན་དང་འདྲ་བར་གནས་ཏེ། ཁྱོད་ལམ་ཀུན་གྱི་གཞིར་གྱུར་པའི་ཕྱིར། གསུམ་པ་ནི། ཤེས་བྱ་ཆོས་ཅན། བཅོམ་ལྡན་འདས་ང་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན་སོ་སོར་ཐར་པ་འདི་ནི་དགེ་སློང་ཁྱེད་རྣམས་ཀྱི་སྟོན་པ་ཡིན་ནོ་ཞེས་རང་བྱུང་སངས་རྒྱས་


DLL1002_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་གུས་པ་དང་བཅས་པར་ནན་ཏན་གྱིས་དགེ་སློང་གི་ཚོགས་དགེ་འདུན་གྱི་མདུན་དུ་སོ་སོར་ཐར་པ་ལ་བསྟོད་པའི་རྒྱུ་མཚན་ཡོད་དེ། སོ་སོར་ཐར་པ་དེས་གདུལ་བྱ་ལ་བྱ་བ་དང་བྱ་བ་མ་ཡིན་པ་སྟོན་པའི་ཕྱིར། གཉིས་པ་ལ་གསུམ། ཚོགས་ཀྱི་ལམ་དཀོན་པ། ཚོགས་ཀྱི་ལམ་རྙེད་པ། རྙེད་ནས་འབད་པར་བྱའོ། །དང་པོ་ནི། ཚོགས་ཀྱི་ལམ་དེ་ལ་བཅུ་གསུམ་ཡོད་དེ། གཞན་གྱི་འབྱོར་པ། རང་གི་འབྱོར་པ། དགེ་བའི་ཆོས་ལ་འདུན་པ། ཚུལ་ཁྲིམས་ཀྱི་སྡོམ་པ། དབང་པོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ། ཤེས་བཞིན་དུ་སྤྱོད་པ། དགེ་བའི་བཤེས་གཉེན། ཆོས་ཉན་ཅིང་སེམས་པ། བར་ཆད་མེད་པ། གཏོང་བ་སྤེལ་བ། དགེ་སྦྱོང་གི་རྒྱན་ནོ། །འདི་དག་ལ་ཅིའི་ཕྱིར་ཚོགས་ཀྱི་ལམ་ཞེས་བྱ་ཞེ་ན། སྦྱོར་བའི་ལམ་ལ་སོགས་པའི་རྒྱུའི་ཚོགས་དང་གཞིར་གྱུར་པའི་ལམ་ཡིན་པའི་ཕྱིར་ཚོགས་ཀྱི་ལམ་ཞེས་བྱའོ། །ཤེས་བྱ་ཆོས་ཅན། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་། ཆོས་བསྟན་པ་དང་། བསྟན་པ་གནས་པ་དང་། དེའི་རྗེས་སུ་འཇུག་པ་དང་། གཞན་ཕྱིར་སྙིང་བརྩེ་བ་རྣམས་རྙེད་པ་ཤིན་ཏུ་དཀོན་ཏེ། སངས་རྒྱས་ཞེས་བྱ་བའི་སྒྲ་འདི་ཡང་འཇིག་རྟེན་དག་ན་རབ་ཏུ་དཀོན་པའི་ཕྱིར། འདིས་གཞན་གྱི་འབྱོར་པ་རྙེད་དཀའ་བར་བསྟན་ཏོ། །ཆོས་ཅན། ཡུལ་དབུས་སུ་སྐྱེས་པ། དབང་པོ་ཚང་བ། ལས་མཐའ་མ་ལོག་པ། གནས་ལ་དད་པ་རྣམས་ཤིན་ཏུ་དཀོན་ཏེ། མིའི་ལུས་ཉིད་ཀྱང་རྙེད་པ་ཤིན་ཏུ་དཀའ་བའི་ཕྱིར། འདིས་རང་འབྱོར་རྙེད་དཀའ་བར་བསྟན་ཏོ། །ཆོས་ཅན། སངས་རྒྱས་སམ་དེའི་ཉན་ཐོས་ལས་ཆོས་ཐོས་ཤིང་དད་པ་ཐོབ་ནས་རབ་ཏུ་བྱུང་སྟེ་ནན་ཏན་གྱིས་ཉམས་སུ་ལེན་པ་ཤིན་ཏུ་དཀོན་ཏེ། ཆོས་ཐོས་ཤིང་དད་པ་ཐོབ་སྟེ་རབ་ཏུ་འབྱུང་བ་


DLL1002_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་དཀོན་པའི་ཕྱིར། འདིས་དགེ་བའི་ཆོས་ལ་འདུན་པ་རྙེད་དཀའ་བར་བསྟན་ཏོ། །དེ་བཞིན་དུ་རབ་ཏུ་བྱུང་བ་རྣམས་ཀྱི་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་རབ་ཏུ་དཀོན་ནོ། །འདིས་ཚུལ་ཁྲིམས་ཀྱི་སྡོམ་པ་ནས་ཤེས་བཞིན་དུ་སྤྱོད་པའི་བར་རྣམས་དཀོན་པར་བསྟན་ཏེ། ཚུལ་ཁྲིམས་ཀྱི་སྡོམ་པ་ཙམ་ཡང་རྙེད་དཀའ་བར་བསྟན་པའི་ཕྱིར། ཚུལ་ཁྲིམས་ཡོངས་སུ་དག་པར་གྱུར་ཀྱང་གྲོགས་བཟང་པོ་ཤིན་ཏུ་རྙེད་པར་དཀའོ། །འདིས་དགེ་བའི་བཤེས་གཉེན་ནས་དགེ་སྦྱོང་གི་རྒྱན་གྱི་བར་རྣམས་རྙེད་དཀའ་བར་བསྟན་ཏེ། ཚུལ་ཁྲིམས་རྣམ་པར་དག་ཀྱང་དགེ་བའི་བཤེས་གཉེན་ཤིན་ཏུ་རྙེད་དཀའ་བར་བསྟན་པའི་ཕྱིར་རོ། །གཉིས་པ་ནི། འཇིག་རྟེན་དུ་སངས་རྒྱས་འབྱུང་བ་དང་། མི་ལུས་ཐོབ་པ་དང་རབ་ཏུ་འབྱུང་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་གྲོགས་བཟང་པོ་རྙེད་པར་གྱུར་ནས་སོ་སོར་ཐར་པ་ལ་ནན་ཏན་བྱ་དགོས་ཏེ། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སོགས་རྙེད་དཀའ་བའི་ཕྱིར་རོ། །གསུམ་པ་ནི། སྒོ་གསུམ་གྱི་བྱ་བ་ལ་མཁས་པ་བདག་ལ་ལེགས་པ་འདོད་ཅིང་ཚོགས་ཀྱི་ལམ་དེ་དག་འབྲས་བུ་སྦྱོར་བའི་ལམ་སོགས་དང་བཅས་པར་བྱེད་འདོད་པའི་སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར་པ་མཉན་པའི་ཕྱིར་ནི་འབད་པར་བྱ་བ་ཡིན་ཏེ། སོ་སོར་ཐར་པ་ལ་བརྟེན་ནས་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་སོ་སོར་ཐར་པ་བསྒྲུབ་པར་གདམས་པ་ནི། དགེ་སློང་མིག་ལ་སོགས་པའི་དབང་པོ་དུལ་བ་སྟེ་བསྲུངས་པ་གནས་སྐབས་ཀུན་ཏུ་དབང་པོ་དུལ་ཞིང་སངས་རྒྱས་ཀྱི་ཕྱིར་དུ་མི་འགྱུར་བར་རབ་ཏུ་བྱུང་བ་ངེས་པར་ཐར་པ་འདོད་པ་རྣམས་ཀྱིས་སོ་སོར་ཐར་པ་རྟག་ཏུ་མི་ཉམས་པར་བསྲུངས་དགོས་ཏེ། ཚུལ་ཁྲིམས་ལ་བརྟེན་ནས་ཐར་པ་མྱ་ངན་ལས་འདས་པ་འཐོབ་


DLL1002_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། དེས་ན་རྐང་པ་དང་པོས་རང་དང་། གཉིས་པས་གཞན་དང་། གསུམ་པས་ཆོས་ཀྱི་དབང་དུ་བྱས་ནས་བསྒྲུབ་པ་བསྟན་ཅིང་། བཞི་པས་སྒྲུབ་པའི་མཚན་ཉིད་བསྟན་ཏོ། ། གསུམ་པ་ཡང་དག་པར་བརྩམས་པའི་མཚན་ཉིད་ལ་བདུན། སོ་སོར་ཐར་པ་རྙེད་དཀའ་བ། དཀོན་མཆོག་གསུམ་འབྱུང་བདེ་བ། དགེ་བའི་བཤེས་གཉེན་ལ་བརྟེན་པ་བདེ་བ། སྡིག་གྲོགས་སྤངས་པ་བདེ་བ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ། ཐོབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་བདེ་བ། སྒྲུབ་པར་བྱེད་པ་སྦྱངས་པའི་ཡོན་ཏན་དང་ལྡན་པ་བདེའོ། །དང་པོ་ནི། ཤེས་བྱ་ཆོས་ཅན། བསྐལ་པ་ཆེན་པོ་བྱེ་བ་རྣམས་སུ་ཡང་ལུང་དང་རྟོགས་པའི་སོ་སོར་ཐར་པ་རྣ་བའི་ཤེས་པས་ཐོས་པ་དང་ཡིད་ཀྱི་ཤེས་པས་ཚིག་གཟུང་བ་དང་ཚིག་དོན་གཉིས་ཀ་འཛིན་པ་རྙེད་པར་དཀའ་སྟེ། བསྐལ་པ་བྱེ་བར་ཡང་རང་གི་འབྱོར་པ་དང་གཞན་གྱི་འབྱོར་པ་རྙེད་དཀའ་བའི་ཕྱིར། སྔ་མ་གསུམ་པས་ཀྱང་ནན་ཏན་གྱིས་བསྒྲུབ་པའང་ཤིན་ཏུ་རྙེད་པ་དཀའ་སྟེ། ཡང་དག་པར་སྒྲུབ་པ་ནི་མངོན་པར་བརྩོན་པ་ལ་རག་ལས་པའི་ཕྱིར། འདིས་སོ་སོར་ཐར་པ་ལུང་དང་རྟོགས་པའི་སྒོ་ནས་རྙེད་དཀའ་བར་བསྟན་ཏོ། །གཉིས་པ་ནི། སངས་རྒྱས་རྣམས་ནི་ཆོས་ཅན། ཁྱོད་འབྱུང་བ་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་རྣམ་གྲོལ་གྱི་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་ཆོས་བསྟན་པ་ཡང་ཆོས་ཅན། བདེ་


DLL1002_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེ་བའི་རྒྱུ་ཡིན་པའི་ཕྱིར། དགེ་འདུན་ལྟ་བ་དང་ཆོ་ག་སོགས་མཐུན་པ་ཆོས་ཅན། བདེ་བ་ཡིན་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེ་བའི་རྒྱུ་ཡིན་པའི་ཕྱིར། ལྟ་བ་སོགས་མཐུན་པའི་དགེ་འདུན་གྱི་བསླབ་པ་གསུམ་ཉམས་སུ་ལེན་པའི་དཀའ་ཐུབ་ཆོས་ཅན། བདེ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བདེ་བའི་རྒྱུ་ཡིན་པའི་ཕྱིར། གསུམ་པ་ནི། དགྲ་བཅོམ་པ་ལ་སོགས་པའི་འཕགས་པ་རྣམས་ནི་ཆོས་ཅན། ཁྱོད་དགེ་བའི་བཤེས་གཉེན་དུ་མཐོང་བ་བདེ་བ་ཡིན་ཏེ། ཁྱོད་དེ་ལྟར་མཐོང་བ་དེ་འདི་དང་ཕྱི་མར་བདེ་བའི་ཕྱིར། སོ་སོར་སྐྱེ་བོའི་སྐྱེས་བུ་དམ་པ་བྱང་ཆུབ་སེམས་དཔའ་དག་ཆོས་ཅན། ཁྱོད་དང་འགྲོགས་པ་བདེ་བ་ཡིན་ཏེ། དེ་འདི་དང་ཕྱི་མར་བདེ་བའི་ཕྱིར། བཞི་པ་ནི། བྱིས་པ་སྡིག་པའི་གྲོགས་པོ་རྣམས་ནི་ཆོས་ཅན། ཁྱོད་མ་མཐོང་བ་སྟེ་སྤངས་ན་རྟག་ཏུ་བདེ་བ་ཉིད་དུ་འགྱུར་ཏེ། ཁྱོད་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར། ལྔ་པ་ནི། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ནི་གཉིས་ཏེ། བཏགས་པ་བ་དང་། དོན་དམ་པའོ། །བཏགས་པ་བ་ཡང་ཡིན་ཏེ། ཞི་གནས་ཀྱི་ཡན་ལག་ལ་གནས་པ་དང་། ལྷག་མཐོང་གི་ཡན་ལག་ལ་གནས་པའོ། །དང་པོ་ནི། ཚུལ་ཁྲིམས་ལྡན་པ་ཞེས་པས་བསྟན་ཏེ། ཚུལ་ཁྲིམས་ལ་གནས་ན་ཞི་གནས་ལ་སེམས་འཇོག་པར་འགྱུར་བའི་ཕྱིར། གཉིས་པ་ནི། མང་དུ་ཐོས་པ་ཞེས་པས་བསྟན་ཏེ། མང་དུ་ཐོས་པས་ལྷག་མཐོང་གི་ངོ་བོར་གྱུར་པའི་ཤེས་རབ་སྐྱེ་བའི་ཕྱིར། གཉིས་པ་དོན་དམ་པ་ནི། ཡང་སྲིད་རྣམ་པར་གྲོལ་བ་ཡི། དགྲ་བཅོམ་པ་ཞེས་པས་བསྟན་ཏོ། །དེས་ན་ཚུལ་ཁྲིམས་དང་ལྡན་པ་ཆོས་ཅན། ཁྱོད་མཐོང་བ་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་གཞན་ལ་གནོད་པའི་བསམ་པ་ལས་ལོག་པའི་སྐྱེས་བུ་ཡིན་པའི་ཕྱིར། མང་དུ་ཐོས་པ་ཆོས་ཅན། ཁྱོད་མཐོང་བ་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་ལྟ་ངན་དང་འགྱོད་པ་དང་ཐེ་ཚོམ་སེལ་ནུས་པའི་ཕྱིར། ཡང་སྲིད་པར་སྐྱེ་བ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་དག་ཆོས་ཅན། ཁྱོད་མཐོང་བ་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་


DLL1002_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པའི་ཕྱིར། དྲུག་པ་ནི། ཤེས་བྱ་ཆོས་ཅན། མཐའ་གཉིས་སྤངས་པའི་ལམ་བདེ་བ་ནས་རྣམ་གྲོལ་གྱི་འབྲས་བུ་འཐོབ་པ་བདེ་བ་ཡིན་ཏེ། འཇུག་ངོགས་བདེ་བའི་ཆུ་ཀླུང་ནས་ཆུ་བླང་བདེ་བའི་ཕྱིར། ཆོས་ལ་གོམས་པར་བྱེད་པའི་སྐྱེ་བོ་ཚོགས་སྦྱོར་བ་ཆོས་ཅན། ཁྱོད་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་རྣམ་གྲོལ་གྱི་བདེ་བ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། ཟག་མེད་ཀྱི་ཤེས་རབ་ཐོབ་པར་གྱུར་པའི་མཐོང་སྒོམ་པ་ཆོས་ཅན། ཁྱོད་བདེ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱིས་མཐོང་ལམ་དང་སྒོམ་ལམ་གྱི་རྣམ་གྲོལ་གྱི་བདེ་བ་ཐོབ་པའི་ཕྱིར། ངའོ་སྙམ་པའི་ང་རྒྱལ་ཟད་པའི་དགྲ་བཅོམ་པ་ཆོས་ཅན། ཁྱོད་བདེ་བ་ཡིན་ཏེ། ཁྱོད་རྣམ་གྲོལ་གྱི་བདེ་བ་མངོན་སུམ་དུ་གྱུར་པ་ཡིན་པའི་ཕྱིར། བདུན་པ་ནི། ཤེས་བྱ་ཆོས་ཅན། བསླབ་པ་གསུམ་ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག་དགོན་པ་སྐྱེ་བོའི་འདུ་ལོང་ཞི་བ་རྣམས་སུ་ཚངས་སྤྱོད་ཀྱིས་ཚེ་མཐར་ཕྱིན་པའི་རྒས་པར་གྱུར་པ་དང་། སྡེ་སྣོད་གསུམ་མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ་ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ་བ་ཡིན་ཏེ། འདི་དང་ཕྱི་མ་དང་རང་དག་གཞན་དང་། ཚངས་པར་སྤྱོད་པའི་མཐའ་བདེ་བ་ཡིན་པའི་ཕྱིར། བཞི་པ་གཞུང་རྒྱས་པའི་མཚན་ཉིད་ལ་གཉིས། དུས་དང་པོར་བྱ་བ་དང་། མདོ་གདོན་པའོ། །དང་པོ་ལ་དྲུག་སོ་སོར་ཐར་པ་ལ་རྣ་བ་མི་གཏོད་པའི་ཉེས་དམིགས་མི་འདུ་བ་དགག །མཆོད་ཅིང་ལུང་དབོག་པ་ཡང་དག་པར་བསྒྲུབ་ཏུ་བཞུག་པ། བསྒྲུབ་པའི་ཕན་ཡོན། མ་བསྒྲུབས་པའི་ཉེས་དམིགས་སོ། །དང་པོ་ནི། ཚེ་ཁྱད་པར་ཅན་དང་ལྡན་པས་ཚེ་དང་ལྡན་པ་དག་ཅེས་རྒན་གཞོན་དག་ལ་སྙན་པའི་ཚིག་གིས་འབོད་པའོ། །སོ་ག་ཞེས་པ་ནི་


DLL1002_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་སྦྱོང་འདོན་པའི་དུས་མཚོན་པ་ཡིན་ཏེ། གསོ་སྦྱོང་མཚོན་པའི་དུས་དེ་ལ་དགུན། དགུན་སྨད། དཔྱིད། སོ་ག །དབྱར། སྟོན་དང་དྲུག་གོ །དྲུག་པོ་གང་གི་ཚེ་གསོ་སྦྱོང་འདོན་པ་དེའི་ཚེ་དེའི་མིང་སྨོས་པར་བྱ་བ་ཡིན་ནོ། །རྣམས་ཞེས་པའི་མང་ཚིག་སྨོས་པ་ནི་དྲུག་པོ་རེ་རེ་ལ་ཟླ་བ་གཉིས་གཉིས་ཟླ་བ་ཕྱེད་པ་བཞི་བཞི་ཡོད་པ་ཤེས་པའི་ཆེད་དུའོ། །དེ་ཡང་དགུན་གྱི་དུས་སུ་གསོ་སྦྱོང་འདོན་པའི་ཚེ་ནི་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཞེས་འདོན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་དགུན་སྨད་སོགས་ལའང་ཤེས་པར་བྱའོ། །འོ་ན་དུས་ཚིགས་དྲུག་པོ་གང་ཞེ་ན། སྟོན་ཟླ་ཐ་ཆུང་ཉ་ནས་དགུན་ཟླ་ར་བ་ཉའི་བར་དང་། དེ་ནས་དགུན་ཟླ་འབྲིང་པོ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་དང་། དགུན་འབྲིང་ཉ་ནས་ཐ་ཆུང་ཉ། དེ་ནས་དཔྱིད་ཟླ་ར་བ་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་དང་། དཔྱིད་ཟླ་ར་བ་ཉ་ནས་འབྲིང་པོ་ཉ། དེ་ནས་ཐ་ཆུང་ཉའི་བར་གྱི་ཟླ་བ་གཉིས་ནི་དཔྱིད་ཀྱི་དུས་དང་། དཔྱིད་ཟླ་ཐ་ཆུང་ཉ་ནས་དབྱར་ཟླ་ར་བ་ཉ། དེ་ནས་དབྱར་འབྲིང་ཉའི་བར་གྱི་ཟླ་བ་གཉིས་ནི་སོ་གའི་དུས་དང་། དབྱར་འབྲིང་ཉ་ནས་ཐ་ཆུང་ཉ། དེ་ནས་སྟོན་ར་ཉའི་བར་ནི་དབྱར་གྱི་དུས་དང་། སྟོན་ར་ཉ་ནས་འབྲིང་པོ་ཉ། དེ་ནས་ཐ་ཆུང་ཉའི་བར་ནི་སྟོན་གྱི་དུས་སོ། །འདས་པ་དང་ལྷག་མ་ཇི་ཙམ་པ་དེ་ཙམ་མོ་ཞེས་པ་ནི་ཟླ་བ་འདས་པ་དང་། ཟླ་བ་ལྷག་མ་ཇི་ཙམ་པ་དེ་བརྗོད་ཅེས་པའི་དོན་ནོ། །འོ་ན་ཇི་ལྟར་བརྗོད་ཅེ་ན། དགུན་གྱི་དུས་ལ་མདོ་འདོན་པའི་དུས་བཞི་ཡོད་དེ། སྟོན་ཟླ་ཐ་ཆུང་གི་གནམ་སྟོང་དང་། དགུན་ཟླ་ར་བའི་ཉ་དང་། དེའི་གནམ་སྟོང་དང་། དགུན་ཟླ་འབྲིང་པོའི་ཉའོ། །དེ་ཡང་ཐ་ཆུང་གི་གནམ་སྟོང་གི་ཚེ་ནི་ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བ་ན་དགུན་རྣམས་ཀྱི་ཟླ་བ་གཉིས་


DLL1002_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྱེད་ནི་འདས་ལ་ཕྱེད་དང་གཉིས་ནི་ལུས་སོ་ཞེས་བརྗོད་པར་བྱེད་པ་ཡིན་ལ། དགུན་ཟླ་ར་བའི་ཉ་ལ་ནི་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་གཅིག་ནི་འདས་ལ་གཅིག་ནི་ལུས་སོ་ཞེས་དང་། དགུན་ཟླ་ར་བའི་གནམ་སྟོང་ལ་ནི་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་ཕྱེད་དང་གཉིས་ནི་འདས་ལ་ཕྱེད་ནི་ལུས་སོ་ཞེས་དང་། དགུན་ཟླ་འབྲིང་པོའི་ཉ་ལ་ནི་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ནི་འདས་ཏེ་ལྷག་མ་མ་ལུས་སོ་ཞེས་རྗོད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་དགུན་སྨད་སོགས་ལའང་ཤེས་པར་བྱའོ། །འོ་ན་དུས་བརྗོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ཡོད་དེ། འཇིག་རྟེན་གྱི་ཐ་སྙད་ལ་མཁས་པར་བྱ་བ་དང་། ཚེ་འདས་པ་སེམས་ལ་བཞག་པ་དང་། འཁོར་བས་སྐྱོ་ཞིང་དགེ་བ་ལ་བརྩོན་པ་དང་། གསོ་སྦྱོང་གི་ཉི་མ་ཤེས་པར་བྱ་བའི་ཕྱིར། ཤེས་བྱ་ཆོས་ཅན། འཁོར་བ་ལས་སྐྱོ་ཞིང་དགེ་བ་ལ་བརྩོན་པར་བྱ་བའི་ཕྱིར་དུ་ཚེ་དང་ལྡན་པ་དག་གིས་བག་ཡོད་པས་རྣལ་འབྱོར་དུ་བྱ་སྟེ། ཚེ་དང་ལྡན་པ་དག་རྒ་བ་དང་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་འཇིག་པར་འགྱུར་བས་སོ། །ཁྱབ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་དང་གཞན་ཡང་དགེ་བའི་ཆོས་གང་དག་བྱང་ཆུབ་དེ་ལྟ་བུ་དང་མཐུན་པའི་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དྲན་པ་ཉེར་གཞག་ལ་སོགས་པ་སོ་བདུན་པོ་རྣམས་ཀྱང་བག་ཡོད་པས་འཐོབ་པའི་ཕྱིར། འོ་ན་འཁོར་བས་སྐྱོ་ཞིང་དགེ་བ་ལ་བརྩོན་དགོས་པའི་རྒྱུ་མཚན་དུ་རྒ་བ་དང་འཆི་བ་མངོན་པར་འོང་བ་དང་སྟོན་པའི་བསྟན་པ་འཇིག་པར་འགྱུར་བ་ཅིའི་ཕྱིར་སྨོས་ཤེ་ན། དེ་ལྟར་སྨོས་པའི་རྒྱུ་མཚན་ཡོད་དེ། ཚངས་པར་སྤྱོད་པ་ལུས་དང་གནས་གཉིས་ཀྱིས་


DLL1002_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ། རྒ་བ་དང་འཆི་བས་ལུས་དགེ་བ་ལ་སྦྱོར་བཟོད་པ་དང་རྒྱུན་མ་ཆད་པ་དེ་ཉམས་པར་བྱེད། སྟོན་པའི་བསྟན་པ་ཞིག་ན་ཚངས་པར་སྤྱོད་པ་སྐྱེ་བའི་གནས་མེད་པའི་ཕྱིར་རོ། །འོ་ན་མ་རིག་པ་ལ་སོགས་པའི་ཡན་ལག་གཞན་རྣམས་མི་སྟོན་པར་རྒ་ཤི་ཁོ་ན་སྟོན་པའི་རྒྱུ་མཚན་ཅི་ཞེ་ན། རྒྱུ་མཚན་ཡོད་དེ། དེ་ཚངས་སྤྱོད་ཉམས་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཚངས་སྤྱོད་ལུས་དར་ལ་བབ་པ་དང་རྒྱུན་མ་ཆད་པས་འགྲུབ་པ་གང་ཞིག །རྒ་བས་ལང་ཚོ་ཉམས་པར་བྱེད། འཆི་བས་ལུས་རྒྱུན་མ་ཆད་པ་ཉམས་པར་བྱེད་པའི་ཕྱིར། གཉིས་པ་ནི། གསོ་སྦྱོང་གི་གནས་སུ་འདུ་བ་ལས་གཞན་པའི་དགེ་འདུན་གྱིས་ཐོག་མར་བྱ་བ་ཅི་ཡོད་དེ་ཅི་ཡང་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ཡིད་ཀྱི་དོན་ཉུང་བ་ལུས་ངག་གི་བྱ་བ་ཉུང་བ་ཡིན་པས་སོ། །དེས་ན་ཚེ་དང་ལྡན་པ་དག་དགེ་སློང་མཚམས་ནང་ན་གནས་པ། ཁ་སྐོང་བར་འོས་པ་གསོ་སྦྱོང་གི་གནས་སུ་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག་དང་དྲིས་ནས་ཀྱང་དགེ་སློང་ལ་བརྗོད་པར་བྱའོ། །འདུན་པ་དང་ཡོངས་དག་ཕུལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། འདུན་པ་ཕུལ་བ་ལ་དགོས་པ་ཡོད་དེ། དགེ་འདུན་གྱི་ལས་ལ་མ་འདུས་པས་མི་མཐུན་པའི་ཉེས་པ་མི་འབྱུང་བར་བྱ་བའི་ཕྱིར་རོ། །ཡོངས་དག་ཕུལ་བའི་དགོས་པ་ནི། འབུལ་བ་པོ་རང་ཉིད་ཀྱིས་ལས་བྱས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི་ཤཱཀྱ་སེང་གེ་དེ་ལ་ནི་སེན་མོས་མཚོན་པའི་སོར་མོ་བཅུ་ཡིས་ཐལ་མོ་སྦྱར་ཏེ་སོ་སོར་ཐར་པ་འདོན་པ་ལྔ་པོ་གདོན་པར་བྱ་ཡིས་སློབ་མ་གདུལ་བའི་དོན་དུ་བཀའ་སྡུད་པ་པོའམ་མདོ་འདོན་པ་པོ་ང་ལ་ཉོན་ཅིག །ཅེས་པའོ། །དེ་ཡང་ཤཱཀྱ་ཅེས་པ་གདུང་གི་མིང་ཡིན་ལ་དེས་རིགས་རྣམ་པར་དག་པ་བསྟན་ཏོ། །སེང་གེ་ཅེས་པས་


DLL1002_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་བྱུང་བའི་ཡོན་ཏན་རྣམ་པར་དག་པ་བསྟན་ཏོ། །བཞི་པ་ནི། སོ་སོར་ཐར་པ་ཉན་ནས་ཇི་ལྟར་བྱ་ཞེ་ན། སོ་སོར་ཐར་པ་ཐོས་ནས་དྲང་སྲོང་ཆེན་པོ་རྫོགས་པའི་སངས་རྒྱས་ཀྱིས་ཇི་སྐད་དུ་གསུངས་པ་བཞིན་དུ་བསྒྲུབ་པར་བྱ་ཞིང་རང་བཞིན་གྱི་ཁ་ན་མ་ཐོ་བར་མ་ཟད་བཅས་པའི་ཁ་ན་མ་ཐོ་བ་ཕྲ་མོ་རྣམས་སྤོང་བ་ལ་ཡང་བརྟུལ་ཅིང་འབད་པས་ལྷུར་བྱེད་པ་ཉིད་དུ་གྱིས་ཤིག་སྟེ། དགེ་བའི་ཕྱོགས་ལ་འཇུག་པའི་ཚེ་རྟག་ཏུ་འབད་པས་བརྩོན་འགྲུས་ཀྱི་ལྕག་གིས་བདའ་བར་བྱ་བ་ཡི་སེམས་རྟ་རྨུ་རྒོད་དང་འདྲ་བ་མི་དགེ་བའི་ཕྱོགས་ལས་ཁ་ཕྱིར་ཀླན་པར་དཀའ་བ་ལ་མཐུན་པ་རྐྱེན་དུ་འཚམ་པ་གཟེར་རྣོན་བརྒྱ་པ་ཡི་སྲབ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ། །ལྔ་པ་ནི། སོ་སོར་ཐར་པའི་སྒྲུབ་པ་ཕན་ཡོན་ཆེ་སྟེ། བསླབ་པ་འདོད་པའི་ཆེ་བའི་བདག་ཉིད་དག་ཆད་ལས་ལ་མི་ལྟོས་པ་ངག་ཙམ་གྱིས་བྱ་བ་མ་ཡིན་པ་ལས་ལྡོག་ཅིང་བསླབ་པའི་མཚམས་ལས་མི་འདའ་བའི་མི་དག་ནི་རྟ་བཟང་པོ་དང་འདྲ་བར་ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར་རོ། །དྲུག་པ་ནི། སོ་སོར་ཐར་པ་མ་བསྒྲུབས་ན་ཉེས་པ་ཆེ་སྟེ། མུ་སྟེགས་ལྟ་བུ་སུ་ལ་སོ་སོར་ཐར་པའི་སྲབ་འདི་མེད་པ་དང་། དེར་མ་ཟད་འདོད་པ་ལ་སྤྱོད་པ་ནམ་དུ་ཡང་བསླབ་པ་འདོད་པར་མི་འགྱུར་བ་དེ་དག་ཉོན་མོངས་པའི་གཡུལ་གྱིས་དཀྲུགས་ཤིང་སེམས་ཞི་བར་འཇོག་པ་དང་བྲལ་ནས་འཁོར་(༩ན)བར་རྣམ་པར་འཁྱམ་པར་འགྱུར་བས་སོ། །གཉིས་པ་མདོ་གདོན་པ་ལ་གཉིས། དགེ་འདུན་ཐུགས་བསྟུན་པའི་ཕྱིར་དུ་གསོལ་བའི་ལས་བྱ་བ་དང་། མདོ་གདོན་པ་དངོས་སོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་པ་སྟེ་སྙན་གཏད་དུ་གསོལ། བསླབ་པ་གསུམ་གསོ་ཞིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་སྟེ་མཐུན་པའི་གསོ་སྦྱོང་དང་། ཞི་གནས་ཀྱི་གསོ་སྦྱོང་ངོ་། །མཐུན་པའི་གསོ་སྦྱོང་ལ་


DLL1002_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་སྟེ། གསོ་སྦྱོང་བཅུ་བཞི་པ། བཅོ་ལྔ་པ། བཀྲ་ཤིས་ཀྱི་གསོ་སྦྱོང་། གནོད་པ་བྱུང་བ་ཟློག་པའི་གསོ་སྦྱོང་། དགེ་འདུན་བྱེ་བ་བསྡུམ་པའི་གསོ་སྦྱོང་ངོ་། །དེ་དག་ལས་དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པའམ་བཅོ་ལྔ་པ་སྟེ། གལ་ཏེ་དགེ་འདུན་གྱིས་གསོ་སྦྱོང་གི་དུས་ལ་བབ་ཅིང་གསོ་སྦྱོང་བྱ་བར་བཟོད་ན། དགེ་འདུན་གྱིས་ཚིག་ཅང་མི་སྨྲ་བས་གནང་བར་མཛོད་ཅིག་དང་། དེང་དགེ་འདུན་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་འདོན་པ་ལྔ་པོ་གླེང་གཞི་དང་། ཕམ་པ་དང་། དགེ་འདུན་ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་འདོན་པ་དག་གདོན་ཏོ། །སྤྱིར་ལས་བརྒྱ་རྩ་གཅིག་པོ་ལས་གསུམ་གྱིས་བསྡུས་ཏེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་སོ། །དེ་ཡང་གསོལ་བའི་ལས་ཉི་ཤུ་རྩ་བཞི། གསོལ་གཉིས་ཀྱི་ལས་བཞི་བཅུ་རྩ་བདུན། གསོལ་བཞིའི་ལས་སུམ་ཅུའོ། །འདི་ནི་གསོལ་བ་འབའ་ཞིག་པའི་ལས་ཉི་ཤུ་རྩ་བཞིའི་ནང་ནས་གསོལ་བའི་ལས་གཅིག་ཡིན་ཞེས་པའོ། །གཉིས་པ་ལ་གཉིས། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། གླེང་གཞི་གདོན་པ། ཕམ་པ་གདོན་པ། ལྷག་མ་གདོན་པ། མ་ངེས་པ་གདོན་པ། རིལ་གྱིས་གདོན་པའོ། །དང་པོ་ལ་དྲུག་གླེང་གཞི་རྣམ་པར་གཞག་པའི་ལུང་དབོག །གླེང་གཞི་རྣམ་པར་གཞག་པའི་ཐབས་བསྟན། མ་དག་པའི་ཉེས་དམིགས། དག་པའི་ཕན་ཡོན། མཇུག་བསྡུ་བ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། ཚེ་དང་ལྡན་པ་དག་བདག་ཅག་མཐུན་པའི་གསོ་སྦྱོང་བྱ་སྟེ། རྣམ་པ་གང་གིས་བྱ་ཞེ་ན། སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་གདོན་པས་བྱ་བ་ཡིན་ནོ། །དེས་ན་ཉན་པ་པོའི་འཁོར་ཁྱེད་ཅག་སུ་ལ་བཤགས་བྱའི་ལྟུང་བ་ཡོད་པར་བཤགས་པ་དང་། བསྡམ་བྱའི་ལྟུང་


DLL1002_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྡམ་པ་དང་། བྱིན་གྱིས་བརླབ་པར་བྱ་བའི་ལྟུང་བ་བྱིན་གྱིས་བརླབ་པའི་ཐབས་དེས་མཐོལ་ཞིག །བཤགས་པར་བྱ་བ་ལ་སོགས་པའི་ལྟུང་བ་མེད་ན་བཤགས་པའི་ཚིག་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན། བདག་གིས་ཚེ་དང་ལྡན་པ་དག་རྒྱུད་ཡོངས་སུ་དག་པས་གསོ་སྦྱོང་གི་སྣོད་དུ་རིག་པར་བྱའོ། །གཉིས་པ་ནི། ཇི་ལྟར་ཏེ་དཔེར་ན། དགེ་སློང་ཞིག་གིས་གསོ་སྦྱོང་གི་མདུན་རོལ་དུ་ལྟུང་བ་དྲན་ཅིང་མཐོང་བ་ཡུལ་དགེ་སློང་གི་མདུན་དུ་བཤགས་པ་ན། ཡུལ་གྱི་དགེ་སློང་གིས་ལྟུང་བ་མཐོང་ངམ་ཞེས་དང་ཕྱིན་ཆད་སྡོམ་མམ་ཞེས་སོ་སོར་དྲིས་ནས་རྟེན་གྱི་དགེ་སློང་གིས་མཐོང་ཞེས་དང་། སྡོམ་ཞེས་ལན་གསུམ་གྱི་བར་དུ་ལན་བཏབ་པ་དེ་བཞིན་དུ། གསོ་སྦྱོང་ཉན་པའི་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་བསྒྲག་པར་བྱ་བ་ཡིན་ནོ། །གསུམ་པ་ནི། ཡང་དགེ་སློང་གསོ་སྦྱོང་ཉན་པའི་དགེ་སློང་གི་འཁོར་འདི་ལྟ་བུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་བསྒྲགས་པ་ན། ལྟུང་བ་བཤགས་པ་སོགས་ཀྱིས་ཕྱིར་མ་བཅོས་པར་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་ལྟུང་བར་འགྱུར་ཏེ། དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ཡིན་པའི་ཕྱིར་རོ། །ཤེས་བཞིན་དུ་རྫུན་དུ་སྨྲ་ན་ཉེས་པ་འགྱུར་ཏེ། ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་མངོན་མཐོ་དང་ངེས་ལེགས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །དེས་ན་སྤྱིར་རྫུན་རྣམ་པ་ལྔ་ཡོད་དེ། ཕམ་པ་དང་། དགེ་འདུན་ལྷག་མ་དང་། སྦོམ་པོ་དང་། ལྟུང་བྱེད་དང་། ཉེས་བྱས་སུ་འགྱུར་བའོ། །འདིར་ནི་ཉེས་བྱས་སུ་འགྱུར་བའི་རྫུན་ཡིན་ཏེ། གསོ་སྦྱོང་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིས་པ་ན་མ་དག་པར་ཤེས་བཞིན་དུ་ཅང་མི་སྨྲ་བས་འདའ་བར་བྱེད་ན་ཉེས་བྱས་སོ། །ཞེས་གསུངས་པའི་


DLL1002_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར། དེ་ཡང་ཉེས་བྱས་ཡོངས་སུ་རྫོགས་པ་ཡིན་གྱི་ཡིད་ཀྱི་མ་ཡིན་ཏེ་ཁ་རྣམ་པར་འགྱུར་བ་ལ་སོགས་པའི་རྣམ་པར་རིག་བྱེད་ཡོད་པའི་ཕྱིར། ཞེས་གསུངས་སོ། །བཞི་པ་ནི། ཤེས་བཞིན་དུ་རྫུན་སྨྲས་ན་མངོན་མཐོ་དང་ངེས་ལེགས་ལ་བར་དུ་གཅོད་པ་དེ་བས་ན་དགེ་སློང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས། རང་རྒྱུད་ལ་ལྟུང་བ་ཕྱིར་མ་བཅོས་པར་ཡོད་ལ་དྲན་ཞིང་མཐོང་བ་བཤགས་པ་ལ་སོགས་པའི་སྒོ་ནས་མཐོལ་བར་བྱའོ། །དེ་ལྟར་མཐོང་ན་ནི་ཕན་ཡོན་ཆེ་སྟེ། མངོན་མཐོ་ངེས་ལེགས་ཀྱི་བདེ་བ་ལ་རེག་པར་གནས་པ་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ལྔ་པ་ནི། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་རྒྱུ་གླེང་གཞི་བཏོན་ཟིན་ཏོ། །མཇུག་བསྡུ་འདི་ལྟར་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། སྔར་སོ་སོར་ཐར་པའི་མདོ་འདོན་པ་གདོན་ཏོ་ཞེས་དམ་བཅས་པ་དེ་མཐར་ཕྱིན་པར་རྟོགས་པའི་ཕྱིར་དང་། ཉན་པ་པོ་རྣམས་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར་རོ། །དྲུག་པ་ནི། གླེང་གཞི་བཏོན་པ་དེ་ལ་མདོ་འདོན་པ་པོ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་གསོ་སྦྱོང་འདི་ལ་ཉན་པ་པོའི་འཁོར་ཁྱེད་ལྟུང་བ་མ་བྱུང་ཞིང་མ་བཅབ་པས་ཡོངས་སུ་དག་གམ་ཞེས་དྲིའོ། །འདི་ནི་དྲི་བ་དང་པོའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །ལན་གསུམ་ཁོ་ནར་འདྲི་བའི་རྒྱུ་མཚན་ཅི་ཞེ་ན། ཤེས་བྱ་ཆོས་ཅན། དེ་ལྟར་འདྲི་བའི་རྒྱུ་མཚན་ཡོད་དེ། གསུམ་ཁོ་ན་རན་པར་དགོངས་པའི་ཕྱིར་ཏེ། གསུམ་ལས་ཉུང་ན་འགའ་ཞིག་གིས་མ་ཐོས་པ་དང་མངས་ན་དུས་ཡོལ་བ་ལ་སོགས་པའི་ཉེས་དམིགས་ཡོད་པའི་ཕྱིར་རོ། །འདི་ལ་ཚེ་དང་ལྡན་པ་དག་ལྟུང་བས་ཡོངས་སུ་དག་ན་འདི་ལྟར་ཅང་མ་


DLL1002_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བས་དག་པ་དེ་དེ་བཞིན་དུ་འཛིན་ཏོ། །གཉིས་པ་ཕམ་པ་གདོན་པ་ལ་དྲུག་སྡོམ་གྱིས་མདོར་བསྟན། ཕམ་པ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ། མ་དག་པའི་ཉེས་དམིགས། རྣམ་གཞག་བསྒྲགས་པའོ། །དང་པོ་ནི། དེ་ཡང་འཕགས་པ་ཉེ་བར་འཁོར་གྱིས་འདུལ་བའི་སྡེ་སྣོད་ཀྱི་བཀའ་སྡུད་པར་བྱེད་པའི་ཚེ་ན་སྡོམ་གསུམ་གྱི་སྒོ་ནས་བསྡུས་ཏེ། སྤྱི་སྡོམ། དངོས་ཀྱི་སྡོམ། བར་གྱི་སྡོམ་གསུམ་དུ་བསྡུས་པའི་ཕྱིར་རོ། །དེ་ཡང་སྤྱི་སྡོམ་ནི། སྤྱིའི་དོན་ཚིགས་བཅད་དུ་བསྡུས་པ་སྟེ། དཔེར་ན་ལྟུང་བྱེད་ཀྱི་སྤྱིའི་དོན་ཚིགས་བཅད་དུ་བསྡུས་པའི་སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། ཞེས་པ་ལྟ་བུའོ། །དངོས་ཀྱི་སྡོམ་ནི། དངོས་དོན་ཚིགས་བཅད་དུ་བསྡུས་པ་སྟེ། དཔེར་ན་དགེ་འདུན་ལྷག་མའི་དངོས་ཀྱི་དོན་ཚིགས་བཅད་དུ་བསྡུས་པ། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཞེས་པ་ལྟ་བུའོ། །བར་གྱི་སྡོམ་ནི། འཕྲོས་དོན་ཚིགས་བཅད་དུ་བསྡུས་པའོ། །དེ་ལྟར་སྡོམ་གསུམ་གྱི་ནང་ནས་ཕམ་པར་འགྱུར་བ་བཞིའི་དངོས་ཀྱི་དོན་སྡོམ་དུ་བསྡུས་པ་ལ། མི་ཚངས་པར་སྤྱད་པར་མི་བྱ་བ་དང་། བརྐུ་བར་མི་བྱ་བ་དང་། མི་ལ་གསད་པར་མི་བྱ་བ་དང་། རྫུན་དུ་སྨྲ་བ་དང་བཅས་པ་མི་བྱ་བའི་ཆོས་བཞི་ཕམ་པ་འདོན་པའི་སྐབས་འདིར་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །དེས་ན། ཕམ་པ་བཞི་སྡོམ་དུ་བསྡུས་ནས་བསྟན་པ་ཆོས་ཅན། དགོས་པ་ཡོད་དེ། མ་འོངས་པ་ན་སྐྱེ་བོ་ལུང་དང་རྟོགས་པའི་ཡོན་ཏན་མེད་པ་དག་ཡན་ལག་ལ་སྒྲོ་འདོགས་པ་དང་། སྐུར་བ་འདེབས་པ་སྤང་བྱའི་ཕྱིར་དང་། ཚིག་ཉུང་ངུས་དོན་གྱི་སྤྱི་ཙམ་བདེ་བླག་ཏུ་རྟོགས་པར་འདོད་པ་དག་རྗེས་སུ་གཟུང་བར་བྱ་བའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། འོ་ན་འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན།


DLL1002_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཅིའི་ཕྱིར་ཕམ་པར་འགྱུར་བ་བཞི་ཡོད་པར་ཤེས་ཤེ་ན་མི་ཤེས་པའི་སྐྱོན་མེད་དེ། ཚེ་དང་ལྡན་པ་དག་མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར་ལེན་པ་དང་། སྲོག་གཅོད་པ་དང་། རྫུན་དུ་སྨྲ་བ་སྟེ་ཕམ་པར་གྱུར་པའི་ཆོས་བཞི་པོ་འདི་དག་ནི། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་བ་འཛིན་པའི་ངག་ལས་བྱུང་བའི་ཕྱིར་རོ། །གསུམ་པ་ལ་བཞི་སྟེ་རང་གཞན་གཉིས་ཀའི་ཚངས་སྤྱོད་ལ་གནོད་པ་མི་ཚངས་པར་སྤྱོད་པའི་ཕམ་པ། གཞན་གྱི་ལོངས་སྤྱོད་ལ་གནོད་པ་མ་བྱིན་པར་ལེན་པའི་ཕམ་པ། གཞན་གྱི་སྲོག་ལ་གནོད་པ་སྲོག་གཅོད་པའི་ཕམ་པ། གཞན་གྱི་དོན་འགྲུབ་པ་ལ་གནོད་པ་རྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ནི། གང་བྱས་པས་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་ཞེ་ན། ལས་དང་པོ་ལ་ལྟུང་བ་མེད་པས་ཡང་ཕྱིན་ཆད་མིང་གི་དགེ་སློང་། ཁས་འཆེ་བའི་དགེ་སློང་། སློང་བའི་དགེ་སློང་། ཉོན་མོངས་པ་བཅོམ་པའི་དགེ་སློང་མ་གཏོགས་པ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་བཟང་སྦྱིན་ལྟ་བུ་གང་ཡང་རུང་བ་དགེ་སློང་རང་བཞིན་དུ་གནས་པ་རྣམས་དང་ལྷན་ཅིག་ཚུལ་ཁྲིམས་དང་། བསླབ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་མཉམ་པའི་སྒོ་ནས་བསླབ་པ་མཚུངས་པར་གྱུར་པས། བསླབ་པ་ཕུལ་ན་ལྟུང་བ་མེད་པས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་བྱས་ན་ལྟུང་བ་མེད་པས་བསླབ་པ་ཉམས་པར་མ་བྱས་པར། གཉིས་ཀྱིས་གཉིས་སྤྲོད་པའི་མི་ཚངས་པར་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟན་ན། མིར་མ་ཟད་ཐ་ན་སྤྲ་མོ་ལྟ་བུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། བཟང་སྦྱིན་ལྟ་བུའི་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱི། དགེ་སློང་རྣམས་ཀྱིས་


DLL1002_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ལྷན་ཅིག་གནས་པར་མི་བྱའོ། །འོ་ན་བསླབ་པ་ཕུལ་བ་དང་། བསླབ་པ་ཉམས་པ་ཅི་ལྟ་བུ་ཞེ་ན། དེ་ཡང་མིའི་འགྲོ་བ་ཡིན་པ། རང་བཞིན་དུ་གནས་པ། སྨྲ་ཤེས་དོན་གོ་བ་ཞིག་གི་དྲུང་དུ་ཕྱིན་ནས། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བྱ་བ་བསླབ་པ་འབུལ་ལོ་ཞེས་བྱ་བ་ལ་སོགས་པའམ། བདག་ཁྱིམ་པར་ཡང་བཟུང་དུ་གསོལ་ཞེས་བྱ་བ་ལ་སོགས་པའམ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པས་ཆོག་གོ་ཞེས་བརྗོད་ན། བསླབ་པ་ཕུལ་བ་ཡིན་ལ། ཡང་བདག་མིང་འདི་ཞེས་བགྱི་བ་སོགས་སྔར་དང་འདྲ་བ་ལ། ཚངས་པར་སྤྱོད་པ་ནི་དཀའོ། །ཞེས་པ་ལྟ་བུ་བརྗོད་ནས་བསླབ་པ་ཉམས་པ་ཡིན་ནོ། །བསླབ་པ་ཕུལ་ཉམས་གཉིས་སྡོམ་པ་མེད་པར་ནི་འདྲ་སྟེ། ཕུལ་བས་ནི་བསླབ་པ་བཏང་བའི་སྒོ་ནས་སྡོམ་པ་མེད་པར་བྱས་ལ། ཉམས་པས་ནི་བསླབ་པའི་ཡུལ་མཐུ་མེད་པར་བྱས་པའི་སྒོ་ནས་སྡོམ་པ་མེད་པར་བྱས་པའི་ཕྱིར་རོ། །དེས་ན་ཕུལ་ཉམས་གཉིས་ལ་མུ་བཞི་ལས་འདིར་ནི་གཉིས་ཀ་མིན་པ་གཟུང་བར་བྱའོ། །གཉིས་པ་ནི། གང་བྱས་པས་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་ཞེ་ན། ལས་དང་པོ་པ་ལ་ལྟུང་བ་མེད་པས་ཡང་ཕྱིན་ཆད་ནོར་ཅན་ལྟ་བུའི་དགེ་སློང་གང་ཡང་རུང་བ་མིའི་འགྲོ་བ་གཞན་གྱི་གྲོང་ལྟེ་བའི་གནས་ན་འདུག་པའམ། དགོན་པ་སྟེ་ར་བའི་ཕྱི་ན་འདུག་པ་སྐྱེས་པ་ལ་སོགས་པ་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་མ་ཤ་ཀ་ལྔ་ལྟ་བུ་བླངས་ན། ཇི་ཙམ་མ་བྱིན་པ་བླངས་པས་དགེ་སློང་དེ་རྒྱལ་པོའམ། བློན་པོ་ཆེན་པོས་བཟུང་ནས། དགེ་སློང་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་འཇལ་བུས་རྐུན་མའོ། །རང་གི་མི་ཤེས་པས་བྱིས་པའོ། །ལུང་ཕོག་པ་མི་ཤེས་པའི་བླུན་པོའོ། །མཐུས་རྐུ་བའོ་ཞེས་ཟེར་ཞིང་། གསོད་དམ། ལྕགས་སྒྲོག་ལ་


DLL1002_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་འཆིང་ངམ། ཡུལ་གཞན་དུ་སྤྱུག་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན། ནོར་ཅན་ལྟ་བུའི་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་དགེ་སློང་རྣམས་ཀྱིས་དེ་དང་ལྷན་ཅིག་གནས་པར་མི་བྱའོ། །གསུམ་པ་ནི། གང་བྱས་ནས་སྲོག་གཅོད་པའི་ཕམ་པར་འགྱུར་ཞེ་ན། ཡང་ཕྱིན་ཆད་དགེ་སློང་གང་ཡང་རུང་བས་མ་ཡི་མངལ་དུ་སྐྱེ་མཆེད་དྲུག་དོད་ཚུན་ཆད་ཀྱི་མིའམ། མངལ་དུ་ལུས་སྲོག་ཡིད་ཀྱི་དབང་པོ་ཙམ་ཞིག་ཐོབ་པའི་མིར་ཆགས་པ་ལ་གསོད་པར་བསམས་བཞིན་དུ་རང་གིས་ལག་དར་ཏེ་སྲོག་བཅད་དམ། མི་དེ་ལ་རལ་གྲི་ལ་སོགས་པའི་མཚོན་བྱིན་ཏམ། མི་དེ་ལ་གཞན་མཚོན་ཐོགས་པ་གཉེར་ཏམ། ལྷུང་བཟེད་སོགས་ཐོབ་པའི་བསམ་པས་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དང་། ནད་པ་ལྟ་བུ་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། མི་དེ་ལ་འདི་སྐད་ཅེས། ཀྱེ་མི་ཁྱོད་འཚོ་བ་སྟེ་གསོན་པ་སྡིག་པའི་རྒྱུའམ་འབྲས་བུ་ལ་གནས་པ་ལུས་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ་སྟེ་དོར་ཅིག །ཀྱེ་མི་ཁྱོད་གསོན་པ་བས་ཤི་བ་བླའོ་ཞེས་ཟེར་ཞིང་། འཆི་བར་འདོད་པའི་སེམས་ཀྱི་འདོད་པ་དང་། ཆོས་གོས་ལ་སོགས་པ་ཐོབ་དུ་རེ་བའི་སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་མི་དེ་འཆིར་བཅུག་གམ། མི་དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་དེ་ཡང་གོང་དུ་བཤད་པའི་རྩོམ་པ་དེས་འཆི་བའི་དུས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་དགེ་སློང་རྣམས་ཀྱིས་དེ་དང་ལྷན་ཅིག་གནས་པར་མི་བྱའོ། །བཞི་པ་ནི། གང་བྱས་པས་རྫུན་དུ་སྨྲ་བའི་ཕམ་པར་འགྱུར་ཞེ་ན། ཡང་ཕྱིན་ཆད་དགེ་སློང་གང་ཡང་རུང་བས་ཟག་པ་དང་བཅས་པའི་བསམ་གཏན་ནམ་གཟུགས་མེད་ཀྱིས་བསྡུས་པའི་ཤེས་པས་ཕུང་པོ་


DLL1002_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་མངོན་པར་མི་ཤེས་ཤིང་། ཟག་མེད་ཀྱིས་བསྡུས་པའི་ཤེས་པས་ཡོངས་སུ་མི་ཤེས་ལ། མིའི་ཆོས་ནི་མྱ་ངན་ལས་འདས་པ་ཡིན་ཏེ། དེ་མི་རྣམས་ཀྱིས་ཐོབ་པར་བྱ་བ་ཡིན་གྱིས། མ་ནིང་དང་མཚན་གཉིས་པ་ལ་སོགས་པས་ཀྱང་མི་ཐོབ་ན་ངན་སོང་བ་རྣམས་ཀྱིས་ལྟ་ཅི་སྨོས། བླ་མ་ནི་འདོད་ཁམས་ལས་གཟུགས་ཁམས་བླ་མ་ཡིན་ལ། དེ་ལས་གཟུགས་མེད་ཁམས་བླ་མ་ཡིན་ནོ། །ཡང་ན་མིའི་ཆོས་ནི་སྒྲིབ་པ་ལྔ་ཡིན་ལ་དེ་སྤངས་པ་ནི་བླ་མ་ཡིན་ནོ། །མཐའ་མྱ་ངན་ལས་འདས་པ་དང་། སངས་རྒྱས་དང་ཉན་ཐོས་འཕགས་པ་དང་། བྱེ་བྲག་འབྲས་བུ་བཞི་ཐོབ་པ་དང་། བདེན་པ་བཞི་མངོན་སུམ་དུ་ཤེས་པ་དང་། དེ་མངོན་སུམ་དུ་མཐོང་བ་དང་། བསམ་གཏན་དང་གཟུགས་མེད་ཀྱི་བདེ་བ་ལ་དངོས་སུ་རེག་པར་སྤྱོད་པ་མེད་ལ། དེ་ལྟར་མེད་བཞིན་དུ་འདུ་ཤེས་བསྒྱུར་ཏེ་བདེན་པ་བཞི་པོ་འདི་མངོན་སུམ་དུ་ཤེས་སོ། །ལྷ་ལ་སོགས་པ་འདི་རྣམས་མངོན་སུམ་དུ་མཐོང་ངོ་ཞེས་ཁས་འཆེས་པ་ལས། དགེ་སློང་དེ་ལྟ་བུ་ལྟུང་བ་བྱུང་བ་དེ་རྣམ་པར་དག་པ་འདོད་ནས་དུས་གཞན་ཞིག་ན་དགེ་སློང་གཞན་གྱིས་དྲིས་ཀྱང་རུང་། གཞན་གྱིས་མ་དྲིས་པར་རང་ཉིད་འགྱོད་ཀྱང་རུང་སྟེ། འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི་ཡིད་ཀྱི་རྣམ་པར་ཤེས་པས་མི་ཤེས་པར་ཤེས་སོ་ཞེས་སྨྲས། མིག་གི་རྣམ་པར་ཤེས་པས་མ་མཐོང་བར་མཐོང་ངོ་ཞེས་སྨྲས་ཏེ། དོན་དེ་བདེན་པས་སྟོང་པས་ན་གསོབ། ས་བོན་ཙམ་གྱིས་སྟོང་པས་གསོབ་རྫུན་དུ་སྨྲས་སོ་ཞེས་ཟེར་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་དགེ་སློང་རང་བཞིན་དུ་གནས་པ་རྣམས་ཀྱིས་དེ་དང་ལྷན་ཅིག་གནས་པར་མི་བྱའོ། །ཐམས་ཅད་དུ་རྫུན་དུ་སྨྲས་པ་ལ་ཕམ་པར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། མངོན་པའི་ང་རྒྱལ་གྱིས་རྫུན་དུ་སྨྲས་པ་མ་གཏོགས་པའི་ཕྱིར། བཞི་པ་ནི།


DLL1002_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དང་ལྡན་པ་ནས་བཏོན་ཟིན་ཏོའི་བར་རོ། །ངག་དོན་སོགས་བཤད་ཟིན་པ་ལས་ཤེས་པར་བྱའོ། །ལྔ་པ་ནི། དགེ་སློང་གིས་ཕམ་པ་བཞི་པོ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན། ཐོག་མ་ཁྱིམ་པའི་གནས་སྐབས་ན་སྡོམ་པ་མེད་པ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕམ་པར་གྱུར་པ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་ཏུ་གནས་པ་དང་ཆོས་དང་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཅེས་པ་སྡོམ་པ་ཉམས་ཆུང་བ་ལ་བྱའི་གཏན་ནས་མེད་པ་མ་ཡིན་ཏེ། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བའི་སྡེ་སྣོད་ལས། བུ་ལོན་ནོར་བཞིན་ཁ་ཆེ་དག །བྱུང་བ་ལ་ནི་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། དྲུག་པ་ནི། ཕམ་པ་བཏོན་པ་དེ་ལ་བདག་གིས་ཞེས་སོགས་སྔར་བཞིན་ནོ། །གསུམ་པ་ལྷག་མ་གདོན་པ་ལ་བདུན། སྡོམ་གྱི་མདོར་བསྟན། ལྷག་མ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་གཞག་བསྟན་པ། ཕྱིར་འཆོས་པའི་ཚུལ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། དགེ་འདུན་ལྷག་མའི་ཆོས་སྡོམ་དུ་བསྡུས་པ་ལ་བཅུ་གསུམ་དུ་ཡོད་དེ། ཁུ་བ་འབྱིན་པ་དང་། འཛིན་པ་སྟེ་རེག་པ་དང་། འཁྲིག་ཚིག་སྨྲ་བ་དག་བསྙེན་བཀུར་བསྔགས་པ་དང་། སྨྱན་བྱེད་པ་དང་། ཁང་པ་དང་། ཁང་ཆེན་དང་། གཞི་མེད་དང་། བག་ཙམ་དང་། དགེ་འདུན་དབྱེན་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བའི་དགེ་འདུན་ལྷག་མ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན། ཞེས་སོགས་སྔར་བཞིན་ནོ། །ཅིའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱ་ཞེ་ན། ཕམ་པ་ལ་ཕྱིར་བཅོས་ཀྱི་ལྷག་མ་མེད་ལ། འདི་ལ་ཕྱིར་བཅོས་པའི་ལྷག་མ་ཡོད་


DLL1002_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་གསོ་བ་དགེ་འདུན་ལ་རག་ལས་པའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱའོ། །གསུམ་པ་ལ་གཉིས། དངོས་པོས་གྱུར་པ་དང་། བསོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས། འདོད་པས་ཀུན་ནས་བསླངས་པ་དང་། གནོད་པས་ཀུན་ནས་བསླངས་པའོ། །དང་པོ་ལ་གཉིས། ནང་སེམས་ཅན་ལ་ཆགས་པས་ཀུན་ནས་བསླངས་པ་དང་། ཕྱི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་པའོ། །དང་པོ་ལ་གཉིས། རང་འདོད་པ་སྟེན་པ། གཞན་འདོད་པ་སྟེན་དུ་འཇུག་པའོ། །དང་པོ་ལ་གཉིས། ལུས་ཀྱི་རེག་པའི་བདེ་བ་ལ་ཆགས་པས་ཀུན་ནས་བསླངས་པ་དང་། སྨྲ་བའི་བདེ་བ་ལ་ཆགས་པས་ཀུན་ནས་བསླངས་པའོ། །དང་པོ་ལ། རང་གི་ལུས་ཀྱི་རེག་པའི་བདེ་བ་ལ་ཆགས་པ་དང་། གཞན་གྱི་ལུས་ཀྱི་རེག་པའི་བདེ་བ་ལ་ཆགས་པས་ཀུན་ནས་བསླངས་པའོ། །དང་པོ་ནི། གང་བྱས་པས་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཁུ་བ་འབྱིན་པར་བསམས་བཞིན་དུ་རང་གི་ཁུ་བ་ཕྱུང་ན་དགེ་འདུན་ལྷག་མར་འགྱུར་རོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། རྨི་ལམ་གྱི་གནས་སྐབས་ནི་མ་གཏོགས་ཏེ། རྨི་ལམ་དུ་ཁུ་བ་ཕྱུང་བ་དེ་མ་ཕྱུང་བ་དང་འདྲ་བའི་ཕྱིར། དེས་ན་ཁུ་བ་ནི་ལྔ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སྐ་བ་དང་། སླ་བའོ། །སྔོན་པོ་ནི་འཁོར་ལོ་བསྒྱུར་རྒྱལ་གྱི་ཁུ་བའོ། །སེར་པོ་ནི་དེའི་བུ་དབང་སྒྱུར་བར་འོས་པ་ལས་གཞན་པའི་ཁུ་བའོ། །དམར་པོ་ནི་སྣ་ཆེན་པོར་གཏོགས་པའི་བློན་པོ་ཆེན་པོའི་ཁུ་བའོ། །སྐ་བ་ནི་དབང་པོ་སྨིན་པའི་ཁུ་བའོ། །སླ་བ་ནི་དབང་པོ་མ་སྨིན་པའི་ཁུ་བའོ། །གཉིས་པ་ནི། གང་བྱས་པས་རེག་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ལས་དང་པོ་བ་ལ་ལྟུང་བ་མེད་པས་ཡང་ཕྱིན་ཆད་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་(༡༤ན)འདོད་ཆགས་ཀྱིས་ངོ་ཚ་བའི་ཆོས་ལས་དྲལ་ཅིང་བུད་མེད་ལ་འབྲེལ་འདོད་པར་གྱུར་པའི་སེམས་ཀྱིས་བུད་


DLL1002_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དམ། གཞོན་ནུ་མ་འཁྲིག་པ་སྟོན་ནུས་པ་དང་ལྷན་ཅིག་ལུས་ཀྱིས་ལུས་ལ་རེག་པར་བྱེད་དམ་འཁྲིག་མ་མན་ཆད་ཀྱི་ལག་པ་ནས་བཟུང་ངམ། འཁྲིག་མ་ཡན་ཆད་ཀྱི་དཔུང་པ་ནས་བཟུང་ངམ། འཁྲིག་མ་མན་ཆད་སྐྲ་བསྡུས་པའི་ལན་བུ་ནས་བཟུང་ངམ། འཁྲིག་མ་མན་ཆད་ཀྱི་ལག་པ་དང་། འཁྲིག་མ་ཡན་ཆད་ཀྱི་དཔུང་པ་ལས་གཞན་པའི་ཡན་ལག་ལུས་དང་ཉིང་ལག་རྐང་པ་ལྟ་བུ་གང་ཡང་རུང་བ་ལ། ནོམ་པ་ཅུང་ཟད་རེག་པ་དང་། ཉུག་པ་ཕྱོགས་ཐམས་ཅད་དུ་རེག་པ་བདག་གིར་བྱེད་ན་རེག་པའི་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་སྨྲ་བའི་བདེ་བ་ལ་ཆགས་པས་ཀུན་ནས་བསླངས་པ་ལ་གཉིས། འཁྲིག་ཚིག་སྨྲ་བ། བསྙེན་བཀུར་བསྔགས་པའོ། །དང་པོ་ནི། གང་བྱས་པས་འཁྲིག་པ་སྨྲ་བའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཡང་དགེ་སློང་དྲལ་ཅིང་གྱུར་པའི་སེམས་ཀྱིས་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་གོ་བ་ལ་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག་པ་དང་ལྡན་པ་དག་སྐྱེས་བུས་ན་ཆུང་སྟེ་བུད་མེད་ལ་རྗོད་པ་ཇི་ལྟ་བ་བཞིན་དུ་བུད་མེད་ཀྱི་རྗེས་སུ་སྨྲས་པའམ། བུད་མེད་ཀྱིས་མ་སྨྲས་པར་སྨྲས་ན་དོན་གོ་བའི་ཚེ་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་ནི། གང་བྱས་པས་བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཡང་དགེ་སློང་དྲལ་ཅིང་གྱུར་པའི་སེམས་ཀྱིས། བུད་མེད་ཀྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར། འདི་ལྟ་སྟེ། ཇི་ལྟ་བུའི་དགེ་སློང་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ། དགེ་བའི་ཆོས་ཆེན་པོ་ཏིང་ངེ་འཛིན་གྱི་ཕུང་པོ་དང་ལྡན་པ། ཚངས་པར་སྤྱོད་པའི་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན།


DLL1002_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདི་ནི་བསྙེན་བཀུར་བྱས་པ་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྔགས་པ་སྟེ་བསྟོད་ར་བརྗོད་ན་དོན་གོ་བའི་ཚེ་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་གཞན་འདོད་པ་སྟེན་དུ་འཇུག་པ་ནི། གང་བྱས་པས་སྨྱན་བྱེད་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་རུང་བ་བུད་མེད་ལ་སྐྱེས་པའི་ཀུན་དུ་སྤྱོད་པ་བསམ་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཀུན་དུ་སྤྱོད་པ་བསམ་པའི་ཚིག་དང་། སྐྱེས་པ་ལ་བུད་མེད་ཀྱི་ཀུན་དུ་སྤྱོད་པ་བསམ་པའི་ཚིག་གིས་ཆུང་མ་བདུན་ཉིད་དམ། མཛའ་ན་མོ་བཅུ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་ཕྲད་པ་ལ་ཡང་རུང་སྟེ། དེའི་དབང་གིས་ཕྲད་པའི་ཚེ་ན་དགེ་འདུན་ལྷག་མར་འགྱུར་རོ། །ཆུང་མ་བདུན་ནི། ཆུ་ཚིགས་ཀྱིས་བྱིན་པ། རིན་ཆས་ཀྱིས་ཉོས་པ། བཙན་ཕྲོགས་སུ་ཐོབ་པ། དངས་མ་འདུས་པ། གོས་ཟས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་ཕྲད་པའོ། །མཛའ་ན་མོ་བཅུ་ནི། མས་བསྲུངས་པ། ཕས་བསྲུངས་པ། མིང་པོས་བསྲུངས་པ། ཕུ་ནུ་མོས་བསྲུངས་པ། སྒྱུག་མོས་བསྲུངས་པ། གྱོང་པོས་བསྲུངས་པ། ཉེ་དུས་བསྲུངས་པ། རིགས་ཀྱིས་བསྲུངས་པ། རུས་ཆགས་ཀྱིས་བསྲུངས་པ། རྣམ་པར་འཁྲུག་པ་མེད་པའོ། །གཉིས་པ་ཕྱི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླངས་པ་ལ་གཉིས། ཁང་པ་དང་། ཁང་ཆེན་གྱི་དགེ་འདུན་ལྷག་མའོ། །དང་པོ་ནི། གང་བྱས་པས་ཁང་པའི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་དགེ་སློང་བདག་གིས་ཤིང་ལ་སོགས་པ་བསླངས་པ་ཡིན་པ་སྐྱེས་པ་ལ་སོགས་པའི་བདག་པོ་མེད་པ། དགེ་སློང་བདག་གམ་མིའི་འགྲོ་བ་པའི་གང་ཟག་གཅིག་ཡན་ཆད་ཀྱི་ཕྱིར་དུ་འགྲེང་བ་དང་འཆག་པ་དང་ཉལ་བར་འདུག་པའི་སྤྱོད་ལམ་བཞི་ཤོང་བའི་ཁང་པ་རང་གིས་རྩིག་གམ་གཞན་རྩིག་ཏུ་འཇུག་ན། དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཅིག །འོ་ན་ཁང་པའི་ཚད་ཇི་ལྟ་བུ་ཞེ་ན། དེ་ལ་ཁང་པའི་ཚད་ནི་


DLL1002_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིན་ཏེ། ཁང་པའི་ནང་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་ཏེ་ཚད་དང་ལྡན་པའི་ཁྲུ་བཅོ་བརྒྱད། ཁང་པའི་ནང་གི་ཞེང་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བདུན་ཏེ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་བཅུ་གཅིག་ཡིན་ནོ། །ཁང་པའི་གཞི་རུང་བ་རྩོད་མེད་བརྩམ་རུང་བལྟ་བའི་ཕྱིར་དགེ་སློང་དག་གིས་དགེ་སློང་གཞན་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་སྡིག་སྦྲུལ་ལ་སོགས་པའི་གནས་མེད་པའི་གཞི་རུང་བ་དང་། ཤིང་ལྗོན་པ་གཅད་པར་བྱ་བ་མ་ཡིན་པ་སོགས་མེད་པའི་རྩོད་པ་མེད་པ་དང་། ཉེ་འཁོར་འདོམ་གང་གི་ཁོ་ར་ཁོར་ཡུག་ཏུ་ངམ་གྲོག་སོགས་མེད་པའི་བརྩམ་དུ་རུང་བ་བལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་སྡིག་སྦྲུལ་སོགས་ཡོད་པའི་གཞི་མི་རུང་བའམ། ཤིང་ལྗོན་པ་སོགས་ཡོད་པའི་རྩོད་པ་དང་བཅས་པའམ། འདོམ་གང་ཚུན་ན་ཁྲོན་པ་ལ་སོགས་པ་ཡོད་པའི་བརྩམ་དུ་མི་རུང་བར་དགེ་སློང་བདག་གིས་ས་ཕྱོགས་ལ་སོགས་པ་བསླངས་པ་བུད་མེད་ལ་སོགས་པའི་བདག་པོ་མེད་པ། དགེ་སློང་བདག་གམ་གང་ཟག་གཅིག་ཡན་གྱི་ཕྱིར་དུ་སྤྱོད་ལམ་བཞི་ཤོང་བའི་ཁང་པ་རང་གིས་རྩིག་གམ་གཞན་རྩིག་ཏུ་འཇུག་གམ། གཞི་རུང་མི་རུང་བལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་འཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ནམ། ཚད་ལས་འདས་པར་རྩིག་ན་དགེ་འདུན་ལྷག་པར་འགྱུར་རོ། །གཉིས་པ་ནི། གང་བྱས་པས་ཁང་ཆེན་གྱི་དགེ་འདུན་ལྷག་མར་འགྱུར་ཞེ་ན། དགེ་སློང་གིས་སྐྱེས་པ་ལ་སོགས་པའི་བདག་པོ་ཡོད་པ་ཉན་ཐོས་ཀྱི་དགེ་འདུན་ནམ་གང་ཟག་བཞི་ཡན་གྱི་ཕྱིར་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་ཞེས་སོགས་སོ། །གཉིས་པ་གནོད་པས་ཀུན་ནས་བསླངས་པ་ལ་གཉིས། གཞི་མེད་པ་དང་། བག་ཙམ་གྱི་


DLL1002_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མའོ། །དང་པོ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཁྲོས་པ་སྟེ་འཁྲུགས་ཤིང་ཞེ་སྡང་བ་ཡིད་མི་དགའ་བར་གྱུར་ནས། ཅི་ནས་ཀྱང་གྱད་བུ་ནོར་ལྟ་བུའི་དགེ་སློང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། གྱད་བུ་ནོར་ལྟ་བུའི་དགེ་སློང་དག་པ་གཞི་དེའི་ལྟུང་བ་མེད་པ་ལ། གླེང་བའི་གཞི་མེད་པར་ཕམ་པར་གྱུར་པ་གང་ཡང་རུང་བའི་ཆོས་ཀྱིས་སྐུར་པ་བཏབ་པ་ལས་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་དུས་གཞན་ཞིག་ན་གཞན་གྱིས་དྲིས་ཀྱང་རུང་གཞན་གྱིས་མི་དྲིས་པར་རང་ཉིད་འགྱོད་ཀྱང་རུང་སྟེ་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས། ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་ནི། གང་བྱས་པས་བག་ཙམ་གྱི་དགེ་འདུན་ལྷག་མར་འགྱུར་ཞེ་ན། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཁྲོས་པ་སྟེ་འཁྲུགས་ཤིང་ཞེ་སྡང་བ་ཡིད་མི་དགའ་བར་གྱུར་ནས། ཅི་ནས་ཀྱང་གྱད་བུ་ནོར་ལྟ་བུའི་དགེ་སློང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས། གྱད་བུ་ནོར་ལྟ་བུའི་དགེ་སློང་དག་པ་གཞི་དེའི་ལྟུང་བ་མེད་པ་ལ་གཞན་མྱ་ངན་ལས་འདས་པའི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་གྱུར་པའི་ཆོས་ཀྱིས་སྐུར་བ་ལས། མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་དེ་དུས་གཞན་ཞིག་ན་གང་ཟག་གཞན་གྱིས་དྲིས་ཀྱང་རུང་། གཞན་གྱིས་མ་དྲིས་པར་འགྱོད་ཀྱང་རུང་སྟེ། རྩོད་པ་དེ་ཡང་གཞན་མྱ་ངན་ལས་འདས་པའི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་གཞན་མྱ་ངན་ལས་འདས་པའི་ཆ་མ་ཡིན་པ་དང་མཐུན་པ་ཡིན་པས། དགེ་སློང་གྱད་བུ་ནོར་དང་། དགེ་སློང་མ་ཨུཏྤ་ལའི་མདོག་དང་། རི་དྭགས་ཕོ་མོ་མི་ཚངས་པར་སྤྱོད་པ་མཐོང་བ་ལྟ་བུའི་བག་ཙམ་ལས་བསམས་པ་ཙམ་གྱིས་


DLL1002_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་འགའ་ཞིག་བླངས་པར་འགྱུར་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མར་འགྱུར་རོ། །གཉིས་པ་བསྒོ་བ་ལས་གྱུར་པ་ལ་བཞི། དགེ་འདུན་དབྱེན། དེའི་རྗེས་སུ་ཕྱོགས་པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བའོ། །དང་པོ་ནི། གང་བྱས་པས་དགེ་འདུན་དབྱེན་གྱི་ལྷག་མར་འགྱུར་ཞེ་ན། ཡང་ལྷས་བྱིན་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལམ་གཅིག་ཏུ་ཞུགས་པས་མཐུན་པ་ཕྱོགས་གཉིས་སུ་བྱེ་བའི་ཕྱིར་བརྟུལ་བ་བརྩོན་པར་བྱེད་ཅིང་། དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་སྟེ་དམ་དུ་བཟུང་སྟེ་འདུག་ན། ལྷས་བྱིན་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་ཚིག་འཇམ་པོས་འདི་སྐད་ཅེས་བཞམས་ཏེ་བསྒོ་བར་བྱའོ། །ཚེ་དང་ལྡན་པ་ལྷས་བྱིན་ཁྱོད་དགེ་འདུན་ལྟ་བ་སོགས་མཐུན་པ་ཕྱོགས་གཉིས་སུ་བྱེ་བའི་ཕྱིར་བརྟུལ་བར་མ་བྱེད་ཅིག །དགེ་འདུན་གྱི་དབྱེན་བྱེད་པ་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །ཚེ་དང་ལྡན་པ་དགེ་འདུན་དང་ཚུལ་ཁྲིམས་དང་ལྟ་བ་དང་འཚོ་བ་དང་སྤྱོད་ལམ་མཐུན་པར་གྱིས་ཤིག །དགེ་འདུན་ལམ་གཅིག་ཏུ་ཞུགས་པས་མཐུན་པ་གཞན་གྱིས་མི་ཕྱེད། ཕན་ཚུན་གཅིག་གིས་གཅིག་གི་ཡོན་ཏན་བརྗོད་པས་ཀུན་ཏུ་དགའ་ཞིང་མི་རྩོད་འབྲས་བུ་མྱ་ངན་ལས་འདས་པ་འདོད་པར་མཆོག་གཅིག །གསོ་སྦྱོང་ལ་སོ་སོར་ཐར་པའི་མདོ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་སྡེ་སྣོད་གསུམ་པོ་ཁ་ཏོན་བྱེད་པ་ལ་སོགས་པས་གསལ་བར་བྱེད་ན་མཐོང་བའི་ཆོས་ལ་བདེ་བ་ལ་རེག་པར་གནས་པ་ལ་བརྟེན་ནས་མྱ་ངན་ལས་


DLL1002_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་ཐོབ་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། །ལྷས་བྱིན་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་དབྱེན་གྱི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཏེ་སྔར་ཉེས་བྱས་ཙམ་ལས་མ་བྱུང་བའི་ཕྱིར་གལ་ཏེ་བཞམས་བསྒོའི་མཐའ་ལ་མ་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོ་ན་དེའི་འོག་ཏུ་ཇི་ལྟར་བྱ་ཞེ་ན། དབྱེན་གྱི་གཞི་དེ་གཏོང་བར་བྱ་བའི་ཕྱིར། གསོལ་བ་དང་བཞིའི་ལས་ཀྱིས་ལན་གཉིས་སམ་གསུམ་དུ་ཡང་དག་པར་བསྒོ་བ་སྟེ་ཀུན་དུ་དྲི་བར་བྱ། ཡང་དག་པར་བསྟན་པས་བཟློག་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་དབྱེན་གྱི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཏེ། ཉེས་པ་སྦོམ་པོ་ཙམ་ལས་མི་འབྱུང་བའི་ཕྱིར། གལ་ཏེ་བརྗོད་པའི་མཐའ་ལ་མི་གཏོང་ན་དགེ་འདུན་ལྷག་མའི་དངོས་གཞིར་འགྱུར་རོ། །གཉིས་པ་ནི། ལྷས་བྱིན་ལྟ་བུའི་དགེ་སློང་དེའི་གྲོགས་བྱེད་པའི་ཀོ་ཀ་ལི་ཀ་ལ་སོགས་པའི་དགེ་སློང་མི་མཐུན་པར་སྨྲ་བ་དབྱེན་ཉིད་ཀྱི་རྗེས་སུ་ཕྱོགས་པའི་དགེ་སློང་གཅིག་གམ་གཉིས་སམ་གསུམ་ཡན་ཆད་ཀྱི་མང་པོ་དག་ཡོད་ཅིང་། གལ་ཏེ་ཀོ་ཀ་ལི་ཀ་ལ་སོགས་པའི་དགེ་སློང་དེ་དག་ཆོས་འདི་པའི་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་བ་ལ་སྦྱོར་ཡང་རུང་། སྡིག་པ་ལས་ཟློག་ཀྱང་རུང་། དགེ་སློང་ལྷས་བྱིན་འདི་ལ་དགེ་བ་ལ་སྦྱོར་བ་དང་སྡིག་པ་ལས་ལྡོག་པའི་ཚིག་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་སྨྲ་བ། འདུལ་བ་ལུང་སྨྲ་བ། ཡང་ན་ཆོས་འཕགས་ལམ་ཡན་ལག་བརྒྱད་ཀྱི་ནང་ནས་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་།


DLL1002_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་སྨྲ་བ། འདུལ་བ་ཡང་དག་པའི་ངག་དང་ལས་ཀྱི་མཐའ་དང་འཚོ་བ་སྨྲ་བ། ཡང་ཆོས་དོན་དང་ལྡན་པ་སྨྲ་བ། འདུལ་བ་འཇམ་ཞིང་མཛའ་བ་ལྟར་སྨྲ་བའོ། །དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་དང་འདུལ་བ་ལུང་ཇི་ལྟ་བ་བཞིན་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། སྟོན་པའི་བསྟན་པའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་ལྷས་བྱིན་འདི་ནི་དོན་ཤེས་བཞིན་དུ་སྨྲའི། དོན་མི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་ལྷས་བྱིན་འདི་ནི་དབྱེན་གྱི་གཞི་གང་ལ་ཡིད་དང་མཐུན་པས་འདོད་ཅིང་རིགས་པར་རྟོགས་པས་བཟོད་པ་དེ་ལ། བདག་ཅག་ཀྱང་ཡིད་དང་མཐུན་པས་འདོད་ཅིང་རིགས་པས་རྟོགས་པ་བཟོད་དོ་ཞེས་ཟེར་ན། ཀོ་ཀ་ལི་ཀ་ལ་སོགས་པའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད། ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་བ་ལ་སྦྱོར་ཡང་རུང་། སྡིག་པ་ལས་ལྡོག་ཀྱང་རུང་། དགེ་སློང་ལྷས་བྱིན་འདི་ལ་ཚིག་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་སྨྲ་བ། འདུལ་བ་ལུང་སྨྲ་བ། དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་དང་འདུལ་བ་ལུང་ཇི་ལྟ་བ་བཞིན་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། སྟོན་པའི་བསྟན་པའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་ལྷས་བྱིན་འདི་ནི་དོན་ཤེས་བཞིན་དུ་སྨྲའི། དོན་མི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་ལྷས་བྱིན་འདི་ནི་དབྱེན་གྱི་གཞི་གང་ལ་ཡིད་དང་མཐུན་པས་འདོད་ཅིང་རྟོགས་པས་བཟོད་པ་དེ་ལ་བདག་ཀྱང་ཡིད་དང་མཐུན་པས་འདོད་ཅིང་རྟོགས་པས་བཟོད་དོ་ཞེས་མ་ཟེར་ཞིག །དེ་ཅིའི་ཕྱིར་ཞེ་


DLL1002_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ན། ཚེ་དང་ལྡན་པ་དག་དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་སྨྲ་བ་མ་ཡིན་འདུལ་བ་ལུང་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་ལྷས་བྱིན་འདི་ནི་རིགས་པ་མ་ཡིན་པ་སྨྲ་བ་འདུལ་བ་ལུང་མ་ཡིན་པ་སྨྲ་བ། དགེ་སློང་ལྷས་བྱིན་འདི་ནི་ཆོས་རིགས་པ་མ་ཡིན་པ་དང་། འདུལ་བ་ལུང་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ། རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་ལྷས་བྱིན་འདི་ནི་དོན་མི་ཤེས་བཞིན་དུ་སྨྲའི། དོན་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་ལྷས་བྱིན་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར། ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དེ་ལྟར་བྱས་པ་ལ་ཡོན་ཏན་ནི། དགེ་འདུན་མཐུན་མི་བྱེད། ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པ་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་། མི་མཐུན་པའི་སྨྲ་བ་འདི་ལྟ་བུ་འདི་མཐོང་ཞིག་ཅེས་བསྒོ་བར་བྱའོ། །ཀོ་ཀ་ལི་ཀ་ལ་སོགས་པའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་རྗེས་སུ་ཕྱོགས་པའི་གཞི་(༡༧ན)ཞེས་སོགས་སོ། །གསུམ་པ་ནི། གང་བྱས་པས་ཁྱིམ་སུན་འབྱིན་པའི་ལྷག་མར་འགྱུར་ཞེ་ན། ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་རབ་ཏུ་མང་པོ་དག་རེ་ལྡེའི་རི་ལྟ་བུའི་གྲོང་ངམ་གྲོལ་རྡལ་ཞིག་ན་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ཉེ་བར་བརྟེན་ཅིང་གནས་པར་གྱུར་ལ། ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་


DLL1002_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སློང་དེ་དག་ཀྱང་འགྲོགས་པ་དང་ལོངས་སྤྱོད་པའི་སྒོ་ནས་ཁྱིམ་པའི་ཁྱིམ་སུན་འབྱིན་པར་བྱེད་པ། སྡིག་པའི་ཆོས་གནས་ངན་ལེན་ཀུན་ཏུ་སྤྱོད་པར་གྱུར་ཅིང་། ནབས་སོ་དང་འགྲོ་མགྱོགས་ལྟ་བུ་དེ་དག་གིས་ཁྱིམ་དག་སུན་ཕྱུང་བར་མིག་གི་ཤེས་པས་མཐོང་ངམ། རྣ་བའི་ཤེས་པས་ཐོས་སམ། མིག་རྣ་ལས་གཞན་པའི་ཤེས་པས་རབ་ཏུ་ཤེས་སམ། དེ་དག་སྡིག་པ་ཀུན་ཏུ་སྤྱོད་པ་མཐོང་ངམ། ཐོས་སམ། རབ་ཏུ་ཤེས་ན། ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་སྐྲོད་པའི་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག་ཁྱེད་གནས་འདི་ན་གནས་པས་ཆོག་གིས། གཞན་འདི་ནས་གཞན་དུ་དེངས་ཤིག་ཅེས་བསྒོ་ནས་བསྐྲད་པར་བྱའོ། །དེ་ལྟར་བསྐྲད་པ་ན། གལ་ཏེ་ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་དེ་དག་ཆོས་འདི་པའི་དགེ་སློང་རྣམས་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། རྒྱུ་མཚན་འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད་ལ། དམར་སེར་ཅན་ལྟ་བུའི་དགེ་སློང་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་རྫུན་ཟེར་ན། ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་དག་


DLL1002_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་རྫུན་མ་ཟེར་ཞིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་འདི་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུང་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱེད་སྡིག་པ་ཀུན་ཏུ་སྤྱོད་པར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ། ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོང་ཞིག་ཅེས་བསྒོ་བར་བྱའོ། །ནབས་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བཞམས་ཏེ་བསྒོ་བ་ན། གལ་ཏེ་འདུན་པས་འགྲོ་བ་ཞེས་སོགས་ཀྱི་ཚིག་གི་གཞི་དེ་གཏོང་ན་ཞེས་སོགས་སོ། །བཞི་པ་ནི། གང་བྱས་པས་བཀའ་བློ་མི་བདེ་བའི་ལྷག་མར་འགྱུར་ཞེ་ན། འདི་ན་འདུན་པ་ལྟ་བུའི་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བ་ཚིག་བརྣག་མི་བཟོད་པའི་རང་བཞིན་ཅན་དུ་གྱུར་ལ། འདུན་པ་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་སོ་སོར་ཐར་པའི་མདོ་ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་གདོན་པར་གཏོགས་པའི་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པར་གཏོགས་པ་རྣམས་


DLL1002_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། ཆོས་མདོ་སྡེ་དང་མངོན་པའི་སྡེ་སྣོད་དང་མཐུན་པ་དང་། འདུལ་བའི་སྡེ་སྣོད་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་བ་ལ་སྦྱོར་ཡང་རུང་། སྡིག་པ་ལས་ལྡོག་ཀྱང་རུང་། བདག་ལ་ཚིག་ཅི་ཡང་མ་སྨྲས་ཤིག །བདག་ཀྱང་དགེ་བ་ལ་འཇུག་ཀྱང་རུང་། སྡིག་པ་ལས་ལྡོག་ཀྱང་རུང་། ཚེ་དང་ལྡན་པ་དག་ལ་ཚིག་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་དགེ་བ་ལ་འཇུག་པ་དང་། སྡིག་པ་ལས་ལྡོག་པའི་ཚིག་གི་ལམ་མཐོང་ཞིག །ཁྱེད་ལ་ཡང་བདག་གིས་དགེ་བ་ལ་འཇུག་པ་དང་། སྡིག་པ་ལས་ལྡོག་པའི་ཚིག་སྨྲས་པས་ཅི་ཞིག་བྱ་ཞེས། བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པར་བརྗོད་ན། འདུན་པ་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་འདུན་པ་ལྟ་བུ་ཁྱོད་དགེ་སློང་རྣམས་ཀྱིས་སོ་སོར་ཐར་པའི་མདོ་ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་སོ་སོར་ཐར་པའི་མདོ་རིལ་གྱིས་གདོན་པར་གཏོགས་པ་རྣམས་ཀྱིས་ཆོས་མདོ་སྡེ་དང་མངོན་པའི་སྡེ་སྣོད་དང་མཐུན་པ་དང་། འདུལ་བའི་སྡེ་སྣོད་དང་མཐུན་པར་སྨྲས་པ་ན། བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་ཚེ་དང་ལྡན་པས་བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཚེ་དང་ལྡན་པ་ལ་ཆོས་མདོ་སྡེ་དང་མངོན་པའི་སྡེ་སྣོད་དང་མཐུན་པ་དང་། འདུལ་བའི་སྡེ་སྣོད་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་མདོ་སྡེ་དང་མངོན་པའི་སྡེ་སྣོད་དང་མཐུན་པ་དང་། འདུལ་བའི་སྡེ་སྣོད་དང་མཐུན་པར་སྨྲོས་ཤིག །དེ་ལྟར་སྨྲས་པ་ལ་ཕན་ཡོན་འདི་ལྟ་སྟེ། གཅིག་ལ་


DLL1002_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལྟུང་བ་བརྗོད་པར་བྱ་བ་གླེང་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་གདམ་ངག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལ་ལྟུང་བ་ལས་སློང་བ་ཉིད་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཉན་ཐོས་ཀྱི་དགེ་འདུན་གྱི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་དུ་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་ཐོང་ཞིག་ཞེས་བསྒོ་བར་བྱའོ། །འདུན་པ་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བཞམས་ཏེ་བསྒོ་བ་ན། གལ་ཏེ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་གཞི་དེ་གཏོང་ན་ཞེས་སོགས་སོ། །བཞི་པ་ནི། ཚེ་དང་ལྡན་པ་ཞེས་སོགས་སོ། །ལྔ་པ་ནི། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དེ་དག་ལས་ཁུ་བ་འབྱིན་པ་ལ་སོགས་པ་དང་པོ་དགུ་ནི་ཆོས་ཅན། དངོས་པོས་གྱུར་པ་ཞེས་བྱ་སྟེ། བཞམས་བསྒོ་ལ་མི་ལྟོས་པར་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞིའི་ལྟུང་བ་དང་པོ་དག་ནས་རིམ་པ་བཞིན་འབྱུང་བ་ཉིད་ཡིན་པའི་ཕྱིར་རོ། །དགེ་འདུན་དབྱེན་ལ་སོགས་པ་ཕྱི་མ་བཞི་ནི་ཆོས་ཅན། བསྒོ་བ་ལས་གྱུར་པ་ཞེས་བྱ་སྟེ། བཞམས་བསྒོ་དང་། གསོལ་བ་དང་། རྗོད་པ་ལན་གསུམ་གྱི་བར་གྱི་མཐའ་ལ་མ་བཏང་བས་དངོས་གཞིའི་ལྟུང་བར་འགྱུར་བའི་ཕྱིར། དྲུག་པ་ནི། ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གིས་དགེ་འདུན་ལྷག་མ་བཅུ་གསུམ་པོ་དེ་དག་ལས་ལྟ་བ་གང་ཡང་རུང་བ་ཞིག་བྱས་ལ། ཇི་སྲིད་དུ་རང་རྒྱུད་ལ་ལྟུང་བ་བྱུང་བར་ཤེས་བཞིན་དུ་ཞག་ཏུ་འཆབ་པར་བྱེད་པ་དེ་སྲིད་དུ་ལྟུང་བ་འབྱིན་པའི་དགེ་སློང་དེས་མི་འདོད་བཞིན་དུ་སྤོ་བ་སྤྱད་པར་བྱའོ། །ལྟུང་བ་འབྱིན་པའི་དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་སྤྱད་པར་བྱས་ནས། དེའི་


DLL1002_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་ལ་ཐུགས་མགུ་བ་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་དགེ་འདུན་གྱི་ཐུགས་མགུ་བར་བྱ་བ་སྤྱད་ནས། ལྷག་མ་ལས་དབྱུང་བར་བྱ་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་གཎྜི་བརྡུང་བ་དང་གནས་མལ་བཤམ་པ་སོགས་བྱས་ལ། དགེ་འདུན་འདུས་པ་ན་རྒན་པའི་མཐའ་ལོགས་ནས་མཆིལ་ལྷམ་གཉིས་ཕུད་ཕྱག་འཚལ་ཏེ་ཐལ་མོ་སྦྱར། ཙོག་པུར་འདུག་སྟེ་ལྷག་མ་ལས་དབྱུང་བའི་དོན་དུ་གསོལ་བ་ལན་གསུམ་བཏབ་ནས། དགེ་སློང་གིས་དགེ་འདུན་གྱི་སེམས་མགུ་བར་བྱས་ན། གནས་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱི་དགེ་འདུན་ཡོད་པ་དེར། ལྟུང་བ་འབྱིན་པའི་དགེ་སློང་དེ་དབྱུང་བར་བྱའོ། །དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱི་དགེ་འདུན་གྱིས། དགེ་སློང་དེ་ལ་ལྷག་མ་ལས་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་ལྷག་མ་ལས་མ་བྱིན་ལ། འབྱིན་པར་བྱེད་པའི་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ། ལྷག་མ་ཕྱིར་འཆོས་པ་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བདུན་པ་ནི། དགེ་འདུན་ལྷག་མ་བཏོན་པ་དེ་ལ་ཞེས་སོ། །བཞི་པ་ངེས་པ་འདོན་པ་ལ་ལྔ། སྡོམ་གྱིས་མདོར་བསྟན། མ་ངེས་པ་འདོན་པའི་ལུང་དབོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། མ་ངེས་པའི་ཆོས་སྡོམ་དུ་བསྡུས་པ་ཆོས་ཅན་ཁྱོད་ལ་གཉིས་ཡོད་དེ། ཁྱོད་ལ་དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱར་རུང་བར་འདུག་པའི་མ་ངེས་པ་དང་། དབེན་པ་སྐྱབས་ཡོད་པ་ན་འདོད་པ་བྱ་མི་རུང་བར་འདུག་པའི་མ་ངེས་པ་གཉིས་ཡོད་པའི་ཕྱིར། དང་པོ་ནི། ཕམ་ལྷག་ལྟུང་བྱེད་གསུམ་གང་རུང་དུ་ཡང་མ་ངེས་པ་དང་། གཉིས་པ་ནི། ལྷག་མ་དང་ལྟུང་བྱེད་གང་དུ་ཡང་མ་ངེས་པའོ། །གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན། མ་ངེས་པ་གཉིས་འདོན་པར་


DLL1002_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་ཤེས་ཞེ་ན། མི་ཤེས་པའི་སྐྱོན་མེད་དེ། ཚེ་དང་ལྡན་པ་དག་ཕམ་ལྷག་ལྟུང་བྱེད་གསུམ་གང་དུ་ཡང་མ་ངེས་པ་དང་། ལྷག་མ་དང་ལྟུང་བྱེད་གཉིས་གང་དུ་ཡང་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་། སོ་སོར་ཐར་པའི་མདོ་འདོན་པའི་ཚེ་ན་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་ལ་གཉིས་ལས། མ་ངེས་པ་དང་པོ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སྦེད་མ་ལྟ་བུའི་བུད་མེད་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ནུས་པ་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་སྐྱེས་པ་དང་བུད་མེད་དང་མ་ནིང་མེད་པའི་དབེན་པ་རྩིག་པ་དང་ཡོལ་བ་དང་། རིབ་མ་དང་། ཐིབས་པོ་དང་། མཚན་མོའི་སྐྱབས་གང་རུང་ཡོད་པ་ན། འདོད་པ་མི་ཚངས་པར་སྤྱོད་པར་བྱར་རུང་བར་ཁྲི་དང་ཁྲིའུ་ལྟ་བུའི་སྟན་ལ་འདུག་པར་བྱེད་ཅིང་། འཆར་ཀ་ལྟ་བུའི་དགེ་སློང་དེ་ལ་གལ་ཏེ་དགེ་བསྙེན་མ་རི་དྭགས་འཛིན་གྱི་མ་ས་ག་ལྟ་བུ་དཀོན་མཆོག་གསུམ་ལ་ཡིད་ཆེས་པ་སྲོག་ལ་བབ་ཀྱང་རྫུན་མི་སྨྲ་བའི་ཚིག་དང་ལྡན་པས་ཆོས་གསུམ་པོ་ཕམ་པར་གྱུར་པ་བཞི་ལས་གང་ཡང་རུང་བའམ། དགེ་འདུན་ལྷག་མ་བཅུ་གསུམ་ལས་གང་ཡང་རུང་བའམ། ལྟུང་བྱེད་དགུ་བཅུ་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། འཆར་ཀ་ལྟ་བུའི་དགེ་སློང་གིས་འདུག་པ་དྲང་པོར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་གྱུར་པའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བཤགས་པ་བྱེད་དུ་གཞུག་ཅིང་། འཆར་ཀ་ལྟ་བུའི་དགེ་སློང་དེ་ལ་དགེ་བསྙེན་མ་ས་ག་ལྟ་བུ་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གསུམ་པོ་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་འཆར་ཀ་ལྟ་བུའི་དགེ་སློང་དེ་བཤགས་པ་བྱེད་དུ་གཞུག་སྟེ་དེ་ནི་མ་ངེས་པའི་


DLL1002_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དང་པོ་ཡིན་ནོ། །མ་ངེས་པའི་ཆོས་གཉིས་པ་ནི། ཡང་ཤི་རི་ཀ་ལྟ་བུའི་དགེ་སློང་གང་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ལྟ་བུའི་བུད་མེད་འཁྲིག་པ་བསྟེན་ནུས་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་སྐྱེས་པ་སོགས་མེད་པའི་དབེན་པ་རྩིག་པ་ལ་སོགས་པའི་སྐྱབས་ལྔ་པོ་གང་རུང་ཡོད་པ་ན། འདོད་པ་མི་ཚངས་པར་སྤྱོད་པ་བྱར་མི་རུང་བར་ཁྲིའམ་ཁྲིའུ་ལྟ་བུའི་སྟན་ལ་འདུག་པར་བྱེད་ཅིང་། ཤི་རི་ཀ་ལྟ་བུའི་དགེ་སློང་དེ་ལ་གལ་ཏེ་དགེ་བསྙེན་མ་ལེགས་སྐྱེས་ལྟ་བུ་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མ་བཅུ་གསུམ་ལས་གང་རུང་ངམ། ལྟུང་བྱེད་དགུ་བཅུ་ལས་གང་ཡང་རུང་བས་སྨྲས་པར་གྱུར་ལ། ཤི་རི་ཀ་ལྟ་བུའི་དགེ་སློང་གིས་འདུག་པ་དྲང་པོར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་གང་ཡང་རུང་བས་བཤགས་པ་བྱེད་དུ་གཞུག་ཅིང་། ཤི་རི་ཀ་ལྟ་བུའི་དགེ་སློང་དེ་ལ་དགེ་བསྙེན་མ་ལེགས་སྐྱེས་ལྟ་བུ་དཀོན་མཆོག་གསུམ། ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་བཤགས་པ་བྱེད་དུ་གཞུག་སྟེ། དེ་ཡང་མ་ངེས་པའི་ཆོས་སོ། ། བཞི་པ་ནི། ཚེ་དང་ལྡན་པ་ཞེས་སོ། །ལྔ་པ་ནི། མ་ངེས་པ་བཏོན་པ་དེ་ལ་ཞེས་སོགས་སོ། །ལྔ་པ་རིལ་གྱིས་གདོན་པ་ལ་ལྔ། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ། ལྟུང་བྱེད་འབའ་ཞིག་པའི་ཆོས་དགུ་བཅུ། སོ་སོར་བཤགས་པར་བྱ་བའི་ཆོས་བཞི། བསླབ་པར་བྱ་བའི་ཆོས་མང་པོ། རྩོད་པ་ཞི་བ་བྱ་བའི་ཆོས་བདུན་གདོན་པའོ། །དང་པོ་ལ་གསུམ་དངོས། མཇུག་བསྡུ། རྣམ་གཞག་བསྒྲག་པའོ། །དང་པོ་ལ་གསུམ། བཅུ་ཚན་དང་པོ། གཉིས་པ། གསུམ་པའོ། །


DLL1002_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ལ་གསུམ། སྡོམ་གྱིས་མདོར་བསྟན། སྤང་བའི་ལྟུང་བྱེད་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྤང་བའི་ལྟུང་བྱེད་ཀྱི་བཅུ་ཚན་དང་པོ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། འཆང་བའི་སྤང་བ། འབྲལ་བའི་སྤང་བ། འཇོག་པའི་སྤང་བ། འཁྲུར་འཇུག་པའི་སྤང་བ། གོས་ལེན་པའི་སྤང་བ། སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་སློང་བར་རིགས་པའི་སྤང་བ། གོས་ཀྱི་རིན་ཐང་དཔགས་པ་སློང་བའི་སྤང་བ། སོ་སོ་ནས་དཔགས་པ་སློང་པའི་སྤང་བ། བསྐུར་བའི་སྤང་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་པས། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་འདོན་པ་གང་ལས་ཤེས་ཤེ་ན། མི་ཤེས་པའི་སྐྱོན་མེད་དེ། ཚེ་དང་ལྡན་པ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་ན་འདུལ་བ་འཛིན་པའི་ངག་ལས་འབྱུང་བའི་ཕྱིར་རོ། །ཅིའི་ཕྱིར་སྤང་བའི་ལྟུང་བྱེད་ཅེས་བྱ་ཞེ་ན། ལྟུང་བ་བཤགས་པ་བྱེད་པའི་ཚེ་ལྟུང་བའི་རྒྱུར་གྱུར་པའི་དངོས་པོ་དེ་དག་དགེ་སློང་གཞན་ལ་ཞག་གཅིག་སྤང་དགོས་པའི་དོན་གྱིས་ན་སྤང་བའི་ལྟུང་བྱེད་ཅེས་བྱའོ། །གསུམ་པ་ལ་བཅུ་ལས། དང་པོ་འཆང་བའི་སྤང་བ་ནི། གང་བྱས་པས་གོས་འཆང་བའི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་ཆོས་གོས་དྲ་བ་དང་དྲུབ་པ་དང་། ཁ་བསྒྱུར་བ་ཟིན་པས་དགེ་འདུན་གྱི་དབྱར་སྔ་མ་ཁས་བླངས་པས་སྲ་བརྐྱང་བཏིང་བ་དཔྱིད་ཟླ་ར་བ་ཉ་ལ་ཕྱུང་བའམ། དབྱར་ཕྱི་མ་ཁས་བླངས་པས་སྲ་བརྐྱང་བཏིང་བ་དཔྱིད་ཟླ་འབྲིང་པོའི་ཉ་ལ་ཕྱུང་ན། ཞག་བཅུའི་བར་དུ་གོས་ལྷག་པ་སྣམ་སྦྱར་མ་གཏོགས་པ་རུང་བ་མ་བྱས་པ་བཅང་བར་བྱའོ། །དེ་ལས་འདས་པར་འཆང་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་ན་སྤང་བའི་ལྟུང་བྱེད་དུ་


DLL1002_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །གཉིས་པ་འབྲལ་བའི་སྤང་བ་ནི། གང་བྱས་པས་ཆོས་གོས་དང་འབྲལ་བའི་སྤང་བར་འགྱུར་ཞེ་ན། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས་བླ་གོས་དང་མཐང་གོས་དང་སྣམ་སྦྱར་གསུམ་ལས་རང་གི་བྱིན་རླབས་ཅན་གྱི་ཆོས་གོས་གསུམ་ལས་གང་ཡང་རུང་བ་དང་ཆོས་གོས་ཡོད་པའི་མཚམས་ཀྱི་ཕྱི་རོལ་ཏུ་སྐྱ་རེངས་ཤར་གྱི་བར་དུ་འབྲལ་བར་བྱེད་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། དགེ་འདུན་གྱིས་མི་འབྲལ་བའི་གནང་བ་བྱིན་པ་མ་གཏོགས་སོ། །གསུམ་པ་འཇོག་པའི་སྤང་བ་ནི། གང་བྱས་པས་གོས་ཟླ་བར་འཇོག་པའི་སྤང་བར་འགྱུར་ཞེ་ན། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན། དུས་མ་ཡིན་པའི་གོས་ཤིག་རྙེད་ལ་འདོད་པ་དོན་དུ་གཉེར་ན་དགེ་སློང་གིས་གོས་བདུན་པོ་སྲིན་བལ་གྱི་གོས་དང་། བལ་གྱི་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། ཀོ་ཤམ་པའི་གོས་དང་། ཉི་འོག་པའི་གོས་ལས་གང་ཡང་རུང་བ་དེ་བླངས་ནས་བདག་གིར་བྱའོ། །བླངས་ནས་གལ་ཏེ་ལངས་པ་སྟེ་ལྡང་ན་མྱུར་བ་ཁོ་ནར་གོས་སུ་བྱས་ལ་བྱིན་གྱིས་བརླབས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་པ་སྟེ་མི་ལྡང་ལ་ཁམ་ལངས་པ་ཁ་སྐོང་བའི་གོས་གཞན་ལ་རེ་བ་ཡོད་ན། དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་རུང་བ་མ་བྱས་པར་གཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་ཞགས་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །བཞི་པ་འཁྲུར་འཇུག་པའི་སྤང་བ་ནི། གང་བྱས་པས་གོས་འཁྲུར་འཇུག་པའི་སྤང་བར་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དགེ་སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་རང་གི་བྱིན་རླབས་ཅན་གྱི་ཆོས་གོས་དང་གདིང་བ་


DLL1002_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཚིགས་གསུམ་པོ་གང་རུང་དུ་ལོངས་སྤྱད་པའི་རྙིང་པ་ཆུ་ལ་འཁྲུར་འཇུག་གམ། ཚོན་གྱིས་འཚེད་དུ་འཇུག་གམ། ཐལ་མོས་རྡེབ་པ་ལྟ་བུས་འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ལྔ་པ་ལེན་པའི་སྤང་བ་ནི། གང་བྱས་པས་གོས་ལེན་པའི་སྤང་བར་འགྱུར་ཞེ་ན། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་དགེ་སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལས་བལ་གྱི་གོས་ལ་སོགས་པ་ལེན་ན་གོས་ལག་ཏུ་ཐོབ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། གོས་བཟང་ངན་བརྗེས་པ་ནི་མ་གཏོགས་སོ། །དྲུག་པ་སློང་བའི་སྤང་བ་ནི། གང་བྱས་པས་གོས་སློང་བའི་སྤང་བར་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཁྱིམ་བདག་སྐྱེས་པའམ། ཁྱིམ་བདག་གི་ཆུང་མ་བུད་མེད་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། བལ་ལ་སོགས་པའི་གོས་སློང་ན་གནང་བའི་དུས་མ་གཏོགས་དེ་སྤང་བའི་ལྟུང་བྱེད་དོ། །འོ་ན་གནང་བའི་དུས་གང་ཞེ་ན། བསླབ་པའི་གཞི་དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། དགེ་སློང་ཆོས་གོས་ཆོམ་རྐུན་པས་ཕྲོགས་སམ། གོས་བོར་བ་ལྟ་བུས་བརླག་གམ། གོས་མེས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་བསླབ་པའི་གཞི་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་སློང་བར་རིགས་པའི་སྤང་བ་ནི། གང་བྱས་པས་སློང་བར་རིགས་པའི་སྤང་བར་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་དགེ་སློང་ཆོམ་རྐུན་པས་གོས་ཕྲོགས་སམ། གོས་བརླག་གམ། གོས་མེས་ཚིག་གམ། གོས་རླུང་གིས་ཁྱེར་བས། གོས་ཆུས་ཁྱེར་ན། ཁྱིམ་བདག་སྐྱེས་པའམ། ཁྱིམ་བདག་གི་ཆུང་མ་བུད་མེད་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པའི་གན་དུ་སོང་བ་བལ་ལ་སོགས་པའི་གོས་བསླང་


DLL1002_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱའོ། །དགེ་སློང་དེ་ལ་གལ་ཏེ་བྲམ་ཟེ་ལྟ་བུའམ། ཁྱིམ་བདག་དད་པ་ཅན་ཞིག་གིས་དུས་ཀྱིས་གོས་མང་པོ་སྟོབ་པ་སྟེ་འབུལ་འདོད་ན་དགེ་སློང་དེས་བྲམ་ཟེ་ལྟ་བུ་དེ་ལ་གོས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་མཐར་ཐུག་པ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །བརྒྱད་པ་དཔགས་པ་སློང་བའི་སྤང་བ་ནི། གང་བྱས་པས་དཔགས་པ་སློང་བའི་སྤང་བར་འགྱུར་ཞེ་ན། ཉེར་དགའ་ལྟ་བུའི་དགེ་སློང་གི་ཕྱིར། ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་གསེར་ལ་སོགས་པ་དག་དཔགས་པ་སྟེ་སྟ་གོན་བྱས་ནས། བདག་གི་གོས་ཀྱི་རིན་གསེར་ལ་སོགས་པ་འདི་དག་གིས་བལ་ལ་སོགས་པ་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། ཉེར་དགའ་ལྟ་བུའི་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་བདག་གི་གོས་རུང་བ་ལོངས་སྤྱད་པར་འོས་པ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པ་མགྲོན་དུ་མ་བོས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ། གོས་བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གསེར་ལ་སོགས་པ་གང་བདག་གི་དཔགས་པའི་གོས་ཀྱི་རིན་དེ་དག་གིས། ཚེ་དང་ལྡན་པ་བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ། གོས་ལག་ཏུ་གྲུབ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་སོ་སོ་ནས་དཔགས་པ་སློང་བའི་སྤང་བ་ནི། གང་བྱས་པས་སོ་སོ་ནས་དཔགས་པ་སློང་བའི་སྤང་བར་འགྱུར་ཞེ་ན། ཉེར་དགའ་ལྟ་བུའི་དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་


DLL1002_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་གོས་ཀྱི་རིན་གསེར་ལྟ་བུ་སོ་སོ་ཐ་དད་པ་དག་གོས་དཔགས་པ་སྟ་གོན་བྱས་ནས། བདག་ཅག་གཉིས་ཀྱི་གོས་ཀྱི་རིན་སོ་སོ་བ་འདི་དག་གིས། བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ན་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་ཞེས་སོགས་སོ། །བཅུ་པ་བསྐུར་བའི་སྤང་བ་ནི། གང་བྱས་པས་བསྐུར་བའི་སྤང་བར་འགྱུར་ཞེ་ན། ཉེར་དགའ་ལྟ་བུའི་དགེ་སློང་གི་ཕྱིར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའམ། རྒྱལ་པོའི་བློན་པོ་ཆེན་པོའམ། བྲམ་ཟེ་གཙང་སྦྲ་ཅན་ནམ། ཁྱིམ་བདག་ཕྱུག་པོའམ། གྲོང་རྡལ་གྲོང་ཁྱེར་གྱི་མིའམ། ཡུལ་མིའམ། ནོར་བྱེ་བས་ཕྱུག་པའི་ནོར་ཅན་ནམ། ཅོད་པན་བཅིངས་པའི་ཚོང་དཔོན་ནམ། དོན་མཐུན་ལན་གཉིས་སམ་གསུམ་དུ་འདས་པའི་དེད་དཔོན་གྱིས་མིའི་འགྲོ་བ་པའི་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་གསེར་ལྟ་བུ་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་གསེར་ལྟ་བུ་དེ་དག་ཁྱེར་ཏེ། ཉེར་དགའ་ལྟ་བུའི་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་མཁྱེན་པར་མཛོད་ཅིག །ཁྱོད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པ་ཐུགས་བརྩེ་བའི་སླད་དུ་འདི་དག་བཞེས་ཤིག་ཅེས་འབུལ་བར་བྱེད་ན། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་བདག་ཅག་དགེ་སློང་དག་ནི་གོས་ཀྱི་རིན་གསེར་ལྟ་བུ་དག་ལེན་དུ་མི་རུང་སྟེ། བདག་ཅག་གོས་ལོངས་སྤྱད་པར་འོས་པ་རུང་བ་དུས་སུ་རྙེད་


DLL1002_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ། འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་རུང་བ་བྱེད་པ་གང་ལགས་པ་འགའ་མཆིས་སམ་ཞེས་ཟེར་ན། དགེ་སློང་གོས་འདོད་པས་ཕོ་ཉ་འདི་ནི་དགེ་སློང་ཞལ་ཏ་བྱེད་པ་སྟེ། འདི་ནི་ཞལ་ཏ་ཉམས་སུ་ལེན་པའོ་ཞེས། རྩེ་རྒོད་དང་། ལྷ་འབངས་ལྟ་བུའི་ཀུན་དགའ་ར་བ་པའམ། བསླབ་པའི་གཞི་ལྔ་བླངས་པའི་དགེ་བསྙེན་ཞལ་ཏ་བ་རུང་བ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་། ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག་ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་། ཡང་དག་པར་བསྟན་ནས། དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས། དགེ་སློང་དེ་ལ་འདི་སྐད་ཅེས། འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། དེའི་གན་དུ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ་དུས་སུ་སྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ་ཞེས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །དེ་ཡང་ལན་གཅིག་བསྐུལ་བས་གྲུབ་ན། གཉིས་པ་མ་བྱ། གཉིས་པ་ལ་གྲུབ་ན་གསུམ་པ་མི་བྱའོ། །ལན་གཉིས་ལན་གསུམ་


DLL1002_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྐུལ་ཞིང་དྲན་པར་བྱས་པ་ན། གལ་ཏེ་གོས་བདུན་ལས་གང་རུང་དེ་ལག་ཏུ་གྲུབ་ན་དེ་ལྟ་ན་ལགས་ཏེ། ཕོ་ཉ་ཞལ་ཏ་བ་དང་བཅས་པ་ལ་ཡང་བཏང་བ་དང་ལོངས་སྤྱོད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་ལ། དགེ་སློང་ལ་ཡང་འཇིག་རྟེན་དང་འགལ་བ་དང་། འདུལ་བ་དང་འགལ་བའི་ཉེས་པ་མ་བྱུང་བའི་ཕྱིར། གལ་ཏེ་གོས་ལག་ཏུ་མ་གྲུབ་ན། དེའི་འོག་ཏུ་ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཞལ་ཏ་བྱེད་པའི་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལགས་ཏེ། སྦྱིན་བདག །ཕོ་ཉ་ཞལ་ཏ་དང་བཅས་པ་ལ་བཏང་བ་དང་ལོངས་སྤྱད་པའི་རྒྱུ་ལས་བྱུང་བའི་བསོད་ནམས་འབྱུང་། དགེ་སློང་ལ་འདུལ་བ་དང་འགལ་བའི་སྦྱོར་དངོས་ཀྱི་ལྟུང་བ་མ་བྱུང་བའི་ཕྱིར་རོ། །གལ་ཏེ་བསྐུལ་བསྡད་ལན་དྲུག་གིས་མ་གྲུབ་ན། དེའི་འོག་ཏུ་གོས་བསྒྲུབ་པའི་ཕྱིར་བཙལ་ཏེ་གོས་ལག་ཏུ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་བསྐུལ་བསྡད་ལན་དྲུག་གིས་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་འོངས་པ་དེར་དགེ་སློང་བདག་ཉིད་འགྲོ་བར་བྱའོ། །ཡང་ན་ཡིད་བརྟན་པའི་ཕོ་ཉས། ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེའི་དོན་ཅིར་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུད་མ་གསན་ཞིག་ཅེས་སྤྲིང་བར་བྱ་སྟེ། བསླབ་པའི་གཞི་དེ་ལ་ད་ནི་ཆོ་ག་སྟེ་རྗེས་སུ་མཐུན་པའི་ཐབས་ཡིན་ནོ། །བཅུ་ཚན་གཉིས་པ་ལ་གཉིས། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྤང་བའི་ལྟུང་བྱེད་བཅུ་ཚན་གཉིས་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། སྲིན་བལ་དང་། བལ་ནག་པོ་འབའ་ཞིག་པ་དང་། ཆ་གཉིས་བསྲེ་བ་དང་། ལོ་དྲུག་གི་ནང་དུ་སྟན་


DLL1002_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དང་། མཐོ་གང་དང་། ལམ་དུ་བལ་ཐོགས་པ་དང་། འཁྲུ་བ་རྨེལ་དུ་འཇུག་པ་དང་། གསེར་དངུལ་ལ་རེག་པ་དང་། མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱེད་པའི་སྤང་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་སྲིན་བལ་གྱི་སྤང་བ་ནི། གང་བྱས་པས་སྲིན་བལ་གྱི་སྟན་བྱེད་པའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་སྲིན་བལ་གྱི་སྟན་གསར་པས་གསར་པ་དང་གསར་དུ་རྙེད་པས་གསར་པ་གཉིས་ལས་གསར་པའི་གསར་པ་བྱེད་ན་བཀྲམ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །གཉིས་པ་བལ་ནག་པོ་འབའ་ཞིག་པའི་སྤང་བ་ནི། གང་བྱས་པས་ལུག་བལ་ནག་པོ་འབའ་ཞིག་གི་སྟན་བྱེད་པའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་ལུག་གི་བལ་རང་བཞིན་གྱིས་ནག་པ་དང་སྔོ་བས་ནག་པ་དང་ཁམ་པས་ནག་པ་དང་འདམ་ཁས་ནག་པོ་འབའ་ཞིག་གི་སྟན་གསར་པ་བྱེད་ན་བཀྲམ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་ནི། གང་བྱས་པས་ཆ་གཉིས་བསྲེ་བའི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་སྟན་གསར་པ་བྱེད་ན། བཞི་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་ལས་གཞུག་པ་སྟེ་བསྲེ་བར་བྱ། བཞི་ཆ་གསུམ་པ་ནི་གློ་དང་རྒྱབ་དང་གཉའ་བ་ནས་སྐྱེས་པའི་དཀར་པོ་ལས་བསྲེ་བར་བྱ། བཞི་ཆ་བཞི་པ་ནི། རྐང་པ་དང་ལྟེ་བ་དང་མགོ་བོ་ནས་སྐྱེས་པའི་འཁོབ་བལ་ལས་གཞུག་པ་སྟེ་བསྲེ་བར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ། གསུམ་པ་དཀར་པོ་ལས། བཞི་པ་འཁོབ་བལ་ལས་མ་བཅུག་པར་སྟན་གསར་པ་བྱེད་ན་བཀྲམ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་ལོ་དྲུག་གི་ནང་དུ་སྟན་གཉིས་པ་བྱེད་པའི་སྤང་བ་ནི། གང་བྱས་པས་


DLL1002_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་དྲུག་གི་ནང་སྟན་གཉིས་པ་བྱེད་པའི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་གླིངས་པའི་སྟན་གསར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་གི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་གཞན་ལ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་། སྟན་གསར་པ་བྱེད་ན་དགེ་འདུན་གྱིས་གནང་བྱིན་པ་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །ལྔ་པ་མཐོ་གང་གི་སྤང་བ་ནི། གང་བྱས་པས་མཐོ་གང་གི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་གདིང་བ་གསར་པ་བྱེད་ན། གདིང་བ་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་སྟེ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་ཀུན་ནས་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་གདིང་བ་གསར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བར་མ་གླན་པར་གདིང་བ་གསར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དྲུག་པ་བལ་ཐོགས་པའི་སྤང་བ་ནི། གས་བྱས་པས་བལ་ཐོགས་པའི་སྤང་བར་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་དགེ་སློང་དགོན་པའི་ལམ་དུ་ཞུགས་པས་ལུག་བལ་དག་གཞན་ལས་རྙེད་ལ་འདོད་ན་དགེ་སློང་དེས་བལ་དེ་བླང་བར་བྱའོ། །བླངས་ནས་གཞན་ཁུར་འཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐའི་བར་དུ་དགེ་སློང་བདག་ཉིད་ཀྱིས་བཀུར་བར་བྱའོ། །དེ་ལས་འདས་པ་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །དེ་ཡང་རྒྱང་གྲགས་རེ་འདས་པ་ན་དངོས་གཞི་དང་། རྒྱང་གྲགས་ཕྱེད་ན་ཉེས་བྱས་སོ། །བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་ནི། གང་བྱས་པས་བལ་རྨེལ་དུ་འཇུག་པའི་སྤང་བར་འགྱུར་ཞེས། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དགེ་(༢༦ན)སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་ལུག་བལ་ཆུ་ལ་འཁྲུར་འཇུག་གམ། ཚོན་གྱིས་འཚེད་དུ་འཇུག་གམ། བལ་གྱི་


DLL1002_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བརྒྱད་པ་གསེར་དངུལ་ལ་རེག་པའི་སྤང་བ་ནི། གང་བྱས་པས་གསེར་དངུལ་ལ་རེག་པའི་སྤང་བར་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་རང་གི་ལག་གིས་གསེར་དང་། དངུལ་ལ་སོགས་པའི་རིན་པོ་ཆེ་ལེན་ནམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བ་ནི། གང་བྱས་པས་མངོན་མཚན་ཅན་གྱི་སྤྱོད་པའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་པ་ནའམ་རིན་པོ་ཆེ་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་བསྐྱེད་ཕྱིན་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །བཅུ་པ་ཉོ་ཚོང་གི་སྤང་བ་ནི། གང་བྱས་པས་ཉོ་ཚོང་བྱེད་པའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་པ་ན་དང་རིན་པོ་ཆེ་ལས་གཞན་པའི་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །བཅུ་ཚན་གསུམ་པ་ལ། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྤང་བའི་ལྟུང་བྱེད་བཅུ་ཚན་གསུམ་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། ལྷུང་བཟེད་འཆང་བ་དང་། ཚོལ་བ་གཉིས་དང་། ཐག་པ་སྟེ་འཐག་ཏུ་འཇུག་པ། འཐག་པ་བསྐྱེད་པ་གཉིས་དང་། གོས་བྱིན་པ་འཕྲོག་པ་དང་། སྟོན་ཟླ་ཐ་ཆུང་སྟེ་བརྟད་པ་ལས་བྱུང་བ་དང་། དགོན་པ་པའི་འབྲལ་བ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་དང་། བསྔོས་པ་གཞན་དུ་བསྒྱུར་པ་དང་། སོག་འཇོག་གི་སྤང་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། ལྷུང་བཟེད་འཆང་བའི་སྤང་བ་ནི། གང་བྱས་པས་ལྷུང་བཟེད་འཆང་བའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གིས་རང་གི་བྱིན་རླབས་ཅན་གྱི་ལྷུང་བཟེད་མ་གཏོགས་པའི་ལྷུང་བཟེད་ལྷག་པོ་ཞག་བཅུར་བཅང་བར་བྱའོ། །དེ་ལས་འདས་པར་


DLL1002_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །གཉིས་པ་ལྷུང་བཟེད་ཚོལ་བའི་སྤང་བ་ནི། གང་བྱས་པས་ལྷུང་བཟེད་ཚོལ་བའི་སྤང་བར་འགྱུར་ཞེ་ན། ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ལྷུང་བཟེད་ལྷན་པ་ལྔ་མེད་པ་ལོངས་སྤྱད་པར་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་གསར་པ་གཞན་འཚོལ་བར་བྱེད་ཅིང་ལྷུང་བཟེད་ལག་ཏུ་གྲུབ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །འོ་ན་ལྟུང་བ་ཕྱིར་བཅོས་པའི་ཚུལ་དེ་ཇི་ལྟ་བུ་ཞེ་ན། ལྟུང་བ་འབྱིན་པའི་དགེ་སློང་དེས་ལྷུང་བཟེད་ལྷག་པོ་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་སྦྱིན་པར་བྱའོ། །ཇི་ལྟར་སྦྱིན་ཞེ་ན། དགེ་སློང་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཞན་ལ་བཏང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར། ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ། བསླབ་པའི་གཞི་དེ་ནི་ཆོ་ག་སྟེ་རྗེས་སུ་མཐུན་པའི་ཐབས་ཡིན་ནོ། །གསུམ་པ་གོས་འཐག་ཏུ་འཇུག་པའི་སྤང་བ་ནི། གང་བྱས་པས་གོས་འཐག་ཏུ་འཇུག་པའི་སྤང་བར་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་རང་གིས་བསླངས་པའི་དོག་པ་ཐག་པ་སྟེ་ཐག་མཁན་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་བལ་ལ་སོགས་པའི་གོས་འཐག་ཏུ་འཇུག་ན་གོས་ལག་ཏུ་གྲུབ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་འཐག་པ་བསྐྱེད་པའི་སྤང་བ་ནི། གང་བྱས་པས་འཐག་པ་བསྐྱེད་པའི་སྤང་བར་འགྱུར་ཞེ་ན། ཉེར་དགའ་ལྟ་བུའི་དགེ་སློང་གི་ཕྱིར། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལ། གོས་འཐག་ཏུ་བཅུག་པ་ལས། དེ་ན་དགེ་སློང་དེ་ལ་སྔར་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་


DLL1002_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་ཐག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ། འཐག་པ་བསྐྱེད་པའི་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །ཁྱོད་འཐག་པའི་གོས་འདི་ནི་ཁོ་བའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞེང་རྒྱ་ཆེ་བ་དང་། ཁྲུན་མཆུ་རིང་བ་དང་། ཐར་གྱིས་ཞག་པ་བྱེར་ཟུག་སྙོམས་པ་དང་། ཐགས་རན་བཟང་བ་སེང་སེང་སོགས་མེད་པར་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་ཁྱོད་ལ་གླ་རྔན་འདི་ལྟ་སྟེ། བཟའ་ལྔའམ། བཅའ་བ་ལྔའམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས། ཐ་ག་པ་དེ་ལ་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བའམ། བཟའ་རྒྱུ་ཅུང་ཟད་ཅིག་བྱིན་ཞིང་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལྔ་པ་འཕྲོག་པའི་སྤང་བ་ནི། གང་བྱས་པས་འཕྲོག་པའི་སྤང་བར་འགྱུར་ཞེ་ན། ཡང་དགའ་བོ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་ལ་གོས་ཕྱིར་བླང་དུ་མེད་པར་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། ཡིད་མ་རངས་ནས། གོས་རང་གིས་འཕྲོག་གམ། གཞན་འཕྲོག་ཏུ་འཇུག་ཅིང་། དགེ་སློང་དེ་ལ་གོས་འཕྲོག་པའི་ཚིག་འདི་སྐད་ཅེས། དགེ་སློང་ཁྱོད་ལ་གོས་མི་སྦྱིན་གྱིས། གོས་ཕྱིར་བྱིན་ཅིག་ཟེར་ན་དགེ་སློང་དེས་གོས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་ལུས་དང་བྲལ་བའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །དྲུག་པ་བརྟད་པ་ལས་བྱུང་བའི་སྤང་བ་ནི། གང་བྱས་པས་བརྟད་པ་ལས་བྱུང་བའི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་སྟོན་ཟླ་ཐ་ཆུང་ཉ་ལ་དགག་དབྱེ་བྱེད་པའི་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ནད་པ་ལ་སྦྱིན་པ་ལྟ་བུའི་བརྟད་པ་གློ་བུར་བ་ལས་བྱུང་བའི་གོས་ཞིག་གཞན་ལས་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །དེ་ལས་


DLL1002_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །འོ་ན་གོས་སྦྱིན་པའི་དུས་དང་དུས་མ་ཡིན་པ་ཇི་ལྟ་བུ་ཞེ་ན། དབྱར་ཁས་མ་བླངས་པའི་གནས་སུ་ནི་སྟོན་ཟླ་ཐ་ཆུང་ཉ་ཚུན་ཆད་དུས་ཡིན་ལ། ལྷག་མ་ནི་དུས་མ་ཡིན་ནོ། །དབྱར་ཁས་བླངས་པའི་གནས་སུ་ནི། སྟོན་ཟླ་འབྲིང་པོ་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་ནི་དུས་ཡིན་ལ། ལྷག་མ་དུས་མ་ཡིན་ནོ། །བདུན་པ་དགོན་པ་བའི་སྤང་བ་ནི། གང་བྱས་པས་ཞག་བདུན་ན་འབྲལ་བའི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གཉིས་ཡན་ཆད་ཀྱི་རབ་ཏུ་མང་པོ་དག་གནས་མལ་ཏེ་གཙུག་ལག་ཁང་གྲོང་ལས་རྒྱང་གྲགས་གཅིག་གིས་འཕགས་པའི་དགོན་པ་ཆོམ་རྐུན་པས་བཅོམ་པའི་དོགས་པ་དང་བཅས་པར་གྲགས་པ་སེང་གེ་ལ་སོགས་པའི་འཇིགས་པ་དང་བཅས་པར་གྲགས་པ། སྦྲང་བུ་ལ་སོགས་པའི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་གཞན་ཕྱི་མ་གནས་པར་ཁས་བླངས་པར་གྱུར་ལ། དགེ་སློང་དགོན་པ་པས་འདོད་ན་ཆོས་གོས་སྣམ་སྦྱར་བླ་གོས་མཐང་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་གཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བ་ལ་སོགས་པའི་ཕྱིར་དུ་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་ཁྱིམ་གཞན་དུ་བཞག་པ་དེ་དག་འབྲལ་བར་བྱའོ། །དེ་ལས་འདས་པར་འབྲལ་ན་སྤང་བའི་ལྟུང་བྱེད་དོ། །དེ་ཡང་དབྱར་ཕྱི་མར་གྱུར་ལ་བཅས་པ་དགེ་སློང་བཞིའི་དབང་གིས་ཡིན་གྱིས་ལྟུང་བ་བསྐྱེད་པའི་ཡན་ལག་ཏུ་ངེས་པར་དགོས་པ་མ་ཡིན་ནོ། །བརྒྱད་པ་དབྱར་གྱི་གོས་རས་ཆེན་གྱི་སྤང་བ་ནི། གང་བྱས་པས་དབྱར་གྱི་གོས་རས་ཆེན་གྱི་སྤང་བར་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་དབྱར་ཟླ་ར་བ་ཉ་ནས་དབྱར་


DLL1002_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་དེ་སྟོན་ཟླ་འབྲིང་པོའི་གནམ་སྟོང་གི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱིས་ཟླ་བ་གཅིག་ལུས་པའི་སྔ་རོལ་ཏུ་དབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ། དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་ལྷག་པ་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་བསྔོས་བསྒྱུར་ནི། གང་བྱས་པས་གོས་ཀྱི་སྤང་བར་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་བསྔོས་པའི་གོས་ཀྱི་རྙེད་པ་ཤེས་བཞིན་གང་ཟག་བདག་ལ་བསྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བཅུ་པ་གསོག་འཇོག་གི་སྤང་བ་ནི། གང་བྱས་པས་གསོག་འཇོག་གི་སྤང་བར་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་ཕན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་བ་འདི་ལྟ་སྟེ། མར་བཞུ་བའི་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དེ་དག་ལས། དགེ་སློང་ན་བས་འདོད་ན་རང་གིས་སྨན་ཞག་བདུན་བར་བྱིན་གྱིས་བརླབས་ཏེ། གསོག་འཇོག་གི་ཡོངས་སུ་ལོངས་སྤྱད་པས་ཡོངས་སུ་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན་ཞག་བརྒྱད་པའི་སྐྱ་རེངས་ཤར་བའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །གཉིས་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་ཞེས་སོགས་སོ། །གསུམ་པ་རྣམ་གཞག་བསྒྲག་པ་ནི། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་བཏོན་པ་དེ་ལ་ཞེས་སོགས་སོ། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་གདོན་པ་ལ་བཞི། སྤྱི་སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པ། མཇུག་བསྡུ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། ལྟུང་བྱེད་འབའ་ཞིག་པ་སྤྱི་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཚན་དགུ་ཡོད་དེ། ཤེས་བཞིན་དུ་རྫུན་དུ་


DLL1002_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་སོགས་དང་། ས་བོན་དང་སྐྱེ་བ་འཇིག་པ་སོགས་དང་། དགེ་སློང་མ་ལ་མ་བསྐོས་པར་ཆོས་སྟོན་པ་སོགས་དང་། ཡང་ཡང་ཟ་བ་སོགས་དང་། སྲོག་ཆགས་དང་བཅས་པའི་ཆུ་ལོངས་སྤྱོད་པ་སོགས་དང་། ཁྱིམ་དུ་ཟས་གཅོད་པ་སོགས་དང་། བསམས་བཞིན་དུ་དུད་འགྲོ་གསོད་པ་སོགས་དང་། རྐུན་མ་དང་ལྷན་ཅིག་འགྲོ་ན་ལམ་དུ་འགྲོ་བ་སོགས་དང་། མཆོད་སྟོན་ཏེ་ཁྱིམ་པ་འདུག་པ་ལ་མི་བསྒོ་བར་འགྲོ་བ་ལ་སོགས་པའི་བཅུ་ཚན་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ཚན་དགུ་ལས། བཅུ་ཚན་དང་པོ་ལ་གསུམ། སྡོམ་གྱིས་མདོར་བསྟན། ལྟུང་བྱེད་གདོན་པའི་ལུང་དབོག །སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བྱེད་འབའ་ཞིག་པ་བཅུ་ཚན་དང་པོ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། རྫུན་དུ་སྨྲ་དང་། སྐྱོན་ནས་སྨྲ་བ་དང་། དགེ་སློང་ལ་ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། ཆོས་སྟོན་པ་དང་། ཆོས་འདོན་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བདེན་པ་སྨྲ་བ་དང་། བཤེས་ངོར་བྱེད་པ་དང་། ཁྱད་དུ་གསོད་པའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་འདོན་པ་གང་ལས་ཞེས་ཤེ་ན། མི་ཤེས་པའི་སྐྱོན་མེད་དེ། ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་རྫུན་དུ་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཤེས་བཞིན་དུ་འདུ་ཤེས་བསྒྱུར་ནས་རྫུན་དུ་སྨྲས་ན་དོན་གོ་བའི་ཚེ་ན་ལྟུང་བྱེད་དོ། །འོ་ན་ཅིའི་ཕྱིར་ན་ལྟུང་བྱེད་ཅེས་བྱ་ཞེ་ན། དམྱལ་བ། དུད་འགྲོ། ཡི་དྭགས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་དག་ཏུ་སྲེག་པར་བྱེད་འཚེད་


DLL1002_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱེད་ལྟུང་བར་བྱེད་ཅེས་བྱའོ། །ཡང་ན་ལྟུང་བ་དེ་མ་བཤགས་པ་དེ་སྲིད་དུ་དགེ་བའི་ཆོས་རྣམས་ལ་སྒྲིབ་པར་བྱེད་པར་ལྟུང་བྱེད་ཅེས་བྱའོ། །གཉིས་པ་ནི། གང་བྱས་པས་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། མིའི་སྐྱོན་ནས་སྨྲ་བའི་བསམ་པས་ཀུན་ནས་བསླངས་ནས་ཕ་རོལ་པོའི་སྐྱོན་སྨྲས་ན་ཚིག་འཇམ་པོས་ཀྱང་རུང་། རྩུབ་པོས་ཀྱང་རུང་། ཕ་རོལ་པོ་མི་དགའ་བར་མ་གྱུར་ན་ཡང་དོན་གོ་བ་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་ཕྲ་མ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་དེ་ལ་ཕྲ་མ་བྱེད་འདོད་པས་ཀུན་ནས་བསླངས་ཏེ་དགེ་སློང་ཆེ་གེ་མོ་འདི་སྐད་ཟེར་རོ་ཞེས་ཕྲ་མ་བྱེད་ན་དོན་གོ་བའི་ཚེ་ན་ལྟུང་བྱེད་དོ། །བཞི་པ་སྐྱོ་སྔོགས་བྱེད་པ་ནི། གང་བྱས་པས་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་བློ་མཐུན་པས་ཆོས་དང་འདུལ་བ་དང་སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་རྩོད་པ་བཞི་པོ་གང་ཡང་རུང་བ་སྦྱངས་ནས་ཞི་བར་ཤེས་བཞིན་དུ་ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ། །ལྔ་པ་ནི། གང་བྱས་པས་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་བུད་མེད་དམ་གཞོན་ནུ་མ་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་དོན་གོ་བ་ལ་ཚིག་ལྔ་པོའི་ཆོས་སྟོན་པའི་ཚེ་ཤེས་བཞིན་དུ་ཚིག་ལྔ་པོ་ལས་ལྷག་པ་དང་། ཚིག་དྲུག་པའི་ཆོས་སྟོན་པའི་ཚེ་ཤེས་བཞིན་དུ་ཚིག་དྲུག་པོ་ལས་ལྷག་པར་སངས་རྒྱས་ཀྱིས་གསུངས་པའི་ཆོས་སྟོན་ན་ལྟུང་བྱེད་དོ། །ཐམས་ཅད་དུའམ་ཞེ་ན། ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པའི་དོན་རིག་པའི་སྐྱེས་པ་ཁྲིམས་གྲོགས་སུ་ཡོད་པ་མ་གཏོགས་སོ། །དྲུག་པ་ནི། གང་བྱས་པས་འདོན་པའི་ལྟུང་བྱེད་དུ་འགྱུར་


DLL1002_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དགེ་སློང་དང་དགེ་སློང་མ་ལས་གཞན་པའི་གང་ཟག་བསྙེན་པར་མ་རྫོགས་པ་དང་། མཉམ་པ་དང་སྔ་པའི་ཚིག་གིས་ཆོས་དང་ཡི་གེ་འདོན་ན་ལྟུང་བྱེད་དོ། །དེ་ཡང་ཆོས་ཚིག་མཉམ་པས་འདོན་པ་ནི། སློབ་དཔོན་གྱིས་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་འདོན་པ་ན། སློབ་མས་ཀྱང་དེ་དང་དུས་མཉམ་དུ་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་འདོན་པ་ལྟ་བུ་ཡིན་ལ། སྔ་བས་འདོན་པ་ནི། སློབ་དཔོན་གྱིས་སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་བཏོན་པ་ན། སློབ་མས་དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཅེས་འདོན་པ་ལྟ་བུའོ། །ཡི་གེ་མཉམ་པས་འདོན་པ་ནི། སློབ་དཔོན་གྱིས། ཨ་ཞེས་འདོན་པ་ན། དེ་དང་དུས་མཉམ་དུ་སློབ་མས་ཀྱང་ཨ་ཞེས་འདོན་པ་ལྟ་བུ་ཡིན་ལ། སྔ་བས་འདོན་པ་ནི། སློབ་དཔོན་གྱིས་ཨ་ཞེས་འདོན་པ་ན། སློབ་མས་ཨཱ་ཞེས་འདོན་པ་ལྟ་བུ་ཡིན་ནོ། །བདུན་པ་ནི། གང་བྱས་པས་གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་ཕ་རོལ་པོའི་ཕམ་པ་དང་། ལྷག་མའི་ལྟུང་བ་ཀུན་ནས་སློང་བའི་གནས་ངན་ལེན་གྱི་ལྷུང་བ་བརྗོད་པར་བྱེད་ན་གསོལ་བ་འབའ་ཞིག་གི་ལས་ཀྱིས་དགེ་འདུན་གྱིས་གནང་བ་སྦྱིན་པ་ནི་མ་གཏོགས་ཏེ་ལྟུང་བྱེད་དོ། །བརྒྱད་པ་ནི། གང་བྱས་པས་མིའི་ཆོས་བླ་མ་བདེན་པ་སྨྲ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་གང་ཟག་བསྙེན་པ་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་དོན་གོ་བའི་ཚེ་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་བཤེས་ངོར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཡང་རུང་བ་སྔར་ལེགས་པར་རུང་བ་བྱས་པ་སྟེ་སྔར་དད་པས་ཕུལ་ནས་དེའི་འོག་ཏུ་དུས་གཞན་གྱི་


DLL1002_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ན་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གོས་རྙེད་པ་དགེ་འདུན་གྱི་ནང་དུ་གྲུབ་པར་བསྔོས་པ་བདག་གི་དོན་དུ་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །བཅུ་པ་ནི། གང་བྱས་པས་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་གསོ་སྦྱོང་གི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་འདོན་པ་ན་བསླབ་པ་ཁྱད་དུ་གསོད་པའི་བསམ་པས་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་། ཡིད་ལ་བཅགས་པ་དང་། གནོད་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །བཅུ་ཚན་གཉིས་པ་ལ། སྡོམ་གྱི་སྒོ་ནས་མདོར་བསྟན། སོ་སོའི་མཚན་ཉིད་གཉིས་ལས། དང་པོ་ནི། ལྟུང་བྱེད་བཅུ་ཚན་གཉིས་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། ས་བོན་དང་སྐྱེ་བ་འཇིག་པ་དང་། འཕྱ་བ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། ཁྲི་སྟེ་གནས་མལ་དང་། གདིང་བ་དང་། སྐྲོད་པ་དང་། ཕྱིས་གནོན་པ་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པའི་ཆུས་འདེབས་པ་དང་། ཕ་གུ་རིམ་པ་གཉིས་སུ་རྩིག་པ་གཙུག་ལག་ཁང་གི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་ས་བོན་དང་སྐྱེ་བ་འཇིག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ས་བོན་གྱི་ཚོགས་དང་། གྲོག་སྦུར་ལ་སོགས་པའི་འབྱུང་པོའི་ཚོགས་གནས་པའི་ཤིང་ལྗོན་པ་རང་གིས་འབྱིན་པ་ལ་སོགས་པས་འཇིག་གམ་གཞན་འཇིག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ས་བོན་ནི་ལྔ་སྟེ། རྩ་བའི་ས་


DLL1002_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བོན། སྡོང་བུའི་ས་བོན། ཐོ་གུའི་ས་བོན། འགས་པའི་ས་བོན། ས་བོན་གྱི་ས་བོན་ནོ། །རྩ་བའི་ས་བོན་ནི་གླ་སྒང་ལ་སོགས་པའོ། །སྡོང་བུའི་ས་བོན་ནི་ཨ་ཤྭད་ཐ་ལ་སོགས་པའོ། །ཐོ་གུའི་ས་བོན་ནི་བུ་རམ་ཤིང་ལ་སོགས་པའོ། །འགས་པའི་ས་བོན་ནི་ཨ་རྫ་ཀ་ལ་སོགས་པའོ། །ས་བོན་གྱི་ས་བོན་ནི། ནས་ལ་སོགས་པའོ། །གཉིས་པ་ནི། གང་བྱས་པས་འཕྱ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། འཕྱ་བའི་བསམ་པས་ཀུན་ནས་བསླངས་ཏེ་འཕྱ་བའམ་ཟུར་གྱིས་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། བསྒོ་བ་རྣ་བ་གཟོན་པའི་བསམ་པས་ངག་ལ་སོགས་པའི་རྣམ་པ་རིག་བྱེད་བརྗོད་ན་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་གནས་མལ་གྱི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཁྲིའམ་ཁྲིའུའམ། སྟན་ནང་ཚངས་ཅན་ནམ། ལྭ་བའམ། སྔས་སམ། གོར་བུ་གྲུ་བཞི་བླ་གམ་མེད་པར་རང་གིས་བཏིངས་སམ་གཞན་འདིང་དུ་བཅུག་ནས་མ་བསྡུས་སམ། གཞན་སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་འདོམ་བཞི་བཅུ་རྩ་དགུ་ཚུན་ཆད་ཀྱི་ཉེ་འཁོར་ལས་འདས་པར་སོང་ན་ལྟུང་བྱེད་དོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། ཆོམ་རྐུན་པས་འཇོམས་པ་དེ་འདྲ་བའི་རྐྱེན་ནི་མ་གཏོགས་སོ། །ལྔ་པ་ནི། གང་བྱས་པས་གདིང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་དུ་རྩྭའི་གདིང་བའམ། ལོ་མའི་གདིང་བ་རང་གིས་བཏིངས་སམ། གཞན་པ་འདིང་དུ་བཅུག་ནས་རང་གིས་མ་བསྡུས་སམ། གཞན་སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་


DLL1002_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སོང་ན་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུ་འདྲ་བ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། ཆོམ་རྐུན་པས་འཇོམས་པ་ལ་སོགས་པ་དེ་འདྲ་བའི་རྐྱེན་ནི་མ་གཏོགས་སོ། །དྲུག་པ་ནི། གང་བྱས་པས་སྐྲོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཁྲོས་ཤིང་ཁྲོ་བས་ཟིལ་གྱིས་ནོན་ནས་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་ནས་ཆོས་འདི་པའི་དགེ་སློང་རང་གིས་སྐྲོད་དམ། གཞན་སྐྲོད་དུ་འཇུག་ན་སྲོག་གི་བར་ཆད་ལ་སོགས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །བདུན་པ་ནི། གང་བྱས་པས་ཕྱིས་གནོན་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་ན་ཆོས་འདི་པའི་དགེ་སློང་དག་སྔ་ན་འཁོད་པར་རང་གིས་ཤེས་བཞིན་དུ་དེའི་འོག་ཏུ་ཕྱིས་འོངས་ནས་སུ་ལ་གནོད་པ་བདེ་བ་ལ་རེག་པར་མི་འགྱུར་བ་དེ་ཉིད་དེ་ལས་གཞན་དུ་འགྲོ་བར་འགྱུར་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་གནོད་པས་ཟིལ་གྱིས་མནན་པའི་ཕྱིས་གནོན་བྱས་ནས་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །བརྒྱད་པ་ནི། གང་བྱས་པས་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བས་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་རྩྭའམ་ལོ་མའི་ཐོག་བོར་བ་ཁྲིའམ་ཁྲིའུ་རྩ་བ་འབྱུང་བར་རང་གིས་ཤེས་བཞིན་དུ་མཐུས་མནན་པའི་ལྕིད་ཀྱིས་ཕབ་སྟེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དུ་


DLL1002_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེ་ན། ཡང་འདུན་པ་ལྟ་བུའི་དགེ་སློང་གང་ཡང་རུང་བ་རང་གིས་ཤེས་བཞིན་དུ་ཐ་མལ་པའི་མིག་གིས་མཐོང་བའི་སྲོག་ཆགས་དང་བཅས་པའི་ཆུས་རྩྭའམ་ལྕི་བའམ་ས་ལ་རང་གིས་འདེབས་སམ་གཞན་འདེབས་སུ་འཇུག་ན་ལྟུང་བྱེད་དོ། །བཅུ་པ་ནི། གང་བྱས་པས་གཙུག་ལག་ཁང་གིས་ལྟུང་བྱེད་དུ་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་དགེ་སློང་གིས་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་སྦྱིན་པར་བྱ་བ་དང་ཚད་ལས་ཆེན་པོ་ཞིག་རང་གིས་རྩིག་གམ། གཞན་རྩིག་ཏུ་འཇུག་ན། སྒོའི་སྦུབས་དང་གཏན་པ་དང་། སྐར་ཁུང་དང་ཆུ་ཁུང་གི་སྣང་བ་ཇི་ཙམ་གདོད་པར་བྱ་བའི་འདུ་ཤེས་ཀྱིས་ས་བརྟག་པ་ནས་བཟུང་སྟེ། ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ་ཉི་མ་གཅིག་ལ་གཉིས་སམ་གསུམ་བརྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་པ་ལྟུང་བྱེད་དོ། །བཅུ་ཚན་གསུམ་པ་ལ་གཉིས། སྡོམ་གྱི་སྒོ་ནས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི་ལྟུང་བྱེད་བཅུ་ཚན་གསུམ་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། མ་བསྐོས་པར་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་དང་། ཆོས་གོས་སྦྱིན་པ་དང་། བྱེད་པ་གཉིས་དག་དང་། དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པ་དང་། དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པ་དང་། བུད་མེད་དང་དབེན་པ་སྐྱབས་ཡོད་པར་འདུག་པ་དང་། དགེ་སློང་མ་དང་འགྲེང་བ་གཉིས་དང་། དགེ་སློང་མ་ཡིས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་བཅུ་ལས་དང་པོ་ནི། གང་བྱས་པས་མ་བསྐོས་པར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་མ་བསྐོས་པར་ཆོས་འདི་པའི་དགེ་སློང་མ་ལ་བསླབ་པ་གསུམ་སྟོན་ན་


DLL1002_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། འཕགས་པའི་ལམ་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་སོ། །གཉིས་པ་ནི། གང་བྱས་པས་ཉི་མ་ནུབ་ཀྱི་བར་དུ་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་ཀྱང་ཉི་མ་ནུབ་པའི་དུས་ལ་བབ་ཀྱི་བར་དུ་ཆོས་འདི་པའི་དགེ་སློང་མ་ལ་ཆོས་བསླབ་གསུམ་སྟོན་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་རྣམས་ལ་ཚིག་འདི་སྐད་ཅེས་ཆོས་འདི་པའི་དགེ་སློང་དག་བཅའ་བ་དང་བཟའ་བའི་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་འདི་པའི་དགེ་སློང་མ་ལ་བསླབ་པ་གསུམ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་གོས་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་མ་བདུན་བརྒྱུད་ཚུན་གྱི་ཉེ་དུ་མ་ཡིན་པ་ལ་ཆོས་གོས་ཕྱིར་བླང་དུ་མེད་པར་བྱིན་ན་ལྟུང་བྱེད་དོ། །ལྔ་པ་ནི། གང་བྱས་པས་གོས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་མ་བདུན་བརྒྱུད་ཚུན་གྱི་ཉེ་དུ་མ་ཡིན་པའི་ཆོས་གོས་བཟོ་བར་བྱེད་ན་ལྟུང་བྱེད་དོ། །དྲུག་པ་ནི། གང་བྱས་པས་དགེ་སློང་མ་དང་འགྲོན་ལམ་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་པ་སྟེ་བརྡ་བྱས་ནས་དགོན་པའི་འགྲོན་ལམ་དུ་འཇུག་ན་རྒྱང་གྲགས་གཅིག་འདས་པ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ཡིན་ནམ་ཞེ་ན། གནང་བའི་དུས་མ་གཏོགས་སོ། །


DLL1002_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

འོ་ན་གནང་བའི་དུས་གང་ཞེ་ན། བསླབ་པའི་གཞི་དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། དོན་མཐུན་མེད་པར་འགྲོ་མི་ནུས་པས་ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཆོམ་རྐུན་པ་ལ་སོགས་པའི་དོགས་པ་དང་བཅས་པར་གྲགས་པ། སེང་གེ་ལ་སོགས་པའི་འཇིགས་པ་དང་བཅས་པར་གྲགས་པ། སྡིག་སྦྲུལ་ལ་སོགས་པའི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ན་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་ནི། གང་བྱས་པས་གྲུ་གཅིག་ཏུ་འཇུག་པའི་ལྟུང་བྱེད་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་པ་སྟེ་བརྡ་བྱས་ནས་གྲུ་གཅིག་ཏུ་འཇུག་ཅིང་ཆུ་བོའི་རྒྱུན་ལས་བཟློག་སྟེ་གྱེན་དུ་འགྲོའམ་རྒྱུན་ཕྱོགས་སུ་འཐུར་དུ་འགྲོ་ན་རྒྱང་གྲགས་གཅིག་འདས་ན་ལྟུང་བྱེད་དང་ཕྱེད་དུ་ཕྱིན་པ་ན་ཉེས་བྱས་སོ། །ཐམས་ཅད་དུ་ངེས་སམ་ཞེ་ན། ཐད་ཀར་ཕ་རོལ་ཏུ་འགྲོ་བ་མ་གཏོགས་སོ། །བརྒྱད་པ་ནི། གང་བྱས་པས་སྟན་ལ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དགེ་སློང་མའི་དོན་མཐུན་བུད་མེད་དམ་གཞོན་ནུ་མ་འཁྲིག་པ་སྟེན་ནུས་པ་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་སྐྱེས་པ་སོགས་མེད་པའི་དབེན་པ་སྐྱབས་ལྔ་པོ་གང་རུང་ཡོད་པ་ན་སྟན་གཅིག་ལ་འདུག་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་མ་དང་ཞེས་སོགས་ཤེས་པར་བྱའོ། །བཅུ་པ་ནི། གང་བྱས་པས་དགེ་སློང་མས་སྦྱོར་དུ་བཅུག་པ་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཤེས་བཞིན་དུ་ཚུལ་ཁྲིམས་དང་ཐོས་པའི་ཡོན་ཏན་གྱིས་དགེ་སློང་མས་སྦྱོར་དུ་བཅུག་པའི་


DLL1002_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་བཅའ་བ་འཆའ་འམ་བཟའ་བ་ཟ་ན་སྔར་ཁྱིམ་དུ་བོས་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅུ་ཚན་བཞི་པ་ལ་ནི། སྡོམ་གྱིས་མདོར་བསྟན་པ་དང་། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། ལྟུང་བྱེད་བཅུ་ཚན་བཞི་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། ཡང་ཡང་ཟ་བ། འདུག་གནས་གཅིག་ཏུ་ཟ་བ། ཕྱེ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པ་ལེན་པ་དང་། བཅའ་བ་སྟན་གཅིག་པ་དང་། སྤངས་པ་སྟོབ་པ་དང་། འདུས་ཤིང་ཟ་བ་དང་། དུས་མ་ཡིན་པར་ཟ་བ་དང་། སོག་འཇོག་བྱས་པ་ཟ་བ་དང་། ཁ་ནས་མིད་པ་བྱིན་ལེན་མ་བྱས་པར་ཟ་བ་དང་། ཟས་བསོད་པ་བླངས་ནས་ཟ་བའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་ཡང་ཡང་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། བཟའ་བ་ལྔ་པོ་ཡང་ཡང་ཟ་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །འོ་ན་གནང་བའི་དུས་གང་ཞེ་ན། བསླབ་པའི་གཞི་དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། ཟས་གཅིག་གིས་འཚོ་བར་མི་ནུས་པའི་ན་བ་དུས་སོ་མཆོད་རྟེན་ནམ་དགེ་འདུན་གྱི་ཆེད་དུ་ཕྱག་དར་རེ་ལྡེ་ཙམ་མམ་དཀྱིལ་འཁོར་བ་མལ་ཙམ་བྱས་པའི་ལས་དུས་སོ། །དཔག་ཚད་ཕྱེད་དུ་ཕྱིན་པའི་ལམ་དུས་སོ། །དགེ་སྦྱོང་གི་གོས་སྦྱིན་པའི་ཚེ་དུས་ཏེ་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །གཉིས་པ་ནི། གང་བྱས་པས་འདུག་གནས་གཅིག་ཏུ་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཕྱི་རོལ་པའི་འདུག་གནས་གཅིག་ཏུ་ཞག་ལོན་པའི་ཆོས་འདི་པའི་དགེ་སློང་ན་བ་ལ་ལྟུང་བ་མེད་པས་མིན་པས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་ལྟུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པའི་ལྟུང་བར་འགྱུར་ཞེ་ན། དྲུག་སྡེ་ལྟ་


DLL1002_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་དགེ་སློང་རབ་ཏུ་མང་པོ་དག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་དོང་བ་ལས། གལ་ཏེ་དགེ་སློང་དེ་དག་ལ་བྲམ་ཟེ་དང་། ཁྱིམ་བདག་དཀོན་མཆོག་གསུམ་ལ་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དུས་ཀྱིས་ཡང་ཡང་སྟོབ་པར་གྱུར་ལ་འདོད་པ་སྟེ་དོན་དུ་གཉེར་ན་དགེ་སློང་དེ་དག་གིས་ལྷུང་བཟེད་འབྲིང་ཚད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་རང་ཟ་བ་ལས་ལྷག་པ་ཕྱི་རོལ་ཀུན་དགའ་ར་བར་སོང་ལ་ཆོས་འདི་པའི་དགེ་སློང་འཁོད་པ་རྣམས་ལ་ཡང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ། སྐབས་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བཞི་པ་ནི། གང་བྱས་པས་སྟན་གཅིག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པར་བྱས་ནས་བོར་བའི་དོན་གྱིས་ན་ལྷག་པོར་མ་བྱས་པར་བཅའ་བ་འཆའ་འམ་བཟའ་བ་ལྔ་ཟ་ན་ལྟུང་བྱེད་དོ། །ལྔ་པ་ནི། གང་བྱས་པས་སྤངས་པ་སྟོབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་ཟས་སྤངས་པ་ལ་ཀླན་ཀའི་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ལྟུང་བའི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས་ཚེ་དང་ལྡན་པ་བཅའ་བ་འདི་འཚེད་ཅིག །བཟའ་བ་དང་འདི་ཟོ་ཞིག་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་ཡང་ཡང་སྟོབ་ན་ལྟུང་བྱེད་དོ། །དྲུག་པ་ནི། གང་བྱས་པས་འདུས་ཤིང་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་འདུན་དང་མི་མཐུན་པར་འདུས་ཤིང་ཟ་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །འོ་ན་གནང་བའི་དུས་གང་ཞེ་ན། བསླབ་པའི་གཞི་དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་


DLL1002_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །གྲུར་ཞུགས་པ་དུས་དང་། འདུས་པ་ཆེན་པོའི་ཚེ་དུས་དང་། ཕྱི་རོལ་པའི་གསོ་སྦྱོང་གི་ཟས་དུས་ཏེ། བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་ནི། གང་བྱས་པས་དུས་མ་ཡིན་པར་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གང་དུས་མ་ཡིན་པར་བཅའ་བ་ལྔ་འཆའ་འམ་བཟའ་བ་ལྔ་ཟ་ན་ལྟུང་བྱེད་དོ། །འོ་ན་དུས་དང་དུས་མ་ཡིན་པ་དེ་གང་ཞེ་ན། རང་གང་ན་གནས་པའི་གླིང་དེའི་སྐྱ་རེངས་དང་པོ་ཤར་ནས་ཕྱེད་མ་ཡོལ་བའི་བར་ནི་དུས་ཡིན་ལ། ཕྱེད་ཡོལ་ནས་སྐྱ་རེངས་དང་པོ་མ་ཤར་བའི་བར་ནི་དུས་མ་ཡིན་ནོ། །བརྒྱད་པ་ནི། གང་བྱས་པས་སོག་འཇོག་བྱས་པ་ཟ་བའི་སྤང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་བཅའ་བ་ལྔ་དང་བཟའ་བ་ལྔ་སོག་འཇོག་བྱས་པ་འཆའ་འམ་ཟ་ན་མགུལ་དུ་མིད་པ་ན་ལྟུང་བྱེད་དོ། །དེ་ཡང་སོག་འཇོག་ནི་གཉིས་ཏེ། སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་སོག་འཇོག་བྱས་པ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ཡོལ་གྱི་བར་དུ་གསོག་འཇོག་བྱས་པའོ། །དགུ་པ་ནི། གང་བྱས་པས་བྱིན་ལེན་མ་བྱས་པ་ཟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་སྐྱེས་པ་དང་བུད་མེད་དང་མ་ནིང་གིས་མ་བྱིན་པར་ཁ་ནས་མིད་པ་བྱིན་ལེན་མ་བྱས་པའི་ཟས་ཟ་ན་མགུལ་དུ་མིད་པའི་ཚེ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་འགྱུར་རམ་ཞེ་ན། ཆུ་དང་སོ་ཤིང་མ་གཏོགས་སོ། །དེ་ཡང་བྱིན་ལེན་ནི་ལྔ་སྟེ། ལུས་ཀྱིས་ལུས་ལ་བྱིན་པ་དང་། ལུས་ཀྱིས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་སུ་བྱིན་པ་དང་། དཀྱིལ་འཁོར་གྱི་སྟེང་དུ་བཞག་པའོ། །བཅུ་པ་ནི། གང་བྱས་པས་ཟས་བསོད་པ་སློང་བའི་ལྟུང་བྱེད་


DLL1002_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འགྱུར་ཞེ་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་འདི་པའི་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་དང་ཉ་ཤ་དང་ཤ་བསྐམས་དག་སྟེ། དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དེ་ཡང་ནད་པ་ལ་ལྟུང་བ་མེད་པས་མི་ན་བར་བདག་ཉིད་ཀྱིས་ཕྱིར་འོ་མ་ལ་སོགས་པའི་ཟས་བསོད་པ་དེ་ལྟ་བུ་དག་བྲམ་ཟེ་དང་ཁྱིམ་བདག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་མིད་པའི་ཚེ་ལྟུང་བྱེད་དོ། །བཅུ་ཚན་ལྔ་པ་ལ། སྡོམ་གྱི་སྒོ་ནས་མདོར་བསྟན་པ། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བྱེད་བཅུ་ཚན་ལྔ་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་དང་། ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་དུ་སྟན་ལ་འདུག་པ་དང་། དེར་འགྲེང་བ་དང་། གཅེར་བུ་མོ་ལ་ཟས་སྦྱིན་པ་དང་། དམག་ལ་ལྟ་བ་དང་། ཞག་གཉིས་ལས་ལྷག་པར་དམག་ནང་དུ་གནས་པ་དང་། གཡུལ་བཤམ་པ་དཀྲུག་ཏུ་འགྲོ་བ་དང་། རྡེག་པ་དང་། རྡེག་པར་གཟས་པ་དང་། གནས་ངན་ལེན་འཆབ་པའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འདུན་པ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སྲོག་ཆགས་དང་བཅས་པར་ཤེས་བཞིན་དུ་ཐ་མལ་པའི་མིག་ཤེས་ལ་སྣང་བ་དང་། ཆུ་ཚགས་ཀྱིས་ཟིན་པའི་སྲོག་ཆགས་དང་བཅས་པའི་ཆུ་ལ་ནང་དུ་སྤྱོད་པ་འཐུང་བ་ལ་སོགས་པ་དང་། ཕྱི་རོལ་ཏུ་སྤྱོད་པ་ལྷུང་བཟེད་དང་ཆོས་གོས་འཁྲུ་བ་ལ་སོགས་པའི་སྒོ་ནས་སྤྱོད་ན་སྲོག་ཆགས་ཤི་བའི་ཚེ་ན་ལྟུང་བྱེད་དོ། །གཉིས་པ་ནི། གང་བྱས་པས་ཉལ་པོ་བྱེད་པའི་ཁྱིམ་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་


DLL1002_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

སློང་གང་ཡང་རུང་བ་ཉལ་པོ་བྱེད་པར་ཤེས་བཞིན་དུ་བུད་མེད་སྐྱེས་པའི་ཉལ་པོ་བྱ་བ་དང་། སྐྱེས་པ་བུད་མེད་ཀྱི་ཉལ་པོ་བྱེད་པ་ཡིན་པས། ཉལ་པོ་བྱེད་པར་གཤོམ་པའི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དུ་ཕྱིས་གནོན་བྱས་པ་སྟེ་སྟན་ལ་འདུག་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་ཉལ་པོ་བྱེད་པའི་ཁྱིམ་དུ་འགྲེང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཤེས་བཞིན་དུ་ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་དུ་སྐྱེས་པ་ལ་སོགས་པའི་དབེན་པ་རྩིག་པ་ལ་སོགས་པའི་སྐྱབས་ལྔ་པོ་གང་རུང་ཡོད་པར་འདོམ་གང་ཚུན་ལ་འགྲེང་ན་ཉལ་པ་བྱེད་པར་གཤོམ་པ་གཉིས་ཀྱིས་ཚོར་ན་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་གཅེར་བུ་མོ་ལ་ཟས་སྦྱིན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་གཅེར་བུའམ་གཅེར་བུ་མ་ཀུན་ཏུ་རྒྱུ་བའམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བ་ལྔའམ། བཟའ་བ་ལྔ་གང་རུང་བྱིན་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ཡིན་ནམ་ཞེ་ན། ཉེ་དུ་དང་རབ་ཏུ་བྱུང་བ་ལ་ལྟོས་པ་དང་། ན་བ་དང་། སྡིག་པ་ཅན་གྱི་ལྟ་བ་དང་བྲལ་བའི་དོན་དུ་སྦྱིན་པ་མ་གཏོགས་སོ། །ལྔ་པ་ནི། གང་བྱས་པས་དམག་ལ་ལྟ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེའམ་དགེ་སློང་གཞན་གང་ཡང་རུང་བ་དམག་དཔུང་གི་ཚོགས་ཡན་ལག་གཅིག་པ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་གཡུལ་འགྱེད་པར་ཆས་པ་ལྟད་མོ་ལྟར་འགྲོ་ན་ཉེ་འཁོར་ལས་འདས་པ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ངེས་སམ་ཞེ་ན། རྒྱལ་པོས་བཀུག་པ་ལ་སོགས་པའི་བར་ཆད་ཀྱི་དབང་ནི་མ་གཏོགས་སོ། །དྲུག་པ་ནི། གང་བྱས་པས་དམག་ནང་དུ་གནས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དམག་དཔུང་ཚོགས་བཞི་


DLL1002_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

གཡུལ་འགྱེད་པར་ཆས་པ་ལ་རྒྱལ་པོས་བཀུག་པ་ལ་སོགས་པའི་དབང་གིས་ལྟ་བར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་ཞག་གསུམ་པའི་སྐྱ་རེངས་ཤར་བའི་ཚེ་ན་ལྟུང་བྱེད་དོ། །རྒྱལ་པོས་བཀུག་པ་ལ་སོགས་པ་མིན་ན་ཞག་དང་པོ་ལ་ཡང་ལྟུང་བར་འགྱུར་རོ། །བདུན་པ་ནི། གང་བྱས་པས་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བར་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་དགེ་སློང་རྒྱལ་པོས་བཀུག་པ་ལ་སོགས་པའི་དབང་གིས་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ཡང་། གལ་ཏེ་གཡུལ་བཤམ་པ་དཀྲུག་ཏུ་འགྲོ་བའམ། རྒྱལ་མཚན་གྱི་མཆོག་གམ། དཔུང་གི་མཆོག་གམ། གཡུལ་བཤམ་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །དེ་ཡང་རྒྱལ་མཚན་གྱི་མཆོག་ནི་བཞི་སྟེ། ཁྱུ་མཆོག་དང་། ཆུ་སྲིན་དང་། སེང་གེ་དང་། ཀླུའི་རྒྱལ་མཚན་ནོ། །དཔུང་གི་མཆོག་ཀྱང་བཞི་སྟེ། གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་གི་ཚོགས་སོ། །གཡུལ་བཤམ་པ་ཡང་བཞི་སྟེ། འབྲུ་ཡི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས་ལྟ་བུ་དང་། ཟླ་གམ་གྱི་རྣམ་པ་ལྟ་བུ་དང་། ནམ་མཁའ་ལྡིང་གི་འདབ་མ་ལྟ་བུའོ། །བརྒྱད་པ་ནི། གང་བྱས་པས་རྡེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། ཡིད་མ་རངས་ནས་ཆོས་འདི་པའི་དགེ་སློང་ལ་རྡེག་པར་བྱེད་ན་ལུས་ལ་ཕོག་པའི་ཚེ་ན་རྡེག་དཔྱད་རེ་རེ་ལས་ལྟུང་བྱེད་རེ་རེའོ། །དགུ་པ་ནི། གང་བྱས་པས་རྡེག་པར་གཟས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་ཆོས་འདི་པའི་དགེ་སློང་ལ་རྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་རྡེག་དཔྱད་རེ་རེ་ལ་ལྟུང་བྱེད་དོ། །བཅུ་པ་ནི།


DLL1002_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱས་པས་གནས་ངན་ལེན་འཆབ་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་དགེ་སློང་གཞན་གྱི་གནས་ངན་ལེན་གྱི་ལྟུང་བ་ཤེས་བཞིན་དུ་ཆོས་འདི་པའི་དགེ་སློང་གི་གནས་ངན་ལེན་གྱི་ལྟུང་བ་འཆབ་པ་སྟེ་འཁྱུད་ན་དགེ་འདུན་བདེ་བ་ལ་རེག་པར་མི་འགྱུར་བ་ལ་སོགས་པའི་དབང་ཉིད་མ་གཏོགས་པ་ལྟུང་བྱེད་དོ། །བཅུ་ཚན་དྲུག་པ་ལ། སྡོམ་གྱིས་མདོར་བསྟན་པ་དང་། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བྱེད་བཅུ་ཚན་དྲུག་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། བདེ་བ་ཟན་གཅོད་པ་དང་། མེ་ལ་རེག་པ་དང་། འདུན་པ་ཕྱིར་བསྒྱུར་བ་དང་། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་། ཆོས་ལྟ་བའི་རྣམ་པ་མི་གཏོང་བ་དང་། སྨྲ་བ་སྤངས་པའི་རྗེས་སུ་ཕྱོགས་པ་དང་། དགེ་ཚུལ་བསྙིལ་བ་སྡུད་པ་དང་། ཁ་དོག་མ་བསྒྱུར་བའི་གོས་གྱོན་པ་དང་། རིན་པོ་ཆེ་ལ་རེག་པ་དང་། ཚ་བའི་དུས་ཏེ་ཁྲུས་ཀྱི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི་གང་བྱས་པས་ཟན་གཅོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའམ་དགེ་སློང་གཞན་གང་ཡང་རུང་བ་ཀླན་ཀ་ཚོལ་ཞིང་ཅི་ནས་ཆོས་ལྟར་དགེ་སློང་འདི་ལ་ཀླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ནད་ཀྱི་གཉེན་པོའི་ཕྱིར་མ་ཡིན་པར་ཆེད་དུ་བསམས་ནས་ཆོས་འདི་པའི་དགེ་སློང་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཚུར་ཤོག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་འདོང་དང་དེར་ཁྱོད་ལ་བཅའ་བ་ལྔ་དང་བཟའ་བ་ལྔ་བསོད་པ་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ཏེ། ཚིག་གིས་ཟན་གཅད་ནས་དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་བའམ་འདུག་པར་བདེ་བ་མ་ཡིན་གྱིས། འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་


DLL1002_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བའམ་འདུག་ན་བདེ་ཡིས་ཁྱོད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ། །གཉིས་པ་ནི། གང་བྱས་པས་མེ་ལ་རེག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ན་བ་ལ་ལྟུང་བ་མེད་པས་མི་ན་བར་བདག་ཉིད་ཀྱི་ཕྱིར་དུས་བྱིན་གྱིས་མ་བརླབས་པར་མེ་ལ་རང་གིས་རེག་གམ་གཞན་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དགའ་བོ་ལྟ་བུའི་དགེ་སློང་གང་སངས་རྒྱས་ཀྱི་ཉན་ཐོས་བྱ་བ་ལས་ཆོས་དང་ལྡན་པ་ལས་ཆོས་འདི་པའི་དགེ་སློང་ལ་འདུན་པ་ཕུལ་བ་སྟེ་འདུན་པ་བྱིན་ནས། དེའི་འོག་ཏུ་དུས་གཞན་ཞིག་ན་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། ཡི་མ་རངས་ནས་སྔར་འདུན་པ་ཕུལ་བ་སྤོང་བའི་ཆོས་སུ་བྱེད་ཅིང་། ཚིག་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག །ཁྱོད་ལ་འདུན་པ་མི་སྦྱིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་། ཉེར་དགའ་ལྟ་བུའི་དགེ་སློང་གང་ཟག་བསྙེན་པར་མ་རྫོགས་པ་ཁྱིམ་པ་དང་དགེ་ཚུལ་ཕ་མ་ལ་སོགས་པ་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་བཞི་པོ་གང་ཡང་རུང་བ་གཅིག་ཏུ་ཉལ་ན་ནུབ་གསུམ་པའི་སྐྱ་རེངས་ཤར་བ་ན་ལྟུང་བྱེད་དོ། །དེ་ཡང་གནས་བཞི་ནི། ཐམས་ཅད་གསོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བའོ། །ལྔ་པ་ནི། གང་བྱས་པས་ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆི་ལྟས་སམ་དགེ་སློང་གང་ཡང་རུང་བ་ཚིག་འདི་སྐད་ཅེས། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་། ཐར་པ་ལ་བར་དུ་གཅོད་པའི་


DLL1002_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་གསུངས་པ་ཕམ་པར་འགྱུར་བ་བཞི། ལྷག་མ་བཅུ་གསུམ། མ་ངེས་པ་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་དགུ་བཅུ། སོར་བཤགས་བཞི། བསླབ་པར་བྱ་བའི་ཆོས་མང་པོ། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་པོ་གང་དག་ཡིན་པ་དེ་དག་བསྟེན་པ་སྟེ་སྤྱད་ཀྱང་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། འཆི་ལྟས་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པ་ཁྱོད། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་མ་ཟེར་ཞིག་བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་བ་འདེབས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས་ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོང་ཞིག་ཅེས་ཚིག་འཇམ་པོས་བསྒོ་བར་བྱའོ། །འཆི་ལྟས་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བཞམས་ཏེ་བསྒོ་བ་ན་གལ་ཏེ་ལྟ་བའི་རྣམ་གཞི་དེ་གཏོང་བར་བྱ་བའི་ཕྱིར། གསོལ་བ་དང་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་བཞི་དེ་གཏོང་ན་ལེགས་ཏེ། དངོས་གཞིའི་ལྟུང་བ་མ་བྱུང་བའི་ཕྱིར། རྗོད་པ་


DLL1002_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པའི་མཐའ་ལ་མི་གཏོང་ན་ལྟུང་བྱེད་དོ། །དྲུག་པ་ནི། གང་བྱས་པས་སྤངས་པའི་རྗེས་སུ་ཕྱོགས་པའི་ལྟུང་བར་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཤེས་བཞིན་དུ་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟན་ཀྱང་བར་དུ་གཅོད་པའི་ཆོས་སུ་མི་འགྱུར་བར་བདག་གིས་ཤེས་སོ་ཞེས་དེ་སྐད་ཟེར་བའི་གང་ཟག་དགེ་སློང་འཆི་ལྟས་ལྟ་བུ་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་། གཏམ་འདྲེ་བ་ལུང་འབོགས་པ་དང་། ཕེབས་པར་སྨྲ་བ་དམིགས་ཀྱིས་འདྲི་བ་དང་། ཀུན་ཏུ་གནས་པ་གནས་སྦྱིན་པར་བྱེད་པ་དང་། ཀུན་ཏུ་སྤྱོད་པ་དེའི་ལོངས་སྤྱོད་ལ་ལོངས་སྤྱོད་པར་བྱེད་ཅིང་། དེ་དང་ལྷན་ཅིག་གནས་བཞི་པོ་གང་རུང་གཅིག་ཏུ་ཉལ་ན་ནད་དང་ལྟ་བ་དང་དབྲལ་བའི་ཆེད་མ་གཏོགས་པ་མཚན་མཐར་ལྟུང་བྱེད་དོ། །བདུན་པ་ནི། གང་བྱས་པས་བསྙིལ་བ་སྡུད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཚེར་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པའི་ཡོན་ཏན་ལྔ་པོ་དག་སྤྱོད་པ་ནི་དགེ་ཚུལ་ལ་བར་དུ་གཅོད་པ་ཞེས་གང་གསུངས་པ་དེ་དག་བསྟེན་ཀྱང་དགེ་སྦྱོང་གི་ཚུལ་ལ་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཀུན་བདག་གིས་ཤེས་སོ་ཞེས་ཟེར་ན། ཚེར་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས། དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཞིག་བཅོམ་ལྡན་འདས་ལ། སྐུར་བ་མ་འདེབས་ཤིག །


DLL1002_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ལ་སྐུར་བ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་བ་བཏབ་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་དང་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ཐོང་ཞིག་ཅེས་བཞམས་ཏེ་བསྒོ་བར་བྱའོ། །ཚེར་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། གསོལ་བ་དང་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན། ཚེར་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཞིག །ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཞིག་ཅེས་བསྒོ་བར་བྱའོ། །ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་དགེ་ཚུལ་བསྙིལ་བར་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པ་གནས་སྦྱིན་པར་བྱེད་དམ། ཉེ་བར་སྟོན་པ་ལུང་


DLL1002_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

འབོགས་པ་སོགས་བྱེད་དམ། དེ་དང་ལྷན་ཅིག་གནས་བཞི་པོ་གང་རུང་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །བརྒྱད་པ་ནི། གང་བྱས་པས་ཁ་མ་བསྒྱུར་བའི་གོས་གྱོན་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་དགེ་སློང་གིས་བལ་གྱིས་གོས་ལ་སོགས་པའི་གོས་བདུན་པོ་གང་ཡང་རུང་བ་གསར་པ་ཞིག་རྙེད་ན་ཁ་བསྒྱུར་བ་གསུམ་པོ་སྔོན་པོ་རམས་ལྟ་བུའམ། དམར་པོ་བཙག་ལྟ་བུའམ། ངུར་སྨྲིག་ཤིང་ཤུན་ལས་གང་ཡང་རུང་བས་ཁ་བསྒྱུར་བར་བྱའོ། །གལ་ཏེ་དྲུག་སྡེ་ལྟ་བུའི་དགེ་སློང་གིས་བལ་ལ་སོགས་པའི་གོས་གསར་པ་ཁ་བསྒྱུར་བ་གསུམ་པོ། སྔོན་པོ་རམས་ལྟ་བུའམ། དམར་པོ་བཙག་ལྟ་བུའམ། ངུར་སྨྲིག་ཤིང་ཤུན་ལས་གང་ཡང་རུང་བས་ཁ་མ་བསྒྱུར་བར་སྤྱོད་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་ལོངས་པའི་གཞིར་གཏོགས་པའི་སྤང་བར་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ནོར་བུ་དང་མུ་ཏིག་ལ་སོགས་པའི་རིན་པོ་ཆེའམ། གཡུལ་ངོར་སྤྱད་པའི་མཚོན་ཆའམ། རོལ་མོར་སྤྱད་པའི་ཡོ་བྱད་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ། གཞན་ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་ཀུན་དགའ་ར་བའི་ནང་ན་འདུག་པ་མ་ཏོགས་ཏེ་ལྟུང་བྱེད་དོ། །དྲུག་སྡེ་ལྟ་བུའི་དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པ་ཕྱི་རོལ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ནང་ན་ནོར་བུ་ལ་སོགས་པའི་རིན་པོ་ཆེའམ། གཡུལ་ངོར་སྤྱད་པའི་མཚོན་ཆ་ལ་སོགས་པའི་རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་བདག་པོ་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། བསླབ་པའི་གཞི་བཅས་པ་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བཅུ་པ་ནི། གང་བྱས་པས་ཁྲུས་བྱེད་པའི་ལྟུང་བྱེད་དུ་འགྱུར་


DLL1002_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་ཁྲུས་བྱེད་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །འོ་ན་གནང་བའི་དུས་གང་ཞེ་ན། བསླབ་པའི་གཞི་དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་པོ་དབྱར་ཟླ་ར་བའི་ཚེས་གཅིག་ནས་དབྱར་ཟླ་འབྲིང་པོའི་ཉའི་བར་དང་། དབྱར་རྣམས་ཀྱི་དང་པོ་དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས། དབྱར་ཟླ་ཐ་ཆུང་གི་ཉའི་བར་དང་། ཟླ་བ་ཕྱེད་དང་གསུམ་པ་འདི་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི། ན་བ་དུས་སོ། །ལུས་དུས་སོ། །ལམ་དུས་སོ། །རླུང་གིས་ཆོས་ཀྱི་སྒྲ་བསྐུལ་བའི་རླུང་དུས་སོ། །ལུས་ལ་ཆར་གྱི་ཐིགས་པ་གཉིས་ཡན་ཆད་ཕོག་པའི་ཆར་དུས་སོ། །ལུས་ལ་ཆར་གྱི་ཐིགས་པ་གཉིས་ཡན་ཆད་ཕོག་པའི་ཆར་དུས་སོ། །རྫི་ཆར་དུས་ཏེ་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བཅུ་ཚན་བདུན་པ་ལ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་གཉིས་ལས། དང་པོ་ནི། ལྟུང་བྱེད་བཅུ་ཚན་བདུན་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། དུད་འགྲོ་གསོད་པ་དང་། འགྱོད་པ་སྐྱེད་པ་དང་། སོར་མོ་ག་ག་ཚིལ་དང་། ཆུ་ལ་རྩེ་བ་དང་། བུད་མེད་དང་ལྷན་ཅིག་ཉལ་བ་དང་། སྔངས་པར་བྱེད་པ་དང་། གོས་སྦེད་པ་དང་། གདེང་མེད་པ་བྱིན་པས་འཚོ་བ་དང་། གཞི་མེད་པར་སྐུར་བ་འདེབས་པ་དང་། སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་དུད་འགྲོ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སྲོག་གཅོད་པར་བསམས་བཞིན་དུ་གསོད་པའི་འདུ་ཤེས་ཀྱིས་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་མཚོན་ལ་སོགས་པ་བསྣུན་པའི་སྒོ་ནས་གསོད་ན་དེའི་རྐྱེན་གྱིས་ཤིའམ།


DLL1002_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ཚེ་ཤི་ན་ལྟུང་བྱེད་དོ། །གཉིས་པ་ནི། གང་བྱས་པས་འགྱོད་པ་སྐྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བའི་དགེ་སློང་གང་འགྱོད་པ་སྐྱེད་པར་བསམས་བཞིན་དུ་ཅི་ནས་དགེ་སློང་འདི་ཐ་ན་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་རེག་པར་མི་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་རྐྱེན་གཞན་མེད་པར་ཆོས་འདི་པའི་དགེ་སློང་ལ་ཁྱེད་བསྙེན་པར་རྫོགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འགྱོད་པ་སྐྱེད་ན་འགྱོད་པ་མ་སྐྱེས་ཀྱང་རུང་སྟེ་དོན་གོ་ན་ལྟུང་བྱེད་དོ། །གསུམ་པ་ནི། གང་བྱས་པས་ག་ག་ཚིལ་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དགེ་སློང་ལ་སོར་མོའམ་ཁུ་ཚུར་ལ་སོགས་པས་ག་ག་ཚིལ་སྐྱི་གཡའ་བར་བྱེད་ན་རེག་བྱེད་དུ་མ་ལ་ཡང་ལྟུང་བ་གཅིག་ཏུ་འགྱུར་རོ། །བཞི་པ་ནི། གང་བྱས་པས་ཆུ་ལ་རྩེ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། སིམ་པར་འདོད་པ་དང་། རྐྱལ་སློབ་པ་ལ་ལྟུང་བ་མེད་པས་རྩེ་བའི་བསམ་པས་ཆུ་ལ་རྩེ་ན་ལྟུང་བྱེད་དོ། །ལྔ་པ་ནི། གང་བྱས་པས་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་བུད་མེད་དམ་གཞོན་ནུ་མ་མི་ཚངས་པར་སྤྱོད་པ་འཁྲིག་པ་སྟོན་ནུས་པ་དང་ལྷན་ཅིག་གནས་བཞི་པོ་གང་རུང་ཞིག་ཏུ་གློས་ཕབ་སྟེ་ཉལ་ན་ལྟུང་བྱེད་དོ། །དྲུག་པ་ནི། གང་བྱས་པས་སྔངས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་ལ་སྔངས་པར་རང་གིས་བྱེད་དམ། གཞན་སྔངས་པར་བྱེད་དུ་འཇུག་ན་བཞད་གད་དེ་ཀུ་རེ་བྱ་བར་བསམས་ཀྱང་རུང་སྟོབས་རོལ་པ་སྐྱོ་བར་བྱ་བའི་ཆེད་མ་གཏོགས་ཏེ་ལྟུང་བྱེད་དོ། །བདུན་པ་ནི། གང་བྱས་པས་སྦེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་། ཆོས་འདི་པའི་དགེ་སློང་ངམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ།


DLL1002_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དྲ་བ་ལྷུང་བཟེད་ཀྱི་སྣོད་དམ། ཕོར་བུའམ། སྐ་རགས་སམ། དེ་དག་ལས་གཞན་པའི་དགེ་ཚུལ་གྱི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་རང་གི་སྦེད་དམ། གཞན་སྦེད་དུ་འཇུག་ན་ཕན་པར་འདོད་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །བརྒྱད་པ་ནི། གང་བྱས་པས་བྱིན་པས་ཉེ་བར་འཚོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཆོས་འདི་པའི་དགེ་སློང་ལ་ཆོས་གོས་བླང་བ་མེད་པར་བྱིན་ནས་དེའི་འོག་ཏུ་གདེང་མེད་པར་ལོངས་སྤྱོད་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་སྐུར་བ་འདེབས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཡང་རུང་བ་ཁྲོས་ཤིང་ཞེ་སྡང་བ་ཡིད་མི་དགའ་བར་གྱུར་ནས་གྱད་བུ་ནོར་ལྟ་བུའི་དགེ་སློང་དག་པ་གླེང་བའི་གཞི་དེའི་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་ལས་གང་ཡང་རུང་བས་སྐུར་བ་འདེབས་ན་ལྟུང་བྱེད་དོ། །བཅུ་པ་ནི། གང་བྱས་པས་བུད་མེད་དང་ལྷན་ཅིག་ལ་ལམ་དུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་རིག་པའི་སྐྱེས་པ་མེད་པར་བུད་མེད་དམ་གཞོན་ནུ་མ་འཁྲིག་པ་སྟེན་ནུས་པ་དང་ལྷན་ཅིག་དགོན་པའི་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ། རྒྱང་གྲགས་གཅིག་འདས་པ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་དེ་ལྟར་འགྱུར་རམ་ཞེ་ན། དེས་བསིལ་བྱེད་པ་དང་། ལམ་སྟོན་པ་དང་། མི་ནུས་པ་འཁྲིད་པ་ནི་མ་གཏོགས་སོ། །བཅུ་ཚན་བརྒྱད་པ་ལ། སྡོམ་གྱིས་མདོར་བསྟན་པ་དང་། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བྱེད་བཅུ་ཚན་བརྒྱད་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་དང་།


DLL1002_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ས་རྐོ་བ་དང་། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་དང་། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་། འཐབ་པ་ཉན་རྣ་ལས་གྱུར་པ་དང་། མི་སྨྲ་བར་འགྲོ་བ་དང་། མི་གུས་པ་མ་གུས་པའི་ཚུལ་གྱིས་དང་། ཆང་འཐུང་བ་དང་། དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི་གང་བྱས་པས་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་དོན་མཐུན་རྐུན་མ་གྲོང་འཇོམ་པར་བྱེད་པའི་ཆོམ་རྐུན་དང་། ཤོ་གམ་འབྲལ་བར་བྱེད་པའི་ཚོང་པ་དང་ལྷན་ཅིག་དགོན་པའི་འགྲོན་ལམ་དུ་འགྲོ་ན་གྲོང་བར་དུ་ཡང་རུང་སྟེ་རྒྱང་གྲགས་གཅིག་འདས་པ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ཡིན་ནམ་ཞེ་ན། དེས་བསིལ་བྱེད་པ་སོགས་ནི་མ་གཏོགས་སོ། །གཉིས་པ་ནི། གང་བྱས་པས་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ། གང་ཟག་ལོ་ཉི་ཤུ་མ་ལོན་པ་མཁན་པོའི་སྒོ་ནས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ། །དེ་ལྟར་བྱེད་ན་གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ། དགེ་སློང་དེ་དག་ཀྱང་བསླད་པར་འགྱུར་ཏེ། བསླབ་པའི་གཞི་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །གསུམ་པ་ནི། གང་བྱས་པས་ས་རྐོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བ་རང་གི་ལག་གིས་རང་བཞིན་ཅན་དང་རང་བཞིན་ཅན་མ་ཡིན་པ་གཉིས་ལས་འཐས་པའི་རང་བཞིན་ཅན་གྱི་ས་རྐོའམ་རྐོར་འཇུག་ན་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཛུགས་པ་མ་གཏོགས་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། དྲུག་སྡེ་ལྟ་བུའི་


DLL1002_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་སློང་གིས་ཟླ་བ་བཞི་ཚུན་ཆད་དུ་མགྲོན་དུ་བོས་པ་བདག་གིར་བྱ་བ་སྟེ་ཁས་བླང་བར་བྱའོ། །ཟླ་བ་བཞི་པོ་དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ཡིན་ནམ་ཞེ་ན། དགེ་སློང་སོ་སོར་ཏེ་ཐ་དད་དུ་མགྲོན་དུ་བོས་པ་དང་། དགེ་སློང་ཡང་དང་ཡང་དུ་མགྲོན་དུ་བོས་པ་དང་། དགེ་སློང་དུས་ཀྱིས་ཏེ་ནན་ཏན་གྱིས་མགྲོན་དུ་བོས་པ་དང་། དགེ་སློང་རྟག་ཏུ་སྟེ་ཇི་སྲིད་འཚོའི་བར་དུ་མགྲོན་དུ་བོས་པ་མ་གཏོགས་ཏེ་བསླབ་པའི་གཞི་དེ་ལ་དེ་ནི་དུས་ཡིན་ནོ། །ལྔ་པ་ནི། གང་བྱས་པས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱེད་ཀྱིས་བསླབ་པ་གང་ཡིན་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དག་འདི་སྐད་ཅེས། བདག་དགེ་སློང་མདོ་སྡེ་མཐའ་དག་འཛིན་པ་དང་། འདུལ་བ་མཐའ་དག་འཛིན་པ་དང་། མ་མོ་མཐའ་དག་འཛིན་པ་རྣམས་ལ་འདྲི་བའི་བར་དུ། ལུས་ངག་ཡིད་གསུམ་གྱི་བྱ་བ་མ་ཡིན་པར་བྱེད་པ་བྱིས་པ། སྡེ་སྣོད་གསུམ་མི་འཛིན་པས་རྨོངས་པ། སྡེ་སྣོད་གསུམ་ལ་མི་གསལ་བ། སྡེ་སྣོད་གསུམ་ལ་མི་མཁས་པ་ཁྱོད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་པོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་དེ་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་(༤༢ན)འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ་བསླབ་པའི་གཞི་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དྲུག་པ་ནི། གང་བྱས་པས་ཉན་རྣ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་རྣམས་འཐབ་པར་འགྱུར། མཚང་འབྲུ་བར་འགྱུར། མི་མཐུན་པར་འགྱུར། རྩོད་པར་གྱུར་ཅིང་འཁོད་པ་ལ། དགེ་སློང་འདི་དག་ཇི་སྐད་


DLL1002_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བ་དེ་བདག་གིས་མཉན་ཏེ། དེ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པ་སྟེ་ཟིལ་གྱིས་གནན་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། ཅང་མི་སྨྲ་བར་ཉན་ནས་འདུག་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ངེས་སམ་ཞེ་ན། ཞི་བར་འདོད་པ་ནི་མ་གཏོགས་སོ། །བདུན་པ་ནི། གང་བྱས་པས་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དགའ་བོ་ལྟ་བུའི་དགེ་སློང་གཞན་དག་ཡང་རུང་བ། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབ་པ་གསོལ་བ་འབའ་ཞིག་གི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་བྱུང་བ་ན། ཐོས་པའི་ཉེ་འཁོར་ལས་འདས་པར་འགྲོ་ཞིང་། དགེ་སློང་འདུག་པ་ལ་མི་སྨྲ་ན་ལྟུང་བྱེད་དོ། །ཐམས་ཅད་དུ་ངེས་སམ་ཞེ་ན། ལྷུང་བཟེད་དང་ཆོས་གོས་མེས་འཇིག་པ་ལ་སོགས་པ་དེ་འདྲའི་རྐྱེན་མ་གཏོགས་སོ། །བརྒྱད་པ་ནི། གང་བྱས་པས་མི་གུས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་དང་། དགེ་སྐོས་དང་། སངས་རྒྱས་ཀྱི་ཚིག་ལ་གུས་པར་མི་བྱེད་ན་ལྟུང་བྱེད་དོ། །དགུ་པ་ནི། གང་བྱས་པས་ཆང་འཐུང་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ནས་དང་གྲོ་ལ་སོགས་པ་ལས་བྱས་པ་འབྲུའི་ཆང་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་ལས་བྱས་པ་བཅོས་པའི་ཆང་། དེ་ཡང་མྱོས་པར་མི་འགྱུར་བ་ལ་ལྟུང་བྱེད་མེད་པས། མྱོས་པར་འགྱུར་བ་འཐུང་ན་མགུལ་དུ་མིད་པ་ན་ལྟུང་བྱེད་དོ། །བཅུ་པ་ནི། གང་བྱས་པས་དུས་མ་ཡིན་པར་གྲོང་དུ་འཇུག་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་དུས་མ་ཡིན་པར་གྲོང་གསུམ་མདོ་དང་བཞི་མདོ་ལ་སོགས་པར་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན་ལྷུང་བཟེད་མེས་འཚིག་པ་ལ་སོགས་པ་དེ་འདྲ་བའི་རྐྱེན་མ་གཏོགས་


DLL1002_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལྟུང་བྱེད་དོ། །བཅུ་ཚན་དགུ་པ་སྡོམ་གྱི་སྒོ་ནས་མདོར་བསྟན་པ་དང་། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། ལྟུང་བྱེད་བཅུ་ཚན་དགུ་པ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། ཟས་བཅས་ཁྱིམ་དུ་རྒྱུ་བ་དང་། སྐྱ་རེངས་མ་ཤར་བར་མཚན་མོ་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དང་། ད་གདོད་དེ་བསླབ་པ་ཁྱད་དུ་གསོད་པ་དང་། ཁབ་རལ་འཆོས་པ་དང་། ཁྲི་རྐང་འཆོས་པ་དང་། ཤིང་བལ་བདལ་བ་དང་། གདིང་བ་དང་། གཡན་པ་དགབ་པ་དང་། དབྱར་གྱི་རས་ཆེན་དང་། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ལ་བཅུ་ལས། དང་པོ་ནི། གང་བྱས་པས་ཁྱིམ་དུ་རྒྱུ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའམ་དགེ་སློང་གཞན་གང་ཡང་རུང་བ་ཟས་དང་བཅས་པའི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་ཏུ་མགྲོན་དུ་བོས་ནས་སྔ་དྲོ་ཁྱིམ་གསུམ་ལས་ལྷག་པ་དང་། ཕྱི་དྲོ་ཁྱིམ་བཞི་ལས་ལྷག་པར་རྒྱུ་ཞིང་། ཁྱིམ་པ་འདུག་པ་ལ་ཁོ་བོ་མ་འོངས་པའི་དབང་གིས་ཟན་ཡོལ་བར་མ་བྱེད་ཅིག་ཅེས་མི་བསྒོ་ན་ལྷུང་བཟེད་དང་ཆོས་གོས་མེས་འཇིག་པ་ལ་སོགས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གཉིས་པ་ནི། གང་བྱས་པས་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བ་ནམ་མ་ལངས་པ་སྟེ་སྐྱ་རེངས་གསུམ་ལས་སྐྱ་རེངས་ཐ་མ་མ་ཤར་བར་ནོར་བུ་ལ་སོགས་པའི་རིན་པོ་ཆེ་དག་གམ་གཡུལ་ངོར་སྤྱད་པའི་མཚོན་ཆ་ལ་སོགས་པའི་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ། སྒོ་གཏན་གྱི་ཉེ་འཁོར་ལས་འདས་པར་འགྲོ་ན་ཇི་སྙེད་ཕྱིན་པ་དེ་སྙེད་


DLL1002_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལྟུང་བར་འགྱུར་རོ། །ཐམས་ཅད་དུ་ངེས་སམ་ཞེ་ན། རྒྱལ་པོས་བཀུག་པ་དང་གདུལ་བྱ་འདུལ་བ་སོགས་དེ་འདྲའི་རྐྱེན་མ་གཏོགས་སོ། །གསུམ་པ་ནི། གང་བྱས་པས་བསླབ་པའི་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་ཕམ་པ་བཞི། ལྷག་མ་བཅུ་གསུམ། མ་ངེས་པ་གཉིས། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། བསླབ་པར་བྱ་བ་མང་པོ། རྩོད་པར་ཞི་བར་བྱེད་པ་བདུན་པོ་འདོན་པ་གདོན་པའི་ཚེ་ན། འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདི་ཡང་མདོའི་ནང་དུ་གཏོགས། མདོའི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་ཞེས་ཟེར་ན། དགེ་སློང་དེ་ལ་གལ་ཏེ་ཆོས་འདི་པའི་དགེ་སློང་གང་འཁོད་པ་རྣམས་ཀྱིས་ཚེ་དང་ལྡན་པ་འདི། སྔར་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་གྲལ་ན་འདུག་པར་ཤེས་ཤིང་དེ་ལས་ལན་མང་དུ་ལྟ་ཅི་སྨོས་ན་ཚེ་དང་ལྡན་པ་དེ་མི་ཤེས་པས་ལྟུང་བ་ལས་མི་གྲོལ་བས་ལྟུང་བ་དང་བཅས་པ་ཡིན་པ་དེ་ལྟུང་བ་གང་བྱུང་བ་དེ་ཆོས་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བླགས་ཏེ་མི་བྱེད། སེམས་ཅན་ཐམས་ཅད་ཀྱིས་བསམས་ཏེ་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མིན་ཞིང་། ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་འདི་ཡིན་ཏེ་ལྟུང་བྱེད་དོ། །བཞི་པ་ནི། གང་བྱས་པས་ཁབ་རལ་འཆོས་པའི་


DLL1002_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བྱེད་དུ་འགྱུར་ཞེ་ན། བ་སོའམ། རུས་པའམ། རྭའི་ཁབ་རལ་སྦུ་གུ་ཅན་ནམ། ཆང་བ་ལྟ་བུ་རང་གིས་སམ། གཞན་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་ཁབ་རལ་བཅག་ནས་བཤགས་དགོས་སོ། །ལྔ་པ་ནི། གང་བྱས་པས་ཁྲི་རྐང་འཆོས་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གིས་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་ཁྲིའམ་ཁྲིའུ་རང་གིས་སམ་གཞན་བྱེད་དུ་འཇུག་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་པ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དེ་ཚད་དང་ལྡན་པའི་ཁྲུ་གང་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་ན་གང་ལྷག་པའི་ཆ་དེ་བཅད་ནས་བཤགས་དགོས་སོ། །དྲུག་པ་ནི། གང་བྱས་པས་ཤིང་བལ་གྱི་གོས་བྱེད་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་བལ་ལྔ་ལས་གང་ཡང་རུང་བ་རང་གིས་བདལ་ལམ་གཞན་བདལ་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་ན་ཤིང་བལ་གང་བདལ་བ་དེ་བསྡུས་ནས་བཤགས་དགོས་སོ། །བདུན་པ་ནི། གང་བྱས་པས་གདིང་བ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གིས་གནས་མལ་གྱི་སྟེང་དུ་འདིང་བའི་གདིང་བ་རང་གིས་སམ་གཞན་བྱེད་དུ་འཇུག་ན་ཚད་གང་ཡིན་པ་བཞིན་དུ་བྱེད་དུ་ཆུག་ཅིག །འོ་ན་ཚད་གང་ཞེ་ན། བསླབ་པའི་གཞི་བཅས་པ་དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ་སྟེ་ཚད་དང་ལྡན་པའི་ཁྲུ་གསུམ། ཞེང་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་དོ་སྟེ། ཚད་དང་ལྡན་པའི་ཁྲུ་དོ་སོར་དྲུག་གོ །མི་ཆོག་ན་


DLL1002_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་སྟེ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་བསྲིངས་ཤིག །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་དང་གང་ལྷག་པའི་ཆ་དེ་བཅད་ནས་བཤགས་དགོས་སོ། །བརྒྱད་པ་ནི། གང་བྱས་པས་གཡན་པ་དགབ་པ་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གིས་གཡན་པ་དགབ་པའི་གོས་རང་གིས་སམ་གཞན་བྱེད་དུ་འཇུག་ན་ཚད་གང་ཡིན་པ་བཞིན་དུ་བྱེད་དུ་ཆུག་ཅིག །ཚད་གང་ཞེ་ན། བསླབ་པའི་གཞི་དེ་ལ་གཡན་པ་དགབ་པའི་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི་སྟེ་ཚད་དང་ལྡན་པའི་ཁྲུ་དྲུག །ཞེང་དུ་བདེ་བར་གཤེགས་པའི་མཐོ་དོ་སྟེ་ཚད་དང་ལྡན་པའི་ཁྲུ་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་ལྷག་པའི་ཆ་བཅད་ནས་བཤགས་དགོས་སོ། །དགུ་པ་ནི། གང་བྱས་པས་དབྱར་གྱི་རས་ཆེན་གྱི་ལྟུང་བར་འགྱུར་ཞེ་ན། ཡང་ཆོས་འདི་པའི་དགེ་སློང་གིས་དབྱར་ཆར་སྐྱོབ་པའི་གོས་རས་ཆེན་རང་གིས་སམ་གཞན་བྱེད་དུ་འཇུག་ན་ཚད་གང་ཡིན་པ་བཞིན་དུ་བྱེད་དུ་ཆུག་ཅིག །འོ་ན་ཚད་གང་ཞེ་ན། བསླབ་པའི་གཞི་བཅས་པ་དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་སྟེ་ཚད་དང་ལྡན་པའི་ཁྲུ་དགུ། ཞེང་དུ་བདེ་བར་གཤེགས་པའི་མཐོ་ཕྱེད་དང་གསུམ་སྟེ་ཚད་དང་ལྡན་པའི་ཁྲུ་གསུམ་དང་སོར་བཅོ་བརྒྱད་དོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ཡང་ལྟུང་བ་བཤགས་པའི་ཚེ་ན་གང་ལྷག་པའི་ཆ་དེ་བཅད་ནས་བཤགས་དགོས་སོ། །བཅུ་པ་ནི། གང་བྱས་པས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་དུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་བདེ་བར་


DLL1002_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་ལུས་ཙམ་མེད་པར་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱིས་ཆོས་གོས་རང་གིས་སམ་གཞན་བྱེད་དུ་འཇུག་གམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་ལྷག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །འོ་ན་ཚད་དེ་རང་གང་ཞེ་ན། བསླབ་པའི་གཞི་བཅས་པ་དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་སྟེ་རང་ཁྲུ་ལྔ། ཞེང་དུ་མཐོ་དྲུག་སྟེ་རང་ཁྲུ་གསུམ་མོ། །བསླབ་པའི་གཞི་བཅས་པ་དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །གསུམ་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་བཅུ་པོ་དག་བཏོན་ཟིན་ཏོ་ཞེས་མཇུག་བསྡུ་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། དམ་བཅའ་མཐར་ཕྱིན་པ་དང་། ཉན་པ་པོ་སྤྲོ་བ་བསྐྱེད་པའི་ཆེད་ཡིན་པའི་ཕྱིར། བཞི་པ་རྣམ་གཞག་བསྒྲག་པ་ནི། ལྟུང་བྱེད་འབའ་ཞིག་པ་བཏོན་པ་དེ་ལ་ཞེས་སོ། །གསུམ་པ་སོ་སོར་བཤགས་པ་གདོན་པ་ལ་ལྔ་སྟེ་སྡོམ་གྱིས་མདོར་བསྟན། སོར་བཤགས་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། སོར་བཤགས་སྡོམ་དུ་བསྡུས་པ་ཆོས་ཅན། རྣམ་པ་བཞི་ཡོད་དེ། སངས་རྒྱས་ཕན་པ་གསུང་བ་ཡིས་སོ་སོར་བཤགས་པར་བྱ་བར་གསུངས་པ་གྲོང་དུ་དགེ་སློང་མ་ལ་ཟས་ལེན་པ་དང་། ཁྱིམ་གཞན་ཉིད་དེ་གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་དང་། བསླབ་པ་རྣམས་ཏེ་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་དང་། དགོན་པ་སྟེ་ནགས་བརྟག་པ་ལས་བྱུང་བའི་སོར་བཤགས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན། སོར་བཤགས་བཞི་འདོན་པ་


DLL1002_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལས་ཤེས་ཤེ་ན། སྐྱོན་མེད་དེ། ཚེ་དང་ལྡན་པ་དག་སྨྲེ་སྔགས་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བའི་ཆོས་འོག་ནས་འབྱུང་བ་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ་འདུལ་བ་འཛིན་པའི་ངག་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་ལ་བཞི་ལས། དང་པོ་ནི། གང་བྱས་པས་དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་སུ་འགྱུར་ཞེ་ན། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་མ་བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལམ་པོ་ཆེ་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་ལམ་པོ་ཆེ་དང་སྲང་དང་། བཞི་མདོ་དང་། གསུམ་མདོ་ལ་སོགས་པའི་གྲོང་དུ་འགྲོ་བ་སྟེ་གནས་པ་ལས་དགེ་སློང་བཅའ་བ་ལྔ་པོ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དང་། བཟའ་བ་ལྔ་པོ། འབྲས་ཆན་དང་། ཟན་དྲོན་དང་། ལྡེ་གུ་དང་། ཤ་དང་། སྣུམ་ཁུར་རང་གི་ལག་གིས་བླངས་ཏེ་འཆའམ་ཟ་ན་མགུལ་དུ་མིད་པའི་ཚེ་ན་སོར་བཤགས་སུ་འགྱུར་རོ། །དེ་ཡང་མཐོལ་བའི་ཚུལ་ནི། སོར་བཤགས་བྱུང་བའི་དགེ་སློང་དེས་གྲོང་གི་ཕྱི་རོལ་ཀུན་དགའ་ར་བ་གཙུག་ལག་ཁང་དུ་སོང་སྟེ། དགེ་སློང་གང་འཁོད་པ་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཚུལ་དང་མི་མཐུན་པས་མི་རིགས་པ་སྨྲེ་སྔགས་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་ཚེ་དང་ལྡན་པའི་མདུན་དུ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། །གཉིས་པ་ནི། གང་བྱས་པས་གྲལ་རིམས་སུ་མ་ཕེབས་པར་འབྲིམ་དུ་འཇུག་པ་མ་བཟློག་པར་ཟ་བའི་སོར་བཤགས་སུ་འགྱུར་ཞེ་ན། ཆོས་འདི་པའི་དགེ་སློང་གསུམ་ཡན་ཆད་ཀྱི་རབ་ཏུ་མང་པོ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཟན་གྱི་ཕྱིར་མགྲོན་


DLL1002_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བོས་ནས་ཟན་བཟའ་བ་ལྔ་དང་བཅའ་བ་ལྔ་ཟ་ཚེ་ན་གལ་ཏེ་སྦོམ་དགའ་མོ་ལྟ་བུའི་དགེ་སློང་མ་ཞིག་དགེ་སློང་འདི་ལ་ནི་བཅའ་བྱིན་ཅིག །འདི་ལ་ནི་འབྲས་ཆན་བྱིན་ཅིག །འདི་ལ་ནི་སྲན་ཚོད་བྱིན་ཅིག །འདི་ལ་ནི་ཡང་བྱིན་ཅིག་ཅེས་བསྒོ་ཞིང་འདུག་ན། སྦོམ་དགའ་མོ་ལྟ་བུའི་དགེ་སློང་མ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས། སྲིང་མོ་ཁྱོད་དང་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཙ་བ་ཙ་བ་མ་བྱེད་པར་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་སྡོད་ཅིག་ཅེས་དེ་སྐད་སྨྲ་བ་སྤོབས་ན་ཟས་མགུལ་དུ་མིད་པའི་ཚེ་ན་སོ་སོར་བཤགས་སུ་འགྱུར་རོ། །མཐོལ་བའི་ཚུལ་ནི། སོར་བཤགས་བྱུང་བའི་དགེ་སློང་དེ་དག་ཐམས་ཅད་ཀྱིས་ཞེས་སོགས་ཤེས་པར་བྱའོ། །གསུམ་པ་ནི། གང་བྱས་པས་བསླབ་པ་དྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་སུ་འགྱུར་ཞེ་ན། རྒྱུན་ཞུགས་དང་། ཕྱིར་འོང་དང་། ཕྱིར་མི་འོང་ལྟ་བུའི་སློབ་མ་དག་གི་ཁྱིམ་གང་དག་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་དགེ་འདུན་གྱི་ཁྱིམ་གྱི་བསླབ་པའི་སྡོམ་པས་བསྡམས་པར་གྱུར་ལ། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་རྒྱུན་ཞུགས་ལྟ་བུའི་སློབ་པ་དག་གི་ཁྱིམ་གང་དག་སངས་རྒྱས་ཀྱི་ཉན་ཐོས་ཀྱིས་དགེ་འདུན་གྱི་ཁྱིམ་གྱི་བསླབ་པའི་སྡོམ་པས་བསྡམས་པར་ལྟ་བུ་དག་ཏུ་ཁྱིམ་གྱི་བསླབ་པའི་སྡོམ་པ་མ་བྱིན་པའི་སྔར་མགྲོན་དུ་མ་བོས་པར་ཁྱིམ་དུ་སོང་སྟེ། དགེ་སློང་རང་གི་ལག་གིས་བཅའ་བ་དང་བཟའ་བ་བྱིན་ལེན་བླངས་ནས། འཆའ་འམ་ཟན་མིད་པ་ན་སོར་བཤགས་སུ་འགྱུར་རོ། །སོར་བཤགས་བྱུང་བའི་དགེ་སློང་དེས་ཞེས་སོགས་སྔར་བཞིན་ནོ། །བཞི་པ་ནི། གང་བྱས་པས་ནགས་བརྟག་པ་ལས་གྱུར་པའི་སོར་བཤགས་སུ་འགྱུར་ཞེ་


DLL1002_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

ན། སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་གྱི་གནས་མལ་ཏེ་གཙུག་ལག་ཁང་གྲོང་ལས་རྒྱང་གྲགས་ཀྱིས་འཕགས་པའི་དགོན་པ་གང་དག་ཆོམ་རྐུན་དང་གཡོ་ཅན་ལ་སོགས་པའི་དོགས་པ་དང་བཅས་པར་གྲགས་པ་དང་། སེང་གེ་ལ་སོགས་པའི་འཇིགས་པ་དང་བཅས་པར་གྲགས་པ་དང་། སྦྲང་བུ་དང་ཤ་སྦྲང་ལ་སོགས་པའི་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྱུར་ལ། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ་སྔར་ནགས་མ་མྱུལ་བར་ཀུན་དགའ་ར་བའི་ཕྱི་རོལ་གྱི་དགོན་པར་བཟའ་བ་ལྔ་དང་། བཅའ་བ་ལྔ་བྱིན་ལེན་བླངས་ཏེ་འཆའམ་ཟན་མགུལ་དུ་མིད་པ་ན་སོར་བཤགས་སུ་འགྱུར་རོ། །དགེ་སློང་དེས་ཞེས་སོ། །བཞི་པ་ནི། ཚེ་དང་ལྡན་པ་ཞེས་སོ། །ལྔ་པ་ནི། སོ་སོར་བཤགས་པ་བཏོན་པ་དེ་ལ་ཞེས་སོ། །བཞི་པ་བསླབ་པར་བྱ་བ་མང་པོ་གདོན་པ་ལ། སོ་སོར་བཤད། མཇུག་བསྡུ། རྣམ་གཞག་བསྒྲག་པའོ། །དང་པོ་ལ་དགུ་སྟེ། གོས་ལས་གྱུར་པའི་སྡེ། ཁྱིམ་དུ་འགྲོ་བའི་སྡེ། ཁྱིམ་དུ་འདུག་པའི་སྡེ། ཟས་བླང་བའི་སྡེ། ཟས་ཟ་བའི་སྡེ། ལྷུང་བཟེད་ལ་སྤྱོད་པའི་སྡེ། ཆོས་བསྟན་པའི་སྡེ། བསྒྲུབ་པའི་སྡེ། རྒྱུ་བའི་སྡེའོ། །དང་པོ་ལ་སྡོམ་གྱིས་མདོར་བསྟན། བསླབ་པར་བྱ་བ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་དོ། །དང་པོ་ནི་གོས་ལས་གྱུར་པའི་བསླབ་པར་བྱ་བ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་ཡོད་དེ། ཤམ་ཐབས་ལ་ནི་རྣམ་པ་བདུན་དང་། སྟོད་གཡོགས་ཆོས་གོས་ལ་ཡང་རྣམ་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་


DLL1002_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན་བསླབ་པར་བྱ་བ་མང་པོ་འདོན་པ་གང་ལས་ཤེས་ཤེ་ན། སྐྱོན་མེད་དེ། ཚེ་དང་ལྡན་པ་དག་འཇིག་རྟེན་དང་མི་འགལ་བ་དང་། འདུལ་བ་དང་མི་འགལ་བར་བསླབ་པར་བྱ་བའི་ཆོས་མང་པོ་བརྒྱ་དང་བཅུ་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་བའི་ཕྱིར་རོ། །གསུམ་པ་ནི། ཤམ་ཐབས་ཀྱི་མ་མཐའ་ཁ་མཉམ་པོར་འདུག་པའི་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ཡང་ཤམ་ཐབས་ཧ་ཅང་བརྩེངས་པ་པུས་གོང་དུ་སླེབ་པ་མ་ཡིན་པ་དང་། ཤམ་ཐབས་ཧ་ཅང་འཇོལ་བ་ལོང་བུར་སླེབ་པ་མ་ཡིན་པ་དང་། ཤམ་ཐབས་ཀྱི་སྣ་ཕྱོགས་གཅིག་འཕྱང་བའི་གླང་པོ་ཆེའི་སྣ་ལྟར་ནར་བ་མ་ཡིན་པ་དང་། ཤམ་ཐབས་ཏ་ལའི་ལོ་མ་ལྟར་ལྟེ་བའི་གོང་དུ་བལྟབ་པ་མ་ཡིན་པ་དང་། ཤམ་ཐབས་འབྲུའི་ཕུར་མ་ལྟར་སྐ་རགས་ཀྱི་བར་དུ་ཐུམ་བུར་འདུག་པ་མ་ཡིན་པ་དང་། ཤམ་ཐབས་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེངས་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །འདི་དག་ལས་འདས་ན་ཉེས་བྱས་ཀྱི་དངོས་གཞིར་འགྱུར་རོ། །ཆོས་གོས་བླ་གོས་དང་སྣམ་སྦྱར་མ་མཐའི་ཁ་མཉམ་པའི་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །དེ་ཡང་ཆོས་གོས་ཧ་ཅང་བརྩེངས་པ་པུས་གོང་དུ་སླེབ་པ་མ་ཡིན་པ་དང་། ཆོས་གོས་ཧ་ཅང་འཇོལ་བ་ལོང་བུར་སླེབ་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །དེ་ལས་འདས་ན་ཉེས་བྱས་སོ། །གཉིས་པ་ལ་གཉིས་ལས། དང་པོ་སྡོམ་གྱི་སྒོ་ནས་མདོར་བསྟན་པ་ནི། ཁྱིམ་དུ་འགྲོ་བའི་སྡེ་སྡོམ་དུ་བསྡུས་པ་ཆོས་ཅན། ཉི་ཤུ་ཡོད་དེ། ཤིན་ཏུ་བསྡམས་པ་ལ་སོགས་ལྔ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། མཆོང་ལ་སོགས་པ་རྣམ་པ་ལྔ་དང་། ལུས་ལ་སོགས་པ་རྣམ་པ་ལྔ་


DLL1002_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་ནི། ཁྱིམ་པའི་ཁྱིམ་དུ་འགྲོ་བའི་ཚེ་ལུས་ངག་མ་ཡེངས་པར་དྲན་ཤེས་བཞིན་གྱིས་ཤིན་ཏུ་བསྡམས་ཤིང་འགྲོ་བར་བསླབ་པར་བྱའོ། །ཤམ་ཐབས་དང་ཆོས་གོས་ལེགས་པར་བགོས་པ་དང་། ཅ་ཅོའི་སྒྲ་བསྐྱུངས་པ་དང་། མིག་གཡེང་བར་མི་བྱ་བ་དང་། མིག་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །མགོ་རས་ལ་སོགས་པས་མི་གཡོག་པ་དང་། ཆར་ལ་སོགས་པའི་གནོད་པར་བྱུང་ཡང་འདོམས་སྣང་བའི་གོས་མི་རྫེ་བ་དང་། གོས་ཕྲག་པ་གཉིས་ཀར་མི་གཟར་བ་དང་ལག་པ་གཡས་པ་མདུན་ནས་དཔུང་མགོ་གཡོན་པར་བཞག །དེ་བཞིན་གཡོན་པའང་བྱས་པའི་ལག་པ་གཉའ་གོང་དུ་མི་བསྣོལ་བ་དང་། ལག་པ་གཉིས་ཐད་ཀར་བརྐྱང་སྟེ་སོར་མོ་གཉིས་ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ཁྱིམ་པའི་ཁྱིམ་དུ་འགྲོ་བའི་ཚེ་རང་དགར་མི་མཆོང་བ་དང་། རྐང་པ་བརྐྱང་བསྐུམ་དུ་འདུག་པའི་མི་བརྐྱང་པ་དང་། ཙོག་བུས་མ་ཡིན་པ་དང་། རྐང་པའི་བྲང་བས་མ་ཡིན་པ་དང་། ལག་པ་གཉིས་རྐེད་པར་བཞག་སྟེ་གྲུ་མོ་སྙུང་པོར་བྱས་པའི་དཀུར་མི་བརྟན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ཁྱིམ་པའི་ཁྱིམ་དུ་འགྲོ་བའི་ཚེ་ལུས་མི་བསྒྱུར་བ་དང་། ལག་པ་མི་སྐྱོག་པ་དང་། ཕྲག་པ་གང་ཟག་གཞན་དང་མི་སྤྲད་པ་དང་། ལག་པ་གཞན་དང་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །གསུམ་པ་ལ་གཉིས་ལས། དང་པོ་ནི། ཁྱིམ་དུ་འདུག་པ་ལ་བསླབ་པར་བྱ་བར་སྡོམ་དུ་བསྡུས་པ་ཆོས་ཅན། དགུ་ཡོད་དེ། མ་བསྒོ་བར་སྟན་ལ་འདུག་པར་མི་བྱ་བ་ལ་སོགས་པ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་ནི། ཁྱིམ་བདག་ལ་སོགས་པས་མ་བསྒོ་བར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་


DLL1002_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་པར་བྱའོ། །སྟན་ལ་སྲོག་ཆགས་སོགས་ཡོད་མེད་མ་བརྟག་པར་སྟན་ལ་མི་འདུག་པ་དང་། གྱ་ཚོམ་དུ་ལུས་ཐམས་ཅད་ལྕིད་ཀྱིས་མི་དབབ་པ་དང་། རྐང་པའི་སྟེང་དུ་རྐང་པ་བཞག་པའི་རྐང་པ་མི་བསྣོལ་བ་དང་། བརླའི་སྟེང་དུ་བརླ་བཞག་པའི་མི་བསྣོལ་བ་དང་། རྐང་པའི་ལོང་བུའི་སྟེང་དུ་ལོང་བུ་མི་བཞག་པ་དང་། ཁྲི་ལ་སོགས་པའི་སྟེང་དུ་རྐང་པ་མི་དགུག་པ་དང་། བརླ་གཉིས་གཤིབས་ཏེ་རྐང་པ་སོ་སོར་བཀྱེད་པའི་རྐང་པ་མི་གདང་བ་དང་། འདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །བཞི་པ་ལ་གཉིས་ལས། དང་པོ་སྡོམ་ནི། ཟས་བླང་བའི་བསླབ་བྱ་སྡོམ་དུ་བསྡུས་པ་ཆོས་ཅན། བརྒྱད་ཡོད་དེ། བྱིན་ལེན་བྱ་བ་སོགས་བརྒྱད་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་ནི། ལེགས་པར་བྱིན་ལེན་བྱས་ནས་ཟས་བླང་བར་བསླབ་པར་བྱའོ། །མུ་དང་ཁ་ད་ཆད་དེ་ལྷུང་བཟེད་ཀྱི་ཁ་དང་མཉམ་དུ་མ་ཡིན་པ་དང་། ཚོད་མ་བྱན་དང་ཟན་མཉམ་པར་མ་ཡིན་པ་དང་། གྲལ་ཐར་ཆགས་སུ་དང་། ལྷུང་བཟེད་ལ་མིག་ལྟ་བ་དང་། བཅའ་བ་དང་བཟའ་བ་མ་འོངས་པར་ལྷུང་བཟེད་མི་བཟེད་པ་དང་། ཡང་ཟན་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་བྱ་ན་མི་དགབ་པ་དང་། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་ལྷུང་བཟེད་མི་བཟུང་བར་བསླབ་པར་བྱའོ། །ལྔ་པ་ལ་གཉིས་ལས། དང་པོ་སྡོམ་གྱི་སྒོ་ནས་མདོར་བསྟན་པ་ནི། ཟས་ལ་སྤྱོད་པའི་སྡེ་སྡོམ་དུ་བསྡུས་པ་ཆོས་ཅན། ཉེར་གཅིག་ཡོད་དེ། ཟས་ལ་ལེགས་པར་བྱ་བ་དྲུག་ཙུག་ཙུག་ལ་སོགས་རྣམ་པ་ལྔ། འབྲུ་ནས་ཐ་དད་བྱེད་པ་ལྔ། ལག་པ་བལྡག་ལ་སོགས་པ་ལྔ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་ནི། གནས་ཐམས་ཅད་དུ་ལེགས་པར་ཟས་པ་བཟའ་བར་བསླབ་པར་བྱའོ། །ཁམ་


DLL1002_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེན་པོ་མ་ཡིན་པ་དང་། ཁམ་རན་པ་དང་། ཁམ་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་མི་སྨྲ་བར་བསླབ་པར་བྱའོ། །ཟས་ཟ་བ་ཙུག་ཙུག་མི་བྱ་བ་དང་། ཅག་ཅག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། ལྕེ་ཕྱིར་ཕྱུང་སྟེ་ཟས་མི་ཟ་བར་བསླབ་པར་བྱའོ། །ཟས་ཟ་བ་ན་འབྲས་ལ་སོགས་པའི་འབྲུ་རེ་རེ་ནས་ཐ་དད་དུ་མི་བྱ་བ་དང་། ཟས་འདི་ཁའོ་ཞེས་པ་ལྟ་བུའི་འཕྱས་མི་གདགས་པ་དང་། མཁུར་བ་གཡས་གཡོན་མི་སྤོ་བ་དང་། ལྕེས་རྐན་མི་གཏོགས་པ་དང་། ཁམ་འཕྲོ་སོས་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ཟས་བཟའ་བའི་ཚེ་ལག་པ་ལ་ཟས་ཆགས་པ་མི་བལྡག་པ་དང་། ལྷུང་བཟེད་ལ་ཟས་ཆགས་པ་ལྕེ་ལ་སོགས་པས་མི་འབྱོག་པ་དང་། ལག་པ་ལ་ཟས་ཆགས་པ་མི་སྤྲུག་པ་དང་། ཟས་དང་བཅས་པའི་ལྷུང་བཟེད་མི་བསྐྱམ་པ་དང་། ཟས་མཆོད་རྟེན་འདྲ་བར་བྱས་ནས་བཅོམ་སྟེ་ཟས་མི་ཟ་བར་བསླབ་པར་བྱའོ། །དྲུག་པ་ལ་གཉིས་ལས་དང་པོ་སྡོམ་གྱིས་མདོར་བསྟན་པ་ནི། ལྷུང་བཟེད་ལ་སྤྱོད་པའི་སྡེ་སྡོམ་དུ་བསྡུས་པ་ཆོས་ཅན། བཅུ་བཞི་ཡོད་དེ། འཕྱ་ལ་སོགས་པ་རྣམ་པ་བཞི། ལྷུང་བཟེད་ལ་ཡང་རྣམ་པ་བཅུ་རྣམས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་སོ་སོའི་མཚན་ཉིད་ནི། དྲུང་ན་འདུག་པའི་དགེ་སློང་གཞན་གྱི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་ལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་ཆུ་སྣོད་མི་བཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་སློང་གཞན་ལ་ཟས་དང་འབགས་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མི་བསྒོ་བར་ཆུ་ཟས་དང་འབགས་པ་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱི་ལྷག་མ་ངན་པ་བླུགས་ཏེ་མི་དོར་བར་བསླབ་པར་བྱ། ལོ་མ་ཡན་ཆད་སོགས་ཀྱི་འོག་གཞི་མེད་པའི་ས་


DLL1002_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་སུ་ལྷུང་བཟེད་མི་བཞག་པར་བསླབ་པར་བྱའོ། །ངོས་ཆད་པའི་གད་ཁ་མ་ཡིན་པ་དང་། བྱིན་གྱིས་གཞོལ་པའི་གཡང་ས་མ་ཡིན་པ་དང་། བར་རིམ་ལྟ་བུའི་དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་གཞག་པར་བསླབ་པར་བྱ། ཆག་པ་སྤང་བའི་ཕྱིར་འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱའོ། །གད་ཁ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ། ལྷུང་བཟེད་ཀྱིས་ཆུ་མི་བཅུ་བར་བསླབ་པར་བྱའོ། །བདུན་པ་ལ་གཉིས་ལས། དང་པོ་སྡོམ་ནི་ཉེར་དྲུག་ཡོད་དེ། འགྲེང་བར་བྱེད་ལ་སོགས་པ་ལྔ། མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་ཞོན་པ་ལྔ། །ལག་ན་འཁར་བ་ལ་སོགས་དྲུག་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་སོ་སོའི་མཚན་ཉིད་ནི། ཉན་པ་པོ་མི་ན་བར་འདུག་པ་ལ་འཆད་པ་པོ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་ཉལ་བ་ལ་འཆད་པ་པོ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་སྟན་མཐོན་པོ་དང་བཟང་པོ་ལ་འདུག་པ་ལ། འཆད་པ་པོ་སྟན་དམའ་བ་དང་། ངན་པ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་མདུན་དུ་འགྲོ་བ་ལ་འཆད་པ་པོ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་ལམ་ནས་འགྲོ་བ་ལ་འཆད་པ་པོ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་རས་ལ་སོགས་པས་མགོ་གཡོགས་པ་དང་། གོས་བརྫེས་པ་དང་། གོས་ཕྲག་པ་གཉིས་ཀ་ལ་གཟར་བ་དང་། ལག་པ་གཉིས་གཉའ་གོང་དུ་བསྣོལ་བ་དང་། ལག་པ་གཉིས་ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་རལ་པའི་ཐོར་ཅོག་བྱས་


DLL1002_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྐྲ་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་ལ་དར་གྱི་ཅོད་པན་ཅན་དང་། མགོ་ལ་མེ་ཏོག་ཕྲེང་བ་ཅན་དང་། མགོ་ལ་ཕྲེང་བ་ལ་སོགས་པས་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་གླང་པོ་ཆེ་ལ་ཞོན་པ་དང་། རྟ་ཞོན་པ་དང་། འདོ་ལེ་ལྟ་བུའི་ཁྱོགས་ན་འདུག་པ་དང་། གཡག་ལྟ་བུའི་བཞོན་པའི་སྟེང་དུ་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པ་པོ་མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་མཚོན་ན་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་ཐོགས་པ་དང་། གོ་ཆ་ལུས་ལ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །བརྒྱད་པ་ལ་གཉིས་ལས། དང་པོ་སྡོམ་ནི། བསྒྲུབ་པའི་སྡེ་ལ་བཞི་ཡོད་དེ། ན་བ་རྣམ་པ་བཞི་རྣམས་སོ། །གཉིས་པ་སོ་སོའི་མཚན་ཉིད་ནི། དགེ་སློང་མི་ན་བར་འགྲེང་སྟེ་བཤང་གཅི་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་ཆུས་ཐམས་ཅད་ཁྱབ་པ་མ་གཏོགས་ཆུའི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ། །རྩྭ་སྔོན་གྱིས་ཐམས་ཅད་ཁྱབ་པ་མ་གཏོགས་མི་ན་བར་རྩྭ་སྔོན་པོ་ཡོད་པའི་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ། །ནད་པ་ལ་ཉེས་པ་མེད་དོ། །དགུ་པ་རྒྱུ་བའི་ཚེ་ནི། སྲོག་ལ་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེག་པར་བསླབ་པར་བྱའོ། །གཉིས་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་ཞེས་སོ། །གསུམ་པ་རྣམ་གཞག་བསྒྲག་པ་ནི། བསླབ་པར་བྱ་བའི་ཆོས་མང་པོ་བཏོན་པ་ལ་ཞེས་སོ། །ལྔ་པ་ལ་སྡོམ་གྱིས་མདོར་བསྟན། རྩོད་པ་ཉེར་ཞི་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ་བ། རྣམ་གཞག་བསྒྲག་པའོ། །དང་པོ་ནི། རྩོད་


DLL1002_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཞི་བར་བྱ་བའི་ཆོས་སྡོམ་དུ་བསྡུས་པ་ཆོས་ཅན། བདུན་ཡོད་དེ། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་དང་། དེ་བཞིན་དུ་གང་ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླང་བར་ཡང་བྱ་བ་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་གདོན་པ་གང་ལས་ཤེས་ཤེ་ན། སྐྱོན་མེད་དེ། ཚེ་དང་ལྡན་པ་དག་འཁྲུག་ལོང་གི་རྩོད་པ་བཞི་པོ་ཞི་བར་བྱ་བའི་ཆོས་འོག་ནས་འབྱུང་བ་བདུན་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་བྱུང་བའི་ཕྱིར། གསུམ་པ་ནི། འཁྲུག་ལོང་གི་རྒྱུ་བཞི་ལས་བྱུང་བའི་རྩོད་པ་བཞི་པོ་ཞི་བར་བྱ་བའི་ཆོས་བདུན་གྱིས་ཞི་བར་བྱེད་ལ། འཁྲུག་ལོང་གི་རྒྱུ་བཞི་ནི། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམས་ངག་སོགས་འཇོག་པས་གཞན་སྤོང་བ་དང་། ལྟུང་བ་དང་བཅས་པ་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པའོ། །རྩོད་པ་བཞི་ནི། འགྱེད་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །ཞི་བར་བྱ་བའི་ཆོས་བདུན་ནི། མངོན་སུམ་གྱིས་འདུལ་བ་དང་། མ་མྱོས་པས་འདུལ་བ་དང་། དྲན་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་འཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླང་བར་བྱའོ། །ཞི་བར་བྱེད་པའི་ཚུལ་ནི། འཁྲུག་ལོང་གི་རྒྱུ་དང་པོ་ལས་བྱུང་བའི་འབྱེད་ཕྱིར་རྩོད་པ་ལ་ནི་མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་དུ་འདུལ་བ་སྦྱིན་པ་དང་། གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུ་གཅིག་ཏུ་བྱ་བས་ཉེ་བར་ཞི་བར་བྱའོ། །འཁྲུག་ལོང་


DLL1002_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུ་གཉིས་པ་ལས་བྱུང་བའི་རྩོད་པ་ལ་ནི་རྒྱུ་བཅས་མངོན་སུམ་དང་གང་མང་གི་རྒྱུ་གཅིག་ཏུ་བྱ་བ་དང་། རྒྱུ་མེད་པ་ལ་དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་པ་དང་། མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བས་དག་པ་སྦྱིན་པས་ཞི་བར་བྱའོ། །འཁྲུག་ལོང་གི་རྒྱུ་གསུམ་པ་ལས་བྱུང་བའི་ལྟུང་ཕྱིར་རྩོད་པ་ནི། ངོ་མི་ཤེས་པ་ལ་དེའི་ངོ་བོ་ཉིད་འཚལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བརྩལ་བ་སྦྱིན་པ་དང་། ལྟུང་བ་ངོ་ཤེས་པ་ལ་ཕྱིར་འཕྲོས་པ་མེད་པ་ལ་ནི་གང་ཁས་བླང་བར་འོས་པ་ལ་ཁས་བླང་བར་བྱ་བ་དང་། ཕྱིར་འཕྲོས་པ་ལ་ཉི་ཚེ་བ་དང་འབྲེལ་བ་ལ་མངོན་སུམ་གྱིས་འདུལ་བ་དང་། དགེ་འདུན་མཐའ་དག་འབྲེལ་བ་རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུར་སྦྱིན་ནས་ཕྱིར་བཅོས་སོ། །འཁྲུག་ལོང་གི་རྒྱུ་བཞི་པ་ལས་བྱུང་བའི་བྱ་ཕྱིར་རྩོད་པ་ནི། ཞི་བར་བྱ་བའི་ཆོས་བདུན་པོ་ཐམས་ཅད་ཀྱིས་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ལས་ལམ་མཐུན་པ་ཉིད་སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལྟར་འཁྲུག་ལོང་གི་རྒྱུ་བཞི་བྱུང་བ་རྩོད་པ་བཞི་པོ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཤེས་བྱ་རྣམ་པར་གཞག་པའི་ཆོས་དང་། ཚུལ་ཁྲིམས་རྣམ་པར་གཞག་པའི་འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ། ཆུང་འབྲིང་ཆེ་གསུམ་མམ། སྦྱོར་དངོས་མཇུག་གསུམ་མམ། ཡང་ན་ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པའི་གནས་སྐབས་ཀྱིས་རིམ་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ། །བཞི་པ་ནི། ཚེ་དང་ལྡན་པ་ཞེས་སོ། །ལྔ་པ་ནི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་བཏོན་པ་དེ་ལ་ཞེས་སོ། །གཉིས་པ་མཇུག་བསྡུ་བ་ལ། སོ་སོར་ཐར་པའི་མདོ་


DLL1002_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་པ་ལྔ་པོ་བཏོན་ཟིན་པར་བསྟན་པ་དང་། ཚུལ་ཁྲིམས་ཀྱི་རྒྱུ་དང་འབྲས་བུ་ལ་ནན་ཏན་བྱ་བར་གདམ་པའོ། །དང་པོ་ནི། ཚེ་དང་ལྡན་པ་དག་སོ་སོར་ཐར་པའི་མདོ་འདོན་པ་པོ་བདག་གིས་སོ་སོར་ཐར་པའི་མདོ་གདོན་པ་ལྔ་ལས་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་གྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྟུང་བྱེད་འབའ་ཞིག་པའི་ཆོས་དགུ་བཅུ་དང་། སོ་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པར་བྱ་བའི་ཆོས་མང་པོ་བརྒྱ་དང་བཅུ་གཉིས་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །གཉིས་པ་ནི། བདུད་བཞི་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པས་བཅོམ་ལྡན་འདས། དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པས་ན་དེ་བཞིན་གཤེགས་པ། ཉོན་མོངས་པའི་དགྲ་བཅོམ་ཞིང་ཆགས་བཅས་རྣམས་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པ། ཇི་ལྟ་བ་དང་། ཇི་སྙེད་པ་མ་ལུས་པ་མངོན་སུམ་དུ་མཁྱེན་པས་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འདུལ་བའི་མདོ་སྤྱིར་གཏོགས་ཤིང་། སོ་སོར་ཐར་པའི་མདོར་བསྡུས་པ་ནི་ལྟུང་བ་སྡེ་ཚན་ལྔ་པོ་འདི་དག་གོ །གང་སྡེ་སྣོད་གཞན་ནས་འབྱུང་བ་ཆོས་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཆོས་བསླབ་པ་གསུམ་པ་དེ་ལ་ཡང་དགེ་སློང་ཁྱེད་རྣམས་སྦྱོར་བས་འདུམ་པ་དང་། དངོས་གཞིས་མཐུན་པ་དང་། མཇུག་དགའ་བ་དང་། མི་རྩོད་པ་འཇིག་རྟེན་དང་མི་འགལ་བར་སེམས་ཀུན་དུ་བསྲུང་བ་དང་། འདུལ་བ་དང་མི་འགལ་བར་དྲན་པ་དང་བག་ཡོད་པས་ངེས་པར་ལེགས་པའི་ལམ་ལ་རྣལ་འབྱོར་དུ་བྱའོ། །ལྔ་པ་བསྡུས་པའི་མཚན་ཉིད་ལ། དེ་བཞིན་གཤེགས་པ་བདུན་གྱི་གསོ་སྦྱོང་། འཁོར་བ་སྤང་བ། ཚུལ་ཁྲིམས་བསྲུང་བ། དགེ་


DLL1002_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྔོ་བའོ། །དང་པོ་ལ་སོ་སོའི་ངོ་བོ་དེ་ལ་ནན་ཏན་བྱ་བར་གདམས་པའོ། །དང་པོ་ལ་བདུན་ལས། སངས་རྒྱས་རྣམ་གཟིགས་ཀྱི་གསོ་སྦྱོང་ནི། སངས་རྒྱས་རྣམ་གཟིགས་ཀྱི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་ཆོས་ལ་དགའ་བའི་འདོད་ཆགས་དང་། ཆོས་མ་ཡིན་པ་ལ་ཞུགས་པའི་མུ་སྟེགས་ལ་རྣམ་པར་འཚེ་བའི་ཉེས་པ་ཙམ་ཞིག་ཡོད་པས། དེ་སྤང་བའི་ཕྱིར་དུ་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་འདོན་པའི་ཚེ། བཟོད་པ་དཀའ་ཐུབ་དམ་པ་བཟོད་པ་ཡི། །ཞེས་པའི་ཚིགས་བཅད་འདོན་པར་བྱེད་ལ། བཟོད་པ་ནི་དཀའ་ཐུབ་ཀྱི་དམ་པ་ཡིན་ཏེ། ཞེ་སྡང་སྦྱོང་ཞིང་སྙིང་རྗེ་སྐྱེད་པའི་ཕྱིར། བཟོད་པ་དམ་པ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཡིས་ཐོབ་པའི་མྱ་ངན་ལས་འདས་པ་ནི་དངོས་པོ་ཐམས་ཅད་ཀྱི་མཆོག་ཅེས་སངས་རྒྱས་གསུང་སྟེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་མྱང་འདས་ནི་གཏན་དུ་བ་མ་ཡིན་ལ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཐོབ་པའི་མྱང་འདས་ནི་གཏན་དུ་བ་ཡིན་པའི་ཕྱིར། ཇི་ལྟར་ན་བཟོད་པ་དཀའ་ཐུབ་ཀྱི་དམ་པ་ཡིན་ཞེ་ན། དེ་ལྟར་ཡིན་ཏེ། རབ་ཏུ་བྱུང་བ་གཞན་ལ་ཡིད་ཀྱིས་གནོད་པ་དང་། གཞན་ལ་ལུས་ངག་གིས་འཚེ་བ་དགེ་སྦྱོང་རྫོགས་པ་མ་ཡིན་པའི་ཕྱིར། དེས་ན་རབ་ཏུ་བྱུང་བས་བཟོད་པ་བསྟེན་པར་བྱའོ། །གཉིས་པ་སངས་རྒྱས་གཙུག་ཏོར་ཅན་གྱི་གསོ་སྦྱོང་ནི། སངས་རྒྱས་གཙུག་ཏོར་ཅན་གྱི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་གཞན་གྱི་ཉེས་པར་སྒྲོག་པ་མང་བའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་དུ་བཅོམ་ལྡན་འདས་དེས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། མིག་ལྡན་འགྲོ་བ་ཡོད་པ་ཡིས་ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་འདོན་པར་བྱེད་ལ། དཔེར་ན་མིག་དང་ལྡན་པ་འགྲོ་བ་ཡོད་པ་སྟེ་ཤེས་པ་ཡིས་ངམ་གྲོག་


DLL1002_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚེར་མ་སོགས་ཉམ་ང་བ་དག་སྤོང་བ་ཇི་ལྟ་བ་བཞིན་དུ་མཁས་པ་ཡང་འཚོ་བའི་འཇིག་རྟེན་འདིར་སྡིག་པ་གང་ཡིན་པ་དག་ནི་ཡོངས་སུ་སྤང་བར་བྱའོ། །ཇི་ལྟར་སྡིག་པ་སྤང་ཞེ་ན། གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པས་སྐུར་པ་མི་གདབ་རྡེག་པ་དང་ཚིག་རྩུབ་སོགས་ཀྱིས་གནོད་པ་མི་བྱ་ཞིང་སོ་སོར་ཐར་པ་སྤོང་བ་བདུན་གྱིས་བསྡམས་པ་སྟེ་བསྲུང་བར་བྱའོ། །ལུས་ལྕི་བ་ལ་སོགས་པར་མི་འགྱུར་བའི་ཟས་ཀྱི་ཚོད་ཀྱང་རིག་པར་བྱའོ། །བས་མཐའ་སྟེ་དབེན་པའི་གནས་སུ་གནས་པར་བྱའོ། །སྒྲིབ་པ་སྤང་བའི་ཕྱིར་ལྷག་པའི་སེམས་བསམ་གཏན་བཞི་དང་། ལྷག་པའི་ཤེས་རབ་ཡང་དག་པར་སྦྱོར་བ་སྟེ་རྣལ་འབྱོར་དུ་བྱའོ། །མདོར་བསྡུས་པ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ། །གསུམ་པ་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་གསོ་སྦྱོང་ནི། སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་ཁྱིམ་པ་དང་འགོགས་པ་ལ་དགའ་བའི་ཉེས་པ་ཙམ་ཞིག་ཡོད་པས། དེ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། ཇི་ལྟར་བུང་བ་མེ་ཏོག་ལས་ཞེས་པའི་ཚིགས་བཅད་གཅིག་འདོན་པར་བྱེད་ལ། ཇི་ལྟར་ཏེ་དཔེར་ན་སྲོག་ཆགས་བུང་བ་དེ་མེ་ཏོག་ལས་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་བཞིབས་ནས་ནམ་མཁའ་ལ་འཕུར་བ་དེ་བཞིན་དུ་ཐུབ་པ་ཉན་ཐོས་རྣམས་ཀྱང་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་ཁ་དོག་དང་དྲི་ལྟ་བུའི་སེམས་དང་ཚུལ་ཁྲིམས་ལ་མི་གནོད་པར་ཁུ་བ་ལྟ་བུའི་ཟས་ཙམ་ཞིག་བླངས་ནས་འགྲོ་བར་བྱའོ། །བཞི་པ་འཁོར་བ་འཇིག་གི་གསོ་སྦྱོང་ནི། སངས་རྒྱས་འཁོར་བ་འཇིག་གི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་གཞན་གྱི་སྐྱོན་ཡོན་ལ་རྟོག་པའི་ཉེས་པ་


DLL1002_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་ཡོད་པས། དེ་སྤང་བའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། བདག་གི་རིགས་དང་མི་རིགས་ལ་ཞེས་པའི་ཚིགས་བཅད་གཅིག་འདོན་པར་བྱེད་ལ། བདག་གི་རིགས་པ་ལེགས་པར་བྱས་པ་དང་། མི་རིགས་པ་ཉེས་པ་བྱས་པ་ལ་བརྟག་པར་བྱ་སྟེ། གཞན་རྣམས་ཀྱི་མི་མཐུན་པ་མི་རིགས་པ་དང་། གཞན་དག་གི་རྫོགས་པར་བྱས་པ་དང་། རྫོགས་པར་མ་བྱས་པ་རྣམས་ལ་བརྟག་པར་བྱ་བ་མ་ཡིན་ཏེ། རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་སྐྱེ་བའི་ཕྱིར། ལྔ་པ་གསེར་ཐུབ་ཀྱི་གསོ་སྦྱོང་ནི། སངས་རྒྱས་གསེར་ཐུབ་ཀྱི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་སྲེད་པ་དང་བཅས་པའི་སེམས་བསམ་གཏན་བཞི་སྐྱེད་པ་ལ་དགའ་བའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་དུ་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། ལྷག་པའི་སེམས་ལ་བག་བྱ་སྟེ་ཞེས་པའི་ཚིགས་བཅད་གཅིག་འདོན་པར་བྱེད་ལ། སྲེད་པ་དང་ལྷག་པའི་སེམས་བསམ་གཏན་བཞི་ལ་བག་བྱ་བ་སྟེ་མཆོག་འཛིན་གྱི་ལྟ་བ་དང་། ང་རྒྱལ་ཤས་ཆེ་བ་རྣམས་སྤང་བར་བྱའོ། །འོ་ན་བསླབ་པར་བྱ་བ་གང་ཞེ་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི། ཐུབ་པ་སྐྱེད་པའི་གཞི་བདེན་པ་བཞི་པོ་རྣམས་ལ་བསླབ་པར་བྱ་སྟེ། དེ་ལྟར་བསླབས་པས་སྡུག་བསྔལ་ཉེ་བར་ཞི་བ་དྲན་པ་དང་ལྡན་པའི་རང་གི་སེམས་སྐྱོབ་པ་མྱ་ངན་མེད་པ་སྟེ་མྱང་འདས་འཐོབ་པའི་ཕྱིར་རོ། །དྲུག་པ་སངས་རྒྱས་འོད་སྲུང་གི་གསོ་སྦྱོང་ནི། སངས་རྒྱས་འོད་སྲུང་གི་ཉན་ཐོས་རྣམས་ནི་ཉེས་པ་ཆུང་བར་གྱུར་ལ། འོན་ཀྱང་སྦྱིན་པ་ལ་དགའ་བའི་དང་། དགྲ་མང་བའི་ཉེས་པ་ཙམ་ཞིག་ཡོད་པས། དེ་སྤང་བའི་ཕྱིར་དུ་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། སྦྱིན་པས་བསོད་ནམས་རབ་ཏུ་འཕེལ་ཞེས་


DLL1002_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚིགས་བཅད་གཅིག་འདོན་པར་བྱེད་ལ། ཉན་ཐོས་རྣམས་ཀྱིས་སྦྱིན་པ་ཙམ་ལ་དགའ་བ་དང་། དགྲ་མང་བ་སྤང་དགོས་ཏེ། སྦྱིན་པས་འཁོར་བར་ལོངས་སྤྱོད་ཀྱི་འབྲས་བུ་བསོད་ནམས་ཀྱི་ལས་ཙམ་ཞིག་རབ་ཏུ་འཕེལ་ལ། ཚུལ་ཁྲིམས་ཀྱིས་ལུས་ངག་ལེགས་པར་བསྡམས་པས་དགྲའི་རྒྱུ་གསོད་པ་དང་། རྐུ་བའི་བློ་སོགས་སྐྱེ་བར་མི་འགྱུར་ལ། བསམ་གཏན་བཞི་པའི་དགེ་བ་དང་ལྡན་པས་ཁོང་ཁྲོ་ལ་སོགས་པའི་སྡིག་པ་སྤོང་ཞིང་། ཟག་པ་མེད་པའི་ལམ་གྱིས་ཉོན་མོངས་ཟད་པས་ལྷག་མ་དང་བཅས་པ་དང་། ལྷག་མ་མེད་པའི་མྱ་ངན་ལས་འདས་པ་གཉིས་འཐོབ་པའི་ཕྱིར་རོ། །བདུན་པ་ཤཱཀྱ་ཐུབ་པའི་གསོ་སྦྱོང་ནི། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལོ་བཅུ་གཉིས་ཀྱི་བར་ལ་ནི་བསྟན་པ་སྐྱོན་མེད་པར་གནས་པས་དེའི་ཚེ་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་འདོན་པའི་ཚེ། སྡིག་པ་ཐམས་ཅད་མི་བྱ་སྟེ་ཞེས་སོགས་ཀྱི་ཚིགས་བཅད་ཕྱེད་དང་བཞི་འདོན་པར་བྱེད་ལ། དེ་ཡང་སྡིག་པ་ཐམས་ཅད་མི་བྱ་སྟེ། །ཞེས་པས་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་པས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་། རང་གི་སེམས་ནི་ཡོངས་སུ་འདུལ། །ཞེས་པས་ལྷག་པའི་སེམས་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡིན་ནོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཀུན་ཏུ་བསྡམས་པའི་དགེ་སློང་ནི། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ། །ཞེས་པས་ཚུལ་ཁྲིམས་ཀྱི་འབྲས་བུ་བསྟན་ཏོ། །ཇི་ལྟར་ཚུལ་ཁྲིམས་ཀྱིས་སྡུག་བསྔལ་ལས་གྲོལ་ཞེ་ན། ངག་རྣམས་སྲུང་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། །


DLL1002_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱིས་མི་དགེ་བ་དག་མི་བྱེད་ཅིང་། །ལས་ལམ་གསུམ་པོ་འདི་དག་རབ་སྦྱངས་ནས། །དྲང་སྲོང་གསུངས་པའི་ལམ་ནི་ཐོབ་པར་འགྱུར། །གཉིས་པ་ནི་སངས་རྒྱས་རྣམ་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་དྲང་སྲོང་གོའུ་ཏ་མའི་རྒྱུད་དུ་འཁྲུངས་པས་གོའུ་ཏ་མ། ལྷ་རྣམས་ཀྱིས་ཕྱག་བྱས་པས་ལྷའི་ལྷ། མི་ལ་སོགས་པའི་གདུལ་བྱ་འདུལ་ཞིང་ཁ་ལོ་བསྒྱུར་བ་བླ་ན་མེད་པ་འཇིག་རྟེན་སྲིད་པ་གསུམ་གྱི་མགོན་པོ་གདུལ་བྱ་དུས་ལས་མ་ཡོལ་བར་སྐྱོབ་པས་སྐྱོབ་པ་མཆོག །སངས་རྒྱས་དཔའ་བོ་བདུན་པོ་དག་སྙན་པའི་གྲགས་པ་དང་ལྡན་(༥༣བ)པ་རྣམས་ཀྱིས་སོ་སོར་ཐར་པ་འདི་ནི་དུས་དང་པོར་བྱ་བ་དང་གསོལ་བ་བྱས་ནས་གདོན་པ་ལྔ་པོ་རབ་ཏུ་རྒྱས་པར་བཏོན་པ་འདི་ལ་སངས་རྒྱས་རྣམས་དང་གང་སངས་རྒྱས་ཀྱི་ཉན་ཐོས་རྣམས་ཀྱང་གུས་ལ། འདུལ་བ་འདི་ལ་གུས་པ་དང་བཅས་པས་འཇུག་པར་འགྱུར་བས་འདུས་མ་བྱས་པ་མྱ་ངན་ལ་འདས་པ་ཐོབ་པར་འགྱུར་རོ། །གཉིས་པ་ནི། བརྩོན་འགྲུས་བརྩམས་ཤིང་འཁོར་བ་ལས་ངེས་པར་འབྱུང་བར་བྱ་ལ་སངས་རྒྱས་ཀྱི་བསྟན་པ་བདེན་པ་བཞི་ལ་འཇུག་པར་བྱ་སྟེ། འདམ་བུའི་ཁྱིམ་གླང་ཆེན་གྱིས་འཇོམས་པ་བཞིན་དུ། འཆི་བདག་གི་སྡེ་སྲིད་པ་སོགས་ནི་གཞོམ་པར་བྱའོ། །གང་ཞིག་རབ་ཏུ་བག་ཡོད་པར། འཕགས་ལམ་ཡན་ལག་བརྒྱད་ཀྱིས་བསྡུས་པའི་ཆོས་འདུལ་བ་འདི་ལ་སྤྱོད་པར་གྱུར་པ་ནི། སྐྱེ་བའི་འཁོར་བ་རབ་ཏུ་སྤངས་ནས་སྡུག་བསྔལ་ཐ་མར་རྒྱུན་ཆད་པར་འགྱུར་རོ། །གསུམ་པ་ནི། སོ་སོར་ཐར་པ་འདི་བཏོན་པས་དགེ་འདུན་གྱིས་ནི་མཐུན་པའི་གསོ་སྦྱོང་བྱས་པ་ཆོས་ཅན། དགོས་པ་ཡོད་དེ། གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། ལྟུང་བ་ལས་སློང་བས་ཕན་ཚུན་


DLL1002_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཁྲིམས་བསྲུང་བ་དང་། བསྟན་པ་དང་འཁོར་རྣམ་བཞི་འཕེལ་བར་བྱ་བའི་ཕྱིར། ཚུལ་ཁྲིམས་བསྲུང་བ་ལ་སོགས་པ་གང་གི་ཕྱིར་ནི་མདོ་འདོན་པ་ལྔ་པོ་བཏོན་པ་དང་། གང་གི་ཕྱིར་མཐུན་པའི་གསོ་སྦྱོང་བྱས་པར་གྱུར་པའི་ཚུལ་ཁྲིམས་དེ་ནི་བསྲུང་བར་བྱ་སྟེ། དཔེར་ན་བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག་རྔ་མའི་རྩེ་མོ་བག་ཡོད་པས་སྲུང་བ་ཇི་ལྟར་བཞིན་ནོ། །བཞི་པ་ནི། སོ་སོར་ཐར་པ་བཏོན་པ་ཡི། །བསོད་ནམས་གྲུབ་པ་གང་ཡོད་པ། །དེས་ནི་འཇིག་རྟེན་མ་ལུས་པ། །ཐུབ་དབང་གོ་འཕང་ཐོབ་པར་ཤོག །བཞི་པ་མཇུག་གི་དོན་ནི། སོ་སོར་ཐར་པའི་མདོ་རྫོགས་སོ།། །།ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡྷེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།


DLL1002_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།