cover

རྙིང་མ་རྒྱུད་འབུམ་པོད་བཞི་པ། ང༽

སྡེ་དགེའི་ཤིང་པར་རྙིང་མ་རྒྱུད་འབུམ།

རྩོམ་མཁན།

Nitartha international

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་དཔལ་ནམ་མཁའ་མེད་པ་ཆེན་པོའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་ཆེན་པོ་མངྒ་ལ་བཀྲ་ཤིས་རུ་ཙི་ར་མཛེས་ལྡན་བཱནྟནྟྲ་རྒྱུད་ལྼཱྀག་དཔལ་ག་ན་ནམ་མཁའ་མེད་པ་མ་ཧཱ་ཆེན་པོ་ཏནྟྲ་རྒྱུད་ནཱ་མ་ཅེས་བྱ་བ། བོད་སྐད་དུ། བཀྲ་ཤིས་མཛེས་ལྡན་མཚན་དོན་ཆེན་པོའི་རྒྱུད། དཔལ་ནམ་མཁའ་མེད་པ་ཆེན་པོའི་རྒྱུད་ཅེས་བྱ་བ། དོན་བསྒྱུར་ཨོཾ་བཅོམ་ལྡན་འདས་རིག་པ་རང་སྣང་ཉིད་དང་། ཐོག་མའི་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འཁྲུལ་པ་དངོས་ཀླད་ཀྱིས་བཀའ་ཚོམས་སུ་བསྟན་པ་སརྦ་དྷར་རྒྱ་ཨ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་བསྟན་པ་རིན་པོ་ཆེ་བྱུང་ཚུལ་བསྟན་པ། རིག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོར་གནས་ཕུན་སུམ་ཚོགས་པ་རང་སྣང་བའི་དུས་ན། སྣང་བ་ཆེན་པོའི་ངོ་བོ་སྐུ་དང་བཅས་པ།སྣང་བའི་རང་བཞིན་མ་འགགས་པ་ནས། རིག་པའི་སྐུ་རྣམ་པར་དག་པ་སྟོན་པ་ཕུན་སུམ་ཚོགས་པ་ཆེན་པོ་ཉིད་དོ། །ཨེ་མ་ཧོ། རིག་པའི་ཡེ་ཤེས་ཆེན་པོ་ཡུལ་མེད་པ་སྣང་བའི་ཀློང་ནས། ངོ་བོ་རིག་པ་ངའི་ཡེ་ཤེས་སོ། །

ངས་རིག་པ་ཉིད་ཀྱི་དོན་བསྟན་ཏོ་བསྟན་པ་ཕུན་སུམ་ཚོགས་པ། །ཡངས་པ་ཀུན་གྱི་བདག་ཉིད། སྣང་བ་ཆེན་པོའི་འཁོར་ཀུན་སྣང་ཐབས་ནི་རང་གི་འཇུག་ཚུལ། རང་སྤངས་པའོ་གཉིས་སུ་མེད་པའི། །དེས་སྨྲས་ཤིང་རང་སྣང་གི་གཞལ་ཡས་ཁང་དང་བཅས་པའོ། །རང་གི་འོད་ཀྱི་ཡུལ་དང་བཅས་པའོ། །ཐོག་མ་མེད་པའི་ཐུགས་རྗེ་དང་བཅས་པའོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྟོགས་པའི་སངས་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ་བཞུགས་སོ། །གཞི་ཉིད་བསྟན་དེ་ནས་ཡང་རིག་པའི་ཡེ་ཤེས་ཉིད་ཀྱིས། རང་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ། །ཀྱེ་སྣང་བ་ཆེན་པོ་ཡངས་པའི་ཀློང་དེ་ནི།མ་གཡོས་པ་ཆོས་ཀྱི་སྐུ་ཆེན་པོ་ལས། མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ། །ངོ་བོའི་སྐུ་མ་འགགས་པར་གནས་ཏེ། དེ་ཉིད་ངོ་བོ་མི་འགྱུར། ཐབས་མ་ཤེས་མ་རྟོགས་གསང་

བ། དངོས་པོ་ལས་མ་གཡོས་མི་གཡོ་རིག་པ་ཉིད་མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས་པ།སྐུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་བ་ཐབས་ཀྱིས་མ་བསྒྲིབས་པ། ངོ་བོ་ཀ་དག་རང་བཞིན་ལྷུན་གྲུབ་ཐུགས་རྗེ་ཀུན་ཁྱབ་གསུམ། རྒྱ་མ་ཆད་པར་ལྷུན་གྲུབ་ཀྱི་ངོས་ནས་ཡོངས་སུ་རྫོགས་པ་ཆེན་པོ་བདེ་གཤེགས་སྙིང་པོ། ཀ་དག་གི་ངོས་ནས་ངོ་བོའི་གནས་ལུགས་ཆེན་པོ་རིག་པ་དེ་ཡང་། སྐུ་ལྟར་གནས་པ་མཁྱེན་པའི་ཆ་ནས་སེམས་ཅན་ལ་སྣང་བ་ལ། ཁ་མིག་རྣ་བར་དོད་པ་ནི་སྟོང་པའི་ཆ་ནས་ཅི་ཡང་མི་བཞུགས། སྟོང་པ་ལྟར་གནས་པ་ལ་རིག་པའི་ངོ་བོ། བེམ་སྟོང་རིག་མེད་ནམ་མཁའ་ལྟར་ཅང་མི་བཞུགས། རིག་པའི་ངོ་བོ་འོད་ལྔ་ལྟར་གསལ་བའི་ཆ་ནས་སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང་མི་བཞུགས།རྒྱ་མ་ཆད་པ་ལྟར་དཀར་པོ་ལ་སོགས་ཁ་དོག་ཏུ་ཡོད་པ་སྣང་བ་ལ། བརྟེན་པ་མེད་པར་འཁོར་བ་དང་འདྲེལ་བ་ལྟར་ཅང་མི་བཞུགས། ཡོན་ཏན་མཐའ་དབུས་མེད་པ་ལྟར་སྣང་བ།ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། རིག་པའི་ཤེས་རབ་ཆ་བགོས་པ་ལྟར་སྣང་བ་ལ། རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱར་མ་འགགས་པ་ལྟར་རྒྱང་ཞགས་སུ་རིག་པ་སྣང་ཞིང་དཔངས་མཐོ་བ་ལ། ངོ་བོ་དེ་ལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ། །རང་བཞིན་གྱིས་ངོ་བོ་སྟོང་པ་རིག་པ་ཡིན་པས་སྣང་བ་ནི་ཡངས་པ་ལྟར་སྣང་བ་ལ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་ངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མ་ཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིགས་མི་འཛིན་པ། སེར་པོ་ལྟར་སྣང་བ་ལ་ཡོན་ཏན་རྫོགས་པ། དམར་བ་ལྟར་སྣང་བ་ལ་གོ་མ་འགགས་པ། ལྗང་གུ་ལྟར་སྣང་བ་ལ་མ་བཙལ་བར་གྲུབ་པ། སྣང་བ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན་པོ། ཟླུམ་པ་ལ་དབྱིབས་མེད་པ།

མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདངས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ་མ་དག་པ་འཁོར་བའི་སྒོ་ལྟར་ཤར་བ། རྩོལ་བསྒྲུབ་མེད་པ་ལ་བབ་ཀྱིས་བསྒྲུབ་པའོ་འདི་ཉིད་ཉམས་སུ་བླངས་ན་ཆོས་ཉིད་ཀྱི་བར་དོ་ལ་ངོས་ཟིན་ཏེ་དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བའོ། །ཐུགས་རྗེའི་སྣང་བ་དེར་ཡེ་ཤེས་མ་ཟིན་ན་འཁོར་བའི་སའོ། །ནི་སྟོང་པ་ལྟར་ཡེ་ཤེས་དེ་སྣང་བ་ལ། གསལ་བ་ལ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ་ངེས་པ་ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབ་ཀྱིས་སྟོང་པ་ལ་ཀུན་དུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་པ་མ་འགགས་པ་ཆེན་པོ། རྫོགས་པ་ལ་གཅིག་ཏུ་སྣང་བ་ཆེན་པོ། ཐུགས་རྗེ་གོ་མ་འགགས་པར་བཞུགས་སོ། །ཆོས་ཀྱི་སྐུའི་གསུམ་གྱི་འབྱུང་ཚུལ་བསྟན་པ་སྣང་བ་མི་འགྱུར་བ་ལ། འཁྲུལ་པའི་སྣང་བ་ཡུལ་ལྟར་སྣང་བའི་དུས་ཡོངས་སུ་མ་ངེས་ཏེ། གཞི་ལས་འཁྲུལ་པའི་གོ་བྱུང་སྟེ། ངོ་བོ་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་གསལ་བ་སྟེ། ཐུགས་རྗེ་མ་ངེས་པ་ལས། མ་རིག་པ་ལྟར་སྣང་བ་བྱུང་སྟེ། དེ་ལྟར་འཁྲུལ་པའི་ཡུལ་ཙམ་མོ། །གསང་བའི་སྔགས་ལ་ཡེ་ནས་གནས་པའི་མཚན་གཞི་མཚོན་པའོ། །ཞེས་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། གཞི་གནས་ལུགས་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རིག་པའི་སྣང་བ་ཉིད་ཀྱིས་ལྷུན་གྲུབ་ལས་མ་རིག་པའི་བྱུང་ཚུལ་བསྟན། རང་གིས་འཁྲུལ་ཚུལ་སྣང་བ་འདི་གསུངས་སོ་གཉིས་པ་གཞི་ལས་འཁྲུལ་ཚུལ་བསྟན་པ། །ཀྱེ་མ་ང་ལ་ཀ་དག་པ་འཁྲུལ་པ་མེད་ཀྱང་། ངའི་རྩལ་ལས་ལྷུན་གྲུབ་ཙམ་དུ་འཁྲུལ་པ་བྱུང་སྟེ། གཞི་ཀ་དག་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་ཤར་ནས། ཐུགས་རྗེ་མ་ངེས་པ་ལས་

མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་ཏེ། གློ་བུར་དུ་སྤྲིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལ་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཆགས་སོ། །དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས་སོ། །དེ་ཡང་འཆར་ལུགས་རྣམ་པ་ཐུགས་རྗེ་དང་འོད་དང་སྐུ་དང་ཡེ་ཤེས་དང་གཉིས་མེད་དང་མཐའ་གྲོལ་དང་དག་པ་དང་མ་དག་པ་བརྒྱད་དང་ལྡན་པ་རིན་པོ་ཆེ་གའུའི་གནས་ལུགས་ཞེས་བྱ་སྟེ། འདོད་ཡོན་གྱི་གོ་མ་འགགས་པའོ། །མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། འོད་ལྟར་འཆར་བའི་སྣང་བ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ། མཐའ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པའོ། །དག་པ་ཡེ་ཤེས་ཀྱི་འཇུག་སྒོ་མཐར་ཕྱིན་པ། མ་དག་པ་ལྟར་འཆར་བའི་སྒོ་ཐུགས་རྗེ་མ་འགགས་པ། འདོད་དོན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ་སྟེ། དེ་ལྟ་བུའི་སྣང་བ་ངའི་སྐུ་མ་ཟེར་ལས་ཆགས་ཏེ། ནང་གཞོན་ནུ་བུམ་པ་སྐུ་ཞེས་བྱ་བ་རྒྱ་རལ་ཏེ།ཕྱི་ལྷུན་གྲུབ་ཀྱི་གནས་ལུགས་སུ་གནས་སོ། །དུས་དེ་ཙམ་ན་ངའི་སྣང་བ་ཕྱིར་རལ་ཏེ། སང་མ་སེང་མ་འཁྲུལ་པ་དེ་རང་སྣང་ཡིན་ཏེ། ཤག་མ་ཤིག་མ། ཁྲལ་མ་ཁྲོལ་མ། ཡང་མ་ཡེང་མ། འགུལ་བ་འཕྲིག་པ། སྣ་ཚོགས་སུ་འཕྲོ་བ་བྱུང་ངོ་། །དེ་ནས་ལྷུན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ། །དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་ལུགས་ཆགས་སོ། །ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྤྲུལ་སྐུའི་སྣང་ལུགས་སྲིད་དོ། །དེའི་ཐུགས་རྗེ་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་། །དེ་ལས་སྣང་བའི་འཁྲུལ་ཚུལ་དུ་མར་ཆགས་ཏེ། འཁོར་བ་གྲུབ་བོ། །དེ་ཡང་

གནས་ལུགས་ཆེན་པོ་གཅིག་ལ་གསང་སྔགས་གཞིའི་འཁྲུལ་ལུགས་བསྟན། སྣང་ལུགས་བཞི་ལྟར་སྣང་སྟེ། སྐུའི་རོལ་པ་དྭངས་པའི་ཡེ་ཤེས་དང་འོད་ལྔ་སྣ་ཚོགས་སུ་ཤར་ནས། སེམས་ཅན་ཐུན་མོང་གི་ལས་ལྟར་སྣང་བའོ། །དེ་ཡང་རྐྱེན་བཞིའི་འཁྲུལ་ཏེ། ཐ་མ་ཡང་རྐྱེན་བཞི་ལ་ཐུག་གོ། །རྒྱུ་དམིགས་པ་ཅན་དུ་འཛིན་པའི་རྐྱེན་ལས། འབྲས་བུ་སྣ་ཚོགས་ཀྱི་རྒྱུར་འཁྲུལ།བདག་པོ་ཡུལ་ཅན་དུ་འཛིན་པའི་རྐྱེན་ལས། མིང་སྣ་ཚོགས་སུ་འཁྲུལ། དམིགས་པ་བློ་ཅན་དུ་འཛིན་པའི་རྐྱེན་ལས། འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ། །དེ་མ་ཐག་པ་འཛིན་པ་ཅན་གྱི་རྐྱེན་ལས། སྣང་བ་སྣ་ཚོགས་སུ་འཁྲུལ་ལོ། །དེ་ནི་གསང་སྔགས་གཞིའི་འཁྲུལ་ལུགས་ཆེན་པོའོ། །དེ་ཡང་སྣང་ཐབས་ལ་མ་རིག་པའི་རྐྱེན་སྣང་བའི་རྐྱེན་དུ་མ་བསྟན་པའོ། །རང་ཀ་མ་དང་བཅས་ཏེ་སྣང་ངོ་། །མ་རིག་པ་དེ་ཡང་རྩ་བའི་ཉོན་མོངས་པ་ལྔ་དང་བཅས་ཏེ། རྟོག་ཚོགས་དུ་མ་སྡུད་པའོ། །རྐྱེན་སྟོང་ཕྲག་དུ་མ་དང་བཅས་པ་སྣང་ཚུལ་དུ་མ་དང་བཅས་པ་སྣང་ཚུལ་གྱིས་འབྱམས་པའོ། །དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས། སྣང་བ་མ་འགགས་པ་ལས། གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ། ཡུལ་དུ་མའི་རྗེས་སུ་འབྲངས་ཏེ་ཐམས་ཅད་ལ་རྟོག་པའོ། །ཆོས་ཀྱི་སྐུའི་སྣང་བ་མ་འགྱུར་ཀྱང་། འཁྲུལ་པའི་སྣང་བ་ལ་འགྱུར་འགྱུར་ལྟར་བྱུང་ངོ་། །རྡོ་རྗེ་སེམས་དཔའ་འཁྲུལ་པ་མི་མངའ་ཡང་། སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། །ཐ་མ་རང་གི་སྣང་བ་རང་རྐྱེན་གྱིས་གཞི་ལས་ལྡོག་པའོ། །གཉིས་སུ་མེད་པའི་སྣང་བ་རང་ཤར་བར་མ་ཤེས་ཏེ། འཁྲུལ་པ་ལ་བདག་པོར་བཟུང་བས་བདག་པོའི་རྐྱེན། རང་རིག་པའི་འབྲས་བུ་རང་ཤར་བར་མ་ཤེས་རྒྱུ་ཉིད་ལྟོས་པ་ཅན་བཟུང་བ་རྒྱུའི་རྐྱེན་ནོ། །ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས། དམིགས་པ་ལ་ཡུལ་དུ་བཟུང་བས། དམིགས་པ་རང་ངོའི་རྐྱེན། དུས་ལ་ལྟོས་ནས་འོད་རང་

བྱུང་བར་མ་ཤེས། དེ་མ་ཡིན་པ་ལ་དེར་འཛིན་པའི་ཤེས་པ་བྱུང་བས་མཚུངས་པ་དེ་མ་ཐག་པའི་རྐྱེན་ནོ། །རྒྱུའི་རྐྱེན། བདག་པོའི་རྐྱེན། དམིགས་པའི་རྐྱེན། མཚུངས་པ་དེ་མ་ཐག་པའི་རྐྱེན། རིག་པ་རྟོག་མེད་དེ་མ་རིག་པས་ཞེས་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། གཞི་ལ་འཁྲུལ་པ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་སྣང་བ་དམ་པའི་འཁོར་ལ། དང་པོའི་རིག་པའི་དབྱིངས་བསྟན་ཏོ། །རིག་པ་ཆོས་འབྱུང་སྐུས་བཀའ་སྩལ་པ། ཀྱེ་སྣང་བ་དམ་པའི་རིག་པ་ཡོངས་སུ་སྣང་བའི་འཁོར་རྣམས་ཉོན་ཅིག། གཉིས་པ་སྣང་ལུགས་བསྟན་པ་གཞི་སྣང་བ་ཆེན་པོའི་རིག་པ་འདི་དག་རྣམས་ནི་སྒྲོན་མ་ཁོང་གསལ་བར་བལྟའོ། །ཆོས་ཀྱི་སྐུའི་སྣང་བ་ནི། གནས་ལུགས་ཆེན་པོ་དང་འདྲེལ་བ་སྟེ། དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ། སྣང་ལུགས་བཞིར་འཆར་བ་འདི་ལྟ་སྟེ། རིག་པ་དང་ཆོས་ཉིད་ཀྱི་གནས་ལུགས་ནི། མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་བ་ལ་འབྱེད་མེད་དུ་གནས་པས། མ་རིག་པའི་རྒྱུ་བདག་ཉིད་གཅིག་པ་དང་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའི་རྐྱེན་གྱིས་མ་བསྒྲིབས་པ། ཀ་དག་ཆེན་པོ་རིག་པ་རྟོག་མེད་ཞེས་བྱ་སྟེ། ཡང་དག་པའི་སངས་རྒྱས་མ་བྱུང་འཁོར་འདས་ཀྱི་ཕྱོགས་སུ་མ་ལྷུང་བའོ། །མ་དག་པའི་སེམས་ཅན་མ་བྱུང་བའི་གནས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོ་ཞེས་བྱའོ། །དེ་ལ་ཡེ་ནས་སྟོང་པས་བརྗོད་དུ་མེད་དོ། །གཟུང་བྱ་དང་བྲལ་བས་དཔག་ཏུ་མེད་དོ། །ལྟ་བར་བྱ་བ་དང་བྲལ་བས། །དམིགས་སུ་མེད་གཞལ་དུ་མེད་དོ། །དམིགས་པ་དང་བྲལ་བས་ཐ་སྙད་དང་བྲལ་བས་བརྩིར་མེད་དོ། །གང་གིས་ཀྱང་གཏན་ལ་མི་ཕེབས་སོ། །རྟོགས་པར་དཀའ་བས། སྒྲ་ཚད་ལ་སོགས་པའི་ཚིག་གིས་མཚོན་དུ་མེད་དོ། །རིག་པ་ལ་ཆོས་མེད་པས།ཤེས་པའི་ཡུལ་དུ་བྱར་མེད་དོ། །གཟུང་འཛིན་དང་བྲལ་བས་དེས་ནི་འཁོར་བ་མི་མཐོང་།རྟོག་པ་མེད་པས་འཁོར་བས་དེ་ཉིད་མི་མཐོང་ངོ་། །སངས་རྒྱས་ལ་ཆོས་སྤྱོད་མེད་པས་དེས་ནི་ཆོས་མི་སྤྱོད་དོ། །ཚིག་མིན་པས་ཆོས་ཀྱིས་དེའི་དོན་མི་རྟོགས་སོ། །ལྟུང་བ་མེད་པས་དེ་ནི་འཁོར་བ་མིན་ནོ། །དང་པོ་འཁོར་བར་ལྷུང་བས་མྱ་ངན་ལས་འདས་པ་མིན་ནོ། །རྟག་པ་མ་ཡིན་པས་

གཞི་མིན་ནོ། །མངོན་སུམ་དུ་སྣང་བ་མིན་ནོ། །རང་སྣང་མ་ཡིན་མུན་པ་མིན་ནོ། །བྱ་བྱེད་མེད་པས་ལམ་མ་ཡིན་ནོ། །ཚིག་ལ་བརྟེན་མི་དགོས་བགྲོད་པ་མེད་དོ། །སྣང་བ་ལམ་དུ་སྤོང་བའི་ཕྱིར་མི་བགྲོད་པ་མེད་དོ། །སྨིན་ཟིན་པས་འབྲས་བུ་མ་ཡིན་ནོ། །རང་ལ་གནས་པས་སྤངས་པ་མ་ཡིན་ནོ། །གཞན་མིན་པས་ཐོབ་པ་མ་ཡིན་ནོ། །དེ་ནི་རིག་པའི་དབྱིངས་ཆེན་པོ་ཞེས་བྱའོ། །དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང་ལུགས་བྱུང་སྟེ། དེ་ནི་སངས་རྒྱས་པས་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ། །དེ་ལས་ནི་འཁྲུལ་པ་ཡེ་ཤེས་སུ་སད་ནས་སངས་རྒྱས་བྱུང་ངོ་། །མ་རིག་པ་སེམས་ཅན་བྱུང་ངོ་། །རང་སྣང་བས་ཡེ་ཤེས་བྱུང་ངོ་། །ཡེ་ནས་ཡོད་པས་འོད་བྱུང་ངོ་། །རང་ལ་ཆས་པས་རིག་པ་བྱུང་ངོ་། །ལྷུན་གྱིས་གྲུབ་པ་མ་རིག་པ་བྱུང་ངོ་། །ཐུག་པ་མེད་པས་ལས་ཐམས་ཅད་བྱུང་ངོ་། །སེམས་ཅན་ལ་སྣང་ནུས་པས་ཐུགས་རྗེ་བྱུང་ངོ་། །རང་བཞིན་ཡོད་པ་ལྟར་སྣང་བ་བྱུང་ངོ་། །ཀ་དག་གིས་དེ་ལ་ནི་ངོ་བོ་ཡོད་དོ། །གང་ལ་བྱ་བྱེད་ཡོད་པས་རང་བཞིན་ལྟར་སྣང་བ་ཡོད་དོ། །མཛད་པ་ཅན་དུ་ཡོད་ཐུགས་རྗེ་ལྟར་སྣང་བ་ཡོད་དོ། །སྣ་ཚོགས་སུ་རྩལ་ཡོད་དོ། །འོད་དུ་སྣང་བ་ཡོད་དོ། །སྡུད་པར་བྱེད་པའི་དྭངས་མ་སེམས་ཡོད་དོ། །སྡུད་པར་བྱེད་པའི་རྟགས་ཡིད་ཡོད་དོ། །འཁོར་བ་ཉིད་འཁྲུལ་པ་ཡོད་དོ། །རིག་པའི་ངོ་བོ་མ་འཁྲུལ་པ་ཡོད་དོ། །ཐམས་ཅད་འབྱུང་བ་ཆེན་པོའོ། །དེ་ནི་སངས་རྒྱས་དང་། སེམས་ཅན་གྱི་དབྱིངས་ཆེན་པོ་ཞེས་བྱའོ། །དེ་ལས་ལོངས་སྐུའི་སྣང་ལུགས་བྱུང་སྟེ། དེ་ནི་ལམ་མངོན་པར་སྣང་བའི་གཞི་ཞེས་བྱའོ། །དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྔ་དང་ལྡན་པ། ཡེ་ཤེས་ལྔ་དང་ལྡན་པ། རིགས་ལྔ་དང་ལྡན་པ། ཁ་དོག་ལྔ་དང་ལྡན་པ། འོད་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་བྱ་ལྔ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ། །དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། ཡངས་པའི་ཡང་བྱུང་སྤངས་པའི་ཆོས་དྲུག་དང་ལྡན་པའོ། །

དེ་ནི་ལོངས་སྐུའི་སྣང་ལུགས་དེ་དང་དེ་ལས་བྱུང་བའི་འདྲེལ་བའོ། །དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་ཆགས་སོ། །དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི། ངོ་བོ་ལྷུན་གྲུབ་ལས་ཤར་བའོ། །རང་བཞིན་སྤྲུལ་པའི་སྐུ་དེའི་སྣང་ལུགས་ནི། ལོངས་སྤྱོད་མི་ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས་མི་ཁྱབ་པ་སྒྲོགས་པའོ། །དེ་ནི་རང་བཞིན་སྤྲུལ་པ་སྐུའི་སྣང་ལུགས་ཞེས་བྱའོ། །དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་བྱུང་ངོ་། །དེ་ཡང་སྣ་ཚོགས་སྣང་བ་ལ་སྣ་ཚོགས་ཀྱི་དོན་ཤེས་པའོ། །སྣང་ཡང་རྗེས་སུ་མ་ཆད་པའོ། །སྣང་ཡང་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་མངའ་བ།ཤངས་རྣམ་པར་དག་པ་མངའ་བ། ལྗགས་རྣམ་པར་དག་པ་མངའ་བ། སྐུ་རྣམ་པར་དག་པ་མངའ་བ། གསུང་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་དག་པ་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པ་ཀུན་ཏུ་སྣང་བའོ། །དེ་ནི་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུའོ། །དེ་ལས་མ་དག་པའི་འཇིག་རྟེན་ཆགས་ལུགས་བསྟན་པ་འཇིག་རྟེན་གྱི་ཁམས་ཆགས་སོ། །དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་། འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ། །དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལངས་པ་དང་། འོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་དང་། ཁོང་ཁྲོ་དང་དྲུག་གོ། །དེ་ལ་འགྲོ་བ་རིགས་དྲུག་སྐྱེ་བ་བྱུང་ངོ་། །ཕྲག་དོག་ལས་མི་རུ་ཆགས་སོ། །ཁོང་ཁྲོ་ལས་ལྷ་རུ་ཆགས་སོ། །

ང་རྒྱལ་ལས་ལྷ་མ་ཡིན་ཆགས་སོ། །འདོད་ཆགས་ལས་ཡི་དྭགས་སུ་ཆགས་སོ། །གཏི་མུག་ལས་བྱོལ་སོང་དུ་ཆགས་སོ། །ཞེ་སྡང་ལས་དམྱལ་བར་ཆགས་སོ། །དེ་བཞིན་དུ་རིགས་དྲུག་གིས་སྣང་བ་ཆགས་སོ། །དེ་ནི་འཁོར་བའི་གནས་སོ། །དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ་སྣང་ལུགས་ལས་སྣང་ཐབས་བསྟན་པ་སྣང་ལུགས་ཆེན་པོ་བཞི་ལྟར་བྱུང་ངོ་། །གནས་ལུགས་བཞི་ལས་སྣང་ཐབས་བཞི་ལྟར་ཤར་རོ། །དེ་ནས་མ་བྱས་པའི་སྣང་བའི་འཁོར་གྱིས། མ་བསྐྱོད་པའི་རིག་པ་ལ་ཞུས་པ། ཀྱེ་སྣང་བའི་ཐབས་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །བཀའ་སྩལ་པ། སྣང་ཐབས་ཆེན་པོ་བཞི་ནི། ལྷུན་གྲུབ་ལས་སྣ་ཚོགས་སུ་སྣང་བའོ། །ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ། །སྤྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ། །སེམས་ཅན་ལ་སྣང་བ་ཐ་དད་དུ་སྣང་བའོ། །དེ་ཡང་སེམས་ཅན་ལ་སྣང་བ་སྣང་ཐབས་ཀྱིས་བསྒྲིབས་པའོ། །ཞེས་བཀྲ་ཤིས་མཛེས་ལྡན་དཔལ་ནམ་མཁའ་མེད་པའི་རྒྱུད་ལས། གནས་ལུགས་དང་སྣང་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རིག་པ་ཆོས་སྐུ་ཆེན་པོ་ལ། སྣང་བ་ཡུམ་གྱི་སྐུས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་རིག་པའི་ཡེ་ཤེས་སྐུ། །མཐར་ཐུག་ལྟ་བ་གསུང་དུ་གསོལ། །ཞེས་ཞུས་སོ། །ཡང་རིག་པ་ཆོས་འབྱུང་ཤེས་རབ་ཀྱིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་ཡང་དག་གསང་བའི་ཡུམ། དོན་གྱི་ཐུགས་ཆེན་པོ་རྣམས། ཡང་དག་སངས་རྒྱས་མཐར་ཐུག་དང་། དགོངས་པའི་དོན་ལ་མཐར་ཐུག་དང་། ཡང་དག་ལྟ་བའི་མཐར་ཐུག་དང་། མཚན་མ་ཚིག་གི་མཐར་ཐུག་གོ། །ཨེ་མ་ཧོ། ཡང་དག་མཐར་ཐུག་ངས་བཤད་ཀྱིས། །སྣང་བ་དམ་པའི་འཁོར་རྣམས་ཉོན། །སངས་རྒྱས་དགོངས་པ་མཐར་ཐུག་ནི། །རིག་པའི་བཞག་ཐབས་ཉིད་ལ་ཐུག །དགོངས་པའི་དོན་ལ་མཐར་ཐུག་ནི། །དབྱིངས་ཀྱི་སྒྲོན་མ་ཉིད་ལ་ཐུག །ཡང་དག་

ལྟ་བའི་མཐར་ཐུག་ནི། །ལུ་གུ་རྒྱུད་ཀྱི་སྐུ་ལ་ཐུག །མཚན་མ་ཚིག་གི་མཐར་ཐུག་ནི། །རང་ཤར་ཆེན་པོའི་རྒྱུད་ལ་ཐུག །རྒྱུད་རྣམས་ཀུན་གྱི་མཐར་ཐུག་ནི། །སེང་གེ་རྩལ་རྫོགས་ཆེན་པོ་དང་། །ཡི་གེ་མེད་པའི་རྒྱུད་ལ་ཐུག །ལུང་རྣམས་ཀུན་གྱི་མཐར་ཐུག་ནི། །བདུད་རྩི་ཐལ་སྦྱོར་ལུང་ཆེན་དང་། །གསང་བ་དབང་རྫོགས་ལུང་ལ་ཐུག །ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་ནས། །ནོར་བུ་དྲི་མ་མེད་པའི་སྐུ། །ཡང་དག་མཐར་ཐུག་རྫོགས་པའོ། །ཀྱེ་མ་སྣང་མཛད་ཡུལ་གྱི་རྟོག་མེད་ནས། །གསང་སྔགས་བདག་པོ་ཨཱ་ལི་ཀཱ། །ཆོས་ཀྱི་སྒྲ་ནི་གཉིས་མེད་པས། །སེམས་ཅན་བློ་ལ་བསམ་མི་ཁྱབ། །གསང་སྔགས་ངེས་དོན་བསྡུས་པ་ནི། །གསང་བ་བཅུ་བདུན་ཉིད་དུ་བསྟན། །ལྟ་བ་གསང་རྫོགས་ཆེན་པོ་ལས། །གཉིས་མེད་དག་པའི་མཁའ་ཀློང་ལ། །ཡང་དག་གཏེར་ཆེན་འདི་གསུངས་པས། །ཆོས་ཀྱི་སྐུ་དང་མཉམ་པར་སྦྱོར། །གསང་བ་རིག་པའི་སྐུར་བསྟན་པས། །ཀ་དག་ཉིད་དང་ལྷན་ཅིག་སྦྱོར། །སངས་རྒྱས་ཉིད་ཀྱི་ལྟ་སྟངས་ནི། །ཅོག་བཞག་བཞི་དང་ལྷན་ཅིག་སྦྱོར། །ཡང་གསང་ཐུགས་ཀྱི་མེ་ལོང་ནི། །སྒྲོན་མ་ཉིད་དང་ལྷན་ཅིག་སྦྱོར། །སངས་རྒྱས་སྐུ་ཡི་རྒྱན་ཉིད་དང་། །ཆེན་པོ་ལྔ་དང་ལྷན་ཅིག་སྦྱོར། །རང་བཞིན་ཉིད་ཀྱི་དབྱིངས་ཉིད་ལ། །རྟོག་པའི་རྒྱལ་པོ་བསམ་མི་ཁྱབ། །སྐུ་གསུམ་གསང་སྔགས་ཨ་ཉིད་ལས། །ཆོས་སྐུའི་ཐིག་ལེ་ཉག་གཅིག་ལ། །བྱ་བྱེད་མེད་པའི་སྐུ་ཉིད་ལས། །མཛེས་པའི་དཀྱིལ་འཁོར་བསམ་མི་ཁྱབ། །སངས་རྒྱས་ཀུན་གྱི་མེས་ཆེན་པོ། །སྐུ་དང་ཡེ་ཤེས་འགག་མེད་པས། །མཚོན་པའི་ཡེ་གེ་ཚིག་ལས་འདས། །རིག་པའི་སྐུ་ལ་གཉིས་མེད་དོ། །སེམས་ཅན་བློ་ལ་བསམ་ཡས་ཤིང་། །དགོངས་པ་ཉག་གཅིག་རང་སངས་པས། །བསམ་པའི་ཡུལ་ལ་སྔར་སྣང་ཞིང་། །ཐོག་མའི་མགོན་པོ་འོད་དཔག་མེད། །ཞིང་ཁམས་དག་པས་སྐུ་གསུམ་གསལ། །མགོན་པོ་དྲི་མེད་དག་པ་ལས། །འོད་སྣང་དག་པའི་ཁ་དོག་གསལ། །སྐུ་ཡི་སྣང་བ་ཆེན་པོ་ནི། །རང་བཞིན་སྣང་བ་མ་

འགགས་པའོ། །གསང་སྔགས་བྱུང་ཚོར་མ་འགགས་པས། །མགོན་པོ་རྡོ་རྗེ་འོད་དཔག་མེད། །ཐོག་མའི་ལུས་ཀྱི་སྣང་བ་ལས། །འཁྲུལ་པའི་སྣང་བ་བསམ་ལས་འདས། །དཀྱིལ་འཁོར་ཆོས་ཉིད་བསམ་ཡས་ལས། །འདུ་འཕྲོའི་སྤྱོད་པ་བསམ་ཡས་སོ། །དེ་ནས་ཡང་སྣང་བའི་འཁོར་འབྱུང་བའི་ཡུམ་དང་བཅས་པས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་གསང་བ་རིག་པའི་མངའ་བདག་ཆེན་པོ། བདག་ཅག་སྣང་བ་དམ་པའི་རིགས་རྣམས་ལ།ཡང་དག་པའི་ཡེ་ཤེས་གསང་བ་དམ་པ་རྣམས་གསུངས་ཤིག །ཡང་བཀའ་སྩལ་པ། རིག་པའི་སྣང་བ་ཆེན་པོ་འདི་ལ། རེ་དོགས་བཅས་ན་མི་མཐོང་ངོ་། །སྤང་ཐོབ་བཅས་ན་མི་མཐོང་ངོ་། །ཡིད་དུ་བཟུང་ན་མི་མཐོང་ངོ་། །དེའི་ཕྱིར་ན་ཡང་དག་པའི་ཆོས་ཉིད་ལ། རྩོལ་བསྒྲུབ་ཀྱིས་མཐའ་དང་བྲལ་བར་བསྟན་པའོ། །ཞེས་བཀྲ་ཤིས་མཛེས་ལྡན་ཆེན་པོ། དཔལ་ནམ་མཁའ་མེད་པའི་རྒྱུད་ཆེན་པོ་ལས། མཐའ་གསང་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རིག་པའི་སྣང་བ་དམ་པ་ཉིད། མ་བཞུགས་པའི་གདན་ལས་བཞེངས་ནས། རང་གི་སྣང་བ་ཆེན་པོ་འདི་སྨྲས་སོ། །ཀྱེ་སྣང་བ་ཆེན་པོ་འདུས་པའི་འཁོར་རྣམས་ཉོན་ཅིག །ཡང་དག་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ།གསལ་འགྲིབ་མེད་པར་ཟུང་ཞིག །སངས་རྒྱས་ཀྱི་སྐུ་ལ་ཆེ་ཆུང་མེད་པར་ཟུང་ཞིག །སངས་རྒྱས་ཀྱི་གསུང་ལ་བདེན་རྫུན་མེད་པར་ཟུང་ཞིག །སངས་རྒྱས་ཀྱི་ཐུགས་ལ་རྟོག་པ་མེད་ཅིང་དྲན་བྱེད་མེད་པར་ཟུང་ཞིག །ཀྱེ་རང་བཞིན་གྱི་སྣང་བ་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་སྐུའི་སྣང་བ་ལ་བསྒྲུབ་ཏུ་མེད་དོ། །ལོངས་སྐུའི་ཡེ་ཤེས་ལ་དཔག་ཏུ་མེད་དོ། །སྤྲུལ་སྐུའི་ཤེས་རབ་ལ་བརྗོད་དུ་མེད་དོ། །དེའི་ཕྱིར་སྐུ་གསུམ་ངང་ལ་རྫོགས་པའི་འབྲས་བུ་ཞེས་བྱའོ། །ཨེ་མ་ཧོ། རྡོ་རྗེ་སེམས་དཔའ་ཉིད་ལ་གསལ་འགྲིབ་མེད་ཀྱང་། སེམས་ཅན་ལ་འཁྲུལ་ལུགས་བསམ་གྱིས་མི་ཁྱབ་སྟེ། རིག་པ་ཉིད་ལ་འཁྲུལ་པ་ངང་གིས་ཡོད་པ་མ་ཡིན་ནོ། །འཁྲུལ་པ་མེད་ཀྱང་འཁྲུལ་བྱེད་མ་

འགགས་པས། འཁྲུལ་པ་ལྟར་སྣང་བའོ། །གསང་བའི་དོན་ལ་ཆོས་མེད་ཀྱང་། སེམས་ཅན་གྱི་བློ་ལ་ཆོས་ལྟར་སྣང་བའོ། །རིག་པའི་ཡེ་ཤེས་ཉིད་ལ་འཁྲུལ་རྟོག་དུ་མར་སྣང་བས་ཆོས་ལ་སྤྱོད་ཅིང་ཆོས་ལྟར་སྣང་བའོ། །ཡང་དག་པའི་ཆོས་ཀྱི་སྐུའི་སྣང་བ་ཉིད་ལས་མ་གཡོས་བཞིན་དུ།ཆོས་ཀྱི་སྐུའི་ཡེ་ཤེས་ཀྱི་སྣང་བ་རྣམས། མཐའ་མ་འགགས་པའི་སྤྱོད་ཡུལ་དུ་མར་སྣང་བའོ། །ཡང་དག་པའི་ཆོས་ཀྱི་སྐུ་བསམ་པ་ལས་འདས་ཀྱང་། སེམས་ཅན་བློའི་དྲི་མ་བསམ་པ་དང་བཅས་པས། བསམ་པ་རང་ཀ་མར་སྤྱོད་ཅིང་།བསམ་པའི་རྗེས་སུ་འབྲང་བའོ། །ཡང་དག་པའི་སྐུ་བསམ་པའི་དངོས་པོས་སྟོང་སྟེ། བྱ་བྱེད་ཀྱི་འཁྲུལ་པ་རང་དག་པའོ། །རིག་པའི་སྐུ་ཉིད་སེམས་ཅན་ལ་རང་ཆས་ཏེ། འབྱུང་བཞི་ཀུན་ལ་གནས་པས་ཀུན་ཏུ་སྤྱོད་དོ། །ཀུན་ཏུ་སྣང་ཞིང་ཀུན་ལ་གསལ་ཆ་མ་འགགས་པའོ། །ཀུན་ལ་མང་པོར་འཆར་ཞིང་། ད་ལྟར་དུ་འདུ་འབྲལ་མེད་པའོ། །འོད་ཁྱིམ་གྱི་ཚུལ་དུ་འཆར་ཞིང་སྣང་བ་མ་འགགས་པའོ། །ཀྱེ་མ་གསང་སྔགས་ཀྱི་མཐའ་རང་གི་རིག་པའི་སྐུ་རྣམ་པར་དག་པའོ། །ཆོས་ཐམས་ཅད་ཀྱི་མཐའ་ནི་མི་སྤྱོད་པའི་སྤྱོད་པ་ཆེན་པོ་ལ་ཐུག་གོ། །བལྟ་བ་ཐམས་ཅད་ཀྱི་མཐའ་ནི། ལྟ་རུ་མེད་པའི་སྣང་བ་རྒྱས་འདེབས་ཆེན་པོ་ལ་ཐུག་གོ། །དགོངས་པ་ཐམས་ཅད་ཀྱི་མཐའ་ནི། བསྒོམ་དུ་མེད་པའི་རང་སྣང་ཆེན་པོ་ལ་ཐུག་གོ། །སྤྱོད་པ་ཐམས་ཅད་ཀྱི་མཐའ་ནི། མ་བཅོས་ཤིང་བྱ་བྱེད་དང་བྲལ་བ་ལ་ཐུག་གོ། །སྐུ་ཐམས་ཅད་ཀྱི་མཐའ་ནི། ལུ་གུ་རྒྱུད་ལ་ཐུག་གོ། །སྣང་བ་ཐམས་ཅད་ཀྱི་མཐའ་ནི། ཡུལ་མེད་པའི་གདངས་ཆེན་པོ་ལ་ཐུག་གོ། །དམ་ཚིག་ཐམས་ཅད་ཀྱི་མཐའ་ནི། བསྲུང་དུ་མེད་པའི་བསྲུང་མཚམས་ཆེན་པོ་ལ་ཐུག་གོ། །ཕྲིན་ལས་ཐམས་ཅད་ཀྱི་མཐའ་ནི། བསྒྲུབ་ཏུ་མེད་པའི་གྲུབ་པ་ཆེན་པོ་ལ་ཐུག་གོ། །ཕྱག་རྒྱ་ཐམས་ཅད་ཀྱི་མཐའ་ནི་མ་བསྒྱུར་བར་ཡེ་ནས་རྫོགས་པ་ལ་ཐུག་གོ། །དཀྱིལ་འཁོར་ཐམས་ཅད་ཀྱི་མཐའ་ནི་རྩ་བ་དབྱིངས་ཀྱི་སྒྲོན་མ་ལ་

ཐུག་གོ། །ཡིག་འབྲུ་ཐམས་ཅད་ཀྱི་མཐའ་ནི། མ་བསྐྱེད་པའི་རང་བྱུང་ཆེན་པོ་ལ་ཐུག་གོ། །ལྷའི་སྐུ་ཐམས་ཅད་ཀྱི་མཐའ་ནི། ཡངས་པ་ཉིད་ལ་རང་བྱུང་བ་ལ་ཐུག་གོ། །ཆོས་སྐུའི་མཐའ་ནི་བསམ་པ་མེད་ཅིང་རང་རྫོགས་པ་ལ་ཐུག་གོ། །ལོངས་སྐུའི་མཐའ་ནི། རང་གི་སྣང་བའི་ཕྱོགས་སད་པ་ལ་ཐུག་གོ། །སྤྲུལ་སྐུའི་མཐའ་ནི་ཐུགས་རྗེའི་གོ་མ་འགགས་པ་ལ་ཐུག་གོ། །ཀྱེ་མ་སྐྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། མི་འགྱུར་བ་རྡོ་རྗེའི་སྐུ་ལོངས་ཤིག །འགགས་པ་མེད་པར་རང་གྲོལ་བར་འདོད་ན། རང་སྣང་ཆོས་ཉིད་ཀྱི་ཡུལ་ལ་ལྟོས་ཤིག །སྐྱེ་འགྲིབ་མེད་པའི་དགོངས་པ་ལ་གནས་པར་འདོད་ན། དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་ལྟོས་ཤིག །རྡོ་རྗེ་སེམས་དཔའི་སྐུ་ལ་བལྟ་བར་འདོད་ན། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཟུང་ཞིག །ཡངས་པ་སྣང་བ་ཀུན་ཏུ་འཆར་ཞིང་ཀུན་ལ་སྣང་བའོ། །གསང་བའི་ཡེ་ཤེས་ཀུན་ཏུ་སྣང་བ་ལ་མཁས་པ། ཆོས་ཀྱི་སྐུའི་ངོ་བོ་ཟང་ཐལ། ལོངས་སྐུའི་ངོ་བོ་གསལ་དྭངས། སྤྲུལ་སྐུའི་ངོ་བོ་མངོན་པར་སྣང་བ། ངོ་བོ་ཉིད་ཀྱི་སྐུ་རང་བྱུང་བ། སངས་རྒྱས་ཀུན་གྱི་རྡོ་རྗེ་དྲིལ་བུ་སྐུའི་ངོ་བོ་དང་བཅས་པ་རང་གིས་སྣང་བ། གླུའི་ཚིག་དང་བཅས་པ་འདི་གསུངས་སོ། །དེ་ཡང་ཐབས་ཀྱི་སྣང་བ་དུས་གཅིག་ལ་རྫོགས་པས། ཡང་དག་པར་རྫོགས་པའི་སངས་རྒྱས་རྫོགས་པ་ཆེན་པོ་འདིར། རིག་པ་མངོན་སུམ་ལ་གཟིགས་པའོ། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུའི་ངང་ལས་མ་གཡོས་ཤིང་། དེའི་སྣང་བ་ལས་ཀུན་གསལ་ལོ། །ཐུགས་རྗེས་ཐམས་ཅད་འཛིན་ཅིང་། དབྱིངས་སུ་འཛིན་པར་བྱེད་པའོ། །སངས་རྒྱས་ཀྱི་འོད་ཟེར་ཀྱིས་འགྲོ་བ་ཕལ་པ་བརྒྱལ་ཏེ། སྣང་མི་ནུས་པའོ། །ཨེ་མ་ཧོ། སྔོན་བྱུང་གི་དུས་ན་སངས་རྒྱས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཞིག་ལ་སྣང་བ་ཆེན་པོ་བརྒྱ་སྟོང་དང་ལྡན་པའི་མཆོད་རྟེན། ཤིན་ཏུ་བརྩེགས་ལེགས་པ་གསལ་བ། མཐོ་བ་ལ་སྲིད་པའི་རྩེ་མོར་སླེབ་པ་ལ། རྒྱ་སྟོང་གསུམ་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་ཁྱབ་པ། རྩ་བ་ནི་ན་རག་ཆེན་པོའི་དམྱལ་བའི་ཁམས་ལ་ཟུག་པ། ཆུང་བའི་
ཚད་ནི་ཏིལ་འབྲུ་བརྒྱར་བསྒོས་པའི་ཚད་ཙམ། ཡངས་པའི་མཐའ་ནི། ནམ་མཁས་གང་དུ་ཁྱབ་པ་ཙམ། གསལ་བའི་ཚད་ནི་ཉི་ཟླ་སྤྲིན་གྱིས་མ་བསྒྲིབས་པ་ལྟ་བུ།ཐོགས་པ་མེད་པ་རླུང་ལྟ་བུ་གཅིག་ཡོད་པས། དེ་ལ་ཐམས་ཅད་ཀྱིས་མཆོད་འོས་སུ་མཐོང་སྟེ། ལས་སྣ་ཚོགས་ཀྱིས་སྒོ་ནས་མཆོད་པ་ཆེར་བྱས་པས། གང་ལ་ཡང་དངོས་གྲུབ་མ་བྱུང་སྟེ། དེའི་ཚེ་རང་སྣང་གི་བུ་མོ་དང་། གསལ་བར་རང་སྣང་གི་ཁྱེའུ་གཉིས་འདུས་ནས། མཆོད་པའི་ལས་གཅིག་གིས་སྐད་ཅིག་མ་ལ་སངས་རྒྱས་སོ། །ཞེས་བཀྲ་ཤིས་མཛེས་ལྡན་དཔལ་ནམ་མཁའ་མེད་པའི་རྒྱུད་ཆེན་པོ་ལས། དབང་པོ་ཀུན་སྣང་གི་འཁྲུལ་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།བཀྲ་ཤིས་མཛེས་ལྡན་དཔལ་ནམ་མཁའ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།ཟབ་རྒྱ། སྦས་རྒྱ། གཏད་རྒྱ། དཔལ་སྔགས་སྲུང་གི་རྒྱལ་མོ་ཨེ་ཀ་ཙ་ཏིས་སྲུངས་ཤིག་རྒྱ་རྒྱ་རྒྱ། འགྲེལ་པ་སྒྲོན་མ་འདུས་པ་བྱ་བ་ཡོད་དོ། །བཀྲ་ཤིས་མཛེས་ལྡན་ཉིད་ལ་མ་བུ་དགུ།། །།

རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། མགོར་མ་གཞི་འོག་མ་འཁྲུམ་པ་ལོག་པའོ། །ན་རོ་དབྱིངས། ཀླད་ཀོར་སྐུ་དང་ཡེ་ཤེས་སོ། །བཛྲ་རྡོ་རྗེ་སཏྭ་སེམས་དཔའ་ཙིཏྟ་སྙིང་ཨཱ་དཪྴ་མེ་ལོང་གི་ཏན་ཏྲ་རྒྱུད་ནཱ་མ། ཅེས་བྱ་བ། དབྱེར་མེད་པའི་སྐུ། །ཨ་ནི་ཆོས་ཀྱི་སྐུ། ཧ་ནི་ལོངས་སྤྱོད་རྫོགས་པའི་སྐུ། མ་ནི་སྤྲུལ་པའི་སྐུ། གུ་གུ་ནི་ངོ་བོ་ཉིད་སྐུ། ཞབས་ཀྱུ་ནི་རྡོ་རྗེ་འཛིན་པའི་སྐུ། ཀླད་ཀོར་ནི་སྐུ་ལྔ། བོད་སྐད་དུ། དོན་ལ་སེམས་པ། རྡོ་རྗེ་སེམས་དཔའ་སྙིང་གསང་བ་གི་མེ་ལོང་གསལ་བ་གི་རྒྱུད་སྲེད་ཆགས་པ་ཅེས་བྱ་བ། བདུད་བཞི་བཅོམ་འཁོར་བ་ལས་འདས་པས། བཅོམ་ལྡན་འདས་རྟོགས་པ་དང་ལྡན་པས་མི་ཕམ་ཡེ་ཤེས་ཀྱི་ཞེ་སྡང་དང་ལྡན་པས་ཁྲོ་འོད་ལྔ་རང་ལ་ཡོད་པས་གཉེར་གཉེར་ཅན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་བདེན་པ་ཆེན་པོ་བསྟན་པའི་དུས་ཕུན་སུམ་ཚོགས་པ་གཅིག་ན། ཉེ་བའི་འཁོར་ཕུན་སུམ་ཚོགས་པ་འཁོར་རྣམས་ལེགས་པར་ཉོན་ཅིག། རང་ལ་གནས་པའི་དོན་རང་བྱུང་ཐབས་ཆེན་དོན་བཤད་ཀྱིས། །ང་ཡིས་བསྟན་པ་ཕུན་སུམ་ཚོགས་པ་བཤད་ཀྱིས་ང་ལ་ཉོན། །ཅེས་རྡོ་རྗེ་སེམས་དཔའི་དོན་བཀའ་བསྒོ་བ་མཛད་དོ། །འདི་སྐད་བདག་གིས་ཐོས་པའི་གོ་ནས་ཤེས་པའི་ཕྱིར་དུས་གཅིག་ན། དུར་ཁྲོད་མེ་རི་འབར་བ་ཅེས་བྱ་བ། གནས་ཕུན་སུམ་ཚོགས་པ། ཉིན་

བཞིན་རླུང་འཚུབ་པ། ཁྲོ་བོའི་གནས། མཚན་བཞིན་མེ་འབར་བ་དེ་ན། བཅོམ་ལྡན་འདས་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྐུ་ཁྲོ་བོར་སྣང་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བར་སྐུར་སྤྲུལ་ནས། གསང་བའི་བདག་པོ་ལ་སོགས་པ་ཁྲོ་བོ་ཕྱག་ན་རྡོ་རྗེ་ལ་སོགས་པ་ཁྲོ་བོའི་ཚོགས་དང་མཁའ་འགྲོ་མ་ལ་སོགས་ཏེ་མཁའ་འགྲོའི་ཚོགས་རྣམས་ལ་རྒྱུད་ཆེན་པོ་གསང་བ་ཡང་ཁོལ་དུ་ཕྱུང་བ་འདི་བཤད་དོ། །མ་རིག་པས་བཅིངས་པ་ལས། དོན་དགྲོལ་ཏོ། །སྙིང་གི་དཀྱིལ་འཁོར་གྱི་འོད། གསལ་བར་བྱེད་དོ། །རྒྱུད་ཀྱི་དོན། རྒྱས་པར་སྟོན་ཏོ། །ཞེས་བྱ་བའི་སྒྲ་ཉིད་ཀྱིས་འཁོར་རྣམས་ལ་ལན་གསུམ་བརྗོད་དོ། །དེ་ནས་གསང་བའི་བདག་པོས་ཞུ་བ་ཞུས་པ། ངོ་མཚར་བས། ཨེ་མ་བྱམས་མགོན་བཅོམ་ལྡན་ཐུགས་རྗེ་ཅན། །བསྟན་པའི་སྙིང་པོ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསུང་དུ་གསོལ། །ཞེས་ཞུས་པ་དང་།བཅོམ་ལྡན་འདས་ཀྱིས་ཁྲོ་བོའི་ཆ་ལུགས་སུ་མངོན་པ་སྤྲུལ་ནས། བཤད་པར་དམ་བཅས་པ། ཨ་སརྦ་དྷརྨ་ཨ་ཧི། སྐྱེ་མེད་ཀྱི་ངང་དུ་ཆོས་ཐམས་ཅད་དབྱེར་མེད་དུ་དབྱིངས་དང་རིག་པ། ཞེས་བྱ་བའི་སྒྲ་བརྗོད་པས། མཁའ་འགྲོ་མ་ཐམས་ཅད་ཡིད་འཁྲུགས་ཀྱེ་ཧུད་ཀྱི་སྒྲ་བརྗོད་པར་གྱུར་ཏོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་འོད་ཀྱིས་ཁེངས་སོ། །དེ་ནས་ཡང་། སརྦ་མ་ཆོས་ཐམས་ཅད་མཉམ་པ་ཉིད་སྐྱེ་བ་མེད་པའོ། །ལ་མ་ལ་ཨ་ཧཱུྃ། ཞེས་བརྗོད་པས། སངས་རྒྱས་ཀྱི་བྱིན་གྱི་རླབས་མངོན་པར་བདེ་བ་དང་ལྡན་པར་གྱུར་ཏོ། །དེ་ནས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་དང་མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རང་བྱུང་དབྱིངས་དྲི་བ་གསུམ་དྲིས་སོ། །ནས་འོད་གསལ་བར་གསུང་དུ་གསོལ། ཨ་ཏི་ཐེག་པའི་དོན་དུ་གསུང་དུ་གསོལ།རང་རིག་བསྟན་པའི་སྒྲོན་མ་མི་འགྱུར་བ་གསུང་དུ་གསོལ། །ཞེས་དྲི་བ་གསུམ་དྲིས་སོ། །དེ་ནས་སྟོབས་ཀྱི་བདག་པོས་སྟོབས་དང་མི་འཇིགས་པ་བཀའ་སྩལ་པ། ཀྱེ་ཀྱེ་ཁྲོ་བདག་ཆེན་པོ་ཉོན། །ང་ཡི་བསྟན་པ་ཐེག་པ་བསམ་མི་ཁྱབ། །དེ་རྣམས་དོན་ཆེན་འདིར་དེ་རྣམས་གང་གིས་ཀྱང་གཏན་ལ་མི་ཕེབས་པ་བཤད་ལེགས་པར་ཉོན། །དྲི་བ་དང་པོའི་ལན། རང་བྱུང་དབྱིངས་ནས་འོད་གསལ་རིག་པའི་ཀློང་། །མ་སྐྱེས་

གདོད་ནས་དག་པའི་མ་རིག་པ་མེད་པའི་རིག་པ་ཟག་པ་མེད་པ་རིག་པ་བྱང་ཆུབ་སེམས། །སྐྱེ་མེད་དོན་ལྡན་རིག་པའི་ཡེ་ཤེས་སྐུ། །རིག་པའི་ངོ་བོ་སྐུ་དང་ཡེ་ཤེས་སོ། །འཇའ་ཚོན་ལྟ་བུར་འོད་ལྔ་མ་འདྲེས་ཡོངས་སུ་རྫོགས། །ཙིཏྟའི་དཀྱིལ་འཁོར་སྙིང་གི་དཀྱིལ་ན་གནས་ཡེ་ཤེས་འོད་དུ་གསལ། །ཡེ་ཤེས་འོད་འཕྲོས་མིག་ནས་ལམ་བྱུང་ཞིང་། །རྣམ་དག་སྟོང་པའི་མཁའ་ལ་ནམ་མཁའ་སྣང་ནས་ཡེ་ཤེས་འོད་དུ་བརྡལ། །སྟོང་གསལ་འབྱེད་མེད་སྟོང་པ་གཅིག་པུར་མེད་གསལ་བར་ཡོད་ངང་དུ་གཉིས་མེད་ཐིམ། །དྲི་བ་གཉིས་པ། ཨ་ཏི་འགྱུར་མེད་རིག་པའི་ལྟ་བ་ནི། །གཅིག་ལ་ཀུན་རྫོགས་ཐ་དད་དུ་མེད་ཐ་སྙད་ཀུན་དང་བྲལ། །ཐ་སྙད་སྤངས་ན་རང་བྱུང་སྟོང་པ་གཅིག་པོར་མ་ཡིན་གསལ་བར་ཡོད་བདེ་བའི་ཀློང་། །གཉིས་མེད་རྟོགས་ན་བདེ་ཆེན་ཨ་ཏིའི་ངང་། །ཐེག་ཆེན་དོན་རྟོགས་རིག་པ་ཨ་ཏིའི་ངང་། །གསང་སྔགས་དོན་རྟོགས་རིག་པ་ཨ་ཏིའི་ངང་། །ཡེ་ཤེས་དོན་རྟོགས་རིག་པ་ཨ་ཏིའི་ངང་། །རང་སྣང་དོན་རྟོགས་རིག་པ་ཨ་ཏིའི་ངང་། །དྲི་བ་གསུམ་པ། རང་རིག་བསྟན་པའི་སྒྲོན་མ་འདི། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །བྱང་ཆུབ་ལམ་གྱི་སྒྲོན་མ་རང་བྱུང་རང་ལ་ཐིམ། །མིག་ནས་བྱུང་ཞིང་སྙིང་གི་དཀྱིལ་གྱི་རིག་པ་ལ་ཐིམ། དཔེར་ན་ཉི་བཞིན་འགྲོ་བ་ཡོངས་ལ་ཁྱབ། །ཙིཏྟའི་དཀྱིལ་དུ་གནས་བཅས་མིག་ནས་ལམ་ཕྱུང་ཞིང་། །ཡེ་ཤེས་སྒྲོན་མ་སྟོང་ཉིད་ནམ་མཁའ་ལ། །རིག་པ་མི་གནས་ནམ་མཁའ་ལ་ཡེ་ཤེས་ཀྱི་སྣང་བ་ལྔར་ཤར་རོ། །ཡེ་ཤེས་འོད་ཕུང་ནམ་མཁའི་མཐའ་དང་མཉམ། །བག་ཆགས་སྦུབས་ལ་བརྟེན་ནས་ཡེ་ཤེས་དབྱིངས་ལ་སྤྱོད། །ཡེ་ཤེས་སྒྲོན་མ་རང་སྣང་འོད་པོ་ཆེ། །ཡེ་ཤེས་སྒྲོན་མ་བསྟན་པ་ཀུན་གྱི་རྩེ། །ཞེས་བཀའ་སྩལ་ཏོ། །ཡང་ཞུས་པ། ཨེ་མ་ཧོ་ངོ་མཚར་གྱི་སྒོ་ནས་ཐུགས་བརྩེ་བས་སེམས་ཅན་ལ་ཕན་གདགས་པ་དང་རང་གི་དོན་རྟོགས་པར་བྱེད་པའི་ཕྱིར་བཅོམ་ལྡན་ཐུགས་རྗེ་ཅན། །རྣམ་གསུམ་དྲིས་ལན་དེ་ལྟར་ན། །དོན་གྱི་སྙིང་པོ་གསུང་དུ་གསོལ། །བརྗོད་མེད་རྣམ་དག་གསུང་དུ་གསོལ། །ཞེས་གསོལ་པས། ཁྲོ་བདག་ཆེན་པོས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན། །ང་ཡིས་ང་ལ་སྟོན་པ་ཡིན། །ལེགས་པར་ཡིད་ལ་གཟུང་བར་བྱོས། །སྙིང་པོ་འགྱུར་མེད་ཀློང་ན་རིག་པ་རང་བྱུང་གསལ། །སྙིང་པོ་ཡེ་ཤེས་སྐུ་ལ་གསལ་

འགྲིབ་ཡོངས་ཀྱིས་མེད། །དོན་གྱི་སྙིང་པོ་རང་གསལ་བདེ་བའི་སྐུ། །ཀུན་ལ་ཁྱབ་པའི་སྙིང་པོ་ཉག་གཅིག་པོ། །བརྗོད་པས་ཐོག་ཏུ་མི་ཕེབས་ཚིག་གིས་མཚོན་དུ་མེད། །རིག་པའི་ཡེ་ཤེས་བརྗོད་པའི་མཐའ་དང་བྲལ། །རྣམ་དག་འོད་གསལ་བརྗོད་མེད་ངང་དུ་ཐིམ། །དབྱེར་མེད་ཚུལ་གྱིས་སེམས་ཅན་ཡོངས་ལ་གནས། །ཨེ་མ་ཧོ་རང་བྱུང་བདེ་བའི་སྐུ། །ཚིག་གཅིག་བསྟན་པས་དོན་ཆེན་གོ། །ཁ་དོག་དཀར་དམར་མ་འདྲེས་ཡོངས་སུ་གསལ། །སྐུ་གཅིག་ཀུན་ལ་ཁྱབ་པས་བདེར་གཤེགས་སྙིང་པོའི་སྐུ། །འགགས་མེད་ཀློང་ནས་ཤེས་རབ་འོད་གསལ་བ། །རྟག་པར་གཏེར་འཆང་རང་གི་ཐུགས་ལ་གནས། །རྒྱུད་ཆེན་དོན་འགྲོལ་གསང་སྔགས་ཨཱ་ལི་ཀཱ། །ཡེ་ཤེས་དོན་སྟོན་གསང་སྔགས་རྒྱལ་པོ་འདི། །ཀུན་ལ་དཀོན་པའི་རིན་ཆེན་གཏེར་ཡིན་པས། །མ་ཡེངས་དམ་ཚིག་ལྡན་པས་སྤྱད་པར་བྱ། །ཞེས་ཁྲོ་བོའི་རྒྱལ་པོས་ཐོག་མའི་དབྱིངས་བསྟན་ཏོ། །བཀའ་བསྒོ་བའི་དོན་རྒྱས་པར་བཤད་དོ། །ཅེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཡང་ཁོལ་དུ་ཕྱུང་བ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་བཅོམ་ལྡན་འདས་སྐུ་ཞི་བའི་ཆ་ལུགས་དྲུག་པ་རྡོ་རྗེ་འཆང་ཞེས་བྱ་བར་སྤྲུལ་ནས། མཁའ་འགྲོ་མ་ཆེན་མོ་ལྔ་ཚངས་མ། དུང་གི་ཐོར་ཚུགས་ཅན་དང་། རྨ་བྱའི་མགྲིན་དང་། རོ་ཟན་དང་། ཁྲོ་གདོང་མ་དང་ལ་སོགས་པ་སྟེ་མཁའ་འགྲོ་མ་བྱེ་བ་དང་ཐུབ་པ་དྲུག་དང་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་བྱིན་རླབས་ལས།གསང་བའི་བདག་པོ་ལག་ན་རྡོ་རྗེ་ཞེས་བྱ་བ་མདུན་དུ་བབས་ནས། ཐལ་མོ་སྦྱར་ནས་ཞུ་བ་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པའི་སྒོ་རྣམས་གསུང་དུ་གསོལ་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་པ་ཐེག་པ་དགུའོ། །འཇིག་རྟེན་པའི་ཆོས་ཐམས་ཅད་ལོག་ལྟ་དང་ཡང་དག་ལྡན་པར་བལྟའོ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་དོན་གཉིས་སུ་བཀའ་སྩལ་པ། །ཐེག་པའི་སྒོ་ནི་བསམ་བརྒྱད་ཁྲི་བཞི་སྟོང་ལོག་པའི་ཐེག་པ་འཇིག་ཚོགས་སུམ་བརྒྱ་དྲུག་ཅུ་ལས་བྱེས་

པའི་དོན་ཡས་ཀྱང་། །ཡི་གེ་རྣམ་པ་གཉིས་སུ་ལོག་ལྟ་དང་ཡང་དག་གཉིས་གསུངས། །ཡི་གེ་རྣམ་གཉིས་གང་ཞེ་ན། །ས་དང་དེ་ཡང་ས་ཞེས་བྱ་བ་ཐམས་ཅད་འབྱུང་བའི་གཞི་མ་ལྟ་བུ་སྟེ་དེ་ཡང་ལོག་ལྟ་རྟག་ཆད་ཕྱེད་པའི་ས་ཡིན་ཡི་གེ་ཧ་ཧ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་མཚོན་པར་བྱེད་པའི་ཡི་གེ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དེ་ལ་བསྡུས་ཏེ་བསྟན་པའོ། །དེ་ཡང་ཡང་དག་པའི་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱའོ། །ལ་འདུས། །དེ་ཡང་བཤད་ལུགས་གང་ཞེ་ན། འཇིག་རྟེན་པའི་ཐེག་པ་དང་། འཇིག་པ་ནི་བག་ཆགས་ཕུང་པོ་འཇིག་པས་འཇིག །ཕུང་པོ་དག་ཡེ་ཤེས་ཀྱི་རྟེན་ཡིན་པས་རྟེན་ནོ། །འཇིག་རྟེན་ལས་འདས་པའི་ཐེག་པའོ། །དེ་ལ་འཇིག་པའི་རྟེན་དུ་གྱུར་པ་མེད་དོ། །འཇིག་རྟེན་པ་ནི་གང་ཞེ་ན། ཡི་གེ་ས་ལ་འདུས་པའོ། །འཇིག་རྟེན་ལས་འདས་པའི་ཡི་གེ་ཧ་ཞེས་ཀུན་ཏུ་གྲགས། ལྷ་དང་མི་ཡི་ཐེག་པ་བཤད། །དེ་ལ་ཡང་ནི་རྣམ་གཉིས་སོ། །ལོག་ལྟ་དང་ནི་ཡང་དག་ལྟ། །ལོག་ལྟའི་ཐེག་པ་བསམ་ཡས་ཀྱང་། །བསྡུས་ན་རྣམ་པ་གཉིས་སུ་འདུས། །རྟག་ལྟ་དང་ནི་ཆད་ལྟའོ། །རྟག་པར་ལྟ་བའི་གྲུབ་མཐའ་ནི། །རྒྱུ་རྟག་འབྲས་བུ་འགྱུར་བར་ལྟ། །རྒྱུ་ནི་རྟག་པ་ཐེར་ཟུག་ལ། །འབྲས་བུ་གནས་སྐབས་འགྱུར་བའོ། །དེ་ཡང་ཡི་གེ་ས་ལ་རྫོགས། །ཆད་པར་ལྟ་བའི་གྲུབ་མཐའ་ནི། །རྒྱུ་ནི་ཆུ་ཡི་ཝུ་བ་བཞིན། །གློ་བུར་དག་ཏུ་འདོད་པ་ལ། །འབྲས་བུ་སྟོང་པ་ཕྱལ་ཆད་དོ། །འཇིག་རྟེན་རྐྱང་པར་ལྟ་བ་སྟེ། །ད་ལྟའི་ལུས་འདི་བོར་ནས་ནི། །ལུས་ནི་འབྱུང་བའི་བག་ལ་ཞ། །སེམས་ནི་ནམ་མཁའི་བག་ལ་ཞ། །ཅང་མེད་སྟོང་པ་ཕྱལ་ཆད་དོ། །དེ་ཡང་ཡི་གེ་ད་ལ་རྫོགས། །ལྷ་མིའི་ཐེག་པ་ཕྱེད་ལྟའོ། །ཡང་དག་ལྟ་བ་ལ་ཡང་རྣམ་གཉིས་སོ། །དེ་ཡང་ཡི་གེ་གཉིས་ལ་འདུས། །ཡི་གེ་གཉིས་པོ་གང་ཞེ་ན། །ཡི་གེ་མ་དང་ཨཱོཾ་ལ་འདུས། །རྒྱུ་ཡི་ཐེག་པ་དག་དང་ནི། །གསང་སྔགས་རྡོ་རྗེའི་ཐེག་པའོ། །མཚན་ཉིད་ལ་ཡང་རྣམ་གསུམ་སྟེ། །དེ་ཡང་ཡི་གེ་རྣམ་པ་གསུམ། །ཡི་གེ་བ་དང་ཙ་དང་ནི། །ཡི་གེ་ཝ་ལ་རྫོགས་པའོ། །ཉན་ཐོས་པ་ཡི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་བདེན་བཞིའོ། །བསྲུང་བའི་ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཡིས། །ལོག་པའི་ལྟ་བ་དག་ལས་ཡང་དག་འཕགས། །

རྟོགས་པའི་ལྟ་བ་གང་ཟག་བདག་མེད་ཆོས་ལ་བདག་ནི་ཡོད་པར་འདོད། །བདེན་བཞི་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་བདེན་བསྒོམས་པས་འབྲས་བུ་རྣམ་བཞི་ལན་ཅིག་ཕྱིར་འོང་བ། ཕྱིར་མི་འོང་བ། དགྲ་བཅོམ་པ། རང་བྱུང་བ་ཐོབ། །སྡུག་བསྔལ་སྤང་བར་འདོད་ཅིང་འགོག་པ་བསྒྲུབ་པར་འདོད། །ཀུན་འབྱུང་སྤང་བར་འདོད་ཅིང་ལམ་ལ་མངོན་པར་གནས། །ཉོན་མོངས་སྤངས་ཤིང་ས་ལམ་བསྒྲུབ་པར་འདོད། །དེ་ལ་རྣམ་པ་གཉིས་སུ་སྟེ། །བྱེ་བྲག་པ་དང་མདོ་སྡེ་པ། །བྱེ་བྲག་པ་ཡི་ལྟ་བ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །གཡག་རྔ་ནེའུ་གསིང་ཚུལ་དུ་འདོད། །མདོ་སྡེ་པ་ཡི་ལྟ་བ་ནི། །ཁ་ཏོན་བྱས་པའི་རང་བཞིན་དང་། །ཐོས་བསམ་བྱས་པའི་རང་བཞིན་གྱིས། །ས་བརྒྱད་འབྲས་བུ་ཐོབ་པར་འདོད། །རང་རྒྱལ་མདོ་སྡེའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྟེན་འདྲེལ་བཅུ་གཉིས་ལ། །རྟོགས་པའི་ལྟ་བ་ཆོས་ཀྱི་ཁམས། །གཅིག་གི་ཕྱོགས་ལ་བདག་མེད་བལྟ་བས་འཕགས། །འདོད་ཆགས་གཉེན་པོར་མི་སྡུག་རྣམ་བརྒྱད་བསྒོམ། །དཔེར་ན་དུར་ཁྲོད་རོ་བཞིན་ནོ། །བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཁྲུལ་གཞི་རྣམ་པར་བརྩི་བ་ནི། །རང་རིག་རང་གསལ་རྣམ་པའོ། །སེམས་ཙམ་པ། སྟོང་ཉིད་རང་བཞིན་ཡི་གེ་མེད་པར་བལྟ། །དབུ་མ་པ། སྟོང་ཉིད་མ་འགགས་སོ་སོར་གསལ་བས་འཕགས། །བདེན་གཉིས་ཚུལ་གྱི་རྣམ་པ་ཅན། །དོན་དམ་དང་ནི་ཀུན་རྫོབ་བོ། །སྟོང་པ་ཕྱལ་ཆད་མ་ཡིན་ཏེ། །སྟོང་པ་ཁད་ཀྱིས་གསལ་བར་བསྒོམ། །སྟོང་པའི་མུ་ལ་མི་གནས་ཚིག་གིས་མཚོན་དུ་མེད། །རྡོ་རྗེ་ཐེག་པ་རྣམ་གཉིས་པོ། །ཕྱི་པ་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། །ནང་པ་ཐབས་ཀྱི་རྒྱུད་དུ་གསུངས། །དེ་ཡང་ཡི་གེ་རྣམ་པ་གཉིས། །ཤ་དང་འ་ལ་འདུས་པའོ། །ཕྱི་པ་ལ་ཡང་རྣམ་གསུམ་མོ། །ཀྲི་ཡ་ཨུ་པ་ཡོ་ག་གསུམ། །དེ་ཡང་ཡི་གེ་གསུམ་དུ་འདུས། །ཡི་གེ་གསུམ་པོ་གང་ཞེ་ན། །ཡི་གེ་ཧ་དང་ཧེ་དང་ནི། །ཀ་ལ་ཡང་དག་རྫོགས་པའོ། །ཀྲི་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་དག་པ་གསུམ། །ཁྲུས་དང་གཙང་སྦྲས་འཇུག་

པ་ལ། །ལྷ་ཡི་དཀྱིལ་འཁོར་གསལ་བས་འཕགས། །ལྟ་སྤྱོད་གཉིས་མེད་ལྷ་དང་རྗེ་ཁོལ་བལྟ། །བསྲུང་བའི་དམ་ཚིག་གང་ཞེ་ན། །ལུང་གཅིག་ཆུ་ལ་མི་འཐུང་བསྲུང་། །རྟོགས་པའི་ལྟ་བ་གང་ཞེ་ན། །ལྷ་དང་བརྗོད་མེད་ཐིམ་པར་རྟོགས། །འབྲས་བུ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་འགྱུར་མེད་གནས་པར་རྟོགས། །ཨུ་པ་ཡ་ནི་གང་ཞེ་ན། །སྤྱོད་པ་ཀྲི་ཡ་ལྟ་བུར་སྤྱོད། །ལྟ་བ་ཡོ་གར་བལྟ་བས་འཕགས། །དེ་ཕྱིར་གཉིས་མེད་རྒྱུད་ཀྱིས་ཐེག་པ་ཞེས་ཀྱང་གྲགས། །ཡོ་གའི་གྲུབ་མཐའ་གང་ཞེ་ན། །འཇུག་པའི་སྒོ་ནི་མངོན་པར་བྱང་ཆུབ་ལྔ། །རྟོགས་པའི་ལྟ་བ་ལྷ་དང་གཉིས་མེད་རྟོགས། །བསྲུང་བའི་དམ་ཚིག་གང་ཞེ་ན། །མ་ཁྲེལ་རྣམ་པ་གསུམ་པོ་བསྲུང་། །མ་ཁྲེལ་རྣམ་གསུམ་གང་ཞེ་ན། །སློབ་དཔོན་མཆེད་ཀྱིས་མ་ཁྲེལ་དང་། །ཡི་དམ་ལྷ་ཡིས་མ་ཁྲེལ་དང་། །རང་གི་སེམས་ཀྱིས་མ་ཁྲེལ་བའོ། །བྱང་ཆུབ་ལྔ་པོ་གང་ཞེ་ན། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །གསུང་གི་སྒོ་ནས་བྱང་ཆུབ་དང་། །ཐུགས་ཀྱི་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་མངོན་པར་བྱང་ཆུབ་པའོ། །དེ་དང་འདུ་འབྲལ་མེད་པ་རྟོགས་པའི་དོན་གྱིས་འཕགས། །གཉིས་མེད་ངང་ལས་ལྷ་ཡི་ཆོ་འཕྲུལ་བྱུང་། །ནང་པའི་རྒྱུད་ལ་རྣམ་གསུམ་སྟེ། །དེ་ཡང་ཡི་གེ་རྣམ་གསུམ་མོ། །ཨཱོཾ་དང་ཨཱཿདང་ཧཱུྃ་ལ་རྫོགས། །མ་ཧཱ་ཡོ་གའི་ཐེག་པ་ནི། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་གསུམ་སྟེ། །ཆོས་ཅན་ལྷ་ཡི་དཀྱིལ་འཁོར་དག་ཏུ་རྟོགས་པས་འཕགས། །བསྲུང་བའི་དམ་ཚིག་རྩ་བ་སྐུ་གསུང་ཐུགས། །ཏིང་ངེ་འཛིན་ནི་རྣམ་གསུམ་གང་ཞེ་ན། །དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། །ཡེ་ཤེས་སྟོང་ཉིད་བརྡལ་བར་བསྒོམ། །ཀུན་ཏུ་སྣང་བའི་ཏིང་འཛིན་ནི། །སྙིང་རྗེ་གསལ་ལ་མ་ཡེངས་བསྒོམ། །རྒྱུ་ཡི་ཏིང་འཛིན་ཧཱུྃ་གིས་བསྒོམ། །དེ་ཡང་སེམས་དཔའ་སུམ་བརྩེགས་བསྒོམ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། །སྐུ་ཡི་སྒོ་ནས་མ་བྱིན་ལེན་དང་སྲོག་གཅོད་སྤང་བར་བྱ། །གསུང་གི་སྒོ་ནས་རྫུན་དང་ཕྲ་མ་ཞེ་གཅོད་

ཚིག་མི་སྨྲ། །གསང་སྒོ་འཆོལ་བར་མི་སྤྱད་གསང་སྔགས་ཐབས་ཀྱིས་བཙའ། །ཐུགས་ཀྱི་སྒོ་ནས་བརྣབ་སེམས་གནོད་སེམས་ལོག་ལྟ་སྤང་བར་བྱ། །རྡོ་རྗེ་སློབ་དཔོན་ཐུགས་ཀྱང་དཀྲུག་མི་བྱ། །མཆེད་དང་ལྕམ་དྲལ་སུན་མི་ཕྱུང་། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་འཁྱེར། །བཅོ་ལྔ་རྡོ་རྗེ་འཛིན་པའི་ས་ལ་འབྲས་བུ་ཐོབ། །དཔེར་ན་ས་གཞི་ལྟ་བུའོ། །ལུང་ཆེན་ཨ་ནུ་ཡོ་གའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་ཅིག་ཆར་རིམ་གྱིས་སོ། །རྟོགས་པའི་ལྟ་བ་འདུ་འབྲལ་མེད་པས་འཕགས། །བསྲུང་བའི་དམ་ཚིག་རྣམ་གཉིས་རིམ་གྱིས་བསྲུང་། །ཅིག་ཆར་འཇུག་པ་གང་ཞེ་ན། །སྙིང་པོ་དྲན་པས་ལྷ་རྣམས་མ་བསྐྱེད་རྫོགས། །དཔེར་ན་ཆུ་ལ་ཆུ་བུར་རྡོལ་བའི་ཚུལ་དུའོ། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །འབྲས་བུ་བཅུ་དྲུག་ས་ལ་གནས། །དམ་ཚིག་རྣམ་གཉིས་གང་ཞེ་ན། །གསང་སྔགས་དོན་རྟོགས་རྟག་ཏུ་བཀུར་བར་བྱ། །ཁམས་གསུམ་སེམས་ཅན་སྙིང་རྗེའི་རྒྱུན་ཐག་གཅད་མི་བྱ། །འཁོར་བའི་རྒྱ་མཚོ་དཔག་ཏུ་མེད་པ་ནས། །མ་རྙེད་ནོར་བུ་རིན་ཆེན་སྟེར་མཛད་པ། །རྡོ་རྗེ་སློབ་དཔོན་རྟག་ཏུ་བཀུར་བར་བྱ། །དཔེར་ན་ཡིད་བཞིན་ནམ་མཁའ་ལྟ་བུའོ། །ཞེས་རྡོ་རྗེ་འཆང་ཉིད་ཀྱིས་བཀའ་སྩལ་ཏོ། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐེག་ཆེན་བདག །ཐེག་པ་བརྒྱད་ཀྱི་གྲུབ་མཐའ་དེ་ལྟར་ན། །ཨ་ཏིའི་ཐེག་པ་གསུང་དུ་གསོལ། །ཞེས་ཞུས་པས། རྡོ་རྗེ་འཛིན་གྱིས་བཀའ་སྩལ་པ། །དྲི་བ་དྲིས་པ་དེ་ལེགས་སོ། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །མ་ཡེངས་གུས་པའི་སེམས་ཀྱིས་ཉོན། །རྫོགས་ཆེན་ཨ་ཏིའི་གྲུབ་མཐའ་ནི། །གཅིག་རྫོགས་ཀུན་རྫོགས་ཐ་སྙད་ཀུན་དང་བྲལ། །དམ་ཚིག་བསྲུང་དུ་མེད་པའི་ཕྱལ་པ་ལྷུན་གྲུབ་གཅིག་པུ་ཉིད། །གཏིང་དཔག་དཀའ་ལ་བརྗོད་པའི་ཐ་སྙད་ཀུན་དང་བྲལ། །འགྱུར་བ་མེད་པས་དྲན་པར་ཀུན་ལ་ཁྱབ། །དུ་མར་མེད་ལ་ཉག་གཅིག་དགོངས་

པའི་མཆོག །ཀུན་བྲལ་ཉག་གཅིག་ཅིར་ཡང་མེད་པའི་འོད་གསལ་བདེ་བའི་སྐུ། །ཞེས་གསུངས་སོ། །ཡང་ཞུས་པ། ཀྱེ་མ་ཐུགས་རྗེའི་བདག་པོ། བསྐྱེད་རྫོགས་རྣམ་པ་གསུམ་གྱི་དོན་གསུང་དུ་གསོལ། ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ང་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་རྣམས་ལ་འདི་སྐད་སྟོན་ཅིག །བསྐྱེད་པ་མ་ཧཱ་ཡོ་ག་ནི། ཆོས་ཐམས་ཅད་ཀྱི་གཞི་ལྟ་བུའོ། །རྫོགས་པ་ཨ་ནུ་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུའོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུའོ། །དེའི་ཕྱིར་ན་བསྐྱེད་རྫོགས་རྣམ་གསུམ་འདུ་འབྲལ་མེད་པའི་དོན་ཡི་གེ་གསུམ་གྱིས་ཤེས་པར་བྱ་སྟེ། དེ་ཡང་གང་ཞེ་ན།ཨཱོཾ་ཨཱཿཧཱུྃ་གསུམ་གྱིས་ཤེས་པར་བྱའོ། །དེ་ཡི་ཕྱིར་ན་ངས་གསལ་བར་བསྟན་གྱིས་ཡིད་ལ་ཟུང་ཞིག །སྐྱེ་འགག་མེད་པའི་ཨཱོཾ་ནི་རང་ལ་ཡོད། །སྐྱེ་ཤི་མེད་པའི་ཨཱཿནི་བདག་ལ་མཆིས། །འདུ་འབྲལ་མེད་པའི་ཧཱུྃ་གཅིག་བདག་ལ་མཆིས། །ཡི་གེ་མེད་པའི་རྒྱུད་གཅིག་བདག་ལ་མཆིས། །བསྟན་དུ་མེད་པའི་ལུང་གཅིག་བདག་ལ་མཆིས། །རང་རིག་ཁ་འབྱེད་མན་ངག་བདག་ལ་མཆིས། །ཡེ་ཤེས་སྙིང་པོ་སྒྲོན་མ་འོད་པོ་ཆེ། ཞེས་ཐེག་པ་དྲུག་གི་དོན་ཐེག་པ་གསུམ་ཤེས་པར་བྱའོ། །ཡི་གེ་དྲུག་གི་དོན་ཡི་གེ་གསུམ་དུ་ཤེས་པར་བྱའོ། །མ་འོངས་པའི་སེམས་ཅན་རྣམས་ལ་བསྐྱེད་རྫོགས་རྣམ་གསུམ་གྱི་དོན་གྱིས་རྒྱུད་གྲོལ་བར་གྱིས་ཤིག །སེམས་ཅན་ཐམས་ཅད་རང་ལ་ཡི་གེ་འབྲུ་གསུམ་དུ་གནས་པར་གྱིས་ཤིག །དེ་ཡི་ཕྱིར་ན་བསྒྲུབ་པ་མ་ཧཱ་ཡོ་ག་ས་གཞི་དང་སྦྱར་ཏེ་བཤད། ལུང་ཨ་ནུ་ཡོ་ག་ནམ་མཁའ་དང་སྦྱར་ཏེ་བཤད། མན་ངག་རྫོགས་པ་ཆེན་པོ་ཉི་ཟླ་དང་སྦྱར་ཏེ་བཤད་དོ། །དོན་གྱི་སྙིང་པོ་གཏན་ལ་འབེབས་པ་རྒྱུད་འདིས་ཤེས་པར་བྱའོ། །ཞེས་དྲུག་པ་རྡོ་རྗེ་འཆང་ཆེན་པོས་གསང་བའི་བདག་པོ་ལ་ཐེག་པའི་དོན་བཀྲོལ་ཏེ་བསྟན་པའོ། །ཞེས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་གསང་བ་ཞལ་ཐོན་ཏུ་

བསྟན་པའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ་ལས། ཐེག་པའི་རིམ་པ་ལྟ་བ་བསྡུས་ཏེ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུ་བ་ཞུས་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་འོག་ཏུ།སེམས་ཅན་ཐམས་ཅད་ལ་ཇི་སྐད་བསྟན་པར་བགྱི། ཞེས་ཞུས་སོ། །ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས་ཅན་གྱིས་བཀའ་སྩལ་པ། ཨེ་མ་ཧོ། དོན་ཆེན་པོ་ངས་བཤད་ཀྱིས། རྡོ་རྗེ་འཛིན་པ་ལེགས་པར་ཉོན། ཁམས་གསུམ་གྱི་སེམས་ཅན་འདི་དག་ཐམས་ཅད་ནི། དང་པོ་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ལོ། །གཞི་དེ་ངོ་བོ་སྟོང་པ། རང་བཞིན་གྱིས་གསལ་བ། ཐུགས་རྗེ་སེམས་ཅན་ལ་སྣང་ནུས་པའོ། །དེ་ནས་ནང་འཛིན་བྱེད་ཀྱི་ཤེས་པ་མ་རིག་པའི་ཆ་ལས་བྱུང་བ་དྲེང་ཙམ་འགྱུས་པ་ལས། ཤེས་པ་སྤུན་པོས་ཕ་གི་ལས་ང་བྱུང་ངམ།ང་ལས་ཕ་གི་བྱུང་སྙམ་པའི་ཤེས་པ་བྱུང་བ་ཙམ་གྱིས་འཁྲུལ་ལོ། །མ་རིག་པ་དེ་གཞི་ལ་མེད་དེ། ཉམས་སམ་རྨི་ལམ་རྣམ་པ་ལ་ཡོད་དོ། །སྣང་བ་རྣམ་པ་ལས་ཀྱང་བྱུང་ལས་རྐྱེན་རྣམས་བྱུང་ངོ་། །གཞི་དེ་འོད་ཁྱིམ་གྱིས་ཚུལ་དུ་གནས་པ་ལས། རྒྱུའི་རྐྱེན་ཞེས་བྱ་སྟེ་མ་རིག་པ་དངོས་སོ། །དེ་ལ་རྟོག་དཔྱོད་དུ་སོང་བས་བདག་པོའི་རྐྱེན་ཞེས་བྱའོ། །དེ་ལ་ཡུལ་ཡུལ་ཅན་དུ་བཟུང་བས། དམིགས་པའི་རྐྱེན་ཞེས་བྱ་སྟེ། དཔེར་ན་མེ་ལོང་ལ་སྐྱེས་བུའི་བྱད་བསྟན་པ་ལྟ་བུའོ། །དེ་གསུམ་དུས་མཚུངས་པས་མཚུངས་པ་དེ་མ་ཐག་པའི་རྐྱེན་ཞེས་བྱའོ། །དེ་རང་གི་གཞི་ཡིན་པ་ལ་རང་གིས་ངོ་མ་ཤེས་ཏེ། འཁྲུལ་ནས་ཁམས་གསུམ་འཁོར་བ་གྲུབ་པོ། །དེ་ནས་ཉོན་མོངས་པ་རགས་སུ་སོང་ནས། སེམས་ཅན་གྱི་གཟུགས་ཐ་དད་དུ་བྱུང་ངོ་། །གཞི་དེ་ལྟ་བུ་ལས་འཁྲུལ་ལོ། །ཞེས་གསུངས་སོ། །དེ་ནས་མཁའ་འགྲོ་མའི་ཚོགས་ནག་མོ་སྙིང་ཟན་མ་དང་། རོ་ཟ་ཙཎྜཱི་དང་། ཐོད་པའི་ཕྲེང་བ་ཅན་

དང་། རྨ་བྱའི་མགྲིན་པ་ཅན། སྙིང་ཁྲག་འཇིབ་མ་ལ་སོགས་ཏེ་ནམ་མཁའ་གང་བའི་མ་མོའི་ཚོགས་རྣམས་ཀྱིས་ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །གཞིའི་རྣམ་པ་དེ་ལྟར་ལགས་ན། སེམས་ཅན་རྣམས་ལ་གཞི་བདེ་བར་གཤེགས་པའི་སྙིང་པོའི་དོན་ཅི་ལྟར་གནས་ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཨེ་མ་ཧོ། ཀློང་བདག་ཆེན་མོ་རྣམས་ཉོན་ཅིག །འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རང་ཆས་སུ་ཡོད་དོ། །དེ་ཡང་ཏིལ་འབྲུ་ལ་མར་གྱིས་ཁྱབ་པ་བཞིན་དུ་གནས་སོ། །དེ་ཡང་རྟེན་ནི་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནོ། །གནས་ནི་སྙིང་གི་དཀྱིལ་ན་གནས་ཏེ། དེ་ཡང་ཀུན་ཏུ་བཟང་པོ་གའུ་ཁ་སྦྱོར་གྱི་དགོངས་པ་ཞེས་བྱ་སྟེ། དཔེར་ན་བསེའི་གའུ་ཁ་སྦྱར་བ་བཞིན་དུ་གནས་པའི་ནང་ན་འོད་ཁ་དོག་ལྔའི་དཀྱིལ་ནས། ཞི་བའི་སྐུ་ཡུངས་འབྲུ་ཙམ་ལ་འོད་ཁྱིམ་གྱིས་ཚུལ་དུ་གནས་སོ། །དེ་ནི་རིག་པའི་གནས་སོ། །དཔེར་ན་བུམ་པའི་སྐུ་ལྟ་བུའོ། །དེ་ལས་བྱུང་བའི་ཡེ་ཤེས་ནི། གནས་པ་ཀླད་པའི་དུང་ཁང་གི་ནང་ན་གནས་སོ། །དེ་ཡང་ཁྲོ་བོའི་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་གནས་སོ། །དེ་ཡང་འོད་ཟེར་གྱི་ཚུལ་དུ་གནས་སོ། །དེ་ལས་བྱུང་བའི་འོད་ནི་མེ་ལོང་གི་དཀྱིལ་འཁོར་ལྟར་གསལ་ལ་དྭངས་པའམ། དཔེར་ན་ཉའི་མིག་ལྟར་འོད་ཟེར་དུ་གནས་སོ། །དེ་དང་རིག་པའི་འབྲལ་བ་ན་སྙིང་གི་རྩེ་ནས་ཡར་ལ་རྩ་དར་དཀར་གྱི་སྣལ་མ་ཙམ་སྒལ་ཚིགས་ཀྱི་འདབས་ན་ཡར་ཡོད་དེ། དེ་ནས་ལམ་དུ་ཕྱུང་ནས་མགོའི་ནང་དུ་འཇུག་གོ། །རྩ་དེ་ཡང་རྩེའུ་ཆུང་གི་གཡས་ནས་ཐོན་ནས་ཀླད་པ་དང་འདྲེལ་ལོ། །དེ་ཡང་རྣ་བའི་འདབ་གཡས་གཡོན་ནས་ཐོན་ནས་མིག་དང་འདྲེལ་ལོ། །དེ་ཡང་ནམ་མཁའ་ལ་མིག་བཟློག་སྟེ་རྩ་གཅུན་ན། ཡེ་ཤེས་ཀྱི་སྣང་བ་ཤར་ནས་ནམ་མཁའ་གང་བར་འགྱུར་རོ། །རྩའི་གཅུན་ཐབས་ནི་འགྲེལ་པ་ལས་ཤེས་པར་བྱའོ། །དེ་ནས་ཡང་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། སེམས་ཅན་རྣམས་ལ་དོན་དེ་ལྟར་གནས་པ་ངོ་མཚར་ཆེའོ། །བདེ་བར་གཤེགས་

པའི་གནས་ལུགས་དེ་ལྟར་ལགས་ན། སེམས་ཅན་རྣམས་ལ་མ་རིག་པའི་གནས་ལུགས་ཅི་ལྟར་ལགས། ཞེས་ཞུས་སོ། །ཡང་ཁྲོ་བོའི་རྒྱལ་པོས་བཀའ་སྩལ་པ། ཀྱེ་འབྱུང་བའི་བདག་མོ་རྣམས་ཉོན་ཅིག །ལེགས་པར་ཡིད་ལ་ཟུང་ཞིག །དོན་ཐུགས་སུ་ཆུད་པར་གྱིས་ཤིག །ཀྱེ་འགྲོ་བ་སྲོག་གིས་བསྡུས་པའི་སེམས་ཅན་རྣམས་ལ། ཉོན་མོངས་པ་མ་རིག་པ་ཞེས་བྱ་བ་ཤས་ཆེ་བར་གནས་སོ། །དེ་ཡང་རྟེན་གཟུགས་ཀྱི་ཕུང་པོ་ལ་བརྟེན་ནས་གནས་སྙིང་དང་གློ་བའི་བར་ན་གནས་སོ། །དེ་ཡང་མ་རིག་པ་རྐྱང་པར་མེད་དེ་སེམས་ཞེས་བྱ་བ་བག་ཆགས་ཐམས་ཅད་སྡུད་པའི་གཞིར་གནས་སོ། །དེ་ལ་ཡིད་ཅེས་བྱ་བ་ཡུལ་རྟོག་པ་དང་ལྷན་ཅིག་ཏུ་གནས་སོ། །དེ་གསུམ་གཅིག་ཏུ་འདུས་པ་ལས་མ་རིག་པ་ཞེས་བྱ་སྟེ། འཁོར་བར་འཁོར་རོ། །དེ་ལ་དུག་ལྔ་ཁོང་ཁྲོ་དང་དྲུག་བྱུང་ངོ་། །དེ་ནས་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་བྱུང་ངོ་། །དེ་རྣམས་ལམ་གང་ནས་བྱུང་ཞེ་ན། གློ་བ་དང་སྙིང་དུ་འདྲེལ་པའི་བར་ན། རྩ་སྲོག་རྩ་དམར་པོ་ཞེས་བྱ་བ་སོག་མའི་སྦུ་གུ་ཙམ་གྱིས་ནང་ནས་ཡར་རྒྱུ་སྟེ། དེ་སྒལ་ཚིགས་ཀྱི་འདབས་ནས་ཡར་རྒྱུའོ། །དེ་ཡང་རྩེའུ་ཆུང་གཡོན་པ་དང་འདྲེལ་ལོ། །དེ་རྣམས་དབུགས་ཀྱི་རྟ་ལ་ཞོན་ནས་རྒྱུའོ། །དེ་ཁ་དང་སྣ་ནས་རྒྱུ་སྟེ། དེ་ལས་ཉོན་མོངས་པ་སྣ་ཚོགས་འབྱུང་ངོ་། །དེ་རྣམས་ཀྱི་དབང་དུ་མ་གྱུར་པའི་རིག་པ་ནི། རིག་པ་ནམ་མཁའ་ལ་བརྡལ་བར་བྱའོ། །བར་སྣང་གི་ཁམས་ལ་ཡེ་ཤེས་ངོས་བཟུང་ངོ་། །དེ་བཞིན་དུ་མ་འོངས་པའི་སེམས་ཅན་ལ་བྱོས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་མཁའ་འགྲོ་མ་རྣམས་ངོ་མཚར་མཆོག་ཏུ་གྱུར་ནས། ཨེ་མ་ཧོ། ཀློང་ཡངས་སོ། །སངས་རྒྱས་ཀྱི་སྐུ་སེམས་ཅན་ལ་བྱུང་བ་ངོ་མཚར་ཆེའོ། །ཨེ་མ་ཧོ། ཀློང་གཅིག་ཏུ་འདུས་སོ། །ཨ་ལ་ལ་ཧོ། དོན་སྲིད་ཆེན་པོ་རྙེད་དོ། །ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་གསང་བའི་བདག་པོ་བཛྲ་པཱ་ཎི་དང་། གནོད་སྦྱིན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་། ཀླུའི་རིགས་བསམ་གྱིས་

མི་ཁྱབ་པའི་འཁོར་དང་བཅས་ཏེ། ཁྲོ་བོའི་རྒྱལ་པོ་ལ་ལན་གསུམ་བསྐོར་བ་བྱས་ཏེ། འདི་སྐད་ཅེས་གསོལ་ཏོ། །བཛྲ་པཱ་ཎི་དྷ་སྭ་རྟ་ནི་གྷ་མ་བྷ་བ་ཁ་ཚ་བྷ་ཨཱོཾ་ཨཱོཾ། ཞེས་བརྗོད་ནས་ཡང་ཞུས་པ། ཨེ་མ་ཧོ། ཀྱེ་ཐུགས་རྗེ་ཆེན་པོ་དོན་གྱི་སྙིང་པོ་དེ་ལྟར་ལགས་ན། སེམས་ཅན་དབང་པོ་འགགས་པ་ལ། ཇི་ལྟར་འཆར་ལུགས་བསྟན་དུ་གསོལ། །ཞེས་ཞུས་པས། སྟོབས་ཀྱི་རྒྱལ་པོས་བཀའ་སྩལ་པ། ཨེ་མ་ཧོ།གནོད་སྦྱིན་གྱི་འཁོར་རྣམས་ཉོན་ཅིག །ང་མྱ་ངན་ལས་འདས་པའི་འོག་རོལ་ནས། སེམས་ཅན་བག་ཆགས་སད་པ་རྣམས་ལ་འདི་སྐད་སྟོན་ཅིག །རིགས་ཀྱི་བུ་ཁྱོད་ཡོངས་སུ་མྱ་ངན་ལས་འདས་པའི་ཚེ། རིག་པ་གཞི་ནས་འཕགས་ཏེ་ལམ་དུ་འཇུག་པ་ངོ་ཤེས་པར་བྱ་བའི་ཆེད་དུ་དཔེ་དོན་རྟོགས་གསུམ་གྱིས་ངོ་སྤྲད་ལ་སོགས་ཏེ། ངོ་སྤྲོད་ཉི་ཤུ་རྩ་གཅིག་ཤེས་པར་བྱའོ། །གངས་སམ་གཡའ་འམ་རྒྱ་མཚོ་ལས་བྱུང་བའི་མན་ཤེལ་དྲི་མ་མེད་པ་ཞིག་སྐར་ཁུང་གི་སྣང་བ་ལ་ཕྱར་ནས་བལྟས་ན་འོད་ཁ་དོག་ལྔ་ལྷུག་པར་འཆར་ཏེ། ངོ་སྤྲོད་བྱས་ནས་ཉམས་སུ་བླངས་པས། སྐུ་ཐམས་ཅད་ཁ་དོག་ལྔ་དང་ལྡན་པར་འཆར་རོ། །དེ་ཡང་སེམས་ཅན་རང་རྒྱུད་པ་རྣམས་ལ་ངོ་སྤྲོད་གསུམ་བྱས་ན་དོན་གྱི་ངོ་སྤྲོད་ཉམས་སུ་བླངས་ནས་རྟོགས་པའི་དོན་ལ་མཉམ་པར་བཞག་ན་འཁྲུལ་སྣང་དུ་དག་སྣང་འཆར། དག་སྣང་ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྣ་བ་ཅན་དུ་འཆར་རོ། །གང་ཞེ་ན། ཁ་དོག་མཐིང་ག་དང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །མན་ཤེལ་གཅིག་རྗེས་སུ་འཇུག་པའི་གང་ཟག་དེའི་མིག་གཡས་པར་ལག་པ་གཡས་པས་བཟུང་སྟེ། མིག་གི་སྟེང་དུ་བཞག་ན་སྣང་བ་མཐོང་བར་འགྱུར་རོ། །ལག་པ་གཡོན་པས་མིག་གཡོན་པ་དགབ་པར་བྱའོ། །དེ་ནི་དཔེའི་ངོ་སྤྲོད་དོ། །དོན་དེ་བཞིན་དུ་རང་གི་སྙིང་གི་དཀྱིལ་ན་གནས་སོ། །དེ་ནི་དོན་གྱི་ངོ་སྤྲོད་དོ། །རྟགས་ཀྱི་ངོ་སྤྲོད་ནི་རང་གི་མཛུབ་མོས་མིག་མནན་ན། འོད་ཀྱི་ཐིག་ལེ་ཉའི་མིག་ལྟ་བུར་འཆར་རོ། །དེ་ནི་རྟགས་ཀྱི་ངོ་སྤྲོད་དོ། །ཆོས་ཀྱི་སྐུའི་ངོ་སྤྲོད་ནི་ཉི་མའི་དཀྱིལ་འཁོར་ལ་སྤྲད་དོ། །ལོངས་སྤྱོད་རྫོགས་པའི་སྐུའི་ངོ་སྤྲོད་ནི། དེ་བཞིན་གཤེགས་པའི་སྐུ་རས་ལ་བྲིས་པ་རང་གི་མདུན་དུ་བཞག་སྟེ། །

ཤེལ་མིག་གི་སྟེང་དུ་བཞག་ནས་མིག་ནམ་མཁའ་ལ་བལྟས་ན། ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྣ་བ་ཅན་མཐོང་བར་འགྱུར་རོ། །དེ་བཞིན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་ཞིང་ཁམས་བར་མ་དོ་ལ་འཆར་བ་ངོ་ཤེས་པར་གྱིས་ཤིག །སྤྲུལ་པ་སྐུའི་ངོ་སྤྲོད་ནི། ཆོས་ཅན་མཚན་མར་སྣང་བ་རང་གི་རིག་པའི་ཆོ་འཕྲུལ་དུ་ཤེས་པར་གྱིས་ཤིག །ཆོས་ཉིད་རང་གི་རིག་པ་འོད་ཟེར་གྱི་ཕུང་པོར་ངོ་ཤེས་པར་གྱིས་ཤིག །དེ་ནི་རྣམ་རྟོག་བག་ཆགས་ཀྱི་སྦུབས་འདི་ཉིད་མ་བོར་བ་ལ་ངོ་ཤེས་པར་གྱིས་ཤིག །དེ་ནི་སྤྲུལ་པ་སྐུའི་ངོ་སྤྲོད་དོ། །རྩའི་གཅུན་ཐབས་ཀྱིས་སྣང་བ་རང་ལུགས་སུ་འཆར་བའི་ངོ་སྤྲོད་ནི། འཆི་བདུད་ཀྱི་སྒོ་ནས་ཡེ་ཤེས་ཀྱི་རླུང་འགྱུ་བའི་ལམ་གཉིས་གནས་པས། ལམ་དེ་གཉིས་རྩ་རྒྱུ་བའི་གྲོང་ཁྱེར་ན་ཡོད་པའི་བདུད་ཀྱི་སོ་པ་མིག་གཉིས་འགེག་ཏུ་གཞུག་གོ། །ལམ་དེ་གཉིས་བཀག་པས་མ་དག་འཁྲུལ་པའི་སྣང་བ་འདི་འགགས་སོ། །དེའི་ཚེ་དུས་མ་འགྱུར་བར་སྣང་བ་འགྱུར་རོ། །བློན་པོ་བཙོན་དུ་ཟིན་ནོ། །བློན་པོ་བཙོན་དུ་ཟིན་ནས། ཁྱི་རྐུན་སྒོར་ཕྱུང་ངོ་། །ཁྱི་རྐུན་སྒོར་ཕྱུང་བས་རྒྱལ་པོ་གདན་ལ་བཞུགས་སོ། །རྒྱལ་པོ་གདན་ལ་བཞུགས་པས། ཡེ་ཤེས་རྟོག་མེད་དུ་གསལ་ལོ། །རྟོག་མེད་དུ་ངོས་ཟིན་པས་ཆོས་སྐུ་རང་ལུགས་སུ་གནས་སོ། །ཆོས་སྐུའི་ངང་ལ་བཞག་པས་འཁྲུལ་སྣང་དག་སྣང་དུ་འཆར་རོ། །འཆར་སྒོ་གང་ནས་འཆར་ན།ནམ་མཁའི་མཐོངས་ཁུང་གི་སྒོ་ནས་འཆར་རོ། །དེ་ཡང་འཆར་ལུགས་གསུམ་དུ་འཆར་རོ། །སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འཆར་བ་དང་། ཞིང་ཁམས་དེའི་ཐིག་ལེ་དང་ཐིག་ཕྲན་དུ་འཆར་བ་དང་། ཚོམ་བུ་ལྟར་འཆར་བའོ། །ཚོམ་བུ་ལ་གཉིས་ཏེ། ཞིང་ཁམས་ཀྱི་ཚོམ་བུར་འཆར་བ་དང་། སྐུའི་ཚོམ་བུར་འཆར་བའོ། །སྐུའི་ཚོམ་བུ་འཆར་བ་ལ་གསུམ་སྟེ། སྐུ་མང་ཉུང་དུ་འཆར་བ་དང་། བཞུགས་ཚུལ་ཅི་ལྟར་བཞུགས་ནས་འཆར་བ་དང་། སྐུ་མདོག་ཅི་ལྟར་འཆར་བའོ། །ཞིང་ཁམས་ཚོམ་བུ་ནི་ལྔ་ལྡན་དུ་འཆར་རོ། །སྐུ་ཉུང་བར་འཆར་བ་ནི་རྣམ་སྣང་

གཅིག་པུར་ཡང་འཆར་རོ། །འོད་དཔག་མེད་གཅིག་པུར་ཡང་འཆར་རོ། །རིགས་ལྔ་འགྲེའོ། །མང་བར་འཆར་བ་ནི། རིགས་ལྔ་དུས་གཅིག་ལ་ཡང་འཆར་རོ། །ཡུམ་ལྔ་སྟེ་བཅུ་རུ་ཡང་འཆར་རོ། །བཅུ་གཅིག་བཅོ་ལྔ་ལ་སོགས་པར་ཡང་འཆར་རོ། །བཞུགས་ཚུལ་ནི། ལོངས་སྐུ་ཁ་མིག་རྣ་བ་ཅན་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པ་ལ། ནམ་མཁའི་འཇའ་ཚོན་ལྟར་མ་འདྲེས་ཡོངས་སུ་རྫོགས་པས། མེ་ལོང་ལ་ཉི་མ་ཤར་བ་ལྟར་གསལ་ལ་རྟོག་པ་མེད་པ། གདན་ཁྲི་དང་། དབུ་རྒྱན་དང་། ཕྱག་མཚན་དོ་ཤལ་ཐམས་ཅད་དང་ལྡན་པའི་སྐུ་མཉམ་པ་སྐྱིལ་ཀྲུང་དུ་བཞུགས་ནས་འཆར་རོ། །སྐུ་མདོག་ཏུ་འཆར་བ་ནི། རྣམ་སྣང་ཡང་མཐིང་ག་ཁོ་ནའི་བདག་ཉིད་དུ་མི་བཞུགས།རྡོ་རྗེ་སེམས་དཔའ་ཡང་སྐུ་མདོག་དཀར་པོའི་རང་བཞིན་དུ་མི་བཞུགས་པ་དེས་འགྲེ་བའི། རྣམ་སྣང་ཡང་། མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་སྟེ། ཁ་དོག་ལྔ་ལྡན་དུ་འཆར་རོ། །སེམས་ཅན་རང་རྒྱུད་པ་རྣམས་ལ་ངོ་སྤྲོད་གསུམ་བྱས་ན་དེ་བཞིན་དུ་འཆར་རོ། །ངོ་སྤྲོད་བྱས་ནས་དེའི་དོན་ཉམས་སུ་བླངས་པས་རྟོགས་པའི་དོན་ཡང་འཁྲུལ་སྣང་ཐམས་ཅད་དག་སྣང་དུ་འཆར། དག་སྣང་ཐམས་ཅད་ལོངས་སྤྱོད་རྫོགས་པའི་སྐུ་ཁ་མིག་རྣ་བ་ཅན་གྱིས་གང་ནས་ངང་ལ་འཆར་རོ། །དེ་རྣམས་བདུན་པོ་ནི་འོད་ཀྱི་ངོ་སྤྲོད་ཅེས་བྱའོ། །ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། ཆོས་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་ནི་མཁར་གཞོང་གི་བཅུད་ལ་བརྟགས་པ་སྟེ་མཁར་གཞོང་ལེགས་པའི་ནང་དུ་ཆུ་དྭངས་མས་བཀང་སྟེ། མིག་གི་ཐོག་ཏུ་གསལ་བྱེད་ཀྱི་མེ་ལོང་བཞག་ན།ཐིག་ལེ་དང་ཐིག་ཕྲན་གྱི་ཚུལ་དུ་འཆར་ཏེ། དེ་ལས་ཀྱང་འོད་ཟེར་མཚོན་ཆའི་རྩེ་མོ་བཞིན་དུ་འཕྲོའོ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། མེ་ལོང་གཉིས་ཀྱི་བར་དུ་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲི་སྟེ། ཕར་འགྲམ་ཚུར་འགྲམ་གཉིས་སུ་མེ་ལོང་རེ་གཟུག་སྟེ། དེ་ལ་བལྟས་ན་སྣང་བ་གཉིས་འཆར་རོ། །དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །མཉམ་

པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་གང་ཞེ་ན། ཆུའི་ཟླ་བ་ལ་ངོས་བཟུང་ངོ་། །དེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མར་མེ་ལ་ངོས་བཟུང་ངོ་། །དེ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། མན་ཤེལ་དྲི་མ་མེད་པ་ལ་ངོས་བཟུང་ངོ་། །དེ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །མི་གནས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའི་ཁམས་ཀྱི་འཇའ་ཚོན་ལ་ངོས་བཟུང་ངོ་། །དེ་ནི་མི་གནས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །ཡོངས་སུ་རྫོགས་པའི་ཡེ་ཤེས་ཀྱི་ངོ་སྤྲོད་ནི། ནམ་མཁའ་སྤྲིན་མེད་ལ་ངོས་བཟུང་ངོ་། །བདུན་པོ་དེ་ཡེ་ཤེས་ཀྱི་ངོ་སྤྲོད་དོ། །ད་ནི་རིག་པའི་ངོ་སྤྲོད་བསྟན་པ་ནི། རིག་པ་གཞོན་ནུ་བུམ་པ་སྐུའི་ངོ་སྤྲོད་ནི། མི་གོས་དཀར་དམར་ཁ་དོག་སྣ་ཚོགས་གྱོན་པ་གཅིག་བདག་གི་མདུན་དུ་བཞག་ནས། མིག་གི་སྟེང་དུ་རིན་པོ་ཆེ་བཞག་སྟེ། མིག་ནམ་མཁའ་ལ་བཏེགས་ན། དེ་བཞིན་གཤེགས་པ་ཞི་བའི་སྐུ་མཐོང་བར་འགྱུར་རོ། །དེ་ནི་རིག་པ་གཞོན་ནུ་བུམ་སྐུའི་ངོ་སྤྲོད་དོ། །རིག་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱི་ངོ་སྤྲོད་ནི། ཁྱིམ་མུན་པ་ནག་པོར་མི་གོས་ནག་པོ་གོན་པ་རང་གི་མདུན་དུ་བཞག་ནས། གོང་གི་ལྟར་བལྟས་ན་དེ་བཞིན་གཤེགས་པ་ཁྲོ་བོའི་སྐུ་མཐོང་བར་འགྱུར་རོ། །དེ་ནི་རིག་པ་དཔའ་བོ་སྟོབས་ལྡན་གྱི་ངོ་སྤྲོད་དོ། །རིག་པ་གཞི་གནས་ཀྱི་ངོ་སྤྲོད་ནི། རྒྱ་མཚོ་དྭངས་པ་ལ་ངོས་བཟུང་ངོ་། །དེ་ནི་གཞི་གནས་ཀྱི་ངོ་སྤྲོད་དོ། །རིག་པ་ཀུན་ཏུ་གསལ་པའི་ངོ་སྤྲོད་ནི། ཉི་མ་དང་ཟླ་བ་ལ་ངོས་བཟུང་ངོ་། །དེ་ནི་རིག་པ་ཀུན་ཏུ་གསལ་བའི་ངོ་སྤྲོད་དོ། །རིག་པ་གཉིས་མེད་ཀྱི་ངོ་སྤྲོད་ནི། བུམ་པའི་སྐུ་ལ་ངོས་བཟུང་ངོ་། །དེ་ནི་རིག་པ་གཉིས་མེད་ཀྱི་ངོ་སྤྲོད་དོ། །རིག་པ་དྲི་མ་དང་བཅས་པའི་ངོ་སྤྲོད་ནི། ཉི་ཟླ་སྤྲིན་གྱིས་བསྒྲིབས་པ་ལྟ་བུ་ལ་ངོས་བཟུང་ངོ་། །དེ་ནི་རིག་པ་དྲི་མ་དང་བཅས་པའི་ངོ་སྤྲོད་དོ། །རིག་པ་ཅི་ཡང་མི་གནས་པའི་ངོ་སྤྲོད་ནི། མིག་བར་སྣང་ལ་བལྟས་པས་ཤེས་པར་བྱའོ། །དེ་ནི་རིག་པ་ཅི་ཡང་མི་གནས་པའི་ངོ་སྤྲོད་དོ། །དེ་ལྟར་བདུན་ནི་

རིག་པའི་ངོ་སྤྲོད་དོ། །དེ་ལྟར་ཉི་ཤུ་རྩ་གཅིག་རྫོགས་ནས་རིགས་ཀྱི་བུ་དེ་མྱ་ངན་ལས་འདའ་བའི་ཚེ། རིག་པ་མིག་ནས་ལམ་བྱུང་ནས་བར་དོའི་སྣང་བ་ལ་འཇུག་གོ། །དེ་ཡང་གང་ཞེ་ན། ཞག་ལྔ་འདས་པའི་འོག་ཏུ་རང་གི་ཐུགས་ཀ་ནས་ཐུགས་རྗེའི་ཐེག་པ་ཞེས་ཀྱང་བྱ། ཡེ་ཤེས་མཐོང་བ་ཞེས་ཀྱང་བྱ། རིག་པའི་རྟོད་ཕུར་ཞེས་ཀྱང་བྱ་བ། འོད་ཟེར་ཕྲ་བ་རྟ་རྔའི་ཆ་ཙམ་ཞིག་དྲེང་གིས་འོང་སྟེ། དེའི་དུས་སུ་བག་ཆགས་ཀྱི་སྦུབས་མེད་ཀྱང་ཡོད་པ་སྙམ་འོང་བས། མིག་ནམ་མཁའ་ལ་བཏེགས་ཏེ་བལྟས་པས། ནམ་མཁའི་དཀྱིལ་ན་འོད་ཀྱི་ཚོམ་བུ་ལྔ་བཀྲ་ས་ལེ་མཐོང་སྟེ། དེའི་དུས་སུ་ཡིད་ཆེས་པ་མའི་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག །མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག །དེ་ནས་རིག་པ་འོད་ཀྱི་ཚོམ་བུ་ལ་ཐིམ་ནས་འགྲོ་སྟེ། དེའི་དུས་སུ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་དྲན་པར་གྱིས་ཤིག །དེ་ནས་བརྟན་པ་ཐོབ་སྟེ། ཞག་ཉི་ཤུ་རྩ་གཅིག་ནས་སྤྲུལ་པའི་སྐུ་འབྱིན་ནུས་པའོ། །ཕྱི་ནང་གསང་གསུམ་གྱི་དབང་རྫོགས་པ་རྣམས་ལ་དེ་བཞིན་དུ་བྱོས་ཤིག། སརྦ་དྷ་ཐིམ་དྷ་ཐིམ་ཡང་བྱུང་སརྦ་དྷརྨ། ཧ་ཐ་ཡ། ཞེས་བརྗོད་ནས། སྤྱན་ལྡོག་པས་ཐུགས་ཀ་ནས་འོད་ཟེར་གྱི་ཕུང་པོ་ལྔ་འཕྲོས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་གང་བར་མཛད་དེ་ཡང་འདི་སྐད་ཅེས་བསྒྲགས་སོ། །སརྦ་དྷརྨ་ཨ་པ་མ་ཀ་མ་དེ་ནི་ཞུ་པ་ཡ་འདི་མ་ཡ། ཨཱོུཾཿ སྐྱེ་བ་མེད་པ་ལ་སྟོང་པས་རྒྱས་བཏབ་ཅིང་ཐུགས་རྗེ་མ་འགགས་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ཨོཾ་སྐྱེ་མེད་སྟོང་པའི་རང་བཞིན་འགག་མེད་དབྱིངས་ཀྱི་རང་བཞིན། ཧཱུྃ་རང་བཞིན་འདུ་འབྲལ་མེད་པ་མ་བཅོས་དབྱིངས་དང་ཡེ་ཤེས་གསལ་བ་དང་ལྡན་པའོ། །ཨོཾ་སྐྱེ་བ་མེད་པ་ལ་སྐྱེ། སརྦ་དྷརྨཱ་ཨ་སཱ་མཱ་ཀེ་ཏ་ནི་ཞུ་པཱ་ཡཱ་ས་འདི་དྷརྨཱ་ཡཱ་འདྲ་མིན། ངའི་ཆོ་འཕྲུལ་དུ་སྣང་བ་དབྱིངས་དང་ཤེས་རབ་འདུ་འབྲལ་མེད་པ་མཱ་་ཛྼ་གཞི་མ་བཅོས་པ་ལ་སྟོང་པ་ཐུགས་རྗེས་བརྒྱན་པ་འཇིག་རྟེན་ལས་ལོག་པའོ། །མི་འགྱུར་བ་འཛིན་པ་མེད་པ་ཤེས་རབ་རྩེ་གཅིག་པས་དོན་ལ་མ་ཡེངས་པའོ། །ཐྠུཾ་སྐྱེ་བ་མེད་པ་ལས་སྐྱེ་བར་སྣང་བ་འགག་མེད་ཀྱི་ཡེ་ཤེས་རང་གསལ་མ་བཅོས་པའི་ཆོས་ཉིད།་མཉམ་ཉིད་དག་པ་ཤེས་རབ་ཀྱི་ཐུགས་རྗེ། ཨ་ཨཱ་ཧཱུྃ་སྐྱེ་མེད་དབྱིངས་དང་ཡེ་ཤེས་འདུ་འབྲལ་

མེད་པ། ཧ་སྐྱེ་བ་དག་པ། སྐྱེ་བ་མེད་པ་ཨ་ཨ་ཨཱ་མཱ་མཉམ་པར་གནས་པ། དེ་སྐད་ཅེས་ཆོ་འཕྲུལ་གྱི་སྒྲ་ཡི་གེ་ཞེས་བྱ་བ། སྒྲ་ཐམས་ཅད་གཏན་ལ་འབེབས་པ། རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པའི་དོན་སྒྲ་ལ་བསྡུས་ཏེ་བཤད་པའོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོ་ལ་སོགས་ཏེ་གནོད་སྦྱིན་གྱི་འཁོར་དང་བཅས་པ་རྣམས་ངོ་མཚར་མཆོག་ཏུ་སྐྱེས་ཏེ། ཐབས་ཅིག་ཏུ་ཐལ་མོ་སྦྱར་ཏེ་བསྟོད་པ། ཨ་ཧཱུྃ་ཨེ་མ་ཧོ། བཅོམ་ལྡན་མགོན་པོ་རྡོ་རྗེ་འོད་དཔག་མེད། །འགྲོ་བ་ཕ་རོལ་སྒྲོལ་མཛད་སྟོབས་ཀྱི་བདག །འགྲོ་བའི་གཉེན་བཤེས་གཙུག་གི་ནོར་བུ་ཅན། །མ་རིག་མུན་ཁམས་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ནས་རང་རང་གི་སྟན་ལ་མངོན་པར་འདུག་གོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་འདུས་པའི་འཁོར་རྣམས་ཉོན་ཅིག །ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ། མ་འོངས་པའི་སེམས་ཅན་རྣམས་ལ་ཕྱི་ནང་གསང་བ་གསུམ་གྱི་དབང་རྫོགས་པར་གྱིས་ལ། དོན་དེ་ལྟ་བུ་མ་ནོར་བར་སྟོན་ཅིག །དེ་ནི་དེ་ལྟར་བསྒོམ་དུ་མེད་དོ། །སྒོམ་བྱེད་མ་འགགས་པའོ། །བསྒོམ་རྒྱུ་ནི་མི་དམིགས་པའོ། །དོན་དེ་ལྟ་བུ་འདས་པ་དང་མ་འོངས་པ་རྣམས་ཀྱིས་ཀྱང་སྟོན་ནུས་རེ་ཀེན། ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །ཞེས་རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གསང་བའི་རྒྱུད་ཅེས་བྱ་བ། གབ་པ་མངོན་དུ་ཕྱུང་བ་བསྟན་པ་ལས། གནས་ལུགས་དང་རྟོགས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འཁོར་རྣམས་སྡུག་བསྔལ་གྱིས་གཟིར་བའི་ཡིད་མི་བདེ་བར་གནས་པ་ལས། དེ་རྣམས་ཀྱི་ནང་ནས་གསང་བའི་བདག་པོ་ལག་ན་རྡོ་རྗེ་འཛིན་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧུད་སྡུག་བསྔལ་གྱིས་ཟིན་པའི་འཁོར་རྣམས་ལ། བསྟན་པའི་སྒྲོན་མ་བྱ་ཕྱིར་རྒྱུད་ཆེན་པོ་བསྟན་དུ་གསོལ། རྒྱལ་བའི་སྐུ་མཆོག་འཁོར་རྣམས་ལ་བསྟན་དུ་གསོལ། བཛྲ་ས་མ་ཡ་ཨ་ཧཾ་ཨ་ཧཾ། ཞེས་གསོལ་པས། བཅོམ་ལྡན་

འདས་ཀྱི་སྐུ་བར་སྣང་ལ་མངོན་པར་གྱུར་ནས། སེང་གེའི་ཁྲིའི་སྟེང་ན་གདན་དང་བཅས་པ་བཞུགས་ཚུལ་ནི་སྐུ་ཞི་བའི་ཆ་ལུགས་སུ་བཞུགས་སོ། །རྡོ་རྗེའི་རིགས་ཀྱི་འཁོར་སེམས་དཔའ་དང་། སེམས་མ་དང་།བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཀྱང་འོད་ལ་སྤྲུལ་ནས་བཞུགས་སོ། །མ་མོ་དང་གནོད་སྦྱིན་གྱི་འཁོར་རྣམས་ཀྱང་སྡུག་བསྔལ་ཆེན་པོ་ལས་གྲོལ་བར་གྱུར་ཏོ། །དེ་ནས་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྒྱུད་ཆེན་ངེས་ཚིག་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པའི་འཁོར་རྣམས་ཉོན། །ཐམས་ཅད་འབྱུང་བའི་བྱང་ཆུབ་ཡིད་བཞིན་གཏེར། །མ་གྲོལ་གྲོལ་བར་བྱེད་པའི་རྒྱུད་ཆེན་འདི། །རྡོ་རྗེ་དམ་ཚིག་གསེར་གྱི་ལུ་གུ་རྒྱུད། །སྙིང་པོའི་དོན་འགྲོལ་སྙིང་གི་རྒྱུད་ཆེན་འདི། །དུ་མ་གཅིག་ཏུ་བསྡུས་པའི་དོན་གྱི་མཆོག །དོན་གྱི་འདྲེལ་བ་གསང་སྔགས་བདག་པོས་འཆང་། །སྙིང་གི་དཀྱིལ་ན་རིག་པ་བྱང་ཆུབ་སེམས། །དེ་ཡོད་ཕྱིར་ན་སྙིང་གི་རྒྱུད་ཅེས་གྲགས། །མི་འགྱུར་རྡོ་རྗེའི་དོན་ཉིད་རྟག་པར་གཏེར་འཆང་བས། །རྡོ་རྗེའི་རྒྱུད་དུ་འགྲོ་བ་ཡོངས་ལ་ཁྱབ་པར་གྲགས། །གཞན་གྱི་རྣམ་རྟོག་བསལ་བ་སེམས་དཔའི་རྒྱུད་ཅེས་གྲགས། །རྒྱུད་གཞན་རྣམས་ཀྱི་དོན་ཆེན་པོ། །འདི་ནས་འབྱུང་བས་མེ་ལོང་རྒྱུད་ཅེས་གྲགས། །རྒྱུད་ཆེན་པོ་ཡི་གཏན་ཚིགས་ཡང་དག་བཀྲོལ་ནས་བཤད་པ་བློའི་གཏིང་དུ་གོ། །དོན་ཆེན་མཚོན་པར་འགྱུར་བའི་ཡི་གེ་དྲུག་བཤད་ལེགས་པར་ཡིད་ལ་ཟུང་། །ཆོས་ཉིད་སྐྱེ་བ་མེད་པ་མཚོན་པའི་ཡི་གེ་ཨ། །ཨ་ནི་སྐྱེ་མེད་སྤྲོས་པ་མི་དམིགས་ཤིང་། །མ་སྐྱེས་པས་ན་ཡི་གེ་ཨ་ལ་རྫོགས། །སྐྱེ་བྲལ་དངོས་པོར་མ་གྲུབ་ཡི་གེ་ཨ་འདི་གསང་། །འགག་མེད་དོན་ལ་མི་གནས་ཡི་གེ་འ། །འགྱུར་མེད་སྟོང་པའི་ངང་ལས་ཡི་གེ་འ་བྱུང་ཞིང་། །འགག་མེད་རྟོག་བྲལ་ཡི་གེ་འ་ལ་རྫོགས། །སྐྱེ་མེད་ངང་ནས་འགག་མེད་ཡི་གེ་འ་ནི་སྟོང་པ་སེམས་ཅན་ལ་སྣང་བའི་ཡི་གེ་འདི་གསང་། །སྐྱེ་བ་མེད་པར་སྣང་ཚུལ་ཡི་གེ་ཧ་ནི་ལུས་

རྣམ་པ་གསུམ་མོ། །ཧ་ནི་འགྱུར་མེད་ངང་ལས་སྐྱེ་སྣང་མ་འདྲེས་རྫོགས། །རིག་པའི་ཀློང་ནས་ཆོ་འཕྲུལ་སྟོན་པའི་ཡི་གེ་ཧ། །ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་མ་འཁྲུལ་པའི་རིག་པ། རང་ལ་གནས་པའི་ཡེ་ཤེས་དབྱིངས་སུ་བཟློག་མཛད་ཡི་གེ་ཧ་འདི་གསང་། །རང་ལ་ཡེ་ཤེས་ཀྱི་སྣང་བ་ལྔ་རང་ཆས་སུ་ཡོད་པ་ལས་རྒྱུ་རང་ལ་ཡོད་པ་རྐྱེན་མན་ངག་ལ་བརྟེན་ནས་འཁྲུལ་པ་རང་ལོག་པའོ། །དག་པའི་ཞིང་དུ་སྒྲོལ་མཛད་ཡི་གེ་ཤ། དོན་ཤེས་རབ་ཆེན་པོ་རང་གི་རྒྱུད་ལ་སྐྱེས་པས་འཁྲུལ་པ་ལྡོག། འཁྲུལ་པའི་སྣང་བ་བཟློག་མཛད་ཡི་གེ་ཤ །སྒྲ་དང་ཐ་སྙད་ཐམས་ཅད་ཡི་གེ་ཤ་ལ་རྫོགས། །ཚིག་རེ་ལ་དོན་རེས་སྟོན། སྐྱེ་མེད་དབྱིངས་ནས་སྒྲོལ་མཛད་ཡི་གེ་ཤ་འདི་གསང་། །འགྱུར་མེད་ས་ལ་གནས་པར་བྱེད་པའི་ཡི་གེ་ས། །ཞེས་དབང་པོ་ཐ་མའི་དང་པོའོ། །ཡེ་ཤེས་བླ་མའི་ས་ཆེན་བགྲོད་པར་བྱེད་པའི་ཡེ་གེ་ས། །ས་ཉི་ཤུ་རྩ་གཅིག་ལས་གྲོལ་བ་མཐར་ཕྱིན་པ་དེ་ལས་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱི་གཞི་མ། ས་རྣམས་བགྲོད་མེད་ཡི་གེ་ས་ལ་རྫོགས། །ས་དང་ལམ་ལྷུན་གྱིས་གྲུབ་ནས་ཡོད་པའི་ཕྱིར་འགྱུར་མེད་ངང་ལ་གནས་བྱེད་ས་འདི་གསང་། །ཡི་གེ་མ་ནི་ཆོས་ཉིད་འབྱུང་གཞི་མ་ཆོས་ཉིད་གསལ་འབྱུང་གི་ཡི་གེ་རིན་པོ་ཆེའི་ལུས་སོ། །བའི་གཏེར། །རིག་པ་མ་བཅོས་ཡི་གེ་མ་ཡི་ངང་། །ད་ལྟ་ཡང་མའི་ངོ་བོ་རིག་པ་གཅིག་ལས་མ་འདས་སོ། །ཀུན་གཞི་མ་བཅོས་ཡི་གེ་མ་བག་ཆགས་ཀྱི་ཕུང་པོ་ལ་རིག་པ་ཡོད་པའི་ཕྱིར་ཡི་ངང་ལ་རྫོགས། །གསང་སྔགས་དོན་རྟོགས་ཡི་གེ་མ་ཆོས་ཐམས་ཅད་ཀྱི་གཞི་མ་འདི་གསང་། །ཡི་གེ་དྲུག་གི་དོན་རྟོགས་རིག་པ་རྟོགས་པར་བྱེད་པའི་ཐབས་གསང་སྔགས་རྒྱུད་ཆེན་འགྲོལ། །ཡི་གེ་དྲུག་གི་དོན་ལ་གནས་པའི་སྐྱེས་བུ་མྱ་ངན་འདས། །རྟོགས་བྱེད་རྒྱལ་པོ་ཡི་གེ་ཐུགས་རྗེ་འབྱུང་བའི་ཡི་གེ་སྒྲ་འགྱུར་དྲུག །གསང་སྔགས་ཐམས་ཅད་ཐུགས་རྗེ་མེད་ན་སངས་རྒྱས་མེད་པའི་ཕྱིར་ཡི་གེ་དྲུག་ལ་རྫོགས། །ཞེས་ཡི་གེ་དྲུག་གི་དོན་སྟོན་པ་ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དོན་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཡི་གེའི་དོན་སྦྱོར་དེ་ལྟར་ན། །དབང་གི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཨེ་མ་ཧོ་རྡོ་རྗེ་འཛིན་པ་ཉོན། །

དབང་ལ་རྣམ་པ་གསུམ་ཡོད་དོ། །སྐུ་གསུམ་འདུ་འབྲལ་མེད་པ་སྤྲུལ་པ་སྐུའི་དབང་རྡུལ་ཚོན་ལ་བརྟེན་ཏེ་ལོངས་སྐུའི་དང་གསང་བ་ཡུམ་གྱི་བྷ་ག་ལ་བརྟེན་ཏེ་ཆོས་སྐུའི་འོ། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་རྡུལ་ཚོན་དཀྱིལ་འཁོར་ཏེ། །ཤ་རྣམ་པ་གཅིག་ཏུ་མེད་དུ་མི་རུང་བའི་ཤ་གསུམ་ནི་བུད་མེད་བུ་མ་སྐྱེས་པའི་ཤ་སྐྱེས་པ་གྲིར་ཤི་བའི་ཤ་ཕག་གི་ཤའོ། །ཁྲག་སྣ་ཚོགས་གཏོར་མ་དང་། །རིན་ཆེན་རྫས་བཀྲ་ཤིས་རྫས་དང་མན་ཤེལ་དང་། །སྣ་ཚོགས་མཆོད་པས་མཛེས་པའོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ཡི། །ཐིག་ནི་གཞུང་དང་མཐུན་པར་གདབ། །ས་ཚོན་ལྔ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་འབྲུ་ལྔ་བསྐྱེད། །འོད་ལྔའི་རྟགས། དབུས་སུ་མཐིང་ནག་གྲུ་གསུམ་བྲི། །ཐ་མ་ཕོ་བྲང་ཟླུམ་པོ་བྲི། །དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལྡན། །པཉྩ་རེ་ཁཱ་རྩིགས་པ་ལྔ། །ཡེ་ཤེས་ལྔའི་རྟགས། མུན་པའི་བ་དན་དག་དང་ལྡན། །གྲུ་ཆད་ལྗང་གུ་སྒོ་བཞི་དག་དང་ལྡན། །ཕྱི་རིམ་ཟླུམ་པོ་རྡོ་རྗེའི་ར་བར་ནག་པོ་དཀར་པོ་བཅས། །དབྱིངས་ཀྱི་རྟགས། གྲུ་གསུམ་སྟེང་དུ་ཐོད་པ་མོན་པའི་ཐོད་པ། རབས་ཆད་ནག་པོའི་ཐོད་པ། སྐྱེས་པ་གྲིར་ཤི་བའི་ཐོད་པ། ཐོད་པའི་ནང་དུ་སྐུ་ཙ་ཀ་ཡིས་བརྒྱན་གསུམ་བཞག་སྟེ། །ཐོད་པའི་ནང་དུ་ཤ་ཁྲག་སྣ་ཚོགས་བླུགས་ལ་བཞག། ཕྱི་ནང་གི་ཆོས་འདུས་པའི་རྟགས། ཟླ་གམ་གསུམ་གྱི་སྟེང་དུ་བཀྲ་ཤིས་བུམ་པ་གསུམ། །ནང་དུ་ཤེལ་དུང་རིན་པོ་ཆེ་ཚོགས་ཚད། དེའི་ནང་དུ་སྨན་སྣ་ཚོགས་བླུགས་ལ། དར་དམར་པོས་མགུལ་ཆིངས་བྱའོ། །ཞིང་ཁམས་ན་སྣང་བ་ཐམས་ཅད་སྣང་བ་མཐའ་ཡས་ཀྱི་ཞིང་གི་རྟགས། རྩིབས་བརྒྱད་སྟེང་དུ་ཁྲོ་མཆོག་སེམས་དཔའ་བརྒྱད་རང་ལ་ཡོད་པའི་རྟགས་སྐུ་ཙ་ཀ་ལི་བརྒྱད་བཞག །གྲུ་ཆད་རིགས་བཞིའི་རྟགས་སྟེང་དུ་རིན་ཆེན་བཀྲ་ཤིས་རྫས་བརྒྱད་བཞག །མེ་ལོང་ལྔ་ཡེ་ཤེས་ལྔའི་རྟགས་དང་རྨ་བྱ་ལྔ་འོད་ལྔའི་རྟགས་གཞག་པར་བྱ། དེ་ཡི་སྒྲུབ་ཐབས་བཞིན་དུ་ཤེས་པར་བྱ། །རྫས་ཀྱི་དབང་རྣམས་དང་པོ་བུམ་པ་ནས་རིམ་བཞིན་བསྐུར། །བསྐུར་བའི་གནས་ནི་ཚངས་པའི་བུ་གའོ། །དེ་ལྟར་ཕྱི་ནང་གི་དབང་རྫོགས་ནས། གསང་བའི་དབང་གསང་བ་གཏན་ཚིགས་དབང་ལ་འཇུག་པར་བྱའོ། །གཟུངས་མ་མཚན་དང་ལྡན་པ་ལ། །གཟུངས་མའི་མཚན་ཉིད་ནི། ཡིད་འོང་མ་སྐེད་པ་ཕྲ་ལ་སོ་ལེགས་པ་ཚགས་དམ་པ། མིག་དཀར་ནག་ཕྱེད་པ། ལོ་ཉི་ཤུ་རྩ་གཅིག་ལོན་པ། བུ་མ་སྐྱེས་པ། སྐྱེས་པ་དང་མ་ཕྲད་པ། ཡང་ན་ལོ་བཅོ་ལྔ་ལོན་པའོ། །ཡང་ན་

སུམ་ཅུ་རྩ་ལྔ་ལོན་པའོ། །ཤེས་རབ་ཆེ་ལ་རིགས་བཙུན་པ། ཡང་ན་སུམ་ཅུ་སོ་བརྒྱད་ལོན་པའོ། །སྤྱིའི་མཚན་ཉིད་སྐེད་པ་ཕྲ་བ། སོ་ཐགས་བཟང་བ། འགྲམ་པ་རིང་བ། ཤ་དཀར་བ། སྐྲ་ལི་བ། དེ་ནི་སྤྱི་ཡི་མཚན་ཉིད་དོ། །ཡི་གེ་གསུམ་དང་གཏོར་མ་ནི། །སྒྲུབ་ཐབས་བཞིན་དུ་ཤེས་པར་བྱའོ། །གསང་བ་དཀར་དམར་འདྲེས་པ་དེ། །མེ་ལོང་མ་ཆགས་མ་གས་པས། །བླངས་ཏེ་སློབ་དཔོན་གྱིས་མེ་ལོང་གི་ཡུ་བ་ལ་བཟུང་སྟེ་སློབ་མ་ལ་ལྕེ་ཐོག་ཏུ་བཞག་སྟེ་དབང་བསྐུར། །དེ་ལྟར་དབང་གསུམ་རྫོགས་ནས་ནི། །གང་དུ་བསྟན་པའི་བསྡུ་དང་གཏོར་བའང་འདུག་གདམས་ངག་གདབ་པར་བྱ། །ཞུ་བ་ཐ་མ་ལ་གདམས་ངག་ཉི་ཤུ་རྩ་གཅིག་རྫོགས་པར་བྱའོ། །དབང་རྫོགས་རྣལ་འབྱོར་སྐུ་གསུམ་ངེས་པར་འགྲུབ། །གསང་སྔགས་དོན་མཚོན་དབང་གིས་སྩལ་བར་བྱ། །དབང་ལ་མ་བརྟེན་པར་གསང་སྔགས་མི་འགྲུབ་པས་དབང་བསྐུར་རོ། །དབང་མཆོག་མ་ཐོབ་པའི་སྐྱོན་བསྟན་པའི་རྣལ་འབྱོར་ནི།དཔེར་ན་མཉན་པ་ལག་རྒྱ་མེད་པ་བཞིན། །ཕ་རོལ་སྒྲོལ་བར་ག་ལ་ནུས། །དབང་མཆོག་ཐོབ་ན་ཡོན་ཏན་བསྟན་གསང་སྔགས་མ་བསྒྲུབས་འགྲུབ། །འཇིག་རྟེན་འདིའི་བག་ཆགས་ཐམས་ཅད་སེལ། ཕྱི་མ་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེའོ། །དབང་ཐོབ་པའི་ཡོན་ཏན་གྱིས། ལྷའི་གནས་ནམ་མཁའ་ལ་འཕུར་བ་དང་ཆུ་ལ་མི་འབྱིང་བ་དང་། ལྷ་མིན་གྱི་སྒྲ་སྐད་ཐོས་ཤིང་ཤེས་པ་དང་། མ་མོ་ཐམས་ཅད་ལས་བྱེད་པ་དང་། བགེགས་ཐམས་ཅད་བཟློག་པ་དང་། མཐུ་ཆེ་ཞིང་དངོས་གྲུབ་ཐོབ་པ་དང། མིས་བཀུར་བའི་འོས་སུ་མཐོང་བ་ལ་སོགས་ཏེ་ཡོན་ཏན་བརྒྱ་རྩ་བརྒྱད་འཐོབ་བོ། །གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར། །དཔེར་ན་ཕ་རོལ་སྒྲོལ་བའི་གྲུ་བཞིན་ནོ། །དབང་མཆོག་སྟོན་པའི་རྡོ་རྗེ་སློབ་དཔོན་ལ། །ནོར་བུ་རིན་ཆེན་གསེར་དངུལ་དབྱིག་གིས་མཆོད། །ཡོན་མ་ཕུལ་ན་དབང་མི་ཐོབ། རྟ་དང་གླང་པོ་ལ་སོགས་དབུལ་བར་བྱའོ། །ཕ་མ་བུ་སྨད་བཅས་པ་དབུལ་བར་བྱ། །གསང་བའི་བདག་པོས་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་སྟོབས་ཀྱི་བདག །དབང་གི་བྱེ་བྲག་དེ་ལྟར་ན། །དམ་ཚིག་བྱེ་བྲག་གསུང་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཀྱེ་མ་གསང་བདག་ངེས་པར་ཡིད་ལ་ཟུང་། །དམ་ཚིག་བྱེ་བྲག་ས་མ་ཡ་འབུམ་སྡེ་ལས་བསམ་མི་ཁྱབ། །མདོར་བསྡུས་བསྲུང་མཚམས་དང་བཅས་བཤད་ཀྱིས་ལེགས་པར་ཡིད་ལ་ཟུང་། །རྡོ་རྗེ་ཐེག་པའི་དམ་ཚིག་ནི། །ཕྱི་ནང་གསང་བ་

མདོར་བསྡུས་པ། དཔེར་ན་ས་གཞི་ལྟ་བུའོ། །ཐམས་ཅད་འབྱུང་བར་བྱེད་ཅིང་གཞི་མའི་དམ་ཚིག་ཐམས་ཅད་ཀྱི་གཞི་མཆོག་ཏུ་འགྱུར། །དེ་ཡང་བསྲུང་ཐབས་བསམ་གྱིས་མི་ཁྱབ་དམ་ཚིག་རྣམས། །བསྲུང་རྒྱུ་མི་དམིགས་སྲུང་བྱེད་ཐབས་མཁས་སྤྱོད། །དམ་ཚིག་མེད་ན་ས་གཞི་མེད་པ་དང་འདྲ་སྟེ་ས་གཞི་མེད་ན་སེམས་ཅན་གྱི་གསོས་རྩི་ཐོག་མི་སྐྱེ་བ་དང་འདྲ་བར་དམ་ཚིག་མེད་ན་ཆོས་བྱས་ཀྱང་འབྲས་བུ་མི་འབྱུང་ངོ་། །ཉམས་ན་མེ་བཞིན་ཐམས་ཅད་སྲེག་པར་བྱེད། །གསང་སྔགས་དོན་སྟོན་རྡོ་རྗེ་སློབ་དཔོན་ལ། །ཐབས་དང་ལྡན་པ་དེ་ལ། རིན་ཆེན་གསེར་ནི་རང་ལུས་ཙམ་ཞིག་ལ་སོགས་པའི་རྫས་དང་ཡོ་བྱད་ཕུལ་ཀྱང་དམྱལ་བར་འགྲོ་ངེས་སོ། །ཕུལ་གྱུར་ཀྱང་། །དམ་ཚིག་འཆལ་པར་གྱུར་ན་གྲོགས་ཀྱི་དྲི་མས་གཉིས་ཀ་སྲེག་པར་བྱེད། །དཔེར་ན་མེ་བཞིན་དྲོ་བར་གྱུར་པ་ལ། །དེ་བཞིན་ཆུ་ཡིས་མེ་བསད་དྲོ་བ་མེད་པ་བཞིན། །སློབ་མས་ཉམས་ཀྱང་སློབ་དཔོན་ལ་གནོད། སློབ་དཔོན་གྱིས་ཉམས་ན་སློབ་མ་ལ་གནོད། དམ་ཚིག་མེ་ཡི་ཕུང་པོ་ལྟ་བུ་ལ། །བསྲུངས་ན་བར་ཆད་སེལ་ཞིང་ཡེ་ཤེས་དཔེར་ན་མེ་དྲོ་བའི་འོད་ལ་ལྡེ་ཞིང་བྱ་བ་བྱེད་པས་གྲོགས་སུ་འགྱུར། །མ་ལེགས་ན་ཚིག་ཉེན་ཡོད་པ་ལྟར་དམ་ཚིག་མ་བསྲུངས་ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་། །དེ་བས་སྲོག་གི་ཕྱིར་ཡང་དམ་ཚིག་མི་བཏང་ངོ་། །སློབ་དཔོན་གྱི་བཅུད་བརྟགས་སློབ་དཔོན་ཚད་མར་མ་གྱུར་སྤྲེལ་འདྲའི་ལུང་། །མུ་སྟེགས་པ་ལས་བྱས་པའི་རིགས་ཀྱང་ཡོད་ལོག་པའི་ལམ་དུ་ཞུགས་ཤིང་གསང་སྔགས་འཆོལ་བར་སྤྱོད། །དེ་ནི་རིགས་མི་བཙུན་པ་ལོག་འདྲེན་ཡིན་པས་སྤང་བར་བྱ། །སློབ་མའི་སྣོད་བརྟགས་པ་མི་ཤེས་ང་རྒྱལ་ཆེ་ཞིང་བླུན་རྨོངས་གཅོམ་བུ་མཁན། །ང་རྒྱལ་དྲེགས་པས་སྨྲ་ཞིང་མཆེད་ལ་རིས་གཅོད་བྱེད། །ངོ་ཚ་མེད་ཅིང་རིགས་མི་བཙུན་པ་ཁྲེལ་མེད་བག་འཛེམ་མེད། །གསང་སྔགས་སྣོད་དང་མི་ལྡན་གང་ཟག་སྤང་བར་བྱ། །ཡངས་ཤིང་རྒྱུད་ལ་མཁས་ཤིང་སྒྲུབ་ཐབས་དག་ལ་མཁས་གྱུར་པ། །བླ་མ་ངང་རྒྱུད་བཟང་ཞིང་རྟོགས་ཤིང་ལྟ་བ་དག་ལ་མཁས། །དེ་ཡང་རིགས་བཙུན་པ་དང་རྒྱུད་བཟང་བ་ཡོན་ཏན་ཆེ་བ་རྒྱུན་དུ་སྡོད་ནུས་པ་རྫོགས་ཆེན་གྱི་དགོངས་པ་དང་མི་འབྲལ་བ། གསང་སྔགས་རྒྱལ་པོ་རྡོ་རྗེ་ཨཱ་ལི་ཀ །ལུས་ཡོན་ཕུལ་ལ་རྟག་ཏུ་བསྟེན་པར་བྱ། །སློབ་མ་ཡོན་ཏན་ཅན་

ངང་རྒྱུད་བཟང་བ་དད་པ་དང་བརྩོན་འགྲུས་ནི་སྐྱོ་ངལ་མེད་པ། ང་རྒྱལ་དྲེགས་པ་མེད་ཅིང་ངང་གིས་ཤེས་པ་དལ། །བཀའ་དྲིན་ཁྱད་དུ་མི་གསོད་གསང་སྔགས་དོན་ལ་སྦྱོར། །ངེས་པར་དད་དང་ལྡན་ཞིང་གཏོང་ཕོད་དག་དང་ལྡན། །རྡོ་རྗེའི་དོན་ལྡན་གསང་སྔགས་ཐམས་ཅད་དེ་ལ་བསྟན་པའི་སྣོད་དུ་གསུངས། །ཞེས་བཀའ་སྩལ་ཏོ། །རྒྱུད་ཆེན་པོ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། གསང་བ་ཡང་ཁོལ་དུ་ཕྱུང་བ་དབང་དང་དམ་ཚིག་གི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་སྙིང་གི་དཀྱིལ་འཁོར་གྱི་སྒོ་ཕྱེ་ནས་འཁོར་རྣམས་ལ་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་གསལ་བའི་དོན་སྐུ་དང་ཡེ་ཤེས་བསྟན་པའོ། །ཀྱེ་གྲོགས་པོ་དག་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ། རང་གི་རིག་པ་འོད་ལྔའི་རང་བཞིན་དུ་གནས་སོ། །དེ་རྣམས་དོན་བཀྲོལ་བ་འདི་ལྟ་སྟེ། །ཁྱབ་གདལ་འུབ་ཆུབ་རིག་པ་འོད་གསལ་སྐུ། །འགྱུར་མེད་ཀློང་ཡངས་རིག་པ་འོད་གསལ་སྐུ། །རྣམ་དག་དོན་སྤྱོད་ཀློང་ཡངས་རིག་པ་འོད་གསལ་སྐུ། །ཁྱབ་གདལ་ཆེན་པོ་མི་འགྱུར་རིག་པ་འོད་གསལ་སྐུ། །བརྗོད་མེད་བསམ་བྲལ་རིག་པ་ཆོས་ཀྱི་སྐུ། །དཔག་ཏུ་མེད་པའི་ཡུལ་ལས་འདས་པ་རིག་པ་ཆོས་ཀྱི་སྐུ། །འཛིན་པའི་སྤྱོད་ཡུལ་མ་ཡིན་རིག་པ་ཆོས་ཀྱི་སྐུ། །ངོ་བོ་རང་བཞིན་ཐུགས་རྗེ་ལྡན་པས་རིག་པ་ཆོས་ཀྱི་སྐུ། །བདེ་ཆེན་མ་འདྲེས་ཡོངས་སུ་རྫོགས་པས་རིག་པ་ལོངས་སྤྱོད་སྐུ། །གསལ་ལ་མ་འདྲེས་སོ་སོའི་མཚན་ཉིད་ལྡན་པས་རིག་པ་ལོངས་སྤྱོད་སྐུ། །མཚན་དང་དཔེ་བྱད་ལྡན་པས་རིག་པ་ལོངས་སྤྱོད་སྐུ། །རང་བཞིན་གཅིག་ལ་ཐ་དད་སྣང་བའི་རིག་པ་ལོངས་སྤྱོད་སྐུ། །འགག་མེད་ཀློང་ནས་ཐུགས་རྗེ་འབྱིན་པའི་རིག་པ་སྤྲུལ་པའི་སྐུ། །ཅིར་ཡང་གསལ་ཞིང་ཅིར་ཡང་རྟོགས་པས་རིག་པ་སྤྲུལ་པའི་སྐུ། །མ་འགགས་ཡོངས་ལ་ཁྱབ་པས་རིག་པ་སྤྲུལ་པའི་སྐུ། །གསལ་འགྲིབ་མེད་ཅིང་འཛིན་རྟོག་མེད་པས་རིག་པ་སྤྲུལ་པའི་སྐུ། །གཉིས་

འཛིན་མཐའ་དང་བྲལ་བས་རིག་པ་ངོ་བོ་ཉིད་ཀྱི་སྐུ། །འཛིན་པའི་ཡུལ་མེད་རིག་པ་ངོ་བོ་ཉིད་ཀྱི་སྐུ། །ས་དང་ལམ་ལ་མི་གནས་རིག་པ་ངོ་བོ་ཉིད་ཀྱི་སྐུ། །དངོས་པོ་གཟུང་དུ་མེད་པས་རིག་པ་ངོ་བོ་ཉིད་ཀྱི་སྐུ། །བདེ་ཆེན་ཀློང་དུ་འགྱུར་མེད་གནས་པས་རིག་པ་ངོ་བོ་ཉིད་ཀྱི་སྐུ། །དོན་དང་ལྡན་པས་རིག་པ་རྡོ་རྗེ་འཛིན་པའི་སྐུ། །གསལ་ལ་མི་འགྱུར་ངང་ལ་གནས་པས་རིག་པ་རྡོ་རྗེ་འཛིན་པའི་སྐུ། །འགྲོ་བ་ཀུན་ལ་གནས་པའི་རིག་པ་རྡོ་རྗེ་འཛིན་པའི་སྐུ། །སྲ་ཞིང་བརྟན་པས་རིག་པ་རྡོ་རྗེ་འཛིན་པའི་སྐུའོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་རང་རྒྱུད་ལ་གནས་སོ། །དེ་བཞིན་དུ་སྐུ་རྣམ་པ་ལྔ་པོ་དེའི་དོན་ཐུགས་སུ་ཆུག་ཅིག །སྐུ་ལས་ཡེ་ཤེས་འབྱུང་སྟེ། དེ་ཡང་གང་ཞེ་ན། རིག་པ་འགྱུར་མེད་ཆོས་དབྱིངས་ཡེ་ཤེས་ངང་། །རིག་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཆོས་དབྱིངས་ཡེ་ཤེས་ངང་། །རིག་པ་གཟུང་འཛིན་ཡུལ་ལས་འདས་པས་ཆོས་དབྱིངས་ཡེ་ཤེས་ངང་། །རིག་པ་མུ་མཐའ་མེད་པས་ཆོས་དབྱིངས་ཡེ་ཤེས་ངང་། །རིག་པ་གསལ་ལ་དྭངས་པས་མེ་ལོང་ཡེ་ཤེས་ངང་། །རིག་པ་མུ་ཁྱུད་ཟླུམ་པོར་གནས་པས་མེ་ལོང་ཡེ་ཤེས་ངང་། །རིག་པ་གསལ་ལ་ཕྱོགས་ལྷུང་མེད་པས་མེ་ལོང་ཡེ་ཤེས་ངང་། །རིག་པ་གསལ་ལ་མ་འདྲེས་རྫོགས་པས་མེ་ལོང་ཡེ་ཤེས་ངང་། །རིག་པ་མི་གཡོ་མཉམ་པར་གནས་པས་མཉམ་ཉིད་ཡེ་ཤེས་ངང་། །རིག་པ་བཟང་ངན་ཡུལ་ལས་འདས་པས་མཉམ་ཉིད་ཡེ་ཤེས་ངང་། །རིག་པ་རྣམ་རྟོག་ཀུན་དང་བྲལ་བས་མཉམ་ཉིད་ཡེ་ཤེས་ངང་། །རིག་པ་སྒྲ་དང་ཚིག་ལས་འདས་པས་མཉམ་ཉིད་ཡེ་ཤེས་ངང་། །རིག་པ་བློ་ཡི་བྱེ་བྲག་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རིག་པ་དུ་མར་རྟོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རིག་པ་ཅིར་ཡང་འཆར་བས་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རིག་པ་རྣམ་པ་ཅིར་ཡང་སྣང་བས་སོ་སོར་རྟོག་པའི་ཡེ་ཤེས་ངང་། །རིག་པ་བྱ་བཙལ་མེད་པས་བྱ་བ་གྲུབ་པའི་ཡེ་ཤེས་ངང་། །རིག་པ་འཛིན་རྟོག་དབྱིངས་སུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་

ངང་། །རིག་པ་སྐྱེ་མེད་ངང་དུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་ངང་། །རིག་པ་འགག་མེད་ངང་དུ་རྫོགས་པས་བྱ་བ་གྲུབ་པའི་ཡེ་ཤེས་ངང་། །ཞེས་འགྲོ་བ་ཡོངས་ལ་དེ་བཞིན་དུ་ཤེས་པར་བྱའོ། །ཡེ་ཤེས་ལས་བྱུང་བའི་འོད་ལྔ་གང་ཞེ་ན། དེ་ཡང་ཁ་དོག་རྣམ་པ་ལྔ་སྟེ། རིག་པ་ཆོས་ཀྱི་སྐུ་ལ་འགྱུར་བ་མེད་པས་ཁ་དོག་མཐིང་གར་གསལ། །རིག་པ་བསམ་པ་ཀུན་དང་བྲལ་བས་ཁ་དོག་མཐིང་གར་གསལ། །རིག་པ་གདངས་དང་ལྡན་པས་འོད་ཆེན་མཐིང་གར་གསལ། །རིག་པའི་འབྲས་བུ་ཟང་མ་ཐལ་བྱུང་ཡིན་པས་འོད་ཆེན་མཐིང་གར་གསལ། །རིག་པ་ཉིད་ལ་ཉོན་མོངས་གོས་པ་མེད་པས་ཁ་དོག་དཀར་པོར་གསལ། །རིག་པ་ཤེལ་སྒོང་ལྟ་བུར་དག་པས་ཁ་དོག་དཀར་པོར་གསལ། །རིག་པ་བྱང་སེམས་དྲི་མ་མེད་པས་ཁ་དོག་དཀར་པོར་གསལ། །རིག་པའི་འོད་ཟེར་གཏིང་མཐའ་ཡས་པས་ཁ་དོག་དཀར་པོར་གསལ། །རིག་པའི་ཡེ་ཤེས་ཐ་སྙད་བྲལ་བས་འོད་ཆེན་སེར་པོར་གསལ། །རིག་པའི་ཡེ་ཤེས་འཛིན་པ་མེད་པས་འོད་ཆེན་སེར་པོར་གསལ། །རིག་པའི་ཡེ་ཤེས་ངང་གིས་གསལ་བས་འོད་ཆེན་སེར་པོར་གསལ། །རིག་པ་འགྱུར་མེད་ངང་ལ་རྫོགས་པས་འོད་ཆེན་སེར་པོར་གསལ། །རིག་པའི་ཀློང་ན་དབང་རྣམས་ཐམས་ཅད་རྫོགས་པས་ཁ་དོག་དམར་པོར་གསལ། །རིག་པའི་ཀློང་ནས་སྐྱེ་མེད་དུས་གཅིག་རྫོགས་པས་ཁ་དོག་དམར་པོར་གསལ། །རིག་པ་འགྱུར་མེད་ངང་ལ་དེ་བཞིན་གཤེགས་པས་འོད་ཆེན་དམར་པོར་གསལ། །རིག་པ་འགག་མེད་ཀུན་ལ་ཁྱབ་པས་འོད་ཆེན་དམར་པོར་གསལ། །རིག་པའི་ས་ལ་འགྱུར་བ་མེད་པས་འོད་ཆེན་ལྗང་གུར་གསལ། །རིག་པ་དངོས་པོས་སྟོང་པར་ཁྱབ་པས་ཁ་དོག་ལྗང་གུར་གསལ། །རིག་པ་ཤེས་རབ་འགག་པ་མེད་པས་ཁ་དོག་ལྗང་གུར་གསལ། །འཛིན་པའི་སྤྱོད་ཡུལ་མེད་པས་ཁ་དོག་ལྗང་གུར་གསལ། །དེ་ལས་འོད་འཕྲོས་འཇིག་རྟེན་གང་བར་འགྱུར། །ཀུན་ལ་དཀོན་པའི་ཡེ་ཤེས་འོད་མཆོག་འདི། །

ཡེ་ཤེས་འོད་ཀྱིས་ནམ་མཁའ་ཁེངས་པར་མཐོང་། །དེ་ཡིས་སེམས་ཅན་རྣམས་ཀྱང་གྲོལ་བར་བྱེད། །ཅེས་རྒྱུད་ཆེན་པོ་གསང་བ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ལས། སྐུ་དང་ཡེ་ཤེས་ཀྱི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དེ་ཉིད་དུ་མངོན་པར་སྣང་བར་གྱུར་ནས། ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཀློང་ཡངས་བཅོམ་ལྡན་ཐུགས་རྗེ་ཅན། །བྱང་ཆུབ་འབྱུང་བའི་གཏེར་ཆེན་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །སྟོབས་ཀྱི་བདག་པོས་བཀའ་སྩལ་པ། །ཀྱེ་མ་རྡོ་རྗེ་འཛིན་པ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །རང་རིག་བྱང་ཆུབ་སེམས་ཀྱི་བདུད་རྩི་འདི། །དཔེར་ན་ལྷ་རྫས་ནོར་བུ་རིན་ཆེན་འདི། །གྲང་བའི་ཕྱོགས་སུ་བཞག་ན་དྲོ་བར་འགྱུར། །དྲོ་བའི་ཕྱོགས་སུ་བཞག་ན་བསིལ་བར་འགྱུར། །མུན་པའི་ཕྱོགས་སུ་བཞག་ན་སྣང་བར་འགྱུར། །དེ་བཞིན་རང་བྱུང་རིག་པ་འདི། །རྟོགས་པའི་དོན་དང་ལྡན་གྱུར་ན། །ཉོན་མོངས་ཡེ་ཤེས་གྲོགས་སུ་འགྱུར། །ཉོན་མོངས་སྐྱེས་ཀྱང་ཡེ་ཤེས་སྟོབས་སུ་གྱུར་ན་བསྒྲིབ་པ་མེད། །ཀྱེ་ཧོ་གསང་བའི་བདག་པོ་ངེས་པར་ཟུང་། །རང་ལས་བྱུང་བའི་བདུད་རྩིའི་ཐིགས་པ་འདི། །དཔེར་ན་ནོར་བུ་ཆུ་འདེངས་བཞིན། །རྙོག་མ་ཅན་དུ་སྩལ་ན་རྙོག་མ་དྭངས་པར་འགྱུར། །དེ་བཞིན་སྙིང་པོ་དོན་གྱི་གདམས་པ་འདི། །བཏབ་ན་ཉོན་མོངས་གོས་མི་འགྱུར། །བག་ཆགས་འདམ་ལས་ཡེ་ཤེས་པདྨ་སྐྱེ་བར་འགྱུར། །ཡེ་ཤེས་ཆུ་ཡིས་ཉོན་མོངས་ཐམས་ཅད་འཁྲུད། །ཡེ་ཤེས་མེ་ཡིས་བག་ཆགས་བསྲེག་པར་བྱེད། །ཡེ་ཤེས་བདེ་བའི་སྐུ་ལ་སྣང་སྲིད་གསལ། །གཅིག་པུ་དལ་བར་འདུག་ན་སྣང་བ་གྲོགས་སུ་འཆར། །མ་སྐྱེས་དབྱིངས་ནས་ཡེ་ཤེས་འོད་གསལ་བ། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །དཔག་པས་མི་དཔོག་ནམ་མཁའི་དབྱིངས་དང་འདྲ། །གསལ་ལ་འཚེར་བ་ཉི་མའི་འོད་དང་འདྲ། །འགྱུར་བ་མེད་པས་རི་རྒྱལ་ལྷུན་པོ་འདྲ། །ཟབ་ལ་གཏིང་

དཔག་མེད་པ་རྒྱ་མཚོའི་གཏིང་དང་འདྲ། །གོས་པ་མེད་པས་འདམ་གྱི་པདྨ་འདྲ། །ངོས་བཟུང་མེད་པས་ཆུ་ཡི་ཟླ་བ་འདྲ། །ཅིར་ཡང་སྣང་བས་ནམ་མཁའི་ཆོ་འཕྲུལ་འདྲ། །གསལ་ལ་ཁ་དོག་རྫོགས་པས་བར་སྣང་འཇའ་ཚོན་འདྲ། །གང་ལ་ཐོགས་པ་མེད་པས་རླུང་གི་དཀྱིལ་འཁོར་འདྲ། །རྒྱུན་ཆད་སྐྱེ་འབྲི་མེད་པས་ཆུ་བོའི་རྒྱུན་དང་འདྲ། །ཀུན་ལ་ཁྱབ་པས་དུས་ཀྱི་ལྟོ་བ་འདྲ། །རྟོག་པ་སྣ་ཚོགས་འཆར་བས་འཁྲུལ་པའི་སྣང་བ་འདྲ། །སྟོང་གསལ་དབྱེར་མེད་སྣང་བས་དག་པའི་ཞིང་ཁམས་འདྲ། །སྲ་ཞིང་བརྟན་པས་རྡོ་རྗེ་ཕ་ལམ་འདྲ། །ཀུན་གྱི་གཞི་མར་གྱུར་པས་ས་གཞི་མཉམ་པ་འདྲ། །དགོས་འདོད་ཡོངས་སུ་རྫོགས་པ་དཔག་བསམ་ལྗོན་ཤིང་འདྲ། །གསལ་ལ་དྭངས་པས་བཙུན་མོའི་མེ་ལོང་འདྲ། །རྐང་མེད་མཁའ་ལ་འགྲོ་བས་འདབ་ཆགས་རྒྱལ་པོ་འདྲ། །རྒྱན་དང་ཆ་ལུགས་བཅས་པས་སྒེག་མོ་ཕྲེང་ཐོགས་འདྲ། །ཀུན་ལ་ཐལ་གྱིས་ཕུག་པས་དཔའ་ཆེན་མདའ་དང་འདྲ། །ཡེ་ཤེས་དབྱིངས་སུ་སྡུད་པས་འབྱུང་བ་ཆུ་དང་འདྲ། །ཉོན་མོངས་བག་ཆགས་བསྲེག་པས་འབྱུང་བ་མེ་དང་འདྲ། །དཔེ་རྣམས་དེ་བཞིན་མཚོན་པས་ཡེ་ཤེས་དོན་ལ་སྦྱོར། །རྟག་པ་མི་འགྱུར་ཡེ་ཤེས་བརྡལ་བའི་སྐུ། །ཀུན་ལ་ཡོད་དེ་རང་གསང་ཐབས་ཀྱིས་ཆོད། །མི་འགྱུར་ཀུན་ལ་གནས་པའི་རིག་པ་བྱང་ཆུབ་སེམས། །ངོ་བོ་མི་འགྱུར་ཀུན་ལ་དེ་བཞིན་གནས། །རང་བཞིན་གསལ་བས་འགྲོ་ཀུན་ཡོངས་ལ་ཁྱབ། །ངང་གིས་མི་གཡོ་ཁྱབ་གདལ་བདེ་བའི་ཀློང་། །རྡོ་རྗེའི་དམ་ཚིག་ལྡན་པས་བླང་བར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་རྡོ་རྗེ་གསོར་ཏེ་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་དོ། །རང་གི་དོན་ཆེན་རྙེད་དོ། །ཞེས་བརྗོད་ནས་རྡོ་རྗེ་གསོར་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་སྐུས་གང་བར་གྱུར་ཏོ། །དེ་བཞིན་

གཤེགས་པའི་སྐུ་མཐོང་བའི་སེམས་ཅན་དེ་དག་ཀྱང་མངོན་པར་རྫོགས་པར་སངས་རྒྱས་སོ། །ངན་སོང་གི་སྐྱེ་གནས་ཐམས་ཅད་རྒྱུན་བཅད་དོ། །དེ་ནས་ཡང་གསང་བའི་བདག་པོ་རང་ལ་རང་ངོ་མཚར་སྐྱེས་ནས་འདི་སྐད་ཅེས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རིག་པའི་དཔེ་དོན་དེ་ལྟར་ན། །མ་རིག་དཔེ་དོན་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །ཨེ་མ་ཧོ། རྡོ་རྗེ་འཛིན་པ་ཉོན། །མ་སྨིན་མ་རྟོགས་འཁོར་བ་ནི། །དཔེར་ན་གྱི་ལིང་ལྕགས་བཅུག་འདྲ། །བཀྲོལ་བར་མ་གྱུར་ཐར་པའི་དུས་མི་འབྱུང་། །དེ་བཞིན་མ་རིག་ལྕགས་བཅུག་ཐར་པར་ག་ལ་འགྱུར། །མ་རིག་ཆུ་དང་འདྲ་སྟེ་ཐམས་ཅད་སྡུད། །ཞེ་སྡང་མེ་ནི་བསྐལ་པའི་མེ་དཔུང་འདྲ། །འདོད་ཆགས་ཚ་ཆུ་དག་ནི་འཐུང་བ་འདྲ། །གཏི་མུག་འཐིབས་པ་ཁང་སྟོང་མུན་པ་འདྲ། །ང་རྒྱལ་དྲེགས་པ་རི་བོ་བསྙིལ་བ་འདྲ། །ཕྲག་དོག་གནོད་སེམས་གཅོང་རོང་དོག་མོ་འདྲ། །ཉོན་མོངས་རྣམ་ལྔས་ཡེ་ཤེས་སྒྲིབ་པར་བྱེད། །ཡིད་ནི་དཔེར་ན་ཁང་སྟོང་རྐུན་མ་འདྲ། །དབུགས་ནི་དཔེར་ན་ནགས་ཀྱི་སྤྲེའུ་འདྲ། །སེམས་ནི་དཔེར་ན་མི་གཙང་འདམ་རྫབ་འདྲ། །ཀུན་གཞི་དཔེར་ན་སེམས་ཅན་ཕག་པ་འདྲ། །ཤེས་པ་དཔེར་ན་བྱ་སྒྲོ་རླུང་ཁྱེར་འདྲ། །གཟུང་འཛིན་དཔེར་ན་སྐྱེས་པ་བུད་མེད་དབང་གིས་བསྐོར་བ་འདྲ། །ལས་ཀྱི་བྱེ་བྲག་བྱ་རྙི་འཛིངས་པ་འདྲ། །སྡུག་བསྔལ་བྱེ་བྲག་ཆུ་བོའི་གཉེར་མ་འདྲ། །ཉོན་མོངས་འབྲས་བུ་འདི་ལ་བཟོད་པའི་ཐབས་མེད་དོ། །འཁོར་བའི་སྡུག་བསྔལ་འཛིན་པའི་རྟོད་ཕུར་འདི། །བྱས་པས་མི་ཐོན་བཞག་ན་ཐོན་པར་འགྱུར། །བྱས་པའི་ཆོས་རྣམས་སྤངས་ན་དལ་བ་འགྲུབ་པར་འགྱུར། །བསམ་པ་ཀུན་སྤངས་ཡེ་ཤེས་མཚོ་མི་གཡོ། །གསང་སྔགས་རྒྱལ་པོ་སྤྱད་ན་ཉོན་མོངས་ཡེ་ཤེས་འགྱུར། །དཔེར་ན་ཁྱིམ་སྟོང་སྒྲོན་མེ་བཏགས་ན་མུན་པ་གསལ་བར་འགྱུར། །དེ་བཞིན་ཡེ་ཤེས་སྒྲོན་མེ་བཏེགས་ན་མ་རིག་རིག་པར་འགྱུར། དེ་ཁོ་ན་ཉིད་ཀྱི་རྟོགས་

པ་རྒྱུད་ལ་སྐྱེས་ན་ཉོན་མོངས་ཐམས་ཅད་ཡེ་ཤེས་གྲོགས་སུ་འཆར། །དེ་ཕྱིར་རིགས་ཀྱི་བུ་ཉོན་མོངས་པ་ལྔ་ཡེ་ཤེས་ལྔ་དང་སྦྱོར་ཅིག །མ་དག་པ་སུམ་བརྩེགས་དང་ཡེ་ཤེས་སུམ་བརྩེགས་སྦྱོར་ཅིག །ཉོན་མོངས་པ་སྣ་ཚོགས་སུ་སྣང་བ་དང་ཡེ་ཤེས་ཀྱི་འོད་ཁ་དོག་སྣ་ཚོགས་སུ་སྣང་བ་སྦྱོར་ཅིག །ཨེ་མ་ཧོ། རིགས་ཀྱི་བུ་དེ་བཞིན་དུ་ཤེས་ན་མ་དག་པའི་སྣང་བ་འདིས་བསྒྲིབ་པ་མེད་དོ། །རིགས་ཀྱི་བུ་རང་དལ་བར་འདུག་ན། ཡེ་ཤེས་ཀྱི་སྣང་བ་ལྷུག་པར་འཆར་རོ། །དེའི་ཕྱིར་ན་རོགས་མེད་གཅིག་པུར་གནས་པར་བྱ་ཞེས་འབྱུང་ངོ་། །ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ནི་སྨིན་པ་དང་མ་སྨིན་པ་མི་མངའོ། །དེའི་ཕྱིར་ན་བསྒོམས་པས་འབྲས་བུ་མི་རྙེད་པའི་མན་ངག་གོ། །ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལྟ་བ་ནི་བརྗོད་པ་ཐམས་ཅད་དང་བྲལ་བའོ། །དེའི་ཕྱིར་ན་བྱང་ཆུབ་སེམས་དཔའ་ཆོས་ལ་གནས་པར་མི་བྱའོ། །ཀྱེ་གྲོགས་པོ་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་རང་ལས་བཙལ་བར་བྱའོ། །དེ་བས་ན་རྒྱུད་འདི་ཡང་སངས་རྒྱས་ཀྱི་བཀའི་དམ་པར་ཟུང་ཞིག །རིག་པ་གཉིས་མེད་ཀྱི་ཡེ་ཤེས་ངོས་ཟུང་ཞིག །རིག་པ་གཟུང་འཛིན་དང་བྲལ་བར་མཁས་པར་གྱིས་ཤིག །རིག་པ་ཅིར་སྣང་བ་ཐམས་ཅད་ཀློང་གཅིག་ཏུ་དྲིལ་ཅིག །ཅེས་བཀའ་སྩལ་ནས། འོད་ཕུང་རབ་ཏུ་འགྱེད་པ་ཞེས་བྱ་བའི་ས་མ་ཏི་ལ་སྙོམས་པར་ཞུགས་སོ། །དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་སྒྲ་སྙན་པ་སྣ་ཚོགས་དང་། རོལ་མོ་དང་གླུ་སྣ་ཚོགས་ཀྱིས་བསྐུལ་བར་མཛད་དོ། །དེ་ནས་དེ་རྣམས་ཀྱི་ནང་ནས་ནག་མོ་འབྲུག་གི་སྒྲ་ཅན་མ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཧོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཏིང་ངེ་འཛིན་ལས་བཞེངས་ཤིག །ཁམས་གསུམ་སེམས་ཅན་ཐམས་ཅད་ཉོན་མོངས་པ་མ་རིག་པའི་རྒྱས་འཐུམས་པ་འདི་རྣམས་ལ། ཐབས་དམ་པ་བསྟན་དུ་གསོལ། བསྟན་པའི་སྒྲོན་མ་འཇིག་རྟེན་

གྱི་ཁམས་སུ་ཡུན་རིང་བར་གནས་པར་མཛད་དུ་གསོལ། ཞེས་གསོལ་པ་དང་།བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ནས་དེ་བཞིན་གཤེགས་པའི་སྐུ་མང་པོ་མངོན་པར་སྤྲུལ་ནས། ལ་ལ་ནི་ཕྱག་ན་རྡོ་རྗེའི་སྐུ་ཤ་སྟག་ཏུ་གྱུར། ལ་ལ་ནི་ཞི་བའི་སྐུ་ཤ་སྟག་ཏུ་གྱུར། ལ་ལ་ནི་རང་རང་གི་དཀྱིལ་འཁོར་དང་བཅས་པའི་སྐུ་ཤ་སྟག་ཏུ་གྱུར། ལ་ལ་ནི་ཡབ་ཡུམ་སྣང་བ་ཤ་སྟག་ཏུ་གྱུར་ཏེ། དེ་ནས་མཁའ་འགྲོ་མ་རྣམས་ངོ་མཚར་སྐྱེས་ནས། ཐབས་ཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་ཡི་ངེས་ཚིག་གསུང་དུ་གསོལ། །ཞེས་ཞུས་སོ། །གསང་སྔགས་རྒྱལ་པོས་བཀའ་སྩལ་པ། །ཀྱེ་ཀྱེ་འབྱུང་བའི་བདག་མོ་ཉོན། །ཡེ་ཤེས་རྒྱལ་པོ་ཚིག་གིས་མཚོན་དུ་མེད། །རིག་པའི་རྒྱལ་པོ་ཚིག་ལས་འདས་པ་ཡིན། །འོན་ཀྱང་ཚིག་གིས་དོན་རྣམས་མཚོན་པར་བྱེད། །ཚིག་དོན་གཉིས་མེད་འདྲེལ་པའི་གཏན་ཚིགས་བཤད། །སྐུ་ཡི་ངེས་ཚིག་གང་ཞེ་ན། །མི་འགྱུར་དོན་དང་ལྡན་པས་རྡོ་རྗེ་སྙིང་པོའི་སྐུ། །སྐྱེ་མེད་ངང་ལ་རྫོགས་པས་བྱ་རྩོལ་བྲལ་བའི་སྐུ། །འགག་མེད་ངང་ལ་གནས་པས་བྱ་བཙལ་མེད་པའི་སྐུ། །མཚོན་པའི་ཚིག་དང་བྲལ་བས་ཐིག་ལེ་སྟོང་པའི་སྐུ། །རང་གསལ་བྱས་པ་མེད་པས་འོད་གསལ་བདེ་བའི་སྐུ། །དངོས་པོ་རྫས་སུ་མེད་པས་སྟོང་པ་འཛིན་མེད་སྐུ། །རྒྱ་ཆད་ཕྱོགས་ལྷུང་མེད་པས་ཡེ་ཤེས་བརྟན་པའི་སྐུ། །དེ་ལྟར་རྟོགས་ན་བདེ་ཆེན་ངང་ལ་གནས། །དེ་ལྟར་སྐུ་བདུན་དོན་ལ་མ་ཡེངས་སྤྱད་པར་བྱ། །དོན་གྱི་རིག་པ་མི་ཟད་བདེ་བའི་གཏེར། །ཟག་མེད་བྱང་ཆུབ་ཆེན་པོ་བདག་གིས་བླངས། །ང་མེད་པ་ཡི་སྔོན་རོལ་དུ། །རིག་པ་དབྱེར་མེད་ངང་ལ་ཤེས་བྱ་བདེ་བྱེད་གསལ། །ང་ནི་རང་བྱུང་བདེ་ཆེན་ཟག་པ་མེད་པའི་སྐུ། །ང་ནི་སྐུ་ཡི་འོད་ལ་ཞུགས་ཤིང་གསུང་གི་ཟེར་ལ་རོལ། །དེ་ཕྱིར་འོད་ཟེར་ཞེས་ཀྱང་དེ་ལ་བྱ། །ང་ནི་མི་གནས་ཡེ་ཤེས་ཕྱོགས་ལ་གནས་པ་མེད། །ང་ཡི་སྐུ་ལ་སྣང་སྲིད་གསལ་ཞིང་བདེ་ཆེན་འབར་

བར་སྣང་། །དེས་ན་ང་ནི་ཐབས་ཀྱི་ཕ་རོལ་ཕྱིན་ལ་གནས། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །བསམ་བྲལ་བདེ་བའི་སྐུ་ལ་སྣང་སྲིད་གསལ། །བསམ་བྲལ་སྣ་ཚོགས་འབྱུང་བའི་རིག་པ་འགག་མེད་ཀློང་། །ཀུན་གསལ་ཆོས་ཉིད་མེ་ལོང་འོད་པོ་ཆེ། །གཉིས་མེད་ངང་དུ་བདེ་ཆེན་འོད་གསལ་མཉམ། །ཞེས་གསང་བ་ཡང་ཁོལ་དུ་ཕྱུང་བའི་རྒྱུད། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ་ལས། མ་རིག་པ་དང་ཡེ་ཤེས་ཀྱི་མཐུན་དཔེ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་ཆེན་ངེས་ཚིག་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །སྟོབས་ཀྱི་རྒྱལ་པོས་བཀའ་སྩལ་པ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །རྫོགས་ཆེན་ཐེག་པའི་ངེས་ཚིག་ནི། །རིག་པ་བྱ་བྲལ་ངང་ལ་ཡེ་ཤེས་རྫོགས་པས་རྫོགས། །བསྒོམ་པ་རྟོག་མེད་ངང་ལ་ཡེ་ཤེས་དྲི་མེད་རྫོགས་པས་རྫོགས། །སྤྱོད་པ་བཅོས་མེད་ངང་ལ་ཡེ་ཤེས་བརྡལ་བ་རྫོགས་པས་རྫོགས། །ལྟ་བ་དགག་བསྒྲུབ་མེད་པའི་ངང་ལ་ཡེ་ཤེས་རྟོགས་མེད་རྫོགས་པས་རྫོགས། །འབྲས་བུ་དམིགས་མེད་ངང་ལ་ཡེ་ཤེས་ཉི་ཤུ་རྩ་ལྔ་རྫོགས་པས་རྫོགས། །སྐུ་དང་ཡེ་ཤེས་རང་གི་སྙིང་གི་དཀྱིལ་ན་རྫོགས་པས་རྫོགས། །སྟོང་པའི་ངང་ལས་རིག་པ་དངོས་མེད་གསལ་བར་ཡེ་ཤེས་རྫོགས་པས་རྫོགས། །སྐྱེ་མེད་ངང་ལས་འོད་ལྔ་མ་འདྲེས་གསལ་བར་རྫོགས་པས་རྫོགས། །སྟོང་ཉིད་གསལ་ལ་མ་ཡེངས་པས་ན་པ། །བྱ་བ་མེད་པར་སྣང་བས་པ། །གསལ་ལ་འཛིན་པ་མེད་པས་པ། །འབྲས་བུ་ཚད་དང་ལྡན་པས་པ། །ཐེག་པ་ཀུན་གྱི་གོང་དུ་གྱུར་པས་ཆེ། །གནས་ལུགས་དོན་ལ་གཡེངས་པ་མེད་པས་ཆེ། །ཡེ་ཤེས་སྒྲོན་མ་ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །གསལ་ལ་མ་ཡེངས་སྒོམ་པ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །རང་བྱུང་མ་བཅོས་སྤྱོད་པ་ཀུན་གྱི་

རྩེ་མོར་གྱུར་པས་ཆེ། །འཛིན་མེད་རང་གསལ་འབྲས་བུ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །འགྱུར་མེད་ངང་ལ་འགག་མེད་རྩོལ་བས་ཆེ། །འཛིན་མེད་ངང་ལ་འགག་མེད་རྩོལ་བས་ཆེ། །འཛིན་མེད་ངང་ལ་རྟོག་མེད་གསལ་བས་ཆེ། །ཞེན་མེད་ངང་ལ་ཆགས་མེད་གསལ་བས་ཆེ། །བརྗོད་མེད་ངང་ལ་བདེ་ཆེན་གསལ་བས་ཆེ། །རྣམ་དག་བྱང་ཆུབ་བརྡལ་བའི་སྙིང་པོ་ཡིན་པས་ཆེ། །བྱ་བཙལ་བྲལ་བའི་རིག་པ་དངོས་མེད་ཡིན་པས་ཆེ། །བདེ་ཆེན་ངང་ལས་མི་གཡོ་མཉམ་པར་གནས་པས་ཆེ། །སྙིང་པོའི་དོན་ལ་མི་གཡོ་མཉམ་པར་གནས་པས་ཆེ། །འཛིན་པའི་སྤྱོད་ཡུལ་མ་ཡིན་ཀུན་ལ་ཡོད་པས་ཆེ། །ཚིག་དང་ཡི་གེས་གཏན་ལ་མི་ཕེབ་ཀུན་གྱི་སྙིང་པོ་ཡིན་པས་ཆེ། །རིག་པ་ཡེ་ཤེས་ཉི་ཤུ་རྩ་ལྔས་བརྒྱན་པས་པོ། །ཡེ་ཤེས་འོད་ལྔ་དག་པས་བརྒྱན་པས་པོ། །འོད་ལ་ཟེར་རྣམས་སོ་སོར་བརྒྱན་པས་པོ། །གསུམ་བརྩེགས་དབྱེར་མེད་མཉམ་པས་གནས་པས་པོ། །སྐུ་གསུམ་ཕྱིར་མི་ལྡོག་པས་འབྲས་བུ་ཚད་དང་ལྡན། །རྒྱ་ཆད་ཕྱོགས་ལྷུང་མེད་པས་ལྟ་བའི་ཚད་དང་ལྡན། །གསལ་ལ་རྟོག་པ་མེད་པས་སྒོམ་པའི་ཚད་དང་ལྡན། །རང་བྱུང་བཅོས་པ་མེད་པས་སྤྱོད་པའི་ཚད་དང་ལྡན། །བདེ་ཆེན་ཟག་པ་མེད་པའི་བྱང་ཆུབ་དངོས་མེད་འདི། །བཟུང་བས་མི་ཟིན་ཆུ་ཡི་ཟླ་བ་འདྲ། །དགོས་དགུ་རང་ལ་ཚང་བས་ཕྱུག་པོའི་བང་མཛོད་འདྲ། །རིག་པ་བྱང་ཆུབ་སེམས་ནི་གདོད་ནས་སྐྱེ་དང་བྲལ། །མ་སྐྱེས་པས་ན་འཆི་མེད་རིག་པའི་ཀློང་། །ཐིག་ལེ་རྣམ་ལྔ་འདུ་འབྲལ་མེད་པའི་ཀློང་། །མ་རིག་འཁྲུལ་པ་མེད་པས་གཞི་ཡི་ཐིག་ལེ་བཟང་པོ་ཡིན། །འགྱུར་མེད་རྣམ་པར་དག་པས་ལམ་གྱི་ཐིག་ལེ་བཟང་པོ་ཡིན། །རིག་པ་རྟོག་པ་མེད་པར་བར་ཆད་སེལ་བས་རྒྱན་དང་ལྡན་པའི་ཐིག་ལེ་བཟང་པོ་ཡིན། །འགྲོ་དང་འོང་བ་མེད་པས་བཟང་པོའི་རྩེ་མོ་ཐིག་ལེ་བཟང་པོ་ཡིན། །སྐྱེ་དང་འཆི་བ་མེད་པས་ཆོས་དབྱིངས་ཐིག་ལེ་བཟང་པོ་ཡིན། །དེ་ལྟར་ཐིག་ལེ་རྣམ་ལྔ་ཡང་། །

དབྱེ་ན་ཐིག་ལེ་རྣམ་པ་བཅུ་ཡོད་དེ། །དེ་ཡང་བསྟན་པ་འདི་ལྟར་ཡིན། །བཟང་པོ་འཁྲུལ་མེད་ཐིག་ལེ་དང་། །བཟང་པོ་ཟག་མེད་ཐིག་ལེའོ། །དེ་ནི་གཞི་ཡི་ཉེར་གཞག་གོ། །ལམ་གྱི་ཉེར་གཞག་གང་ཞེ་ན། །འཛིན་མེད་རྣམ་དག་ཐིག་ལེ་དང་། །ས་དང་ལམ་གྱི་ཐིག་ལེའོ། །དེ་ནི་ལམ་གྱི་ཉེར་གཞག་གོ། །འབྲས་བུའི་ཐིག་ལེ་གང་ཞེ་ན། །རྣམ་སྨིན་བར་ཆད་སེལ་བའི་ཐིག་ལེ་དང་། །མུན་པ་སེལ་བའི་ཐིག་ལེ་དང་། །སྣང་བ་བཟློག་པའི་ཐིག་ལེ་དང་། །རབ་བམ་རྩེ་མོར་གྱུར་པའི་ཐིག་ལེ་དང་། །འོད་ལྔ་མ་འདྲེས་གསལ་བའི་ཐིག་ལེ་དང་། །སྐུ་བདུན་ལྷུན་གྱིས་གྲུབ་པའི་ཐིག་ལེའོ། །དེ་ལྟར་ཐིག་ལེ་ལྔ་དང་སྐུ་ལྔ་དག་ཏུ་སྦྱོར། །དེ་ལྟར་བཅུ་ཕྱེ་ཡབ་ཡུམ་བཅུ་དང་སྦྱར། །དེ་ལས་ཡེ་ཤེས་འབྱུང་བ་གང་ཞེ་ན། །དེ་ཡང་ལྔ་ལྔར་ཤེས་པར་བྱ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་ཞུ་བ་ཞུས་པ། ཨེ་མ་ཧོ། ཐུགས་རྗེ་ཆེན་པོ་དང་ལྡན་པ། །དེའི་དབྱེ་བ་རྣམ་གསུམ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ། གསང་བའི་བདག་པོ་ཉོན། །ཡེ་ཤེས་རྣམ་པ་ལྔ་ཡང་ལྔ་ལྔ་སྟེ། །ཡེ་ཤེས་ཉི་ཤུ་རྩ་ལྔར་ཤེས་པར་གྱིས་ཤིག །དེ་ཡང་གང་ཞེ་ན། འདི་ལྟ་སྟེ། དབྱིངས་ཀྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་དང་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། །ཆོས་ཅན་ཆོས་ཉིད་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མེ་ལོང་ཆེན་པོའི་ཡེ་ཤེས་གཉིས། རྟོག་མེད་གསལ་བའི་ཡེ་ཤེས་དང་། རྟོག་མེད་དྭངས་པའི་ཡེ་ཤེས་གཉིས། གསལ་བ་འཛིན་མེད་ཆེན་པོའི་ཡེ་ཤེས་དང་ལྔའོ། །ཧཱཿཧྚ་སྣང་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་གཉིས། མི་གཡོ་བ་

མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ཅི་ལ་ཡང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། །མླཱ་རིག་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་དང་། དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་གཉིས། རྟོགས་པ་སྐད་ཅིག་མར་སྐྱེ་བའི་ཡེ་ཤེས་དང་། སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་དང་གཉིས། སྒྲ་དང་ཚིག་ལ་མི་གནས་པར་གོ་བའི་ཡེ་ཤེས་དང་ལྔའོ། །གསལ་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་དང་གཉིས། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་། བྱ་བ་བཏང་བའི་ཡེ་ཤེས་གཉིས། སྒྲོ་འདོགས་ཐམས་ཅད་གཅོད་པའི་ཡེ་ཤེས་དང་ལྔའོ། །དྷི་མཱུ་ཨ་སྣང་སྟོང་གཉིས་སུ་མེད་པའོ། །ཀྴུ་ཡང་རིགས་ཀྱི་བུ་དེ་ལྟར་གོང་བཞིན་རྟོགས་ནས་ཤེས་པའི་དུས་ན། དེ་ལས་ཟེར་འབྱུང་སྟེ། ཉི་ཟླ་ལྟ་བུའི་ཟེར་དང་། སྲིན་བུ་མེ་ཁྱེར་ལྟ་བུའི་ཟེར་དང་། མེ་མར་ལྟ་བུའི་ཟེར་དང་། སྣང་བ་ཟེར་དང་བཅས་པར་སྣང་ངོ་། །རིགས་ཀྱི་དྷམུ་ཨ་ཡང་བུ་དེ་ལྟར་གོ་ཞིང་རྟོགས་ནས་ཤེས་པའི་དུས་གཅིག་ན། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཞེས་བྱའོ། །དེའི་དོན་ལ་མ་ཡེངས་མི་གནས་པའི་རིག་པ་ཤར་ནས་རང་ལ་རང་གིས་རྟོགས་པ་ནི། འདི་སྐད་བསྟན་པའི་དུས་གཅིག་ན་ཞེས་བྱའོ། །དེ་ལྟར་ཤེས་ནས་མོས་པའི་འཁོར་རྣམས་ལ་བསྟན་པའི་ཕྱིར་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཞེས་འབྱུང་ངོ་། །ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་དེ་བཞིན་དུ་བྱོས་ཤིག །དེ་ལྟར་ཤེས་པའི་རིགས་ཀྱི་བུ་དེ་ནི་མྱ་ངན་ལས་འདའ་བར་འགྱུར་རོ། །ཀྱེ་རིགས་ཀྱི་བུ་སྐྱེས་བུ་དེ་ལ་ལྔ་རྟགས་འདི་དག་འབྱུང་སྟེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང་། ཡེ་ཤེས་ཀྱི་སྒྲོན་མེ་དང་འགྲོགས་པའི་ཕྱིར། ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། རིག་པ་ཉོན་མོངས་པའི་དབང་དུ་མི་འགྱུར་བའི་ཕྱིར། མི་དང་འགྲོགས་སྙིང་མི་འདོད་པ་དང་། རང་གི་རིག་པ་ལྷུག་པར་ཤར་ནས་ཡོང་བའི་ཕྱིར། ནམ་མཁའ་ལ་འཕུར་སྙམ་བྱེད་

པ་དང་། བག་ཆགས་ཀྱི་ཕུང་པོས་མི་བསྒྲིབ་པའི་ཕྱིར། སྣང་བ་འདི་འགགས་ནས་དག་པའི་འདུ་ཤེས་དང་། གང་ན་ཡེ་ཤེས་ཀྱི་སྣང་བ་ཡོད་པའི་ཕྱིར། ལུས་དང་སྲོག་ལ་ཡང་མི་ཆགས་པ་དང་། ལུས་བོར་མ་ཐག་དག་པའི་སྣང་བ་འཆར་བའི་ཕྱིར། སྣང་བ་གང་ལ་ཡང་ཡིད་མི་འཇུག་པ་དང་། ཡེ་ཤེས་འོད་དང་རྟག་ཏུ་འགྲོགས་པའི་ཕྱིར། ཤེས་པ་མི་བྱིང་བར་གསལ་བ་དང་། འོད་ཀྱི་དྭངས་མ་ཡོད་པའི་ཕྱིར། ཤེས་པ་ངང་གིས་དལ་བ་དང་། འཇིག་རྟེན་གྱི་བྱ་བ་སྤོངས་པའི་ཕྱིར། འགྲོགས་ན་བདེ་བ་དང་། སྣང་སྲིད་སྒྱུ་མར་ཤེས་པའི་ཕྱིར། ཉོན་མོངས་ཐམས་ཅད་གང་ཡང་ལྡང་མི་ནུས་པ་དང་། ཉོན་མོངས་ལངས་ཀྱང་རྟོག་པར་མི་འཛིན་པ་དང་། རིག་པ་ལ་གོས་པ་མེད་པའི་ཕྱིར། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང་། རིག་པ་ལ་འཁྲུལ་པ་མེད་པའི་ཕྱིར། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང་། ཏིང་ངེ་འཛིན་གྱི་ནུས་པས་ཟས་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང་། རིག་པ་གསལ་ལ་རྟོག་པ་མེད་པའི་ཕྱིར། མི་དང་འགྲོགས་ནས་ཀྱང་ཕ་རོལ་གྱི་སེམས་དང་ཅི་མཐུན་བྱེད་པ་དེ་ནི། སྣང་སྲིད་སྒྱུ་མར་ཤེས་པའི་ཆོས་ཉིད་རྟོགས་པའི་ཕྱིར་ན། ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་རྟགས་སོ། །མྱ་ངན་ལས་འདའ་བ་དེ་ལ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ། འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །འོད་ལ་ཡང་རྣམ་པ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང་། འོད་གྱེན་དུ་འགྲེངས་ཏེ།སྐས་ཀའི་ཚུལ་དུ་འབྱུང་བ་དང་། འོད་ཁྱིམ་གྱི་ཚུལ་དུ་བྱུང་ན། ཞག་ལྔ་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ། །འོད་སྐས་ཀྱི་ཚུལ་དུ་འབྱུང་བ་ནི། ཞག་བདུན་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ། །སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ནས་བརྟན་པ་ཐོབ་སྟེ། མངོན་པར་རྫོགས་པར་འཚང་རྒྱའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ནས་མངོན་པར་རྫོགས་པར་འཚང་རྒྱའོ། །གདུང་ལ་ལྔ་སྟེ། ཁ་དོག་མཐིང་ག་ནི།

རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སྐྱེ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་དོན་ཡོད་གྲུབ་པའོ། །ཁ་དོག་སྣ་ཚོགས་སུ་བྱུང་ན། སྐུ་ལྔའི་ས་ལ་ལྷུན་གྱིས་གྲུབ་པའོ། །སྐུ་ལ་ཡང་གཉིས་ཏེ།ཞི་བའི་སྐུ་དང་། ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ། སྤྲུལ་པའི་སྐུ་འབྱིན་མ་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་སྟེ། ཞག་ཉི་ཤུ་རྩ་གཅིག་ནས་སྤྲུལ་པའི་སྐུ་འབྱིན་པར་ནུས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་སྒྲ་དང་། འོད་དང་། གདུང་དང་། སྐུ་དང་། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་། །ཞེས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ། གསང་བ་ཡང་ཁོལ་དུ་ཕྱུང་བའི་རྒྱུད་ཆེན་པོ་ལས། )རྟགས་དང་མཚན་མ་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་འདི་སྐད་ཅེས་སྒྲ་བསྒྲགས་སོ། །བཛྲ་རྡོ་རྗེ་སེམས་དཔའ་མ་ནུ་ཆོས་ཉིད་ཀྱི་ཆོ་འཕྲུལ་སྐྱེ་བ་ལྟར་སྣང་བ་ཤ་ས་རི་ཤེས་རབ་སྟོང་པ་འགྱུར་བ་མེད་པ་སན་ཡང་དག་པའི་རིག་པ་དྷི་ཆོས་ཉིད་སྐྱེ་བ་མེད་པ་ལས་ཞི་ཁྲོ་ཐམས་ཅད་འབྱུང་བའི་ཚུལ་བསྟན་པ་དང་པ་ཆོས་ཅན་མཚན་མ་ལས་འདས་པ་ཨ་ཨ་སྐྱེ་མེད་དམིགས་པ་མེད་པའོ། །ཞེས་བརྗོད་པས་འཁོར་རྣམས་ཀྱིས་ཡང་དག་པའི་དོན་ཐུགས་སུ་ཆུད་དོ། །དེ་ནས་ཡང་འདི་སྐད་ཅེས་བསྒྲགས་སོ། །བུཌྜྷ་སངས་རྒྱས་ཀྱི་ཡེ་ཤེས་སརྦ་ཆོས་ཐམས་ཅད་ཀྱི་དགོངས་པ་ཚིག་ལས་འདས་པ་དྷ་བརྡལ་བ་ཕུན་སུམ་ཚོགས་པ་ཐིམ་དབྱིངས་རྣམ་པར་དག་པ་ཆོས་ཉིད་སྐྱེ་བ་མེད་པའི་ངང་དུ་ཐིམ་དྷ་ཐིམ་མཉམ་པ་ཉིད་སྐྱེ་ཤི་དང་བྲལ་བའི་རིག་པ་དུས་གསུམ་དུ་མི་འགྱུར་བ་ཨ་རིག་པ་འགྱུར་མེད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ལི་རིག་པ་དུས་ཐམས་ཅད་དུ་རྟག་པ་ཡེ་ཤེས་ཀྱི་སྙིང་པོ་ཀཾ་ཀུན་ལ་ཡོད་པ་བྷ་དེའི་དོན་གོ་བར་དཀའ་བ་ཨི་ཧ་དོན་གྱི་སྙིང་པོ་ཐ་སྙད་དང་བྲལ་བ་

ཨི་ཧ་འཛིན་པ་མེད་པ་ཨོཾ་མ་ཧཱའི་དོན་སྟོན་པ་ཨཱཿ ཨ་ནུའི་དོན་སྟོན་པ་ཧཱུྃ་ཨ་ཏིའི་དོན་སྟོན་པ་ཨ་ན་སྐྱེ་བ་མེད་པ་ལ་སྐྱེ་བར་སྣང་བ་ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཀྱེ་ཧུད་ཐུགས་རྗེས་ཟུང་། །ཞེས་གསོལ་པ་དང་། ནམ་མཁའ་ནས་སྒྲ་འདི་བསྒྲགས་སོ། །ཤ་ཤེས་རབ་ཀྱི་བདག་ཉིད་ས་འགྱུར་བ་མེད་པའི་ཆོས་ཉིད་མ་གཞི་མ་བཅོས་པ་གསལ་བ་འ་སྟོང་པའི་ཡེ་ཤེས་་ཨ་སྐྱེ་བ་མེད་པ་ལ་སྐྱེ་བར་སྟོན་པ་འགྱུར་བ་མེད་པ་ཤེས་རབ་ཀྱི་བདག་ཉིད་རིག་པ་སྟོང་པ་སྐད་ཅིག་མ་འགྲུབ་པ་ཆོས་ཉིད་མ་བཅོས་མཉམ་པ་གཉིས་སུ་མེད་པའོ། །དེ་ཡང་བསྐྱེད་རྫོགས་གསུམ་འདུ་འབྲལ་མེད་པའི་དོན་ཡི་གེ་གསུམ་མོ། །ཆོས་ཐམས་ཅད་འགག་པ་མེད་པ་སྐྱེ་བ་མེད་ལས་སྐྱེ་བའི་ཆོ་འཕྲུལ་ཨ་ཏི་ཨ་ནུ་མ་ཧཱའོ། །བཛྲ་རིག་པ་ཡེ་ཤེས་སུ་ཤར་ཏེ་པཱ་ཎི་སྟོང་པ་་ཤྨ་ཡང་བྱུང་ལ་མ་འགགས་པ་སརྦ་ཐམས་ཅད་དྡྷཱ་དོན་གཅིག་ཏུ་སྡུས་ཤིག་ཧ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ནི་བསྟན་པའི་སྙིང་པོ་ཨེ་ཟུང་ཞིག་ཧཱུྃ་བྷ་ས་པ་དྷ་དྷ་ཧྷ་ཡང་ཧཱུྃ་ཧཱུྃ་ཨ་ཨ་ཆོས་དབྱིངས་སྐྱེ་བ་མེད་པའི་ངང་དུ་མྱ་ངན་ལས་འདས་སོ། །འདུ་འབྲལ་མེད་པའི་རིག་པ་སྐྱེ་མེད་དུ་སྐྱོལ་ཅིག། ཞེས་སྒྲ་བསྒྲགས་ནས་ཅང་མེད་དོ། །དེ་ནས་ཡང་གསང་བའི་བདག་པོ་ལ་བྱང་ཆུབ་སེམས་དཔའ་རོ་ལངས་བདེ་བ་ལ་སོགས་དང་། ཐུབ་པ་དྲུག་གིས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་མི་སྣང་བའི་ངང་དུ་གཤེགས་ན་རྒྱུད་འདི་ཅི་ལྟར་གཟུང་བར་བགྱི། ཞེས་གསོལ་ཏོ། །གསང་བའི་བདག་པོས་བཀའ་སྩལ་པ། རྒྱུད་འདིའི་མཚན་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་མིང་ཐོགས་ཤིག །ཟུང་ཞིག །ཡང་རྒྱུད་ཆེན་པོ་འདི་སྣང་བ་སྟོན་པ་ཞེས་བྱ་བར་ཡང་ཟུང་ཞིག །ཡང་ཐམས་ཅད་ཀྱི་དོན་འགྲོལ་བ་ཆེན་པོ་ཞེས་བྱ་བར་ཟུང་ཞིག །དགོངས་པ་ཁ་སྐོང་གི་རྒྱུད་ཆེན་པོ་ཞེས་བྱ་བར་ཡང་ཟུང་ཞིག །ཀྱེ་ཐུབ་པ་ཆེན་པོའི་འཁོར་དགའ་རབ་རྡོ་རྗེ་བརྒྱ་བྱིན་ཐགས་བཟང་རིས་རྣམས་ཉོན་ཅིག །རྒྱུད་ཆེན་པོ་གསང་བ་རྨད་དུ་བྱུང་བ་འདི་ནི་འཇིག་རྟེན་དུ་འབྱུང་བར་དཀའོ། །དེའི་ཕྱིར་ན་བསྟན་པའི་སྙིང་པོ་འདི་རབ་ཏུ་ཆོངས་ཤིག །དོན་ཐམས་ཅད་སྐྱེ་བ་མེད་པའི་དབྱིངས་སུ་སྐྱོལ་ཅིག། རང་གི་རིག་པ་འོད་དང་འོད་ཁྱིམ་གྱི་ཚུལ་

དུ་ཤེས་དགོས། ང་མྱ་ངན་ལས་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་རྣམས་ལ་བག་ཆགས་ཀྱི་སླུབས་འབོར་བ་ཤེས་དགོས་དེ་བཞིན་དུ་སྟོན་ཅིག །བྱང་ཆུབ་ལམ་གྱི་སྒྲོན་མ་ངོ་ཤེས་པར་གྱིས་ཤིག །ཆོས་ཐམས་ཅད་བརྗོད་པ་དང་བྲལ་ཚིག་དང་ཡི་གེས་མཚོན་པ་མེད་བའི་ངང་དུ་བསྡུས་ཤིག །རྒྱུད་ཐམས་ཅད་ཡི་གེ་མེད་པ་ཆེན་པོའི་རང་གི་རིག་པའི་རྒྱུད་ཆེན་པོར་རང་རིག་དེ་ཐ་སྙད་དང་བྲལ་བ་འཛིན་པ་མེད་པ་སྐྱོལ་ཅིག །ལུང་ཐམས་ཅད་གཞན་གྱིས་སྟོན་མི་ནུས་བསྟན་དུ་མེད་པའི་རྩ་བའི་ལུང་རིག་པའི་ཡེ་ཤེས་ཆེན་པོར་སྐྱོལ་ཅིག །མན་ངག་ཐམས་ཅད་བརྗོད་གཞི་དང་བྲལ་བར་འདི་ལས་བཅོས་པ་མེད་པའི་དབྱིངས་སུ་སྐྱོལ་ཅིག །བསྒྲུབ་པ་ཐམས་ཅད་རྩོལ་བསྒྲུབ་མེད་ཅིང་ཡོད་ན་བྱ་བྱེད་དུ་འགྲོ་བྱ་བྱེད་དང་བྲལ་བར་སྐྱོལ་ཅིག །སྤྱོད་པ་ཐམས་ཅད་མ་བཅོས་པའི་མཆོག་ཆེན་པོ་དང་ལྡན་པར་སྐྱོལ་ཅིག །བསྒོམ་པ་ཐམས་ཅད་གསལ་འགྲིབ་འཛིན་པ་མེད་པར་སྐྱོལ་ཅིག། བསྒོམ་པས་སངས་མི་རྒྱ་བསྒོམ་དུ་མེད་པའི་ཕྱིར་རོ། །ལྟ་བ་ཐམས་ཅད་ཟང་ཐལ་ཅིར་ཡང་མ་ཆགས་པར་སྐྱོལ་ཅིག །འབྲས་བུ་ཐམས་ཅད་ཡེ་ཤེས་ཆིག་ཆོད་ཆེན་པོར་སྐྱོལ་ཅིག། རྟོག་པ་སྐད་ཅིག་མ་ལས་གྲུབ་པས་མཐོང་རྟོགས་དུས་མཚུངས་ཀྱི་གདམས་ངག། དེ་རྣམས་ཐམས་ཅད་མི་གནས་པའི་ཀློང་དུ་དྲིལ་ཅིག། འདུ་འབྲལ་མེད་པའི་དབྱིངས་སུ་གཅིག་དང་དུ་མ་མེད་པ། འཁོར་བའི་བྱ་བ་ཐམས་ཅད་ཐོང་ཞིག། གཅིག་པུར་དལ་བར་གནས་པ། ཡེ་ཤེས་ཀྱི་སྣང་བ་ལ་ངོ་སྤྲོད་ཡང་ནས་ཡང་དུ་གསལ་གདབ་རྟག་ཏུ་འདྲིས་པར་གྱིས་ཤིག །ཡེ་ཤེས་འཆར་བའི་དུས་བར་མ་དོ་ལ་ཡེ་ཤེས་ཀྱི་སྣང་བ་ངོ་ཤེས་པར་གྱིས་ཤེས་པར་གྱིས་ཤིག །བསྟན་པ་ཐམས་ཅད་ཀྱི་སྙིང་པོ་འདི་ཡིན་པར་ཤེས་པར་གྱིས་ཤིག །བར་མ་དོ་ལ་རང་གི་སྣང་བ་ཡིད་ཆེས་པ་མ་པང་དུ་བུ་འགྲོ་བ་ལྟ་བུ་ངོ་ཤེས་པར་གྱིས་ཤིག །གཞིའི་ཆོས་ཅི་ཡང་མ་ཡིན་པ་ཐམས་ཅད་ཅིར་ཡང་སྣང་བ་ངོ་བོ་སྟོང་པ་རང་བཞིན་བསལ་བ་ཐུགས་རྗེ་སྣང་བ་གསུམ་དུ་ཤེས་པར་གྱིས་ཤིག །ལམ་གྱི་ཆོས་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔ་རུ་ཤེས་པར་གྱིས་ཤིག །འབྲས་བུའི་ཆོས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པ་ཕྱིར་མི་ལྡོག་པའི་འབྲས་བུར་ཤེས་པར་གྱིས་ཤིག །ངོ་བོའི་ཆོས་ཐམས་ཅད་གཞི་སྟོང་པར་སྟོང་པ་རིག་པའི་སྙིང་པོ་ཅན་རིག་པའི་ཡེ་

ཤེས་ཀྱི་སྙིང་པོ་ཅན་ངོ་ཤེས་པར་གྱིས་ཤིག །རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག །ཐུགས་རྗེའི་ཆོས་ཐུགས་རྗེ་ལ་གཉིས་ཏེ་འགྲོ་བ་འདུལ་བའི་ཐུགས་རྗེ་དང་རང་བཞིན་གྱི་ཐུགས་རྗེ་གཉིས་ལ་འགྲོ་བ་འདུལ་བ་ནི་བུཌྜྷའི་ཆོས། རང་བཞིན་གྱི་ཐུགས་རྗེ་ནི་སངས་རྒྱས་དང་དམྱལ་བ་ཡན་ཆད་ལ་ཡོད་དོ། །ཐམས་ཅད་ཀུན་ལ་ཁྱབ་པར་ཤེས་པར་གྱིས་ཤིག །ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཉི་ཤུ་རྩ་ལྔ་མ་འདྲེས་པར་ཤེས་པར་གྱིས་ཤིག །འོད་ཀྱི་ཆོས་ཐམས་ཅད་འཛིན་པ་མེད་པར་བཟུང་བ་ལྷའི་བུའི་བདུད་ཅེས་བྱའོ། །ཤེས་པར་གྱིས་ཤིག །ཟེར་གྱི་ཆོས་ཐམས་ཅད་ཏིང་ངེ་འཛིན་གྱི་སྤྲོ་བསྡུ་མེད་པའོ། །སྤྲོ་བསྡུ་མེད་པར་ཤེས་པར་གྱིས་ཤིག །རིག་པའི་ཆོས་ཐམས་ཅད་བདག་རྟོག་གི་བློ་དང་བྲལ་བར་ཤེས་པར་གྱིས་ཤིག། བྱས་པའི་ཆོས་ལ་བློ་མི་བཞག། དེ་བཞིན་དུ་ཆོས་སྐྱེ་བ་མེད་པ་ལ་སྐྱེ་བར་སྣང་བ་ཐམས་ཅད་འགག་པ་མེད་པར་སྐྱོལ་ཅིག །འགག་པ་མེད་པ་རིག་པའི་ཆོ་འཕྲུལ་ཅིར་ཡང་སྣང་བར་སྐྱོལ་ཅིག །ཅིར་ཡང་སྣང་བ་སྐྱེ་བ་མེད་པར་སྐྱོལ་ཅིག །སྐྱེ་བ་མེད་པ་འགྲོ་འོང་མེད་པར་གང་ནས་མ་འོངས་པ་གར་ཡང་མི་འགྲོ་བ་སྐྱོལ་ཅིག །འགྲོ་འོང་མེད་པ་གཉིས་སུ་མེད་པར་དུ་མ་དང་བྲལ་བ་སྐྱོལ་ཅིག །གཉིས་མེད་གསལ་བ་མཐའ་གྲོལ་འོད་ཟེར་དུ་གནས་པ་ཆེན་པོར་སྐྱོལ་ཅིག །དེ་བཞིན་དུ་ཆོས་ཐམས་ཅད་ཅིར་ཡང་མི་རྟོག་མི་སེམས་པར་རྐྱེན་གྱི་དབང་དུ་མི་འགྲོ་བ་སྐྱོལ་ཅིག །ཆོས་ཐམས་ཅད་གསལ་ལ་མ་ཡེངས་པར་སྐྱོལ་ཅིག། འགྱུར་བ་མེད་པ་རྒྱ་གར་ཡངས་པ་ཅན་ཕྱོགས་གར་ཡང་མ་ལྷུང་བ་རང་བཞིན་གཉིས་སུ་མེད་པ་རྫོགས་པ་ཆེན་པོའི་དོན་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་སྟེ། དེ་ཡང་གང་ཞེ་ན། ཡེ་ཤེས་ཀྱི་དབྱིངས་དང་། ཡེ་ཤེས་རིག་པ་དང་། ཡེ་ཤེས་སྐྱེ་མེད་ཀྱི་ཡེ་ཤེས་སོ། །ཅེས་བརྗོད་ནས་གསང་བའི་བདག་པོ་ཡང་མི་སྣང་བའི་ངང་དུ་གཤེགས་སོ། །དེ་ནས་ཡང་ནམ་མཁའ་ལས་སྒྲ་འདི་སྐད་གྲགས་སོ། །བཛྲ་རྡོ་རྗེ་ཕྱག་ན་རྡོ་རྗེ་ཉིད་ཀྱི་དབྱིངས་སུ་པཱ་ཎི་དྷཱ་ཏུ་སྐྱེ་བ་མེད་པས་འགག་པ་མེད་པ་ཤི་ཧི་རི་སངས་རྒྱས་ཀྱི་ལམ་མ་ཧཱ་སནྟི་ལམ་འགྱུར་བ་མེད་པ་དྷརྨ་ཆོས་ཀྱི་སྐུ་བརྗོད་པ་ཐམས་ཅད་དང་བྲལ་བ་ཀཱ་ཡ་མྱ་ངན་ལས་འདས་པའོ། །རཏྣ་རིན་པོ་ཆེ་ལྟ་བུའི་ཀློང་དུ་མཱ་ལ་མཉམ་པ་
ཉིད་ལས་མ་ཡངས་བློ་ཡིས་མ་བཅས་པ་ཨ་སིང་སྐྱེ་མེད་ཆོས་སྐུའི་ངང་དུ་རིག་པ་གསལ་ལ་འཛིན་པ་དང་བྲལ་བ་ཨ་རིག་པ་སྐྱེ་མེད་ངང་དུ་རྟོག་མེད་གསལ་བ་དྷཱ་ཏུ་གཉིས་སུ་མེད་པར་འདུ་བའི་ཡེ་ཤེས་མ་འགགས་པའོ། །ཤ་སྐྱེ་མེད་སྟོང་པའི་ངང་དུ་འདུ་པའི་ཤེས་རབ་ཨ་དྷ་དུ། ཤཾ་ཤ་ཡང་མ་ལ་མཉམ་པ་ཉིད་མ་བཅོས་པ་ཨ་ཆོས་སྐུ་སྐྱེ་བ་མེད་པ་ཨཱ་ལོངས་སྐུ་འཆི་བ་མེད་པ་ཨུ་སྤྲུལ་སྐུ་སྐྱེ་ཤི་ལྟར་སྣང་ངོ་། །ཞེས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཆེན་པོ་ལས། རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་མཁའ་འགྲོ་མའི་ཚོགས་རྣམས་རང་རང་གི་འཁོར་རྣམས་ལ་འདི་སྐད་ཅེས་གདམས་སོ། །རྒྱུད་འདིའི་མེལ་ཚེ་བྱའོ། །དམ་ཚིག་ཉམས་པ་རྣམས་ཀྱི་གཤེད་མ་བྱའོ། །ཞེས་གདམས་ནས་ང་རྒྱལ་གྱི་སྒྲ་འདི་སྐད་བསྒྲགས་སོ། །ར་ས་མ་ཡ་སྣོད་མིན་ལ་བྱིན་ན་སྙིང་ཕྱུང་ཞིག་སྙིང་ཕྱུང་བྷྱོ་བྷྱོ། ཞེས་བརྗོད་ནས་མི་སྣང་བའི་ངང་དུ་གཤེགས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷའི་བུ་ལོག་རྟོག་སེལ་བྱེད་ལ་སོགས་དང་། ཐུབ་པ་དྲུག་དང་། མི་མ་ཡིན་གྱི་འཁོར་རྣམས་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ། །ཞེས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བ་ཡང་གསང་གབ་སྦས་ཀྱི་རྒྱུད་རྫོགས་པ་ཆེན་པོ་གཏན་ལ་འབེབས་པ། བཅོམ་ལྡན་འདས་གཞོན་ནུ་དཔའ་བོ་སྟོབས་ལྡན་གྱིས་དུར་ཁྲོད་ཆེན་པོ་མེ་རི་འབར་བར་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་རང་རང་གི་རིག་པ་དངོས་སུ་བསྟན་པའི་བཀའ་དམ་པ། གསང་བའི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་རྒྱ་རྒྱ། །མཁས་པ་ཆེན་པོ་བི་མ་ལ་མི་ཏྲས་སྒྲ་རང་འགྱུར་དུ་གསུངས་པའོ། །སྔགས་ཀྱི་སྲུང་མས་སྲུངས་ཤིག །འགྲེལ་པ་དོན་འགྲེལ་ཕྲ་བཀོད་བྱ་བ་ཡོད། སྙིང་གི་མེ་ལོང་ཉིད་ལ་མ་བུ་བཞི།། །།

ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཅེས་བྱ་བ་ཐམས་ཅད་སྟོན་པའི་རྒྱུད།

ཨཱོུཾཿ། རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ཙིཏྟ་ཨཱ་དཪྴ་ཏནྟྲ་ནཱ་མཿཨཱ། སྐྱེ་མེད་རིག་པའི་གྲོང་དུ་འདུས་པའི་ཡེ་ཤེས་རང་གི་རིག་པ་ལ་སྣང་བའོ། །བོད་སྐད་དུ། ཧཱུྃ་བསྐྱེད་རྫོགས་གསུམ་གྱི་དོན་སྐུ་གསུམ་འདུ་འབྲལ་མེད་པའི་མན་ངག་དེ་ལས་མི་འདའ་བའི་ཡེ་ཤེས་སོ། །

ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཅེས་བྱ་བ། ཐམས་ཅད་སྟོན་པའི་རྒྱུད། བཅོམ་ལྡན་འདས་བདུད་བཞི་ངང་གིས་བཅོམ་ཞིང་རིག་པའི་ཡེ་ཤེས་དང་ལྡན་པ་འཇིག་རྟེན་ལས་འདས་པ་རང་བཞིན་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྙིང་གི་དཀྱིལ་ན་གནས་པ་དོན་གྱི་སྒོ་ནས་སྐད་བདག་གིས་བསྟན་པའི་དུས་གཅིག་ན། དོན་གྱི་སྙིང་པོ་སེམས་ཅན་ཐམས་ཅད་ཀྱི་རང་བྱུང་ལ་གནས་པ་བརྡལ་བའི་ཡེ་ཤེས་ཀྱི་སྐུ་དེ་ནི། མདུན་དང་རྒྱབ་མེད་པར་ཞལ་ཀུན་ཏུ་ཐལ་ལེར་བཞུགས་སོ། །སྟོན་པ་ཕུན་སུམ་ཚོགས་པ། དེས་འགྲོ་བ་དང་འོང་པ་མེད་པའི་དོན་སེམས་ཅན་ལ་སྟོན་ཏོ། །ཨ་ཨ་ཨཱ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།མངོན་པར་འདུས་མ་བྱས་པའི་སྐུ་དེ་ནི་འོག་མིན་གྱི་གནས་ཆ་ཡིས་མ་བགོས་པ་རྡོ་རྗེ་གདན་རིག་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ་མངོན་པར་གནས་པ། ཕྱི་དང་ནང་མེད་པ་འོད་ལྔ་མ་འདྲེས་པ་ལ་གསལ་བ་ཀུན་ཏུ་ཡང་ནང་དུ་གྱུར་པ་རིགས་ལྔའི་ཚོམ་བུ་དང་བཅས་པ་ཕྱི་ནས་བལྟས་ན་ནང་གསལ་བ། དྲི་མ་མེད་པའི་ཙིཏྟའི་དཀྱིལ་འཁོར། ནང་ནས་བལྟས་ན་ཕྱི་གསལ་བ། རིག་པ་ཡུལ་ལ་ཤར་བ། འོད་ཟེར་ཕྱོགས་བཅུར་འཕྲོ་བ། ཡེ་ཤེས་ཀྱི་འོད་ལྔ་འཆར་ནུབ་མེད་པ། མུ་ཁྱུད་ཀྱི་ར་བ་ཅན། དེ་ཡང་སྒྲོན་མར་འདྲེལ་བ། ཡེ་ཤེས་ལྔ་སྐར་མ་བཞིན་འཆར་བ། དེ་ལས་བར་སྣང་ལ་འོད་ཀྱི་ཚོམ་བུ་ལྔ་གསལ་བ་དྭངས་པ། སྐུ་ལྔ་མདུན་དང་རྒྱབ་ཏུ་མེད་པར་གསལ་བ། དེ་ལ་རིག་པའི་ཀློང་ནས་སྐུ་ལྔ་གསལ་འཚེར་བ། འོད་ལྔ་མ་འདྲེས་པ་ལ་དེ་ལ་ཁ་དོག་གི་བྱེ་བྲག་གསལ་བ། དོན་གྱི་སྙིང་པོ་སྟོན་པའི་རྟགས་སུ། རིག་པའི་དཀྱིལ་འཁོར་འོད་གསལ་བ། རང་ལ་འོད་ལྔ་དང་བཅས་པ་སྣང་བ། མངོན་པར་སྣང་བའོ། །རང་རང་གི་ཙིཏྟའི་ནང་ན་དེ་བཞིན་དུ་གནས་སོ། །སྟོན་པ་ཀུན་ཏུ་བཟང་པོ་ནི་གཞིའི་སངས་རྒྱས་གཞལ་ཡས་ཁང་དེའི་ནང་ན་སྟོན་པ་ཀུན་ཏུ་བཟང་པོ། རིགས་བཞིའི་སེམས་དཔའ་དང་། རིག་པ་ཀུན་ཏུ་བཟང་པོའི་ངང་ལ་ཐབས་ཅིག་ཏུ་བཞུགས་སོ། །རང་རང་གི་རིག་པ་འོད་ལྔ་དང་བཅས་པ། དེ་ནས་རྡོ་རྗེ་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་ཀྱི་དཀྱིལ་འཁོར་གསུམ་སྟེ་ཐུགས་དང་གསུང་དང་སྐུའོ། །སྒོ་འབྱེད་པའི་དོན་བསྟན་དུ་གསོལ། ཞེས་ཞུ་བ་ཞུས་སོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོས། རང་རང་གི་

རིག་པའི་དཀྱིལ་འཁོར་འོད་གསལ་བའི་དོན་སྟོན་ཏོ། །རིགས་ཀྱི་བུ་རྣམས་ལེགས་པར་ཉོན་ཅིག །རང་རང་ལ་དཀྱིལ་འཁོར་གསུམ་དུ་ཤེས་པར་བྱའོ། །དེ་ཡང་གང་ཞེ་ན། སྐུའི་དཀྱིལ་འཁོར་དང་། གསུང་གི་དཀྱིལ་འཁོར་དང་། ཐུགས་ཀྱི་དཀྱིལ་འཁོར་རོ། །ཞེས་གསུངས་པ་དང་། དེ་རྣམས་དོན་བཤད་དུ་གསོལ་ཞེས་ཞུ་བ་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའི་འཁོར་རྣམས་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ང་ཡི་དཀྱིལ་འཁོར་བསམ་མི་ཁྱབ། །ང་ལས་བྱུང་བའི་དཀྱིལ་འཁོར་ནི། །སྐུ་ཡི་དཀྱིལ་འཁོར་འགྱུར་མེད་ཀློང་། །སྐུ་གསུམ་གྱི་སྣང་བ། གསུང་གི་དཀྱིལ་འཁོར་འགག་མེད་ངང་། །སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན། ཐུགས་ཀྱི་དཀྱིལ་འཁོར་རྟོག་མེད་ངང་། །རིག་པ་འོད་ཀྱི་ལུས་ཅན། ཡོན་ཏན་དཀྱིལ་འཁོར་ཡིད་བཞིན་སེམས། །འོད་མཐའ་གང་ལ་ཡང་མི་གནས་པའི། འཕྲིན་ལས་དཀྱིལ་འཁོར་བཙལ་མེད་དབྱིངས། །འོད་ཆོས་ཀྱི་དབྱིངས་སུ་བརྡལ་བ། སྐུ་ཡི་དཀྱིལ་འཁོར་འགག་མེད་གསུང་ལ་རོལ། །སྐུ་གསུམ་གྱི་སྣང་བ་འཆར་བ། གསུང་གི་དཀྱིལ་འཁོར་རྟོག་མེད་ཐུགས་ལ་རོལ། །རིག་པ་གཉིས་སུ་མེད་པ། དེ་ཕྱིར་དོན་གྱི་སྙིང་པོ་རིག་པ་འགག་མེད་ཀློང་། །སྐྱེ་བ་མེད་ཀྱང་སྐྱེ་བ་ལྟར་སྣང་བའི་ཕྱིར། བྱང་ཆུབ་སྙིང་པོ་བརྡལ་བའི་ཕོ་བྲང་འདི། །སྙིང་གི་དཀྱིལ་ན་རིག་པ་གནས། ཀུན་ལ་དཀོན་པའི་རྟོགས་པར་དཀའ་བ་རིན་ཆེན་གཏེར་ཡིན་པས། །རང་གིས་རང་ལ་རྟག་ཏུ་བལྟ་བར་གྱིས། །ངོ་སྤྲོད་ཉི་ཤུ་རྩ་གཅིག་རྟག་ཏུ་འདུས་པར་བྱ། བྱང་ཆུབ་སེམས་དང་འོད་ཀྱི་སྣང་བ་དང་འདྲིས་པར་མ་གྱུར་ན། །མཐོང་ཡང་བར་དོ་ལ་རང་གི་སྣང་བ་ངོ་ཤེས་དག་ཏུ་མི་འགྱུར་བས། །ངོ་སྤྲོད་ལ་ཡང་ནས་ཡང་དུ་གསལ་གདབ་བརྟགས་ཤིང་གོམས་པར་བྱ། །རིག་པའི་མཚན་ཉིད་གཅིག་ལས་དུ་མར་སྣང་། །ཐིག་ལེ་ཉག་གཅིག་ལས་སྣ་ཚོགས་སུ་ཤར། དོན་དམ་ངང་ལས་མི་དམིགས་འོད་གསལ་སྐུ། །ལོངས་སྐུ། དམིགས་མེད་ངང་ལས་སྣང་བ་ལ་གསལ་འགྲིབ་ཡོངས་ཀྱིས་མེད། །སེམས་ཅན་བློ་ལ་བདུན་བདུན་དུ་སྣང་བྱེ་བྲག་མང་བའི་ཕྱིར། །བར་མ་དོ་ལ་ཡང་བདུན་བདུན་དུ་ཤར་སྣང་བ་སོ་སོར་འཆར། །དག་པའི་ལམ་ལ་

ཡེ་ཤེས་འོད་དུ་གསལ། །ཡེ་ཤེས་ཀྱི་གནས་འོད་ཀྱི་ལུས་ལ་འགག་པ་མེད་པའི་འོད་ལྔ་རང་ཆས་སུ་ཤར་རོ། །འོད་གསལ་བདེ་བའི་སྐུ་ལ་མདུན་རྒྱབ་ཡོངས་ཀྱིས་མེད། །རིག་པ་ལ་བཟང་ངན་མེད། མ་དག་སེམས་ཅན་རྣམས་ལ་མདུན་དང་རྒྱབ་ཏུ་སྣང་། །མ་རྟོགས་པ་རྣམས་ལ་དེ་བཞིན་དུ་སྣང་། རིག་པ་འགྱུར་མེད་སྐུ་ལ་མདུན་རྒྱབ་ག་ལ་ཡོད། །རྟོགས་ན་དུག་ལྔ་ཡེ་ཤེས་ལྔ་ལ་ཁྱད་པར་མེད། མདུན་དང་རྒྱབ་ཏུ་མཐོང་ན་གོལ་གྲིབ་ལྟུང་བར་འགྱུར། །དུག་ལྔ་སྤང་བར་འདོད་ན་ཐེག་པ་འོག་མར་གོལ། ཡེ་ཤེས་སྐུ་ལ་རྟོག་པ་མི་མངའ་ཞིང་། །གསལ་ལ་འཛིན་པ་མེད་པའི་ཕྱིར་རོ། །ཚིག་དོན་འདྲེལ་བའི་ཡེ་ཤེས་སྐུ་ལ་བརྟགས། །བྱང་ཆུབ་ལམ་གྱི་སྒྲོན་མ་ལ་བརྟག། སྐུ་སྐུ་ལ་ཡེ་ཤེས་བྱུང་ཡེ་ཤེས་ལ་སྐུ་བྱུང་དང་ཡེ་ཤེས་དབྱེར་མེད་འདྲེས་ཤིང་མཚུངས། །ཡེ་ཤེས་རང་གི་རིག་པ་དངོས་སྐུ་སྟེ་རང་བྱུང་བ། །ཡེ་ཤེས་འགག་མེད་ངང་ལ་རིག་པ་འགྱུར་མེད་གསལ། །བསྟན་པས་དོན་ལྡན་ཡེ་ཤེས་སྐུ་མཆོག་འདི། །དོན་དམ་རང་བཞིན་མེད་པ་ཆོས་སྐུ་སྐྱེ་མེད་ངང་། །བསྟན་པའི་སྒྲོན་མེ་ཆོས་སྐུ་འོད་པོ་ཆེ། །རང་གི་རིག་པ་དངོས། དོན་དང་མཐུན་པའི་སྐྱེས་བུ་རྣམས་ལ་གསལ། །བར་མ་དོ་ལ་བདུན་བདུན་ཏེ་ཉི་ཤུ་རྩ་གཅིག་ལ་འཆར་འོད་ཀྱི་སྣང་བ་སེམས་ཅན་ལ་དབང་པོ་བདུན་བདུན་དུ་ཡོད་དོ། །སོ་སོར་འཆར། །གསལ་ཟེར། དེ་ཕྱིར་བློ་ཡི་རིམ་པ་བདུན་བདུན་དག་ཏུ་ཕྱེ། །དེ་ལས་གདམས་ངག་ངོ་སྤྲོད་ཉི་ཤུ་རྩ་གཅིག་དག་ཏུ་ཤེས་པར་བྱ། །ཡེ་ཤེས་སྒྲོན་མ་རྣམ་དག་མཁའ་ལ་བཞག་ཐབས་བསྟན་པ་དེ་བཞིན་གཤེགས། །རྣམ་དག་དོན་ལྡན་སྙིང་པོ་ཡེ་ཤེས་སྐུ། །འོད་ལྔ་མ་འདྲེས་པའི་ཚོམ་བུ་གཅིག །ཞོ་གཅིག། སྐྱེ་མེད་དོན་ལྡན་རིག་པ་བྱང་ཆུབ་སེམས། །རང་བྱུང་དབྱིངས་ནས་རིག་པའི་ཀློང་ན་བདེ་ཆེན་འོད་འབར་སྐུ། །སྐུ་ལྔ་མཐར་ཕྱིན་སྐུ་གཅིག་དོན་ལ་ཞོག །ཀྱེ་མ་རིན་ཆེན་བྱང་ཆུབ་སེམས། །ཡང་དོན་གྱི་གསལ་བཏབ་པ་འདི། བཙལ་བས་མི་རྙེད་བཞག་ན་གཞན་ན་མེད་ཅིང་རང་ལ་ཡོད་པའི་ཕྱིར་རྙེད་པར་འགྱུར། །རང་ལས་བྱུང་ཞིང་ཉོན་མོངས་རྣམ་པར་རྟོག་པ་རྣམས་ངང་དུ་ནུབ། །རྟོགས་པའི་དོན་དང་ལྡན་པའི་གང་ཟག་བྱང་ཆུབ་སེམས། །འཁྲུལ་པའི་ཆོས་ལས་ཐར་ནས་རིག་པ་རང་བྱུང་བདེ་བར་སྤྱོད། །དཀྱིལ་འཁོར་གསུམ་གྱི་

རོལ་པ་འོད་ཟེར་རྣམ་དག་རབ་ཏུ་འབྱུང་། །དོན་གྱི་སྙིང་པོ་མ་བསྐྱེད་དབྱིངས་ནས་གཞི་ལ་རྫོགས། །སངས་རྒྱས་ཐམས་ཅད་འབྱུང་བའི་ས་བོན་རང་གི་གཞི་མྱུ་གུར་བཅས། །དོན་གྱི་ཡེ་ཤེས་སྐད་ཅིག་ངང་ལ་རྫོགས། །དོན་གྱི་ཡེ་ཤེས་ཉི་ཤུ་རྩ་གཅིག་སྐད་ཅིག་མ་གསུམ་ལ་རྫོགས། རྟགས་ཀྱི་ཡེ་ཤེས་བྷ་སུ་ཏ་རིག་པའི་སྒྲོན་མ་སྐྱེ་འབྲི་མེད་པར་སྣང་། །དཔེ་ཡི་ཡེ་ཤེས་ཤེལ་ལྟར་དྲི་མེད་རྣམ་དག་ངང་། །ཆོས་སྐུའི་ཡེ་ཤེས་བསམ་དང་བྲལ་བའི་རིག་པ་བསམ་འདས་བརྗོད་མེད་ངང་། །ལོངས་སྐུའི་ཡེ་ཤེས་འོད་ཀྱི་སྣང་བ་ལྔ་ཁ་དོག་མ་འདྲེས་གསལ། །སྤྲུལ་སྐུའི་ཡེ་ཤེས་ཅིར་ཡང་རྟོགས་པའི་གང་ཟག་ལ་ཅིར་སྣང་རིག་པའི་ངང་བསྒྱུར་དུ་བཏུབ། །གཉིས་མེད་ཡེ་ཤེས་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ཐ་སྙད་མཐའ་དང་བྲལ། །རྟོག་མེད་ཡེ་ཤེས་ཞེན་པ་དང་བྲལ་བའི་རིག་པ་འཛིན་པའི་ཡུལ་དང་བྲལ། །འཛིན་མེད་རིག་པ་རྟོག་མེད་ཡེ་ཤེས་གཉིས་སྣང་མཐའ་དང་བྲལ། །མཉམ་ཉིད་ཡེ་ཤེས་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པ་ཚིག་ལས་འདས་པའི་ངང་། །ཆོས་དབྱིངས་ཡེ་ཤེས་དབྱིངས་དང་སྐུ་ལ་འདུ་འབྲལ་མེད་པ་གསལ་ལ་རྟོག་པ་མེད། །དག་པའི་ཡེ་ཤེས་ཉོན་མོངས་མེད་པའི་རིག་པ་དྲི་མའི་མཐའ་དང་བྲལ། །གསལ་བའི་ཡེ་ཤེས་འོད་དང་འོད་ཁྱིམ་གྱི་ཚུལ་དུ་གནས་པ་སྟོང་པའི་ཡུལ་ལས་འདས། །སྟོང་པའི་ཡེ་ཤེས་དངོས་པོའི་རྟོག་པ་མེད་པའི་ཕྱིར་ཡུལ་ལས་འདས། །མཚོན་པའི་ཡེ་ཤེས་གཟའ་གཏད་ཆོས་དང་བྲལ། །དམིགས་མེད་ཡེ་ཤེས་བསྒོམ་པའི་ཡུལ་དང་བྲལ། །བསྒོམ་དུ་མེད་པའི་རིག་པ་རང་གསལ། འདས་པའི་ཡེ་ཤེས་ཚིག་དངོས་པོ་ལས་འདས་པའི་རིག་པ་གིས་མཚོན་དུ་མེད། །མ་འོངས་ཡེ་ཤེས་ཉོན་མོངས་སྐྱེ་མི་ནུས་དངོས་པོར་བསྟན་དུ་མེད། །ད་ལྟའི་རྟགས་ཀྱི་ཡེ་ཤེས་ཡུལ་ལ་མངོན་པར་སྣང་། །རྡོ་རྗེའི་དོན་གྱི་ཡེ་ཤེས་འདུ་འབྲལ་མེད་པར་རྟོགས། །དེ་རྣམས་འབྱུང་བའི་ཡེ་ཤེས་རང་གི་རིག་པའི་དོན་དེ་བཞིན་ནོ། །ཡེ་ཤེས་བསྒོམ་པའི་ཡུལ་དང་བྲལ་བའོ། །ཀྱེ་ཀྱེ་རྡོ་རྗེ་སེམས་དཔའ་ཉོན། །དཀྱིལ་འཁོར་དོན་དང་ཡེ་ཤེས་དོན། །ང་ཡིས་ཁྱོད་ལ་ལེགས་པར་བསྟན་པ་ཡིན། །རང་བྱུང་དོན་གྱི་སྙིང་པོ་ནི། །བསྐྱེད་པ་མ་ཡིན་རྫོགས་པའི་ཚུལ། །

ཀུན་ལ་ཡོད་པའི་མེ་ལོང་འོད་པོ་ཆེ། །རིག་པའི་ཡེ་ཤེས་ཀྱི་སྐུ། དཔེར་ན་མེ་ལོང་དཀྱིལ་འཁོར་དྭངས་པ་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །རང་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ། །རིག་པའི་འོད་ལྔ་དོན་གྱི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ། །མ་བསྐྱེད་རྫོགས་པའི་ཚུལ་དུ་གསལ། །ཞེས་སྟོན་པ་ཀུན་ཏུ་བཟང་པོས་རྡོ་རྗེའི་རིགས་ལ་རང་གི་དོན་བསྟན་པའོ། །ཞེས་རྒྱུད་ཐམས་ཅད་ཀྱི་རྩ་བ་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་དང་ཡེ་ཤེས་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཀུན་ཏུ་བཟང་། །ཀུན་བཟང་ངེས་ཚིག་དབྱེ་བར་བཅས་པ་བཤད་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་མ་རིན་ཆེན་སེམས་དཔའ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ཀུན་བཟང་ངེས་ཚིག་གང་ཞེ་ན། །ཆོས་ཉིད་རྟོགས་པའི་ངང་དུ་རིག་པ་སྐྱེ་མེད་འདུས་པས་ཀུན། །རིག་པ་བྱར་མེད་ངང་དུ་ཆོས་སྐུ་འགག་མེད་འདུས་པས་ཀུན། །ཡེ་ཤེས་དངོས་མེད་ངང་མཚན་མ་དང་བྲལ་བའི་ལ་རིག་པ་སྐྱེ་མེད་འདུས་པས་ཀུན། །རིག་པ་བྱང་ཆུབ་ངང་ལ་སྣང་སྲིད་ཐམས་ཅད་འདུས་པས་ཀུན། །རིག་པ་ལྷུན་གྲུབ་ངང་ལ་འབྲས་བུ་བྱར་མེད་དྲིལ་བས་ཏུ། །རིག་པ་སྟོང་པའི་ངང་ལས་ཡེ་ཤེས་གསལ་བས་བརྒྱན་པས་ཏུ། །གསལ་བ་འཛིན་མེད་ངང་ལ་རིག་པ་རྟོག་མེད་བཞག་པས་ཏུ། །སྣང་སྟོང་དབྱེར་མེད་ངང་ལས་རིག་པ་ཀུན་བྲལ་བཞག་པས་ཏུ། །དཔེར་ན་རིན་ཆེན་གསེར་གླིང་ཕྱིན་པ་བཞིན། །ས་རྡོའི་བག་མེད་སྣང་བ་གསེར་དུ་འགྱུར། །དེ་བཞིན་ཀུན་ཏུ་བཟང་པོའི་དོན་རྟོགས་རྣམ་རྟོག་ཡེ་ཤེས་འགྱུར། །ངང་ལས་མ་གཡོས་པའི་རིག་པ་ཀུན་བཟང་ངང་ལ་གཡོས་པ་མེད་པས་བཟང་། །མཉམ་ཉིད་ངང་ལ་བཟང་ངན་མེད་པས་བཟང་། །དབྱེར་མེད་ངང་དུ་གཅིག་པས་བཟང་། །གཉིས་མེད་

ཚུལ་དུ་གནས་པས་བཟང་། །དོན་དང་ལྡན་པ་ཀུན་བཟང་དབྱེ་བར་གསུངས། །དེ་ཡི་ཕྱིར་ན་རྒྱུད་ཆེན་ཨཱ་ལི་ཀཱ། །ཀུན་བཟང་ངང་ནི་ཅིས་ཀྱང་བསྐྱོད་དུ་མེད། །འཁྲུལ་མེད་བྱང་ཆུབ་སེམས་ལ་ངེས་པར་གནས། །ཀྱེ་ཧོ་རིན་པོ་ཆེའི་སེམས་དཔའ་རྣམས་ཉོན་ཅིག །ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །དེ་ཡང་གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རང་གི་རིག་པའི་རང་བཞིན་ནི་འོད།སྐུ་ནི་ཡེ་ཤེས་ཀློང་དུ་འདུས་པས་ཀུན་ཏུ་བཟང་པོའི་ལྟ་བའི་དོན་རྟོགས་པའོ། །དེ་ཡང་རིག་པ་དང་རིག་པ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཡང་རིག་པ་ནི་གཉིས་སྣང་གི་མཐའ་དང་བྲལ་བ་དུ་མ་ལས་འདས་པ་ཤེས་ཤིང་རིག་པའི་ངོ་བོ་ལས་མ་འདས་པ། དངོས་པོའི་མཐའ་དང་བྲལ་བ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ནོ། །རྒྱན་ཀུན་ཏུ་བཟང་པོ་དང་། རིག་པ་ལ་སྟོང་པས་བརྒྱན་པ། སྟོང་པ་ལ་ཡེ་ཤེས་ཀྱིས་བརྒྱན་པ། ཡེ་ཤེས་ལ་འོད་ཀྱིས་བརྒྱན་པ། འོད་ལ་གསལ་བ་མ་འདྲེས་པས་བརྒྱན་པ། གསལ་བ་ལ་སྐུ་གསུམ་དབྱེར་མེད་ཀྱིས་བརྒྱན་པའོ། །དེ་ཡང་སྐུ་གསུམ་གྱི་ངོ་བོ་ལས་མ་འདས་པའོ། །སྟོན་པ་ཀུན་ཏུ་བཟང་པོ་དང་། འོག་མིན་གྱི་གནས་སུ་སྟོན་པའི་ཚུལ་དུ་སྐུ་སྤྲུལ་ནས་འགྲོ་བའི་དོན་ལ་མཐུན་པར་སྣང་ངོ་། །དེ་ཡང་སྐུ་གསུམ་ལ་སྤྲུལ་པ་དང་། མ་སྤྲུལ་པ་མི་མངའ་སྟེ་སེམས་ཅན་རྣམས་ལ་དེ་བཞིན་དུ་སྣང་ངོ་། །རིག་པ་ཀུན་ཏུ་བཟང་པོ་དང་། མ་རིག་པ་ལས་གྲོལ་བའི་རིག་པ། སེམས་ལས་གྲོལ་བའི་སངས་རྒྱས། ཡིད་ལས་གྲོལ་བའི་ཆོས་སྐུ། དབུགས་ལས་གྲོལ་བའི་ཡེ་ཤེས། འབྱུང་བ་ལས་གྲོལ་བའི་འོད་སྣང་། རིག་པ་སྐུའི་བདག་ཉིད། སྐུ་ལས་བྱུང་བའི་ཡེ་ཤེས་མ་འགགས་པ། ཤེས་རབ་ཀྱི་བདག་ཉིད་དུ་གྱུར་པ། བསམ་པ་དང་བྲལ་བའི་རིག་པའོ། །རྟོགས་པ་ཀུན་ཏུ་བཟང་པོའོ། །རིག་པ་ཆོས་ཀྱི་སྐུ་སྐྱེ་བ་མེད་པར་རྟོགས་པ། རིག་པ་འོད་གསལ་དུ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུར་རྟོགས་པ། རིག་པ་ཅིར་ཡང་སྣང་དུ་སྤྲུལ་པའི་སྐུར་རྟོགས་པ། རིག་པ་ཐིག་ལེ་ཉག་གཅིག་གི་ངོ་བོར་སྐུ་གསུམ་འདུ་འབྲལ་མེད་པར་རྟོགས་པའོ། །རིགས་ཀྱི་བུ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཕྱི་ནང་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །བཀོད་པ་རིན་པོ་ཆེ་རྣམ་པར་འགྲེལ་པའི་དོན། རྩ་བའི་རྒྱུད་ཆེན་པོ་འདིས་ཤེས་པར་བྱའོ། །ཀྱེ་མ་རིགས་ཀྱི་བུ་ཉོན་ཅིག །རིན་པོ་ཆེ་རྣམ་པར་བཀོད་པའི་དཀྱིལ་འཁོར་ནི་མ་བྲིས་པར་བཀྲ། རང་ལ་རྩ་བའི་ལྷ་སུམ་ཅུ་ཐམ་པ་ཡོད་པའི་ཕྱིར། ཡེ་ཤེས་བསྟན་པའི་

རི་རྒྱལ་ཡེ་ཤེས་ཀྱི་སྒྲོན་མ་ནི་མ་བརྩིགས་པར་དཔངས་མཐོ། ཡེ་ཤེས་བརྡལ་བའི་ཕོ་བྲང་རིན་པོ་ཆེའི་སྦུབས་ནི་མ་བྱས་པར་རྒྱ་ཆེ། ཡེ་ཤེས་ཀློང་ཡངས་ཀྱི་རྒྱ་མཚོ་འོད་ཀྱི་སྣང་བ་ནི་མ་རྙོགས་པར་གསལ་ལ་དྭངས། ཡེ་ཤེས་གསལ་བའི་ཉི་མ་ནི་མ་བྱས་པར་ཐབས་དང་ཤེས་རབ་འགག་པ་མེད་པའི་ཀློང་ནས་འོད་ལྔ་མ་འདྲེས་པར་གསལ་བ་འཆར་ནུབ་མེད། སྟོང་ཉིད་བརྡལ་བའི་ཐང་ནི་བར་དོ་ལ་ཡེ་ཤེས་ཀྱི་སྣང་བ་ལྷག་པར་འཆར་བའོ། །མ་བཀོད་པར་ཆ་སྙོམས། ཡེ་ཤེས་འགྱུར་མེད་ཀྱི་ལམ་ངོ་སྤྲོད་ཉེར་གཅིག་ནི་མ་སྦྱངས་པར་ཉེ་རིང་མེད།རིག་པ་འགྱུར་མེད་ཀྱི་རྟ་ནི་རྒྱུགས་ཀྱང་ཆད་པ་མེད། རིག་པ་དམིགས་མེད་ཀྱི་ཆུ་རྒྱུན་ལ་སངས་རྒྱས་དང་སེམས་ཅན་གྱི་རྒྱུད་ལ་བཟང་ངན་མེད་རྒྱུན་ཆད་མེད། རིག་པ་ཡེ་ཤེས་ཀྱི་ས་བོན་ལ་གཞི་མ་གཡོས་པར་འཕེལ་འགྲིབ་མེད། རིག་པ་སྟོང་གསལ་གྱི་ཡེ་ཤེས་ནི་ཐིག་ལེ་ཉག་གཅིག་ལས་མ་འདས་སོ། །དབྱེར་མི་ཕྱེད། རིག་པ་འཛིན་མེད་ཀྱི་ཡེ་ཤེས་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་འཛིན་པའི་ཤེས་པ་མེད་ངོས་བཟུང་གི་མཐའ་དང་བྲལ། རིག་པ་རྟོག་མེད་ཀྱི་ཡེ་ཤེས་ནི་རྟོགས་པའི་གང་ཟག་ལ་སྣང་བ་འདི་ཉིད་ལ་འཆར་མ་འགགས་པར་ཡོངས་སུ་གསལ། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་འོད་དང་རིག་པ་དབྱེར་མི་ཕྱེད་པ་མ་འདྲེས་པར་ཡོངས་སུ་རྫོགས། རིག་པ་ཀུན་སྣང་གི་ཡེ་ཤེས་ནི་རིག་པ་ནམ་མཁའ་ལ་བཟུང་ནས་སངས་རྒྱས་ཀྱི་དགོངས་པའོ། །གསལ་ལ་འཛིན་པ་མེད། རིག་པ་ཀུན་གསལ་གྱི་ཡེ་ཤེས་ནི་དེའི་ངང་ལས་མ་བསྒྱུར་ན། ཡེ་ཤེས་ཀྱི་སྣང་བ་ནམ་མཁའ་གང་བར་འཆར་གསལ་ལ་ལྷུན་སྡུག །དེ་ནི་ཀུན་ཏུ་བཟང་པོ་ལྔའི་ཉེར་གཞག་གོ། །ཀྱེ་ཀྱེ་རིན་ཆེན་སེམས་དཔའ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །ང་ལས་མ་བྱུང་རིག་པ་དང་མ་རིག་པ་ལས་གཅིག་ཀྱང་མེད། །ང་ནི་འབྱུང་བ་ཡེ་ཤེས་འབྱུང་ལམ་མིག་མ་རིག་པའི་འབྱུང་ལམ་སྣང་བའོ། །ཀུན་ཏུ་བཟང་། །ང་ཡིས་མི་སྟོན་གཅིག་ཀྱང་མེད། །ཕྱི་ནང་གི་ཆོས་ཐམས་ཅད་རིག་པ་ལ་རྫོགས། ང་ལས་རང་བཞིན་ཐ་དད་བྱུང་། །འོད་ཀྱི་སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །ང་ནི་རང་བཞིན་ཀུན་ཏུ་བཟང་། །ང་ནི་ཐ་སྙད་ཆོས་དང་བྲལ། །ང་ནི་གཅིག་གི་ངོ་བོ་ལས་མ་འདས་པའོ། །གཅིག་ཏུ་ཀུན་ཏུ་བཟང་། །ང་ལ་འོད་ཆེན་རྣམ་ལྔ་རྫོགས། །ང་ནི་རྒྱ་ཆེན་ཀུན་ཏུ་བཟང་། །ང་ནི་དག་པའི་ཞིང་དུ་སྒྲོལ། །ང་ནི་སྒྲོལ་བྱེད་ཀུན་ཏུ་བཟང་། །ང་ནི་འཛིན་བྱེད་ཡུལ་ལས་

འདས། །ང་ནི་རིག་པ་ཀུན་ཏུ་བཟང་། །ང་ནི་རང་རིག་བྱང་ཆུབ་སེམས། །ང་ནི་བྱང་སེམས་ཀུན་ཏུ་བཟང་། །ང་ཡི་སེམས་ལ་ཅིར་སྣང་རྫོགས། །ང་ནི་རྟོགས་པ་ཀུན་ཏུ་བཟང་། །ཀུན་བཟང་ངང་ལ་གནས་པ་ཡི། །རྣལ་འབྱོར་བདེ་གཤེགས་ས་ལ་གནས། །རྟོགས་པའི་དོན་ལྡན་ཀུན་བཟང་མ་ཡེངས་ངང་། །ཀུན་ཏུ་བཟང་མོ་དོག་མེད་ཡངས་པའི་ཀློང་། །ཀུན་ཏུ་བཟང་པོ་རྒྱ་ཆེན་ཀུན་ལ་རོལ། །ཀུན་བཟང་ཡབ་ཡུམ་གཉིས་མེད་གཅིག་གི་ཚུལ། །རྟོགས་པའི་དོན་ལྡན་ཀུན་ཏུ་བཟང་མོའི་ངང་། །འགྱུར་མེད་བྷ་ག་ཡངས་པས་སྣ་ཚོགས་ཅིར་ཡང་འཆར། །བྷ་གའི་ནང་ན་སྣང་སྲིད་ཐམས་ཅད་སྡུད། །ཡུམ་གྱི་བྷ་ག་སྟོང་པ་ཆེན་པོའི་ཡུལ། །ཡབ་ཡུམ་གཉིས་མེད་ཚུལ་གྱིས་འགྲོ་བ་ཡོངས་ལ་ཁྱབ། །འཛིན་མེད་བགྲོད་མེད་ལམ་ལ་གནས་པའི་ཀུན་བཟང་བྱང་ཆུབ་སེམས། །ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཀུན་གཟིགས་ཀུན་ཏུ་བཟང་པོའི་སྐུ་ལ་མདུན་རྒྱབ་མེད། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །ཀུན་རྫོབ་ཡུལ་ལ་མི་གནས་ཚིག་གིས་མཚོན་དུ་མེད། །དོན་དམ་ངང་ལས་ཀུན་བཟང་ཆོ་འཕྲུལ་འབྱུང་། །ཐམས་ཅད་ཡིད་བཞིན་འབྱུང་བས་ཀུན་བཟང་རིན་ཆེན་གཏེར། །ཟད་མེད་གཏེར་ལ་ལོངས་སྤྱོད་ཀུན་ཏུ་བཟང་མོའི་ཀློང་། །དོན་དམ་མཐུན་པའི་ཡེ་ཤེས་རྟགས་མཆོག་ལྡན། །མ་བྲིས་དཀྱིལ་འཁོར་འོད་གསལ་བདེ་བའི་སྐུ། །ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་མ་བྲིས་ཡོངས་ལ་གསལ། །ཀུན་བཟང་ཐུགས་ཀྱི་དཀྱིལ་འཁོར་མེ་ལོང་འོད་པོ་ཆེ། །ཐུགས་མཆོག་དཀྱིལ་འཁོར་མ་བསྒྲུབས་ངང་གིས་གྲུབ། །སྐུ་ཡི་དཀྱིལ་འཁོར་མ་བསྐྱེད་རྫོགས་པའི་དོན། །སྲ་མཁྲེགས་རྡོ་རྗེ་འཇིགས་པ་ཀུན་དང་བྲལ། །སྟོང་ཉིད་འཇིགས་མེད་ཡེ་ཤེས་གསལ་བས་བརྒྱན། །ནམ་མཁའི་ལམ་ལ་རབ་གནས་པ། །ཡེ་ཤེས་སྒྲོན་མས་འགྲོ་བ་ཡོངས་ལ་ཁྱབ། །ཡིད་བཞིན་ནོར་བུ་རིན་ཆེན་ཚུལ། །འབར་བའི་འོད་ཟེར་ཕྱོགས་བཅུ་གང་བར་འཕྲོ། །ཀྱེ་མ་མ་བསྐྱེད་རིན་ཆེན་

ཕུང་པོའི་ཀློང་། །ཀློང་ཡངས་ཚིག་ལས་འདས་པའི་ཡིད་བཞིན་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་འབྱུང་བའི་ལམ་ཆེན་ཀུན་ལ་ཡོད། །སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །སྙིང་པོ་སྒྲོན་མ་དོན་གྱི་མཆོག །སངས་རྒྱས་སྲས་པོ་དམ་པའི་མཆོག །སངས་རྒྱས་སྐུ་སྟེ་ཀུན་ལ་ཁྱབ། །སྟོན་པའི་སྒྲོན་མར་གྱུར་པ་ཡི། །ཆོས་ཀྱི་སྙིང་པོ་དོན་གྱི་མཆོག །སྙིང་རྗེའི་ཡུལ་དང་བྲལ་ཞིང་འཛིན་པའི་སྤྱོད་ཡུལ་མིན། །བྱང་ཆུབ་དོན་གྱི་སྙིང་པོ་ལ། །སྒྲོ་བཏགས་ཆོས་ཀུན་ག་ལ་ཡོད། །འཛིན་མེད་རྣམ་དག་བྱང་ཆུབ་སྙིང་པོའི་སྐུ། །འགྱུར་བ་མེད་ལ་རང་སྣང་དེ་བཞིན་གཤེགས། །རང་གི་སྣང་བ་མ་འདྲེས་ཡོངས་སུ་རྫོགས། །རང་གི་རིག་པ་དོག་མེད་ཡངས་པའི་ཀློང་། །རང་གི་འབྱུང་བ་རང་བྱུང་ངང་ལ་ཐིམ། །དཀྱིལ་འཁོར་རྣམ་གསུམ་མ་བསྐྱེད་རྫོགས་པའི་ཚུལ། །བསམ་བྲལ་ཡེ་ཤེས་དངོས་པོའི་མཐའ་དང་བྲལ། །བསམ་འདས་བརྗོད་མེད་ངང་ལ་རིག་པ་དེ་བཞིན་གཤེགས། །རྣམ་དག་ཡེ་ཤེས་ངང་ལ་ལོངས་སྐུ་མ་འདྲེས་གསལ། །སྟོང་པ་འགག་མེད་ཡེ་ཤེས་བརྡལ་བའི་སྐུ། །ཤེས་རབ་འགྱུར་མེད་རྣམ་དག་དབྱིངས་ལ་སྤྱོད། །ཤེས་རབ་ཀློང་ན་རིག་པ་རང་ཤར་སྐུ། །གཉིས་མེད་ངང་དུ་བདེ་ཆེན་འོད་གསལ་ཐིམ། །དེ་ནས་ཡང་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཀུན་བཟང་ཡབ། །དཀྱིལ་འཁོར་ལྔ་དང་ཀུན་བཟང་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །ཀུན་བཟང་ངང་གིས་བཀའ་སྩལ་པ། །ཀྱེ་ཀྱེ་རིན་ཆེན་སེམས་དཔའ་ཉོན། །རིན་ཆེན་བྱང་ཆུབ་འབྱུང་བའི་གཏེར་ཆེན་འདི། །གསང་སྔགས་ཐབས་ལྡན་དག་གིས་བཙའ་བར་བྱ། །ཀུན་ཏུ་བཟང་པོའི་སྐུ་ནི་མ་བསྒྲིབས་ཡོངས་ལ་གསལ། །དམ་ཚིག་ཀུན་ཏུ་བཟང་པོ་ཡེ་བསྲུངས་གདེངས་དང་ལྡན། །གཅིག་པུའི་དམ་ཚིག་བསྲུང་རྒྱུ་དང་བཅས་པ་སེམས་ཀྱི་དམ་ཚིག་བསྲུང་རྒྱུ་མེད་པ་རིག་པའི་དམ་ཚིག་གོ། །སྤྱོད་པ་ཀུན་ཏུ་བཟང་པོ་འཁོར་བ་བདེ་བར་སྤྱོད། །རང་བྱུང་བདེ་བའི་ངང་ལས་དབྱེ་བ་མེད་པའི་སྤྱོད་པ་དང་། བདེ་བ་སྐྱོང་བ་གཅན་གཟན་ལྟ་བུའི་སྤྱོད་པ་དང་།

འགྲོ་བར་མཐུན་པ་ཉི་ཟླ་ལྟ་བུའི་སྤྱོད་པའོ། །བསྒོམ་པ་ཀུན་ཏུ་བཟང་པོ་གསལ་བ་འཛིན་མེད་བསྒོམ། །གསལ་བ་མི་གཡོ་བའི་ཤེས་རབ་སྟོང་པ་ལ་མི་རྟོག་པའི་ཡེ་ཤེས་བསྒོམ་པ་ལས་མི་ཡངས་པའི་རིག་པ་བསམ་པ་དང་བྲལ་བའི་བསྒོམ་པ་རྟོག་པ་དང་བྲལ་བའི་རང་བྱུང་། ལྟ་བ་ཀུན་ཏུ་བཟང་པོ་ཁམས་གསུམ་ཐིག་ལེར་བལྟ། །སེམས་དང་བྲལ་བའི་རིག་པ་སངས་རྒྱས་སུ་རྟོགས། ཆོས་ཅན་མཚན་མར་སྣང་བ་རང་གི་ཆོ་འཕྲུལ་དུ་བསྟན་པའོ། །འབྲས་བུ་ཀུན་ཏུ་བཟང་པོ་ཡེ་ཤེས་ཆིག་ཆོད་ས། །དབང་པོ་རབ་ཀྱིས་མཐར་ཕྱིན་པ་ལ་སྐད་ཅིག་མ་གསུམ་ལ་དགོལ། སྐུ་མཆོག་ཀུན་ཏུ་བཟང་པོ་བདེ་ཆེན་འོད་འབར་སྐུ། །ཆོས་ཀྱི་སྐུ་བསམ་པ་དང་བྲལ་བ། ལོངས་སྤྱོད་རྫོགས་པའི་སྐུ་འཛིན་པ་དང་བྲལ་བ་སྤྲུལ་པའི་སྐུ་སྟོན་པ་དང་བྲལ་བའོ། །གསུང་མཆོག་ཀུན་ཏུ་བཟང་པོ་འགག་མེད་སྟོང་པ་གསལ་བའི་སྙིང་པོ་ཅན་ཚངས་པའི་དབྱངས། །ཐུགས་མཆོག་ཀུན་ཏུ་བཟང་པོ་བསམ་པ་བྲལ་བའི་རིག་པ་ནམ་མཁའ་ལ་གསལ་ལོ། །དྲན་རྟོག་དབྱིངས་སུ་སྐྱོལ། །ཕྲིན་ལས་ཀུན་ཏུ་བཟང་པོ་རིག་པ་དབྱིངས་ལ་རོལ་ལོ། །མ་བཙལ་ལྷུན་གྱིས་གྲུབ། །ཡོན་ཏན་ཀུན་ཏུ་བཟང་པོ་སེམས་རིག་པའི་དབང་དུ་གྱུར་པའོ། །སྣ་ཚོགས་ཅིར་ཡང་འཆར། །རྡོ་རྗེ་ཀུན་ཏུ་བཟང་པོ་མི་འགྱུར་རིག་པའི་ངང་། །རིག་པ་ཡེ་ཤེས་དང་གཉིས་སུ་མེད་པའོ། །རིག་པ་ཀུན་ཏུ་བཟང་པོ་སྟོང་གསལ་དབྱེར་མེད་ངང་། །རིག་པའི་ངང་ལས་གཡོ་བ་མེད། ཡེ་ཤེས་ཀུན་ཏུ་བཟང་པོ་བྱང་ཆུབ་ལམ་གྱི་སྒྲོན་མ་གསལ་འགྲིབ་ཡོངས་ཀྱིས་མེད། །སྣང་བ་ཀུན་ཏུ་བཟང་པོ་འོད་ཀྱི་སྣང་བ་འདི་ཉིད་ལ་འཆར་ཅིར་སྣང་རིག་པའི་གྲོགས། །ཤེས་རབ་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་རྣམ་དག་དོན་ལ་སྤྱོད། །ཡེ་ཤེས་མེ་ཡིས་ཡེ་ཤེས་ལས་བྱུང་བའི་འོད་ཀུན་བཟང་ངང་ལ་སྤྱོད། །རིག་པའི་རླུང་གིས་མ་བསྐྱོད་དབྱིངས་སུ་གཤེགས། །ཤེས་རབ་ཆུ་ཡིས་ཐམས་ཅད་གཅིག་ཏུ་སྡུད། །མ་བསྐྱོད་མཁའ་ལ་དེ་བཞིན་རིག་པ་གསལ། །གསལ་ལ་མ་ཡེངས་གཏིང་དཔག་དཀའ་བའི་ངང་། །སྟོང་གསལ་བརྡལ་བ་བདེ་ཆེན་དབྱིངས་ལ་སྤྱོད། །རྩེ་གཅིག་གསལ་བ་དོན་དམ་དབྱིངས་ཀྱི་ངང་། །མ་འདྲེས་རྫོགས་ན་ལྷུན་གྲུབ་ས་ལ་གནས། །དམིགས་མེད་མཐོང་ན་ཡེ་ཤེས་མཁའ་ལ་གསལ། །ཤེས་རབ་དོན་ལ་མཚོན་པའི་ཚིག་དང་བྲལ། །རྫོགས་ཆེན་ཨ་ཏི་འགྱུར་མེད་ཀློང་ན་སྨྲ། །དཔེར་ན་གཅན་གཟན་རྒྱལ་པོ་སེང་གེ་ནི། །གངས་ཀྱི་སྟོངས་ན་གནས་ཤིང་སྡེར་ཆགས་ཟིལ་

གྱིས་གནོན། །དེ་བཞིན་རྫོགས་ཆེན་ཨ་ཏི་ནི། །སྐྱེ་མེད་དོན་ཆེན་སྟོན་ཅིང་ཐེག་དམན་ཟིལ་གྱིས་གནོན། །འགྱུར་མེད་ཨ་ཏིའི་ངང་ལ་རིག་པ་བྱར་མེད་གསལ། །ཞེས་སྟོན་པ་ཀུན་ཏུ་བཟང་པོས་རིན་པོ་ཆེའི་རིགས་ཀྱི་སེམས་དཔའ་རྣམས་ལ་རང་རང་གི་དོན་བསྟན་ཏོ། །ཞེས་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས། ཀུན་ཏུ་བཟང་པོའི་དབྱེ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསུམ་པ་གོལ་སྒྲིབ་བསྟན་པ་པདྨ་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཐུགས་རྗེ་དང་ལྡན་པ། དོན་ཐམས་ཅད་འབྱུང་བའི་གཏེར་གསུང་དུ་གསོལ། སྟོན་པས་བཀའ་སྩལ་པ། ཨེ་མ་ཧོ།པདྨ་རིགས་ཀྱི་སེམས་དཔའ་ཉོན། །སྣང་སྲིད་མ་བཅོས་ཆོས་སྐུའི་ངང་། །ཡེ་ཤེས་མ་བཅོས་ཐུགས་ལ་རོལ། །འབྱུང་བ་མ་བཅོས་ལོངས་སྐུའི་ངང་། །ཁ་དོག་མ་བཅོས་དབྱིངས་ལ་རོལ། །སེམས་ཅན་མ་བཅོས་སྤྲུལ་སྐུའི་ངང་། །ཐུགས་རྗེ་མ་བཅོས་འགག་མེད་ཀློང་། །ཀུན་གཞི་མ་བཅོས་བདེ་ཆེན་ངང་། །རིག་པ་མ་བཅོས་ནམ་མཁའི་ཀློང་། །ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །འོད་ལྔ་མ་བཅོས་གསལ་བའི་ངང་། །སེམས་ཉིད་མ་བཅོས་རིག་པའི་ངང་། །ཡིད་རྣམས་མ་བཅོས་ཡེ་ཤེས་འོད། །འགྱུ་བྱེད་མ་བཅས་ཡིད་ཀྱི་འོད། །སེམས་ཅན་མ་བཅོས་སངས་རྒྱས་དངོས། །མ་རིག་མ་བཅོས་རིག་པ་དངོས། །དུག་ལྔ་མ་བཅོས་ཡེ་ཤེས་ལྔ། །སེམས་ཅན་སྲོག་མ་བཅད་ན་སངས་མི་རྒྱ། །ཡེ་ཤེས་ཀྱིས་མ་རིག་པ་སྲོག་བཅད་ན་ཡེ་ཤེས་དངོས། སྲོག་བཅད་སྡིག་པར་འགྱུར་བ་ན། །སྲོག་མེད་པའི་རིག་པ་བྱུང་བ་མེད་པའི་འགྱུ་བ་དང་བཅས་པ། ཡེ་ནས་ཆད་པ་སུ་ལ་སྡིག །སྲོག་བཅད་སྡིག་པར་རིག་པ་ཉོན་མོངས་པའི་དབང་དུ་མ་གྱུར་པ་མི་འགྱུར་རང་གི་བདེ་ཆེན་ས། །དུས་གསུམ་སངས་རྒྱས་སྲོག་བཅད་ཉོན་མོངས་པའི་སྲོག་ཤེས་རབ་ཀྱིས་བཅད་པས་ན་མངོན་སངས་རྒྱ། །ཆོས་ལ་གནས་ན་བྱ་བྱེད་དང་བྲལ་

བའི་རིག་པ་བྱ་བྱེད་སྡུག་བསྔལ་ཡིན་པས་སྤང་བར་བྱ། །སངས་རྒྱས་མི་བསྒྲུབ་སངས་རྒྱས་བསྒྲུབས་ན་ལྟུང་བར་འགྱུར། །རང་གི་རིག་པ་ངོ་ཤེས་པས་ཆོག། སེམས་ཅན་མི་སྤང་སྤངས་ན་སངས་མི་རྒྱ། །བག་ཆགས་སྦུབས་ལ་རིག་པ་ཡོད་པའི་ཕྱིར། འདུས་བྱས་དགེ་རྩ་མི་བྱ་འདུས་བྱས་དགེ་རྩ་བྱས་ན་སྣང་བ་འདི་འགགས་མ་ཐག་ཏུ་སངས་རྒྱས་པའི་ཕྱིར་འཇིག་པར་འགྱུར། །སངས་རྒྱས་བསྒོམ་པ་མ་ཡིན་བསྒོམས་ན་ངན་སོང་རྒྱུ། །ལྷ་ལ་མཆོད་པ་མི་འབུལ་ཕུལ་ན་ལྷ་སུམ་ཅུ་རྩ་གསུམ་རང་ལ་ཡོད་པའི་ཕྱིར་སྡུག་བསྔལ་ཆེན་པོར་འགྱུར། །སྦྱིན་པ་ལ་སོགས་ཕ་རོལ་ཕྱིན་པ་དྲུག་མི་སྤྱད། །རང་གི་རིག་པ་ལ་བསམ་པ་དང་བྲལ་བའི་ཕྱིར། སྤྱད་ན་རྩོལ་བའི་བསམ་པར་འགྱུར། །སངས་རྒྱས་ཡོད་པ་མ་ཡིན་སྟོང་ཉིད་གཅིག་པུ་ཉིད། །གུད་ན་མེད་རང་ལས་བྱུང་བའི་ཕྱིར། ངན་སོང་ཡོད་པ་མ་ཡིན་བདེ་ཆེན་འཁོར་བའི་ངང་། །རིག་པའི་དོན་རྟོགས་ན། ཏིང་འཛིན་ལ་སོགས་སངས་རྒྱས་སྐུ་ལ་སྒྲིབ་པ་ཡིན། །རྩོལ་བ་མེད་པའི་ཕྱིར། བསྒོམ་པའི་ལམ་ལ་གནས་པ་གསལ་བ་ཡོད་པའི་ཕྱིར་ང་ལ་སྒྲིབ་པ་ཡིན། །མཆོད་པ་ཕྱག་རྒྱ་ལ་སོགས་ང་ལ་སྒྲིབ་པ་ཡིན། །ལྷ་རང་ལ་ཚང་བའི་ཕྱིར། སྣང་བ་ཆོས་སྐུར་འདོད་པ་ང་ལ་སྒྲིབ་པ་ཡིན། །ཅིར་སྣང་སེམས་སུ་འདོད་པ་ང་ལ་སྒྲིབ་པ་ཡིན། །རང་བྱུང་གཞན་ལས་འདོད་པ་རིག་པ་རང་ལ་ཚང་བའི་ཕྱིར་ང་ལ་སྒྲིབ་པ་ཡིན། །སྲིད་པའི་བར་དོ་འདོད་པ་ང་ལ་སྒྲིབ་པ་ཡིན། །ཆོས་ཉིད་བར་དོ་ལ་སངས་རྒྱས་པའི་ཕྱིར། ཡེ་ཤེས་སེམས་སུ་འདོད་པ་ཡེ་ཤེས་ལ་བག་ཆགས་མེད་པའི་ཕྱིར་ང་ལ་སྒྲིབ་པ་ཡིན། །སངས་རྒྱས་སྐུ་ནི་མ་བསྒྲིབས་ཡངས་ལ་སངས་རྒྱས་ཀྱི་སྐུ་སེམས་ཅན་ལ་གྲུབ་པའི་ཕྱིར་གསལ། །སྒྲིབ་མེད་རྣམ་དག་བྱང་ཆུབ་བརྡལ་བའི་ཀློང་། །སྒྲིབ་རྒྱུ་མ་དམིགས་སྒྲིབ་བྱེད་མ་འགགས་ཤིང་། །དེ་ཡི་ཕྱིར་ན་སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་ཡུལ་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་པ་མེད། །ཞེན་པ་མེད་པས་སྣ་ཚོགས་ཡུལ་ཡང་མེད། །ཆགས་པ་

མེད་པས་བག་ཆགས་སེམས་ཀྱང་མེད། །འདས་པ་མེད་པས་མ་འོངས་མི་ཡང་མེད། །ད་ལྟ་མེད་པས་ཉོན་མོངས་མིང་ཡང་མེད། །དོན་དམ་མེད་པས་ཀུན་རྫོབ་མིང་ཡང་མེད། །རིག་པ་མེད་པས་མ་རིག་མིང་ཡང་མེད། །སངས་རྒྱས་མེད་པས་སེམས་ཅན་མིང་ཡང་མེད། །སྟོན་པ་མེད་པས་སྟོན་བྱེད་མིང་ཡང་མེད། །དེ་ལྟར་བྱ་བ་གསུམ་བཏང་རྣལ་འབྱོར་དེ། །ཕྱིར་མི་ལྡོག་པའི་ས་ལ་ངེས་པར་གནས། །བདེ་ཆེན་ས་ལ་འགྱུར་མེད་ལྷུན་གྱིས་གྲུབ། །རྟོག་པ་མེད་ལ་འབྲས་བུ་མ་བསྒྲིབས་གསལ། །ལྟ་བ་མ་བཅོས་ཡེ་ཤེས་ཟང་ཐལ་ངང་། །བསྒོམ་པ་མ་བཅོས་གསལ་ལ་འཛིན་མེད་ངང་། །སྤྱོད་པ་མ་བཅོས་རང་བྱུང་ལྷུག་པ་ཉིད། །འབྲས་བུ་མ་བཅོས་རང་སྣང་བདེ་བའི་སྐུ། །དམ་ཚིག་མ་བཅོས་མ་ཡེངས་གཏོང་ཕོད་ལྡན། །དབང་རྣམས་མ་བཅོས་རིག་པ་རྩལ་གྱི་དབང་། །དད་པ་མ་བཅོས་འགྱུར་མེད་བརྩོན་འགྲུས་ཆེ། །དེ་ལྟར་རྟོགས་པའི་དབང་པོ་རབ་མཆོག་དེ། །བདེ་ཆེན་ས་ལ་མི་གཡོ་མཉམ་པར་གནས། །ཡང་ཞུ་བ་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་ཀུན་བཟང་ཡབ། །ལ་བཟླའི་སྒྲིབ་པ་དེ་ལྟར་ན། །གོལ་བའི་རྣམ་པ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་མ་པདྨའི་སེམས་དཔའ་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །བྱང་ཆུབ་སྙིང་པོ་གོལ་དང་བསྒྲིབ་པ་མེད་པ་ལ། །འོན་ཀྱང་སྒྲིབ་པའི་རྣམ་པ་སོ་སོར་གསལ། །དེ་ཡང་མདོ་ཙམ་བསྟན་གྱིས་ངེས་པར་ཡིད་ལ་ཟུང་། །ཀུན་གཞི་ཆོས་སྐུར་འདོད་ན་ང་ལས་གོལ་བ་ཡིན། །ཀུན་གཞི་ལ་ཆོས་སྐུ་འདོད་ན་ཡང་དག་རྫོགས་པའི་སངས་རྒྱས་མི་འབྱུང་བར་རིགས། ཅིའི་ཕྱིར་ཞེ་ན། གཞི་དེ་ངེས་པ་མེད་པའི་ཕྱིར། འོ་ན་དེ་ལྟར་མི་འདོད་དེ། ཀུན་གཞི་ལ་ཆོས་སྐུ་མི་བཏུབ། དེ་ཅིའི་ཕྱིར་ཞེ་ན། གཞི་ལ་མ་རིག་པ་ཡོད་པའི་ཕྱིར། གཞི་ལ་མ་རིག་པ་ཡོད་ན། སོལ་བ་ལ་བྱི་དོར་བྱས་ཀྱང་དཀར་པོར་མི་འགྲོ། དེ་བཞིན་དུ་འབད་པ་དགོས་པ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་འབྲས་བུ་མི་ཐོབ་པའི་ཕྱིར། སེམས་ལས་སངས་རྒྱས་འདོད་ན་ང་ལས་གོལ་བ་ཡིན། །སེམས་ནི་བག་ཆགས་ཐམས་ཅད་སྡུད་སངས་རྒྱས་ལ་བག་ཆགས་མེད་པའི་ཕྱིར།

བསྒོམ་པ་ཡུལ་ཅན་འདོད་ན་རྫོགས་ཆེན་བསྒོམ་དུ་འདོད་ང་ལས་གོལ་བ་ཡིན། །ཆོས་སྤྱོད་རྟོག་པས་འཛུད་པ་ང་ལས་གོལ་བ་ཡིན། །ས་ལམ་འབྲས་བུར་འདོད་པ་ང་ལས་གོལ་བ་ཡིན། །སྟོང་པའི་ཡུལ་ལ་ཞེན་པ་བྱང་སེམས་ཐེག་པ་ང་ལས་གོལ་བ་ཡིན། །མཚན་བཅས་གཞན་འབྱུང་བསྒོམ་པ་ཀྲི་ཡ་ང་ལས་གོལ་བ་ཡིན། །རྟོག་པ་ལམ་དུ་ཁྱེར་ན་ཨུ་པ་ང་ལས་གོལ་བ་ཡིན། །བྱང་ཆུབ་འཛིན་པར་འདོད་ན་ཡོ་ག་ང་ལས་གོལ་བ་ཡིན། །མཚན་མའི་ཚིག་ལ་ཞེན་པ་ང་ལས་གོལ་བ་ཡིན། །ཏིང་འཛིན་རྣམ་གསུམ་འདོད་པ་མ་ཧཱ་ཡོ་ག་ང་ལས་གོལ་བ་ཡིན། །ཅིག་ཆར་རིམ་གྱིས་འདོད་པ་ང་ལས་གོལ་བ་ཡིན། །སྣང་སྲིད་ཐམས་ཅད་འོད་ཀྱི་སྣང་བ་ལ། །སྣང་སྲིད་ཐ་མལ་བཟུང་བས་ཁྱོད་ཀྱིས་གོལ། །རང་གི་ཕུང་པོ་སངས་རྒྱས་དངོས་ཡིན་ལ། །ཤ་ཁྲག་ཕུང་པོ་འཁྲུལ་པར་མཐོང་བས་ཁྱོད་ཀྱིས་གོལ། །འདི་ལྟར་སྣང་བ་དག་སྣང་ཆེན་པོ་ལ། །འཁྲུལ་པའི་སྣང་བ་རྟག་པར་མཐོང་བས་ཁྱོད་ཀྱིས་གོལ། །ཞིང་ཁམས་སུམ་བརྩེགས་རང་ལས་འཆར་བ་ལ། །ཞིང་ཁམས་གཞན་ནས་འདོད་པས་ཁྱོད་ཀྱིས་གོལ། །མ་རིག་འཁྲུལ་པ་རིག་པའི་བདག་ཉིད་ལ། །མ་རིག་སྤང་བར་འདོད་པས་ཁྱོད་ཀྱིས་གོལ། །དཀྱིལ་འཁོར་རྣམ་གསུམ་རང་ལ་གནས་པ་ལ། །དཀྱིལ་འཁོར་གཞན་ནས་བྲི་བ་ཁྱོད་ཀྱིས་གོལ། །སངས་རྒྱས་མ་བསྐྱེད་རང་ལས་བྱུང་བ་ལ། །སངས་རྒྱས་བསྒོམ་ཞིང་བསྒྲུབས་པས་ཁྱོད་ཀྱིས་གོལ། །བྱང་ཆུབ་རྟོག་མེད་ངང་ལ་གནས་པ་ལ། །འདུས་བྱས་དགེ་རྩ་བྱས་པས་ཁྱོད་ཀྱིས་གོལ། །གསང་སྔགས་རྒྱལ་པོ་ཚིག་ལས་འདས་པ་ལ། །ཚིག་དང་ཡི་གེར་བཟུང་བས་ཁྱོད་ཀྱིས་གོལ། །དོན་གྱི་སྙིང་པོ་སྐྱེ་ཤི་མེད་པ་ལ། །སྐྱེ་དང་འཆི་བར་བཟུང་བས་ཁྱོད་ཀྱིས་གོལ། །ཆོས་སྐུ་བསམ་པ་ཀུན་དང་བྲལ་བ་ལ། །བསམ་པ་སྣ་ཚོགས་ཁྱོད་ཀྱིས་འགྱུས་པས་གོལ། །ལོངས་སྐུ་མ་འདྲེས་ཅིར་ཡང་གསལ་བ་ལ། །མ་རྟོགས་གཏི་མུག་འཁོར་བར་བཟུང་བས་ཁྱོད་ཀྱིས་གོལ། །སྤྲུལ་སྐུ་སེམས་ཅན་རྣམས་དང་མཐུན་པར་སྣང་བ་ལ། །

འགྲོ་བའི་གཟུགས་སུ་བཟུང་བས་ཁྱོད་ཀྱིས་གོལ། །སྐུ་གསུམ་འདུ་འབྲལ་མེད་པའི་རང་བཞིན་ལ། །སྐུ་གསུམ་དུ་མར་མཐོང་བས་ཁྱོད་ཀྱིས་གོལ། །ལྟ་སྒོམ་དབྱེར་མེད་གཅིག་གི་རང་བཞིན་ལ། །ལྟ་སྒོམ་སྤྱོད་པ་གསུམ་དུ་ཁྱོད་ཀྱིས་མཐོང་བས་གོལ། །ཆོས་རྣམས་ཐམས་ཅད་རིག་པའི་རང་བཞིན་ལ། །ཆོས་རྣམས་སེམས་སུ་མཐོང་བས་ཁྱོད་ཀྱིས་གོལ། །བྱང་ཆུབ་སྙིང་པོ་གོལ་དང་སྒྲིབ་པ་མེད་པ་ལ། །གོལ་དང་སྒྲིབ་པར་འཛིན་པ་ག་ལ་ཡོད། །གོལ་མེད་སྒྲིབ་པ་ཡོངས་ཀྱིས་མེད། །ཆོས་ཀྱི་སྐུ་ནི་སྒྲིབ་དང་བྲལ་བ་ལ། །གོལ་སྒྲིབ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཆོས་སྐུ་མ་བསྐྱེད་རང་ལས་བྱུང་བ་ལ། །གཞན་ནས་ཡོང་དུ་རེ་བ་ཡོངས་རེ་འཁྲུལ། །སྐྱེ་མེད་བསམ་དང་བྲལ་བའི་རིག་པ་ལ། །ཚིག་དང་ཡི་གེ་སྟོན་པ་འོ་རེ་བརྒྱལ། །ཤེས་རབ་འགག་མེད་རང་ལས་འཆར་བ་ལ། །གཏི་མུག་རྨོངས་པའི་བློ་འདི་ཡོངས་རེ་སྡུག །དེ་ཕྱིར་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མི་སྐྱེ་མི་འགག་ཅིར་མི་དགོངས། །རྣམ་དག་དོན་སྤྱོད་ཅིར་ཡང་ས་ལེ་མཁྱེན། །དོན་གྱི་སྙིང་པོ་སྒྲོན་མ་འོད་ཀྱི་མཆོག །སངས་རྒྱས་ཀུན་གྱི་དགོངས་པ་འདུས་པ་ཡིན། །འགག་མེད་ཀློང་ན་ཡེ་ཤེས་འོད་ལྔ་གསལ། །ཤེས་རབ་ཀློང་ན་རྣམ་དག་སྐུ་ལྔ་གསལ། །གསལ་ལ་མ་འདྲེས་ལོངས་སྐུའི་སྣང་བ་ཤར། །འཛིན་མེད་མ་ཡེངས་རང་བྱུང་བསྒོམ་པའི་མཆོག །རྟོག་མེད་རྣམ་དག་ཆོས་སྐུ་ཞི་བའི་ངང་། །རྙོག་མེད་རང་སངས་ལོངས་སྐུ་འོད་ཀྱི་སྐུ། །ཐུགས་རྗེ་རང་བྱུང་སྤྲུལ་པའི་ཁྲོ་བོའི་སྐུ། །རང་བྱུང་བདེ་ཆེན་གསལ་བའི་མེ་མར་གདངས། །དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ་ལ་འཛིན་པ་མེད། །ཐེག་ཆེན་རྒྱལ་པོ་འདི་ཡི་དོན་ལ་མ་ཡེངས་སྤྱོད། །འཛིན་པའི་རྟོག་པས་རང་གི་རིག་པ་བཅིངས། །དེ་འགྲོལ་རྒྱུད་ཆེན་ཟབ་མོའི་ཀློང་ན་གསལ། །དེ་ཡི་དབང་དུ་མི་འགྱུར་རིག་པ་ནི། །རྣམ་དག་མཁའ་ལ་མ་

བསྐྱོད་ཞོག །རྟོགས་པའི་དོན་ལ་རིག་པ་འཆར་ནུབ་མེད། །འཛིན་མེད་ངང་ལ་རིག་པ་བྱར་མེད་གསལ། །བྱ་དང་བྱེད་པའི་ཆོས་ནི་སྡུག་བསྔལ་རྒྱུ། །བྱ་བ་བཏང་བའི་རྣལ་འབྱོར་མྱ་ངན་འདའ། །མཐར་ཕྱིན་ས་ལ་མི་འགྱུར་རིག་པ་གསལ། །བགྲོད་མེད་ལམ་ལ་རིག་པའི་སྟོང་ལམ་བྱུང་། །རྣམ་དག་མཁའ་ལ་རིག་པ་འོད་དུ་བརྡལ། །འོད་ཆེན་མ་འདྲེས་ས་ལ་དེ་བཞིན་གཤེགས། །དེས་ནི་དེ་ཡི་དབང་དུ་མི་འགྱུར་འབྱུང་བ་སྟོན། །བདེ་གཤེགས་དོན་ལ་ཚིག་མེད་ཡི་གེ་མེད། །ཚིག་དང་ཡི་གེར་བཏགས་པས་སྟོན་པ་འཁྲུལ། །འཛིན་པའི་ཡུལ་ལ་ཞེན་པའི་སྤྱོད་པ་མེད། །མ་བསྐྱོད་དོན་ལ་བཞག་ན་རིག་པ་བདེ་བའི་སྐུ། །སྣ་ཚོགས་ཅིར་ཡང་འཆར་བ་བདེ་ཆེན་སྤྲུལ་པའི་སྐུ། །དུ་མ་གཅིག་ཏུ་སྡུད་པ་ཤེས་རབ་རང་བྱུང་སྐུ། །གསལ་ལ་འཛིན་པ་མེད་པས་བྱ་བཙལ་བྲལ་བའི་སྐུ། །འགྱུར་མེད་ངང་ལ་གནས་པས་རྡོ་རྗེ་སྙིང་པོའི་སྐུ། །མ་བསྐྱོད་དབྱིངས་ནས་ཤར་བས་རིག་པ་རང་ཤར་སྐུ། །བཤིགས་པས་མི་ཤིགས་སྟོང་ཉིད་སྙིང་པོའི་སྐུ། །སྐད་ཅིག་ངང་ལ་མི་གནས་ཡེ་ཤེས་ཆིག་ཆོད་སྐུ། །འཛིན་པའི་རྟོག་པས་མི་སྒྲིབ་རྟོག་པས་དོན་ལྡན་སྐུ། །འཛིན་པའི་ཡུལ་མེད་བྱང་ཆུབ་སྙིང་པོའི་སྐུ། །དེ་ལྟར་འཛིན་མེད་སྐུ་ལ་གནས་ན་ཤེས་རབ་ཕ་རོལ་ཕྱིན། །དེ་ལྟར་གོ་བའི་ཡུལ་སྣང་བ་མཐོང་བའི་དུས་ན་བདེ་བ་ཆེ། །རྟོགས་པའི་ཀློང་ལས་ཅིར་སྣང་འོད་ཀྱི་སྣང་བ་མི་འདའ་ཤེས་རབ་སྐུ། །ཤེས་རབ་ཀློང་ནས་འོད་ལྔ་མ་འདྲེས་པར་གསལ་བ་ཡེ་ཤེས་གཙུག་ཕུད་ལྔ། །མ་འདྲེས་གསལ་མཛེས་ལྷང་ངེ་ལྷན་ནེའོ། །ཀུན་གྱི་སྙིང་པོའི་སྐུ་ནི་བྱང་ཆུབ་དོན་ལ་སྤྱོད། །གཉིས་མེད་བདེ་ཆེན་ཀློང་ནས་ཡེ་ཤེས་ཉི་མ་ཤར། །འགྱུར་མེད་ཡངས་པའི་ཀློང་ནས་ཐུགས་རྗེའི་ཟླ་བ་ཤར། །ཐབས་དང་ཤེས་རབ་གཉིས་མེད་རིག་པའི་ཡི་གེ་ཨ། །དེ་ལས་ཆོ་འཕྲུལ་འབྱུང་བས་ཡི་གེ་ན། །དེ་ལས་ཐུགས་རྗེ་འབྱུང་བས་ཡི་གེ་འ། །དེ་ལས་ངེས་པར་གནས་པས་ཡི་གེ་ས། །དེ་ལས་འཁྲུལ་པ་བཟློག་

པས་ཡི་གེ་ཤ །དེ་ལས་གཉིས་མེད་གནས་པས་ཡི་གེ་མ། །དེ་ལས་དོན་དུ་སྡུད་པས་ཡི་གེ་ཨཱོཾ། །དེ་རྣམས་ཡི་གེ་གཅིག་ལ་འཇོག་པས་ཡི་གེ་ཨཱཾ། །དེ་རྣམས་དོན་ལ་འཇོག་པས་ཡི་གེ་ཧཱུྃ། །དེ་བཞིན་ཡི་གེ་རྣམ་པ་དགུ། །འགག་མེད་ངང་ལ་དེ་བཞིན་གནས། །ཡི་གེའི་སྒྲ་ནི་སྟོང་པའི་ཚིག་ལས་འདས། །འཛིན་མེད་རྣམ་དག་སྒྲ་འགྱུར་དགུ། །མ་བསྐྱོད་ངང་ལ་བཞག་ན་དོན་ཆེན་འབྱུང་བར་འགྱུར། །ཞེས་བཀའ་སྩལ་ཏོ། །དེ་ནས་པདྨའི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། ངོ་མཚར་གྱི་ཡི་གེ་གསུང་དུ་གསོལ། ཞེས་ཞུས་སོ། །ཡང་སྟོན་པས་བཀའ་སྩལ་པ། ཨ་ཧོ། པདྨ་རིགས་ཀྱི་སེམས་དཔའ་རྣམས་ཉོན་ཅིག །ངས་ཆོས་ཐམས་ཅད་སྒྲ་དང་ཡི་གེ་ལ་དོན་བསྡུས་ཏེ་བསྟན་གྱིས་ལེགས་པར་ཉོན་ཅིག །དེ་ཡང་སྒྲ་ཐམས་ཅད་ཀྱང་དབྱིངས་ལ་བཤད་དེ་དོན་ཆེའོ། །རང་གི་རིག་པའི་དོན་མ་ནོར་བར་བཤད་ཀྱིས་ལེགས་པར་ཡིད་ལ་ཟུང་ཅིག །ཧྱ་བྷརནྲ་དཱདཱ་ཧྲཻཾ། ཨ། ཆོས་ཐམས་ཅད་སྐྱེ་བ་མེད་པར་རང་བཞིན་གྱི་འོད་གསལ་སྐྱེ་བ་མེད་པས་འཆི་བ་མེད་པ་རང་བྱུང་བདེ་བའི་སྐུ་རྒྱ་མ་ཆད་པའི་ཡེ་ཤེས་དོན་གྱི་སྙིང་པོའོ། །ན། སྐྱེ་བ་མེད་པ་ལས་སྐྱེ་བའི་ཚུལ་དུ་བྱུང་བ་ལ་སེམས་ཅན་གྱི་གཟུགས་སྣ་ཚོགས་སུ་བྱུང་ནས་འཁྲུལ། མ་རིག་པ་དེ་ཡང་རང་གིས་རང་ངོ་མ་ཤེས་པས་ལན་ནོ། །འ། དེ་ཡང་འགག་པ་མེད་པ་ཀུན་ལ་ཁྱབ་པའི་ཡེ་ཤེས་ཐུགས་རྗེ་མ་འགགས་པར་དོན་བྱེད་ནུས་པ་ཅིར་ཡང་སྣང་ཞིང་ཅིར་ཡང་ཤེས་པ་རྟོག་པ་མེད་པ་དེ་ཡང་མ་འགགས་པ་ཀུན་ཏུ་གསལ་བའོ། །ས། རྫོགས་པ་ཆེན་པོ་འགྱུར་བ་མེད་པའི་བལྟ་བས་དང་། ལམ་ལ་མི་གནས་པ་དོན་གྱི་ཡེ་ཤེས་ངོས་ཟིན་པ། ཆོས་ཉིད་འགྱུར་བ་མེད་པའི་ས་ལ་ལྷུན་གྱིས་གྲུབ་པ། ཡེ་ཤེས་ཆིག་ཆོད་ཀྱི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཤ། དེ་ཡང་ཤེས་རབ་ཀྱིས་གྲོལ་བར་བྱེད་པ་ཤེས་རབ་ཀྱིས་རང་གི་དོན་ཐུགས་སུ་ཆུད་པས་འབྲས་བུ་ཕྱིར་མི་ལྡོག་པའི་ས་ལ་གནས་པ་དེ་ཡང་ཆོས་ཉིད་ཀྱི་ས་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །མ། དེ་ཡང་མཉམ་པ་ཉིད་གཉིས་སུ་མེད་པ་ཕྱོགས་དང་བྲལ་བའི་རིག་པ་རྟོག་པ་མེད་པར་གསལ་ལ་དྭངས་པ། ཡེ་ཤེས་ཀྱི་འོད་དང་བཅས་པའོ། །ཨོཾ། དེ་ཡང་སྐུ་མ་འགགས་པ་ཡེ་ཤེས་ཀྱིས་བརྒྱན་ནས་ཡོད་པ། དེ་ལ་འོད་ཀྱིས་བརྒྱན་ནས་ཡོད་པ། དེ་ལ་ཡང་ཡབ་ཡུམ་བཅུར་ཡོད་པའོ། །ཨཾ། ཆོས་ཀྱི་སྐུ་བསམ་པ་དང་བྲལ་བ་སྐྱེ་ཤི་མེད་པ། འགྲོ་བ་དང་འོང་བ་མེད་པ་དུས་ཐམས་ཅད་རྟག་པའི་ཡེ་ཤེས་ངང་གིས་མ་གཡོས་པའོ། །ཧཱུཾ། དེ་ཡང་སྤྲུལ་པའི་སྐུ་དེ་གཉིས་ཀའི་དོན་འདུ་འབྲལ་མེད་པར་རྟོགས་པའི་ཡེ་ཤེས་ཏེ་དོན་གྱི་སྙིང་པོའོ། །ཨ། དེ་རྣམས་ཐམས་ཅད་སྐྱེ་མེད་དུ་ལ་བཟླ་བ་ཆོས་ཀྱི་སྐུ་སྐྱེ་མེད་སྟོང་པའི་རང་བཞིན་ནོ། །

མ། དེ་ཡང་གཉིས་མེད་དུ་རྟོགས་པ་དེ་ཡང་མཐའ་གྲོལ་ཅིར་ཡང་མི་གནས་པར་རྟོགས་པ། འ། དེ་ལ་འགག་པ་མེད་པས་སྣ་ཚོགས་སུ་ཤར་བ་དེ་ཆོས་ཀྱི་སྐུ་ནས་བྱུང་བའི་ཡེ་ཤེས་བསྟན་ཏོ། །ས། དེ་འགྱུར་མེད་རང་བཞིན་གྱི་ས་ལ་གནས་པའི་དོན་རིག་པ་བདག་འཛིན་དང་བྲལ་བ་ཆོས་ཀྱི་སྐུའི་ངོ་བོ་ཡིན། ཤ། ཤེས་རབ་ཀྱི་ཕྱོགས་སུ་སྒྲོལ་ནུས་པ། དབྱིངས་གསལ་བ་རྟོགས་པ་གཅིག་ཏུ་སྐྱེ་བ། དོན་གཅིག་ཏུ་སྡུད་པའོ། །ན། འཁོར་བ་ནི་སྒྲོལ་བའོ། །དྷརྨ། ཆོས་ཀྱི་སྐུ་བསམ་པ་དང་བྲལ་བའི་རིག་པ་ངོ་བོ་ཉིད་ཆོས་ཀྱི་སྐུའོ། །སརྦ། ཆོས་ཐམས་ཅད་དོན་གཅིག་ལས་མ་འདས་པའོ། །ཀམ། དག་པའི་ཡེ་ཤེས་ཀྱི་སྣང་བ་ལ་སྤྱོད་པའོ། །དེ་ཡང་སྒྲ་མཐུན་པ་དོན་ཆེན་པོའོ། །བྷ་ནཱི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་སྟོན་པ་སྐྱེ་བ་མི་ལེན་པའི་མན་ངག་རྫོགས་ཆེན་གྱི་དོན། སརྦ། ཡེ་ཤེས་ཐམས་ཅད་ཀྱི་ཀློང་དུ་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་རིག་པ་རང་ཤར་བ། དུས་མེད་པར་སྣང་བ་རང་ལུགས་སུ་འཆར་བའོ། །གྷ་ཧ། རིག་པ་དག་པའི་སྐུ་མ་བསྒྲིབས་པར་ཡོངས་ལ་གསལ་བ་རྟོག་པའི་དྲི་མ་མེད་པའོ། །དྷ་པ་རི། ཡོངས་སུ་མྱ་ངན་ལས་འདས་པའི་དུས་སུ་སྟོང་པ་ཉིད་ཡེ་ཤེས་ཀྱི་ལུས་ཅན་འགྱུར་བ་མེད་པ་སྐུ་རྟག་པར་ཡོད་པའི་དོན་རང་གིས་ཤེས་པའོ། །སརྦ། ཆོས་ཐམས་ཅད་སྐུ་གསུམ་གྱི་ངོ་བོ་ལས་མ་འདས་པའི་རིག་པ་སངས་ན་གསལ་བའི་ཡེ་ཤེས་ཀྱི་བདག་ཉིད་དོ། །ཡཱ་ཤོ། དེ་དག་པ་ཡེ་ཤེས་ཀྱི་སྐུ་ལ་ཤེས་རབ་འགག་པ་མེད་པར་འཆར་བ། ཐུགས་རྗེ་དབྲི་བཀོལ་མེད་པའོ། །དྷ་ནི། ཤེས་རབ་ཀྱི་དོན་ལས་འདས་ནས་འཁྲུལ་པ་ལས་ལྡོག་གོ། །དེ་ཡང་དབང་པོ་རབ་ལ་འདི་ཉིད་དུ་འོད་དུ་འཆར། སརྦ། ཆོས་ཐམས་ཅད་སྟོང་པའི་རང་བཞིན་ཕྱོགས་དང་རིས་མེད་པ་སྣང་བ་གུད་དུ་བཅད་པ་མེད་པའི་དོན། པཱ། སྟོང་པ་ཉིད་ལ་ཅི་ཡང་མི་ལྟོས་པར་རང་གི་དོན་ཤེས་པ་སྐད་ཅིག་མ་གྲུབ་པར་བྱེད་པའོ། །པ་མ། ཡོངས་སུ་མྱ་ངན་ལས་འདས་པའོ། །དེ་ཡང་ཐུགས་རྗེ་མི་འགག་པར་འཆར་བའོ། །ཆོས་ཀྱི་བདག་དང་བྲལ་བའི་རིག་པ་རྩེ་གཅིག་པའོ། །སུ་བྷ། འཁྲུལ་སྣང་འགགས་ནས་དག་སྣང་ལ་ཡོངས་སུ་མྱ་ངན་ལས་འདས་པའོ། །དྷ་དུ། དེ་ཡང་སྐྱེ་མེད་དུ་འདུ་བའོ། །འདས་པ་འདས་པས་སྟོང་པའི་ཕྱིར་རོ། །ཤ་ཧྲ། ཤེས་རབ་དག་པས་གང་ཟག་སྐྱེ་མེད་དུ་གྲོལ་བའི་དོན་གྱི་ཡེ་ཤེས་ས་དང་ལམ་ལ་མི་གནས་པའོ། །སརྦ། ཆོས་ཐམས་ཅད་ས་དང་ལམ་ལ་མངོན་པར་མི་ཞེན་ཏེ་ཅིའི་ཕྱིར་ཞེ་ན་དངོས་པོས་སྟོང་པའི་ཕྱིར་རོ། །སན་ཏི། མི་འགྱུར་བའི་རིག་པ་ངང་གིས་སྟོང་གསལ་དབྱེར་མི་འབྱེད་པའོ། །པ་ར། སྟོང་པའི་ལམ་ལས་ཐུགས་རྗེའི་འོད་བྱུང་བ་དེ་ཡང་མ་འགགས་པའི་ཡེ་ཤེས་སོ། །སརྦ། དེ་ཐམས་ཅད་ཚིག་ལ་མི་གནས་པའི་ཡེ་ཤེས་འཁོར་བ་ལས་ལོག་པའོ། །ཊ་དུ་ཎ། འཁོར་བ་ལས་མི་གནས་པའི་རིག་པ་ཆོས་ཀྱི་སྐུ། ཡེ། ལ་བཟླ་བའི་དོན་རིག་པ་ལ་བསྡུས་ཏེ་བསྟན་པའོ། །སརྦ། འཁོར་བའི་ཆོས་ཐམས་ཅད་མྱ་ངན་ལས་འདས་པའི་དབྱིངས་སུ་སྡུད་པ། ཥ། སྐུ་གསུམ་ཤེས་རབ་ཀྱི་བདག་ཉིད་དུ་གྱུར་པ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འགག་མེད་རྣམ་དག་དོན་གྱི་སྙིང་པོའོ། །སརྦ། ཐམས་ཅད་སྐུ་གསུམ་ངོ་བོ་ལས་མ་

འདས་པ་དེ་ཡང་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་དོ། །ཀ་དུ། ཆོས་སྐུ་བསམ་པ་དང་བྲལ། ལོངས་སྐུ་བརྗོད་པ་དང་བྲལ། སྤྲུལ་སྐུ་ཚིག་ལས་འདས་པའི་དབྱིངས་སོ། །ཤླ། ཤེས་རབ་ཀྱིས་རྟོགས་ནས་དོན་སྐྱེ་མེད་དུ་བསྡུས་པའི་རིག་པ་ཆོས་ཀྱི་སྐུའོ། །ཨ་པཱ་རཱ། སྐྱེ་མེད་ཡེ་ཤེས་དང་དོན་ཤེས་རབ་དང་རྟོགས་པ་དང་མ་རྟོགས་པ་ཐམས་ཅད་དབྱིངས་སུ་སྡུད་པའོ། །ཨོཾ་ཤ་ཏ་ནི། རྟོགས་པ་དང་མ་རྟོགས་པ་ཐམས་ཅད་དབྱིངས་གཅིག་ཏུ་སྡུད་པའོ། །ཨཱུ། སྤྲུལ་པའི་སྐུ་ལ་རིག་པ་དྲི་མ་དང་བྲལ་བའི་ཡེ་ཤེས་དག་པས་སེམས་ཅན་གྱི་དོན་བྱེད་པ་བྱ་བ་ཐམས་ཅད་བྱེད་པ། དོན་གང་ལ་ཡང་མ་རྨོངས་པའི་ཡེ་ཤེས་སོ། །ཨ། ལོངས་སྤྱོད་རྫོགས་པ་མཚན་མའི་དྲི་མ་མེད་པ་ཁ་དོག་མ་འདྲེས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འོད་ཀྱི་ཚོམ་བུ་ལྔ་མ་འདྲེས་གསལ་བ་འགྲོ་བ་དང་འཇིག་པ་མེད་པ། དབུགས་མེད་པའི་འགྱུ་བ་དང་བཅས་པའོ། །ཨ། ཆོས་ཀྱི་སྐུ་སྐྱེ་བ་མེད་པ་འགག་མེད་ཀྱི་ཡེ་ཤེས་བསམ་པ་དང་བྲལ་བ་རིག་པའི་ངོ་བོ་ཐ་སྙད་དང་བྲལ་བའི་སྐུ་རྣམ་རྟོག་དང་བྲལ་བའི་འོད། ཆོས་ཀྱི་སྐུ་ནི་དངོས་པོ་དང་བྲལ་བའོ། །དེ་ཡང་ངོ་བོ་རང་གི་རིག་པ་རང་བཞིན་རང་གི་ཡེ་ཤེས་ཀྱི་སྒྲོན་མ་ཐུགས་རྗེ་རང་གི་ཤེས་པ་རྟོག་མེད་དུ་འཆར། དེའི་ཕྱིར་རང་གི་རིག་པ་སྐུ་གསུམ་རྫོགས་པའི་མན་ངག་ཅེས་བྱ་བ་ནི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་དོ། །ནི་ཙི་ཛི་མོ་ཏཾ་ཥུ་མ་ནུ་སརྦ་དྷརྨ་ཀཱ་ཡ་སི་ཏི་སཾ་བྷ་ར། ལུས་ལ་གཉིས་ཏེ་དག་པ་ཡེ་ཤེས་ཀྱི་ལུས་དང་། མ་དག་པ་སེམས་ཅན་གྱི་ལུས་སོ། །དག་པ་ཡེ་ཤེས་ཀྱི་ལུས་ནི་སྣང་བ་འདི་འགགས་མ་ཐག་ཏུ་འཆར་རོ། །མ་དག་པ་སེམས་ཅན་གྱི་ལུས་ནི་དངོས་པོར་སྣང་བ་འདི་ཉིད་དོ། །དེ་ཡང་དག་པ་ཡེ་ཤེས་ཀྱི་ལུས་སེམས་ཅན་གྱི་ལུས་ལ་ཡོད་པར་ངེས། སྟོང་རིག་དོན་གྱི་ཡེ་ཤེས་རང་སྣང་བ་མཚན་ཉིད་རྟག་པ་མི་འགྱུར་བ། དེ་ཡང་འཁྲུལ་པ་ལས་ལོག་པའི་ཆོས་ཉིད་དོ། །རིག་པའི་དོན་རྟོགས་པའི་ཤེས་རབ་འཇིག་རྟེན་ལས་ལོག་པའོ། །རིག་པའི་ཐུགས་རྗེ་འཆར་ནུབ་མེད་པར་འགྲོ་བའི་དོན་བྱེད་པའོ། །དེ་ཡང་འོད་ལ་གསུམ་སྟེ། རིག་པའི་འོད་དང་། སྐུའི་འོད་དང་། ཡེ་ཤེས་ཀྱི་འོད་དོ། །དེ་རྣམས་ཆོས་ཀྱི་དབྱིངས་སུ་འདུས་སོ། །དེ་ཡང་ཆོས་ཉིད་མཉམ་པ་ལས་མ་འདས་པའོ། །གཉིས་སུ་མེད་པའི་དོན་ཡེ་ཤེས་ཀྱི་བདག་ཉིད་དོ། །ཨོ་ཀོ་ཤོ་མི་ཏྲྀ་ཊཾ། ཡ་པྲ་བ་ན་སརྦ་ཛྙཱ་ན་བྷུ་ས་མ་ཡཱ། སྐྱེ་བ་མེད་པ་ཆོས་ཉིད་ཤེས་རབ་ཀྱི་བདག་ཉིད་ཆོས་ཐམས་ཅད་གཉིས་སུ་མེད་པ་རྟག་པའི་ཡེ་ཤེས་སྟོང་གསལ་འགག་པ་མེད་པ་དབྱིངས་ལས་དབྱིངས་འབྱུང་བ་ཡེ་ཤེས་གཉིས་མེད་ཀྱིས་བརྒྱན་པ་དེའི་ཕྱིར་ན། དབྱིངས་ཡེ་ཤེས་སུམ་བརྩེགས་ཀྱི་བདག་ཉིད་དོ། །དེ་ཡང་ཆོས་ཉིད་མཉམ་པ་ཉིད་ལས་མ་འདས་པའི་རིག་པའི་ཡེ་ཤེས་སོ། །འོད་ལ་གཉིས་ཏེ་རྟོགས་པའི་གང་ཟག་གི་འོད་དང་། མ་རྟོགས་པའི་སེམས་ཅན་གྱི་འོད་དོ། །དེ་ཡང་རྟོགས་པ་དང་ལྡན་པ་རྣམས་ལ། སྣང་

བ་འདི་ཉིད་ལ་ཡེ་ཤེས་ལྷུག་པར་འཆར་རོ། །མ་རྟོགས་པ་ལ་འོད་ལྔ་མཚོན་དུ་མེད་དོ། །སཾ་ཏ་ཀ་ཡུ་མུ་ཥ་འུ། མ་ཧ་རུ་བྷ་དྲི་ཀེ་ཏ་ཀེ་ཏ། ཀེ་ཧ་ཀེ་ཧ་ཡང་བྱུང་། འགྱུར་བ་མེད་པའི་ས་སྐུ་གསུམ་གྱི་ས་ནོན་པའོ། །དེ་ཡང་དུས་ཐམས་ཅད་པའོ། །ཡེ་ཤེས་རྟག་པར་བཞུགས་པའོ། །དེ་ཡང་ཆོས་ཀྱི་སྐུ་དག་པའི་ཡེ་ཤེས་ཀྱི་སྙིང་པོའོ། །དེ་ཡང་མཉམ་པ་ཉིད་ཤེས་རབ་ཀྱི་བདག་ཉིད་དུ་གྱུར་པ་སྟོང་པ་ལ་ཐུགས་རྗེ་གསུམ་དུས་གཅིག་ཏུ་འཆར་བ་དེ་ཡང་མ་འགགས་པའི་ཚུལ་གྱིས། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྐུ་ལས་མ་འདས་པ་འགྱུར་མེད་ཀྱི་ཡེ་ཤེས་ཀྱི་རང་ཆས་སོ། །ཤཾ་བཛྲ་མུ་ཏད་ཀྱ་སྱ། པྲཛྙཱ་བ་ར་སྦུ་ས་སྟན་ཀ་ཧི། ཏད་ཡ་བྱ་ཧ་པྲ་བར་དུ་ས་སྟན་ཀ་ཧི་ཡང་བྱུང་། དེ་ཡང་ཤེས་རབ་ཀྱི་དོན་གྱིས་རྟོགས་པའི་དུས་ལས་མ་གྱུར་པའི་ཡེ་ཤེས། མ་རིག་པ་ངང་གིས་བཅོམ་པ། ཆོས་ཀྱི་དབྱིངས་མཉམ་པའི་མུ་ཁྱུད་དང་ལྡན་པ། དེ་ཡང་རང་ལ་རྟག་པར་ཡོད་པས་ཁྱབ་པ་རྣམ་པ་གསུམ་དང་ལྡན་པ། མཉམ་པ་ཉིད་ཀྱི་ཡེ་ཤེས་རང་ལ་ཤར་བའོ། །འི་དེ་གེ་མོ་སྱ་ཧེ། ཨད་མ་ཀོ་ཤ །ཙཀྲ་བ་ལོ་ཀི། དེ་སྟོང་པ་ལ་སྟོང་པ་ལོངས་སྤྱོད་རྫོགས་པའི་སྐུ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དོན་ཚིག་ལས་འདས་པའི་དོན་སྐུར་གསལ་བའི་འོད་ཀྱིས་ཁྱབ་པ་ཆ་གང་ཡང་རག་མ་ལུས་པའོ། །ལམ་ལ་གསུམ་སྟེ་སྟོང་པ་ཡེ་ཤེས་ཀྱི་ལམ་དང་། གསལ་བ་འོད་ཀྱི་ལམ་དང་། མི་འགྱུར་བ་རིག་པའི་སྟོང་ལམ་མོ། །སྟོང་པ་ཡེ་ཤེས་ཀྱི་ལམ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ། གསལ་བ་འོད་ཀྱི་ལམ་ནི། ཡེ་ཤེས་ཀྱི་སྒྱུ་ལུས། མི་འགྱུར་བ་རིག་པའི་ལམ་ནི། རིན་པོ་ཆེའི་ལུས་ཏེ་དེ་གསུམ་ཡང་དབྱིངས་ཀྱི་ངང་དུ་རོ་གཅིག་པ་སྟེ་ཆོས་ཉིད་མཉམ་པ་ལས་མ་འདས་པའོ། །མཾ་གཾ་ཧ་ས་ཧཱུྃ་སྒྲའི་ཐིམ་ལུགས། མ་ལ་མ་ལ་དྷ་ཐིམ་དྷ་ཐིམ། རང་གི་རིག་པ་མཉམ་ཉིད་དག་པའི་སྐུར་རྟོགས་པ་དེ་ཡང་སྟོང་པ་རང་བྱུང་གི་ཡེ་ཤེས་ཀྱིས་ཁྱབ་པར་རྟོགས་པ། དེ་ཡང་རང་གི་དངོས་པོའི་ས་ལ་ཡོངས་སུ་མྱ་ངན་ལས་འདས་པའི་རྟོགས་པ། སྐུ་གསུམ་འདུ་འབྲལ་མེད་པའི་དོན་རྟོགས་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གཉིས་སུ་མེད་པར་རྟོགས་པའོ། །དེ་ལས་ཐུགས་རྗེ་འགག་པ་མེད་པར་ཉི་མའི་ཟེར་ལྟ་བུར་ཤར་བས་སྟོང་པའི་དོན་ལས་མི་འདའ་བའི་ཡེ་ཤེས་རང་ས་ཟིན་ནོ། །ཨ་དྷ་ཐིམ་ཨ་དྷ་ཐིམ། ཞེས་དོན་གྱི་སྙིང་པོའི་ཡི་གེ་བསྒྲགས་སོ། །ཡང་དག་པར་རྫོགས་འཚང་རྒྱ་བའི་ཐབས་ཡི་གེ་དྲུག་གི་སྒྲ་ལ་བསྡུས་ཏེ་བསྟན་པའོ། །དེ་ནས་ཡང་པདྨའི་རིགས་ཀྱི་སེམས་དཔའ་རྣམས་ཀྱིས་རང་རང་གི་དོན་ཐུགས་སུ་ཆུད་དོ། །ཞེས་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས། གོལ་སྒྲིབ་ལ་བཟླ་བའི་ལེའུ་སྟེ་གསུམ་པའོ།། །།

དེ་ནས་ཡང་ལས་ཀྱི་སེམས་དཔའ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །རང་རང་དོན་རྣམས་གསུང་དུ་གསོལ། ཞེས་ཞུ་བ་ཞུས་སོ། །ཀུན་བཟང་ཡབ་ཀྱིས་བཀའ་སྩལ་པ། །ཀྱེ་འདུས་པའི་འཁོར་ཚོགས་ལས་ཀྱི་སེམས་དཔའ་ཉོན། །ཨེ་མ་ཧོ། རང་བྱུང་བདེ་བའི་སྐུ་ལ་སྣང་སྲིད་ཐམས་ཅད་གསལ། །རང་གི་རིག་པ་ལ་སྣང་སྲིད་ཀྱི་ཆོས་གསལ། དོན་གྱི་སྙིང་པོ་བགྲོད་མེད་བདེ་བའི་ཀློང་ལས་བྱང་ཆུབ་བྱང་ཆུབ་ཀྱི་སྒྲོན་མ་འབྱུང་བའི་གཏེར། །སྙིང་གི་དཀྱིལ་ན་འོད་ལྔ་གཞིའི་སངས་རྒྱས་གྲུ་གུ་ལྔ་བསྡོག་པའི་ཚུལ་དུ་འགྲོ་བ་ཡོངས་ལ་ཁྱབ། །ལམ་ནི་མིག་ལ་བྱུང་ཞིང་ལམ་གྱི་སངས་རྒྱས་སྒྲོན་མ་ནམ་མཁའ་ཐམས་ཅད་ཁེངས། །སུམ་ཅུ་རྩ་གཉིས་མཚན་འཆང་དཔེ་བྱད་ལྡན་པའི་སྐུ། །སུམ་ཅུ་རྩ་གསུམ་མ་བསྐྱེད་སྙིང་གི་དཀྱིལ་ནས་གཞིའི་ལྷ་དེ་ལ་སྐུ་གསུམ་སྟེ་སུམ་ཅུ་རྩ་གསུམ་རང་ལ་རྫོགས་ནས་ཡོད་དོ། །རྫོགས་ཤིང་འཕྲོ། །རང་བྱུང་ཐབས་རིག་པ་ལྡན་སྐུ་ནི་མ་བསྒྲིབས་འགྲོ་བ་ཡོངས་ལ་ཁྱབ། །ཆོས་སྐུ་ཉག་གཅིག་དགོངས་པའི་དོན་རྣམས་སྣ་ཚོགས་ཅིར་ཡང་འཆར་ཞིང་འཕྲོ། །སྤྲོ་མེད་བསྡུ་མེད་ངང་ལ་བྱང་ཆུབ་ཅིག་ཆར་འཆར། །ཙིཏྟའི་དཀྱིལ་ན་རང་བྱུང་དཀྱིལ་འཁོར་མ་བྲིས་འགྲོ་བ་ཡོངས་ལ་གསལ། །དཀྱིལ་འཁོར་སྤྲུལ་པས་འཇིག་རྟེན་ཐམས་ཅད་ཁེངས། །དཀྱིལ་འཁོར་གཅིག་ལ་ཚོམ་བུ་ལྔ་ལྔ་དག་ཏུ་སྣང་། །ཡེ་ཤེས་སྣང་བ་ཡང་རབ་བློ་ལ་རིམ་གྱིས་མ་ཡིན་ཅིག་ཆར་འཆར། །དེ་རྣམས་མན་ཆད་བློ་ལ་རིམ་གྱིས་འཆར་ཞིང་ཞག་རེས་བརྟན་པར་འགྱུར། །བག་ཆགས་སྦུབས་དང་བྲལ་བའི་ཚེ་ཡང་དག་ས་ལ་བདེ་ཆེན་མི་གཡོ་བསྐྱོད་པའི་ཚེ་རྩེ་མོ་མན་ཆོད་ལ་བར་མ་དོ་ལ་སྣང་བ་རེ་རེ་འཆར་ཞིང་བརྟན་པ་རེ་རེ་འཐོབ། །ཡངས་པའི་གྲོང་ཁྱེར་བདེ་ཆེན་གཞལ་ཡས་ཤེལ་གྱི་ཁང་པ་བརྩེགས་པའི་ནང་དུ་འགྱུར་མེད་ཐིམ། །རིན་ཆེན་ཤེལ་གྱི་གཞལ་ཡས་ཐུགས་འགག་པ་མེད་པ་སྒོ་ལྔ་སྐྱེ་འབྲི་མེད་པས་སྣ་ཚོགས་ཅིར་ཡང་འཆར། །མ་འདྲེས་མཛེས་

པའི་འོད་ལྔ་ཉིན་ནུབ་མེད་པར་གསལ། །མ་བསྐྱེད་རྫོགས་པའི་གཞལ་ཡས་ཁང་མཛེས་དམ་པ་དེར། །ཕྱི་དང་ནང་མེད་དཀྱིལ་འཁོར་ཐམས་ཅད་འབྱུང་ཞིང་ལོངས་སྐུ་མ་འདྲེས་གསལ། །དོན་གྱི་ཕོ་བྲང་བརྡལ་བ་ཡེ་ཤེས་འགྱུར་མེད་ངང་ལ་སྐུ་ཡི་ཆོ་འཕྲུལ་འབྱུང་། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་གསང་ཆེན་ཀུན་ལ་རོལ། །འབྱུང་བ་ཆེན་པོ་ལྔ་ནི་རིག་པ་རང་ཤར་བཞིན་དུ་ཤེས་པར་བྱ་དྭངས་མས་ཁྱབ་ནས་ཡེ་ཤེས་བརྡལ་བའི་སྐུ། །བག་ཆགས་སྦུབས་ཀྱིས་མི་བསྒྲིབ་སྐར་མདའ་ནམ་མཁར་རྒྱུག་པའི་ཚུལ། །སྒྱུ་མའི་སྦུབས་ལ་གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །རིན་ཆེན་སྦུབས་ལ་མི་གཡོ་མཉམ་པར་གནས་ཤིང་སྤྲུལ་པ་ཕྱོགས་བཅུར་འགྱེད། །མཐར་ཕྱིན་འབྲས་བུ་ཕྱིར་མི་ལྡོག་པ་ངེས་པ་ཆིག་ཆོད་པ། །མ་བཀོད་ནོར་བུའི་ཕུང་པོ་མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞིང་ཁམས་ཀྱི་བྱེ་བྲག་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་དབང་བསྒྱུར་འཁོར་ལོའི་ས་ལ་ངེས་པར་གནས། །མ་བཀོད་དཀྱིལ་འཁོར་གསལ་འགྲིབ་མེད་པར་ཕྱོགས་བཅུ་ཡོངས་ལ་གནས། །རྣམ་དག་སྟོང་པའི་མཁའ་ལ་འོད་གསལ་ཡེ་ཤེས་འོད་ཟེར་འཕྲོ། །དེ་ཡང་ཁ་དོག་དཀར་དམར་མ་འདྲེས་ཚུལ་གྱིས་འགྲོ་བ་ཡོངས་ལ་གསལ། །བདེ་གཤེགས་སྙིང་པོ་དོན་དམ་དབྱེར་མེད་ངང་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །ཨཿ དོན་གྱི་སྙིང་པོ་ངོ་མཚར་གྱི་སྒོ་ནས་བསྟན་པ་ཀྱེ་མ་གསང་བ་རིན་ཆེན་འོད་གསལ་ཀུན་ལ་ཁྱབ། །ཁྱབ་པ་དཔེ་མེད་དོན་དམ་རང་བཞིན་དཀྱིལ་འཁོར་ཆེ། །ཨེ་མ་ཧོ། རྣམ་དག་ཀློང་ནས་ནོར་བུ་རིན་ཆེན་ལྔ། །ཕྱག་རྒྱ་མ་བསྒྱུར་མཆོད་པ་མ་ཕུལ་རང་བྱུང་རྫོགས། །ཡེ་ཤེས་རྣམ་དག་བརྡལ་བའི་གཞལ་ཡས་ཁང་མཛེས་ན། །མ་བསྐྱེད་རྫོགས་པའི་ཚུལ་དུ་སྐུ་ལྔ་མདུན་རྒྱབ་མེད། །ཡབ་ཡུམ་ཁ་སྦྱོར་ཚུལ་དུ་འོད་ཟེར་ཕྱོགས་བཅུར་འཕྲོ། །ཡི་གེ་དྲུག་པའི་འཁོར་ལོ་རང་བྱུང་གཉིས་མེད་ཚུལ་གྱིས་འཕྲོ། །སྤྲོ་བསྡུ་མ་བྱས་རང་བྱུང་རང་རིག་འཕྲོ། །རྟག་པ་མི་འགྱུར་རྡོ་རྗེའི་དོན་ལ་

རྣམ་དག་འོད་གསལ་སྐུ། །གསལ་ཡང་འཛིན་པ་མེད་པས་ཕྱོགས་བཅུར་གང་བར་འཕྲོ། །དམིགས་པའི་ཡུལ་མེད་འཛིན་པའི་མཐའ་ལས་གྲོལ། །དག་པའི་ཡེ་ཤེས་ཆིག་ཆོད་རྣམ་པར་དག །འཛིན་མེད་རང་སྣང་རྒྱ་ཆད་ཕྱོགས་ལྷུང་མེད། །རྟོག་པ་མེད་པས་རང་བྱུང་དབྱིངས་ན་གསལ། །འཛིན་པས་མི་བསྒྲིབ་ཡེ་ཤེས་སྣང་བ་འཆར། །འཛིན་པས་བསྒྲིབས་ན་རང་བྱུང་བདེ་བ་མེད། །འཛིན་མེད་འོད་ཀྱི་རིག་པ་ནམ་མཁའི་མཐོངས་ན་གསལ། །དེ་ལ་འཛིན་པ་མེད་པར་བཞག་ན་སྣང་བ་ལྷུག་པར་འཆར། །ཉིན་མཚན་མེད་པར་སྣང་བ་དེ་དང་འགྲོགས། །རྟག་ཏུ་དེ་ལ་འདྲིས་ན་སངས་རྒྱས་དགོངས་པའི་མཆོག །མ་དག་འཁྲུལ་པའི་སྣང་བས་དག་པ་ཡེ་ཤེས་སྣང་བ་བསྒྲིབ། །འཁྲུལ་པའི་སྣང་བ་འདི་འགགས་མ་ཐག་ཏུ་འགགས་ན་དག་པའི་སྣང་བ་འཆར། །བག་ཆགས་སྦུབས་ཀྱིས་ཡེ་ཤེས་སྒྱུ་ལུས་བསྒྲིབ། །ལུས་འདི་བོར་ནས་འོད་ཀྱི་སྣང་བ་འཆར། །དེ་ལ་གནས་ན་རིན་ཆེན་སྦུབས་ལ་མཐར་ཕྱིན་འགྱུར། །སྦུབས་གསུམ་གཅིག་ཏུ་འདྲིལ་ནས་སྤྲུལ་པ་ཕྱོགས་བཅུར་འགྱེད། །རྟོགས་པ་རྒྱུད་ལ་སྐྱེས་པའི་གང་ཟག་རྣམས་ལ་སྣང་བ་འདི་ལ་འཆར། །དེ་ཡང་ཅིག་ཆར་མ་ཡིན་རིམ་གྱིས་འཆར། །སྣང་སྲིད་ཐམས་ཅད་བར་སྣང་ལ་འོད་ཀྱི་གཞལ་ཡས་ཁང་། །རྒྱལ་བའི་དཀྱིལ་འཁོར་འོད་ཟེར་ཟླུམ་པོར་གནས། །མགོན་པོ་དྲི་མེད་སྐུ་ལ་ཡེ་ཤེས་ཉི་མ་ལྔར་སྣང་ཞིང་། །ཉི་མ་རེ་རེའི་འོད་ཀྱིས་འོད་ལ་ཟེར་བྱུང་སྟོང་གསུམ་འཇིག་རྟེན་གང་། །དཔེར་ན་ཉི་མའི་འོད་ཀྱིས་འཛམ་གླིང་ཁྱབ་པ་བཞིན། །ཡེ་ཤེས་འོད་ཀྱིས་འགྲོ་བ་ཡོངས་ལ་ཁྱབ། །ཡེ་ཤེས་དོན་ལ་ཅིས་ཀྱང་བསྐྱོད་དུ་མེད། །རིག་པའི་དོན་ལ་དགག་བསྒྲུབ་ཡོངས་ཀྱིས་མེད། །དོན་དམ་ངང་ལ་སྣ་ཚོགས་ཅིར་ཡང་འཆར། །ཡེ་ཤེས་ངང་ལ་སྒྲོ་འདོགས་ཆོས་རིག་པའི་ཀུན་མེད། །རྣམ་དག་ངང་ལ་ཞེན་པའི་སྤྱོད་པ་མེད། །སྐྱེ་

མེད་ངང་ལས་འབྲས་བུ་ཤེས་རབ་སྐུ། །འགྲོ་འོང་མེད་པ་རྣམ་པར་དག་པའི་སྐུ། །འཛིན་པ་མེད་པ་བྱང་ཆུབ་འཛིན་མེད་སྐུ། །སེམས་དང་བྲལ་བའི་རིག་པ་སངས་རྒྱས་དངོས། །ཡིད་དང་བྲལ་བའི་ཡེ་ཤེས་དགོངས་པ་དངོས། །སྦུབས་དང་བྲལ་བའི་དག་སྣང་འོད་ཟེར་དངོས། །བརྟན་པའི་ཡེ་ཤེས་སྐུ་མདོག་འོད་ཀྱི་ཟེར། །འགྱུར་བ་མེད་པའི་སྣང་བ་ངེས་པར་འཆར། །མཐར་ཕྱིན་ས་ལ་སྐུ་ལྔ་ལྷུན་གྱིས་གྲུབ། །འཛིན་པ་མེད་ལ་ཡེ་ཤེས་རྣམ་དག་གསལ། །ཆགས་མེད་ས་སེམས་མེད་པའི་ཡེ་ཤེས་ལ་འོད་ལྔ་མ་འདྲེས་གསལ། །ཞེན་མེད་ས་ལ་ཟེར་རྣམས་ཡིད་མེད་པའི་འོད་ཕྱོགས་བཅུར་འཕྲོ། །རང་བྱུང་རིག་པའི་སྐུ་ལ་ཆགས་མེད་ཞེན་པ་ཡོངས་ཀྱིས་མེད། །ཆགས་དང་ཞེན་པ་ཡོད་ན་འཛིན་པའི་བསམ་པར་འགྱུར། །བསམ་པའི་རྟོག་པ་སྐྱེས་ན་འཁོར་བ་རང་ག་མ། །བསམ་དང་བྲལ་བ་རིག་པ་ཆོས་ཀྱི་སྐུ་ལ་འཛིན་པའི་བསམ་པ་མེད། །བསམ་བྲལ་རིག་པའི་ངང་ལ་ཆོས་ཀྱི་སྐུའི་ངང་ལ་བཞག་ན་ཡེ་ཤེས་དབྱིངས་ལ་སྤྱོད། །ཡེ་ཤེས་ཆིག་ཆོད་ས་ལ་འབྲས་བུ་མ་འདྲེས་གསལ། །སྟོང་པ་གསལ་བས་བརྒྱན་པའི་རིག་པ་འོད་པོ་ཆེ། །མཛེས་ལྡན་འོད་ལ་གཏིང་དཔག་ཡོངས་ཀྱིས་མེད། །དོན་གྱི་སྙིང་པོ་སྟོང་གསལ་དབྱེར་མེད་མཉམ། །ཞེས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་ཏོ། །དེ་ཡང་སྐུ་ཡིས་མ་བྱོན་གསུང་གིས་མ་བསྒྱུར་བར་རིག་པ་སེམས་དང་བྲལ་བའི་ཕྱིར་བཀའ་སྩལ་ཏོ། །དེ་ཡང་ཐུགས་ཀྱིས་མ་དགོངས་པར་བྱིན་གྱི་རླབས་ཀྱིས་རིགས་བཞིའི་སེམས་དཔའ་རྣམས་ལ་བཀའ་སྩལ་ཏོ། །དེ་ནས་ཡང་རིགས་ཀྱི་སེམས་དཔའ་དེ་རྣམས་ཀྱིས།སྐུ་མངོན་པར་སྣང་བ་མཐོང་བའོ། །གསུང་གིས་བཀའ་སྩལ་བས་ཚིག་གིས་དོན་མཚོན་པའི་ཕྱིར་རང་གི་དོན་རྙེད་པ་ཡང་ཚོར་རོ། །ཐུགས་ཀྱིས་དགོངས་ཏེ་སེམས་ཅན་རྣམས་ལ་བཀའ་བསྒོ་བ་མཛད་པ་ཡང་ཐོས་སོ། །སྟོན་པའི་སྐུ་

མངོན་པར་སྣང་བ་མཐོང་ངོ་། །རང་རང་གི་དོན་ཡང་ཐུགས་སུ་ཆུད་དོ། །སེམས་ཅན་རྣམས་ལ་ཡང་སྤྲུལ་པའི་སྐུ་བྱེ་བས་འགྲོ་བའི་དོན་བྱེད་པ་ཡང་མཐོང་ངོ་། །དེ་བཞིན་གཤེགས་པ་དེའི་སྐུ་ནི་བཞེངས་པ་དང་བཞུགས་པ་མི་མངའ་འོ། །འགྲོ་འོང་མེད་པར་དུས་ཐམས་ཅད་བར་བཞུགས་པའི་ཡེ་ཤེས་རང་ལུགས་སུ་ཤར་བའོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པ་ལ་སྐུ་དངོས་པོ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་གསུང་ལ་བསྒྱུར་བ་དང་མ་བསྒྱུར་བ་མི་མངའ་འོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་གསུང་སྟོང་པའི་ཕྱིར་རོ། །དེ་བཞིན་གཤེགས་པའི་ཐུགས་ལ་དགོངས་པ་མི་མངའ་འོ། །དེ་ཅིའི་ཕྱིར་ཞེ་ན་དེ་བཞིན་གཤེགས་པའི་ཐུགས་ལ་རྟོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་སྐུ་ཡིས་མ་བྱོན། གསུང་གིས་མ་བསྒྱུར། ཐུགས་ཀྱིས་མ་དགོངས་པའོ། །དོན་དེ་ལྟ་བུ་ནི་གཞན་ནས་མི་འབྱུང་བར་རང་ལས་བྱུང་ངོ་། །དེ་ཅིའི་ཕྱིར་ན་རང་གི་རིག་པ་རྟོག་མེད་ཀྱི་ངང་ལ་གནས་པར་བྱའོ། །དེ་བཞིན་དུ་སེམས་ཅན་ཀུན་གྱི་རང་རྒྱུད་སྙིང་གི་དཀྱིལ་ལ་གནས་སོ། །དེ་ངོ་ངོ་སྤྲོད་ཀྱིས་ཤེས་པར་བྱའོ། །ངོ་མ་ཤེས་ན་ལྡོག་པའི་ས་ཡོད་དོ། །དེའི་ཕྱིར་ན་ཡང་ནས་ཡང་དུ་འདྲིས་པར་བྱའོ། །ཞེས་རང་རང་གི་རྟོག་པ་བསལ་ལོ། །སེམས་དཔའི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་རང་རང་གི་དོན་རྙེད་དོ། །སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་ཞལ་ནས་གསུངས་པའི་རྒྱུད་ཆེན་པོ། སྐུ་གསུམ་གྱི་ས་ལ་བགྲོད་པའི་ཐབས། གསང་བ་ཡང་ཁོལ་དུ་བྱུང་བ་མན་ངག་གི་རྒྱུད་ཅེས་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཆེན་པོ་ལས། རང་རང་གི་དོན་བསྟན་པའི་ལེའུ་སྟེ་བཞི་པའོ། །ཞེས་ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཅེས་བྱ་བ། དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་རྫོགས་སོ།། །།རྒྱ་རྒྱ་རྒྱ། རྒྱ་གསུམ་གྱིས་མ་བཏབ་ཤོར་ར་རེ། སྔགས་ཀྱི་སྲུང་མ་ཨེ་ཀ་ཙ་ཏི་མས། བཀའི་བྱ་ར་གྱིས་ཤིག །
ཐུགས་ཀྱི་མེ་ལོང་ཉིད་ལ་མ་བུ་དྲུག། །།

ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་ཞིང་ཁམས་བསྟན་པའི་རྒྱུད་ཅེས་བྱ་བ། རྒྱ་གར་གྱི་མཁན་པོ་བི་མ་ལ། བོད་ཀྱི་ལོཙྪ་བ་སྐ་བ་དཔལ་བརྩེགས།

རྒྱ་གར་སྐད་དུ། དཪྴ་ནོ་པ་དེ་ཤ་རཏྣཱ་ཙི་ཏཀྵེ་ཏྲདྷཱ་ཏུ་ཤཱ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རང་གི་མཚན་ཉིད་ཞིང་ཁམས་བསྟན་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་གཞོན་ནུ་རྡོ་རྗེ་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མིན་པའི་གླེང་གཞི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རྒྱན་མ་བཀོད་པར་སྣང་བ་སྟེ། འོད་ཀྱི་ཡུལ། དབྱིངས། སྐུའི་མཁའ། རིག་པའི་སྐུ། གསུང་གི་ཟེར། རིག་པའི། ཐུགས་ཀྱི་གནས། དགོངས་པ། ཡེ་གདངས་ཆེན་པོའི་སྣང་བ། ཁྱབ་བརྡལ་དབྱིངས་ཆེན་པོའི་ཕོ་བྲང་། སྟོང་པ་ཡེ་རྫོགས་ཀྱི་གཞལ་ཡས་ན། གནས་ཐུན་མོང་མ་ཡིན་པ། རྒྱུད་གསང་བ་ཆེན་པོའི་དོན་རང་དག་ཏུ་བཀོད་པ་འདི་གསུངས་སོ། །བསྟན་པ་ཐུན་མོང་མ་ཡིན་པ། གསུང་ངོ་། །གསུང་བར་འགྱུར་རོ། །འདི་སྐད་བདག་གིས་ཐོས་ཐུན་མོང་བའི་གླེང་གཞི་པའི་དུས་གཅིག་ན། རང་བཞིན་རྫོགས་པ་ཆེན་པོའི་གནས། གནས་ཕུན་སུམ་ཚོགས་པ། ཤིན་ཏུ་རྒྱ་ཆེ་ལ་ཁྱབ་ཅིང་གསལ་བའི་གཞི། གཞི་གཞན་གྱིས་དཔག་པར་དཀའ་བ་ཆེན་པོ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་སྟོན་པ་དང་གསུང་བསྟན་པ་དང་ཐུགས་ཀྱི་རྡོ་རྗེ་གནས་མི་བསྐྱོད་པ་ཆེན་པོའི་འཁོར་བདག་ཉིད་དུ་བཞུགས་སོ། །དུས། དེ་ནས་སྡུད་པ་པོ་གསང་བའི་བདག་པོས། ཆོས་ཐམས་ཅད་ཡོངས་སུ་སྡུད་པ་ཞེས་བྱ་བའི་སེམས་བསྐྱེད་དེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ཞིང་བསྐོར་ནས་འདི་དག་རྣམས་མངོན་དུ་ཞུ་བའི་ཚིག་རྡོ་རྗེ་མཛད་པ་ཞེས་བྱ་བ་རྣམས་ཀྱི་ཚིག་ཏུ་འདི་རྣམས་ཞུ་བ་ཉིད་རབ་ཏུ་ཞུས་སོ། །ཀྱེ་སྟོན་པ་ཆེན་པོ་ཉིད་ཀྱི་སྐུ་ཡི་ངོ་བོ་ཇི་ལྟ་བུ་ལགས། གསུང་བསྟན་པ་ནི་གང་། ཐུགས་དགོངས་པ་ནི་ཅི་ལྟ་བུ་ལགས། མཛད་པ་གདུལ་བྱའི་དོན་ནི་ཅི། སྔོན་འབྱུང་གི་ཡུལ་ནི་གང་ལགས། དེའི་ཚེ་འཁོར་ནི་ཇི་ལྟ་བུ། དེའི་ཚེ་ཏིང་ངེ་འཛིན་ནི་ཇི་ལྟ་བུ་ཞིག་མངའ། འདི་དག་ཇི་ལྟར་ཡོད་དམ་

སྙམ་བདག་ཐེ་ཚོམ་དུ་གྱུར་ཡིད་གཉིས་སུ་གྱུར། བློའི་རྟོག་པར་མ་ཚུད་ལགས་ན། དེ་དག་ཇི་ལྟར་ལགས་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཉིད་ཀྱི་རང་བཞིན་གྱི་གནས་ནས་འདི་དག་ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུང་ངོ་། །ཀྱེ་གསང་བའི་བདག་པོ་ཉོན་ཅིག །ངའི་སྐུ་ནི་སངས་རྒྱས་ཐམས་ཅད་འདུས་པའི་སྐུ་རྡོ་རྗེ་སྙིང་པོ་མི་ཤིགས་པ་རྒྱན་གྱི་འཁོར་ལོ་ཞེས་བྱ་བ་ཡིན་ནོ། །ངའི་གསུང་ནི་རང་བཞིན་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བདག་ཉིད་དུ་གནས་སོ། །ཐུགས་ནི་མི་བསྐྱོད་པའི་རང་བཞིན་ཡེ་ཤེས་ཆེན་པོར་ཡེ་ནས་གནས་པ་ཡིན་ནོ། །ངའི་མཛད་པ་ནི་སྐྱེ་བ་བཞི་དུས་ཐམས་ཅད་དུ་འབྱུང་བའོ། །ངའི་ཡུལ་ནི་བཀོད་པ་ཡོངས་སུ་རྫོགས་པ་རྒྱ་ཆེ་བ་ཡིན་ཏེ། མཐའ་གང་དུ་ཡང་མ་ལྷུང་བ་ཉིད་ཡིན་ནོ། །ངའི་འཁོར་ནི་ཕྱི་དང་ནང་དང་གསང་བ་ལས་སྤྲུལ་པ་ཉིད་དོ། །ངའི་ཏིང་ངེ་འཛིན་ནི་འདི་ལྟ་སྟེ། མི་བརྗེད་པ་མངོན་དུ་སྦྱངས་པའི་རྒྱུན་གྱི་ཏིང་ངེ་འཛིན་དང་། ཡེ་ནས་རབ་ཏུ་གསལ་བ་རྒྱུན་གྱི་ཏིང་ངེ་འཛིན་དང་། ཉམས་སུ་བླངས་ནས་འབྱུང་བ་ཤིན་ཏུ་རྣམ་པར་དག་པ་རྡོ་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། བདུད་བཞི་འཇོམས་པའི་དགྲ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། འཇིགས་པ་ངན་སོང་ཐམས་ཅད་ལས་ཡོངས་སུ་སྒྲོལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །ཀྱེ་ལག་ན་རྡོ་རྗེ་འཆང་། ཁྱོད་ཀྱིས་འདི་དག་རྣམས་ཀྱི་དོན་དྲིས་པ་དེ་ལེགས་སོ། །འདི་དག་རྣམས་ཀྱི་ཚིག་འདི་ལ་དོན་དུ་སྐྱེལ་ས་བསམ་མི་ཁྱབ་སྟེ། ང་ནི་ལུང་ཀུན་གྱི་བདག་ཉིད་དུ་བྱུང་བའི་ཕྱིར་རོ། །དེ་ནས་འཁོར་དེ་དག་ཀྱང་ཤིན་ཏུ་དགའ་ཞིང་ཡིད་རབ་ཏུ་རངས་ཏེ། བཅོམ་ལྡན་འདས་ལ་བསྟོད་ཅིང་ལག་ན་རྡོ་རྗེ་ལ་རབ་ཏུ་སྙན་པའི་ཚིག་གིས་མཆོད་ཅིང་། སོ་སོའི་དོན་སྐུལ་བའི་ཚིག་འདི་དག་ཀྱང་བརྗོད་དོ། །ཨེ་མ་སྟོན་པ་ཐུགས་རྗེ་མཆོག་གིས་

བཀའ་སྩལ་པའི། །དོན་གྱི་སྙིང་པོ་དེ་དག་སོ་སོའི་སྙིང་ལ་ཞུགས། །ཇི་ལྟར་བརྗོད་པའི་སྒྲ་ཡིས་རང་རང་ཡིད་ཀུན་ཚིམ། །བཅོམ་ལྡན་འཇིག་རྟེན་གསུམ་གྱི་གཙོ་བོ་ཁྱོད། །བདག་ཅག་རྣམས་ཀྱི་ཡིད་རྣམས་ཁྱེད་ཀྱིས་ཅི་བཞིན་མཁྱེན། །འཇིག་རྟེན་མགོན་པོ་མ་རིག་དམག་དཔུང་འཇོམས། །དཔའ་བོ་ཉོན་མོངས་དྲི་མེད་ཉི་མའི་འོད་ལྟ་བུ། །བསྟན་པ་མི་ནུབ་གཏེར་འཛིན་རྡོ་རྗེ་སྙིང་པོའི་གདུང་། །ཡེ་ཤེས་སྟོང་བདག་མེད་ལ་ཕྱག་འཚལ་ལོ། །ཞེས་ཚིག་རྣམས་ཀྱིས་ཀྱང་རབ་ཏུ་བསྟོད་ཅིང་། སོ་སོའི་ཏིང་ངེ་འཛིན་རང་བཞིན་རྣམས་དང་ལྡན་པར་གྱུར་ཏེ། སངས་རྒྱས་ཀྱི་མཐུས་བདེན་པའི་དོན་གྱིས་རང་གི་རྒྱུད་ཚིམ་པར་བྱས་ཏེ། ཀུན་ཀྱང་འོད་ཟེར་གྱི་ཕུང་པོ་སྣ་ཚོགས་དང་ལྡན་ནས། སངས་རྒྱས་རྣམས་ཀྱི་བཀའི་དེ་བཞིན་ཉིད་ཡོངས་སུ་འཛིན་པར་གྱུར་ཏེ། སེམས་རངས་པ་དང་ལྡན་པར་གྱུར་ཏོ། །ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ལས། གླེང་གཞི་རང་བསྟོད་ཀྱི་ལེའུ་སྟེ་དང་པོའོ།། །།དེ་ནས་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ལས་འདི་དག་རྣམ་པར་ཕྱུང་སྟེ། ཆེད་དུ་བརྗོད་པ་འདི་དག་རྣམ་པར་བརྗོད་དོ། །ལག་ན་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སྐུ་གསུམ་འབྲས་བུ་མངོན་དུ་འདི་ཉིད་ལ་བལྟ་འདོད་པས། །བཅུད་ཀྱི་སྙིང་པོ་དཔེ་ཡི་ཡེ་ཤེས་འདི་དག་ལྟོས། །རིན་ཆེན་སྙིང་པོ་རྒྱ་མཚོ་ལས་བྱུང་བའི་ནོར་བུ་འོད་འབར་རམ། འོད་དམར་པོ་ཤར་བའི་ནོར་བུ་མརྒད་སྔོན་པོ་ཆུ་ཤེལ་ལམ། །ས་ཡི་སྙིང་པོ་རིན་ཆེན་མིག་མ་ཕུག། སའི་འོག་ནས་བྱུང་བའི་མུ་ཏིག་ཕྱག་གང་བ། རྡོ་ཡི་སྙིང་པོ་རིན་ཆེན་རིའམ་རྒྱ་མཚོའི་གཡའ་ལས་བྱུང་བའི་མན་ཤེལ་གྱིས། །སངས་རྒྱས་རྣམས་ཀྱི་གནས་ལུགས་དཔེ་དོན་རྟགས་ཀྱི་གཏན་ལ་འབེབས། །དེ་ཡི་ཕྱིར་ན་འདི་ལྟ་བུ་གཉིས་ནས་གསུམ་ཙམ་བཙལ་ལ་འདི་དག་མཁས་པས་བཙལ། །སྙིང་པོ་ལྟ་བའི་དོན་དུ་འདི་རྣམས་ནན་ཏན་བཅང་བར་བྱ། །སྐྱེས་བུ་རྣམས་ཀྱི་ངོ་སྤྲོད་པའི་དོན་ལ་འཇུག་པའི་

ཐབས། །དཔེ་ཡི་ཡེ་ཤེས་བལྟ་བར་གང་འདོད་པ། །དོན་ནི་ངོ་སྤྲོད་འདི་ལྟར་སྐྱེས་བུས་རིག་པར་གྱིས། །དཔེ་ཡི་མན་ཤེལ་གྱི་འོད་ཀྱིས་ཕྱི་ཡི་དབྱིངས་རྣམས་བསྟན། །དཔེ་ཡི་ཐབས་ཀྱིས་རྟེན་འདྲེལ་དུ་མས་སྐུ་ཡི་ངོ་བོ་བསྟན། །དཔེ་ཡི་ཚད་འོད་དང་སྐུ་དང་ཐིག་ལེ་གསུམ་ཀྱིས་ཡེ་ཤེས་ལམ་ཡང་བསྟན། །དཔེ་ཡི་མཐོང་བས་རང་གི་གནས་ལུགས་བསྟན། །འོད་ཀྱི་ངོ་སྤྲོད་དང་ཐིག་ལེ་ངོ་སྤྲོད་སྐུ་དང་ཡེ་ཤེས་ཀྱི་ངོ་སྤྲོད་དང་། །རིག་པ་ངོ་སྤྲོད་དང་ནི་དབྱིངས་ཀྱི་ངོ་སྤྲོད་ཚད་འཛིན་པ། །རྣལ་འབྱོར་རྣམས་ཀྱིས་དཔེ་ཉི་ཤུ་རྩ་གཅིག་སྟེར་བ་བདུན་འབྲིང་བདུན་ཐ་མ་བདུན་ལ་མཁས་པར་བྱ། །གང་ཟག་རྣམས་ཀྱི་དབང་པོའི་བྱེ་བྲག་གིས། །རང་ངོ་དང་རྣལ་འབྱོར་ཤེས་པ་སྤྲད་པའི་ཕྱིར། །རང་ངོ་མཐོང་བར་འདོད་ན་དཔེ་འདི་དག་ལྟོས། །རྡོ་རྗེ་སེམས་དཔའི་གསལ་བྱེད་ལ། །མན་ཤེལ། དང་པོ་མཆོད་པ་དག་ནི་རབ་མཆོད་ནས། །ཤེལ་དེ་རང་གི་བླ་མའི་སྐུར་བསམ་སྟེ། །དེ་ལ་ཇི་ལྟར་རིགས་པའི་ཚོགས་རྣམས་བསག །དེ་ནས་སྐལ་ལྡན་རྗེས་འཇུག་རྣམས། །རང་གི་ངོ་བོ་བལྟ་བའི་ཕྱིར། །གནས་ཁང་ཕྱོགས་ནི་ཕྱེད་པར་ནི། །བུ་ག་ཉི་མའི་ཟེར་ལྡན་དག་ལ་ཡང་། །ཤར་ནས་གཅིག་གིས་ཤེལ་ཕྱར་བའི་ཤེལ། གསལ་བར་བྱེད་པའི་ཟེར་དེ་ལ་མེ་ལོང་ཕྱར་བ་ཡིས། །འོད་ཀྱི་སྣང་བ་ཕྱིར་ཐལ་མར་འབྱུང་མཐོང་བ་ཡིན། །མིག་གི་སྟེང་དུ་མཁས་པས་དེ་ཤེལ་མིག་ཕབ་པའི་སྟེང་དུ་བཞག་ན། །ནང་འོད་གསལ་བའི་ཆ་ཟང་ཐལ་དུ་ཡང་མཐོང་བའོ། །རྗེས་འཇུག་གཡོན་པའི་ཟུར་གྱིས་གཅིག་བལྟས་ན། །བར་གྱི་འདྲེལ་ཐག་འོད་ཀྱི་ཟེར་གྱི་སྣང་བ་མཐོང་། །ཡང་ནི་མིག་གི་སྟེང་དུ་འོད་ཤེལ་དེ་མེད་པར་སློབ་ན་མིག་ལ་འོད་བཞག་ནས། །ཡང་ནི་གོང་གི་ཤེལ་ལ་གཅིག་གིས་གཅིག་ལ་བལྟས་པ་ན། །སྐུ་གསུམ་གཅིག་ཏུ་འདྲེལ་བའི་ཚུལ་ཡང་མཐོང་། །མར་མེའི་སྙིང་པོ་ལ་ནི་དེ་ཉིད་ཀྱིས་ཤེལ་མིག་ལ་ཕྱར་ནས་བལྟས་ན། །ཡེ་ཤེས་སྣང་གསལ་རང་གི་ངོ་ཡང་མར་མེ་ལ་བལྟས་ན་འཕྲད། །

མཁས་པས་རྡུལ་ཚོན་དཀྱིལ་འཁོར་ཕར་འགྲམ་ཚུར་འགྲམ་དུ་མེ་ལོང་གཉིས། །གསལ་བྱེད་ཤེལ་གྱི་མིག་གིས་ཐབས་མཆོག་ཉིད་ནམ་མཁར་བལྟས་ན། །རིག་པ་མ་བུའི་ཚད་རྣམས་ངོ་འཕྲད་ནས། །ཆོས་ཉིད་མ་ཡི་ཚད་རྣམས་ཤེས་པ་ཡིན། །ཁམས་སའི་གཟུགས་བརྙན་ཁོང་སྟོང་དབང་སྒོ་དོད། །བུ་ག་དགུ་བཏོད་ལ་བཞག་ནས་མིག་ཏུ་སྣང་བ་འོང་བར་བྱ། ནང་དུ་མར་མེ་བཅུག་སྟེ་ཡེ་ཤེས་སྒོ་ངེས་བཟུང་། །འཁར་ཕོར་ཆུས་གཏམས་ལེགས་པའི་ནང་ཉིད་བལྟ། །ཤེལ་གྱིས་བལྟས་ན། ཐིག་ལེ་ཉིད་ཀྱི་རང་ངོ་འཕྲོད་པ་ཡིན། །རས་ཀྱི་སྣམ་བུ་དཀར་དམར་རྣམས་ནམ་དྭངས་པའི་ཚེ་ཐང་ལ་བཀྲམ་ནས། །ཤེལ་གྱི་གསལ་བྱེད་ལྡན་པའི་མིག་གིས་བལྟས་གྱུར་ན། །ཡེ་ཤེས་རྣམས་ཀྱི་འོད་རྣམས་རང་ངོ་འཕྲོད། །ཤར་ཕྱོགས་ན་ཡོད་པའི་རྒྱ་མཚོའམ་ལྟེང་ཀ་རྫིང་ངམ་འཁྱིལ་ཆུའི་འགྲམ། །གསལ་བྱེད་ལྡན་པའི་མིག་གིས་དེ་བལྟས་ན། །ནུབ་ནས་བལྟས་ནས་ནམ་མཁའ་ལ་བསྟན་ནས། འོད་ཀྱི་གང་བུ་ནམ་མཁའ་གང་བ་ཡིས། །བར་དོ་དང་པོའི་སྣང་བ་གཏན་ལ་ཕེབས། །རྨ་བྱ་མེ་ལོང་ཉིད་ཀྱི་འཕྲེང་ལྔའམ་དྲུག་གི་བར་ལ་རྨ་བྱ་ཡང་བརྒྱུས་ལ། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །ཐིག་ལེ་འོད་གསལ་ལྡན་པ་མཐོང་བ་ནི། །ཡེ་ཤེས་དགོངས་པ་ཉིད་ཀྱི་ངོ་ཡང་འཕྲོད། །དབྱུག་པ་ལ་ནི་འཁར་དབུ་ཞབས་ལ་ལ་ཆས་སྦྱར་ལ་བཙོད་ཆུས་བཀང་ལ། འཁར་ཕོར་བརྒྱ་བསྒྲིགས་དེ་མགོ་ལ། ཡང་བྱུང་། ཕོར་བཏགས་བསྒྲིགས་སྟེང་འོག་ལ། །གསལ་བྱེད་ལྡན་པས་དེ་ཉིད་བལྟས་པ་ན། །ཐིག་ལེ་དགུ་བརྩེགས་ཐེག་པའི་དོན་ཡང་བྱུང་ཐིག་ལེའི་དོན་ངོ་སྤྲད། །རིགས་ལྔའི་འདྲ་འབག་ཚོན་བཀྲག་ཆེ་བ་ཐང་ལ་བཞག་ནས་ནི། །ཤེལ་གསལ་བྱེད་ལྡན་པས་གོང་བཞིན་བལྟས་པ་ན། །ནམ་མཁའ་ཉིད་ལ་གཟུགས་ཀྱི་སྐུར་མཐོང་སྟེ། །ལོངས་སྐུའི་ཞིང་ཁམས་རང་ངོ་སྤྲད་པ་ཡིན། །གཟུགས་ཀྱི་སྐུ་ཉིད་ཉམས་ཀྱི་དགོངས་པའོ། །སྐྱེས་བུ་རྒྱན་དང་ལྡན་པ་རང་གི་མདུན་མི་གཅིག་ལ་གོས་གསར་བ་གོན་བཅུག་ཕྲེང་བའི་རྒྱན་བཏགས་ལ་བཞག་སྟེ། །གསལ་བྱེད་ལྡན་པའི་མིག་གིས་

ཡང་བལྟས་ན། །དེ་ཕར་འགྲོ་ཚུར་འགྲོ་ཡང་བྱ་འོད་ཀྱི་སྐུ་ནི་འགྲོ་འོང་ཟེར་དང་ལྡན། །དེ་ཉིད་མཐོང་བས་ལོངས་སྐུ་རང་རྐྱང་སྣང་། །རིག་པ་གཞོན་ནུ་བུམ་པའི་སྐུ་ཞེས་བྱ། །ཡང་ནི་སྣང་བ་མེད་པའི་མུན་པ་ནག་པོའི་སྒོ་མཐོངས་མེད་པ་ཁྱིམ་དག་ཏུ། །སྐྱེས་བུ་གོས་ཁ་དོག་ནག་པ་རུས་པའི་རྒྱན་ལྡན་པ། །བྱང་ནས་རང་གི་མདུན་དུ་གོང་བཞིན་བཞག་ནས་ནི། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ན་ནི། །ཁྲོ་སྐུ་འཇིགས་པའི་གཟུགས་བརྙན་ནམ་མཁར་ནི། །འགྲོ་དང་འོང་དང་སྟབས་དང་བཅས་པ་མཐོང་། །ལོངས་སྤྱོད་ཁྲོ་བོའི་སྐུ་ཡི་ངོ་བསྟན་པས། །རིག་པ་ཉིད་ནི་གཞོན་ནུ་ཁྲོ་གཉེར་ཅན། །དཔའ་བོ་ཉིད་ནི་སྟོབས་དང་ལྡན་པར་བསྟན། །ཁང་པ་ཕྱེད་ཕུག་ཏུ་སྐྱེས་བུ་རྒྱན་དང་ལྡན་པ་ལྟེ་བ་མན་ཆད་མི་མངོན་པར་བྱས་ལ་ཕྱེད་སྣང་མཚམས་འདུག་སྟེ། །གསལ་བྱེད་ལྡན་པས་མིག་ཡ་གཅིག་བཙུམས་པས་བལྟས་ལ་གོང་བཞིན་བལྟས་པ་ན། །སེམས་དཔའ་ཉིད་ཀྱི་བཞུགས་ཚུལ་ངོ་འཕྲོད་ནས། །སྐུ་ཕྱེད་བསྟན་པས་འདྲ་འབག་ཉིད་ལ་སྤྲད། །ཤེལ་ལས་བྱས་པའི་ལུགས་སྐུ་ཕྱག་གང་བ། །རྣལ་འབྱོར་ལྡན་པའི་གཡོན་པས་བཟུང་ནས་ནི། །གསལ་བྱེད་ལྡན་པས་ཡང་ནི་དེ་བལྟས་ན། །ཤིན་ཏུ་འོད་དང་ལྡན་པའི་སྐུ་མཐོང་བར། །སྐུ་ཕྱེད་ཉིད་དེས་སེམས་དཔའི་རང་ངོ་སྤྲད། །གསལ་བྱེད་སྣང་བ་མཉམ་སྦྱོར་སྐུ་ཞེས་བྱ། །སྐལ་ལྡན་རང་དང་གཞན་གཉིས་ཀ་རྒྱན་གྱིས་རབ་བརྒྱན་ཏེ། །གསལ་བྱེད་ཤེལ་རེ་རེ་ལྡན་པའི་མིག་གིས་ཕན་ཚུན་བལྟ། །ཡབ་དང་ཡུམ་གྱི་ངོ་བསྟན་ཡེ་ཤེས་བཟུང་། །མཉམ་ཉིད་ཁ་སྦྱོར་དགོངས་པ་ཞེས་བྱའོ། །དེ་དག་གཉིས་ཀྱི་བར་དུ་དེ་མིན་པའི་སྐྱེས་བུ་རྒྱན་དང་ལྡན། །རང་དང་གཞན་དབུས་མ་གསུམ་གཉིས་གཅིག་ལ་བལྟས་པས་སྐུ་གསུམ་རང་ངོ་འཕྲོད། །སྐུ་གསུམ་རང་འཇུག་དགོངས་པ་ཞེས་ནི་བྱ། །ཡང་ནི་སྐྱེས་བུ་རྒྱན་ལྡན་རང་དང་གཞན་གཉིས་ཀྱི་བར། །རྟ་རྔ་དག་ལ་སྒོ་ང་གཉིས་བརྒྱུས་ཏེ། །

གསང་བའི་མཚན་མའི་ཐད་ཀར་བཟུང་ལ་མཁའ་ཡི་ཐད་ཀར་གཉིས་ཀས་རབ་བཟུང་ནས། །གསལ་བྱེད་ལྡན་པའི་མིག་གིས་བལྟས་ནས་ནི། །བར་དུ་ཐིག་ལེ་ཟེར་དང་ལྡན་པ་ཉིད་མཐོང་སྟེ། །ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས་ངོས་བཟུང་། །གཉིས་མེད་གསང་སྦྱོར་ཞེས་བྱའི་དགོངས་པའོ། །དབྱུག་པ་ཡང་ནི་ཕྱི་ནང་མཚམས་སུ། མི་དང་མཚམས་སུ་ཡང་བྱུང་། ནམ་མཁར་བསླང་བྱས་ཏེ། །ཡང་ན་ཤར་དུ་ཁ་དོག་མི་མཐུན་དཀར་དམར་དར་གྱི་འཕུར་ལྕེ་འཕྱར། །གསལ་བྱེད་ལྡན་པས་ཡང་ནི་བལྟས་པ་ན། །ཡེ་ཤེས་བསྐྱོད་པའི་ནང་རླུང་རང་ངོ་འཕྲོད། །གནས་པ་རླུང་འཛིན་ཞེས་བྱའི་དགོངས་པའོ། །སྐུ་ནི་ལུགས་མའམ་ཁ་དོག་དཀར་དམར་སེར་ལྗང་མཐིང་། །རས་དེའི་ཁ་དོག་ལ་མཐུན་པའི་སྟེང་དུ་བཞག་ནས་རེ་རེའི་ཁ་དོག་སྣམ་བུ་རྣམས་བལྟས་ན། །རིགས་ལྔ་སོ་སོའི་སྐུ་ཡང་རང་ངོ་འཕྲོད། །རིགས་རྣམས་འབྱེད་པ་ཞེས་བྱའི་ངོ་སྤྲོད་དོ། །ཤིང་ནི་བར་སྣང་ཕྱོགས་བཞི་སྟེང་འོག་ཏུ། །གྱེན་དུ་བཙུག་ལ། མུ་ཏིག་སོགས་པའི་སྒོ་ངའམ་རང་གི་ཕྲེང་བས་སྦྲེལ་བ་ཕྲེང་བས་ཡོངས་བསྐོར་ཏེ། །གསལ་བྱེད་ལྡན་པའི་མིག་གིས་ཕྲེང་བ་ལ་ཡང་བལྟས་ན། །དྲ་བ་དང་ནི་དྲ་བ་ཕྱེད་པ་ཡང་། །ཤིན་ཏུ་གསལ་བའི་འོད་ཀྱིས་རྣམ་སྤྲས་ཏེ། །སྟེང་འོག་ཕྱོགས་མཚམས་རྣམས་ནི་གསལ་བར་མཐོང་། །རིགས་ལྔའི་དྲ་བ་ཉིད་ལ་ངོ་སྤྲད་པས། །གཞལ་ལས་རང་སྟོན་ཞེས་བྱའི་ངོ་སྤྲོད་དོ། །ཡང་ནི་གནས་ཁང་གྲུ་བཞི་ཕྱོགས་ནི་ཕྱེད་པ་རུ། །ཤར་ལ་སོགས་པར་ཕྱོགས་བཞིའི་སྐར་ཁུང་དབུས་ཀྱི་མཐོངས་དང་བཅས། །རང་འདོད་ལྷ་ཡི་ཡི་དམ་གཟུགས་བརྙན་ལེགས་བྲིས་ལ། །ལོགས་ལ་བྲིས་ལ་གྱང་གི་དབུས་སུ་དམར་པོའི་ཆུ། །བཅོད་ཆུས་ཟངས་བཀང་། འོད་དང་ལྡན་པའི་རྫས་རྣམས་བཀྲམ་ནས་ནི། །དེ་ཡི་འོད་རྣམས་རང་འདོད་ལྷ་དེ་དག་གི་འོད་ཐད་ཀ་ལ་ཕོག་པར་བྱས་ལ་དང་སྦྱར། །ཐང་ཀ་དེ་ཉིད་བལྟ་ཞིང་བློ་ལ་གོམས་པར་བྱ། །

དེ་ལྟར་བྱས་ན་རྟག་ཏུ་ལྷ་དང་མཉམ་པར་གནས། །མེ་ཏོག་སྣོད་བཀང་འཁར་ཕོར་འོ་མས་བཀང་དེའི་ནང་དུ་མེ་ཏོག་དཀར་དམར་རང་གི་མདུན་དུ་བཞག །གསལ་བྱེད་ལྡན་པའི་མིག་གིས་ཡང་བལྟས་ན། །ཚོམ་བུ་རྣམས་དང་རང་ངོ་འཕྲད་པ་ཡིན། །དེ་ཡི་ཕྱིར་ན་འདི་ལ་སུ་གོམས་པ། །བར་དོ་ལས་ནི་སྣང་བར་ང་ལོག་གོ། །དེ་སྐད་ཅེས་བཀའ་སྩལ་པས། གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ངོ་སྤྲོད་པའི་ཚིག་ཉི་ཤུ་རྩ་གཅིག་དེ་དག་རྣམས་གསུངས་པས། བདག་ཅག་རྣམས་ཡིད་རབ་ཏུ་དད་པར་གྱུར་ཏེ། སེམས་ཀྱི་ནུས་པ་རྙེད་ལགས་སོ། །ཉི་ཤུ་རྩ་གཅིག་དེ་དག་ནི་དབང་པོ་རྒྱ་ཆེ་བ་རྣམས་ཀྱི་དོན་དུ་གསུངས་ན། དབང་པོ་རྒྱ་ཆུང་བ་རྣམས་ཀྱིས་ཇི་ལྟར་སྤྱད་པར་བགྱི། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་སོགས་པའི་འཁོར་དེ་དག་གི་རྟོག་པ་བསལ་བའི་ཕྱིར། ཡང་འདི་དག་རྣམས་ཐུགས་ཀྱི་དཀྱིལ་འཁོར་ནས་ཕྱུང་ངོ་། །དེ་ནས་རྣལ་འབྱོར་བློ་རབ་ཅན། །དོན་འདི་ཉིད་ལ་རབ་ཏུ་དད་པས་ནི། །འདི་དག་རྣམས་སུ་བསྟན་གྱིས་ཉོན། །དཔེ་ཡིས་དཔེ་རྣམས་ཉི་ཤུ་རྩ་གཅིག་གྲངས་བསྟན་པས། །ཕྱི་ཡི་ཡུལ་རྣམས་སྙིང་པོར་གྲོལ། །འདི་ལྟར་མིག་གི་ཨ་འབྲས་རྟགས་ཕུག། རང་གི་ཚོན་ཐེབ་ཀྱིས་ནི་དེ་བཙིར་ན། །འོད་ནི་དམར་པོ་ཐིག་ལེ་སྟོང་པའི་སྒྲོན་མ་ཚོན་གང་ཆ། །ཐིག་ལེ་ཉིད་ནི་ལུས་གནས་རྟགས། །ངེས་པའི་སྙིང་པོར་གཏན་ལ་དབབ། །མགྲིན་པ་ཡི་ནི་ཕྱི་རོལ་རྩ། །གཉིད་ལོག། རང་གི་མཛུབ་དང་སྲིན་ལག་གིས། །རྩེ་མོས། ནང་དུ་དབུགས་ནི་རྔུབས་ཏེ་དེ་བཙིར་ན། །བར་སྣང་ལ་འོད་ལྔའི་དུམ་བུ་ཉིད་སྣང་བ། །ལུས་ལ་དེ་བཞིན་གནས་པའི་རྟགས། །དེས་ནི་འབྱུང་བ་རང་སར་གྲོལ། །ནང་དུ་དབུགས་

རྔུབ་གློ་དང་སྦྲིད་དྲག་ཏུ་བྱས་ན། །རང་བཞིན་གྱིས་ནི་མེ་སྟག་བཞིན། །རྣམ་པར་འཕྲོ་བའི་འོད་རྣམས་ནི། །ཤེས་རབ་ཀྱི་ནི་རྟགས་སུའོ། །རྩོལ་བས་འབད་བཅས་རྟགས་ནི་དེ་དག་གིས། །འབད་བཅས་གྲོལ་བའི་ངེས་དོན་ཐོབ། །དབྱིངས་སྨིན་མ་ཡི་ནི་ཡར་མཚམས་དང་། །མིག་གཡོན་པ་དག་གི་ཟུར་གྱི་ཆ། །མཐིང་ག་ཁྱབ་ཆེན་མི་འགྱུར་གཉིས་དག་ནི། །དབྱིངས་ཀྱི་རྟགས་ཏེ་གོམས་པའི་གནས། །རིག་པ་ལུ་གུ་རྒྱུད་ནི་འདྲེལ་ཆགས་པས། །སངས་རྒྱས་ཡུལ་ནི་མངོན་སུམ་དུ། །རྣམ་འབྱོར་རྣམས་ཀྱིས་འབད་མེད་ཅི་དགར་རོལ། །རང་བཞིན་རྫོགས་ཆེན་རྣལ་འབྱོར་པས། །གཞན་གྱི་འབད་པ་མ་ཡིན་པར། །འདི་ཉིད་དུ་ནི་མངོན་སུམ་དུ། །ཡུལ་རྣམས་ཀུན་ཀྱང་དབྱིངས་རིག་གོ། །གང་གི་རྣལ་འབྱོར་ཉིད་ལྡན་པས། །འདི་ལ་གནས་ན། འབྱུང་བ་རྣམས་ནི་རང་དེངས་སུ། །རྣལ་འབྱོར་ལྡན་པ་དེ་ཉིད་འགྱུར། །དེ་ལྟར་འབད་པ་མེད་པའི་རྟགས། །རྣལ་འབྱོར་ལུས་ལ་དེ་འཆང་བས། །དོན་གྱི་སྙིང་པོ་གཏན་ལ་ཕེབས། །དོན་ནི་རང་གི་ལུས་དཀྱིལ་ན། །སྙིང་ན་ཡེ་ཤེས་སྙིང་པོ་སྐུ་ཡུངས་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་གནས། །མ་འཁྲུལ་པ་ཡི་ཡེ་ཤེས་ཏེ། །འཁྲུལ་པ་ཀུན་གྱི་བདག་ཉིད་དོ། །སྣང་བ་ཉིད་ནི་འདི་དག་ལ། །རྩོལ་མེད་ཉིད་ལ་རབ་གོམས་ན། །དོན་དེ་ངོ་སྤྲད་པས་ཆོས་ཉིད་བར་དོ་ལ། །སྔར་འདྲིས་མི་བཞིན་མཐོང་བའི་སྟོབས་ཀྱིས་ཤེས་པར་འགྱུར། །ངོ་སྤྲད་པའི་དེ་ཡི་དོན་རྣམས་དེར་སྣང་ངོ་། །གསང་བའི་བདག་པོས་ཡང་གསོལ་པ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། །རྒྱ་ཆུང་སེམས་ཅན་བློ་གསུམ་རྣམས་ལ། །མཆོག་ཏུ་བསྡུས་པ་དེ་ལྟར་ན། །དེ་དག་རྣམས་ཀྱི་བྱེ་བྲག་རྣམས། །རིམ་པ་ཇི་ལྟར་བདག་ལ་གསུངས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །གསང་བའི་བདག་པོ་ཡང་ཉོན་ཅིག །སྤྱི་རྣམས་སྤྲོས་པ་ཅན་གྱི་དོན། །རྒྱ་ཆེ་ལས་ནི་རྣམ་བསྡུས་པ། །

ཉི་ཤུ་རྩ་གཅིག་བློ་རིམ་བཞིན། །འོད་དང་ཡེ་ཤེས་ཉིད་ལ་ནི། །ངོ་སྤྲོད་རྣམ་པ་བདུན་དག་གིས། །བློ་ཆུང་རིམ་པ་བདུན་རྣམས་གྲོལ། །སྐུ་དང་ཐིག་ལེ་ཉིད་ལ་ཡང་། །ངོ་སྤྲོད་ཉིད་ནི་རྣམ་བདུན་གྱིས། །འབྲིང་པོ་བདུན་པོའི་དོན་དུའོ། །རིག་པ་དང་ནི་དབྱིངས་ལ་བདུན། །ཆེན་པོ་རྣམས་ཀྱི་དོན་དུའོ། །དེ་ནི་ཕྱི་ལས་ནང་དུ་བསྡུས། །ཡང་བསྡུས་པ་ནི་འདི་དག་གོ། །འོད་ལ་ཕྱི་དང་ནང་གཉིས་ཏེ་ཡེ་ཤེས་ཀྱི་འོད་དང་ངོ་བོ་དང་ལམ་དུའོ། །གསུམ། །སྐུ་ལ་ཆོས་ལོངས་སྤྲུལ་གསུམ་བསྟན་ཐིག་ལེ་རྩའི་དང་མིག་གི་དང་བར་དོའོ། །གསུམ། །རིག་པ་གཉིས་ཏེ་གཞི་འཛིན་པ་དང་མཚན་ཉིད་འཛིན་པ་དབྱིངས་ལ་གཉིས། །དེ་དག་བསྡུས་པའི་དོན་དུའོ། །ཤིན་ཏུ་བསྡུས་པ་འདི་དག་ཉིད། །དཔེ་ཤེལ་ལས་བྱུང་བའི་འོད་དང་རྟགས་མིག་ནས་དང་དོན་སྙིང་ན་གསུམ་གྱིས། །རང་བཞིན་གནས་པའི་འབྲས་བུ་ཐོབ། །གལ་ཏེ་དེ་ལ་མ་མོས་ན་ལྷ་བསྒོམ་པ་ལ་བསླབ་ཕྱག་རྒྱ་ལྷ་ཡི་རྣལ་འབྱོར་འཇུག །མཚན་མ་ཅན་གྱི་དོན་དུའོ། །སྤྲོས་བྲལ་དབྱིངས་རིག་པ་ཉག་གཅིག་དགོངས་པ་ནི། །དེ་དག་རྣམས་ཀྱི་འཛིན་པ་བྲལ། །སྨིན་པས་སྨིན་པ་ལམ་དུ་བྱེད། །མངོན་གསུམ་རྒྱུན་དུ་གནས་པ་ལ། །སྙིང་པོ་རང་གིས་རང་མཐོང་བས། །གཞན་རྩོལ་རྣམས་ཀྱིས་ཅི་ཞིག་བྱ། །འདི་ཉིད་ལ་ནི་གོམས་པར་བྱའོ། །ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ལས། གསང་བ་ནང་གི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཕྱིའི་དཔེ་རྣམ་པར་སྤྲོས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་བཞེངས་ནས་གསང་བའི་བདག་པོ་ལ་སོགས་པ་རྣམས་ལ་བོས་ནས་འདི་སྐད་ཅེས་གསུངས་སོ། །ཀྱེ་ལག་ན་རྡོ་རྗེ་འཛིན་པ་འདི་དག་རྣམས་ཁྱོད་ཀྱིས་ཟུང་ཞིག །ཕྱི་ཡུལ་གྱི་སེམས་སྦྱང་བ་དང་གཞིལ་བ་དང་བཏུལ་བ་ལ་སོགས་པའི་གནད་ཀྱིས་ནང་སེམས་གཏན་ལ་དབབ་པར་བྱ། དེ་ལྟར་སེམས་སྤྲོས་པ་ཆོད་ནས་ནང་སེམས་ཀྱི་གནད་ཀྱིས་གསང་བ་དབྱིངས་གཏན་ལ་དབབ་པར་བྱའོ། །གསང་བ་དབྱིངས་ཀྱི་གནད་ཀྱིས་གསང་བ་བླ་ན་མེད་པའི་རིག་པ་ཉིད་མངོན་སུམ་དུ་གཏན་ལ་དབབ་པར་བྱའོ། །དེའི་ཕྱིར་ན་སངས་རྒྱས་ཀུན་གྱི་ཚད་འཛིན་པ། །ཤེལ་དཔེའི་

ཡེ་ཤེས་རྣམས་ལ་བརྟག །རྟགས་ཀྱི་ཡེ་ཤེས་ཚད་འཛིན་པ། །མིག་ནས་ཐིག་ལེ་སྟོང་པའི་སྒྲོན་མ་བརྟག །དོན་གྱི་ཡེ་ཤེས་ཚད་འཛིན་པ། །མངོན་སུམ་རྡོ་རྗེ་ལུ་གུ་རྒྱུད་གསལ་བའི་སྣང་བས་བརྟག །སྒྲ་ཚིག་མིང་གི་ཚད་འཛིན་པ། །ཕྱི་ཡི་ཡུལ་དང་སྣང་བ་འབྱུང་བ་ཡང་བརྟག །མི་རྟོག་བསམ་གཏན་ཚད་འཛིན་པ། །ལག་གི་འདུ་བྱེད་མདུང་ཁྱིམ་དང་སྒོ་ང་ལ་སོགས་པ་ཉིད་ལ་བརྟག །སྒྲ་དོན་ཤེས་པའི་ཚད་འཛིན་པ། །འབྱུང་བའི་ཆོ་འཕྲུལ་ཉིད་སྣ་ཚོགས་པ་ལ་བརྟག །ཨཱ་ལི་ཀཱ་ལིའི་ཚད་འཛིན་པ། །གནས་དང་འབྱུང་བ་ཉིད་ལ་བརྟག །འཁྲུལ་པ་རྣམས་ཀྱི་ཚད་འཛིན་པ། །རྨི་ལམ་བྱ་བྱེད་ཉིད་ལ་བརྟག །བག་ཆགས་འཐུག་པོའི་ཚད་འཛིན་པ། །གང་ཞེན་ཡུལ་གྱི་རྐྱེན་ལ་བརྟག །མ་འཁྲུལ་ཡེ་ཤེས་ཚད་འཛིན་པ། །སྤྲིན་དང་བྲལ་བའི་ནམ་མཁར་བརྟག །ཡེ་ཤེས་འོད་ཀྱི་ཚད་འཛིན་པ། །མན་ཤེལ་སྙིང་པོ་དོད་ཉིད་ལ་བརྟག །ཐིག་ལེ་རྣམས་ཀྱི་ཚད་འཛིན་པ། །དྲ་བ་མིག་ཚགས་ལུ་གུ་རྒྱུད་ཀྱི་བར་ལ་བརྟག །རྣལ་འབྱོར་གོམས་པའི་ཚད་འཛིན་པ། །རིག་པ་ཚད་ལ་ཕེབས་ཐིག་ལེ་ལས་སྐུ་ལ་བརྟག །སྤྲོས་མེད་རང་དག་ཚད་འཛིན་པ། །བསྒྲུབ་རྒྱུ་རྣམས་དང་བྲལ་བར་ཟད་པ་བརྟག །བདེ་བ་རང་གནས་ཚད་འཛིན་པ། །ཡུབ་ཡུམ་གྱི་སྙོམས་འཇུག་མཁའ་མཉམ་དག་ཏུ་བརྟག །ཕྱག་རྒྱ་ཆེན་པོའི་ཚད་འཛིན་པ། །སྣང་སྲིད་ཕྱག་རྒྱའི་ཞིང་ལ་བརྟག །རིག་པ་རྩལ་དབང་ཚད་འཛིན་པ། །གཞི་སྤྱོད་ལུས་ངག་སེམས་ཀྱི་བརྡའ་ལ་བརྟག །སྲོག་ཤིང་དམ་ཚིག་ཚད་འཛིན་པ། །གདེངས་ལྡན་མི་འདའ་རྒྱུན་དུ་ཡེ་བསྲུངས་རང་བཞིན་མེད་པ་ཉིད་ལ་བརྟག །ཐ་སྙད་གྲུབ་མཐའི་ཚད་འཛིན་པ། །ཐིག་ལེ་ཉག་གཅིག་སྤྲོས་དང་བྲལ་ལ་བརྟག །ཐིག་ལེ་ཕྱི་ནང་ཐེག་པ་སྤྱིར་དང་ཡང་བྱུང་ཚད་འཛིན་པ། །རིག་པ་མཁའ་ལྡིང་དབྱིངས་རིག་འདྲེས་པ་ཉིད་ལ་བརྟག །དྲན་པ་རྣམས་ཀྱི་ཚད་འཛིན་པ། །སྒོ་ལྔའི་ཤེས་པ་ཡུལ་འཛིན་པ་ཉིད་ལ་བརྟག །གསལ་བ་རྣམས་ཀྱི་ཚད་འཛིན་པ། །ཡུལ་རྐྱེན་གཟུགས་ལ་ཞེ་སྡང་སོགས་བྲལ་བའི་མཚམས་སུ་བརྟག །རྟག་པ་ཉིད་ཀྱི་ཚད་འཛིན་པ། །མ་རྟོགས་པའི་དྲན་པ་སངས་

པའི་གནས་སུ་བརྟག །འཛིན་པ་ཀུན་གྱི་ཚད་འཛིན་པ། །འདོད་པའི་ཡོན་ཏན་གཟུགས་སྒྲ་ལ་སོགས་པ་ལྔ་ལ་བརྟག །མ་རིག་རྩ་བའི་ཚད་འཛིན་པ། །ཡོད་མེད་རྟག་ཆད་གཉིས་ཀྱི་མཚམས་སུ་བརྟག །ཉོན་མོངས་རྣམས་ཀྱི་ཚད་འཛིན་པ། །གློ་བུར་དགྲའི་ཡུལ་ངན་པ་རྐྱེན་གྱི་དུས་སུ་བརྟག །འགྱུ་བྱེད་ཡིད་ཀྱི་ཚད་འཛིན་པ། །གང་བསམ་པར་ཤེས་པས་ཕྱིན་པའི་ཚན་ཡུལ་གྱི་སྣང་བ་བརྟག །བདག་འཛིན་བློ་ཡི་ཚད་འཛིན་པ། །འགྱུ་བྱེད་འགྱུ་བའི་བློ་ཡང་ཡང་འབྱུང་བའི་མཚམས་སུ་བརྟག །ཤེས་རབ་ཆེན་པོའི་ཚད་འཛིན་པ། །ཡུལ་རྐྱེན་ཆོད་པའི་སྒོ་ལྔ་རང་ཡིན་པའི་བར་དུ་བརྟག །རྟོག་མེད་རང་ས་ཚད་འཛིན་པ། །ཕྲ་རགས་བྲལ་བའི་འབྱུང་བའི་རླུང་ཟད་པ་མཚམས་སུ་བརྟག །དྭངས་མ་ལྔ་ཡི་ཚད་འཛིན་པ། །འབྱུང་བ་མི་སྣང་འོད་དུ་དག་པའི་དུས་ན་བརྟག །ཡེ་ཤེས་རྣམས་ཀྱི་ཚད་འཛིན་པ། །རང་གདངས་ཡུལ་འོད་དུ་ཡུལ་སྣང་ཚེ་ན་བརྟག །ཆོས་ཀྱི་སྐུ་ཡི་ཚད་འཛིན་པ། །གནོད་པ་བྲལ་བའི་དུས་སུ་བརྟག །ལོངས་སྐུ་ཉིད་ཀྱི་ཚད་འཛིན་པ། །རིག་པ་མ་བུ་འཕྲད་པའི་ཚེ་ན་བརྟག །སྤྲུལ་པ་སྐུ་ཡི་ཚད་འཛིན་པ། །ཕྱེད་ཕྱེད་ཉིད་ཀྱི་གཉིས་ཀྱི། ཡང་བྱུང་། རང་བཞིན་གྱི་ཞིང་ཁམས་མཚམས་སུ་བརྟག །བླ་མའི་མན་ངག་ཚད་འཛིན་པ། །ཕུང་པོ་མེད་པར་འབྱུང་བ་དེངས་པའི་དུས་སུ་བརྟག །སྙིང་པོ་རྣམས་ཀྱི་ཚད་འཛིན་པ། །ཐིག་ལེ་འདུས་པའི་དུས་སུ་བརྟག །ལུས་རྟགས་དྲོད་ཀྱི་ཚད་འཛིན་པ། །རྟག་ཏུ་རེས་འཇོག་བྲལ་བའི་དུས་ན་བརྟག །གསུང་གི་སྒྲ་ཡི་ཚད་འཛིན་པ། །སྲིད་པ་གཞིར་བཞེངས་སྔར་མི་ཤེས་པའི་ཆོས་རྣམས་ཤེས་པ་དུས་སུ་བརྟག། རིག་པ་རང་གནས་མི་འགྱུར་སྐུ་ཡི་ཚད། །འབྱུང་བ་ཟད་མི་ལུས་མི་སྣང་པའི་དུས་ན་བརྟག །ཡེ་ཤེས་ཐུགས་ཀྱི་ཚད་འཛིན་པ། །སྣང་བ་བློ་ལ་སྐྱེ་མི་སྲིད་གཞིར་བཞག་དུས་སུ་བརྟག །དགོངས་པ་རྣམས་ཀྱི་ཚད་འཛིན་པ། །རིག་པ་གོང་ནས་གོང་དུ་སྲང་ལ་ཐེབ་པར་བརྟག །ཏིང་ངེ་འཛིན་གྱི་ཚད་འཛིན་པ། །ཟས་གོས་དང་བདག་མེད་པ་འདུ་ཤེས་གསུམ་དང་བྲལ་བར་བརྟག །ཆོས་ཉིད་མི་གཡོའི་ཚད་འཛིན་པ། །གང་ཡང་མི་བྱེད་མཉམ་པ་ཉིད་ཀྱི་དུས་ན་བརྟག །ལྷག་མཐོང་ཉིད་ཀྱི་ཚད་འཛིན་པ། །བླ་མའི་གདམས་ངག་འཁོར་འདས་རུ་ཤན་ལ་སོགས་པ་ཉིད་ལ་

བརྟག །འབད་མེད་རང་གྲོལ་ཚད་མི་སྐྱེ་བ་འཛིན་པ། །ཁྲེགས་ཆོད་ཐོད་རྒལ་རང་རྒྱས་བཏབ་པ་མཚམས་སུ་བརྟག །ལུས་གནས་ཡེ་ཤེས་ཚད་འཛིན་པ། །འདུག་སྟངས་སྣང་བ་མི་འདྲ་བ་སེང་གེ་དང་དྲང་སྲོང་ལ་སོགས་པ་རྣམས་ཀྱི་དུས་ན་བརྟག །ཡིད་ཆེས་གོམས་པའི་ཚད་འཛིན་པ། །ཉམས་མྱོང་གོམས་པའི་དུས་ན་བརྟག །སྐུ་གསུམ་འབྲས་བུའི་ཚད་འཛིན་པ། །ཆོས་རྣམས་ཅི་ཡང་མ་ཡིན་པར་ཤེས་ཟད་པའི་དུས་ན་བརྟག །ཐུགས་རྗེས་དོན་བྱེད་ཚད་འཛིན་པ། །ཡེ་ཤེས་མཁྱེན་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཆ་ཙམ་དུ་ཡོད་དུས་ན་བརྟག །ཁ་དོག་དབྱིབས་ཟད་ཚད་འཛིན་པ། །རང་ལུས་ལ་འབྱུང་བའི་གནོད་བྲལ་དུས་ན་བརྟག །འབྱུང་བ་རྣམས་ཀྱི་ཚད་འཛིན་པ། །འོད་དང་འབྱུང་བ་ཕྱི་ནང་གཉིས་ཀྱི་མཚམས་སུ་བརྟག །དེ་ལྟར་ཚད་རྣམས་བརྟགས་པ་ཡིས། །དོན་གྱི་ཡིད་ཆེས་ངོ་སྤྲོད་པའོ། །ཞེས་གསུངས་པས་གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་རབ་ཏུ་དང་བ་སྐྱེས་ཏེ། བློའི་དྲི་མ་ཐམས་ཅད་ཀྱང་རང་བཞིན་གྱིས་དག་ནས། དེ་དག་གི་ཚད་རྣམས་དུས་གཅིག་ལ་ཟིན་པར་གྱུར་ཏེ། མགྲིན་གཅིག་ཏུ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཚད་བཀའ་སྩལ་པ། བདག་ཅག་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི་ཚད་འདི་ལྟར་གཏན་ལ་ཕེབས་པ་ལགས་ན། །མ་འོངས་པའི་སེམས་ཅན་རྣམས་ཀྱིས་ཀྱང་།དེ་བཞིན་དུ་འགྱུར་བ་ལགས་པས། བདག་ཅག་དང་མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤྲོས་པའི་གདུང་བ་གང་གིས་ཆོད་པ་ལགས། ཐུགས་རྗེ་ཆེན་པོས་བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །ཅེས་ཞུས་སོ། །དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །མ་འོངས་པའི་སེམས་ཅན་རྣམས་ཀྱི་སྤྲོས་པ་འདི་དག་རྣམས་ཀྱིས་ཆོད་པར་འགྱུར་རོ། །ཕྱི་སྣང་བ་ཐམས་ཅད་ལ་ངོ་སྤྲད་པས། ནང་དུ་ལྟ་བ་ཡིད་ལ་གསལ་བར་སྐྱེ་བ་ཡིན་ནོ། །དེ་ཡང་སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲད་པས། སེམས་ཉིད་སྣ་ཚོགས་སུ་གོ་བའོ། །དེའི་ཚེ་ཆོས་ཐམས་ཅད་ཀྱི་འདུ་བྱེད་ལ་

མཁས་པ་ཞེས་བྱ་སྟེ། མིག་དང་། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཤེས་པས་ལུས་ཡོངས་སུ་མྱ་ངན་ལས་འདས་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག །ནམ་མཁའ་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག །ས་ཡོངས་སུ་མྱ་ངན་ལས་འདས་ཏེ། ཚོར་བའི་ཕུང་པོ་རྣམ་པར་དག །མེ་ཡོངས་སུ་མྱ་ངན་ལས་འདས་ཏེ། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག །རླུང་ཡོངས་སུ་མྱ་ངན་ལས་འདས་ཏེ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས། སྣང་བ་ཐམས་ཅད་རྟེན་གཞལ་ཡས་ཁང་དུ་ངོ་སྤྲད་པས། སངས་རྒྱས་ཐམས་ཅད་ཀྱི་གནས་ལ་ལོངས་སྤྱོད་པ་ཞེས་བྱ་བ་ཡིན་ནོ། །ཀྱེ་རྡོ་རྗེ་སེམས་དཔའ་སེམས་ཉིད་སྐུའི་རང་བཞིན་དུ་ངོ་སྤྲད་པས། སྐུ་ཉིད་གསལ་བ་ཐམས་ཅད་ཀྱི་བདག་ཉིད་དམ་པར་གོ་བས། སངས་རྒྱས་རྣམས་དང་གདན་གཅིག་ལ་གནས་པ་ཡིན་ཏེ། གཟུགས་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། སྒྲ་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། དྲི་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། རོ་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་། རེག་སྐུ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་སྟེ་སྣང་བ་ཐམས་ཅད་སྐུར་ངོ་སྤྲད་པས། བརྟེན་པ་ལྷའི་སྐུ་ངོ་སྤྲད་པས། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་གཅིག་ཏུ་གྱུར་པ་ཞེས་བྱའོ། །ཀྱེ་གསང་བའི་བདག་པོ་ཉོན་ཅིག །རྡོ་རྗེ་སྐུ་ཡི་རང་བཞིན་པས། །མི་འགྱུར་མི་ཤིགས་ངང་དུ་གནས། །པདྨ་གསུང་གི་རང་བཞིན་པས། །མ་འགགས་འགག་མེད་སྙིང་པོར་གནས། །འཁོར་ལོ་ཐུགས་ཀྱི་རང་བཞིན་པས། །མི་རྟོག་བསམ་གཏན་ཆེན་པོར་གནས། །སྐུ་གསུམ་མི་འབྱེད་དཀྱིལ་འཁོར་ནས། །སངས་རྒྱས་རྣམས་ཀྱི་ཐབས་ཤར་བས། །ཞེན་པ་བློ་ཡི་ཐག་པ་བཅད། །འགྲོ་བ་དྲུག་གི་གཡང་ས་ཟླུམ། །སྣང་བ་བདེ་བའི་ཞིང་དུ་ཤར། །ཞེས་པ་རྣམས་ངམས་པའི་ཚིག་ཏུ་བསྒྲགས་ནས་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ། སྣང་བ་ཉིད་སྟོང་པར་ངོ་སྤྲད་པས།

སྣང་བ་ཕུང་པོ་རྣམས་དང་གཉིས་སུ་མི་འབྱེད་པར་གྱུར་ནས་ཆོས་ཀྱི་དབྱིངས་ཀྱི་དབང་དུ་གྱུར་ཏེ། ཡུལ་ཐམས་ཅད་གཅེར་གྲོལ་དུ་ངོ་སྤྲད་པའོ། །སྟོང་པས་སྟོང་པའི་ཚད་ཟིན་ཏེ།གྲུབ་པའི་མཐའི་ཞེན་པ་ཐམས་ཅད་དུས་གཅིག་ལ་ཆོད་ནས་སྟོང་པ་ཉིད་སྐུའི་ཀློང་དུ་ཀུན་ཆུབ་པར་གྱུར་ནས། འཁོར་འདས་གཉིས་སུ་མེད་པའི་གདེང་རྙེད་པའོ། །ཀྱེ་གསང་བའི་བདག་པོ་ཉོན་ཅིག །ཆུའི་སྣང་བ་མེད་པས་ཀུན་ཁྱབ་ཆེན་པོའི་སྣང་བ་རྙེད། སའི་སྣང་བ་རང་བྱུང་བས། ཁྱབ་བརྡལ་ཆེན་པོའི་སྟོང་པ་རྙེད། །མེའི་སྣང་བ་ཡེ་རྫོགས་པས། །རང་གསལ་ཆེན་པོའི་སྟོང་པ་རྙེད། །རླུང་གི་སྣང་བ་རང་སངས་པས། །བསྐྱོད་པ་ཆེན་པོའི་སྟོང་པ་རྙེད། །ནམ་མཁའི་སྣང་བ་ཡེ་དྭངས་པས། །དག་པ་ཡུལ་གྱི་སྟོང་པ་རྙེད། །ཅེས་ངམས་པའི་ཚིག་ཏུ་བརྗོད་ནས། ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་པའི་བདག་པོ་རྡོ་རྗེ་འཛིན། སྟོང་པ་ཉིད་གསལ་བར་ངོ་སྤྲད་པས་སྟོང་པ་ཉིད་བལྟ་བ་རྣམས་དང་མི་ཕྱེད་པར་གྱུར་ནས། ཡུལ་ནས་འཛིན་པ་ཐམས་ཅད་རང་སར་དག་སྟེ། མི་གནས་པའི་ཀློང་མཁའ་མཉམ་དག་པའི་གནས་སུ། རྡོ་རྗེ་སྙིང་རང་གི་སྣང་བ་པོ་དང་དུ་ལེན་པ་ཟད་པ་གསལ་བའི་ཡུལ་ཞེས་བྱ་བའི་དོན་སྐྱེས་ཏེ། ཆོས་ཐམས་ཅད་ཀྱི་འབྲས་བུ་ལ་དབང་ཐོབ་ནས་རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་གནས་པའོ། །ཀྱེ་མ་གསང་བའི་བདག་པོ་ཉོན་ཅིག། གཞི་ཡེ་ནས་མེད་པའི་སྟོང་པ་ཡིས། །ཉམས་བླངས་ཙམ་འབྱུང་བ་རང་ཟད་འོད་སྣང་རྙེད། །བྱ་བྱེད་རྩོལ་མེད་བྲལ་བའི་སྟོང་པ་ཡིས། །སྐུ་གསུམ་མཚོན་པའི་འོད་སྣང་རྙེད། །འབྱུང་བ་ཟད་པའི་སྟོང་པ་ཡིས། །རྣལ་འབྱོར་བརྟན་པའི་འོད་སྣང་རྙེད། །ཏིང་འཛིན་རྒྱུན་དུ་གནས་པའི་སྟོང་པ་ཡིས། །རང་གསལ་བཞག་པའི་འོད་སྣང་རྙེད། །རྟག་ཆད་མཐའ་ལ་མི་གནས་སྟོང་པ་ཡིས། །རང་རིག་སྒྲིབ་བྲལ་འོད་སྣང་རྙེད། །ཅེས་ངམས་པའི་ཚིག་ཏུ་བརྗོད་ནས། ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ། གསལ་བ་རིག་པར་ངོ་སྤྲད་པས། གསལ་བ་ཉིད་མཐའ་ཐམས་ཅད་རྣམ་པར་འབྱེད་པའི་རང་སྣང་དུ་ཤར་ནས། དྲི་མ་ཐམས་ཅད་ལས་འདས་པའི་དཀར་པོ་རང་བྱུང་། ཡོན་ཏན་ཐམས་ཅད་རྫོགས་པའི་སེར་པོ་རང་བྱུང་། མ་བཙལ་བཞག་པའི་དམར་པོ་རང་བྱུང་། བྱ་བཙལ་རྫོགས་པའི་ལྗང་གུ་རང་བྱུང་། མི་འགྱུར་ཁྱབ་པའི་མཐིང་གར་རང་བྱུང་བའོ། །གསང་བའི་

བདག་པོ་རྡོ་རྗེ་འཛིན་པ་ཆེ། །སྐུ་ཡི་གསལ་ཆས་རིག་པ་དྲི་མེད་མཐོང་། །ཐིག་ལེའི་གསལ་ཆས་རིག་པ་ཉག་གཅིག་མཐོང་། །ཡེ་ཤེས་གསལ་ཆས་རིག་པ་ཡེ་དྭངས་མཐོང་། །དབྱིངས་ཀྱི་གསལ་ཆས་རིག་པའི་རང་ཡུལ་མཐོང་། །སྒྲོན་མའི་གསལ་ཆས་རིག་པའི་རང་ངོ་མཐོང་། །འོད་ལྔའི་གསལ་ཆས་རིག་པའི་ཁ་དོག་མཐོང་། །སྣང་བའི་གསལ་ཆས་རིག་པའི་རང་བཞིན་མཐོང་། །ཤེས་རབ་གསལ་ཆས་རིག་པའི་འདུག་ཚུལ་ཤེས། །ཞེས་བརྗོད་ནས་ཡང་གསང་བའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད། ཡིད་གཞན་དུ་མ་ཡེངས་པར་ཉོན་ཅིག །རིག་པ་དང་དབྱིངས་ངོ་སྤྲད་པས་རིག་པ་ཉིད་ཡུལ་ཐམས་ཅད་ཀྱི་བདག་ཉིད་དུ་བྱུང་སྟེ། དེ་ཉིད་གནས་ཀུན་ལ་ལོངས་སྤྱོད་པ་ཞེས་བྱ་བར་རྡོ་རྗེ་སྙིང་པོའི་ཚིག་ཏུ་ངས་བསྟན་ཏོ། །དེའི་ཕྱིར་ན། སྔོན་དུ་རིག་པ་སྣང་བའི་ཡུལ་ལ་མཁས་པས། དྲན་པ་ཐམས་ཅད་ཀྱི་སྒོ་བཀག་པ་ཞེས་བྱ་སྟེ། དེ་ཉིད་ཀྱིས་དེ་ཉིད་གྲོལ་བའི་མན་ངག་གཞི་རྣམ་པར་དག་པས་ལམ་མངོན་དུ་ཤར་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་མཛད་པའི་དོན་ལ་མཁས་པ་ཞེས་བྱ་བར་རང་བྱུང་བ་ཡིན་པས། བདག་ཉིད་ལུང་ཐམས་ཅད་ཀྱི་ལུང་དུ་རིག་པ་ཉིད་བྱུང་བའོ། །ཀྱེ་གསང་བའི་བདག་པོ་ཉོན་ཅིག །གཞི་ལ་གནས་པའི་རིག་པ་ཡིས། །ཆོས་ཉིད་འདུས་པའི་དབྱིངས་དང་འཕྲད། །མཚན་ཉིད་འཛིན་པའི་རིག་པ་ཡིས། །རྣམ་པར་དག་པའི་དབྱིངས་དང་འཕྲད། །ལུ་གུ་རྒྱུད་ཀྱི་རིག་པ་ཡིས། །རང་བཞིན་འོད་ཀྱི་དབྱིངས་དང་འཕྲད། །ཅེས་ངམ་པའི་ཚིག་རང་བྱུང་ངོ་། །དེ་ནས་ཡང་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་དེ་རྣམས་ཀྱི་དོན་བསྡུས་ནས་གང་ཟག་གཅིག་ལ་སྟོན་ན་ཅི་ལྟར་བགྱི། སྟོན་པ་ཉིད་ཀྱིས་བདག་ལ་གསུངས། དེ་ནས་རྡོ་རྗེ་འཆང་ཆེན་པོ་དེས། འདི་དག་ཚིག་ཏུ་བརྗོད་དོ། །ཨེ་མ་ཧོ། སྣང་བ་ཐམས་ཅད་སེམས་སུ་ངོ་སྤྲད་པས་སེམས་ལ་བྱན་ཚུད། སེམས་སྟོང་པར་ངོ་སྤྲད་པས་སྟོང་པར་བདེ་བའི་རྒྱས་གདབ། སྟོང་པ་རིག་པར་ངོ་སྤྲད་པས་རིག་པ་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །དེའི་ཕྱིར་ན། འཁྲུལ་པ་རྣམས་སྤྲུལ་སྐུ་ལ་ངོ་སྤྲད་པས་སྣང་བ་འདི་གཏན་ལ་ཕེབས། ལོངས་ཚོམ་བུ་སྤྱོད་རྫོགས་པའི་སྐུ་ལ་ངོ་སྤྲད་པས་

བར་དོའི་སྣང་བ་གཏན་ལ་ཕེབས། ཆོས་ཀྱི་སྐུ་ལ་ངོ་སྤྲད་པས་ཆོས་ཉིད་ཀ་ནས་དག་པའི་སྣང་བ་གཏན་ལ་ཕེབས་པའོ། །དེ་ལྟར་ན་སྤྲུལ་སྐུ་དང་ངོ་སྤྲད་པས་ལུས་ངག་གི་ཞེན་པ་བྱ་བ་བྲལ་བར་བྱ་བའི་སྤྱོད་པ་ལུས་ཀྱི་གནད་གཅུན་པས་སྔོན་དུ་འགྲོ་བའི་ལས་ལ་མཁས་པར་བྱས། དེ་ལྟར་ན་ལོངས་སྐུ་དང་ངོ་སྤྲད་པས་ཡུལ་ནམ་མཁའ་དང་སྒོ་མིག་དང་ངོ་བོ་རིག་པ་གསུམ་ལ་མཁས་པར་བྱས་ནས་ཉམས་མྱོང་རྒྱུད་ལ་བརྟེན། ཆོས་སྐུ་དང་ངོ་སྤྲད་པས་རིག་པ་ཉིད་ཚད་ལ་ཕབ་སྟེ། ལུ་གུ་རྒྱུད་མངོན་སུམ་དུ་སྣང་བར་བྱས་པའོ། །ཨེ་མ་ཧོ། ནམ་མཁའ་རིག་པ་དག་ལ་སུས་འཛིན་པ། །འདིས་ནི་རང་གི་དང་པོའི་གནས་ལུགས་འགྲོ་ས་ཤེས། །ཙཀྵུ་ཉིད་ལ་མིག་གི་དེ་བཞིན་ཉིད་གང་སྤྱོད་པ། །འདིས་ནི་ཞིང་ཁམས་གཏན་ལ་ཕེབས། །རིག་པ་ཉིད་ལ་རྡོ་རྗེ་ལུ་གུ་རྒྱུད་ལ་སུ་གོམས་པ། །འདིས་ནི་རང་འབྱུང་ཕུང་པོ་ལྷག་མེད་དུ་རང་སར་དེངས། །དེ་ཡི་ཚད་ལ་གང་གནས་པ། །ཆོས་ཉིད་ཀུན་ཀྱང་ཟད་པའི་སའོ། །ཞེས་ངོ་སྤྲོད་རིན་པོ་ཆེ་སྤྲས་པ་གསལ་བའི་རྒྱུད་ཆེན་པོ་ལས། ཕྱི་ཡུལ་ལ་སྤྲད་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པས། གསང་བའི་བདག་པོ་ལ་སོགས་པའི་འཁོར་དེ་དག་དགའ་མགུ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །།གསང་བ་ངོ་སྤྲོད་རིན་པོ་ཆེ་སྤྲས་པའི་རྒྱུད་ཅེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་དུ་ཕྱུང་བ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བི་མ་ལ་དང་། བོད་ཀྱི་ལོཙྪ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར་བའོ།། །།དཔལ་སྔགས་ཀྱི་སྲུང་མས་སྲུངས་ཤིག །ངོ་སྤྲོད་སྤྲས་པའི་རྒྱུད་ལ་འགྲེལ་པ་རིན་པོ་ཆེ་བསྟར་བརྒྱུས་བྱ་བ་ཡོད། ངོ་སྤྲོད་སྤྲས་པའི་རྒྱུད་ལ་མ་བུ་བཅོ་ལྔ།

མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། རཏྣ་མུཀྟ་མཱ་ལཱ་ཏནྟྲ་ནཱ་མ། བོད་སྐད་དུ།མུ་ཏིག་རིན་པོ་ཆེ་ཕྲེང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ངོ་བོ་རིག་པའི་བདག་ཉིད་འཁྲུལ་པ་མི་མངའ་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཀྱེ་མ་རང་ཤེས་རིག་གི་རྒྱལ་པོར་སྣང་བའི་ཕྱིར་འཁྲུལ་པའི་བདག་ཉིད་ཆེན་པོ་རྣམས་ཉོན་ཅིག། གཞི་རིག་པ་ལས་འདས་པར་བྱ་བའི་ཡུལ་མེད་ང་མེད་པའི་སྔོན་རོལ་ན། ཀ་དག་རང་དུ་གནས་པ་འཁྲུལ་པ་མེད་པའི་རིག་པ། འཁྲུལ་པའི་བདག་ཉིད་ཅན་ཞེས་བྱ་བ་ལྷུན་གྲུབ་པ་ཡོད་དེ། དེ་ལས་དེ་མ་དག་པ་ལས་འདི་ལྟར་སྣང་བའི་ཆོ་འཕྲུལ་ཕྱི་སྣོད་དང་ནང་བཅུད་ཆེན་པོ་ཆེར་བྱུང་སྟེ། རང་སྣང་དུ་འཁྲུལ་པས་མ་བགོས་པའི་ཡུལ་སོ་སོར་ཤར་རོ། །དེའི་ཚེ་ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་སྣང་བ་འདུ་བྱེད་ཀྱི་རྒྱལ་པོ། སྣང་བ་ལ་རང་དང་བདག་ཏུ་རིས་སུ་འབྱེད་པའི་རིག་པས་ངོ་བོ་མ་གཡོས་ཀྱང་སྣང་བའི་རྟོག་པ་དུ་མ་ལྟར་བདག་འཛིན་དུ་བྱུང་ངོ་། །འཁྲུལ་པའི་སྣང་བ་རང་དྭངས་སུ་དག་སྣང་ཞིང་ཁམས་སུ་རིག་པ་བཞི་ལ་བཟློག་པའི་ཐབས་མཆོག་ཏུ་བླ་མའི་མན་ངག་ངས་བསྟན་གྱིས། ལེགས་པའི་ལུས་ངག་ཡིད་གསུམ་ཚུལ་གསུམ་གྱིས་ཉོན་ཅིག །དེ་ནས་སྡུད་པ་པོའི་དོན་ཁོང་དུ་རྟོགས་པས་གསང་བའི་བདག་པོས་ཇི་ལྟར་གསུངས་པའི་དོན་ཁོང་དུ་ཆུད་ནས་འདི་སྐད་ཅེས་སྨྲས་སོ། །འདི་སྐད་རྟོགས་པ་ཆེ་བས་སྒྲོ་སྐུར་དང་བྲལ་བདག་གིས་ཐོས་པའི་དུས་གཅིག་ཐོས་པ་ཆེ་བར་སྟོན་ན། མ་འཁྲུལ་པའི་རིག་པ་ཀ་དག་ཏུ་ཆ་ཡིས་མ་བགོས་པའི་སྣང་བ་སོ་སོར་དག་པའི་ཡུལ་གཞལ་ཡས་ཁང་དམ་པ། རང་རང་གི་ཐུགས་ཙིཏྟའི་དཀྱིལ་འཁོར་ན། སངས་རྒྱས་ཀྱི་སྣང་བ་དཔྱོད་པའི་ཤེས་རབ་རིག་པ་རྡོ་རྗེ་རྣོན་པོའི་སྐུ་དང་། རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་། རིག་པ་རང་བཞིན་རང་སྣང་གི་སྐུ་དང་། རིག་པ་རང་དྭངས་སུ་ཅོག་བཞག་གི་སྐུ་དང་། རིག་པ་ཐོགས་པ་མེད་པའི་རང་དག་ཏུ་གནས་སྐུ་དང་། རིག་པ་གཅེར་སྣང་མཐོང་བ་གཅེར་གྲོལ་དུ་བྱུང་གི་སྐུ་དང་། དེ་ཐམས་ཅད་ཀྱང་ངོ་བོ་ཀ་དག་ལ་རིག་པ་ངོ་བོའི་སྐུ་ལས་མ་གཡོས་ཏེ། རང་བཞིན་གྱི་སྣང་བ་མདོར་བསྟན་པ་ངོ་བོའི་འཁོར་བསམ་གྱིས་མི་ཁྱབ་པ་དང་། དྲི་མ་མེད་པས་དཀར་བ་དང་། མ་བཙལ་རྫོགས་

པས་དམར་བ་དང་། ཡོན་ཏན་འབྱུང་སེར་བ་དང་། མ་རྩོལ་རང་གྲུབ་ལྗང་གུ་དང་། མི་འགྱུར་བ་མཐིང་ག་ལ་སོགས་ཏེ། ནང་རང་སྣང་གི་འཁོར་བསམ་གྱིས་མི་ཁྱབ་པ་དང་། རང་ཉིད་དང་། ཕྱི་ཡུལ་གྱི་འཁོར་འཁོར་གཉིས་ལ་མདོར་བསྟན་འདི་ལྟ་སྟེ། རིག་པའི་ངོ་བོ་ལས་འདི་ལྟར་འབྱུང་དེ་བཞིན་གཤེགས་པའི་རིགས་དང་། འཇིགས་པ་མེད་པས་རྡོ་རྗེའི་རིགས་དང་། ཡོན་ཏན་རྫོགས་པས་རིན་པོ་ཆེའི་རིགས་དང་། གོས་པ་མེད་པས་པདྨའི་རིགས་དང་། བྱ་བ་དང་བྲལ་བས་ལས་ཀྱི་རིགས་དང་། འདི་ལྟར་ཀྱང་འབྱུང་ཁྲོ་བོ་ཕྱག་ན་རྡོ་རྗེ་དང་། རྟ་མགྲིན་དང་། ཡེ་ཤེས་ཀྱི་གཤིན་རྗེ་དང་། ལས་ཀྱི་མཁའ་འགྲོ་མའི་ངོ་བོ་སྟོང་པ་ཤེས་རབ་ཏུ་སྣང་ཚོགས་ལ་སོགས་ཏེ། དཔག་ཏུ་མེད་པ་དང་། ཕྱི་ཡུལ་ལ་སྣང་བ་འདུལ་བའི་འཁོར་ཐུབ་པ་དྲུག་སྤྲུལ་སྐུ་ལྟར་དང་། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་རིག་པ་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་། འཛིན་བྱེད་རིག་པ་ངོ་བོ་ལས་འཇིག་རྟེན་པ་ལྟར་འཁྲུལ་པའི་འཁོར་འདི་ལྟ་སྟེ། རྒྱུ་བདག་ཉིད་གཅིག་པ་དང་། ལྷན་ཅིག་སྐྱེས་པ་ཀུན་ཏུ་བརྟགས་པའི་མ་རིག་པ་དང་། བསམ་པ་སེམས་དང་། ཡིད་དང་། ཀུན་ཏུ་འཆར་བྱེད་དང་གཏན་ལ་འབེབས་པ་ངེས་པར་འཇོག་པའི་ཡིད་ཀྱི་རྣམ་ཤེས། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་གོ། །ལྔ་དང་། ཡུལ་འཛིན་པ་དང་། རྟོག་པ་སེམས་དང་དང་། མི་དགེ་བ་བཅུ་ལ་སོགས་པ་དང་། དེའི་སྣང་བའི་འཁོར་དབང་པོ་ལ་སོགས་པ་མདོར་བསྟན་འདི་ལྟ་སྟེ། ཡུལ་སྣོད་དང་། ཤེས་པ་བཅུད་དང་། དྲན་པ་ཡིད་དང་། མཐོང་བྱེད་མིག་དང་། ཉན་བྱེད་རྣ་བ་དང་། སྣོམ་བྱེད་སྣ་དང་། མྱོང་བྱེད་ལྕེ་དང་། འདུ་བྱེད་ཕུང་པོ་དང་། གཟུགས་འདུས་ལ་རགས་པ་དང་། སྒྲ་སྟོང་པ་དབྱེར་མེད་དང་། དྲི་ཞེན་པ་རང་གྲོལ་དང་། རོ་ཐོགས་པ་མེད་པ་དང་། རེག་བྱ་ཐུགས་རྗེ་གཞི་སྣང་དང་། ཆོས་དབྱེར་མེད་ཡུལ་དག་ཏུ་ལ་སོགས་པ་དང་། རིགས་དྲུག་ལྟར་འབྱུང་བ་མདོར་བསྟན་ལྷ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། བྱང་ཆུབ་སེམས་དཔའི་འཁོར་དོན་དམ་ཀུན་རྫོབ་གཅེར་གྲོལ་བསམ་གྱིས་མི་ཁྱབ་པ་དང་། ཡུལ་གཉེན་པོ་མཉམ་པོར་འདུལ་བ་འདུལ་བ་དང་། ཟབ་མོ་མདོ་སྡེ་དང་། རིག་པ་དངོས་མངོན་སྣང་མངོན་པ་ལ་སོགས་པ་དང་། ལྟ་བ་ངན་པ་རྣམས་ནི་རང་ལོག་འཇིག་ཚོགས་སུ་བལྟ་བ་དང་། དགེ་འདུན་ཆོས་དང་གང་ཟག་རང་གྲོལ་ཉན་ཐོས་དང་། རྟེན་འདྲེལ་རང་དག་རང་

རྒྱལ་དང་། དོན་དམ་ཀུན་རྫོབ་གཅེར་གྲོལ་བྱང་ཆུབ་སེམས་དཔའ་དང་། ཕྱི་ལྟར་ཀྲི་ཡ་དང་། ཨུ་པ་དང་། ཡོ་ག་དང་། ནང་ལྟར་མ་ཧཱ་དང་། ཨ་ནུ་དང་། ཐམས་ཅད་རང་བཞིན་དུ་གྱུར་ཨ་ཏི་ལ་སོགས་ཏེ་དཔག་ཏུ་མེད་པའི་འཁོར་སྣ་ཚོགས་སུ་སྣང་བ་དང་། ཐབས་ཅིག་ཏུ་བཞུགས་སོ། །ཞེས་མུ་ཏིག་ཕྲེང་བའི་རྒྱུད་གསང་བ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་འཁྲུལ་པ་ལྷུན་གྲུབ་ལ་འཁྲུལ་པའི་རྒྱུ་སངས་པ་ཐམས་ཅད་དག་པའི་མངའ་བདག་ལ། སྡུད་པ་པོ་གསང་བའི་བདག་པོ་ལ་སོགས་པའི་རིགས་གསུམ་གྱི་ཁྲོ་བོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ངོ་བོའི་སྒོ་ནས་བོས་པ་ཀྱེ་ཀྱེ་བཅོམ་ལྡན་འཁྲུལ་མེད་སྐུ། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །ངོ་བོ་ལས་འཁྲུལ་པ་ལྡོག་ན་ཇི་ལྟར་གཞི་རང་དག་ཏུ་ལྡོག །བདག་ཅག་རྣམས་ལ་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་དེས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་གསང་བའི་བདག །དང་པོ་གཞི་ངོ་བོ་ཀ་དག་དེ་ལ་འཁྲུལ་མེད་ཀྱང་། །སེམས་ཅན་བློ་ལ་གཞི་རང་དག་ཏུ་འཁྲུལ་པ་སྟེ། །དེ་ཡང་རིག་པའི་ཡེ་ཤེས་རང་སྣང་དུ་ཀྱི། །དམ་པའི་གདམས་པའི་རྩི་ཡིས་དོན་ལ་ཐེབས་གྱུར་ན། །ཡེ་ནས་འཁྲུལ་མ་མྱོང་བས་འཁྲུལ་པ་དང་པོའི་གཞི་ལ་ལྡོག །རང་རིག་ཡེ་ཤེས་རྟོགས་དཀའ་བ། །བློའི་སྤྱོད་ཡུལ་དུ་མ་གྱུར་པ། གཞི་ལ་ངོ་བོ་རིག་པ་བཅུད་དུ་འདྲིལ་བ་སྙིང་པོ་མི་རྟོག་ཅན། །བར་དོ་ལ་འཁྲུལ་པ་རང་གི་ངོ་བོ་ལ་གདར་ཤ་བཅད་པའི་ཐབས། །མ་རིག་འཁོར་བ་འདས་རང་དག་ཏུ་སོང་བའི་ཡེ་ཤེས་སུ་བདའ། །ལུ་གུ་རྒྱུད་ལ་རང་རིག་ཏུ་རང་གྲོལ་རྟག་ཏུ་བལྟ། །ཅིར་སྣང་རིག་པའི་སྣང་བ་སྣ་ཚོགས་སུ་གྲོལ་བ་ཀློང་དུ་བསྐྱལ། །རང་རིག་དང་པོའི་སོ་ལ་ངོ་བོ་ཀ་དག་ཏུ་བཞག །མ་རིག་པ་རྒྱུ་བདག་ཉིད་གཅིག་པའི་ཕྱིར་ཉིད་རྩད་ནས་བཅད། །ཡེ་ཤེས་སྣང་བ་བལྟ་བ་མངོན་སུམ་དུ་མིག་ནས་འཆར། །འཁྲུལ་པ་ཡེ་དག་ཡིན་ལྡོག་ན་མ་ལ་ལྡོག །ཡེ་ཤེས་སྣང་བ་བར་དོར་བུ་ལ་སྣང་། །སེམས་ཀྱི་རྩད་བཅད་སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ཡེ་ཤེས་ཀློང་། །མ་རིག་ཕུགས་དེད་མ་རིག་པ་རང་དག་ལུ་གུ་རྒྱུད། །སྒོ་ལྔའི་རྒྱུན་བཅད་འཛིན་པ་རང་

གྲོལ་དུ་ཡེ་ཤེས་གསལ། །རིག་པའི་མཐོང་ཕྱེ་སྟོང་གསལ་གཉིས་མེད་སྣང་བར་འགྱུར། །འཁྲུལ་སྣང་རང་དྭངས་ཡུལ་ཕྱུང་རིག་པ་ཀ་དག་ཏུ་རང་། །ཡིད་རང་དག་དྲན་པ་རྒྱུན་བཅད་ཆོས་སྐུའི་ངང་། །འཁོར་བ་སྤྱི་ཕྱུང་སྐུ་གསུམ་རང་རྫོགས་སུ་གནས་གསལ། །སྟོང་པ་དངོས་མེད་ལས་ལོག་པ་གསལ་བས་མཛེས། །དུག་ལྔ་ཡེ་ཤེས་ལྔར་རང་གྲོལ་མདོར་ཕྱུང་སྨན་གྱི་ངང་། །འཁོར་འདས་སྟོན་པས་མུན་པའི་རྒྱུ་ཟད་སྒྲོན་མ་ཉིད། །འཁྲུལ་པའི་རྒྱུ་ཡེ་ནས་མེད་པས་ཟད་ཡེ་ཤེས་གྲོགས། །གསལ་བའི་སྐུ་འབར་གཉིས་མེད་ངང་། །འོད་ལྔ་བྱ་བ་སོ་སོ་མ་ཡིན། བེམ་རིག་གཉིས་མེད་འཁོར་བ་རང་དག་ཏུ་སངས། །དོན་གྱི་ཡེ་ཤེས་རིག་པ་རང་དག་གཞི་ལ་ལྡོག །དོན་དམ་ཀུན་རྫོབ་སྤྲོས་བྲལ་སྣང་བ་སྣ་ཚོགས་གཉིས་མེད་པའོ། །ཨེ་མ་རྟ་མགྲིན་རྒྱལ་པོ་ཉོན། །སེམས་ཀྱི་གནས་ཕྱུང་བསམ་པས་མ་རྙེད་པའི་ཡེ་ཤེས་ཉིད། །རྐྱེན་སྣང་ཡུལ་མེད་མངོན་ཡིད་མ་བཅོས་པས་མ་བསྒྱུར་ཅིག་ཆར་བ། །འཁྲུལ་རང་པ་ལྡོག་པའི་ལྡོག་ས་ངོ་བོ་ནི། །ལུ་གུ་རྒྱུད་དུ་ཐམས་ཅད་རིག་པ་རང་དག་ཏུ་སངས། །དྲན་མེད་ཡིད་མེད་པའི་ཡུལ་གྱི་དཀྱིལ་འཁོར་དུ། །རྣམ་རྟོག་འཛིན་པ་ལས་གྲོལ་རྒྱུད་ཆེན་རིག་པ་ཉིད་གསལ། །དྲན་པའི་ཡིད་ཀྱི་སྣང་བ་ཅི་སྙེད་པ། །འཁྲུལ་པ་ཆེན་པོའི་རྒྱུ་བདག་ཏུ་བཟུང་བ་ཡིན་པས། །དྲན་པ་སངས་པའི་ནམ་མཁའ་བྱ་བྱེད་དང་བྲལ་བ་ལ། །འཁྲུལ་པ་དེ་ཉིད་ལྟ་སྟངས་གསུམ་བཟློག་པར་བྱ། །ཆོས་ཉིད་ཡུལ་གྱི་རང་གི་ངོ་བོ་ཤར་བ་སྣང་བ་ལ། །བསམ་པའི་སེམས་སྣ་ཚོགས་སྣང་བའི་དངོས་པོ་ཇི་སྙེད་པ། །སྣང་བ་འཁྲུལ་གཞི་འཁྲུལ་དང་མ་རིག་འཁོར་བའི་རྒྱུ་ཡིན་པས། །བསམ་པ་སེམས་མེད་པའི་རང་རིག་པ་ལ། །དོན་གྱི་མིག་གིས་དེ་ཉིད་བཟློག་པར་བྱ། །སྐུ་དང་ཡེ་ཤེས་ཀྱི་རང་བཞིན་ལུ་གུ་རྒྱུད་ཀྱི་སྣང་བ་ལ། །ཡིད་དང་བྲལ་བའི་འཛིན་པའི་རྟོག་པ་ཇི་སྙེད་པ། །དེ་ཉིད་འཁྲུལ་པ་འདི་ལྟར་སྣང་བའི་དངོས་ཡིན་པས། །རྟོགས་པར་བྱེད་པའི་ཤེས་རབ་རང་གི་ངོ་བོ་ཀྱིས། །བརྟགས་ཏེ་རང་སྣང་ཡུལ་ལ་ཤེས་པ་རང་དག་ཏུ་བལྟ། །འཁོར་འདས་ཆོས་རྣམས་ཀུན་གྱི་རྩ་བ་ནི། །དྲན་རིག་གཉིས་ལས་མ་འདས་སོ། །ཀྱེ་མ་ཉོན་ཅིག་གཤིན་རྗེའི་རྒྱལ་པོ་ཁྱོད། །རང་རིག་ཡེ་ཤེས་རང་གདངས་དང་བཅས་པ་འོད་འབར་བས། །

རང་རིག་རྟོགས་པའི་རྒྱལ་པོ་གོང་ན་མེད་ངོ་བོ་ཀ་དག་ཉིད། །དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་ལུ་གུ་རྒྱུད་ཀྱི་སྐུ། །གོམས་པ། དེ་ལས་ཡེངས་པ་མེད་པའི་ཉམས་སུ་བླངས་པས་ཕྱིར། །རྒྱུན་གྱི་རྟོགས་པ་ཆེན་པོར་བསྟན། །དྲན་བྱེད་བློ་ལ་སྣང་བ་རྣམས། །ཡིད་རང་བྱུང་གི་ཡེ་ཤེས་རིག་པའི་རྒྱལ་པོའི་སྐུ་ལུ་གུ་རྒྱུད་ལ་ལྟོས། །རིག་པ་འགྱུར་མེད་དེ་མི་འགྱུར་བ་ཡིན་ཡེ་ཤེས་ལྔ་སྐུ། །ཡེ་ནས་སྤྲོས་བྲལ་རང་གསལ་ཆོས་ཉིད་ཡུལ་ལ་འཕྱོའོ། །ཆོས་ཉིད་སྟོང་པའི་ཡུལ་གནས་པ། །མ་གཡོས་པ། སྟོང་པ་ཉིད་ཀྱི་དངོས་པོ་ལས་འདས་པའི་ཡེ་ཤེས་ལ། །སྐུ་ཡི་སྣང་བ་ངོ་བོ་མི་འགྱུར་བ་བསམ་མི་ཁྱབ། །སྣང་བའི་ཆོས་ཉིད་སྐྱེ་མེད་ལ། །སྐུ་གསུམ་ཆོས་ཉིད་སྐྱེ་མེད་ནི། །སེམས་ཀྱིས་བསམ་འདས་དངོས་པོར་ཡུལ་ལ་བདག་ཏུ་མི་འཛིན་པས། །སྐུ་ལུ་གུ་རྒྱུད་ལྟར་སྣང་ཞིང་འོད་ལྔ་ལྟར་འབྱུང་། །དཔེ་གཅིག་ལ་འོག་གི་རིག་པའི་སྣང་བ་ལས་བྱུང་བའི་འོད་གསལ་བ། །ཞེས་པ་ནས། སྣ་ཚོགས་ཞེན་པ་རང་གྲོལ་མ་རིག་པ་ཉིད་རིག་པར་གྲོལ་ཏེ། །ཞེས་པའི་བར་འདི་ན་བྱུང་བ་འདི་གཉིས་གང་ཡིན་གཅིག་གོང་འོག་འཁྲུགས་པ་ཡིན་འདུག་པས་དཔྱད། ཆོས་སྐུ་དེའི་རང་བཞིན་ཉིད་ཀྱི་སྣང་བ་ནི། །དྲན་བྱེད་བསམ་པའི་ཆོས་ཡིད་དང་སེམས་ལས་འདས། །ཆོས་ཉིད་མ་གཡོས་པའི་དབྱིངས་རྒྱ་མ་ཆད་པ་ལས་རང་བྱུང་བས། །རྣམ་རྟོག་རང་གི་མདུད་པ་ཡིད་མ་གཡོས་པས་གྲོལ། །རྩོལ་སྒྲུབ་དང་བྲལ་བ་བྱ་བྱེད་རྒྱུན་དུ་མི་སྣང་བས། །བར་དོ་ལ་འཁྲུལ་པའི་ཡེ་ཤེས་མ་ལ་ཞ། །དེ་ཚེ་རང་བྱུང་ཡེ་ཤེས་བདག་མེད་པས། །ངོ་བོ་རང་གྲོལ་བས་ལུ་གུ་རྒྱུད་དུ་ཤར། །དེ་ལ་འཛིན་པ་མེད་པའི་རང་སྣང་ནི། །གཟུང་བས་མ་ཟིན་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་འདྲ། །ཤེས་རབ་ཀྱི་རྩལ་ཐོགས་པ་མེད་པའི་རང་གྲོལ་ནི། །ཁྱུང་ཆེན་ནམ་མཁར་ལྡིང་བ་བཞིན། །སྤྲོ་བསྡུ་མ་བྱས་རང་སར་གྲོལ། །རྩོལ་སྒྲུབ་མེད་པར་རང་རྫོགས། རིག་པ་ཉིད་ཀྱི་གཟུང་བར་དཀའ་བ་ངོ་བོ་ནི། །མིག་གི་ཡུལ་དུ་སྤྲོ་མེད་བསྡུ་མེད་ངང་དུ་རང་ཤུགས་སུ་གྲོལ། །ཆོས་ཀྱི་སྐུ་ཡི་ལུ་གུ་རྒྱུད་ཀྱི་རང་སྣང་ནི། །སྣང་བ་ཐད་ཀར་ཐད་ཀ་ཙམ་དུ་སྣང་བ་ལས། །དངོས་པོ་དྲན་བྱེད་ཡིད་ལས་འདས། །པའི་རིག་པ། མཚན་མར་བདག་འཛིན་དུ་སྣང་བ་ཐམས་ཅད་ཀུན། །སྐྱེ་མེད་ཡེ་ནས་རིག་པ་རང་གྲོལ་དུ་ཆོས་སྐུ་ཐོབ་པའོ། །ཨེ་མ་ཧོ། རིག་པའི་ཡེ་ཤེས་ཡུལ་ལ་སྣང་མེད་པས། །བེམས་པོའི་སྣང་བས་ཟང་ཐལ་དུ་ང་མི་

བསྒྲིབ། །སྟོང་པའི་ཆོས་ཉིད་དངོས་པོའི་ཡུལ་མེད་པས། །སྟོང་པ་ཉིད་རང་གསལ་ལ་ང་མི་གནས། །སྒོ་ལྔའི་ཡུལ་མཚན་མར་འཛིན་པ་དངོས་དག་པས། །གཟུགས་ལ་སོགས་པར་འཛིན་པའི་ཆོས་ལ་ང་མི་གནས། །ཤེས་རབ་ཆེན་པོ་ཐོག་བབས་ལས་རང་བྱུང་བས། །སྡེ་སྣོད་ཆོས་ལ་ཚིག་དང་ཡི་གེ་ལས་གྲོལ་བ་ང་མི་གནས། །ང་ལ་ཐུགས་རྗེ་ཀུན་སྣང་གི་ངང་དགེ་དང་སྡིག་མེད་པས། །རིག་པ་ཡེ་སངས་རྒྱས་པས་འཁོར་བའི་ཆོས་ལ་ང་མི་གནས། །ཞེས་མུ་ཏིག་ཕྲེང་བའི་རྒྱུད་གསང་བ་ལས། འཁྲུལ་པ་གཞི་ལས་ལྡོག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཁྲོ་བོའི་དང་པོ་སྒྲོན་མའི་སྣང་བ་སྟོན་པ་རྒྱལ་པོ་རྟ་མགྲིན་གྱིས་འདི་སྐད་ཅེས་གསོལ་ཏོ། །གཉིས་པ་འཁྲུལ་པ་དང་དངོས་སུ་འདུ་བ་སྟོན་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་རིག་ཡེ་ཤེས་ཆེན་པོའི་རང་གནས་ཀྱི་ལུང་། །ངེས་པའི་རྒྱལ་པོས་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །སྐྱོན་མེད་མ་བཞུགས་པ་ཡི་སྟན་ལས་འོད་ལྔའི་ཞལ་ཕྱག་ཏུ་ལངས། །སརྦ་འདུས་ཧ་སྒྲ་བརྗོད་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་འདུ་བར་བསྟན་ནས། །འདུས་པའི་ཚོགས་ཁྲོ་བོ་ལ་བཀའ་སྩལ་པ། །ཀྱེ་ཀྱེ་ཉོན་ཅིག་ཉན་པར་རྣ་བ་གཏད་པར་བསྐུལ་བ་འདུས་པའི་འཁོར། །རྒྱུད་ཀྱི་ཆེ་བ་སྣང་བྱེད་སྒྲོན་མ་འབར་བ་འདི། །རྒྱུད་ཀྱི་དོན་འདི་ཆོས་ཀྱི་སྐུ་དང་དབྱེར་མེད་པས། །རང་རིག་ཡུལ་གྱི་རྣལ་འབྱོར་པས་སྤྱོད་ལམ་ནི། །གདམས་ངག་མི་འགྱུར་བར་རྟགས་ཚང་ཐབས་ཀྱི་སྐུ་ལས་ཤེས་རབ་ཉིད། །དབྱིངས་དག་པ་འགག་མེད་ཀློང་དུ་ཐམས་ཅད་རོལ། །གསང་བའི་ཡེ་ཤེས་རང་ལ་གནས་པ་འགྱུར་མེད་པས། །རང་བཞིན་སྣང་བ་འོད་སྣང་དུ་གྲོལ་བས་རང་སྣང་དུ་རྡོ་རྗེ་ལུ་གུ་རྒྱུད་མ་འགགས་པ། །ཀ་དག་པས་ངོ་བོ་ཉིད་ཀྱི་སྐུ་ལྟར་འཕྲོ། །བྱ་བྱེད་གཉིས་རྩོལ་སྒྲུབ་ཀྱི་མཐའ་དཔྱད་པ་ལས་རབ་འདས་པས། །ཆོས་ཉིད་སྟོང་པ་ཉིད་སྤྲོས་དང་བྲལ་ཡང་ཐུགས་རྗེ་གོམ་འགགས་པར་འཆར་ཡུལ་ལ་གཟིགས་སྣང་མཁྱེན། །རྫོགས་པ་བྱང་ཆུབ་ཀྱི་སྒྲོན་མའི་ཡེ་ཤེས་ཐིག་ལེ་གསལ། །རིག་པའི་སྐུ་ལ་ཆོས་ཉིད་གསལ། །སྒྲོན་མ་ཉིད་ཀྱི་སྣང་བ་དབྱིངས་རིག་འདུ་འབྲལ་མེད་པར་བསྟན་ཡིན། །དེ་ནས་སྣང་བའི་རང་སྣང་གི་ཡུལ་འཁྲུལ་སྣང་ཡུལ་ལ་སྣང་བའི་གོ་འབྱེད་པས། །རིག་པའི་གཅིག་ཡིན་སྣང་བ་སྤྲོས་དང་བྲལ་བས་ཐ་དད་མིན། །རྟོགས་པར་དཀའ་བ་གསང་བའི་སྤྱི་རྒྱ་ལྟ་བའི་དོན་རླབས་

ཆེན་འདི། །སངས་རྒྱས་ཀུན་དང་མཉམ་སྦྱོར་བས། །རྫོགས་ཆེན་རང་གནས་ཀྱི་དོན། མཐའ་ཡས་ཉིད་ལས་སྣ་ཚོགས་སུ་སྣང་བ་ངོ་བོ་གཅིག་ཏུ་གནས་དབུས་མི་དམིགས། །དོན་དམ་གཞལ་ཡས་འདས་པའི་སྣང་བ་ཡེ་ཤེས་ལྔར་སྣང་བས། །ཀུན་རྫོབ་ཡེ་ཤེས་སྣ་ཚོགས་ཏེ། །བཏགས་པ་ཙམ་དུ་བསྟན། སྐུ་ལྟར་ལུ་གུ་རྒྱུད་སྣང་ཞིང་རིག་པ་ངོ་བོ་བདེན་པ་གཉིས་དབྱེར་མེད་འདུས། །ཕྲ་རགས་སྣ་ཚོགས་འབྱུང་བའི་རྡུལ་དང་རྡུལ་ཕྲན་ལས་གྲུབ་པ་རྣམས་སྣང་བ་ཡང་། །ཡེ་ཤེས་དོན་ལ་རང་གི་ངོ་བོ་ལ་བསྒྲིབ་མི་འགྱུར། །འདོད་པ་སྐོང་བ་རིན་ཆེན་གཙུག་གི་མུན་པ་སེལ་བ་མར་མེ་བཞིན། །འོད་དང་འོད་ཁྱིམ་གྱི་ཚུལ་དུ་སྣང་བའི་འོད་འདི་དཔག་ཏུ་མེད། །རིག་པའི་སྣང་བ་ལས་བྱུང་བའི་འོད་གསལ་བས། །ད་ལྟ་དང་བར་དོ་ལ་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཀ་དག་གསལ། །མན་ངག་རིན་ཆེན་མིག་གི་ངོ་བོ་ལ་མངོན་སྣང་བས། །བྱང་ཆུབ་ས་ལ་སྐུ་གསུམ་དབྱེར་མེད་དུ་ཕ་རོལ་ཕྱིན། །གཏན་ལ་མི་ཕེབས་བརྗོད་དུ་མེད་ཅིང་སྐུར་སྣང་བའོ། །ཡུལ་ལ་མངོན་སུམ་ཡོད་དོ། །ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །འཁྲུལ་པ་ལ་བཟླའ་བའི་མན་ངག་དངོས་བསྟན། འཁོར་བ་ཉིད་རང་སྣང་དུ་ཤེས་པའི་ཀྱི་དོན་རྟོགས་ན། །འཁོར་བ་ཉིད་མྱང་འདས་སུ་གྲོལ་ནས་མྱ་ངན་འདས་ཞེས་ཡོད་མ་ཡིན། །འདོད་ཆགས་ཞེ་སྡང་ལ་སོགས་པ་ཉོན་མོངས་ལྔ་ཡི་དོན་རྟོགས་ན། །ཡེ་ཤེས་མིང་དུ་ཡོད་མ་ཡིན། །ཡེ་ཤེས་ལྔ་རང་གྲོལ་མཚན་ཉིད་འཛིན་པའི་གཞི་གནས་ཀྱང་ཡེ་ཤེས་ལྔ། སྡུག་བསྔལ་ཉིད་ཀྱི་དོན་རྟོགས་ན། །བདེ་བ་བསྐྱེད་པར་བྱེད་པའི་སྡུག་བསྔལ་ཡིན། བདེ་བ་དེ་ཉིད་རང་བདེ་བར་གྲོལ་ཆེན་པོ་བཙལ་དུ་མེད། །སྐྱོན་གྱི་མཐའ་མེད་ན་ཡོན་ཏན་མི་རྙེད་ཉིད་རབ་རྟོགས་ན། །སྐྱོན་ཉིད་རང་གིས་རང་གྲོལ་བའི་ཕྱིར་ཡོན་ཏན་ཆེན་པོ་བཙལ་མི་དགོས། །འཁྲུལ་པ་ཉིད་ཀྱི་དོན་རིག་པ་ཡེ་ནས་འཁྲུལ་པ་མེད་པར་རྟོགས་ན། །འཁྲུལ་མེད་རིག་པ་དེ་ཉིད་རང་ཐོག་ཏུ་རང་གྲོལ་བས་བཙལ་མི་དགོས། །འབྱུང་ལྔ་ས་སྲ་བ་ལ་སོགས་པས་བསྟན་པ་ཉིད་ཀྱི་དོན་རྟོགས་ན། །ཆེན་པོ་ལྔ་དྭངས་མ་འོད་ལྔར་གསལ་བ་ཉིད་བབས་ཀྱིས་འགྲུབ། །མ་རིག་ཉིད་ཀྱི་རྩད་ཆོད་འཁོར་བ་རང་དག་ཏུ་ཤེས་ན། །རིག་པའི་སྐུ་ཉིད་དེ་ལས་གཞན་དུ་བཙལ་དུ་མེད་མ་བསྒྲུབས་འགྲུབ། །སེམས་ཅན་ཉིད་ཀྱི་དོན་ཡེ་སངས་རྒྱས་པར་ཤེས་ན། །རང་བྱུང་སངས་རྒྱས་ཉིད་ཀྱང་མ་བཙལ་རྙེད། །སྣ་ཚོགས་སྣང་བའི་དོན་

རྟོགས་དབང་པོ་ལ་སོགས་རང་གྲོལ་དུ་ཤེས་ན། །རང་རིག་འོད་སྣང་རང་བཞིན་དག་པའི་འོད་ལྔ་མ་བཙལ་རྙེད། །རྟོག་པ་ཉིད་འཛིན་མེད་དུ་རང་གྲོལ་ཀྱི་རྗེས་ཆོད་ན། །འཁྲུལ་པ་དེ་ཉིད་བདག་འཛིན་ཟད་པས་རང་སར་གྲོལ། །སྟོང་པ་སྣང་བའི་དོན་རྟོགས་དབྱེར་མེད་ཟང་ཐལ་དུ་ཤེས་ན། །ཡེ་ཤེས་གསལ་ཞིང་མི་འགྱུར་བའི་ངོས་ནས་སྐུ་ཡང་ལྷུན་གྱིས་གྲུབ། །དངོས་པོར་སྣང་བའི་ཕུགས་མཐོང་ན། །སྟོང་པ་ཡེ་གྲོལ་དུ་རྟོགས། སྟོང་པ་ཉིད་ཀྱང་ཡེ་ནས་སྟོང་པ་མ་བསྒྲུབས་རྫོགས། །ཆོས་སྐྱེ་མེད་རང་གྲོལ་དུ་ཤེས་ན་ཉིད་ཨ་ཡི་དོན་རྟོགས་ན། །སྐྱེ་མེད་ཆོས་ཉིད་ཕ་རོལ་ཕྱིན། །རིག་པ་འཆི་མེད་དུ་རང་གྲོལ། ཨེ་མ་ཧོ། རང་སྣང་སྟོང་པ་ཉིད་ཀྱི་རྒྱ། །སྣང་བ་ལ་ཡེ་ཤེས་ཀྱི་རྒྱས་བཏབ་པ་བསྟན། སྟོང་འབྱམས་ཡེ་ཤེས་སྐུ་ཡི་རྒྱ། །གསལ་སྟོང་དབྱེར་མེད། སྣ་ཚོགས་སེམས་ཉིད་རིག་པའི་རྒྱ། །བདེ་སྟོང་དབྱེར་མེད། རྣམ་དག་ཀློང་ཡངས་ཡེ་ཤེས་རྒྱ། །དབྱིངས་རིག་དབྱེར་མེད། མཚན་མ་དངོས་དག་རང་རིག་རྒྱ། །དྲན་པ་ལ་རིག་པས་རྒྱས་བཏབ་པས་ཡུལ་རིག་དབྱེར་མེད། སྣང་བ་རང་རྫོགས་དབྱིངས་ཀྱི་རྒྱ། །འབྱུང་བ་ལ་སྣང་བ་དབྱིངས་ཀྱིས་རྒྱས་བཏབ་པས་དབྱིངས་འཁར་བར་གསལ་བའི་ཡེ་ཤེས་སོ། །སྤྱོད་པ་རྨད་བྱུང་སྣང་བའི་རྒྱ། །སྣང་བ་ལ་རང་དབང་བསྒྱུར་བས། བསྒོམ་པ་རྨད་བྱུང་སེམས་ཀྱི་རྒྱ། །ཉིན་མཚན་ཁ་སྦྱོར་བས། ལྟ་བ་རྨད་བྱུང་ནམ་མཁའི་རྒྱ། །མངལ་གྱི་གྲོང་ཁྱེར་རྒྱུན་ཆད་པས་རིག་པ་དང་ནམ་མཁའ་འདྲེལ། འབྲས་བུ་རྨད་བྱུང་ཆིག་ཆོད་རྒྱ། །རིག་པ་རྒྱུར་མི་ལྡོག། ཡེ་ཤེས་རྨད་བྱུང་སྟོང་པའི་རྒྱ། །གཞི་འཛིན་པའི་ཡེ་ཤེས་གསུམ། ཆོས་ཉིད་རྨད་བྱུང་རོལ་པའི་རྒྱ། །གཞི་མ་བཅོས་པའི་རང་སྣང་ལས་ཐམས་ཅད་རང་གྲོལ། རྟོགས་པ་རྨད་བྱུང་ཤེས་རབ་རྒྱ། །རང་རིག་པའི་གདེང་གིས་སྟོང་གསལ་ངོ་བོ་མཉམ་ཉིད། ངོ་བོ་རྨད་བྱུང་རྒྱུན་ཆད་མེད་པར་རང་སྣང་བས་ལུག་རྒྱུད་རྒྱ། །ཡང་དག་རྨད་བྱུང་རིག་པའི་རྒྱའོ། །དྲི་མ་ལས་འདས་པའི་རིག་པ། བལྟ་བ་གཉིས་མེད་ཀྱི་དོན་བསྟན་ཨེ་མ་ཧོ། གསང་བའི་བདག་པོ་ཆེན་པོ་ཉོན། །མ་བསྐུར་བའི་དབང་རང་རྫོགས་སུ་བསྟན་པ་གསང་བའི་དབང་ཉིད་རབ་རྫོགས་པ། །སྙིང་པོ་བཅུད་ཀྱི་གདམས་ངག་འདི། །ཐབས་ཁྱད་པར་ཅན། སྙིང་པོ་ཉིད་ལ་རིག་པའི་བཅུད་གོམས་པའི་གནད་སྙིང་པོ་བརྟན། །ངེས་པའི་དོན་བཅུད་གསུམ་མན་ངག་འདི། །གསང་སྔགས་ཀྱི་གདམས་པ་བརྡའ་དང་འདྲེལ་བ། རྒྱུད་ཀྱི་གཙོ་བོ་མཐར་ཐུག་འདི་ཉིད་ཀྱི་གཞུང་ལྔ་བྱ་འགྱུར། །དོན་དམ་ཀུན་རྫོབ་བདེན་པ་གཅིག་ཏུ་རྟོགས་གཉིས་

མེད་པས། །རང་སྣང་ཡུལ་ན་རང་གིས་གྲོལ་བས་ན་བདེ་བ་ཆེ། །ཆོས་ཉིད་མཉམ་པ་ཉིད་དུ་ཤེས་པས་གཉིས་སུ་མེད་པའི་རྟགས། །སྣང་བའི་རྗེས་སུ་མི་འབྲང་ཞིང་། །བས་རིག་པ་མ་དཔྱད་པ། ཡུལ་སྣ་ཚོགས་སུ་ཀུན་ཏུ་སྣང་ཞིང་གཉིས་སུ་མེད། །བྱ་བྱེད་ཆོས་ལ་བྱས་ཆོས་ལས་འདས་པས་མི་གནས་པ། །རང་སྣང་ཡུལ་ལ་གཉིས་སུ་མེད། །ཐིག་ལེ་ཉག་གཅིག་ཏུ་གནས། གཅིག་དང་དུ་མར་འདས་པས་གྲངས་ཟད་མི་འབྱེད་པས། །རྟོགས་པའི་དུས་ན་དེ་རང་ཐོག་ཏུ་གྲོལ་བས་གཉིས་སུ་མེད། །གསང་སྔགས་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སྐྱེ་བ་ལ་ཚེགས་མེད་པས། །གོ་བའི་དུས་ན་ཆིག་ཆོད་དུ་གོ་བས་གཉིས་སུ་མེད། །འཁྲུལ་པའི་ཡུལ་སེམས་ཅན་གྱི་སྣང་བ་ལ་སྣ་ཚོགས་ཀྱང་། །དོན་དམ་ཉིད་ལ་གཅིག་ཡོད་ན་གསུམ་ལ་སོགས་པའི་གྲངས་དུ་མར་འགྱུར་བས་གཅིག་གཉིས་མེད། །ཕྱི་ནང་ཡུལ་ལ་གཅིག་ཀྱང་མེད། །དེ་ཕྱིར་སྣང་བ་ཅེར་གཞག་ཏུ་བསྟན། ཤེས་པའི་དུས་ན་ཐམས་ཅད་རང་གི་ངོ་བོར་གྲོལ་བས་སྣ་ཚོགས་འབྱུང་། །སྣ་ཚོགས་ཞེན་པ་མ་རིག་པ་ཉིད་རིག་པར་གྲོལ་རང་གྲོལ་ཏེ། །ཆོས་ཉིད་གོ་ནས་གཉིས་མེད་ངང་། །དེ་ཕྱིར་ཆོས་ཐམས་ཅད་གཉིས་མེད་དུ་རྟོགས་པར་བྱ། འཁྲུལ་སྣང་རང་ལོག་ཏུ་ཤེས་ན་རིགས་ནི་རྩད་ཆོད་ན། །དེ་ཉིད་རང་རིག་པའི་ཡེ་ཤེས་རང་རིག་ངོ་བོ་གཉིས་སུ་མེད། །ཞིང་ཁམས་རྣམ་དག་ལྷུན་གྲུབ་རང་ལ་སྣང་བ་པའོ། །ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་གསང་བ་ལས། འཁྲུལ་པ་ལ་བཟླ་བར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཆོས་ཉིད་ཀྱི་རྒྱན་བསྟན་རྟ་མགྲིན་དབང་གིས་རྒྱལ་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །བདག་ཅག་རང་རིག་རྗེས་མཐུན་ལ། །ས་དང་མཉམ་པའི་ཕྱིར། ཆོས་ཉིད་དབྱིངས་ཀྱི་རང་བཞིན་ལྷུན་གྱིས་གྲུབ་པའི་རིག་པའི་བསྟན་པ་གསུངས། །དེ་སྐད་རབ་ཏུ་ཞུས་པ་དང་། །སྟོན་པ་བཅོམ་ལྡན་རྡོ་རྗེ་དཔའ་བོ་དེས། །ཏིང་ངེ་འཛིན་ཆོས་ཉིད་མཉམ་པ་ལས་བཞེངས་ནས་ནི། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཀྱེ་རྟ་མགྲིན་དབང་རྒྱལ་ཉོན། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །ཆོས་དབྱིངས་རྒྱན་དང་ལྡན་པའི་ཕྱིར། །སྒྲོན་མ་ལ་བྱ། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །རིག་པ་ལ། རྒྱུ་དག་པའི་རིག་པ་སངས་

རྒྱས་སེམས་ཅན་ཀུན་གྱི་དུར། །ཐིམ་ཞིང་ཡང་དག་དོན་ངོ་བོ་ལ་སྤྱོད། །རིག་པ་ཐོག་མར་སྐྱེ་མ་མྱོང་སྐྱེ་མེད་སྣང་བ་ནི། །སྐྱེ་བྱ་སྐྱེ་བྱེད་གཉིས་ལས་འདས། །རྒྱུ་མེད་རྐྱེན་མེད། གསང་བའི་སྐུ་མི་འགྱུར་ཤེས་ཤིང་རང་རིག་པ་དང་རིག་པའི་ངང་། །དངོས་པོ་མེད། རྣམ་པར་དག་ཉོན་མོངས་པའི་རྣམ་པར་རྟོག་པ་ཟད་པའི་ཆོས་ཉིད་ལ། །ཐུགས་རྗེས་ཐམས་ཅད་བག་ཆགས་ལས་འདས་པས་བཅོས་ཤིང་བཅད་དུ་མེད། །ཆོས་ཉིད་དབྱིངས་ཀྱི་རྒྱན་བཟང་ཐིག་ལེ་པོ། །ཐིག་ལེའི་སྣང་བ་གཞིའི་ཐིག་ལེ། ལམ་གྱི་ཐིག་ལེ། འབྲས་བུའི་ཐིག་ལེ། བཟང་པོ་བཟང་པོས་བརྒྱན་པ་དང་མཐའ་ཡས་ཤིང་། །སྐུ་ཡི་ངོ་བོ་བཟང་པོའི་རྒྱན་དང་བཟང་པོའི་རྩེ་མོའི་ཐིག་ལེ་ལ་རྒྱུན་ཆད་མེད་ལུ་གུ་རྒྱུད། །ཡེ་ཤེས་ལྔ་སྣང་བའི་འོད་ཟེར་ལྔ། །རང་བཞིན། སངས་རྒྱས་ཀུན་གྱི་ལམ་ནམ་མཁའ་རང་གསལ་གྱི་སྐུ། །ཆོས་ཉིད་ཡངས་པའི་ནམ་མཁའ་རང་གསལ་དཀྱིལ་འཁོར་དུ། །གསང་སྔགས་ཐབས་ཀྱི་སྤྱོད་པ་ནི། །སྟོན་པ་བཅོམ་ལྡན་རྡོ་རྗེ་སེམས་དཔས་བསྟན། །ཨེ་མ་ཧོ། ཡེ་ཤེས་འབྱུང་ཚུལ་སྟོན། སྣང་བ་ཆེན་པོ་གསལ་བ་ཆེ། །དག་པའི་ཡེ་ཤེས་ལྔའི་ཆ་འོད་དུ་གསལ། །ཆོས་ཉིད་སྤྲོས་པ་མེད་པའི་ཀ་དག་ལ་འོད་ལས་ཀྱང་འདས་ཀློང་། །འགྱུར་མེད་ཕོ་རང་བཞིན་ཅན་བྲང་ལྷུན་འབྱམས་འདི། །སོ་སོར་སྣང་ཞིང་སེམས་ཅན་དོན་བྱེད་པས། །རང་རིག་ཆོས་སྐུ་རང་དག་གི་ཡེ་ཤེས་སྐུ་ཡི་ཀློང་། །དངོས་མེད་སྟོང་པའི་ཡེ་ཤེས་གསལ་ཆ་མཁའ་ལ་སྣ་ཚོགས་སུ་རོལ། །ཡང་དག་ཀ་དག་ལས་ཡེ་ཤེས་མ་འགགས་ལྷུན་གྲུབ་ཏུ་ཡངས། །ཏིང་འཛིན་ཡེ་ཤེས་ཤེས་རབ་ཀྱི་རྩལ་མེ་དང་འདྲ། །ཡང་དག་ཡེ་ཤེས་རླུང་དང་འདྲ། །མ་བསྐྱོད་ཡེ་ཤེས་ཐབས་གསང་གཞི་ལས་མ་གཡོས་ཞིང་། །ཆོས་ཉིད་ལུས་ཀྱི་རྒྱན་བཟང་བ། །ལོངས་སྐུའི་འོད་ལྔ། ཆོས་ཀྱི་སྐུ་ཡི་སྤྱོད་པ་ནི། །སྣ་ཚོགས་ཁ་དོག་ལས་འདས་པའི་འོད་ལ་སྤྱོད། སངས་རྒྱས་ཀུན་གྱི་སྤྱོད་པ་དང་། །སེམས་གཉིས་སུ་མེད་པའི་དོན་བསྟན། ཐིག་ལེ་རྣམས་རྩ་བ་ཞི་ནས་ཀྱི་བཞུགས་ས་སྣང་ཞིང་འགྲོ་འོང་མེད་ནི། །ངང་གིས་མ་བཅོས་གཞི་ལས་མ་གཡོས་རྟོག་པས་གཡོ་བ་མེད། །ལྟ་བའི་ཡེ་ཤེས་རང་གི་ངོ་བོའི་སྒོ་ནས་ཐབས་མཁས་པས། །རིག་པ་ཉིད་མི་བསྐྱོད་རྡོ་རྗེ་སེམས་དཔའི་ངང་། །སྣ་ཚོགས་རོལ་པའི་སྐུ་བསྟན་པས། །རྒྱུན་ཏུ་སྤྱོད་པ་བསྟན། རྒྱུན་ཏུ་དྲེང་ཆགས་སྣང་ཞིང་

རྣམ་པར་རོལ། །གསང་སྔགས་ཐབས་ཀྱི་སྒོ་མང་བས། །སྣ་ཚོགས་ཀྱི་སྒོ་ནས་གྲོལ་བས། དཔེ་དོན་རྟགས་ཀྱི་ཡིད་ཆེས་གསུམ་གྱིས་རབ་ཏུ་བསྟན། །ཆོས་རྣམས་ཀུན་གྱི་རྩ་བ་ནི། །གཞི་རིག་པ་ཆོས་ཀྱི་སྐུ། སྤྱོད་པ་མ་སྤྱད་སྣང་བའི་མ་བསྒྱུར་རང་སར་གྲོལ། །ཐབས་གདམས་ངག་ལས་སྐུ་ལྟར་སྣང་བ་དག །གསང་སྔགས་ལམ་བར་དོ་ལས་ཡེ་ཤེས་ཀྱི་སྐུ་ལ་གནས་པ་ཡི། །བསམ་འདས་བསམ་དུ་མེད་རབ་དག་དྲི་མ་མེད་ས་ཆུ་མེ་རླུང་གི་སྣང་བ་ཟད་ཡུལ་ལས་འདས། །བག་ཆགས་ཡུལ་ཕུང་པོ་རྣམས་སྐུ་ཡི་ངང་། །གསང་སྔགས་ཐམས་ཅད་ཐབས་ལ་ཐུག། བླ་མའི་གདམས་ངག་ལ་རག་ལས་པས་ཡུལ་བདག་ཏུ་མ་བཟུང་བ་ཡེ་ནས་རང་ལ་གནས་པ། ཆགས་མེད་ཡེ་ཤེས་གསུང་གི་ངང་། །ལྷུན་རྫོགས་ཆེན་པོའི་ལྟ་བར་བསྟན། །སྣ་ཚོགས་པའི་ཆས་སངས་རྒྱས་ཀུན་དང་མཉམ་སྦྱོར་ཞིང་། །ཐུགས་རྗེ་ཉོན་མོངས་པའི་དྲི་མ་སྐྱོན་མེད་རྣམ་པར་དག །ཤེས་རབ་ཆེན་པོར་རང་གི་སྤྱོད་ཡུལ་དུ་གྱུར་པའོ། །སྟོང་དག་འཁྲུལ་པ་རང་དག་ཏུ་བསྟན་ཡེ་ཤེས་རང་བྱུང་བ། །ཆོས་རྣམས་ཀུན་གྱི་རྩ་བ་རིག་པ་ནི། །གསང་སྔགས་ལུ་གུ་རྒྱུད་ཀྱི་ངང་། །རིག་པ་འདྲེལ་མ་ཆད་པར་གནས་པ། ཆོས་རྣམས་ཀུན་གྱི་རང་ལས་བྱུང་བ་ནི། །དབྱིངས་ཀྱི་སྒྲོན་མ་ཐབས་ཀྱི་རྒྱ། །དབྱིངས་འདུ་འབྲལ་མེད་པར་རྟོགས། ཆོས་སྐུ་རང་གི་དབང་པོའི་སྤྱོད་ཡུལ་དུ་དངོས་པོའི་ལམ་དུ་སྣང་། །དྲི་མ་མེད་པའི་ཡེ་ཤེས་ཀ་དག་ཏུ་གནས་པ་ནི་ནི། །དངོས་པོས་སྟོང་པའི་ཡུལ་གྱི་གནད་དུ་གསལ་བས་ཁྱབ་རིམ་པས་ཆེའོ་བརྡེག །མན་ངག་རྒྱལ་པོ་ངོ་བོ་གཅིག་ཏུ་གྲོལ་བས་ཡུལ་དུ་མ་བཅིངས་སྤྱི་བཅིངས་ངང་། །ཐམས་ཅད་རང་སྣང་ལུ་གུ་རྒྱུད་ལྷུན་རྫོགས་པའོ། །ཨེ་མ་ཧོ། རྣལ་འབྱོར་ཀུན་གྱི་ལྟ་བ་ནི། །འཁྲུལ་པའི་གནས་བཟློག་པ་བསྟན། སེམས་ཡེ་ཤེས་དབྱེ་སེམས་ཀྱི་སྒོ་བཅད་རྣམ་རྟོག་དྭངས། །ཁྱིམ་དབྱིངས་ཡངས་ཕུགས་རྡིབ་ལྟ་བ་རྟོགས་པའི་མཐའ་ཐབས་ཐུན་མོང་མ་ཡིན་པ་མན་ངག་ནི། །འདོད་པའི་སྒོ་བཅད་ཡེ་ཤེས་འོད་ལྔ་རང་སོ་ལ་གནས་ནང་དུ་གསལ། །ཙིཏྟར། ཆོས་ཉིད་ཀུན་ཡུལ་ལ་སྣང་ཆོས་སྐུ་ལམ་དུ་ཁྱེར་དག་སྣང་ལ་ཅེར་བཞག་ཏུ་བལྟ་ན་ཡེ་ཤེས་སྣང་བ་དག །ཁྱི་རྐུན་མདོར་ཕྱུང་ཡིད་འགྱུ་བ་རང་སངས་རིག་པའི་ངོ་བོ་དྲན་མེད་དུ་རང་གྲོལ་ཟིན། །མཚན་མ་ཟིལ་གནོན་དངོས་པོ་ཐམས་ཅད་

སྟོང་པར་བསྐྱལ་འཁྲུལ་པའི་སྣང་བ་རྒྱ་ཡིས་བཏབ། །ཡེ་ཤེས་ལྔ་རིག་པ་འགྱུར་མེད་ཀློང་ཡངས་འོད་དབྱིངས་ཀུན་ཏུ་ཆུབ། །ཤེས་རབ་བརྗིད་པའི་རང་སྣང་འབྱུང་བྱེད་ཆོས་ཉིད་མ་བཅོས་སྒོ་ལྔའི་ཡུལ་དུ་ཆོད། །རྒྱུ་ཡིས་མ་བསྐྱེད་པར་རྐྱེན་བྲལ་ཆོས་ཉིད་སྙིང་པོ་བཅུད་དུ་དྲིལ་བའི་རིག་པ་ཀུན་གྱི་སྙིང་པོར་གནས། །སྣང་བ་འཁྲུལ་སྣང་སྐད་ཅིག་ཆིག་ཆོད་ཤེས་རབ་ཀྱི་རིག་པ་མཁའ་ལ་རྒྱུག །ཨེ་མ་ཧོ། འཁྲུལ་པ་ཞིང་ཁམས་སུ་བསྐྱལ་བ་བསྟན། རང་རིག་ཡེ་ཤེས་ངོ་བོ་བསམ་འདས་མ་གཡོས་ངང་དུ་ཞོག །མ་རིག་པ་ཉིད་རྒྱུ་བདག་ཉིད་གཅིག་ཕྱིར་ཀློང་དུ་སྐྱོལ། །འཁོར་བ་ཉིད་ཀྱང་ཡེ་མེད་དུ་ཤེས་པས་འདས་པའི་དངོས་པོ་ཡིན་པའི་ཕྱིར་རུ་ནས་བཟློག །སྤྱད་པས་མ་ཕྱེད་ཡུལ་དུ་མི་རྟོག་པའི་ཡེ་ཤེས་འབྱུང་བ་ལས་འདས་པ་མེད། །རྩ་བ་ཉོན་མོངས་ལྔ་དག་ཡེ་ཤེས་ལྔ་སྐུ་ལྔ། །དྲན་བྱེད་འགྱུ་བྱེད་རང་སར་གྲོལ་སངས་པས་ཐམས་ཅད་རིག་པར་གཅིག་རང་རིག་དག། སེམས་ཅན་ཀུན་གྱི་ལམ་ལ་སྒྲོན་མ་བཞི་རྣམ་པར་སྣང་། །ཀུན་གཞི་རང་གི་ལུས་ཀྱི་མེ་ལོང་ལ། །དངོས་པོ་མེད་པ་སྟོང་རིག་གསལ་བའི་གཞི་ཤེས་རིག་ཏུ་བསྟན་པས། །གཞན་དངོས་པོ་མེད་བྱུང་འཁྲུལ་པ་ཤེས་རིག་གཞི་ལ་བསྐྱལ། །ནས་འོང་དུ་རེ་བའི་རྟོག་པ་བཅད། ཕུང་པོ་གཟུགས། ཚོར་བ། འདུ་ཤེས། འདུ་བྱེད་རྣམས་ལྔ་ཉིད་རྒྱུ་མེད་པས། །འཁྲུལ་པའི་ལུས་ནི་རང་དག་ཏུའང་ལུས་ཡེ་ནས་མངོན་སངས་རྒྱས། །འབྱུང་བ་ལྔ་ཉིད་ཡེ་ནས་དག་སྣང་ཡུལ་སྣང་དྭངས་པས། །འདི་ལྟར་སྣང་བ་འོད་གསལ་དྲི་མས་མ་བསྒྲིབས་པ་ཉིད་དུ་གྲོལ། །དབང་པོ་ལྔ་མིག །རྣ་བ། སྣ། ལྕེ། ལུས་དེའོ། །ཡུལ་རང་སར་བཞག་པས་ཉིད་ཅེར་བཞག་པས། །འཛིན་པའི་ཡུལ་ལྔ་སྒྲ་ལ་སོགས་པ་ཆོས་སྐུའི་བདག་ཉིད་དུ་རང་སར་གྲོལ། །ཉོན་མོངས་ལྔ་ཉིད་འདོད་ཆགས་སོགས་དུག་ལྔ་རང་གིས་རང་གྲོལ་བ་རང་ཡིན་པས། །ཁམས་གསུམ་ཉིད་ནི་འདོད་ཁམས། གཟུགས་ཁམས། གཟུགས་མེད་པའི་ཁམས་ཡེ་ནས་རང་གྲོལ་བ་ཡིན་པའི་གནད་གཞི་ལ་བསྐྱལ། །མ་རིག་པ་ཉིད་ཡེ་ནས་རིག་པར་གནས་པའི་ཕྱིར་རང་བྱུང་བས། །འཁྲུལ་པའི་རྒྱུ་ཉིད་ཡེ་ནས་འབད་མེད་སངས། །ཀུན་གཞི་རང་ལུས་ཆོས་སྐུར་རང་ཤར་བས། །རྒྱུད་ཀྱི་སྐྱེ་བ་ཕྱིས་མི་ལེན་པར་རང་གྲོལ་རྩད་ནས་བཅད། །ཡིད་བཞིན་ཀུན་ཏུ་འཁྱམ་པའི་ཡིད་གཏན་ལ་འབེབས་པ་ངེས་པར་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་དྲན་བྱེད་བློ་ལས་འདས་པའི་ཕྱིར་རང་

བཞག་ཡིན། །དབུགས་ལས་ཀྱི་རླུང་ཡེ་ནས་རང་བཞིན་མེད་པ་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་མ་ཡིན། །རིག་པ་སྐྱེ་མེད་དུ་གྲོལ་བས་ངོ་བོ་ལ་འཆི་བ་མེད་སངས་རྒྱས་པའོ། །འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་པའི་ཡོན་ཏན་དུ་ཡེ་ནས་ཡེ་རྫོགས་པས་ཡུལ་བདག་རྟོག་གི་བློ་དང་བྲལ་བར་ཤེས་པའི་ཕྱིར་ཞེན་པའི་མཐའ་ནི་བསྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །མ་སོང་གནས་སུ་དག་པའི་ཡེ་ཤེས་འོད་གསལ་ཞེས་བྱ། འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །རང་བྱུང་གནས་བཞིན་དུ་འགྲོ་བའི་ལམ་མེད། སྨྲས་པའི་ངག་ནི་གྲག་སྟོང་ཡེ་གྲོལ་དུ་བརྗོད་མེད་པས། །གཞི་རིག་པ་ཉིད་བསམ་ལས་འདས་པས་ཡེ་ནས་སྨྲ་བསམ་ཡུལ་ལས་བློ་ཟད་པས་འདས། །བསམ་མེད་པའི་འཕྲོ་འདུ་ཡེ་སྟོང་སེམས་ཡེ་ནས་དྲན་པ་མེད་ནས་གནས་མ་གྲུབ་པར་གནས་པའོ། །པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །རང་བཞིན་གྱི་བསམ་གཏན་གདོད་མ་ནས་གནས་པའོ། །དྲི་འབྱུང་བའི་དྲི་མ་འཁྲུལ་པའི་ཉོན་མོངས་པའི་མ་རྣམས་ནི་རང་དག་པས། །ཆོས་སྐུ་གང་གིས་ཀྱང་མ་བསྒྲིབས་པ། དྲི་མེད་ཟང་ཐལ་ཆེན་པོར་གནས། །དེ་ཡང་རྩོལ་སྒྲུབ་ཀྱིས་མ་རྙེད་པས་བྱས་པ་བྱུང་བ་མེད་པའི་ཕྱིར། །ཐོག་མ་ཉིད་ནས་གཞིས་རྩོལ་སྒྲུབ་ཀྱིས་མི་རྙེད་བྱ་བྱེད་བྲལ། །གཞི་ནས་གཞན་འབྱུང་ཆོས་མེད་པས། །རང་ཡིན་པའི་ཕྱིར། ཐོག་མ་ནས་གདོད་ནས་རང་བྱུང་ཉག་གཅིག་གོ། །རིག་པ་རྟོགས་པར་དཀའ་ཞིང་ཟབ་མོ་སྐུ་གཅིག་པུའོ། །གཅིག་དེ་ཡང་གཉིས་སུ་མེད་པའི་རིག་པས་དང་གཉིས་ཀྱི་གྲངས་ཟད་པས། །སྤྲོས་པ་དང་བྲལ་བའི་ཐིག་ལེ་ཟླ་དང་བྲལ་བ་རིག་པའི་སྤྲོས་པ་མེད་པ་ཉིད། །མུན་པ་འཁོར་བ་ཡེ་ནས་བུཌྜྷ་བས་གདོད་ནས་རྣམ་དག་པས། །རང་ལ་གནས་པའི་རིག་པའི་སྣང་བ་འོད་ལྔ་གསལ་ཁྱབ། །འཁོར་བ་རྒྱུ་མེད་འགགས་རིག་པའི་འདུག་ས་རྙེད་ཟིན་པས། །ཡེ་ནས་སངས་རྒྱས་ཉིད་ཀྱི་ས། །གཞན་ནས་མེད་པར་ཡིད་ཆེས་པའི་ཕྱིར་རང་བུཌྜྷའོ། །མཚན་མའི་སྣང་བའི་བདག་འཛིན་ཅིར་སྣང་ཐམས་ཅད་དུ་དངོས་པོ་སྟོང་སངས་པས། །ཡུལ་ལ་མི་གནས་པའི་ཡེ་ཤེས་བློ་དང་དངོས་པོ་ལས་འདས་པའོ། །བདག་འཛིན་བློ་ནི་ཡེ་ནས་ཟད། །རྐྱེན་རྣམས་རྐྱེན་གྱིས་མེ་ལོང་གི་བཞིན་མེ་ལོང་གིས་གྲོལ་བར་བྱ་སྙམ་པའི་རྟོག་པ་དང་བཅས་པ་རང་སར་འགྱུར་ཏེ་སངས་རྒྱས་པའོ། །རང་གྲོལ་བས། །ལྟོས་ཆོས་རྣམས་ནི་ཡུལ་རྐྱེན་སྣ་ཚོགས་པ་རྣམས་དེ་ཉིད་ལ་དེ་ཉིད་དུ་ཅོག་

བཞག་པའོ། །དེ་ནས་རྟ་མགྲིན་རྒྱལ་པོ་ཉིད། །སྣང་བ་དེ་ཀུན་རང་གྲོལ་བས། །དེ་ནས་སྣང་བ་ཐམས་ཅད་རང་གྲོལ་བས་རིགས་ཀྱི་ཁྲོ་བོ་རྣམས་ངོ་མཚར་རྒྱས་པར་བསྟན་ཏོ། །ངོ་མཚར་མཆོག་ཏུ་རབ་ཏུ་དགའ་བ་སྐྱེས་གྱུར་ནས་ནི། །འདི་ལྟ་བུའི་དོན་ནི་ཡེ་ནས་གནས་པར་འདུག་པས་སེམས་ཅན་ཀུན་གྱིས་མ་གོ་བ་ནི་ཇི་ལྟ་བུ་ཞེས་བརྒྱལ་ཞིང་ས་ལ་རབ་ཏུ་འགྱེལ། །དེ་ནས་དེ་དག་བརྒྱལ་བ་བསླང་བའི་དོན་དུ་སྤྱོད་ལམ་ཐམས་ཅད་བུཌྜྷ་བར་བསྟན་རྡོ་རྗེ་འཆང་ཆེན་དེས། །དེ་ལྟར་རིགས་ཀྱི་ཁྲོ་བོ་རྟ་མགྲིན་ལ་སོགས་པ་བརྒྱལ་བ་བསླང་བའི་ཕྱིར། །འདི་སྐད་ཅེས་གསུང་གིས་དེ་ལ་སྤྲོ་བ་བསྐྱེད་ནས་ནི་ཆེད་དུ་བརྗོད། །ཨེ་མ་གོང་གི་དེ་དག་དེ་ལྟར་སྣང་བ་རྣམས། །འཁྲུལ་པ་ཉིད་ཀྱང་དེ་དག་འཁྲུལ་པའི་སྣང་བ་ཡིན་ཀྱང་རང་གྲོལ་ན། །འཁྲུལ་མེད་སྣང་བ་ཅིས་མི་གྲོལ། །ཇི་ལྟར་སྤྱོད་ལམ་སྨྲ་བ་དང་ལུས་ཀྱི་བྱ་བྱེད་རྣམས། །དངོས་མེད་སྟོང་ཤེས་བྱ་རིག་འོད་གསལ་བའི་སྤྱོད་པ་དེ་ཡང་རང་བྱུང་གི་སྤྱོད་པར་བསྟན་ཡིན། །བཟང་དང་ངན་པའི་རྟོག་པ་རྣམས། །རྟོག་པ་རང་དག་ཏུ་གནས། བསྒོམ་པ་ཆུ་བོའི་ཀློང་ཆེན་ཡིན། །གཞན་བསྒོམ་དུ་མེད་པར་བསྟན། ལོག་ལྟ་ཉན་ཐོས་ལ་སོགས་པ་ཡང་དག་རྟག་ཆད་འདོད་པ་རྣམས། །རྣལ་འབྱོར་རིས་མེད་རིག་པའི་ངོ་བོར་ཐམས་ཅད་རྫོགས་པར་ཁྱེར་བས་ལྟ་བ་ཡིན། །སྤྱོད་པ་རེ་དང་དོགས་པར་བྲལ་བས་འཛིན་པ་ཀུན། །འཁོར་བས་མ་གོས་ཟང་མ་ཐལ་བྱུང་རྐྱེན་གྱིས་མ་བསྒྲིབས་འབྲས་བུ་རྒྱུར་མི་ལྡོག་ཡིན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། །རྟོགས་པ་གཞན་ལ་རག་མ་ལུས་པར་བསྟན། སྟོང་གསུམ་ཐམས་ཅད་འདི་ལྟར་སྣང་བ་རང་བཞིན་གྱི་དཀྱིལ་འཁོར་ལ། །ཆར་དང་ཁུ་རླངས་རང་བྱུང་གི་ཆག་ཆག་བཏབ། །རྩོལ་སྒྲུབ་བྱ་མི་དགོས། ས་ལམ་འདོད་པ་ནི་ཐིག་ལེ་ཡིན་པར་བསྟན་ནས་རྩོལ་བ་མ་བྱས་པར་འགྲོ་བའི་ལམ་དམིགས་ཐིག་ཆེན་ཏེ། །རྐང་པའི་རྗེས་ནི་རྡུལ་ཚོན་རིས། །འབྱེད་མི་དགོས། འགྲོ་བར་འདོད་པ་སྟངས་སྟབས་ཉིད། །ཐམས་ཅད་སྟངས་སྟབས་རྡོ་རྗེའི་འགྲོས་ཀྱིས་རྣམ་རྟོག་གི་བགེགས་བསལ། ཡན་ལག་བསྐྱོད་པ་མ་བྱས་པའི་རིག་པ། ཇི་ལྟར་བྱས་ཕྱག་རྒྱས་རང་བྱུང་ལྷ་དང་སྤྲད་པའི་ཕྱག་རྒྱའོ། །ཇི་ལྟར་སྨྲས་པ་རང་གི་ངག་ཐམས་ཅད་སྔགས་ཡིན་པས་སྙིང་པོ་ཐམས་ཅད་རང་ལ་རྫོགས་པའི་རིག་པའི་ལྷ་སྟེ་སྔགས་ཀྱི་ཚིག །བསམ་པ་རྣམས་ནི་རང་གི་དྲན་བསམ་རྣམས་ཀྱིས་རིག་པའི་ལྷ་གསལ་བ་བསྐྱེད་རིམ་ཡིན། །ཡིད་ལ་རང་གི་ཡིད་ལ་ཅི་འགྱུ་

ཐམས་ཅད་མ་བྱས་པའི་མཆོད་པས་ལུ་གུ་རྒྱུད་ཀྱི་དངོས་གྲུབ་ཐོབ་པོ་འགྱུ་བ་མཆོད་པ་ཉིད། །མིག་གིས་མཐོང་ཚད་གཟུགས་སུ་སྣང་བ་ལྷ་ཡི་སྐུ། །སྒྲ་ཆེན་པོ་རང་དང་གཞན་གྱིས་བརྗོད་པ་རོལ་མོ་ཉིད། །རང་བཞིན་གྱི་ཁྱད་པར་རང་གི་ལུས་ནི་བུམ་པ་ཡིན་ལ། །རང་གི་སྐྲ་ནི་ལོ་འདབ་བུམ་པའི་ཁ་རྒྱན་རྒྱན་གྱི་ཚུལ་མཛེས། །ཁྲག་དང་ཆུ་སེར་ཆུ་རྣམས་བུམ་ཆུ་ཉིད། །རང་གི་དོན་སྙིང་ལ་སོགས་རྫས་ཀྱིས་གཏམས། །རང་ལ་སྣང་བའི་དབང་ཡེ་ནས་རང་ལ་གནས་པས་རྫས་དང་རྩོལ་བས་དོན་དམ་མི་ཐོབ་གསུང་རྣམས་བྱིན། །ཡེ་གདོད་མ་ནས་དབང་བཞི་རྫོགས་སུ་བསྐུར་བའོ། །མ་བསྐུར་ཉིད་ལ་རྫོགས་པའོ། །དེའི་གྲོགས་དམ་ཚིག་གང་ཞེ་ན་འདའ་བར་འདོད་པ་དམ་ཚིག་ལ། །བསྲུང་བར་འདོད་པ་བཅིངས་པ་ཉིད། །དགྲོལ་བར་འདོད་པ་ཆེད་དུ་བསྒྲུབས་ན་འཆིང་བའི་རྒྱུ་བྱས་ཤིང་བསྒྲུབས་ན་ཉམས་པ་སྟེ། །མེད་པར་འདོད་པ་ཐུབ་མཆོག་ཡེ་ནས་བསྲུངས་པ་དང་བྲལ་བ་ཡིན། །བཟའ་དང་བཏུང་བ་ཁ་ཟས་ཆང་ལ་སོགས་པ་བསྙེན་པ་ལ། །ཉལ་བ་དང་ཙོག་པུར་འདུག་པ་མ་བཙལ་བའི་སྒྲུབ་པའོ། །འདུ་བྱེད་རྣམས་ནི་ལྷག་གནས་སྟ་གོན་ཉིད། །གློ་དང་ལུད་པས་ཡེ་ནས་དཀྱིལ་འཁོར་བསྒྲུབ། །པ་ཡིན། མཐོང་བ་རྣམས་ནི་ཐམས་ཅད་བརྡའི་མན་ངག་ཏུ་གྲོལ་བར་བསྟན་ཕྱག་རྒྱའི་བརྡའ། །དེ་ལ་ཆགས་པ་ཉིད་ཉམས་མྱོང་ཡིན་ལ་ཞེན་མེད་རང་གྲོལ་དུ་བུཌྜྷའོ། །ཉམས་མྱོང་ཡིན། །ཤེས་རིག་རང་ཤེས་རིག་པའི་རྒྱལ་པོ་དྲན་བསམ་མ་འགགས་པའི་རིག་པ་མ་བུ་འཕྲད་པའི་གདམས་ངག་གོ། །གསལ་བ་གདམས་ངག་ལ། །ཡུལ་སེམས་གཉིས་འདུས་འཛིན་པ་གཉིས་མེད་ཀྱི་གདམས་ངག་གདབ་པའི་ཡུལ། །སྐྱེ་བ་མེད་པས་སྐྱེ་རྒས་ན་འཆི་རྟོགས་ཚད་སྟོང་པ་ལ་གོམས་པའི་གནད། །ཚོགས་དྲུག་མ་འགགས་ལྷུག་པར་བཞག་ན་རིག་པ་རང་དག་གི་རྟོགས་པའོ། །དེ་ནས་ཤེས་རབ་གཙོ་བོའི་འཁོར་གྱི་ཡེ་ཤེས་མཁའ་འགྲོ་རྣམས། །ཤིན་ཏུ་དགའ་ཡིད་ཆེས་པས་མགུ་ཡི་རངས་ནས། །སྟོན་པ་རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་འཁྲུལ་མེད་གྲོལ་བ་དེ་ལྟར་ཡིན་ན། །ཕྱི་སྣོད་ཀྱི་འཇིག་རྟེན་ཅིས་མི་གྲོལ། །སྟོན་པ་རྡོ་རྗེ་འཆང་གིས་ཕྱི་སྣོད་ཀྱང་གྲོལ་བར་བསྟན་པ་བཀའ་སྩལ་པ། །འདི་ལྟར་བཏགས་པ་རྣམས་ངེས་པ་མེད་པའི་ཕྱིར་ནམ་མཁའ་ཉིད་ནི་ཁྱབ་སྟོང་པས། །དངོས་པོ་རྫས་སུ་མེད་

པའི་ཕྱིར་ནམ་མཁའ་ཉིད་ནི་དངོས་པོ་ལ་བཀག་དངོས་པོར་གྲོལ། །རླུང་ནི་རྫས་སུ་མེད་ཀྱང་གཟུང་ཡུལ་མེད་སྣང་བས། །ཆུ་ནི་ཆུ་ཡིས་སྡུད་པའི་ཕྱིར་དངོས་པོ་སྡུད་པའི་ལས་སུ་གྲོལ། །མེ་ནི་སྨིན་བྱེད་བྱིན་ཚ་ཞིང་སྲེག་པར་མ་ངེས་ཐམས་ཅད་སྲེག་པར་བྱེད་ཟ་བས། །མེའི་རླུང་གིས་བསྐྱོད་ཅིང་དྭངས་སྙིགས་འབྱེད་པར་གྲོལ། །ས་ནི་སྐྱེད་བྱེད་འདེགས་སྲ་བ་མེད་པ་བསྟན་པས་ན། །དངོས་མེད་པའི་ནམ་མཁའ་ཡིན་ཏེ་མཐའ་ཡས་སྟོང་པའི་ཕྱིར་མཐའ་ཡས་སྟོང་པར་གྲོལ། །ཆུ་ནི་སྡུད་བྱེད་གཤེར་བ་མེད་པའི་རླན་པ་རླན་པས་ན། །སྲེག་བྱེད་ཆུའི་མེ་ཡིན་ཏེ་རྫས་སུ་བསྡུས་ན་སྨིན་པས་གཟུགས་སུ་གྲུབ་པའི་ཕྱིར་སྨིན་པའི་ལས་སུ་གྲོལ། །ནམ་མཁའི་རླུང་ནི་རང་སྣང་ལ་དངོས་པོ་ལ། །ནམ་མཁའི་མེས་ནི་སྡུད་པར་བྱེད་པ་སྟེ་སེམས་སྟོང་པ་ལ་ཐམས་ཅད་འདུས་པའི་ཕྱིར་སྡུད་པར་བྱེད། །ནམ་མཁའི་ཆུས་སྟོང་པས་རྫས་རྣམས་རྟེན་དུ་མ་བསྡུས་པར་སྲེག་པའོ། །ནི་སྲེག་བྱེད་པའོ། །ནམ་མཁའི་ས་ཡིས་ཐམས་ཅད་ཤོང་བ་ཐམས་ཅད་འབྱེད་པའོ། །གོ་སྐབས་འབྱེད། །ནམ་མཁའི་ནམ་མཁའ་ནི་སེམས་ལ་སྣ་ཚོགས་སུ་སྣང་བའོ། །སྣང་བའོ། །རླུང་གི་རླུང་ནི་འདི་ལྟར་སྣང་བ་རླུང་གིས་བཏེགས་པས་བརྟན་པ་ལ། །རླུང་གི་ནམ་མཁའ་ས་རྡོ་ཐམས་ཅད་སྡུད་པར་བྱེད་ཡེ་གདངས་ཆེ། །རླུང་གི་ཆུ་ནི་ཐོགས་པ་མེད་པར་འགྲོ་བ་མྱུར་མགྱོགས་ཏེ། །རླུང་གི་མེས་ནི་རྡུལ་ལ་སོགས་པ་སྡུད་པར་བྱེད་འཕེན་སྡུད་བྱེད། །རླུང་གི་སས་ནི་བྱ་ལ་སོགས་པའི་གཟུགས་བརྙན་འདོགས་ཤིང་དེ་ལ་གཟུགས་ཞི་བའོ། །གཟུགས་བརྙན་གསལ། །ཆུ་ཡི་ཆུ་ནི་སྒྲ་དང་བཅས་པ་སྒྲ་སྙན་ཡིན། །ཆུ་ཡི་ནམ་མཁའ་རྒྱུན་མི་འཆད་ཅིང་མྱུར་བར་འགྲོ་བས་ཐོགས་པ་མེད། །ཆུ་ཡི་རླུང་ནི་གཅིག་ཏུ་མི་སྡོད་པར་འགྲོ་བས་ཆགས་མེད་རྒྱུག །ཆུ་ཡི་མེས་ནི་གཟུགས་སུ་མ་སྡུད་པས་སྡུད་པར་བྱེད། །ཆུ་ཡིས་ས་ནི་རླུང་གིས་ཁྱབ་པས་སོ། །ཁྱབ་པར་བྱེད། །མེ་ཡི་མེས་ནི་མེ་ཕྲ་མོས་ཤིང་ཆེན་པོ་སྲེག་པར་བྱེད་བསྐྱེད་པར་བྱེད། །མེ་ཡི་ནམ་མཁས་བུད་ཤིང་ཐམས་ཅད་བསྲེག་པ་ཡིན་དངོས་པོ་བསྲེག །མེ་ཡི་རླུང་གིས་མེ་ཤིན་ཏུ་འབར་བས་ན་འབར་བར་བྱེད། །མེ་ཡི་ཆུས་ནི་ཤིང་ལ་སོགས་པ་ཐམས་ཅད་མེད་པར་བྱེད་པའོ། །བརླག་པར་བྱེད། །མེ་ཡི་སས་ནི་རྫས་གང་ལ་རེག་པ་བསྲེག་པར་བྱེད་པའོ། །འཛིན་པའོ། །ས་ཡི་སས་ནི་སས་གར་ཁྱབ་པར་འགྲོ་བས་འགྲོ་བ་ཁྱབ། །ས་ཡི་ནམ་

མཁའ་ཐམས་ཅད་ཐེག་པར་བྱེད་པའོ། །ཐེག་ཆེན་ཏེ། །ས་ཡི་རླུང་གིས་དབྱར་དགུན་དུ་ཤིང་ལ་སོགས་པ་འདབ་མ་ཡོད་མེད་དུ་གང་སྟོངས་བྱེད། །ས་ཡི་ཆུས་ནི་བྱས་པའི་ཁྱིམ་ལ་སོགས་པ་དང་དབྱར་བཏབ་པ་བཞིན་ནོ། །དངོས་པོ་བསྐྱེད། །ས་ཡི་མེས་ནི་ཆུ་གཅོད་པར་བྱེད་པས་སེམས་པའོ། །དེ་ཕྱིར་བཏགས་པ་ཐམས་ཅད་ངེས་པ་མེད་པར་བསྟན་ངེས་པ་མེད་པའི་འབྱུང་བ་ཡིས། །མི་འགྱུར་བའི་ཡེ་ཤེས་ཉིད་རྟག་པ་ཡིན་པ་ངེས་པར་སྣང་བའི་སེམས་ཉིད་གྲོལ། །གཟུགས་སུ་མེད་པའི་སེམས་ཅན་ལ་རག་མ་ལུས་པའོ། །སྣང་བ་རི་རབ་བམ་ཏིལ་འབྲུའམ་རྡུལ་ཕྲན་ལས་གྲུབ་པའོ། །ཐམས་ཅད་ནི། །རང་བཞིན་མེད་པའི་ངང་དུ་གྲོལ། །དེ་ཡང་དོན་ལ་མ་གྲུབ་འཁྲུལ་པའི་སེམས། གཟུགས་མེད་རྣམས་ནི་དངོས་པོ་སྟོང་ན་གཟུགས་སུ་མེད་པའི་ཕྱིར་དངོས་པོས་གྲོལ། །ཆོས་ནི་ཆོས་ཀྱིས་གྲོལ་བ་ལ། །རང་གིས་གྲོལ་བས་རྐྱེན་གཞན་མི་དགོས། མེད་པ་ལ་ཡང་དངོས་མེད་རང་དངོས་མེད་ཡིན་ལ་མེད་པས་གྲོལ། །གཅིག་ནི་གཅིག་གིས་གཅིག་ཐོག་ཏུ་གཅིག་གྱུར་པས་དུ་མ་གཅིག་ཐོག་ཏུ་གྱུར་པའོ། །གྲོལ་བ་ལ། །གཉིས་སུ་སྣང་བས་གཉིས་གཉིས་གཉིས་ཚུལ་གྱིས་གྲོལ་བས་སྣ་ཚོགས་རང་དག་ཏུ་གྲོལ་གྲོལ་བའོ། །རྟ་མཆོག་དཔལ་གྱིས་ཡང་གསོལ་པ། །ཀྱེ་མ་བཅོམ་ལྡན་སྲི་ཞུ་ཁྱད་པར་ཅན་གྱི་བདེ་བ་རྡོ་རྗེ་འཆང་། །སྣོད་རླུང་ལ་བརྟེན་ཀྱི་འཇིག་རྟེན་ཀྱང་གྲོལ་གྱུར་པས། །ཐ་མ་འཇིག། བཅུད་ཀྱི་སེམས་ཅན་ཁམས་གསུམ་ཅིས་མི་གྲོལ། །བ་ལགས། ཁམས་གསུམ་སེམས་ཅན་དེ་དག་གྲོལ་བར་མ་གྱུར་ན། །གཞན་གྲོལ་བ་རྣམས་ལ་དོན་མེད་པར་འགྱུར། །ལགས་ན། ཡང་ན་གོང་དུ་བསྟན་པའི་གྲོལ་བ་དེ་དག་ཀུན། །ཅི་གྲོལ་བ་ལགས། འབད་པ་མེད་པར་གྲོལ་ལགས་སམ་འོན་ཏེ་འབད་པས་གྲོལ་ལམ་ཅི། །འབད་པས་གྲོལ་ན་གོང་དུ་བསྟན་པའི་སྣོད་ཀྱི་འཇིག་རྟེན་བེམ་པོ་ནི། །གྲོལ་བར་རིགས་པ་མ་ལགས་ན། །སེམས་ཅན་ཐམས་ཅད་ཇི་ལྟར་གྲོལ་བ་བ་ལགས་ཇི་ལྟར་གྲོལ། །བཅོམ་ལྡན་འདས་བདག་ལ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་སྟོན་པས་བཀའ་སྩལ་པ། །རྫོགས་པ་ཆེན་པོ་རྩོལ་སྒྲུབ་ལས་འདས་པས་འབད་པས་གྲོལ་བ་མ་ཡིན་ཏེ། །ཡེ་ཐོག་མ་ཉིད་ནས་ནི་གྲོལ་བར་གནས། །པ་ཡིན། དེ་ཡང་ཇི་ལྟར་གྲོལ་ན་རང་གི་ལུས་ཉིད་རང་གིས་གྲོལ་བས་ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཡི་རྒྱུ་ཉིད་དག། ལས་ཀྱི་རླུང་གིས་བསྐྱོད་ནས། འཕེན་ལས་ཀྱི་རླུང་

གིས་སྦྱོར་བའི་སར་འཕོ་བ་པའི་རླུང་གིས་ལྷུམས་སུ་བསྐྱོད་པ་ནི། །བྱང་ཆུབ་ཀྱི་སེམས་རང་རིག་པའི་བདེ་ཆེན་ཐོབ་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ཡིད་བསྡུས་པས་ཁུ་ཁྲག་གཉིས་ནི། །སེམས་ཡེ་ནས་སྟོང་པ་ཉིད་ཀྱི་རང་བཞིན་དུ་དག་ཅིང་ཤར་སྟོང་ཉིད་ཡུལ་ལས་རྣམ་པར་ཤར། །གཉིས་ཀྱི་བདེ་བ་སྙོམས་འཇུག་ཕ་དང་མའི་ཀུན་རྫོབ་ཀྱི་བདེ་བ་གཉིས་ལས་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །ཐབས་རིག་པ་ཤེས་རབ་སྟོང་པ་ཉིད་ལས་གཉིས་སུ་སྣང་བ་དག་བདེ་བ་དང་མི་བདེ་ཉིད་བཤང་བའི་ལམ་ནས་འཕོ་བ། མངལ་གྱི་ལྷུམས་སུ་བར་དོའི་ཤེས་པ་དང་གསུམ་ཀྲུག་གིས་འདྲེས་པས་དོན་སྙམ་བྱེད་མི་སྣང་བའོ། །ཚུད་པ་ནི། །རང་རིག་གཞི་ནས་སྣང་བར་ཤར། །ངོ་བོ་གང་དག་གི་སྣང་བ་རྣམ་པར་དག་པར་ཤར། བདུན་ཚན་བདུན་གྱི་རྟོགས་ཚད་ནུར་ནུར་མེར་མེར་གོར་གོར་ལྟར་ལྟར་ཉ་ལྟ་བུ་རུས་སྦལ་ལྟ་བུ་སྦལ་པའི་རྣམ་པ་ལྟ་བུ་སྟེ་རང་གི་རིག་པ་སྐད་ཅིག་མ་བདུན་ལ་བརྟག་དོ། །ཟླ་བཅུ་ས་རྣམས་བགྲོད་མའི་མངལ་དུ་ཟླ་བ་བཅུ་ནས་ཕྱིན་པར་པ་ཉིད། །བཙས་པ་ཉིད་ནི་སྐུར་སྐྱེས་པ་ལོངས་སྐུར་བཞེངས་ཏེ་བཞེངས་ཏེ། །གོང་ནས་གོང་དུ་འཕེལ་བ་ལུས་བསྐྱེད་པ་ནི་གཞི་སྣང་ཡུལ། །ལས་ལ་མ་གཡོས་པའི་རིག་པ། ལུས་སུ་གནས་པ་གཞི་ལུས་གནས་ཚད་གཞི་ཡིན་ཏེ། །རྒས་པ་དག་ནི་འཁྲུལ་པ་ཐམས་ཅད་སངས། །ན་བ་ཉིད་ནི་རྟོགས་པའི་གདེང་། །རྙེད། ཤི་བས་ཆོས་ཉིད་རང་གི་རིག་པ་སྟོང་པར་གྲོལ། །དེ་ལྟར་གཟུགས་སུ་སྣང་བའི་སེམས་ཅན་ཏེ། །འབད་པ་མེད་རྩོལ་བ་མ་བྱས་པར་ཡེ་ནས་གྲོལ། །ཨེ་མ་སྤྱོད་པས་མ་བསྒྱུར་སྣང་བ་བྱས་པས་རྙེད་པའི་རིག་པ་སྣང་བ་གྲོལ། །བསྒོམས་པས་མ་བཅོས་དྲན་བསམ་གྱིས་མ་བཤིགས་ཆོས་ཅན་ཐམས་ཅད་པ་རང་སར་གྲོལ། །ལྟ་བས་མ་བརྟགས་ཡིན་མིན་གྱི་རྩིས་གང་བ་མ་བྱས་པར་རང་དག་ཏུ་གྲོལ་བའི་རྟག་ཆད་གྲོལ། །འབྲས་བུ་མ་བཅིངས་རང་ལུས་རེ་དོགས་མེད་པར་ཡེ་ནས་གྲོལ་བར་གནས་པས་གྲོལ། །སྣང་བ་ཡེ་རྒྱས་ཐེབས་པའོ། །དེའི་ཕྱིར་སྣང་བ་ཐམས་ཅད་རང་གིས་རང་གྲོལ་བར་བསྟན་པས་རང་གྲོལ་ཅེས་བྱའོ། །ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས། འབད་མེད་རང་གྲོལ་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་རིགས་ཀྱི་ཁྲོ་བོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདག་དོན་དང་གཞན་དོན་དུ་སངས་རྒྱས་ཀུན་གྱི་རང་

བཞིན་གང་། །དྲི་བ་མདོར་བསྟན། སེམས་ཅན་རྣམས་ལ་བུཌྜྷའི་རང་བཞིན་དེ་ཇི་ལྟར་གནས། །དེ་ཉིད་བུཌྜྷའི་རང་བཞིན་དེ་སེམས་ཅན་ལ་གནས་ན་འཁྲུལ་མི་རིགས། །སྟེ། འཁྲུལ་པ་དེ་ཇི་ལྟར་ལྡོག་ཚུལ་ནི། །གང་ལགས། ཐབས་གང་དང་གང་གིས་ལྡོག་པ་ལགས། །དེ་ཉིད་མ་འཁྲུལ་ཡེ་ཤེས་ཇི་ལྟ་བུ། །ལགས། བདག་ཅག་རྣམས་དེ་ལ་ནི་ཐེ་ཚོམ་དུ་གྱུར་ན། །དེ་ལ་དེའི་ཕྱིར་ན་མ་འཁྲུལ་པ་དང་འཁྲུལ་པ་གཉིས་སྣང་ཇི་ལྟར་ལགས། །གཙོ་བོ་སྟོན་པ་ལ་བོས་པ། བདག་ཅག་རྣམས་ཀྱི་ཐེ་ཚོམ་ཇི་ལྟར་བསལ། །བར་བགྱི། སྟོན་པ་རྡོ་རྗེ་འཆང་གིས་ལན་རྒྱས་པར་བཀའ་སྩལ་པ། །གསང་བ་མཆོག་གི་བདག་པོ་རྡོ་རྗེ་འཛིན། །པ་ཁྱོད་ཉོན་ཅིག །རང་བཞིན་དེ་གཉིས་ནི་གཞི་ངོ་བོ་གཅིག་ཁྱད་པར་ལས། །རང་བཞིན་ལ་འཁྲུལ་པ་ལྟར། སྤྲོས་མེད་ཉག་གཅིག་དགོངས་པར་གནས། །བརྗོད་པ་མེད་པའི་གཟུགས་དང་བྲལ་བའི་ཡེ་ཤེས་སུ་གནས་པའོ། །བདེ་ཆེན་ཐིག་ལེའི་རང་བཞིན་ཅན། །རྟོགས་པ་ཁྱད་པར་ཅན་གྱི་སྐུར་གནས། སངས་རྒྱས་ཀུན་བདག་ངོ་བོ་ཀ་དག་ཏུ་ཐམས་ཅད་གཅིག་དཀྱིལ་འཁོར་གཅིག །ངོ་བོ་ཉིད་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་ངོ་བོ་ཟང་ཐལ་ཀ་དག་པས། །རང་བཞིན་ཉིད་ལ་ཡེ་ཤེས་གཏིང་རྫོགས་སུ་གནས་པ་ལྷུན་གྲུབ་པོ། །རྟེན་མེད་ཀྱི་རིག་པ་ཕྱོགས་མེད་ཀྱི་རིག་པ་ཚུར་གཏད་བལྟས་མེད་ཀྱི་ཡེ་ཤེས་ཡུལ་དུ་སྣང་བ་དབྱིངས་སུ་ཚུད་པ་གཏད་མེད་ཀྱི་ཡེ་ཤེས་ཡུལ་མེད་ཀྱི་སྣང་བ་ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །རྟག་དང་ཆད་པའི་དངོས་པོར་འཛིན་པ་མེད་པའོ། །སྒྲ་དང་ཚད་མ་རྣམས་ཀྱི་སྤྱོད་ཡུལ་མིན། །གཞི་དེ་ཉིད་གཏན་ལ་མི་ཕེབས། གཅིག་འདས་པ་དང་གཉིས་འཁོར་བ་དང་བགྲང་ཡུལ་མེད། །རྩ་བ་མེད་པའི་རིག་པ་ཡུལ་དུ་མར་སྣང་བ། སྟོང་པ་ཆེན་པོར་ཡེ་ནས་བབས་ཀྱིས་གྲུབ། །དཔྱད་པས་མ་རྙེད་པའི་སྣང་བའོ། །ལུང་ཚིག་དང་རིགས་པའི་སྤྱོད་ཡུལ་མིན། །གྱིས་མི་རེག །ཚིག་ཏུ་བཀོད་པའི་རྒྱུད་དང་མན་ངག་གིས་བརྟགས་ཤིང་དཔྱད་དུ་མེད་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །སྒྲོན་མ་དང་མི་འབྲལ་བས་ཚིག་གིས་བལྟ་བསྒོམ་གྱིས་དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུ་དངོས་པོ་རྡོས་བཅས་སུ་གྲུབ་པ་མེད། །དབུ་ཚད་ལ་སོགས་པའི་ཆོས་ཀྱིས་དེ་ཉིད་བསྒྲིབ་པར་འགྱུར། །བསམ་པས་འགྲུབ་པ་མ་ཡིན་ཏེ། །ཐོས་བསམ་གང་གིས་ཀྱང་མཐོང་བ་མེད། ཤེས་རབ་ཀྱིས་ཀྱང་དཔྱད་དུ་

མེད། །བློ་ལས་འདས་པའི་རིག་པ་རང་དག་པ། སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ཡིས། །དེ་ཉིད་ལ་གནོད་པ་དང་ཕན་པའི་འབྲས་བུ་བྲལ་བའོ། །ཐོས་པ་དང་བསམ་པ་དང་བསྒོམས་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་དེའི་དོན་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །དབང་བསྐུར་བས་ནི་དེ་མི་ཐོབ། ཞལ་ཕྱག་གི་རྣམ་པར་གྲུབ་པའི་ལྷ་མེད་སྐྱེད་པའི་ས་བོན་མེད། །རྩ་བའི་སྔགས་དང་བཟླས་པའི་སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །བརྡའི་མུ་དྲ་དང་དོན་གྱི་མུ་དྲ་མེད། མཆོད་པ་ཕྱི་ནང་གསང་བ་དེ་ཁོ་ན་ལ་སོགས་སྤྲོ་མི་དགོས། །བསྐུར་རྒྱུ་དབང་དང་དམ་ཚིག་བསྲུང་མཚམས་ག་ལ་ཡོད། །གཙོ་བོ་དང་འཁོར་གྱི་བཟླས་པ་བསྙེན་པ་དང་ནི་སྒྲུབ་པ་མེད། །དཀྱིལ་འཁོར་དང་རྫས་མི་དགོས། འཁོར་ལོ་སྤྲོ་བ་དཀྱིལ་འཁོར་བསྐྱེད་པ་ཡོད་མ་ཡིན། །བགེགས་བསྲུང་བ་མེད་ར་བ་དང་དྲ་བའི་མཚམས་མི་དགོས་ཅིང་བསྲུང་ཡུལ་མེད། །གདོན་གྱིས་བར་དུ་མི་གཅོད་དང་གནོད་པའི་ཡུལ་ལས་འདས། །ཐམས་ཅད་དོན་ལ་མ་གྲུབ་པས། རིག་པ་རྟོགས་པ་དེ་ནི་ང་རང་བྱུང་གི་རིག་པ་ཡིན་འགྲོ་བའང་ཡིན། །སེམས་ཡིན་སེམས་ལས་བྱུང་བ་སྟེ། །རྩ་བའི་ཉོན་མོངས་པ་ལྔ་རང་བྱུང་གི་ཡེ་ཤེས་ཡིན། སེམས་བྱུང་ལྔ་བཅུ་པོ་ང་རང་རིག་པ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འདི་ལྟར་སྣང་བ་ཐམས་ཅད་རིག་པ་ཡིན་ཆོས་སྐུ་ཐིག་ལེ་ཉག་གཅིག་ཀྱང་ང་ཡིན། འཁོར་དང་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །གོང་གི་དཀྱིལ་འཁོར་ལ་སོགས་པ་མི་དགོས་པའི་དོན་དབང་དང་དམ་ཚིག་དང་བསྐྱེད་རིམ་ལ་སོགས་པའང་ང་ཡིན་བྱས་པའི་ཆོས་རྣམས་ཀྱང་ང་རིག་པའི་རྒྱལ་པོ་ཡུལ་གཉིས་སུ་མི་འབྱེད་པ་ཡིན། བྱས་ཆོས་ཐམས་ཅད་ཀྱང་བདག་ཉིད་དུ་གྱུར་པས་སོ། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གང་དུ་ཡང་མི་འགྲོ་བས་ང་རིག་པ་གནས་པ་ཡིན་ལ་གྲོལ་བ་ཡིན། །ས་ལ་འདུག་དང་ཉལ་དང་འཆག་པ་ཡང་ཡིན། །གཞན་གྱི་སྲོག་གསོ་བ་ཡང་ཡིན་དེ་གཅོད་པ་ཉིད་ཀྱང་ཡིན། །འདོད་དང་གཟུགས་དང་གཟུགས་མེད་འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ལྷ་དང་ཞལ་ཕྱག་ཏུ་ཡང་སྔགས་དང་ཕྱག་རྒྱར་སྣང་། །དགེ་དང་དེ་ཡི་འབྲས་བུ་ལྟར་ཡང་ང་རིག་པ་ཉིད། མངོན་མཐོང་དང་དེའི་ཐུགས་རྗེ་ལྟར་འབྱུང་བྱུང་། །སྦྱིན་པ་ལ་སོགས་པ་ཕ་རོལ་ཕྱིན་པ་བཅུ་ཡང་རིག་པ་དེ། །ས་བཅུའི་གོང་འོག་རྣམས་དང་ནི་ཡོན་ཏན་ཀྱང་། །དེ་ཉིད་ལས་ནི་རིག་པའི་ཡེ་ཤེས་ཉིད་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱས་པས་བྱུང་བ་

ལྟ་བུའི་སེམས་འཛིན་བསམ་གཏན་སངས་རྒྱས་ཀྱི་དགོངས་པ་ཐམས་ཅད་བྱུང་། །སྤྱོད་པ་སྒོམ་པ་ཉིད་དང་ནི། །ཆོས་སྐུ་ལ་ལྟ་བ་དང་ཆོས་ཉིད་ལྟ་བ་ལ་སོགས་ཀུན་ཀྱང་བྱུང་། །ཆེ་བྱང་སེམས་ཆུང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཆུང་ངུ་ཉེར་བརྒྱད་ཀྱང་བྱུང་རིམ་པའི་ཐེག་པ་ཡང་། །དེ་ལས་སྔགས་ཀྱི་ཐེག་པ་ལ་སོགས་ཏེ་ཆེན་པོ་ལྟར་ཀྱང་བྱུང་ཐམས་ཅད་བྱུང་བའོ། །མདོར་ན་འདི་ལྟར་སྣང་བ་ཐམས་ཅད་ཀྱང་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་རང་རིག་བདེ་བ་ཆེན་པོ་དེ་ལས་བྱུང་བའོ། །ས་ཆུ་མེ་རླུང་ནམ་མཁའ་དང་། །འབྱུང་བ་ཆེ་རྣམས་རང་རིག་པའི་རྒྱལ་པོ་དེ་ལས་བྱུང་། །ལྷ་དང་ལྷ་མིན་མི་རྣམས་དང་། །དམྱལ་བ་བྱོལ་སོང་ཡི་དྭགས་དང་། །ཆེན་པོ་རིག་པའི་ངོ་བོ་དེ་ལས་ཡང་དག་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་ནི། །ཉོན་མོངས་ལྔ་ཡང་། རིག་པ་དེ་ཉིད་ལས་ནི་ཆོ་འཕྲུལ་འབྱུང་། །མ་རིག་སེམས་དང་ཡིད་རྣམས་དང་། །ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་དང་། །རྣམ་པར་ཤེས་པའི་ཚོགས་བརྒྱད་རྣམས་དང་། །མིག་སོགས་དབང་པོ་ལྔ་ལ་སོགས་པ་བྱུང་། །འདོད་པའི་ཡོན་ཏན་སྒྲ་དང་དྲི་དང་རོ་དང་ནི། །རེག་བྱ་ཉིད་དང་འདོད་ཡོན་ནི། །རིག་པ་དེ་ཉིད་ཀྱི་ནི་རྒྱན་དང་རོལ་པར་འཛིན་པ་དུ་བྱུང་། །གསོག་འཛིན་པ་དང་ཡ་མ་བརླ་དང་ནི། །སྙིང་པོ་མེད་ལ་སོགས་པ་སྟོང་སངས་ཡང་། །རིག་པ་དེ་ཡི་རྩལ་དང་རོལ་པར་བྱུང་། །ཀུན་གཞི་སྦྱོར་བ་དག་དཔེ་དོན་གྱི་དང་དང་ནི་ཉེར་ལེན་ལུས་ཀྱི་ཕུང་པོ་དང་ཁམས་གྱི། །ཤ་དང་ཁྲག་དང་ཆུ་སེར་ནང་གི་འབྱུང་ལྔ་དང་། །ལུས་ཀྱི་རྒྱ་རུས་པ་པགས་པ་བ་སྤུ་དང་། །བསགས་པའི་ལུས་རྣམས་རིག་པ་དེ་ལས་བྱུང་། །ལུས་དང་ངག་དང་ཡིད་དང་ནི། །སེམས་ལས་བྱུང་བའི་ཉོན་མོངས་སྣ་ཚོགས་ནི། །ཐམས་ཅད་ང་ཡི་ངོ་ལས་བྱུང་། །རིག་པ་ཆོས་ཀྱི་སྐུའི་རྒྱན་དུ་ཤར་ཅིང་སྣང་བའོ། །སྐྱེས་པ་བུད་མེད་རྟ་གླང་དང་། །ལུས་ཀྱི་ཕུང་པོ་དང་ཁམས་སུ། གཟུགས་ནི་ཐ་དད་པ་ཐམས་ཅད་དེ་ལས་བྱུང་། །སྤྱོད་ལམ་བཟའ་དང་ཉལ་དང་འདུག་པ་དང་། །སྣ་ཚོགས་འཁོར་བའི་ལས་རྣམས་ནི་བྱུང་བའོ། །ཀྱེ་ཁྲོ་བདག་དེ་ལྟར་དེ་སྣང་སྣང་བ་ཐམས་ཅད་འཁྲུལ་མ་མྱོང་བའི་རིག་པར་བསྟན་གནས་པའི་ཆོས་ཉིད་ལ། །འཁྲུལ་པ་གདོད་ནས་མེད་པ་སྟེ། །ཆོས་སྐུ་ནམ་མཁའ་ལྟ་བུ་ལ། །གློ་བུར་མ་རིག་པ་བྱུང་བས་སེམས་ཅན་དཔེར་ན་ནམ་མཁའ་སྤྲིན་གྱིས་བསྒྲིབས། །མ་འཁྲུལ་པ་ཡི་ཆོས་ཉིད་འཁྲུལ་པ་ཡེ་ནས་དག་ཀྱང་། །གློ་བུར་འཁྲུལ་པའི་ཚུལ་སེམས་ཅན་གྱི་གློ་ལ་མེད་པ་ལ་ཡོད་པར་བཟུང་བ་དང་

ལྡན། །རྒྱུ་རྐྱེན་མ་རིག་པ་བཞི་དམིགས་པ་དང་བཅས་སྐད་ཅིག་མ། །ཡུལ་ལ་འཁྲུལ་པ་རྩལ་དུ་དེ་ལྟར་སྣང་མོད་ཀྱང་། །ཐོག་མ་ཉིད་ཀྱི་ངོ་བོའི་གཞི་ཀ་དག་ལ། །འཁྲུལ་པ་ཡེ་ནས་དག་པས་འཁྲུལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་པ་ཡང་ཅི། །ཙམ་དུ་ཡང་བརྗོད་དུ་མེད་པའོ། །དེ་ཕྱིར་འཁྲུལ་པ་ཐོག་མ་ནས་འཁྲུལ་རྒྱུ་མེད་པའི་རིག་པ་གདོད་ནས་དག །གཞི་སྣང་ཆེན་པོ་དེ་ཉིད་ལ། །ངག་གི་གཞི་ལ། མ་རིག་པ་ཞེས་རྒྱུ་རིག་པ་ཉིད་དང་ཁྱད་མེད་བརྟག་མེད་པས། །ཡེ་ནས་རིག་པ་ཉིད་འཁྲུལ་པའི་རྒྱུ་མེད་པས་འཁྲུལ་པར་གྲུབ་པ་ཡོད་མ་ཡིན། །བློ་ཞེས་ཀུན་ཏུ་མ་བརྟགས་པས། །དྲི་མ་འཁྲུལ་པའི་དྲི་མ་དག་པ་ཞེས་པ་དང་ཉོན་མོངས་པ་དང་ཤེས་པ་དང་ལོག་རྟོག་གི་སྒྲིབ་པ་ཞེས་ཚིག་ཙམ་དུ་ཡང་གདགས་སུ་མེད་མིང་ཡང་མེད། །མིང་དང་ཡི་གེའི་ཚོགས་ཡིན་དང་མིན་པར་བརྗོད་དུ་མེད་མེད་པས། །བཏགས་པའི་འཁྲུལ་པ་ཡོད་མ་མྱོང་བས་ཡོད་མ་ཡིན། །ཆོས་ཞེས་མིང་དུ་པུསྡི་གླེགས་བམ་དུ་མ་གྲགས་པས། །བློ་བཏགས་འཁྲུལ་པ་ཐ་སྙད་དུ་གདགས་སུ་མིང་ཡང་མེད། །སེམས་དང་ཡིད་དུ་མ་གྲུབ་པས། །དབུགས་འགྱུ་བྱེད་རང་བཞིན་གྱིས་སྟོང་འགྱུ་བྱེད་འཁྲུལ་པ་ངང་གིས་མེད། །རྡུལ་ཕྲ་རགས་དྲི་མ་གཉིས་གཟུགས་སུ་གྲུབ་པ་མེད་པས། །འབྱུང་བ་ལྔའི་རྐྱེན་གྱིས་འཁྲུལ་པ་ངང་གིས་མེད། །བྱ་དང་བློ་བྱེད་པ་ལུས་གཉིས་མེད་པས། །ཡུལ་འཛིན་སྒོ་ལྔའི་ཡུལ་དག་ཏུ་འཛིན་པའི་འཁྲུལ་པ་ག་ལ་ཡོད། །ཡུལ་གཟུགས་ལ་སོགས་པ་དང་དབང་པོ་ལྔ་གཉིས་མེད་པས། །ཡུལ་འཛིན་ཡུལ་དང་ཡུལ་དུ་བཟུང་བའི་འཁྲུལ་པ་མེད་པའོ། །ཀྱེ་ཁྲོ་བདག་ཆེན་པོ་ལེགས་པར་ཉོན། །ཅིག། རང་བཞིན་ངོ་བོ་ཉིད་ལ་སྣང་བའི་ཆོས་རྣམས་ལ། །ཉོན་མོངས་པ་དང་ཤེས་བྱ་ལ་སོགས་པའི་དྲི་མ་མེད་པས་ཕྲ་རགས་ལོག །གཟུང་བ་ཡུལ་དང་འཛིན་པ་སེམས་མེད་པས་མ་འཁྲུལ་པའི་རིགས་རང་སོར། རིག་པའི་ངོ་བོ་འཁྲུལ་པ་ལོག། དབུགས་འགྱུ་བ་དང་མི་འགྱུ་བའི་དེ་ཉིད་ཡེ་ཤེས་དག་པའི་རླུང་དུ་འགྱུ་བ་མེད་པས་ལས་རླུང་ལོག། འཁོར་འདས་གཉིས་ལ་ཟང་ཐལ་ཡིན་པས་

དངོས་པོ་ལོག། རང་བཞིན་གྱིས་འོད་གསལ་བ་ཡིན་ཕྱིར་སྟོང་པ་ཆད་པ་ལས་ལོག །ཡེ་ནས་རྩོལ་སྒྲུབ་མེད་པར་རྫོགས་པས་བསྐྱེད་རིམ་ལྷ་བསྐྱེད་བསྒོམ་རང་རྫོགས་སུ་ལོག། བྱས་པ་མེད་པའི་རིག་པ་རྩོལ་བ་མེད་པས་སྤྱོད་པ་ལོག། བླང་དོར་ལ་མ་བཙལ་རིག་པ་རང་སོར་བཞག་པས་བྱས་ཤིང་བསམ་པའི་བསྒོམ་པ་ལོག། འབད་པ་མེད་པའི་རིག་པ་རང་གྲོལ་ཡིན་པས་སྣང་བ་བདག་འཛིན་ལས་ཏོག་མེད་པ་ལོག། རྡོ་རྗེ་ལུ་གུ་རྒྱུད་མངོན་དུ་སྣང་བས་ཐེག་པའི་རིམ་པར་ལྟ་བ་ལོག། རིག་པ་ལ་སྒྲ་ཚིག་བརྗོད་པ་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་རྟག་པ་ལས་སྤྲོས་པ་མེད་བས་དངོས་པོ་རྡོས་བཅས་ལ་ཞེན་པ་ལོག། རིག་པར་ཆད་པ་སྟེ་མེད་མ་མྱོང་བས་གཞན་ལྟོས་རེ་དོགས་པས་རང་གནས་སུ་ལོག། རྗེས་སུ་མ་གྲུབ་པའི་རིག་པ་གཟུང་དུ་མེད་པས་བློས་བཏགས་ལོག། ཆོས་སྐུ་ཟང་ཐལ་ཉག་གཅིག་ཡིན་པས་གྲངས་མཐའ་བརྒྱ་སྟོང་ལ་སོགས་གྲངས་ཀྱང་ངོ་བོ་གཅིག་ཏུ་ལོག། འཁོར་འདས་སྣོད་བཅུད་ཡོང་ཕྱི་མ་དང་སྔ་མ་གང་ལའང་མི་ལྟོས་ལ་ཁྱབ་པས་གཞན་འབྱུང་འགགས། །རིག་པ་ཉིད་རང་ཤར་ཡིན་པས་འཁོར་བའི་མུན་པ་སངས། །ཡེ་ནས་རང་བྱུང་གི་ཡེ་ཤེས་སྙིང་པོ་ཡིན་པས་ཆོས་སྐུར་བསམ་པ་དང་བྲལ་བའི་ཡེ་ཤེས་ཁྱབ། །འོད་ལྔ་གསལ་བར་སྣང་བས་ལོངས་སྐུར་མཚན་དང་དཔེ་བྱད་དུ་རྒྱས། །ཆོས་ཉིད་རིག་པ་སྣ་ཚོགས་སུ་རང་གྲོལ་རང་བྱུང་མ་བུ་འཕྲད་པས་སྤྲུལ་སྐུར་བྱུང་། །རིག་པ་དེ་རྟོགས་སུ་ཡོད་པས་ཐབས་གདམས་ངག་སུ་བྱུང་། །བསྒོམ་བསྒྲུབ་ལས་འདས་པའི་རིག་པ་བསམ་འདས་ཡིན་པས་དྲན་པ་རང་དག་ཏུ་སངས། །རིག་པ་སྟོང་པར་གནས་པས་རྟག་པའི་མཐའ་ལས་ལོག་རྟག་ཆད་གསལ་བར་ཡོད་པས་ཆད་མཐའ་ལས་ལོག་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་དྲིལ་ཏེ་ས་ཏིང་གསལ་རིག་པའི་སྙིང་པོར་གནས་བས་རེག་པ་གསལ། །རིག་པ་རང་གདངས་དང་བཅས་པའི་དོན་གསལ་བར་ཤར། དེ་ཕྱིར་འབད་མེད་རང་གྲོལ་ཡོད་པས་ཅོག་བཞག་དང་། །དེ་ཉིད་འཁྲུལ་པ་གཞི་ལས་ལོག་པའི་རིག་པ་ནི། །ཐོག་མ་ནས་རང་ལས་བྱུང་བས་ཐ་མ་ཡང་རང་གྲོལ་ཞེས་བྱ། །ཡེ་ནས་གནས་པ་ཡིན་པས་འཁོར་འདས་ཁྱབ་ཅེས་བྱ། །མཚན་མ་དངོས་པོ་མེད་པས་སྟོང་ཞེས་བྱ། །རང་གསལ་ནུབ་པ་མེད་པས་རང་ཤར་ཞེས་བྱ། །ལུས་དང་དྲལ་ནས་རྡོས་བཅས་མེད་པས་འཁོར་འདས་གཉིས་ཟང་ཐལ་ལོ། །ཡེ་ནས་གྲོལ་བར་

གནས་པས་འཁོར་བ་ལས་ལོག་ཅེས་བྱ། །སྣ་ཚོགས་འོད་ལ་དྭངས་པས་རིག་པའི་ཡེ་ཤེས་སངས་ཞེས་བྱ། །རིག་པ་ཉིད་གཉིས་སུ་མེད་པས་བློ་དང་བྲལ་བ་ཞེས་གཅིག་པུ་ཉིད། །འཁོར་འདས་ཐམས་ཅད་བསྐྱེད་པས་གཉིས་ཀའི་རྒྱུ་ཞེས་བྱ། །ཕྱི་ནང་གི་སྣང་ཆ་མ་ལུས་རྫོགས་པས་རྫོགས་པ་ཆེན་པོའི་འབྲས་བུ་ཉིད། །ཡིན། ལུས་བདག་ཏུ་འཛིན་པའི་དམིགས་པ་དག་པས་ལམ་རང་སྣང་གི་ལམ་ཞེས་བྱ། །རིག་པའི་ངོ་བོ་ལ་འཁྲུལ་པ་ཟད་པས་ལུང་རང་རིག་པའི་ཡང་ཡིན། །པར་བསྟན། ཡེ་ནས་རང་ལ་སྐུ་དང་ཡེ་ཤེས་སུམ་བརྩེགས་སུ་གནས་པས་བརྗོད་དུ་མེད་པའི་རྒྱུད་ཅེས་བྱ། །ཐབས་ཁྱད་པར་ཅན་གྱིས་མཚོན་དུ་ཡོད་པས་སྟོང་པ་རང་གནད་ཀྱི་མན་ངག་ཡིན། །གཅིག་དང་གཉིས་ཀྱི་གྲངས་ལས་འདས་པས་མ་བགྲངས་པའི་རྩིས་ཞེས་ཆེན་པོ་བྱ། །དེ་ལྟ་བུ་ཡི་སེམས་ཉིད་རིག་པ་ཉིད་ལས་གཞན་དུ་མི་འབྱེད་པ་ནི། །དགོས་འདོད་སྐོངས་པས་ནོར་བུ་རིན་པོ་ཆེ་འདྲ། །དགོས་པ་ཐམས་ཅད་ཚང་བས་བང་མཛོད་རྒྱས་པ་ཇི་ལྟ་བ་བཞིན། །རྐྱེན་གང་བསྟན་སྣང་བའི་གཟུགས་བརྙན་སྣང་བས་མེ་ལོང་འདྲ། །དྲི་མེད་གང་གིས་ཀྱང་མ་གོས་གསལ་བའི་ཤེལ་རིན་པོ་ཆེ་སྒོང་དང་འདྲ། །འདི་ལྟར་སྣང་བ་སྣ་ཚོགས་ཟ་འོག་གི་གུར། །ཕྱི་མ་དང་འདྲ། སྤྲོ་བསྡུ་མེད་པས་གཤོག་པ་ཐང་བཅད་ནས་ཁྱུང་ཆེན་འདྲ། །ལྟ་བའི་རྩལ་རྫོགས་གཅན་གཟན་གཞན་གྱིས་མི་ནོན་སེང་གེ་བཞིན། །གཏིང་རྫོགས་ཁྱབ་དང་དལ་ཞིང་གཡོ་བ་མེད་པས་རྒྱ་མཚོ་འདྲ། །རང་བྱུང་ནམ་མཁའ་ལས་སྤྲིན་དང་ཁུ་རླངས་བྱུང་ཡང་དེ་ལས་བྱུང་གྲོལ་ཡང་དེ་ཉིད་དུ་གྲོལ་བས་ནམ་མཁའ་བཞིན། །འཁོར་བའི་འགྲོ་བ་རྣམས་ཐམས་ཅད་བརྟེན་པས་ས་གཞི་འདྲ། །གཞན་འབྱུང་འཁྲུལ་པ་ལས་ཡུལ་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱི་ནང་ཟང་ཐལ་གྱི་འགག་པ་མེད་པའི་རིག་པ་ལས། །ཡེ་ནས་འཁྲུལ་པ་མེད་པས་ཐམས་ཅད་རང་གྲོལ་ཡིན་པས་རྟོག་པ་མེད། །གཞན་གྱིས་བརྟགས་ཤིང་དཔྱད་པ་མ་ཡིན་པར་ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །དཔེར་ན་སྦྲུལ་གྱི་མདུད་པ་འདྲ། ཅེར་གྲོལ་མཐོང་བ་རང་དག་ཏུ་ཡིན་པས་སྣང་བ་དག། ཡེ་ནས་རྟག་ཆད་ཀྱི་མཐའ་ལས་མཐའ་གྲོལ་ཡིན་པས་ཡོད་མེད་ཀྱི་མུ་བཞི་འགགས། །

གྲངས་ཟད་གཅིག་གྲོལ་ཡིན་པས་དུ་མ་སྟོངས། །རྐྱེན་རྣམས་རང་རིག་རང་གྲོལ་ན་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་སྣ་ཚོགས་སུ་སྣང་བ་སྣ་ཚོགས་སུ་གྲོལ་ལ་ང་མི་ལྟོས། །དབང་པོའི་ཡུལ་རྣམས་དབང་པོའི་ཡུལ་གྱིས་གྲོལ་བས་ན། །གཟུང་བ་དང་འཛིན་པ་གཉིས་ཀ་རང་དག་ཏུ་ལ་ང་མི་ལྟོས། །མ་རིག་པ་ཉིད་ལ་རྒྱུ་ཉིད་རྒྱུ་མ་རིག་པ་ཡིས་གྲོལ་བ་ལ། །འཁོར་བ་མྱ་ངན་ལས་འདས་པ་གཉིས་ལ་ང་མི་ལྟོས། །ཆོས་ཐབས་སྣ་ཚོགས་ནི་ཆོས་ཐབས་སྣ་ཚོགས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །དེའི་ཕྱིར་བརྗོད་པའི་ཚིག་གིས་སངས་མི་རྒྱ་བར་བསྟན། སེམས་བསམ་པ་ཉིད་སེམས་ཀྱིས་བསམ་པའི་ཐོག་ཏུ་གྲོལ་བ་ལ། །དེ་ཕྱིར་བློ་ལས་འདས་པའི་ཡེ་ཤེས་རང་སྣང་བར་བསྟན་པས་མཚོན་བྱེད་བློ་ལ་ང་མི་ལྟོས། །དཔེར་ན་དྲི་མས་དྲི་མ་འཁྲུ་བ་བཞིན། །དེ་ནི་རིག་པས་རིག་པ་དག་པས་དག་པ་གྲོལ། །བོང་ང་དཀར་པོའི་དུག་གིས་དུག་རྣམས་འཇོམས་པ་དང་། །ལྕགས་གཟོང་སོགས་ཀྱིས་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་དང་། །ཤིང་ལ་མེ་བུས་པས་གིས་ཤིང་རྣམས་བསྲེག་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །དེ་ཕྱིར་རང་གིས་རང་གྲོལ་བར་བསྟན། རིགས་རང་རྐྱེན་གཞན་རྐྱེན་གཉིས་སུ་མི་མཐུན་པས་གྲོལ་བ་མིན། །དེ་ཕྱིར་གཞི་གནས་རང་གི་ངོ་བོ་རིག་པ་ལ། །རིག་པ་ལས་འཁོར་འདས་དུས་གཅིག་ལ་རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །ཐོག་མ་ནས་རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །སྣང་བ་ཐམས་ཅད་རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་གཞན་ལྟོས་ཀྱི་ཆོས་ལས་གྲོལ་བ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །དྲི་མ་ཀ་ནས་རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །ཡེ་ནས་རང་རིག་ཡིན་པ་ཤེས་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཏིལ་འབྲུ་མར་གྱིས་ཁྱབ་པ་ལྟར་ཡིན་ཕྱིར་འབྲས་བུ་རྫོགས། །གར་ཀྱང་མ་སོང་བའི་རིག་པ་རང་ས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་གིས་རྐྱེན་གཞན་ལ་རག་མ་ལུས་པར་རྟོགས་ཕྱིར་ཆོས་ཉིད་རྫོགས། །འབད་པ་མེད་པར་ཡེ་ནས་གྲོལ་བ་རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཚིག་གི་སྤྲོས་པ་ཉེ་བར་ཞི་བ་ཡིན་ཕྱིར་

རྒྱུད་ལུང་རྫོགས། །ཐོག་མ་ནས་མ་སྐྱེས་པར་རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་རིག་རྟོགས་ཤིང་གཞན་གྱི་མ་བཅོས་པ་རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །བསྒྱུར་བ་མ་ཡིན་པར་རང་བཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་གནས་ཡིན་པས་འཇིགས་པ་དང་བྲལ་བའི་ཡེ་ཤེས་ཕྱིར་དབྱིངས་རྫོགས་པའོ། །ངོ་མཚར་ཆེ་བའི་ཚིག་ཨེ་མ་ཧོ། རང་རྫོགས་ཆེན་པོའི་ཆོས་སྐུ་ནི། །ཀ་ནས་དག་པས་ངོ་བོ་ཡེ་ཤེས་རང་སྣང་བ་བློ་དངོས་ཀྱི་དྲི་མ་ཟད། །སྔོན་ཐོག་མར་བྱུང་བས་བརྒྱུད་པ་ཟད། །ཟླ་མ་རིག་པ་དང་བྲལ་བས་ཡིན་མིན་གྱི་རྩིས་ལས་འདས། །སྡུག་བསྔལ་རྒྱུ་མེད་བདེ་བའི་སྣ་སྡུག་བསྔལ་གྱིས་བསྐྱེད་པས་བདེ་ཆེན་པོ། །བརྗོད་པའི་རྒྱུ་མེད་སྨྲ་བསམ་འདས། །ཡེ་ནས་རང་རིག་རྣམ་དག་རིག་པ་པའོ། །ཟག་པ་ཟད་ཕྱིར་རྡོས་བཅས་གཟུགས་སུ་གྲུབ་པ་མིན། །དངོས་པོ་ཟད་མཚན་མའི་ཆོས་ཡེ་ནས་སྟོང་ཕྱིར་སྟོང་པར་གནས། །གཉིས་ཀྱིས་འཁོར་འདས་གཉིས་སུ་མ་ཕྱེ་འཕེལ་མེད་ངོ་བོ་ཉིད། །རང་གཅིག་པུ། བློའི་སྒྲོ་འདོགས་ཟད་ཆོས་དང་བྲལ་བས་མན་ངག་རང་བྱུང་དུ་མཐའ་ལས་འདས། །ཤེས་རིག་རང་སོ་ན་རྟོག་མེད་གནས་པས་གསལ་བས་འགྱུ་བ་སངས། །ཕྱི་ནང་བེམ་རིག་གཉིས་མེད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས། །རིག་པ་རང་དག་པས་འགྲན་པའི་ཟླ་མེད་སྣང་བ་རང་གི་ངོ་ལ་ཅོག་བཞག་རང་། །དེ་ཚིག་གིས་བསྒྱུར་མི་བཏུབ་པས་བཅོས་པའི་ཚིག་མེད་ཀུན་ཏུ་ཁྱབ། །རྟོག་མེད་དུ་བསམ་བྱེད་སེམས་མེད་འཛིན་མེད་རང་གྲོལ་དུ་དྲན་པ་བྲལ། །སོ་མ་ཉིད་ཡིན་གཉུག་མའི་ལས་མ་གཡོས་པ་སྟོང་པ་ངང་། །མ་བཅོས་མཆོག་ཡིན་གསལ་འགྲིབ་དང་བྲལ་བ་རྣལ་མར་བཞུགས། །ཤེས་བྱ་ཉིད་ལས་ཐོག་མ་ནས་དེ་ཀ་བཞིན་དུ་གནས་པ་བབ་ཀྱིས་གྲུབ། །སྔོན་དུ་བྱུང་བ་མེད་ཕྱིས་འབྱུང་བ་མེད་གདོད་ནས་མེད། །ཐོག་མ་མེད་པ་ནས་རང་ཆས་ཀྱིས་གྲུབ། ངོ་བོ་རིག་པ་འགྱུ་བ་མ་ཡིན་དྲན་པ་སྒྲོ་སྐུར་དང་བྲལ་བར་གནས། །སེམས་ཅན་དང་སངས་རྒྱས་ཡོངས་ལ་ཁྱབ་པའི་སེམས་གཅིག་པོ། །ལས་མེད་ཀྱང་སྣ་ཚོགས་སུ་སྣང་། གྲུབ་པའི་མཐའ་ཐོག་མ་མཐའ་མ་དག་གི་དོན་རྫོགས་སྤྱི་ཕུད་ཡིན། །ཐོག་མ་ཡང་དེ་རང་བར་མ་ཡང་དེ་རང་དང་ཐ་མར་ཡང་དེ་རང་གྲུབ། །སེམས་ཅན་ལ་དེ་ལྟར་གནས་པའི་འཁྲུལ་

མེད་གཞི། །རང་རིག་ཡེ་ནས་འོད་རེ་གསལ། །རིག་པ་ལས་བྱུང་བའི་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བའི་འོད་སྣང་ངོ་། །སྐུ་གསུམ་ཡེ་ནས་མ་བསྐྱེད་རྫོགས། །འབྲས་བུ་བསྒྲུབ་ཏུ་མེད་པར་ཡེ་ནས་རང་གནས་པ། །ཆོས་ཀྱིས་ཡེ་ནས་བཅོས་སུ་མེད། །དེ་ལ་ག་དར་བཅོས་ན་རྩོལ་བྱས་སུ་གོལ། གྲུབ་མཐས་བསྐྱང་བས་དེའི་དོན་མ་རྟོགས་ཡེ་ནས་བསྐྱངས་དང་བྲལ། །དུག་ལྔས་ཡེ་ནས་གཞི་རིག་པ་ཆོས་ཀྱི་སྐུ་ལ་གོས་པ་མེད། །འཁོར་བ་ཉིད་ཡེ་ནས་སངས་རྒྱས་པར་ཤེས་པས་འདས་འདུ་འབྲལ་ག་ལ་ཡོད། །འོད་ལྔའི་སྣང་བ་གསལ་བའི་ངོས་ནི་བརྗིད་རེ་ཐོག་མ་ནས་རང་ཆས་ལས་བྱུང་ཆེ། །སྣང་བ་ཉིད་ནི་རང་རིག་འོད་ཕུང་ལྷུན་རེ་སྡུག །ཆོས་སྐུ་ངོ་སྤྲོད་རང་ལ་གནས་པའི་དོན་དབང་བས་མཐོང་བས་ངང་རེ་སྤྲོ། །ངོ་བོ་ཟང་ཐལ་ཀ་དག་རིག་པའི་གསེབ་ལམ་ཡེ་ཤེས་བཞི་ལས་བྱུང་སྦུབས་རེ་ཡངས། །རང་བཞིན་ལྷུན་གྲུབ་ཀྱི་སྣང་བས་སངས་རྒྱས་སེམས་ཅན་གཉིས་ཀ་ལ་ཀུན་ཁྱབ་གདལ་ར་ཆེ། །ཐུགས་རྗེ་རང་བཞིན་ཤུགས་ཀྱིས་ཀུན་འབྱུང་སྐྱེ་རེ་ཆེ། །ཁྱབ་པ་ཡེ་གདངས་གཞི་རིག་པ་འོད་ཀྱི་གདངས་ཉིན་མཚན་ཁ་སྦྱོར་གྱི་བསྒོམ་པ་འོད་སྣང་བཀྲག་རེ་གསལ། །གཞི་གནས་པ་ཤེས་རབ་ཐོགས་མེད་བང་རེ་མགྱོགས། །མྱུར་དུ་གཅོད་པར་བྱེད། རིག་པའི་རང་ལས་བྱུང་བའི་ཡེ་ཤེས་རྩལ་རང་གདངས་འོད་རེ་གསལ། །སྟོང་པ་ཀུན་འབྱུང་སྣང་ཡུལ་དུ་ཡོད་ལ་གཟུང་ཡུལ་དུ་མ་གྲུབ་པའི་རིག་པ་ངོ་རེ་མཚར། །མ་བཙལ་བཞག་པ་རྒྱུན་རེ་རིང་། །མ་བཀོད་རང་བྱུང་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་བརྡལ་རེ་ཆེ། །སྣང་སྲིད་གཞིར་བཞེངས་དཔངས་རེ་མཐོ། །ལྟ་བ་གྲོང་ཁྱེར་རྒྱུན་བཅད། འབྲས་བུ་ཕྱིར་མི་ལྡོག་པའི་ཡེ་ཐོབ་ཆེན་པོ་འབད་མེད་རང་གྲོལ་རྒྱ་རེ་ཆེ། །ཡེ་རྟོགས་ཆེན་པོ་རང་ཐོག་ཏུ་གྲོལ་བས་འཁོར་རེ་མཁས། །འོད་ལྔའི་སྣང་བ་མ་འདྲེས་པ་སོ་སོར་གསལ་བ་ཁ་དོག་ལྔ་ལྡན་བྲི་རེ་ལེགས། །སྣང་སྲིད་རྣམ་དག་ཅི་སྣང་ཐམས་ཅད་དག་པ་ཡེ་ཤེས་ཀྱི་སྣང་བར་ཤར་བས་ཁོད་རེ་སྙོམས། །རང་བྱུང་འོད་གསལ་མུ་ཁྱུད་ཀྱི་ར་བ་དང་བཅས་པས་བཀོད་རེ་ལེགས། །གཞི་སྣང་ཆེན་པོ་སྣང་སྲིད་ཐམས་ཅད་དབྱིངས་དང་རིག་པར་འདུས་པ་ཤོངས་རེ་ཆེ། །འཁོར་འདས་གཉིས་པོ་དེ་ཕྱིར་འཁོར་འདས་གཉིས་མེད་བསྲེ་བའི་གདམས་ངག་ཅེས་བྱ་སྟེ་འདྲེལ་རེ་མཁས། །སྐུ་ལྔ་ཡེ་ཤེས་འཁོར་བ་མ་གྲུབ་པས་བརྩེགས་རེ་ལེགས། །རང་བཞིན་གནས་

པའི་སེམས་པ་གནས་པའི་ངོ་བོ་ལ། །འཁོར་འདས་འདྲེས་པས་སངས་རྒྱས་མེད་ཅིང་སེམས་ཅན་མེད། །རྒྱུ་རྐྱེན་དང་བྲལ་བས་མ་རིག་མེད་ཅིང་འཁྲུལ་པ་མེད། །བསམ་པ་དང་བྲལ་བས་སེམས་མེད་ཡིད་ཀྱང་ཡོད་མ་ཡིན། །འཛིན་རྟོག་ལས་འདས་པས་དགྲ་མེད་བཤེས་མེད་གཉེན་ཡང་མེད། །ཞེན་ཡུལ་འགགས་པས་ཉོན་མོངས་མེད་ཅིང་ངར་འཛིན་མེད། །གཞི་གཅིག་ཏུ་གནས་པས་འགྲོ་བ་མེད་ལ་འོང་བ་མེད། །ཚིག་དང་ཡི་གེ་ལས་འདས་པས་ཆོས་མེད་ཆོས་སུ་སྣང་བ་མེད། །སྟོང་པ་དང་མི་སྟོང་པ་ལས་འདས་པས་ཐབས་མེད་ཤེས་རབ་ཉིད་ཀྱང་མེད། །དེ་ཉིད་ཀྱང་རིག་པ་ཡིན་པས་ཕུང་པོ་མེད་ཅིང་ཁམས་ཀྱང་མེད། །དྲན་གཞན་སྟོང་པས་ཡུལ་མེད་འཛིན་པར་བྱ་བ་མེད། །འཛིན་མེད་དུ་ཤར་བས་དབང་པོ་མེད་ཅིང་ཡུལ་ཡང་མེད། །བདག་ཏུ་རྟོག་པའི་བློ་ཟད་པས་གཟུང་བར་བྱ་ཞིང་འཛིན་པ་མེད། །སྐུ་མེད་ཡེ་ཤེས་ཉིད་ཀྱང་མེད། །བློ་དངོས་པོ་ལས་འདས་པས་ཤེས་དང་ཤེས་བྱའི་བདག་པོ་མེད། །ངོ་བོ་ཀ་དག་ཡིན་པས་འོད་མེད་ཁ་དོག་ཡོད་མ་ཡིན། །ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་བས་སྒྲ་མེད་དྲི་ལ་སོགས་པ་མེད། །ཡུལ་བདག་ཏུ་མ་བཟུང་བས་འདོད་པ་མེད་ལ་ཞེན་པ་མེད། །དབྱིངས་མེད་གཞལ་ཡས་ཁང་ཡང་མེད། །ཕྱི་ནང་གཉིས་སུ། ལྷ་མེད་རང་རིག་རང་གི་ལྷར་གནས་པས་མཆོད་པའི་ཡུལ་འདས་པའོ། །ཀྱེ་མ་གསང་བདག་རྡོ་རྗེ་འཛིན། །ཁྱད་པར་ཆེན་པོའི་སྣང་བ་ལ། །ངོ་བོ་ཉིད། ཡོད་དངོས་པོའི་ཆོས་དང་མེད་པ་སྟོང་པའི་ཆོས་གཉིས་བྱུང་སྟེ། །སྤྱི་ས་གཞི་ལྷུན་གྲུབ་ལས་འཁྲུལ་གཞི་ཞེས་བྱ་བ། །མ་རིག་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པ་ལ་སོགས་གསུམ་དང་སྦགས་པའི་ཕྱིར། །ངོ་བོ་ཉིད་ཀྱི་གཞི་མར་ཤེས་བྱ་ཉིད་ཀྱང་དྲི་མར་སྣང་། །ཡུལ་འདོད་པའི་ཆ་གཡོས་ཏེ་སེམས་ལས་དྲན་བསམ་འཆར་བའི་ཕྱིར། །ངོ་བོ་ཉིད་ནི་ཀ་ནས་དག་ཀྱང་རིག་པ་རང་བཞིན་ལྷུན་གྲུབ་ཏུ་རྟོག་པས་སྦགས། །ཡིད་དྲུག་ཀུན་ཏུ་འཚོལ་བའི་ཡིད། གཏན་ལ་འབེབས་པའི་ཡིད། ངེས་པར་འཇོག་པའི་ཡིད། ཡིད་ཀྱི་རྣམ་ཤེས། ཉོན་མོངས་པ་ཅན་གྱི་ཡིད། ཡུལ་བདག་ཏུ་གཟུང་བའི་ཡིད་དོ། །འཛིན་པ་མ་འགགས་ཕྱིར། །ཆོས་རིག་པ་སྐུ་ཉིད་ཀྱང་བཟུང་བས་ཟང་ཐལ་རྒྱུད་ལམ་སྐྱེས་བཅིངས། །ཆ་མེད་རྡུལ་འབྱུང་བའི་དྲི་མ་དང་བཅས་པའི་ཕྱིར། །འོད་གསལ་བ་ཉིད་ཀྱང་འབྱུང་བའི་བག་ལ་ཆགས། །རྐྱེན་

བཞི་རྒྱུའི་རྐྱེན།དམིགས་པའི་རྐྱེན། བདག་པོའི་རྐྱེན། དེ་མ་ཐག་པའི་རྐྱེན་དམིགས་པ་མ་དག་ཕྱིར། །སྣང་བ་ཉིད་འཁྲུལ་པའི་ཡུལ་ནི་དུ་མར་ཤར། །ཡིད་འབྱུང་བ་པོ་རང་བྱུང་དུ་སྣང་བ་དེ་ཉིད་ཡུལ་སྣང་ཕྱིར། །ནམ་མཁའ་སྟོང་ལ་རླུང་རྡོ་རྗེ་རྒྱ་གྲམ་བརྟེན་དེ་ལ་ཆུའི། །ཆུའི་དཀྱིལ་འཁོར། ཆུའི་དཔག་ཚད་ཀྱི་གྲངས་འབུམ་ཕྲག་བཅུ་གཅིག་དག་གིས་ནི། །དབྱིབས་ཟླུམ་ལ་འདྲིལ་བ་ཉིད་དུ་ཆགས། །དཔེར་ན་འོ་མ་ལས་ནི་སྤྲིས་འབྱུང་བཞིན། །རྒྱུ་གསེར་ལས་གྲུབ་པའི་ས་ནི་དཔག་ཚད་འབུམ་ཕྲག་བཅུ་གཉིས་སོ། །རླུང་གི་གྲངས་ནི་རྔམས་སུ་ས་ཡ་ཉིད། །རླུང་ནི་ཆགས་བྱེད་ཀྱི་རླུང་བྱི་བའི་ཁ་རླངས་ཙམ་ལས་དང་སྡུད་པ་དང་། །འཕེན་པ་བསྐྱེད་པའི་སྟོབས་དང་ནི་ནམ་མཁའ་ལ་རྒྱ་གྲམ་དུ་འདེགས་པའོ། །རླུང་ལས་ཆུ་ནི་ཁྱབ་དང་འཛིན་པ་དང་། །སྨིན་བྱེད་དང་ནི་གསུམ་ཡིན་ནོ། །ས་གསེར་གྱི་ས་གཞི་ལ་སའི་ས་བོན་གསེར་གྱི་རླངས་པ་རྡུལ་ཕྲ་རབ་ལ་སོགས་པ་ནི་སྒྲུབ་བྱེད་ཕྲ་བ་དང་། །རགས་པ་རི་རབ་ལ་སོགས་པའི་གཟུགས་འདུས་པ་ལ་བྱ་ཉིད་དང་གསུམ་ཡིན་ནོ། །དཔེར་ན་འོ་མ་དཀྲོགས་ནས་མར་དུ་འགྱུར་བ་བཞིན། །རི་རབ་རི་ཡི་རྒྱལ་པོ་དབུས་ཀྱི་ངོ་བོ་དཔག་ཚད་བརྒྱད་ཁྲི་དང་བཅས་པ་ནི། །བང་རིམ་བཞི་དང་ལྕོག་ཆེན་དང་། །ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་དང་ནི་སེང་ལྡེང་ཅན་ལ་སོགས་པ་གསེར་ལས་གྲུབ་རི་རྣམས་བདུན། །གླིང་རྣམས་དང་ནི་ཁོར་ཡུག་ལྕགས་རི་ཆགས། །ཚངས་པ་ལ་སོགས་པ་སྤྲུལ་སྐུས་འདུལ་བའི་ཞིང་སྟོང་གསུམ་ལ་སོགས་ཁམས་རྣམས་སོ། །འདོད་ཁམས་དྲུག་དང་གཟུགས་ཁམས་བཅུ་བདུན་དང་གཟུགས་མེད་ཁམས་སྐྱེ་མཆེད་མུ་བཞི་ཀྱི། །ཁམས་གསུམ་པོ་ཉོན་མོངས་པའི་ཆ་ཤས་ནས་ནི་ས་ཆུ་མེ་རླུང་དེ་ལ་བརྟེན། །ཡོད་མིན་མེད་མིན་གྱི་སྐྱེ་མཆེད་ཅི་ཡང་མེད་པའི་སྐྱེ་མཆེད་དང་། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཅུང་ཟད་མེད་པ་ཡི། །སྐྱེ་མཆེད། གཟུགས་མེད་རྣམས་ནི་ཉོན་མོངས་པ་རིག་པའི་ཆ་ལས་ཕྱིན་ཅི་ལོག་ཏུ་འཛིན་པ་ལས་དེ་ལས་སྐྱེས། །གཟུགས་ཁམས་ཀྱི་ལྷ་གནས་གཙང་མ་རིས་ཀྱི་ལྷ་ལ་བརྟེན་པ་འོད་ཀྱི་ལུས་ཡོད་ལ་སོགས་ལུས་ཅན་ནི། །གོང་ནས་འོག་ཏུ་རིམ་གྱིས་ཆགས་པའོ། །ཐིགས་པའི་ཚུལ། །འོག་མིན་ལ་སོགས་འདོད་པའོ། །འདོད་པ་ཁམས་ཀྱི་དྲུག། ལྷ་སྤྱིར་དྲིལ་བས་ཉི་ཤུ་རྩ་བདུན་དང་

ལྷ་མིན་ལྷ་མ་ཡིན་གྱི་རིགས་གཉིས་སམ་ལྔ་རྣམས་ལ་ནི། །མངོན་མཐོའོ་མཐོ་རིས་ནི་ལས་དགེ་བ་ལས་གྲུབ་པ་དེ་ནས་གནས་གསུམ་ནི། །བྱོལ་སོང་བྱིངས་ན་གནས་པ་དང་ཁ་འཐོར་བ་ལ་སོགས་པ་ཡི་དྭགས་ཕྱིའི་སྒྲིབ་པ་ཅན་ལ་སོགས་པ་དམྱལ་བ་ཚ་གྲང་གཉིས་ལ་སོགས་པ་ངན་སོང་གནས་རྣམས་ནི་ལས་མི་དགེ་བ་ལས་གྲུབ་པ་ལྟར་སྣང་དང་། །སེམས་ཅན་དེ་དག་སྐྱེ་བ་རྫུས་སྐྱེས་མངལ་སྐྱེས་སྒོང་སྐྱེས་དྲོད་གཤེར་ལས་སྐྱེས་པ་བཞི། །དེ་ཡང་བསྐལ་པ་དང་པོའི་མི། །གཟུགས་བཟང་བ་དང་ལང་ཚོ་གཞོན་ཤ་ཆགས་པ་ཁ་དོག་ལེགས་པ་དཔེ་བྱད་དང་། །རང་འོད་ཀྱི་མདངས་ཀྱིས་ལུས་ཁྱབ་སྟེ། །འདོད་འཇོ་དང་མིས་མ་བཏབ་པའི་ལོ་ཐོག་ལ་སོགས་ལ་སོགས་བསོད་ནམས་ལས་གྲུབ་པའི་ཟས། །སྐྱེ་དགུའི་ཚེ་ཡང་ཤིན་ཏུ་རིང་བ་བརྒྱད་ཁྲི་ལ། །ཕོ་དང་མོ་ཡི་དབང་པོ་མཚན་མ་མེད། །དེ་ནས་ཉོན་མོངས་པ་ཆེར་སོང་བས་འཁྲུལ་པའི་རྒྱུ་གཉིས་ལས། །རིམ་གྱིས། འདོད་ཆགས་ལ་སོགས་ཉོན་མོངས་ནི། །བགས་ཀྱིས་ཇེ་ཆེར་རགས་པ་ཉིད་དུ་གྱུར། །དབང་པོ་ཕོ་མོའི་མཚན་མ་ཡང་བྱུང་བས་གཅིག་ལ་གཅིག་བལྟ་བ་དང་དགོད་པ་ལ་སོགས་པ་བྱུང་དེ་ནས་འཁྱུད་པའི་འདོད་ཆགས་ངོ་ཚ་བའི་ཁང་བུ་ལ་སོགས་ཏེ་འཇག་མའི་སྤྱིལ་བོ་བྱུང་། དེ་ལ་ནམ་མཁའ་ནས་བདུད་རྩིའི་ཆར་བབས་པས་ཐོག་འཇག་མས་གཡོགས་པས་རྩྭ་ཁྱིམ་ཞེས་བྱའོ། །ལ་སོགས་སྒོ་དོད་དེ། །བསོད་ནམས་ཟད་ཕྱིར་འོད་སོགས་བྲི། །ལུས་ཀྱི་འོད་ཀྱང་ཆུང་ངུ་སོང་། གོང་གི་ལོ་ཐོག་ཀྱང་ནུབ། དེ་ནས་རིམ་གྱིས་ས་ཚིལ་ས་ཞག་ཟ་བ་དེ་ཡང་ནུབ་དང་། །དེ་ནས་འབྲས་སཱ་ལུ་ལ་སོགས་ཟས་སྤྱོད་དོ། །དེ་ཡང་གསོག་འཇོག་གིས་ནུབ་ནས་རྨོ་བརྐོའི་ལས་བྱུང་ངོ་། །དེ་ལྟར་འཇིག་རྟེན་ཁམས་གསུམ་པ་ཉིད། །ཕུང་པོ་ལྔ་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་རྣམས་དང་དབང་པོ་ལྔ། །ཡན་ལག་ལྔ་མགོ་ལག་པ་རྐང་པ་གཉིས་དང་དོན་སྙིང་ལྔ། །སྙིང་གློ་བ་མཆིན་པ་མཁལ་མ་སྲོག་རྩའོ། །ཡུལ་ལྔ་གཟུགས་སྒྲ་དྲི་རོ་རེག་དང་ནི་ཉོན་མོངས་ལྔ། །འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག། སེམས་ལྔ་སྣ་ཚོགས་འདུས་པའི་སེམས་སོགས་དང་ཡིད་ལྔ་ཀུན་ཏུ་ཚོལ་བྱེད་ཡིད་སོགས་དང་རྟོག་པ་ལྔ། །ཡུལ་གཟུང་སེམས་འཛིན་འཁོར་བ་ཉིད་དུ་འདི་ལྟར་འཁྲུལ་ལོ་གྲུབ། །འཁྲུལ་པ་མ་རིག་པ་ལས་བྱུང་བའི་ཡུལ་གཉིས་སྣང་དེ་ལྟ་བུ། །དཔེར་ན་མྱུར་འགྲོའི་འཁོར་ལོ་བཞིན། །དུ་གཅིག་ནས་གཅིག་ཏུ་

འཁོར་བའོ། །རྒྱུད་ཆགས་འཁོར་བ་ལས་མི་གྲོལ་བར་རྟག་ཏུ་འཁོར་ལ་ཡུན་རིང་གནས། །དེ་ལྟར་འཁྲུལ་གཞི་ལས་འདི་ལྟར་ལྡོག་པ་རྒྱས་པར་བཤད་པ་སྣང་བ་སྣ་ཚོགས་རྣམས། །འོ་ན་དེ་དག་གྲོལ་བའི་ཐབས་མེད་དོ་ཞེ་ན་ཐག་པ་ལས་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དཔེར་ན་སྐྱེས་བུ་དབང་པོ་མ་དག་པའི་དུས་སུ་དེར་བཟུང་བས། །ཕྱི་ནང་མིག་རབ་རིབ་ལ་སྐྲ་ཤད་དང་ཐག་པར་སྦྲུལ་དུ་མཐོང་བ་ལྟ་བུར་སྣོད་བཅུད་གཉིས་སུ་འཛིན་པ་འདི་དག་ཡང་དག་པར་གྲུབ་པ་མ་ཡིན་ཏེ་སྦྲུལ་དང་ཐག་པ་བཞིན་ནོ། །ཆགས། །དེ་ཡང་བརྟགས་ན་ཡང་དག་པར་ཐག་པ་ཉིད། །ལ་སྦྲུལ་མ་གྲུབ། རིག་པ་ཉིད་ཡེ་ནས་ཀ་དག་ལ་སྣོད་བཅུད་ཡེ་ནས་མ་གྲུབ་སྟོང་པ་སྟེ། །དོན་དམ་དུ་མ་གྲུབ་ཀུན་རྫོབ་ཙམ་དུ་སྣང་གཟུགས་ཅན་ནོ། །སྦྲུལ་ཀུན་རྫོབ་སྣང་བ་ལྟ་བུ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་པ་ཡང་དག་ཉིད་དུ་སྦྲུལ་མེད་སྣང་ཡིན་དོན་ཐག་པ་བདེན་བདེན། །དཔེར་ན་མཐོ་ལ་བྱ་བྱ་འཕུར་མཐོ་དང་བྱ་འདྲེལ་མེད་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །མཐོ་ལ་བྱ་ཆགས་པ་ལྟར་འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་དོན་དམ་པའི་ངོས་ནས་འདྲེལ་པ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལས་ནི། །རླུང་ལ་སོགས་བའི་འབྱུང་བ་ཡེ་ནས་མ་གྲུབ་སྟོང་པ་ཡིན། དེ་ཡི་ངོ་བོར་ཀ་དག་ཏུ་གྲོལ་རྟོགས་པས་ཐམས་ཅད་རང་གྲོལ་རྣམ་པར་དག་པའི་རིག་པ་ཉིད་དུ་ཐམས་ཅད་གྲོལ། །རིག་པ་སྟོང་གསལ་ཁྱབ་ཆེ་བས། །འོ་ན་ཁམས་གསུམ་ཇི་ལྟར་གྲོལ་ཞེ་ན་བཅུད་རྣམས་སེམས་ཅན་དེ་དག་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་སྙིང་པོ་ཉིད་དུ་དྲིལ། །དེ་ལ་སྙིང་པོ་མི་ལུས་ཀྱི་མཚན་ཉིད་དེ་ཉིད་ལ། །སྐུ་ལྔ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་མངོན་བྱང་སྐུ་རྡོ་རྗེའི་སྐུ་ལྔའོ་ཆོས་དབྱིངས་མེ་ལོང་བྱ་གྲུབ་སོར་རྟོག་སོགས་ཡེ་ཤེས་ལྔ་དང་ནི། །འོད་ལྔ་ཁ་དོག་དཀར་སེར་དམར་ལྗང་མཐིང་རྣམ་པ་ལྔ། །ཡང་དོན་དམ་དབྱིངས་ནས་བྲལ་བ་མེད། ཆོས་ལྔ་མ་བཅོས་བསླད་མ་བསྒྱུར་མ་བསྒྲིབས་པ་ལ་སོགས་པའོ། །ཡེ་ཤེས་རླུང་ལྔ་མེ་དང་མཉམ་དུ་གནས་པའི་རླུང་། འཛིན་པ་དྭངས་སྙིགས་འབྱེད་པ་ཀུན་ཏུ་བྱ་བྱེད་སྙིང་རྗེ་མེད་པའི་རླུང་ངོ་། །ཉིད། །ངོ་བོ་ལྔ་དང་རང་བཞིན་ལྔ། །ཐུགས་རྗེ་ལྔ་རང་བཞིན་ཤུགས་ཀྱི་ཐུགས་རྗེ། རྐྱེན་ཡུལ་དང་འཕྲད་པའི་སྐུལ་ཞིང་གསོལ་བ་གདབ་པའི་མཛད་པ་སྣ་ཚོགས་མི་མཛད་པའི་ཐུགས་རྗེའོ། །ཡིས་ཀུན་ལ་ཁྱབ། །དྲན་མེད་འགྱུ་བ་ཉིད་ཀྱང་མེད། །ཡིད་དང་དབུགས་ལས་འདས་པའི་ཡེ་ཤེས། ཆོས་ངོ་བོ་རང་བཞིན་གྱི་སྣང་བ་ཐུགས་རྗེ་ལ་སོགས་པ་

ཀྱི་དབྱིངས་ཀྱི་ཆོ་འཕྲུལ་ལ། །རིག་པ་རང་བཞག་པས་ཐམས་ཅད་དེ་ཡི་ངང་དུ་འདུས། །གཅིག་ཆོས་སྐུ་དང་གཉིས་འཁོར་འདས་ནི་ངོ་བོ་ཉིད་ཉག་གཅིག་པོ། །ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ལས། གནས་ལུགས་འཁྲུལ་པ་རང་རྫོགས་སུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྡོ་རྗེ་འཛིན་པས་ཡང་གསོལ་པ། །ཀྱེ་ཀྱེ་རྡོ་རྗེ་སྔགས་ཀྱི་སྲི་ཞུ་ཁྱད་པར་ཅན་གྱིས་ཞུས་པ་འཆང་ཆེན་གསང་སྔགས་བདག །སངས་རྒྱས་ཐམས་ཅད་ངོ་བོ་གཅིག་ཏུ་བསྡུས་པའི་ཡེ་ཤེས་གཅིག་ཉིད་པའི། །དེ་ཉིད་དགོངས་པ་ངོ་བོ་གནས་ལུགས་ཇི་ལྟར་ལགས། །ཞེས་དྲིས་པའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་ལྔ་ཡི་དྲི་མ་ཡིས། །སེམས་ཅན་མི་གྲོལ་བར་ཇི་ལྟར་བཅིངས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །བདག་གིས་སྔར་མ་འཚལ་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ངོ་བོ་གཅིག་ལས་མེད་པའི་སངས་རྒྱས་ཀུན་གྱི་བདེན་གཅིག་ནི། །རང་བཞིན་སྣ་ཚོགས་སུ་སྣང་བ་དང་ནི་ངོ་བོ་ཡིས། །དེ་ཉིད་ལས་ནི་རང་བཞིན་དང་ངོ་བོ་ཉིད་ཀྱི་ཁྱད་པར་ཕྱེ། །ངོ་བོ་ཀ་དག་རིག་པའི་ཡེ་ཤེས་རང་སྣང་བ་ལ། རང་བཞིན་ནི་སེམས་ཅན་ཐམས་ཅད་ལ་ཀུན་ཁྱབ་མི་བསྐྱོད་པ་སོགས་སྐུ་ལྔར་ལྡན། །འབྲས་བུ་སྤྲོས་པ་ཐམས་ཅད་ཀྱི་མཐའ་ཉེ་བར་ཞི་བ་ཐིག་ལེ་ཉག་གཅིག་གོ། །རིག་པའི་སྣང་བ་ཉིད་རིག་པ་དང་ཡུལ་གཉིས་ལ་ཟུང་འཇུག་སྟེ། །དངོས་པོ་སྟོང་པ་ལ་ནི་འོད་གསལ་གྱིས་ཁྱབ་ལོ། །ངོ་བོ་ཉིད་ནི་རང་གྲོལ་དུ་ཅིག་ཆར་ཏེ། །རང་བཞིན་ཉིད་ལ་རིམ་གྱིས་སོ། །སྣང་བ་དེ་ཉིད་ཁད་ཀྱིས་འཆར། ཆོས་རིག་པའི་ངོ་བོ་དེ་ཉིད་སྟོང་པ་ཀུན་ཁྱབ་ལ། །ཡོད་དང་མེད་པའི་མཐའ་ཡི་རྡུལ་དང་བྲལ་བ་ཉིད། །རང་བཞིན་སྣང་བ་འོད་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བའི་འོད་ལྔ་གསལ་ལ། །མ་རིག་འཁྲུལ་པའི་དྲི་མ་བྲལ་བ་ཉིད། །ཆོས་སྐུ་མི་འགྱུར་བའི་རིག་པ་རང་བཞིན་རྣམ་དག་འོད་གསལ་བདེ་ཆེན་ལ། །དངོས་པོའི་མཐའ་རྣམས་སྟོང་པ་ས་རྡོ་རི་བྲག་གི་དངོས་པོ་སྟེ། །གཞན་ལ་མ་བསྟན་པའི་རང་བྱུང་རིག་པའི་རྒྱལ་པོ་ལ། །མཐོ་དང་དམའ་བའི་ཡུལ་ལས་འདས། །རང་བྱུང་རང་གྲོལ་དུ་རྣམ་པར་དག་པས། ང་ཉིད་རིག་པའི་ཆེ་བ་སངས་རྒྱས་དགོངས་པ་གཞི་གནས་རང་བྱུང་ལས། །འཁོར་བ་ང་ཡིན་ཡེ་ནས་བུཌྜྷ་བར་མྱང་འདས་ང་། །འཁོར་བ་མ་གྲུབ་པར་རྟོགས་པས་གཞི་རིག་པ་མཚོན་པ་ལྟར་སྣང་བ། ཆོས་ཀྱང་ང་ཡིན་ཆོས་མིན་ང་། །དེ་ཡང་ཚིག་ལས་

འདས་པས། དམྱལ་བ་ལ་སོགས་ངན་སོང་ང་། །ཡ་ང་བག་ཚ་མེད་པ། དཀྱིལ་འཁོར་ལྷ་དབང་དུ་གྱུར་པ་དང་སྔགས་ཀྱང་ང་། །དེ་ཉིད་མ་འགགས་པ་སངས་རྒྱས་ལ་སོགས་དཀོན་མཆོག་གཞན་ནས་བཙལ་མི་དགོས་ང་། །རང་ཤེས་རིག་ཉིད་སྟོན་པ་འཁོར་སྒོ་ལྔ་ལྷུག་པ་དང་བསྟན་པ་ང་། །ཡུལ་བདག་འཛིན་དང་བྲལ་བ། རང་གི་འཁོར་ཡུལ་དང་ཡུལ་ཅན་སྡུད་སྡུད་པ་ང་། །ཆོས་རང་དག་ཏུ། ལྟ་དང་སྒོམ་དང་སྤྱོད་པ་དེའི་ཐབས་དུ་མ་ལྟར་སྣང་བ་ང་། །དབང་འབད་རྩོལ་མེད་པའི་རིག་པ་དང་དམ་ཚིག་དེ་ཉིད་ལས་མི་འདའ་བས་སྡོམ་པ་ང་། །དེ་ཉིད་ལྷའི་ངོ་བོ་ཉིད་ཡིན་པས། མཆོད་དང་བསམ་གཏན་ཏིང་འཛིན་ང་། །ཁྲུས་དང་གཙང་སྦྲ་དྲི་མེད་དྲི་མ་ཡེ་ནས་དག་པས་ང་། །རྣམ་པར་སྨིན་པ་ལས་གྲོལ་བས་དགེ་དང་མི་དགེ་སྤྱོད་པ་ང་། །ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་མདོ་སྡེ་འདུལ་བ་མངོན་པ་ང་། །དེ་ཉིད་དངོས་དང་དངོས་མེད་ཀྱིས་སྟོང་དང་མི་སྟོང་བདེན་གཉིས་ང་། །སྤྱི་དང་ཐེག་པའི་ཁྱད་པར་དེ་ཉིད་བློའི་རིམ་པ་སྣ་ཚོགས་སྣང་བས་ང་། །དེ་ཉིད་དགེ་སྡིག་ལས་འདས་པས་སྡིག་དང་ལས་དང་རྣམ་སྨིན་ང་། །དེ་ཉིད་བརྟན་གཡོ་ཀུན་ལ་ཁྱབ་པས་འཇིག་རྟེན་སྣོད་དང་བཅུད་ཀྱང་ང་། །དེ་ཕྱིར་འགྲོ་དང་མི་འགྲོ་ང་། །ལས་དང་དེ་ཉིད་ཉོན་མོངས་དྲི་མ་ང་། །དེ་ཉིད་གཟུང་འཛིན་ལས་འདས་པས་དབང་པོ་དང་ནི་ཡུལ་རྣམས་ང་། །དེ་ཉིད་ཡུལ་སྣ་ཚོགས་སུ་སྣང་བས་ཕུང་པོ་ཁམས་དང་སྐྱེ་མཆེད་ང་། །ཤ་དང་ཁྲག་དང་རུས་པ་ང་། །དེ་ཉིད་ཀྱིས་ངོ་བོ་རྣམ་རྒྱུད་པས། དེ་ཉིད་བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པས་མིང་དང་ཡི་གེ་སྒྲ་གཟུགས་ང་། །གཟུང་འཛིན་ཡུལ་དང་བདག་རྟོག་དེ་ཉིད་འཛིན་མེད་རང་གྲོལ་དུ་སྣང་བས་ང་། །དེ་ཉིད་ལ་བདེ་སྡུག་གི་སྣང་བ་དུས་གཅིག་ལ་རྫོགས་པས་སྡུག་བསྔལ་མ་རིག་འཁྲུལ་པ་ང་། །དེ་ཉིད་ཀྱི་རྒྱན་དུ་སྣང་བ་ཐམས་ཅད་ཤར་སྒྲ་དང་དྲི་དང་རོ་རེག་ང་། །དམྱལ་བ་ཚ་དང་གྲང་བའི་ལོག་འཛིན་དེ་ཉིད་ལ་སྡུག་བསྔལ་གྱི་མཐའ་ཟད་པས་ང་། །ཡི་དྭགས་བཀྲེས་དང་སྐོམ་དང་བྱོལ་སོང་རྨོངས་པ་ང་། །དེ་ཉིད་ཞེ་འདོད་དང་བྲལ་བས་རང་གསལ་དུ་ཡོད་བདེ་དང་སྡུག་བསྔལ་བཏང་སྙོམས་དེ་ཉིད་བློ་གང་གིས་ཀྱང་བསྒྱུར་དུ་མ་བཏུབ་པས་ང་། །མདོར་ན་དེ་ཉིད་ཐམས་ཅད་ཀྱི་རྟེན་དུ་གྱུར་པས་ཇི་ལྟར་སྣང་བ་ང་། །ང་ནི་མི་འཕམ་མི་གནས་པའི་རིག་པ་འགྱུར་བ་མེད་པ་ཟང་ཐལ་བས་ཀུན་ལས་

རྒྱལ་བའོ། །ང་ནི་བྱས་ཆོས་ལས་འདས་པའི་རིག་པ་བཅོས་པའི་ཚིག་མེད་ཀུན་ལས་འཕགས་པ་ངོ་བོ་ཀ་དག་གི་རིག་པ་འཁོར་འདས་སུ་སྣང་བ་ཡིན། །ང་ནི་རྟག་ཆད་གཉིས་མེད་ལྟ་བ་ཡིན་མིན་ལས་འདས་པས་རིག་པ་ཇི་ལྟར་ཀྱང་སྣང་ཀུན་ལྟར་འཇུག་པ་ཡིན། །ང་ནི་དངོས་པོ་ཟད་པའི་རིག་པ་གསལ་ཆ་དང་བཅས་པ་མཐོང་བའི་ཡུལ་མེད་ཀུན་ལ་མངོན་དུ་སྣང་། །ང་ནི་ཟབ་པའི་རིག་པ་ཡུལ་ཀུན་ལ་ཁྱབ་པ་ཐམས་ཅད་གཏིང་རྫོགས་ཀུན་ལས་ཆེ་བ་ཡིན། །ང་ནི་མི་གནས་པའི་རིག་པ་འགྱུར་བ་མེད་པར་ཟང་ཐལ་བ། མཚན་འདི་གང་དུ་ཡང་བྱུང་བགྲོད་པའི་ལམ་མེད་ཀུན་ལས་ཕ་རོལ་ཕྱིན། །ང་ནི་གཅིག་པུ་ཉིད་དེ་ཀུན་ལ་འདྲེལ་བ་ཡིན། །ང་ནི་གནས་པའི་ས་མེད་གང་ལ་ཡང་མི་གནས་པའི་རིག་པ་མངོན་སུམ་དུ་སྣང་བ་ཀུན་ལ་བརྟེན་པ་ཡིན། །ང་ནི་འགྲན་པའི་ཟླ་མེད་ཀུན་ལ་ཉག་གཅིག་གོ། །ང་ནི་བརྟན་གཡོ་ལས་ཁྱབ་པའི་རིག་པ་ངོ་བོ་གཅིག་པ་བེམ་རིག་གཉིས་མེད་ཀུན་ལ་ཁྱབ་པ་ཡིན། །ང་ནི་གང་ལ་ཡང་མི་གནས་པའི་རིག་པ་ནམ་མཁའ་ལ་གནས་པ་མུན་པའི་གོས་གྱོན་ཀུན་ལ་སྣང་བ་སྟོན། །ང་ཡིས་རི་བོ་རྒྱ་ཐེག་བྱས་པས་ཤེས་རབ་སྟོབས་ཀྱིས་མི་འགྱུར་བའི་རིག་པ་འཁོར་བར་རྟོག་པ་སྟོབས་ཀྱང་ཆེ། །ང་ཡིས་རྒྱ་མཚོ་ཧུབ་ཀྱིས་རྒྱུད་བརྟན་པའི་རིག་པས་ཉོན་མོངས་པ་གནས་སུ་བསྒྲལ་བ་སྟོབ་པས་ལྟོ་བ་ཆེ། །ང་ཡིས་རི་བོ་ཏིལ་འབྲུར་འཛུད་པས་རྟོགས་པར་དཀའ་བའི་རང་བཞིན་རྫོགས་པ་ཆེན་པོའི་བཅུད་དུ་བྱུང་བ་མཛད་པ་ཆེ། །ང་ཡིས་མུན་པ་གོས་སུ་གྱོན་འཁོར་འདས་རིག་པའི་འདྲེལ་བས་མ་རིག་པའི་དཔུང་བཟློག་པ་པས་དཔའ་བོ་ཆེ། །ང་ཡིས་འཁོར་འདས་གོམ་གཅིག་མྱུར་བའི་རིག་པ་སྐད་ཅིག་མ་གསུམ་ལ་ཆོས་ཉིད་ཀྱི་དོན་མཐོང་བགྲོད་པས་མཆོངས་པ་ཆེ། །ང་ཡིས་ས་རྣམས་དུས་གཅིག་ནོན་པས་གཞི་གཅིག་པའི་རིག་པས་འཁོར་འདས་ཟིལ་གྱིས་མནན་པ་གཟི་བརྗིད་ཆེ། །ང་ཡིས་ཉི་ཟླ་གདན་དུ་བཏིང་བས་ཤེས་རབ་ཐབས་སུ་གྱུར་པའི་རིག་པས་སྣང་བ་རང་ལ་རྫོགས་པ་བརྗིད་པོ་ཆེ། །ང་ལ་འཁོར་འདས་ཁྱབ་པ་ཆེན་པོའི་རིག་པ་རྩོལ་བསྒྲུབ་ལས་འདས་པ་དུས་གཅིག་རྫོགས་པས་བྱ་དང་བྲལ། །བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་རིག་པ་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ང་ལ་ཡིད་མེད་ཆོས་རྣམས་བྱུང་བས་བྱུང་ཁུངས་ཉིད། །ང་ལ་སྣང་བ་ཐོགས་མེད་རང་ཤར་གྱི་རིག་པ་ལ་སྣང་སྲིད་ཐམས་ཅད་གསལ་བར་ཤར་བས་རང་ཤར་ཉིད། །ང་ལ་རྟོགས་དང་

མ་རྟོགས་ཡེ་སངས་རྒྱས་པའི་རིག་པ་ལ་ཐབས་ལ་རག་ལུས་མེད་པས་ཡེ་སངས་རྒྱས། །ང་ལ་རེ་དང་དོགས་པ་མེད་པས་འཁོར་འདས་མ་དཔྱད་པའི་རིག་པ་ལ་ཆོས་ཐམས་ཅད་དུས་གཅིག་རྫོགས། །ང་ལ་ཡ་ང་བག་ཚ་མེད་པས་བག་ཆགས་དང་བྲལ་བའི་རིག་པ་སྡུག་བསྔལ་ལས་གྲོལ་འཇིགས་པ་ཀུན་དང་བྲལ། །ང་ལ་འཆོས་པའི་མཁན་པོ་མེད་པས་ཚིག་ལས་འདས་པའི་རིག་པ་ངོ་བོ་གཅིག་ཏུ་གྲོལ་བ་སྣང་བ་ཡེ་ནས་ལྷུག་པ་ཉིད། །ང་ལ་གཟུང་འཛིན་ཡུལ་དུ་མེད་པས་ཡུལ་སེམས་ལས་འདས་པའི་རིག་པ་གཞི་གནས་སུ་ཡེ་ནས་རང་གནས་ཉིད། །ང་ལ་སྣོད་བཅུད་ཕྱི་ནང་ལ་བལྟ་བའི་རིག་པ་གཉིས་སུ་མེད་པས་ཐམས་ཅད་ང་རང་ཉིད། །ང་ལ་ཆོས་ཅན་ཆོས་ཉིད་མེད་པས་འཁྲུལ་པ་རང་དག་པའི་རིག་པ་ངོ་བོ་གཅིག་ཏུ་གྲོལ་བ་ཐམས་ཅད་གཅིག་པའོ། །རྡོ་རྗེ་འཛིན་པས་ཡང་གསོལ་པ། །དེ་ལྟར་ན་འཇིག་རྟེན་འཁོར་བ་དང་མྱ་ངན་ལ་འདས་པའི་ཆོས། །ཐམས་ཅད་ངོ་བོ་གཅིག་ཉིད་དུ་རྫོགས་ན་ན། །སེམས་ཅན་རྣམས་ཀྱང་གང་གིས་བཅིངས་པ་ལགས། །སེམས་ཅན་དེ་དག་འཆིང་བར་མི་རིགས་པ་ལགས་ན། །ཡང་ན་མ་བཅིངས་པ་དེ་ཉིད་དམ། །འོན་ཏེ་གཞན་དག་གཅིག་གིས་བཅིངས་པ་ལགས་སམ། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་ཅན་ལ་གནས་པའི་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ཏེ། །གློ་བུར་གྱི་དྲི་མ་ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་ལས་བྱུང་དང་བཅས་པ་ཉིད། །སྤྲིན་དེ་གཞན་ནས་འོངས་པ་མིན་ནམ་མཁའི་ངང་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་པ་ན། །ནམ་མཁའ་དང་སྤྲིན་དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་གློ་བུར་དུ་གཞི་ལས་བྱུང་བ་དྲི་མ་མེད། །རང་བྱུང་རང་བཞིན་ཉིད་དེ་ལས་བྱུང་ཞིང་དེ་ཉིད་དུ་གྲོལ་བར་ཤེས་ན། །ཉོན་མོངས་པ་ཉིད་གཞི་ལས་བྱུང་བ་གྲོལ་བར་ཤེས་ན་སེམས་ཅན་འཆིང་བར་ག་ལ་འགྱུར། །དེ་ཉིད་ལ་ནི་དོན་དེ་ལྟར་ཡིན་ཀྱང་ཡིན་པར་བདེན་བཟུང་ན། །ངོ་བོ་ཉིད་ལས་བྱུང་བའི་སངས་རྒྱས་ཉིད་ཀྱང་འཆིང་བར་འགྱུར། །སེམས་ཅན་རྣམས་ནི་དེ་ཡང་ཡེ་ནས་དག་པའི་རང་བཞིན་དུ་མ་ཤེས་པས་ཅིས་མི་འཆིང་། །བདེན་

མེད་ཀུན་རྫོབ་ཀྱི་སྣང་བ་རང་བཞིན་མེད་ཤེས་ན། །དྲི་མ་རྣམས་ནི་རྩོལ་སྒྲུབ་མ་བྱས་པར་རང་སར་དག །ཆུ་ཡི་རྙོག་མ་རང་དྭངས་ལྟར། །ཆོས་ཀུན་རང་བཞིན་མེད་པར་སྤྲོས་བྲལ་གྱི་བདེན་པར་གཅིག་གཅིག །དེ་ལྟར་དངོས་མེད་དོན་དེ་ལྟར་མ་ཤེས་ན། །ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་ལ། །གཟུང་ཡུལ་འཛིན་པ་སེམས་དག་གིས་བདག་ཏུ་བཟུང་ན་ནི། །རང་གྲོལ་དུ་མ་ཤེས་པས་འཁོར་བ་ཉིད་ལ་ཡུན་རིང་གནས། །ཁམས་གསུམ་པ་ཡི་ཁང་པ་རུ། །མིང་དང་གཟུགས་ཀྱི་བག་ཆགས་བདག་ཏུ་བཟུང་ཡིད་ཆགས་པས་མ་གྲོལ་བར་བཙོན་རར་ཚུད། །མ་རིག་མ་རིག་པ་དང་། སེམས་དང་ཡིད་ཀྱིས་ལས་ཀྱི་ལྕགས་ཀྱིས་བསྡམས། །ཤེས་རབ་ཀྱི་སྤྱོད་ཡུལ་མ་གྱུར་པའི་རང་བྱུང་སྒྲོན་མ་ཉིད་དང་བྲལ། །ཡང་ནས་ཡང་དུ་འཁོར་བའི་མུན་ནག་སྟུག་པོས་གཡོགས། །འདོད་ཆགས་ལན་ཚྭའི་རོ་ལ་ཆགས། །གཞི་མ་ཤེས་པས་ཤེས་རབ་གསལ་བ་རང་རྒྱུད་ལ་མ་སྐྱེས་པ་གཏི་མུག་ཞགས་པས་དམ་དུ་བཅིངས། །ཞེ་སྡང་གཅིག་ནས་གཅིག་ཏུ་མཆེད་པས་མེ་ཡི་ཚད་པས་གདུངས། །ང་རྒྱལ་དག་གིས་ཡོན་ཏན་ལ་བསྒྲིབས་ཏེ་ཚོགས་དྲུག་ལྷུག་པའི་གདམས་ངག་མ་ཤེས་ན་མགོ་གཏུམས་ཏེ། །ཕྲག་དོག་ཉིད་ཀྱི་ཆོས་ཉིད་མཉམ་པ་མ་ཤེས་པས་སྒོ་མོས་བསྒྲིབས། །བསྒྲིགས་ཀྱང་། རིག་པ་ནང་གསལ་དུ་མ་ཤེས་ཁོང་ཁྲོ་ལ་སོགས་དམག་གིས་བསྐོར། །དྲན་ཡིད་བསམ་སེམས་ཉིད་ཀྱིས་གཡས་གཡོན་བརྟན། །ཐབས་དང་ཤེས་རབ་འདྲེལ་བར་མ་ཤེས་ནས། གཟུང་འཛིན་ཞགས་པས་ལུས་དང་སེམས་ཀྱི་རྗེས་སུ་འདྲེལ་ཐག་སྐེ་ནས་བཏགས། །སྔ་ཕྱི་བག་ཆགས་ཀྱི་འཕྲོ་མཐུད་འདམ་དུ་བྱིང་། །རྣམ་སྨིན་ཉིད་དང་ལས་དགེ་སྡིག་གང་བྱས་པའི་འབྲས་བུ་སྨིན་པར་བྱེད་དོ། །ལག་སྦྲེལ་ཏེ། །ལས་ཀྱིས་མ་བུ་སྲིད་པ་བར་དོ་དང་མཚམས་སྦྱར་ནས། །གཅིག་ནས་གཅིག་ཏུ་ཟོ་ཆུ་བཞིན། །ལུས་མང་དུ་ལེན་པར་བྱེད། བཟང་དགེ་བ་བྱས་པས་མཐོ་རིས་ངན་སྡིག་པ་བྱས་པས་ངན་སོང་རིམ་པའི་ལུས་བླངས་ཏེ། །རིགས་དྲུག་སོ་སོའི་རིགས་སུ་སྐྱེ་བར་འགྱུར། །ངར་འཛིན་རབ་ལ་འབོགས་ཡུལ་ཡིན་པ་མ་ཡིན་པ་ཐམས་ཅད་ང་ཡིས་བཟུང་བས་འཁོར་བར་ཆུ་རྒྱུན་ལྟར་ནས་ནི། །སྡུག་བསྔལ་གྱི་སྡུག་བསྔལ་ལ་སོགས་གཏིང་ཟབ་རྒྱ་མཚོའི་གཏིང་དུ་བྱིང་། །ངན་སོང་

ལྕགས་ཀྱུས་སྙིང་ནས་བཟུང་། །སྲིན་འབུའི་ཁ་ཆུ་བཞིན་རང་གིས་རང་བཅིང་ཉོན་མོངས་དགྲ། །དམྱལ་བ་པར་ནི་སྣང་བ་ཐམས་ཅད་མེ་ཆུར་སྣང་། །ཡི་དྭགས་རྣམས་ལ་བཀྲེས་དང་སྐོམ། །བྱོལ་སོང་རྣམས་ལ་ན་བུན་ལྟར། །མི་རྣམས་ཕུང་པོ་ལྔ་ཁམས་བཅོ་བརྒྱད་དང་ནི། །སྐྱེ་མཆེད་བཅུ་གཉིས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་ལྔ་རུ་སྣང་། །དེ་ཡང་ཚོར་བ་བདེ་སྡུག་བཏང་སྙོམས་སོ། །ལྷ་མིན་རྣམས་ལ་གོ་ཆ་དང་མཚོན་དུ་སྣང་ཏེ། །ལྷ་རྣམས་འདོད་པའི་ཡོན་ཏན་ནོ། །གསང་བའི་བདག་པོ་རྡོ་རྗེ་འཛིན། །སེམས་ཅན་འཁོར་བ་དེ་དག་ནི། །རང་གི་རྣམ་རྟོག་གིས་རང་བཅིངས་ཀྱང་། །ཡེ་ནས་རང་བཞིན་མེད་པས་རྟོགས་ན་གྲོལ་བར་ངེས། །ང་ཡིན་ནོ། །ཆོས་ཀྱི་དབྱིངས་སུ་ཐམས་ཅད་མཉམ་པའི་ཕྱིར། །ཕུང་པོ་ལྔ་ཁམས་དང་སྐྱེ་མཆེད་ནི། །རིགས་ཕུང་པོ་ལྔ་རིགས་ལྔ་དང་རིགས་ཀྱི་བདག་པོར་སེམས་དཔའ་སེམས་མ་ལ་སོགས་པར་གྲོལ། །གཟུང་དང་འཛིན་པའི་འཁོར་བའི་ཆོས་དེ་དག་ནི་ཆོས་ཅན་ནི། །གདམས་པ་ཐབས་དང་ཤེས་རང་ལ་རྟོགས་པ་ཁྱད་པར་ཅན་སྐྱེ་རབ་ཉིད་དུ་གྲོལ། །འཁོར་བ་མི་འགྱུར་བའི་རིག་པ་སྟོང་ཞིང་ཡངས་པ་ཆོས་ཀྱི་དབྱིངས་སུ་གྲོལ། །ཁམས་གསུམ་གྱི་ཁང་པ་ཉིད་ཆོས་ཉིད་གཞལ་ཡས་ཟང་ཐལ་ཉིད། །དོན་དམ་ངེས་མེད་ཡངས་པ་ཆེ། །སེམས་ཉིད་ཆོས་ཀྱི་དབྱིངས་མཐའ་དབུས་མེད། ཡེ་ཤེས་འཕྲུལ་གྱི་ལྡེ་མིག་གིས་གཟུང་འཛིན་གྱི་ལྕགས་འབྱེད་མངའ། །འོད་གསལ་སྟོང་པའི་རང་བྱུང་གི་སྒྲོན་མས་འཁོར་བའི་མུན་ནག་སངས་པར་བྱེད་མར་མེ་གསལ། །རིག་པ་རང་སྣང་འོད་པོ་ཆེ། །ཆགས་པས་མ་བཅིངས་སྦྲུལ་མདུད་བཞིན། །དུ་འོད་ཀྱི་ཆ་འོད་ཀྱིས་སྒྲོལ། དེའི་ཕྱིར་ན་ཉམས་མྱོང་བདེ་བར་ཤར་བའོ་བའི་རོ་ལ་ཆགས། །ཐུགས་རྗེའི་ཞགས་པས་རང་ལུས་བཅིངས། །ཤེས་རབ་ཀྱི་མེ་ཡིས་ཉོན་མོངས་ཞེ་སྡང་གི་མེ་བསྲེག། ང་རྒྱལ་གྱི་མགོ་བཏུབས་པ་ལས་ཟང་ཐལ་འོད་གསལ་ཆེན་པོའི་གོས་ཀྱང་གྱོན། །ཆོས་ཉིད་ཀྱི་མཛོད་ཀྱི་སྒོ་ཕྱེ་སྟེ། །རང་རིག་མཚོན་ཐོགས་འཁོར་བའི་དམག་དཔུང་ཟློག་པའི་དམག་གི་དཔུང་། །བལྟ་སྤྱོད་གཉིས་ཀྱིས་དྲན་བསམ་གྱི་རྟེན་བྲལ་ལ་ལུས་བརྟེན་ཏེ། །རྟོག་

པའི་ཞགས་པས་འཁོར་བར་བཅིངས། །ཆགས་པའི་རང་རིག་སྔ་ཕྱི་སྣང་། །རྟོག་པ་མེད་ཀྱི་ཆོས་དང་ལག་པ་སྦྲེལ། །ཆོས་ཉིད་མ་བུ་གཉིས་སུ་ཆོས་ཉིད་བར་དོ་ལ་ཆོས་ཉིད་མའི་སྣང་བ་དང་རིག་པ་བུའི་སྣང་བ་འཕྲད། །རང་རིག་ཡེ་ཤེས་གཅིག་པུ་ཉིད། །སྟོང་པ་དང་གསལ་བ་ཆེན་པོའི་ཡུལ་རྙེད་ནས། །བཟང་ངན་རིམ་པའི་ལས་ཀྱི་འཕྲང་བཅད། འཛིན་པ་མེད་པའི་ཆོས་སྐུ་ཐོབ། །པས་སོ་སོའི་གཟུགས་སྐུ་སྐྱེ་བའི་གྲོང་ཁྱེར་རྒྱུན་བཅད། ཏིང་ངེ་འཛིན་རྒྱུན་ཆགས་ངར་འཛིན་གྱི་རབ་ལས་བརྒལ། །སྡུག་བསྔལ་རྒྱ་མཚོའི་ཀློང་ལས་ཡིད་བདེ་བ་ཆེན་པོར་ཐར། །གསང་སྔགས་ཐབས་ཀྱི་དགོངས་པ་གཅིག །ཡེ་ཤེས་ཉིད་ལ་ཡེ་ཤེས་རྫོགས། །མ་རིག་པ་ཉིད་ཡེ་ཤེས་རང་རྣམ་དག་པས། །ཡེ་ཤེས་རང་དག །རིག་པ་ཆོས་སྐུ་འོད་ལྔ་མ་འདྲེས་པ་གསལ་ཆེན་པོར་གནས། །རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་བདེ་བ་ཆེན་པོའི་རང་བཞིན་ལ། །དངོས་དང་དངོས་མེད་མྱ་ངན་འདས། །དངོས་མེད་ཟང་ཐལ་སྟོང་པ་ཡེ་ཤེས་ངོ་བོས་སྟོང་། །ཀ་ནས་དག་པ། རང་བཞིན་ཀུན་ཁྱབ་ཡེ་ཤེས་ནི། །འོད་དང་འོད་ཁྱིམ་གྱི་ཚུལ་དུ་གནས། སྒྲ་དང་དྲི་རོ་འདོད་པའི་ཡོན་ཏན་ལྔ་ལམ་དུ་ཁྱེར་ནས་མྱ་ངན་འདས། །གཞིའི་ངོ་བོ་སྤྲོས་པ་མེད་པའི་ཆོས་སྐུ་ནི། །གཟུགས་དང་རྣམ་ཤེས་ཕུང་པོ་ལྔ་རང་དག་ཏུ་སངས་རྒྱ་མྱ་ངན་འདས། །རང་རིག་པའི་ཡེ་ཤེས་ཡུལ་ཀུན་ཁྱབ་ཅིང་གདལ་བས། །སྟོང་གསུམ་ཕྱི་སྣོད་ནང་བཅུད་མ་སྤངས་སངས་རྒྱས་པར་ཐམས་ཅད་མྱ་ངན་འདས། །ཆོས་དབྱིངས་དྲི་མ་དང་སྒྲིབ་པ་ལས་འདས་ཤིང་བརྗོད་དུ་མེད་པ་ཡེ་ནས་རྣམ་དག་པས། །འབྱུང་བ་ལྔ་ཉིད་ཕྱི་དང་ནང་ནི་འབྱུང་བ་ལྔ་འདུ་འབྲལ་མེད་པར་མྱ་ངན་འདས། །སངས་རྒྱས་སྐུ་གཅིག་གཞི་རིག་པས་ཀུན་ཁྱབ་པས། །མིང་དང་ཡི་གེ་ཐ་སྙད་ཀྱི་ཚིག་ཚོགས་སུ་སངས་རྒྱས་མྱ་ངན་འདས། །རིག་པ་སྐྱེ་ཤི་དང་བྲལ་བ་མི་ཤིགས་རྡོ་རྗེ་ཡེ་ཤེས་ལས། །ས་རྡོ་རི་བྲག་བེམས་པོ་ཐམས་ཅད་ཡེ་ནས་སངས་རྒྱས་མྱ་ངན་འདས། །ཆོས་རིག་པ་ཉིད་སྤྲོས་དང་བྲལ་བ་ལ། །ཐ་སྙད་ཚིག་དང་ཡི་གེ་ཉིད་ནི་མྱ་ངན་འདས། །ཨེ་མ་ཧོ། འདི་ནི་རང་ལས་བྱུང་བའི་རིག་པ་རྫོགས་པའི་སངས་རྒྱས་ཀྱི། །ངོ་བོ་ཀ་དག་ཉིད་ལས་མ་གཡོས་པའི། །ཡེ་ནས་མི་འགྱུར་ཆོས་ཉིད་རང་གནས་རབ་ཏུ་བརྟན། །

རང་གི་སྣང་བ་རང་གྲོལ་རང་གི་ཡུལ། །མེ་ལོང་ལ་བཞིན་བསྟན་པ་དང་འདྲ། རང་བཞིན་རང་དག་རང་གི་གདངས། །ལྟ་བ་ཅོག་བཞག་སྤྱོད་པ་ཅེར་བཞག་རང་གི་བཞག་གོ། །དེ་ནས་རྡོ་རྗེ་ཅན་རྣམས་ཀྱིས། །བཅོམ་ལྡན་འདས་ལ་འདི་སྐད་གསོལ། །ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆང་། །སྣོད་འཇིག་རྟེན་བཅུད་སེམས་ཅན་འདི་ཀུན་གྱི། །གནས་པའི་ས་ནི་ཇི་ལྟ་བུ། །འགྲོ་བའི་ལམ་ནི་གང་ལྟར་ལགས། །འབྲས་བུ་ཇི་ལྟ་བུ་ཞིག་ཐོབ། །རྡོ་རྗེ་འཆང་གིས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་ལན་རྒྱས་པར་བཀའ་སྩལ་པ། །རྡོ་རྗེ་ཡིད་ལ་མ་ཡེངས་པར་འཛིན་པ་ལེགས་ཉོན་ཅིག །རྟོགས་བཅས་འཁྲུལ་པའི་ལུས་འདི་ལ། །སེམས་ཀྱི་ལུས་ལ་སངས་རྒྱས་ཀྱི་གཞི། དྲི་མེད་དག་ངོ་བོ་ཀ་དག་གི་ཡེ་ཤེས་དེ་འགྱུར་བ་མེད་པའི་ཚུལ་དུ་གནས་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་པའི་སྐུ་ཡེ་ཤེས་སུམ་བརྩེགས་ཚུལ་དུ་གནས། །སངས་རྒྱས་རྣམས་ཀྱི་སྐུ་ཉིད་ནི། །ཐུགས་ཀྱི་དཀྱིལ་འཁོར་མ་བསྐྱེད་རྫོགས། །རང་རང་གི་སྙིང་དཀྱིལ་ན་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་དག་ཙམ་དུ་གནས་སོ། །འགྱུར་བ་མེད་པའི་སྐུ་གཅིག་ནི། །རིག་པ་ཟང་ཐལ་གྱི་ཡེ་ཤེས། སེམས་ཅན་ཐམས་ཅད་ལ་ཀུན་ཏུ་ཁྱབ་པའི་ཚུལ་དུ་གནས། །ཡོངས་ལ་ཁྱབ་པའི་དེ་ཡང་ངོ་བོ་གཅིག་ལས་མ་འདས་ཏེ་འཇའི་ནང་གི་ནམ་མཁའ་འདྲ་སེམས་གཅིག་པོ། །རང་བཞིན་གཉུག་མའི་ཡེ་ནས་བཅས་བཅོས་མེད་པའི་སྟོང་པའི་སྟོང་པ་ཉིད་ངང་ལ་གནས། །རྡོ་རྗེ་ལུ་གུ་རྒྱུད་ངོ་བོ་ཉིད་ཀྱི་སྐུ། །རྒྱུན་ནི་ཆད་པ་མེད་པར་ལས་ཀྱིས་ཁྱབ་ཚད་ལ་རིག་པ་ཉིད་གནས་གནས། །ལུ་གུ་རྒྱུད་ནི་སྐུའི་ཆ་ཤས་ཐིག་ལེ་དང་བྱེད་སྐུ་དང་འོད་དང་འཇའ་དང་མུ་ཁྱུད་ར་བར་གནས་ཤིང་སྣང་བའོ། །གྲངས་མང་བས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །ཡོད་པ་ངོ་བོ་ཀ་དག་གཅིག་གཅིག་ལས་མེད་པ་ལ། །སྣང་བ་རང་བཞིན་སྣ་ཚོགས་ཐམས་ཅད་ཡོངས་ལ་སྣང་། །སྟོང་དང་རྟག་པའི་མཐའ་བཅད་གསལ་ཆད་པའི་མཐའ་བཅད་བའི་བདག་ཉིད་ཅན། །དེ་ནི་རང་རང་གི་ཡུལ་ལ་ཁྱབ་ནས་གནས་པའི་ཡེ་ཤེས་སྣང་བའོ། །སྐུ་ཡི་ངོ་བོ་དེ་བཞིན་ནི། །དེ་གང་ལས་བྱུང་ཞེ་ན། གཞི་ནས་བྱུང་བར་རྩ་རྣམས་ནས་ནི་ཐིག་ལེ་སྟེ། །ཕྲ་དང་འཁྱུག་པའི་འོད་ཀྱི་ཚ་ཚའི་བདག་ཉིད་ཅན། །ཐིག་ལེ་རླུང་གིས་བསྐྱོད་དེ་

འོད་ཟེར་ལྔ་ལྔས་ཁྱབ་ནས་ཉིད་ཀྱིས་མཛེས་པའོ། །དེ་ཡང་ཆ་ནི་གསུམ་པོ་སྟེ། །གཡས་ཀུན་རྫོབ་ཀྱི་ཐིག་ལེའི་རྟེན་དང་གཡོན་རང་བཞིན་གྱི་ཐིག་ལེའི་རྟེན་དང་དབུས་དོན་དམ་གྱི་ཐིག་ལེའི་རྟེན་མའོ། །གཡས་པ་ངོ་མ་ཀུན་རྫོབ་ཐིག་ལེ་སྟེ། །བདེ་བའི་ཆོས་སྟོང་པ་ཉིད་ཀྱིས་རྟོགས་པར་བྱེད། བདེ་བ་ཆེན་པོའི་ཡན་ལག་ཅན། །ཟག་བཅས་ཀྱི་བདེ་བ་ཉམས་སུ་མྱོང་བས། ཟག་བཅས་ཐམས་ཅད་ཀྱིས་བདེ་བ་འདུས་པའི་འབྱུང་གནས་ནི། །སངས་རྒྱས་ཀུན་གྱི་གསང་ཆེན་རྟོགས་ནས་དོན་དམ་མི་རྟོགས་པའི་ཡེ་ཤེས་ཡིན། །ཐབས་ཀྱིས་མཚོན་པའི་དེ་ཡང་བླ་མའི་གདམས་ངག་ལ་རག་ལས་རང་བཞིན་ནོ། །དོན་དམ་ཀུན་འདར་མ་སྤྲོས་པ་མེད་པ་ཆོས་སྐུའི་རང་བཞིན་ཅན། །སྟོང་གསལ་གཟུང་དུ་མེད་ལ་གསལ་ཆ་མ་འགགས་པ་ཐིག་ལེ་གཅིག་ཏུ་གནས། །དབུས་ན་ཀུན་འདར་མ་གནས་ཤིང་རང་བཞིན་གསལ། །སྤྲོ་བསྡུ་རྩོལ་སྒྲུབ་ལས་འདས་པའི་ཡེ་ཤེས་སྨྲ་བསམ་ཡུལ་ལས་འདས། །བགས་ཀྱིས་ཟག་པ་མེད་པའི་བདེ་བ་ལ་བརྟེན་རྣམ་པར་རྟོག་པ་བྲལ། །ངེས་པ་ཁོ་ནར་ཟག་མེད་བདེ་བར་གནས་ཡོད་མེད་མཐའ་གཉིས་རྣམ་པར་བསལ། །སྟོང་གསལ་གྱིས་ཁྱབ་པས་རྟག་ཆད་མུ་ལ་གནས་པ་མེད། །རྣམ་པར་རྟོག་མེད་སེམས་དང་ཡིད་ལས་འདས་པ་ལྷུན་གྱིས་གྲུབ། །དེའི་དོན་ཚིག་གིས་གཏན་ལ་མི་ཕེབས་པས་བརྗོད་པ་མེད་ཅིང་ངང་གིས་སྟོང་། །དོན་དམ་དངོས་པོའི་ཟག་པ་མེད་པའི་བདེ་ཆེན་གྱིའོ་ཐིག་ལེའོ། །གཡོན་རྐྱང་མ་ན་རང་བཞིན་ཐིག་ལེ་སྦུབས་ཀྱི་ཐིག་ལེ་སྣང་བ་དུ་མར་གནས། །བདེ་བས་ཟུང་འཇུག་ཀུན་རྫོབ་དོན་དམ་གཉིས་ཀ་ལ་ཁྱབ་སྟེ། །ཐིག་ལེ་སྣ་ཚོགས་སྣང་བའི་བདེ་བར་གནས། རབ་ཏུ་གནས་པ་མ་ཡིན་པར། །རླུང་གི་དབུགས་ཀྱི་འགྲོ་འོང་དང་བཅས། ཁ་སྦྱར་ཉིད་ཀྱིས་དོན་དམ་ཀུན་རྫོབ་གཉིས་མེད་ཀྱི་བདེ་བ་ཐོབ། །སྤྲོས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཕྱག་རྒྱ་ཆེན་པོ་ཉིད་ཀྱི་རྒྱུ། །བདེ་བ་གསུམ་ཀ་བསྐྱོད་པར་བྱེད་པས་བདེ་ཆེན་ཡེ་ཤེས་ཆེན་པོའི་ལམ། །གསང་སྔགས་ཀྱི་ཐབས་བདེ་བ་མཚོན་པར་བྱེད་ཀུན་བདག་དཀྱིལ་འཁོར་ཡིན། །འཁོར་བ་བསྐྱབ་མྱ་ངན་ལས་འདས་པའི་གདེང་ཐོབ་པར་མྱུར་དུ་བྱེད་པའི་ཐབས་ཆེན་པོ། །གསང་བའི་ཡེ་གདངས་སྙིང་པོ་བཅུད་ལ་དྲིལ་བ་ཞེས་བྱ་སྟེ་འོད་ཀྱི་དྭངས་མ་འབར་བའི་འོད། །དེ་ནི་བདེ་ཆེན་བདེ་སྟོང་དབྱེར་མེད་ཀྱི་ངོ་བོ་ངོ་བོའོ། །འགྲོ་བའི་ལམ་ནི་རང་རང་གི་

མིག་གི་སྒོ་ལས་འཆར་བར་བྱེད་མཐོང་བྱེད་སྒོ། །དེ་ཉིད་གཡས་གཉིས་གཡོན་གཉིས་དབུས། །སྒྲོན་མ་བཞི་རིག་པ་རྟོག་པ་མེད་པ་དང་ལྔའོ། །སྒྲོན་མ་འབར་བའི་གཞིའི་ཚུལ་དུ་ཚུལ་དུ་གནས། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །དངོས་པོ་རྟོག་པ་ལས་འདས་པ། དག་པ་དབྱིངས་ཀྱི་སྒྲོན་མ་དང་། །གཟུང་འཛིན་ལས་ལོག་པ། ཤེས་རབ་རང་བྱུང་ཡིན་མིན་གྱི་སྒྲོ་འདོགས་ཐམས་ཅད་ཆོད་པ་ཉིད་དང་ནི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ནི། །མིག་གི་དབང་པོས་མཐོང་བ་མ་འགགས་པར་གསལ་བ། མཐོང་བྱེད་མིག་ནས་ཡུལ་ལ་སྣང་བའོ། །རིག་པ་རྟོག་མེད་ཀྱི་ངོ་བོ་ནི་ལུ་གུ་རྒྱུད། །བདེ་ཆེན་ཚངས་པའི་སྒོ་ནས་སྤྱི་བོ་ནས་རླུང་གི་རླངས་པ་དང་བཅས་ཏེ་སྣང་། །དཔེར་ན་ལམ་གྱི་འོད་གསལ་གྱིས་ཁྱབ་རྨ་བྱའི་མདངས་ལྟ་བུ། །ཐིག་ནི་ངོ་བོ་མི་འགྱུར་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྒྲོན་མས་གསལ་བྱེད་གཞན་ལ་མི་ལྟོས་མུན་པ་སྣང་བར་བསྒྱུར། །དཔེར་ན་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔའི་རེ་ཁ་མ་འདྲེས་པར་ནམ་མཁའི་འཇའ་ཚོན་ལྟར། །དག་པས་ཉོན་མོངས་དྲི་མ་ཟད། །གོས་པ་མེད་པའི་ཡེ་ཤེས་ཀྱི་རྩལ་ལས་ཤར། དབྱིངས་ནི་རིག་པ་འདུ་འབྲལ་མེད་པར་རྟོགས་པ་ཡངས་ཤིང་རྒྱ་མ་ཆད། །ཆོས་ཉིད་དཔེར་ན་ཡི་གེ་ན་རོ་ལྟ་བུ་ཡུལ་ལ་རྣམ་དག་པས། །མིག་གཉིས་བྱིན་ལ། མིག་གཉིས་ཀའི་ཟུར་ནས་འཆར་བར་བྱེད། །ཁྱབ་བྱེད་དང་པོའོ་མཐིང་ག་འགྱུར་བ་མེད། །སྣང་བ་དག་པའི་རྐྱེན་དེ་ཉིད་ལ་གོམས་ནས་ཕྲད་ན། །ཁ་དོག་འོད་ལྔ་མ་འདྲེས་པར་ལྔ་དང་ལྡན་པར་འགྱུར། །དཔེར་ན་ཤེས་རབ་རང་བྱུང་གི་སྒྲོན་མས་རྣམ་རྟོག་བསྲེག་སྲེག་བྱེད་མེ་སྒྲོན་ལྟར། །ཤེས་པས་ཆོས་རྣམས་སྐད་ཅིག་མ་གསུམ་ལ་གཅིག་ཆར་རྟོགས། །རབ་ནི་དེ་ནས་ཡུལ་དུ་མེད་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་མཚོན་བྱེད་ཐབས་ཀྱི་ཆ་ནས་འཆར་ཆོས་དང་བྲལ། །བྱུང་བ་མ་བཀག་རྣམ་པར་རྟོག་པའི་སྒྲོ་འདོགས་ཀྱིས་མ་དཔྱད་པ་ལྷུག་པར་སྣང་། །མིག་གཡོན་ནས་འཆར་བྱེད་སྒོ་མ་འགགས། །དཔེར་ན་རྒྱང་ཞགས་ཆུའི་སྒྲོན་མས་བདག་ཏུ་འཛིན་འཛིན་བྱེད་ལྕགས་ཀྱུ་ལྟར། །རྒྱང་ནི་སྒོ་ལྔའི་རྟ་ཕོ་ལ། །ནང་ནས་འཆར་ཞིང་ཡིད་ལ་སྡུད། འཛིན་པ་ཡིད་ཀྱི་རྣམ་ཤེས་དབུགས་ལ་ཞོན་ནས་འགྱུ། །ཡུལ་རྣམས་ཀུན་ལ་འཇུག་ཅིང་སྡུད། །ཞགས་ནི་གཟུང་བའི་ཡུལ་ཉིད་ལ། །འཛིན་པའི་སེམས་ཀྱིས་རྣམ་པར་གཟུང་། །ཆུ་ནི་དྭངས་སྙིགས་འབྱེད་པར་བྱེད། །དེ་ཡང་མིག་གཉིས་ན་ཆ་

མཉམ་སྟེ། །མདོར་ན་དབང་པོའི་གཟུང་འཛིན་གྱི་དྭངས་མ་ཡིན། །དེ་དག་གི་ངོ་བོ་ནི་དཔེར་ན་གསེར་གྱི་ལུ་གུ་རྒྱུད། །བཟོ་མཁས་ལེགས་ཆ་སྙམ་པར་བརྒྱུས་པ་ལྟར། །རིག་པས་ཤེས་བྱ་ཐམས་ཅད་ཐོགས་པ་མེད་པར་ཤེས་ཤིང་རིག། ངོ་བོ་ཀ་དག་ཏུ་ཡོད་པ་ལས་རྟོག་མེད་འཁོར་བས་གོས་པ་མེད། །ལུ་གུ་རྒྱུད་ནི་མ་ཆད་པར་འདྲེལ་ཆགས་སོ། །བདེ་ཆེན་བུ་ག་རྟོག་མེད་མི་འགྱུར་བ་ཨ་ཝ་ཏིའི་རྩ་ནས་འཆར་ལམ། །སེམས་ཅན་དོན་དག་གི་འབྲས་བུ་རྣམ་པ་འཁོར་འདས་གཉིས་ཞེས་ཏེ། །མ་སྨིན་འཁོར་བ་མ་རིག་པས་བཅིངས་པ་ཉིད་དང་ནི། །གྲོལ་བྱེད་དག་པའི་སྣང་བ་སྐུ་དང་ཡེ་ཤེས་སོ། །དེ་ཡང་སྐྱེ་བཞིས་བསྡུས་པ་ཡི། །ང་རྒྱལ་ལྷ་དང་ཕྲག་དོག་ལྷ་མིན་ཁྲོ་བོ་མི་རྣམས་དང་། །གཏི་མུག་བྱོལ་སོང་རྣམས་དང་འདོད་ཆགས་ལས་ཡི་དྭགས་དང་། །དེ་བཞིན་ཞེ་སྡང་ལས་འཁྲུལ་པའི་སེམས་ཅན་དམྱལ་བའི་འཇིག་རྟེན་ནི། །མ་སྨིན་མ་རིག་པས་བཅིངས་པ་ལས་གཟུགས་སུ་སྣང་། །དེ་དག་འདོད་ཆགས་ཡི་དྭགས་ཞེ་སྡང་དམྱལ་དང་། །ང་རྒྱལ་ལྷ་གཏི་མུག་བྱོལ་སོང་ཕྲག་དོག་ལྷ་མ་ཡིན་སོགས། །ཉོན་མོངས་ལས་ལམ་དྲི་མའི་རྩ་བ་ཅན། །ཆ་ཤས་ཀྱི་ཉོན་མོངས་པས་སྟོང་ཕྲག་དུ་མས་བསྡུས་པའོ། །དེ་ཡང་རྟོག་བཅས་དུ་མ་སེམས་ལ་སོགས་པ་ཡི། །གཟུང་འཛིན་ཡིད་ལ་སོགས་པས་འདུས་པའི་སེམས་ཀྱིས་བཅིངས། །མངོན་སྣང་ཡུལ་ནི་འདི་ལྟར་རོ། །འཁོར་བར་གྲུབ། སྐུ་གསུམ་དང་ནི་ཡེ་ཤེས་ལྔ། །སྟོང་པ་ཉིད་དང་གསལ་ཙིཏྟའི་ནང་ན་དངོས་མེད་ཀྱི་ཡེ་ཤེས་རང་བཞིན་འོད་སྣང་བས་ཁྱབ། །ཐིག་ལེ་རྩ་རྣམས་ཀྱི་ནང་ན་ཚིག་ལས་འདས་པའི་ཡེ་ཤེས་ཡེ་ནས་སྤྲོས་གཞི་དང་བྲལ་འདུ་འབྲལ་མེད་པའི་ཕྱིར། །བརྗོད་པ་ཚིག་མེད་ཉིད་དང་དེ་མ་རྟོགས་པ་རྗོད་བྱེད་བྲལ། །ཀ་དག་དྲི་མ་ཡེ་ནས་བྲལ་བ་ཡི། །གནས་སུ་ཐམས་ཅད་མངོན་སངས་རྒྱས། །དེ་ལ་དྲི་མེད་རྡུལ་དང་བྲལ། །ཉོན་མོངས་པ་མི་འབྱུང་བའོ། །སྤྲོས་པ་རྣམས་ཀྱིས་སྤྲོས་པ་དང་བྲལ་མ་སྤྲོས་པའོ། །རང་གཞན་ལ་སྣ་ཚོགས་སྣང་བ་ལྷུན་གྲུབ་ཏུ། །འབྲིང་ལ་སོགས་པ་ལམ་དུ་བར་དོ་ལ་གྲོལ། །འཆར་བྱེད་སྒོ་རྣམས་ལྷུན་གྲུབ་སྒོ་བརྒྱད་སོ་སོ་ནས། །བདེན་པའི་དབང་པོའི་ཁྱད་པར་རེ་རེ་ལས། །ཡུལ་གྱི་འོད་སྣང་

རྟོགས་ཚད་ཤེས་པ་རེ་རེ་ཡིས། །རྟོགས་པའི་ཚད་ནི་མིག་གིས་རེ་རེ་རྙེད། །དེ་ནས་རང་སྣང་དུ་ཤེས་ནས་སྣང་བ་བརྟས་ནས་ནི། །རིམ་གྱིས་ཆོས་ཉིད་གྲོལ་ས་གཅིག་ཏུ་སངས་རྒྱས་ཀ་དག་མཐོང་། །དེས་ཀྱང་འབྲས་བུ་ཕྱིར་མི་ལྡོག་བདེ་ཆེན་ཐོབ། །སངས་རྒྱས་ཐམས་ཅད་འབྱུང་བའི་ཀུན་གྱི་གསང་བ་གཞིའི་སྣང་བ་གཅིག །འབྲས་བུ་ཉིད་ནི་དེ་དག་ལ། །དྲི་མ་འཁོར་བ་དང་ནི་དག་པ་འདས་པ་གཉིས། །རང་བཞིན་དུ་ནི་ངོ་བོ་གཅིག་པར་རྣམ་པར་གནས། །དེ་ནི་དེ་ཡི་འབྲས་བུ་འཁོར་འདས་ལ། །རྟག་པ་དངོས་པོ་ཉིད་དང་ཆད་པ་དངོས་མེད་ཀྱང་། །དེ་ཉིད་འབྲས་བུ་ལ་ཐམས་ཅད་དུ་བྱུང་བ་གནས་པའོ། །སྟོང་གསལ་རྟག་ཆད་གཉིས་ཀ་ལས་འདས་རིག་ཅིང་འགྱུར་བ་མེད། །ངོ་བོ་གཞི་ཀ་དག་གི་དེ་ཡི་མཚན་ཉིད་ཡིན། །ཀ་དག་ཁྱབ་དང་གཅིག་པུ་ནི། །ངོ་བོ་ཉིད་ལ་ཡེ་ཤེས་གསུམ་དུ་གནས་པས་ཀྱི་རང་ལུས་ཡིན། །ཅོག་བཞག་དང་གཞན་གྱི་རྩོལ་སྒྲུབ་དང་བྲལ་བ་ནི་རང་སོ་ཉིད། །ཐོག་མའི་གཞི་ཉིད་ངོ་བོ་ཉིད་ཀྱི་ངང་ལ་རྒྱུན་དུ་གནས་པ་བསམ་གཏན་ཡིན། །ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ལས། སེམས་ཅན་གྱི་སྣང་བ་ཐབས་ལ་མཁས་པ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་ཡིས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །སེམས་ཅན་རྣམས་ཀྱི་ཆོས་དང་འཁོར་བ་དང་འདས་པའི་ཆོས། །གཅིག་གམ་འོན་ཏེ་ཐ་དད་ལགས། །དེ་ལ་བདག་ནི་ཐེ་ཚོམ་དུ་མཆིས་ན། །དེའི་དོན་བཅོམ་ལྡན་འདས་ཀྱིས་བདག་ལ་གསུང་། །དེ་ནས་རྡོ་རྗེ་འཆང་ཆེན་དེས། །བདེ་བའི་སྟན་ལ་བཞུགས་པ་ལས་བཞེངས་ནས་ནི། །འདི་སྐད་འཁོར་དེ་དག་ལ་ཆེད་དུ་བརྗོད་པའོ། །འཁོར་བའི་ཆོས་ནི་འདི་ལྟ་བུ། །ཡེ་ནས་མེད་པར་བསྟན། ཐོག་མ་ཉིད་ནི་འདི་མེད་པས། །ཡུལ་ལ་འཁྲུལ་པས་བརྟགས་པ་ལྟར། །སེམས་ཅན་ཡུལ་ལ་དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་ལྟ་བུར་སྣང་བའོ། །དེ་ལ་ཡང་ནི་འདི་ལྟ་སྟེ། །ས་ཐེག་པ་དང་ཆུ་དང་གཤེར་བ་མེ་སྲེག་པ་དང་རླུང་། །འབྱེད་པ། ནམ་མཁའ་ཡངས་ཤིང་གོ་འབྱེད་པ་

དང་ནི་ཉི་ཟླ་དང་། །སྤྱི་མཐུན་པ་ལས་གྲུབ་པ། སྐྱེས་པ་བུད་མེད་དག་གི་གཟུགས། །གཟའ་དང་སྐར་མ་སྤྲིན་དང་ནི། །ཤིང་དང་རི་དང་བྲག་རྣམས་དང་། །ཤིང་གི་རྩ་བ་སྡོང་པོ་ཡལ་ག་དང་། །འདབ་མ་མེ་ཏོག་འབྲས་བུ་དང་། །དྲི་དང་རོ་དང་སྒྲ་དང་རེག །རོལ་མོ་རྣམས་དང་འཕན་གདུགས་དང་། །རྒྱལ་མཚན་དང་ནི་བླ་རེ་སོགས། །དེ་དག་འཁོར་ཏེ་སྣང་བའི་ཆོས། །འདི་ལྟར། རྣལ་འབྱོར་ཉིད་ཀྱི་ལུས་ལ་ཚང་ངོ་། །ལུས་ལ་ཇི་ལྟར་ཚང་ཞེ་ན་ས་ནི་ཤ་སྟེ་དངོས་པོ་ཤ་བསྐྱེད་ཉིད། །ཆུ་ནི་ཁྲག་སྟེ་གཅིག་ཏུ་སྡུད་པ་ཉིད། །མེ་ནི་དྲོད་དེ་ལུས་ཀུན་སྨིན། །པར་བྱེད། རླུང་ནི་དབུགས་ཏེ་ལུས་ཟུངས་འཛིན། །ནམ་མཁའ་སེམས་ཏེ་ལུས་དྭངས་འཛིན། །ཉི་ཟླ་གཉིས་གསལ་བས་མིག་སྟེ་ཡུལ་གསལ་བར་བྱེད། །སྐྱེས་པ་ཉིད་ནི་མའི་མངལ་ནས་སྐྱེས་པ་དང་ཆོས་མཐུན་དག་ནི་སྐྱེ་བ་ཉིད། །བུད་མེད་དག་ནི་འཚོ་བ་དང་ཆོས་མཐུན་བར་སྣང་། །གཟའ་ཟ་བར་བྱེད་པས་ནི་ཁ་ལ་སྐར་མ་གཅོད་ཅིང་གྲོལ་བར་བྱེད་པས་སོ། །སྤྲིན་ནི་སྐྲ་ལ་སྐྱེ་ཞིང་འཆད་པ་ཤིང་ནི་རྩ། །རི་ནི་གཟུགས་སུ་གྲུབ་པ་ལ་ལུས་ལ་བྲག་ནི་རུས། །རྩ་བ་རྩ་གནས་སྙིང་དང་འདྲ་སྙིང་ལ་སྡོང་པོ་འདྲིལ་བ་རྐང་། །ཡལ་ག་དག་ནི་ཡན་ལག་བཅད་ན་སྐམ་པར་མི་ནུས་པ་དང་ཆོས་མཐུན་ལ། །མེ་ཏོག་ཉིད་ནི་གསལ་བས་དབང་པོ་ལྔ། །འབྲས་བུ་དེ་དག་འདུས་པ་ལས་ལུས་སུ་གྲུབ་པའོ། །དྲི་ནི་བ་ཕྲ་བ་སྤུ་རོ་ནི་ཁྱབ་པ་སྤགས། །སྒྲ་ནི་ལྕེ་ཕྱུང་སྐད་ལ་རེག་ནི་ལུས་ཀྱི་འདུས་པའི་ནད་དང་ཆོས་མཐུན་ནད། །རོལ་མོ་སྣ་ཚོགས་བསྐྱེད་ཅིང་འབབས་པས་ནང་ཁྲོལ་འཕན་ནི་ཆུ། །གདུགས་ནི་བསིལ་ཞིང་སྐྱོབ་པར་བྱེད་པས་རྐང་པ་རྒྱལ་མཚན་མིང་། །བསྒྲགས་ཤིང་སྣང་བས། བླ་རེ་དག་ནི་ཡོལ་བ་དྲེ་བར་བྱེད་པས་རླངས་པའོ། །དེ་ལྟར་ལུས་མ་ཡིན་པར་སྣང་བའི་ཆོས་གཞན་དུ་བཙལ་དུ་མི་རྙེད་པས་རྣལ་འབྱོར་ལུས་ལ་དེ་དག་རྫོགས། །དེ་ཡང་རང་གི་རིག་པ་ཉིད་ལ་ཇི་ལྟར་གནས་ཞེ་ན་ནི་འདི་ལྟ་སྟེ། །འབྱུང་བ་ལྔའི་དྭངས་མ་ནི་རང་གསལ་འོད་ལྔ་སྟེ། །ཉི་དང་ཟླ་བ་རང་གིས་རང་རྟོགས་པར་བྱེད་པས་ཤེས་རབ་ཐབས། །སྐྱེས་པ་གཞི་མི་འགྱུར་བའི་རིག་པ་ལ་བུད་མེད་ཐམས་ཅད་བསྐྱེད་

པར་བྱེད་ཅིང་གྲོལ་བར་བྱེད་པས་ལམ། །གཟའ་ནི་རྟོགས་ཚད་བར་དོ་གདེངས་གཞིའི་རྣལ་འབྱོར་སྐར་མ་ཆོས། །རྒྱུད་ལུང་གི་ཆོས་ཀྱིས་རྟོགས་པ་ལྟ་སྒོམ་གྱི་ཚོད་ཟིན། སྤྲིན་ནི་ཐུགས་རྗེ་ཀུན་ལ་ཁྱབ། །ཤིང་ནི་ཆོས་ཉིད་རྒྱས་ཐམས་ཅད་བསྐྱེད་པའི་རང་རིག་པ་པའི་ལམ། །རི་ནི་མི་འགྱུར་བའི་རིག་པ་ལྟ་བ་འགྱུར་བ་མེད། །བྲག་ནི་ཆོས་སྐུ་སྐྱེ་འཆི་འཇིག་དང་བྲལ། །རྩ་བ་ཆོས་སྐུ་ངོ་བོ་ཉིད་དུ་རྒྱུ་གཅིག་པ། །ཡལ་ག་བྱང་ཆུབ་ཡན་ལག་ཉིད། །སྡོང་པོ་སྟོང་པར་རོ་གཅིག་སྟེ། །འདབ་མ་ཁྱབ་བྱེད་ཆོས་ཀྱི་དབྱིངས། །མེ་ཏོག་ཡེ་ཤེས་སྒྲོན་མ་ཉིད། །བཞིའི་སྣང་བ། འབྲས་གཅིག་ཏུ་དྲིལ་བ་བུ་སྐུ་གསུམ་རང་རྫོགས་སོ། །སྒྲ་ནི་གྲག་སྟོང་དབྱེར་མེད་ཆོས་ཉིད་ཡུལ་གྱི་སྒྲ། །དྲི་ནི་སངས་རྒྱས་གསུང་དུ་གྲགས། །རོ་ནི་ཉམས་མྱོང་བདེ་བའི་རོ། །རིག་པ་རྟོག་མེད་ཀྱི་དོན་རྒྱུད་ལ་སྐྱེ་བ། རེག་ནི་བསམ་གཏན་ཆེན་པོའི་གོས། །རོལ་མོ་ཚོམ་བུ་ལྔ་ལྔའི་འོད་ལྔའི་དཀྱིལ་འཁོར་རྫོགས། །འཕན་ནི་ཁ་དོག་སོ་སོར་གསལ་བས་དྭངས། །གདུགས་ནི་སྐྱོབ་པ་ཤེས་རབ་ཀྱིས་འཁོར་བའི་ཚད་པ་སྐྱེས་གདངས། །བླ་རེ་མན་ངག་ཆེ་བའི་གནད། །ཀྱིས་འཁོར་བ་སྟོངས་པར་བྱེད། རྒྱལ་མཚན་རྟོགས་པ་དེ་ཉིད་ལས་གཞན་དུ་བརྗོད་དུ་མེད་མངོན་སངས་རྒྱས། །དེ་ཡང་སེམས་ཉིད་ངོ་བོའི་ཆོས་ཀྱིས་ཆོ་འཕྲུལ་དུ་འབྱུང་བའོ། །རྣམས་ནི། །ཡེ་ནས་ལྷུན་གྲུབ་ཚུལ་དུ་སྣ་ཚོགས་སུ་གནས། །དེ་ཕྱིར་བློ་དང་དངོས་ནི་འཁོར་བ་ཉིད་ལས་མ་གྲུབ་སྟེ་པོ་ཡི། །ཐམས་ཅད་ཙམ་ཆོས་ནི་བརྟགས་པ་ཉིད་དུའོ། །ཀྱེ་རྡོ་རྗེ་འཛིན་པ་དེ་ཡང་མྱ་ངན་ལས་འདས་པའི་ཆོས་དེ་དག་རང་གི་ལུས་ལ་ཚང་ངམ་ཞེ་ན་འདི་དག་ཀྱང་ལྷག་པ་ཙམ་དུ་བསྟན་ལེགས་ཉོན་ཅིག །འདས་པ་དཀར་པོའི་ཆོས་རྣམས་ནི། །རང་གི་ལུས་དང་སེམས་ལ་ཐམས་ཅད་རྫོགས། །བར་བསྟན་པ། འཁོར་བའི་ཆོས་ནི་མ་གྲུབ་པས་འདས་པའི་སྟོང་པའི་ཆོས་ག་ལ་གྲུབ་ཕྱིར། །དཀྱིལ་གཙོ་བོ་དང་འཁོར་ལྷ་རང་རྐྱང་དང་སུམ་བརྩེགས་དང་མཆོད་པ་ཕྱི་ནང་གསང་བ་དང་། །སྔགས་དང་ཕྱག་རྒྱ་དེ་བཞིན་ཉིད་ཀུན་སྣང་རྒྱུའི་ཏིང་འཛིན་དང་། །དབང་བསྐུར་བ་དང་རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་གྲངས་ཀྱི་དམ་ཚིག་དང་། །མན་ངག་སྒོམ་ཡོད་དང་སྒོམ་མེད་འབོགས་དང་ཉམས་མྱོང་བདེ་བ་དང་

གསལ་བ་གཉིས་དང་། །དེ་བཞིན་འབྱུང་བ་རིམ་པས་བརྩེགས་པ་ནས་ལྷའི་བར་བསྐྱེད་པའི་རིམ་པ་དང་། །ཐོས་དང་བསམ་དང་སྒོམ་པ་དང་། །སྒྲོ་འདོགས་ཆོད་པ། ལྟ་བ་རེ་དོགས་མེད་པ་སྤྱོད་པ་དགག་བསྒྲུབ་མེད་པ་བསྒོམ་པ་དང་། །གསལ་འགྲིབ་མེད་པ། སྦྱིན་མི་འཇིགས་པ་ལ་སོགས་པ་དང་ཚུལ་ཁྲིམས་ཉེས་སྤྱོད་སྡོམ་པ་ལ་སོགས་བཟོད་པ་ཇི་མི་སྙམ་པའི་བཟོད་པ་དང་། །བརྩོན་གོ་ཆ་ཆེན་པོ་ལ་སོགས་འགྲུས་བསམ་ཡོན་ཏན་མངོན་པར་གྲུབ་པ་ལ་སོགས་པ་གཏན་ཤེས་རབ་ཐོས་པ་ལ་སོགས་པ་དང་། །སྟོབས་གཞན་གྱི་ཟིལ་གྱིས་མི་ནོན་པ་ལ་སོགས་པ་དང་སྨོན་ལམ་དམིགས་པ་དང་བཅས་པ་ལ་སོགས་པ་ཡེ་ཤེས་དང་། །དེ་བཞིན་ཐབས་ཀྱི་བསྡུ་བ་ལ་སོགས་པ་ཕ་རོལ་ཕྱིན། །དགེ་བཅུ་སྤྱོད་པ་ཉན་དང་བཤད་དང་བསམ་པ་དང་ཀློག་དང་ཁ་ཏོན་བྱེད་པ་འཆད་པ་སྤེལ་བ་མཆོད་པ་བསྟན་པ་ལ་སོགས་པའོ། །ལ་སོགས་པ། །ཐབས་དང་ཤེས་རབ་གདམས་པ་ཉིད་ལ་ཡང་། །རྒྱ་ཆེ་བ་དབྱིངས་དང་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྣང་བ་དང་། །སྐུ་གཉིས་དང་ཡེ་ཤེས་ལྔ་འདུག་ཚུལ་ཀ་དག་དང་། །གནས་གཞི་དང་ལམ་བར་དོ་དང་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་དང་། །རང་བཞིན་རྟོགས་པ་ངོ་བོ་དང་ནི་རྟོགས་ཚུལ་ཡུལ་ཅན་དང་། །འོད་ལྔ་དང་ཁ་དོག་ལྔ་ཡུལ་ལྔ་ཉིད་དང་། །དངོས་པོ་ལས་འདས་པའི་ཡེ་ཤེས་སྟོང་པ་ཉིད་དང་སྤྲོས་པ་མེད། །མི་འགྱུར་བ་ངོ་བོ་རང་བཞིན་སྣ་ཚོགས་སུ་སྣང་བ་ཐུགས་རྗེ་ཀུན་ལ་ཁྱབ་པ་དང་། །མ་བཅོས་པ་ངང་དྭངས་རང་བཞིན་འགྱུར་བ་མ་ཡིན་བདག་ཉིད་ཆེ། །ངོ་བོ་ཐོག་མའི་གཞི་ཀ་དག་ཉིད་དང་རང་བཞིན་ལྷུན་གྲུབ་དང་། །སྤྱི་སའི་གཞི་དང་འཁྲུལ་གཞིའོ། །ལྷུན་གྲུབ་སྒོ་བརྒྱད་བཞི་དང་གཞི་སྣང་ཞེས་པའི་ཁྱད་པར་ལས་འཁྲུལ། ཨེ་མ་ཧོ། ངོ་མཚར་བ། འདི་ཀུན་ཤེས་བྱའི་ཡུལ་དུ་སྣང་། །ཤེས་པར་བྱ་བའི་ཆོས་ཡིན་པས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བསྟན་པ་གནས་དང་འཁོར་དང་དུས། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །མདོ་སྡེ་འདུལ་བ་མངོན་པ་འདུ་ཤེས་དང་པོ་ཆེ། །ཉན་ཐོས་མདོ་སྡེ་དང་བྱེ་བྲག་རང་རྒྱལ་བསེ་རུ་དང་ནི་ནེ་ཙོ་བྱང་ཆུབ་སེམས། །དོན་དམ་ཀུན་རྫོབ། ཉན་ཐོས་ཤིན་ཏུ་རྒྱས་པར་ཕལ་ཆེན་རྩ་བའི་སྡེ་བཞི་སྡེ་པ་དང་། །ཐམས་ཅད་ཡོད་སྨྲ་ཀུན་གྱིས་བཀུར། །གནས་བསྟན་ཉིད་དང་རྩ་སྡེ་བཞི། །སྡུག་

བསྔལ་འཁོར་བའི་འབྲས་བུ་ཀུན་འབྱུང་འགོག་པ་འཁོར་བའི་རྒྱུ་འདས་པའི་འབྲས་བུ་དང་། །ལམ་གྱི་བདེན་པ་འདས་པའི་རྒྱུ་ལ་སོགས་ཕྱེ། །ཟག་པ་བཅས་དང་ཟག་མེད་དང་། །ས་ལས་འདས་དང་གནས་པའོ། །རྡོ་རྗེ་འཛིན་པས་ཡང་གསོལ་པ། །མཁའ་དང་མཉམ་པའི་ཆོས་དབྱིངས་ལ། །མྱ་ངན་ལས་འདས་པའི་ཆོས་དེ་རྣམས་རིག་པའི་ཡེ་ཤེས་རྣམ་སྣང་བ། །མྱང་འདས་མཚོན་པའི་ཆོས་དེ་རྣམས། །ལུས་དང་སེམས་ལ་རང་གི་ལུས་ལ་སེམས་ཇི་ལྟར་གནས་ཇི་ལྟར་གནས། །དོན་ཉིད་ངོ་ལ་ཇི་ལྟར་འཆར། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུང་། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །གཞི་དང་དངོས་པོའི་ཁྱད་པར་ལས། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་དག །ལུས་སེམས་གཉིས་ཀ་སྟོང་པ་ཉིད་ཡིན་པས་ཀྱི་རྒྱ། །ཡེ་ནས་མ་གྲུབ་པས་དངོས་པོ་ཉིད་ནི་ཟག་པས་སྟོང་། །རང་གི་སྣང་བ་རིག་པ་ངོ་གང་ལ། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་རྫོགས། །ཚོམ་བུ་ལྔ་ནི་རིག་པ་ཡེ་ནས་རྣམ་དག་པས། །ཆོས་ཉིད་དཀྱིལ་དང་ཡེ་ཤེས་འཁོར། །ཡིན། རང་རིག་མཆོད་པའི་གནས་འགྱུར་ཕྱིར། །རིག་པའི་ངོ་བོ་རྟོགས་ན་ལྷ་ཡིན་པས་རང་གི་ལྷར་ནི་རང་ཉིད་ཆེ། །བསྡི་གནས་ཆེན་པོར་རང་གནས་པས། །རང་གི་དཀྱིལ་འཁོར་རང་ཉིད་མཆོད། །པའི་གནས་ཡིན་པས། བརྗོད་ཅིང་སྨྲ་བསམ་ཡུལ་མེད་པས། །ཐམས་ཅད་རང་གི་སྨྲས་ཚད་གསུང་སྔགས་ཀྱི་ཚིག །བསྐྱོད་ཅིང་བསྒྱུར་བ་རང་ཡིན་པས། །ཡན་ལག་མ་བསྒྱུར་ཕྱག་རྒྱ་རྫོགས། །བསམ་པས་ཆོས་ཉིད་སྟོང་ཉིད་རང་སངས་པས། །རིག་པ་ལ་རྫོགས་པས་ཏིང་འཛིན་བསྒོམ་དུ་མེད། །རིག་པའི་རྩལ་དབང་ཡེ་ནས་རང་དབང་དུ་གཞིར་གནས་པས། །རྫས་ནི་མི་དགོས་དབང་བསྐུར་ཐོབ། །བསྲུང་བའི་མཚམས་མེད་ཡེ་ནས་གདེངས་དང་ལྡན་པས་འདའ་ཉམས་བྲལ། །ཚིག་བརྗོད་རྩ་བ་དང་ཡན་ལག་དམ་ཚིག་བསྲུང་ལས་འདས། །སྣང་བ་ཉིད་ནི་རང་གྲོལ་བས། །ཚིག་གིས་མཚོན་པ་མན་ངག་རང་རིག་ཀློང་། །རང་ལས་བྱུང་བས་རང་གྲོལ་བས། །ཉམས་སུ་མྱོང་བའི་སྡུག་

བཙིར་བྱ་མི་དགོས་ཡེ་ནས་གདེངས། །སྐུ་གསུམ་རང་གི་སྙིང་ལ་མ་བསྐྱེད་ཡེ་རྫོགས་པས། །བསྐྱེད་པའི་རིམ་པ་ཡེ་ནས་རྫོགས་པ་རང་བྱུང་བའོ། །འདི་ལྟར་རང་བཞིན་སྣང་བ་ཡི། །ཆོས་ཉིད་རྣམ་པར་བརྟག་པར་བྱ། །སྣ་ཚོགས་སྣང་བའི་སྒྲ་རྣམས་ནི། །ཆོས་ཉིད་བརྗོད་དང་བྲལ་བའི་ཕྱིར། །ཚིག་གིས་མི་རྟོགས་དྲན་པའི་བློ་ཡིན་པས་བརྗོད་མེད་རང་རིག་བདེ་ཆེན་པོ། །རང་རིག་བསམ་པས་མི་མཐོང་ཕྱིར། །བསམ་གཞིག་བརྟགས་པའི་ཡུལ་ལས་འདས། །རིག་པའི་ཡེ་ཤེས་ཡེ་གདངས་པས། །བསྒོམ་ཞིང་བཅོས་པའི་ཚིག་ལས་གྲོལ། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ། འཁོར་འདས་གཉིས་ནི་རང་རྫོགས་པས། །རིག་པ་ཉིད་དུ་ཡེ་ནས་སངས་རྒྱས་པས་འཁོར་བ་མ་རྙེད། རིག་སྟོང་རང་གྲོལ་ལྟ་བ་ཆེ། །སྣང་བ་རྣམས་ནི་ཅེར་རང་སོར་བཞག་པས། །མ་བཅོས་རང་བྱུང་སྤྱོད་པ་ཆེ། །ཡེ་ནས་ཏིང་འཛིན་འདུ་འབྲལ་མེད་རང་གསལ་ནས། །ཡེངས་པ་མེད་པ་དོན་དེ་ཉིད་ལས་མི་འགྱུར་ནས་བསྒོམས་པའི་གདེང་། །རིག་པའི་ངོ་བོ་ཡུལ་དང་ཡུལ་ཅན་དམིགས་མེད་པས། །འབད་མེད་དུ་གཏང་གཞག་མེད་པའི་ཡུལ་གཞན་ལ་མི་དམིགས་པས་སྦྱིན་པ་རྫོགས། །རང་རིག་ཡེ་ནས་ཀ་དག་ཏུ་ཡོད་པས་རྣམ་རྟོག་དྲི་མེད་ཕྱིར། །མ་བསྒྲིབས་པར་ཆོས་ལས་འདས་པའི་ཡེ་ནས་བསྲུང་རྒྱུ་དང་བྲལ་བའི་ཚུལ་ཁྲིམས་རང་ལུས་ཡིན། །ཆོས་སྐུ་གདངས་དང་བྲལ་བས་ན། །བསྒོམ་པའི་རྒྱུ་མེད་གཞན་གྱི་ཡུལ་རང་དུ་གྲོལ་བས་བཟོད་པ་ཉིད། །བྱ་བྱེད་འབད་པ་ལས་འདས་པས་འབྲལ་མ་མྱོང་བའི་རིག་པ་ལ། །འགྱུར་བ་མེད་པའི་རྩོལ་མི་དགོས་པས་བརྩོན་འགྲུས་སོ། །ཡེ་ནས་རིག་ཅིང་དེའི་དོན་ལ་བསམ་དུ་མེད་བསམ་བྲལ་བས། །ཡོན་ཏན་ཡེ་ནས་རང་རྫོགས་སེམས་ཉིད་བསྟན། །ལུ་གུ་རྒྱུད་ནི་མངོན་སུམ་དུ་ཡོད་པས་ཐོགས་མེད་པས། །ཐོགས་མེད་གསལ་བའི་ཤེས་རབ་ཀྱིས་བརྟགས་ཀྱང་དེ་མི་རྙེད་ཉིད། །ཉོན་མོངས་པས་ཟིལ་གྱིས་མི་གནོན་རིག་པ་ལ། །ཆོས་སྐུ་རང་རྫོགས་ཡེ་ནས་གཞི་ལ་ཡོད་པས་སྟོབས་དང་ལྡན། །ཡེ་ནས་རང་བཞིན་ལྷུན་གྲུབ་ལ་ཡོད་པས། །མ་བཏབ་རང་རྫོགས་གཞན་ལ་ཡིད་མི་སྨོན་སྨོན་ལམ་ཉིད། །སྟོང་པའི་ཡེ་ཤེས་རང་དངོས་པོ་མེད་པའི་རིག་པ་གནས་ཕྱིར། །འཛིན་མེད་གསལ་བའི་ཡེ་ཤེས་ཡུལ་བདག་ཏུ་མ་བཟུང་བས་རང་། །

རིག་པས་རིག་པའི་དབང་དུ་འདུས་སྣང་བ་དབང་བསྒྱུར་བས། །སེམས་ཉིད་སྟོང་པའི་ཐབས་དང་ལྡན། །འདས་པ་ཡེ་ཤེས་རིག་པ་བག་ཆགས་ལ་མི་གནས་པས་དགེ་བ་བཅུ་ཡིས་སྐྱོབ་ཏུ་མེད་ངོ་བོ་བཅུ། །བྱ་དང་བྱེད་པའི་ཆོས་རྣམས་རྫོགས། །ཐབས་ནི་རང་གསང་ཡེ་ནས་རང་ལ་ཡོད་པས་བླ་མའི་གདམས་ངག་གིས་མཚོན་མི་དགོས་ཡེ་ཤེས་ལ། །ཤེས་རབ་སྟོང་པ་ཉིད་རང་ཤར་ཡིན་པས་རང་གི་ཤེས་རབ་ཀྱིས་དཔྱད་ཀྱང་ཕུང་པོའི་གཏིང་མི་རྙེད་ཀྱི་སྐུ། །དབྱིངས་ནི་ཁྱབ་ཆེན་སྣང་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཤར་ཡེ་ཤེས་ཡུལ། །རིག་པ་ཤེས་བྱ་གཟུགས་སུ་སྣང་བ་ཐམས་ཅད་རིག་པའི་སྐུ་རུ་སྣང་བར་གྲོལ། །སྐུ་གསུམ་གསུམ་མམ་ལྔའི་གྲངས་ལས་འདས་སངས་རྒྱས་ཉག་གཅིག་པོ། །ཡེ་ཤེས་མཚན་ཉིད་ལྔ་ལྡན་ཉིད། །ཡེ་ཐོག་མ་ནས་དེ་ལྟར་གནས་པའི་འདུག་ཚུལ་ཤེས་བྱ་བབས་ཀྱིས་གྲུབ། །གཞི་ནི་ཀུན་གྱི་བྱུང་ཁུངས་སྤྱི་ས་ཉིད། །ལམ་ནི་རང་སྣང་ཆོས་ཉིད་ཀྱི་བར་དོ་ལ་དབང་པོ་འབྲིང་སངས་རྒྱ་བར་དོའི་ཡུལ། །འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །རྟོགས་པ་ཡེ་ཤེས་འཁོར་འདས་ཟང་ཐལ་ཉིད། །རྟོགས་ཚུལ་གཞི་གནས་ཀྱི་རིག་པ་སྣང་བ་གཏིང་རྫོགས་ཏེ། །འོད་ནི་ཡེ་ཤེས་ལྔ་ཡི་གདངས། །ཁ་དོག་ལྔ་ཉིད་འབྱུང་བའི་ས་ལ་སོགས་པའི་གདངས། །ཡུལ་ནི་རྣམ་པར་དག་པས་ཆོས་ཉིད་སྟོང་པའོ། །དངོས་པོ་བེམས་པོ་ལས་ལོག་སྟོང་པ་ཉིད། །རིག་པ་ལ་བརྗོད་པས་སྟོང་ཕྱིར་སྤྲོས་པ་མེད། །ངོ་བོ་ཀ་དག་དྲི་མ་མེད་པ་བརྗོད་གཞི་བྲལ། །རང་བཞིན་ལྷུན་གྲུབ་འཆར་སྒོ་བརྒྱད་དང་ལྡན་པ་ཅིར་སྣང་རྫོགས། །ཐུགས་རྗེས་སེམས་ཅན་ལ་ཀུན་ཁྱབ་རང་ཤར་བའོ། །ང་ནི་མ་བྱས་པར་ཤུགས་ལས་བྱུང་བ་སྟེ། །རང་བཞིན་མ་བཅོས་ཀུན་ཡེ་ནས་སྣང་བ་སྣང་བ། །བདག་ཉིད་ཡུལ་ཀུན་ལ་ཁྱབ་གདལ་ངོ་བོ་ཉིད་དུ་ཀུན་ཆུབ་བོ། །མ་རིག་པ་དང་བྲལ་བའི་ཀ་དག་དྲི་མ་རང་དག་སྟེ། །ལྷུན་གྲུབ་སངས་རྒྱས་དང་སེམས་ཅན་སྣ་ཚོགས་འབྱུང་བའི་ཕྱིར། །སྤྱི་སའི་གཞི་ནི་མ་རིག་པ་གསུམ་དང་རྐྱེན་བཞི་འཁྲུལ་པར་སྣང་། །འདི་ཀུན་གནས་ལུགས་དེའི་དོན་གཞི་ལ་བབས་ཀྱིས་གྲུབ་པས་རང་རྫོགས་ཕྱིར། །རང་གི་ལུས་ལས་གཞན་ནས་བཙལ་བས་

རྙེད་མི་འགྱུར། །སྤྲུལ་པའི་སྐུ་ནི་རང་ལུས་ལ། །ཆོས་སྐུ་རང་རིག་སེམས་ཉིད་སྟོང་། །ལོངས་སྐུ་སྣ་ཚོགས་སྒོ་ལྔ་སྣང་བ་ཉིད། །མདོ་སྡེ་ཆོས་ཉིད་ཟབ་མོ་རྟོགས་པ་ལ། །འདུལ་བ་རང་གི་ལུས་ངག་འཁྲུལ་སྣང་འདུལ། །མངོན་པ་སེམས་ཉིད་རིག་པ་ལུ་གུ་རྒྱུད་རྟོགས་པར་མངོན། །ཕལ་ཆེར་སྣང་རྫོགས་ཐམས་ཅད་རང་རིག་པ། །སེམས་ཉིད་བརྗོད་པའི་གཞིར་གྱུར་ཐམས་ཅད་ཡོད། །རིག་པའི་ངོ་བོ་ཀུན་ལས་འཕགས་ཕྱིར་ཀུན་གྱིས་བཀུར། །གཞི་ལས་སངས་རྒྱས་དང་སེམས་ཅན་ལ་ཁྱད་མེད་མ་གཡོས་གནས་བརྟན་ཉིད། །བདེ་བའི་སྣ་སྡུག་བསྔལ་གྱིས་འདྲེན་པས་བདེ་བ་བསྐྱེད་ཕྱིར་སྡུག་བསྔལ་ཉིད། །མ་ལུས་རིག་པར་རྫོགས་པས་ཀུན་འབྱུང་བ། །འགྱུར་བ་མེད་པས་སེམས་ཅན་ཐམས་ཅད་བར་དོར་མི་གྲོལ་མི་སྲིད་དོ། །ལམ་ཞེས་བྱ། །གང་ལ་ཡང་རག་མ་ལུས་པའི་རིག་པ་རྐྱེན་དང་བྲལ་བས་འགོག་པ་ཉིད། །རང་བྱུང་ཡིན་ཕྱིར་ཟག་བཅས་དང་། །གཞི་ཉིད་ལ་སྤྲོས་དང་བྲལ་བས་ཟག་མེད་ཉིད། །ཡེ་ནས་རིག་པ་ཉིད་ཆོས་སྐུ་ཐོབ་ཕྱིར་ས་ལས་འདས། །མ་རིག་པས་སྦགས་པས་དྲི་མ་དང་བཅས་པ་གནས་སོ། །རིག་པ་དེ་ཉིད་བརྗོད་པའི་གཞི་ཡིན་སྟོན་པ་དང་། །མི་འགྱུར་གནས་པ་དབྱིངས་དང་འབྱུང་ཚོགས་ཡེ་ཤེས་འཁོར། །ཁྱད་པར་དེ་ཉིད་ཁོང་དུ་ཆུད་པས་རྟོགས་ཕྱིར་དུས་ཀྱང་ཡིན། །རིག་སེམས་ལུས་ལ་ཐམས་ཅད་རྫོགས། །དེའི་ཕྱིར་ན་དོན་དེ་དག་ཐམས་ཅད་ངོ་བོ་ལ་རྫོགས་པར་བསྟན་པའོ། །རང་ལ་དེ་ཉིད་རྫོགས་ཕྱིར་གཞན་ནས་ནི། །བཙལ་མི་དགོས་པར་བསྟན། རང་ལས་བྱུང་བས་བཙལ་བས་རྙེད་པའི་གནས་མེད་དོ། །དེ་ནས་བསམ་པ་དང་བྲལ་བས་སེམས་མེད་རིག་པ་ཡིས། །བརྗོད་པས་སྟོང་པས་ཆོས་མེད་ལུས་ལ་འདི་སྐད་གསོལ། །འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་རྣམས་ཀུན། །རང་ལ་ཐམས་ཅད་ཡེ་རྫོགས་པས། །ཚིག་དང་ཡི་གེ་འདི་ལྟར་སྤྲོས་པ་བརྡར་བཀོད་པའི། །ཆོས་ལ་དགོས་པ་ཡོད་མ་ཡིན། །ཚིག་ལས་འདས་པའི་ཡེ་ཤེས་ངོས་བཟུང་། དེ་ཕྱིར་ཆོས་མེད་ལུས་འདི་ལ། །རང་གི་ལུས་ལ་ཚིག་མེད་པར་བསྟན། སེམས་དེ་ཇི་ལྟར་དགོས་པ་འགྱུར། །ཞེ་ན། སེམས་དེ་མེད་ན་བེམ་

པོས་ནི། །བསྐྱེད་པར་ནུས་པ་མ་ཡིན་ཏེ། །མ་བསྐྱེད་དོན་རྣམས་ཇི་ལྟར་འབྱུང་། །དེ་ཉིད་དྲན་བསམ་སེམས་མེད་ན། །དུར་ཁྲོད་རོ་དང་ཁྱད་ཅི་ཡོད། །ཡང་ན་ནམ་མཁའ་ཇི་བཞིན་འོན་ཏེ་སྟོང་པར་ཐལ་ནོ། །དེ་ཉིད་སྟོང་པ་ཡིན་ན་སྟོང་པས་ནི། །ཐུགས་རྗེས་སེམས་ཅན་དོན་ནི་ཇི་ལྟར་འབྱུང་། །སྟེ་མི་འབྱུང་བར་ཐལ། དེ་ཉིད་རིགས་པ་མ་ལེགས་ན། །བདག་ལ་རྡོ་རྗེ་འཛིན་པ་གཙོ་བོས་བཀའ་སྩོལ་ཅིག །དེ་ནས་གཟུགས་ལ་སོགས་པ་ཡུལ་མེད་སྣང་བ་ནས། །ཆོས་མེད་གཞི་གནས་ཀྱི་སྟོན་པས་བཀའ་སྩལ་པ། །སེམས་མེད་དྲན་བསམ་བདག་རྟོག་བྲལ་བའི་འཁོར་གྱིས་ཉོན། །སེམས་ནི་ཉོན་མོངས་པ་སྡུད་པས་འདུས་ཚོགས་འབྱུང་བའི་ཕྱིར། །དྲི་མ་ཉིད་དང་ཡང་སྦགས་པས། །ཉོན་མོངས་དངོས་ཡིན། ཀུན་གཞི་སྡུད་པའི་སེམས་ལ་སོགས། །ཚོགས་པས་ལུས་སུ་གྲུབ། དྲི་མའི་ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ་གྲངས་སུ་གྱུར་པས་ན། །སེམས་དང་ཡེ་ཤེས་དབྱེ་བ་དེ་ཉིད་ཀྱི་དོན་ནི། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །ཡུལ་གཟུང་བ་ཡིན་ལ་སེམས་འཛིན་པ་ཡིན། །དེ་ཕྱིར་ཡང་ནས་ཡང་འཁོར་བའི་ཆོས་ཉིད་དོ། །སེམས་དེ་སེམས་ལས་འདས་པའི་ཡེ་ཤེས་ངོས་ཟིན་ན་སྣང་བ་ཐམས་ཅད་རང་སར་དག་བྲལ་ན་སངས་རྒྱས་ས། །ལུས་ཅན་སེམས་ཅན་ཀྱི་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་མེད་ན་འཁོར་བར་མི་ནུས་སེམས་དེས་འགྲོ། །དེ་མེད་འགྲོ་བར་ནུས་མེད་དེ། །དེ་ནས་འཁོར་བའི་ཆོས་སུ་བསྟན། དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །གཅིག་ནས་གཅིག་ཏུ་འཁོར། ཐུགས་རྗེ་ནི་འགྲོ་བསམ་བྱེད་པ་མ་ཡིན་བསྐྱོད་པ་ཀུན་བྲལ་བས། །བེམ་པོ་ལྟ་བུ་རིག་མེད་ཀྱང་མ་ཡིན་ཏེ། །ཤེས་ཞིང་རིག་ལ་གསལ་བྱེད་སྣང་། །རྣམ་པར་རྟོག་པ་ཀུན་ཤེས་རབ་ཀྱིས་བསྲེགས་ཏེ། །ཡེ་ཤེས་ཉིད་ནི་མེ་བཞིན་ཟ། །ནམ་མཁའ་ཉིད་དང་མཚུངས་པ་རིག་མེད་མིན། །སྟོང་གསལ་རྟག་ཆད་ལས་འདས་པའི་རིག་བཅས་ཉིད་ཡིན་ནོ། །དེ་ཕྱིར་ཡེ་ཤེས་རང་གི་ངོ་བོ་སྣང་བར་སྟོན། །འབད་མེད་ཐུགས་རྗེ་དཔེར་ན་ཉི་མའི་འོད་བཞིན་རྩོལ་བསྒྲུབ་མེད་པར་

རང་ཤར་བས། །སེམས་ཅན་ཐམས་ཅད་ལ་ཁྱབ་ཅིང་ཀུན་འདྲེལ་ཆོས་ཀུན་རྫོགས། །དྲན་པ་ཉིད་ནི་དྲན་མེད་ཡིད་ལས་འདས་པས། །ཡེ་ཤེས་རྟོག་འཛིན་མེད་པས་དྲན་གཞི་ཉིད་དང་བྲལ། །ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་ནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཡུལ་ཁྱབ་པོ། །ངོ་བོ་ཀ་དག་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི། ཐུགས་རྗེ་ཀུན་ཁྱབ་ཀྱི། མེ་ལོང་ལྟ་བུ། མཉམ་པ་ཉིད་ཀྱི། སོ་སོར་རྟོགས། བྱ་བ་གྲུབ་པ། ཆོས་དབྱིངས་ཡེ་ཤེས་དང་། ཀུན་ཀུན་གཞི་ཆོས་སྐུའི་དབྱེ་བ་བསྟན་གཞི་ཉིད་ནི་བསག་པའི་ཕྱིར། །ཆོས་ཀྱི་སྐུ་ནི་ལུས་ཀྱི་མཐའ་སྟོངས་པ་ཟག་པ་ཟད། །དངོས་པོ་མེད་སྟོང་ཞིང་རང་དྭངས་གསལ་བ་རིག་པ་གསལ་ཞིང་ཐུགས་རྗེ་ཁྱབ། །བསམ་པས་མ་སྦགས་དྲན་པ་སངས། །པ་དྲན་བསམ་ལས་འདས་པའི་ཆོས་སྐུ་བདེ་བ་ཆེན་པོ། སྤྲོས་པ་ཉིད་དང་བྲལ་བ་ཚིག་དང་ཡི་གེ་ལས་འདས་པ་སྟེ། །སྟོང་པ་ནམ་མཁའ་ལྟ་བུར་ཀུན་ཏུ་ཁྱབ་ཅིང་སྟོང་། །རང་བཞིན་གྱིས་དག་པ་མཚོན་པ་ཀུན་དང་བྲལ། །རྒྱུ་མ་རིག་པ་དང་རྐྱེན་འབྱུང་བ་ལྔ་བཅས་ཀུན་གཞི་ལ། །བག་ཆགས་ཐམས་ཅད་སྡུད་པས་བསོག་ཕྱིར་རྫིང་དང་འདྲ། །ངོ་བོ་འགྱུར་བ་མེད་པ་ཆོས་ཀྱི་སྐུ་ནི་སྔར་ཞེན་པ་དང་ཕྱི་མ་འབྱུང་གི་བག་ཆགས་བྲལ། །ཡིད་བཞི་དང་སེམས་ལྔ་སོགས་འདུས་པ་ལས། །ལུས་ཅན་ཀུན་གཞི་གཟུགས་ཐ་དད་པར་དུ་མར་སྣང་། །ཆོས་སྐུ་རང་གི་རིག་པ་ཉིད་ལ་ཡིད་སོགས་བྲལ་བས་ན། །དུ་མ་རང་གྲོལ་ཆེན་པོ་ཡིན་པའི་གནས་སྐབས་གཟུགས་སྣང་ལུས་མེད་པའོ། །འབྱུང་ཆེན་ས་ཆུ་མེ་རླུང་ནམ་མཁའ་ལྔ་པོ་ལུས་སྣང་བས། །དྭངས་མའི་འོད་ཡེ་ཤེས་ཀྱི་རྩལ་བྱུང་བའི་ཁ་དོག་དེ་ལ་དཀར་སེར་དམར་ལྗང་མཐིང་ག་ལྔ་དྲི་མས་བསྒྲིབས། །བག་རྡུལ་ཕྲ་རགས་ཕྲ་རགས་ལྔ་ནི་གཟུགས་སུ་གྲུབ་ཡུལ་སྣང་བས། །ཁ་དོག་ལྔ་རྡུལ་ཕྲ་རགས་ལས་བསྡུས་པའི་འབྱུང་བ་ལྔ་ཡང་རྡུལ་དང་བཅས། །འབྱུང་བའི་མདུད་པ་རང་གྲོལ་བས། །ཡེ་ཤེས་ཀྱི་འོད་ལྔ་ཡུལ་ལ་སྣང་མི་ནུས་སོ། །ཆེན་འབྱུང་བ་པོ་ལྔ་ནམ་མཁའ་འོད་མཐིང་གར་གྲོལ་ཡང་འོད་ལྔར་མ་འདྲེས་པར་སོ་སོར་གསལ་གསལ། །ཕྲ་རགས་དྲི་མ་བག་རྡུལ་རྣམ་པ་རང་ལོག་པས། །ཁ་དོག་ལྔ་པོ་མ་འདྲེས་གསལ། །བག་རྡུལ་དང་རྡུལ་ཕྲན་ནམ་མཁར་སྟོང་པར་རང་དེངས་པས། །རང་སར་དག་པས། མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་ནི་འོད་དུ་ཤར། །དམིགས་པའི་ཡུལ་ལྔ་སྒོ་ལྔའི་ཤེས་པ་འཛིན་མེད་རང་གྲོལ་བས། །འབྱུང་

བའི་རྩལ་ལྔ་མ་ལ་ཐིམ། །ཡུལ་དང་ཤེས་པ་རང་ཡལ་བས། །འབྱུང་བའི་དྭངས་མ་ནམ་མཁའ་ལ་འོད་དུ་ཐིམ། །དེ་ཕྱིར་ཕྱིའི་འབྱུང་བ་ལྔ་ཡི་དྭངས་སྙིགས་ལུས་དང་བྲལ་དང་འདྲེལ་མ་འདྲེལ་བའི་ཁྱད་དབྱེ། །ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ལ་རྫོགས་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་རྡོ་རྗེ་འཛིན་པ་དེས། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས། །གསང་བའི་རྒྱུད་ཀྱི་རྒྱུད་འདི་རང་གི་ངོ་བོ་དབྱེ་བ་ཅི་ཐབས་དང་ནི། །རང་བཞིན་མཚོན་པ་མཚོན་བྱེད་སེམས་ཅན་ཇི་ལྟར་འདྲེལ་ཇི་ལྟ་བུ་ཞིག་ལགས། །བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་གིས་བདག་ལ་གསུངས། །སྟོན་པས་གསུངས་པ་རྡོ་རྗེ་འཛིན། །བོས་ནས། སངས་རྒྱས་ཀུན་གྱི་ཐབས་ཀྱི་རྒྱུད། །གང་ཞེ་ན། གཞི་གཅིག་ངོ་བོའི་ངོ་བོ་ཀ་དག་ལས་རྩལ་དུ་མར་ཤར་ཁྱད་པར་ལས། །མཚོན་བྱ་གདངས་མ་འགགས་པའི་གཞི་དང་ནི་མཚོན་བྱེད་དོ། །མན་ངག་གོ། །མཚོན་བྱ་རྒྱུད་གཅིག་ལུས་ཅན་ཀུན་ཁྱབ་པས། །ཐམས་ཅད་དེ་རྟོགས་ན་སངས་རྒྱས་དངོས་དེ་ཡི་རྗེས་སུ་འབྲང་། །རང་བཞིན་ལུས་ལ་ཁྱབ་པ་རྣམ་པ་གཉིས་ཡིན་ཏེ། །དངོས་པོ་མེད་པ་སྟོང་པས་ཁྱབ་དང་གསལ་བས་ཁྱབ། །སྟོང་པ་ཟག་པ་ཟད་པ་རྒྱུ་གཅིག་དངོས་མེད་ཕྱིར། །འབྱུང་བའི་དངོས་པོ་ཀུན་གྱི་ཆོས་ལས་འདས། །རིག་པ་དངོས་ཏེ་སྣང་མེད་སེམས་ཅན་ཀུན་ལ་ཁྱབ་གཅིག་པས། །སངས་རྒྱས་དང་སེམས་ཅན་ཀུན་གྱི་གཞིར་གྱུར་ངོ་བོ་གཅིག། ཐམས་ཅད་ཁྱབ་བདག་རིག་པ་ཉིད་དང་དབྱིངས་བྱང་ཆུབ་བོ། །འབྱུང་བའི་རྐྱེན་ཟད་པའི་ཆོས་ཉིད། སྐྱེ་ཆོས་སྐུ་རིག་པའི་དགོངས་པ་མེད་དྲན་པ་ཟད་པ་ཡིས། །ངོ་བོ་ཀ་དག་ཉིད་ཀྱི་ཁྱད་པར་ལས། །མེད་པའི་ཕྱོགས་ནས་སྟོང་ཞིང་སྣང་ལ་སྣང་ཞིང་སྟོང་། །དངོས་པོའི་སྤྱོད་ཡུལ་དུ་མ་གྱུར་པ་ཏེ་དངོས་མེད་ཉིད་ཀྱང་ཡིན། །ཟད་ཕྱིར་སྐུ་ཉིད་ནི་ཡེ་ནས་སྟོང་པར་གནས། །སེམས་རྒྱུ་རྐྱེན་ལུས་བྲལ་བས་ངོ་བོ་ཟང་ཐལ་དུ་སྟོང་པའི་ཡུལ། །འཁོར་འདས་ཁྱབ་བརྡལ་གཟུང་བ་མ་རྙེད་དངོས་མེད་ངོ་བོས་སྟོང་། །རིག་པ་རང་དག །ཕྲ་རགས་ཀྱི་དྲི་མ་མེད་ཅིང་མ་འདྲེས་གཞི་ནས་རྫོགས། །དྲན་བྱེད་རྟོག་མེད་དངོས་པོ་ཐམས་ཅད་སྟོང་པའི་རང་བཞིན་

ཏེ། །འོད་མདངས། རང་གི་ལུས་ལ་སྟོང་པས་ཁྱབ་ཕྱིར་དྲེང་ཆགས་སུ་གནས་པས་རྒྱུད་ཅེས་སོ། །གསལ་ཏེ་རང་བཞིན་འོད་ལྔའི་དབྱིངས་སུ་དག་པས་མ་འགགས་པས། །སྒྲོན་བྱེད་སྣང་དང་ཀུན་ཁྱབ་པ། །གསལ་དང་དྲོ་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་ཡེ་གདངས་རང་གསལ་དང་། །རང་གྲོལ་བྱེད་སྨིན་པའི་ས་བོན་ཉིད། །སྟོང་ལས་ལོག་ཕྱིར་འབྱུང་བའི་དུས་དང་སྐུ་གསུམ་ཡེ་ཤེས་ལྔའི་རང་བཞིན་གསལ་བས་ཁྱབ། །ཅིག་ཆར་བ་སྐད་ཅིག་མ་གསུམ་ལ་དང་རང་གྲོལ་འབད་པ་མེད་པ་དང་། །རང་ཤར་སྣང་བ་ཉིད་རྣམ་པར་དག་པ་གསལ་བས་ལུས་དང་འདྲེལ། །ཉོན་མོངས་པ་དང་བག་ཆགས་ཤེས་བྱའི་དྲི་མ་མེད་དང་སོ་སོར་དྭངས། །འཛིན་མེད་གསལ་བའི་ཡུལ་སྣང་ལ། །སྒོ་ལྔའི་ཤེས་པ་འཛིན་པ་མེད་པས་ཡུལ་སོ་སོར་སྣང་ལ་ཞེན་པ་མེད་པའོ། །རང་གསལ་རྫོགས། །རང་གི་ལུས་ལ་འོད་ལྔ་གསལ་བས་དྲེང་ཆགས་ཁྱབ་ཕྱིར་རྒྱུད། །དེ་དག་ཉམས་སུ་བླངས་པའི་མན་ངག་གིས་མངོན་པར་རྟོགས་པས་ནི། །ཐབས་ཁྱད་པར་ཅན་ཞེས་གདམས་པ་ཁྱད་པར་ཉིད་ཀྱང་ངོ་། །བླ་མས་བསྟན། གང་ཟག་བློ་ཡི་བྱེ་བྲག་གིས། །རིམ་པ་ཇི་ལྟར་བཤད་བྱ་བ། །རབ་ཀྱི་གྲོལ་ལུགས་འབད་རྩོལ་མེད་པར་རང་གྲོལ་དང་། །འབྲིང་ལ་སོགས་པའི་གྲོལ་ལུགས་འབད་བཅས་ཉམས་སུ་བླང་བའོ། །འབད་མེད་རྣམས་ནི་འཁྲུལ་པའི་སྣང་བ་རང་དག་ཡིན། །གནད་ནི་གནས་པ་ལུས་ཀྱི་གནད། འཆར་བྱེད་མིག་གི་གནད། ཡུལ་ནམ་མཁའི་གནད་རྣམ་པ་གསུམ་དག་གིས། །དེ་ཡི་དོན་ཉིད་ཉམས་སུ་བླངས། །ལུས་དང་གནད་གསུམ་སྒོ་མ་འགུལ་བ་གཉིས་དང་ཡུལ་སྡོད་པ་གསུམ་ཉིད་དོ། །ལུས་ཀྱི་འདུག་སྟངས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་ལག་མཐིལ་གཉིས་ས་ལ་བཙུགས། རྐང་པ་པུས་མོ་བྱ་རོག་གདོང་སེང་ངེ་བྱས་དང་གླང་ཆེན་ཚུལ། །རྐང་ལག་ས་ལ་བཙུགས་ཏེ། མཇིང་པ་གྱེན་ལ་བཏེག །མཇིང་པ་བསྲངས་ལ་མིག་མ་འབུར་བར་བྱའོ། །དཔུང་པ་གཡས་པའི་སྟེང་དུ་ལྐོག་མ་བཞག་སྟེ་མིག་ཧར་པོར་བལྟའོ། །དྲང་སྲོང་ལྟ་བུར་རང་གི་བུས་བྲང་སྦྱར་ལ་ལྐོག་མ་པུས་མོའི་ཁར་བཞག་ལ་ལག་པ་མཇིང་པ་ལ་འཁྱུད་མིག་ཧར་པོར་བལྟའོ། །ཤེས་པར་བྱ། །མིག་སྒོ་ནི་དེ་ཉིད་མ་འཁྲུལ་དང་། །མིག་མ་འགུལ་བས་རིག་པ་དབྱིངས་དང་བསྲེའོ། །གསལ་བྱེད་རྣམ་གཉིས་མ་འགུལ་བས། །ནམ་མཁའ་སྤྲིན་མེད་ཉིད་ཀྱང་འགུལ་དེས་ནི་རིག་པ་ངོས་ཟིན་དབྱིངས་རབ་འབྱུང་བཅོས་ལ་

ཕེབས་པའོ། །བ་མེད། །ཡུལ་གྱི་གནད་ཀྱང་རྣམ་པ་སྣང་བའོ་གསུམ། །དག་པའི་དབྱིངས་སུ་སྡུད་པས་རིག་པ་དབྱིངས་ཀྱི་གོ་རར་ཚུད་ནི་སྡོད་པ་དང་། །དེ་བཞིན་རིག་པའི་ངོ་བོ་སྡོད། །རིག་པ་བསྡད་པས་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུའི་ངོ་བོ་ལ་བརྟན་པ་ཐོབ་སྟེ་དེ་ཡི་ཚིག་རེ་རེ་ལ་སྐུ་རེ་འཆར་རོ། །སྣང་བ་ཐམས་ཅད་མ་འགུལ་བའི་རིག་པ་བཙོན་དུ་བཟུང་བའི་མན་ངག་གིས་འགྱུ་བ་རང་སངས་སུ་དག་པའོ། །སྡོད་པའོ། །ཡིད་ནི་འགྱུ་མེད་རང་སར་གནས། །བསམ་པ་ལས་སེམས་ནི་འགྱུ་མེད་དྲན་པ་རང་བཞག་སངས་པ། །རིག་པ་རང་ས་ལེ་མི་འགྱུ་གནས་སྐུ་གསུམ་གསལ། །ལུས་ལ་བདག་ཏུ་བཟུང་བའི་ཡིད་རྟོག་པ་ལོག་ཡིད་སེམས་དལ་བས་དྲན་རྒྱུན་འགགས། །བྱ་བ་བཏང་བས་ལུས་ངག་དལ་བས་སྡུག་བསྔལ་བྲལ། །ངོ་བོ་རིག་པ་ལུ་གུ་རྒྱུད་ཟིན་པ་དལ་བས་སྐུ་ལྔར་ལྔ་ལྔ་ཐམས་ཅད་ཁྱབ་པར་ཤར། །རིག་པ་ནམ་མཁའ་ལ་ཤར་བས་ཕྲ་རགས་འབྱུང་རྐྱེན་འགགས། །དབྱིངས་དག་པའི་སྒྲོན་མ་འོད་གསལ་ཤར་བས་བག་རྡུལ་ཕྲ་རགས་གཟུགས་སུ་གྲུབ་པ་འོད་སྣང་དུ་གྱུར་པའོ། །འགགས། །དབྱིངས་ཀྱི་གོ་རར་རིག་པ་ཚུད་ཤར་བས་ཡུལ་སེམས་གཟུང་འཛིན་འགགས། །དེ་ལྟར་རང་གི་གཞིའི་ས་བོན་མཚོན་བྱེད་ཐབས་ཀྱི་རྒྱུད། །རང་གི་རྒྱུད་ལ་མ་བསྐྱེད་སེམས་ཅན་ཐམས་ཅད་ལ་ཡེ་ནས་རྫོགས། །གཞི་དེ་མཚོན་པར་བྱེད་པ་ཐབས་གདམས་ངག་ཡིན་ཏེ། །རྒྱུན་དུ་རང་ལུས་ལ་གནས་པ་རྒྱུད་ཅེས་བྱ། །དེ་བཞིན་གཤེགས་པའི་རང་བཞིན་ཤེས་བྱ་རང་དག་ཏུ་གནས་པའོ། །གྱི། །རིག་པའི་གནས་ལུགས་རྒྱུད་ཀྱི་སྙིང་པོ་རབ་ཏུ་ཕྱེ། །འཁོར་དང་འདས་པ་གང་གིས་ཀྱང་། །རྟོགས་པར་དཀའ། འདི་ཉིད་མངོན་སུམ་དུ་མི་སྣང་བས་ཤེས་པ་མ་ཡིན་ཏེ། །བརྗོད་པར་དཀའ་མི་ཕྱེད་རྡོ་རྗེའི་རང་བཞིན་སྲ་ཞིང་བརྟན་པ་ཅན། །རང་གི་རྒྱུད་ལ་མཚོན་པའི་སངས་རྒྱས་སེམས་ཅན་ཁྱད་མེད་གཞི་གཅིག་པའི། །ངོ་བོ་རང་བཞིན་སྟོང་པ་ཉིད་དུ་དངོས་པོར་མ་གྲུབ་གཅིག །རྫོགས་པའི་སངས་རྒྱས་གཞི་གཅིག་པས་ཐམས་ཅད་ཀྱི་བྱུང་ཁུངས་བསྐྱེད་པའི་ཡུམ། །སྙིང་པོ་བཅུད་གསུམ་དྲིལ་བས་སེམས་ཅན་སངས་རྒྱས་རྒྱུད་ཀྱི་སྙིང་པོ་གསུམ་ཞེས་བྱ། །གནས་ལུགས་རང་བཞིན་རྒྱུད་ནི་འདི་ལྟ་སྟེ། །གཞི་ཐོག་མ་དང་ཐ་མའི་རིགས་དང་སྙིང་པོ་བཅུད་འདས་པ་འོད་དུ་གསལ་ཉིད་དོ། །གཞི་ཀ་དག་ནི་ངོ་བོ་རང་བཞིན་དང་། །ལྷུན་གྲུབ་ཐུགས་རྗེ་མ་འགགས་པར་ཐམས་ཅད་གསལ་ཞིང་འབྱེད་པ་མེད་པའོ། །ཀུན་ལ་ཁྱབ་ཅིང་འཆར། །ཡེ་ཤེས་གསུམ་ངོ་བོ་ཀ་དག་པའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གྱི་བདག་ཉིད་ཅན། །ཡེ་ནས་དྲི་མ་ཀ་ནས་དག། མ་རིག་པ་རང་བཞིན་གྱིས། འདུ་འབྲལ་མེད་

པའི་གཅིག་དང་དུ་མ་ལས་འདས་པ་ཉག་གཅིག་ཉིད། །སངས་རྒྱས་རྣམས་ཀྱི་གསང་ཆེན་ཡིན། །རང་བཞིན་ལྷུན་གྲུབ་དང་རྟོགས་པ་མངོན་གྱུར་གྱི། སྐུ་ནི་སྙིང་པོ་ལྔའི་དགོངས་པ་རྫོགས་པའི་རིགས། །སྐུ་ཡི་རྒྱུད་ནི་རིག་སྟོང་དུ་གནས་པས་རིག་པ་དང་རིག་པ་ལས་བྱུང་བའི་ཡེ་ཤེས་དང་ཡེ་ཤེས་ལས་བྱུང་བའི་འོད་དོ། །སྟོང་པས་ཁྱབ། །གསལ་བ་ཉིད་ཀྱང་རང་སྣང་ངོ་། །གཟུང་ཡུལ་དུ་མེད་པས་སྣང་ཡུལ་དུ་མེད་དེ་མི་སྣང་གསལ་བའི་རང་བཞིན་ཅན། །སྙིང་པོ་རིག་པ་ལ་ཕྱི་དང་ནང་རང་བཞིན་དུ་རྫོགས་པའི་རང་བཞིན་རྒྱུད། །འདི་ལྟར་སྣང་བ་ཐམས་ཅད་རྒྱུད་ཡིན་ཏེ། །ཐམས་ཅད་ཐམས་ཅད་འཁོར་འདས་བདག་གཞན་གཉིས། དབྱིངས་རིག་གཉིས། སྐུ་དང་ཡེ་ཤེས་གཉིས་ལ་སོགས་ཏེ་གཅིག་པ་འདྲེལ་ཞིང་ཆགས། །རང་བཞིན་ཙིཏྟའི་དཀྱིལ་འཁོར་དུ། །མ་བསྐྱེད་ཡེ་ཤེས་སུམ་བརྩེགས་སུ་རྫོགས་པའི་སྙིང་པོ་ཆེ། །དེ་ཕྱིར་དྲིལ་བས་ཐམས་ཅད་དེ་ལས་བྱུང་བས་སྙིང་པོ་སྟེ། །འཁོར་འདས་གཉིས་ཀ་ཀུན་གྱི་སྲོག་ཏུ་གྱུར་པའི་ཕྱིར། །སྙིང་པོའི་རིག་པའི་དོན་དུ་རྒྱུད་ཅེས་རབ་ཏུ་བཤད། །སངས་རྒྱས་ཐམས་ཅད་ཀུན་ཀྱང་དགོངས་པ་གཅིག་བསྡུས་པའི། །ངོ་བོ་ཐམས་ཅད་བཅུད་ཕྱུང་བའི། །ཀ་ནས་དག་པའི་རིག་པའི་སྙིང་པོ་ལས་དྭངས་མ་ཤར། སྙིང་པོ་བསྡུས་པས་དེའི་ཕྱིར་ན་བཅུད་ཅེས་བྱ། །སྟོང་གསལ་རྟག་ཆད་གཉིས་ཀའི་མཐའ་ལས་འདས་རིག་པའི་བཅུད་དུ་དྲིལ། །སངས་རྒྱས་ཀུན་གྱི་གཞི་གནས་ཀྱི་ཡེ་ཤེས་བདེ་གསང་ཆེན། །ཐབས། གཞི་དང་མ་བཅོས་སྙིང་པོ་གསལ་བ་མ་འགགས་མེ་ཏོག་ཅན། །རང་རིག་རྣམས་ཀྱི་ངོ་བོ་ནི། །ལྟ་བ་ཀུན་ལས་ཁྱད་པར་དུ་འཕགས་པ་རྫོགས་པ་ཆེན་པོའི་བཅུད་ཅེས་ནི། །མདོ་རྒྱུད་ཀུན་ནས་བཤད་པའི་ལུང་རྒྱུད་གཞན་ལས་ཀྱང་རབ་ཏུ་གྲགས། །རིག་པའི་ཡེ་ཤེས་གསང་བའི་རྒྱུད་ནི་རྣམ་བཤད་པ། །ངེས་པས་གཟུང་དུ་ཡོད་པའི་ལུང་། །རང་བཞིན་སྟོང་པ་སེམས་ཅན་ཐམས་ཅད་ལ་ཀུན་ཁྱབ་པོ། །དེ་ཡང་དེའི་དོན་གདམས་ངག་ཏུ་འདྲིལ་བ་བཅུད་ཀྱི་རང་བཞིན་ནི། །སྙིང་པོ་བསྡུས་པས་དྭངས་མ་འབྱུང་བའི་དྭངས་མ་ཁུ་ཁྲག །ཡེ་ཤེས་ཀྱི་དྭངས་མ་འོད། རིག་པའི་དྭངས་མ་སྐུ་གསུམ། །གསལ་བ་གསུམ་དང་ནམ་མཁའ་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གང་ལ་ཤེས་པས་ཁྱབ། །གདེང་གསུམ་མི་རྟོག་ཆོས་ཉིད་སྣ་ཚོགས་སུ་སྣང་བས་རྟོག་པས་མི་རྟོག །རིག་པ་འཁོར་བ་ཡེ་སངས་རྒྱས་པར་ཤེས་པས་རིག་པ་མི་རྟོག་རིག་པའི་སྐུ་མངོན་དུ་སྣང་བས་རིག་པར་མི་རྟོག་གསུམ་གྱིས་ནི། །བཅུད་འགགས་པ་ཐག་ཆོད་པའི་གདེང་མི་འགྱུར་བའི་ངེས་པ་ཐོབ། །སྣང་བ་གསུམ་དང་འཕྲུལ་སྣང་དག་སྣང་རིགས་ལ་མེད་པས་འཁྲུལ་པ་སྟོང་ཡེ་ཤེས་ལ་རྐྱེན་མེད་པས་དྲི་མ་སྟོང་འོད་ལས་བྱུང་བས་འགྲོ་འོང་མེད་པས་འབྱུང་བ་སྟོང་སྟོང་པ་གསུམ། །བཅུད་ནི་རང་བཞིན་དག་པ་ཡིས། །རྒྱུད་དུ་ཤེས་བྱ་སྟོང་པ་

ལས་སེམས་གནས་པ་གཏན་ལ་ཕབ་པའོ། །གཞི་མི་འགྱུར་བ་དང་ལམ་དྲང་པོ་དང་འབྲས་བུ་ཟང་ཐལ་ཡིས། །བཟུང་བར་ངེས་པར་བསྟན་ཅིང་ཚད་མར་གྱུར་པས་རང་བཞིན་རྒྱུད། །དེ་ཕྱིར་རྒྱུད་ཅེས་གཏན་ལ་ཕབ་པའོ། །འདྲེལ་བས་འགྲུབ། །རང་བཞིན་བབས་ཀྱིས་གྲུབ་ཤེས་བྱ་སྟོང་པ་ལས་དངོས་པོ་གང་ཡང་མེད་པས་ན། །དོན་གྱི་ངོ་བོ་གསལ་ཆ་རྟོགས་པས་རང་བཞིན་ཉིད་ཀྱི་རྒྱུད་ཅེས་བྱ། །སངས་རྒྱས་དང་སེམས་ཅན་གཅིག་གཞི་གཅིག་ངོ་བོའི་ཁྱད་པར་ཀ་དག་ལས། །མཚོན་བྱེད་ཐབས་དང་མཚན་ཉིད་རང་བཞིན་རྒྱུད་ཅེས་ནི། །བརྗོད་པ་ལས་འདས་པ་བཏགས་པ་ཙམ་དུ་དེར་སྣང་ཡང་། །ཐ་སྙད་མེད་པར་རང་བཞིན་གྲུབ་ངོ་བོ་གཞི་གཅིག་རང་བཞིན་སྟོང་། །དངོས་པོ་གང་ཡང་མེད། ཐ་དད་མ་ཡིན་ངོ་བོ་ཟང་ཐལ་གཅིག་པར་འགྱུར་བ་མེད། །དཔེར་ན་སྐྱེས་བུ་གང་ཞིག་ལ། །མི་གཅིག། མིང་ནི་གསུམ་མམ་མང་པོ་ཡོད་གྱུར་ན། །གང་ནས་ཐོས་ཀྱང་དེར་ངོ་བོ་གཅིག་པས་སྣང་ལྟར། །འགྱུར་མེད་དོན་ཡང་དེ་བཞིན་ནོ། །ཇི་ལྟར་བཏགས་པ་དེ་ལྟར་སྣང་། དེ་ནས་རྡོ་རྗེ་འཛིན་པ་ཡིས། །གསང་བའི་བདག་པོ། རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་མ་སྟོན་པ་འགྲོ་བའི་དོན་ལ་སེམས་དཔའ་ཆེ། །སངས་རྒྱས་རྣམས་ཀྱི་དོན་གྱི་རྒྱུད། །དངོས་པོའི་གནས་ལུགས་ཀྱི་རྩ་བ་ཡན་ལག་གི་རྒྱུད་རྣམས། ཐབས་དང་རང་བཞིན་དེ་ལྟར་ན། །གོང་དུ་གསུམ། འདི་ལྟར་གསང་བའི་རྒྱུད་རྣམས་ཀྱི། །དབྱེ་བའི་མཐའ་ནི་གུད་དུ་ཇི་ལྟར་ལགས། །གཙོ་བོ་ཉིད་ཀྱིས་སྔར་མ་གསུངས་ན། །རིམ་པ་ཇི་ལྟར་བདག་ལ་གསུངས། །དེ་ནས་རྡོ་རྗེ་འཆང་སྟོན་པ་ཆེན་དེས། །ཚིག་གི་རྒྱུད་རྣམས་རབ་ཏུ་འབྱེད་པ་ཡི། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །རྡོ་རྗེ་ཅན་ལ་འདི་སྐད་གསུངས། །ཨེ་མ་རྡོ་རྗེ་འཛིན་པ་ཉོན། །དེ་ཉིད་རྒྱུད་ཀྱི་དབྱེ་བ་བརྗོད་བྱ་མང་པོ་རྣམ་པར་བཤད་པར་བྱ། །ཐབས་དང་རང་བཞིན་དོན་རྒྱུད་དང་ནི་ཚིག་གི་རྒྱུད། །རང་ཤར་ལ་སོགས། དོན་ནི་སྔར་གོང་དུ་བསྟན་རིམ་པའོ། །རྩ་བ་དང་ཡན་ལག་གི་ཚིག་རྒྱུད་རིམ་པ་གསལ་བར་དབྱེ། །འཁོར་བའི་སྤྲོས་པ་པའི་གཞི་མ་གཅོད་བྱེད་འཁོར་བ་ཡི། །དོན་རྣམས་ཚིག་རྒྱུད་ཀྱིས་འགྲོལ་བར་འགྱུར། །ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར་དང་ནི་ཉི་མ་ལྟར་གསལ་བ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་དང་། །གཞན་གྱིས་ཟིལ་གྱིས་མི་ནོན་པ་སེང་གེ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས་དང་ནི་མི་འགྱུར་བ་རི་རྒྱལ་ལྟ་བུ་དཔལ་ཡི་གེ་མེད་པ་དང་། །འཁྲུལ་པ་གཅོད་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན་དང་ནི་སྡེ་སྣོད་ཐམས་ཅད་འབྱེད་པ་ལྡེ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར་དང་། །གོལ་ས་གཅོད་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་བཟང་ཐུགས་ཀྱི་མེ་ལོང་དང་ནི་སྒྲོན་མའི་སྣང་བ་སྟོན་པ་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ་དང་། །ཚིག་དོན་གསེར་ལ་བྱ་ཡིས་སྤྲས་པ་གསེར་ཞུན་ལྟ་བུ་ནོར་བུ་ཕྲ་བཀོད་དང་ནི་ཡིད་ཆེས་ངེས་ཚིག་མ་བུ་འདྲེལ། །བ་ཉི་ཟླ་ཁ་སྦྱོར། ངོ་སྤྲོད་མེ་ལོང་ལྟ་བུ་ངོ་

སྤྲོད་སྤྲས་པ་དང་ནི་མུ་ཏིག་བརྒྱུས། །པ་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ། སྦྲུལ་མདུད་ལྟ་བུར་རང་གྲོལ་རིག་པ་རང་གྲོལ་དང་ནི་ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་དྲུག་པ་དང་། །དབང་བྱིན་རླབས་ཆུ་རྒྱུན་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་དང་ནི་འགལ་བྱེད་ཆོས་ལ་འབེབས་པ་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་། །རྒྱལ་པོ ས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་དང་ནི་ཕྱུག་པོའི་བང་མཛོད་ལྟ་བུའི་དགོས་འདོད་རིན་པོ་ཆེ་སྤུངས་པ་དང་། །དེ་ལྟར་རྣམ་པར་ཕྱེ་བས་ནི། །ཚིག་རྒྱུད་གསལ་བར་བྱེད་པའོ། །དེ་ཡི་དོན་རྣམས་རྣམ་ཕྱེ་བས། །བཤད་ན། རང་གི་གནས་ལུགས་ངོ་བོ་ཉིད་ཀྱང་མན་ངག་ཐིགས་ཆགས་མཐོང་བར་འགྱུར། །རྡོ་རྗེ་འཛིན་པ་ངེས་ཟུང་ཞིག། རྣ་གཏོད་ནས་ཉན་པར་བསྐུལ་བས། རྒྱུད་ཀྱི་སྙིང་པོ་རང་ཤར་རང་གྲོལ་དཔལ་ཡི་གེ་མེད་པ་གསུམ་ཤེས་ན། །རྒྱལ་བློན་འབངས་གསུམ་འཛོམ་པ་འདྲ། །རྒྱལ་ཁམས་ལ་དབང་བསྒྱུར། རྒྱུད་ཀྱི་དྭངས་མ་མེ་ལོང་གཉིས་ནོར་བུ་ཕྲ་བཀོད་གསུམ་ཤེས་ན། །རི་གསུམ་ཐམས་ཅད་མཐོང་བ་རྩེ་མོར་ཕྱིན་པ་འདྲ། །རྒྱུད་ཀྱི་མེ་ཏོག་གསུམ་མུ་ཏིག་ཕྲེང་བ་སེང་གེ་རྩལ་རྫོགས། བཀྲ་ཤིས་མཛེས་ལྡན་ཤེས་ན། །མཁའ་ལ་ཉི་མ་གསུམ་ཤར་འདྲ། །བས་སྣང་བ་ཡང་གསལ་དུ་སོང་བ་དང་། རྒྱུད་ཀུན་སྡོམས་གཅིག་རྫོགས་པ་རང་བྱུང་ཤེས་པ་ན། །མ་སྨིན་པ་སྨིན་པར་བྱེད་པ་དབང་མཁར་གྱི་འགྲམ་རྡོ་ལེགས་བཙུགས་འདྲ། །སྣང་བ་གཏིང་རྫོགས་ངོ་སྤྲོད་སྤྲས་པའི་རྒྱུད་ཤེས་ན། །རྩེ་མོ་འབྱོངས་པའི་མཁར་མཐོན་པོར་ལོངས་པ་དང་འདྲ། །ཡེ་ཤེས་གསུམ་ཟློག་ཉི་ཟླ་ཁ་སྦྱོར་རྒྱུད་ཤེས་ན། །ནང་དུ་སྣང་བ་གསལ་བ་ཕྱོགས་བཞིར་སྐར་ཁུང་བཏོད་པ་འདྲ། །ཡན་ལག་རྒྱུད་ཆེན་རིན་ཆེན་སྤུངས་པ། སྐུ་གདུང་འབར་བ་གཉིས་ཤེས་ན། །ངོས་བཞིར་བ་གམ་བཏགས་པ་འདྲ། །རྣལ་འབྱོར་གྲོལ་སྒྲོན་མ་འབར་བའི་རྒྱུད་ཤེས་ན། །རྒྱལ་པོ་མཁར་གྱི་རྩེར་བཞག་འདྲ། །རྒྱལ་སྲིད་སྐྱོང་བ་དང་། སྙིང་དང་འདྲ་བའི་རྒྱུད་ཀུན་ཏུ་བཟང་པོ་ཀློང་དྲུག་པ་ཤེས་ན། །དེ་ལ་སྒོ་མོ་དམ་བསྒྲིགས་པས་རྐུན་པོ་ལ་སོགས་གླགས་མི་རྙེད་པ་འདྲ། །གསང་བ་རང་གཞུང་སྒྲ་ཐལ་འགྱུར་རྒྱུད་ཤེས་ན། །མཐའ་མ་ལྕགས་རིས་བསྐོར་བ་ཕས་ཀྱིས་རྒོལ་བའི་དམག་གིས་མི་ཚུགས་པ་དང་འདྲ། །མཚོན་ཆ་ལྟ་བུའི་ནག་མོ་ཁྲོས་མའི་རྒྱུད་ཤེས་ན། །གོ་ཞུབ་ལྡན་པའི་སྒོ་བསྲུང་ལ་དགྲ་བོས་རྒོལ་མི་ནུས་པ་དང་འདྲ། །ཨེ་མ་དེ་ལྟར་རྒྱུད་ཀུན་ནི། །ངོ་མཚར་མཆོག་ཏུ་ཆེ་བས་ན། །དེ་ཡི་དོན་ཀུན་རྩ་བ་ཡན་ལག་གི་དོན་དུ་དབྱེ་བ་རྣམ་བཤད་བྱ། །དེ་ཡང་རྒྱུད་ཀྱི་རིམ་པ་ནི། །རྩ་བའི་རྒྱུད་ནི་རྫོགས་པ་རང་བྱུང་དང་ཡི་གེ་མེད་གཉིས་ཀྱིས་ནི། །ཆོས་ཀུན་དབྱིངས་རིག་གཅིག་པ་ཉིད་དུ་བཤད། །བཤད་རྒྱུད་རང་ཤར་རང་གྲོལ་མ་བུ་གཉིས་ཀྱིས་ནི། །དབྱར་གྱི་ཤིང་ལོ་འདབ་རྒྱས་པའི་ཚུལ་དུ་བཤད། །ཡན་ལག་རྒྱུད་ནི་རིན་ཆེན་སྤུངས་པ་སྐུ་གདུང་འབར་བ་གཉིས་དག་གིས། །རྒྱ་མཚོར་གཟའ་སྐར་ཤར་བཞིན་གསལ་བ་གཏིང་རྫོགས་སུ་བཤད། །ལུང་རིག་གསལ་བའི་རྒྱུད་སྒྲ་ཐལ་འགྱུར་དང་བཀྲ་ཤིས་མཛེས་ལྡན་གཉིས་ཀྱིས། །མེ་ཏོག་ཁ་བྱེའི་ཚུལ་དུ་བཤད། །

མན་ངག་རྒྱུད་སྡེ་མེ་ལོང་རྣམ་གཉིས་ངོ་སྤྲོད་སྤྲས་པ་མུ་ཏིག་ཕྲེང་བ་བཞི་ཡིས་ནི། །ཤིང་དེ་ལ་ཤིང་ཐོག་གཞན་སྨིན་པ་དང་འབྲས་བུ་གཞན་མེད་པ་ལྟར་འབྲས་བུ་སྨིན་པའི་ཚུལ་དུ་བཤད། །དགོངས་པ་རང་གནས་རྒྱུད་ཀློང་དྲུག་པ། སྒྲོན་མ་འབར་བ། ཉི་ཟླ་ཁ་སྦྱོར་གསུམ་གྱིས། །མཐོང་བྱེད་མིག་གི་ཚུལ་དུ་མིག་མེད་ན་སྣང་བ་གང་ཡང་མི་མཐོང་། མིག་ཕྱེ་བས་ཐམས་ཅད་གསལ་བ་དང་འདྲ་བཤད། །འཇུག་པ་རང་གྲོལ་སེང་གེ་རྩལ་རྫོགས་ནོར་བུ་ཕྲ་བཀོད་རྒྱུད་གཉིས་ཀྱིས། །དྲན་གཞི་སྙིང་གི་སྙིང་མེད་ན་དྲན་པ་ཉམས་ཏེ་སྙིང་དང་ལྡན་པའི་སྐྱེས་བུས་གང་བྱས་ཀྱང་དོན་དང་ལྡན་པའི་ཐོགས་པ་མེད་པ་ལྟར་ཚུལ་དུ་བཤད། །མཁས་པ་ཆོ་གའི་དཔལ་ནག་མོ་ཁྲོས་མའི་རྒྱུད་ཀྱིས་ནི། །མེལ་ཚེ་བྱེད་པའི་ཁྱི་ཁྱི་མེད་ན་རྐུན་མས་རྫས་ཁྱེར་ཏེ་ཁྱིས་རང་ཁྱིམ་གྱི་རྫས་བསྲུང་བ་ལྟར་བཤད། །དེ་ལྟར་རྒྱུད་ཀུན་དེ་དག་ཐམས་ཅད་ཀྱིས། །རྩ་བ་གཉུག་མ་རང་གྲོལ་གྱིས་ཁག་པ་ཆོག་དང་བརྒྱད་དོ་དོན་རབ་ཤིན་ཏུ་གསལ་བར་བཤད། །སྡོམ་པའི་ངོ་བོ་རྣམ་ཕྱེ་བས། །སངས་རྒྱས་ཀུན་གྱི་རང་བཞིན་ཐོབ། །གོང་དུ་བསྟན་པ་དེ་ལྟར་ཚིག་ཏུ་ཕྱེ་བའོ། །དེ་ནས་རྡོ་རྗེ་འཛིན་པ་རྣམས། །གསང་བའི་རྒྱུད་ནི་རྣམ་ཕྱེ་བས། །ཡིད་དགའ་མགུ་རངས་པའི་སེམས་སྐྱེས་ཏེ། །རྡོ་རྗེ་འཆང་ལ་འདུད་པའི་ཚུལ་དུ་ཐལ་སྦྱར་ནས། །ཚིག་ནི་འདི་སྐད་རབ་ཏུ་གསོལ། །ཀྱེ་མ་དྲུག་པ་རྡོ་རྗེ་འཆང་། །ཚིག་རྒྱུད་ཀུན་རིམ་པ་དེ་ལྟར་ན། །མ་འོངས་སེམས་ཅན་རྣམས་ལ་ཡང་། །གཞན་དོན་དུ་གསོལ་བ་གདབ་པས། རྒྱུད་ཀུན་བསྡོམས་པས་གཅིག་གྱུར་པའི། །ཐམས་ཅད་དྲིལ་ནས་ཉམས་སུ་ལེན་པ་ཇི་ལྟར་ལགས། སྙིང་པོ་ཐམས་ཅད་རང་གི་རིག་པར་དྲིལ་ནས་ནི། །མ་འོངས་པའི་སེམས་ཅན་རྣམས་ལ་ཇི་ལྟར་བསྟན། །རྡོ་རྗེ་འཆང་གིས་བདག་ལ་གསུངས། །དེ་ནས་སྟོན་པས་བཀའ་སྩལ་པ། །ཇི་ལྟར་བརྗོད་བྱ་ཇི་སྙེད་ཡོད་པ་ཐམས་ཅད་ཀུན། །བློའི་ཆོས་བགྲངས་པ་ཙམ་དུ་ཟད་མོད་ཀྱང་། །མདོ་ནི་ཟབ་མོའི་དོན་ཚིག་བཅུ་གཅིག་དུ་བསྡུ། །རྟོགས་ཏེ་སངས་རྒྱས་མེད། མ་རྟོགས་ཏེ་འཁོར་བ་མེད་པའི་གཞི་གནས་ལུགས་བསམ་གྱིས་མི་ཁྱབ་ཀྱང་། །ཡེ་ཤེས་རྣམ་པ་ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་ཡིན་ནོ། །འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་། །གཞི་དང་གཞི་ཤེས་པའི་ཁྱད་པར་ལས་ལྷུན་གྲུབ་དང་ནི་ཐུགས་རྗེའོ། །རང་གནས་སྐུ་རིག་ཡེ་ཤེས་སོ། །གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ། །ན་སྐུ་སུམ་བརྩེགས་སུ་གནས།

ལམ་ནི་རྩ་བཞི་ཀ་ཏི་ཤེལ་གྱི་རྩ་ཆེན་དང་ཤེལ་གྱི་སྦུ་གུ་ཅན། དབང་པོ་ཡུལ་ལ་འཆར་བྱེད་ཀྱི་རྩ་དང་དཀར་སྣལ་མ་ལྟ་བུའི་ངང་ནས་ཡེ་ཤེས་ཀྱི་རླུང་བསྐྱོད་ནས་འབྱུང་ངོ་། །འགྱུ་བྱེད་རླུང་། །རིག་པ་འཆར་བྱེད་སྒོ་བཞི་མིག་གཉིས་རྣ་བ་གཉིས་སྤྱི་གཙུག་ཏུ་ཐིག་ལེ་སྟོང་པའི་སྒྲོན་མ་རྒྱང་ཞགས་ཆུའི་སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའོ། །མིག་སོགས་སོ། །ནམ་མཁའ་རྐྱེན་བྲལ་ཡུལ་གང་ལ་སྣང་ན་ནམ་མཁའ་སྤྲིན་དང་བྲལ་བ་དབྱིངས་རྣམ་པར་དག་པ་དང་། རིག་པ་རྡོ་རྗེ་ལུ་གུ་རྒྱུད་སྐུར་སྣང་བ་ཡུལ་དུ་འདུས། །དེ་ཇི་ལྟར་ཉམས་བླངས་ཁྲེགས་ཆོད་ཐོད་རྒལ་ལོ། །དེ་གཉིས་ཉམས་སུ་བླངས་པའི་ཚད་ནི་གདེང་བཞིའི་གང་ཡིན་ཞེ་ན། དམྱལ་བ་ཚ་གྲང་ལ་ཡང་ཡང་བག་ཚ་བ་མེད་པ་དང་། འཁོར་བར་ལྟུང་གིས་དོགས་པ་དང་། མྱང་འདས་རེ་བ་མེད་པ་དང་། སངས་རྒྱས་ལ་བྲོད་པ་མེད་པ་རྣལ་འབྱོར་ཉིད། །བར་དོ་མ་དེས་བར་དོ་ཇི་ལྟ་བུར་འཆར་ན། རིག་པ་བུ་དང་ཆོས་ཉིད་མའི་སྣང་བ་བུ་གཉིས་སྦྱོར་བས། །གྲོལ་ས་ཉིད་ནི་ཐོག་མའོ། །ཐོག་མ་འི་ཀ་དག། ཞེས་མུ་ཏིག་ཕྲེང་བ་རིན་པོ་ཆེའི་རྒྱུད་ལས། རྒྱུད་ཐམས་ཅད་བསྡོམས་ཏེ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་སྐད་ཅེས་སེམས་མེད་པའི་རིག་པས་བཀའ་སྩལ་པ་དང་། རིག་པ་རྡོ་རྗེ་རྣོན་པོ་ལ་སོགས་པ་རང་གི་ངོ་བོའི་འཁོར་དང་། རིགས་ལྔའི་དེ་བཞིན་གཤེགས་པ་དང་། རིགས་གསུམ་གྱི་ཁྲོ་བོ་དང་། སངས་རྒྱས་ཆོས་དང་དགེ་འདུན་དང་། ལྷ་དང་ལྷ་མ་ཡིན་དང་། དེ་ལ་སོགས་པའི་སེམས་ཅན་ཉོན་མོངས་རང་ཁའི་འཁོར་འཛིན་པ་ཡུལ་གྱི་འཁོར། མཁའ་འགྲོ་མ་དཔག་དཀོན་མཆོག་གསུམ་གྱི་རང་བཞིན་འཁོར། འཇིག་རྟེན་གཟུང་འཛིན་པའི་འཁོར་དང་དྲུག །ཤེས་རབ་གཙོ་བོའི་འཁོར་བདུན་ཏུ་མེད་པ་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ།བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །མུ་ཏིག་ཕྲེང་བ་རིན་པོ་ཆེ་གསང་བའི་རྒྱུད་ཅེས་བྱ་བ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ལྷའི་ཡུལ་ན་འདི་དག་བཞུགས་པས་ཁྱད་པར་དུ་དེ་དག་གི་ནང་ནས་སྙིང་པོ་བསྡུས་ཏེ་ཕྱུང་བའོ། །རྫོགས་སྷོ།། །།མུ་ཏིག་ཕྲེང་བའི་རྒྱུད་ཀྱི་འགྲེལ་པ་གསལ་བྱེད་ཅེས་བྱ་བ་ཡོད། མུ་ཏིག་ཕྲེང་བའི་རྒྱུད་ལ་མ་བུ་གསུམ།། །།

ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། ས་མནྟ་བྷ་དྲ་ཨཱ་བརྟྟ་ཥཥྛ་ཏན་ཏྲ་ནཱ་མ།བོད་སྐད་དུ། ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་རྒྱུད་འདི་ལ་བྱང་ཆུབ་སེམས་དཔའ་དྲུག་གིས་ཞུས་ནས། སྐབས་རྣམ་པ་དྲུག་བཀོད་ནས་བསྟན་ཏོ། །ཅེས་བྱ་བ། མ་རིག་པ་བཅོམ་སྐུ་དང་ཡེ་ཤེས་ལྡན་འདས་དཔལ་ཀུན་ཏུ་བདག་གཞན་ཐམས་ཅད་དག་པ་བཟང་པོ་ངན་པ་མེད་པ་རྡོ་རྗེ་མི་འགྱུར་བ་བདེ་བ་ཆེན་པོ་སྟོང་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མ་ཡིན་པའི་གླེང་གཞི། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡེ་གཞི་ཅི་བཞིན་པའི་མངའ་བདག །སངས་རྒྱས་ཀུན་གྱི་རང་བཞིན་དུ་སྣང་བ་ཡེ་ནས་ཐུགས་རྗེ་རང་ཤར་བ་ཡིན་ཏེ། ང་ནི་འཁོར་འདས་གཉིས་ཀྱི་སྣང་བ་ཐམས་ཅད་ཀྱི་བདག་ཉིད་དུ་རང་བྱུང་བས། འདི་དག་གི་དོན་ངས་བསྟན་གྱིས། མི་སྣང་བའི་སྟོང་པ་ཉིད་ཀྱི་འཁོར་རྣམས་ཉོན་ཅིག །མི་མཛད་པ་ཡི་མཛད་པ་གཞི་ཡེ་ཤེས་ཀྱི་ཆ་ལས། །སངས་རྒྱས་ཀུན་གྱི་སྐུར་སྐུ་གསུམ་དུ་གསལ་བས། །ངས་ནི་རྟོག་པ་མེད་པ་རྙེད། །སྣང་བ་འདི་ལ་སུས་སྤྱོད་པ། །མངོན་སུམ་གྱིས་ལུས་ཟད་པ། བླ་ན་མེད་པའི་བུཌྜྷ་ཞིང་ཁམས་རྫོགས། །དེ་ཕྱིར་ངས་བསྟན་ལུང་འདི་ཉོན། །དེ་སྐད་ཅེས་ཐུན་མོང་མ་ཡིན་པའི་འཁོར་མི་གནས་པའི་ཡུལ་ལ་རང་རིག་ཐུན་མོང་མ་ཡིན་པའི་སྟོན་པས་གཟིགས་ནས། གནས་མཁའ་རྣམ་པར་དག་པའི་ནམ་མཁའ་ནས། བསྟན་པ་སྙིང་པོ་བཅུད་ཀྱི་རྒྱལ་པོ་འདི། དུས་དུས་གསུམ་མཉམ་པ་ཉིད་དུ་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །ཐུན་མོང་གི་གླེང་གཞི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། གནས་ཆོས་ཉིད་རྣམ་པར་དག་པ་རྒྱན་མ་བཀོད་པར་སྣང་བའི་ཕོ་བྲང་ན། སྟོན་པ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྒྱུད་ཐམས་ཅད་ཀྱི་མངའ་བདག་གིས་བསྟན་པ་རིན་པོ་ཆེའི་འདུལ་སྟངས་ལ་གཟིགས་ཏེ། འཁོར་འགྲོ་བ་རྣམ་པར་དག་པའི་གཟུགས་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་དུ་གཟུད་པའི་ཕྱིར། བསྟན་པ་རྡོ་རྗེ་སྙིང་པོ་རྒྱན་གྱི་དཀྱིལ་འཁོར་ཞེས་བྱ་བ་ཉིད་ཀྱི་ཐུགས་ལས་

རྣམ་པར་སྤྲོས་ནས། ལྗགས་ཀྱི་དབང་པོ་ལས་གསུང་གི་འོད་ཟེར་དཔག་ཏུ་མེད་པ་རང་བྱུང་བའི་ཚེ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་མཛད་པ་དང་། གསུང་གི་མཛད་པ་དང་།ཐུགས་ཀྱི་མཛད་པ་དང་། ཡོན་ཏན་གྱི་མཛད་པ་དང་། ཕྲིན་ལས་ཀྱི་མཛད་པ་རྣམས་དང་། དུས་ཕུན་སུམ་ཚོགས་པ་དུས་གསུམ་མཉམ་པ་ཉིད་དུ་བཞུགས་སོ། །དེ་ནས་སྡུད་པ་པོ་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་འདུས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀུན་ཏུ་བཟང་པོ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་མེད་པའི་ཚེ། སྟོན་པ་ཉིད་ཅི་སྐད་མིང་མེད་པའི་དུས་ན་བྱ་བར་བཞུགས། བསྟན་པའི་ཆོས་འདུལ་སྟངས་ནི་གང་ལགས། བདག་ལ་བསྟན་དུ་གསོལ། དེ་ནས་སྟོན་པས་བཀའ་སྩལ་པ། ཀྱེ་མ་འོད་ཟེར་ཀུན་འདུས་ཁྱོད་ཉོན་ཅིག །སངས་རྒྱས་ཐམས་འཁོར་འདས་མི་སྣང་བའི་ཚེ་ཅད་ཀྱི་མཛད་པ་མི་སྣང་བའི་ཚེ། ངའི་སྐུ་ངོ་བོ་ནི་ཕུང་པོ་ཐམས་ཅད་གཅིག་ཏུ་བསྡུས་པ་ཞེས་བྱ་བ་མི་ཕྱིར་སྣང་མི་འབྱེད། གསལ་བ། ལུས་མི་ལེན། སྐུ་མི་འདོར། སེམས་མི་རྟོག། ཡུལ་མི་འཛིན། འཁྲུལ་པ་མི་གནས། རིག་པ་མི་འགྱུར། སྣང་བ། མི་མངོན། སྟོང་པ། མི་གསལ། རྩོལ་བསྒྲུབ་མི་མཛད། ཐུགས་རྗེས་མི་གཏོང་། དྲན་རྟོག་མི་སེམས། ཡུལ་མི་རིག །མི་འདུག། ཟང་ཐལ། མི་གཏོང་གསལ་བའི་སྣང་བ་རང་ཤར་ནས། ཡེ་ཤེས་ལྔའི་དབུས་གནས་སྟོང་པས་ཡུལ་གྱི་སྤྲོས་པ་མེད། །རིག་པ་གསལ་བས་རྟག་ཆད་ལ་སོགས་ཡོད་མེད་མཐའ་ལས་འདས། །ལྟ་སྒོམ་ཀུན་གྱི་ངོ་བོར་དྲན་པས་མི་བརྗེད་གཟུངས་དང་ལྡན། །སྣང་བ་དབྱིངས་རིག་མངོན་སུམ་ཉིད་ཀྱི་ལམ། །མཚོན་ཚིག་དུ་བརྗོད་མེད་མའི་སྤྲོས་དང་བྲལ། །སྔགས་ལས་མ་བསྐྱེད་རྒྱུ་མེད་དག་པ་ཡེ་རྫོགས་ཉིད། །རྒྱུ་མ་རིག་པ་དང་རྐྱེན་དང་འབྱུང་བ་ཡོངས་སུ་བྲལ། །ལྟ་སྒོམ་བྱ་བཙལ་མེད་དྲི་མ་ཀུན་ལས་འདས། །དབྱིངས་གཅིག་ཏུ་མཐའ་མེད་དབུས་སུ་དམིགས་པ་མེད། །སྣང་བ་སྒོ་ལྔའི་ཆ་མེད་ཅིང་ཡུལ་ཡང་མེད། །ལྷ་སྐུ་མེད་སྔགས་ཀྱང་ཡོད་པ་མིན། །ཆོས་མེད་ཤེས་རབ་ཀྱི་བཏགས་

པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་མ་ཡིན། །ལུས་མེད་གསུམ་དུ་ཡང་དབང་པོ་སྣང་བ་མེད། །ཡང་དག་པར་ཆོས་ནི་བསམ་པས་མི་སྣང་སྟེ། །གང་ཕྱི་མེད་གང་དུ་ནང་འཛིན་པ་སེམས་མེད། །སྟོན་པ་ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་ཕྱི་མེད་ནང་རིག་པའི་སྐུ་གསང་བ་ཡང་མེད། །ངོ་བོ་ལ་དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་པ་མེད། །ཡང་དག་པར་ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོན་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པ་ཡོད་པ་མིན། །དེ་ཕྱིར་ཅིར་ཡང་མེད་བརྗོད་པས་སྟོང་པ་ནི། །ང་ནི་མ་ཕྱིས་བསམ་པས་གསལ་མི་འབྱེད་བརྟགས་པས་གང་གི་ངོར་ཡང་མ་གྲུབ་སྣང་། །གྲངས་མེད་ས་ལས་འདས་པ་ང་ཡི་ཡུལ། །མཛད་དང་སྤྱོད་པར་མ་ཕྱེ་བས། །ཆ་མེད། དུས་གསུམ་ངོ་བོ་གཅིག་ཏུ་མཉམ་པ་ཉིད་དུ་སྟེ། །སེམས་མེད་པས་ང་ཡི་ཡུལ་མེད་གཞི་བསམ་བྲལ། །རིག་པ་ཉག་གཅིག་ཆ་ཕྲའི་སྙིང་པོར་གནས། །སྟོང་པ་ཆེན་པོའི་ཡེ་གདངས་སྟོང་གསལ་ལས། །བུཌྜྷ་དང་སེམས་ཅན་དུ་སྣང་བ་མེད་པའི་ཕྱོགས་ནས་ནི། །དྲི་མ་མེད་པའི་རིག་པ་ཀ་ནས་དག་པ་ཉིད། །བརྫུན་མེད་ཀུན་རྫོབ་མིན་བདེན་པའི་མངོན་སུམ་པ། །རིག་པ་ལུ་གུ་རྒྱུད། འདི་ཉིད་སུས་མཐོང་གོམས་པ་རྩེ་གཅིག་ང་ཡི་སྲས། །ང་ཡི་སྣང་བ་གཞི་དེ་ལྟར་ན། །ཡུལ་དང་ཡུལ་ཅན་འདི་ཀུན་རིག་པའི་རང་གདངས་ཡིན། །འདུས་པའི་སྣང་བ་དབྱིངས་ཀློང་གཅིག་ཏུ། །ངེས་པའི་ལུང་ཆེན་རྒྱུད་འདི་ལ་སྤྱོད། །དེ་ནས་བྱང་ཆུབ་སེམས་དཔའ་འོད་ཟེར་ཀུན་ནས་འདུས་པས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་སྟོན་པ་ཉིད་ཀྱི་ཐོག་མའི་སྣང་བ་ཇི་ལྟ་བུ་ལགས།སེམས་ཅན་ཀུན་གྱི་ད་ལྟའི་སྣང་བ་དང་། ཁྱད་པར་མཆིས་སམ་མ་མཆིས། བདག་ལ་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། བྱང་ཆུབ་

སེམས་དཔའ་འོད་ཟེར་ཀུན་འདུས་ཁྱོད་ཉོན་ཅིག །ངས་དུས་གསུམ་མཉམ་པ་ཉིད་བསྟན་པའི་འདུལ་སྟངས་སེམས་ཀྱི་དོན་ཀྱིས། བསྟན་པའི་དགོངས་པ་ལས་ལངས་ལ། ཁྱོད་ལ་འདི་ལྟ་བུའི་དོན་ངོ་མཚར་ཆེ་བ་ཤིན་ཏུ་གསང་བ་ཆེན་པོ། རང་བཞིན་རྫོགས་པ་ཆེན་པོའི་དོན་མ་ནོར་བར་མཚོན་པའི་ཚིག་གིས་གཞི་གནས་སུ་གཏན་ལ་ཕབ་ནས་བསྟན་ན། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས།ཀུན་ཏུ་བཟང་པོ་རང་བཞིན་རྣམ་པར་དག་པའི་སྣང་བ་ཡིན་ཏེ། རིགས་དྲུག་གི་འགྲོ་བ་རྣམས་ལ་དུས་གསུམ་མཉམ་པ་ཉིད་དུ་བསྟན་པ་སྟེ། འདི་ནི་ངའི་སྣང་བ་དང་ཁྱད་པར་དབྱེར་མེད་པར། ཡུལ་ཅན་དུ་མའི་ཀློང་གཅིག་ཏུ་དྲིལ་བ་ཞེས་བྱ་བ་ཆོས་ཐམས་ཅད་དྲི་མའི་ངན་པའི་རྣམ་རྟོག་དང་བྲལ་ཏེ། ང་ཉིད་སྤྲོས་བྲལ་ཀུན་ཏུ་བཟང་པོའི་དབྱིངས་རིག་འདུ་འབྲལ་མེད་པའི་ཀློང་དུ་ཐིམ་པའོ། །ཡང་ཀློང་ནི་རྒྱ་མཚོ་ལྟ་བུའི་ངའི་སྣང་བ་རང་ཤར་ནས། དཀྱིལ་འཁོར་ཐམས་ཅད་ཀྱི་ཀློང་ཡེ་ནས་རང་ལ་འདུས་པས། ཕྱག་རྒྱ་ཆེན་པོའི་ཀློང་མི་གནས་པ་དབྱིངས་དང་རིག་པ་གཅིག་ཏུ་འཁྱིལ་པའོ། །སེམས་དཔའ་ཆེན་པོ་ངའི་སྣང་བ་ནི་མི་སྣང་བའི་སྣང་བ་སྟེ།ཡོད་ཐོས་སྣང་གྲགས་ཐམས་ཅད་ལ་ཁྱབ་ཅིང་འཇུག་ནུས་པ་ཡིན་པས། སྙིང་པོ་གསང་བའི་ཀློང་ཞེས་བྱ་སྟེ། སྐུ་ཀུན་ཏུ་བཟང་པོ་རང་བྱུང་། ངའི་སྣང་བ་ནི་ཅིར་ཡང་མེད་པ་ལས། ཅིར་ཡང་ཤར་ནས་ཁྱབ་པ་རང་དག་གི་སྙིང་པོ་འདུས་པའི་ཀློང་ཞེས་བྱ་སྟེ། གསུང་ཀུན་ཏུ་བཟང་པོ་རང་བྱུང་། ངའི་སྣང་བ་འདི་ལྟར་སྨྲ་བསམ་ཀུན་གྱི་བདག་ཉིད་དུ་རང་ཤར་ནས་དྲན་པ་རང་སྟོང་ཉིད་ཀྱི་སྙིང་པོ་འདུས་པའི་ཀློང་ཞེས་བྱ་སྟེ། ཐུགས་ཀུན་ཏུ་བཟང་པོ་རང་བྱུང་བའོ། །ཀྱེ་སེམས་དཔའ་ཆེན་པོ། སངས་རྒྱས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་རིག་པའི་སྐྱེས་བུ་ང་ཀུན་ཏུ་བཟང་པོའི་ཀློང་གཅིག་ཏུ་འཁྱིལ་པ་ཞེས་བྱ་སྟེ། དེ་བཞིན་ཉིད་རིག་པ་ལུ་གུ་རྒྱུད་དེ་མ་བཅོས་པ། །རང་སང་དུ་ནམ་མཁའ་སྤྲིན་གྱིས་མ་བསྒྲིབས་བཞིན། །ཡེ་གདངས་ཐོག་མེད་ཡེ་ནས་གསལ་བ་ཆེ། །དེ་

ལྟར་ནམ་མཁའ་སྤྲིན་མེད་པ་དྭངས་པ་ལས། །ཉི་མའི་སྙིང་པོ་རང་སྣང་ལྟར། །ངོ་བོ་དབྱིངས་དྲི་མ་མེད་པའི་སྐུ། །གཅིག་བསྡུས་སྙིང་པོ་ངེས་པ་རིག་པ་ནི། །ང་ཡི་དཀྱིལ་འཁོར་ཉིད་ཡིན་ནོ། །ཆོས་ཅན་ཕྱིའི་སྣང་བ་རྣམས་ནི་བསྡུས་པ་དེ་ཀུན་གྱིས་ལས། །ཆོས་ཉིད་རྣམས་ཀྱི་གྲངས་མཐའ་ཟད། །འདི་ནི་ཀུན་བཟང་ང་ཡི་སེམས། །རྟོག་པ་མེད་པའི་སངས་རྒྱས་ངས། །སེམས་དང་མ་རིག་པ་དང་ཉོན་མོངས་པ་དང་དྲི་མ་ཕྲ་བའི་ཞེན་གྲོལ་བས། །མ་བསྒྲིབས་འོད་རྣམས་ནམ་མཁའ་ལ་མངོན་དུ་སྣང་། །ཆོས་ཀྱིས་ཆོས་སྤྱི་བལྟ་ཡིས་རྣམས་མི་མཐོང་བས། །ང་རིག་པ་ལ་མཐོང་བའི་ཡུལ་མེད་དོ། །ཀྱེ་སེམས་དཔའ་ཆེན་པོ། དངོས་པོ་ཐམས་ཅད་ཀུན་ཏུ་བཟང་པོའི་རོལ་པ་ཡིན་ནོ། །སྣང་བ་ཐམས་ཅད་ནི་ཀུན་ཏུ་བཟང་པོའི་མཛད་པ་ཡིན་ནོ། །སྟོང་པ་ཐམས་ཅད་ནི་ཀུན་ཏུ་བཟང་པོའི་ཡུལ་ཡིན་ནོ། །དེའི་ཕྱིར་ན་སངས་རྒྱས་ཀུན་ཏུ་བཟང་པོ་ངས་ཕྱོགས་ཐམས་ཅད་དུ་མཛད་པ་མེད་པའི་ཕྲིན་ལས་ཀྱིས་འགྲོ་བ་རྣམས་གཉིས་སུ་མེད་པར་བྱས་ནས། ལུང་ཉིད་བརྗོད་པ་ཐམས་ཅད་ཟད་པ་ཞེས་པའི་བསམ་གཏན་ཐོབ་སྟེ། དེ་ནས་མི་སྣང་བའི་ནམ་མཁའ་དང་དབྱིངས་རིག་གཉིས་སུ་མེད་པར་གྱུར་པའོ། །སེམས་དཔའ་ཆེན་པོ་ང་ཀུན་ཏུ་བཟང་པོའི་མཛད་པ་འདི་ལྟར་སྐུ་གསུང་ཐུགས་ཀྱི་བདག་ཉིད་པ་གཞི་གནས་ཀྱི་ངོ་བོ་ཞེས་བྱ་སྟེ། རྒྱུ་རྣམ་པར་དག་པའི་སངས་རྒྱས་ཀྱིས། འབྲས་བུ་ཡེ་རྫོགས་ཆེན་པོ་ཞེས་བྱ་བའི་ལྟ་བ་ཐོབ་སྟེ། དེའི་ཚེ་ང་ནི་བྱེད་པ་པོ་མེད་པར་རང་བྱུང་ནས། སྐུའི་ཡེ་ཤེས་དང་གཞི་གནས་ཀྱི་ཡེ་ཤེས་གསུམ་གསུང་གི་རོལ་པ་དང་། ཐུགས་ཀྱི་མཛད་པ་རྒྱ་ཆེན་པོར་སྣང་སྟེ། ཡེ་མི་འགྱུར་བའི་སྣང་བ་དེ། ཆོས་ཟད་པའི་དུས་ཀྱི་མཐའི་སྤྲོས་པ་རང་དེངས། རིག་པའི་ཚད། དབྱིངས་ལ་རྟག་ཏུ་ཡོད་པས་ནམ་མཁའི་ཡིད་ཅན་དུ་རང་བྱུང་། རིག་པའི་སྙིང་པོ་སྲ་བའི་རང་སྣང་ལ་དབང་དུས་གཅིག་ཏུ་ཐོབ་ནས། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཆེན་དབྱིངས་ལ་པོ་ཞེས་བྱ་བར་གྱུར་ཏོ། །འོད་ཟེར་ཀུན་འདུས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་

ཀུན་ཏུ་བཟང་པོ། དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བ་གང་ལ་གསུངས་པ་ལགས། འདི་བདག་ལ་གསུང་དུ་གསོལ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུས་ཁྱོད་ཉོན་ཅིག །སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང་། མ་འོངས་པའི་སྔོན་མ་ཕྱིས་ཀྱི་ཞེན་པ་བསླངས། ད་ལྟའི་ཤེས་པ་རང་སོ་ལ་ཅོག་བཞག་ཏུ་བཞག་ན། ཤེས་པ་ཐམས་ཅད་སྔ་ཕྱི་མེད་འདུ་ཤེས་གཅིག་པས་པར་འདྲེས་ནས། གཅིག་འདུས་ངོ་བོ་རྩེ་གཅིག་ཅེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་རོ། །ཡང་འདས་པའི་བག་ཆགས་རྣམས་ཀྱི་རྨི་ལམ་གྱི་གནད་རྗེས་སུ་མ་འབྲངས། ཕྱིས་འབྱུང་བག་གཉིད་ཀྱི་གནད་ཆགས་རྣམས་ཀྱི་སྔོན་མ་བསུ། ད་ལྟར་གྱི་བག་ཆགས་རྣམས་རྒྱུད་ལ་མ་བརྟེན་པ་ནི། ཐབས་ཀྱི་གནད། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །འདུ་ཤེས་གཅིག་པར། རང་དག་ཏུ་དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམས་མཚམས་བཅད་པ་དང་། མ་འོངས་པའི་དྲན་པ་རྣམས་མི་འགྲུབ་པའི་བསམ་པ་རྒྱ་ཆེན་པོ་མི་བྱ་མགོ་མནན་པ་སེམས་ཚི་ཆད་དང་། ད་ལྟར་གྱི་དྲན་པ་རྣམས་རང་ཡལ་དུ་བཏང་བ་ནི། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་བ་ཞེས་བྱའོ། །ཡང་འདས་པའི་སེམས་ལ་ཕུགས་མི་གཏད། ཞེ་ལ་མ་བརྣག། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་འཁྲུལ་པའི་རྗེས་སུ་མི་འགྲོ་བློ་མི་གཏད་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེད་མ་བསྐུར། འཁྲུལ་པ་རྩད་མ་བཅད་པར་ཞོག། མ་འོངས་པའི་མ་རིག་པ་ལ་ལྟ་བས་ཆོད་པར་བྱ་གཡབ་མ་འདོར། ད་ལྟར་གྱི་མ་རིག་པ་ཕང་དུ་མ་བླངས་ན། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མ་ཆགས། གནོད་པ་མི་བྱ། མ་འོངས་པའི་ཞེ་སྡང་ལ་འགྲན་སེམས་མི་བྱ་ལྕགས་ཀྱུས་མ་བཟུང་། ད་ལྟར་གྱི་ཞེ་སྡང་ལ་ཕ་རོལ་པོ་ལ་གནོད་མི་

བསྐྱལ་ངར་མ་བླུད་པ་ནི་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་གཏི་མུག་གི་གཞིའི་ཤེས་རབ་ཏུ་གསལ་སྤྲིན་མ་བསྡུ། མ་འོངས་པའི་གཏི་མུག་གི་ས་འོད་གསལ་དུ་བསྒོམ་བཅད། ད་ལྟར་གྱི་གཏི་མུག་གི་ཆར་པ་མ་ཕབ་ཐོས་བསམ་ལ་བློ་སྦྱང་ན། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་ང་རྒྱལ་ལ་ལེན་མ་གདབ། སྐྱོན་ལ་ངན་དུ་མི་བལྟ་ཞིང་ཡོན་ཏན་ལ་རློམ་པ་མི་བྱ། མ་འོངས་པའི་གཞན་ལས་ཆེ་བའི་སེམས་མངོན་དུ་མི་གཏོད་ང་རྒྱལ་ལ་ཁུས་མ་གདབ། ད་ལྟར་གྱི་ང་ཅི་ནས་ཀྱང་གཞན་གྱི་ངག་མི་བཅག་རྒྱལ་ལ་ཐོག་མ་གཏད་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་ཉིད་སྔར་གྱི་མཛའ་སྡུག་ལ་སེམས་མི་ཕང་སུན་ཕྱུང་། མ་འོངས་པའི་འདོད་ཆགས་རྣམས་བཙལ་བའི་བསམ་པ་མི་བྱ་ཞེ་བཅད། ད་ལྟར་གྱི་ཆགས་མེད་རང་གྲོལ་དུ་འདོད་ཆགས་རྣམས་ཡུལ་ཕྱུང་བ་ནི། དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་སྔར་འགྲས་པའི་མི་ལ་གནོད་མི་བྱ་ཕྲག་དོག་ལ་དམ་དུ་མ་བཟུང་། མ་འོངས་པའི་ཕྲག་དོག་ལ་མ་འགྲས་པའི་སེམས་ཅན་ལ་གནོད་མི་བྱ་སེམས་མ་བསྡུ། ད་ལྟར་གྱི་ཕྲག་དོག་ལ་ཐད་ཀའི་སྣང་བ་ཐམས་ཅད་གྲོགས་སུ་འཁྱེར་སེམས་མ་བཅུག་པ་ནི། དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པས། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ། །སེམས་དཔའ་ཆེན་པོ་མྱ་ངན་ལས་པའི་གཞི་ཟང་ཐལ་དུ་རྟོགས་པའི་རྣལ་འབྱོར་པ་ནི། ང་ཀུན་ཏུ་བཟང་པོ་ཆོས་ཐམས་ཅད་ཀྱི་བྱུང་ཁུངས་སུ་བྱུང་བ་སྟེ། འདས་པའི་ཐོག་མའི་གཞི་རྩད་བཅད་སྐུ་གསུམ་ལ་སྣ་གཏད། མ་འོངས་པའི་བར་དོ་ལ་གོམས་པར་བྱ་སྐུ་གསུམ་ལ་རྒྱབ་བརྟེན། ད་ལྟར་གྱི་སྐུ་གསུམ་ལ་ཉམས་སུ་བླང་ལོངས་སྤྱོད་པ་ནི། སངས་རྒྱས་རྣམས་ཀྱི་འབྲས་བུ་མངོན་དུ་བྱས་པ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་གནས་པ་ཞེས་བྱའོ། །འདས་པའི་ཡེ་ཤེས་ལྔ་ལ་གཞི་བཅའ། ལྷུན་གྱིས་གྲུབ་པའི་ཡོན་ཏན་འཆར་ཚུལ་བསྟན། མ་འོངས་པའི་ཡེ་ཤེས་ལྔ་ལ་ལོངས་སྐུའི་ཡེ་

ཤེས་བཞི་ལ་ལམ་སྦྱང་རྩེ་མོ་གཏད། ད་ལྟར་གྱི་ཡེ་ཤེས་ལྔ་འདྲིས་པར་བྱ་ལམ་དུ་བྱེད་པ་ནི། གསལ་བས་གསལ་བའི་འོད་དུ་འདུས་པ་ཞེས་བྱ་བ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་ཤེས་པ་རྗེས་སུ་རིག་པ་ལ་ཡིད་ཆེས་བྱ། མ་འོངས་པའི་རིག་པ་ལ་སྣང་བ་གོང་ནས་གོང་དུ་ཚད་བཟུང་། ད་ལྟར་གྱི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ལ་མངོན་སུམ་དུ་བྱེད་པ་ནི།མ་ཡིས་བུ་བཟུང་བ་ཆོས་ཉིད་དབྱིངས་དང་དབྱེར་མེད་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་རོ། །འདས་པའི་ཐིག་ལེ་ལ་ཆ་སྤྲོས་མེད་དུ་བཟུང་། མ་འོངས་པའི་ཐིག་ལེ་ལ་ལམ་དུ་བློ་གཏད། ད་ལྟར་གྱི་ཐིག་ལེ་རྣམས་དབྱིངས་ཀྱི་ནང་དུ་གཅིག་ཏུ་བསྡུ་བ་ནི་ཉག་གཅིག་གི་རྩ་བ་བཅད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱ་བ་ཡིན་ནོ། །འདས་པའི་དབྱིངས་རྒྱུན་ཆད་མེད་པར་དང་མཚམས་སྦྱར། མ་འོངས་པའི་དབྱིངས་དང་སྣང་བ་གོང་དུ་རྒྱ་བསྐྱེད།ད་ལྟར་གྱི་དབྱིངས་ནམ་མཁའི་དབྱིངས་དང་མིག་དང་རིག་པ་དང་ས་གཅིག་ལ་གནས་པ་ནི། རིག་པ་ཁྱིམ་དུ་ཚུད་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འདྲེལ་བར་གནས་པ་ཞེས་བྱའོ། །འདས་པའི་སྒྲོན་མ་རྣམས་ལ་ཡིད་ཆེས་སྣ་གཏད། མ་འོངས་པའི་གཏེམ་ཞིང་བལྟ་སྒྲོན་མ་རྣམས་ལམ་དུ་བཟུང་། ད་ལྟར་གྱི་སྒྲོན་མ་རྣམས་ལ་ཡང་ནས་ཡང་དུ་གསལ་གདབ་པ་ནི། སྟོང་པ་ཆོས་འབྱུང་གི་སྒྲོན་མ་རང་དག་གི་བལྟ་བ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་སྣང་བ་ཡིན་ནོ། །འདས་པའི་ལྷུན་གྲུབ་ཀྱིས་འོད་རྣམས་ལ་ལམ་བཏོད། མ་འོངས་པའི་བར་དོའི་འོད་རྣམས་ལ་སེམས་བཞག །ད་ལྟར་འོད་སྒྲོན་མ་རྣམས་ལ་བློ་ཕབ་པ་ནི། སྣང་བ་ཐམས་ཅད་རང་རྒྱས་ཐེབས་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་ཡེ་ནས་འདུ་འབྲལ་མེད་པའོ། །དེ་ནས་འོད་ཟེར་ཀུན་འདུས་བྱང་ཆུབ་སེམས་དཔས་གསོལ་པ། ཀྱེ་བཅོམ་ལྡན་དཔལ་ཀུན་ཏུ་བཟང་པོ། དུས་གསུམ་མཉམ་པ་ཉིད་ཅེས་བགྱི་བའི་དུས་ཅི་ལ་གསུང་། གསུམ་

ཞེས་པ་ནི་གང་རྣམས་ལགས། མཉམ་པ་ཅེས་ཅི་ལ་གསུང་། ཉིད་ཅེས་གང་ལགས། འདི་དག་རྣམས་ཀྱི་དོན་བདག་གིས་མ་འཚལ་ན། སྟོན་པས་དོན་འདི་དག་བདག་ལ་གསུང་བར་ཞུ། ཞེས་གསོལ་པས།སྟོན་པ་ཀུན་ཏུ་བཟང་པོས་ཞལ་འཛུམ་པ་མཛད་དེ། འདི་དག་བཀའ་སྩལ་ཏོ། །ཀྱེ་མ་ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུས། ངས་སྔོན་ཡུལ་དབྱིངས་ཤིན་ཏུ་གསལ་བ་ཞེས་བྱ་བར། སངས་རྒྱས་རྣམས་ཀྱི་རྣམ་པར་བརྒྱན་པའི་ས་བྱ་བར། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་དུ་ལུང་བསྟན་པ་ཡིན་ནོ། །ཀྱེ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །སྣང་བ་ཐམས་ཅད་རང་དབང་དུ་གྱུར་ནས། རིག་པ་མངོན་སུམ་དུ་བསྟན་པའི་ཚེ།དགོངས་པ་གོམས་པ་བདེན་པ་མཐོང་བའི་དུས་ཞེས་བྱའོ། །སྣང་བ་ཐམས་ཅད་རིག་པ་མ་འགགས་ནས་རང་ཐད་དུ་ཤར་ཏེ། ཉམས་ཀྱི་ས་བོན་གོང་ནས་གོང་དུ་འཕེལ་བའི་ཚེ།རིག་པ་ཉིད་ཚད་ཟིན་ནས་སྲང་ལ་འདེབས་པའི་དུས་ཞེས་བྱའོ། །སྐྱེས་བུ་འབྱུང་བའི་ལུས་ཀྱི་སྟོབས་ཟད་ནས། ཤེས་པ་རྣམས་སྣང་བའི་སྟོབས་ནུབ་ནས་ཁ་ནང་དུ་བལྟས་པའི་ཚེ། རིག་པ་བྱུང་ས་འདེབས་པའི་དུས་སོ། །ཆོས་ཉིད་རྐྱེན་དང་བྲལ་ནས་བར་མ་དོའི་སྣང་བ་ཐམས་ཅད་བདེ་བར་བརྡལ་བའི་ཚེ། ཆོས་ཉིད་མ་བུ་མཉམ་པའི་དུས་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་བདེན་པའི་འོད་ཟེར་གྱིས། ཡུལ་རང་གི་ལུས་གང་ཞིང་རྒྱས་ནས་སྐུ་མངོན་པར་བྱང་ཆུབ་པའི་ཚེ། བརྟན་པ་རང་ཐོབ་ཀྱི་དུས་ཞེས་བྱའོ། །ཀྱེ་མ་ཀྱེ་མ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །ལྟ་བ་སྟོང་པས་སེམས་བདག་མེད་དུ་རྒྱས། སྒོམ་པ་རང་གསལ་གྱིས་ངག་སྨྲ་སྙིང་མི་འདོད་པར་རྒྱས། སྤྱོད་པ་རྒྱས་འདེབས་ཀྱི་ལུས་ཅི་བྱས་འགྲོ་བ་ལ་ཕན་པའོ། །རྒྱས་པ་ནི། འབྲས་བུ་རང་ལུས་ཀྱི་དུས་གསུམ་ཞེས་བྱའོ། །ཆོས་སྐུ་འབྲས་བུ་ཟང་ཐལ་ལོ་སྤྲོས་དང་བྲལ་བའི་རྩི་ཐོབ། ལོངས་སྐུ་ཚིག་རང་བཞིན་འགག་མེད་དང་བྲལ་བའི་བར་བཟུང་། སྤྲུལ་སྐུ་ཐུགས་རྗེ་རང་ཤུགས་མཚན་དང་བྲལ་བའི་རྩ་བ་

བཅད་པ་ནི། དྲོད་རྟགས་མཐར་ཕྱིན་གྱི་སྐུ་གསུམ་ཡེ་རྫོགས་ཀྱི་དུས་གསུམ་ཞེས་བྱའོ། །སྒྲིབ་གཡོགས་འབྱུང་རྐྱེན་དང་བྲལ་བའི་རིག་པའི་ཡུལ་དང་ངོ་བོ་ནམ་མཁར་ཐོག་འཕང་། མི་འགྱུར་མི་འགུལ་བ་ལུ་གུ་རྒྱུད་ཀྱི་གཟེར་གདབ་ནས། རྒྱ་མཚོ་སྣང་བྱེད་ཀྱི་མིག་གི་ལྕགས་ཀྱུས་དེ་ཉིད་རང་བཟུང་བ་ནི། ཡང་ནས་ཡང་དུ་གོམས་པ་རང་ཤུགས་ཀྱི་དུས་གསུམ་ཞེས་བྱའོ། །ཨེ་མ་ཧོ། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །ཆོས་ཉིད་མ་བཅོས་པའི་ཀློང་དུ། སངས་རྒྱས་ཐམས་ཅད་ཀྱི་མཛད་སྤྱོད་དུ་སྣང་བ་ནི། འཁོར་འདས་གཉིས་སུ་མེད་པའི་སྣང་བ་ཆེན་པོ་ཞེས་བྱའོ། །དབྱིངས་རིག་ཉམས་སུ་བླངས་པས་གོམས་པའི་གནད་ཀྱིས་ཡུལ་དུ་མའི་ཤེས་པ་རང་འགགས་ནས། འབྲས་བུ་ཆོས་ཟད་པའི་ཡེ་དག་ཆེན་པོའི་དགོངས་པ་རང་བྱུང་བའི་ཚེ། ཉམས་བླང་གདེང་དུ་ཚུད་ཚང་དུ་ཕྱིན་པས་པས། ལྟ་སྒོམ་སྤྱོད་པ་རྣམས་གཉིས་སུ་མེད་པར་འདྲེས་པས། རང་གནས་ཡོངས་འདྲེས་ཀྱི་མཉམ་པ་ཆེན་པོ་ཞེས་བྱའོ། །ཀྱེ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །དྲི་མ་རང་སར་དག་པའི་ཆོས་སྐུ་ལས། །རང་རིག་རྣལ་དུ་ཕེབས་པས་ཉིད་ཅེས་བྱ། །དྲན་པ་རང་རིག་དག་པའི་དགོངས་པ་ལ། །འཛིན་པ་ངང་གིས་ནུབ་པས་ཉིད་ཅེས་བྱ། །ཕྲ་རགས་འབྱུང་བ་ཟད་པའི་འོད་ལྔ་ལས། །བདག་འཛིན་ལུས་དང་བྲལ་བས་ཉིད་ཅེས་བྱ། །སྟོང་པ་ཡེ་ནས་ཁྱབ་པའི་ཆོས་ཉིད་ལ། །སེམས་མེད་པས་དབྱིངས་རིག་ཟད་པར་ཕྱིན་པས་ཉིད་ཅེས་བྱ། །ཕྱི་ནང་འབྱུང་བ་ཟད་པའི་རང་ལུས་རང་ཟད་དུ་ལ། །ལྔ་ལྔ་འོད་དུ་ཟུང་དུ་འཇུག་པ་ཉིད་ཅེས་བྱ། །མ་རིག་ཡེ་ནས་གནས་ལུགས་ཡེ་ཐོག་མ་ནས་ཀ་དག་ལས། །སྣང་བ་སོ་སོ་རང་སར་གྲོལ་བ་ཉིད་ཅེས་བྱ། །དེ་ལྟར་སྐྱེས་པས་རང་གི་རྒྱུད་ཀྱང་དག །འཛིན་པ་གཟུང་བ་ཕྲ་བའི་ལས་ཉིད་དོ། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པ་ཞེས་བྱ་བའི་རྒྱུད། རང་བཞིན་རྫོགས་པ་ཆེན་པོའི་དོན་བསྟན་པ་ལས། ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་བསྟན་པའི་ཀློང་

ཞེས་བྱ་སྟེ་དང་པོ་རྫོགས་སོ།། །།ལྷའི་སྐྱེ་གནས་དག་པར་བྱེད་པ་ཆོས་ཉིད་རྩོལ་བ་དང་བྲལ་རིག་པ་ཉིད་རང་བརྟན་པ་ཐོབ་ན་བའི་སྐབས་ཏེ་དང་པོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཆོས་ཐམས་ཅད་མཉམ་པ་ཉིད་གཉིས་སུ་མེད་པའི་ཏིང་ངེ་འཛིན་གཉིས་མེད་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་འདུས་ཀྱིས་འཁོར་དེ་རྣམས་ལ་བོས་ནས། བཅོམ་ལྡན་འདས་ནི་ཏིང་ངེ་འཛིན་ལ་བཞུགས་ནས།སེམས་ཅན་གྱི་དོན་ཅང་མི་མཛད་པར་སྣང་བས། བདག་ཅག་རྣམས་ཀྱིས་སྟོན་པ་ཉིད་མཉམ་པར་བཞག་པ་ལས་བཞེངས་པའི་ཚིག་རྣམས་ཀྱིས་རབ་ཏུ་བསྐུལ་ལོ། །ཞེས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་ཚིག་དེ་སྐད་དུ་བརྗོད་པས། འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ཞེས་བྱ་བས་འདི་སྐད་དུ་ཚིག་ཏུ་བརྗོད་དོ། །ཀྱེ་སྟོན་པའི་འཁོར་དུ་འདུས་པའི་སྲས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་མི་རྣམས་ཉོན་ཅིག །སྟོན་པ་ནི་ཏིང་ངེ་འཛིན་ལས་བཞེངས་པ་དང་། བཞུགས་པ་མི་མངའ་བའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མཉམ་པ་ཉིད་ཡེ་ནས་ཀ་དག་ཆེན་པོ་རྡུལ་དང་བྲལ་བར་མཁྱེན་པའོ། །དེ་ནས་འོད་ཟེར་ཀུན་འདུས་ཀྱིས་གསོལ་པ།བྱང་ཆུབ་སེམས་དཔའ་མཉམ་པ་ཉིད་ཅེས་བྱ་བ་དེའི་དོན་ཅི་ཞིག །གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བས་སྨྲས་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཡེ་ནས་རྡུལ་དང་བྲལ་བ་ཞེས་བྱ་བ་ནི་རྟག་ཆད་ལ་སོགས་མཐའ་ཐམས་ཅད་དང་བྲལ་ཞིང་། རྣམ་པར་རྟོག་པའི་དྲི་མ་མེད་པའོ། །ཡང་གསོལ་པ། དེ་ཉིད་གང་། སྨྲས་པ། དེ་ནི་ཚིག་གིས་མི་རྟོག་པ་བརྗོད་པ་ཐམས་ཅད་ཉེ་བར་ཞི་སྟེ། ཡུལ་ཅན་གྱི་བློ་གང་ཡང་མི་འཇུག་པའོ། །གསོལ་པ། དེ་ཅི་ལྟ་བུ། སྨྲས་པ། དེ་ཉག་གཅིག་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །གསོལ་པ། དེ་དེ་བཞིན་ནོ། །དེ་ལྟར་ཆོས་ཐམས་ཅད་

ང་ལ་ཡང་ཀུན་ཏུ་བཟང་པོས་བསྟན་པ་ཡིན། ཁྱོད་ཀྱིས་ཀྱང་དེ་ལྟར་གོ་བ་ནི་ཤིན་ཏུ་ལེགས་སོ་ཞེས་སྨྲས་སོ། །དེ་དག་གིས་གླེང་བསླང་བ་སྟོན་པ་ཀུན་ཏུ་བཟང་པོས་མི་རྟོག་པའི་ངང་ལ་གནས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་ལ་ལེགས་སོ་ཞེས་བྱ་བ་གནང་སྟེ། འདི་སྐད་དུ་གསུངས་སོ། །ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ནས་འདུས་པས་ཀྱང་། ཆོས་ཐམས་ཅད་ཀྱི་དོན་དེ་ལྟར་ཁོང་དུ་ཆུད་པས་མི་སྐྱེ་བ་མངོན་ཕྱིར་མི་ལྡོག་པ་པར་གཟིགས་པ་རིག་པ་ནམ་མཁའ་ཞེས་བྱ་བའི་ཆོས་ཉིད་དབྱིངས་རྙེད་པ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་གོ་ཞིང་ཤེས་ནས་རྟོགས་པ་དེ་ཤིན་ཏུ་ལེགས་སོ། །ངས་ཁྱོད་ལ་སྣང་བ་ཀ་ནས་དག་པའི་གཞིའོ། །རྣམ་པར་དག་པའི་ཆོས་ཀྱི་ཚིག་སྤྲོ་ཡིས་བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོས་ང་ཞིང་གཞི་སྣང་གི་ཡོན་ཏན་ཁམས་ཉི་མ་སྟོང་གིས་རབ་ཏུ་བརྒྱན་པའི་ཚད་ཅེས་བྱ་བ་ན་ཡོད་པའི་དུས་ནས་ལུང་བསྟན་པ། མི་གནས་པའི་ཡེ་ཤེས་ཆེན་པོ་ཡེ་ནས་རྣམ་པར་དག་པའི་ཚེ།འཁོར་འདས་སྣོད་བཅུད་དུ་སྣང་བ་ཐམས་ཅད་ཏིལ་གྱི་འབྲས་བུ་སྣང་བ་འདི་ལ་གཅིག་གི་ནང་དུ་མཉམ་པར་བཞག་ན། འཁོར་འདས་དུས་གཅིག་ལ་གསལ་བའི་ཤེས་པ་རྩེ་གཅིག་གི་ཉམས་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་ཡིན་ནོ། །ཡང་དེ་ལ་དབུགས་ཕྱུང་ནས་སྐུ་རྡོ་རྗེ་ཆེན་པོ་ལ་རིག་པ་ལོངས་སྤྱོད་པ་ཡིན་ནོ། །དེ་ལ་ལོངས་སྤྱོད་པས་སྙིང་པོ་འོད་ཟེར་གྱིས་བརྒྱན་པའི་ཞིང་ཁམས་སྣང་བ་འདི་ལ་སྟོང་མཐོང་བར་འགྱུར་རོ་ཞེས་ལུང་བསྟན་པས། ངས་སྙིང་པོ་ཡུལ་ཐམས་ཅད་སྡུད་པ་ཞེས་བྱ་བའི་ཆོས་ཉིད་ཀྱི་རོ་མྱངས་པས་ལུས་ངག་ཐམས་ཅད་རྡོ་རྗེ་ལྟར་ཅིས་ཀྱང་མི་ཤིགས་པའི་རྡོ་རྗེའི་ཏིང་ངེ་འཛིན་ཐོབ་པོ། །དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སེམས་རྣམ་པར་དག་པའི་འོད་གསལ་ཆེན་པོའི་རང་གི་དོན་ཉམས་སུ་མ་ལོངས་ན། སྐུ་རྡོ་རྗེ་སྙིང་པོ་ལ་རིག་པ་ལྟོས་ཤིག །དེ་བལྟས་པས་ཡང་བའི་འཇིགས་

པ་མེད་པའི་གདེང་ཐོབ་ནས།སྣང་བ་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དུ་རང་ཤར་ཏེ། ཆོས་དང་ཆོས་མ་ཡིན་ཟད་པ་ལ་མཁས་པའི་པ་གང་དུ་ཡང་མ་གྲུབ་པའི་རྟོགས་པ་ཁོང་དུ་ཆུད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཁྱོད་ཀྱིས་ཐམས་ཅད་མཉམ་པར་བཞག་པ་གྲུབ་མཐའ་ཡི་གཏད་པའི་ཚད་མ་རྙེད་ན། བཞག་པའི་ས་ལྔ་ལ་གོམས་པར་བྱའོ། །སྣང་བ་རང་བཞིན་གྱི་བར་དོ་ལ་ཐམས་ཅད་སྒྱུ་མ་ལྟ་བུར་སེམས་རྣམ་པར་སྦྱོང་བས་མི་རྟག་པ་རྒྱུད་ལ་བརྟེན་པའི་ས་ལ་གོམས་པར་བྱས་ན། འཁྲུལ་པའི་སྣང་བ་ཐམས་ཅད་ཀྱིས་གནོད་པས་སྐྱེས་བུའི་སེམས་ལ་གཡེང་བར་མི་ནུས་པ་ནི་སེམས་རྣམ་པར་སྦྱོང་བ་ལ་གོང་དུ་སེམས་སྦྱང་དགོས་མཁས་པའི་རྣལ་འབྱོར་པ་ཞེས་བྱའོ། །འཆི་ཁའི་དུས་འབྱུང་བ་ཐམས་ཅད་འདུས་པའི་གནས་སུ། སེམས་རྣམ་པར་ཞི་བར་བྱེད་པའི་སྦྱོར་བ་རྒྱུད་ལ་བརྟེན་པའི་སྐྱེས་བུ་ནི། ཞི་གནས་ལ་བཀོད་པའི་གནས་ཞེས་བྱའོ། །རྣམ་པར་ཤེས་པ་ཐམས་ཅད་འདུས་པའི་ས། ཆོས་ཉིད་བར་དོ། ཡིད་འབྱུང་གི་རྟོག་པ་དང་བྲལ་བའི་སྣང་བ། སེམས་རང་བཞིན་གྱིས་རྣལ་དུ་ཕེབས་པའི་རྣལ་འབྱོར་པས།སེམས་ཉིད་རང་གནས་སུ་བསམ་གཏན་ལ་གནས་རྣལ་དུ་ཕེབས་པའི་གནས་ཞེས་བྱའོ། །གཞི་ཐམས་ཅད་ལྷུན་གྲུབ་ལ་གཅིག་ཏུ་གྱུར་པའི་གནས་སུ་སྒྲའི་དོན་གྱི་སེམས་རབ་ཏུ་གནས་པར་བྱེད་པའི་སྦྱོར་བའི་སྐྱེས་བུའི་སྣང་བ་རང་བཅད་ནས། སེམས་རང་དལ་དུ་འདུག་པའི་ས་ཞེས་བྱའོ། །ཡེ་ཤེས་ཀྱི་རོལ་པ་ཤར་བའི་དུས་ན། སངས་རྒྱས་དེ་འདས་ཀ་དག་ཆེན་པོ་ཀུན་གྱི་མཛད་པར་རྣམ་པར་རོལ་པའི་ས་ནི་སེམས་རྣམ་པར་བཞག་པའི་དཔུང་གཞན་དུ་མི་རྟོག་པ་བསྐྱེད་པའི་ས་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། བཞག་པའི་ཐབས་ལ་མཁས་པར་བྱ་བའི་ཕྱིར། གཞག་ཐབས་ཆེན་པོ་ལྔ་ལ་མཁས་པར་བྱའོ། །སེམས་ཀྱི་སྣང་བ་རྣམ་པར་སྣང་བའི་དུས་ན། ད་ལྟའི་དྲན་བསམ། ལས་དང་པོ་པས་སེམས་རྣམ་པར་སྦྱང་བ་དང་། རྣམ་པར་འདུལ་གཞན་དུ་མི་གཏང་བ་དང་། རྣམ་པར་ཡུལ་ལ་མི་

རྟོག་པ་སྟེ་སེམས་ཀྱི་ལས་ཐམས་ཅད་རྣལ་དུ་དབབ་པའི་ཐབས་ལ་མཁས་པར་བྱའོ། །ཡེ་ཤེས་ཀྱི་དབྱིངས་རིག་གི་སྣང་བ་རྣམ་པར་སྣང་བའི་དུས་ན། ཡེ་ཤེས་རྣམས་ཀྱི་ངོ་བོ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། རང་གི་མཚན་ཉིད་ལྔ་དང་། ཡེ་ཤེས་ཀྱི་ངང་དུ་ལྡོག་པ་དང་། ལོག་པའི་དུས་རགས་པའི་སྣང་བ་ནུབ་པས་དང་། དེ་ཉིད་ལོག་པའི་ཚད་རིག་པ་མི་འགུལ་བར་སྡོད་པ་ཀྱི་ཐབས་ལ་མཁས་པར་བྱའོ། །དེའི་ཆོས་ཉིད་ཀྱི་སྣང་བ་ཆོས་ཉིད་བར་དོའི་ཚད་རང་སྣང་གི་དུས་ན། ཆོས་ཉིད་རྣམ་པར་དག་པའི་ཡུལ་འོད་དང་འོད་ཁྱིམ་དུ་དང་། ས་ཆོས་སྐུ་དང་། ལམ་དང་། ཡེ་ཤེས་བཞི་སྦྱོར། ཆོས་ཉིད་རང་སྐུ་དང་ཡེ་ཤེས་སུ་གི་ངོ་བོ་དང་། ཆོས་ཉིད་ཀྱི་ཚད་ཐིག་ལེ་དང་སྐུ་དང་། འོད་དུ་སྣང་བ་དང་། ཅི་ལྟར་ཤར་བའི་རིགས་ལྔའི་ཚོམ་བུ་ཡུལ་དང་། ཆོས་ཉིད་ཀྱི་ལྡོག་པའི་ཐབས་ལ་མཁས་རང་སྣང་དུ་པ་ཞེས་བྱའོ། །དབྱིངས་ཀྱི་སྣང་བ་རང་མིག་དང་སྣང་བའི་དུས་ན། རང་གི་མཚན་མཐིང་ག་མི་འགྱུར་བ་ཉིད་རྣམ་པར་དག་པའི་དབྱིངས་རང་གི་ངོ་བོ་དང་། དེའི་སྣང་བའི་དུས་ལྷུན་གྲུབ་ལ་དང་།སྣང་བ་ཅི་ལྟར་ཚད་ལ་དབབ་དེ་ལྟར་གོམས་པ་པ་དང་། དབྱིངས་རྣམས་ཀྱི་མཐའ་གང་ཡིན་པ་དང་དེ་དག་གི་ཐབས་ལ་མཁས་པར་བྱའོ། །རིག་པའི་སྣང་བ་རྡོ་རྗེ་ལུ་གུ་རྒྱུད་རང་སྣང་བའི་དུས་ན། འཁོར་འདས་རུ་ཤན་འབྱེད་པའི་ལུས་ངག་གི་སྤྱོད་པ་བྱ་བྱེད་སྔོན་དུ་བྱ་བས་རིག་པ་འཁོར་བ་དང་འདྲེལ་པ་བཅད་པ་དང་། ཞེན་པ་དང་རྟོག་པ་དང་། ལུས་ངག་ལུས་ངག་ངལ་བསོ་བ་རྣལ་དུ་དབབ་པ། རིག་པ་རང་གི་ངལ་བསོ་བའི་ས་ལ་སློབ་པ་དང་། དེ་ཉིད་དབྱིངས་སུ་རིག་པ་མངོན་སུམ་དུ་རིག་པའི་རྣལ་འབྱོར་གྱིས། སྣང་བ་རྣམས་ལ་གོམས་ཤིང་འདྲིས་པར་བྱ་བའི་ཐབས་ལ་མཁས་པར་བྱའོ། །དབྱིངས་རིག་གཉིས་སུ་མེད་པའི་དུས་ན། དབྱིངས་དང་རིག་པ་ཚད་ལ་དབབ་པ་ཡུལ་གྲུ་ཙམ་དུ་སྐུ་དང་ཐིག་ལེ་དང་། སྣང་བ་ཐམས་ཅད་ཅི་ཡང་མ་ཡིན་པར་ཆོས་ཉིད་ཟད་པའི་ཐབས་ལ་མཁས་པར་བྱའོ། །བྱང་ཆུབ་སེམས་དཔའ་ཆེན་པོ་གློག་གི་འོད་ཟེར་ཀུན་ནས་སྤྲིན་དང་བྲལ་བ་དེའི་དོན་རྣམས་ལ་ཡིད་

ཆེས་མ་སྐྱེས་ནས། བཞག་པའི་ཚད་ལྔ་རིག་པ་མངོན་སུམ་ལ་མཁས་པར་བྱའོ། །སྣང་བ་ཐམས་ཅད་ཀྱི་ཚད་ནི། རང་གི་ལུས་རྣམས་ཀྱི་རྡོས་པ་ཤ་ཁྲག་གི་ལུས་མི་སྣང་བས་བཟུང་ངོ་། །ཡེ་ཤེས་རྣམས་ཀྱི་ཚད་ནི། ཐིག་ཟླུམ་པོའི་སྐུ་དང་བཅས་པ་ལེ་ཕྱི་ནང་དུ་སྣང་བ་དང་འདྲེལ་པས་བཟུང་ངོ་། །འོད་ཀྱི་ཚད་ནི་སྣང་བ་ཐམས་ཅད་རགས་པ་མི་སྣང་བས་སྐུ་དང་གཉིས་སུ་མེད་པས་བཟུང་ངོ་། །རིག་པའི་ཚད་ནི་གར་གཏད་ས་དེར་འགྲོ་འོང་མེད་པའི་ཡེ་ཤེས་རང་བཞག་ཏུ་གནས་པས་བཟུང་ངོ་། །ཆོས་ཉིད་ཟད་པའི་ཚད་ནི། སྣང་བ་ཐམས་ཅད་འོད་ལ་སོགས་པ་གང་གི་ངོ་བོར་ཡང་མ་གྲུབ་ཁ་དོག་མ་གྲུབ་པས་བཟུང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀློག་གི་འོད་ཟེར་འོད་ཀུན་ནས་སྤྲིན་དང་བྲལ་བས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །དེ་ལྟར་བཞག་པའི་དོན་རྣམས་ཀྱིས། །བདག་གིས་སྐྱེ་མེད་མིག་ཀྱང་ཐོབ། །ཤེས་རབ་རྣམས་ཀྱི་ལུས་ཟུངས་རྫོགས། །སྐུ་གསུམ་འབྲས་བུ་རིག་པ་ཅེར་བཞག་རྙེད། །བཞག་པ་ལྔ་དོན་དེ་ལྟར་ན། །སེམས་ཅན་རྣམས་ཀྱི་རང་སྣང་ཡུལ། །མ་བཙལ་བཞག་པའི་དོན་དེ་གང་། །སྟོན་པ་ཉིད་ཀྱིས་བདག་ལ་གསུངས། །ཀུན་བཟང་སྟོན་པས་བཀའ་སྩལ་པ། །ཀྱེ་མ་བྱང་ཆུབ་སེམས་ཆེན་པོ། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །སེམས་ཅན་ཀུན་གྱི་རང་སྣང་ཆེ། །གཞན་ནས་བཙལ་བའི་གནས་མེད་དེ། །རང་རིག། རང་གི་མཐུ་ཡིས་རང་རིག་ལས། །ཕྱི་ནང་མེད། སྟོང་གསུམ་འཇིག་རྟེན་གང་ནས་ཀྱང་། །དེ་ཉིད་བཙལ་ཡང་རྙེད་གནས་མེད། །འཇིག་རྟེན་ཀུན་གྱི་སྤྱོད་ཡུལ་ནི། །དེ་ཉིད་སྣང་བའི་རང་བཞིན་ལ། །ཐམས་ཅད་ལ་ཁྱབ་པ། སུས་ཁྱབ་ཀྱང་ཀྱང་མཐོང་བ་མེད་པ་ཡི། །སྣང་བ་འདི་ལྟར་རང་རིག་བདེ་བའི་ཞིང་། །འདི་ལ་གོམས་པའི་རྣལ་འབྱོར་པ། །ཀུན་ཏུ་བཟང་པོ་ང་ཡི་སྐུ། །སྐལ་དང་ལྡན་པ་དེ་ཡིས་མཐོང་། །རང་རིག་སྐལ་མཉམ་སྟོང་ཉིད་གྲོགས། །འདི་ལ་གོམས་

པའི་སྐལ་བ་ཅན། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་ལ་ཞུགས། །འདི་དང་ང་ཉིད་སྐལ་བ་མཉམ། །ང་ཡི་དཀྱིལ་དང་འཁོར་ཡང་ཡིན། །ནོར་བུ་རིན་ཆེན་འོད་འབར་བའི། །སངས་རྒྱས་རྣམས་ཀྱི་གསང་ཆེན་འདི། །དུས་གསུམ་སུས་ཀྱང་མཐོང་མེད་ང་ཡིས་བསྟན། །ང་ནི་ཀུན་བཟང་རྟོག་མེད་ལ། །ཐུགས་རྗེའི་སྣང་མཐའ་མ་འགགས་པས། །སེམས་ཅན་རྣམས་ཀྱི་རེ་གནས་ས། །མ་བཙལ་བཞག་པའི་རིན་པོ་ཆེ། །ཀུན་གྱི་སྤྱོད་ཡུལ་མིན་པས་ན། །འདི་ཉིད་རྟོགས་པའི་རྣལ་འབྱོར་པ། །མི་ཡིན་ང་ནི་རྒྱལ་བའི་སྐུ། །དབང་ཕྱུག་ཡིན་གྱིས་གུས་ཕྱག་འཚོལ། །ཀུན་ཏུ་བཟང་པོ་ང་ཡི་སེམས། །སུ་ཡིས་རིག་ཅིང་རྟོགས་པ་དེ། །སངས་རྒྱས་སྟོང་དང་སྐལ་བ་མཉམ། །སྐལ་ལྡན་སྐྱེས་བུ་བློ་རྩལ་ཅན། །མི་གཡོ་དགོངས་པ་མཉམ་གཞག་རྗེས་སུ་འཛིན། །དཀྱིལ་འཁོར་འདུས་པའི་མངའ་བདག་གོ། །འདི་ལྟ་སུ་ཡིས་རིག་ཅིང་ཤེས། །མ་བཙལ་བཞག་པས་དོན་དང་འཕྲད། །འདི་འཕྲད་རྣལ་འབྱོར་སྐལ་ལྡན་དུ། །བསྐལ་པ་བརྒྱ་ཕྲག་བྱེ་བར་འགྱུར། །དེ་ཕྱིར་འདི་ལ་འདྲིས་པར་གཅེས། །རྟག་ཏུ་འདི་ལ་གོམས་སྤྱོད་ན། །རྡོ་རྗེ་སེམས་དཔའ་ཉིད་དང་མཉམ། །དེ་ཉིད་ཀློང་དུ་གྱུར་པར་བྱའོ། །དེ་ནས་གློག་གི་འོད་ཟེར་ནི། །ཀུན་ནས་སྤྲིན་དང་བྲལ་བ་ཡིས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚིག་ནི་འདི་སྐད་ཉིད་དུ་གསོལ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །མ་འོངས་སེམས་ཅན་ཀུན་རྒྱུད་ལ། །རྟོགས་པའི་ཡེ་ཤེས་ཅི་ལྟར་གནས། །འདི་ཀུན་བདག་གིས་མ་འཚལ་ན། །སྟོན་པ་ཐུགས་རྗེ་ཆེན་པོས་གསུངས། །ཀུན་ཏུ་བཟང་པོ་སྟོན་པ་ཡིས། །ཞལ་ནས་གསུང་བ་ཅང་མེད་པར། །ཚིག་གི་རྒྱལ་པོ་འདི་དག་ཀུན། །མ་གསུངས་འཁོར་གྱི་བློ་རྨི་ལམ་ལྟ་བུའི་ཚིག་ཏུ་ལ་སྣང་། །མ་བསམས་པའི་ཚེ་རྙོག་པ་མེད་དང་རང་སེམས་ངོ་བོ་དང་། །ངོ་བོ་རྟོག་པ་མེད་པའི་རང་རིག་ཡུལ་ལ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བསྒྲིབས་གཏིང་གསལ་སྣང་བ་རང་ཤེས་རིག་གི་རྒྱལ་པོ་དང་། །འགྲོ་བའི་བསམ་རྒྱུད་ཞེན་པ་

རང་ཤེས་པར་མཉམ་པས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །མ་བཙལ་བཞག་པའི་བསྒོམ་པ་རང་བཞིན་གནས་པ་དང་། །རྩ་རླུང་སེམས་ཀྱི་ངལ་བསོ་གཉིས། །བདེ་བའི་སྒོ་ནས་མཉམ་པ། འདྲའོ་འདྲའོ་ནོར་ར་རེ། །ཐམས་ཅད་ལ་ཁྱབ་བའི་ཚེ་དྲན་མེད་རིག་པ་ཡུལ་སྣང་དང་། །དྲན་བསམ་འགྲོ་དྲུག་འཁྲུལ་པ་གཉིས། །རྣམ་རྟོག་ཡུལ་ལ་འཇུག་པའི་ངོས་ནས་འདྲ་བས། འདྲའོ་འདྲའོ་ནོར་ར་རེ། །ཆོས་ཉིད་དག་པའི་བར་དོ་དང་། །ལོངས་སྐུའི་རང་ལམ་ཆེན་པོ། ཡི་དམ་ལྷ་ཡི་སྒྱུ་ལུས་བསྒོམ་པའི་སྟོབས་ཀྱི་སྐུ་རུ་འདྲ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་སྤྲུལ་སྐུའི་ཞིང་ཁམས་དབུགས་འབྱིན་པ་དང་། །སྤྱིའི་ཐེག་པ་བགྲང་བའི་སངས་རྒྱས་གཉིས། །གསུང་དུ་ཡོད་པ་འདྲ། འདྲའོ་འདྲའོ་ནོར་ར་རེ། །སྐུ་གསུམ་འབྲས་བུའི་མཐར་ཐུག་ཀ་དག་དང་། །སྣ་ཚོགས་མ་ངེས་ལྷུན་གྲུབ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཐེག་པ་རྣམས་ཀྱི་ཡིད་དཔྱོད་བལྟ་བ་ཡིན་ཚུལ་འཇོག་པ་དང་དང་། །རིག་པ་མངོན་སུམ་བལྟ་བ་གཉིས། །བཞག་པ་ཙམ་གྱིས་འདྲ་བར་སྣང་། ལྟ་བའི་ཕྱོགས་བལྟ་བར་བྱ་བ་མི་འདྲ་ནས་འདྲ་འདྲ་ལ། །འདྲའོ་འདྲའོ་ནོར་ར་རེ། །རྩོལ་མེད་རིག་སྐུ་ཡུལ་ནམ་མཁའ་ལ་སྣང་དང་། །མཚན་མ་ལྟ་སྒོམ་པའི་གཟུགས་བརྙན་གཉིས། །རྣམ་པའི་སྒོ་ནས་འདྲའོ་འདྲའོ་ནོར་ར་རེ། །རིག་པའི་མཛད་སྤྱོད་ཡུལ་ལ་ཤར་བའི་རོལ་པ་དང་། །འགྲོ་དྲུག་དྲན་རྟོག་འཁྲུལ་པའི་སྣང་བ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་བཞིན་རིག་པ་ཡེ་ནས་རྣམ་དག་ཐིག་ལེ་དང་། །རླུང་བཟུང་མཚན་བཅས་སེམས་གཏད་པའི་ཐིག་ལེ་ཐིག་ལེ་གཉིས། །མིང་གི་སྒོ་ནས། འདྲའོ་འདྲའོ་ནོར་ར་རེ། །ཆོས་སྐུ་རྣམ་དག་སྣང་བ་ཀ་དག་དང་། །མྱ་ངན་འདས་པའི་གྲོང་ཁྱེར་ལྷུན་གྲུབ་འཆར་ཚུལ་གཉིས། །འདྲའོ་འདྲའོ་ནོར་ར་རེ། །རང་རིག་བསམ་པ་བྲལ་བ་རིག་པ་དང་། །ཤེས་པ་ནང་དུ་སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །སྣང་བ་ཆོད་པས་ཤེས་རབ་རང་རྩལ་རྫོགས་པ་དང་། །རྟོག་དཔྱོད་ཙམ་དུ་ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གསང་ཆེན་

ངེས་པའི་བདེན་ཚིག་གནས་ལུགས་ཀྱི་ཚིག་ཙམ་དང་། །ལྡེམ་དགོངས་བཅུག་པའི་ཚིག་ཙམ་དུ་འགལ་ཚིག་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ངེས་པའི་བཅུ་གསུམ་ཡུལ་དུས་རིག་པ་མན་ངག་དང་། །མཚན་མ་དཔེ་ཡི་དཔེ་དོན་རྣམ་གསུམ་གྱི་སྒོ་ནས་བསླུ་བྲིད་གཉིས། །འདྲའོ་འདྲའོ་ནོར་ར་རེ། །གལ་ཏེ་གསང་བའི་བདེན་པའི་ཚིག །ཉིད་ཀྱི་ཞལ་ནས་མ་གསུངས་པར། །འཁོར་རྣམས་ཀྱིས་རྨི་ལམ་ལྟ་བུའི་མཚན་ཉིད་དུ། །འཁོར་གྱི་བྱང་སེམས་རྣམས་ལ་ནི། །ཤེས་རབ་རྟོག་དཔྱོད་བློ་ལ་སྣང་། །དེ་ལྟར་རང་རང་རྒྱུད་གྲོལ་ནས། །ཤིན་ཏུ་ངོ་མཚར་ཉིད་གྱུར་ནས། །འདི་སྐད་ཚིག་ནི་ཡང་གསོལ་ཏོ། །ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །ཉིད་ཀྱི་ཞལ་ནས་མ་གསུངས་པར། །བདེན་དོན་དམ་དང་ཀུན་རྫོབ་གཉིས་འདྲ་གཞིའི་ཚིག་རྣམས་ནི། །བདག་ཅག་རྣམས་ཀྱི་བློ་ལ་ཡང་། །རྨི་ལམ་ལྟ་བུའི་ཚུལ་དུ་གོ། །འདི་དག་རྣམས་ནི་ཅི་ལྟར་ལགས། །སྟོན་པ་ཉིད་ཀྱིས་བདག་ལ་གསུང་། །དེ་ནས་སྟོན་པ་ཀུན་ཏུ་བཟང་། །རང་བཞིན་ཉིད་མ་བཅོས་པའི་ཀྱི་ཡུལ་དག་ནས། །གློག་གི་འོད་ཟེར་སྤྲིན་བྲལ་ལ། །འདི་སྐད་ཅེས་ནི་བཀའ་སྩལ་ཏོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། གློག་གི་འོད་ཟེར་སྤྲིན་བྲལ་བ། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །དེ་ལྟར་རྨི་ལམ་ལྟ་བུའི་ཚིག །ངས་ནི་ཚིག་ཏུ་མ་བརྗོད་པར། །ཁྱོད་ལ་སོགས་པའི་འཁོར་རྣམས་ཀྱི། །བློ་ཡི་གཏིང་དུ་ཡིད་ཆེས་པ། །ངས་ནི་བཤད་པ་མ་ཡིན་ཏེ། །ང་ལ་དེ་ཡི་བར་དག་ཏུ། །སངས་རྒྱས་སྟོང་ཕྲག་དྲུག་ཁྲི་ཡིས། །འདི་ཀུན་གྱིས་གསུངས་པའི་ཚིག། ལུང་རྣམས་གཅིག་ཏུ་དྲིལ་ནས་བསྟན། །དེ་ཚིག་ཁྱོད་ཀྱིས་ཐོས་པ་ལེགས། །དེ་ཀུན་སངས་རྒྱས་དེ་དག་དང་། །སྐལ་བ་མཉམ་པར་འགྱུར་བའོ། །མི་རྟོག་ཡེ་ཤེས་ལས་བྱུང་བ། །མ་བཙལ་བཞག་པའི་མན་ངག་གིས། །ཡེ་ཡོད་དང་པོའི་སངས་རྒྱས་རྙེད། །འདི་ཚེ་ང་ནི་འགྲུབ་པའི་སྣང་བ་དག །དག་པའི་རྟགས་ནི་ཆོས་རྣམས་དྲན་བྱེད་དུ་མེད་ཟད། །འདི་ཉིད་ཟད་པས་འཁོར་བ་སྟོངས། །འཁོར་བ་ཉིད་

ནི་ཆོས་ཟད་པ་སྟོང་པའི་རྟགས། །རིགས་དྲུག་གཟུགས་རྣམས་མི་སྣང་ངོ་། །འོད་དུ་གྱུར། དེ་ལྟར་མི་སྣང་རང་སྣང་དང་ཕ་རོལ་གཉིས་ཀ་འོད་ཀྱི་སྐུ། །འགྲོ་དང་འོང་དང་འདུག་པ་འགྲོ་བ་འོད་ལུས་སུ་སྣང་བ་དང་། །ཇི་ལྟར་ཇི་བཞིན་སྒྲ་རིག་ཀྱིས་གོ་པ། །འདི་ནི་བདེན་པ་གོམས་པའོ། །བདེན་གོམས་རྣལ་འབྱོར་སྐལ་ལྡན་པ། །སུས་མ་རྙེད་པའི་དོན་རྙེད་དེ། །འདི་ལ་རིན་ཐང་དཔག་ཏུ་མེད། །དཔག་མེད་ནོར་དང་འཕྲད་པའི་མིས། །སུས་མ་མཐོང་བའི་སྣང་བ་མཐོང་། །འདི་མཐོང་རང་ཉིད་རིན་པོ་ཆེ། །དེ་ལྟར་སེམས་ལ་ལྟད་ཆེ་བ། །ཆོས་ཅན་དུམ་བུའི་ཕྱག་མས་བཏབ། །མི་སྣང་བར་བྱས། ཆོས་ཅན་དུམ་བུར་སུས་ཆོད་པ། །འདིས་ནི་རང་རིག་མངོན་སུམ་དུ་སྤར་གྱིས་ཟིན། །འདི་ལྟར་ཟིན་པའི་སྐྱེས་བུ་ཡིས། །སངས་རྒྱས་པས་ཀྱང་ཡེ་ནས་སྔར་སངས་རྒྱས། །བདེན་པ་ཡི་ནི་དཀྱིལ་འཁོར་ལ། །སུ་ཡིས་བལྟ་བར་ནུས་པ་དེ། །རིགས་ལྔ་རྣམས་ཀུན་གྱི་གཙོ་བོར་འགྱུར། །དཔལ་ལྡན་ཚོགས་ཀྱི་བདག་པོ་ཞེས། །ཧེ་རུ་ཀ་ཡི་དབང་རྣམས་རྫོགས། །ཁྱད་པར་ཅན་ཞེས་རིམ་པ་ལ་འཁོར་ལོས་སྒྱུར། །མི་དེ་ངན་སོང་གསུམ་འཁྲུལ་པ་དང་ཤི་ཁ་དང་བར་དོ་ལ་འདས་ཞེས། །འདས་པའི་སངས་རྒྱས་ཐམས་ཅད་ཀྱིས། །འདི་ལ་ལུང་རྣམས་སྟོན་པར་འགྱུར། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །རྣལ་འབྱོར་སྐལ་དང་གང་ལྡན་པ། །ཁྱད་པར་འདི་རྟོགས་ཉིད་དུ་ཤེས། །སྒྲ་འབྱུང་བ་དང་འཇུག་པ་དང་གནས་པ་དང་བཟློག་པ་བཞི་གོམས་པའི་རྣལ་འབྱོར་པས། །ལུས་ཀྱི་རྟོགས་ཕྱི་ནང་གསང་བ་བླ་ན་མེད་པ་རྣམས་མངོན་དུ་འབྱིན། །གང་གིས་དབྱིངས་ཀྱི་འོད་ལ་འདྲིས་པ་ཡི། །ས་རྡོ་རི་བྲག་རང་སར་འགགས། །ཐིག་ལེ་དག་ལོངས་སྐུའི་སྣང་བ་ལ་སུས་གོམས་པ། །ཉག་གཅིག་དགོངས་པ་རྩད་ཀྱང་ཆོད། །སྐུ་རིག་པ་ལ་གོམས་པའི་རྣལ་འབྱོར་པས། །རིགས་དྲུག་གཟུགས་ཀྱང་ལོངས་སྐུར་གསལ། །རིག་པ་ཉིད་ལ་སུས་གོམས་པ། །འདིས་ནི་ཆོས་རྣམས་ཅི་ཡང་ཟད་པར་འགྱུར། །སྙིང་པོ་

ཡང་ནས་ཡང་བསྡུས་པ། །ངེས་པ་འདི་ལ་གང་གོམས་པ། །ཆོས་ཀུན་སྤྱི་དང་རང་གི་བསླབ་པ་མེད་པར་ཤེས། །དེ་བཞིན་མ་རང་གནས་སུ་བསྒོམས་ཏིང་འཛིན་ཐོབ། །དེ་ལས་གཞན་གྱི་གྲུབ་པའི་མཐའ་མེད་པས། །ལུང་དང་རིག་པ་དུས་གཅིག་ཤེས་པ་ཡིན་རྫོགས། །སྔགས་དང་ཕྱག་རྒྱ་དཀྱིལ་འཁོར་དང་། །མཆོད་དང་དབང་དང་དམ་ཚིག་ནི། །མ་བཙལ་བཞག་པའི་ཚུལ་དུ་ཐོབ། །འདས་དང་མ་འོངས་ད་ལྟ་རྣམས། །སྐད་ཅིག་ཆ་ལ་དུས་གསུམ་རྫོགས། །ས་དང་ལམ་དང་ཚོགས་རྣམས་ནི། །ལམ་བགྲོད་ཅིང་སྦྱང་དང་ཚོགས་བསག་མེད་པར། །སྐལ་ལྡན་སེམས་ལ་དུས་གཅིག་རྫོགས། །གཞི་དང་ལམ་དང་འབྲས་བུ་ནི། །ཅི་ལྟར་གནས་པའི་ཚུལ་དུ་སྣང་། །ངོ་བོ་རང་བཞིན་ཐུགས་རྗེ་ནི། །རྟོག་མེད་རང་སངས་ཉིད་དུ་གནས། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་ཐོབ། །ལྟ་དང་སྒོམ་དང་སྤྱོད་པ་དང་། །མ་བསྟན་འཁོར་བའི་ཚུལ་དུ་རྫོགས། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །སྣང་དང་སྟོང་དང་དབྱེར་མེད་ནི། །མ་བྱས་ཡེ་རྫོགས་ཉིད་དུ་གནས། །ས་དང་ཆུ་དང་མེ་དང་རླུང་། །ནམ་མཁའ་ཡེ་རྫོགས་འདི་ཀུན་སྔོན་གྱི་འཆར་ཚུལ་ཚུལ་དུ་གནས། །དམིགས་པ་དག་པའི་རྣལ་འབྱོར་པས། །དྲི་མ་མེད་པའི་ཕྱོགས་ནས་ནི། །གཟུང་འཛིན་མེད་པའི་ལྟ་བ་མཐོང་། །དཔེ་བྲལ་ཡེ་ཤེས་གཞི་དག་ལས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །འདི་ཀུན་རིག་པར་རབ་ཏུ་དཀའ། །གལ་ཏེ་འདི་ཉིད་སུས་རིག་པ། །སྟོང་གསུམ་ཀུན་ཀྱང་ཆ་མེད་པའི་རིག་པ་ཏིལ་འབྲུར་ཚུད། །རྒྱ་མཚོ་ཆེན་པོ་ཧུབས་ཀྱིས་བཏབ། །འཁོར་བ་རང་དག་ཏུ། དེས་ནི་རི་རབ་སྲང་ལ་གཞལ། །རགས་པ་ལོག་པའི་རིག་པ། ཁམས་གསུམ་པོ་ནི་གཏིང་ནས་རང་དག་ཏུ་བཟློག །སྲིད་པ་གསུམ་ལུས་སེམས་ཀྱི་ཞེན་པ་ཀ་གདར་ཤ་བཅད། །ཤེས་རབ་དག་པའི་སེམས་ཅན་མ་ལུས་སྲོག་བཅད་ནས། །སངས་རྒྱས་རྣམས་དང་དབྱེར་མི་ཕྱེད། །ཀུན་ཏུ་བཟང་པོ་བྱང་ཆུབ་

སེམས། །མི་སྣང་མི་འབྱུང་རང་རིག་གསལ། །གླེང་བྲལ་འདི་ལ་འདྲིས་པའི་མི། །བརྗོད་མེད་རང་དག་རྙེད་པའོ། །འདི་ཉིད་ཡོན་ཏན་དཔག་ཏུ་མེད། །དཔག་མེད་སངས་རྒྱས་རྣམས་དང་མཉམ། །མཉམ་ཉིད་ཤེས་པ་ཀུན་གྱི་རྗེ། །རང་རིག་མཉམ་པའི་རྒྱལ་པོ་ལ། །བླ་མའི་གདམས་ངག་གིས་ལུང་གིས་གསལ་གདབ་པ། །འཁྲུལ་པ་རང་དག་ཏུ་འདི་ནི་གསེར་འགྱུར་རྩི་བཞིན་དུ། །བརྗོད་དུ་མེད་པའི་ཀློང་ཞེས་བྱ། །གཅིག་རིག་པ་ཤེས་བྱ་བ་སུས་ཤེས་པ། །དེས་ནི་གཉིས་ཀྱི་གྲངས་ཟད་པར། །ཀུན་བཟང་ང་ཡི་སེམས་ལ་ཤར། །དེ་ལ་ཤར་ནུབ་ཡོངས་ཀྱིས་མེད། །ནུབ་མེད་སྙིང་པོའི་དོན་འདི་ལ། །དག་པས་ཞུགས་པའི་ལུང་རབ་ཅན། །འདི་ཀུན་ས་སྟེ་མི་འགྱུར་རྫོགས། །འགྲོ་བའི་མགོན་པོ་དྲི་མེད་ངས། །མཛད་པ་མེད་པའི་ཐུགས་རྗེ་ཡིས། །ཟིན་པ་མེད་པའི་ལས་རྣམས་བྱས། །སྣ་ཚོགས་སུ་ཤར་བས། ཆགས་དང་བྲལ་བའི་ཡིད་ཀྱིས་ནི། །རང་སྣང་སྔར་མ་མཐོང་བའི་ཡུལ་མཐོང་ནས། །བླ་མའི་གདམས་པའི་རྩད་རྣམས་ནི། །རིག་པ་མཐོང་མ་ཐག། དུས་ནི་སྐད་ཅིག་མཐའ་ལ་ཆོད། །ཀྱེ་མ་ཡང་ཉོན་སེམས་དཔའ་ཆེ། །ཀུན་བཟང་ང་ལ་ལྟ་བ་མེད། །ཡིད་དཔྱོད་ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་ཤེས་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་རང་བྱུང་དུ་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཟད་པ་འདི་ལ་མཐའ་བརྟེན་ནས། །མི་དེ་མི་ཡི་སྣང་སངས་རྒྱས་དང་མཉམ་བ་མེད། །ལྷ་བརྒྱ་བྱིན་ཚངས་པ་དབང་ཕྱུག་དང་སྲིད་པའི་བདག་པོ་ཀུན། །འདི་ལ་སྐྲག་ཅིང་སྔངས་ནས་ནི། །འཇིག་རྟེན་དང་རིགས་ཀྱི་མཐུན་པའི་གཟུགས་བཟུང་ནས། །སྣོད་དུ་མ་གྱུར་པས་འཕགས་པའི་བདེན་པ་ཉིད་དང་བྲལ། །འཁོར་བའི་དཔུང་ཡུལ་ལ་མངོན་པར་ཞེན། །འདི་ཀུན་རང་གི་ལས་སྤྱོད་ཕྱིར། །དེ་དག་སྔགས་ལ་གཟུང་བ་ཡི། སྔགས་ལ་འཇུག་པའི་ཡན་ལག་སེམས་སྦྱོང་བ་ལ་སོགས་པ་གིས། །ཕྱིན་ཅི་ལོག་རྟོག་འགྲོ་བ་ཀུན་ཐུགས་རྗེ་ལྡན་པས་སེམས་གཟུང་བྱ། །རྩ་རླུང་ལ་བསླབས་པ་དེ་ནས་

རིག་སྣང་ཡུལ་འདི་བསྟན། །འདི་ལ་མཐོང་མ་ཐག་ཏུ་འདྲིས་པ་སྐལ་བ་ཆེ། །དེ་ཡི་ཕྱིར་ན་ཀུན་བཟང་ངས། །འདི་ཀུན་རིག་པའི་སྐྱེས་བུ་ནི། །སྐད་ཅིག་ལ་འཕགས་པ་རྣམས་དང་རྫུ་འཕྲུལ་མཉམ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །ངས་ནི་འདི་ཀུན་ཡང་ཕྱེ་བར། །ཚིག་གིས་རྣམ་པར་མཚོན་ནས་ནི། །ཡང་དག་གསང་བའི་དོན་རྣམས་སུ། །གཞུང་དུ་རྣམ་པར་བཀོད་ནས་བསྟན། །འདི་ལ་འབྲས་བུ་སུས་འདྲིས་པ། །རྣལ་འབྱོར་རྣམས་ཀྱི་རྣལ་འབྱོར་རོ། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པ་གསང་བའི་རྒྱུད་ཆེན་པོ་ལས། ཆོས་ཉིད་ཐམས་ཅད་གཏན་ལ་ཕབ་པའི་ཀློང་ཞེས་བྱ་སྟེ་གཉིས་པའོ། །རྫོགས་སོ།། །།ལྷ་མིན་རྣམས་གནས་སུ་དག་པར་བྱེད་པའི་སྐབས་ཏེ་གཉིས་པའོ།། །།དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ཉིད། ཆོས་ཉིད་སྒྱུ་མ་རབ་ཏུ་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞལ་འཛུམ་པ་མཛད་པས།ཞལ་གྱི་སྒོ་ལ་སོགས་པ་ནས་འོད་ཟེར་སྟོང་ཕྲག་དཔག་ཏུ་མེད་པ་འཕྲོས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང་རང་སངས་རྒྱས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི། ཡིད་ཀྱི་རྟོག་པ་རྣམ་པར་སྦྱངས་སོ། །དེ་ནས་འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། འོད་ཟེར་ཀུན་འདུས་མཐའ་ཡས་པ་ཞེས་བྱ་བ་ལངས་ཏེ། བླ་གོས་ཕྲག་པ་ལ་གཟར་ཏེ། སྟོན་པ་ཀུན་ཏུ་བཟང་པོ་ལ་མ་ཆགས་པའི་མཆོད་པ་རྣམས་ཀྱིས་མཆོད། མ་གླེངས་པའི་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས། འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ལ། སེམས་ཉིད་ཅེས་པ་ཅི་ལྟ་བུ་ལགས། འདི་བདག་གིས་མ་འཚལ་ན། སྟོན་པས་གསུང་དུ་གསོལ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་རྣམས་ཀྱི་ནང་དུ་འདི་སྐད་དུ་བསྒྲགས་སོ། །ཀྱེ་འོད་ཟེར་ཀུན་ནས་མཐའ་ཡས་

པའི་བྱང་ཆུབ་སེམས་དཔའ།འཁོར་འདི་དག་གི་ནང་དུ་ངས་སེང་གེའི་སྒྲ་བསྒྲགས་གྱིས། ཁྱོད་ལ་སོགས་པ་དབང་པོ་རབ་ཏུ་དང་བས་ཉོན་ཅིག། སེམས་སུ་གཏན་ལ་ཕེབས་ནས་བསྟན་པ་རིགས་དྲུག་གི་སེམས་ཅན་ལ་སོགས་པ་འདི་དག་རྣམས་ནི་སེམས་ཀྱིས་བསྡུས་པས་ན། སེམས་ཅན་ཞེས་ལུས་ལ་ཚིག་ཐམས་ཅད་དུ་འབྱུང་བའོ། །བྱང་ཆུབ་སེམས་དཔའ་ཁྱོད་སེམས་ལ་རྣམ་པར་དད་ན་འདི་ལྟར་ཡིད་ལ་ཟུང་ཞིག །མཉམ་པར་གནས་པའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་ཡུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འདྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་འདི་ཀུན་རིག་པའི་ཡོན་ཏན་འཆར་ཚུལ་དུ་བསྟན་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱའོ། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལས། །རང་བྱུང་ཆེན་པོར་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་ཤར་བས། །རང་རིག་གསལ་བའི་རང་ངོ་ཤེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བསམ་པ་མེད་པའི་སེམས་ཉིད་ལ། །རང་གནས་ལྷུན་འབྱམས་སྣང་བ་ནི། །སྒྲ་བཞི་རང་ལོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲན་པ་མེད་པའི་སེམས་ཉིད་འདི། །འགྱུ་བྱེད་རང་དག་སྣང་བ་ནི། །འཛིན་པ་རང་གྲོལ་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱུང་ཚོར་མེད་པའི་སེམས་ཉིད་ལ། །

མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་རིག་པ་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོ་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་དུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་བཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་མེད་པའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དེ་ལྟར་རང་དྭངས་དགོངས་པ་རུ། །སེམས་ཀྱང་གཏན་ལ་ཕབ་པ་ཡིས། །རྣལ་འབྱོར་སེམས་ལ་རང་དབང་ཐོབ། །དྲི་མ་བཅིངས་པ་ལས་གྲོལ་བའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནི། །འོད་ཟེར་ཀུན་ཏུ་མཐའ་ཡས་པས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །འདི་སྐད་ཚིག་གིས་ཡང་ཞུས་སོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །མེད་པའི་སེམས་ཉིད་དེ་ལྟར་ན། །ཡོད་པའི་སེམས་ཉིད་ཅི་ལྟར་ལགས། །འདི་དག་བདག་ལ་བཀའ་སྩོལ་ཅིག །སྟོན་པས་གསུངས་པ་སེམས་

དཔའ་ཆེ། །ང་ཡིས་བསྟན་གྱིས་ང་ལ་ཉོན། །ཡོད་པ་རྣམས་ནི་འདི་ལྟ་སྟེ། །སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འདི་དག་རྣམས་རིག་པའི་རྩལ་དུ་བསྟན། འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོར་སྣང་བ་ནི། །རང་ས་བཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །འབྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་དུ་ནི། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འདྲེལ་པར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །རྒྱུད་དང་ལུང་དང་མན་ངག་ནི། །གཅིག་ལ་གཅིག་བརྟེན་གཅིག་པར་ནི། །གྲུབ་པའི་མཐའ་དང་བཅས་པར་རྫོགས། །བསྒོམ་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་བཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཆེན་པོར་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་བཞིན་ཆེན་པོར་རྫོགས། །སྤྱོད་དུ་ཡོད་པའི་སེམས་ཉིད་ལ། །བྱ་བྱེད་རྣམས་ནི་རང་ཤར་བས། །སྣང་བ་རང་འཛིན་ཆ་ནས་ནི། །སེམས་ཉིད་བརྟུལ་ཤུགས་སྣ་ཚོགས་རྫོགས། །ཐོབ་ཏུ་ཡོད་པའི་

སེམས་ཉིད་ལ། །རེ་བ་ཉིད་དག་རང་སྣང་བས། །རྩོལ་བསྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོར་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སྐུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་རང་ཤར་ཏེ། །གཏད་པའི་ས་ཉིད་རང་སྣང་བར། །དམིགས་པའི་རྟེན་དང་བཅས་པར་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །བཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་བཞག་གཞིར་ཤར་བས། །ཅོག་བཞག་ཆེན་པོའི་ལྟ་བ་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོགས་ཆུ་ཉིད་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་དག་ལ། །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་ནི། །དྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །དེ་ལྟར་ཡོད་པའི་སེམས་ཉིད་ནི། །སྣང་བ་ཀུན་གྱི་བདག་པོར་འབྱུང་། །དེ་ཀུན་འབྱུང་བའི་སེམས་རྣམས་ཀྱི། །དྲི་མ་ཐམས་ཅད་རང་དག་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་ནི། །འོད་ཟེར་ཀུན་ཏུ་མཐའ་ཡས་པས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །འདི་སྐད་ཚིག་གིས་རབ་ཞུས་པ། །

ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ཡོད་པའི་སེམས་ཉིད་དེ་ལྟར་ན། །སྣང་བའི་སེམས་ཉིད་ཅི་ལྟར་ལགས། །སྟོན་པ་ཐུགས་རྗེ་ཆེ་མངའ་བས། །རིམ་པ་བདག་ལ་ཕྱེ་ལ་གསུང་། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །སེམས་ཞེས་འཛིན་པའི་རྣལ་འབྱོར་པས། །འདི་ལྟར་ཉིད་དུ་རྣམ་པར་བཤད། །ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རང་སར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རང་སར་དག །རགས་པར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རང་སར་དག །ཡོད་པར་སྣང་བའི་སེམས་ཉིད་ལ། །དངོས་པོ་རྣམས་ནི་རང་སར་དག །མེད་པར་སྣང་བའི་སེམས་ཉིད་ལ། །སྟོང་པ་ཉིད་རྣམས་རང་སར་དག །ཡོད་མེད་སྣང་བའི་སེམས་ཉིད་ལ། །གྲུབ་པའི་མཐའ་གཉིས་རང་སར་དང་། །ཆོས་སྐུ་སྣང་བའི་སེམས་ཉིད་ལ། །རང་གི་མཚན་ཉིད་རང་སར་དག །ཆོས་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་པ་རྣམས་ནི་རང་སར་དག །གཉེན་པོར་སྣང་བའི་སེམས་ཉིད་ལ། །དྲི་མ་རྣམས་ནི་རང་སར་དག །བབས་སུ་གྲུབ་པའི་སེམས་ཉིད་ལ། །གཞི་བཞག་ཆེན་པོ་རང་སར་དག །ཐོག་བབས་ཆེན་པོའི་སེམས་ཉིད་ལ། །སྣང་བ་ཐད་ཀར་རང་སར་དག །ཡིན་པར་སྣང་བའི་སེམས་ཉིད་ལ། །རྫུན་གྱི་ཚིག་རྣམས་རང་སར་དག །མིན་པར་སྣང་བའི་སེམས་ཉིད་ལ། །མ་བྱིན་ལེན་པ་རང་སར་དག །ཡིན་དང་མིན་པའི་སེམས་ཉིད་ལ། །མི་ཚངས་སྤྱོད་པ་རང་སར་དག །འཆལ་པ་མེད་སྣང་སེམས་ཅན་ལ། །ངག་འཁྱལ་རྣམས་ནི་རང་སར་དག །ཡུལ་ལ་སྣང་བའི་སེམས་ཉིད་ལ། །ཕྲ་མའི་ཚིག་རྣམས་རང་སར་དག །འགྱུ་བར་སྣང་བའི་སེམས་ཉིད་ལ། །འདོད་ལོག་རྣམས་ནི་རང་སར་དག །ཀ་ནས་དག་པའི་སེམས་ཉིད་ལ། །སྲོག་གཅོད་པ་ཡང་རང་སར་དག །རྐྱེན་དུ་སྣང་བའི་སེམས་ཉིད་ལ། །བརྣབ་

སེམས་རྣམས་ནི་རང་སར་དག །འབྲས་བུར་སྣང་བའི་སེམས་ཉིད་ལ། །གནོད་སེམས་རྣམས་ནི་རང་སར་དག །སྒྲ་རུ་སྣང་བའི་སེམས་ཉིད་ལ། །གྲགས་པ་རྣམས་ནི་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འཛིན་པའི་ཆ་རྣམས་རང་སར་དག །དྲི་རུ་སྣང་བའི་སེམས་ཉིད་ལ། །ཤེས་པའི་ཆ་རྣམས་རང་སར་དག །རོ་རུ་སྣང་བའི་སེམས་ཉིད་ལ། །མྱོང་བྱེད་ཤེས་པ་རང་སར་དག །རེག་ཏུ་སྣང་བའི་སེམས་ཉིད་ལ། །རེག་བྱའི་ཤེས་པ་རང་སར་དག །ཆོས་སུ་སྣང་བའི་སེམས་ཉིད་ལ། །སྤྱི་དང་ངར་འཛིན་རང་སར་དག །བདག་ཏུ་སྣང་བའི་སེམས་ཉིད་ལ། །ཞེན་པའི་བློ་རྣམས་རང་སར་དག །བདག་མེད་སྣང་བའི་སེམས་ཉིད་ལ། །ཆ་དང་བྲལ་བ་རང་སར་དག །ཟག་བཅས་སྣང་བའི་སེམས་ཉིད་ལ། །བསྐྱེད་པའི་འབྱུང་བ་རང་སར་དག །ཟག་མེད་སྣང་བའི་སེམས་ཉིད་ལ། །འཁྲུལ་རྐྱེན་དྲི་མ་རང་སར་དག །དམིགས་པར་སྣང་བའི་སེམས་ཉིད་ལ། །དམིགས་མེད་ཆ་རྣམས་རང་སར་དག །བློ་ཚོགས་སྣང་བའི་སེམས་ཉིད་ལ། །ཚོར་བ་རྣམས་ནི་རང་སར་དག །ཡིད་དུ་སྣང་བའི་སེམས་ཉིད་ལ། །སྤྱོད་བྱེད་ཆ་རྣམས་རང་སར་དག །གཟུགས་སུ་སྣང་བའི་སེམས་ཉིད་ལ། །འབྱུང་བ་འདུས་པ་རང་སར་དག །རྣམ་ཤེས་སྣང་བའི་སེམས་ཉིད་ལ། །རྒྱུ་རྐྱེན་རྣམས་ནི་རང་སར་དག །ཚོར་བ་སྣང་བའི་སེམས་ཉིད་ལ། །ཉམས་མྱོང་རྣམས་ནི་རང་སར་དག །འདུ་ཤེས་སྣང་བའི་སེམས་ཉིད་ལ། །གཟུང་འཛིན་ཆ་རྣམས་རང་སར་དག །འདུ་བྱེད་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །རྟོག་འཛིན་སྣང་བའི་སེམས་ཉིད་ལ། །དྲན་པའི་གཟུང་རྣམས་རང་སར་དག །ཅེས་སྟོན་པ་ཉིད་ཀྱིས་གསུངས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ཏུ་མཐའ་ཡས་པ་ལ་སོགས་པའི་འཁོར་དེ་དག་གིས་སེམས་ལ་ཅི་ལྟ་བ་བཞིན་ཏུ་དབང་ཐོབ་ནས། རྡོ་རྗེ་འཆང་ཆེན་

པོའི་ལྟ་སྟངས་དང་ལྡན་པར་གྱུར་ཏོ། །དེ་ནས་ཡང་འོད་ཟེར་ཀུན་ཏུ་མཐའ་ཡས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་སེམས་སུ་སྣང་བ་དེ་དག་རྣམས་ཀྱི་དོན་ཅི་ལྟ་བུ་ལགས། འདི་དག་བདག་གིས་མ་འཚལ་ན། གསུང་གི་མངའ་བདག་ཆེན་པོས་གསུང་དུ་གསོལ། ཞེས་ཞུས་པ་དང་། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉོན་ཅིག །སེམས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་འདི་དག་གི་དོན་རྣམས་ནི། འདི་ལྟར་ཤེས་པར་བྱའོ། །རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་དང་། རང་གི་མཚན་ཉིད་འཛིན་པའི་སེམས་རྣམས་སོ། །ཡང་གསོལ་པ། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་དེ་གང་ལགས། རང་གི་མཚན་ཉིད་འཛིན་པའི་སེམས་དེ་གང་ལགས། འདི་ཀུན་བདག་ལ་གསུང་བར་ཞུ། ཞེས་གསོལ་པས། སྟོན་པས་གསུངས་པ། ཀྱེ་སེམས་དཔའ་ཆེན་པོ། རིག་པ་དང་རིག་པ་ལས་བྱུང་བའི་སེམས་ཉིད་ནི། དྲི་མ་དང་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པ་སྟེ། མདོར་ན་མྱ་ངན་ལས་འདས་པའི་རྒྱུ་དང་འབྲས་བུ་ཐམས་ཅད་དེ། རིག་པའི་རང་སྣང་མཐོང་བའི་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ལོ། །རང་གི་མཚན་ཉིད་འཛིན་པའི་སེམས་ནི། འདི་ལྟར་རྟག་པར་སྣང་བ་རྣམས་དང་། ཡོད་པར་སྣང་བ་དང་། དེ་བཞིན་དུ་མེད་པར་སྣང་བ་ཐམས་ཅད་དང་། སྣང་བ་དང་། གྲག་པ་དང་། ལྟ་བ་དང་། སྒོམ་པ་དང་། སྤྱོད་པར་སྣང་བ་ཐམས་ཅད་དང་། འཛིན་པ་དང་། རྟོག་པ་དང་། ཉོན་མོངས་པ་རྣམས་ཏེ། བསམ་པའི་ཡུལ་དུ་སྣང་ཚད་ཐམས་ཅད་ཡིན་ནོ། །མདོར་ན་འཁོར་བའི་ཆོས་ཐམས་ཅད་ནི། རང་གི་མཚན་ཉིད་འཛིན་པའི་སེམས་ཏེ། འགྲོ་བ་རིགས་དྲུག་

རང་ཀ་མའི་སྣང་བ་ཐམས་ཅད་དོ། །ཀྱེ་སེམས་དཔའ་ཆེན་པོ། སེམས་དང་ཡེ་ཤེས་རང་གི་ངོ་བོ་མ་ཕྱེད་ན། ཉི་མ་སྤྲིན་ཕུང་གིས་བསྒྲིབས་པ་དང་འདྲ་སྟེ། ཕྱིར་སྣང་བའི་དོན་བྱེད་མི་ནུས་སོ། །དེའི་ཕྱིར་ན་སེམས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཕྱི་རོལ་གྱི་ཡུལ་བདག་མེད་དུ་རྟོགས། ཡེ་ཤེས་ལ་མཁས་པའི་རྣལ་འབྱོར་པ་རྣམས་ཀྱིས། རིག་པ་ཉིད་ཀྱིས་ཡེ་ཤེས་ལ་དབང་བསྒྱུར་ནུས་པའོ། །ཡང་གསོལ་པ།ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སེམས་ཀྱི་གནས་གང་ལགས། ཡེ་ཤེས་ཀྱི་གནས་གང་ལགས། བསྟན་དུ་གསོལ། ཞེས་ཞུས་སོ། །ཡང་བཀའ་སྩལ་པ། ཀྱེ་སེམས་དཔའ་ཆེན་པོ་སེམས་ཀྱི་གནས་ནི་ཀུན་གཞི་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན།ཀུན་གཞིས་ནི་བསམ་པའི་ཡུལ་ཐམས་ཅད་སྡུད་ཅིང་སེམས་སུ་འདུ་ཤེས་པའི་ཕྱིར་རོ། །ཡེ་ཤེས་ཀྱི་གནས་ནི་ཆོས་ཀྱི་སྐུ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཀྱི་སྐུ་ནི་དྲན་རྟོག་ཐམས་ཅད་མི་མངའ་ཞིང་། ཡུལ་ཅན་ཐ་དད་དུ་འཛིན་པའི་ཤེས་པ་མེད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་ཟེར་ཀུན་ཏུ་མཐའ་ཡས་པ། དེའི་ཕྱིར་ན་ཀུན་གཞི་དང་ཆོས་སྐུ་མ་ཕྱེད་ན། གཟུགས་གཅིག་ལ་ཐ་དད་དུ་འཛིན་པ་དང་འདྲ་སྟེ། དོན་སོ་སོར་སྣང་བར་མི་ནུས་སོ། །འདི་ལྟར་སྣང་བ་དང་། མི་སྣང་བ་དང་། ཡོད་པ་དང་མེད་པ་དང་། ཐམས་ཅད་ལ་སེམས་ཀྱིས་མ་ཁྱབ་པ་གང་ཡང་མེད་དོ། །དེ་ལྟར་ཆོས་ཉིད་གདལ་བ་ཆེན་པོ་ལ། ཆོས་ཅན་ཐ་དད་དུ་སྣང་བ་ཐམས་ཅད་གཅིག་ཏུ་འདུས་ཏེ། གནས་མི་འགྱུར་བར་རང་འདུག །ལམ་མི་འགྱུར་བར་རང་བྱུང་། ཡུལ་མི་འགྱུར་བར་རང་བརྡལ། སྣང་བ་མི་འགྱུར་བ་རང་བརྡལ་བ་ནི། ཀུན་ཏུ་བཟང་པོ་ངའི་མཛད་སྤྱོད་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། ཆོས་སྐུ་ནམ་མཁའ་ལྟ་བུ་ལ།ལོངས་སྐུ་སྐར་མའི་ཚོགས་ལྟ་བུ་རང་ཤར་ནས། སྤྲུལ་སྐུ་སྤྲིན་ཕུང་ལྟ་བུར་རང་འདུས་ནས། སེམས་ཅན་ཀུན་གྱི་དོན་མ་འགགས་

པར་བྱེད་པ་ནི། སངས་རྒྱས་རྣམས་ཀྱི་མཛད་སྤྱོད་དང་། །སེམས་ཅན་ཀུན་གྱི་རང་སྤྱོད་གཉིས། །འདྲ་གཞི་གཅིག་ལ་ཁྱད་པར་ཆེ། །དེ་ལྟར་ཀུན་བཟང་ང་ཡིས་བསྟན། །འདི་ལ་འདྲིས་པ་སུ་ཡིན་པ། །ཀུན་བཟང་ང་དང་སྐལ་བ་མཉམ། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་གསང་བ་ཆེན་པོ་ལས། སྣ་ཚོགས་སྤྲོས་པ་སེམས་སུ་གཏན་ལ་ཕབ་པའི་ཀློང་ཞེས་བྱ་བ་སྟེ་གསུམ་པ་རྫོགས་སོ།། །།མིའི་སྐྱེ་གནས་རྣམ་པར་དག་པའི་སྐབས་ཞེས་བྱ་སྟེ་གསུམ་པའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོ་ཉིད། སངས་རྒྱས་ཐམས་ཅད་ཀྱི་སྣང་བ་རྗེས་སུ་དྲན་པ་སེམས་ཀྱི་རྡུལ་རྣམ་པར་དག་པ་ཞེས་བྱ་བའི་དགོངས་པ་ལས་ལངས་ནས། མི་སྣང་བར་སེང་གེ་རྣམ་པར་བརྩེ་བ་ཞེས་བྱ་བའི་ཚིག་འཁོར་གྱི་ནང་དུ་འདི་སྐད་དུ་གསུངས་པའོ། །འཁོར་བའི་ཐོག་མ་ང་ཡིན་ཏེ། མི་ཟད་པ་རྒྱུན་གྱི་ཤེས་པ་རང་འཛིན་དུ་གནས་པའོ། །དེའི་ཕྱིར་ན་འཁོར་བ་རྣམས་ཀྱི་ཐ་མར་ཀྱང་ང་རང་བྱུང་བ་ཡིན་པས། ཟད་པ་ཤེས་པའི་དོན་ཉག་གཅིག་ཏུ་གོ་བའི་རྣལ་འབྱོར་པ་ཞེས་བྱའོ། །ཀྱེ་ངའི་འཁོར་དུ་འདུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པ་རྣམས་ཀྱིས། འཁོར་བ་ཉིད་ཐོག་མཐའ་བཅད་པ་ལ་མཁས་པར་བྱའོ། །ཞེས་ཚིག་ཏུ་བསྒྲགས་པས། འཁོར་དེ་དག་གི་ནང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་འདུས་པའི་འོད་ཟེར་ཞེས་བྱ་བས་འདི་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་ཐམས་ཅད་ཀྱིས་འཁོར་བ་ཐོག་མཐའ་བཅད་པའི་ལུགས་ཡོད་ལགས་སམ། སྟོན་པ་ཉིད་ཀྱིས་འཁོར་བ་ཐོག་མཐའ་བཅད་པ་ལགས་སམ། འདི་སྟོན་པ་ལ་བདག་ཉན་པར་འཚལ་ལོ། །དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་

སེམས་དཔའ་ཆེན་པོ་ཉི་མ་འདུས་པའི་འོད་ཟེར་ཁྱོད་ཉོན་ཅིག །འཁོར་བ་ཐོག་མཐའ་བཅད་པ་ཞེས་བྱ་བ་ནི། ངས་ཅི་ལྟར་བཅད་པ་དེ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་བཅད་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱིས་བཅད་པ་བཞིན་ཏུ། ངས་ཀྱང་བཅད་པ་སྟེ། ཐ་དད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་ཀྱང་རིག་པར་གྱིས་ཤིག །ང་ཀུན་ཏུ་བཟང་པོ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ནས། འགྲན་ཟླ་མེད་པར་སངས་རྒྱས་པའི་ཚེ།ཆོས་ཐམས་ཅད་ཀྱི་མིག་རྡུལ་དང་བྲལ་བ་རྙེད་དེ། ཞིང་ཁམས་ཀུན་ཏུ་མཐའ་ཡས་པ་མཐོང་ནས། སྣང་བ་ཕྱི་ནང་གཉིས་སུ་མེད་པར་འདྲེས་པའི་ཚེ། ཀློང་རྣམ་པར་དག་པའི་དགོངས་པ་ཐོབ་སྟེ། དེའི་ཚེ་འཁོར་བ་ཉིད་ཐོག་མཐའ་ཆོད་པ་ཞེས་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་མ་འདུས་པའི་འོད་ཟེར་གྱིས། འདི་སྐད་ཅེས་སྟོན་པ་ཀུན་ཏུ་བཟང་པོ་ལ་གསོལ་པ། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ཐོག་མར་སྟོན་པ་ཉིད་མེད་པའི་སྔོན་རོལ་ན། འདི་ལྟར་སེམས་ཅན་སེམས་ཅན་ཞེས་ཀྱང་མ་གྲུབ། སངས་རྒྱས་སངས་རྒྱས་ཞེས་ཀྱང་བྱ་བར་མ་གྲུབ་པའི་སྔོན་རོལ་ན། གཞི་འདི་ཅི་ལྟར་གནས་པ་ལགས། འདི་བདག་གིས་མ་འཚལ་ན་སྟོན་པས་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། ཀྱེ་མ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ང་ཡིས་བསྟན་གྱིས་ང་ལ་ཉོན། ཐོག་མ་བབས་ཀྱིས་གྲུབ་པའི་རྟོགས་ཏེ་སངས་རྒྱས་མེད། མ་རྟོགས་ཏེ་སེམས་ཅན་མེད་སྔོན་རོལ་གྱི་གཞི་གཞི། །ཡོད་པ་ངོ་བོ་གཅིག་ལས་མེད་པ་ལ། །འཁྲུལ་པར་སྣང་བའི་ཕྱོགས་དག་ནས། །བལྟས་ན་ཀུན། རྟོག་ཚིག་དང་ཤེས་རབ་ཀྱིས་ཚོགས་དག་ནི་གཏན་ཕབ་ན། །བློའི་ངོས་ནས་བལྟས་ན་རིམ་པ་བདུན་གྱི་ཚུལ་དུ་སྣང་། །རིམ་པ་བདུན་གྱི་སྣང་བ་ཡང་། །ངོ་བོ་ཀ་དག་ཆེན་པོའི་མཛད་པ་གཅིག་གི་སྣང་ཚུལ་ལས། །གཅིག་མ་ཀ་དག་མ་ཤེས་པས་ཤེས་པས་དེ་ལྟར་སྣང་། །འོན་

ཀྱང་དེ་དོན་ཚིག་གིས་མཚོན་པས་འདི་ལྟ་སྟེ། །གཞི་ལྷུན་གྲུབ་ཏུ་འདོད་པ་ཉིད་དུ་གནས་པ་ལ། །སྣ་ཚོགས་བསྡུས་པའི་སྙིང་པོར་སྣང་། །གཞི་ངེས་པ་མེད་པར་འདོད་པ་གནས་པ་ལ། །འགྱུ་བྱེད་ཡིད་བཅས་རྣམ་པར་སྣང་། །གཞི་ངེས་པར་འདོད་པ་རང་ངོར་གནས་པ་ལ། །དྲན་བྱེད་འཕོ་བ་མེད་པར་སྣང་། །གཞི་ཅིར་ཡང་བསྒྱུར་དུ་བཏུབ་པར་འདོད་པ་སྣང་བ་ལ། །འབད་དེ་བློ་ཡི་སྣང་བར་སྣང་། །གཞི་ཅི་ཡི་ངོ་བོར་ཁས་བླང་དུ་བཏུབ་པར་གནས་པ་ལ། །གང་སྣང་རང་གི་ངོ་བོར་སྣང་། །གཞི་ཁྲ་བོ་འམ་སྣ་ཚོགས་དག་ཏུ་འདོད་པ་གནས་པ་ལ། །སྣ་ཚོགས་སོ་སོར་ཚུལ་དུ་སྣང་། །འདི་ནི་ངོ་བོ་ཀ་དག་ནས་རང་བཞིན་ལྷུན་གྲུབ་ལ་ཡོན་ཏན་ཤར། ཀ་ནས་དག་པར་གནས་པ་ལ། །དྲི་མ་ཡེ་ནས་མེད་པར་སྣང་། །ལྷུན་གྲུབ་ལ་སོགས་པ་འདི་ཀུན་བློ་ཡི་རིམ་པ་ལས། །རང་ངོ་འདི་ཡི་འོད་ལ་ཀ་ནས་དག་པའོ། །དེ་ཀུན་བརྗོད་པའི་དྲུག་པོ་དེའི་ཐ་སྙད་ཙམ། །ཡང་ན་ཡོད་པ་མེད་སྣང་བས། །དོན་གྱིས་འཁྲུལ་པའི་བློ་རིམ་ལྟར་སྣང་ངོ་ཕྱི། །དེས་ན་འདི་ལྟར་སྣང་བའོ། །ཉི་མ་འདུས་པའི་འོད་ཟེར་གྱིས། །སྟོན་པ་ཉིད་ལ་འདི་ཤེས་པར་བྱ་བ་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ལྷུན་གྲུབ་ཏུ་འདོད་པ་ཞེས་པའི་གནས་ལུགས་ཏེ། །ངེས་པར་ཁོ་ནར་རང་བཏུབ་བམ་མི་བཏུབ་གཞི་ལགས་སམ། །འོན་ཏེ་སྣང་ཚུལ་ཉིད་ཀྱི་གཞི། །འདི་ལ་བརྟེན་པས་འདི་རང་བཞིན་ཡིན་ནས་དོན་རྙེད་དམ། །ཡང་ན་འདི་ཉིད་ལས་ཤེས་བྱ་སྟེ། །དང་དུ་བླང་བ་རང་གི་ངོ་བོ་ལགས་སམ་མ་ལགས་སམ། །འདི་ཀུན་བདག་ལ་སྟོན་པས་གསུང་། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །དེ་ཉིད་དོན་ཡང་འདི་ལྟ་སྟེ། །འདི་ཉིད་ཤེས་པར་བྱ་བ་ཡིན་གྱི་ངོ་བོ་མ་ཡིན་ཞེས་ལས། །དང་དུ་བླང་བ་མ་ཡིན་ནོ། །སྣང་བ་ཉིད་ཀྱི་ཚུལ་ཙམ་ལས། །འདི་ལ་ན་དངོས་བརྟེན་པ་མ་ཡིན་ནོ། །དེ་ལྟར་གནས་པའི་གཞི་དེ་ལ། །སྣང་ཚུལ་བཟློག་པའི་གཞི་ཞེས་བྱ། ལྷུན་གྲུབ་མཚོན་པའི་བདག་ཉིད་དོ། །

དེ་ནས་སེམས་དཔས་ཡང་གསོལ་པ། །ཀྱེ་མ་སྟོན་པ་ཀུན་ཏུ་བཟང་། །ལྷུན་གྲུབ་སྣ་ཚོགས་གཞི་དེ་ནི། །ཡང་དག་གཞི་ཉིད་མ་ལགས་ཏེ། །གལ་ཏེ་ཡིན་ན་འདི་ལྟར་འགྱུར། །འདི་དག་སེམས་ཅན་འབད་པས་ནི། །གྲོལ་བ་ཉིད་དུ་མི་འགྱུར་ཏེ། །མ་རིག་ཉིད་ཀྱིས་སྦགས་པའི་ཕྱིར། །རིག་པ་ཡོད་རྒྱུ་ལྷུན་གྱིས་གྲུབ་པ་པས་གྲོལ་གསུངས་ན། །འབྲས་བུ་གཉིས་དུས་མཉམ་དུ་གྲོལ་མི་འགྱུར་རམ། །དཔེར་ན་སོལ་བ་ནག་པོ་ལ། །བྱི་དོར་དག་གིས་དཀར་པོ་ཡི། །མདོག་དཀར་པོར་འགྱུར་བ་ནི་མི་ནུས་བཞིན། །རྒྱུ་དང་འབྲས་བུ་ཐ་དད་པས། །ཡང་ན་འབྲས་བུ་ལྷུན་གྱིས་མ་གྲུབ་ན་ལྷུན་གྲུབ་མ་ལགས་སོ། །དེ་བཞིན་རྒྱུ་དང་འབྲས་གཅིག་ན། །འབད་པ་རྣམས་འབྲས་བུ་ལྷུན་གྲུབ་ཡིན་ཕན་ཆད་འབད་པས་འབྲས་བུ་ཐོབ་པ་དག་ལ་དགོས་པ་མེད་པར་འགྱུར་ཏེ། འབྲས་བུ་ཉིད་ལ་ལྷུན་གྱིས་གྲུབ་པས་རྒྱུ་འབྲས་རང་ལོག་གི་སྐྱོན་སྤང་བར་མི་ནུས་སོ། །ལ་དགོས་མེད་འགྱུར། །དེ་ཕྱིར་ལྷུན་གྲུབ་ཅེས་པའི་གཞི། །དོན་དེ་བཏུབ་པ་ལགས་མ་ལགས། །ཀུན་ཏུ་བཟང་པོས་བདག་ལ་གསུང་། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །ཅི་ལྟར་ཁྱོད་ཀྱིས་གོ་བ་བཞིན། །འདི་ཉིད་ཤེས་བྱའི་ཆོས་ཅན་ལས། །ཡང་དག་ངོ་བོ་མ་ཡིན་ནོ། །ཉི་མ་འདུས་པའི་བྱང་ཆུབ་སེམས། །སྟོན་པ་ཉིད་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །སྟོན་པ་ཉིད་ཀྱི་སྔར་གསུངས་པའི། །མ་ངེས་གནས་པའི་གཞི་གསུངས་པ། །འདི་ཡང་གཞི་ཉིད་མི་བཏུབ་པར། །བདག་གིས་བློ་རིམ་འདི་ལྟར་གོ། །འབྲས་བུ་རེས་འཇོག་ཅན་རེས་རྟ་ཡིན་རེས་གླང་པོ་ཆེ་ཡིན་རེས་འཇོག་ཏུ་སོང་བས་རེས་གཞི་ཡིན་རེས་ལམ་ཡིན་ཉིད་དམ། །ཡང་ན་ལྡོག་བཅས་ཉིད་དུ་འགྱུར། །ཆུ་མེ་རུ་འདོད་པ་བཞིན། མེ་ལ་ཆུར་འཛིན་གྱིས་ཤེས་པ་མི་ངེས་པ་མེད་པས་མ་ངེས་ངེས་པ་ཅན་འགྱུར་ཞིང་། །མ་ངེས་པ་མ་ངེས་པ་ཆུ་ཉིད་ཆུ་རང་ཡིན་ན་ཅི་ལྟར་འོང་ནི་ངེས་ཅན་འགྱུར། །རང་གིས་མ་ངེས་རང་ཡོད་པས། །དེ་རང་ལ་མ་ངེས་ན་ཐུག་པ་མེད། ངེས་པ་དེའི་ཕྱིར་ན་ངེས་པར་འགྱུར་ཡིས་ནི་ལས་མཐའ་བཞིན། །འདི་ཀུན་ཤེས་བྱ་ལས་

ཉམས་སུ་བླང་བར་བྱ་བ་མ་ཡིན་པ་མ་ལགས་སམ། །སྟོན་པས་གསུངས་པ་དེ་བཞིན་ནོ། །ཡང་གསོལ་ཉི་མ་འདུས་པ་ཡིས། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ཉིད་ཀྱིས་གོང་དུ་གསུངས་པ་ཡི། །ངེས་པའི་གཞི་ཞེས་གསུངས་པ་ལ། །འདི་ཡང་ཡང་དག་སྙིང་པོ་མིན། །དཔེར་ན་ནད་ཀྱིས་གདུངས་པས་མིག་སེར་ཅན་དག་ལ། །དུང་དཀར་པོ་ལ་སེར་པོ་སྣང་བ་བཞིན། །རང་ས་ལྡོག་དུང་རང་སེར་པོ་ཡིན་ན་དུང་གི་ཆོས་ཉིད་སེར་པོ་མེད་པར་ཅིས་རྟོགས་པའི་ཁྱད་ཀྱིས་ནི། །རང་གཞན་གཉིས་མེད་རང་ངོས་གཞན་ངོས་གཉིས་ཀ་མི་བཏུབ་པ་བཞིན་ངེས་མཐའ་བྲལ། །དེ་ཕྱིར་དེ་ཡང་ཤེས་བྱ་ལས་ཡང་དག་མིན། །ཡང་ན་རྒྱུར་ངེས་འབྲས་བུ་གཏན་ནས་མི་འབྱུང་སྟེ་དེ་ལྟར་རྒྱུ་ལ་འབྲས་བུ་འབྱུང་བ་འབྲས་བུ་ལས་རྒྱུ་བྱུང་ན་ཁྱད་ཅི་ཡོད་ངེས་པར། །བདག་རྟག་པ་དང་ཁྱད་མེད་འགྱུར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་གོང་དང་མཚུངས། །དེ་ནས་འདི་སྐད་ཡང་གསོལ་པ། །བསྒྱུར་དུ་བཏུབ་ཅེས་སྔར་གསུངས་པ། །རང་གི་གནས་ལུགས་བསྒྱུར་བཏུབ་ན། །འདི་ཡང་ངེས་པ་མེད་པར་མཚུངས། །ཏེ་གནས་ལུགས་བསྒྱུར་ཏུ་བཏུབ་ན་འབྲས་བུ་ལ་ཐུག་མེད་དུ་འགྲོ་བའི་སྐྱོན་སྤང་ངོ་། །འབྲས་བུ་ཉིད་ནི་སེམས་ཅན་གྱི་རྒྱུར་ལྡོག་ཕྱིར། །འབྲས་བུ་རྒྱུར་ལྡོག་པས་འབད་པ་རྣམས་ལ་དགོས་མེད་པར། །ཡང་དག་ཡང་དུ་ལྡོག་པས་ནས། །བེམས་པོ་རྣམས་ནི་རིག་བཅས་སུ། །དཔེར་ན་གཞི་འགྱུར་ན་བེམས་པོ་རྣམས་ད་ལྟར་རང་རིག་པ་ཅན་དུ་བསྒྱུར་དང་འགྲོ་བར་བཏུབ་པ་མ་ཡིན་བཞིན། །འདི་ཡང་ཤེས་བྱ་མ་ལས་ཉམས་སུ་བླང་བྱ་མིན་པ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །བྱང་ཆུབ་སེམས་དཔས་ཡང་གསོལ་པ། །སྟོན་པས་གོང་དུ་ཁྲ་བོར་གསུངས། །འདི་ཡང་གཞི་གཅིག་དང་སྣང་ཚུལ་ཐ་དད་དུ་སོང་བའི་སྐྱོན་སྤང་བར་མི་ནུས་ཏེ། དཔེར་ན་ཀ་བ་ཡང་ཡིན་སྣམ་བུ་ཡང་ཡིན་ཟེར་བ་དང་འདྲའོ། །ཀ་བ་ཡིན་ན་སྣམ་བུ་མིན། འདི་ཡང་ཕྱོགས་དང་མི་འཐད་པས། །རྒྱུ་གཅིག་འབྲས་བུ་ཐ་དད་པས། །གང་གིས་ངོ་བོ་འདི་སྣང་བས། །འབྲས་བུ་ཐ་དད་དོན་དེ་གཅིག་ཏུ་མི་གྲོལ་

མཚུངས། །མང་བའི་སྒྲ་ཡིས་ཉམས་པའི་ཕྱིར། །འདི་ཡང་ཤེས་བྱ་མ་ལགས་སམ། །གསུངས་པ་དེ་ཡང་དེ་བཞིན་ནོ། །ཡང་གསོལ་སྟོན་པ་ཀུན་ཏུ་བཟང་། །ཁས་ལེན་རྣམས་ཅིར་ཡང་ཁས་ལེན་དུ་བཏུབ་པར་འདོད་པ་ན་དང་ལྡན་པར་ནི། །སྟོན་པ་ཉིད་ཀྱིས་སྔར་གསུངས་པས། །འདི་ཀུན་ཕྱོགས་ཀྱི་འཕེན་པ་ཙམ། །ཐམས་ཅད་ཡིན་ངོར་བསྒྲུབ་དག་པ་བཙལ་དུ་མ་ངེས་ཏེ་མ་དག་པ་ཡང་མི་རྙེད་དེ། དག་པ་དང་མ་དག་པ་བསྲེས་པའི་ཕྱིར། །ཐུག་པ་མེད་པའི་སྐྱོན་འགྱུར་བས། །འདི་ཡང་ཤེས་བྱ་མ་ལགས་སམ། །སྟོན་པས་གསུངས་པ་སྔར་དང་མཚུངས། །དེ་ནས་བྱང་ཆུབ་སེམས་དཔའ་ཡང་། །ཉི་མ་འདུས་པའི་འོད་ཟེར་གྱིས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚིག་ནི་འདི་སྐད་རབ་ཏུ་གསོལ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །སྟོན་པ་ཉིད་ཀྱིས་སྔར་གསུངས་པའི། །ཀ་ནས་དག་པའི་གཞི་ཞེས་གསུངས། །དེ་ཡི་མཚན་ཉིད་བཞུགས་ཚུལ་གང་། །བདག་ལ་གསུངས་ཤིག་ཀུན་ཏུ་བཟང་། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་ཧོ་སེམས་དཔའ་ཆེན་པོ་ཉོན། །ངས་བསྟན་ཚིག་ལ་འཁྲུལ་མེད་པས། །ཁྱོད་ཀྱིས་འདི་དག་ལེགས་པར་ཟུང་། །སྤྲོས་བྲལ་རང་གི་ངོ་བོ་ཚིག་དང་བརྗོད་པས་སྟོང་པའི་ཆོས་ཉིད་ཀ་དག་ནི། །ངོ་བོ་རང་ངོ་རྣམ་དག་སྙིང་པོའི་གཞི། །དེ་ལ་ཚིག་དང་ཡི་གེ་བྲལ། །བརྗོད་པས་ཚིག་གིས་གཏན་ལ་དབབ་ཏུ་མེད། །སྒྲོ་འདོགས་ཐ་སྙད་ཡེ་ནས་ཀུན་བྲལ་ཏེ། །ཡུལ་དང་ཡུལ་ཅན་གཟུང་དང་འཛིན་པའི་རྣམ་རྟོག་མེད། །སངས་རྒྱས་མེད་ཅིང་སེམས་ཅན་སྣང་ཚུལ་མེད། །ཆོས་མེད་ཆོས་ཀྱི་འདུ་ཤེས་མེད། །ངོ་བོ་གཅིག གང་མེད་ཅི་མེད་ཅི་ཡང་མེད། །སྣང་རིག། དེ་ལྟར་མེད་པའི་སྙིང་པོ་ལ། །ངོ་བོ། རེ་ཞིག་ཚིག་གིས་གཏན་ཕབ་ནས། །སེམས་ཅན་གྱི་ངོས་ནས། ངོ་བོ་ཉིད་ལ་ངོ་བོ་བཞུགས་ཚུལ་ཀ་དག་པས། །རང་བཞིན་དུ་འཆར་བྱེད་མ་འགགས་པའི་ཆ་ནས་ནི་ལྷུན་གྲུབ་བོ། །མཚོན་བྱ་ཉིད་ལ་དེ་ལྟར་རོ། །སྟོན་པ་ཀུན་ཏུ་བཟང་པོ་ལ། །བྱང་ཆུབ་སེམས་དཔས་ཡང་གསོལ་པ། །ངོ་བོ་ཉིད་ལ་ཀ་དག་པས། །མ་རིག་པ་མེད་པས། སེམས་ཅན་

འཁོར་བ་འདི་མི་རིགས། །མ་རིག་དྲི་མ་ཡེ་ཟད་ཀ་ནས་དག་ཕྱིར། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །ཡོན་ཏན་རྩལ་དུ་མ་རིག་པ་སྣང་ཡང་། དེ་ཡང་མ་འགགས་རོལ་པར་སྣང་། །ངོ་བོའི་ཆ་ལས་ལམ་རོལ་པར། སེམས་དཔའ་ཉིད་ཀྱིས་ཡང་གསོལ་པ། །རང་བཞིན་ཉིད་ལ་ལྷུན་གྲུབ་ན། །རྩལ། སེམས་ཅན་འདི་དག་སངས་རྒྱས་གྲུབ་པས་རང་གྲོལ་རིགས། །ཡེ་ནས་ངོ་བོ་ལས་ལྷུན་གྱིས་གྲུབ་པའི་ཕྱིར། །གསུངས་པ་སེམས་ཅན་འདི་དག་ནི། །དྲི་མ་མེད་པར་ངོ་བོ་ཀ་ནས་དག་པའི་ཕྱིར། །གྲོལ་བ་རྣམས་ཀྱང་རོལ་པར་སྣང་། །རྩལ་དུ། བྱང་ཆུབ་སེམས་དཔས་ཡང་གསོལ་པ། །ངོ་བོ་ཉིད་ནི་ཀ་དག་པས། །ལྷུན་གྲུབ་འདི་ལ་ཡང་དགོས་མེད་འགྱུར། །ཡང་ན་ལྷུན་གྱིས་གྲུབ་པ་ཡིན་པ་ཀ་དག་མི་དགོས་པའི་ཕྱིར། །ཀ་ནས་དག་པ་མིན་པར་འགྱུར། །སྟོན་པས་གསུངས་པ་འདུག་ཚུལ་ལ། །གང་གིས་ངོ་བོ་ལ་བརྗོད་པའི་ཚིག་མེད་པས། །བརྗོད་པའི་སྒྲ་ཚིག་རང་ཡེ་ནས་བྲལ་བས། །ཅི་ཡི་ངོ་བོར་གྲུབ་མེད་ཕྱིར། །ཀ་དག་བྱ་བ་རང་དུ་ཡང་གྲུབ་པ་མེད་པས་དེ་ལ་ལྷུན་གྲུབ་ག་ལ་སྲིད། ཚིག་གིས་འདི་ལ་ངོ་བོ་གནོད་པ་བྲལ། །སེམས་ཅན་བདག་འཛིན་བློ་ཡི་ངོས་ནས་བཙལ་ན་བློ་ལ་ཚིག་གི་གནོད་པ་ཡོད་དེ་ངོ་བོ་ལ་ཕན་གནོད་བྲལ་ཡུལ་ལ། །སྣ་ཚོགས་དྲན་བསམ་མ་འགགས་པས། །ཚིག་གནོད་ངོ་བོ་ཁྱད་པར་མེད། །དོན་དམ་ཀུན་རྫོབ་བརྟེན་དང་བརྟེན་པའི་ཚུལ་ཐ་དད་ཕྱིར། །དེ་ནས་ཉི་མ་འདུས་པ་ཡི། །འོད་ཟེར་གྱིས་ནི་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །གཞི་དེའི་མཚོན་ཚིག་དེ་ལྟར་ན། །དེ་ཉིད་བཞུགས་ཚུལ་ཅི་ལྟར་ལགས། །འདི་ཉིད་བདག་གིས་མ་འཚལ་གསུངས། །ཀུན་ཏུ་བཟང་པོས་བཀའ་སྩལ་པ། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེ། །འདི་ལྟར་ཉིད་ནི་ཡང་ཟུང་ཞིག །ཡེ་ཤེས་ཉིད་ནི་རྣམ་གསུམ་གྱིས། །གཞི་ཡི་ཁྱད་པར་ཚིག་ཏུ་བསྟན། །ངོ་བོ་ཀ་དག་ཡེ་ཤེས་སྟོང་པའི་ངོས་ནས་ཀྱིས། །མ་རིག་པ་ཡི་དྲི་མ་བྲལ། །རང་བཞིན་ལྷུན་གྲུབ་ཡེ་

ཤེས་ཀྱི། །སྣང་བའི་ངོས་ནས་བལྟས་ན། འཁྲུལ་པའི་ཚིག་གིས་གནོད་པ་བྲལ། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་འཆར་ཚུལ་གྱི་ངོས་ནས་ཀྱིས། །ཐམས་ཅད་དབྱིངས་རིག་འདྲེལ་པར་སྣང་། །དེ་ཡང་ཡེ་ཤེས་ཚིག་མཚོན་ཙམ། །དེ་ལྟར་ཆོས་ཉིད་ཀ་དག་ལ། །ཡང་དག་པར་ཆོས་ཟད་པས། ཡེ་ཤེས་མེད་ཅིང་སྐུ་ཡང་མེད། །འོད་མེད་ཁ་དོག་ཏུ་འཛིན་པའི་ཆ་རྣམས་དང་བྲལ། །གང་གི་ངོ་བོར་སྟོང་པ་ཙམ་དུ་ཡང་གྲུབ་མེད་པས། །མ་རིག་པ་དང་ཉོན་མོངས་ངོ་བོ་ལ་ཀྱང་། །སྨོས་ཅི་དགོས་ཏེ་ཡེ་མི་སྲིད་ཡོད་པ་མིན། །རང་བཞིན་གྱི་ནི་སྣང་བ་ལ། །ཡོན་ཏན་གྱི་ཆ་ནས་གཞལ་ན་མཚན་མར་འཛིན་པ་སྣང་ཆར་ཡེ་མེད་དེ། །ཁ་དོག་མ་ཡིན་རང་སྣང་ཆ་མེད་གསལ་བས། །གཞི་གནས་སུ་ཡོད། ཤེས་ཤིང་སྟོང་གསལ་རང་རིག་པའི་སྙིང་པོ་ཆ་རྣམས་ཚང་། །འཛིན་པའི་མེད་ཕྱིར་གཟུང་ཡུལ་གང་མེད་ཕྱིར། །དམིགས་པ་མེད་པས། རྣམ་པར་རྟོག་པའི་ནང་དང་ཕྱི་རོལ་ཏུ་འཛིན་ཆ་གང་ཡང་མེད། །འོད་ལས་འདས་པའི་ཡེ་གདངས་སུ། །གནས་པའི་ཆ་མ་འགགས་པར་བབས་ཀྱིས་གྲུབ། ཡེ་ཉིད་ནས་ནི་གཞི་ལ་ཁྱབ་པར་གནས། །སྐུ་ལས་ལུས་རྫོགས་པའི་མཐའི་འདས་པའི་རང་གདངས་སུ། །རྣམ་དག་ཕྱག་རྒྱ་ཆེན་པོར་གནས། །འོན་ཏེ་རང་བཞིན་སྣང་བ་ངོ་བོ་ནས་ལ། །མཚན་མར་དམིགས་པ་དཀར་དམར་ལ་སོགས་པ་ཡེ་མེད་དེ། །ཡོན་ཏན་དོན་གྱི་ཆ་ལ་འདི་ལྟར་གནས། །རང་གདངས་བསྐྱེད་པའི་དྲི་མ་དག་པའི་ངོས་ནས་དཀར་པོའི་ཆ། །གཏིང་གསལ་ཆེན་པོ་ཉིད་དུ་བབ་ཀྱིས་གནས། །ཡོན་ཏན་འཆར་བྱེད་ཀྱི་ངོས་ནས་གཏིང་གསལ་ངོ་བོའི་བཀྲག་བསྐྱེད་པ། །སྣང་བ་རང་ཟད་སེར་པོའི་ཆ། །མི་མངོན་ཕྱི་རོལ་དང་ནང་དུ་མེད་གཏིང་ནས་རང་ངོ་གསལ། །རང་ངོ་ཆགས་མེད་མདངས་བསྐྱེད་པ། །དྲི་མ་དག་པའི་ངོས་ནས། རོལ་པ་རང་གིས་བཅིངས་པ་བྲལ་བ་ཡིས། །ཆགས་པ་རང་ཟད་དམར་པོའི་ཆ། །ཞེན་པ་རང་དག་པའི་ངོས་ནས། གཏིང་གསལ་མ་འདྲེས་ཆེན་པོར་གནས། །སྣང་བྱེད་དམ་འཆར་བྱེད་མེད། མ་འདྲེས་སོ་སོའི་མཚན་འཛིན་པ། །རང་གར་མི་སྣང་བྱ་བཙལ་བསྐྱོད་པ་རང་བྲལ་བར། །གཞི་དག་པའི་ངོས་ནས་མཛད་པ་མེད་པར་ལྗང་

གུར་ནི། །ཐོག་མ་རྣམས་ངོ་བོ་ཀྱི་ཟེར་དུ་ཡང་། །མི་མངོན་གཏིང་ནས་གསལ་བའི་ཚེ། །སྔར་ཡུལ་དང་ཞེན་ཡུལ་གཉིས་ཀ་བབ་ཀྱིས་གྲུབ། ངོ་བོ་རང་དག་པའི་ངོས་ནས་གཏིང་གསལ་ཁྱབ་པའི་འདྲེལ་བྱེད་པ། །འགྱུར་མེད་རྫོགས་པའི་མཐིང་གར་ནི། །ཡེ་རྫོགས་བྱས་པ་མེད་པར་ཤར་བ་དང་འཆར་བའི་ཡུལ་མེད་གནས། །དེ་ལྟར་ངོ་བོ་དེ་ཡི་རང་བཞིན་ལ། །སྐུ་སྐུ་ཟད་དེ་སྣང་བྱེད་དུ་མེད་པ་བོས་སུ་ཡོད་ནི་སྣང་བ་མཚན་ཉིད་བྲལ། །ཐོག་མ་ནས་ཡེ་ནས་རང་དག་ཆེན་པོ་ལ། །ལུས་རྫོགས་པའི་མཐའི་ངོས་ནས་རྫོགས་པ་རྣམས་ཀྱི་རྩེ་མོར་གནས། །འདི་དག་བབས་སུ་བརྒྱན་པ་ལས་སྣང་བྱེད་ཀྱི་ཆ་མིག་མེད་དབང་པོར་སྣང་བ་མེད། །རྡོས་བཅས་ལྟ་བྱེད་དུ་མེད་མཚན་མ་རང་དག་ཕྱིར། །གཏིང་གསལ་བབ་རྒྱས་གྲུབ་པ་ལས་ཆེན་པོའི་གཞི་མར་གནས། །རིག་པའི་དབྱིངས་ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང་། །ཕྱང་ནས་ཆད་པ་མེད་མཐར་ཆད་ལྟ་བུ་མིན་པར་སྣང་། །གསལ་བྱེད་སྣང་བའི་ཆ་བམ་སྟོང་ལྟ་བུ་མིན་འཆར་བྱེད་ཀྱི་ངོས་ནས་མ་འགགས། །སྙིང་པོ་ཐམས་ཅད་སྐུའི་རྣམ་ཚུལ་བཅུད་འདུས་པས། །དྲི་མ་མེད་ཅིང་རང་སར་དག། མ་རིག་པ། སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །ངོ་བོ། རང་བཞིན་གྱི་ནི་ཆ་རིམ་གྱི་ལ་བཞུགས། །གཞི་དེའི་ཐུགས་རྗེའི་སྣང་ཆ་སྣ་ཚོགས་འཆར། །སྟོང་ཆ་ཀུན་འབྱུང་གི་ཚུལ་དུ་འགག་པ་མེད་པ་ལས། །ཤེས་བྱའི་ལ་ཡེ་ཤེས་གཏན་མེད་ནམ་མཁའ་དང་ཁྱད་མེད་གཟུགས་སྐུ་གཉིས་འགྲོ་བའི་དོན་བྱེད་མི་བྱེད་ཀྱང་མི་འཐད་པས་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་སྟོང་པའི་ངོས་ནས་ཆ་ལས་སྣང་བ་གསལ། །མེད་པའི་སྟོང་པའི་ངོས་ནས་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཉི་མའི་འོད་བཞིན་དུ་ཐུགས་རྗེ་ནི། །མཛད་པའི་སྣང་བྱེད་དང་སྣང་བྱ་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་རྩོལ་མེད་དག་ཏུ། །ཡེ་ནས་སྐུ་གསུམ་དུ་དབྱེ་བ་མེད་པར་སྣང་། །ཉི་མ་ལ་ནི་འོད་སྣང་བྱ་བ་དང་མི་སྣང་བ་དང་གཉིས་མེད་བཞིན་དུ། །རང་གིས་བྱས་པ་མ་ཡིན་ཏེ། །རང་ཤུགས་སུ། རང་གིས་རང་བཞིན་ཡེ་ནས་དེ་ལྟར་སྣང་། །ཤེས་བྱའི་ཡེ་ཤེས་ཇི་ལྟ་ཇི་སྙེད་གཉིས་མེད་ན། །བེམས་པོ་ནམ་མཁའ་ལྟ་བུ་

རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་བ་ཁོ་ནའོ། །དོན་བྱེད་པའི་ངོས་ནས་རྒྱུན་མ་ཆད་པར་སྣང་ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེའི་ཆ་ཡི་ཡེ་ཤེས་ཀྱིས། །ངོ་བོའི་ཆ་ནས་མེད་དེ་ཐུགས་རྗེའི་ངོས་ནས་ཡོད་པ་ལྟར་སྣང་ངོ་། །རང་གི་དངོས་པོའི་གཞི་ཤེས་པའི་རང་ངོར་གནས་པ་གནས་ལུགས་མཁྱེན། །ཅི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཡི་ཆ་མེད་ན། །འབྱུང་བཞིའི་གཟུགས་བེམས་པོ་དང་ཁྱད་ཅི་ཡོད། །ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །འདི་མེད་ན་གཟུགས་སྐུ་གཉིས་ཀྱི་དོན་མི་འགྲུབ། ཐུགས་རྗེ་ཡི་ནི་ཆ་ནས་ནི་ཡོད་ཡེ་ཤེས་བདག་ཏུ་མེད་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་ང་བདག་ཏུ་མེད་ལ་དོན་བྱེད་པའི་ངོས་ནས་མཁྱེན། །འདི་མེད་སྟོང་པ་ཕྱང་ཆད་ནམ་མཁའ་ཉིད་དང་མཚུངས། །དེ་ཕྱིར་ངོ་བོར་ཐམས་ཅད་མཁྱེན་པ་ཡིས། །ཡེ་ཤེས་ཐུགས་རྗེའི་ཆ་ལས་སྣང་། །འདི་ཀུན་དྲན་པས་བཟུང་བ་མིན། །རང་བཞིན་དུ་ནི་འཆར་ཚུལ་མ་འགགས་པ་ནི་ཡོན་ཏན་གྱི་ཆ་ནས་གནས་པ་ལས། །གཟུང་འཛིན་རགས་པར་ཡུལ་ཅན་དུ་མེད་དོ། །མི་གནས་སོ། །གཏིང་གསལ་ཕྲ་བའི་ཆར་བབ་ཀྱིས་སྣང་བའོ། །འདི་ནི་སེམས་ཅན་རྣམས་ཀྱི་ལམ། །འཆར་བྱེད་མ་འགགས། གོང་དུ་སྣང་བ་ས་བོན་བཞིན་ཏུ་འཕེལ། །འདི་ཡི་ཡེ་ཤེས་ལས་བྱུང་བའི་འོད་དུ་ཡང་སྣང་བ་མ་འགགས་པར། །རང་མཐུན་སྨན་གྱི་ནུས་པ་བཞིན། །སྤྲུལ་སྐུ་ཐུབ་པ་དྲུག་ཏུ། རིགས་དྲུག་རྣམས་ལ་མཐུན་པར་ཐུབ་པ་དྲུག་ཏུ་སྣང་། །དེ་ཡི་ཕྱིར་ནི་ཐུགས་རྗེའོ། །སྐུ་གསུམ་རིམ་གྱིས། དེ་ཕྱིར་རང་གཤིས་ངོ་བོ་ཀ་དག་འདུག་ཚུལ་ལོ། །ངོ་བོ་མི་འགྱུར་བ་ཉིད་དང་རང་བཞིན་དང་། །ཡེ་ནས་གསལ་བ། ཐུགས་རྗེ་ཡི་ནི་སྣང་བ་ཡང་། །འཆར་ཚུལ་མ་འགགས་པ། བློ་ཅན་རྣམས་ལ་སྣང་བའོ། །ངོ་བོ་གང་དུ་མ་གྲུབ་པས། །རང་བཞིན་སྣང་ཆ་ཡོན་ཏན་མ་འགགས་གསལ་བར་སྣང་། །ཐུགས་རྗེའི་ཆ་ལ་ཡེ་ཤེས་གཉིས། །ཡེ་ནས། བྱ་དང་བྱེད་པ་མེད་པར་འབད་མེད་ཤར། །ཤར་སྣང་བློ་རིམ་ཡང་དག་དང་ཕྱིན་ཅི་ལོག་གཉིས་ཀྱི་ཕྱིར། །ཡེ་ཤེས་དོན་མཛད་པ་གཉིས་ལྟ་བུ། །རྩོལ་བསྒྲུབ་རྣམས་དང་ཡེ་ནས་བྲལ་བར་སྣང་། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །

གཞི་ནས་ཐོག་མ་ནས་འདི་ལྟར་སྣང་བ་དག །དེ་ལྟར་དངོས་པོའི་ཀ་དག་འདུག་ཚུལ་ལ། །ངོ་བོའི་ཆ་དེའི་ནས་ཕར་བལྟས་པས། །དགེ་དང་མི་དགེ་བ་ཡང་མེད། །གང་དུ་ཡང་འཛིན་པ་མ་གྲུབ། སྲོག་མེད་གཅོད་པའི་འདུ་ཤེས་བྲལ། །གང་གི་ངོ་བོར་གྲུབ་པ་མེད། །མི་མཛད་སྣང་བའི་བདག་པོར་གནས། །དེ་ལྟར་གནས་པའི་ངོ་བོ་ལ། །ལྟ་དང་སྒོམ་དང་སྤྱོད་པས་ཀྱང་། །དེ་ཡི་ཕྱོགས་ཆ་མཐོང་བ་མེད། །སྔགས་དང་ཏིང་འཛིན་བསམ་གཏན་གྱིས། །དེ་ཡིས་གྲྭ་ལ་རེག་མི་འགྱུར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། །བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱིས། །འདི་ལ་ངོ་བོའི་ཆ་ནས་ཕན་དང་གནོད་པ་བྲལ། །རྒྱུད་དང་ལུང་དང་མན་ངག་གིས། །འདི་ལ་དགོས་པ་རྡུལ་ཆ་མེད། །དབང་དང་དམ་ཚིག་སྡོམ་པས་ཀྱང་། །བྱ་བྱེད་མེད་པས་འདི་ལ་ཕན་དང་གནོད་པར་བསྐྱལ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱིས། །འདི་ཉིད་འཁྲུལ་པའི་ཕྱིར་སུས་ཀྱང་མཐོང་བ་མེད། །དེ་ཡི་ཕྱིར་ན་དངོས་གཞི་འདི། །ཚིག་གིས་གཏན་ལ་དབབ་པ་དཀའ། །བརྗོད་པས་ཐོག་ཏུ་ཕེབས་པ་མེད། །བསམ་པས་བློའི་ཡུལ་ལས་མ་གྱུར་པས་འདི་རྗེས་མི་ཆོད་དེ། །མངོན་སུམ་ཐབས་ལ་རིག་པ་གང་གོམས་པ། །འདི་ནི་སྐྱེས་བུས་མདའ་འཕངས་བཞིན། །སླར་ལ་བུཌྜྷ་ལས་ལྡོག་པ་མ་ཡིན་ནོ། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་གསང་བ་ཆེན་པོ་ལས་གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པ་ཞེས་བྱ་སྟེ་བཞི་པ་རྫོགས་སོ།། །།བྱོལ་སོང་གི་སྐྱེ་གནས་རྣམ་པར་དག་པའི་སྐབས་ཏེ་བཞི་པའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཆོས་ཉིད་མཉམ་པ་ཆེན་པོའི་རྒྱན་རྣམ་པར་རོལ་པ་ཞེས་བྱ་བའི་དགོངས་པ་ལ་མཉམ་པ་ཉིད་དུ་འབྱོལ་ཉོག་ཏུ་གནས་པར་གྱུར་ཏོ། །དེ་ཡིས་ཀྱང་སངས་རྒྱས་ཀྱི་མཛད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ། སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རྩོལ་བ་མེད་པར་རང་ཤར།

ཡུལ་མེད་པར་རང་སྣང་། གཉེན་པོ་མེད་པར་རང་གྲོལ། བསླབ་པ་མེད་པར་རང་རིག། མ་བསྒྲུབས་པར་རང་ཐོབ་ནས། ལྷ་དང་མི་ལ་སོགས་པ་ལོ་ཀའི་འཁོར་རྣམས་ཀྱིས་ཀྱང་།སྟོང་པ་ཉིད་ཀྱི་རང་ཤུགས་ཀྱི་སྤྱོད་པ་ལ་གནས་ནས། ཤེས་པ་རྣམས་ཅི་ནི་སྙམ་པའི་ཀློང་དུ་རང་བཞིན་གྱི་ཏིང་ངེ་འཛིན་ལ་ངོ་བོ་ཅི་ཡང་མ་ཡིན་པའི་རང་དག། མ་བྱས་པར་རང་སངས། མ་བྱུང་བར་རང་སངས། མ་བཙལ་བར་རང་རྙེད་ནས་དྲན་པའི་རྒྱུན་རྣམས་དུས་གཅིག་ལ་ཆད་དོ། །བསམ་པ་ཐམས་ཅད་ཀྱང་རང་བཞིན་གྱིས་རྣམ་པར་དག་ནས་དགོངས་པ་རྣམས་ཅིག་ཆར་སྐད་ཅིག་མ་དང་དང་། རིམ་གྱིས་ཁད་ཀྱིས་དང་།ཐར་ཆགས་སེམས་སྦྱང་བ་ལ་སོགས་པ་དང་། ཐོད་རྒལ་དེ་ཉིད་དུ་དང་། ཐོག་མ་ཀ་ནས་ཡེ་དག་དང་། དགོངས་པ་ལ་ཡེ་གནས་དང་། འཁོར་འདས་དུས་གཅིག་ལ་ཡེ་རྫོགས་དང་། རྩོལ་བསྒྲུབ་མེད་པར་ཡེ་བྱུང་དང་། སྣང་བ་རྣམས་ཡེ་བཀོད་ཆེན་པོར་རང་གྲོལ་ནས། རང་ལ་རང་ངོ་ངོ་བོ་མཐོང་བས་མཚར་ནས། རང་ལ་རང་གཞིའི་ཁྱད་ཡིད་ཆེས། རིག་པ་རྟོགས་པས་མི་ལྡོག་པས་རང་ལ་རང་སྟོབས་སྐྱེས་ནས། དེ་དག་ཐམས་ཅད་ཀྱིས་སྟོན་པ་ཀུན་ཏུ་བཟང་པོ་ལ་མགྲིན་གཅིག་ཏུ་ཐལ་མོ་སྦྱར་ནས་འདི་སྐད་ཞུས་སོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་འདི་ལྟར་སྟོན་པས་སེམས་ཅན་ཐམས་ཅད་ལ་བྱིན་བརླབས་མཛད་ཅིང་། མྱ་ངན་ལས་འདས་པའི་དབྱིངས་ལ་བཀོད་པ་ཤིན་ཏུ་ངོ་མཚར་ལགས་སོ། །བདག་ཅག་ནི་མི་སྐྱེ་བའི་ཆོས་ཉིད་ལ་རང་བཞིན་གྱིས་བཟོད་པ་ཐོབ་ནས། སངས་རྒྱས་ཐམས་ཅད་དང་སྐལ་བ་མཉམ་པར་གྱུར་པས་མཆོག་ཏུ་དགའ་མགུ་ཡི་རང་ངོ་། །ཞེས་གསོལ་ནས་ཐུགས་ཀྱི་དགོངས་པ་དབྱེར་མི་ཕྱེད་པར་གྱུར་ཏོ། །དེ་ནས་འཁོར་དེ་དག་རྣམས་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཆེའི་འོད་ཟེར་རབ་ཏུ་སྣང་བྱེད་ཅེས་བྱ་བས་ལངས་ཏེ། བླ་གོས་གྱོན་ནས་སྟོན་པ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་སངས་རྒྱས་ཀུན་གྱི་སྙིང་པོ་ཇི་ལྟ་བུ་ལགས། སངས་རྒྱས་ཀྱི་ལམ་གང་ཡིན། འབྲས་བུ་ཞེས་པ་གང་ལ་བགྱི་བ་ལགས། འདི་ཀུན་མ་འཚལ་བས་བསྟན་དུ་གསོལ། ཞེས་ཞུ་བ་ཉིད་རབ་ཏུ་ཞུས་སོ། །དེ་ནས་སྟོན་པ་ཀུན་

ཏུ་བཟང་པོས་དགོངས་པ་དེ་དག་ལས་བཞེངས་ནས། ཞལ་འཛུམ་པ་མཛད་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པར་སྣང་བར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གླང་པོ་ཆེའི་འོད་ཟེར་ཀུན་ཏུ་སྣང་བར་བྱེད་པ་ལ་འདི་སྐད་དུ་བཀའ་སྩལ་ཏོ། །ཀྱེ་ཀྱེ་དད་པས་རབ་ཏུ་འདུས་པའི་སེམས་དཔའ་ཆེ། །ངས་བསྟན་མི་འགྱུར་དྭངས་པའི་སེམས་ཀྱིས་ཟུང་། །འདས་དང་མ་འོངས་ད་ལྟར་བཞུགས་པ་ཡི། །སངས་རྒྱས་ཀུན་གྱི་སྙིང་པོ་གསང་མཆོག་བླ་མེད་པ། །འདི་དོན་བསྟན་པ། འདི་ལྟར་ཡོད་ཅེས་བརྗོད་པའི་སྒྲ་དང་བྲལ་བས་ན། །འོན་ཀྱང་ཚིག་ཙམ་ཕྱོགས་ཀྱིས་མཚོན་པ་ནི། །བྱང་ཆུབ་སེམས་དཔའ་ཁྱོད་ལ་བདག་གིས་སྤྲོ་ཡིས་ཟུང་། །ཡང་དག་སྙིང་པོ་བཅུད་བསྡུས་སྒྲོན་མར་བྱུང་། །ཉག་གཅིག་སྤྲོས་བྲལ་རྙོག་པ་རང་དྭངས་པའི། །དབྱིངས་ཀྱིས་ནང་ནས་སྟོང་ཉིད་རང་གསལ་སྙིང་པོ་ནི། །མཐའ་མེད་རྡུལ་དང་བྲལ་བའི་རང་རིག་འོད་པོ་ཆེ། །སྒྲ་ཚིག་རྒྱུད་མིང་གིས་བློ་གཏིང་ཡིད་ཆེས་བྱས་ནས་ནི། །རེ་དོགས་གཡང་ས་ཆོད་པའི་སྙིང་པོ་གསང་ཆེན་པས། །འདི་ནི་སངས་རྒྱས་ཀུན་གྱི་སྙིང་པོ་གསང་བ་མཆོག་ཡིན་ཏེ། །དགོངས་དོན་བླ་མའི་མན་ངག་རྣམས་ཀྱིས་དེ་ཡི་ཕྱོགས་བརྟགས་ནས། །ལྟ་བའི་སྙིང་པོ་སྒྲོན་མ་རིན་པོ་ཆེ་འདི་ནི། །རྒྱ་མ་ཆད་ཅིང་ཕྱོགས་སུ་ལྷུང་བ་མེད་པར་སྣང་བ་སྟེ། །འདི་དང་སུ་འདྲིས་སྐྱེས་བུ་རྣམས་ནི་མྱ་ངན་འདའ་བའི་གཞི། །དགོངས་དོན་སྙིང་པོ་རྣམས་ཀྱི་བཅུད་དུ་འདི་འགྲོ་བས། །ཕྱིར་ཕྱིར་དཀོན་པའི་དོན་འདི་སྨྲ་བསམ་བརྗོད་པ་མེད་པའོ། །སྒོམ་པ་ཀུན་གྱི་སྙིང་པོ་ལུས་ཀྱི་འདུག་སྟངས་གནད་གཅུད་པས། །ཞི་བར་གནས་དང་ལྷག་མཐོང་ཡེ་ཟུང་འདྲེལ། །འདི་ཉིད་མཉམ་པ་ཆེན་པོའི་དོན་བསྒོམ་རྣལ་འབྱོར་པ། །མི་ཡི་ནང་དུ་གནས་པ་འཇིག་རྟེན་ཀུན་གྱི་གཙོ་བོ་སྟེ། །ཡང་རབ་མཆོག་ཏུ་གྱུར་པ་ལྷ་མིའི་བཀུར་བསྡིའི་གནས། །མཉམ་གཞག་ཡུལ་སེམས་རིག་པའི་གནད་གསུམ་ཟིན་པས་བདེ་བ་རང་ཆེ་སྟེ། །བདེ་བ་ཉིད་

ལས་མི་རྟོག་ཡེ་ཤེས་ཉམས་ཤར་བ། །སྣང་བ་ཀུན་ཀྱང་བདེ་བའི་ཀློང་དུ་རྣམ་པར་རོལ་པའོ། །དེ་ཕྱིར་ལས་ཀྱི་བདེ་བས་སྐུ་གསུམ་གནད་ནས་ཟིན་ཏེ་བདེ། །ངག་གི་བདེ་བས་ཆོས་ཀུན་བརྗོད་མེད་རྟོགས་ཏེ་བདེ། །སེམས་ཀྱི་བདེ་བས་འཁོར་འདས་གཉིས་མེད་འདྲེས་པས་བདེ། །བདེ་བའི་སྙིང་པོ་འདི་ནི་སངས་རྒྱས་ཀུན་གྱི་ཡང་སྙིང་ངོ་། །བཅོས་པ་མེད་པའི་སྙིང་པོས་ཐམས་ཅད་རྣལ་དུ་ཕེབས། །འགག་པ་མེད་པའི་སྙིང་པོས་རང་སྣང་ཐད་ཀར་གཅོད་པར་བྱེད། །སྐྱེ་བ་མེད་པའི་སྙིང་པོས་འཁོར་བ་དོང་ནས་འདོན་པར་བྱེད། །རང་བཞིན་གནས་པའི་སྙིང་པོས་ཐོག་མཐའི་རུ་ཤན་འབྱེད་པར་བྱེད། །ཁྱབ་གདལ་ཆེན་པོའི་སྙིང་པོས་ཆོས་ཀྱི་དབྱིངས་རྣམས་སྡུད་པར་བྱེད། །ཡེ་དག་ཆེན་པོའི་སྙིང་པོས་ཆོས་ཀུན་ཆམ་ལ་འབེབས་པར་བྱེད། །སྟོང་པ་ཆེན་པོའི་སྙིང་པོས་དངོས་རྣམས་ཟད་པར་བྱེད། །རང་གསལ་ཆེན་པོའི་སྙིང་པོས་མུན་པའི་སྨག་རུམ་བཟློག་པར་བྱེད། །ཡེ་རྫོགས་ཆེན་པོའི་སྙིང་པོས་མཐོ་དམན་ཐམས་ཅད་སྙོམས། །རྟོག་མེད་ཡང་གསལ་སྙིང་པོས་འཁོར་བ་གཏིང་ནས་ཟློག་པར་བྱེད། །གསང་བ་ཡང་ཏིག་སྙིང་པོས་སེམས་ཅན་གནས་རྣམས་སྟོངས་པར་བྱེད། །དབྱིངས་རིག་ཡོངས་རྫོགས་སྙིང་པོས་སྣང་བ་མངོན་དུ་ལྟ་བར་བྱེད། །ལུ་གུ་རྒྱུད་ནི་རྟེན་མེད་མཁའ་ལ་སྣང་བས་ཆོས་ཀུན་ཚད་ལ་ཕེབས། །སྙིང་པོ་ངེས་པའི་བཀའ་གསང་འདི་ལྟ་ཉག་གཅིག་རྩོལ་བསྒྲུབ་ཀུན་བྲལ་བའོ། །གླང་པོ་འོད་ཟེར་རབ་ཏུ་སྣང་བྱེད་བྱང་ཆུབ་སེམས་དཔའ་ཉོན། །སངས་རྒྱས་རྣམས་ཀྱི་ལམ་ནི་ལྔ་ལྔ་ཟུང་དང་ལྡན་པ་ཐམས་ཅད་ལ་ཡང་སྣང་། །ལམ་སྣང་ཡེ་ཤེས་ཅོག་གཞག་རྣལ་འབྱོར་རྩོལ་བསྒྲུབ་ཀུན་བྲལ་བ། །སངས་རྒྱས་རྣམས་ཀྱིས་ཉག་གཅིག་གཏིང་ཟབ་རྒྱ་ཆེ་ལམ་སྣང་བས། །སྤྲོས་བཅས་སྡུག་བསྔལ་རྣམས་དང་ཡེ་ནས་བྲལ་བའི་ལམ་དུ་སུ་འཇུག་པ། །འདི་ནི་འཇིག་རྟེན་ཡོངས་ཀྱི་སྤྱོད་པ་སྤངས་ཏེ་བདེ་བའི་ལམ་དང་ཉེ། །སངས་རྒྱས་ཀུན་གྱི་གསང་ཆེན་ལམ་འདི་སུས་ཤེས་པ། །དྲི་མ་

ཟད་ཅིང་ཚད་མེད་གཞལ་དང་བྲལ་བའི་ལམ་གྱི་སྙིང་པོ་ནི། །ཡེ་ལྔ་མི་འགྱུར་བ་ཐོག་མའི་གཞི། ཡེ་ནས་ཡང་དག་པར་སྣང་བ། ཡེ་ནས་རང་བཀོད་སྟོང་པར། ཡེ་ནས་རང་གནས་གསལ་བ། རང་ཆས་རིག་པ་རང་རིག་པ་ཤེས་པ་ལྔ་སྣང་བ་སྟོང་པར་ཤེས། སྟོང་པ་ཆོས་སྐུར་ཤེས། ཆོས་སྐུ་གཉིས་མེད་དུ་ཤེས། གཉིས་མེད་བདེ་བར་ཤེས། བདེ་བ་རྟོག་མེད་དུ་ཤེས་དང་ཡུལ་ལྔ་སྐུའི་ཡུལ། ཡེ་ཤེས་ཀྱི་ཡུལ། རིག་པའི་ཡུལ། ཐིག་ལེའི་ཡུལ། ཤེས་རབ་ཀྱི་ཡུལ་ལོ། །རྟོགས་པ་ལྔའི་ཆོས་སྐུ་ཉག་གཅིག་ཏུ་རྟོགས། ཉག་གཅིག་སྤྲོས་བྲལ་དུ་རྟོགས། སྤྲོས་བྲལ་བརྗོད་མེད་དུ་རྟོགས། བརྗོད་མེད་རང་ལུགས་སུ་རྟོགས། བཞི་ལས་མ་བྱུང་བདག་ཉིད་དུ་སྣང་། །སེམས་སྣ་ཚོགས་འཛིན་པ་མེད་པའི་སེམས། ཁྱབ་གདལ་ཆེན་པོའི་སེམས། རིག་པའི་ཆ་འཛིན་པ་དང་། ཡུལ་སྡུད་པའི་དང་། སྣང་བ་གཞན་སྣང་སྡུད་པའི་སེམས་ལྔ་ཆོས་ལྔ་རང་བཞིན་མེད་པ་དང་། མཚན་མ་མེད་པ་དང་། དམིགས་པ་མེད་པ་དང་། བརྗོད་པ་མེད་པའི། སྤྲོས་པ་མེད་པའི་ཆོས་སོ། །འབྱུང་བ་ཆེན་པོ་ལྔའི་ས་ཆུ་མེ་རླུང་ནམ་མཁའོ། །རང་བཞིན་དུའང་ཤར། །མཛད་པའི་ཐུགས་རྗེ་ལྔ་བསྐུལ་ཞིང་གསོལ་བ་བཏབ་པའི་དང་། རང་བཞིན་ཤུགས་ལས་བྱུང་བའི་དང་། རྐྱེན་ཡུལ་དང་འཕྲད་པའི་དང་། ཞི་གནས་ངོ་བོའི་ཆ། ཐུགས་རྗེའི་ངང་ལས་བྱུང་བ་དང་གཅོད་པའི་ཤེས་རབ་ལྔའི་འབྱེད་པར་བྱེད་པ་དང་། སྡུད་པར་བྱེད་པ་དང་། བསྐྱེད་པར་བྱེད་པའི་དང་། བསྒྲལ་བར་བྱེད་པའི་དང་། བསྲེག་པར་བྱེད་པའི་ཤེས་རབ་པོ། །སྣང་བ་ཉིད་དུའང་ཤར། །སྙིང་པོ་ལྔ་ཤེས་རབ་ཀྱི་སྙིང་པོ་བྲིས་པ། བསྒོམ་པའི་སྙིང་པོ་ཐིག་ལེ། འབྲས་བུ་ལུ་གུ་རྒྱུད་གྲོལ་བའི་སྙིང་པོ་དང་ཕྱག་རྒྱ་ལྔའི་ཆོས་ཀྱི་ཕྱག་རྒྱ་དམ་ཚིག་གི། ལས་ཀྱི་བདེ་བའི་ཕྱག་རྒྱ་ཆེན་པོའོ། །བདག་ཉིད་དུ་ཡང་སྣང་བ་རྣམ་པར་རོལ། །མ་ལྔ་ངོ་བོ་ཀ་དག་གི་གཞི་མ། རང་བཞིན་ལྷུན་གྱིས་གྲུབ་པའི་མ། སྣང་བའི་མ་ཐུགས་རྗེ་ཀུན་འབྱུང་འཇུག་པའི་མ། བར་དོ་ལམ་གྱི་སྣང་བའི་མ་བུ་རིག་པ་སྒྲོན་མ་ཐིག་ལེའི་སྐུར་སྣང་བ་ལྔ་སྣང་བ་ལྔ་དཀར་པོ། དམར་པོ། སེར་པོ། ལྗང་གུ། མཐིང་ག་སྟེ་ཐོག་མ་བབ་ཀྱི་ཡུལ་དུ་སྣང་། །རླུང་ཀུན་ཏུ་ཁྱབ་བྱེད་ལ་སོགས་རང་ཤར་དུ་བལྟ་ལྔ་ས་ལྔ་མི་འགྱུར་རྡོ་རྗེའི་ས་ལ་སོགས་རང་ཤར་བལྟ་ཆུ་ལྔའི་ཞི་བ་གསལ་དག་གི་ཆུ་སོགས་རང་ཤར་ན་བལྟ་བདེ་བ་རྒྱས་པར་ལུས་ཀུན་ལའང་ཁྱབ། །མེ་བདག་བསྐྱེད་པ་ལ་སོགས་པ་ལྔ་ནམ་མཁའ་དག་པའི་ཞིང་དུ་བགྲོད་བྱེད་ལ་སོགས་པ་ལྔ་ཡི་རང་བཞིན་དུ་ཡང་ཁྱབ་པར་ཡེ་ནས་རྫོགས། །སྒྲ་ལྔ་ཤེས་པ་ཡོད་

པའི་སྒྲའོ། །དྲི་ལྔ་བསྣམ་པའི་དྲི། ཚོར་བའི་དྲི། འཇུག་པའི་དྲི། གནས་པའི་དྲིའོ། །བཞི་ལས་མ་བྱུང་གཟུགས་ལྔའི་རིག་པའི་གཟུགས། འོད་ཀྱི་གཟུགས། ཡིད་ཀྱི་གཟུགས། ཤ་ཁྲག་གི་གཟུགས། འབྱུང་བ་བེམས་པོའི་གཟུགས་ཡུལ་ཅན་དུ་ནི་རང་བྱུང་ངོ་། །མིང་ལྔ་མེད་པ་ལ་སོགས་པ་ཚིག་ལྔ་ཆོས་སྐུ་ཁྱབ་གདལ་ཆེན་པོའི་ཚིག །ལོངས་སྐུ་འཇིགས་པ་མེད་པའི་ཚིག །སྤྲུལ་སྐུ་འདོད་པ་མེད་པའི་ཚིག །སྣང་བ་ཡུལ་གྱི་ཚིག །དགོངས་པ་རང་རྫོགས་ཀྱི་ཚིག་གོ། །ཐ་སྙད་ལྔ་ཡི་སྒྲ་རིག་པའི་ཐ་སྙད། ཆ་བདུད་ལུང་གི། གཞལ་བྱ་ཕྱིའི། འཇལ་བྱེད་ནང་གི། མཚན་མ་སྡུད་པའི་ཐ་སྙད་དོ། །བདག་ཉིད་དུ་ནི་རང་བྱུང་ངོ་། །རོ་ལྔ་ཉམས་སུ་མྱོང་བའི་རོ། དོན་དང་། རྟགས་དང་། དཔེ་དང་། རིག་པ་ཉམས་སུ་མྱོང་བའི་རོ་རེག་ལྔ་མི་སྣང་བའི་རེག་དང་། སྣང་བའི་རེག་དང་། གཟུང་བའི་དང་། འཛིན་པའི་དང་། མི་འབྱེད་པའི་རེག་གོ། །ཆོས་ལྔས་ལུས་སེམས་ཡེ་ནས་ཚིམས་པའི་རྒྱུ། །ལུང་ལྔ་འཁྲུལ་པ་ཞེན་ལོག་དང་། སྣང་བ་གསལ་འདེབས་དང་། གང་མོས་གདུལ་བྱའི་ཆོས་དང་། ཐེག་པ་དབང་པོའི། ཡེ་ཤེས་བརྡའི་ལུང་དང་། རྒྱ་མའི་ལུང་དང་རྟེན་ལྔ་འོད་མིག་ལ་བརྟེན། ཐིག་ལེ་རིག་པ་ལ་བརྟེན། ལུ་གུ་རྒྱུད་ནམ་མཁའ་ལ་བརྟེན། ཡེ་ཤེས་སྙིང་ལ་བརྟེན། སྐུ་དབྱིངས་ལ་བརྟེན་ནོ། །མཁའ་ལྔའི་བྱུང་ཁུངས་ཉིད་དུ་ཡང་ཡེ་ནས་ཤར། །ཕྱི་བར་སྣང་གི་མཁའ་དང་། ནང་དབྱིངས་ཀྱི། གསང་བའི་རིག་པ། དེ་ཁོ་ན་ཉིད་དུ་མྱོང་བའི་ཕྱི་ནང་གཉིས་མེད་ཀྱི་མཁའ་ཆོས་ཉིད་དོ། །ཡིད་ལྔ་ཀུན་ཏུ་ཆོལ་བྱེད་ལ་སོགས་པའོ། །དྲན་པ་འདས་པ་རྗེས་དྲན་ལ་སོགས་པ་ལྔ་ཡི་རྟེན་དུ་ལམ་ཉིད་ཡེ་ནས་འདུ་འབྲལ་མེད་སྣང་བ། །བདག་ལྔ་ཕྱི་ཡུལ་གྱི་ནམ་མཁའ་བདག་གིས། དེ་ཁྱབ་བྱེད་ཀྱི་དབྱིངས་ཀྱིས། དེ་སྣང་བྱེད་ཀྱི་རིག་པ་བདག་གིས། དེ་ལྟ་བྱེད་ཀྱི་ཤེས་པ་བདག་གིས། དེ་ཉམས་སུ་སྤྱོད་བྱེད་ཀྱི་ཤེས་པ་བདག་གིས་གཞན་ལྔའི་ཆོས་ཅན་འཁྲུལ་པའི་སྣང་བ་ཕྱི་རོལ་རྒྱུ་ཡི་དོན་གོ། རང་ཤར་དུ་བལྟའོ། །ཆོས་ཅན་དུ་ནི་ཆེན་པོ་ཡེ་ནས་བྱུང་། །འདོད་ཆགས་ལྔ་དང་རང་ཤར་དུ་བལྟའོ། །ཞེ་སྡང་ལྔ་སྟེ་གཏི་མུག་ལྔ་ཡི་ཆོ་འཕྲུལ་དུ་ནི་ཡེ་ནས་སྣང་བ་སྟེ། །ང་རྒྱལ་ལྔ་དང་ཁོང་ཁྲོ་ལྔ་སྟེ་ཕྲག་དོག་ལྔ་ཡི་མཛད་པ་རྣམས་སུའང་སྣང་། །གཟུང་བ་ལྔ་སྒོ་ལྔའི་ཡུལ་དང་འཛིན་མཚན་མ་མེད་པའོ། །པ་ལྔ་ཡི་ཆོས་ཉིད་ངེས་པའི་ལམ་དུའང་ཤར། །དེ་ལ་རང་བཞིན་མེད་པའི་འོད་ལྔ། ཡོད་པ་སྐུ་ལྔའི་བདག་ཉིད་དུ་ཡོད་ལྔ་དང་མེད་པ་སྐུ་ལ་མཚན་མ་རྫས་སུ་གྲུབ་པ་མེད་ལྔ་སྟེ་མུ་བཞིའི་གྲུབ་པ་དེ་ཡང་ཡོད་མེད་གཉིས་ཀ་གཉིས་མ་ཡིན་པ་རྣམས་སུ་ཡེ་

ནས་སྣང་བའོ། །དབྱིངས་ལྔ་ཕྱི་ནང་བར་གསུམ་འཕེལ་བའི་དབྱིངས་འདུས་པའི་དབྱིངས་སོ། །རིག་པ་ལྔ་དང་གཞི་འཛིན་ངོ་བོ་ཀ་དག་གི་རིག་པ། མཚན་ཉིད་འཛིན་པའི། ལྷུན་གྲུབ་ཁྱབ་གདལ་གྱི་མངོན་སུམ་སྣང་བ་ལ་ཡིན་པའི་ཁ་དོག་ལྔ་ཡི་སྣང་བའོ། །མཚན་མ་མེད་པའི། དཀར་པོ་དྲི་མེད་རང་དག་ཆགས་མེད་ཆགས་བཅས་མ་གོས་པའི་དཀར་པོར་སེར་པོ་ལྔ་སྟེ་ས་འཛིན་པའི་སྐྱེད་བྱེད་སེར་པོ་རང་བྱུང་རང་གྲོལ་སེར་པོའི་ཡོན་ཏན་ནོ། །དམར་པོ་ལྔ་ཡི་ཆགས་ཆེན་ཆགས་བྲལ་ཡེ་གདངས་རང་གདངས་ཁྱབ་བྱེད་ཀྱི་དམར་པོའོ། །སྣང་བ་ཡེ་ནས་རྫོགས། །ལྗང་གུ་ལྔ་བྱང་མེད་བྱ་བྲལ་བྱར་དག་བྱ་རྫོགས་བྱ་བཙལ་ལས་འདས་པའི་ལྗང་གུའོ། །དང་མཐིང་ག་ལྔ་སྣང་བྱེད་མི་འགྱུར་རྒྱ་ཆེ་བའི་དྷཱ་ཏུའི་ཕྱིའི་མཐིང་གིས་ཡུལ་གཅིག་ཏུ་རྫོགས་པའོ། །ཡི་ཡུལ་དུ་རང་རྫོགས་ཉིད་དུའོ། །ཆོས་དབྱིངས་ཡེ་ཤེས་ལ་སོགས་པའོ། །ཡེ་ཤེས་ལྔ་དང་སྐུ་རྣམ་སྣང་ལ་སོགས་པའོ། །ལྔའི་བདག་ཉིད་ཆེན་པོར་ཡེ་ནས་རྣམ་པར་བཞུགས། །གཞིའི་ཐིག་ལེ་ལ་སོགས་པའོ། །ཐིག་ལེ་ལྔ་དང་དྭངས་འབྱུང་བ་ལས་འདས་པའི་དྭངས་མ་ལ་སོགས་པའོ། །མ་ལྔ་ཡི་དཀྱིལ་འཁོར་དུ་ནི་ཡེ་ཉིད་ནས་ནི་མངའ་བདག་གོ། །རྩལ་སྒོ་ལྔའི་ལྔ་ཡོན་ཏན་ལྔ་ཡུལ་ལྔ་རང་དག་ཏུ་ཡི་འབྲས་བུ་རུ་ནི་ཡེ་ནས་གདངས། །ཁ་དོག་མེད་པའི་འོད་ལྔ་དང་བཅས། ཡེ་གདངས་ལྔ་དང་ཟེར་ཁ་དོག་དང་བཅས་པའི་འོད་ལྔ་གདངས་ལྔ་དང་ཁྱབ་བྱེད་དབྱིངས་ལྔས་ཁྱབ་ལྔ་ཡི་ཚུལ་དུ་གནས་ཏེ་རང་དག་གོ། །མི་འབྱེད་པའི་དཀར་པོ་ལ་སོགས་པའི་གསལ་བ་ལྔ་དང་སྟོང་པ་ལྔ་ཡེ་སྟོང་ཕྱམ་ཆད་སྟེ་འདེགས་སྟོབས་ལྔ་ཕྱི་ཡི་རླུང་བར་གྱི་ནང་གི་གསང་བའི་དེ་ཁོ་ན་ཉིད་ཀྱིའོ། །ནི་ཡེ་ཉིད་ནས་གྲོལ་བར་རོ། །འཆར་བྱེད་ལྔ་མིག་གཉིས་རྣ་བ་གཉིས་སྤྱི་བོ་ཚངས་པའི་བུ་གའོ། །དེ་དང་སྣང་ཚུལ་ལྔ་དང་ཤེས་པ་ལྔ་དང་པོ་བདེ་བའི་ཤེས་པ་གཉིས་ལ་གསལ་བའི་ཡི་ངོ་བོར་བཞུགས། །དཔེ་ལྔ་ཕྱིའི་འོད་ལྔ་ལ་སོགས་པ་རྟགས་ཐིག་ལེ་སྟོང་པ་ལ་སོགས་པ་ལྔ་དོན་ལྔས་མཚོན་རིག་པ་དང་སྐུ་ལ་སོགས་པ་པའི་ཚུལ་དུ་ཤར། །དབང་ཕྱི་ནང་གསང་བ་བཞི་ལྔ་བསྐུར་རྒྱུ་མེད་པའི་དོན་དབང་ལྔ་དམ་ཚིག་ལྔ་སྟེ་མེད་པ་ལ་སོགས་པ་ཕྱག་རྒྱ་ལྔ་ཡི་རྟེན་དུ་ཡེ་ནས་རྫོགས་པའོ། །མངོན་ཤེས་མིག་གི་ལ་སོགས་ལྔ་དང་གཟུགས་གཟུངས་ལྔ་ཆོས་མིང་བརྗོད་པའི་གཟུགས་བལྟ་བླ་མ་རིག་པ་ལ་སོགས་པ་དང་ནི་དྲན་སྔགས་ཀྱི་གནས་ལ་སོགས་པ་པ་ལྔ་ཡི་ངོ་བོ་རྫོགས། །དཀྱིལ་འཁོར་མི་བསྐྱོད་

ལ་སོགས་པ་ལྔ་དང་རིགས་རྡོ་རྗེའི་རིགས་ལ་སོགས་ལྔ་དང་ནི་བདག་པོ་ལྔ་གཙོ་བོ་ལ་བྱ་ཡི་ལམ་དུ་རྣམ་པར་རང་དག་པའོ། །རྟོགས་པ་ལྔ་ཕུང་པོ་ལྔ་གནས་སུ་དག་པ་ལ་བྱ་དང་ཤེས་རབ་ལྔ་སྡུད་བྱེད་ལ་སོགས་པའི་སྣང་བ་མཆེད་པ་ལ་བྱ་དང་ལྷ་དག་གིས་སྐུ་ལྔ་ནི་སྣང་བར་ཡེ་རྫོགས་པའོ། །ཏིང་འཛིན་རང་བཞིན་གྱིས་དང་མི་རྟོག་པའི་བྱས་པའི་ཁྱབ་པའི་གནས་པའི་ལྔ་དང་རང་གནས་ལྔ་ཚོམ་བུ་ལ་སོགས་པ་དང་མི་རྟོག་ལྔ་སྐུའི་གཟུགས་ཆས་ལུས་ལ་མ་ཤོར་ནི་ཡང་དག་རྫོགས། །ལྟ་བ་ལྔ་རིགས་ལྔ་ཐད་ཀའི་སྣང་དང་སྒོམ་པ་ལྔ་རིགས་ལྔའི་རང་གནས་ཀྱི་བསམ་གཏན་སྟེ་སྤྱོད་པ་ལྷ་དང་ལྷ་ཚོགས་པའི་དཀྱིལ་འཁོར་རིགས་ལྔར་སྤྱོད་ལྔ་ཡི་རྩལ་དུ་རྫོགས་པར་སྣང་། །སྙིང་པོ་སྐུ་ལྔའི་རིགས་ལྔ་མི་རྟོག་པ་ལྔ་དང་གདལ་བ་ལྔ་དེ་རེ་རེ་ལ་ཡང་སྐུ་ལྔ་ལྔ་བསྐུར་བ་ནི་རང་དག་ཆེན་པོར་ཡེ་ནས་རྫོགས་པའོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་གླང་པོའི་འོད་ཟེར་ཀུན་ཏུ་སྣང་བྱེད་ཁྱོད་ཉོན་ཅིག །དུས་གསུམ་བཞུགས་པའི་འབྲས་བུ་ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །ཆོས་སྐུ་སྟོང་གསལ་རིག་པ་མངོན་སུམ་གྱིས་ཁྱབ་པའི་གདངས་ལ་སུས་གོམས་པས་ནི་རང་ལུས་གཅིག་ཏུ་གྲོལ། །ལོངས་སྐུ་གསལ་སྣང་སྣང་བ་ཐམས་ཅད་གཟུགས་སྐུར་ཤར་དེ་གང་གིས་མཐོང་བའི་མི། །དཀྱིལ་འཁོར་ཀུན་གྱི་བདག་པོ་ཡིན་པས་ཀུན་ཏུ་བཟང་པོའི་ལྟ་བ་ཉིད་དུ་འདུག །སྤྲུལ་སྐུ་ཕྱི་ཡུལ་ལ་བདག་ཏུ་གཟུང་བ་མེད་པའི་ངང་དུ་སུས་འདྲིས་སེམས་ཉིད་མཐོང་བའི་སྐྱེས་བུ་ནི། །འཁྲུལ་པ་ཡུལ་རྐྱེན་རྣམས་ཀྱི་ཕན་གནོད་དངོས་པོ་གང་ཡང་གྲུབ་པ་མེད་པ་ཡིན། །སྐུ་གསུམ་ཕྱིར་མི་ལྡོག་པའི་ས་ལ་རྣལ་འབྱོར་བདེ་བ་སུས་རྙེད་རིག་པ་ཅན། །འདི་ནི་སངས་རྒྱས་སྟོང་གི་བདེ་བ་འཛིན་པ་ཉིད་དུ་ཀུན་ཏུ་བཟང་པོ་ང་ཡི་སེམས་ཡིན་ནོ། །སྐུ་ཡི་སྣང་བ་ལྷུག་པར་སུས་མཐོང་རྣལ་འབྱོར་ཀུན་གྱི་བརྟེན་པ་ཡིན་པར་ང་ཡིས་འདི་ཡང་བཀོད། །གང་གིས་ཕྱིར་མི་ལྡོག་པའི་གདེངས་ཆེན་ལོངས་པའི་ཚད་རྣམས་སུས་འཛིན་པ། །བླ་མ་མཁས་པའི་ལྷ་དང་ངོ་སྤྲོད་དོན་འདི་བདེ་བའི་རང་བཞིན་རིན་པོ་ཆེ། །དེ་ལ་དྲི་མ་མེད་ཅིང་གདགས་པའི་སྒྲ་རྣམས་ཀུན་གྱི་འདུ་ཤེས་ཉིད་དང་བྲལ། །དེ་རྟོགས་ཅོག་བཞག་ཐབས་བཞིའི་རྣལ་འབྱོར་གདེང་དུ་ཡང་དག་སྙིང་པོ་ཉིད་ཚུད་པའོ། །

དྲན་ཤེས་རྣམས་ནི་མྱ་ངན་འདས་པའི་ཚེ་ན་བརྗོད་པའི་མཐའ་ཀུན་རང་གིས་རང་ཟད་པའོ། །ཕུང་པོ་ཁམས་དང་སྐྱེ་མཆེད་མྱ་ངན་འདས་པའི་ཚེ་ན་སྣང་སྲིད་ཐམས་ཅད་བདེ་བའི་ཞིང་དུ་སྣང་། །དབང་པོ་ཡུལ་རྣམས་མྱ་ངན་འདས་པའི་ཚེ་ན་ཕྱག་རྒྱ་མཆོག་གི་ལོངས་སྤྱོད་ཆེན་པོ་རང་སྣང་བའོ། །སྒྲ་ཚིག་རྣམས་ནི་མྱ་ངན་འདས་པའི་དུས་ན་སྣང་བ་ཀུན་ལ་ཕ་རོལ་ཕྱིར་པའོ། །ལྟ་དང་སྒོམ་དང་སྤྱོད་པ་མྱ་ངན་འདས་པའི་དུས་ན་རྩོལ་བཅས་དྲན་པ་རང་ཟད་ཡིན། །ཆོས་དང་ཤེས་རབ་མྱ་ངན་འདས་པའི་དུས་ན་ལྷ་ཡི་སྐུ་རྣམས་མི་དམིགས་རྒྱ་ཡིས་ཐེབ་པ་རང་ཡང་ཤར། །ཉམས་མྱོང་མྱ་ངན་འདས་ཉིད་ཟད་པའི་དུས་ན་བྱུང་ཚོར་རྣམས་ཀྱི་སྒོ་ཡང་རང་གིས་རང་འགགས་སོ། །དྲོད་དང་རྟགས་ནི་རང་ཟད་མྱ་ངན་འདས་པའི་ཚེ་ན་ཉོན་མོངས་རྣམས་ནི་རང་གིས་རང་ཟད་སྟོང་པར་བྱས་པ་ཡིན། །ཟད་པའི་ཆོས་འདི་སྤྱོད་པའི་གང་ཟག་བསྐྱེད་དང་རང་རྫོགས་པ། །སྙིང་པོ་འདི་ལ་གནས་པའི་སྐྱེས་བུ་སྐལ་ཅན་སུས་མཐོང་བ། །འདི་ནི་དུས་གསུམ་སངས་རྒྱས་ཀུན་གྱི་འབྲས་བུ་ཀུན་ཏུ་བཟང་པོའི་ངོ་བོར་རང་འདུག་ཡིན། །སངས་རྒྱས་རྣམས་ཀྱི་འབྲས་བུ་འདི་ལ་སུས་གོམས་དཔལ་ལྡན་རྡོ་རྗེ་འཛིན་པ་ཉིད་དུའང་འགྱུར། །ཐོག་མའི་མགོན་པོ་གཞི་ལ་རང་བྱུང་དུ་བྱུང་བའི་ཚེ་ན་དྲི་མེད་དག་པ་འོད་ཀྱི་དབུས་ནས་རང་བྱུང་རང་ཤར་བས། །སངས་རྒྱས་ཀུན་གྱི་མཛད་པའི་བདག་ཉིད་དུ་ཡང་གསང་མཆོག་ཆེན་པོ་ཉིད་ཀྱི་སྐུ་ཐོབ་སྟེ། །དེ་ལ་མི་ལྡོག་ཤེས་པའི་རྣལ་འབྱོར་བློ་རྩལ་སྟོབས་དང་ལྡན་པའི་སྐལ་བ་ཅན། །འབྲས་བུ་ཀུན་གྱི་ཚད་དུ་ཕྱིན་པས་ཀུན་ཏུ་བཟང་པོ་ང་དང་སྐལ་བ་མཉམ་པའོ། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པ་གསང་བ་ཆེན་པོའི་རྒྱུད་ལས། སྙིང་པོ་ལམ་དང་བཅས་པ་འབྲས་བུ་རང་དྲིལ་བར་བསྟན་པའི་ཀློང་ཞེས་བྱ་སྟེ་ལྔ་པ་རྫོགས་སོ།། །།ཡི་དྭགས་ཀྱི་སྐྱེ་གནས་དག་པར་བྱེད་པའི་སྐབས་ཏེ་ལྔ་པའོ།། །།དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་རང་གིས་འཁོར་རྣམས་སྡུད་པའི་ཆེད་དུ། ཞལ་གྱི་སྒོ་རྣམས་ནས་འོད་ཟེར་ཁ་དོག་དུ་མ་བྱུང་སྟེ། སངས་རྒྱས་ཀྱི་ཞིང་ཁམས་རྣམས་སྣང་བར་བྱས་པ་ནི་འདི་ལྟ་སྟེ། འོད་ཟེར་དཀར་པོ་དང་། ཁ་དོག་

རགས་པ། རབ་ཏུ་དཀར་པོ་དང་། ཕྲ་བ། ཤིན་ཏུ་དཀར་བར་སྣང་བ་དང་། མ་འདྲེས་པ། མཆོག་ཏུ་དཀར་བར་རྩིབས་ལ་སྣང་བ་དང་། ཚད་མེད་པར་དཀར་བར་སྣང་ཟླུམ་པོ་བ་དང་། དེ་བཞིན་དུ་དམར་པོ་དང་། རབ་ཏུ་དམར་པོ་དང་། ཤིན་ཏུ་དམར་པོ་དང་། མཆོག་ཏུ་དམར་པོ་དང་། ཚད་མེད་པའི་དམར་པོའོ། །ཡང་སེར་པོ་དང་། རབ་ཏུ་སེར་པོ་དང་། ཤིན་ཏུ་སེར་པོ་དང་། མཆོག་ཏུ་སེར་པོ་དང་། ཚད་མེད་པའི་སེར་པོའོ། །མཐིང་ག་དང་། རབ་ཏུ་མཐིང་ག་དང་། ཤིན་ཏུ་མཐིང་ག་དང་། མཆོག་ཏུ་མཐིང་ག་དང་། ཚད་མེད་པའི་མཐིང་གའོ། །དེ་བཞིན་ཏུ་ལྗང་གུ་དང་། རབ་ཏུ་ལྗང་གུ་དང་། ཤིན་ཏུ་ལྗང་གུ་དང་།མཆོག་ཏུ་ལྗང་གུ་དང་། ཚད་མེད་པའི་ལྗང་གུ་རྣམས་སྤྲོས་སོ། །གཞན་ཡང་ཤེལ་གྱི་ཁ་དོག་ལྟ་བུ་དང་། དངུལ་གྱི་ཁ་དོག་ལྟ་བུ་དང་། མུ་ཏིག་གི་ཁ་དོག་ལྟ་བུ་དང་། བྱ་ངང་བའི་སྒོ་ངའི་ཁ་དོག་ལྟ་བུ་དང་། རིན་པོ་ཆེ་མརྒད་ལྟ་བུ་དང་། རིན་པོ་ཆེ་མཐོན་མཐིང་ལྟ་བུའི་ཁ་དོག་དང་། རཀྟ་དམར་པོ་ལྟ་བུའི་ཁ་དོག་དང་། བུང་བའི་རྒྱབ་ལྟ་བུའི་ཁ་དོག་དང་། བསེ་སྒོང་རྙིང་པ་ལྟ་བུའི་ཁ་དོག་དང་། རྨ་བྱའི་མདོངས་ལྟ་བུའི་ཁ་དོག་དང་། ཕུག་རོན་མ་ངེས་པར་གྱི་སྐེ་ལྟ་བུའི་ཁ་དོག་དང་། རི་སྐེགས་ཀྱི་གཤོག་པ་ལྟ་བུའི་ཁ་དོག་དང་། སེང་གེའི་དཔྲལ་བ་ལྟ་བུའི་དཀར་བའི་མདངས་ཁ་དོག་དང་། མཁའ་འགྲོའི་མིག་ལྟ་བུའི་ལྔའི་ཁ་དོག་དང་།བརྒྱ་བྱིན་གྱི་ཤིན་ཏུ་དམར་བའི་འོད་ལག་པ་ལྟ་བུའི་ཁ་དོག་དང་། གསེར་གྱི་གཡའ་ལྟ་བུའི་ཁ་དོག་དང་། དུག་གི་རླངས་པ་དམར་སེར་ནག་པོ་ལྟ་བུའི་ཁ་དོག་དང་། འབྲིང་བྱའི་གཤོག་པ་ལྟ་བུའི་གཅིག་ཏུ་མི་སྣང་བའི་དཔེ་འཇོག་གི་ཁ་དོག་ལ་སོགས་པ་རྣམས་སྤྲོས་སོ། །དེ་ལྟར་འོད་དང་ཁ་དོག་དེ་དག་རྣམས་རྣམ་པར་སྤྲོས་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམས་རབ་ཏུ་སྣང་བར་བྱས་ཏེ། རྒྱན་ཡེ་ཤེས་དང་ཁ་དོག་འོད་དང་བཞུགས་ཚུལ་སྐུ་དང་། སྐུའི་ངོ་བོ་ཐམས་ཅད་རང་གསལ་ཞིང་རང་དག་ཆེན་པོའི་བསམ་གཏན་དུ་བརྟན་པ་ཐོབ་སྟེ། སངས་རྒྱས་རྣམས་ཀྱི་རང་རང་གི་ཚོམ་བུ་དང་བཅས་པའི་ཞལ་རྣམས་དུས་གཅིག་ལ་མཐོང་ངོ་། །དེ་ནས་འཁོར་དེ་དག་གི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་འོད་ཟེར་གྱིས་འཁོར་བ་ཐམས་ཅད་འཇིགས་པར་བྱེད་པ་ཞེས་བྱ་བ་སྟན་

ལས་ལངས་ཏེ། བླ་གོས་གཟར་ནས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །ཉིད་ཀྱི་ཞལ་གྱི་དཀྱིལ་འཁོར་ནས། །འོད་དང་ཁ་དོག་རྣམ་སྤྲོས་པས། །སངས་རྒྱས་ཞིང་རྣམས་སྣང་བར་བྱས། །དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི། །འཁོར་དང་བཅས་པའི་དཀྱིལ་འཁོར་ནི། །དུས་གཅིག་ལ་ནི་སྣང་མཛད་པས། །བདག་ཅག་རྣམས་ཀྱི་རྣམ་རྟོག་ཟད། །ཉིད་དང་སྐལ་བ་མཉམ་གྱུར་ཀྱང་། །མ་འོངས་པ་ཡི་སེམས་ཅན་རྣམས། །ཡང་དག་ལམ་ལ་འཛུད་པའི་བྱིར། །ཉིད་ཀྱི་ཏིང་འཛིན་ཅི་ལྟ་བུ། །དེ་ཡི་ཚད་རྣམས་གང་གིས་བཟུང་། །མ་འོངས་པ་ཡི་སེམས་ཅན་གྱིས། །འདི་ལ་ཅི་ལྟར་བསླབ་པར་བགྱི། །འདི་ཀུན་སེམས་ཅན་ཀུན་དོན་དུ། །སྙིང་རྗེ་ཆེན་པོ་ཉིད་བཞེངས་ལ། །བདག་གིས་ཞུས་པའི་དོན་འདི་གསུངས། །དེ་ནས་སྟོན་པ་ཀུན་ཏུ་བཟང་། །སྙིང་རྗེ་ཆེན་པོའི་ཡིད་གཡོས་ནས། །ཞལ་ནས་སྤྲོས་ཚིག་འདི་སྐད་གསུངས། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེ། །རང་གི་འོད་ཟེར་འཁོར་བ་འཇིག །ཁྱོད་ཀྱིས་ཞུས་པ་དེ་ལེགས་སོ། །ང་ཡི་ཚིག་ཏུ་འདི་སྐད་བརྗོད། །ཁྱོད་ཀྱིས་འདི་ཀུན་རབ་ཏུ་ཟུང་། །ཏིང་ངེ་འཛིན་ཞེས་ངས་བཤད་པས། །དེ་ཀུན་དོན་ནི་འདི་ལྟར་སྣང་། །ང་ལ་སྐུ་གསུམ་བསྟན་པའི་ཉམས་བསྟན་པའི་ཏིང་ངེ་འཛིན་གསུམ་དུ་བསྟན་ནས་གཞི་ཆོས་སྐུའི་ཏིང་འཛིན་གསུམ་ཡོད་དེ། །རང་གནས་ཅོག་བཞག་བསམ་གཏན་གྱིས། །དངོས་པོའི་གནས་ལུགས་མཉམ་པར་འཇོག །ཐོག་བབ་ཆེན་པོའི་ཏིང་འཛིན་གྱིས། །རང་སྣང་ལོངས་སྐུའི་ཐད་ཀའི་ཞེན་པ་བཟློག །རྒྱས་འདེབས་ཆེན་པོའི་ཏིང་འཛིན་གྱིས། །སྣང་བ་སྐུར་སྣང་བ་སྤྲུལ་སྐུས་ཐམས་ཅད་རང་སར་འཇོག །རང་གི་འོད་ཟེར་སྣང་བ་ཡིས། །འཁོར་བ་འཇིག་པའི་བྱང་སེམས་ཀྱིས། །སྟོན་པ་ཉིད་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་། །རང་གནས་ཅོག་བཞག་ཏིང་འཛིན་ནི། །སྟོན་པའི་ཐུགས་ལ་ཅི་ལྟར་ཤར། །དེ་ཡི་དོན་ནི་གང་ཙམ་ཞིག །ཐོག་བབ་ཆེན་པོའི་ཏིང་འཛིན་ནི། །འདི་ནི་ནང་གི་དུས་སུ་སྐྱེ། །འདི་དོན་བློ་ལ་ཅི་ལྟར་བསྒོམ། །དེ་བཞིན་རྒྱས་འདེབས་ཏིང་འཛིན་ནི། །འདི་ཉིད་ལམ་དུ་ཅི་ལྟར་བྱ། །སྒོམ་པ་ཅི་ལྟར་བསྒོམ་པ་ལགས། །འདི་ཀུན་བདག་

གིས་མ་འཚལ་ན། །སྟོན་པ་ཐུགས་རྗེ་ཆེན་པོས་གསུང་། །དེ་ནས་སྟོན་པས་བཀའ་སྩལ་པ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན། །ངས་བསྟན་པ་ལ་ནོར་བ་མེད། །ཁྱོད་ཀྱིས་ནོར་མེད་སེམས་ཀྱིས་ཟུང་། །རང་གནས་ཅོག་བཞག་ཏིང་འཛིན་ནི། །ང་ཡི་སེམས་ལ་འདི་ལྟར་བས། །ཕྱི་རབས་སངས་རྒྱས་འདོད་པས་ཀྱང་། །འདི་ལྟར་བློ་ལ་སྣང་བྱས་ལ། །རྡོ་རྗེ་སེམས་དཔའི་རིགས་སུ་འགྱུར། །ཏིང་འཛིན་དང་པོ་ཅོག་བཞག་གིས། །སྐུ་གསུམ་རིམ་གྱིས་གོམས་པ་ཡིན། །དངོས་པོ་གཤིས་ཀྱི་རྣལ་འབྱོར་ལ། །དོན་འདི་མཆོག་ཏུ་ཉེ་བར་འགྱུར། །ལུས་ཟད་པར་བྱེད་པའི་ཕྱིར་སྐལ་ལྡན་གྱི་བློ་ལ་འདི་ལྟར་བྱུང་བའི་ཚེ་སྐུ་གསུམ་གྱི་ཉམས་སྐུ་གསུམ་གོམས་པའི་གཏིང་ཉམས་ནི། །ཅིག་ཆར་སྐྱེ་བ་མ་ཡིན་ཏེ། །འདི་ཀུན་རིམ་གྱིས་བློ་ཡུལ་ལོ། །ཐོག་མར་སྤྲུལ་སྐུའི་ཏིང་འཛིན་ཐོབ། །དེ་དུས་རང་གི་ཤེས་པ་ལ། །སྔར་མ་མཐོང་བའི་ཆོས་རྣམས་ནི། །བསམ་པ་མེད་པར་བློ་ལ་འཆར། །རང་གིས་གདམས་པའི་ཐ་སྙད་ཚིག །མ་བཟུང་བཞིན་དུ་སེམས་ལ་བཀྲ། །སྐྱེས་བུ་སྐལ་དང་ལྡན་པ་ལ། །ཆོས་ཀྱི་རོ་ཡིས་སེམས་རྒྱས་པས། །ལུས་ཀྱང་ཞག་ནི་དྲུག་བདུན་དུ། །ཡོད་པ་དག་ནི་མི་ཚོར་ཅིང་། །ས་ཡི་སྟེང་ལས་འཕགས་ནས་ནི། །བར་སྣང་དག་ལ་འགྲོ་བའི་ཉམས། །རང་གི་སྤྱོད་ཡུལ་ཉིད་དུ་འབྱུང་། །རིག་པ་རྩོལ་མེད་མཁར་བཞག་ནས། །རང་གི་སྤྲུལ་སྐུ་དེ་ལྟར་ཐོབ། །དེ་འདས་རིག་པ་མ་འགྱུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱང་། །རང་གི་ཤེས་པའི་རྒྱུད་དུ་ནི། །རང་སྣང་རྩོལ་བ་ཀུན་བྲལ་བར། །ཉམས་སུ་མྱོང་བ་འདི་ལྟར་འབྱུང་། །སྔར་མ་མཐོང་བའི་འོད་སྣང་ཡང་། །དུམ་བུ་དུམ་བུར་སུས་མཐོང་བ། །འདི་ཡང་ལོངས་སྤྱོད་སྐུ་ལ་སྤྱོད། །སྐལ་ལྡན་རྣལ་འབྱོར་རིགས་ལྡན་དེའི། །ཤེས་པ་རང་ལ་ཉམས་རེ་གསལ། །དྲན་བསམ་དབང་པོ་མ་འགགས་པར། །ཡིད་རྟོག་གཞན་ལ་མི་འཇུག་ཅིང་། །རིག་པ་རང་དལ་བདེ་བདག་མེད། །རང་གསལ་བློ་ལ་གོམས་པ་ཡིས། །ནང་གསལ་འགྱུ་ཡིད་ཕྱིར་མི་འཆོར། །དངོས་པོའི་རྗེས་སུ་སེམས་མི་འདྲེང་། །

འཇིག་རྟེན་བྱ་བ་བློར་མི་སྣང་། །འདིས་ནི་ལོངས་སྤྱོད་རྫོགས་པ་ཐོབ། །དེ་ནས་རིག་པ་ནམ་མཁའ་ལ། །ཅོག་བཞག་ཆེན་པོའི་ལྟ་སྟངས་ཀྱིས། །ཡེངས་པ་མེད་པར་མཉམ་གཞག་པས། །ཡང་ནི་ཆོས་སྐུའི་ཏིང་འཛིན་སྣང་། །དེ་དུས་ཤེས་པ་གཏིང་ནས་གསལ། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །སྣང་བ་འཕེལ་བའི་ཚད་ཡིན་ཏེ། །ཤེས་པ་རྣོ་ལ་མྱུར་བ་ཡིས། །སྔར་མ་མཐོང་བའི་སངས་རྒྱས་མཐོང་། །འདི་ཡིས་དེ་ཡི་མིང་རྣམས་ནི། །བརྒྱ་སྟོང་བྱེ་བ་བློ་ལ་སྣང་། །ལུས་ཀྱིས་སྔར་མ་བྱས་པ་ཡི། །ཤེས་པ་མེད་པའི་བཟོ་རྣམས་དང་། །སྒྱུ་རྩལ་རྣམས་དང་ཡི་གེ་དང་། །སྐད་དང་བརྡའ་དང་རྟེན་འདྲེལ་ནི། །ཅི་ལྟར་སྔར་མ་མཐོང་བ་ཡི། །འདི་ཀུན་ཉམས་སུ་མྱོང་བ་དང་། །ས་དང་ཆུ་དང་མེ་རླུང་གིས། །སྒྲ་ཡང་འདི་ཡིས་བདེ་བར་ཐོས། །མདོར་ན་མངོན་ཤེས་དྲུག་རྣམས་ཀྱང་། །སྐལ་དང་ལྡན་པ་འདིས་ཐོབ་སྟེ། །རང་དང་ཕ་རོལ་དོན་རྣམས་ནི། །སྐྱེས་བུ་འདི་ཡིས་བྱེད་པར་འགྱུར། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཆེ། །སྐུ་གསུམ་རང་བྱུང་དགོངས་པ་ནི། །མདོར་ན་འདི་ལྟར་ཉམས་ཚད་རྙེད། །སྤྲུལ་པ་སྐུ་ཡི་རྣལ་འབྱོར་སྤྱོད། །སྔར་རྙེད་སྙིང་རྗེ་ཆེན་པོ་ནི། །རང་གི་རྒྱུད་ལ་མཆོག་ཏུ་སྐྱེ། །འདི་དུས་སྤྲུལ་སྐུའི་ཏིང་འཛིན་ཐོབ། །གསལ་ལ་མི་རྟོག་ཤེས་པའི་ཉམས། །ལོངས་སྐུའི་ཏིང་ངེ་འཛིན་ཞེས་བྱ། །ཟག་མེད་ཐིག་ལེ་སྟོང་པའི་སྐུ། །རྩོལ་བ་མེད་པར་རང་ཤར་ཚེ། །ཆོས་སྐུའི་ཏིང་ངེ་འཛིན་ཞེས་བྱ། །རྣལ་འབྱོར་ལྡན་པ་འདིས་ཐོབ་བོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །ཐོག་བབ་ཆེན་པོའི་ཏིང་འཛིན་ནི། །གང་གིས་འདི་ལ་གོམས་སྤྱོད་ན། །སྣང་བ་ཀུན་ལ་དབང་བསྒྱུར་ཐོབ། །དེ་ཡི་རིམ་པའི་རྩལ་རྣམས་ནི། །རྣམ་པར་བསྒོམ་པ་གང་འདོད་པ། །འདི་

ཀུན་བློ་ཡི་ཡུལ་དུ་བྱ། །ཡུལ་རྐྱེན་རྟོག་པར་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མ་འམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་སྣང་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བབས་སུ། །སྣང་རྐྱེན་རྒྱུད་ལ་མི་འཆར་བར། །ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ། །ཀྱེ་མ་རང་གི་འོད་ཟེར་གྱིས། །འཁོར་བ་འཇིག་པའི་བྱང་ཆུབ་སེམས། །རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི། །སུ་ཞིག་བསྒོམ་པར་འདོད་པའི་མིས། །མི་འགྱུར་བ་ཡི་གནད་གཟིར་ཕྱིར། །ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕངས། །དེ་བཞིན་མིག་གིས་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། །འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་བསྒོམ་པ། །ཉིན་དུས་སྣང་བ་ནམ་ཕྱེད་ཤེས་བྱ་བུམ་པར་བཅུག་པས་ཤེས་པ་རང་ཐོག་ན་གནས་པ། ཐོ་རེངས་ཡེ་ཤེས་རང་གསལ་བས་བྱུང་ཚོར་རྣམས་རང་སར་དག །ཉིན་པར་སྣང་བ་རྒྱས་གདབ་པས་མཚན་མ་རྣམས་ཟིལ་གྱིས་མནན་པའོ། །རྒྱས་འདེབས་སོ། །མཚན་དུས་རང་རིག་གནས་ཁང་དུ། །དུས་བཞི་མཉམ་པའི་ཚད་བཟུང་ཕྱིར། །སྲོད་ལ་དབང་པོ་གནས་སུ་སྡུད་པར་དྲན་པའི་སྒོ་བཅད། དབང་པོའི་སྒོ་རྣམས་རབ་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། །ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་བཅས། །དེ་བཞིན་ཐིག་ལེ་ཕྲ་འགྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པ་ཇེ་ཕྲ་ཇེ་ཕྲར་བཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་འབྱུང་། །འདི་ལྟར་མཚན་མོའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པས་

སྤྱོད། །འདས་ནི་སྣང་བ་རང་རྒྱས་ཐེབས། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །ང་ཡི་ཏིང་འཛིན་ཚད་རྣམས་ནི། །སུས་ཀྱང་བཟུང་བར་མི་ནུས་ཏེ། །འོན་ཀྱང་ཚིག་གིས་འདི་ལྟར་སྤྲད། །རང་གནས་ཅོག་བཞག་ཏིང་འཛིན་ཚད། །འབྱུང་བའི་དགྲས་མི་གནོད་པས་བཟུང་། །དེ་བཞིན་ཐོག་བབ་ཏིང་འཛིན་ཚད། །འདོད་ཆགས་ལ་སོགས་ཉོན་མོངས་རྣམས། །རང་གི་རྒྱུད་ལ་གཏན་མི་སྐྱེ། །མི་དགེའི་བསམ་པ་སྐྱེ་མི་སྲིད། །འདིས་ནི་དེ་ཡི་ཚད་རྣམས་བཟུང་། །རྒྱས་འདེབས་ཆེན་པོའི་ཏིང་འཛིན་ཚད། །རགས་པའི་སྣང་བ་འགགས་པས་བཟུང་། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །མ་འོངས་པ་ཡི་སེམས་ཅན་གྱིས། །ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་བཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང་། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང་། །ཤེས་བཞིན་དཔྱོད་པའི་ཡི་དམ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེའོ། །ཐོག་བབ་ཆེན་པོའི་ཏིང་འཛིན་ལ། །ལུས་ནི་ཐ་མལ་ལྟ་བུ་ལ། །ངག་གི་སྨྲ་བརྗོད་ཚིག་རྣམས་བྲལ། །སེམས་ནི་དམ་དུམ་བཅིངས་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་བཟུང་། །དེ་ལྟར་རང་སྣང་ཚད་ཟིན་ན། །འགྲོ་དྲུག་འཁྲུལ་པའི་སྣང་བ་འགགས། །འདི་ཉིད་འགགས་པའི་དུས་ཀྱི་ཚེ། །རིག་པ་སྲང་ལ་ཐེབས་པ་ཡིན། །དེ་ལྟར་སྲང་ལ་ནམ་ཐེབ་ན། །རང་གི་ལུས་ཀྱང་མི་སྣང་

སྟེ། །འབྱུང་བས་བསྐྱེད་པའི་ཤ་ཁྲག་ལུས། །འབྱུང་བ་རང་སར་དག་པའི་ཕྱིར། །འདི་ནི་ཡུལ་དུ་སྣང་བ་མེད། །འཁྲུལ་པས་བཟུང་བའི་ཡིད་ཀྱི་ལུས། །འགྱུ་བ་རང་སར་སངས་པའི་ཕྱིར། །འདི་ཡང་མི་སྣང་རང་སར་ཡལ། །རིག་པས་བཟུང་བའི་འོད་ཀྱི་ལུས། །ཆུ་ཟླའི་དཀྱིལ་འཁོར་བཞིན་དུའོ། །འདི་ཚེ་ཆོས་ཉིད་ཟད་དང་ཉེ། །འདི་ལ་གང་གོམས་སངས་རྒྱས་ཞིང་། །དེ་ནས་ལུས་གསུམ་མཐའ་ཟད་ནས། །བྱ་བྲལ་རྫོགས་པའི་ལུས་ཐོབ་སྟེ། །ཚེ་འདིའི་ལུས་ཀྱི་མཐའ་རྣམས་དང་། །བྲལ་བ་ལ་ནི་ཉེ་བ་ཡིན། །གཞི་ལ་གོམས་པའི་རྣལ་འབྱོར་པས། །རང་གི་གནས་ཀྱང་སྟོངས་པར་འགྱུར། །ལམ་ལ་གོམས་པའི་རྣལ་འབྱོར་པས། །འབྱུང་བ་རགས་པའི་དྲི་མ་ཟད། །འབྲས་བུ་ལ་ནི་སུས་གོམས་པ། །མི་ལྡོག་ས་ལ་འདི་ཡིས་ཕྱིན། །ཀྱེ་མ་སེམས་དཔའ་ཆེན་པོ་ཉོན། །དེ་ལྟར་ང་ཡི་ཏིང་འཛིན་ནི། །འདི་ལ་གོམས་པ་སྐལ་བ་ལྡན། །སྣང་བ་གསུམ་ལས་རྙེད་པ་ཐོབ། །ཏིང་ངེ་འཛིན་འདི་སུས་གཟུང་བ། །སྐུ་གསུམ་ལ་ཡང་མངོན་པར་གནས། །འདི་ཉིད་སུ་ཡིས་བསླབ་པ་ལ། །སྡེ་སྣོད་ཆོས་རྣམས་བློ་ལ་སྣང་། །འདི་གསུམ་གང་གིས་གོམས་པའི་མི། །འཁྲུལ་པའི་ཞེན་ཡུལ་རྩད་ནས་ཆོད། །འདི་ཉིད་ཉམས་མྱོང་ཤར་བའི་མི། །མ་བཙལ་བཞག་པའི་བསམ་གཏན་ཐོབ། །ཀྱེ་མ་བྱང་ཆུབ་སེམས་དཔའ་ཉོན། །ད་ནི་ཏིང་འཛིན་རྣམ་གསུམ་གྱི། །ཚད་ལ་གོམས་པའི་རྣལ་འབྱོར་པས། །ལྡོག་པ་མེད་པའི་ལམ་ཞུགས་ནས། །སྟོང་གསལ་ཆེན་པོའི་གནས་སུ་ཕྱིན། །ལུ་གུ་རྒྱུད་ཀྱི་ལུས་བླངས་ཏེ། །དྲན་བསམ་ཟད་པའི་རྩེར་ཕྱིན་ནས། །སྔར་མ་མཐོང་བའི་ཡུལ་མཐོང་ནས། །གསལ་བྱེད་དབྱིངས་ཀྱི་གོ་རར་ཚུད། །ཚུད་པས་སྐུ་གསུམ་རང་ལུས་ཟད། །དེ་ལྟར་ལུས་

ཀྱི་མཐའ་ཟད་ནས། །ཉམས་སུ་སྐྱེ་བ་ཉིད་ཀྱང་མེད། །འདི་ལ་ཅི་ཡང་ཡོད་པ་མིན། །བརྗོད་པར་བྱ་བའི་ཚིག་ཀྱང་མེད། །མེད་པ་ཡང་ནི་མ་ཡིན་ཏེ། །ཡོན་ཏན་འཆར་ཚུལ་འགག་པ་མེད། །འདི་ལ་གནས་པའི་ས་མེད་པས། །བརྟེན་པར་བྱ་བའི་ཆོས་རྣམས་ཟད། །འདི་ལ་དམིགས་པའི་རྒྱུ་མེད་པས། །བཟུང་བའི་ཆོས་རྣམས་ཡེ་ནས་སྟོང་། །འཛིན་པའང་ནི་རང་སར་སྟོང་། །འདི་ལ་སྟོང་ཞེས་གདགས་སུ་མེད། །དེ་བཞིན་གསལ་བའི་སྣང་བ་ཅི། །གང་དུ་ཡོད་པར་མ་མྱོང་སྟེ། །དེ་བཞིན་མེད་ཀྱང་མ་མྱོང་བས། །ཡོད་མེད་མཐའ་ཡི་དྲི་མ་མེད། །དྲི་མེད་དག་པའི་སྐུར་སྣང་ངོ་། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་གསང་བ་ཆེན་པོ་ལས། ཉམས་སུ་བླང་བའི་ཏིང་ངེ་འཛིན་གྱི་ཀློང་བསྟན་པ་སྟེ། དྲུག་པ་རྫོགས་སོ། །དམྱལ་བའི་སྐྱེ་གནས་དག་པར་བྱེད་པའི་སྐབས་སྟེ་དྲུག་པའོ།། །།དེ་ནས་སྟོན་པ་ཀུན་བཟང་གིས། །ཚིག་གི་མཐའ་སྡུད་འདི་སྐད་གསུངས། །ཨེ་མ་ངོ་མཚར་རྨད་དུ་བྱུང་། །ལྷ་རྣམས་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་ལྷ་ཡི་དབང་པོའོ། །མི་རྣམས་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་མི་ཡི་ཐུབ་པའོ། །ལྷ་མིན་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་ལྷ་མིན་ཀུན་གྱི་གཙོ། །བྱོལ་སོང་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་བྱོལ་སོང་རྣམས་ཀྱི་སྒྲོན། །ཡི་དྭགས་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་ཡི་དྭགས་ཀུན་གྱི་གཏེར། །དམྱལ་བའི་འབྲོས་ཁུངས་བཅད་པའི་ཕྱིར། །ང་ནི་དམྱལ་བའི་རྒྱལ་པོར་སྣང་། །དེ་ལྟར་སྟོན་པ་ཀུན་བཟང་གིས། །རིགས་དྲུག་བྲོས་པའི་ཁུངས་བཅད་པས། །འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས། །དགའ་མགུ་རང་པའི་སེམས་སྐྱེས་ནས། །སྟོན་པ་ཉིད་ལ་རབ་བསྟོད་ནས། །དེ་ལྟར་གསུངས་ལ་རྗེས་
ཡི་རང་། །ཞེས་ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ཅེས་བྱ་བ་ལས། འགྲོ་བ་རིགས་དྲུག་གི་སྐྱེ་གནས་དག་པར་བྱེད་པ། རང་བཞིན་རྫོགས་པ་ཆེན་པོ། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོ། །ཀུན་ཏུ་བཟང་པོ་ཀློང་དྲུག་པའི་རྒྱུད་ལ། འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །རྫོགས་སོ། །ཀློང་ཆེན་དྲུག་གི་རྒྱུད་ལ་མ་བུ་ལྔ།། །།

གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ།སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། སྭརྞྞ་པུཥྤ་ཀཱནྟི་རཏྣ། ཨཱ་ལོ་ཀ་ཛྭ་ལ་ཏནྟྲ་ནཱ་མ། བོད་སྐད་དུ། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ། སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་སྣང་བ་རང་ཤར་བ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མ་ཡིན་པའི་གླེང་གཞི། སྟོང་པ་ཉིད་ཀྱི་གཞི་ཚད་མེད་པར་གསལ་བའི་དཀྱིལ་འཁོར་ན། གནས་ཐུན་མོང་མ་ཡིན་པ། མི་འབྱེད་པ་ཆེན་པོའི་འདུལ་སྟངས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་སྣང་བ་ཆེན་པོ་རྣམ་པར་བཀོད་ཅིང་། ཡེ་ནས་རང་གསལ་ཆེན་པོའི་གཞི།རང་སྣང་ཆེན་པོའི་སྤྱོད་པ་འགག་མེད་དུ་ཤར་བའི་ཀློང་ནས། འགག་པ་མེད་པའི་རིག་པ་ཤར་ནས། བརྗོད་དུ་མེད་པའི་དོན་འདི་གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །སརྦ་ཨ་ས་མ་ལ་དྷ་ཐིམ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་གཉིས་མེད་དུ་ཐིམ་པ་ཞེས་བྱ་སྟེ། བྷེ་ཏ་ཨཱ་ལོ་ཀ། འཇིགས་པ་མེད་པའི་རྣམ་པར་དག་པ་སྐྱེ་མེད་སྟོང་པའི་དལ་ལ་སྐུ་གསུམ་དུ་ཤར། ཨ་ནམ་པ་ལམ་ཀི། ཐམས་ཅད་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱི་ལུས་འཛིན་པ། སརྦ་མ་ནི་ཤ། རྒྱང་ཞགས། ཨ། ཤེས་རབ། ཨྸ། འཁོར་འདས། ཨྸྸ། སྒྲུབ་པ་གསུམ། དྨཽ། ཐིག་ལེ་དབྱིངས་ཀྱི་སྒྲོན་མ་བར་དོ་བཞི་ཡི། མྨ། ཨེ་ཀ་ས་ར། མཉམ་ཉིད་ཀྱི་སྐུ་གསུམ་དུ་ཤར། ཐྱཉྱནམཾཏྱཐྱཏམཾ། དག་པ་མི་འགྱུར་བའི་ཀློང་དུ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཐུན་མོང་གི་གླེང་གཞིའི་དོན། སྒྲོན་མ་སྣང་བར་བྱེད་པ། སྣ་ཚོགས་རིན་པོ་ཆེའི་ས་གཞི་ལ། གནས་ཕུན་སུམ་ཚོགས་པ། ཡེ་ཤེས་རྣམ་

པ་ལྔའི་མིག་སྤྲས་པ། དབྱིངས་ཀྱི་སྒྲོན་མ་འཆར་བ། ལྔ་ཁ་དོག་གསལ་བ་ཆེན་པོ། གཞི་དཔག་ཏུ་མེད་པའི་སྣང་བ་རྒྱ་ཆེ་ལ་དཀྱིལ་ཡངས་པ། དབྱིངས། དྲི་མའི་མཐའ་རྣམ་པར་གསལ་བ། རྩེ་མོ་ཀུན་ཏུ་ཟང་འབར་བ་ཐལ་བ། ཕྱོགས་བཅུ་ཀུན་ཏུ་འཆར་ཡེ་ཤེས་སུ་བྱེད་མ་འགགས་པ། ཕྱི་དང་ནང་མེད་པའི་ས་ལ་བཀོད་པ་ངོ་བོ་ཀ་ནས་དག་པའི་རྩལ་དུ་ཡོངས་སུ་རྫོགས་པ། ཡེ་ཤེས་དང་འོད་ཐིག་ལེ་ལ་སོགས་པ་རྒྱན་ཐམས་ཅད་ཀྱིས་མཛེས་པར་བྱས་པ། ཕྱོགས་བཅུ་གང་ནས་བལྟས་ཀྱང་ཕྱི་ནང་ཀུན་ཏུ་ཟང་ཐལ་བའི་ཆོས་ཉིད་ཀྱི་ཕོ་བྲང་ནས། སྣང་བ་རྣམ་པར་དག་པའི་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་ཆེན་པོས་རྒྱུད་འཁོར་དག་པའི་རྡོ་རྗེ་འཆང་ལ། རང་བཞིན་སྣང་མཛད་ཆེན་པོའི་ཐུགས་རྗེས་གཟིགས་ནས། བསྟན་པ་སྙིང་པོ་བླ་མེད་ཆེན་པོའི་གསང་བ་ཐུན་མོང་ལས་འདས་པ་འདི། གཉིས་སུ་མེད་པའི་སྟོན་པའི་ཡེ་ཤེས་ཀྱི་ཀློང་དུ་དྲིལ་བའི་ཐུགས་ནས་ཡངས་པའི་མགུར་གྱི་བུམ་པར་དྲིལ་ཏེ། ཐབས་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ལྗགས་ཀྱིས་དབང་པོ་ལ་བཀྲམ་ནས། རྡོ་རྗེ་སྒྲོན་མ་སྣང་བར་བྱེད་པའི་ཚིག་གསུམ་དུ་འདི་དག་བཀའ་སྩལ་ཏོ། །རང་བཞིན་རྒྱུད་དག་རྡོ་རྗེ་འཆང་། །འཁོར་ལ་བོས་ནས། ངས་ནི་འགག་མེད་དྲན་པ་ལ། །སྤྱོད་པའི་ཡིད་ནི་ཀུན་ཏུ་ཤར། །སྣང་བ་མེད་པའི་ཕྱོགས་ནས་ནི། །ཡིད་བསམ་དྲན་པ་གཅད་པའི་ཕྱིར། །ཐེག་པ་རྣམས་ཀྱི་རྩེ་མོ་པ། །ཨ་ཏི། ང་ཡིས་སྤྲོས་ཀྱིས་ཁྱོད་ཀྱིས་ཉོན། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །རིག་པ་འགག་མེད་རང་སྣང་ཀྱང་། །འདི་ཀུན་སུས་ཀྱང་མཐོང་བ་མེད། །མཐོང་མེད་ཡེ་ཤེས་ཆེན་པོ་ནི། །གང་གིས་མེ་ཏོག་མཛེས་པ་མཐོང་། །ཆོས་སྐུ་དང་རིག་པ། མ་མཐོང་བ་མཐོང་བ་ཡི་ཡེ་ཤེས་ལ། །སྒྲོན་མ་ཉིད་ཀྱི་ཡེ་ཤེས་སུ། །ཐོག་མ་ཉིད་ནི་རང་སྣང་བས། །རྡོ་རྗེ་སྙིང་པོ་ཉིད་དུ་ཤར། །ཤར་ཙམ་ཉིད་ནས་ནུབ་པ་མེད། །ནུབ་མེད་ཡེ་

ཤེས་གཏེར་ཆེན་འདི། །སུ་ཡིས་སྤྱོད་པ་སྐལ་བ་བཟང་། །སྐལ་བཟང་བདེ་བའི་ངང་ཚུལ་ཅན། །འདི་ལ་མི་དགེ་རྡུལ་ཙམ་མེད། །རྡུལ་དང་བྲལ་བའི་རང་རིག་ཉིད། །འདི་ལ་ཐ་སྙད་ཚིག་དང་བྲལ། །འདི་ཀུན་སྒྲོན་མ་རྣམ་བཞི་ཡིས། །སེམས་ཅན་ཀུན་གྱི་ལུས་ལ་སྣང་བ་འཛིན། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཡིས། །མིག་ལ་ཟེར་གཟུགས་སོགས་ངོ་བོ་ཉིད་དུ་ཉམས་གོང་ནས་གོང་དུ་སྡུད། །ཤེས་རབ་རང་བྱུང་སྒྲོན་མ་ཡིས། །རང་རྒྱུད་ལ་འཆར། ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད། །ཐིག་ལེ་སྟོང་པའི་རྟགས་བྱང་ཆུབ་སེམས་ཀྱི་སྒྲོན་མ་ཡིས། །འཁོར་འདས་བསྲེ་བའི་མཚམས་སྦྱོར་བྱེད། །དག་པ་རིག་པ་འཛིན་པའི་དབྱིངས་ཀྱི་སྒྲོན་མ་ཡིས། །རྣལ་འབྱོར་ཉམས་ཀྱི་བོགས་འདོན་གོང་ནས་གོང་དུ་བྱེད། །འདི་ཀུན་ཁྱད་པར་སྣང་བའོ། །དེ་ནས་རྒྱུད་དག་རྡོ་རྗེ་འཆང་། །དགའ་མགུ་རང་པ་རབ་སྐྱེས་ནས། །སྣང་དག་རྡོ་རྗེ་འཆང་བ་ལ། །ཞུ་བའི་ཚིག་ནི་འདི་སྐད་གསོལ། །ཀྱེ་མ་སྟོན་པ་རྡོ་རྗེ་འཆང་། །སངས་རྒྱས་ཀུན་གྱི་རང་སྣང་བའི། །སྟོན་པས་སྒྲོན་མ་བཞི་གསུངས་པས། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས། །སྟོན་པས་ཚིག་ཏུ་སྔར་གསུངས་པ། །འདི་ཉིད་མ་འཚལ་བདག་ལ་གསུངས། །དེ་ནས་རྡོ་རྗེ་འཆང་ཆེན་གྱིས། །ཚིག་ནི་འདི་སྐད་རབ་ཏུ་གླེང་། །ཨེ་མ་རྒྱུད་མ་རིག་རྣམ་པར་དག་ནས་དག་རྡོ་རྗེ་འཆང་། །ངས་ནི་རྒྱང་ཞགས་ལ་སོགས་པ་སྒྲོན་མ་རྣམ་བཞི་ཡི། །སྣང་བ་ཉིད་ལ་རང་ངོ་ལ་ཕར་བལྟས་པས། །འདི་ཀུན་རིམ་གྱིས་བློ་ཡུལ་སྣང་། །སྣང་བ་འདི་རིམ་གྱིས་དང་ཅིག་ཆར་མ་ཡིན། མིག་གི་དྭངས་མ་རྒྱང་ཞགས་ཆུ་ཡི་སྒྲོན་མས་ནི། །གསུམ་འཁྲུལ་པ་དང་བལྟ་བ་དང་བར་དོའོ། །གྱི་སྣང་བ་འཛིན་པར་བྱེད། །དེས་ནི་གསུམ་གྱི་སྣང་བཟུང་བས། །ལྟ་བ་དབྱིངས་ཀུན་གྱི་སྙིང་པོར་དབྱིངས་ཡང་། །དེ་ཀུན་འདི་ཡི་བལྟ་བས་ན། །འདི་ནི་ལྟ་བའི་གཞི་འཛིན་པར། །སྐྱེད་བྱེད་ས་བོན་བཞིན་དུ་གནས། །རྒྱུ་སྣང་བ་རྣམ་པར་དག་པའི་ཡི་

རྡོ་རྗེ་ཡང་འཆང་བས། །སྟོན་པ་རྡོ་རྗེ་འཆང་ཆེན་ལ། །ཚིག་ནི་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས། །འདི་ཡི་ངོ་བོ་ཅི་ལྟ་བུ། །འདི་ལ་ངེས་ཚིག་ཇི་སྐད་གསུང་། །དབྱེ་བ་རྣམ་པ་དུ་ཞིག་ཡོད། །མཚན་ཉིད་བཞུགས་ཚུལ་ཇི་ལྟ་བུ། །གནས་ནི་གང་ལ་གནས་པ་ལགས། །འཆར་སྒོའི་སྣང་བ་ཇི་ལྟ་བུ། །འདི་ཡི་མཐུན་དཔེ་གང་ཞིག་ལགས། །འདི་ཀུན་ཚད་རྣམས་གང་གིས་བཟུང་། །སྟོན་པས་འདི་ཀུན་བདག་ལ་གསུང་། །དེ་ནས་སྟོན་པས་ཡང་གསུངས་པ། །ཀྱེ་མ་རྒྱུ་ཡི་རྡོ་རྗེ་འཆང་། །ངས་ཡིན་ལུགས་སྣང་ལུགས་གཉིས་མེད་དུ་བསྟན་ཁྱོད་ཀྱིས་མ་འཁྲུལ་པར། །འདི་ཀུན་ཟུང་ཞིག་རྡོ་རྗེ་འཆང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དབང་པོའི་དྭངས་མ་ཡི། །ངོ་བོས་སྣང་བ་གཉིས་འཁྲུལ་པ་དང་ཡེ་ཤེས་ཀ་སྡུད། །མཐོང་བྱེད་འཛིན་ཆ་ཕྱི་གསལ་ཡུལ་ཡུལ་ཅན་གཉིས་མ་འགགས་ཕྱིར། །འཁོར་འདས་གཉིས་ཀའི་ཆ་འཛིན་བལྟ་བས་ན། །འཁོར་འདས་མཐུན་ཡིན་ལུགས་སྣང་ལུགས་གཉིས་ཀར་གྲོལ་པའི་བལྟ་བའོ། །ངེས་པའི་ཚིག་ནི་འདི་ལྟ་བུ། །ཕྱི་རོལ་གྱི་རྒྱང་ནི་རིང་བའི་རྒྱུད་འཛིན་པས། །མིག་གི་ཡུལ་གཟུགས་སུ་སྣང་བ་འཛིན་པ་དང་། །ཁ་དོག་དཀར་དམར་ལ་སོགས་སྡུད་པ་དང་། །རིག་པའི་སྐུ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡང་རྒྱང་རིང་ནས། །མཐོང་དབང་པོས་བྱེད་འཛིན་པར་བྱེད་པ་དང་། །འཁོར་བ་རྟོགས་པའི་ཕྱོགས་ནས་ནི། །རྒྱང་མ་རིག་པ་རྣམས་དུ་འཕེན་པས་རྒྱང་ཞེས་བྱ། །དེ་བཞིན་འཁོར་བ་ནས་མ་རྟོགས་ཕྱོགས་ནས་ཀྱང་། །རང་བཞིན་ལྷག་བཅས་ལྷག་མེད་མྱང་འདས་འཕེན་པས་རྒྱང་ཡིན་ནོ། །དེ་བཞིན་འཁོར་བའི་སྣང་ཆ་ནས། །དབང་པོ་ཐམས་ཅད་ཀྱི་དྭངས་མ། གཟུགས་དང་འདོད་ཡོན་ལྔ་རྣམས་ནི། །འདི་ཡིས་འཆིང་བདག་ཏུ་བས་ཞགས་པ་ཡིན། །དབང་པོའི་ཡུལ་ལ་ཕྱིར་སྣང་བ་ཡི། །དྲན་བསམ་དངོས་པོ་ལ་

བདག་ཏུ་འདིས་འཛིན་པས། །ཞགས་པ་ཕྱིར་གསལ་བའི་ཆ་ལས་ཞེས་ནི་རྒྱང་ནས་འཛིན། །དེ་བཞིན་ནམ་མཁའ་སྤྲིན་བྲལ་ལ། །ཕྱི་དབྱིངས། རིག་པ་བདག་མེད་རྡོ་རྗེ་ལུ་གུ་རྒྱུད་སྐུར་སྣང་བས། །སྣང་བ་ཡས་སུ་མི་འཇུག་པར། །འདི་ཡིས་འཛིན་པ་ཞགས་ཞེས་བྱ། །ཆུ་ནི་སྣང་བ་དེ་དག་ལ། །ཞེན་པ་གཉིས་སྣང་གཉིས་མེད་དུ་རང་སར་ལོག་ནས་ནི། །ཀུན་ཡུལ་ལ་ཆགས་པའི་གཟུང་འཛིན་གྱི་སེམས་མེད་པར། །སྣང་བ་རང་བྱུང་རང་གྲོལ་དུ་རང་སར་བཞག་ནས་ནི། །བདག་གཞན་གཉིས་འཛིན་བྲལ་བས་ཆུ་ཞེས་བྱ། །སྒྲོན་ནི་རང་གི་སྣང་བ་ཀུན། །གོང་ཉམས་ནས་གོང་དུ་འཕེལ་བ་ཡིས། །རིག་པའི་ཡེ་ཤེས་གསལ་བས་སྒྲོན། །འབྱུང་བ་རགས་པའི་སྣང་བ་ཀུན། །རང་ཤེས་སྤྱོད་པ་འགག་མེད་ཅིང་། །དབང་པོའི་རང་སྒོར་གསལ་བས་སྒྲོན། །རིག་པ་ཕྱི་ཡི་དབྱིངས་ནམ་མཁའ་བཞག་པས། །ནང་དབྱིངས་རང་སར་དག་སྟེ་སྣང་། །ཉམས་རང་བདེ་རང་གསལ་རང་དྭངས་ཀྱི་སྣང་བ་འདི་སྐྱེས་པས། །དབྱིངས་རིག་སྐྱེ་བ་མེད་པར་གཉིས་མེད་དུ་འདྲེས་པས་མ་ཡང་ཡིན། །དབང་པོ་ཀུན་གྱི་དྭངས་མ་ཡང་། །འཆར་བྱེད་སྒོ་ནི་མིག་ཡིན་པས། །ཀུན་དབྱིབས་དང་འཁོར་འདས་གྱི་གཞི་འཛིན་མ་ཞེས་བྱ། །དབྱེ་བ་དྭངས་མ་ལས་སྐྱེས་པའི་རྣམ་པ་གསུམ་ཡིན་ནོ། །འབྱུང་བའི་རྩལ་ཤར་བས་ཡུལ་དུ་མ་ལ་འཛིན་དྭངས་མར་རང་འདུས་པའི། །རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། །ཡེ་ཤེས་ལྔའི་རྩལ་ཕྱི་ནང་འདུས་པའི་རྒྱང་ཞགས་དང་། །དབང་པོ་ཐམས་ཅད་ཀྱི་དྭངས་མ་འདུས་པའི་རྒྱང་ཞགས་སོ། །འདི་ཡི་མཚན་ཉིད་འདི་ལྟ་བུ། །འཆར་བྱེད་འགག་པ་མེད་པ་ཡིས། །དབང་པོའི་དྭངས་མ་མིག་གི་སྒོར། །བསྐྱེད་པས་དྭངས་མའི་པདྨའི་ཡང་སྤྱན་དུ་གནས། །རང་གི་མཚན་ཉིད་དབང་པོ་འཛིན། །འབྱུང་བ་ལྔ་ལས་རླུང་གིས་དྭངས་མ་གཟུགས་ལ་འཇུག་པའི་ཆ་ལས་ནི་འཕེན་པ་དང་། །སྡུད་ཤེས་པ་ཡུལ་ལ་དང་འཛིན་དང་མཆེད་པར་སྣང་། །ཡེ་ཤེས་ལྔ་དབྱིངས་ཡེ་ཤེས་གཉིས་མེད་དུ་

ལས་ནི་བལྟ་བ་དང་། །གནས་དང་ཙིཏྟའི་རྩ་གསུམ་ནས་གོང་མ་འཛིན་པའོ། །དབང་པོས་ཡུལ་དང་ཡུལ་ཅན་དང་། །ཡུལ་མེད་རྣམས་ནི་རང་འཛིན་པའོ། །འདི་རྒྱང་ཞགས་ཡི་གནས་ནི་མིག་ཡིན་ཏེ། །མཐོང་བྱེད་འགག་པ་མེད་པ་ཡིས། །ཡུལ་གཟུགས་སོགས་རྣམས་འཛིན་པར་བྱེད་པ་ཡིན། །ཀླད་པ་སྤྱི་གཙུག་དུང་ཁང་དཀར་པོ་ལ། །རྩ་གཡས་སུ་སོང་སྟེ་ཁུག་པ་འཁྱིལ་པ་གསུམ་ཡོད་པ། །རྩ་ནི་ཁ་ཆེ་བ་བ་མེན་རྭ་ཡི་དབྱིབས། །དབང་པོའི་མིག་གི་དྭངས་མ་ཀུན་འདུས་ནས། །དབང་པོ་ཡུལ་ལ་འཆར་བྱེད་པའི། །རྩ་ཡི་ནང་ན་མིག་གི་རྣམ་ཤེས་འདི་ཉིད་གནས། །ཐོག་མ་སེམས་ཅན་ཀུན་གྱིས་རང་གི་ལུས་བསྐྱེད་པས། །མ་ཡི་མངལ་དུ་ཞུགས་པའི་ཚེ། །ལུས་ཀུན་གྱི་ནི་ཐོག་མ་རུ། །ལྟེ་བའི་རྩ་མདུད་ཆེན་པོ་ལས། །དབུས་ཀྱི་གྲུ་གསུམ་ཉིད་དུ་ཡང་། །ཕ་མའི་རྒྱུ་རྐྱེན་དྭངས་མ་ལས། །མིག་གི་འབྲས་བུ་ཉིད་དུ་ཆགས། །དེ་ཡང་ཕ་མའི་ཆ་གཉིས་ལས། །དཀར་ནག་འདྲེས་པ་ཉིད་དུའོ། །འཆར་བའི་སྒོ་ནི་མིག་གཉིས་དང་། །དབང་པོ་ཡུལ་ལ་འཆར་བྱེད་ཀྱི། །རྩ་ལས་འདི་ཀུན་སྣང་བར་ཤར། །དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས། །གང་སྣང་སྣ་ནས་འཛིན་པ་བཞིན། །འཁོར་དང་མྱ་ངན་འདས་པ་ཡི། །སྣ་གཉིས་འདི་ཡིས་འཛིན་པར་བྱེད། །སྒྲོན་མས་སྣང་བར་བྱེད་དོན་གྱིས། །ཡུལ་གཟུགས་སྣང་སྟེ་རིག་པ་ཡང་། །ལུ་གུ་རྒྱུད་སྣང་ཚད་ཡིན་ནོ། །ཞེས་སྒྲོན་མ་འབར་བའི་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་སྟོན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་རྒྱུད་དག་སྣང་བ་རྣམ་པར་དག་པ་རྡོ་རྗེ་འཆང་། །ཉིད་ཀྱིས་གསུངས་པ་བློར་ཚུད་ནས། །ཡང་ནི་ཚིག་གིས་འདི་སྐད་གསོལ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྟོན་པ་ཉིད་ཀྱིས་གསུངས་པ་ལས། །བདག་ནི་དམ་པའི་ངེས་པ་རྙེད། །ཆུ་ཡི་སྒྲོན་མ་དེ་ལྟར་ན། །ཉིད་ཀྱིས་གོང་དུ་གསུངས་པ་ཡི། །ཤེས་རབ་རང་བྱུང་སྒྲོན་

མ་ཞེས། །གསུངས་པའི་དོན་དེ་བདག་ཉན་འཚལ། །དེ་ཡི་ངོ་བོ་ཇི་ལྟ་བུ། །དེ་བཞིན་ངེས་ཚིག་རྣམ་པ་གང་། །དབྱེ་བ་དུ་ཡིས་བསྟན་པ་ལགས། །འདི་ཡི་མཚན་ཉིད་ཇི་ལྟ་བུ། །སྒོ་ནི་འཆར་བྱེད་གང་ལ་སྣང་། །དེ་བཞིན་གནས་པ་གང་གིས་ལགས། །དགོངས་པའི་ཚད་རྣམས་ཇི་ལྟ་བུ། །འདི་ལ་མཐུན་དཔེ་གང་གིས་མཛད། །སྟོན་པ་ཐུགས་རྗེ་ཆེན་པོ་ལ། །འདི་ཀུན་བདག་གིས་ཉན་པར་འཚལ། །དེ་ནས་སྟོན་པས་ཡང་གསུངས་པ། །ཀྱེ་མ་རྒྱུ་ཡི་རྡོ་རྗེ་འཆང་། །ང་ཡིས་བསྟན་གྱིས་ཁྱོད་ཀྱིས་ཉོན། །འདི་ཀུན་འཁྲུལ་པ་མེད་པར་ཟུང་། །ཤེས་རབ་རང་བྱུང་སྒྲོན་མ་ནི། །འདི་ནི་སྒྲོན་མ་ཐམས་ཅད་ཀྱི། །ཤེས་བྱེད་འདི་མེད་ན་དོན་མི་རྟོགས་པས་ན་ཉིད་དུ་གནས་པས་ན། །ཀུན་གྱི་ཆ་ལ་འདི་ཉིད་པས། །འབྱེད་པའི་ཤེས་རབ་མགོའི་ནང་ན་ཡོད་པ་ལས་ཉིད་པས་ནི། །འབྱེད་པ་མེད་པའི་ཚུལ་དུ་གནས། །ཆ་ཕྲ་བསྐྱེད་པའི་ངོ་བོ་ནི། །ཡེ་ཐོག་ཉིད་ནས་གནས་པའོ། །ཤེས་པ་དངོས་དང་དངོས་མེད་པའི། །སྣང་བ་ཀུན་ལ་རབ་ཞུགས་ནས། །སྤྱི་ཡི་དོན་རྣམས་ཤེས་པ་དང་། །མ་བཙལ་བཞག་པའི་གདེང་རྙེད་དེ། །རང་གི་ཡེ་ཤེས་ཚད་རྣམས་ཤེས། །རང་བཞིན་དག་པའི་ཆོས་སྐུ་ནི། །སུས་མ་རྙེད་པར་རང་རིག་པས། །ཀུན་ལས་ཁྱད་འཕགས་རབ་ཏུ་སྣང་། །གཞན་གྱིས་དཔྱད་པའི་གནས་མེད་པས། །རང་ཤར་ཡེ་ནས་དག་པའི་ཡུམ། །གཞན་གྱི་ཡུལ་མིན་རང་ཞེས་བྱ། །བྱས་པས་འདི་དོན་རྙེད་པ་མེད། །སུ་ལ་རེ་བ་མེད་པའི་ཕྱིར། །ཡེ་ནས་རང་སྣང་བྱུང་ཞེས་བྱ། །སྒྲོན་ནི་ཆོས་ཉིད་ཐམས་ཅད་ཀུན། །གཉིས་སུ་མེད་པར་སྣང་བར་བྱེད། །མས་ནི་རང་ངོ་ཁྱབ་པས་སོ། །ཆོས་ཉིད་མ་སྐྱེས་མི་འགག་པས། །མི་གནས་རང་སར་གྲོལ་བ་ནི། །མ་ཆགས་གནས་པ་མེད་པ་སྟེ། །ཡེ་ནས་བཅིང་གྲོལ་མེད་པའོ། །དབྱེ་བ་རྣམ་པ་ལྔ་ཡིན་ཏེ། །གཞི་གནས་རང་བྱུང་ཤེས་རབ་ཀྱིས། །ལུས་སོགས་

ཆོས་ཀྱི་རྟེན་རྣམས་བྱེད། །སྣང་བ་ཅིར་འཛིན་ཤེས་རབ་ཀྱིས། །དབྱིངས་དང་རིག་པའི་འདུན་པ་འཛིན། །དྲན་པ་འགག་མེད་ཤེས་རབ་ཀྱིས། །ཤེས་པ་རྩེ་གཅིག་ཡུལ་རྣམས་སྡུད། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །སྤྱི་དང་རང་གི་མཚན་ཉིད་འབྱེད། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས། །རང་བཞིན་བར་དོ་གཏན་ལ་འབེབས། །སྣང་དང་མི་སྣང་ཆོས་རྣམས་ཀུན། །རང་བཞིན་མེད་པར་སུས་ཤེས་པ། །འདི་ནི་དེ་ཡི་མཚན་ཉིད་དོ། །འཆར་བྱེད་སྒོ་ནི་དབང་པོ་ལྔ། །ཁྱད་པར་སྙིང་ནས་འཆར་བར་བྱེད། །དེ་རྟགས་མཚན་མོའི་དུས་ཉིད་དུ། །གློ་དང་སྦྲིད་པ་དྲག་པོ་དང་། །ཤིན་ཏུ་གློ་དྲགས་ལུས་པའི་ཚེ། །དམར་ལ་དྭངས་པའི་འོད་ཟེར་ནི། །མེ་སྟག་བཞིན་དུ་རྣམ་འཕྲོས་པས། །དེ་ཡི་ཚད་དང་རྟགས་དེ་ཡིས། །འཆར་བར་བྱེད་པའི་སྒོ་ངོས་ཟིན། །སྐྱེད་པར་བྱེད་པའི་རྩ་བཞི་ནས། །འགྱུ་དང་འགུལ་དང་འཕྲིགས་པ་དང་། །ཡང་ཞིང་བསྐྱོད་པའི་བདག་ཉིད་དུ། །ཙིཏྟའི་དཀྱིལ་འཁོར་ཉིད་ལ་འཁོར། །དྭངས་མ་ཤེས་པའི་བཅུད་རྣམས་ནི། །མེ་སྟག་ཡར་བའི་མཚན་ཉིད་དུའང་། །ལྔ་བཞི་ལས་ཀྱི་རླུང་དང་བཅས། །ཤེས་པ་གསལ་གསལ་རིག་རིག་པོ། །ཤེས་རབ་རྣམས་ཀྱི་རང་བཞིན་དུ། །རོ་མ་རྐྱང་མ་ཀུན་འདར་མ། །ཤེལ་སྦུག་ཁོག་པ་སྟོང་པའི་ནང་། །གསལ་བ་ཤེས་རབ་ཆེན་པོར་བཞུགས། །མིང་བཞི་འདུས་པའི་ཡེ་གདངས་སུ། །ཐམས་ཅད་འབྱེད་པའི་ངོ་བོར་ནི། །ཡེ་ནས་ལུས་ཀྱི་ཆ་ལ་གནས། །སྐབས་སུ་རླུང་གིས་རང་བཟུང་བས། །ཤེས་པ་དྲན་མེད་རྨུགས་པ་ཡང་། །ཤེས་རབ་རྩལ་རྣམས་རྒྱས་འཐུམས་པས། །གསལ་བའི་ཆ་མེད་རྨུགས་པར་འགྱུར། །རླུང་གིས་ཤེས་རབ་རྩལ་བསྐྱོད་ཚེ། །སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་། །ཡིད་ལ་དྲན་ཞིང་གསལ་བར་འཆར། །གསལ་དང་མི་གསལ་རྩལ་རྣམས་ནི། །རླུང་གི་གཡོ་འགུལ་ཉིད་ལས་བྱུང་། །ལུས་དཀྱིལ་རྩ་ནང་

གནས་པའོ། །གཞི་གནས་ཤེས་རབ་རང་བྱུང་ཚད། །ཆོས་ཀུན་མཉམ་པའི་ཉམས་སྐྱེས་ནས། །ཤེས་པ་བརྟན་པའི་གདེངས་རྙེད་ཡིན། །དེ་ཉིད་འགྱུར་བ་མ་ཡིན་པར། །རྟག་ཏུ་རྒྱུད་ལ་གནས་པས་ན། །འདིས་ནི་གཞི་གནས་ཤེས་རབ་ཟིན། །འདི་ཡི་ལུས་ཀྱང་ཡང་བ་དང་། །ཤེས་པ་རྣམས་ནི་གསལ་བའོ། །སྣང་བ་ཅེར་འཛིན་ཤེས་རབ་ཚད། །ཅོག་བཞག་ཉམས་སུ་མྱོང་བའི་རྟགས། །ལུས་དཀྱིལ་ཁ་དོག་ལྔ་ཡི་འོད། །རྩོལ་བ་མེད་པར་ཕྱིར་ཤར་ནས། །འདི་ལ་ཤེས་པ་རང་ས་ཟིན། །ལུས་ཀྱང་ས་ལ་རེག་པ་མེད། །འདི་ཡིས་ཤེས་པ་གར་གཏད་པའི། །བེམ་པོ་རྣམས་ཀྱང་འགུལ་བར་འགྱུར། །རང་རྩལ་འབྱོངས་པའི་ཚད་ཡིན་ནོ། །དྲན་པ་འགག་མེད་ཤེས་རབ་ཚད། །ཤེས་པ་གཞན་ལ་འཇུག་པ་མེད། །གཅིག་པུར་འདུག་པར་དགའ་བ་དང་། །དབེན་པའི་ས་ལ་རྟག་ཏུ་དད། །མི་དང་འགྲོགས་སྙིང་མི་འདོད་པར། །ཤེས་པ་རྩེ་གཅིག་འགྱུར་བ་མེད། །གཞན་གྱིས་བརྗོད་པའི་གཏམ་ལ་ཡང་། །ཟུངས་སུ་འཛིན་པ་ཉིད་དང་བྲལ། །བལྟ་བ་མི་འགྱུར་གདེང་ཉིད་དུ། །ནམ་མཁའ་དག་ལ་འགྲོ་བ་སྙམ། །སེམས་དེ་གར་གཏད་ས་དེར་ཆགས། །ཕ་རོལ་རྣམས་ཀྱི་རྐྱེན་གྱིས་ཀྱང་། །འདི་ལ་བསྒྱུར་དུ་ག་ལ་ནུས། །བག་མེད་ཤེས་པ་བདེ་ཡངས་པ། །འདི་ལྟར་ཤེས་པའི་མི་དེ་ནི། །དྲན་པ་འགག་མེད་ཤེས་རབ་ཟིན། །སོ་སོར་རྟོགས་པའི་ཤེས་རབ་ཚད། །ཀུན་གཞི་དང་ནི་ཆོས་སྐུ་ཡང་། །འདི་ལྟར་ཕྱེད་རྟགས་འདི་ལྟ་བུ། །ལུས་ལ་ཞེན་པའི་བློ་བྲལ་ནས། །རིག་པ་གར་གཏད་སར་གནས་ཏེ། །ལུས་ནི་བེམ་པོ་བཞིན་དུ་འགྱུར། །སེམས་དང་ཡེ་ཤེས་ཕྱེད་པས་ནི། །འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགག །འབྱུང་བ་དྭངས་སྙིགས་སུ་ཕྱེད་པ། །རགས་པའི་སྣང་བ་རང་འགགས་ཏེ། །ལུ་གུ་རྒྱུད་ལ་བདེ་བར་སྤྱོད། །དེ་བཞིན་འཁོར་འདས་སུས་ཕྱེད་པར། །འཁྲུལ་པའི་བློ་རྣམས་སྐྱེ་མི་སྲིད། །གལ་ཏེ་སྐྱེས་ཀྱང་ཕན་གནོད་བྲལ། །དེ་ལ་

སོགས་པའི་རང་ཤེས་ཀྱིས། །འཁོར་འདས་གཏན་ལ་ཕེབས་པ་ནི། །སོ་སོར་རྟོགས་པའི་ཤེས་རབ་བོ། །འཇུག་བྱེད་རྣམ་གསུམ་ཤེས་རབ་ཚད། །ཆོས་ཀུན་ཚིག་གཅིག་སྨོས་པས་ནི། །དེ་ཡི་གཞུང་ཀུན་ཤེས་པ་ནི། །ཐོས་པའི་ཤེས་རབ་ཚད་དུ་ཕྱིན། །ཤེས་པས་གང་ལ་བསམ་པ་ཡིས། །ཟུངས་དེ་རྒྱུད་ལ་བདེར་ཤར་ན། །བསམ་པ་ཡང་ནི་དེ་བཞིན་འབྱོངས། །གང་བྱུང་རྐྱེན་གྱིས་མི་གནོད་པར། །འཁྲུལ་རྟོག་ཞེན་པ་རང་འགག་པ། །འདིས་ནི་བསྒོམ་པའི་ཤེས་རབ་རྙེད། །དཔེར་ན་སྤྲ་བ་རླན་མེད་ལ། །མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང་། །སྤྲ་བ་ཀུན་མཆེད་མེས་བསྲེགས་བཞིན། །ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས། །འདི་ཀུན་ཤེས་རབ་སྒྲོན་མའོ། །ཞེས་སྒྲོན་མ་འབར་བའི་རྒྱུད་ལས། ཤེས་རབ་རང་བྱུང་གི་སྒྲོན་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་རྒྱུ་ཡི་རྡོ་རྗེ་འཆང་། །རང་གིས་ཡིད་ཆེས་ཚིག་ཤར་ནས། །མི་རྟོག་མཉམ་པ་ཆེན་པོར་གྱུར། །ཤེས་རབ་ཆེན་པོ་རང་ཤར་ནས། །ཆོས་ཀུན་རོ་གཅིག་རྩད་ནས་ཆོད། །དངོས་བྲལ་སྟོང་པའི་ཡུལ་རྙེད་ནས། །མ་འོངས་སེམས་ཅན་ཀུན་དོན་དུ། །རྡོ་རྗེ་འཆང་ལ་འདི་སྐད་གསོལ། །ཀྱེ་ཀྱེ་སངས་རྒྱས་རྡོ་རྗེ་འཆང་། །བདག་ཉིད་ཆོས་ཀུན་རང་གསལ་བས། །དྲི་མ་མེད་པའི་མིག་རྙེད་ནས། །སྤྲོས་བྲལ་ཀ་དག་ཆེན་པོ་ཡི། །ཆོས་ཀུན་རྩད་ནས་འདིར་ཆོད་དེ། །མ་འོངས་སེམས་ཅན་ཐམས་ཅད་ལ། །སྙིང་རྗེས་སྙིང་ནས་བཟུང་བའི་ཕྱིར། །ཤེས་རབ་སྒྲོན་མ་དེ་ལྟར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །སྟོན་པས་གོང་དུ་ཚིག་གསུངས་པ། །འདི་ཡི་ངོ་བོ་ཇི་ལྟ་བུ། །ངེས་པའི་ཚིག་ནི་གང་རྣམས་ལགས། །དེ་བཞིན་དབྱེ་བ་དུ་ཙམ་མཆིས། །མཚན་ཉིད་དགོངས་པ་ཅི་ཞིག་ཡོད། །འདི་ཡི་གནས་ནི་གང་ན་གནས། །འཆར་བར་བྱེད་པའི་སྒོ་དེ་གང་། །དེ་ལ་རང་བཞིན་ཅི་ལྟ་བུ། །ཡུལ་ནི་ཅི་ལྟར་སྣང་བ་ལགས། །དེ་ཀུན་ཚད་ནི་གང་

གིས་བཟུང་། །འདི་ཉིད་དངོས་ནི་གང་ཞིག་ལགས། །དེ་ཡི་ཐབས་ཀྱི་མན་ངག་ཅི། །དེ་ལ་མཐུན་དཔེ་ཇི་ལྟར་ལགས། །འདི་ཀུན་སེམས་ཅན་ཀུན་དོན་དུ། །རྡོ་རྗེ་འཆང་ལ་བདག་ཉན་འཚལ། །དེ་ནས་རྡོ་རྗེ་འཆང་བ་ཡིས། །རང་བཞིན་དག་པ་ཆེན་པོ་དེས། །འདི་སྐད་ཚིག་ཏུ་ཡང་གསུངས་སོ། །ཀྱེ་མ་རྒྱུད་དག་རྡོ་རྗེ་འཆང་། །ཁྱོད་ཀྱིས་ཞུས་པ་དེ་ལགས་སོ། །ང་ཡིས་ཁྱོད་ལ་བསྟན་པར་བྱ། །འདི་ལྟར་མ་འོངས་དོན་དུ་ཡང་། །ངས་བསྟན་ཁྱོད་ཀྱིས་ཚིག་འདི་ཟུང་། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །ཆོས་རྣམས་ཀུན་གྱི་ཡིད་ཆེས་ས། །འདི་ཉིད་སུ་ཡིས་ཤེས་པ་དེ། །ཐིག་ལེ་སྐུ་ལ་ལོངས་སྤྱོད་དེ། །གོམས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་ཕྱིར་འདི་ཡི་ངོ་བོ་ནི། །ཉག་གཅིག་ཆ་ཕྲ་སྤྲོས་དང་བྲལ། །སྟོང་པའི་མུན་འབྲལ་རང་གསལ་ཆེ། །རང་བཞིན་རང་གསལ་མཉམ་པ་མེད། །མི་རྟོག་སྤྲོས་བྲལ་ཟླུམ་པོར་གནས། །མ་སྐྱེས་ཆོས་ཉིད་སྟོང་པ་ཉིད། །མི་སྐྱེ་རྫས་མེད་འཇིག་དང་བྲལ། །ཆོས་ཉིད་མ་ཡེངས་རང་ཤར་ཉིད། །མ་འགགས་མ་གྲུབ་མཚན་ཉིད་བྲལ། །མ་བསྐུར་རང་དབང་བཞི་རྫོགས་ཕྱིར། །དམར་པོར་རང་གསལ་ཡེ་ནས་སྟོང་། །དྲི་མ་མེད་ཅིང་ཀ་དག་པས། །བདག་འཆིང་ཉོན་མོངས་རྣམས་དང་བྲལ། །རང་གིས་རང་གསལ་དངོས་པོས་སྟོང་། །འདི་ནི་དེ་ཡི་ངོ་བོར་འདོད། །ཐིག་ནི་མི་འགྱུར་དྲང་པོ་ལ། །ཡེ་ནས་བཅོས་པ་ཉིད་དང་བྲལ། །ལེ་ནི་གདལ་བ་ཆེན་པོ་ལ། །སྣང་བ་རྣམས་ནི་རང་སར་རྫོགས། །སྟོང་པ་དངོས་པོའི་འཛིན་པ་ནི། །ཡུལ་ལ་ཞེན་པའི་བློ་རྣམས་བཀག །རང་བཞིན་སྟོང་པ་ཆེན་པོ་ཡི། །གསལ་ལ་རང་བཞིན་བློ་མི་སྣང་། །སྒྲོན་མས་འོད་ལྔར་སྣང་བ་ནི། །བྱས་ཏེ་རང་ངོ་གསལ་རིག་བཅས། །འདི་རྣམས་ངེས་པའི་ཚིག་ཡིན་ནོ། །ཆོས་ཉིད་སྟོང་པ་མ་བཅོས་པ། །ལྷུན་གྲུབ་ཆེན་པོར་ཡེ་ནས་གནས། །ཐམས་ཅད་མ་སྤངས་རང་ཤར་ཉིད། །རྒྱ་ཆད་ཕྱོགས་ལྷུང་ཡེ་ནས་མེད། །རང་ཤར་རང་གྲོལ་རྫོགས་པའི་ཀློང་། །སེམས་ཅན་སངས་

རྒྱས་གཉིས་མེད་རྫོགས། །དབྱེ་བ་ཉིད་ནི་རྣམ་པ་ལྔ། །གཞི་གནས་རང་རིག་ཐིག་ལེ་ཡིས། །སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམ། །ལུས་གནས་རྩ་ཡི་ཐིག་ལེ་ཡིས། །བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམ། །ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས། །ཕུང་སེམས་བསྐྱེད་པའི་རྒྱུ་ཡིན་ཏེ། །ཕུང་པོ་ཁམས་སོགས་ཆོས་རྣམས་ཀུན། །བྱ་བྲལ་རྫོགས་པ་ཆེན་པོར་བཟླུམ། །དོན་དམ་སྤྲོས་མེད་ཐིག་ལེ་ཡིས། །དབྱིངས་དང་རིག་པ་གཅིག་ཏུ་བཟླུམ། །རང་བྱུང་འབྲས་བུའི་ཐིག་ལེ་ཡིས། །སངས་རྒྱས་ཀུན་གྱི་དགོངས་པ་ནི། །མཐའ་བྲལ་ལྷུན་གྲུབ་རྫོགས་པའི་ངང་། །རྩོལ་བསྒྲུབ་བྲལ་བའི་དབྱིངས་སུ་བཟླུམ། །འདི་ཀུན་དེ་ཡི་དབྱེ་བས་ན། །མི་འགྱུར་ཐིག་ལེ་སྟོང་པ་ལས། །སྣང་བའི་ཡུལ་ལ་རྣམ་པ་ལྔ། །ཅིག་ཆར་བཟླུམ་པའི་གནས་ན་གསལ། །གསལ་བ་འདི་ལ་ནུབ་པ་མེད། །ཡེ་ནས་རང་བྱུང་ཆེན་པོའི་ཚིག །འདི་ཀུན་སྤྲོས་མེད་གཅིག་ཏུ་གནས། །དེ་ཉིད་མཐོང་བ་དེ་རང་ཉིད། །གཞན་ནས་བཙལ་བའི་གནས་མེད་དོ། །རང་གནས་དགོངས་པ་གཅིག་ཡིན་པས། །ཐ་སྙད་རྣམས་ཀྱི་གྲངས་ཟད་དེ། །གཉིས་སུ་འཛིན་པའི་ཞེན་པ་བྲལ། །འདི་ལ་གཉིས་སུ་ག་ལ་སྲིད། །རང་གི་མཚན་ཉིད་ངོ་བོ་སྟོང་། །རང་གིས་མངོན་པར་ཞེན་པ་འགག །རང་བཞིན་མི་འགྱུར་རྟོག་མེད་དག །མ་བསྒོམས་པ་དང་མཚམས་མེད་པར། །ཐིག་ལེ་ཟླ་དང་བྲལ་བ་ཡི། །རང་གནས་ཆེན་པོའི་དགོངས་པ་ལ། །བྱ་བྱེད་བྲལ་བར་རྒྱུན་དུ་གནས། །མཚན་ཉིད་སྟོང་པ་གསལ་བས་ཁྱབ། །རང་ངོ་ལུས་ཀྱི་མཐའ་རྣམས་ཟད། །མདོར་ན་བདག་འཛིན་ཡུལ་ལས་གྲོལ། །སྟོང་པ་ཆེན་པོའི་ཡེ་གདངས་ལས། །རང་གནས་སུས་ཀྱང་བྱས་མེད་པར། །ཡེ་ནས་མཉམ་པ་ཆེན་པོར་གནས། །སེམས་ཅན་ཀུན་གྱི་ལུས་ཀྱི་དཀྱིལ། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །རྩ་ནི་སྟོང་ཕྲག་གྲངས་མང་ཡང་། །ཁྱད་པར་ཆེན་པོའི་རྩ་བཞི་ལས། །ཀ་ཏི་གསེར་གྱི་རྩ་ཆེན་དང་། །

དར་དཀར་སྣལ་མ་ལྟ་བུ་ནི། །ཕྲ་ལ་འཁྲིལ་དང་ཤེལ་སྦུག་ཅན། །འདི་བཞིའི་ནང་དུ་ཁྱད་པར་ནི། །གནས་ཤིང་རླུང་གི་རྟ་ལ་ཞོན། །འབྱུང་དང་འཇུག་དང་རང་ཤར་དང་། །སྣང་བ་ཡི་ནི་བདག་ཉིད་དུ། །ཡེ་ནས་སྤྲོས་པ་མེད་པར་ཡང་། །གཞི་ཡི་ཐིག་ལེ་བཟང་པོ་དང་། །ལམ་གྱི་ཐིག་ལེ་དེ་བཞིན་བཟང་། །བཟང་པོ་རྣམས་ཀྱི་རྩེ་མོ་དང་། །བཟང་པོའི་རྒྱན་དང་ལྡན་པར་ཡང་། །རྩ་རྣམས་ཀྱི་ནི་ནང་ན་གནས། །འདི་ཀུན་རྟགས་ཀྱི་རང་བཞིན་དུ། །ལུས་གནས་རྩ་ཡི་ནང་ན་ཡང་། །སེམས་ཅན་གྱི་ཡང་ལུས་རྟེན་དུ། །ཐོག་མ་ནས་ནི་གནས་པ་ཡི། །སྣང་བ་ཡི་ནི་འཆར་བྱེད་ལ། །རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག །ཙཀྵུ་དཀར་འཇམ་ཞེས་པའི་སྒོ་ནས་ནི། །ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་། །རང་གི་འོད་ཟེར་ཉིད་དུ་ཡང་། །རང་ཆས་རྣམས་སུ་རྣམ་པར་སྣང་། །འཆར་བྱེད་འབྱུང་ཚུལ་མ་འགགས་པས། །དབང་པོ་རྣམས་དང་འདྲེལ་བའི་ཚུལ། །སྣང་བའི་ཡུལ་དུ་གསལ་བར་ཡང་། །ཀུན་གྱིས་མིག་ནས་འཆར་བའོ། །སྟོང་པ་ཉིད་ལ་རང་ལོག་པ། །མྱོང་བྱེད་གསལ་བའི་སྣང་བར་ནི། །ཡེ་གདངས་ལྔ་དང་བཅས་པར་ཡང་། །རང་བཞིན་བབ་ཀྱིས་གནས་པ་ལ། །གསལ་བྱེད་རྣམས་ཀྱི་ངོ་བོར་ཡང་། །དངོས་པོ་ལས་ནི་ལོག་པར་ཞུགས། །སྟོང་པ་ཉིད་དུ་མ་ཡིན་ཏེ། །རང་གསལ་ཤེས་པའི་ཐོག་མར་ནི། །ཡེ་ནས་རང་གི་མཚན་ཉིད་དུ། །ཐོག་མའི་ཀ་དག་ཆེན་པོའི་ལས། །རང་བཞིན་ཉིད་ནི་འདི་ལྟ་བུ། །སུས་ཀྱང་མ་བྱས་རང་གསལ་བར། །ཡེ་ཉིད་ནས་ནི་རང་བཞིན་ནོ། །བར་སྣང་ཉིད་ནི་སྟོང་པ་ལས། །སྣང་བ་རང་ངོ་མ་འགགས་པས། །རང་བྱུང་ཐིག་ལེ་ཆེན་པོར་གནས། །བརྗོད་མེད་རང་གནས་ངོ་བོར་ཡང་། །ཡེ་ནས་ནམ་མཁའི་ཁམས་སུ་སྣང་། །ཐིག་ལེ་སྤྲོ་དང་བསྡུ་མེད་པར། །བར་སྣང་ཉིད་དུ་སུས་ཟིན་པས། །དེ་ཡི་ཚད་དུ་དེ་འགྱུར་ཏེ། །རྩོལ་མེད་གྲོལ་བའི་རྟགས་སུ་སྣང་། །རྩོལ་བཅས་ལ་ནི་

ཚད་མེད་དོ། །འོད་ལྔ་འདུས་པའི་ཐིག་ལེ་ནི། །ལྷ་རྣམས་ལ་ནི་རང་མཐོ་གང་། །ཟླུམ་པོ་རང་གསལ་ཆེན་པོར་ཡོད། །ལྷ་མིན་རང་གི་ཆག་གང་ཡོད། །མི་རྣམས་རང་གི་མཐེབ་གང་ངོ་། །ཟླུམ་པོ་ཟག་པ་མེད་པར་ཡོད། །བྱོལ་སོང་ལ་ནི་ཕྱིར་མི་སྣང་། །ཡི་དྭགས་རང་ངོ་ཕྲ་བར་ཡོད། །དམྱལ་བ་རྣམས་ལ་རང་གསལ་ཙམ། །ལྷ་ལ་དཀར་པོ་ཤས་ཆེར་སྣང་། །ལྷ་མིན་དེ་བཞིན་ལྗང་གུ་ཆེ། །མི་ལ་དམར་གསལ་རང་ཆགས་བྲལ། །བྱོལ་སོང་ཉིད་ལ་མཐིང་ཤས་ཆེ། །ཡི་དྭགས་སེར་པོ་དེ་བཞིན་ནོ། །དམྱལ་བ་རྣམས་ལ་ཁ་དོག་ལྔ། །རང་གསལ་ཤེས་པའི་ཆར་གནས་པ། །སྒྲོན་མ་དངོས་ནི་དེ་བཞིན་ནོ། །རང་གི་མཐེབ་དང་མཛུབ་མོ་ཡིས། །ཙཀྵུའི་ཕུགས་དང་འགྲམ་བཙིར་ན། །མངོན་དུ་སྣང་སྟེ་ཡིད་ཆེས་ཀྱིས། །གོམས་པར་གྱུར་པའི་གནད་ཀྱིས་ནི། །དམར་པོའི་ཤས་མེད་ལྔ་ལྡན་པར། །གྱུར་ཏེ་ནམ་མཁར་སྣང་ནས་ཡང་། །འདིས་ནི་རིག་པའི་རང་དབང་ཐོབ། །དེ་ནི་རྩོལ་མེད་རང་གྲོལ་ལོ། །རྩོལ་བ་ཅན་ཡང་འདི་ལྟ་སྟེ། །རང་གི་མཇིང་པའི་ཕྱི་རོལ་རྩ། །འཕྲིག་ཅིང་འཕར་བ་དྲག་པ་ལ། །སོར་དང་མཛུབ་ཀྱིས་ཡང་བཙིར་ནས། །མིག་གི་འདུག་སྟངས་མཁས་པས་བྱ། །འོད་ནི་མདའ་གང་ཚུན་ཆད་གསལ། །དེ་ལས་མཆེད་པའི་དུས་རྣམས་བཟུང་། །དེ་ཡི་ཐབས་ནི་མན་ངག་ཏུ། །དེ་ཀུན་དེ་ཡི་ངེས་འགྱུར་རོ། །དཔེར་ན་རྨ་བྱའི་མདོངས་དང་མཚུངས། །དེ་བཞིན་ཁྲ་ཡི་མིག་གམ་ནི། །ཡང་ན་དེ་བཞིན་ཉ་ཡི་མིག །དེ་བཞིན་སྲོགས་ཆགས་རྐུན་མོའི་མིག །འདི་རྣམས་བཞིན་དུ་གནས་པའོ། །ཞེས་སྒྲོན་མ་འབར་བའི་རྒྱུད་ལས། ཐིག་ལེ་སྟོང་པའི་སྒྲོན་མ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རྒྱུད་དག་རྡོ་རྗེ་འཆང་། །མི་གནས་ཡེ་ཤེས་གོ་ཕྱེ་ནས། །ཡང་ནི་འདི་སྐད་བྱ་བ་གསོལ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐིག་ལེ་སྟོང་པའི་སྒྲོན་མ་ཉིད། །

སྟོན་པས་གསུངས་པ་དེ་ལྟར་ན། །ཉིད་ཀྱིས་གོང་དུ་གསུངས་པ་ཡི། །དག་པ་དབྱིངས་ཀྱི་སྒྲོན་མ་ཉིད། །སྔར་གསུངས་པ་ཡི་ཚིག་འདི་ཡི། །ངོ་བོ་ཅི་ལྟ་བུ་རུ་ལགས། །འདི་ཡི་ངེས་དོན་རྣམ་པ་ཅི། །འདི་ལ་དབྱེ་བ་དུ་ཙམ་མཆིས། །དེ་ཡི་རང་བཞིན་དེ་ཉིད་གང་། །མཚན་ཉིད་དགོངས་པ་ཇི་ལྟ་བུ། །འདི་ལ་གོམས་པ་ཇི་ལྟར་བགྱི། །དེ་ཡི་ཚད་ནི་གང་གིས་བཟུང་། །འདི་ཡི་གནས་ནི་གང་ན་གནས། །དེ་བཞིན་སྒོ་ནི་གང་ནས་འཆར། །དེ་ཉིད་དངོས་ནི་ཇི་ལྟ་བུ། །མཐུན་དཔེ་གང་གིས་བགྱིད་ལགས་སོ། །འདི་ཀུན་བདག་གིས་སྔར་འཚལ་ཀྱང་། །མ་འོངས་སེམས་ཅན་དོན་དུ་ཡང་། །རྡོ་རྗེ་འཆང་ལ་བདག་ཉན་འཚལ། །དེ་ནས་རྡོ་རྗེ་འཆང་ཆེན་གྱིས། །འདི་སྐད་ཚིག་ཏུ་བཀའ་སྩལ་ཏོ། །ཉོན་ཅིག་རྒྱུད་དག་རྡོ་རྗེ་འཆང་། །ངས་བསྟན་པ་ལ་ནོར་བ་མེད། །ཁྱོད་ཀྱིས་ནོར་མེད་སེམས་ལ་ཟུང་། །རྣམ་དག་དབྱིངས་ཀྱི་སྒྲོན་མས་ནི། །རིག་པ་ཡི་ནི་ངོ་བོར་སྡུད། །ལུ་གུ་རྒྱུད་ཀྱི་ར་བར་སྣང་། །འདི་ལ་སུས་གོམས་དོན་དེ་ཉིད། །མཐིང་ག་མི་འགྱུར་གསལ་བ་ལ། །མུ་ཁྱུད་ཀྱི་ནི་ར་བར་གནས། །རང་གསལ་ཕྱི་ཡི་ཡུལ་དུ་སྣང་། །ངོ་བོ་ཉིད་ནི་མ་བཅོས་པའོ། །དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད། །རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད། །འདི་ཉིད་ནང་དུ་འཇུག་པར་བྱ། །རང་གི་ངོ་བོ་རྟོག་མེད་དུ། །ནང་གི་དབྱིངས་ཀྱི་གོ་རར་ཡང་། །མ་བཟུང་མི་གནས་ཚུལ་གྱིས་ནི། །འབྲལ་བ་མེད་པར་རྒྱུན་དུ་གནས། །རྣམ་པ་ཡུལ་དུ་སྣང་བ་ལ། །དག་པ་དྲི་མའི་གྲངས་མཐའ་ཟད། །སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད། །ནམ་མཁའ་ཉིད་ལ་ཅེར་བཏོན་ཏེ། །རང་བཞིན་མེད་པར་སྣང་བར་བྱེད། །མས་ནི་དེ་ཡི་དོན་གཟིགས་པས། །རང་བཞིན་ཉིད་ཀྱི་ངེས་ཚིག་ཏུ། །ཡེ་ནས་འདུ་འབྲལ་མེད་པར་གནས། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གཞི་ལ་གནས་པའི་དག་དབྱིངས་ཀྱི། །རིག་པའི་ཡེ་ཤེས་སྐུ་རུ་འཛིན། །ལམ་ལ་སྣང་བའི་དབྱིངས་ཀྱིས་ནི། །རིག་པའི་ཐིག་

ལེ་དྭངས་མ་སྡུད། །ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི། །ལུ་གུ་རྒྱུད་དེ་བཙོན་དུ་འཛིན། །འདི་ཀུན་དེ་ཡི་དབྱེ་བའོ། །རང་བཞིན་སྣང་བ་མ་འགགས་པས། །བློ་དངོས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པ་ཡང་། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་། །ཡེ་ནས་རྣམ་རྟོག་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །བརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང་། །རང་དལ་ཆེན་པོའི་ངང་དུ་གནས། །ཕྱི་ནང་མེད་པར་ཟང་ཐལ་བས། །མ་བསྒྲིབས་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་ཡང་། །རྣམ་པར་དག་པའི་དབྱིངས་ཀྱི་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །འདི་མེད་རིག་པའི་ཡུལ་མེད་པས། །སྣང་བ་འགག་པ་མེད་པ་ཡི། །ཆར་ནི་དབྱིངས་ཀྱི་སྒྲོན་མའོ། །འཁོར་འདས་རུ་ཤན་ཕྱེད་ནས་ནི། །ལུས་ངག་རྣམས་ནི་རྣལ་དུ་ཕབ། །དེ་ནས་དབྱིངས་རིག་སྣང་བ་བརྟགས། །འདི་ལ་གོམས་པའི་ཚད་རྙེད་ནས། །ཕྱི་རོལ་ཡུལ་གྱི་སྣང་བ་ནི། །གོང་ནས་གོང་དུ་ཡང་འཕེལ་བས། །རིམ་གྱིས་རང་གོམས་ཆེན་པོ་ཐོབ། །འདི་ལ་བརྟན་པའི་ཚད་རྙེད་ནས། །ཆོས་རྣམས་ཟད་པར་གྱུར་པ་ནི། །དེ་ཉིད་གོམས་པར་བྱེད་པ་ཡི། །ཡན་ལག་ཏུ་ནི་ངས་བཤད་དོ། །མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང་། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་། །རང་གི་མདུན་གྱི་ཡང་མཚམས་སུ། །སོར་བཞི་འམ་ནི་མཐོ་གང་ལས། །འཕགས་ཏེ་ལུས་དང་བྲལ་བ་ན། །དེ་ཡི་ཚད་དུ་དེ་འགྱུར་རོ། །མིག་ནི་འབྱུང་བའི་རྐྱེན་མེད་ལ། །གནས་པས་རང་གི་རིག་པ་ཡང་། །ལུ་གུ་རྒྱུད་དུ་སྣང་བ་སྟེ། །སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད། །རང་ཤེས་ནང་དུ་གསལ་བའི་ཚེ། །ཙིཏྟའི་ནང་དུ་གནས་པ་ཡིན། །ཕྱིར་འཕྲོས་སྤྲིན་བྲལ་ནམ་

མཁའ་འོ། །མིག་གི་རྣམ་ཤེས་དག་པ་ལ། །གསལ་བྱེད་འབར་བའི་འོད་ཟེར་ལྔར། །མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་། །མཐིང་གའི་རང་གདངས་ཆེན་པོར་གནས། །འཆར་བྱེད་སྣང་བ་མ་འགགས་པས། །ཕྱི་ཡི་ཡུལ་ལ་རྣམ་པར་སྣང་། །འདི་ནི་འཆར་སྒོ་མིག་ནས་ཀྱང་། །འགྱུར་མེད་ཁྱབ་པའི་ཚུལ་དུ་སྣང་། །འདི་ཡི་སྣང་བ་རང་དག་པས། །དབྱིངས་དང་རིག་པ་ཟུང་འཇུག་པར། །ཡེ་ཤེས་གནས་ཏེ་ཅོག་བཞག་གོ། །རང་ཤར་རང་གི་སྤྱོད་ཡུལ་ལོ། །སྣང་བ་མིག་དང་རང་འདྲེལ་བས། །དེ་ཉིད་རྐྱེན་བྲལ་ནམ་མཁའ་ཤར། །དེ་ལྟར་འཆར་སྒོ་མ་འགགས་པའོ། །འདི་ལྟར་གནད་གསུམ་མན་ངག་དང་། །སུ་ལ་འཛོམ་པའི་སྐྱེས་བུ་ནི། །དབྱིངས་ལ་གོམས་ཏེ་མངོན་དུའོ། །སྲིད་པ་ཡི་ནི་ཡར་མཚམས་ན། །འདི་ནི་གཉིས་འཇུག་བྱུང་ལས་ནི། །ཐབས་དང་ཤེས་རབ་རང་བཞིན་ལས། །གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང་། །སོར་གཅིག་གིས་ནི་མ་རེག་པར། །ཉིན་དུས་འབྱུང་བའི་རྐྱེན་ལྡན་པས། །སྣང་བར་འགྱུར་ཏེ་མཚན་མོ་ཡང་། །མཐིང་ག་རང་ངོ་ཉིད་དུ་སྦྱར། །དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ། །འགྱུར་མེད་ཡེ་གདངས་ཆེན་པོར་ནི། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །སུས་ཀྱང་བྱས་པ་མེད་པར་ནི། །ཡེ་ནས་གཉིས་མེད་མཉམ་པར་གནས། །འདི་ནི་ཁྱབ་ཆེ་ཕྲ་བ་ལས། །རང་གི་ཤེས་པའི་ཆར་ཤར་ནས། །མངོན་སུམ་ཉིད་དེ་རབ་ཏུ་གསང་། །གསང་བ་ཆེན་པོ་འདི་ཉིད་ལ། །གང་སུ་སྤྱོད་པར་འདོད་པ་དེ། །ཡེ་སངས་ཉིད་ལ་ཡང་སངས་རྒྱས། །དངོས་པོའི་ཕྱོགས་ལ་བལྟས་ན་ནི། །གསལ་བྱེད་མཚན་མའི་ཆ་ལྟར་སྣང་། །སྟོང་པ་ཉིད་ལ་བལྟས་པ་ཡིས། །རང་གསལ་གཟུང་བའི་ཡུལ་མེད་པས། །སུས་ཀྱང་མི་ཟིན་སྟོང་པ་ཉིད། །འདི་ནི་གསལ་དང་སྟོང་པ་ནི། །ཡེ་ནས་ཁྱབ་ཅིང་གནས་པའོ། །རང་སྣང་སྟོང་ཉིད་གསལ་བའི་ཡུལ། །འདིས་ནི་དགོངས་པའི་ཚད་རྣམས་འཛིན། །རང་དག་

ཆེན་པོ་ཉིད་དུ་བསྟན། །དུས་མེད་སྣང་བའི་མཁའ་ལ་ནི། །འགྱུར་མེད་དབྱིངས་སུ་ཐམས་ཅད་འདུས། །འདི་ལ་འབྱུང་རྐྱེན་ནམ་བྲལ་ན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །འཁོར་བའི་སྣང་བ་མི་སྲིད་དོ། །དཔེར་ན་ཡི་གེའི་ན་རོ་བཞིན། །གཉིས་ཀྱིས་བཟུང་སྟེ་སྡོམ་གཅིག་པ། །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལས་གོམས་པའི་གདེང་རྙེད་ནས། །བར་སྣང་འཇའ་ཚོན་ཅི་བཞིན་དུ། །ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །དེ་ནས་ཡང་གཅིག་གོམས་སྟོབས་ཀྱིས། །དེ་ཡི་རྟགས་དང་ལྡན་པ་ལ། །བར་སྣང་ཁམས་ཀྱང་དེ་བཞིན་ནོ། །རྒྱུད་འདི་འཛིན་པར་སུས་འདོད་པ། །འདི་ནི་དམ་པ་སྐལ་ལྡན་པས། །རྒྱུད་འདི་སོ་སོར་བཟུང་བ་ཡིས། །ཡོན་ཏན་བསམ་མེད་ཆེན་པོར་ཐོབ། །རྒྱུད་ཀྱི་མཚན་ཉིད་རྣམ་གསུམ་སྟེ། །དེ་ཡི་ངོ་བོར་སྦྱོར་ཤེས་བྱ། །ཇི་ལྟར་རྒྱུད་ཀྱི་མཚན་ཉིད་ཀྱིས། །རང་གི་ངོ་བོ་རྟོགས་པའོ། །ཞེས་སྒྲོན་མ་འབར་བའི་རྒྱུད་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་སྐད་སྟོན་པས་གསུངས་པ་ཡིས། །རྒྱུད་དག་རྡོ་རྗེ་འཆང་ལ་སོགས། །དགའ་ཞིང་མགུ་བའི་སེམས་སྐྱེས་ནས། །དེ་ཉིད་གསུངས་ལ་མངོན་པར་བསྟོད། །གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོ། ། །རྒྱ་རྒྱ་རྒྱ། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། ལོཙྪ་བ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །དཔལ་སྔགས་ཀྱི་སྲུང་མ་ལྕམ་དྲལ་གྱིས། རྒྱལ་བའི་བཀའ་འདི་སྲུངས་ཤིག །དཔལ་ལྡན་ཞྭའི་མགོན་པོ་དང་། དམ་ཚིག་གི་བདག་པོ་རྣམས་ཀྱིས། དམ་མེད་སྡིག་ཅན་གྱི་སྲོག་རྩ་ཆོད་ཅིག །རྒྱུད་འདིའི་འགྲེལ་པ་ནི་མུ་ཏིག་ཕྲེང་བ་ཞེས་བྱ་བ་ཡོད་དོ། །སྒྲོན་མ་འབར་བ་ཉིད་ལ་མ་བུ་ལྔ།། །།

ཉི་མ་དང་ཟླ་བ་ཁ་སྦྱོར་བ་ཆེན་པོ་གསང་བའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། སཱུརྻ་ཙནྡྲ་མ་ཧཱ་སམྤུ་ཊ་གུ་ཧྱ་ཏནྟྲ་ནཱ་མ། བོད་སྐད་དུ། ཉི་མ་ཤེས་རབ་དང་ཟླ་བ་ཐབས་ཁ་སྦྱོར་བ་གཉིས་མེད་ཆེན་པོ་གསང་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མ་ཡིན་པའི་གླེང་གཞི། ཨེ་མ། ང་ནི་འཇིག་རྟེན་འཁོར་བ་ལས་བསྒྲལ་བའི་ཕྱིར། །སྐྱེ་མངལ་སྐྱེས་ལ་སོགས་བཞིའི་གཟུགས་སུ་སྤྲུལ་ནས་ནི། །སེམས་ཐོག་མར་ཅན་ཀུན་གྱི་དོན་བྱས་པས། །སངས་རྒྱས་ད་ལྟ་རྣམས་ཀྱི་སྣང་བ་ཐོབ། །སྐྱེ་བར་མ་དོར་གཉིས་བར་དུ་སངས་རྒྱས་པའི། །ངེས་པའི་བུཌྜྷ་པ་འབྲས་བུ་སུས་འདོད་པ། །ང་ཡིས་བསྟན་ཚིག་དོན་པའི་རྒྱུད་འདི་ཚིག་དོན་ཉོན། །རྒྱུད་འདི་ལ་ནི་སུས་གང་གོམས་པ། །བསྒོམ་པ་མེད་པར་བར་མ་དོར་སངས་རྒྱས་འཐོབ། །སུས་ཀྱང་བསླབ་པ་མེད་པར་རང་བཞིན་གྱིས་ན། །བླ་མའི་མན་ངག་རང་སྣང་རྩད་རྣམས་ཆོད། །དེ་ཕྱིར་འདི་ལ་རྟག་ཏུ་གོམས་པར་གྱིས། །དེ་སྐད་ཅེས་སྟོན་པས་མི་གནས་པའི་རང་བཞིན་གྱི་གནས་ཆེན་གཞི་བཅོས་པ་མེད་པ་ནས་པོ་ནས། མི་སྣང་བའི་སྟོན་པ་ཆེན་པོས་མི་འབྱེད་པའི་འཁོར་རང་ཀ་མའི་གཟུགས་ལ་སྔར་གསུངས་སོ། །གསུང་ད་ལྟར་ངོ་། །གསུང་ཕྱི་དུས་སུ་བར་འགྱུར་རོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ཐུན་མོང་གི་གླེང་གཞི་ན། གང་གིས་འབྱེད་མཁན་ཀྱང་མ་བྱས་པའི་ཡོངས་སུ་བཀོད་པ་ཆེན་པོའི་རང་སྣང་གི་ཕོ་བྲང་གནས། རང་བཞིན་གྱིས་རྣམ་པར་དག་པ་ཁ་དོག་འོད་ལྔ་དང་གཟུགས་བརྙན་སྐུ་ལྔ་ཐིག་ལེ་ལ་སོགས་ཐམས་ཅད་དུས་གཅིག་ལ་གསལ་བ། བཀོད་པ་དབྱིངས་རྒྱ་ཆེ་ལ་དཀྱིལ་རིགས་ལྔའི་ཁྱད་ཡངས་པ། ཁ་དོག་མ་འདྲེས་འོད་ལྔ་ཡོངས་སུ་རྫོགས་པ། ལྟེམ་བཞིན་གཞན་མེད་པ་པ། མེར་བཞིན་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་པ།འགུལ་བཞིན་ཡེ་ཤེས་ཀྱི་རླུང་གིས། པ། འཕྲིགས་

བཞིན་པ། ཤེས་པའི་ཁྱད་ཀྱིས། ཤིན་ཏུ་མཉམ་པ་ཆེན་པོ་ན། མཐོ་དམན་མེད་པ། བཅོམ་སྟོན་པ་ལྡན་འདས་མངོན་པར་བྱང་ཆུབ་པ་ཆེན་པོ་སངས་སྤྲོས་བྲལ་ཉག་གཅིག་ཏུ་རྒྱས་ཐམས་ཅད་ཀྱི་ལྟ་བ་དང་། དགོངས་པ་གནས་གཞི་བཞག་མཛད་ཕྲིན་ལས་བཞིའི་དོན་སྤྱོད་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆེན་པོ་ཉིད། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་། ངོ་བོ་ཉིད། རིག་པ་ཁྱབ་གདལ་ཆེན་པོའི་སྐུ་དང་། དེ་ཉིད་དབྱིངས་ལ་འདྲེས་པ། རིག་པ་མངོན་སུམ་དུ་སྣང་བྱེད་ཀྱི་སྐུ་དང་། མ་དེ་ཉིད་ཀྱི་རྩལ་བཀོད་པའི་རང་བཞིན་གྱི་ཡེ་མེ་ལོང་ལྟ་བུ་སོགས་ཤེས་ཆེན་པོ་ལྔ་དང་། ཆོས་དངོས་པོ་ཐམས་ཅད་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་དམིགས་གཏད་མེད་པ་དང་། མི་དམིགས་པ་དང་། དབྱིངས་ཀྱི་དོན་གཅིག་པ། རང་གི་མཚན་ཉིད་བྲལ་བ་དང་། གང་གི་ངོ་བོར་ཡང་མ་གྲུབ་པ། མི་གནས་པའི་སྟོང་པ་ཆེན་པོ་དང་། མི་འགྱུར་བ་རིག་པ་ཆོས་སྐུའི་ཚུལ་འཛིན་པ་དང་། ཀུན་ཏུ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུའི་ཚུལ་འཛིན་པ་དང་། མཛད་པ་མ་ལུས་པ་སྤྲུལ་པ་སྒོ་ལྔ་སྐུའི་ཚུལ་འཛིན་པ་དང་།རྣམ་པར་འཕྲུལ་པ་གཞིར་སྣང་བྱེད་པ་མེད་པས་ཅི། ཆོས་ཉིད་ཟད་པ་ཡང་མ་ཡིན་པའི་རིགས་ལས། རང་སྣང་དེ་བཞིན་གཤེགས་པ་རང་གི་མཚན་ཉིད་འཛིན་པའི་རིགས་ཀྱི་ལྷ་དང་ལྷ་མོ་དང་། རྡོ་རྗེ་རིགས་ཀྱི་མཚན་ཉིད་འཛིན་པའི་ཐབས་ལྷ་དང་ཤེས་རབ་ལྷ་མོ་དང་རིན་པོ་ཆེའི་རིགས་ཀྱི་མཚན་ཉིད་འཛིན་པའི་ལྷ་དང་ལྷ་མོ་དང་། པདྨའི་རིགས་ཀྱི་མཚན་ཉིད་འཛིན་པའི་ལྷ་དང་ལྷ་མོ་དང་། ལས་ཀྱི་རིགས་ཀྱི་མཚན་ཉིད་འཛིན་པའི་ལྷ་དང་ལྷ་མོ་དང་། མི་རང་བཞིན་ཐུགས་ཀྱི་ཐུགས་རྗེ་ལས་མཛད་པའི་མཛད་པ་ཆེན་པོ་ལས། རྣམ་པར་སྣང་མཛད་མཚན་དང་དཔེ་བྱད་ལྡན་པ་ཆེན་པོའི་སྐུ་བྱང་ཆུབ་ཆེན་པོ་མཆོག་གིས་ཕྱག་རྒྱ་དང་བཅས་པ་དང་། རྡོ་རྗེ་མི་བསྐྱོད་པ་རྡོ་རྗེའི་རིགས་ལས་བྱུང་བ་ཆེན་པོ་སྐུ་ས་གནོན་ཕྱག་རྒྱ་དང་བཅས་པ་དང་། རིན་རིན་པོ་ཆེའི་རིགས་ལས་བྱུང་བ་ཆེན་འབྱུང་ལྡན་ཆེན་

པོའི་མཆོག་སྦྱིན་སྐུ་ཕྱག་རྒྱ་དང་བཅས་པ་དང་། སྣང་པདྨའི་རིགས་ལས་བྱུང་བ་བ་མཐའ་ཡས་ཆེན་པོའི་སྐུ་མཉམ་གཞག་ཕྱག་རྒྱ་དང་བཅས་པ་དང་། དོན་ལས་ཀྱི་རིགས་ལས་བྱུང་བ་ཡོད་གྲུབ་པའི་སྐུ་ཕྱག་རྒྱ་སྐྱབས་སྦྱིན་དང་བཅས་པ་དང་། སེམས་སའི་སྙིང་པོ་ལ་སོགས་པ་དཔའ་ཆེན་པོ་རོལ་པའི་ལྟ་སྟངས་རྣམས་དང་། སེམས་བཛྲ་གིརྟི་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་མ་ཆེན་མོ་སྒེག་མོའི་ཆ་ལུགས་རྣམས་དང་། ཁྲོ་བོ་རིགས་ལྔ་དང་བཛྲ་ཧེ་རུ་ཀ་ལ་སོགས་པ་དང་སྒོ་བ་ཡབ་ཡུམ་རང་བྱུང་གི་ཧེ་རུ་ཀ་ཆེན་པོ་ལྔ་དང་། སྐུའི་ཕུང་པོ་དུ་མ་རྣམས་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཐེག་པ་ཆེན་པོའི་ཡན་ལག་བསམ་གྱིས་མི་ཁྱབ་པ་རྣམས་དང་། འདུལ་བའི་སྡེ་དང་། ཉི་ཁྲི་ཆིག་སྟོང་། མདོ་སྡེའི་སྡེ་དང་། ཉི་ཁྲི་སྟོང་གཅིག་དང་། མངོན་པའི་སྡེ་དང་། ཉི་ཁྲི་ཆིག་སྟོང་། རང་བཞིན་རྫོགས་པ་ཆེན་པོའི་རྣམ་གྲངས་འབུམ་ཕྲག་དྲུག་ཅུ་རྩ་བཞི་རྣམས་ཏེ། གསུང་གི་ཆོས་ཐམས་ཅད་ཕུང་པོ་བསམ་གྱིས་མི་ཁྱབ་པ་རྣམས་དང་། སེམས་རྣམ་པར་སྦྱང་བ་དང་། གསེར་གྱི་སྒྲོམ་བུ་ལྟ་བུའི་སེམས་དང་། རྣམ་པར་གཞིལ་བ་དང་། རྣམ་པར་འཕྲོས་པ་ལྟ་བུའི་སེམས་དང་། རྣམ་པར་བཏུལ་བ་དང་། བསྙོན་པ་ལྟ་བུ། རྣལ་དུ་རླུང་གིས་འཕེན་པ་ལྟ་བུའི་སེམས་དང་ཕབ་པ་དང་། མི་དེ་རྣམས་ལ་གནས་པའི་རིག་པ་ཆེན་པོ་ལ་སོགས་པ་སྟེ། ཐུགས་རྣམས་དང་། ནམ་མཁའ་ལ་ཡོད་མེད་གང་དུའང་མ་གྲུབ་པས་དངོས་པོར་དབང་བསྒྱུར་བ་དང་།ཆུ་ལ་སྲེག་བྱེད་དུ་དབང་བསྒྱུར་བ་དང་། མིང་དུ་བརྟགས་པ་མ་ངེས་པ། མེ་ལ་སྡུད་པར་བྱེད་པ་དབང་བསྒྱུར་བ་དང་། མ་ངེས། ས་ལ་སྐྱོད་པར་བྱེད་པ་དབང་བསྒྱུར་བ་དང་། མ་ངེས་པ། རླུང་ལ་བརྟན་པར་བྱེད་པར་དབང་བསྒྱུར་བ་རྣམས་ཏེ་ཕྲིན་ལས་རྣམས་དང་། མ་གཞི་སྨྲ་བསམ་ལས་འདས་པ་བཟླས་པར་རྟགས་རྣམས་རང་བྱུང་བ་དང་། མ་གཞི་མཚོན་པ་ལས་འདས་པའི་ཕྱིར་བསྒྲུབས་པར་དངོས་གྲུབ་ཆེན་པོ་རང་བྱུང་བ་དང་། མ་བསྐུར་མ་བཙལ་བཞག་པའི་ཡེ་ནས་ཡོད་པའི་དོན་དབང་རྣམས་རང་ཐོབ་པ་དང་། མ་རང་བྱུང་ཡིན་པའི་གནད་བསླབས་པར་ཆོས་ཐམས་ཅད་

ཀྱི་དོན་རང་ཤེས་པ་དང་། མ་རིག་པ་རྩོལ་བསྒྲུབ་དང་བྲལ་བ་བསྒོམས་པར་སངས་རྒྱས་ཉིད་རང་གིས་རང་ཐོབ་པ་ལ་སོགས་ཏེ། ཡོན་ཏན་དཔག་ཏུ་མེད་པ་རྣམས་དང་། མི་འབྱེད་པ་རྒྱུན་གྱི་ཏིང་ངེ་འཛིན་ལ་ཐབས་ཅིག་ཏུ་སྙོམས་པར་ཞུགས་སོ། །དེ་ནས་ཞུ་བ་པོ་མི་རྟོག་པའི་ཐུབ་པ་ཆེན་པོ་ཞེས་བྱ་བས། སྟོན་པ་དྲུག་པ་རྡོ་རྗེ་འཆང་ཆེན་དེ་ལ། མ་ཆགས་པའི་རང་བཞིན་གྱི་མཆོད་པས་ནི་མཆོད། མ་བསྐུལ་བའི་དབྱངས་ཀྱིས་ནི་མ་འགགས་པ་གདུངས། མི་གཟུང་འཛིན་གནས་པའི་བསམ་པས་ནི་བཟུང་། མ་བཏིང་བའི་སྟན་རང་བཞིན་རྣམ་དག་ལས་ནི་ལངས། མ་བྱས་པའི་བླ་གོས་ནི་རང་ཆས་སུ་བཟར། མ་བསྒྲགས་པའི་འབད་རྩོལ་མེད་གླུ་ཡིས་ནི་བསྐུལ། མ་དགོངས་པ་རང་ལ་གནས་པའི་གླེང་བའི་ཚིག་ནི་ཞུས། མུན་པ་མངོན་དུ་གསལ་བའི་དད་པ་མངོན་དུ་བླངས་ནས། འདི་སྐད་དུ་རྡོ་རྗེའི་གླུའི་ཚིག་རྣམས་ཀྱིས་སྟོན་པ་ལ་རབ་ཏུ་ཞུས་སོ། །རྡོ་རྗེའི་གླུ་དྲུག་འགྱུར་དུ་བླངས་པ་ཨེ་རྡོ་རྗེའི་གླུ་འདི་དཔེ་རྒྱུན་ཐམས་ཅད་མ་གཅིག་པས་སླར་དཔེ་ཁུངས་དག་རྙེད་ན་དཔྱད་དགོས་མ་ཀེ་རི་ཀ་རི་མས་ཏ། བྷ་ལི་བྷ་ལི། ས་མི་ཏ་སུ་རུ་སུ་རུ། ཀུན་དྷ་ལི་མ་སུ་མ་སུ། ཨེ་བརྒྱད་འགྱུར་དུ་ཀ་རས་སུ་ཏི་བྷས་ཏ་ཡེ། ཙ་ཀི་ར་བྷུ་ལི་ཏ་་ཡེ། ས་མུན་ཏ། ཙརྱ་སུ་གྷ་ཡཱེ། བྷི་ཏིང་ལ་ས་ན། བྷ་གྷུ་ལི་ཡེ། ས་ཏ་རི་དྷུ་ཀ་ནི། མ་ཏ་རི་བྷེ་ཏ་ན། པ་ར་ལི་ཧི་དྷི་ས་ན། མ་ཁར་ཏ་ཀེ་ལ་ན། དགུ་འགྱུར་སཾ་བྷུ་ར་ཏ་མེ་ཀ །ཙར་དཾ་པ། སུརྱ་གྷ་ཏ་ར་ཨཱེ། བ་ཤ་ན། ར་ན་བྷི་ཏི་ས་གྷུ་ཏི་པ་ཡཱ། གྷུ་ར་གྷུ་ར་པག །ཁ་ར་ན་ལཾ། བཅུ་འགྱུར་ན་ར་ན་ར། ཨི་ཐ་ར་པ་ཏྲ་ལཾ། སིརྣ་སིརྣ། བྷེ་ས་བྷེ་ས། རས་སཾ་ལཾ། བུཌྜྷ་བུཌྜྷ། ཚི་ཤ་ས་གྷེ་ལཾ། ཉིས་འགྱུར་ས་སྭ་རི་རཱི། ལེ་ཁེ། ཨི་ཨཱིཾ། མ་མཱ། རི་རཱི། ལ་དྷཱ་ཨཱ། ཨཱོ་ཨཱཿཧཱུཾ། སྨས་ཏ་བྷ་ས་ལི། མ་སི་ཏ། སུ་རུ་སུ་རུ། ཀུན་དྷི་ལི་མ་སུ། ཨི་ཀ་རི་ལི་བྷ་ཏ་ཡཱེ། ཙ་ཀ་བྷུ་ལི་ཏ་ལྕ་ཡཱེ། ས་མུད་ཏ་ཙརྱ་སུ་གྷ་ཡེ། བྷི་ཏི་སན་

བྷ་གྷུ་ཡཱེ། ཀེ་རེ་དྷ་ཀ་ནི། དྷ་ཀ་མ་མན་སོ་རི། ཏ་ན་ས་ར། བྷ་ལི་དྷི། ས་ནཾ་ཁ་ར་ཏ་ཀེ་ལན། སཾ་བྷུད་ར་ཏ། ཨེ་ཀ་ཙ་ར་པ་ཏི། ཏ་བྷ་སུརྱ་གྷ་ཏ་ཨཱ། མ་ན་ས་པ་ར་བྷི་ཧོ། ཏི་གྷུ་ར་ལ། མ་སྨིན་ས། གྷུ་ཏིལ། ཏ་ཡ་མ་གྷུ་ར་གྷུ་ར། རླང་གྷ་ཁ་ས་ར་ན་ལཾ། ན་ར་ན་ར་ལཾ། ཨཱིཾ་ཐཱ་པ་ཏ་ལཾ། ཨི་ཐ་ར་ས་ཏ་མཾ། པིརྣ་བྷེ་ས་ར་ལཾ། ས་ཀེ་ལཾ། ས་སྭ། རི་། ལི་།ཨཱ་ཨཱ། མ་མཱ། ར་རཱ། ཞེས་པའི་རྡོ་རྗེའི་གླུ་ཡིས་ནི། །སྟོན་པའི་ཐུགས་དཀྱིལ་རབ་ཏུ་བཟུང་། །བཀའ་སྩལ་པ། མི་རྟོག་ཐུབ་པ་ཆེན་པོ་ཉོན། །མ་བསམས་བཞག་པའི་ངོ་བོ་རང་རིག་ནི། །རྡོ་རྗེ་འཆང་གི་ལུང་ཆེན་ལས། །གླུ་འདི་ལ་སྤྱད་པས་དངོས་གྲུབ་ཐོབ། །ཡེ་ཤེས་རྣམས་ཀྱི་གནས་ལུགས་ལས་འདུག་སྟངས་ལ། །སྐྱེས་བུ་རྣམས་ཀྱི་གཞི་སྣང་དྲན་པ་རྙེད། །ཕྱིན་ཅི་ལོག་ཏུ་མུ་སྟེགས་པ་མ་ཡིན་ཏེ། །གླུ་འདི་མི་ཕྱེད་རྡོ་རྗེའི་གཟུངས་ཡིན་ནོ། །གཞི་ལས་མི་འགྱུར་རང་སྣང་ཆེན་པོ་ལས། །གླུ་ལ་སོགས་པ་སྒྲ་ཡི་ཕུང་པོ་རྫོགས་པར་བཤད། །དེ་ཡང་རྣལ་འབྱོར་དེ་དག་བརྟེན་ནས་ཉམས་སྐྱེས་པ་ཐབས་ཀྱི་གཙོ། །གྲགས་པ་མེད་པ་གསང་བར་བྱ་རྡོ་རྗེའི་གླུ། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །མཆོད་པར་འགྱུར། རྣལ་འབྱོར་པ་ཡི་དགོངས་པ་ལ་ཕེབས་པ་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོགས། །འདུལ་བ་ཡིན། རིགས་དྲུག་བློ་ལོག་ནས་དད་པ་སྐྱེ་འཁོར་བའི་ཞེན་པ་བཟློག །སྐལ་དང་ལྡན་པ་གཞན་རྣམས་དད་འདུའི་གནས། །རང་རིག་སེམས་ཀྱི་རྒྱུད་ཀུན་རང་དབང་ཐོབ། །རང་རིག་བདེ་བའི་གསལ་རྣམས་འདེགས། །དྲན་པ་སློང་། ཤེས་པ་གཅིག་པའི་ཡུལ་ཡང་བྱེད། །གཞན་དབང་དུ་མ་གྱུར། ཡིད་ཅན་རྣམས་ཀྱི་སྐྱོན་རྣམས་སེལ། །ལུས་ཅན་རྣམས་ཀྱི་ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་སྦྱོང་། །དབང་དང་དམ་ཚིག་གི་སྐབས་སུ་བླང་བདེ་བ་སྟེར། །མ་རིག་པ་དག་གཅར་ལ་མི་སྐྱེ་བར་གནོན། །ཐེག་པ་རྣམས་ཀྱི་ངལ་གསོའི་གནས། །བདེ་བ་ཐོབ། ལྟ་དང་སྒོམ་སེམས་འགྱུར་བའོ། །པ་འདི་དག་གི་དུས་མཚམས་དང་བྱིང་རྒོད་ཀྱི་དུས་ན་བླང་འདྲེལ་བའི་ཚིག །

སྙིང་པོ་རྣམས་ཀྱི་འདུལ་བའི་ཞིང་། །དེ་ལྟར་བླངས་པས་སྡིག་པ་བྱང་། མི་བསྐྱོད་རྣམ་པར་རིག་པའོ་རང་བསྐྱོད་ནས། །རང་ལུས་རྡོ་རྗེ་སེམས་དཔའི་སྐུ་ཡང་འཛིན། །དེ་ཕྱིར་སྔོན་དུ་ཞུས་པའི་རྡོ་རྗེའི་གླུ་བླངས་པ། །ཐུབ་པ་ཆེན་པོ་ཁྱོད་ལེགས་སོ། །ལེགས་སོ་བྱིན་པ། ཞེས་སྟོན་པ་ཉིད་ཀྱིས་དེ་སྐད་ཅེས་གསུངས་སོ། །དེ་ནས་ཐུབ་པ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །བདག་གིས་སྨྲས་པའི་གླུ་ཚིག་འདི། །སྟོན་པ་ཉིད་ལ་མཆོད་ཕྱིར་བརྗོད། །གཞན་དུ་མ་ཡིན། དེ་ལ་ཡོན་ཏན་དེ་ཙམ་ན། །གླུ་ལ་དགོས་པ་ཅི་ཞིག་མཆིས། །ཡོན་ཏན་གང་ཙམ་ཡོད་པ་ལགས། །བདག་གིས་འདི་དག་མ་འཚལ་ན། །བཅོམ་ལྡན་ཉིད་ཀྱིས་བདག་ལ་གསུངས། །དེ་ནས་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཐུབ་པ་རྟོག་པ་མེད། །རྡོ་རྗེ་གསང་བའི་གླུ་འདི་ཡི། །དགོས་པ་ངན་སོང་སྒོ་དགག་ཕྱིར། །སྔོན་བྱུང་སངས་རྒྱས་ཉིད་ཀྱི་མཛད་སྤྱོད་ཡིན། །རྣལ་འབྱོར་གང་ཞིག་སྐལ་ལྡན་པ། །དུར་ཁྲོད་གནས་སུ་རྒྱུ་བའི་སྤྱོད་པ་བྱེད་པའི་ཚེ་ཚེ། །རྡོ་རྗེའི་གླུ་ནི་སྐབས་སུ་རང་གིས་ཡང་ཡང་བླངས། །མི་རྟོག་བསམ་གཏན་གནས་པའི་གྲོགས། །སྤྱོད་པ་ཀུན་གྱི་སྔོན་དུ་འགྲོ། །དེ་ཕྱིར་རྡོ་རྗེའི་གླུ་ཉིད་རང་གིས་བླངས། །ཚོགས་དང་དབང་བསྐུར་གྱི་དུས་སུ་དཀྱིལ་འཁོར་འཇུག །དེ་དུས་གླུ་ལ་བརྩོན་པར་བྱ། །མི་རྟོག་རྒྱུད་ལ་བརྟེན་བསྒོམ་པའི་དུས་སུ། །འདི་ཉིད་སྐབས་སུ་བླང་བར་བྱ། །གླུ་ཡི་དོན་ནི་འདི་དག་གོ། །མི་རྟོག་ཡེ་ཤེས་བདེ་བ་ལ་སྣ་འདྲེན་པས། །རྡོ་རྗེ་ཉིད་ཀྱི་གླུས་འདིས་ཀྱང་བསྐུལ། །གང་ཞིག་རྒོད་པས་བསམ་གཏན་མ་ཕེབས་པ། །གླུ་འདིས་ནི་རྣལ་དུ་འབེབས་པ་ཡིན། །གལ་ཏེ་རྣལ་འབྱོར་སེམས་བྱིང་བའི་དུས། །འདིས་ནི་གསེང་ན་རང་མལ་དུ་ཏིང་འཛིན་བཟང་། །རང་རིག་བདེ་བའི་རྒྱ་ཡིས་འདེབས། །རང་ལུས་ཕྱག་རྒྱ་ཆེན་པོ་ཉིད་དང་སྦྱོར། །བླ་མའི་མན་ངག་ལུང་ཀུན་འདིས་འཇུག །སྟོང་པ་ཉིད་ཀྱང་རྒྱུད་ལ་རང་བབས་སུ་བརྟེན། །དམིགས་

པ་རྣམས་ནི་རང་སར་རང་དག་ཏུ་གྲོལ། །སེམས་ཀྱི་དངོས་པོ་སྦྱོང་རིག་པ་ཉིད་བའོ། །དེ་ཕྱིར་རྡོ་རྗེའི་གླུ་ལེན་ཅིང་། །རྟག་ཏུ་རྡོ་རྗེའི་གར་ཡང་བྱ། །གླུ་གར་རྒྱུན་དུ་རྣལ་འབྱོར་པ་སུས་བརྟེན་པ། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །ཞེས་བཅོམ་ལྡན་འདས་ཉིད་ཀྱིས་གསུངས་སོ། །དེ་ནས་མི་རྟོག་པའི་ཐུབ་པ་ཆེན་པོས། སྟོན་པ་རྡོ་རྗེ་འཆང་ཆེན་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཐུགས་རྗེ་ཅན། །གསང་བའི་རྒྱུད་ནི་རྣམ་ཕྱེ་བ། །སྔོན་བྱུང་སྟོན་པ་བྱོན་དུས་སུ། །རྒྱུད་འདི་ཉིད་ཅི་ལྟར་བཤད་པ་ལགས། །ད་ནི་མ་ཕྱིས་འོངས་སེམས་ཅན་ལ། །ཅི་ལྟར་རྒྱུད་ཉིད་བཤད་པར་བགྱི། །འདི་དག་བདག་གིས་མ་འཚལ་ན། །ཐུབ་པ་ཐུགས་རྗེ་ཆེན་པོས་བདག་ལ་གསུངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བ་ཆེན་པོའི་རྒྱུད་རྣམས་ནི། །ཕུན་སུམ་ཚོགས་པ་ཆོས་སྟོན་པ་གནས་དུས་འཁོར་ལྔར་ལྡན་པས། །ཐུན་མོང་གི་གླེང་གཞི་ཉིད་དང་ཐུན་མོང་མིན་པའི། །གླེང་གཞི་རྣམས་ཀྱི་ས་བོན་ནོ། །ཨེ་ཝཾ་མཱ་ཡཱ། རང་རིག་སྒྲིབ་པ་ཀུན་འདས་པ། །ངོ་བོ། གནས་ཀྱི་ཁྱད་པར་ཉིད་ཐུན་མོང་མ་ཡིན་པའི་གནས་དང་སྟོན་པ་དང་འཁོར་དང་དུས་དང་ཆོས་སོ། །དུའོ། །དེ་ཉིད་ཕྱི་དང་ནང་ཁྱད་ལས། །ཙིཏྟ་རིན་ཆེན་གཞལ་ཡས་གནས་ཕུན་སུམ་ཚོགས་པ་ཁང་། །རང་རིག་ཡེ་ཤེས་སྔོན་བྱུང་བས། །ཤེས་རབ་རང་བྱུང་སྟོན་པ་ཆེ། །ཐུན་མོང་མ་ཡིན་པའི་སྟོན་པ། ཐུན་མོང་མ་ཡིན་པའི་འཁོར་སྐུ་དང་ཡེ་ཤེས་ཐིག་ལེ་རྣམས། །མི་རྟོག་རྣམ་གྲངས་འཁོར་ཕུན་སུམ་ཚོགས་པ་འཁོར་དུ་བྱུང་། །ཐུན་མོང་མ་ཡིན་པའི་བསྟན་པ་གདམས་པ་ཉམས་ལེན་བསྟན་པའི་ཚུལ། །དེ་ཉིད་གོམ་པ་དུས་ཀྱང་ཡིན། །དེ་ལྟར་གནས་པའི་རྒྱུད་དེ་ལ། །ཕྱི་ལྟར་ནང་ལྟར་གསང་བ་ལྟར་གསང་བ་བླ་ན་མེད་པ་ཡོངས་སུ་རྫོགས་པ་དང་བཤད་པའི་ཡན་ལག་བཞི་དག་ལས། །ཁྱད་པར་དུ་ནི་འདི་ནང་ལྟར་བཤད། །རྩ་བའི་དོན་གྱིས་མཚན་ངོས་བཟུང་། །དང་སྦྱར་བ། ཡོ་གའི་དོན་ཐུན་མོང་མ་ཡིན་པའི་དུས་ཕུན་སུམ་ཚོགས་པ་གྱིས་འཇུག་སྒོ་ཕྱོགས་དང་སྦྱར་བསྟན། །དགོས་ཆེད་དོན་གྱིས་རང་སར་བཞག། འབད་རྩོལ་མེད་པའོ། །ཚིག་གི་དོན་གྱིས་དཀྱུས་གཞུང་ཉིད་སྤྲད། །

སངས་རྒྱས་དང་སེམས་ཅན་གྱི་ལོ་རྒྱུས་དོན་གྱིས་ཡིད་རྣམས་ཚིམ། །མི་རྟོག་ཐུབ་པས་ཡང་གསོལ་པ། །དེ་ལྟར་སྔར་ནས་མ་བཤད་སྐྱོན་ནི་ཅི་ལྟ་བུ། །གཙོ་བོ་ཉིད་སྟོན་པས་ཀྱིས་བདག་ལ་གསུངས། །ཐུབ་པ་ཉིད་ནི་ཡང་ཉོན་ཅིག །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་རྒྱུད་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །རྩ་བའི་དོན་གྱིས་མ་བཤད་ན། །ཆོས་རྣམས་རིག་ངོ་བོ་གཅིག་ཏུ་པར་མ་འདུས་པས། །མཐའ་ཡས་པ་ཡི་སྐྱོན་དུ་འགྱུར། །ཡོ་ག་དོན་གྱིས་མ་བཤད་ན། །ཐེག་པ་ཆེ་ཆུང་ལ་སོགས་པའི་རུ་ཤན་མི་འབྱེད་པས། །ཆེ་ཆུང་རིམ་པར་དོན་མེད་འགྱུར། །དགོས་ཆེད་དོན་གྱིས་མ་བཤད་ན། །རྫོགས་ཆེན་འབད་རྩོལ་མེད་པ་ལ། །དོན་མེད་པ་ཡི་སྐྱོན་དུ་འགྱུར། །ཚིག་གི་དོན་ཉིད་མ་བཤད་ན། །རྒྱུད་རྣམས་རིམ་པར་གསལ་བའི་ཚིག། ཐད་ཀའི་འབྲུ་མི་ཆོམས་པའི་སྐྱོན་དུ་འགྱུར། །དེ་ལྟར་སྔར་གསུངས་པའི་སྐྱོན་རྣམས་སྤངས་པས་ནི། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཡོན་ཏན་རྫོགས་པའི་རྒྱུད་ཆེན་འདི། །སངས་རྒྱས་ཀུན་གྱིས་གསང་ཆེན་པས། །བཤད་ལུགས་འདི་ལ་སུས་གོམས་མཁས་པ་ཡིན། །ཅི་ལྟར་རང་གི་ཉམས་མྱོང་རིག་པའི་རྣལ་འབྱོར་པས། །རྒྱུད་ཀྱི་དོན་རེ་རེའི་ནང་ནས་མན་ངག་རྣམས་ཁོང་དུ་ཆུད། །གདམས་ཡུལ་ཕྱིས་འབྱུང་བའི་གང་ཟག་རྣམས་ལ་བསྟན། །དབང་པོ་ཡིས་ནི་བློ་ལ་ངེས་ཕྱེ་ནས། །དམིགས་པའི་དོན་དུ་སུས་འདྲིས་ཤིང་གོམས་པ། །འདིས་ཚིག་དོན་རྣམས་ནི་རྒྱུད་རྣམས་དུམ་བུར་འགྱུར། །འདི་ལྟར་བཤད་ན་དོན་རྣམས་འབྱུང་། །གསང་བ་བླ་ན་མེད་པ་འདི་ཀུན་སྙིང་པོ་ཡང་ནས་ཡང་བསྡུས་པ། །འབྲས་བུ་ངེས་ཁྱད་པར་དུ་པའི་རྒྱུད་དུའོ། །ཐུབ་པ་ཡིས་ནི་ཡང་གསོལ་པ། །ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས། །རྒྱུད་ཀྱི་རྒྱལ་པོ་འདི་དག་ནི། །བཤད་པའི་རིམ་པ་དེ་ལྟར་ན། །གང་ཟག་གིས་བསྒོམས་ན་ཅི་ལྟར་བསྒོམ་པ་ལགས། །འོན་ཏེ་མ་བསྒོམས་གྲོལ་བ་ལགས། །བཟུང་བའི་ཡོན་ཏན་ཅི་ལྟ་བུ། །འདི་དག་བདག་གིས་མ་

འཚལ་ཏོ། །ཡང་དག་རྫོགས་པས་ཡང་གསུངས་པ། །མི་རྟོག་ཐུབ་པ་ཆེན་པོ་ཉོན། །གསང་བ་བླ་ན་མེད་པའི་རྒྱུད་ཀྱི་ཡན་ལག་ཡང་ནས་ཡང་བསྡུས་པའི། །རྒྱུད་ཀུན་གྱི་ནི་རིམ་པ་ལ། །བློ་རིམ་གྱིས་ལ་ལར་བསྒོམ་པ་ཉིད་དུ་སྟེ། །རྒྱུད་འདིར་ནི་བསྒོམ་པ་མ་ཡིན་ནོ། །གོང་དུ་གོམས་པའི་ཤུགས་ཀྱིས་ནི། །སྐྱེ་གཉིས་མཚམས་སུ་བར་དོར་བདེ་བ་རྙེད། །ཡང་ན་དབང་པོའི་བྱེ་བྲག་གིས། །རབ་ནི་བར་དོ་མེད་སྐྱེ་གཉིས་མི་དགོས་ཏེ། །འབྲིང་ལ་ཆོས་ཉིད་བར་དོ་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །སྤྲུལ་པ་པོས་ནི་རང་རྒྱུད་གྲོལ། །དེས་ན་སྐྱེ་གཉིས་བར་དོ་མེད་པར་ཡང་། །ཐོག་མའི་གྲོལ་ས་གང་ཡིན་པར། །ཀ་དག་ལས། རྣལ་འབྱོར་ལྡན་པ་དེ་ཉིད་དོ། །ང་ཡི་རྒྱུད་འདི་སུས་བཟུང་བ། །འདི་ཡོན་ཏན། འཇིག་རྟེན་ཕན་པའི་འདིར་འབྲས་བུ་དང་། །ངེས་པར་བར་དོར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་འབྲས་བུ་ཀ་དག་ལ་ཡང་ལོངས་སྤྱོད་དོ། །རྒྱུད་འདི་ཉིད་བཅངས་པ་ཙམ་གྱིས་ནི། །མ་བསྒོམས་འབད་རྩོལ་མེད་པར་བསམ་གཏན་འབབ་པ་དང་། །མ་བསླབས་ཆོས་རྣམས་རང་བཞིན་གྱིས་ཤེས་པ་དང་། །མ་བསྟན་མན་ངག་ཉིད་སྐད་ཅིག་ལ་གོམས་དང་། །བླ་མས་མ་བཤད་རྒྱུད་རྣམས་རང་ཤེས་དང་། །མ་བསྐྱེད་ཡི་དམ་མཐོང་བས་ལྷ་ཡང་མངོན་དུ་སྣང་། །དེ་ཡི་ཕྱིར་ན་རྒྱུད་འདི་བརྟེན། །རྣལ་འབྱོར་གང་ཞིག་སྐལ་ཆེ་བས། །བ་དང་ལྡན་པ། འདི་ཉིད་བཅངས་པས་དངོས་གྲུབ་ཐོབ། །སངས་རྒྱས་དང་མཉམ་མཛད་སྤྱོད་དང་དུ་ལོངས། །ངན་སོང་གནས་རྣམས་དོང་སྤྲུགས་ཏེ། །བདེ་བ་ཆེན་པོའི་མི་གཡོ་བའི་ལམ་དུ་འཛུད། །རང་སྣང་རང་གིས་གོམས་པའི་གདེང་ཐོབ་ནས། །དབྱིངས་སུ་འཕྱོ་བའི་རིག་དང་འདུ་འབྲལ་མེད་པ་འཇིགས་མེད་རྙེད། །གསང་བ་གསང་མཆོག་བླ་ན་མེད། །ཆོས་འདི་རྣམས། ངེས་པའི་སྙིང་པོ་ཡང་གསང་འདི། །སུ་ལ་སྣང་བར་གྱུར་པ་དེ། །དུས་གསུམ་བཞུགས་པའི་སངས་རྒྱས་ཀྱི་དབང་ཡང་ཐོབ། །རང་རྒྱུད་ལ་མི་བརྗེད་འབྲལ་མེད་གཟུངས་འཐོབ་བོ། །

ཞེས་ཉི་ཟླ་ཁ་སྦྱོར་གསང་བའི་རྒྱུད་ཆེན་པོ་ལས། རྒྱུད་འབྱུང་བར་བྱེད་པའི་གླེང་གཞི་བཤད་ཐབས་དང་བཅས་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུའི་དོན་ཅི་ལྟར་གནས་པ་རང་བཞིན་གནས་པའི་བར་དོ་བསྟན་བརྡས་བསྐུལ་ཏེ། སྣང་བ་ཐམས་ཅད་གཏན་ལ་དབབ་པ་འདི་དག་བཀའ་སྩལ་པ། ཁམས་རྣམས་དང་ནི་ཕུང་པོ་དང་། །སྐྱེ་མཆེད་རྣམས་དང་དབང་པོ་དང་། །ཡུལ་དང་ཡུལ་ཅན་ཤེས་པ་རྣམས། །ཅི་ལྟར་གནས་པ་གཏན་ལ་དབབ། །འདི་དག་ཤེས་པའི་རྣལ་འབྱོར་པས། །སྣང་བ་ཐམས་ཅད་དབང་བསྒྱུར་ཐོབ། །དེ་རྣམས་ཡུལ་རྣམས་སུས་འཛིན་པ། །རྣལ་འབྱོར་ལྡན་པ་ཉིད་ཀྱིས་ནི། །ཅི་ལྟར་ཁམས་ལ་སོགས་པ་འདི་དག་ཤེས་པར་བྱ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས་ཀྱིས་སྔར་གསུངས་པའི།ཁམས་ལྔ་རྣམས་ནི་གང་ལགས། ཕུང་པོ་ཞེས་ནི་ཅི་ལ་བགྱི། དབང་པོ་རྣམས་ནི་གང་ལགས། སྐྱེ་མཆེད་ཞེས་པ་ནི་ཅི། ཡུལ་རྣམས་ནི་གང་ལགས། ཡུལ་ཅན་ཞེས་བགྱི་བ་ནི་ཅི་ལགས། འདི་དག་རྣམས་ལ་བདག་ནི་ཐེ་ཚོམ་གྱུར།ཡིད་གཉིས་སུ་གྱུར་ལགས་པས། འདི་དག་གི་དོན་བདག་གིས་མ་འཚལ་ལགས་ན། བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །དེ་དག་གི་དོན་ངས་བསྟན་གྱིས། ཁམས་ནི་གཉིས་ཏེ་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་དང་། ནང་སེམས་ཀྱིས་བསྡུས་པའི་ཁམས་གཉིས་ཡིན་ནོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་ཕྱི་ཡུལ་གྱིས་བསྡུས་པའི་ཁམས་གང་ལགས། ནང་སེམས་ཀྱི་བསྡུས་པའི་ཁམས་སུ་གང་རྣམས་འགྲོ་བ་གང་ལགས། བདག་ལ་དེ་རྣམས་ཀྱི་དོན་གསུངས་ཤིག །ཡང་བཀའ་སྩལ་པ། ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །ཕྱི་ཡུལ་གྱི་བསྡུས་པའི་ཁམས་ནི། སའི་ཁམས་ཀྱིས་ལུས་ཀྱི་གཞི་སྐྱེད་པར་བྱེད་པས་ན་ཁམས་སོ། །ཆུའི་ཁམས་

ཀྱིས་མིང་དུ་འཛིན་པ་ཐམས་ཅད་སྡུད་པས་ན་ཁམས་སོ། །མེ་ཡི་ཁམས་ཀྱིས་ཡུལ་རྣམས་སྨིན་པར་བྱེད་པས་ན་ཁམས་སོ། །རླུང་གི་ཁམས་ཀྱིས་གཡོ་བའི་འཇིག་རྟེན་ཐམས་ཅད་བརྟེན་པས་ན་ཁམས་སོ། །ནམ་མཁའི་ཁམས་ཀྱིས་དབང་པོ་རྣམས་འཛིན་པར་བྱེད་པས་ན་ཁམས་སོ། །ནང་སེམས་ཀྱིས་བསྡུས་པའི་ཁམས་ལ་གཉིས་ཏེ། སེམས་སྡུད་པར་བྱེད་པའི་སྣོད་ཀྱི་ཁམས་དང་།སེམས་ཉིད་ལས་བྱུང་བའི་ཁམས་ཉིད་དོ། །སྣོད་ཀྱི་ཁམས་ནི་སེམས་དྲན་པ་གཞི་ཆེ་བ་ལས་བྱུང་བའི་གཟུགས་ཀྱི་ཁམས་དང་། དྲན་པ་ལས་བྱུང་བའི་གཟུགས་མེད་པའི་ཁམས་དང་། དྲན་པ་གུད་དུ་འཛིན་པ་ལས་བྱུང་བའི་འདོད་པའི་ཁམས་སོ། །སེམས་ཉིད་ལས་བྱུང་བའི་ཁམས་ནི། ཤེས་པ་རང་གསལ་གྱི་ཆ་ལས་བྱུང་བའི་མིག་གི་ཁམས་དང་། ཤེས་པ་རྩེ་གཅིག་པ་ལས་བྱུང་བའི་རྣ་བའི་ཁམས་དང་། ཤེས་པ་མཐའ་ཡས་པ་ལས་བྱུང་བའི་སྣའི་ཁམས་དང་། ཤེས་པ་རྣམས་གཅིག་ཏུ་འདུས་པ་ལས་བྱུང་བའི་ལྕེའི་ཁམས་དང་། ཤེས་པ་ཀུན་ཏུ་འཇུག་པ་ལས་བྱུང་བའི་ཡིད་ཀྱི་ཁམས་དང་། ཤེས་པ་རྣམས་ཀྱི་རྟེན་བྱེད་པ་ལས་བྱུང་བའི་ལུས་ཀྱི་ཁམས་དང་། མིང་དང་ཁ་དོག་འཛིན་པས་ན་མིག་གི་རྣམ་པར་ཤེས་པའི་ཁམས་དང་། གྲུབ་པའི་ལས་འཛིན་པར་བྱེད་པའི་རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། གཞན་རྗེས་སུ་འཛིན་པར་བྱེད་པའི་སྣའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་ཉམས་སུ་མྱོང་བར་བྱེད་པ་ལྕེའི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་དང་དངོས་པོ་མེད་པ་ཐམས་ཅད་ལ་ཁྱབ་པར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཐམས་ཅད་ཀྱི་དོན་སྡུད་པར་བྱེད་པས་ན་ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། དངོས་པོ་རྣམས་ལ་ལོག་པར་རྟོག་པ་འཛིན་ཅིང་ཡུལ་བསྒྲུབ་པས་ན་མིག་གི་འདུས་ཏེ་རེག་པའི་ཁམས་དང་། སྣང་བའི་ཡིད་འཛིན་ཅིང་འཕྲོ་བ་སྒྲུབ་པར་བྱེད་པས་ན་རྣ་བའི་འདུས་ཏེ་རེག་པའི་ཁམས་དང་། ཡས་པའི་ཡང་བྱུང་ཐོབ་པའི་ཤེས་པ་རྣམས་དུས་གཅིག་ཏུ་སྡུད་ཅིང་གཞན་གྱི་ཡིད་འཕྲོག་པར་བྱེད་

པས་ན། སྣ་ཡི་འདུས་ཏེ་རེག་པའི་ཁམས་དང་།གང་གི་དངོས་པོ་རྣམས་རྗེས་སུ་འཛིན་ཅིང་ཉེ་བར་ལེན་པས་ན། ལྕེའི་འདུས་ཏེ་རེག་པའི་ཁམས་དང་། དྲན་པ་ཐམས་ཅད་གཅིག་ཏུ་སྡུད་ཅིང་ཡུལ་ཀུན་ལ་འཇུག་པས་ན། ཡིད་ཀྱི་འདུས་ཏེ་རེག་པའི་ཁམས་དང་། རགས་པ་དུ་མ་རྣམས་འཛིན་ཅིང་འབྱུང་བ་རྣམས་འདུས་པས་ན། ལུས་ཀྱི་འདུས་ཏེ་རེག་པའི་ཁམས་སོ། །དེའི་ཕྱིར་ན་ཁམས་དེ་དག་རྣམས་ཀྱང་ཡུལ་འཛིན་པར་བྱེད་པ་ཡིན་ནོ། །དེ་ཡང་འཁྲུལ་པ་ཉིད་ནང་དུ་འཛིན་པར་བྱེད་པའི་ཆ་ལས་བྱུང་བའོ། །ཕུང་པོ་རྣམས་ནི་འདི་ལྟ་སྟེ། རྟོག་པས་སྦག་པའི་ཕུང་པོ་དང་། རྟོག་པ་རྣམས་རང་བཞིན་གྱིས་མེད་པའི་ཕུང་པོའོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས། རྟོག་པས་སྦག་པ་ཞེས་བྱ་བའི་ཕུང་པོ་ནི་གང་ལགས། རྟོག་པ་མེད་པའི་ཕུང་པོ་ནི་གང་ལགས། སྟོན་པ་ཉིད་ཀྱིས་བདག་ལ་གསུངས་ཤིག །དེ་ནས་ཉིད་ཀྱིས་ཡང་བཀའ་སྩལ་པ། ཀྱེ་ཐུབ་པ་ཆེན་པོ་རྟོག་པ་སྦག་པའི་ཕུང་པོ་ནི་འདི་ལྟ་སྟེ། དངོས་པོ་ཐམས་ཅད་གཅིག་ཏུ་འདུས་ཏེ་རྒྱུ་འབྲས་ལས་གྲུབ་པས་ན་གཟུགས་ཀྱི་ཕུང་པོ་དང་། ཤེས་པ་ཐམས་ཅད་བདག་ཏུ་འདུས་པས་ནི་རྣམ་པར་ཤེས་པའི་ཕུང་པོ་དང་། ཉམས་སུ་དྲན་པ་ཉིད་མྱོང་བ་ཐམས་ཅད་གཅིག་ཏུ་འདུག་པས་ན་ཚོར་བའི་ཕུང་པོ་དང་། མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་འཛིན་པ་གཅིག་ཏུ་འདུས་པས་ན་འདུ་ཤེས་ཀྱི་ཕུང་པོ་དང་། ཕྲ་བའི་ཉོན་མོངས་པ་རྣམས་འདུས་པས་ན་འགྲོ་བ་དང་འཆག་པ་ལ་སོགས་པ་འདུ་བྱེད་ཀྱི་ཕུང་པོའོ། །མི་རྟོག་པའི་ཕུང་པོ་འདི་དག་ནི་རིག་པའི་རྩལ་འབྱུང་བའོ། །ནི་འདི་ལྟ་སྟེ། བསམ་གཏན་ཐམས་ཅད་འདུས་པས་ཏིང་ངེ་འཛིན་གྱི་ཕུང་པོ་དང་། རིག་པ་ཉིད་ཟག་པ་ཟད་པའི་ཕྱིར་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་དང་། དེ་ཉིད་ཀྱི་དོན་སྐྱེ་མེད་དུ་སྣང་བས་ཤེས་རབ་ཀྱི་ཕུང་པོ་དང་། དྲི་མ་རྣམས་མངོན་དུ་དག་པའི་ཕྱིར་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའི་ཕྱིར་

རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དབང་པོ་ལ་གཉིས་ཏེ། གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་དང་། ཤེས་རབ་ཀྱི་ཆ་ལས་བྱུང་བའི་དབང་པོའོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་གཟུགས་ཀྱི་ཆ་ལས་བྱུང་བའི་དབང་པོ་རྣམས་གང་ལགས། ཤེས་རབ་ཀྱི་ཆ་ལས་ནང་གི་བྱུང་བའི་དབང་པོའི་ཆ་ནི་གང་ལགས།བཅོམ་ལྡན་འདས་ཀྱིས་བདག་ལ་གསུང་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མི་རྟོག་པའི་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །གཟུགས་ཀྱི་ཆ་ལས་བྱུང་བའི་འདི་དག་ནི་དབང་པོའི་ཆ་ལས་བྱུང་བ་དབང་པོ་ནི་དྲུག་སྟེ། རགས་པ་རྩ་བའི་ཆ་འཛིན་པ་མིག་གི་དབང་པོ་དང་། བསྐྱོད་པ་རླུང་གི་ཆ་འཛིན་པ་རྣ་བའི་དབང་པོ་དང་། སྡུད་པ་ཆུའི་ཆ་འཛིན་པ་སྣའི་དབང་པོ་དང་། སྨིན་པ་མེའི་ཆ་འཛིན་པ་ལྕེའི་དབང་པོ་དང་། ཁྱབ་པ་ནམ་མཁའི་ཆ་འཛིན་པ་ཡིད་ཀྱི་དབང་པོ་དང་། འདུས་པ་སྣ་ཚོགས་པའི་ཆ་འཛིན་པ་ལུས་ཀྱི་དབང་པོའོ། །ཤེས་རབ་ཀྱི་ཆ་ལས་བྱུང་བའི་ནང་རིག་པའི་ཆ་ལས་བྱུང་བའི་དབང་པོ་ནི་དྲུག་སྟེ། སེམས་རྣམ་པར་གདུང་བ་དད་པའི་དབང་པོ་དང་། སེམས་རྣམ་པར་རྣོ་བའི་ཆ་ལས་བྱུང་བའི་ཤེས་རབ་ཀྱི་རྩལ་བ་བརྩོན་འགྲུས་ཀྱི་དབང་པོ་དང་། བར་མ་ཆོད་པར་ཚིག་དོན་འཛིན་བསམ་གཏན་གྱི་ཏིང་ངེ་འཛིན་པ་དྲན་པའི་དབང་པོ་དང་། ཆོས་ཉིད་སྟོང་པ་ཉིད་མངོན་སོང་བ་ཉེ་བར་རིག་པ་དང་ལེན་པའི་དབང་པོ་དང་། ལྟ་བའི་དོན་ཉེ་བར་དོན་ཤེས་པ་ལེན་པ་ཤེས་རབ་ཀྱི་དབང་པོ་དང་། མི་རྟོག་པའི་དོན་སྐྱེ་བར་བྱེད་པའི་སེམས་རྣམ་པར་ཞི་བའི་དབང་རང་དག་སུ་པོའོ། །སྐྱེ་མཆེད་ལ་གཉིས་ཏེ། གཟུང་བའི་སྐྱེ་མཆེད་ནང་གིས་དང་། འཛིན་པའི་ཕྱིའི་སྐྱེ་མཆེད་དོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། བཟུང་བའི་སྐྱེ་མཆེད་ནི་གང་ལགས། འཛིན་པའི་སྐྱེ་མཆེད་ནི་གང་ལགས། འདི་དག་རྣམས་བདག་གིས་མ་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གསུང་དུ་གསོལ། དེ་ནས་སྟོན་པས་བཀའ་སྩལ་པ། ཐུབ་པ་ཆེན་པོ་ལེགས་པར་ཉོན། གཟུགས་ལ་འདུ་ཤེས་སུ་

སེམས་པ་དང་། སྒྲ་ལ་འདུ་ཤེས་སུ་སེམས་པ་དང་། དྲི་ལ་འདུ་ཤེས་སུ་སེམས་པ་དང་། རོ་ལ་འདུ་ཤེས་སུ་སེམས་པ་དང་། ཆོས་ལ་འདུ་ཤེས་སུ་སེམས་པ་དང་། རེག་ལ་འདུ་ཤེས་སུ་སེམས་པ་དང་། མིག་གིས་གཟུང་བའི་ཆ་དང་། རྣ་བས་གཟུང་བའི་ཆ་དང་། སྣས་གཟུང་བའི་ཆ་དང་། ལྕེས་གཟུང་བའི་ཆ་དང་། ཡིད་ཀྱིས་གཟུང་བའི་ཆ་དང་། ལུས་ཀྱིས་གཟུང་བའི་ཆ་སྟེ་བཅུ་གཉིས་སོ། །འཛིན་པའི་སྐྱེ་མཆེད་བཅུ་གཉིས་ཏེ། གྲངས་མིང་རྣམས་དང་། ཕུང་པོ་གཟུགས་དང་། དཀར་དམར་ལ་སོགས་པ་ཁ་དོག་རྣམས་དང་། དབྱིབས་རྣམས་དང་། ཚིག་གི་ཚོགས་འཛིན་པ་རྣམས་དང་། ཐ་སྙད་ཀྱི་ཚོགས་དུ་མ་རྣམས་དང་། བརྡའི་ཚོགས་སྣང་དང་མི་སྣང་བ་རྣམས་དང་།རྟེན་ཅིང་འདྲེལ་པར་འབྱུང་བ་རྣམས་དང་། བདག་དང་རྟག་པ་དང་ཆད་པའི་བདག་མ་ཡིན་ཉན་ཐོས་པ་རྣམས་དང་། ཐམས་ཅད་ལ་འདུ་ཤེས་སུ་རང་སངས་རྒྱས་སེམས་པ་དང་། ཉེ་བར་ལེན་ཕུང་པོ་དང་མཚུངས་པའི་རྒྱུ་དང་། རྐྱེན་རྣམས་དང་། འབྱུང་བ་རྣམས་སུ་འདུ་ཤེས་པའོ། །ཡུལ་ནི་གཉིས་ཏེ། དངོས་པོའི་ཡུལ་དང་། སྟོང་ཉིད་ཀྱི་ཡུལ་ལོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། དངོས་པོའི་ཡུལ་གང་ལགས། སྟོང་པའི་ཡུལ་རྣམས་གང་ལགས། བདག་ལ་གསུང་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། ཀྱེ་མི་རྟོག་ཐུབ་པ་ཡང་ཉོན་ཅིག །དངོས་པོའི་ཡུལ་ནི་འདི་དག་གོ། །གཟུགས་ཡུལ་དྲུག་ཏུ་དང་སྒྲ་དང་དྲི་དང་རོ་དང་ཆོས་དང་རེག་ཏུ་སྣང་བ་དང་། འབྱུང་བ་ཆེན་པོ་ཐམས་ཅད་གཅིག་ཏུ་བཞིར་སྣང་བ་དང་། འཇུག་པའི་རྐྱེན་ཐ་དེ་དག་ལ་དད་དུ་སྣང་བ་རྣམས་སོ། །སྟོང་པའི་ཡུལ་ནི་སྟོང་པ་ཉིད་ཐམས་ཅད་དང་། མཐར་ཡོད་མེད་རྟག་ཆད་འཛིན་པའི་ཤེས་པ་ཐམས་ཅད་དང་བྲལ་བའོ། །ཡུལ་མ་ཡིན་པ་ནི་གཉིས་ཏེ། མཐའ་ལས་འདས་པ་རྣམས་དང་། ལྟ་བ་ལས་ཡོད་མེད་འདས་པའོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་མཐའ་ལས་འདས་པ་

ཞེས་བགྱི་བ་ནི་གང་ལགས། བལྟ་བ་ལས་འདས་པའི་ཡུལ་མ་ཡིན་པ་ཞེས་བྱ་བ་ནི་གང་ལགས།བདག་ལ་གསུང་དུ་གསོལ། དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་མི་རྟོག་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །མཐའ་ལས་འདས་པ་ཞེས་བྱ་བ་ནི།དངོས་པོ་ལ་བདག་ཏུ་མི་འཛིན་པའོ། །ཡང་གསོལ་པ། དངོས་པོ་བདག་ཏུ་མི་འཛིན་པ་དེ་གང་ལགས། བཀའ་སྩལ་པ། ཆོས་ཐམས་ཅད་འདུས་མ་བྱས་པའོ། །ཡང་གསོལ་པ། ཆོས་ཐམས་ཅད་འདུས་མ་བྱས་པ་ཞེས་བགྱི་བ་དེ་རང་གང་ལགས། བཀའ་སྩལ་པ། དེ་ནི་ཆོས་ཐམས་ཅད་ཉག་གཅིག་ཏུ་འདུ་ཤེས་པར་ཞེས་བྱའོ། །ཡང་གསོལ་པ། གཅིག་ཏུ་འདུ་ཤེས་པ་དེ་གང་ལགས། བཀའ་སྩལ་པ། དེ་ནི་བྱུང་ཚོར་རྣམས་ཀྱི་སྒོ་འགག་པའོ། །ཡང་གསོལ་པ། བྱུང་ཚོར་གྱི་སྒོ་འགག་པ་དེ་གང་ལགས། དེ་ནི་རང་བཞིན་གྱིས་འོད་གསལ་བའོ། །ཡང་གསོལ་པ། རང་བཞིན་གྱིས་འོད་གསལ་བ་དེ་གང་ལགས། བཀའ་སྩལ་པ།དེ་ནི་ཡུལ་ཐམས་ཅད་རྣམ་པར་དག་པའོ། །ཡང་གསོལ་པ། ཡུལ་ཐམས་ཅད་རྣམ་པར་དག་པ་ཞེས་བགྱི་བ་དེ་གང་ལགས། བཀའ་སྩལ་པ། དེ་ནི་ཆོས་ཐམས་ཅད་ཀྱི་ཟད་པའི་མཚན་ཉིད་ཤེས་པའོ། །ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་དེ་ལྟ་བས་ན། ལྟ་བ་ལས་འདས་པ་དེ་གང་ལགས། བཀའ་སྩལ་པ། ལྟ་བ་ལས་འདས་པ་ནི་བརྗོད་དུ་མེད་པ་ཞེས་བྱའོ། །ཡང་གསོལ་པ། དེ་ཉིད་གང་ལགས། བཀའ་སྩལ་པ། དེ་ནི་རྐྱེན་ཐམས་ཅད་ལས་འདས་པའོ། །ཡང་གསོལ་པ། རྐྱེན་ཐམས་ཅད་ལས་གྲོལ་བ་དེ་ཉིད་གང་ལགས། བཀའ་སྩལ་པ།དེ་ནི་མཐའ་གང་དུ་ཡང་མི་འབྱེད་པའོ། །ཡང་གསོལ་པ། མཐའ་གང་དུ་ཡང་མི་འབྱེད་པ་དེ་གང་ལགས། བཀའ་སྩལ་པ། དེ་ནི་རྩིས་གདབ་ཐམས་ཅད་ལས་འདས་པ་ཉིད་དོ། །བྱ་བྱེད་འབད་རྩོལ་ལས་འདས་པ་ཉིད་དོ། །ཕྱོགས་རིས་ཐམས་ཅད་ལས་འདས་ཏེ་ལྷུན་གྱིས་རྫོགས་པ་ཉིད་དོ། །དེ་ནས་ཡང་མི་རྟོག་ཐུབ་པས་འདི་སྐད་ཅེས་གསོལ་ཏོ། །

ཀྱེ་ཀྱེ་བཅོམ་ལྡན་འདས་དེ་ལྟ་བས་ན། ཉོན་མོངས་པ་ཞེས་བགྱི་བ་རྣམས་ནི་གང་ལགས། དེ་དག་རྣམས་ཀྱི་དོན་མ་རྟོགས་པ་ནི་གང་ལགས། ལོག་པར་རྟོགས་པ་རྣམས་ནི་ཅི་ལྟར་ལགས། ཕྱོགས་རྟོགས་པ་ནི་གང་ལགས། འདི་དག་རྣམས་ནི་བདག་གིས་མ་འཚལ་ན། བཅོམ་ལྡན་འདས་ཀྱིས་གསུང་དང་། སྟོན་པས་བཀའ་སྩལ་པ། ཨེ་མ་ཧོ། མི་རྟོག་པའི་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །ཉོན་མོངས་པ་ནི་དྲུག་སྟེ། མ་རིག་པ་ཞེས་བྱ་བ་ནི། གཞིའི་འཁྲུལ་རྟོག་གི་ཆ་འཛིན་པའོ། །གཏི་མུག་ནི་ཤེས་རབ་ཀྱི་ཆ་ལས་འཁྲུལ་པའོ། །ཞེ་སྡང་ནི་བསྐྱེད་པའི་རིམ་པའི་ཆ་ལས་འཁྲུལ་པའོ། །ང་རྒྱལ་ནི་ལྟ་བའི་ཆ་ལས་འཁྲུལ་པའོ། །འདོད་ཆགས་ནི་སྣང་བའི་ཆ་ལས་འཁྲུལ་པའོ། །ཕྲག་དོག་ནི་མི་རྟོག་པའི་ཆ་ལས་འཁྲུལ་པའོ། །དེ་དག་ལ་སོགས་ཏེ་ཉོན་མོངས་པ་ནི། བསམ་པ་འཛིན་པའི་སེམས་དང་། དྲན་པ་རྣམས་འཛིན་པའི་ཡིད་དང་།མཚམས་སྦྱོར་བའི་བག་ཆགས་དང་། ཐེ་ཚོམ་ཐམས་ཅད་ཀྱི་གཞིར་གྱུར་པའི་རྟོག་པ་དང་། ཡུལ་དང་དངོས་པོར་འཛིན་པའི་ཆ་ལ་སོགས་ཏེ་དཔག་ཏུ་མེད་དོ། །དེ་རྣམས་ཀྱི་དོན་མ་རྟོགས་པ་ནི། སོ་སོའི་སྐྱེ་བོ་ནས་ཨ་ནུ་མན་ཆད་དོ། །ལོག་པར་རྟོགས་པ་ནི་མུ་སྟེགས་ཅན་རྣམས་ཏེ། མཐར་འཛིན་པའི་ཡོད་མེད་རྟག་ཆད་ཀྱི་མཐར་འཛིན་པ་སྟེ་བདག་རྟོག་རྟག་པ་དང་ཆད་པ་བལྟ་བ་དང་། བདག་ཏུ་འཛིན་པའི་བལྟ་བ་ཐམས་ཅད་དང་། མདོར་ཉན་ཐོས་དང་ཨ་ཏི་ཁ་ཅིག་མན་ཆད་ན་ཡིད་དཔྱོད་དུ་འཛིན་པའི་ལྟ་བ་རྣམས་དང་། རྟག་ཆད་དུ་འཛིན་པའི་ལྟ་བ་རྣམས་དང་། འདུ་ཤེས་ཅན་དུ་འཛིན་པའི་ལྟ་བ་ལ་སོགས་པ་རྣམས་སོ། །ཕྱོགས་རྟོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ་ཐེག་པ་རིམ་པ་དགུའོ། །མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་རྡོ་རྗེ་འཆང་ཆེན་པོ། སྟོན་པ་ཉིད་ཀྱིས་གོང་དུ་བསྟན་པ་དེ་རྣམས་སྤང་ལགས་སམ། སྦྱང་ལགས་སམ། སྒྱུར་བ་ལགས་སམ། རང་ཞིར་བཏང་བ་ལགས་སམ། དེ་དག་རེ་རེ་ལ་ཡང་གཉེན་པོ་རེ་རེས་འདུལ་བ་ལགས་སམ། རང་ལུགས་སུ་

འཇོག་པ་ལགས་སམ། དེ་ཉིད་རང་ཆོས་ཉིད་ལགས་སམ། དེ་དག་རྣམས་རང་གིས་རང་གྲོལ་བ་ལགས་སམ། འདི་དག་རྣམས་ཀྱི་དོན་བདག་གིས་མ་འཚལ་ལགས་སོ། །སྟོན་པ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་གསུང་བར་ཞུ།དེ་ནས་རྡོ་རྗེ་འཆང་གིས་བཀའ་སྩལ་པ། ཀྱེ་མ་ཉོན་ཅིག་ཐུབ་པ་ཆེན་པོ་ཁྱོད། །ངས་བསྟན་པ་ཡི་ཚིག་རྣམས་ནི། །སེམས་ཅན་ཀུན་གྱི་རྒྱུད་ལ་གནས། །ཉོན་མོངས་པའི་ཚོགས་དེ་ཀུན་དེ་རྣམས་ཀྱིས་ནི་འཁོར་བར་བཅིངས། །བདེ་བ་ཆེན་པོ་ཉིད་བསྒྲིབས་པས། །འདི་དག་རྣམས་ནི་སྤང་བ་མིན། །དེ་བཞིན་ཉིད་དུ་མ་རྟོགས་ན། །རྣལ་འབྱོར་ལུས་དང་གྲིབ་མ་བཞིན། །ལྷན་ཅིག་སྐྱེས་པའི་མ་རིག་པ་དང་རིག་པ་གཉིས། དེ་ལས་དེ་ཉིད་རང་བྱུང་བས། །སྤངས་པས་སྤང་བ་མ་ཡིན་ནོ། །དེ་བཞིན་གཞི་དེ་སྦྱངས་པས་ཀྱང་ནི་མིན། །བསྒྱུར་བས་ཀྱང་ནི་མི་འགྱུར་རོ། །འགྱུར་མེད་སྙིང་པོ་རིག་པ་མ་རྟོགས་པས། །ཤེལ་སྦྱང་དུ་མི་བཏུབ་གྱི་བྲག་གམ་གཡུ་རྡོ་བཞིན། །སྦྱང་ཞིང་ཞི་བར་ནུས་པ་མིན། །རང་བཞིན་གྱིས་ནི་གནས་དག་ཏུ། །རྣལ་འབྱོར་ལྡན་པ་ཡིས་ནི་བརྟགས། །དེ་བཞིན་རང་བཞིན་གྱིས་མིན་ཏེ་ཞི་བ་ཉིད་ཀྱང་མིན། །མངོན་སུམ་ལྷག་རིག་པ་མཐོང་མ་ཤེས་པར། །རི་རབ་རི་ཡི་རྒྱལ་པོ་བསྒྱུར་ཞིང་ཞི་བར་མི་ནུས་བཞིན། །སུས་ཀྱང་གཞིག་པར་བྱས་ཤིང་རྩོལ་བས་ནུས་པ་མིན། །གཉེན་པོ་དེ་དག་རྐྱེན་ལས་འདས་པ་མ་ཤེས་ན་ཡིས་ནི་གྲོལ་བ་མིན། །མ་བཙལ་རང་དག་མ་ཤེས་པར། །རྙོག་མ་སངས་འདོད་ཆུ་རྙོག་སྣང་ཆེར་འགྲོ་བས་བཞིན། །ཕྱིར་ཕྱིར་སངས་པ་མ་ཡིན་ནོ། །དེ་ཉིད་རང་ཡང་ཉོན་མོངས་པ་ཆོས་ཉིད་མིན། །རང་སྣང་རིག་པ་རང་དྭངས་སུ་ལྷུག་པ་མ་ཤེས་པར། །ཐ་མལ་བླུན་པོའི་སྣང་བ་གྲུབ་མཐས་མ་བསྒྱུར་བ་བཞིན། །མངོན་ཞེན་སྣང་བའི་ཟློག་པ་མ་ཡིན་ནོ། །ཀྱེ་མ་ཐུབ་པ་ཡང་ཉོན་ཅིག །འདི་དག་བློ་རིམ་རྣམ་གཉིས་ཏེ། །འབད་བཅས་རྣམས་ཉོན་མོངས་པ་དེ་དང་འབད་མེད་དོ། །འབད་བཅས་རྣམས་ནི་རང་སར་བཞག །སྣང་བ་གོམས་པའི་ཚད་རྣམས་ཀྱིས། །ཡེ་ཤེས་དག་པའི་སྣང་བ་ཉིད། །

ཕྱི་ནང་ཀུན་ལ་རང་ཤར་ཚེ། །རྐྱེན་དེས་སྐྱེ་བ་མ་ཡིན་ནོ། །ཅི་ཉོན་མོངས་པ་དེ་སྲིད་དེ་དག་སྐྱེས་གྱུར་ཀྱང་། །རང་བཞག་རང་སངས་དེ་རང་ཉིད་དུ་གྲོལ། །དེ་ཕྱིར་རྣལ་འབྱོར་སྣང་བའོ། །འབད་མེད་རྣམས་ནི་འདི་ལྟ་སྟེ། །རང་གིས་གཉེན་པོ་མེད་པས་རང་གྲོལ་རང་ཉིད་ལ། །རང་ག་མ་རིག་པ་ཉིད་མ་རིག་པ་མར་ནི་རང་གྲོལ་བས། །ལྕགས་ཀྱི་རང་གིས་གཉེན་པོ་རང་ལྕགས་རྣམས་གཤོག་པ་དང་། །རྡོ་ཡིས་རྡོ་རྣམས་གཅོག་པ་བཞིན། །རང་གི་གཉེན་པོར་རང་ཉིད་ཆེ། །རང་བཞིན་རྫོགས་ཆེན་རྟོགས་པ་ཆེ། །འདི་ལྟར་གོམས་པ་གང་ཡིན་པས། །མ་བཙལ་བཞག་པས་རང་སྣང་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རང་བཞིན་རྒྱས། །རང་བཞིན་དབྱིངས་རིག་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་དེ། །མཚམས་སྔར་གྱིས་བག་ཆགས་ཀྱིས་མི་བསྒྲིབ་པར་མེད་སྡིག་དང་ལྡན་པ་ཡང་། །ཀུན་རྫོབ་ཏུ་བླངས་པས་འདི་ཉིད་གོམས་པས་གྲོལ་བ་ནི། །ཐེ་ཚོམ་ཉིད་འདི་གོམས་བྱུང་ཐབས་རང་བཞིན་དུ་མེད་ན་ར་ཀན། །དེ་ནས་ཡང་མི་རྟོག་པའི་ཐུབ་པ་ཆེན་པོས། བཅོམ་ལྡན་འདས་ལ་རབ་ཏུ་མཆོད་ཅིང་བསྟོད་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ལགས། དེ་དག་ནི་རང་བཞིན་གྱི་བར་དོ་ལ་ཉོན་མོངས་པ་རྣམས་ཀྱིས་བསྡུས་པའི་རྒྱུ་ལགས་ན། དེ་ཀུན་འཁོར་བའི་རྒྱུ་འབའ་ཞིག་ལགས་པས་རང་བཞིན་གྱི་བར་མ་དོ་འདི་ལ། མྱ་ངན་ལས་འདས་པའི་རྒྱུ་གནས་པ་ལགས་སམ། འོན་ཏེ་གོང་དུ་གསུངས་པ་དེ་དག་དང་རྒྱུ་གཅིག་པ་ལགས་སམ། ཡང་ན་གཏན་མེད་པ་ལགས། འདི་ལ་ཐེ་ཚོམ་མཆིས་ན་བདག་གི་ཐེ་ཚོམ་བསལ་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ།ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །རང་བཞིན་གནས་པའི་བར་དོའི་སེམས་ཅན་ལུས་ཀྱིས་བསྡུས་པ་ཐམས་ཅད་ལ་མྱ་ངན་ལས་འདས་པའི་རྒྱུ་ནི་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་དང་། ཁྱད་པར་མེད་པར་གནས་པ་ཡིན་ནོ། །དེ་ཡང་སྐུ་རྣམས་ཀྱི་བདག་ཉིད་དང་།

ཡེ་ཤེས་དང་། འོད་དང་། ཐིག་ལེ་དང་། རིག་པ་རང་གི་ངོ་བོར་གནས་པ་ཡིན་ནོ། །དེ་ནས་མི་རྟོག་པའི་ཐུབ་པས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ལགས། སྐུ་རྣམས་ཀྱི་བདག་ཉིད་ནི་གང་ལགས། ཡེ་ཤེས་ནི་ཅི་ལྟ་བུ་ལགས། འོད་ནི་གང་ལགས། ཐིག་ལེ་ནི་ཅི་ལྟ་བུ་ཞིག་མཆིས། རིག་པ་ཞེས་བགྱི་བ་ནི་ཅི་ལགས། འདི་ཀུན་བདག་གིས་མ་འཚལ་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གསུང་བར་ཞུ་འཚལ།ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ཀྱེ་མི་རྟོག་པའི་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །སྐུ་ནི་གཉིས་ཏེ། རིག་པ་ཡུལ་སྣང་གི་སྐུ་དང་།དྭངས་མ་རྣམས་འདུས་པའི་སྐུའོ། །ཡང་གསོལ་པ། ཀྱེ་སྟོན་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལགས། རིག་པ་ཡུལ་སྣང་གི་སྐུ་གང་ལགས། དྭངས་མ་རྣམས་འདུས་པའི་སྐུ་ཅི་ལགས། འདི་དག་བདག་ལ་བསྟན་དུ་གསོལ། ཡང་བཀའ་སྩལ་པ། ཀྱེ། ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །རིག་པ་ཡུལ་ལ་སྣང་བའི་སྐུ་ནི། དབང་པོ་རྣམས་རྣམ་པར་དག་པའི་སྒོ་ལ་ལྷུག་པར་སྐུ་ཆེན་པོ་དང་། འབྱུང་བ་རྣམས་རང་དེངས་ཕུང་པོ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོ་དང་། ཁམས་དང་། སྐྱེ་མཆེད་དང་། མ་རིག་པ་རང་གྲོལ། ཡུལ་དང་། ཡུལ་ཅན་དང་ཉོན་མོངས་པ་རྣམས་རྣམ་པར་དག་པའི་སྐུ་ཆེན་པོའོ། །དྭངས་མ་འདུས་པའི་སྐུ་ནི་འདི་ལྟ་སྟེ། རང་གི་མཚན་ཉིད་འཛིན་པའི་སྐུ་དང་། ཡེ་ཅི་བཞིན་པའི་སྐུའོ། །ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས་རང་གི་མཚན་ཉིད་འཛིན་པའི་སྐུ་ནི་གང་ལགས། ཡེ་ཅི་བཞིན་པའི་སྐུ་ནི་ཅི་ལྟར་ལགས། བདག་ལ་གསུང་དུ་གསོལ། དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །རང་གི་མཚན་ཉིད་འཛིན་པའི་སྐུ་ནི་འདི་ལྟ་སྟེ། རྣམ་པར་མི་འབྱེད་པའི་རོལ་པ་ཆེན་པོའི་སྐུ་དང་། ཐུགས་རྗེའི་གོ་མ་འགགས་པ། དམ་པ་སྤྱི་ཕུད་ཆེན་པོའི་སྐུ་དང་། ཆོས་ཉིད་ཀ་དག། རིགས་རིགས་ལྔ་རྗེས་སུ་འཛིན་པ་ལ་སོགས་པ་རྗེས་སུ་འཛིན་པའི་སྐུའོ། །ཡེ་ཅི་བཞིན་པའི་སྐུ་ནི་འདི་ལྟ་སྟེ། ཡེ་གནས་དང་པོའི་སྐུ་ཀ་དག་

ཆེན་པོ་དང་དང་། །ཡེ་ཐོག་མ་རང་རིག་པའི་ཆའོ། །མི་འགྱུར་བའི་སྐུ་དང་། འབྲས་བུ་སྐུ་གསུམ་གྱི་རྩལ་དུ་རང་རྫོགས་པའི་སྐུའོ། །ཡང་གསོལ་པ།ཀྱེ་ཀྱེ་བཅོམ་ལྡན་འདས། འབྲས་བུ་རང་རྫོགས་པའི་ཞེས་བགྱི་བའི་སྐུ་ནི་ཅི་ལྟ་བུ་ལགས། འདི་དག་རྣམས་ཕྱེ་ལ་གསུངས་ཤིག །དེ་ནས་ཡང་བཀའ་སྩལ་པ།ཀྱེ་ཐུབ་པ་ཆེན་པོ་ཉོན་ཅིག །འབྲས་བུ་རང་རྫོགས་པའི་སྐུ་ཞེས་བྱ་བ་ནི་གསུམ་སྟེ། ཆོས་ཀྱི་སྐུ་སྤྲོས་པ་མེད་པ་ཆེན་པོ་དང་། ལོངས་སྤྱོད་རྫོགས་པའི་སྐུ་འཛིན་པ་མེད་པ་ཆེན་པོ་དང་སྤྲུལ་པའི་སྐུ་བདག་མེད་པ་ཆེན་པོའོ། །ཡང་གསོལ་པ། ཀྱེ་སྟོན་པ་ཆེན་པོ་ཆོས་ཀྱི་སྐུ་སྤྲོས་པ་མེད་པ་ནི་གང་ལགས། ལོངས་སྤྱོད་རྫོགས་པའི་སྐུ་ནི་གང་ལགས། སྤྲུལ་པའི་སྐུ་ཞེས་གང་ལགས། བཀའ་སྩལ་པ། ཀྱེ་ཐུབ་པ་ཆེན་པོ་ཉོན་ཅིག །ཆོས་ཀྱི་སྐུ་ནི་གསུམ་སྟེ། མི་འགྱུར་རང་དག་ངོ་བོའི་སྐུ་རིག་པ་ཀ་དག་དང་། ཁྱབ་གདལ་འོད་སྣང་ཀ་དག་ཆེན་པོའི་རང་བཞིན་གྱི་སྐུ་དང་། ཀུན་ཏུ་མ་འགགས་པ་མཛད་སྤྱོད་ཀ་དག་ཐུགས་རྗེའི་སྐུའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་གསུམ་སྟེ། སྣ་ཚོགས་རང་གྲོལ་ལྷུན་གྲུབ་ཀྱི་སྐུ་དང་། མཚན་ཉིད་འཛིན་པ་རྣམ་སྣང་ལ་སོགས་རིགས་ལྔའི་སྐུ་དང་། རང་དབྱིངས་རིག་པ་གསལ་མ་འདྲེས་པ་ཡོངས་སུ་རྫོགས་པའི་སྐུའོ། །སྤྲུལ་པའི་སྐུ་ནི་གསུམ་སྟེ། མ་དག་སེམས་ཅན་ལ་ཡོད་པ་སྤྲུལ་པའི་སྐུ་དང་། འགྲོ་བ་འདུལ་ཐུབ་པ་དྲུག་ལ་སོགས་པ་བའི་སྤྲུལ་པའི་སྐུ་དང་། རང་བཞིན་སྤྲུལ་པའི་སྐུའོ། །ཡེ་ཤེས་ནི་གཉིས་ཏེ། གཞི་གནས་ཀྱི་ཡེ་ཤེས་དང་། རང་གི་མཚན་ཉིད་འཛིན་པའི་ཡེ་ཤེས་སོ། །ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས་གཞི་གནས་ཀྱི་ཡེ་ཤེས་ལ་དུ་ཞིག་མཆིས། མཚན་ཉིད་འཛིན་པ་ནི་ལགས། དེ་ནས་ཡང་བཀའ་སྩལ་པ། ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །གཞི་གནས་ཀྱི་ཡེ་ཤེས་ནི་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས་མི་འགྱུར་བས་དང་། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་མ་ངེས་པ་དང་། ཐུགས་རྗེ་ཤར་བས་རང་སྣང་གི་ཡེ་ཤེས་སོ། །མཚན་ཉིད་

འཛིན་པའི་ཡེ་ཤེས་ནི་ལྔ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །འོད་ནི་གཉིས་ཏེ། རང་གསལ་ཁ་དོག་འཛིན་པའི་འོད་དང་། མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་དོ། །ཡང་གསོལ་པ། རང་གསལ་སྣང་བ་ཁ་དོག་འཛིན་པའི་འོད་ནི་གང་ལགས། མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་ནི་གང་ལགས། བཀའ་སྩལ་པ། རང་སྣང་གསལ་བའི་ཁ་དོག་འཛིན་པའི་འོད་ནི་ལྔ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་གའོ། །མི་གནས་པའི་ཡེ་ཤེས་རང་སར་དག་པ་ཁ་དོག་ལས་འདས་པའི་འོད་ནི། དྲི་མ་མེད་པའི་ཆོས་ཉིད་སྣང་བའི་དུས་དཀར་པོ་རང་སར་དག་སྟེ་སྣང་བ་གང་དུ་ཡང་མི་འབྱེད། མ་བཙལ་བཞག་པའི་སེར་པོ་རང་སར་དག་སྟེ་ཡུལ་དུ་མར་མི་སྣང་། ཆགས་པ་མེད་པའི་དམར་པོ་རང་སར་དག་སྟེ་ཤེས་པ་འདི་ཞེས་བྱ་བ་ནི་མི་སྣང་། བྱ་བཙལ་བྲལ་བའི་ལྗང་གུ་རང་སར་དག་སྟེ་བྱ་བྱེད་ཐམས་ཅད་ལས་འདས། མི་འགྱུར་ཡངས་པའི་མཐིང་ག་རང་སར་དག་སྟེ་ཤེས་པ་ཅིའི་ངོ་བོར་ཡང་མ་གྲུབ་པར་གནས་སོ། །ཐིག་ལེ་ནི་གསུམ་སྟེ། གཞི་འཛིན་པའི་ཐིག་ལེ་དང་། སྣང་བ་ལམ་གྱི་ཐིག་ལེ་དང་། འབྲས་བུ་རང་སྨིན་པའི་ཐིག་ལེའོ། །ཡང་གསོལ་པ། གཞི་འཛིན་པའི་ཐིག་ལེ་ནི་གང་ལགས། སྣང་བ་ལམ་གྱི་ཐིག་ལེ་ནི་གང་ལགས། འབྲས་བུ་རང་སྨིན་པའི་ཐིག་ལེ་ནི་གང་ལགས།འདི་རྣམས་བདག་ལ་གསུང་བར་ཞུ། ཡང་བཀའ་སྩལ་པ། གཞི་འཛིན་པའི་ཐིག་ལེ་ནི་གཉིས་ཏེ། རང་བཞིན་ཁ་དོག་འདུས་པའི་འོད་ཀྱི་ཐིག་ལེ་དང་། མ་བཅོས་པ་ཀུན་ཏུ་བཟང་པོའི་ཐིག་ལེའོ། །སྣང་བ་ལམ་གྱི་ཐིག་ལེ་ནི་གཉིས་ཏེ། ཀུན་རྫོབ་རྒྱུའི་ཕའི་ཐིག་ལེ་དང་། གནས་པ་དོན་དམ་གྱི་ཐིག་ཆོས་ཉིད་ལེའོ། །ཡང་གསོལ་པ། ཀུན་རྫོབ་རྒྱུའི་ཐིག་ལེ་གང་ལགས། གནས་པ་དོན་དམ་གྱི་ཐིག་ལེ་གང་

ལགས། བདག་ལ་བསྟན་དུ་གསོལ། ཡང་བཀའ་སྩལ་པ། ཀུན་རྫོབ་རྒྱུའི་ཐིག་ལེ་ནི།ལུས་ཅན་ཀུན་མོ་རྣམས་ཀྱི་གཡས་རྩ། ཕོ་རྣམས་ཀྱི་གཡོན་རྩ་གྱི་རྩའི་ནང་ན་གནས་ཏེ། ཕའི་རྒྱུ་དང་མའི་ཁུ་བ་དང་དྭངས་མ་ལས་རུས་པ་ཁྲག་གི་དྭངས་མ་ལས་ཤ་རྐྱེན་དུ་སྣང་བའོ། །དེ་ཡང་འབྱུང་བའི་དྭངས་མ་འདུས་པ་ལས། མའི་ཐིག་ལེ་དམར་པོ་བྱུང་། བྱང་ཆུབ་ཀྱི་སེམས་ཐམས་ཅད་ཀྱི་སྙིགས་མ་འདུས་པ་ལས། ཕའི་ཐིག་ལེ་དཀར་པོ་བྱུང་ངོ་། །དེའི་ཕྱིར་ན་འབྱུང་བ་འདུས་པ་ལས་གཟུགས་སུ་སྨིན། བྱང་ཆུབ་ཀྱི་སེམས་འདུས་པ་ལས་དྲན་བསམ་དང་། བྱུང་ཚོར་དང་། རིག་པ་བྱུང་ངོ་། །དེ་ཡང་རྫུས་སྐྱེས་དང་། སྒོང་སྐྱེས་དང་། དྲོད་སྐྱེས་རྣམས་ལ་ཡང་། འབྱུང་བ་འདུས་པའི་ས་བོན་དང་། བྱང་ཆུབ་སེམས་འདུས་པའི་ས་བོན་གཉིས་རང་ཆས་སུ་འཛོམ་པ་ལས་སྐྱེ་བ་ཉིད་ལེན་པའོ། །དེ་ལྟར་ལུས་ཅན་ཐམས་ཅད་ལ་ལུས་སྡུད་པར་བྱེད་པའི་ཐིག་ལེ་དཀར་དམར་གཉིས་ནི་རང་ཆས་སུ་གནས་པའོ། །དེ་ཡང་སྐྱེས་པ་རྣམས་ཀྱི་འབྱུང་བའི་ས་བོན་ནི། འབྱུང་བའི་རང་རྒྱས་འཐུམས་ནས་མངོན་དུ་མི་སྣང་། བུད་མེད་རྣམས་ལ་བྱང་ཆུབ་ཀྱི་ས་བོན་དཀར་པོ་ནི་གཞི་མི་འགྱུར་བས་མངོན་དུ་མི་འབྱུང་། དེའི་ཕྱིར་དུ་བུད་མེད་རྣམས་ཀྱིས་བདེ་བ་བསྒོམ་དུ་མི་རུང་གིས། ཐིག་ལེ་དང་རླུང་ཉིད་བསྒོམས་ཀྱང་བུད་མེད་ཀྱིས་མི་འབྱོངས་པའི་ཕྱིར་རོ། །མི་གྲོལ་བའི་ཕྱིར་རོ། །དེ་ལྟར་ས་བོན་ཅི་སྲིད་འཚོ་བའི་བར་དུ་གཉིས་ཀྱིས་ཕུང་པོའི་རྟེན་བྱེད་པས་སྐྱེས་བུ་རྣམས་ཀྱི་ཚེའི་དུས་བྱེད་པ་ཡང་འདི་གཉིས་ཀྱིས་བྱེད་འདི་གཉིས་འཕོ་ནས་འཆི་བ་ཡིན་སྟེ། འབྱུང་བ་རང་རང་གི་དགྲས་ནི་གློ་བུར་ནང་མི་མཐུན་པའི་ཚ་གྲང་ལ་སོགས་དུ་འདུ་བྱེད་དོ། །འབྱུང་བ་ཁད་ཀྱིས་སྟོབས་ཟད་པ་རྣམས་ནི།འདི་གཉིས་ཀྱིས་གནས་ནས་འཕོས་པར་བྱེད་པ་ཡིན་ནོ། །དཀར་དམར་གཉིས། གནས་པ་དོན་དམ་གྱི་ཐིག་ལེ་ནི་གཉིས་ཏེ། རང་གནས་རྒྱུའི་ཐིག་ལེ་དང་། སྐྱེས་བུ་གོམས་པ་ལས་བྱུང་བའོ། །རང་གནས་རྒྱུའི་ཐིག་ལེ་ནི། ལུས་ཅན་རྣམས་ཀྱི་སྙིང་ན་འོད་ཀྱི་དྭངས་མ་འདུས་པའི་ཐིག་ལེ་

ཚོན་སྣ་དབྱིངས་ལྔའི་གྲུ་གུ་བསྔོགས་པ་ལྟ་བུའམ། ཉའི་མིག་ཚད་ལྟ་བུའམ། ཁྲ་ཚང་ན་ཉལ་བའི་མིག་ལྟ་བུའམ།མཁའ་འགྲོ་མ་ཡིད་འགྱུར་མའི་ཚོན་སྣ་ལྔ་དྭངས་པ་མིག་ལྟ་བུར་སྐབས་སུ་རྩ་རྣམས་ཀྱི་ནང་ནས་རྒྱུ་ཡེ་ཤེས་ཀྱི་རླུང་གིས་ཞིང་གནས་སོ། །སྐྱེས་བུ་གོམས་ཉམས་སུ་མྱོང་བ་ལས་པ་ལས་བྱུང་བ་ནི། དང་པོ་འོད་ཀྱི་སྣམ་བུར་སྣང་བ་དང་། གཉིས་པ་འོད་ཀྱི་ཟེར་སྣ་ཚོགས་སུ་ཐག་ཏུ་གནས་པ་དང་། གསུམ་པ་ཐིག་ལེ་ལུ་གུ་རྒྱུད་དུ་འདྲེལ་བ་མུ་ཁྱུད་དུ་འཆར་རོ། །འབྲས་བུ་རང་སྨིན་པའི་ཐིག་ལེ་ནི་གསུམ་སྟེ། འོད་རྣམས་སྨིན་པའི་ཐིག་ལེ་དང་། ཡེ་ཤེས་སྨིན་པའི་ཐིག་ལེ་དང་། རིག་པ་སྨིན་པའི་ཐིག་ལེའོ། །ཡང་གསོལ་པ། འོད་རྣམས་འདུས་ཤིང་སྨིན་པའི་ཐིག་ལེ་གང་ལགས། ཡེ་ཤེས་སྨིན་པའི་ཐིག་ལེ་གང་ལགས། རིག་པ་སྨིན་པའི་ཐིག་ལེ་གང་ལགས། བདག་ལ་གསུང་དང་། ཡང་བཀའ་སྩལ་པ། ཀྱེ་ཐུབ་པ་ཆེན་པོ་ཁྱོད་ཉོན་ཅིག །འོད་རྣམས་སྨིན་པའི་ཐིག་ལེ་བསྒྲེངས་པར་གནས། །ཤིན་ཏུ་གསལ་ལ་གོང་ནས་གོང་དུ་མ་འདྲེས་འཇའ་ཚོན་བཞིན། །འདི་ལ་གོམས་ན་སྣང་བ་ཡང་མཐོང་ངོ་། །ཡེ་ཤེས་སྨིན་པའི་ཐིག་ལེ་རྩིབས་ལ་གནས། །ཁ་དོག་རང་གསལ་ཉི་མའི་དཀྱིལ་འཁོར་འདྲ། །འདི་ལ་གོམས་པས་འདི་ལ་རང་སྣང་མཐོང་། །རིག་པ་སྨིན་པའི་ཐིག་ལེ་མུ་ཁྱུད་ཟླུམ་པོར་བཅས། །རང་གསལ་ཟླུམ་པོ་འདི་ལ་གང་གོམས་པ། །དག་པ་ཆེན་པོའི་སྣང་བ་མཐོང་བར་འགྱུར། །དེ་དག་རྣམས་ཀྱི་ཐིག་ལེའི་ཕྱི་དབྱིབས་ཟླུམ། །འདི་ལ་གོམས་ན་རྣལ་འབྱོར་འབྲས་བུ་ཐོབ། །རིག་པ་ནི་གཉིས་ཏེ། གཞི་འཛིན་པའི་རིག་པ་དང་། མཚན་ཉིད་འཛིན་པའི་རིག་པའོ། །ཡང་གསོལ་པ། གཞི་འཛིན་པའི་རིག་པ་ནི་གང་ལགས། མཚན་ཉིད་འཛིན་པའི་རིག་པ་ནི་གང་ལགས། བདག་ལ་བསྟན་དུ་གསོལ། བཀའ་སྩལ་པ། གཞི་འཛིན་པའི་རིག་པ་ནི། རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བའི་རིག་མངོན་སུམ་དུ་པ་ཆེན་པོ་སྟེ། རྒྱང་ཞགས་ཆུའི་སྒྲོན་མ་ལས་རིག་པ་གཅེར་བུར་རང་ཐོན་པའོ། །འདི་ནི་རྣལ་འབྱོར་པ་

རྣམས་ཀྱི་ཉམས་བརྟན་པའི་ཡེ་ཤེས་སུ་སྣང་བའོ། །མཚན་ཉིད་འཛིན་པའི་རིག་པ་ནི། སེམས་ཅན་ཐམས་ཅད་ལ་རང་ཁྱབ་ཏུ་གནས་པའོ། །དེ་ནས་ཡང་མི་རྟོག་ཐུབ་པས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་དོན་དེ་རྣམས་ནི་བདག་ཅག་གིས་ལམ་དུ་བྱེད་ན། ཐབས་གང་གི་སྒོ་ནས་བྱེད་པ་ལགས།བདག་ལ་བསྟན་དུ་གསོལ། དེ་ནས་སྟོན་པས་གསུངས་པ། དེ་ཡི་དོན་རྟོགས་པར་བྱེད་པའི་ཐབས་ནི། རང་གི་ཤེས་རབ་དང་། སྤྱོད་པའི་རྣམ་པ་རྣམས་དང་། སྒོམ་པའི་རྣམ་པ་རྣམས་དང་། ལྟ་བའི་རྣམ་པ་རྣམས་སོ། །ཡང་གསོལ་པ། སྟོན་པ་ཆེན་པོ། ཤེས་རབ་ནི་གང་ལགས། སྤྱོད་པ་ནི་ཅི་ཙམ་ཞིག །སྒོམ་པ་ནི་གང་ལྟ་བུ། ལྟ་བ་ནི་ཅི་ལྟ་བུ་ལགས། བདག་ལ་གསུང་དང་། བཀའ་སྩལ་པ། ཤེས་རབ་ནི་གསུམ་སྟེ། ཐོས་པའི་ཤེས་རབ་ཀྱིས་ཕྱི་ཡི་སྒྲོ་འདོགས་གཅོད་པ་དང་། བསམ་པའི་ཤེས་རབ་ཀྱིས་ནང་གི་སྒྲོ་འདོགས་གཅོད་པ་དང་། སྒོམ་པའི་ཤེས་རབ་ཀྱིས་གསང་བའི་སྒྲོ་འདོགས་གཅོད་པའོ། །སྤྱོད་པ་ནི་གསུམ་སྟེ། འཁོར་འདས་རུ་ཤན་འབྱེད་པ་ལུས་ངག་གི་སྤྱོད་པ་དང་།བརྟུལ་ཞུགས་ལམ་དུ་སློང་བར་བྱེད་པ་གྲངས་ཀྱི་སྤྱོད་པ་དང་། སྣང་བ་རང་སར་གྲོལ་བ་རིག་པ་རྣལ་དུ་ཕེབས་པའི་སྤྱོད་པའོ། །ཡང་གསོལ་པ། བརྟུལ་ཞུགས་ལམ་དུ་སློང་བར་བྱེད་པ་དབང་པོའི་བྱེ་བྲག་གི་གྲངས་ཀྱི་སྤྱོད་པ་ཞེས་བགྱི་བ་འདི་གང་ལགས། འདི་བདག་ལ་གསུང་དང་། སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་ཐུབ་པ་ཆེན་པོ་ཉོན་ཅིག །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཉོན། །རྣལ་འབྱོར་དོན་ལ་སུས་སྦྱོར་བ། །སྤྱོད་པ་འདི་ལ་གོམས་པར་བྱ། །བུང་བ་ལྟ་བུའི་སྤྱོད་པ་ཡིས། །ཆོས་རྣམས་ཀུན་གྱི་རོ་མྱང་བྱ། །རི་དྭགས་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་རྐྱེན་གྱུར་ཡུལ་རྣམས་སྤང་། །ལྐུགས་པ་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ངག་ནི་སྤང་བར་བྱ། །ཐི་བྱ་ལྟ་བུའི་སྤྱོད་པ་ཡིས། །

གསང་བའི་སྔགས་ཀྱི་ཐེ་ཚོམ་བཅད། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གཅིག་ཏུ་གནས་པའི་ཡུལ་རྣམས་སྤང་། །སེང་གེ་ལྟ་བུའི་སྤྱོད་པ་ཡིས། །འཇིགས་པའི་སེམས་སྤང་དུར་ཁྲོད་རྒྱུ། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཡིས། །གཙང་དང་སྨེ་བའི་རྟོག་པ་སྤང་། །དོམ་བུ་ལྟ་བུའི་སྤྱོད་པ་ཡིས། །དྲན་པས་མ་ཐོག་བབ་ཉིད་དུ་སྤྱོད། །བུ་ཆུང་ལྟ་བུའི་སྤྱོད་པ་ཡིས། །འཁྲུལ་པའི་ཞེན་པ་རྒྱུད་རེངས་སྤང་། །ངང་མོ་ལྟ་བུའི་སྤྱོད་པ་ཡིས། །འཇིག་རྟེན་མཐུན་པའི་ཚིག་གིས་དྲང་། །གླང་ཆེན་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་གཡུལ་རྣམས་གཏིང་ནས་བཟློག །རི་སྐེགས་ལྟ་བུའི་སྤྱོད་པ་ཡིས། །བུ་དང་དགྲ་ཡི་འདུ་ཤེས་སྤང་། །ཉ་རྒྱ་ཡང་བྱུང་མོ་ལྟ་བུའི་སྤྱོད་པ་ཡིས། །འདོད་པས་ཆོག་ཤེས་དུས་ཚོད་བཅད། །དྲེའུ་མོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་བའི་ས་བོན་སྤེལ་མི་བྱ། །བྲམ་ཟེ་ལྟ་བུའི་སྤྱོད་པ་ཡིས། །གཞན་གྱི་ལོངས་སྤྱོད་ཟས་རྣམས་སྤང་། །དཔའ་བོ་ལྟ་བུའི་སྤྱོད་པ་ཡིས། །འཁོར་འདས་རྣམས་ཀྱི་དུ་ཤན་དབྱེ། །ཆུ་མིག་ལྟ་བུའི་སྤྱོད་པ་ཡིས། །དྲན་པའི་རྟེན་ཉིད་རང་སར་བཞག །ནམ་མཁའ་མདུང་སྐོར་སྤྱོད་པ་ཡིས། །དངོས་པོ་རྣམས་ལ་ཟང་ཐལ་སྤྱོད། །བར་སྣང་རླུང་འདྲའི་སྤྱོད་པ་ཡིས། །གཟུང་དང་འཛིན་པའི་རྟོག་པ་སྤང་། །བྱ་ཁྱུང་ལྟ་བུའི་སྤྱོད་པ་ཡིས། །གཡང་ས་རྣམས་ནི་རླབས་ཀྱིས་གཅད། །རི་བོ་ལྟ་བུའི་སྤྱོད་པ་ཡིས། །འགྱུར་མེད་རང་དག་སྟེང་དུ་སྤྱད། །ཐེག་ཆེན་ལྟ་བུའི་སྤྱོད་པ་ཡིས། །སྣང་བ་ཕྱིར་མི་ལྡོག་པར་སྤྱད། །ཀྱེ་ཐུབ་པ་ཆེན་པོ་ཡང་ཉོན་ཅིག །སྒོམ་པ་ནི་གསུམ་སྟེ། ལྷ་ལ་སོགས་པ་སེམས་ཀྱིས་བསྒོམ་པ་དང་། ཐེག་པ་ཆེན་པོའི་བསམ་གཏན་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཉིད་ཡིན་ནོ། །དེ་ནས་ཡང་གསོལ་པ། ཀྱེ་ཀྱེ་བཅོམ་ལྡན་འདས། ལྷ་ལ་སོགས་པ་སེམས་ཀྱིས་བསྒོམ་པ་ནི་གང་ལགས། ཐེག་པ་ཆེན་པོ་རྣམས་ཀྱི་སེམས་ཀྱི་བསམ་གཏན་ནི་གང་ལགས། སངས་

རྒྱས་རྣམས་ཀྱི་དགོངས་པ་ནི་གང་ལགས། བདག་ལ་གསུང་དང་། དེ་ནས་ཡང་བཀའ་སྩལ་པ། ཀྱེ་ཀྱེ། ཐུབ་པ་ཆེན་པོ་ཡང་ཉོན་ཅིག །ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་འདོན། །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡི་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་དག །རཾ་ལ་སེམས་ནི་སུས་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱང་། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ་ལ་སེམས་གཏད་པ། །དེ་ཡིས་ལུས་ངག་གནོད་པ་སྤངས། །སྨིན་མཚམས་ཐིག་ལེ་གང་བསྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །བུ་ག་དགུ་ལུ་གུ་རྒྱུད་ཡང་བྱུང་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡིད་ནི་སུས་གོམས་པས། །འབྱུང་བ་ཡས་པ་རང་སར་སྡུད། །ལུས་རྟེན་རང་འོད་གང་བསྒོམ་པ། །འདིས་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕང་བ། །དེ་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་གཟུང་བ། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུས་བསྒོམ་པ། །དྲན་པ་རྣམས་ནི་ཅིག་ཆར་སྟོང་། །མི་རྟོག་སེམས་ལ་གང་བསྒོམ་པ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་རྟགས་རྣམས་འབྱུང་། །མི་རྟོག་ཡེ་ཤེས་གང་བསྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུས་བསྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུས་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཀྱེ་ཀྱེ་ཐུབ་པ་ཆེན་པོ་ཡང་ཉོན་ཅིག །ཐེག་པ་ཆེན་པོའི་བསམ་གཏན་ནི། །

རང་བཞིན་ཤུགས་ཀྱི་བསམ་གཏན་གྱིས། །མ་བཅོས་ལུས་ངག་རྣལ་དུ་ཕེབས། །དམིགས་པ་རྒྱུད་བརྟེན་བསམ་གཏན་གྱིས། །འཕྲལ་བྱུང་ཉོན་མོངས་མགོ་རྣམས་གནོན། །ས་ལ་གནས་པའི་བསམ་གཏན་གྱིས། །རང་རང་རྒྱུད་ཀྱི་འཚོ་སྐྱོང་བྱེད། །མི་རྟོག་ཐུབ་པ་ཡང་ཉོན་ཅིག །བདེར་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགགས། །མ་བསྒོམས་བལྟས་པས་དྲོད་ཚད་རྙེད། །ཀྱེ་ཐུབ་པ་ཆེན་པོ་ལྟ་བ་ནི་གཉིས་ཏེ། ཕྱི་ཆོས་ཅན་རྣམས་ལ་བལྟས་པས། ཡུལ་སྣང་གཉིས་སུ་མེད་པར་བསྟན་པ་དང་། ནང་ཆོས་ཉིད་ལ་བལྟས་པས། རྣལ་འབྱོར་པ་རྣམས་ཀྱི་སེམས་ལ་རང་དབང་དུ་འགྱུར་བའོ། །མི་རྟོག་ཐུབ་པས་ཡང་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཆོས་ཅན་ལྟ་བ་ཅི་ལྟ་བུ། །དེ་བཞིན་ཆོས་ཉིད་ལྟ་བ་གང་། །འདི་དག་བདག་ལ་བསྟན་དུ་གསོལ། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །མི་རྟོག་ཐུབ་པ་ཡང་ཉོན་ཅིག །ཕྱི་ཡི་ལྟ་བ་འདི་ལྟ་སྟེ། །དམིགས་པར་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་གང་གོམས་པ། །འདི་ནི་སྣང་སྟོང་གཉིས་སུ་མེད། །ཚོགས་དྲུག་མ་འགགས་ལྷུག་པའོ། །ནང་གི་ལྟ་བ་འདི་ལྟ་སྟེ། །དབྱིངས་དང་རིག་མངོན་སུམ་དུ་པ་སུས་མཐོང་བ། །འདི་ནི་སངས་རྒྱས་ས་ལ་གོམས། །འདི་ལས་ཐབས་གཞན་གོང་ན་མེད། །ཡིད་དཔྱོད་རྣམས་ཨ་ཏི་མན་ཆད་ལས་ཁྱད་པར་འཕགས། །མི་རྟོག་ཐུབ་པས་ཡང་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ལྟར་ལྟ་དང་སྒོམ་པ་དང་། །དེ་བཞིན་དུ་ཡང་སྤྱོད་པ་ཡི། །དོན་རྣམས་རྣམ་པར་བསྡུ་བ་འམ། །ཡང་ན་དེ་རྣམས་འབྲས་བུ་གང་། །བཅོམ་ལྡན་འདས་ཀྱིས་བདག་ལ་གསུངས། དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་མ་མི་རྟོག་ཐུབ་པ་ཁྱོད་ཉོན་ཅིག །དེ་དག་རྣམས་ནི་བསྡུས་པ་ཡིས། །གཅིག་པར་གནས་པའི་ཐིག་ལེ་མཐོང་། །དེ་ཡང་གང་དང་གང་ཞེ་ན། །བཞག་པ་རྣམས་ཀྱིས་སྣང་བ་ཅོག་བཞག་ལ་སོགས་པ་རང་རྒྱས་ཐོབ། །དགོངས་པ་རྣམས་ཀྱིས་སྣང་སྲིད་གཞིར་བཞེངས་ལ་སོགས་པ་དུས་ཚོད་

བསྟན། །ཟད་ལུགས་རྣམས་གང་ཟག་ཆོས་བོར་བ་ལ་སོགས་པ་ཀྱིས་དག་པ་བསྟན། །བསྟན་པའི་འཁོར་བར་ལྟུང་གིས་དོགས་པ་ལ་སོགས་པ་གདེངས་ནི་མི་ལྡོག་ཚད། །དེ་ལྟར་དོན་རྣམས་བསྡུས་པའོ། །དེ་ཡི་འབྲས་བུ་འདི་དག་ཡིན། །དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ། །ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད། །ཐིག་ལེའི་སྒྲོན་མ་སུས་ཡེ་ཤེས་ལུས་མཐོང་བ། །རྩོལ་བཅས་རྣམས་ཀྱིས་རེ་གནས་ཐོབ། །ཤེས་རབ་སྒྲོན་མ་ཡུལ་རྣམ་པར་དག་པ་སུས་མཐོང་བ། །སྤྱི་དང་ཆོས་རང་གི་མཚན་ཉིད་རྟོགས། །ཆུ་ཡི་སྒྲོན་མ་སུས་མཐོང་བ། །དབང་པོ་རྣམས་ལ་དབང་བསྒྱུར་ཐོབ། །མངོན་ཤེས་འཆར། ལུ་གུ་རྒྱུད་ལ་སུས་གོམས་པ། །རིག་པ་རྣམས་ནི་ཚད་ཟིན་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་དེ་དག་གིས་ས། །འདི་ཉིད་རྣམས་ནི་རང་རིག་ལས། །རང་བཞིན་གནས་པའི་བར་མ་དོར། །འདི་ལ། འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་ཐམས་ཅད་རང་དེངས་སུ། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །ངས་བསྟན་པ་ཡི་ཆོས་རྣམས་ནི། །མདོ་ཀུན་ཀྱང་ནི་འདིར་འདུས་སོ། །ཞེས་ཉི་ཟླ་ཁ་སྦྱོར་གསང་བའི་རྒྱུད་ཆེན་པོ་ལས། རང་བཞིན་གནས་པའི་བར་དོའི་སྣང་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་མི་རྟོག་ཐུབ་པས་ཡང་གསོལ་པ། གསུམ་པ་འཆི་བའི་རྟགས། དེའི་བཟློག་པའི་ཐབས་དང་། དེའི་གདམས་ངག་དང་གསུམ་གྱིས་འཆི་ཁའི་བར་དོ་བསྟན། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་བཞིན་བར་དོ་དེ་ལྟར་ན། །འཆི་ཁའི་བར་དོ་ཅི་ལྟར་ལགས། །སྐྱེས་བུ་རྣམས་ནི་འཆི་བའི་ཚེ། །འཆི་བའི་རྟགས་ནི་ཅི་ལྟ་བུ། །འཆི་བ་ལས་ནི་བཟློག་པ་ཡི། །ཐབས་ནི་ཅི་ལྟ་བུ་ཞིག་མཆིས། །སྐྱེས་བུ་འབྱུང་བའི་སྟོབས་ཟད་ནས། །གང་ཞིག་ལམ་འཆི་བའི་དུ་འཇུག་པའི་ཚེ། །ཐབས་འདི་རྣམས་ནི་ཅི་ལྟར་འཆང་། །བདག་ལ་གསུང་དང་བཅོམ་ལྡན་འདས། །དེ་ནས་སྟོན་པས་བཀའ་སྩལ་པ། །མི་རྟོག་ཡེ་ཤེས་ཐུབ་པ་ཉོན། །ཁྱོད་ཀྱིས་ཞུས་པ་དེ་ལེགས་སོ། །གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །ཚེ་ནི་མི་རྟག་རྨི་

ལམ་འདྲ། །རྨི་ལམ་གྱིས་ནི་གྲུབ་པ་མེད། །དངོས་པོ་ལ། ཚེ་འདི་མི་རྟག་ཆུ་དྲག་འདྲ། །འབབ་ཆུས་གཅིག་ཏུ་བསྡད་པ་མེད། །ཚེ་འདི་མི་ཟིན་རླུང་དང་འདྲ། །རླུང་གིས་སྐྱེས་བུ་གཟུང་བ་མེད། །ཚེ་འདི་ཡུན་ཐུང་སྤྲུལ་པ་འདྲ། །སྤྲུལ་པ་རྟག་ཏུ་ཡུལ་གཅིག་ཏུ་གནས་པ་མེད། །ཚེ་འདི་བདེན་མེད་སྒྱུ་མ་འདྲ། །སྒྱུ་མས་བདེན་པའི་དོན་བྱས་ནས་ས་གཟུང་མེད། །ཚེ་འདི་མི་སྡོད་ལམ་གྱི་མགྲོན་པོ་འདྲ། །མགྲོན་པོ་རྟག་ཏུ་བསྡད་པ་མེད། །ཚེ་འདི་མ་ངེས་ཆར་སྤྲིན་འདི་ཙམ་ན་འོང་འདི་ཙམ་ན་མི་འོང་མེད་པ་དང་འདྲ། །སྤྲིན་གྱིས་དུས་ཚོད་གཟུང་བ་མེད། །དེ་ལྟར་སྐྱེས་བུའི་ཚེ་ཡི་ཚད། །འདི་ནམ་འཆི་ཆ་མེད་ལྟར་གཅིག་ཏུ་མ་ངེས་ཏེ། །གློ་བུར་བ་དང་ད་ལྟ་རང་ཅིག་ཆར་ཐོག་བབས་སུ། །དུས་ཚོད་འདི་འདྲ་གཟུང་འདི་ཙམ་ན་འཆི་བ་མི་ཤེས་བ་མེད། །འོན་ཀྱང་ལུས་ཀྱི་འབྱུང་བ་དང་། །འཆི་བདག་གི་ནི་ལྡང་དུས་ཀྱི། །འཆི་ཁའི་ནམ་འཆི་བའི་དུས་བལྟ་བ་བར་དོའི་རྟགས་འདི་ལྟར། །དབེན་སྐྱེས་བུ་མེད་པའི་ས་པའི་གནས་སམ་ལུང་སྟོང་དུ། །འཆི་བའི་དུས་ཚོད་གཟུང་བ་གཅེས། །འདི་དག་རྟགས་ནི་སུ་ལ་བྱུང་། །ལུས་ཅན་ཚེ་ཡི་འདུ་བྱེད་བྱེད། །ཡན་ལག་སེན་མོའི་བཀྲག་མེད་ན། །ཟླ་བ་དགུ་ན་གདོན་མི་ཟ། །སྐྱེས་བུའི་མིག་སྤྲིན་ཡལ་བ་ཐ་མའི་དཀར་པོ་ན། །དེ་བཞིན་ཟླ་བ་ལྔ་ནའོ། །འཆི་བདག་གཤིན་རྗེ་ལྟག་ཁུང་ནས་སྐྲ་ཉག་མ་བདུན་ལངས་ན་ཉིད་ལངས་ན། །ཞག་ནི་ཉི་ཤུ་གཅིག་ནས་འཆི། །དེ་ལ་ཅིས་ཀྱང་མི་བླུས་ཕན་པ་མེད། །རྐང་པའི་ལོང་བུ་ཕྱིར་ཐོན་ན། །དེ་བཞིན་ཟླ་བ་གཅིག་ནའོ། །གལ་ཏེ་གཞན་གྱི་ལུས་བརྟག་ཕ་རོལ་གྱི་ན། །སྐྱེས་བུ་ནད་མི་དེ་ལ་ཀྱིས་བཏབ་པའི་ཚེ། །སོ་ཡི་རྩ་བར་དྲེག་པ་ནག་པོ་ཆགས། །ཞག་དགུ་ན་ནི་དེ་ཡང་འཆི། །དེ་བཞིན་སྣེ་ཞོམ་ཞག་ལྔ་ནས། །དེ་བཞིན་དུ་ཡང་འཆི་བའོ། །ཡན་ལག་ཡང་ཡང་རྐྱང་སྐུམ་བྱེད། །དེ་ནི་ཉི་མ་བདུན་འདས་ནས། །མིག་ནི་འབྲུ་ཚུགས་བལྟ་བ་ན། །ཞག་གསུམ་ནས་ནི་ཏྲོ་ཏའོ། །འཆིའོ། །ངག་མར་འཁྲུལ་ཚུལ་མེད་ན་གི་ཚིག་རྣམས་རབ་འཁྲུལ་ན། །དེ་ནི་ཟླ་བ་ཕྱེད་

ནའོ། །འགྲམ་པ་ཡི་ནི་རྒྱུད་ཤ་སྟོང་ན་ཆད་ན། །དེ་བཞིན་ཞག་ནི་བཅུ་དགུ་ན། །སྐྱེས་བུའི་ཚེ་ཡི་འདུ་བྱེད་བྱེད། །དབུགས་ནི་བརྩེགས་མར་ཡང་རྒོད་ན། །དེ་ཡང་ཟླ་བ་དྲུག་ནའོ། །སྣ་ཡི་མ་སི་ཀ་ཆད་ན། །ཞག་བདུན་ན་ནི་འགུམ་པར་འགྱུར། །མིག་གི་བ་ར་གྱེན་ལ་ཎ་ཆད་ན། །ཞག་ལྔ་དག་ན་དེ་ཡང་འགུམ། །འགྲམ་པ་གཡོན་གྱི་ཤ་ཤོར་ན། །ཞག་གཅིག་ན་ནི་དེ་ཡང་འགུམ། །སྟེང་འོག་སོ་ནི་འཐམ་གྱུར་ན། །ཞག་གསུམ་གྱིས་ནི་གདོན་མི་ཟ། །ལྕེ་ལ་ནག་པོའི་ཐིག་བྱུང་ན། །ཞག་གཉིས་ཀྱིས་ནི་དེ་ཡང་འགུམ། །རྣ་བ་མགོ་ལ་འབྱར་གྱུར་ན། །དེ་ནི་དེ་ནུབ་ནམ་ཕྱེད་དོ། །བྲང་གི་ལྷེན་སྣ་ཞོམ་པ་ན། །ཟླ་བ་ཕྱེད་ན་གདོན་མི་ཟ། །གཉིད་སྙིང་ཡང་ལོག་རྩ་རྩེའུ་ཆུང་གི་ནི་མེད་པ་ན། །དེ་ཡང་ཟླ་བ་ཕྱེད་ནའོ། །གལ་ཏེ་རང་གི་དོན་བྱེད་ན། །ནམ་མཁའི་ཁམས་ཀྱི་གཟུགས་བརྙན་ནི། །མི་རྟག་གྱུར་ཏེ་ཡན་ལག་ཆད་པ་ལ་སོགས་པ་ཡལ་བ་ན། །ཟླ་གཟུགས་མེད་དེ་འཆི་བ་ཡིན། །ཡན་ལག་བཞི་ཆད་ཟླ་བཞིའོ། །དེ་སྟེང་མགོ་ཆད་ཟླ་གསུམ་ནའོ། །སྟོད་སྨད་བྱེ་ན་ཟླ་གཉིས་ནའོ། །ཐུམ་པོར་དྲིལ་ན་ཟླ་གཅིག་ནའོ། །དེ་ཡི་དུས་ཚོད་ཤེས་པར་བྱ། །གནམ་ས་གཉིས་ཀྱི་འདྲེལ་ཐག་ནི། །གལ་ཏེ་ཆད་པར་གྱུར་པ་ན། །ཞག་ནི་བཅུ་དགུ་ལས་མི་ཐུབ། །རི་རབ་ཀྱི་ནི་ལོགས་དག་ཆུའི་ནང་གི་གཟུགས་བརྙན་ལ་བལྟས་པས་ནས། །སེང་གེ་དཀར་མོ་མི་འབབས་ན། །བཅུ་དྲུག་ཞག་གིས་གདོན་མི་ཟ། །གལ་ཏེ་རི་དང་ཐང་མཚམས་སུ། །དཔག་བསམ་ལྗོན་ཤིང་སྐེད་ཆག་ན། །འདི་དག་ཀྱང་ནི་མཁས་པས་བརྟགས། །རྒྱ་མཚོ་ཆུ་ཡི་སྤྲིས་ཡལ་ན། །འདི་ཡང་རིམ་པ་མཁས་པས་དབྱེ། །ས་ཡི་གྲོང་ཁྱེར་དག་ཏུ་ནི། །དགེ་སྦྱོང་དུ་བ་ཉིད་ཆད་དྲི་ཆེན་ན། །ཞག་ནི་དགུ་ནས་དེ་བཞིན་འགུམ། །རི་རབ་རི་ཡི་རྩེ་མོ་ན། །མི་འགྱུར་བ་ཡི་ཉི་ནུབ་ན། །ཐིག་ལེ་སྒྲོན་མ། ཞག་ནི་གསུམ་མི་བླུས་ལ་ནས་དེ་ཡང་འཆི། །ཆོ་ག་རྣམས་ནི་རབ་སྤངས་ནས། །རང་གི་སྙིང་པོའི་དོན་ལ་བརྟགས། །རི་རབ་དག་གི་ཁོང་སེང་ནས། །མཁའ་འགྲོ་མ་

ཡི་སྒྲ་ཆད་རྣ་བའི་འུར་སྒྲ་ཆད་ན་ན། །བཅུ་གསུམ་ཉིད་དམ་ལྔ་ནའོ། །གལ་ཏེ་དཔག་བསམ་ལྗོན་ཤིང་ལས། །འཆི་བདག་ལྟག་པའི་སྐྲ་གི་ནི་བདུད་ལངས་ན། །ཞག་བདུན་གྱིས་མི་བཟློག་ནི་གདོན་མི་ཟ། །དེ་ནི་ཕན་པར་མི་འགྱུར་མི་ལྡོག་གྱིས། །སྟོང་པ་ཉིད་ལ་གོམས་པ་གཅེས། །སྟོང་པ་གསལ་བའི་སྙིང་པོ་ཅན། །གསལ་བ་རིག་པའི་སྙིང་པོ་ཅན། །རིག་པ་འོད་ཀྱི་ཁང་པ་ཅན། །སྒྲོན་མ་བཞི་ལ་གོམས་པ་གཅེས། །དེ་ལྟར་འཆི་བའི་རྟགས་དེ་རྣམས། །ལུས་ཅན་རྣམས་ལ་རིམ་པ་བཞིན། །རིམ་གྱིས་དེ་དག་ལུས་ལ་འབྱུང་། །དེ་དག་སུ་ལ་བྱུང་བ་དེ། །གདོན་མི་ཟ་བར་འཆི་བ་ཡིན། །འདི་ནི་གོམས་ཤིང་ཡང་ཡང་བལྟ་བ་གཅེས། །འབྱུང་བའི་དུས་རྣམས་མོད་ལ་ཡང་། །སུ་ཡིས་ཤེས་པ་ཆོ་གས་བཟློག །དེས་ན་ཡང་ནི་བལྟས་ཡང་བྱ། །མི་རྟོག་ཐུབ་པ་ཡང་ཉོན་ཅིག །དེ་ལྟར་འཆི་བའི་རྟགས་བྱུང་ན། །འཆི་བ་བསླུ་བའི་ཆོ་ག་བཤད། །སྐྱེས་བུ་ལྡོག་པའི་ལས་རྩོམ་པས། །རང་གི་བླ་མ་དགེ་འདུན་དང་། །ཚོགས་བསགས་ཞིང་ནི་ཁྱད་སྔོན་དུ་ཚོགས་བསག་པར་བྱ་པར་ལ། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཆོ་ག་འདི་དག་བརྩམ་པར་བྱ། །འབྱུང་བའི་དགྲ་རྣམས་ཆ་མཉམ་ཕྱིར། །འབྱུང་བ་ཉམས་པ་གསོ་བའི་ཕྱིར། ཏཱ་ལ་དག་གི་ལོ་མ་ལ། །འབྱུང་བ་ལྔ་བྲིས་ཏེ་ལྔ་ཡི་འཁོར་ལོ་ནི། །རྩིབས་བཞི་མུ་ཁྱུད་རེ་རེ་ལ་དེ་དང་འདྲ་བཅས་པ་ལ། །སའི་ཙཀྲ་ས་ཆུ་མེ་རླུང་ནམ་བཞི་ལ་སོགས་པ་མཁའ་ལ། །འཁོར་ལོ་དག་ནི་ལྔ་བྱས་ལ། །ཁ་དོག་ལྔ་ནི་ས་སེར་ལ་སོགས་པ་འབྱུང་བས་དབྱེ། །ལྟེ་བ་རྩིབས་དང་ལྔ་རྣམས་ལ། །རང་རང་ས་ལ་ལཾ་སྟེ་ལྟེ་བ་དང་ལྔ་གིས་ནི་ཡི་གེ་ལྔ། །མུ་ཁྱུད་ཨཱ་ལིའི་ཨ་ལ་སོགས་པ་ཚོགས་ཀྱིས་བསྐོར། །དེ་ལྟར་འཁོར་ལོ་ལྔ་བྲིས་ཏེ། །མཆོད་དང་འཁོར་ལོ་དེ་རྣམས་ལ་བསྟོད་དང་སྡིག་པ་བཤགས། །སོ་སོར་ཅི་འདོད་གསོལ་བདག་གི་འཆི་བ་ཟློག་ཅིག་ལ་སོགས་པ་བ་གདབ། །ས་ལྷ་སེར་མོ་ལ་སོགས་པ་ལྟེ་བར་འབྱུང་བའི་ལྷ་བསམས་ལ། །ཡི་གེ་གྲངས་ནི་བརྗོད་ལ་ཡི་གེ་ལོ་གྲངས་ལ་

སོགས་པ་བཟླ་བསྡིམ། །དེ་ནས་ཁམ་ཕོར་རྫའི་ག་འུ་ཁ་སྦྱོར་དུ། །འཁོར་ལོ་དེ་ཀུན་བཅུག་ནས་ནི། །ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིངས། །ཁམ་ཕོར། ཤིང་སྣ་དང་ཆུ་སྣ་དང་མེ་སྣ་དང་ས་སྣ། །རིགས་མི་མཐུན་པའི་ཁ་རླངས་ལ། །སེམས་ཅན་རིགས་མི་མཐུན་པའི་ཁ་རླངས་ལ་དེ་ཀུན་བསྲེས་ལ་ཤིང་སྣ་ལ་སོགས་པ་ངར་ཟན་དང་། །བསྲེས་ལ་གཟུགས་ནི་ཁྲུ་གང་བྱ། །དབང་པོ་ལྔ་ལ་ཡི་མིག་ལ་སོགས་གེ་ནི། །རྒྱ་ཤོག་ལ་བྲིས་ཏེ་ཁོལ་བཏོན་པར་གཏུམ་གླུད་ལ་གཞུག །དེས་ནི་འབྱུང་བ་ཉམས་པ་གསོ། །གལ་ཏེ་གདོན་གྱིས་བཟུང་བ་གདོན་བཀྲོལ་བའི་བཟློག་པ་བཤད་པར་བྱ་ན། །ངར་ཟན་སྐྱེས་བུའི་འམ་ཡོ་གའི་སོ་སོར་ཆད། །ཁ་དོག་དཀར་པོ་དམར་པོ་ལ་སོགས་ཉིད་ནི་བསྒྱུར་བྱས་ལ། །རང་གི་ཡོ་གའི་དྲི་མ་ཁ་ཆུ་ལ་སོགས་གོས་དུམ་ངང་། །དེ་བཞིན་འབྱུང་བའི་རྫས་རྣམས་ཀྱང་། །ཟན་དང་བསྲེས་ནས་གཟུགས་སུ་འོ། །བལ་ཚོན་དར་དང་སྒྲོ་ལྟས་ངན་གྱི་རྣམས་ཀྱིས། །གཟུགས་དེ་རྣམས་ནི་བརྒྱན་བྱས་ལ། །དེ་རྣམས་དང་ཁ་དོག་ནི་མཐུན་པ་ཡི། །གཏོར་མ་དག་ཀྱང་དེ་གཟུགས་དེའི་རྩར་བཞིན་ནོ། །གཟུགས་དེ་ཀུན་གྱི་དེའི་ཐ་མར་ངར་གླུད་ནི། །རྣལ་འབྱོར་ལོ་གྲངས་ཙམ་གྱིས་བསྐོར། །བྱིན་གྱིས་བརླབས་ལ་ཚིག་འདི་བརྗོད། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་རྣམས། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཚིག་ནི་དེ་ཀུན་ལན་གསུམ་བརྗོད། །དེ་ནས་ཆུ་བོའི་གཞུང་ལ་བསྐྱལ། །འཆི་བ་ལས་ནི་བཟློག་པ་ལ། །ཐེ་ཚོམ་མེད་དོ་ན་ར་ཀན། །མི་རྟོག་ཐུབ་པས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས། །འཆི་བ་ཟློག་པ་དེ་ལྟར་ན། །སྐྱེས་བུ་འབྱུང་བའི་སྟོབས་ཟད་ནས། །གལ་ཏེ་འཆི་བ་ཉིད་ཀྱི་ཚེ། །ཏིང་ངེ་འཛིན་གྱི་བར་དོ་ལ། །ཡེ་ཤེས་གསལ་ནི་ཇི་ལྟར་གདབ། །ཆོས་ཉིད་དག་གི་བར་དོ་ལ། །ཡེ་ཤེས་ངོས་ནི་ཇི་ལྟར་གཟུང་། །འཆི་ཀའི་སྣང་བ་ཅི་ལྟ་བུ། །དེ་ཚེ་ཐབས་ནི་ཅི་ལྟར་གཟུང་། །འདི་ལ་བདག་ནི་ཐེ་ཚོམ་པས། །

སྟོན་པས་དོན་ཉིད་འདི་གསུངས་ཤིག །དེ་ནས་སྟོན་པས་བཀའ་སྩལ་པ། །མི་རྟོག་ཐུབ་པ་ཡང་ཉོན་ཅིག །གལ་ཏེ་ཚེ་ཡི་དུས་ཟད་ན། །སྐྱེས་བུ་ཤི་བ་ཞེས་བྱར་འགྱུར། །གཟུགས་ཀྱི་ཕུང་པོ་རྡོས་པ་ཅན། །ཐོག་མ་འབྱུང་བས་བསྐྱེད་པའི་ཕྱིར། །ཐ་མ་ཡང་ནི་འབྱུང་བས་ནང་འཐབ་པས་འཇིག །ལུས་ཀྱི་འབྱུང་བ་ལྔ་ཡོ་གའི་རྣམས་ནི། །ནང་མི་མཐུན་པའི་ཚ་གྲང་འཐབ་པའི་རྐྱེན་གྱིས་ནི། །ཚེ་ཡི་འདུ་བྱེད་གང་བྱས་པ། །གློ་བུར་རྐྱེན་འབྱུང་བས་གྱིས་ཤི་བའོ། །འབྱུང་བ་རང་ལ་རང་ཐིམ་ནས། །སྐྱེས་བུ་ཚེ་ཡི་དུས་ཚོད་ཟད། །འཆི་བའི་དུས་ལ་བབ་ཅེས་བྱ། །དེ་ཡང་བསྟན་པ་འདི་ལྟར་ཡིན། །སྐྱེས་བུའི་ལུས་ལ་ནད་བཏབ་ན། །རྟགས་འདི་སུ་ལ་བྱུང་བ་དེ། །ཤི་བའི་དུས་ནི་བཏབ་པ་ཡིན། །ས་ནི་ས་ལ་ཐིམ་པ་དང་། །དེ་བཞིན་ཆུ་དང་མེ་རྒས་ནས་ཤི་བ་དང་རླུང་། །སོ་སོར་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་རོ། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྗི་ཞིང་ས་ཟས་མི་ལེན་ཡང་བྱུང་མི་ཐེག །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་བསྐམ། །ལུས་ཀྱི་མཐའ་ནས་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་འཕྲ། །མིག་ཀྱང་གྱེན་ལ་ལོག་པར་འོང་། །རྟགས་འདི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་དུ། །ངེས་པ་རུ་ནི་འགྲོ་བས་ན། །དེ་ཚེ་བླ་མའི་གདམས་ངག་རྣམས། །རང་གིས་རྒྱུད་ལ་འདྲིས་པར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །དེ་ཚེ་སྐྱེས་བུ་སྐལ་ལྡན་དེ། །སྣང་བ་ཉིད་ནི་རང་གསལ་ན། །མི་གནས་ཤེས་པ་རང་སོ་ཞེས། །རླུང་བཞི་རིམ་གྱིས་ཞི་ནས་ཀྱང་། །རླུང་ཆེན་དག་གིས་བསྐྱོད་པའི་ཚེ། །ཡུལ་དང་གནས་ལ་འཇུག་པ་དང་། །སྐུ་དང་ཡེ་ཤེས་འཇུག་ལུགས་བསྟན། །ལུས་གནད་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་པ་སྟེ། །

རྣམ་ཤེས་རླུང་ཞོན་རླུང་ལ་སྦྱང་། །དེ་ཡང་གོད་དུ་འབྱོངས་པ་གཅེས། །རིག་པ་སྡུད་དང་འཕང་བ་གཅེས། །དེ་ཡང་ཧིག་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་པ་འདི་ལྟར་གཏད་པར་བྱ། །ཕུང་པོ་སེང་གེའི་ཉལ་ལུགས་གཡས་འོག་ཏུ་གཏད་ལ་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡུད་ཙམ་མིག་དང་ཤེས་པ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །སྐད་ཅིག་ལ། ཀ་དག་ཏུ་སངས་རྒྱས་ས་ལ་ཐེ་ཚོམ་མེད། །ཤི་བའི་དབུགས་ཀྱང་དལ་རང་དབང་མེད་པར་བར་འགྱུར། །གལ་ཏེ་དབྱིངས་རིག་མི་གསལ་ན། །ཆོས་ཉིད་བདེ་བའི་བར་མ་དོར། །རིག་པའི་སྣང་བ་གཟུང་བའི་ཕྱིར། །སྔར་བསྟན་རྣལ་འབྱོར་པས་འོད་རྣམས་ཡིད་ལ་བྱ། །དེས་ནི་བར་དོ་ལ་བདེ་བའི་སྣང་བ་ཐོབ། །གལ་ཏེ་དེ་དག་ཡིད་ལ་མི་གསལ་ན། །རང་གི་བླ་མ་ཡོད་ན་གནས་ས་ན། །གོང་གི་གདམས་པ་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེའི་སྤུན། །ཤེས་པ་གསལ་ཡང་གདབ་པར་བྱ། །གལ་ཏེ་གཞན་གྱི་ཕ་རོལ་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་གཟུང་བའི་ཕྱིར། །སྒོ་གསུམ་ཁ་སྣ་དག་ནི་སྒོ་སྤྲད་དེ། །དབུགས་ནི་ཕར་འགྲོ་ཚུར་འོང་བསྟུན་ཏེ་རྔུབ་དང་འཕང་། །ཡི་གེ་འབྲུ་གསུམ་ཨོཾ་ཨཱཿཧཱུཾ་གཞུག་པ་ནི། །ལུས་དང་ངག་ཡིད་སྟོབས་སྐྱེད་ཕྱིར། །དབུགས་དང་བཅས་ཏེ་ཡེ་ཤེས་དང་རླུང་བསྲེ་མཁས་པས་བྱ། །དེ་ལྟར་ཡང་དང་ཡང་བྱས་ན། །དེ་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་ལས་ཀྱི་སྟོབས་རྙེད་ནས། །སྔར་གྱི་གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་གོམས་སུ་གཞུག་པར་བཞག །དབང་པོའི་སྒོ་རྣམས་རང་གྲུང་ན། །མིག་གིས་དེ་ཉིད་བལྟ་རུ་གཞུག །མཉམ་པར་གནས་པའི་སེམས་བྱུང་ན། །མི་རྟོག་ལྡན་པའི་ཏིང་འཛིན་བསྒོམ། །ཕྱི་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་དོད་ནི་གྱེན་ཡལ་ནས། །དབུགས་ཆེན་འབྱིན་པར་བྱེད་པ་ཡིན། །མིག་ནི་མི་

གསལ་རབ་རིབ་ན། །ངན་སོང་གནས་རྣམས་དག་ཏུ་སྐྱེ། །ལག་པ་དག་ནི་གཡས་གཡོབ་ན། །མི་དེ་ལྷ་ཡི་གནས་ནའོ། །ཁ་ན་ཚིག་ནི་བླ་ཅོལ་དུ་འཆོལ་བ་ན། །ལྷ་མིན་གནས་སུ་དེ་བཞིན་སྐྱེ། །རྐང་པ་ནད་པ་དེས་གཡོན་པ་ས་ལ་བརྡེག །དེ་ནི་དམྱལ་བའི་གནས་སུའོ། །ལུས་ཀྱི་མདོག་ནི་སེར་བཀྲག་མེད། །འདི་ནི་ཡི་དྭགས་གནས་སུའོ། །ཁ་ནས་སེམས་ཅན་བ་གླང་ལ་སོགས་སྐད་བཞིན་འདོན། །དེ་ནི་བྱོལ་སོང་གནས་སུའོ། །ཡང་ན་ཁ་ལྐུགས་སོ་འཐམ་ན། །དེ་བཞིན་བྱོལ་སོང་སྐྱེ་ངེས་སོ། །ཚིག་གསལ་དན་པ་མ་ཉམས་ན། །དེ་ནི་མི་ཡི་གནས་སུའོ། །ཕྱི་ཡི་རྟགས་ནི་དེ་དག་དང་། །ནང་གི་རྟགས་ནི་འདི་དག་སྦྱར། །སྤྱི་བོར་དྲོད་རྣམས་འདུས་པ་ན། །དེ་ནི་ལྷ་ཡི་གནས་སུའོ། །དེ་བཞིན་རྐང་མཐིལ་དྲོད་འདུས་ན། །དེ་ནི་དམྱལ་བའི་གནས་སུའོ། །མཆན་ཁུང་གཡས་སུ་དྲོད་འདུས་ན། །དེ་ནི་ལྷ་མིན་གནས་སུའོ། །དེ་བཞིན་ཁར་ནི་དྲོད་འདུས་ན། །མི་དེ་ཡི་དྭགས་གནས་སུ་སྐྱེ། །དེ་བཞིན་མཚན་མར་དྲོད་འདུས་ན། །དེ་ནི་བྱོལ་སོང་སྐྱེ་གནས་སོ། །མིག་ཏུ་དྲོད་རྣམས་འདུས་པ་ན། །མི་ཡི་གནས་སུ་སྐྱེ་བ་ཡིན། །དེ་ལྟར་རྟགས་དང་སུ་ལྡན་ན། །འདི་ནི་ངེས་པ་ཁོ་ནའོ། །དེ་དག་རྗེས་སུ་གཟུང་བའི་ཕྱིར། །གནས་ནི་རིམ་པར་དེ་དག་ལས་དྲང་བའི་ཕྱིར། །ཡི་གེ་ཨ་ནད་པའི་སྙིང་ངམ་ལྟེ་བར་ལྷའི་གནས་ནས་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་ལོ་གྲངས་སམ་ཉི་ཤུ་རྩ་གཅིག་དབུགས་རེ་རེ་ལ་གྲངས་དང་སྦྱར། །གལ་ཏེ་དེ་ཡོ་ག་འམ་ནད་པའི་སྤྱི་བོར་བར་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པ་ལུས་ཀྱི་དཀྱིལ་ནད་པའི་སྙིང་ངམ་ལྟེ་བར་ལྷའི་གནས་ནས་དུ་ཡང་། །ཨ་ནི་དམིགས་ཏེ་བསྡུ་བར་བྱ། །དེ་ཉིད་ཤི་བར་གྱུར་པའི་ཚེ། །རོ་ལ་ཟག་པ་བཅས་པའི་ཕུང་པོ་ལ། །བུམ་པ་སྨན་དང་རིན་པོ་ཆེ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་བློ་ཉིད་དང་ཨ་ཡི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་དཀར་པོ་གྱིས་སྦྱངས་ནས། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡང་རྟག་ཏུ་དེ་བཞིན་ནོ། །

ཡི་དྭགས་རྟགས་དང་ལྡན་པ་ལ། །ཡི་གེ་བྷྱ་ཡི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་བརྒྱ་ཡང་བདུན། །ལྕེ་ཡི་སྟེང་དུ་བྷྱ་བཞག་སྟེ། །ཤེས་པའི་ངོ་བོ་དེ་ཡིས་སྡུད། །དེ་བཞིན་བུམ་པའི་ཁ་ཡི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་དཀར་པོ་བཀྲུས་ནས། །ཡི་དྭགས་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟར་རོ། །བྱོལ་སོང་རྟགས་དང་སུ་ལྡན་པ། །ཡི་གེ་རྒྱ་ཡི་སྦྱོར་བ་ཡིས། །འདིས་ནི་གནས་རྣམས་སྦྱང་བར་བྱ། །དབུགས་དང་བཅས་ཏེ་ལན་གྲངས་དགུ། །མཚན་མར་རྒྱ་ཡིས་བཏབ་ནས་ནི། །ཤེས་པ་རྣམས་ནི་སྟོང་པ་ཡིས། །ཡང་ཡང་རླུང་དང་བཅས་ཏེ་འཕང་། །དེ་བཞིན་བུམ་པ་མཚན་མའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ནས། །བྱོལ་སོང་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་ལྟར་རོ། །གང་ཞིག་ལྷ་ཡི་རྟགས་བྱུང་ན། །ཡི་གེ་ཏཾ་གྱི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་ཡང་། །བཅུ་གཅིག་ལྡན་པས་ཤེས་པ་སྦྱངས། །སྤྱི་བོར་ཡི་གེ་ཏཾ་བཞག་ཞེས་བསམ་ཡང་བྱུང་སྟེ། །ཤེས་པ་ཟག་མེད་མིག་དེའི་རྣམ་ཤེས་མིག་ཏུ་ཏུ་དྲངས། །དེ་བཞིན་བུམ་པ་སྤྱི་བོའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །ལྷ་ཡི་གནས་རྣམས་སྟོངས་ནས་ནི། །དེས་ནི་མི་ཡི་སྐྱེ་གནས་ཐོབ། །ལྷ་མིན་རྟགས་དང་སུ་ལྡན་པ། །ཡི་གེ་ཀེཾ་གྱི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་ཉི་ཤུའི་གྲངས། །མཆན་ཁུང་ཉིད་ནི་གཡས་སུ་ཡང་། །ཡི་གེ་ཀེཾ་ནི་མཁས་པས་བཞག །ཤེས་པ་མཉམ་པ་ཆེན་པོར་སྤྲོ། །དེ་བཞིན་བུམ་པ་མཆན་ཁུང་སྟེ། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ལྷ་མིན་གནས་རྣམས་སྟོངས་ནས་ནི། །དེ་ཡང་མི་ཡི་སྐྱེ་གནས་ཐོབ། །དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་གོང་ནས་གོང་དུ་ནས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ནི་བདེ་བ་རྙེད། །ཕྱིས་ནས། དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །

ཡི་གེ་རང་གི་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་རྣམས་སྦྱངས། །གོང་གི། གལ་ཏེ་དབུགས་དང་བྲལ་བ་ན། །ཕུང་པོའི་གནས་རོ་ལ་གོང་གི་སུ་བུམ་པ་ཡི། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དེ་ཡང་ཐེ་ཚོམ་མི་ཟའོ། །གལ་ཏེ་ཕུང་པོ་ཞག་མང་བར་ལོན་པ་མེད་པ་ན། །འདི་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང་། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་གོང་ལྟར་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་སྤྲུལ་སྐུ་དང་ལོངས་སྐུ་ཆོས་སྐུ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །འདི་ཉིད་ལ་བདུན་ཚིགས་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །མི་རྟོག་ཐུབ་པ་ཡང་ཉོན་ཅིག །དེ་ལྟར་གོང་དུ་བསྟན་པ་རྣམས། །ཐ་མལ་རྣམས་ཀྱི་འཆི་ལུགས་ཏེ། །རྣལ་འབྱོར་པ་ནི་འདི་ལྟར་བརྟགས། །ཐ་མའི་དབང་པོ་ཐ་མ་ནི། །སྲིད་པ་བར་དོར་འཕྲོ་མཐུད་དེ། །དཔེར་ན་རྐང་ཆག་ཝ་བཞིན་ནོ། །དེ་བཞིན་དབང་པོ་འབྲིང་པོ་རྣམས། །རི་དྭགས་ལྟ་བུའི་འཆི་ལུགས་རིའམ་ལུང་སྟོང་དུ་ཤི་བ་ནི། །རྣལ་འབྱོར་པ་ཡི་འཆི་ལུགས་སོ། །དེ་བཞིན་སེང་གེ་གངས་ཁྲོད་དུ་ལྟ་བུ་དང་། །གང་ཞིག་སུའི་རོ་ཡིན་ཆ་མེད་པར་སྤྲང་པོ་ལྟ་བུ་དང་། །དེ་བཞིན་བུ་ཆུང་ལྟར་ཤི་བ། །རྣལ་འབྱོར་འབྲིང་གི་ཤི་ས་ཡིན། །གང་ཞིག་མཁའ་འགྲོའི་འཆི་ལུགས་དང་། །དེ་བཞིན་རིག་འཛིན་འཆི་ལུགས་དང་། །མེ་དཔུང་ལྟ་བུ་རང་ཟད་དང་། །མི་སྣང་ནམ་མཁའ་ཁུ་རླངས་དང་། །རྫ་ཆག་པས་རྫའི་ནང་གི་ནམ་མཁའ་གར་སོང་མེད་པ། འདི་ཀུན་འབྱུང་བ་རང་ཟད་པར། །མི་སྣང་མི་ལེན་འདི་ལྟ་བུ། །རྣལ་འབྱོར་རབ་ཀྱི་སྤྱོད་ཡུལ་ཏེ། །འདི་ལ་གོམས་པས་རང་ཤུགས་རྙེད། །ཤི་ཁར་གདམས་པ་འདི་དག་ཤེས་པ་ཡིས། །ལུས་སེམས་འཕོ་བའི་མཚན་ཉིད་ཤེས། །འདི་ལྟར་གནས་པའི་རྣལ་འབྱོར་ལ། །འཆི་བ་བརྟགས་དང་མི་བརྟག་མེད། །དེ་

བཞིན་འཇིགས་པ་ཀུན་བྲལ་ཏེ། །ལུས་ཀྱི་ཞེན་པའི་མཐའ་དང་བྲལ། །ལྟ་བ་ཉིད་དང་སྒོམ་པས་ཀྱང་། །རྣལ་འབྱོར་ལྡན་ལ་ཕན་གནོད་བྲལ། །ཕན་བྲལ་གནོད་པའི་འབྲས་མེད་པས། །འདི་ལ་གནས་པའི་ཡུལ་ཡང་མེད། །རྒྱུ་དང་འབྲས་བུའི་རྣམ་སྨིན་བྲལ། །དེ་ཕྱིར་འདི་ལ་གོམས་པ་མཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང་། །དུས་མ་འགྱུར་བར་སྣང་བ་འགྱུར། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་ཀློང་། །དེ་ཕྱིར་འདི་དག་རྟོགས་པས་ཆོག །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་ཉི་ཟླ་ཁ་སྦྱོར་གསང་བའི་རྒྱུད་ལས་འཆི་ཀ་མའི་བར་དོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་མི་རྟོག་ཐུབ་པས་ཡང་གསོལ་པ། ཀྱེ་མ་སྟོན་པ་རྡོ་རྗེ་སེམས། །འཆི་ཀའི་བར་དོ་དེ་ལྟར་ན། །ཆོས་ཉིད་བར་དོ་ཅི་ལྟར་ལགས། །དོན་འདི་བདག་ལ་བཀའ་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་ཀྱིས་མི་སྣང་བ་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་ལས་བཞེངས་ནས་བཀའ་སྩལ་པ། ཀྱེ་མ་མི་རྟོག་ཐུབ་པ་ཆེན་པོ་ཉོན་ཅིག །དེ་ལྟར་ཚེའི་འདུ་བྱེད་བྱས་པ་ཐམས་ཅད་ལ་ཆོས་ཉིད་ཀྱི་བར་མ་དོ་འདིར་ཆོས་ཉིད་ཀྱི་བར་དོ་དང་སྲིད་པའི་བར་དོ་བསྟན་ཞེས་བྱ་བ། འདི་ལྟར་སྣང་བ་འདི་ནུབ་སྟེ། །ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེ་བའི་ཞིང་། །རང་སྣང་དག་པའི་སྐུར་སྣང་སྟེ། །ཆོས་ཉིད་ཞིང་ཁམས་སྣང་བ་ལ། །རང་སྣང་དག་པའི་སྐུར་སྣང་སྟེ། །འདི་ལ་ཐེ་ཆོས་ཉིད་བར་དོ་ལ་ཚོམ་སུས་ཟ་བ། །རྒྱལ་བ་རྣམས་ཀྱི་སྐུ་ལ་བསྒྲིབ། །ཕྱིས་མི་རྙེད། ཅེས་གསུངས་སོ། །ཡང་གསོལ་པ། ཀྱེ་བཅོམ་ལྡན་འདས་དེ་ལྟ་བུའི་སྣང་བ་དེ་རང་ཅི་ལྟ་བུ་བདག་ལ་གསུང་དང་། ཡང་བཀའ་སྩལ་པ། ཀྱེ་མི་རྟོག་ཐུབ་པ་ཆེན་པོ་ཁྱོད་ཉོན་

ཅིག །རང་བཞིན་དག་པའི་སྣང་བ་འདི་ལྟ་སྟེ། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ།དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ། རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་ནི་མེད་དེ། ཡོད་སྙམ་པའི་ཤེས་པ་ནི་རྨི་ལམ་ལྟ་བུ་འབྱུང་ངོ་། །རྡོས་བཅས་ཀྱི་ལུས་ནི་མི་ཤ་ཁྲག་རང་གམ་སྣང་སྟེ། འོད་ཀྱི་ལུས་སུ་སྣང་བའོ། །དེའི་ཚེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ་འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་བའོ། །དེ་ཡང་སྣང་བ་དེ་དག་ནི་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། ཕྱི་ནང་མེད་པ་ཀུན་ཏུ་ཟང་ཐལ་བ། ལྟེམ་བཞིན་པ། མེར་བཞིན་པ། མནན་ན་ནེམ་སྙམ་པ། བཏེག་ན་འཕར་བ་སྙམ་པ། ཤིན་ཏུ་ཡིད་འཕྲོག་པ། ཁ་དོག་གསལ་བ་ལ། ས་སོར་མ་འདྲེས་པར་རང་གསལ་བ། ཆ་མཉམ་པ་ལ་གསལ་བའི་ཆ་མ་འགགས་པ། ཡང་དག་པར་བལྟས་ན་ཤིན་ཏུ་ཕྲ་བ་དང་།འགྱུ་བ་དང་། འགུལ་བ་ལྟ་བུ་དང་། འཕྲིགས་པ་ལྟ་བུ་དང་། རབ་ཏུ་འཚེར་བ་ལས་ལྷུན་བརྗིད་པའོ། །ཤིན་ཏུ་རྒྱ་ཆེ་ལ་དཔག་པའམ་དམིགས་སུ་མ་ཚུད་པ། འཕང་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་པའོ། །དེ་ཡང་ཁ་དོག་ནི་ལྔ་སྟེ། དཀར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དེ་བཞིན་དུ་སེར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དམར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། ལྗང་གུ་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་དང་། དེ་བཞིན་དུ་མཐིང་ག་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་སྟེ། དེ་དག་རེག་ལ་མ་འབྱར་བར་སོ་སོར་ཁ་དོག་རང་གསལ་བ་དང་། ཤིན་ཏུ་ལྷུན་སྡུག་པར་གནས་སོ། །དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང་། ཁ་

དོག་དང་། བཞུགས་ཚུལ་དང་། གདན་ཁྲི་དང་། ཕྱག་རྒྱ་དང་བཅས་ཏེ། སྐུ་དེ་དག་ཀྱང་ལྔ་ལྔའི་གཟུགས་ཀྱིས་ཁྱབ་པ། ལྔ་ཚན་རེ་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང་། ཡུམ་གྱི་ཆ་འཛིན་པའི་རིགས་དང་། སེམས་དཔའ་དང་། སེམས་མ་དང་། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འདྲེལ་ཏེ་འཆར་རོ། །དེ་ལ་རང་གིས་ཤེས་པ་ཟིན་ཏེ། མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་ས། དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱ་སྟེ། སྣང་བ་དེ་ཀུན་ཀྱང་རབ་ཏུ་འཕྲིགས་པར་མངོན་པར་འགྱུར་ཏེ། སྙིང་གའི་ཟེར་ཐག་དེ་ལ་ཡང་། ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེ་ནས་ཡང་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་ཏེ། དེ་ནས་སྐུ་དེ་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ། དེ་ནི་འོད་རིག་པ་ལ་ཆུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེའི་སྟེང་གི་ནམ་མཁའ་ལ་གྱེན་དུ་ཟུག་པར་སྣང་ངོ་། །དེ་ལ་རང་གི་མིག་གིས་མ་ཡེངས་པར་བལྟས་པས། སྣང་བ་དེ་དག་མ་འདྲེས་པར། ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་དང་པོ་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབ་པ་ཙམ་ཤིན་ཏུ་གསལ་ལ་འཚེར་བ། དེ་ལ་ཡང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་གོང་དང་འདྲ་བ་འཆར་རོ། །སེར་པོའི་སྣམ་བུའི་སྟེང་དུ། ཡང་ཐིག་ལེ་གོང་དང་འདྲ་བར་འཆར་རོ། །དེའི་སྟེང་དུ་ཡང་དམར་པོའི་སྣམ་བུའི་སྟེང་དུ། ཐིག་ལེ་གོང་མ་ལྟར་

འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཞིག་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་སྣང་བ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་མི་སྣང་ངོ་། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །དེ་ནས་རང་གི་ཤེས་པ་སྟེང་ལྷུན་གྲུབ་ཀྱི་གཞི་ཡིན་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་གོང་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་པའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལ་ཡང་མི་གནས། མ་དག་པ་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་མ་བུ་འདྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ། །དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ། སྔོན་གྱི་སྐྱེ་གནས་ཤེས་པ་དང་། འཆི་འཕོ་བ་དང་། སྐྱེ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྣང་བ་ལྐོག་ཏུ་གྱུར་པ་ཐམས་ཅད་ཤེས་པ་དང་། རིགས་དྲུག་གི་གནས་མཐོང་ཞིང་ཤེས་པ་དང་། དབང་པོ་རྣམ་པར་དག་པའི་མངོན་པར་ཤེས་པ་དང་དྲུག་འཆར་རོ། །དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང་། ལམ་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང་། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང་། བསམ་གཏན་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང་།

བླ་མའི་གདམས་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང་། བལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་དང་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པའོ། །དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་སྟེ། སྔོན་གྱི་ཆོས་རྣམས་ཐམས་ཅད་རྒྱུད་ལ་དུས་གཅིག་ཏུ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ། །རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་འཆར་བས་རྣམ་པར་རྟོག་པ་ངན་པ་ཅི་ཡང་མི་སྐྱེའོ། །དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བརྟན་ལ་ལ་ནི་མདོག་དཀར་པོ་ལ་བརྟན་པ་ཐོབ་པ་ཞེས་བྱ་བ་རང་ཤར་ན་གསལ་པ་ཐོབ་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་། སྔར་བླ་མའི་ལུང་མེད་པ་རྣམས་ནི། སྣང་བ་དེ་ལ་དྲེད་པ་དང་། སྔངས་པ་དང་། སྡུག་པ་དང་། འཇིགས་པ་དང་། འདུ་ཤེས་ཤོར་བ་ལ་སོགས་ཏེ། ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ། ཡང་དབང་པོ་ཉི་ཤུ་རྩ་གཅིག་གིས་བྱེ་བྲག་ཏུ་འཁྲུལ་པ་ཡང་ཡོད་དོ། །དེ་ལྟར་དབང་པོ་གསུམ་ནི། རབ་ཀྱིས་སྐད་ཅིག་མ་གསུམ་ལ་གྲོལ་བར་འགྱུར་རོ། །འབྲིང་གིས་ཞག་ལྔ་ན་བརྟན་པ་ཐོབ་པ་ཡང་ཡོད་དོ། །སྐད་ཅིག་མ་ཉི་ཤུ་རྩ་གཅིག་ན་བརྟན་པ་ཐོབ་པ་ཡང་ཡིན་ནོ། །ཐ་མ་རྣམས་ནི་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་རྣམས་སུ་དབུགས་ཕྱུང་ནས། བར་དོ་མེད་པར་སངས་རྒྱས་པ་ཡིན་ནོ། །དེ་ནས་མི་རྟོག་ཐུབ་པས་ཡང་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་དེ་དག་གི་དུས་དང་ཐབས་ཇི་ལྟ་བུ་ལགས། བདག་ལ་བསྟན་དུ་གསོལ། སྟོན་པས་བཀའ་སྩལ་པ། ཀྱེ་མི་རྟོག་ཐུབ་པ་ཁྱོད་ཉོན་ཅིག །འདི་ཡི་དུས་ནི་གསུམ་སྟེ།འཇུག་པའི་དུས་དང་། གྲོལ་བའི་དུས་དང་། མཐར་ཕྱིན་པའི་དུས་སོ། །འཇུག་པའི་དུས་ནི་གཉིས་ཡིན་ཏེ། རིག་པ་འོད་ལ་ཕར་འཇུག་པ་དང་། འོད་རིག་པ་ལ་ཚུར་འཇུག་པའོ། །གྲོལ་བ་ནི་གསུམ་སྟེ། རིག་པ་ཉིད་རྐྱེན་རྣམས་དང་བྲལ་བས་འབྱུང་བ་ལས་གྲོལ་བ་དང་། རིག་པ་ལ་དྲི་མ་མེད་པས་ཉོན་མོངས་པ་

ལས་གྲོལ་བ་དང་། རིག་པ་ཉིད་མཐའ་གང་དུ་ཡང་མ་ལྷུངས་པས་ཕྱི་ནང་གི་ཆོས་ལ་གྲོལ་བའོ། །མཐར་ཕྱིན་པ་ནི། རིག་པ་ཉིད་ཆོས་ཐམས་ཅད་ཀྱི་སྣང་བ་དུས་གཅིག་ལ་གྲོལ་བར་བསྟན་པའོ། །ཐབས་ནི་གཉིས་ཏེ། སྔོན་རོལ་གྱི་གདམས་པའི་གནད་དང་། འདི་དུས་ཀྱི་རིག་པ་རྣོ་བརྟུལ་གྱི་ཁྱད་དོ། །མི་རྟོག་ཐུབ་པས་ཡང་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཆོས་ཉིད་བར་དོ་དེ་ལྟར་ན། །སྲིད་པའི་བར་དོ་ཇི་ལྟར་ལགས། །འདི་དག་བདག་ལ་ལེགས་པར་གསུང་། །ཆོས་ཉིད་གནས་པའི་བར་མ་དོར། །གང་གི་ཤེས་པ་མ་ཚུད་ན། །འཁོར་བའི་ལམ་ནི་ཇི་ལྟ་བུ། །འདི་ཀུན་བདག་ལ་གསུང་བར་ཞུ། །དེ་ནས་སྟོན་པས་བཀའ་སྩལ་པ། །ཀྱེ་མ་མི་རྟོག་ཐུབ་པ་ཉོན། །ངས་བསྟན་ཁྱོད་ཀྱིས་ལེགས་པར་ཟུང་། །འདི་ཉིད་ལུང་དང་མི་ལྡན་པའི། །སེམས་ཅན་ཀུན་གྱི་འཇུག་པའི་ས། །སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་སྒོ་ནི། །དཔེར་ན་ཟོ་ཆུན་བཞིན་དུ་འཁོར། །ཤ་ཁྲག་རང་གའི་སྲིད་པ་བར་མ་དོའི་ངོ་བོ་གང་ཞེ་ན་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་སོ། །སྔ་མའི་ངེས་ཚིག་ཤེས་པའི་སྣང་བ་འགགས། །ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པར། །གང་ནུབ་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པས་བར་མ་དོ། །ཕྱིས་ནི་གང་འདིའི་དུས་ཀྱི་ཆ་འཛིན་པར་ཡང་སྐྱེའི་ཆ་བྱད་འཛིན། །ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང་། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང་། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང་། །དབང་རྫུ་འཕྲུལ་པོའི་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང་། །རི་བྲག་རྣམས་ལ་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱིས་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་དེའི་ལུས་ཀྱི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུ་འམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་འདྲ། །ལྷ་མིན་ཁ་ཆར་

འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གཟོད་སྐྱེ་བའི་དབང་། །སྲིད་པའི་བར་དོའི་ལས་སོག་པ་དང་མི་སོག་པ་བསྟན་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གིས་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིར་སོག་གོ། །དེ་ཚེ་ཤེས་པའི་ལྟས་ལས་དགེ་སྡིག་གི་ལྟས་གང་ཞེ་ན་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་པ་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང་། །དེ་ཉིད་མིང་དུ་ཡོད་ཅེ་ན་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིགས་པར་བྱ། །མིང་བཞི་འདུས་པའི་བདག་འབྱུང་བའི་ས་བོན་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུག་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་ཤ་ཁྲག་རང་གམ་མེད་པས། །ཐོགས་པ་མེད་པར་ཀུན་ཐམས་ཅད་ལ་བལྟ་སྙིང་འདོད་ལ་འཇུག །དེ་ལྟར་བར་ལུས་རྣམས་འདི་ལྟར་འོང་སྟེ་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པ་འམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་བཞི་ལས་གར་གཏོགས་ཞེན་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་གསུམ་དུ་རྫུས་ནས་སྐྱེ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་སྤྱོད་པའི་ཚུལ་ལམ་ནི་འདི་ལྟ་བུ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་སྤྱོད་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་ལས་དག་པའི་འོད་རྣམས་ནི་རྣམས་ནི། །སྔར་ཞེན་བག་ཆགས་བག་ཆུང་བ། །འདི་ཡི་འོད་ནི་དཔག་ཚད་ཕྱེད། །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མོག་མོག་པོ་མི་སྣང་། །གང་གི་ལས་ནི་བཟང་ཕྱི་མའི་ལུས་བཟང་པོར་འགྱུར་མི་འགྱུར་ངན་གྱིས། །བཟང་བ་དགེ་དང་ཡིད་འོང་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་མའི་ལུས་དང་འདྲེལ་བར་ནི། །རང་ཤུགས་ཞེ་ལུས་མེད་ཀྱང་སྡང་སྐྱེ་བའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ནས། །མིང་བཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མ་སྲིད། །མིང་བཞི་འདུས་པའི་ཕུང་པོ་ལས། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་ཕྱི་མའི་ལུས་དང་ཇི་ལྟར་

འདྲེལ་ཞེ་ན་བའི་ཚེ། །ལྷ་ཁང་ངམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང་། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་བ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང་། །ངན་སོང་རྣམས་ནི་སྤྱིལ་པོའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང་། །འདི་དག་མངལ་དུ་ཚུད་པའི་ལྟས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེར་ན་རྩྭས་འདིའི་དཔེ་ཅི་ཞེ་ན་ནི་མེ་འཛིན་དང་། །དེ་བཞིན་འདམ་འགྲོ་བ་འཛིན་གྱིས་རྫས་འཛིན་དང་། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་འཁོར་བར་པའི་རྙིས་འཛིན་ནོ། །ཐུབ་པ་ཉིད་ཀྱིས་ཡང་གསོལ་པ། །ཀྱེ་ཀྱེ་སྟོན་པ་རྡོ་རྗེ་སེམས། །འདི་གདམས་པ་འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྲིད་པའི་སྣང་འགྱུར་རམ། །འོན་ཏེ་མི་སྣང་བ་འམ་ཅི། །སྟོན་པས་གསུངས་པ་སྲིད་པ་དེ་སྣང་སྟེ། །རང་ཉོན་མོངས་པ་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཤར་ཕྱོགས་མངོན་པར་དགའ་བ་ལ་སོགས་པ་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་རྙེད། །འདི་ཉིད་མ་མཐོང་གདམས་པ་འདི་མེད་པ་རྣམས་སེམས་ཅན་ནི། །དེ་ནས་མངལ་གྱི་སྒོར་ཚུད་ནས། །ཕ་ཁུ་བ་དང་མ་ཡི་ཁྲག་རྒྱུ་རྐྱེན་ལས། །མེར་མེར་པོ་དང་མངལ་དུ་ཞག་བདུན་ནུར་ནུར་བདུན་པོ། །ལྟར་ལྟར་བདུན་པོ་དང་གོར་གོར་བདུན་པོ། །མཁྲང་འགྱུར་ཉིད་དང་ཉ་ལྟ་བདུན་བུ། །རུས་སྦལ་བདུན་བཞིན་དང་སྦལ་བ་བདུན་བཞིན། །དེ་བཞིན་ཞག་ནི་ཞག་བཞི་བཅུ་རྩ་དགུར་གནས་བདུན་ཕྲག་བདུན། །ལྟེ་བ་ལས་རྩ་མདུད་ལས་ནི་ལུས་རྣམས་བསྐྱེད། །ཟླ་དགུ་དེ་བཞིན་མི་རྣམས་ངོ་བཅུ་ན། །ལུས་རྫོགས་མ་ཡི་མངལ་ནས་སྐྱེ་ཐོན། །དེ་ལྟར་གཟུགས་དེ་ལྟར་ལས་དགའ་ལྡན་དང་། རྩོད་ལྡན་དང་། ཆ་མཉམ་ལྡན་དང་། མྱོས་ལྡན་དང་། སྐྱེ་ལྡན་དང་རྒྱུད་སྡུག་ལྡན་ནོ་བྱུང་བ་ཆེན་པོ་དང་ལྡན་པའོ། །ནི་ཐ་དད་དུ། །འཁོར་བ་ཉིད་ནས་འཁོར་བའོ། །མི་འཁོར་ཡེ་ཤེས་འདི་ལྟ་སྟེ། །ནམ་མཁའ་ལམ་དུ་སུ་བྱེད་པ། །འདི་ལ་རྣལ་འབྱོར་རྫོགས་པའོ། །ཞེས་ཉི་ཟླ་ཁ་སྦྱོར་གསང་བ་ཆེན་པོའི་རྒྱུད་ལས་ཆོས་ཉིད་ཀྱི་བར་དོ་དང་སྲིད་པའི་བར་དོ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་འཁོར་དེ་རྣམས་ཐམས་ཅད་ཀྱིས། སྐྱེ་བ་མེད་པའི་ཆོས་ཉིད་ཐོབ་སྟེ།རྗེས་སུ་ཡི་རང་ངོ་། །ཉི་ཟླ་ཁ་སྦྱོར་གསང་བ་ཆེན་པོའི་རྒྱུད་ཅེས་བྱ་བ། སྐྱེ་གཉིས་དག་པར་བྱེད་པ་རྫོགས་སོ།། །།ཉི་ཟླ་ཁ་སྦྱོར་གསང་བའི་རྒྱུད་ཆེན་པོ་ལ་འགྲེལ་པ་རིན་ཆེན་གསེར་ཕྲེང་བྱ་བ་ཡོད། ཉི་ཟླ་ཁ་སྦྱོར་ཉིད་ལ་མ་བུ་དྲུག། །།

སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་སིཾ་ཧ་པ་རཱ་ཀྲ་མ་པཱུརྞྞ་ཏན་ཏྲ་ནཱ་མ།བོད་སྐད་དུ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དྲག་པོ་རྩལ་གྱིས་རྣམ་པར་གནོན་པ་ཉིད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཨེ་མ་ཧོ། སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པར་རྫོགས། །དེ་སྟོན་ཡེ་ཤེས་ཆེན་པོའི་ལུང་། །འདི་བཤད་པ་ཡིས་གྲོལ་བར་འགྱུར། །དེ་སྐད་ཅེས་གཟུགས་མེད་པའི་སྐུས། བསམ་པ་དང་བྲལ་བའི་ཤེས་རབ་ལ་གཟིགས་ཏེ། ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། རིག་པ་མ་བཀོད་པར་སྣང་བ་ནས།གསུངས་སོ། །གསུང་ངོ་། །གསུང་བར་འགྱུར་རོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རིག་པའི་ཡེ་ཤེས། བཀོད་པ་རིན་པོ་ཆེའི་གཞལ་ཡས་ཁང་ན་འགྱུར་བ་མེད་པ་རང་བཞིན་གྱིས་རྣམ་པར་དག་པའི་སྐུ་ལྔ་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ། ཆོས་ཉིད་མངོན་པར་སྣང་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། དགོངས་པ་རང་གནས་ཡེ་ཤེས་ཆིག་ཆོད་ཀྱི་ལྟ་བ་འདི་གསུངས་སོ། །ཨེ་མ་ཧོ། ངོ་མཚར་ཆེ་བའི་ལྟ་བ།རང་རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ། ཆོས་ཉིད་གདོད་མའི་དབྱིངས་ལས་མ་གཡོས་པའི་ཆིག་ཆོད་བལྟ་བ་ངས་བསྟན་གྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས་ཉོན་ཅིག །བལྟ་བ་རང་སྣང་གི་ཡེ་ཤེས་ངོས་གཟུང་གི་མཐའ་ལས་འདས་ཀྱང་། ཐུགས་རྗེ་རང་སྣང་གི་རོལ་པ་མ་འགགས་པས། ཡེ་ནས་བལྟ་བ་རང་བྱུང་གི་ཡེ་ཤེས་ལ་འགག་པ་མེད་དོ། །དགོངས་པ་རང་གནས་ཀྱི་ཡེ་ཤེས་ལ་རྟོགས་མཐའ་མེད་དོ། །ཨེ་མ་ཧོ། རིགས་ཀྱི་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་མ་ནོར་བར་བསྟན་ན། དགོངས་པ་ཡེ་ཤེས་ཆེན་པོ་ལྔས། ཡེ་ཤེས་ཀྱི་དོན་ལ་འགགས་པར་གསལ་ཏེ། དེ་ཡང་དགོངས་པ་ལྔ་གང་ཞེ་ན། རི་བོ་སྤྱི་བཅིངས་ཀྱི་དགོངས་པས་བལྟ་བ་ལ་ལ་བཟླ་བར་བྱའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པས་ས་གཟུང་བར་བྱའོ། །ཐིག་ལེ་མཐོང་བརྟོལ་གྱི་དགོངས་པས་སྣང་བ་འཆར་ཚུལ་

བརྟག་པར་བྱའོ། །ཉི་ཟླ་ཁད་མཉམ་པའི་དགོངས་པས་དོན་ལ་བསྐྱལ་བར་བྱའོ། །རྒྱ་མཚོ་ཀློང་བརྡོལ་གྱི་དགོངས་པས་རིག་པ་དབྱིངས་ལ་བསྐྱལ་བར་བྱའོ། །ཨེ་མ་ཧོ། རིགས་ཀྱི་བུ། སངས་རྒྱས་ཀུན་གྱི་དགོངས་པ་ལྔ། །འགག་མེད་ཚུལ་གྱིས་ཡོངས་ལ་ཁྱབ། །ཡེ་ནས་ཀློང་འབྱམས་དགོངས་པ་ལས། །ལྷག་མཐོང་རིག་པའི་ཡེ་ཤེས་སྐྱེས། །དེ་ཚེ་རང་གི་བདེན་པ་མཐོང་། །དེ་ལས་རིག་པའི་མེ་ཏོག་སྐྱེས། །དེས་ནི་སྐྱེ་མེད་ཕ་རོལ་ཕྱིན། །ལྟ་བ་ཡེ་ཤེས་དོན་ལ་རྟོག །རྟོག་ན་གསང་སྔགས་སྐྱེ་མི་འགྱུར། །མཚན་མའི་སེམས་ལ་དོན་བཙལ་བས། །དོན་མེད་འཁོར་བའི་སྡུག་བསྔལ་ཐོབ། །རང་རིག་ཡེ་ནས་དགོངས་པ་ཉིད། །ཡུལ་དུ་མི་སྣང་ཀུན་ལ་རོལ། །རྣམ་རྟོག་མེད་པའི་ནམ་མཁའ་ལ། །བྱ་བྱེད་མེད་པའི་རིག་པ་གསལ། །འཛིན་པ་མེད་པའི་རང་སྣང་ལ། །ལྟ་བྱེད་མེད་པའི་ལྟ་བ་གསལ། །རྟོགས་མཐའ་མེད་པའི་ཤེས་རབ་ལ། །རྟོག་མེད་རང་སངས་བསྒོམ་པ་གསལ། །བགྲོད་མེད་སྟོང་པའི་ཡེ་ཤེས་ལ། །མ་འགགས་ཞེན་མེད་སྤྱོད་པ་གསལ། །འབྱུང་བ་ཡེ་ཤེས་ས་བོན་ལ། །རང་སྣང་བཟློག་མེད་འབྲས་བུ་གསལ། །སངས་རྒྱས་ཡེ་ཤེས་གསལ་བས་མཛེས། །ལྷང་ངེ་ལྷན་ནེ་དོན་གསལ་བའོ། །དེ་ནས་རྣམ་པར་སྣང་མཛད་ཀུན་རིག་ཆོས་ཀྱི་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་ཀུན་ཏུ་བཟང་པོ། སངས་རྒྱས་དང་ཡེ་ཤེས་ཀྱི་མངའ་བདག །ཐུགས་རྗེ་རང་སྣང་གི་དགོངས་པ་དང་ལྡན་པ། བདག་ཅག་མོས་པའི་འཁོར་རྣམས་ལ་ཐིག་ལེ་རྣམ་པ་ལྔའི་དོན་ཅི་ལྟ་བུ་ལགས། གསུང་དུ་གསོལ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་ཏིང་ངེ་འཛིན་རང་གནས་ཀྱི་དོན་ལས་བཞེངས་ནས། རིགས་ཀྱི་སངས་རྒྱས་རྣམས་ལ་བཀའ་སྩལ་པ། ཀྱེ་རིགས་ཀྱི་བུ་འཁོར་གྱི་བྱང་ཆུབ་སེམས་དཔའ་དང་བཅས་པ་རྣམས་ཉོན་ཅིག །ངས་དགོངས་པ་ལྔའི་དོན་མ་ནོར་བར་བསྟན་གྱིས་ཉོན་ཅིག །ལེགས་པར་ཉོན་ཅིག །རི་བོ་སྤྱི་བཅིངས་ཀྱི་དགོངས་པ་ཤར་བའི་དུས་ན། རྫོགས་ཆེན་གྱི་ལྟ་བ་མཐར་ཕྱིན་ཏེ། དབང་པོ་རབ་འབྲིང་ཐ་མ་གསུམ་ལ། ལྟ་བ་རྣམ་པ་གསུམ་འཆར་ཏེ། དབང་པོ་རབ་ཡེ་ཤེས་ཀྱི་སྣང་བ་ལྷུག་པར་ཤར་བའི་

ལྟ་བ་ནི། རང་གི་ཡེ་ཤེས་རྟོག་མེད་ཀྱི་རིག་པ་སྐུ་དང་བཅས་པར་རྟོགས་ཤིང་། དེའི་ཚེ་དགོངས་པ་ནི་གསལ་བ་ལ་མི་གཡོ་བ་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུའོ། །སྤྱོད་པ་ནི་འགག་མེད་ཤུགས་འབྱུང་གི་སྤྱོད་པ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའོ། །འབྲས་བུ་ནི་སྐྱེ་མེད་རང་བྱུང་གི་སྣང་བ་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་རང་གི་རིག་པ་སྐྱེ་མེད་དུ་འདུག་པ་ཙམ་ཞིག་རྟོགས་པའོ། །དགོངས་པ་ནི་རྒྱ་མཚོ་ལ་དར་ཆགས་པ་ལྟ་བུར་རྣམ་རྟོག་གི་ཕྱོགས་དང་བྲལ་བའོ། །སྤྱོད་པ་ནི་མ་བཀག་ལྷུག་པ་སྨྱོན་པ་ལྟ་བུ་སྟེ། སྣང་བ་ལ་ཐོགས་རྡུག་མེད་པར་སྤྱོད་པའོ། །འབྲས་བུ་ནི་མཚན་མ་ཟིལ་གྱིས་གནོན་པ་རང་གནས་ཀྱི་དགོངས་པ་དང་ལྡན་པའོ། །དབང་པོ་ཐ་མའི་ལྟ་བ་ནི། སྣང་བ་འདི་སྒྱུ་མའམ། སྨིག་རྒྱུའམ། སྤྲུལ་པ་ལྟ་བུར་རྟོག་པའོ། །དགོངས་པ་ནི་རང་གི་སྣང་བ་ངོ་སྤྲད་པས། བར་དོ་ལ་ཡེ་ཤེས་འཆར་བར་ཤེས་པ། སེང་ཕྲུག་མངལ་རྒྱ་དང་བྲལ་བ་ལྟ་བུ་སྟེ། སྦུབས་ཀྱིས་ཡེ་ཤེས་བསྒྲིབས་པ་མཐོང་བའོ། །སྤྱོད་པ་ནི་འཁོར་འདས་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི་ལུས་བོར་ནས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་འབྲས་བུ་འཐོབ་པའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་སྐྱེས་པའི་དུས་ན་ཡང་གང་ཟག་རབ་འབྲིང་ཐ་མ་གསུམ་གྱི་ལྟ་སྟངས་གསུམ་དུ་འབྱུང་སྟེ། དབང་པོ་རབ་ཀྱིས་དབང་བསྐུར་བ་དེ་ཉིད་སྐྱེ་མེད་ཀྱི་འབྲས་བུ་རང་ཆས་སུ་བསྟན་པར་རྟོགས་སོ། །དགོངས་པ་ནི་སྦྱོར་བའི་ཤེས་རབ་ཀྱིས་སྟོང་བའི་ཐིག་ལེ་ལ་རྒྱས་བཏབ་པས་བདེ་བ་ཆེན་པོ་མཁའ་མཉམ་གྱི་དགོངས་པ་ལས་མ་གཡོས་པའོ། །སྤྱོད་པ་ནི་བྱང་སེམས་དཀར་དམར་ལ་གཙང་སྨེ་མེད་པར་སྤྱོད་པའོ། །འབྲས་བུ་ནི་རིགས་ཀྱི་སའི་དེ་བཞིན་ཉིད་མཐོང་བའོ། །དབང་པོ་འབྲིང་གི་ལྟ་བ་ནི། སྣང་བ་རིག་པའི་སྟོབས་སུ་གྱུར་པ་ཙམ་ཞིག་གི་བལྟ་བ་རྟོགས་པའོ། །དགོངས་པ་ནི་གསལ་ལ་མ་ཡེངས་པ་ཉི་ཟླ་ཟུང་དུ་འདྲེལ་བ་ལྟ་བུར་གནས་སོ། །སྤྱོད་པ་ནི་ཡང་དག་པའི་ཆོས་ཉིད་རྣལ་འབྱོར་གྱི་ངང་ལ་སྤྱོད་པའོ། །འབྲས་བུ་ནི་སྐྱེ་ཤི་མེད་པའི་

དེ་བཞིན་ཉིད་ཐོབ་པའོ། །དབང་པོ་ཐ་མའི་ལྟ་བ་ནི། དབང་བསྐུར་བའི་ཡོན་ཏན་རྒྱས་པར་འབྱུང་བར་རྟོགས་སོ། །སྒོམ་པ་ནི་ལྷའི་སྐུ་མཚན་མ་ཅན་ལ་བརྟེན་ཏེ་བསྒོམ་པའོ། །སྤྱོད་པ་ནི་ཆོས་ཉིད་ཀྱི་རོལ་པར་སྤྱོད་པའོ། །འབྲས་བུ་ནི་ཡོན་ཏན་གྱི་སྒོ་ནས་སངས་རྒྱས་ཐོབ་པོ། །ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ཤར་བའི་ཚེ། ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ།མཐོང་སྣང་མི་མཐུན་པ་གསུམ་དུ་འཆར་ཏེ། དེ་ཡང་འདི་ལྟ་སྟེ། དབང་པོ་རབ་ཀྱི་ལྟ་བ་ནི། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུར་ཡེ་ཤེས་ཀྱི་རྩལ་ཡོན་ཏན་དུ་ཤར་ནས། སྐད་ཅིག་མ་གསུམ་ལ་གྲོལ་བར་རྟོགས་སོ། །དགོངས་པ་ནི་བར་སྣང་ལ་ཉི་མ་ཤར་བ་ལྟ་བུར་གསལ་བ་ཟང་ཐལ་ཀུན་ལ་ཁྱབ་པར་གནས་སོ། །སྤྱོད་པ་ནི་ཡེ་ཤེས་ཀྱི་སྐུ་རྣམ་པར་དག་པ་ལ་ལོངས་སྤྱོད་དོ། །འབྲས་བུ་ནི་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་དེ་བཞིན་གཤེགས་པའོ། །དབང་པོ་འབྲིང་གི་ལྟ་བ་ནི། ཆོས་ཉིད་ཀྱི་བདེ་བ་ཟག་མེད་ཆེན་པོའི་སྣང་བ་ཁད་ཀྱིས་སྐྱེ་བར་རྟོགས་སོ། །དགོངས་པ་ནི་སྐད་ཅིག་རེ་རེ་ལ་མཐོང་བའི་ཡུལ་ཁྱད་པར་ཅན་རེ་རེ་མཐོང་བས། རྟོགས་པ་ཁྱད་པར་ཅན་རེ་རེ་སྐྱེ་བ་དང་། ཆོས་ཀྱི་སྐུའི་སྣང་བ་རེ་རེ་མཐོང་བ་དང་། ཐུགས་ཀའི་དེ་བཞིན་ཉིད་རྣམ་པར་དག་པའི་དགོངས་པ་ལ་གནས་སོ། །སྤྱོད་པ་ནི་རང་གི་ཐུགས་ཀའི་ཟེར་ཐག་དང་གཉིས་སུ་མེད་པར་སྤྱོད་དོ། །འབྲས་བུ་ནི་རང་གི་རིག་པའི་སྣང་བ་སྐྱེ་བ་མེད་པའི་ཆོས་སྐུར་མཐོང་བའོ། །དབང་པོ་ཐ་མའི་ལྟ་བ་ནི། ཡེ་ཤེས་དག་པའི་སྣང་བ་ལ་ང་ལས་ཕ་གི་བྱུང་ངམ། ཕ་གི་ལས་ང་བྱུང་ངམ་སྙམ་པར་རྟོགས། དགོངས་པ་ནི་སྣང་བ་ཉིད་ལ་མཐོང་བྱེད་མེད་པར་གནས། སྤྱོད་པ་ནི་ཐེ་ཚོམ་དང་ཡིད་གཉིས་ཀྱི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པའི་འབྲས་བུ་ཐོབ་པའོ། །ཉི་ཟླ་ཁད་མཉམ་པའི་དགོངས་པ་ཀློང་བརྡོལ་བའི་དུས་ན། དེ་ཡང་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་མཐོང་སྣང་རྣམ་པ་གསུམ་དུ་ཤར་ཏེ་དེ་ཡང་དབང་པོ་རབ་ཀྱིས་ལྟ་བ་ཡེ་ཤེས་ཟང་ཐལ་དུ་རྟོགས་སོ། །དགོངས་པ་ནི་འགག་

མེད་ཡེ་ཤེས་ཆུ་བོའི་གཞུང་ལྟ་བུ་དང་མི་འབྲལ་བའོ། །སྤྱོད་པ་ནི་ཡེ་ཤེས་ཆེན་པོའི་མཛད་པས་རོལ་པ་མ་འགགས་པར་སྤྱོད་དོ། །འབྲས་བུ་ནི་ཐབས་དང་ཤེས་རབ་གཉིས་སྦྱོར་བ་དང་སྒྲོལ་བ་རྣམ་པ་གཉིས་ཏེ། གཞི་འདུ་འབྲལ་མེད་པའི་འབྲས་བུ་འཐོབ་པོ། །དབང་པོ་འབྲིང་གི་བལྟ་བ་ནི་དབྱིངས་དང་ཡེ་ཤེས་གཉིས་མེད་པར་རྟོགས་སོ། །དགོངས་པ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རང་བཞིན་བར་སྣང་ལ་ཉི་ཟླ་ཤར་བ་ལྟ་བུའི་དགོངས་པ་ལ་གནས་སོ། །སྤྱོད་པ་ནི་བདེ་བ་ཆེན་པོའི་གསང་བའི་ཐིག་ལེ་དཀར་དམར་ལ་སྤྱོད་དོ། །འབྲས་བུ་ནི་རིགས་ཀྱི་སངས་རྒྱས་ལྔའི་སྦྱོར་བའི་ལྷུམས་སུ་སངས་རྒྱས་པའི་འབྲས་བུ་ཐོབ་པའོ། །དབང་པོ་ཐ་མའི་ལྟ་བ་ནི། ཡབ་ཡུམ་གྱི་སྦྱོར་བའི་བྱང་ཆུབ་ཀྱི་སེམས་སྤྲུལ་པའི་རྒྱུ་མཚོན་པའི་ལྟ་བར་རྟོགས་སོ། །དགོངས་པ་ནི་ལྷའི་རང་བཞིན་སྙིང་པོ་དྲན་པས། ཏིང་ངེ་འཛིན་གསལ་བའི་དགོངས་པ་དང་ལྡན་པའོ། །སྤྱོད་པ་ནི་སྨན་ལྔ་བདུད་རྩི་ལྔ་ལ་སྦྱོང་བའོ། །འབྲས་བུ་ནི་བར་དོ་ལ་ཡི་དམ་ལྷའི་སྒྱུ་ལུས་བཟུང་སྟེ། སྣང་བ་དག་པའི་འབྲས་བུ་ཐོབ་པའོ། །རྒྱ་མཚོ་ཀློང་བརྡོལ་གྱི་དགོངས་པ་ཤར་བའི་དུས་ན་ཡང་། དབང་པོ་གསུམ་ལ་མཐོང་སྣང་མི་མཐུན་པ་གསུམ་འཆར་ཏེ། དེ་ཡང་དབང་པོ་རབ་ཀྱི་ལྟ་བ་ནི།ཡེ་ཤེས་ཆེན་པོའི་མཛད་པས། ཅི་སྣང་རང་གི་སྣང་བ་ཉིད་དུ་རྟོགས་སོ། །དགོངས་པ་ནི་སྣང་བ་ལ་ཆགས་ཞེན་ཆུང་བ་ཆང་གིས་ར་རོ་བ་ལྟ་བུའི་དགོངས་པ་དང་ལྡན་པའོ། །སྤྱོད་པ་ནི་འཁོར་བ་ཉིད་མྱ་ངན་ལས་འདས་པར་སྤྱོད་པའོ། །འབྲས་བུ་ནི་སྣང་བ་ལ་མི་གནས་པའི་ཡེ་ཤེས་ཆིག་ཆོད་དུ་སྐྱེ་བའི་འབྲས་བུ་ཐོབ་པའོ། །དབང་པོ་འབྲིང་གི་ལྟ་བ་ནི། གསལ་བ་ཟང་ཐལ་ཡེ་ཤེས་ཀྱི་སྐུར་རྟོགས་པའོ། །དགོངས་པ་ནི་དྲག་ལ་ཡུན་ཐུང་བ་འབབ་ཆུ་ལྟ་བུའི་དགོངས་པ་དང་ལྡན་པའོ། །སྤྱོད་པ་ནི་ཀུན་གྱི་སྤྱོད་ཡུལ་མ་ཡིན་པ་རི་དྭགས་ལྟ་བུའི་སྤྱོད་པ་དང་ལྡན་པའོ། །འབྲས་བུ་ནི་སྟོང་པའི་ཡེ་ཤེས་ཀྱི་སྙིང་པོ་མཐར་ཕྱིན་

པའི་འབྲས་བུ་ཐོབ་པའོ། །དབང་པོ་ཐ་མའི་ལྟ་བ་ནི། འཁྲུལ་པའི་སྣང་བ་ཁད་ཀྱིས་སངས་པར་འདོད་པའོ། །དགོངས་པ་ནི་ལྷ་དང་མིའི་སེམས་འཛིན་ལ་གནས་སོ། །སྤྱོད་པ་ནི་བཅོས་མ་གཉིས་འཛིན་གྱི་སྤྱོད་པ་དང་ལྡན་ནོ། །འབྲས་བུ་ནི་ལྷ་དང་མིའི་རིགས་མཐོང་འཐོབ་པའོ། །ཨེ་མ་ཧོ། རིགས་ཀྱི་སངས་རྒྱས་སེམས་དཔའ་དང་བཅས་པ་རྣམས་ཉོན་ཅིག །ཡང་དག་པའི་སངས་རྒྱས་ཀྱི་ལམ་ལྔ་ཤེས་པར་བྱ་བའི་ཐབས་ནི། ཐིག་ལེ་རྣམ་པ་ལྔའི་ཡེ་ཤེས་ལ་མཁས་པར་བྱའོ། །དེ་ཡང་ཡེ་ཤེས་ཆེན་པོའི་དགོངས་པ་ལྔ་དང་། ཐིག་ལེའི་སྣང་བ་ལྔ་མཐར་ཕྱིན་ན། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གསང་སྔགས་ཐུགས་སུ་ཆུད་པའོ། །དེ་ཡང་དགོངས་པའི་གསང་བ་ཐུགས་ཀྱི་ཉིང་ཁུ་ནི། རྣམ་པ་ལྔར་ཤེས་པར་བྱ་སྟེ། རི་བོ་སྤྱི་བཅིངས་ཀྱི་དགོངས་པ་ནི། སེང་གེ་རྣམ་པར་བསྒྱིངས་པ་ལྟ་བུའོ། །ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ་ནི། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལྟ་བུའོ། །ཐིག་ལེ་མཐོང་བརྟོལ་གྱི་དགོངས་པ་ནི། རྨ་བྱའི་ཕྲུ་གྲུ་སྒོ་ང་ནས་ཐོན་པ་ལྟ་བུའོ། །ཉི་ཟླ་ཁད་མཉམ་པའི་དགོངས་པ་ནི། ཉི་མ་དང་ཟླ་བ་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ་ལྟ་བུའོ། །རྒྱ་མཚོ་ཀློང་བརྡོལ་གྱི་དགོངས་པ་ནི། རི་རབ་ཀྱི་མགུལ་ནས་ཉི་མ་ཤར་བ་ལྟ་བུའོ། །དེ་དག་ནི་དཔེ་ཆེན་པོ་ལྔས་ཡེ་ཤེས་ཀྱི་སྣང་བ་བསྟན་པའི་ཐབས་སོ། །དགོངས་པའི་གནས་གང་ཡིན་པ་དེ་ནི་འབྲས་བུའི་ཚད་དུ་བསྟན་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། དགོངས་པ་ལྔས་ཡེ་ཤེས་མཐའ་ལ་སྐྱེལ་བའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་རིགས་བཞི་ལ་གནས་པའི་སངས་རྒྱས་རྣམས་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རིག་པའི་ངང་། །ཡང་དག་དོན་གྱི་གཏན་ཚིགས་རྣམས། །མོས་པའི་འཁོར་ལ་གསུང་དུ་གསོལ། །ཞེས་ཞུ་བ་ཞུས་སོ། །དེ་ནས་ཡང་རང་རིག་སྟོབས་ཀྱི་ལྷས་བཀའ་སྩལ་པ། ཀྱེ་མ་རིགས་བཞིའི་ཡེ་ཤེས་བཞི། །དེ་ཡི་དགོངས་པ་རང་གནས་ཉིད། །ཁྱེད་ལ་རྒྱས་པར་བསྟན་པར་བྱ། །མ་ཡེངས་ཚུལ་གྱིས་གུས་པས་ཉོན། །སྣ་ཚོགས་

སེམས་ཀྱི་རྟོག་པ་སོལ། །ཡང་དག་དོན་གྱི་གཏན་ཚིགས་ནི། །ཁམས་གསུམ་སེམས་ཅན་ཐམས་ཅད་ལ། །རང་རང་སྙིང་གི་དཀྱིལ་ན་གནས། །སྙིང་པོ་ཡེ་ཤེས་སུམ་བརྩེགས་ཏེ། །དེ་ཡང་ངོ་བོ་སྒྲིབ་མེད་དོ། །སེམས་ཅན་རབ་རིབ་བློ་ཡིས་བསྒྲིབས། །དེ་ཡང་བློ་ལ་སྣང་ལུགས་དང་། །རྟོགས་པའི་དུས་ན་འཆར་ལུགས་སོ། །བློ་ཡི་ཡུལ་ལ་འཛིན་པ་སྟེ། །རྟོགས་པའི་དུས་ན་རང་སྣང་ངོ་། །སངས་རྒྱས་ཡེ་ཤེས་སེམས་དཔའ་ཡིས། །རང་གི་ལུས་ལ་རྫོགས་པར་བཤད། །སྣ་ཚོགས་བློ་ཡི་ཐེ་ཚོམ་རྣམས། །བསལ་ཕྱིར་རྒྱུད་འདི་བཤད་པ་ཡིན། །སེམས་ཅན་ཀུན་གྱི་རང་ལུས་ལ། །སངས་རྒྱས་ཀུན་གྱི་སྐུ་གནས་པ། །སྐུ་ནི་དྲི་མེད་འོད་ཀྱི་སྐུ། །རྣམ་པར་སྣང་མཛད་ཆོས་དབྱིངས་བདག །སངས་རྒྱས་ཀུན་གྱི་རང་བཞིན་ཡིན། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་གསུང་གནས་པ། །གསུང་ནི་འགག་མེད་ཚངས་པའི་དབྱངས། །སྣང་བ་མཐའ་ཡས་རང་བྱུང་སྐུ། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་ཐུགས་གནས་པ། །ཐུགས་ནི་རྟོག་མེད་འཁྲུལ་པ་ཟད། །རྡོ་རྗེ་སེམས་དཔའ་སྐྱེ་འཇིག་བྲལ། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་རྒྱུ་གནས་པ། །རྒྱུ་ནི་འཁྲུལ་མེད་ཐིག་ལེ་བཟང་། །རིན་ཆེན་འབྱུང་ལྡན་ཟད་མེད་གཏེར། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་སྤྱན་གནས་པ། །སྤྱན་ནི་སྒྲོན་མ་འགག་མེད་སྤྱན། །དོན་ཡོད་གྲུབ་པ་རྟོག་མེད་ལམ། །སེམས་ཅན་ཀུན་ལ་གནས་པའོ། །ཨེ་མ་ཧོ། སངས་རྒྱས་དགོངས་པ་ཟབ་མོ་འདི། །ཡང་དག་ཆོས་ཉིད་རྟོག་མེད་ལམ། །འབྱུང་བ་ལྔ་ཡི་དྲི་མ་བསལ། །རྣམ་རྟོག་བག་ཆགས་འབྱུང་མི་སྲིད། །འབྱུང་བ་ལྔ་ཡི་ཕྲ་རགས་ཀྱིས། །ཡེ་ཤེས་ལྔ་ཡི་རང་གདངས་བསྒྲིབས། །མ་རིག་ཉོན་མོངས་རྩ་བ་ཡིས། །རིག་པའི་ཡེ་ཤེས་མེ་ཏོག་བསྒྲིབས། །དྲི་མ་ལྔ་ཡི་ཀློང་དཀྱིལ་དུ། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲིབས། །སྣང་བའི་ཡེ་ཤེས་ངང་གིས་གསལ། །འབྱུང་བ་ལྔ་ཡི་ཡེ་ཤེས་ལ། །རྣམ་དག་སྟོང་པའི་ཡེ་གདངས་གནས། །སྣང་བའི་

ཕྱོགས་ཀྱིས་མ་བསྒྲིབས་པར། །རང་འོད་གསལ་ན་རྟོགས་པའི་མཆོག །མཚན་མའི་ཡུལ་ལ་མི་གནས་ན། །ཡང་དག་ཀུན་ཏུ་བཟང་པོའི་ཐུགས། །རང་གི་རྒྱུད་ལ་སྐྱེས་པ་ཡིན། །རིག་པའི་ཡེ་ཤེས་རང་བྱུང་ལ། །ཆད་པའི་ཡུལ་སྣང་ག་ལ་ཡོད། །གསང་བའི་རིག་པ་གཉིས་སྣང་བྲལ། །རྟོགས་པའི་ཐུགས་རྗེས་ལས་མི་འགྲུབ། །དྲང་སྲོང་ཆོས་ཉིད་བདེན་མཐོང་ན། །སངས་རྒྱས་དགོངས་པ་དེ་ལས་མེད། །བདེན་པ་གཉིས་ཀྱིས་ཡེ་ནས་རྟོགས། །བདེན་པ་གསུམ་གྱིས་རང་དོན་རྙེད། །བདེན་པ་བཞི་ཡིས་སྣང་བ་མཐོང་། །བདེན་པ་ལྔ་ཡིས་ཆོས་སྐུ་ཤེས། །བདེན་པ་དྲུག་གིས་རང་ལུས་མཐོང་། །བདེན་པ་བདུན་གྱིས་དེ་ཉིད་ཐོབ། །བདེན་པ་བརྒྱད་ཀྱིས་རྟོགས་པ་རྙེད། །བདེན་པའི་ཆོས་ཉིད་རྣམ་དགུ་ཡིས། །རང་གི་ཏིང་འཛིན་བརྟན་པ་ཐོབ། །བདེན་པ་བཅུ་ཡིས་སངས་རྒྱས་མཐོང་། །བདེན་པ་བཅུ་གཅིག་ས་ལམ་བགྲོད། །རྣམ་པ་བཅུ་གཉིས་རྟོགས་དང་ལྡན། །དེ་དོན་རྣམ་པ་བཅུ་བཞིར་ལྡན། །རྣམ་པ་བཅོ་ལྔས་མཁའ་ལ་བསྐྱོད། །དེ་ཉིད་རྣམ་པ་བཅུ་དྲུག་རིག །བཅུ་བདུན་རྣམ་པས་ཕ་རོལ་ཕྱིན། །བཅོ་བརྒྱད་ཆོས་ཉིད་བདེན་པ་མཐོང་། །བཅུ་དགུ་རང་གི་ཡུལ་དང་འཕྲད། །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་ཀུན་རིག་སངས་རྒྱས་མཆོག །དེས་ནི་ཕ་རོལ་བགྲོད་པའོ། །ཨེ་མ། རྟོག་མེད་རང་སངས་རྙོག་པ་མེད། །འཛིན་མེད་རང་གྲོལ་ཕྱོགས་རིས་མེད། །རྣམ་པར་རྟོག་མེད་མཁའ་ལ་རོལ། །སྐྱེ་མེད་ཆོས་ཉིད་མཉམ་པ་ཉིད། །ཡང་དག་ཆོས་ལ་སྒྲོ་བཏགས་མེད། །བསམ་འདས་བརྗོད་མེད་ངོ་བོ་ནི། །རྣམ་རྟོག་ཕྱོགས་སུ་མ་ལྷུང་བ། །རྟོག་མེད་སྐུ་ལ་ཡང་དག་བལྟ་བར་བྱ། །མཉམ་པ་ཉིད་ཀྱི་ཤེས་རབ་ཡིད་མེད་ལ། །སྣང་བ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །སྐྱེ་འགག་མེད་པའི་རང་བཞིན་བདེ་བའི་སྐུ། །དམིགས་པ་མེད་པའི་ཏིང་འཛིན་ཆོས་ལས་གྲོལ། །བསམ་འདས་དངོས་པོའི་ཡུལ་ལ་བདག་འཛིན་མེད། །སངས་རྒྱས་ཀུན་གྱི་ཡེ་ཤེས་འོད་འབར་ནི། །ཉི་མའི་ཟེར་བཞིན་ཀུན་ལ་སྙོམས་པར་གནས། །ཐུགས་རྗེ་མཉམ་ཉིད་སྒྲོན་མའི་ཞགས་པ་ནི། །འཆར་བྱེད་མ་འགགས་

དབང་པོའི་ཡུལ་ལས་ལོག །ཡུལ་སེམས་གཉིས་མེད་རང་བྱུང་དགོངས་པ་ནི། །རྟོག་མེད་ཆོས་སྐུ་རང་གསལ་ཆེན་པོའི་ངང་། །མཉམ་ཉིད་དངོས་བྲལ་སངས་རྒྱས་དགོངས་པ་ནི། །ཡེ་ཤེས་རང་སྣང་ཆོས་སྐུའི་མཁའ་ལ་རོལ། །སྤྲོས་བྲལ་རིག་པ་ནམ་མཁའི་མཐའ་དང་མཉམ། །སྤྱོད་པ་སྟོང་ཡུལ་འཛིན་མེད་རང་སར་གྲོལ། །དགོངས་པ་རང་གནས་ཏིང་འཛིན་ཅོག་བཞག་དང་། །དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་དངོས། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། །བདེ་ཆེན་རིག་པའི་ས་བོན་འོད་པོ་ཆེ། །རང་སྣང་ཡུལ་ལ་མི་རྟོག་གཅིག་ཏུ་ལྷང་ངེ་གནས། །དཔྱོད་པ་ཡིད་ཀྱི་རྣམ་རྟོག་བྲལ་བ་ནི། །གསང་སྔགས་གཏན་ཚིགས་ཆེན་པོ་ང་ཡིས་བཤད། །སངས་རྒྱས་དགོངས་པ་ཡང་དག་གཅིག་པུ་ཉིད། །སོ་སོ་རང་རང་བདེན་པའི་ཡུལ་ལ་འཇུག །བལྟར་མེད་གཡེངས་བྲལ་ཉིད་ཀྱི་སྐུ་ལ་རྣམ་པར་བལྟས། །སྤྱད་མེད་སྤྱོད་པ་ཉིད་ཀྱི་ཏིང་འཛིན་ངང་ལ་བཞུགས། །བསྒོམ་མེད་བསྒོམ་བྲལ་ཉིད་ཀྱི་ངོ་བོ་བཟུང་། །འདའ་མེད་བསྲུང་མཚམས་བྲལ་བའི་ཉམས་ལེན་བྱ། །རང་སྣང་ཆིག་ཆོད་ཉིད་ཀྱི་རྗེས་སུ་འབྲངས། །སྟོང་པ་ཀུན་ཁྱབ་ཡུལ་དང་ལྷན་ཅིག་གནས། །རྟོག་མེད་ཕྱོགས་སངས་ཉིད་ཀྱི་མཁའ་ལ་གསལ། །བདེ་བ་དངོས་བྲལ་ཆོས་ཉིད་ཡུལ་ལ་འཇུག །བཅོས་པ་མེད་པའི་ཏིང་འཛིན་རང་སྣང་ཡུལ། །ཞེ་འདོད་མེད་པའི་བསྒོམ་པ་མཁའ་ལ་གསལ། །འཛིན་ཆགས་མེད་པའི་བལྟ་བ་ཡུལ་དང་བྲལ། །རྟོག་པ་མེད་པའི་ཆོས་ཉིད་དྲི་མ་སངས། །ཐེ་ཚོམ་མེད་པའི་སྐུ་གསུམ་མངོན་པར་སྣང་། །འཛིན་ཆགས་མེད་པའི་སྦྱིན་པ་ཡུལ་ལས་ལ་འགྱེད་ཀྱང་འདས། །དྲི་མ་མེད་པའི་ཚུལ་ཁྲིམས་རྣམ་པར་དག །རྟོག་ཞེན་མེད་པའི་བཟོད་པ་ཡུལ་ལ་སྣང་། །སོམ་ཉི་སྤངས་པའི་བརྩོན་འགྲུས་ངང་ལས་འབྱུང་། །ཐུན་མཚམས་མེད་པའི་བསམ་གཏན་སྣང་མཐའ་ཡས། །མངོན་སྣང་སྐུ་ཡི་ཤེས་རབ་ཕ་རོལ་ཕྱིན། །ཡུལ་དང་སེམས་མེད་ཐབས་ཀྱི་ངང་ལ་གནས། །ཞེ་འདོད་བྲལ་བའི་སྨོན་ལམ་རང་ལ་རྙེད། །དམིགས་པ་མེད་པའི་ཡེ་ཤེས་

ཕ་རོལ་ཕྱིན། །གཟའ་གཏད་མེད་པའི་སྟོབས་ལ་རྣམ་པར་གནས། །བྱ་བྲལ་རྫོགས་པའི་ས་ལ་ཀུན་ཏུ་ཆུབ། །གཡེང་བ་མེད་པའི་ཆོས་ཉིད་གཏིང་མཐའ་ཡས། །གཅིག་དང་དུ་མར་སྣང་བའི་བསམ་གཏན་མེད། །རང་གི་ཡུལ་ལ་ཆོས་ཉིད་མ་དང་འཕྲད། །བདེན་པའི་སྟོབས་ཀྱིས་སངས་རྒྱས་སྐུ་ལ་འཇུག །མཆེད་པ་དང་ནི་སྐུ་ཡི་འོད་ཟེར་འཕྲོ། །སྣང་བ་རྩལ་གྱི་འབྱུང་བ་མཁའ་ལ་འཁྱིལ། །ཡིན་པ་ཙམ་གྱིས་བློ་ཡི་ཐེ་ཚོམ་བསལ། །དེ་ནི་རང་གི་ཡུལ་དུ་ཀུན་ཏུ་བཟང་པོས་བསྟན། །རིག་པའི་ཞལ་ནི་མ་འགགས་ཕྱོགས་བཅུར་གསལ། །རིག་པའི་སྐུ་ལ་ཆེ་དང་ཆུང་བ་མེད། །རིག་པའི་སྣང་བ་ཕྱོགས་དང་རིས་སུ་མེད། །རིག་པའི་ཡེ་ཤེས་ཡུལ་ལ་རྣམ་པར་སྣང་། །རིག་པའི་ས་བོན་འཕེལ་དང་འགྲིབ་པ་མེད། །རིག་པའི་ངོ་བོ་རྟོགས་དང་མ་རྟོགས་མེད། །རིག་པའི་ཆོས་ཉིད་ང་དང་བདག་ཏུ་མེད། །རིག་པ་ཉིད་ལ་དུས་གསུམ་གཡོ་བ་མེད། །རིག་པའི་ཆོ་འཕྲུལ་སྣ་ཚོགས་ཅིར་ཡང་སྟོན། །རིག་པའི་ངོ་བོ་གཅིག་ལ་འགྱུར་བ་མེད། །རིག་པའི་རང་བཞིན་ཐ་སྙད་གཅིག་ཏུ་སྡུད། །རིག་པའི་དངོས་པོ་སྐུ་དང་འོད་དུ་ཤར། །རིག་པའི་སྒྲོན་མ་ཡུལ་དང་ལྷན་ཅིག་གནས། །རྟོག་པ་མེད་ན་ཆོས་ཉིད་དོན་དང་ཕྲད། །ཆོས་ཀྱི་སྐུ་ལ་འཁྲུལ་རྟོག་ག་ལ་ཡོད། །ལོངས་སྤྱོད་སྐུ་ལ་ངར་འཛིན་ངང་གིས་མེད། །སྤྲུལ་པའི་སྐུ་ལ་ཞེ་འདོད་མེད་པར་བསྟན། །རིག་པའི་སྐུ་ལ་གསལ་འགྲིབ་ཡོངས་ཀྱིས་མེད། །སེམས་ཀྱི་སྐུ་ནི་སྣ་ཚོགས་ཅིར་ཡང་འཛིན། །ཡིད་ཀྱི་སྐུ་ནི་སྣ་ཚོགས་གཅོད་པར་བྱེད། །མ་རིག་སྐུ་ནི་ཐམས་ཅད་སྡུད་པར་བྱེད། །དེ་དག་དེ་ཕྱིར་འཁྲུལ་པའི་སྐུ་ཡིན་ནོ། །རིག་པའི་སྐུ་ནི་འདི་ལྟ་སྟེ། །ཡང་དག་སྐུ་ལ་སྣང་སྲིད་ཆོས་རྣམས་གསལ། །རྡོ་རྗེའི་སྐུ་ནི་མ་སྐྱེས་གདོད་ནས་རྫོགས། །སྟོང་པའི་སྐུ་ལ་ངོས་བཟུང་ག་ལ་ཡོད། །འོད་གསལ་སྐུ་ལ་མཚན་མའི་རྣམ་རྟོག་མེད། །ཡེ་ཤེས་སྐུ་ལ་གསལ་དང་མི་གསལ་མེད། །རང་སྣང་སྐུ་ལ་ཉོན་མོངས་བསམ་པ་མེད། །ཆོས་ཉིད་སྐུ་ལ་ཡིན་མིན་རྩིས་དང་བྲལ། །རིག་པའི་སྐུ་ལ་བདག་རྟོག་ཡིད་དང་བྲལ། །དབྱིངས་ཀྱི་སྐུ་ལ་

རྒྱ་ཆད་ཕྱོགས་དང་བྲལ། །སངས་རྒྱས་སྐུ་ནི་མ་བསྒྲིབས་དེ་བཞིན་གནས། །སེམས་ཅན་ཀུན་གྱི་ནོར་བུ་རིན་ཆེན་ཡིན། །སྟོང་པའི་ལམ་ལ་རང་བྱུང་ཡེ་ཤེས་གསལ། །སྔགས་པས་སངས་རྒྱས་ཡེ་ཤེས་སྤྱན་དུ་འདོད། །ཕྱོགས་སུ་སྣང་བའི་ཡུལ་ནི་རབ་ཏུ་སྤངས། །ཕྱོགས་སུ་མ་ལྷུང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཡེ་ཤེས་སྣང་བ་ཉམས་སུ་བླང་ཐབས་ནི། །དུས་གསུམ་གཤེགས་པས་འདི་ལྟར་རབ་ཏུ་བསྔགས། །གྲོགས་མེད་གཅིག་པུར་འདུག་ན་སྣང་བ་གྲོགས་སུ་འཆར། །བལྟར་མེད་སྐུ་ལ་བལྟས་ན་རང་གི་སྣང་བ་མཐོང་། །རྐང་མེད་མཁའ་ལ་བསྐྱོད་པས་སྣང་སྲིད་དབང་དུ་སྡུད། །རིག་པ་རྐྱེན་དང་འཕྲད་པས་རང་གི་བདེ་བ་རྙེད། །རིག་པ་མཁའ་ལ་གསལ་བས་རང་རིག་དབྱིངས་སུ་ཚུད། །འཛིན་པའི་ཆོས་དང་བྲལ་ན་རང་སྣང་རྟོགས་པའི་མཆོག །སངས་རྒྱས་ཐུགས་ལ་དེ་བཞིན་གནས་པའོ། །ཨེ་མ་ཧོ་རིགས་བཞིའི་སངས་རྒྱས་ཉོན། །གསང་སྔགས་ཀུན་གྱི་ཐབས་ཀྱི་ཡན་ལག་ནི། །གཟུང་འཛིན་རྣམ་རྟོག་ངང་གིས་བྲལ་བར་གསུངས། །འཛིན་ཆགས་མེད་པའི་རང་སྣང་ནམ་མཁའ་ལ། །ཞེ་འདོད་མེད་པའི་སྒྲོན་མ་རྣམ་གཉིས་གསལ། །སྤང་ཐོབ་མེད་པའི་ཆོས་སྐུའི་སྣང་བ་མཐོང་། །ཕྱོགས་དང་བྲལ་བའི་འོད་ཀྱི་མུ་ཁྱུད་ཟིན། །བདག་དང་བྲལ་བའི་སྒྱུ་མའི་སྐུ་ལྔ་སྣང་། །ཡུལ་དང་བྲལ་བའི་ཆོས་ཉིད་དུ་མར་སྣང་། །སྟོང་རིག་གསལ་བའི་སྐུ་ལ་འགྱུར་བ་མེད། །འབྱུང་བའི་རྐྱེན་གྱིས་མ་གོས་རང་གསལ་བདེ་བའི་སྐུ། །རྟོག་པའི་ཕྱོགས་སུ་མ་ལྟུང་སངས་རྒྱས་དགོངས་པ་ཉིད། །ཆོས་ཉིད་ཤེས་རབ་ཁོང་ནས་སྐྱེས་པ་ཡིས། །ཡུལ་སེམས་བྲལ་བའི་དགོངས་པ་རང་སྣང་ངོ་། །མཚན་མའི་ཡུལ་ལ་འཛིན་པའི་རྟོག་པ་བཅོམ། །མ་རིག་ཀློང་ནས་ཡེ་ཤེས་སྣང་བ་སངས། །ཀ་དག་དབྱིངས་སུ་ཆོས་སྐུ་ཆེན་པོ་རྙེད། །སྣང་བའི་ཡུལ་དང་རྟོག་པའི་ཆོས་ལས་གྲོལ། །སངས་རྒྱས་པ་དང་རང་གི་རིག་པ་མཉམ། །བསྟན་དུ་ཡོད་ཅིང་རང་སྣང་མཐོང་བའི་ཕྱིར། །ཉོན་མོངས་དྲི་མ་ཡེ་ཤེས་སྣང་བར་འགྱུར། །ཆོས་དང་ཆོས་མིན་གསང་སྔགས་ལས་བྱུང་བ། །

རང་རིག་རང་གི་འོད་ལ་རྟག་ཏུ་བཞུགས། །མཐའ་སྡུད་དོན་གཅོད་དབྱིངས་ཀྱི་རང་བཞིན་ཡིན། །གཅིག་དང་དུ་མའི་སྒྲ་དང་ཐ་སྙད་བྲལ། །བཟང་དང་ངན་པའི་ཡུལ་མེད་རང་གི་བདེ་བ་ཆེ། །ཆོས་སྤྱོད་བྱིས་པའི་སྤྱོད་པས་བསླུས་གྱུར་ན། །དགོངས་པ་རྙེད་པར་སངས་རྒྱས་ཉིད་ཀྱིས་མ་བཤད་དོ། །ཆོས་ཀྱིས་སངས་རྒྱས་ཉིད་ཀྱི་སྣང་བ་བསྒྲིབས། །ང་ཡི་ཆོས་ནི་བརྗོད་པའི་མཐའ་དང་བྲལ། །ང་ཡི་དཀྱིལ་འཁོར་ཆེན་པོ་ནི། །སྐུ་ཡི་འོད་དང་གསུང་གི་ཟེར། །ཐུགས་ཀྱི་དགོངས་པར་གནས་པའོ། །ང་ལ་འོད་ཟེར་ཡང་ཡོད་དེ། །སེམས་ཀྱི་འཛིན་ཆགས་སྤངས་པའི་ཕྱིར། །སྣང་བ་ཞེན་མེད་སྒྲོན་མར་གསལ། །རྟོག་མེད་རང་སྣང་བསྟན་པའི་ཕྱིར། །བདེ་གཤེགས་སྐུ་ཡི་འོད་ལྟར་སྣང་། །སྟོང་པ་ཉིད་ལས་ལོག་པའི་ཕྱིར། །མཛེས་པའི་འོད་ཟེར་རྣམ་ལྔ་གསལ། །ཐིག་ལེ་ཉག་གཅིག་སྣང་བ་ལ། །བྲི་བ་མེད་ཅིང་གང་བ་མེད། །ཆོས་ཀྱི་སྐུ་ཡི་རང་ཡུལ་དང་། །སེམས་ཅན་སྣང་བའི་རང་ཡུལ་གཉིས། །སྟོང་རིག་གསལ་བའི་དངོས་པོར་སྣང་། །སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །དབྱིངས་རིག་གཉིས་ལས་མ་འདས་པའོ། །དབྱིངས་དང་རིག་པའི་ཆོ་འཕྲུལ་ལས། །ཡེ་ཤེས་རྟོག་མེད་ཕྱོགས་དང་བྲལ། །རང་སྣང་དངོས་མེད་དཀྱིལ་དང་འཁོར། །ཕྲ་རགས་ཡུལ་གྱིས་མ་བསྒྲིབས་སོ། །བསམ་པའི་ངང་ལས་མ་འདས་ན། །འཁོར་བ་སྡུག་བསྔལ་ཆེན་པོར་བཤད། །དབྱིངས་རིག་ཤེས་པའི་རྣལ་འབྱོར་པས། །གསང་སྔགས་དགོངས་པ་ཚད་མར་བལྟ། །ཤེས་བྱ་ཡུལ་གྱི་སྣང་བ་ལ། །ཆོས་ཉིད་ནང་གི་ཏིང་འཛིན་གསལ། །གསལ་བའི་ཡེ་ཤེས་ཕྱོགས་མེད་ལ། །མཐར་ལྷུང་མེད་པའི་ལྟ་བ་གསལ། །སྒྲ་དང་ཐ་སྙད་མིང་བཏགས་རྣམས། །ཆོས་ཀྱི་དབྱིངས་ཀྱི་རྒྱན་དུ་གསུངས། །རང་སྣང་ཐབས་ཀྱི་རྒྱལ་པོ་ལ། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བཙལ་བྲལ་བའི་ངང་དུ་དྲིས། །ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པར་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་

བསྟན། །ཀུན་གཞི་སེམས་ཀྱི་རྩ་བ་དང་། །རང་རིག་ཡུལ་གྱི་རྩ་བ་གཉིས། །འདྲ་གཞི་གཅིག་ལ་གོ་ལས་ཆེ། །མ་རིག་སེམས་སུ་སྣང་བ་དང་། །རིག་པ་རྟོག་མེད་སྣང་བ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །རྡོ་རྗེ་སེམས་དཔའི་ཆོས་ཉིད་དང་། །རང་སྣང་དཀྱིལ་འཁོར་དག་པ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །རང་བྱུང་ཡེ་ཤེས་ཚིག་གི་མཐའ་དང་བྲལ། །སྟོང་པའི་ཡེ་ཤེས་ཡུལ་གྱི་རྐྱེན་དང་བྲལ། །མངོན་སུམ་ཡེ་ཤེས་ཚིག་གི་མཐའ་དང་བྲལ། །སངས་རྒྱས་ཀུན་གྱི་ཆོས་ཉིད་ཡངས་པ་འདི། །ཀུན་གྱིས་མཐོང་བ་མ་ཡིན་རང་གི་ཐུགས་ལ་འཆར། །ཨེ་མ་ཧོ། ཨཱ་ལི་ཀཱ་ལིའི་དོན་བརྗོད་པས། །སངས་རྒྱས་ཐམས་ཅད་མཉེས་པར་འགྱུར། །དགོངས་པ་རང་གནས་དོན་བརྗོད་པས། །སེམས་ཅན་ཐམས་ཅད་ཚིམ་པར་འགྱུར། །འཛིན་ཆགས་མེད་པའི་དོན་བརྗོད་པས། །ཡེ་ཤེས་ཐམས་ཅད་གསལ་བར་འགྱུར། །ཀྱེ་མ་དངོས་བྲལ་བདེ་བ་ནི། །ཡུལ་སེམས་བྲལ་བའི་ནམ་མཁའ་ལ། །སྐྱེ་འགག་མེད་པའི་རྡོ་རྗེ་གསལ། །ཨ་ཧོ་ཆོས་ཉིད་རྡོ་རྗེ་ནི། །བག་རྡུལ་དེངས་པའི་མཁའ་ལ་གསལ། །རྡོ་རྗེའི་རིག་པ་དེ་བཞིན་ནོ། །ཞེས་བཀའ་སྩལ་ཏོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་རང་སྣང་གི་ལྟ་བ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད། ཆོས་ཉིད་རང་སྐད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཀུན་རིག་ཆོས་རྗེ་ལ་སོགས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་རང་སྣང་རིག་པའི་དོན། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །ཏིང་ངེ་འཛིན་ལས་རབ་ཏུ་བཞེངས། །དེ་ནས་རང་རིག་ཀུན་བཟང་དེས། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །ཆོ་འཕྲུལ་ཆེན་པོའི་ཏིང་འཛིན་བསྟན། །དེ་ནས་ཀུན་རིག་ཆོས་ཀྱི་རྗེས། །ལེགས་པའི་ཚིག་གིས་ཞུ་བ་ཞུས། །ཀུན་བཟང་རིག་པས་བཀའ་སྩལ་པ། །ཨེ་མ་རིགས་ལྔའི་སངས་རྒྱས་ཉོན། །ང་ནི་རང་རིག་ཀུན་ཏུ་བཟང་། །ཀུན་བཟང་སེང་

གེའི་བལྟ་བ་ནི། །ང་ཉིད་གཅན་གཟན་སེང་གེ་བཞིན། །འཇིགས་པ་ཀུན་དང་བྲལ་བ་སྟེ། །རང་གི་གདངས་ལ་རྣལ་དུ་འདུག །མི་འགྱུར་སེང་གེ་ཀུན་བཟང་ངས། །རིག་པ་འགྱུར་མེད་སེང་གེ་ལ། །ལྟ་བ་རྟོག་མེད་སེང་གེ་བསྟན། །རང་བྱུང་རྟོག་མེད་སེང་གེ་ངས། །སྐུ་ལྔ་རང་རྫོགས་སེང་གེ་ལ། །འོད་སྣང་སེང་གེ་དག་པ་བསྟན། །རང་རིག་ཀུན་ཏུ་བཟང་པོ་ངས། །རྩལ་རྫོགས་གཅན་གཟན་སེང་གེ་བཞིན། །དོགས་མེད་སྟོབས་བདག་སེང་གེ་ངས། །ཆོ་འཕྲུལ་ཕྱི་ཡི་སེང་གེ་རྩལ། །སྣང་བ་ནང་གི་སེང་གེ་ལ། །འབྱུང་བ་འོད་སྣང་སེང་གེའི་ཚུལ། །རིག་པ་ཡབ་ཀྱི་སེང་གེ་ངས། །ཀུན་རིག་རྩ་བའི་སེང་གེ་བསྟན། །རང་སྣང་ཀུན་ཏུ་བཟང་པོ་ངས། །ཆགས་མེད་ཡུལ་གྲོལ་སེང་གེ་བསྟན། །ཆོས་ཉིད་རང་གདངས་སེང་གེ་ཡིས། །འཁྲུལ་པ་ཡུལ་གྱི་རྩ་བ་བཅད། །ཆགས་མེད་བཏང་སྙོམས་སེང་གེ་ངས། །ཞེན་ཆགས་ལམ་གྱི་རྩ་བ་བཅད། །རྟོག་སངས་རིག་པའི་སེང་གེ་ངས། །སྣ་ཚོགས་མཚན་མའི་རྩ་བ་བཅད། །འགྱུར་མེད་ཀུན་སྣང་སེང་གེ་ངས། །ཡང་དག་ཆོས་སྐུའི་ངོ་བོ་མཐོང་། །རྩལ་ཆེན་ཡུལ་འཇོམས་སེང་གེ་ངས། །བག་ཆགས་འཁྲུལ་པའི་རྩ་བ་བཅད། །ང་ནི་རང་རིག་སེང་གེ་ལ། །མཚན་མའི་ཆོས་ཀྱི་ཞེ་འདོད་མེད། །རང་སྣང་འོད་ཀྱི་སེང་གེ་ལ། །དྲི་མའི་མཐའ་གཉིས་རྣམ་པར་དག །སྟོང་པའི་ཡེ་ཤེས་སེང་གེ་ངས། །སླད་པར་བྱེད་པའི་མ་རིག་སངས། །སྐུ་གསུམ་དྲི་མེད་སེང་གེ་ངས། །རང་རིག་སྣང་བའི་སྐུ་གསུམ་མཐོང་། །ཟིན་པ་མེད་པའི་སེང་གེ་ངས། །བྱས་པ་མེད་པའི་ངང་དུ་བཞག །འཁྲུལ་པ་མེད་པའི་སེང་གེ་ངས། །བློ་ཡི་ཐེ་ཚོམ་བཅད་པའོ། །རང་སྣང་ཆོས་ཀྱི་སེང་གེ་ངས། །རྟོག་པའི་རང་མདུད་སངས་པ་ཡིན། །རང་བཞིན་མངོན་སྣང་སེང་གེ་ངས། །གཞན་འབྱུང་འཁྲུལ་པའི་རྩ་བ་སྤངས། །སྐྱེད་པར་བྱེད་པའི་སེང་གེ་ངས། །རང་བྱུང་རྫོགས་པའི་སངས་རྒྱས་རྙེད། །ཕྲ་རགས་བྲལ་བའི་སེང་གེ་ངས། །རྟོག་པ་ཀུན་གྱི་རྩ་བ་བཅད། །ཨེ་མ་སེང་གེ་བགྲོད་མེད་ལམ། །བྱ་བཙལ་མེད་པའི་སེང་གེ་ཡིས། །བཏང་བཞག་མེད་པའི་གངས་དཀར་ལ། །མུན་

པ་སངས་པའི་རྩལ་གསུམ་རྫོགས། །བསམ་མེད་དྭངས་པའི་སེང་གེ་ངས། །ཀ་དག་དྲི་མེད་གངས་བཟང་ལ། །འབྱུང་བ་སངས་པའི་རྩལ་གསུམ་རྫོགས། །དཀྱིལ་འཁོར་དོན་གྱི་སེང་གེ་ངས། །བག་ཆགས་ཟད་པའི་གངས་བཟང་ལ། །ཕྱིན་པ་མེད་པའི་རྩལ་གསུམ་རྫོགས། །རང་སྣང་རྟོགས་པའི་སེང་གེ་ངས། །ཡིད་མ་འགྱུས་པའི་གངས་དཀར་ལ། །རྣམ་དག་སྤྱན་གྱི་རྩལ་གསུམ་རྫོགས། །དགོངས་པ་རང་གནས་སེང་གེ་ངས། །བྱ་བྱེད་བྲལ་བའི་གངས་བཟང་ལ། །ཡུལ་དྲུག་སྤྱོད་པའི་རྩལ་གསུམ་རྫོགས། །དངོས་བྲལ་ཆོས་ཉིད་སེང་གེ་ངས། །ཕྲ་རགས་བྲལ་བའི་གངས་དཀར་ལ། །རང་སྣང་དག་པའི་རྩལ་གསུམ་རྫོགས། །རྩལ་ལ་ཡང་དག་དོན་ཆེན་རྫོགས། །འཛིན་མེད་རང་སྣང་དེ་བཞིན་ནོ། །ཀྱེ་མ་རིགས་ལྔའི་དཀྱིལ་འཁོར་ཉོན། །རྣམ་དག་བརྗོད་མེད་ཡེ་ཤེས་སེང་གེའི་ཀློང་། །བསྐྱེད་པ་མི་མངའ་སངས་རྒྱས་ཡེ་ཤེས་སྐུ། །རྫོགས་པ་མི་མངའ་ཡེ་ཤེས་དོན་ལ་འཇུག །ཀུན་བཟང་སེང་གེའི་ཆོས་ཉིད་ནམ་མཁའ་ལ། །རང་གནས་བསམ་བྲལ་རྣམ་རྟོག་མིང་དང་བྲལ། །འཛིན་པ་མེད་པར་ཅིག་ཆར་ཡུལ་ལ་འཇུག །ཡང་དག་མཚན་འཛིན་སོ་སོའི་དཀྱིལ་འཁོར་ཆེ། །ཆེ་བའི་ཆེ་བས་སངས་རྒྱས་སྐུ་དང་ཕྲད། །ཆུང་བའི་ཆུང་བས་རང་རིག་སྤྱན་གྱིས་མཚོན། །ཕྲ་བའི་ཕྲ་བས་རིག་པའི་རང་མདངས་བསྒྲིབས། །སྒྲོན་མའི་སྒྲོན་མས་རང་གི་ཆོས་ཉིད་མཐོང་། །དག་པའི་དག་པས་རང་སྣང་རྩ་བ་མཐོང་། །རྣམ་པར་ཡངས་པའི་དཀྱིལ་འཁོར་རང་ཉིད་ཡིན། །སངས་རྒྱས་ཆོས་ནི་ཐེ་ཚོམ་ཡུལ་ལས་འདས། །ཆོས་ཀྱི་སྐུ་ནི་སྣང་བའི་ཡུལ་དུ་མེད། །ལོངས་སྐུ་མཚན་མ་དམིགས་པའི་ཡུལ་མེད་པའོ། །སྤྲུལ་པའི་སྐུ་ནི་ང་དང་བདག་ཏུ་མེད། །རྡོ་རྗེ་རྡོ་རྗེ་སེམས་དཔའ་ཆེ། །འདས་པའི་རྡོ་རྗེ་རབ་བསྔགས་པ། །ལས་ཀྱི་རྡོ་རྗེ་བྱེད་འགྱུར་བ། །ཕྲིན་ལས་རྡོ་རྗེ་བསྟན་པ་ཆེ། །རང་གི་རང་བཞིན་རྣམ་རྟོག་གྲོལ། །ཡེ་ནས་ཆུབ་པས་ཀུན་ལ་གནས། །རྒྱ་ཆད་མེད་པའི་ཆོས་སྐུ་རང་བྱུང་ངས། །རྟོག་པ་མེད་པའི་ཆོས་ཉིད་རང་སྣང་ལ། །

བཅོས་བསླད་མེད་པའི་རིག་པ་ཏིང་འཛིན་གསལ། །འཛིན་ཆགས་མེད་པའི་རིག་པ་ཡུལ་ལ་འཇུག །བདེན་པ་མཐོང་བའི་ཀུན་བཟང་སེང་གེ་ངས། །བག་རྡུལ་དེངས་པའི་ཆོས་ཉིད་ནམ་མཁའ་ལ། །སྤྲོ་བསྡུ་མེད་པའི་དབྱིངས་ཀྱི་སྒྲོན་མ་རུ། །ཆགས་སྡང་མེད་པའི་ལུ་གུ་རྒྱུད་ཀྱི་སྐུ། །བཅོས་པ་མེད་པའི་མིག་གིས་བལྟ་བར་བྱ། །གཟའ་གཏད་མེད་པའི་ཏིང་འཛིན་གསལ་བ་དེ། །རྐྱེན་དང་བྲལ་བའི་ཆོས་ཉིད་མཁའ་ལ་རོལ། །དགག་བསྒྲུབ་མེད་པའི་རང་སྣང་ཆིག་ཆོད་རྟོགས། །སངས་རྒྱས་དགོངས་པ་ཀུན་གྱི་རྩེ་མོར་གསུངས། །འགྲོ་ཉལ་འདུག་བསྒོམ་མ་ཡེངས་ངང་ལ་སྤྱོད། །གཏང་གཞག་བྱ་བྱེད་བྲལ་བའི་ནམ་མཁའ་ལ། །འཛིན་རྟོག་ཡུལ་ལས་འདས་པའི་རིག་པ་གསལ། །གཟུང་འཛིན་རྣམ་རྟོག་འཁོར་བའི་གཏིང་རུམ་ནས། །བྱས་པ་མེད་པའི་རང་སྣང་མཁའ་ལ་གསལ། །བསླད་པ་མེད་པའི་ཆོས་ཉིད་ཡུལ་ལས་འདས། །བྱས་པ་མེད་པའི་བྱུང་ས་གཅིག་ཏུ་གྲོལ། །མཐོང་སྣང་མ་འགགས་ཏིང་འཛིན་རང་ལ་གསལ། །བཏང་སྙོམས་མ་འདྲེས་ཆོས་སྐུ་དེ་བཞིན་གཤེགས། །བགྲོད་མེད་རང་གསལ་ཆོས་ཀྱི་སྙིང་པོ་ཡིན། །རྟོག་འཛིན་མེད་པས་ཆོས་ཉིད་ཡུལ་དང་འཕྲད། །སྣང་བ་མཐའ་ཡས་རྒྱལ་བའི་ཞིང་དུ་སྒྲོལ། །རྣམ་རྟོག་སངས་པས་ཆོས་ཉིད་ཡུལ་དང་མཇལ། །ཨེ་མ་ཧོ། ཨཱ་ལི་ཀཱ་ལིའི་ཡི་གེ་ལས། །ཤ་ལ་སོགས་པའི་ཡི་གེ་འབྱུང་། །དེ་བཞིན་ཧ་དང་མ་ཡི་དོན། །ཀུན་ནས་ཀུན་ཏུ་ཤེས་པར་བྱ། །གསང་སྔགས་ཚིག་དོན་ཡི་གེ་ལས། །རིག་པའི་རང་ལུས་མཐོང་བར་འགྱུར། །ཆོས་དབྱིངས་རྒྱན་དང་བཅས་པར་ནི། །ཡེ་གེའི་ཡན་ལག་རྒྱན་སྤྲོས་པ། །རང་སྣང་བསམ་བྲལ་ཆེན་པོའོ། །རང་བྱུང་ཉིད་ཀྱི་ཡེ་གེ་ནི། །ཡན་ལག་སོ་སོར་སྤྲོས་པ་བཞིན། །བདེན་པ་རྣམ་དག་མཐོང་བའོ། །ཆོས་ཉིད་ཡུལ་དུ་སྣང་བ་ལ། །རྣམ་རྟོག་རླུང་གིས་མ་གཏོར་ཅིག །རང་སྣང་གྲོགས་སུ་བསྟེན་པ་ལ། །གཞན་འབྱུང་སྣང་བ་ལྟོས་འགྱུར་མིན། །སྟོང་དང་མི་སྟོང་དབུ་མའི་ལམ། །དངོས་པོ་ཡོད་མེད་གཉིས་དང་བྲལ། །རིག་མེད་སྟོང་པ་མ་ཡིན་ཏེ། །རང་རིག་སྐུ་ལྔའི་འོད་དང་བཅས། །

འགྱུར་མེད་ལམ་སྣང་འདྲེན་པའི་རྟགས། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །གསང་བ་བས་ཀྱང་ཆེས་གསང་བ། །གབ་པ་མངོན་དུ་བསྟན་པ་ཡིན། །དགོངས་དོན་ཆེན་པོས་ཡིན་པར་གསུངས། །ཐབས་ལ་མ་ཆགས་ཤེས་རབ་གདོས་ཐག་ཆད། །རྒྱུ་ལ་མི་གནས་འབྲས་བུ་རང་སྣང་ངོ་། །རྟོག་པ་མེད་པའི་ཆ་ལུགས་མངོན་པར་སྣང་། །བྲི་བ་མ་ཡིན་གང་བ་ག་ལ་ཡོད། །ཤེས་བྱའི་ཡུལ་ལས་འདས་ཤིང་དོན་བྱེད་པའོ། །དེ་ནས་འདུས་པའི་ཚོགས་རྣམས་ཀྱིས། །ཀུན་བཟང་ཡབ་ལ་དོན་ཞུས་པ། །ཀྱེ་ཀྱེ་ཀུན་བཟང་སེང་གེའི་བདག །ཡང་དག་སངས་རྒྱས་དགོངས་པ་ཉིད། །འདུས་པའི་ཚོགས་ལ་བསྟན་དུ་གསོལ། །དེ་ནས་རྒྱལ་བ་སེང་གེའི་སྐུས། །འདུས་པའི་ཚོགས་ལ་བཀའ་སྩལ་པ། །ཨེ་མ་རིགས་ལྔ་རྒྱལ་བའི་སྲས། །ཡེ་ཤེས་ཀློང་གི་གཏན་ཚིགས་ཉོན། །སངས་རྒྱས་ཡེ་ཤེས་རྒྱ་མཚོའི་ཀློང་། །འགྱུར་མེད་ཡེ་ཤེས་དུར་ས་ནི། །རང་རིག་སྙིང་ལ་རྫོགས་པའི་དོན། །ང་ཡིས་ལེགས་པར་བསྟན་པར་བྱ། །ཀྱེ་མ་འདུས་པའི་འཁོར་ཚོགས་རྣམས། །ཆོས་ཉིད་སྐུ་ཡི་སྣང་བ་བལྟ་འདོད་ན། །ཡེ་ནས་དག་པའི་མན་ཤེལ་སྐུ་ལ་ལྟོས། །འོད་གསལ་བདེ་བའི་སྐུ་ལ་འཇུག་འདོད་ན། །གཟུང་འཛིན་དག་པའི་སྒྲོན་མ་རྣམ་གཉིས་ལྟོས། །ཆོས་སྐུ་རང་སྣང་ཕྱོགས་མེད་བལྟ་འདོད་ན། །ཕྲ་རགས་བྲལ་བའི་ནམ་མཁའི་དབྱིངས་སུ་ལྟོས། །རྟོག་མཐའ་བྲལ་བའི་ཆོས་ཉིད་བལྟ་འདོད་ན། །གཡའ་དག་མེ་ལོང་དཀྱིལ་འཁོར་དྭངས་པ་ལྟོས། །ལྷུན་གྱིས་རྫོགས་པའི་ཞིང་ལ་བལྟ་འདོད་ན། །སྐྱེད་པར་བྱེད་པའི་ས་བོན་འབྲུ་ལ་ལྟོས། །ཆོས་ཉིད་ངོ་བོ་ཀ་དག་བལྟ་འདོད་ན། །རྐྱེན་དང་ཕྲད་པའི་ཆུ་ཟླའི་དཀྱིལ་འཁོར་ལྟོས། །འབྱུང་སྡུད་བྲལ་བའི་ཀུན་བཟང་སེང་གེ་ངས། །ཆོས་སྐུ་མཚོན་པར་བྱེད་པའི་ཚིག་དང་ཡི་གེ་བཤད། །ཚིག་དང་ཡི་གེས་ཆོས་སྐུ་སྟོན་མི་ནུས། །ཚིག་ལ་ཞེན་ན་རྣལ་འབྱོར་རྟོག་པའི་ལམ། །ཚིག་གིས་བློ་ཡི་ཐེ་ཚོམ་རབ་བསལ་ནས། །ཚིག་ལ་མི་གནས་རང་གི་དོན་ལ་

བསྐྱལ། །འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་འདི། །སངས་རྒྱས་རྣམས་ཀྱི་དགོངས་པ་མཐར་ཐུག་ཡིན། །སོ་སོར་རྟོགས་དང་མཚན་མ་ཚིག་གི་ལམ། །བྱ་བཙལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཆོས་ཉིད་རང་བཞིན་ཡུལ་ལ་འཇུག །དག་དང་མ་དག་ཆོས་ཉིད་བཅོས་སུ་མེད། །གཅིག་དང་གཉིས་ལས་འདས་པའི་ཡེ་གནས་དོན། །རང་གི་ངང་དུ་ཐིག་ལེ་གཅིག་གིས་འུབ། །དུས་མེད་རྟོགས་པས་ཏིང་འཛིན་མ་ཡེངས་གསལ། །མཐའ་དབུས་མེད་པས་ཆོས་ཉིད་མིང་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་ཡོངས་ལ་ཁྱབ། །བྱས་པ་མ་ཡིན་བྱུང་བར་ལྷུན་གྱིས་གྲུབ། །འཛིན་པའི་ཡུལ་དུ་མེད་པའི་སྣང་བ་ལ། །ཀུན་རྟོག་མ་ཡིན་ལྷུན་གྲུབ་རྣམ་པར་འཕྲོ། །ཡུལ་དུ་མེད་པས་རང་ཉིད་ས་ལས་འདས། །འཇུག་པའི་ས་དང་ལམ་ལ་བཅོས་སུ་མེད། །ཆོས་ཉིད་རང་སྣང་རང་རྟགས་སེང་གེ་ལ། །བྱུང་རྟོག་མེད་པའི་ཆོས་སྐུ་མཁའ་ལ་ཁྱབ། །ཆགས་འཛིན་མེད་པས་རྣམ་རྟོག་ག་ལ་ཡོད། །ལྷུན་གྲུབ་ཆོས་ཉིད་རྒྱ་མ་ཆད་པ་ཡིན། །བཟུང་བའི་ཡུལ་དང་རང་རྟོག་རྣམ་པར་དག །ཀྱེ་མ་ཡང་དག་བདེ་བའི་སྐུ་ལ་སྣང་བ་རྫོགས། །ཨེ་མ་ཆོས་སྐུ་གཅིག་ལ་དོན་བརྗོད་པས། །རང་གི་སྒྱུ་མའི་སྐུ་གཉིས་རྣམ་པར་སྣང་། །བསྐྱེད་པ་མ་ཡིན་རང་བྱུང་རྫོགས། །འགྲོ་དང་འོང་མེད་གཅིག་པུ་ཉིད། །བྱ་བཙལ་གཟུང་འཛིན་མེད་པའི་སྐུ། །སྟོང་པ་ཡུལ་མེད་ནམ་མཁའ་ལ། །རང་རིག་གསལ་དྭངས་ངོ་བོར་བརྟག །ཡིད་མ་འགྱུས་པའི་ཆོས་ཉིད་ལ། །ཡེ་ཤེས་མཛེས་པའི་འོད་ཟེར་འཕྲོ། །སྣང་བ་མེད་པའི་ཆོས་ཉིད་ནི། །སྤྱོད་པའི་མཐའ་གཉིས་རྣམ་པར་གསལ། །རང་བྱུང་རིག་པའི་ངོ་བོ་ལ། །མཚན་མའི་ཡུལ་གྱིས་གོས་པ་མེད། །རྣམ་དག་དྲི་མེད་སྐྱོན་བྲལ་ལ། །ཆགས་པ་མེད་པའི་ཀུན་ཏུ་བཟང་། །གསལ་ཆ་མ་འགགས་འཛིན་པ་མེད། །ཨ་ཏི་སྟོང་དང་མི་སྟོང་པ། །དབུས་མཐའ་རྣམ་པར་མི་འབྱེད་དོ། །གོམས་པའི་སྟབས་ཀྱིས་ཉམས་བླངས་ན། །རང་གི་དེ་ཉིད་ཀུན་ཏུ་གསལ། །དཔེར་ན་ནོར་བུ་རིན་ཆེན་

བཞིན། །ཡོན་ཏན་ཟད་མེད་གཏེར་ལ་སྤྱོད། །ཐོག་མ་མེད་པའི་དུས་དག་ནས། །ད་ལྟ་ཡེ་ཤེས་སྣང་བ་རྣམས། །གཅིག་ལས་མེད་པར་ང་ཡིས་བསྟན། །ཡིན་མིན་གཉིས་ཀྱི་སྒྲོ་འདོགས་ཆོད། །རིག་པས་ཕ་རོལ་དོན་མི་རྙེད། །རང་གི་དོན་ལ་རིག་པ་མེད། །ང་དང་བདག་ཏུ་བཟུང་བ་མེད། །ཡུལ་དང་དབང་པོར་ཕྱེ་བ་མེད། །གོལ་སྒྲིབ་ལྟུང་བའི་རྒྱུ་ཅན་མེད། །རང་སྣང་ཉིད་ལ་བཅོས་སུ་མེད། །འབྱུང་བ་ལྔ་ཉིད་སངས་རྒྱས་ཡིན། །ཡེ་ཤེས་ལྔ་ཉིད་དབྱིངས་ལ་རོལ། །ཐམས་ཅད་འབྱུང་བའི་ཆོས་སྐུ་ལས། །ཀློང་ཡངས་ཡུལ་མེད་ངང་དུ་ཐིམ། །བཅས་བཅོས་མེད་ན་སྤྱོད་པ་ཡིན། །རང་སྣང་མཐོང་ན་ལྟ་བ་ཡིན། །དེ་ལས་མ་ཡེངས་བསྒོམ་པར་བཤད། །གཏང་གཞག་མེད་ན་ཏིང་འཛིན་ཐོབ། །ཕྱོགས་ལྷུང་མེད་ན་རང་ས་ཟིན། །མ་བྱས་རང་བྱུང་ཡེ་ནས་གྲུབ། །དང་པོའི་གནས་ས་གང་ཡིན་པར། །ཐ་མ་དེ་ཡི་གནས་སུ་འགྲོ། །ད་ལྟ་དེ་ཡི་དོན་ལ་གནས། །བར་དུ་ཡེ་ཤེས་སྒྱུ་རྩལ་འབྱོངས། །འབྱོངས་ནས་ཡེ་ཤེས་དབྱིངས་སུ་ཐིམ། །ཐིམ་ནས་འོད་ཟེར་ཕྱོགས་མེད་འཕྲོ། །རང་སྣང་དོན་གྱི་དཀྱིལ་འཁོར་དུ། །རིག་པའི་ཆོས་ཉིད་མ་འདྲེས་རྫོགས། །རྫོགས་ཆེན་ལྟ་བ་རང་གནས་ཉིད། །བག་རྡུལ་དྭངས་པའི་ནམ་མཁའ་ལ། །མ་ཡེངས་ཚུལ་གྱིས་གསལ་བའོ། །གཡེངས་བྲལ་ཆོས་ཉིད་འགྱུར་བ་མེད། །བསམ་གཏན་བསྒོམས་པས་ཆོས་ཉིད་དོན་མི་མཐོང་། །རང་སྣང་ཏིང་འཛིན་བསམ་པའི་ཕྱོགས་དང་བྲལ། །སྤྲོས་བྲལ་ཆོས་ཉིད་ནམ་མཁའི་མཐའ་དང་མཚུངས། །འཛིན་བྲལ་རང་སྣང་ཆུ་བོའི་ཀློང་དང་མཚུངས། །དམིགས་པ་དག་པའི་ཡུལ་ལ་འཛིན་རྟོག་མེད། །མཐའ་བཞི་བྲལ་བའི་སངས་རྒྱས་རང་རིག་ཡིན། །ཡོད་མེད་མཐའ་ལས་འདས་པ་ཆོས་ཀྱི་སྐུ། །ཡིན་མིན་རྩིས་དང་བྲལ་བའི་སངས་རྒྱས་ཉག་གཅིག་དང་། །སྤྱད་སྤྱོད་གཉིས་འཛིན་མེད་པའི་ཆོས་སྐུ་རྟོག་མེད་ངང་། །འཛིན་རྟོག་ཆོས་ལས་འདས་པའི་རང་རིག་བདེ་བའི་ཤུགས། །ཨེ་མ་ཧོ། རང་བྱུང་འོད་གསལ་སྟོང་ཉིད་ཡེ་ཤེས་སྐུ། །མི་འགྱུར་སེང་གེའི་དོན་ཉིད་བསྟན་བྱའི་ཕྱིར། །ཀུན་

ཏུ་བཟང་པོའི་ཞལ་ནི་ཕྱོགས་བཅུར་གསལ། །ཀུན་གཟིགས་ཀུན་ཏུ་བཟང་པོའི་སྐུ་ལ་མདུན་རྒྱབ་མེད། །ཕྱོགས་བཅུ་གང་བར་སྤྱན་གྱིས་རྣམ་པར་གཟིགས། །རྟོག་མཐའ་མེད་པར་ཡུལ་ལ་མ་ཡེངས་སྤྱོད། །འཛིན་ཆགས་མེད་པར་རང་སྣང་ཡུལ་ལ་འཇུག །མཐའ་དབུས་མེད་པར་རང་གི་ངང་དུ་འུབ། །གདོས་ཐག་མེད་པར་སྒྲོན་མའི་ངང་དུ་ཆུབ། །སྤང་ཐོབ་མེད་པར་ནམ་མཁའི་དབྱིངས་སུ་བརྡལ། །ཞེ་འདོད་མེད་པར་རང་སྣང་ཡུལ་ལ་ཁྱབ། །རྟོག་མེད་ཆོས་སྐུ་བསམ་པ་དངོས་དང་བྲལ། །བཅོས་མེད་རང་གསལ་རང་རིག་ཏིང་འཛིན་གསལ། །འཛིན་རྟོག་མེད་པའི་ངང་དུ་ཐམས་ཅད་འུབ། །མུན་པ་སངས་པའི་དུས་ན་རྣམ་པར་རོལ། །ཡུལ་མེད་ཅིག་ཆར་འདུག་པའི་མཐའ་ལ་བསྐྱོད། །འཁོར་བའི་ཡུལ་ལ་མི་གནས་རང་གི་ས་ལ་ཕྱིན། །ཉེ་རིང་མེད་པའི་དགོངས་པ་ཆིག་ཆོད་ཡིན། །ང་ནི་སྟོང་པའི་ཚིག་དང་བྲལ། །ང་ལ་མུན་པའི་ཆོས་མེད་པས། །ང་ནི་རང་སྣང་འོད་པོ་ཆེ། །ང་ལ་སྣང་བའི་རྐྱེན་མེད་པས། །ང་ནི་རྟགས་ཀྱི་སྐུ་ལྔར་གསལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་ཡེ་ནས་སྐྱེ་དང་བྲལ། །ང་ལ་འབྱུང་བའི་སྐྱོན་མེད་པས། །ང་ནི་སྣ་ཚོགས་རྐྱེན་དང་བྲལ། །ང་ལ་རྟོག་པའི་མཐའ་མེད་པས། །ང་ནི་ཡིན་མིན་ཆོས་དང་བྲལ། །ང་ལ་མཚོན་པའི་ཚིག་མེད་པས། །ང་ནི་ཆད་པའི་ཕྱོགས་དང་བྲལ། །ང་ལ་དངོས་པོའི་ཡུལ་མེད་པས། །ང་ནི་རྟག་པའི་ཡུལ་དང་བྲལ། །ང་ལ་འཛིན་རྟོག་མེད་པ་ཡིས། །ང་ནི་རྟག་ཆད་མུ་ལས་འདས། །ང་ལ་དྲན་བྱེད་མེད་པ་ཡིས། །འཁོར་བའི་སྡུག་བསྔལ་ཆོས་ལས་ཐར། །ང་ལ་གཉིས་སྣང་མེད་པ་ཡིས། །ང་ནི་དགེ་སྡིག་གཉིས་དང་བྲལ། །ང་ལ་ཕྱོགས་ལྷུང་མེད་པ་ཡིས། །ང་ནི་འཁྲུལ་པའི་སེམས་དང་བྲལ། །ང་ལ་བྱས་པའི་ཆོས་མེད་པས། །ང་ནི་འབྱུང་བར་ལྷུན་གྱིས་གྲུབ། །འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ནི། །དམིགས་པ་ཅན་དུ་མེད་པ་ལ། །དོན་ནི་རང་བཞིན་ཉིད་ཀྱི་སྐུ། །འཛིན་པ་སངས་པའི་ནམ་མཁའ་ལ། །ཐུན་མཚམས་མེད་པའི་ཏིང་འཛིན་གསལ། །འགྱུར་མེད་

ཆོས་ལ་སྒྲོ་བཏགས་མེད། །ང་དང་བདག་ཏུ་མེད་པས་ན། །ཆོས་ཉིད་མ་དང་འཕྲད་པ་ཡིན། །འབྱུང་བའི་མདུད་པ་གྲོལ་ན་འཛིན་པའི་རྟོད་ཕུར་ཐོན། །བག་ཆགས་སྦུབས་དང་བྲལ་ན་ཡེ་ཤེས་དབྱིངས་སུ་འཁྱིལ། །ཡེ་ཤེས་རང་སྣང་མཐོང་ན་འབྱུང་བའི་གདོས་ཐག་ཆོད། །སྣང་བའི་སྒྲིབ་ཤིང་མེད་ན་ཡེ་ཤེས་མཁའ་ལ་གསལ། །སངས་རྒྱས་ཉིད་ལ་སངས་རྒྱས་ཉིད་ཀྱིས་བསྒྲིབ། །སྤྱན་གསུམ་གསལ་བའི་ཡེ་ཤེས་རང་སར་དྭངས། །འབྱུང་བ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །ཀུན་ཏུ་བཟང་མོས་གསང་སྔགས་ལས་ལ་སྦྱོར། །འོད་གསལ་ཟུང་འཇུག་དབྱིངས་སུ་ཐམས་ཅད་འདུས། །འབྱུང་བ་ལྔ་ཡི་ཕོ་བྲང་དཀྱིལ་འཁོར་ནས། །ཆོས་ཀྱི་སྐུ་ཡི་སྣང་བ་རང་ལུས་རྫོགས། །སྟོང་ཉིད་ཡེ་ཤེས་ཀློང་ནས་སངས་རྒྱས་ལྔ། །བསྐྱེད་པ་མ་ཡིན་རང་གི་སྙིང་པོ་ཉིད། །དགོངས་པ་མ་ཡིན་དོན་ལ་འགྱུར་བ་མེད་པ་ནི། །ཆོས་དང་ཆོས་མིན་སྣང་བའི་སྒྲིབ་ཤིང་བྲལ། །དོན་གྱི་སྙིང་པོ་སངས་རྒྱས་ཡུལ་ལ་འཇུག །བསམ་པ་ཉིད་ལས་བསམ་པའི་ཚིག་དང་བྲལ། །བརྗོད་པ་ཉིད་ལས་བརྗོད་མེད་ངང་དུ་ཐིམ། །བག་ཆགས་ཉིད་ལས་ཡེ་ཤེས་སྐུ་ལྔ་གསལ། །རྣམ་རྟོག་ཉིད་ལས་རིག་པའི་ཡེ་ཤེས་སྐྱེ། །མ་རིག་ཉིད་ལས་སངས་རྒྱས་དགོངས་པ་ཤར། །སངས་རྒྱས་ཆོས་ནི་ཅི་ཡང་མ་ཡིན་པས། །སྤྱོད་པའི་ཚེ་ན་ཅི་ཡང་མི་སྤྱོད་དོ། །བསྒོམ་པའི་དུས་ན་གང་ཡང་མི་བསྒོམ་མོ། །བལྟ་བའི་ཚེ་ན་ཅི་ཡང་མི་བལྟའོ། །ཨེ་མ་རིག་པའི་ཡེ་ཤེས་སྐུ། །དྲི་མ་གསུམ་གྱི་ཆོས་དང་བྲལ། །རྟོག་མཐའ་མེད་པ་རང་སར་གྲོལ། །ཉོན་མོངས་ལྔ་ལས་ཡེ་ཤེས་ལྔ། །ཡུལ་ལྔ་ལས་ནི་འོད་ལྔའི་སྐུ། །ཕུང་པོ་ལྔ་ལས་སངས་རྒྱས་ལྔ། །འབྱུང་བ་ལྔ་ལས་ཡུམ་ལྔར་རྟོགས། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་ལྟ་བའི་རང་ལུགས་ཡིན། །བྱ་བཙལ་བྲལ་ནས་དབྱིངས་ལ་སྤྱོད། །འཛིན་ཆགས་མེད་པར་རང་སྣང་བའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེས་རང་སྐད་སྨྲས་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་རིག་པ་ཀུན་ཏུ་བཟང་པོ་དང་། ཡུམ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པར་

སྙོམས་པར་ཞུགས་སོ། །དེ་ནས་རིགས་ཀྱི་སངས་རྒྱས་ཀུན་རིག་ཆོས་ཀྱི་རྗེས་འདི་སྐད་ཅེས་ཞུ་བ་ཞུས་སོ། །ཨེ་མ་བདེ་གཤེགས་ཀུན་བཟང་ཡབ། །ཆོས་ཉིད་གཉིས་མེད་དོན་བརྗོད་པའི། །ཐབས་དང་ཤེས་རབ་གསུང་དུ་གསོལ། །དེ་ནས་ཆོས་ཉིད་སྟོང་པ་ཡིས། །ཡབ་ཡུམ་གཉིས་མེད་དོན་སྦྱར་ནས། །སངས་རྒྱས་རྣམས་ལ་བཀའ་སྩལ་པ། །ཀྱེ་མ་རིགས་ཀྱི་སངས་རྒྱས་ཉོན། །ཡུལ་སེམས་གཉིས་མེད་དགོངས་པ་འམ། །དབྱིངས་དང་རིག་པ་གཉིས་མེད་ནི། །ཡབ་ཡུམ་གཉིས་མེད་ཚུལ་དུ་གནས། །ཆོས་ཉིད་ཡངས་པའི་ཕོ་བྲང་དུ། །རྟོག་མེད་གསལ་བའི་ཡེ་ཤེས་འདུ། །ཕྱི་ཡི་ཆོས་ནི་སྣང་བ་ལ། །ནང་གི་ཆོས་ནི་འཛིན་པར་བཤད། །འགྱུར་མེད་ཀུན་ཏུ་བཟང་པོ་ངས། །ཆོས་ཉིད་རང་སྣང་ལྟ་བ་བཤད། །བཤད་པས་རྟོག་པའི་ཐེ་ཚོམ་ཆོད། །བག་ཆགས་བྲལ་བའི་ཀུན་གཞི་ལ། །གཟུང་འཛིན་བྲལ་བའི་རིག་པ་གསལ། །གསང་སྔགས་རིག་པ་ཅོག་གཞག་ནི། །ལྟ་སྒོམ་སྤྱོད་པའི་མདོར་བསྡུས་ཡིན། །ཕྱི་ནང་གསལ་བའི་ཤེས་རབ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་ན། །གསང་སྔགས་གསང་བའི་བལྟ་བར་འདོད། །བཅོམ་ལྡན་སེང་གེ་ཆོས་སྐུ་ལ། །གཟུང་འཛིན་བྲལ་བའི་ཏིང་འཛིན་གནས། །མཚན་མ་མེད་པའི་ལྟ་བ་ལ། །བཏང་སྙོམས་ཆེན་པོའི་ཤེས་རབ་གསལ། །ཡིད་གཉིས་བྲལ་བའི་ནམ་མཁའ་ལ། །གསལ་འགྲིབ་མེད་པའི་སྒྲོན་མ་གསལ། །རང་སྣང་རྒྱ་མ་ཆད་པ་ལ། །ཡེ་ནས་ལྷུན་གྱིས་རྫོགས་པར་གསལ། །ཆོས་དབྱིངས་དོག་མེད་ཡངས་པ་ལ། །བག་ཆགས་ཟད་པའི་ཐིག་ལེ་གསལ། །མཐའ་ཡས་དོན་ལ་འགྱུར་མེད་ལ། །རང་སྣང་དག་པའི་གཟུགས་སྣང་གསལ། །སྟོང་པ་རྟོག་མེད་རང་བྱུང་ལ། །བྱས་པ་མེད་པའི་འོད་ལྔ་གསལ། །སྟོང་གསུམ་ཡེ་རྒྱས་ཐེབས་པ་ལ། །འཕྲལ་འབྱུང་རྐྱེན་གྱིས་ང་མི་སྒྲིབ། །ཆོས་དབྱིངས་ཡེ་ནས་ཡངས་པ་ལ། །གཅོང་རོང་དོག་མོས་ང་མི་བསྒྲིབ། །རང་བྱུང་ཡེ་ནས་གསལ་བ་ལ། །འཁོར་བའི་མུན་པས་ང་མི་བསྒྲིབ། །རིག་པ་ཡེ་ནས་འཆི་མེད་ལ། །སྐྱེ་དང་འཆི་བས་ང་མི་བསྒྲིབ། །སྐུ་གསུམ་ཡེ་ནས་གནས་པ་ལ། །ཆགས་སྡང་ལྔ་ཡིས་

ང་མི་བསྒྲིབ། །ཐབས་དང་ཤེས་རབ་ཡེ་གནས་པས། །སྦྱོར་སྒྲོལ་གཉིས་ཀྱིས་ང་མི་བསྒྲིབ། །བདུད་རྩི་ཡེ་ནས་ནད་སེལ་བས། །དུག་ལྔའི་རྩ་བས་ང་མི་བསྒྲིབ། །རིག་པ་ཡེ་ནས་ཕྱོགས་མེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་བསྒྲིབ། །ཆོས་སྐུ་ཡེ་ནས་བདག་མེད་པས། །བདག་གཞན་གཉིས་ཀྱིས་ང་མི་བསྒྲིབ། །སྣང་བ་ཡེ་ནས་རང་གསལ་བས། །འབྱུང་བ་ལྔ་ཡིས་ང་མི་བསྒྲིབ། །ལོངས་སྐུ་ཡེ་ནས་རང་རྫོགས་ལ། །བསྐྱེད་རྫོགས་གཉིས་ཀྱིས་ང་མི་བསྒྲིབ། །གསལ་བ་ཡེ་ནས་དངོས་བྲལ་ལ། །མཚན་མའི་ཆོས་ཀྱིས་ང་མི་བསྒྲིབ། །རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་བསྒྲིབ། །རང་བཞིན་རྒྱུ་རྐྱེན་མེད་པ་ལ། །འདུས་བྱས་ཆོས་སྤྱོད་བྱ་མི་དགོས། །ཆོས་སྐུ་བདེ་སྡུག་བྲལ་བ་ལ། །དམྱལ་བ་ཚ་གྲང་ང་མི་བསྒྲིབ། །གསང་སྔགས་ཡེ་ནས་ཚིག་བྲལ་ལ། །ཚིག་དང་ཡི་གེས་ང་མི་མཐོང་། །ཆོས་དབྱིངས་ཡེ་ནས་བསྒོམ་མེད་ལ། །བསྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་བྱས་པས་ང་མི་རྙེད། །ཆོས་སྐུ་ཡེ་ནས་བལྟ་བྲལ་ལ། །བལྟ་བ་བལྟས་པས་ང་མི་མཐོང་། །སྐྱེ་མེད་དོན་ལ་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གནས་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོང་། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །ལྷ་ཚོགས་ཡེ་ནས་རབ་གནས་པས། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་འབུལ་ལྷ་ཚོགས་གྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མ་བསྒོམས་པས་དོན་མི་རྙེད། །ང་ཡི་ནོར་བུ་རིན་ཆེན་ལ། །ཡོན་ཏན་ཡོད་མེད་མཐའ་ལས་འདས། །སངས་རྒྱས་ཉག་གཅིག་ཡེ་ཡོད་ལ། །ཀ་དག་སྣང་བ་ང་མི་ཚོལ། །ཚོམ་བུ་སྣ་ལྔ་ཡེ་རྫོགས་ལ། །བར་དོ་རྣམ་གསུམ་ངས་མི་འདོད། །ཡེ་ཤེས་ཡེ་ནས་

རང་གསལ་ལ། །བཞི་སྦྱོར་སྣང་བ་ངས་མི་མཐོང་། །སྣ་ཚོགས་རང་ལས་ཡེ་བྱུང་ལ། །ལྷུན་གྲུབ་གཞི་ཡིས་ང་མི་རྙེད། །རིག་པ་འཁོར་བའི་སེམས་མེད་པས། །སྤྲུལ་སྐུ་ཕྱེད་སྣང་ངས་མི་འདོད། །ང་ཉིད་རིག་པ་རང་བྱུང་ལ། །བྱས་པའི་ཆོས་ཀྱིས་ང་མི་རྙེད། །ང་ཡི་བསམ་གཏན་འགྱུར་མེད་ལ། །འཛིན་རྟོག་བསྒོམ་པ་བྱ་རྒྱུ་མེད། །ང་ལ་རང་སྣང་ཡེ་རྫོགས་ལ། །ཕྱི་ཡི་སྣང་བ་གང་ལ་འབྱུང་། །རང་བྱུང་ཡེ་ནས་དག་པ་ལ། །དྲི་མ་རྣམ་བཞི་སུ་ཡིས་འཆོས། །ང་ནི་སྟོང་གསལ་གཉིས་མེད་ལ། །རྟག་ཆད་གཉིས་པོ་ག་ལ་ཡོད། །ང་ལ་རྣམ་རྟོག་ཡུལ་མེད་པས། །འབྱུང་བའི་རང་མདུད་སངས་པའོ། །ང་ཡི་སྣང་བ་མ་འགགས་པས། །ཡིན་མིན་མཐར་ལྟུང་ཕྱོགས་དང་བྲལ། །ང་ལ་ཆགས་སྡང་ལྔ་མེད་པས། །སྣང་བའི་ཡུལ་ལ་ཞེ་འདོད་མེད། །ང་ལ་དགག་བསྒྲུབ་མེད་པ་ཡིས། །ང་ཡི་བལྟ་བ་གཉིས་འཛིན་མེད། །དྲི་མ་རབ་ཏུ་སངས་པའོ། །དེ་ནས་ཀུན་ཏུ་བཟང་མོ་ཡིས། །རིག་པ་སྣང་བའི་ཡུལ་དག་ནས། །རང་གི་སྣང་བས་འདི་སྐད་སྨྲས། །ཀྱེ་མ་རིགས་ཀྱི་སངས་རྒྱས་ཉོན། །རང་སྣང་ཀུན་ཏུ་བཟང་མོ་ངས། །བཏང་སྙོམས་ཆེན་པོའི་ཡེ་ཤེས་ལ། །གསང་སྔགས་ལམ་གྱི་འབྲས་བུ་གསལ། །འགྱུར་མེད་ཀུན་ཏུ་བཟང་མོ་ངས། །སྣང་བ་རང་གསལ་ཆོས་སྐུར་བསྟན། །བརྗོད་མེད་ཀུན་ཏུ་བཟང་མོ་ངས། །རྟོག་མཐའ་བྲལ་བའི་རིག་པ་བསྟན། །ཀུན་ལྡན་ཡེ་ཤེས་སྙིང་པོ་ལ། །བྱས་པ་དང་ནི་བྱེད་པ་མེད། །མངོན་སྣང་ཡུལ་དུ་མེད་པ་ལ། །གསལ་འགྲིབ་སྣང་བ་ག་ལ་ཡོད། །རིག་པ་གཅིག་ལ་འཁོར་འདས་རྫོགས། །འཛིན་མེད་རང་སྣང་ཆོས་དང་བྲལ། །བསམ་མེད་ཆོས་ཉིད་དངོས་པོར་མེད། །སངས་རྒྱས་ཡེ་ནས་རང་གདངས་ལ། །འབྱུང་བ་བཞི་ཡི་རྐྱེན་དང་བྲལ། །འདས་པའི་སྐུ་དང་ཡེ་ཤེས་ལ། །ཀུན་ཏུ་བཟང་མོ་ང་ཡི་སེམས། །ཆོས་སྐུ་རང་བཞིན་མ་འགགས་པས། །བསམ་གཏན་ཉིད་ལ་བསམ་དུ་མེད། །རང་གིས་རང་མཐོང་རང་ལུས་གསལ། །ཀུན་ཏུ་བཟང་མོའི་བྷ་གའི་ཀློང་ཡངས་སུ། །གཟུང་བ་མེད་པར་འབྱུང་བ་རྣམ་ལྔ་འུབ། །འཛིན་ཆགས་མེད་པའི་ཤེས་རབ་

ཡུལ་ལ་སྣང་། །ཀུན་ཏུ་བཟང་མོ་མ་བཅོས་རང་གསལ་ངས། །སྣ་ཚོགས་འགག་མེད་ཀུན་ཏུ་བཟང་མོའི་དབྱིངས། །ཆོས་ཉིད་རང་སྣང་ཀུན་ཏུ་བཟང་མོ་སྟེ། །འགྱུར་མེད་མ་བཅོས་མཁའ་གསལ་ནམ་མཁའ་ལ། །བྱས་པ་མེད་པའི་ཀུན་ཏུ་བཟང་མོ་གསལ། །བྱུང་བ་མེད་པའི་རིག་པ་རང་སར་གྲོལ། །ཀུན་ཏུ་བཟང་མོ་ཆོས་ཉིད་བྷ་གའི་ཀློང་། །ཀུན་ཏུ་བཟང་མོ་བླ་མེད་ཞིང་དུ་གྲོལ། །སངས་རྒྱས་ཡེ་ཤེས་ཀུན་བཟང་དཀྱིལ་འཁོར་ནས། །རེ་དོགས་བྲལ་བའི་ཆོས་ཉིད་མཁའ་ལ་རོལ། །འཛིན་རྟོག་བྲལ་བའི་ཀུན་ཏུ་བཟང་མོ་ངས། །རང་སྣང་བཅོས་པ་མེད་པའི་ནམ་མཁའ་ལ། །སྤྲོ་བསྡུ་མེད་པའི་ཏིང་འཛིན་ཅིག་ཆར་གསལ། །རྡོ་རྗེ་ཀུན་ཏུ་བཟང་མོས་ཡང་དག་རྟོགས། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །ཀུན་ཏུ་བཟང་མོ་རིན་ཆེན་ཕྲེང་། །འགྱུར་མེད་རང་གི་ངོ་ལ་གནས། །སངས་རྒྱས་ཀུན་ཏུ་བཟང་མོ་ཡིས། །དབྱིངས་ཀྱི་ནང་ནས་སྐུ་བཙལ་བས། །སྐུ་ནི་རྟོག་མཐའ་རྣམ་པར་བྲལ། །སྐུ་དང་སྐུ་ཡི་གདངས་ལ་ཐུགས། །སངས་རྒྱས་རྣམས་ཀྱི་དགོངས་པ་ནི། །འགྱུར་མེད་ཀུན་ཏུ་བཟང་མོ་ཡིས། །ཐུགས་ཀྱི་དཀྱིལ་ནས་བཅུད་ཕྱུང་བས། །ཆོས་ཉིད་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །རྣམ་དག་ཀུན་ཏུ་བཟང་མོ་ཡུལ་ལ་སྤྱོད། །ཡེ་ཤེས་ཀུན་ཏུ་བཟང་མོའི་མཁའ་ལ་སྤྱོད། །རིག་པ་ཀུན་ཏུ་བཟང་མོའི་དབྱིངས་ལ་འཇུག །རྟག་ཆད་མེད་པའི་ཡབ་ཡུམ་སྣང་བ་དག །རང་སྣང་ཀུན་ཏུ་བཟང་མོ་རྒྱ་མ་ཆད། །རྟོགས་པ་ཀུན་ཏུ་བཟང་མོས་གཅིག་ཏུ་སྡུད། །འབྱུང་བ་ཀུན་ཏུ་བཟང་མོ་བདག་ཏུ་སྣང་། །ཤེས་རབ་ཀུན་ཏུ་བཟང་མོས་རང་སྣང་སྟོན། །མཁའ་དབྱིངས་ཀུན་ཏུ་བཟང་མོ་མི་གཡོ་ཞིང་། །མཉམ་ཉིད་ཀུན་ཏུ་བཟང་མོ་རྟོག་པ་མེད། །འདུས་པ་ཀུན་ཏུ་བཟང་མོ་གཅིག་ཏུ་འཁྱིལ། །སེམས་དཔའ་ཀུན་ཏུ་བཟང་མོས་དོན་ལ་འཇོག །ཤེས་རབ་ཀུན་ཏུ་བཟང་མོས་སྣ་ཚོགས་སྡུད། །ཐབས་མཆོག་ཀུན་ཏུ་བཟང་མོ་རིག་པར་སྣང་། །གསལ་འཚེར་ཀུན་ཏུ་བཟང་མོ་འཛིན་པ་མེད། །བཅོམ་ལྡན་ཀུན་ཏུ་བཟང་མོ་ཅིག་ཆར་འཆར། །འཛིན་མེད་ཀུན་ཏུ་བཟང་མོ་

རང་སར་འདུག །ཐིག་ལེ་ཀུན་ཏུ་བཟང་མོ་ངོ་བོས་སྟོང་། །ཆོས་འབྱུང་ཀུན་ཏུ་བཟང་མོ་བྱེད་པ་མེད། །རྟོག་མེད་ཀུན་ཏུ་བཟང་མོ་ཡེངས་པ་མེད། །ཀུན་རྫོབ་ཀུན་ཏུ་བཟང་མོ་ས་བོན་དངོས། །དོན་དམ་ཀུན་ཏུ་བཟང་མོ་ཆོ་འཕྲུལ་ཅིར་ཡང་སྟོན། །རྒྱན་མཛེས་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །དབྱིངས་རིག་ཀུན་ཏུ་བཟང་མོ་ཆོས་སྐུ་དངོས། །རང་བཞིན་ཀུན་ཏུ་བཟང་མོ་འགག་པ་མེད། །ངོ་བོ་ཀུན་ཏུ་བཟང་མོ་འགྱུར་བ་མེད། །ཐུགས་རྗེ་ཀུན་ཏུ་བཟང་མོ་ཅིར་ཡང་སྣང་། །སྟོན་པ་ཀུན་ཏུ་བཟང་མོས་ཉོན་མོངས་འདུལ། །སྟོང་པ་ཀུན་ཏུ་བཟང་མོ་ཐ་སྙད་བྲལ། །གསལ་བ་ཀུན་ཏུ་བཟང་མོ་ངོས་གཟུང་བྲལ། །ཡབ་ཡུམ་གཉིས་ཀ་ཀུན་བཟང་རིག་པའི་ཀློང་། །མུན་པ་སྣང་བར་སྟོན་པའི་ཀུན་བཟང་མོས། །བྱ་བྱེད་སེམས་ཀྱི་གདོས་ཐག་རྦད་ཀྱིས་བཅད། །འཛིན་པའི་ཡུལ་ལ་མི་གནས་རང་སྣང་ལྷུག་པར་འཆར། །ཞེ་འདོད་མེད་པར་སྣང་བ་ཐད་ཀར་གཅོད། །ཀུན་ཏུ་བཟང་མོ་སྒྲོན་མ་རང་ཡིན་པས། །རང་སྣང་ཀུན་ཏུ་བཟང་མོ་བཙལ་མི་དགོས། །ལྟ་སྤྱོད་གཉིས་མེད་ཀུན་བཟང་ཡབ་ཡུམ་ལ། །འབྲས་བུ་བདེ་ལྡན་ཐིག་ལེ་ཕྱོགས་བཅུར་འཕྲོ། །སྤྱོད་པས་ཡུལ་མེད་གསལ་ལ་འཛིན་རྟོག་མེད། །ཕྱིར་འབྱུང་མ་ཡིན་ནང་འབྱུང་ལྷུན་གྱིས་གྲུབ། །གཉིས་ཀ་མ་ཡིན་སོ་སོའི་དོན་ལ་སྤྱོད། །བྱས་པ་མ་ཡིན་བྱུང་བར་ལྷུན་གྱིས་གྲུབ། །ཀུན་བཟང་ཡབ་ནི་ཡེ་ཤེས་ཅིར་ཡང་སྟོན། །ཀུན་བཟང་ཡུམ་ནི་ཐམས་ཅད་ངང་དུ་སྡུད། །མཚན་མའི་མིང་མེད་ཀུན་བཟང་སེམས་ཉིད་སྐུ། །འཛིན་པའི་སེམས་མེད་རང་སྣང་ཐབས་ཀྱིས་སྤྱོད། །སྐྱེ་མེད་རྟོགས་པས་རང་གི་ཡུལ་ལ་སྣང་། །ཆོས་སྐུ་རྟོག་མེད་ཀུན་ཏུ་བཟང་མོ་ངས། །རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །སངས་རྒྱས་ཡེ་ཤེས་རྒྱ་ཆད་ཡེ་ནས་མེད། །ལོངས་སྐུའི་ཡེ་ཤེས་རྒྱན་ལ་རྣམ་པར་རོལ། །བྱ་དང་བྱེད་པ་མེད་པར་ལྷུན་གྲུབ་ཡིན། །རྟོག་པ་རང་སྣང་ཆོས་ཉིད་ཀུན་གྱི་རྗེ། །བསླད་པས་མི་བསླད་

ཆོས་ཉིད་ནམ་མཁའ་འདྲ། །བཀྲུས་པས་མི་དག་ཤེལ་སྒོང་དག་པ་འདྲ། །ཆོས་སྐུ་རྟོག་མེད་རང་སངས་བསྒོམ་པ་ཡིན། །དམིགས་པའི་ཡུལ་མེད་རང་གི་དོན་རྟོགས་ན། །འདུ་འབྲལ་མེད་པའི་བསམ་གཏན་ཆེན་པོ་ཡིན། །དེ་ནི་རང་སྣང་འབྲས་བུ་ཆེན་པོར་བསྟན་པའོ། །དེ་ནས་ཀུན་བཟང་ཡབ་ཡུམ་ལ། །ཀུན་རིག་ཉིད་ཀྱིས་དོན་ཞུས་པ། །ཀྱེ་མ་བཅོམ་ལྡན་ཀུན་ཏུ་བཟང་། །བདག་ཅག་མ་རིག་འཁོར་རྣམས་ལ། །རང་རིག་ཐབས་ཆེན་བསྟན་དུ་གསོལ། །དེ་ནས་ཀུན་བཟང་སེང་གེ་དེས། །ཡུམ་གྱི་སྒོ་ནས་བཀའ་སྩལ་པ། །ཨེ་མ་རིགས་ཀྱི་སངས་རྒྱས་ཉོན། །ཀུན་ཏུ་བཟང་མོ་རྟོག་མེད་བྷ་ག་ལ། །རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་འདུ། །སངས་རྒྱས་དཀྱིལ་འཁོར་ཆེན་པོ་རྣམ་པར་བཀོད། །དོགས་པ་མེད་པའི་ཀུན་བཟང་ཆོས་ཀྱི་དབྱིངས། །སྟོན་པ་ཀུན་བཟང་ཆོས་དབྱིངས་སེང་གེས་བསྟན། །སྣང་བ་མེད་པའི་ཕྱོགས་སུ་སོང་ནས་ནི། །རང་བྱུང་གསལ་བའི་མར་མེ་རྣམ་ལྔ་བཏེག །འཛིན་པ་མི་འཛིན་རང་གི་མཚན་དང་ལྡན། །ཡུལ་མེད་གསལ་གདངས་མཐོ་དམན་ཡོངས་ལ་ཁྱབ། །བྱ་བྱེད་གཏང་བཞག་མེད་པའི་བདུད་རྩི་མཆོག །རང་བྱུང་སྨན་གྱིས་འཁོར་བའི་ནད་རྣམས་སེལ། །ཡེ་ཤེས་རླུང་གིས་འཛིན་པའི་རྣམ་རྟོག་འཐོར། །གསལ་དག་ཆུ་ཡིས་རིག་པ་རྟོག་མེད་འཛིན། །རྣམ་དཔྱོད་ཤེས་རབ་མེ་ཡིས་མ་རིག་སྦར་སྦུར་བསྲེག །ཆོས་ཉིད་སྟོང་པའི་ནམ་མཁའ་རང་རིག་དབྱིངས་སུ་འབྱེད། །རྡོ་རྗེ་སྐྱོད་བྱེད་ས་ཡིས་རྟོགས་པའི་དོན་ལ་བསྐྱལ། །ཆོས་ཉིད་དངོས་བྲལ་འབྱུང་བ་རྣམ་ལྔ་ཡིས། །ཡེ་ཤེས་གསལ་བའི་སྒྲོན་མེ་བྱེད་པར་འགྱུར། །སྐུ་གསུམ་འགྱུར་མེད་ཡེ་ཤེས་སེང་གེ་ལ། །བྱ་བཙལ་བྲལ་བའི་གཅན་གཟན་འཁོར་གྱིས་བསྐོར། །འཛིན་རྟོག་མེད་པའི་རང་བྱུང་བདེ་ཆེན་སྟོན། །སངས་རྒྱས་བདེན་པ་མཐོང་བའི་རྒྱལ་བའི་སྲས། །རྟོགས་པ་ཁོང་དུ་ཆུད་ན་ནམས་ཀྱང་བདེ། །འབྱུང་བ་གྲོགས་སུ་ཤར་ན་སྣང་བ་དག །ཡིན་མིན་གཉིས་ཤེས་རྟོག་པའི་མཐའ་བཞི་གྲོལ། །དཔྱོད་བྱེད་ཡིད་མ་འགྱུས་ན་སངས་རྒྱས་ངོ་བོ་རྙེད། །

ཕྱོགས་མེད་རང་སྣང་ཤར་ན་ཆོས་བྱེད་ཡུལ་དང་འཕྲད། །དེ་ལྟར་འདའ་བ་མེད་ན་ཡུལ་སེམས་གཉིས་སུ་མེད། །ཁོང་དུ་བདུད་བཞི་ཆོམས་ན་ཐར་བའི་ལམ་དང་ཉེ། །སྣང་བ་སྟོབས་སུ་གྱུར་ན་འདུ་འཛི་གཡེང་བ་མེད། །རྣལ་འབྱོར་བརྟན་པ་ཐོབ་ན་གསང་སྔགས་རང་ལ་འཆར། །ཨེ་མ་སངས་རྒྱས་རྣམས་ཀྱི་དགོངས་པ་ལ། །གཏན་ཚིགས་རིགས་པས་ཕིགས་མི་འགྱུར། །དགོངས་པ་ཉིད་ལ་ཡུལ་མེད་ཕྱིར། །ཨེ་མ་ཧོ། རང་བཞིན་ཆོས་སྐུའི་སྣང་བ་ཆེན་པོ་ལས། །རང་བྱུང་ཐོགས་པ་མེད་པའི་སྐུ་ལྔ་ཤར་གྱིས་བྱུང་། །རང་སངས་རྙོག་པ་མེད་པའི་ངང་དུ་གཉིས་མེད་ཐིམ། །རང་བྱུང་ཡེ་ཤེས་དུ་མར་མེད་པ་ལས། །གསང་སྔགས་དོན་གྱི་ཡེ་ཤེས་ཤར་གྱིས་བྱུང་། །རྟོག་མེད་དབུས་མཐའ་མེད་པའི་ངང་དུ་གཉིས་མེད་ཐིམ། །རང་བྱུང་བྱས་པ་མ་ཡིན་ཡུལ་ལ་འཇུག །ཨེ་མ་ཧོ། རང་རིག་རྡོ་རྗེ་ཡེ་ཤེས་ཀུན་ཏུ་འབར། །མཚན་མེད་རང་སྣང་རྡོ་རྗེ་ཀུན་ཏུ་ཆེ། །འབར་བ་འཇིགས་བྲལ་རྡོ་རྗེ་སྟོང་པ་ཀུན་ཏུ་ཆེ། །ཕྲ་རགས་དྲི་མེད་རང་བཞིན་རྡོ་རྗེ་རབ་ཏུ་འབར། །སྟོང་པ་ཀུན་ཁྱབ་རྡོ་རྗེ་ཅོད་པན་ཀུན་ཏུ་ཆེ། །རང་དབང་རབ་བསྐུར་རྡོ་རྗེ་མ་བསྐུར་རྫོགས། །མཐའ་ཡས་རྡོ་རྗེ་དམ་ཚིག་བསྲུང་དང་བྲལ། །གཅིག་པ་སེང་གེ་ཡེ་ཤེས་འབྲས་བུ་སྤང་ཐོབ་མེད། །རང་སྣང་འཛིན་བྲལ་རྡོ་རྗེའི་བལྟ་བ་ཀུན་ནས་བལྟ་དང་བྲལ། །ཕྱོགས་སུ་ཡངས་པའི་རྡོ་རྗེའི་སྤྱོད་པ་ཀུན་ནས་སྤྱད་དུ་མེད། །འབྱུང་བ་ཀུན་སྣང་རང་རིག་གསང་སྔགས་ལམ་དུ་སྣང་། །མ་གཡོས་ཕྱོགས་བྲལ་རྡོ་རྗེའི་ས་ལམ་བགྲོད་དུ་མེད། །སྟོང་པ་ཡང་དག་རྡོ་རྗེའི་སྐུ་ལ་བལྟ་དང་བྲལ། །ཆོས་ཉིད་ཡངས་པ་རྡོ་རྗེའི་དབྱིངས་ལ་སྐྱེ་འབྲི་མེད། །སྣང་བ་རང་རྫོགས་རྡོ་རྗེའི་སྐུ་ལ་ཡིན་མིན་མེད། །གསང་སྔགས་རྒྱལ་པོ་རྡོ་རྗེའི་ལུས་ལ་སྐྱེ་འཇིག་མེད། །སྣང་བ་རང་སྣང་རྡོ་རྗེའི་གནས་ལ་མཐོ་དམན་མེད། །དྲི་མ་རང་དག་རྡོ་རྗེའི་གསུང་ལ་འགྱུར་བ་མེད། །ཆོས་སྐུ་ཚིག་མེད་སྟོང་པའི་ཡུལ་ལ་བདག་འཛིན་མེད། །ཡང་དག་འཇིག་བྲལ་རྡོ་རྗེའི་ལམ་ལ་ཉེ་རིང་མེད། །འཛིན་མེད་རང་སྣང་ཆོས་སྐུ་ཉིད་ལ་བསམ་པ་མེད། །ངོ་བོ་འགྱུར་མེད་སྐུ་ལ་མུན་པ་མེད། །ལོངས་སྐུ་ཡང་དག་ཡིད་བྲལ་ངང་

ལ་ལྷག་གེ་བ། །དེ་ཉིད་རྟོག་མེད་སྐུ་གསུམ་གཅིག་གི་ངང་། །མིང་དུ་མེད་པའི་རང་སྣང་བདེ་བའི་ཤུགས། །སྟོང་པ་ཀུན་ཁྱབ་སྣང་བ་ཟིལ་གྱིས་གནོན། །ཆོས་ཉིད་བསམ་མེད་གཡོ་བ་ངང་གིས་མེད། །དུ་མ་རྟེན་དང་བཅས་པ་ག་ལ་ཡོད། །མངོན་སུམ་མི་གནས་རང་སྣང་ཡུལ་ལ་འཛིན། །མུན་པ་མ་ཡིན་རང་བཞིན་འོད་དུ་གསལ། །གསལ་ལ་མ་འགགས་དོན་ཉིད་ཡེ་ཤེས་སྐུ། །དྲན་པ་དང་ནི་དྲན་བྱེད་ཡུལ་དུ་མེད། །སྣང་བའི་ཡེ་ཤེས་དངོས་པོའི་མཐའ་དང་བྲལ། །ཆོས་ཀྱི་སྐུ་ཡི་སྣང་བ་རང་གསལ་ནི། །རང་གི་ངང་ལས་རང་གི་སྐུ་ལ་ཐིམ། །སྐུ་དང་ཡེ་ཤེས་ཚིག་ལ་མི་གནས་ན། །གསང་སྔགས་རང་བྱུང་དགོངས་པ་བཅོས་པ་མེད། །བགྲང་དུ་མེད་པས་ཆིག་ཆོད་རྣམ་པར་དག །གཟིགས་སྣང་ཐབས་ལ་མི་འགག་དོན་གསལ་བ། །ཡུལ་དུ་མེད་ལ་རང་གི་ཡུལ་ལ་གནས། །དབུས་དང་མཐའ་མེད་གསང་སྔགས་ཚད་མ་ཉིད། །རང་སྣང་ཡིན་པར་ཀུན་ཏུ་བཟང་པོས་བསྟན། །ཕྱོགས་ལྷུང་མ་ཡིན་ཕྱོགས་དང་རིས་ལས་འདས། །ཨེ་མ་ཧོ། ནང་མེད་ནང་ནས་ནོར་བུ་རིན་ཆེན་མཛོད་ཕྱུང་བ། །རྒྱལ་བ་རྣམས་ཀྱི་མི་འཛད་གཏེར་ཡིན་པས། །དེ་ཡི་དོན་ལ་མ་ཡེངས་ཆགས་པ་མེད་པར་སྤྱད། །ཨེ་མ་ཧོ། རང་གི་ས་ལ་སངས་རྒྱས་རྣམས་ཀྱི་སྐུ་ཤར་བ། །འདུ་ཤེས་ཡུལ་དུ་མེད་པའི་ཞི་བའི་ངང་། །སྣང་བ་རང་ལ་ཡས་པའི་རང་སྣང་དངོས་མེད་ཉིད། །རྟོག་པའི་ཕྱོགས་སུ་མ་ལྷུང་རང་རིག་གདངས་ལ་འདུག །སྣང་བའི་སེམས་བྲལ་ཆོས་ཉིད་ངང་ལ་སྤྱོད་པའི་དོན། །སྤྲོ་བསྡུ་མ་བྱས་རང་གི་ཡུལ་ལ་བལྟ་བར་བྱ། །གཏིང་མཐའ་མེད་པའི་ཆོས་ཉིད་ཀུན་ཏུ་བཟང་། །ཡིན་དང་མིན་པའི་མཐའ་གཉིས་རྣམ་པར་གསལ། །ལྷག་ཆད་མེད་པའི་ནོར་བུ་རིན་པོ་ཆེ། །སྐྱེ་འབྲི་མེད་པའི་ངང་དུ་རྟོག་པ་ཆོད། །བསམས་པས་ཡེ་ཤེས་དོན་མི་རྙེད། །བསམས་པས་ཡེ་ཤེས་དོན་རྙེད་ན། །རང་བྱུང་ཡེ་ཤེས་རྫུན་པར་འགྱུར། །བསྒོམས་པས་ཆོས་ཀྱི་སྐུ་མི་མཐོང་། །བསྒོམས་པས་ཆོས་ཀྱི་སྐུ་མཐོང་ན། །རང་སྣང་ཆོས་ཉིད་རྫུན་པར་འགྱུར། །བལྟས་པས་རིག་པའི་དོན་མི་རྟོག །བལྟས་པས་རིག་

པའི་དོན་རྟོགས་ན། །ཆོས་སྐུ་འགག་མེད་རྫུན་པར་འགྱུར། །ཆོས་ཀྱིས་མ་རིག་རྩད་མི་ཆོད། །ཆོས་ཀྱིས་མ་རིག་རྩད་ཆོད་ན། །ཀ་དག་ཡེ་ཤེས་རྫུན་པར་འགྱུར། །དགེ་བས་སངས་རྒྱས་དོན་མི་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་རྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པས་འཁོར་བར་ལྟུང་འགྱུར་ན། །སྐད་ཅིག་རྣམ་གསུམ་རྫུན་པར་འགྱུར། །སྟོང་པས་ཡང་དག་དོན་མི་མཐོང་། །སྟོང་པས་ཡང་དག་དོན་མཐོང་ན། །ཡེ་ཤེས་འོད་ལྔ་རྫུན་པར་འགྱུར། །མཚན་མས་རང་གི་དོན་མི་མཐོང་། །མཚན་མས་རང་གི་དོན་མཐོང་ན། །རང་སངས་ཆོས་ཉིད་རྫུན་པར་འགྱུར། །བྱས་པས་ལྷུན་རྫོགས་དོན་མི་རྙེད། །བྱས་པས་ལྷུན་རྫོགས་དོན་རྙེད་ན། །ངོ་བོ་འགྱུར་མེད་རྫུན་པར་འགྱུར། །བཟུང་བས་སྣང་བ་མཐོང་མི་འགྱུར། །བཟུང་བས་སྣང་བ་མཐོང་འགྱུར་ན། །རང་བཞིན་འགག་མེད་རྫུན་པར་འགྱུར། །སྤྱད་པས་ཕ་རོལ་སྒྲོལ་མི་ནུས། །སྤྱད་པས་ཕ་རོལ་སྒྲོལ་ནུས་ན། །ཐུགས་རྗེ་ཀུན་ཁྱབ་རྫུན་པར་འགྱུར། །འཁྲུལ་པའི་སྣང་བས་ང་མི་བསྒྲིབ། །འཁྲུལ་པའི་སྣང་བས་ང་བསྒྲིབས་ན། །སྒྲོན་མ་རྣམ་གཉིས་རྫུན་པར་འགྱུར། །དེས་ནི་གསང་སྔགས་དགོངས་པ་བསྟན། །ཡུལ་སེམས་གཉིས་ཀྱི་གནས་མེད་པས། །ཡེ་ཤེས་རང་ལ་སྣང་བའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་གཉིས་སྦྱོར་གྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་རང་རིག་ཀུན་ཏུ་བཟང་པོས། རང་སྣང་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །དེ་ནས་ཏིང་ངེ་འཛིན་ལ་ཏིང་ངེ་འཛིན་ལ་བཞེངས་ནས་བཞུགས་བཞིན་དུ། ཡང་བྱུང་ཀུན་ཏུ་བཟང་པོ་རྩོལ་བྲལ་གྱི་དགོངས་པ་འདི་བརྗོད་དོ། །ཨེ་མ་ཧོ་ཆོས་ཉིད་ཀུན་ཏུ་བཟང་། །སེམས་ཅན་རྟོག་པ་བསལ་བའི་ཕྱིར། །རང་སྣང་ཡུལ་གྱི་གཏན་ཚིགས་ང་ཡིས་བསྟན། །རིགས་ལྔའི་སངས་རྒྱས་ལེགས་པར་ཉོན། །ང་ཡི་ཆོས་ལ་ཡུལ་མེད་པས། །སྣ་ཚོགས་འཛིན་པའི་མ་རིག་མེད། །ང་ཡི་ཡེ་ཤེས་ངང་སྣང་བས། །ང་ཡི་བློ་ལ་བདག་རྟོག་མེད། །ང་ནི་ཡུལ་ལ་མི་གནས་པས། །

མཚན་མ་སྣ་ཚོགས་བྱ་བ་མེད། །ང་ལ་ཕྱི་དང་ནང་མེད་པས། །གསལ་དང་འགྲིབ་པ་ག་ལ་ཡོད། །ང་ནི་རང་བྱུང་རྟོག་མེད་པས། །ཡིན་དང་མིན་པའི་ཐ་སྙད་བྲལ། །ཨེ་མ་ཧོ། སེམས་ཅན་སངས་རྒྱས་ཐམས་ཅད་ལ། །ངོ་བོ་གཅིག་ལས་མེད་པར་ངེས། །དམིགས་པ་ཅན་དང་དམིགས་མེད་པས། །རང་བཞིན་གཅིག་ཏུ་མ་ངེས་སོ། །དགོངས་པ་རང་བྱུང་ཡེ་ཤེས་ནི། །རྟོགས་དང་མ་རྟོགས་མཐའ་ལས་འདས། །ཡིན་མིན་བློ་ཡི་བྱ་བ་ཐོང་། །སྣང་དང་མི་སྣང་ཆོས་ཉིད་ཀྱང་། །བྱ་བྱེད་མཐར་ལྷུང་ཆོས་དང་བྲལ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས། །མ་འགགས་གསལ་བའི་འོད་ལྔ་བྱུང་། །ཆོས་སྐུ་རང་གནས་དགོངས་པ་ལ། །སྟོང་དང་མི་སྟོང་མཐའ་ལས་འདས། །བརྟགས་བཏགས་པ་ཉིད་ཀྱང་བྱུང་པ་གཉིས་ཀྱི་ཆོས་རྣམས་ཀུན། །ཀུན་བཟང་སེང་གེའི་ངང་ལས་བྱུང་། །སངས་རྒྱས་ཀུན་ཏུ་བཟང་པོ་ངས། །གོལ་སྒྲིབ་གཉིས་མེད་ལྟ་བ་བསྟན། །སྣང་དང་མི་སྣང་མེད་པའི་ཆོས། །བྱས་ཤིང་བརྟགས་པ་མ་ཡིན་ཏེ། །རང་བཞིན་ལྷུན་གྱིས་གྲུབ་པར་རྟོགས། །ཆོས་སྐུ་རིག་པའི་སྣང་བ་ནི། །སྒྲིབ་ཕྱོགས་གཉིས་དང་བྲལ་བའི་ཆོས། །སྣང་བ་རང་སར་དེངས་པ་ལ། །སྒྲིབ་ཕྱོགས་གཉིས་ཀྱི་དྲི་མ་མེད། །སྐུ་ཡི་སྣང་བ་རང་སྣང་དང་། །གསུང་གི་ཆོ་འཕྲུལ་ཅིར་ཡང་སྟོན། །ཐུགས་ཀྱི་དགོངས་པ་རྩེ་གཅིག་གོ། །རང་སྣང་གསེར་གྱི་ནམ་མཁའ་ལ། །གསེར་གྱི་འདབ་ཆགས་བྱ་ཁྱུང་ལྡིང་། །རྟོག་མེད་ཡིད་ཀྱི་ཁྱུང་ཆེན་གཟུང་། །རང་བཞིན་མ་བཅོས་མཚོ་མོ་ལ། །རྣམ་དག་རང་གནས་གསེར་གྱི་ཉ་མོ་འགྱུ། །ཐབས་ཉིད་སྟོང་པའི་རྒྱ་ཡིས་ཐོབ། །འཛིན་ཆགས་བྲལ་བའི་ནམ་མཁའ་ལ། །ཆགས་མེད་རྩལ་རྫོགས་གསེར་གྱི་བྱ་ཁྱུང་ལྡིང་། །བཟུང་བ་མ་ཡིན་སྒྲོན་མར་ཆུབ། །རྟོག་མེད་རང་སངས་རྒྱ་མཚོ་ལ། །རང་བྱུང་ལྷུན་རྫོགས་གསེར་གྱི་ཉ་མོ་འགྱུ། །བྱས་པ་མ་ཡིན་ཡེ་རྒྱས་ཐོབ། །ཆོས་སྐུ་རང་སྣང་ཡུལ་གྱི་ནམ་མཁའ་ལ། །སྒྲོན་མ་འགག་མེད་གསེར་གྱི་བྱ་ཁྱུང་ལྡིང་། །རྟོག་མེད་རང་སངས་ཆོས་སྐུའི་ངང་དུ་བཟུང་། །ཀུན་གཞི་ཀློང་ཡངས་བག་ཆགས་རྒྱ་མཚོ་ན། །རིག་པ་མི་

འགྱུར་གསེར་གྱི་ཉ་མོ་འགྱུ། །བསྒྲུབས་པས་མ་ཡིན་རང་གི་གྲོགས་དང་ཕྲོལ། །ཀུན་ཏུ་བཟང་མོ་ཡེངས་མེད་ནམ་མཁའ་ལ། །རང་སྣང་མ་བཅོས་གསེར་གྱི་བྱ་ཁྱུང་ལྡིང་། །བཏང་བཞག་བྲལ་བའི་དགོངས་པའི་ངང་དུ་བཟུང་། །ཆོས་ཉིད་མི་འགྱུར་སྤྲོས་བྲལ་རྒྱ་མཚོ་ལ། །ཀ་དག་སེམས་བྲལ་གསེར་གྱི་ཉ་མོ་འགྱུ། །བློ་དངོས་གཉིས་མེད་རང་བྱུང་ཡེ་རྒྱས་ཐོབ། །ཆོས་ཉིད་མིང་དང་བྲལ་བའི་ནམ་མཁའ་ལ། །མཚན་མའི་ཡུལ་མེད་རང་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །བཅོས་མ་མ་ཡིན་རང་གི་བདེ་བ་བཟུང་། །རང་བྱུང་སྤྲོས་བྲལ་ཆོས་ཉིད་རྒྱ་མཚོ་ན། །མཚན་མའི་དངོས་མེད་གསེར་གྱི་ཉ་མོ་འགྱུ། །རང་སྣང་ཆོས་སྐུར་གཅིག་པའི་རྒྱ་ཡིས་ཐོབ། །སྣ་ཚོགས་ཞེན་པ་མེད་པའི་ནམ་མཁའ་ལ། །ཆོས་སྐུ་སྤྲོས་བྲལ་གསེར་གྱི་བྱ་ཁྱུང་ལྡིང་། །རྩོལ་སེམས་མ་ཡེངས་སྒྲོན་མའི་ངང་དུ་འུབ། །ཆོས་ཉིད་མཐའ་ཡས་རྣམ་དག་རྒྱ་མཚོ་ན། །རང་བྱུང་རྟོག་བྲལ་གསེར་གྱི་ཉ་མོ་འགྱུ། །སྟོང་གསལ་འཁོར་འདས་བྲལ་བའི་རྒྱ་ཡིས་ཐོབ། །བསམ་པ་འཛིན་ཆགས་བྲལ་བའི་ནམ་མཁའ་ལ། །དགོངས་པ་རང་གནས་གསེར་གྱི་བྱ་ཁྱུང་ལྡིང་། །ཆོས་ཉིད་ཡངས་པའི་ཀུན་ཁྱབ་ངང་དུ་འུབ། །འབྱུང་རྐྱེན་སྣ་ཚོགས་བྲལ་བའི་ཆོས་ཉིད་རྒྱ་མཚོ་ན། །འོད་ལྔ་རང་ཤར་གསེར་གྱི་ཉ་མོ་འགྱུ། །སྣང་བ་ཅོག་བཞག་དགོངས་པའི་རྒྱ་ཡིས་ཐོབ། །ཆོས་ཉིད་དྲན་པ་སད་པའི་ནམ་མཁའ་ལ། །ཚོམ་བུ་ལྔར་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །འཛིན་ཆགས་རྟོག་མཐའ་བྲལ་བའི་ངང་དུ་འུབ། །ཆོས་ཉིད་ཕྱོགས་བྲལ་རྟོག་སངས་རྒྱ་མཚོ་ན། །དབུགས་སྦུབས་ཡིན་ནམ་དང་བྲལ་བའི་རིག་པ་གསེར་གྱི་ཉ་མོ་འགྱུ། །རང་སྣང་དམིགས་མེད་ཏིང་འཛིན་རྒྱ་ཡིས་ཐོབ། །ཆོས་སྐུ་སྤྲོས་བྲལ་རང་སར་དེངས་པའི་ནམ་མཁའ་ལ། །བྱ་བྱེད་བྲལ་བའི་རང་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །འཁྲུལ་པ་རྩད་གཅོད་ཆོས་སྐུའི་ངང་དུ་འུབ། །རྩོལ་བྲལ་ཆོས་ཉིད་རྫོགས་ཆེན་ནམ་མཁའ་ལ། །རིག་པ་རྩོལ་བྲལ་རང་སྣང་གསེར་གྱི་བྱ་ཁྱུང་ལྡིང་། །རྩོལ་བསྒྲུབ་བྲལ་བའི་ཆོས་དབྱིངས་ངང་དུ་འུབ། །མ་བསླད་ལྷུན་རྫོགས་ཡེ་ཤེས་རྒྱ་མཚོ་ན། །གསལ་དག་སྣང་བ་གསེར་གྱི་ཉ་མོ་འགྱུ། །

རྐྱེན་གཞི་བྲལ་བའི་རང་བྱུང་རྒྱ་ཡིས་ཐོབ། །ཆོས་སྐུ་རྟོག་མེད་རྟེན་བྲལ་ནམ་མཁའ་ལ། །དགོངས་པ་ཆིག་ཆོད་གསེར་གྱི་བྱ་ཁྱུང་ལྡིང་། །སྣང་བ་ཡིན་མིན་ཐེ་ཚོམ་བྲལ་བའི་ངང་དུ་འུབ། །ཆོས་དབྱིངས་རྒྱན་བཟང་སྣ་ཚོགས་རྒྱ་མཚོ་ན། །གཟུགས་སྐུ་མཉམ་ལ་མ་འདྲེས་གསེར་གྱི་ཉ་མོ་འགྱུ། །ཆོས་སྐུ་དྲན་བྱེད་བྲལ་བའི་རྒྱ་ཡིས་ཐོབ། །རང་སྣང་ཕྱོགས་ལྷུང་བྲལ་བའི་ནམ་མཁའ་ལ། །སྟོང་གསལ་སྤྲོས་དང་བྲལ་བའི་བྱ་ཁྱུང་ལྡིང་། །སྣང་ལ་འཛིན་པ་མེད་པའི་ངང་དུ་འུབ། །རང་བྱུང་རྙོག་པ་མེད་པའི་རྒྱ་མཚོ་ན། །མཚན་མ་རང་སར་དེངས་པའི་རིག་པ་གསེར་གྱི་ཉ་མོ་འགྱུ། །འཛིན་མེད་རང་བཞག་ཏིང་འཛིན་རྒྱ་ཡིས་ཐོབ། །མཚན་མ་སྤྲོས་བྲལ་རང་སྣང་ནམ་མཁའ་ལ། །གཟུང་འཛིན་བྲལ་བའི་ཆོས་སྐུ་གསེར་གྱི་བྱ་ཁྱུང་ལྡིང་། །ཆོས་ཉིད་རང་སྣང་ཐིག་ལེའི་ངང་དུ་འུབ། །གསང་སྔགས་ཡེ་ཤེས་གནས་ལུགས་དེ་བཞིན་ནོ། །ཨེ་མ་ཧོ། གསང་བའི་ཡེ་ཤེས་རང་སྣང་ཐབས་ཀྱི་རྒྱ། །ཡང་དག་ཡེ་ཤེས་ཚིག་གིས་མཚོན་དུ་མེད། །རང་རིག་ཡེ་ཤེས་འོད་གསལ་བས། །སྣང་བའི་ཡེ་ཤེས་ཡུལ་ལས་འདས། །རང་བྱུང་དེ་ཉིད་དངོས་བྲལ་བར། །ཀུན་གྱི་ཕྱག་རྒྱའི་རྒྱུ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཆེན་པོ་ནི། །ཀུན་ལ་གནས་ཤིང་བརྟག་དཀའ་འོ། །ཀུན་རྫོབ་དོན་དམ་གཉིས་མེད་ལ། །ཆོས་དང་གང་ཟག་བདག་མེད་དེ། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ལས་དང་ཉོན་མོངས་ཐམས་ཅད་ལ། །མཉམ་པའི་དོན་དུ་མི་ཤེས་ཤིང་། །རྟེན་འདྲེལ་རྒྱུ་འབྲས་ཡོང་འཛིན་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཆོས་རྣམས་མ་ལུས་ཐམས་ཅད་ལ། །བདེན་བཞིའི་དངོས་པོ་ཡོད་བལྟ་ཞིང་། །སྤོང་དང་མི་སྤོང་བྱེད་གྱུར་པ། །འདི་ནི་ཉན་ཐོས་ས་ཡིན་པས། །དགེ་བཅུ་དག་ལ་གཙོར་ལེན་ཅིང་། །དགེ་དང་མི་དགེ་གཉིས་མཉམ་པས། །ལྷ་དང་མི་ཡི་སྐྱེ་གནས་ཏེ། །འདོད་ཁམས་དག་ཏུ་འཁོར་བ་ཡིན། །མཉམ་པའི་དོན་ཉིད་མ་རྟོགས་ཤིང་། །ཚད་མེད་བཞི་དང་བསམ་གཏན་བཞི། །རིམ་པ་སོ་སོར་བདག་འཛིན་ཅིང་། །གཟུགས་

སོགས་རྣམས་ལ་བདག་ཏུ་རྟོག །དེ་ནི་ཚངས་པའི་གནས་སུ་སྐྱེ། །མཉམ་དང་གཟུགས་མེད་མ་རྟོགས་ན། །འཛིན་མེད་རང་སྣང་མི་ཤེས་པས། །སྐྱེ་མཆེད་མུ་བཞིའི་གནས་སུ་སྐྱེ། །ཐམས་ཅད་མཉམ་པར་མ་ཤེས་ན། །མ་ལུས་ཀུན་ལ་ཞེ་སྡང་ཞིང་། །སྙིང་རྗེ་ཡང་དག་མེད་གྱུར་ན། །དམྱལ་ཁམས་བཅུ་དྲུག་དག་ཏུ་སྐྱེ། །ཆགས་མེད་དངོས་བྲལ་མ་ཤེས་ན། །ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་། །ལུས་ཀྱི་བསྒྲིབ་དང་ཟས་ཀྱི་བསྒྲིབ། །ཡི་དྭགས་བཀྲེས་སྐོམ་དག་ཏུ་སྐྱེ། །བདག་གཞན་གཉིས་ཀྱི་དོན་མ་རྟོགས། །ཆོས་རྣམས་ཀུན་ལ་རྨོངས་བྱས་པས། །རང་གསལ་ཤེས་རབ་མེད་པས་ན། །དགེ་སྡིག་གཉིས་སུ་མི་མཐོང་ཞིང་། །ཤིན་ཏུ་རྨུགས་པའི་གནས་སུ་སྐྱེ། །རབ་ཏུ་ང་རྒྱལ་རགས་བྱེད་ཅིང་། །ཐམས་ཅད་བདག་གིར་བཟུང་བས་ན། །ཕན་ཚུན་འཐབ་དང་རྩོད་བྱེད་ཅིང་། །རང་གི་དོན་ཉིད་མ་ཤེས་ན། །རྩོད་ལྡན་རགས་པའི་གནས་སུ་སྐྱེ། །དེ་ནི་འཁོར་བའི་ལྟུང་གནས་ཏེ། །སེམས་ཅན་ཀུན་གྱི་མ་དག་ལམ། །ལྟུང་བའི་གནས་སུ་རྒྱལ་བས་བཤད། །རྫོགས་ཆེན་ཡེ་ཤེས་རང་སྣང་ཡུལ། །ལྟུང་བའི་གནས་སུ་ག་ལ་འགྱུར། །ཐམས་ཅད་མཉམ་པའི་རང་བཞིན་ལ། །བལྟ་བ་ལོག་པར་བརྟགས་པ་རྣམས། །གཞི་ལ་ཡོད་པ་མ་ཡིན་ཏེ། །སེམས་ཅན་རྣམ་རྟོག་ཐ་དད་པས། །ང་དང་བདག་ཏུ་བཟུང་བས་ལོག །ལོག་དང་མ་ལོག་ཐམས་ཅད་ཀྱང་། །ཡང་དག་རྫོགས་པའི་བྱང་ཆུབ་སེམས། །རིག་པའི་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་བྱུང་། །རྫོགས་ཆེན་ཨ་ཏིའི་ལྟ་སྤྱོད་ནི། །ཇི་ལྟར་སྤྱད་ཀྱང་རང་བཞིན་མེད། །མཁའ་ལ་ཁྱུང་ཆེན་ལྡིང་བ་བཞིན། །རང་སྣང་ཆེན་པོའི་རྒྱ་ཡིས་ཐོབ། །ཆུ་ལ་རྐྱལ་མཁན་འཕྱོ་བ་བཞིན། །རང་སྣང་སྟོབས་ཀྱིས་ཕ་རོལ་སྒྲོལ། །བར་སྣང་ཁམས་ཀྱི་རླུང་བཞིན་དུ། །ཡེ་ཤེས་ངོས་གཟུང་ཀུན་དང་བྲལ། །རྫོགས་ཆེན་ཆོས་ཉིད་དོན་རྟོགས་ན། །མ་རིག་པ་ཉིད་རིག་པར་ཤར། །ཕྱིན་ཅི་ལོག་ནི་ཡང་དག་སྟེ། །ཉོན་མོངས་ལྔ་པོ་དེ་བཞིན་གཤེགས། །འདོད་ཆགས་རྣམ་རྟོག་

སེམས་མེད་པས། །ཆགས་པའི་ཚུལ་ལ་ཆགས་པ་མེད། །དེ་བཞིན་ཆགས་སྡང་ལྔ་པོ་ཡང་། །ཡང་དག་དོན་ལ་མེད་པར་གསུངས། །སེམས་ཅན་མ་རིག་ལོང་བ་ལ། །མུན་པ་མ་ལུས་བསལ་བྱའི་ཕྱིར། །རིག་པའི་སྒྲོན་མ་འོད་གསལ་བས། །ཉོན་མོངས་ལྔ་ཡི་མུན་པ་སེལ། །ཡེ་ཤེས་སྣང་བ་རང་བཞིན་དུ། །དམིགས་པ་མེད་པར་རང་སར་གྲོལ། །སེམས་ཅན་ཀུན་གྱི་རང་ལུས་ལ། །ཡེ་ཤེས་དག་པའི་སྣང་བ་གནས། །རྒྱ་ཕྱེ་སྣང་བར་མི་ནུས་ཏེ། །དཔེར་ན་མངལ་དང་སྒོ་ངའི་རྒྱ། །མངོན་དུ་མ་གྱུར་སྒྲིབ་འགྱུར་ཡང་། །རང་རྩལ་རྫོགས་ནས་འབྱུང་བ་བཞིན། །རྣམ་རྟོག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཡེ་ནས་གནས་པའི་རང་རིག་ཉིད། །ངོ་བོ་རྟོག་མེད་མཐོང་བར་འགྱུར། །ཡེ་ཤེས་དག་པའི་སྣང་བ་དང་། །སངས་རྒྱས་བདེན་པ་མཐོང་བར་འགྱུར། །ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པའོ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་གཅོད་པའོ། །ཡེ་ཤེས་ཆེན་པོའི་རང་སྣང་སྟེ། །མངོན་སུམ་ཡུལ་དུ་མེད་མོད་ཀྱང་། །རང་བྱུང་སྒྲོན་མ་བསྟན་དུ་ཡོད། །སྒྲོན་མ་ཉིད་ཀྱི་ཡེ་ཤེས་ནི། །སྣང་དང་མི་སྣང་མཐའ་ལས་འདས། །ཆོས་ཉིད་རྟོགས་པའི་རྣལ་འབྱོར་པས། །སྟོང་པ་ཉིད་དུ་མི་བལྟ་ཞིང་། །རང་བཞིན་ཉིད་ལས་མ་གཡོས་པའོ། །ཤེས་རབ་ཡེ་ཤེས་རྟོགས་པའི་དཔེ། །དཔེར་ན་གླང་ཆེན་སྨྱོན་པ་ལ། །དམག་དཔུང་བཟློག་པར་འདོད་པ་ཡིས། །རལ་གྲི་སྣ་ལ་བཏགས་ནས་ནི། །དམག་དཔུང་རབ་ཏུ་བཟློག་པ་ལྟར། །ཤེས་རབ་ཆེན་པོའི་རྣལ་འབྱོར་གྱིས། །རྣལ་འབྱོར་འཁོར་བའི་རྒྱུན་ཐག་བཅད། །སྣང་བའི་ཡེ་ཤེས་མངོན་སུམ་བལྟ། །ད་ལྟར་མ་ཡིན་སེམས་ཅན་རྣམས། །རང་རིག་རྣམ་རྟོག་འདུ་འཛིས་གཡེངས། །ཇི་ལྟར་བྱིས་པ་ཤེད་མ་བྱེ། །བྱ་བྱེད་མང་པོས་གཡེངས་པ་ལྟར། །དེ་བཞིན་མ་རྟོགས་སེམས་ཅན་རྣམས། །རྣམ་རྟོག་འཁོར་བའི་བདུད་ཀྱིས་གཡེངས། །དེ་ཡང་བསྟན་

པ་འདི་ལྟ་སྟེ། །ལ་ལ་ཕྱི་ཡི་འཛིན་གཟུང་ཡིན་ནམ་པས་གཡེངས། །ལ་ལ་ནང་གི་གཟུང་འཛིན་ཡིན་ནམ་བས་གཡེངས། །ལ་ལ་བསམ་གཏན་བསྒོམས་པས་གཡེངས། །ལ་ལ་བྱ་བྱེད་སྤྱོད་པས་གཡེངས། །ལ་ལ་འཁོར་བའི་ཆགས་སྡང་གཡེངས། །དེ་བཞིན་སེམས་ཅན་ཐམས་ཅད་ཀུན། །ཉོན་མོངས་ལྔ་ཡི་འཆིང་བས་གཡེངས། །རང་གི་ཡེ་ཤེས་དོན་མ་མཐོང་། །སྣང་བ་འདི་ལ་ཞེན་ཞེན་ནས། །དག་སྣང་ཆེན་པོའི་ཞལ་མ་མཐོང་། །མི་ལ་སོགས་པའི་སེམས་ཅན་རྣམས། །རང་དབང་རང་གིས་མ་ཐོབ་པས། །འཁོར་བ་དག་ལ་ཡུན་རིང་གནས། །རང་དབང་རང་གིས་རྟོགས་པའི་ཐབས། །ཀུན་བཟང་སེང་གེ་ང་ཡིས་བཤད། །ཨེ་མ་རིགས་ཀྱི་སངས་རྒྱས་ཉོན། །ཆོས་སྐུ་སྐྱེ་བ་མེད་པ་ལས། །སྣང་བ་དང་རྣམ་པ་འགྱུར་མེད་དབང་ཐོབ་འགྱུར། །རང་རིག་ཡེ་ཤེས་འོད་གསལ་བས། །སྤྱན་གསུམ་རྫོགས་པའི་དབང་ཐོབ་འགྱུར། །དབྱིངས་དང་རིག་པ་དབྱེར་མེད་པས། །རང་སྣང་འོད་ཀྱི་དབང་ཐོབ་སྟེ། །སྣང་ཡང་ཆགས་པ་མེད་པའི་ཚུལ། །འོད་ཀྱི་རང་བཞིན་ཡེ་ནས་ཟླུམ། །སྐུ་ཡི་རང་བཞིན་ཡེ་ནས་འདྲིལ། །རིག་པའི་རང་བཞིན་ཡེ་ནས་སྟོང་། །སྣང་བ་རྩོལ་སེམས་རང་སྤངས་ནས། །དབྱིངས་དང་རིག་པ་མཐོང་བར་འགྱུར། །ཨེ་མ་ཧོ། ཨ་ཡི་ཡན་ལག་རྒྱས་པར་བཤད། །ཨ་དང་ན་རོ་གཉིས་བཤད་པས། །སེམས་ཅན་རང་རིག་མིག་དང་ལྡན། །ཡེ་ཤེས་སྣང་བ་མཐོང་བར་འགྱུར། །ཨེ་མ་ཧོ་རྡོ་རྗེ་སེམས་དཔའ་རང་བྱུང་བཅོམ་ལྡན་འདས། །ཀུན་ཏུ་བཟང་པོ་ཡེ་ཤེས་ཐབས་ལ་རོལ། །གཉིས་མེད་རིག་པའི་སྣང་བ་ཅིར་ཡང་འཆར། །ཆོས་སྐུ་སྤྲོས་བྲལ་ཡེ་ཤེས་ཐབས་ཀྱི་རྒྱ། །སྣང་བ་རང་ལུགས་ཡེ་འབྱམས་ཐུགས་ལ་གནས། །ཟད་མེད་རིག་པའི་སྣང་བ་ཅིར་ཡང་སྣང་། །འགག་མེད་སྐུ་ཡི་རོལ་པ་ཅིར་ཡང་འཆར། །རྟོག་མེད་ཐུགས་ཀྱི་དགོངས་པ་གར་ཡང་གནས། །རང་བྱུང་གསུང་གི་གྲགས་པ་སྣ་ཚོགས་འབྱུང་། །ཆོས་ཉིད་ཡུལ་གྱི་སྣང་བ་ཐབས་དང་ལྡན། །དགོངས་པ་རང་སྣང་ཡུལ་ལ་ཐེ་ཚོམ་མེད། །སངས་རྒྱས་ཡེ་ཤེས་ལུས་ལས་གཡོས་པ་

མེད། །དབྱིངས་དང་རིག་པ་མེ་ལོང་གཟུགས་བརྙན་བཞིན། །སྣང་བ་ཉིད་ལ་རང་བཞིན་ཡོངས་ཀྱིས་མེད། །རང་བཞིན་གསང་བའི་རིག་པ་ཆོས་ཀྱི་སྐུ། །བྱ་བྱེད་གཏང་གཞག་མཐར་ལྷུང་ག་ལ་ཡོད། །ཆོས་ཀྱི་སྐུ་དང་དབྱིངས་ནི་སྣང་བས་སྟོང་། །གསང་སྔགས་ཉིད་ཀྱི་ཐབས་ལས་སྣ་ཚོགས་འབྱུང་། །འབྱུང་བའི་ཡུལ་དང་དྲི་མའི་མཐའ་བཞི་སངས། །ཐིག་ལེ་ཉག་གཅིག་སངས་རྒྱས་དགོངས་པར་གནས། །གཉིས་མེད་སྟོང་གསལ་རིག་པའི་ངོ་ལ་ཐམས་ཅད་རྫོགས། །སྣང་བའི་ཐ་སྙད་ཙམ་དུ་བཏགས་པ་ག་ལ་ཡོད། །སྣང་བ་མ་ཡིན་ཆོས་ཉིད་ཡུལ་གྱི་རྒྱ། །བསམས་པས་དོན་མི་རྙེད་པ་ཀུན་བཟང་ང་ཡིས་བཤད། །ཨེ་མ་ཧོ། རིག་པ་ཉིད་ལ་རིག་པ་ཉིད་བསྟན་པས། །སྣང་བ་ཉིད་ལ་སྣང་བའི་རྒྱ་ཡིས་ཐོབ། །སངས་རྒྱས་ཉིད་ལ་སངས་རྒྱས་ཉིད་བསྟན་པས། །ཡེ་ཤེས་ཉིད་ལ་ཡེ་ཤེས་མ་འགགས་གསལ། །སྣང་བ་ཉིད་ཀྱིས་ཡེ་ཤེས་རང་སྣང་བསྒྲིབས། །སྣང་བའི་དྲི་མ་བསལ་བས་ཡེ་ཤེས་མཐོང་བར་འགྱུར། །ཁྱབ་གདལ་འུབ་ཆུབ་སྙིང་པོ་དོན་གྱི་མཆོག །ཆ་སྙོམས་ཡུལ་འཇུག་རང་བྱུང་ངང་དུ་ཐིམ། །མཐའ་ཡས་དོན་སྤྱོད་བདེ་ཆེན་རང་གི་ས། །ངོ་བོ་སྣང་བ་སྐུ་ཡི་ཀློང་དུ་ཐིམ། །རང་བཞིན་ཀུན་ཁྱབ་དབྱིངས་ལ་སྣང་མཐའ་ཡས། །ཟག་མེད་རང་བྱུང་རྟོག་པའི་མཐའ་དང་བྲལ། །དབྱིངས་རིག་གསལ་བ་རང་བཞིན་ཁྱབ་གདལ་ལོ། །བྱས་དང་བྱེད་པའི་ཆོས་མེད་ཀུན་ལས་འདས། །ལྷུན་གྲུབ་རང་སྣང་མཐར་ཐུག་ཀུན་ལ་རོལ། །གསལ་དང་དྲོ་དང་བསིལ་བའི་བདག་ཉིད་འཛིན། །ཡིན་དང་མིན་པའི་ཐ་སྙད་ཀུན་ལས་འདས། །སྣང་དང་མི་སྣང་ཡུལ་གྱི་རྟོག་པ་མེད། །ཨེ་མ་ཧོ། དེ་ནི་སངས་རྒྱས་གནས་ལུགས་ཡིན། །སངས་རྒྱས་ཀུན་གྱི་ལྟ་ཕུགས་ནི། །ཀུན་བཟང་སེང་གེ་ང་ཡིས་བསྟན་ཅིང་བཀྲོལ། །རང་སྣང་ཡུལ་ལ་བདག་རྟོག་ན། །ཀུན་ཏུ་བཟང་པོའི་དོན་མ་རྟོགས། །རིན་ཆེན་གསེར་དང་རྒྱ་མཚོ་བཞིན། །འགྱུར་བ་མ་ཡིན་གཡོས་པ་མེད། །དུས་གསུམ་སྣང་བའི་རིག་པའི་ཡུལ། །ཕྱོགས་སུ་ལྷུང་ན་དོན་མ་རྟོགས། །ཨེ་མ་ཧོ། ཆོས་དབྱིངས་

རང་བཞིན་བྱང་ཆུབ་སེམས། །རིག་པའི་རང་བཞིན་སྟོང་གསལ་མཉམ། །ཨེ་མ་ཧོ། ཡངས་སོ་ཆེའོ་ཆེས་ཆེའོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆུང་དང་ཆེ་བའི་རིམ་པ་རྣམས། །ཡང་དག་ས་ལ་མེད་མོད་ཀྱང་། །སེམས་ཅན་བློ་ལ་གཉིས་སུ་བྱུང་། །སེམས་དང་མ་རིག་སྣང་བ་ནི། །ཡུལ་མེད་པ་ལ་འཛིན་པས་བཟུང་། །རིག་པ་ཡེ་ཤེས་སྣང་བ་ནི། །བདག་ཏུ་རྟོག་པའི་བློ་དང་བྲལ། །ཡིན་པ་ལ་ཡང་རེ་བ་མེད། །མིན་པ་ཉིད་ལ་ཐེ་ཚོམ་སངས། །འཁོར་བ་ཉིད་དང་མྱ་ངན་འདས། །གཉིས་སུ་གདགས་སུ་ག་ལ་ཡོད། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ནི། །སྟོང་གསལ་ཡུལ་མེད་བཞག་པས་ཟིན། །དེ་ཡི་ངང་དུ་གཉིས་མེད་འུབ། །འདས་དང་མ་བྱོན་ད་ལྟར་གྱི། །དགོངས་པ་དམ་པའི་སྣང་བའོ། །མི་ཤེས་བྱིས་པའི་ངང་ཉིད་ཀྱིས། །ནན་གྱིས་མཁའ་ལ་མདུད་པ་བོར། །ཡུལ་སྣང་མེད་ལ་སྣང་བར་བཟུང་། །རྟོག་པ་མེད་ལ་རྟོག་པར་བཟུང་། །བདག་དང་གཞན་དུ་མེད་པ་ལ། །བདག་དང་གཞན་དུ་བཟུང་བས་འཁྲུལ། །ཀྱེ་མ་ཡེ་ཤེས་ཚིག་ལས་འདས་པ་ལ། །ཚིག་དང་ཡི་གེས་ང་མི་མཐོང་། །ཡེ་ཤེས་རང་སྣང་ཐབས་ཀྱིས་ཕ་རོལ་ཕྱིན། །ཤེས་པའི་ཡུལ་དུ་མེད་པ་ལ། །སྣང་བ་རྩོལ་སེམས་འཁྲུལ་པའི་སེམས། །ལྷུན་གྱིས་གྲུབ་པའི་ཆོས་སྐུ་ཉིད། །གསལ་འགྲིབ་སྣང་བའི་མུན་པ་སངས། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །མུན་སྣང་གཉིས་སུ་གཟུང་དུ་མེད། །གཅིག་དང་དུ་མའི་ཆོས་ལས་འདས། །སྣང་དང་མི་སྣང་གང་ཡང་མེད། །སྐྱེ་དང་འཇིག་པའི་ཕྱོགས་དང་བྲལ། །གོལ་སྒྲིབ་བདག་རྟོག་ག་ལ་ཡོད། །བསམ་པ་ཉིད་ལ་བསམ་དུ་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །རིག་གསལ་ཆོས་ཀྱི་སྐུ་ལ་འདུས། །བསམ་གཏན་ཕ་རོལ་ཕྱིན་པའི་མཐའ། །སྒྲོན་མ་ཚིག་བཞག་ངང་དུ་འདུས། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་མཐའ། །རྟོག་མེད་རང་བྱུང་དོན་ལ་འདུས། །བཟོད་པའི་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་ཐད་ཀར་ཆོད་ལ་འདུས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་མཐའ། །གྲོགས་མེད་གཅིག་པུར་འདུག་ལ་འདུས། །སྦྱིན་

པའི་ཕ་རོལ་ཕྱིན་པའི་མཐའ། །འཁོར་བའི་འཛིན་ཆགས་ཐོངས་ལ་འདུས། །སྨོན་ལམ་ཕ་རོལ་ཕྱིན་པའི་མཐའ། །སྣང་བ་རེས་འཇོག་མེད་ལ་འདུས། །ཐབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །རིག་པ་ཅོག་བཞག་ངང་དུ་འདུས། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་མཐའ། །འཁྲུལ་སྣང་རྒྱ་ཡིས་ཐེབས་ལ་འདུས། །ཡེ་ཤེས་ཕ་རོལ་ཕྱིན་པའི་མཐའ། །རྐྱེན་དང་བྲལ་བའི་སྣང་བར་འདུས། །དེ་བཞིན་ཕ་རོལ་ཕྱིན་པའི་དོན། །རང་བཞིན་ཀུན་ཁྱབ་ཡེ་ཤེས་སོ། །དེ་ནས་ཀུན་རིག་ཆོས་ཀྱི་རྗེས། །བཅོམ་ལྡན་ཀུན་བཟང་སེང་གེ་ལ། །རང་རིག་ཐབས་ཀྱི་ཡན་ལག་ཞུས། །ཀྱེ་ཀྱེ་བཅོམ་ལྡན་སེང་གེའི་སྟོབས། །སེམས་ཅན་མ་རིག་ལོང་བ་ལ། །སྣང་བའི་སྒྲོན་མ་གང་གིས་བགྱི། །བདག་ཅག་རྣམས་ལ་བསྟན་དུ་གསོལ། །དེ་ནས་ཀུན་བཟང་སེང་གེ་དེས། །སངས་རྒྱས་རྣམས་ལ་བཀའ་སྩལ་པ། །ཨེ་མ་ཧོ། རིག་པའི་ཡེ་ཤེས་སྒྲོན་མ་ཉོན། །ང་ཡིས་དོན་དམ་ཡང་དག་ཉིད་དུ་བསྟན་པར་བྱ། །ཁྱེད་ཀྱིས་འགྱུར་མེད་ཡང་དག་གཟུང་བར་བྱོས། །ཨེ་མ་ཧོ། རིག་པའི་ཡེ་ཤེས་སྒྲོན་མ་ནི། །སེམས་ཅན་ཀུན་ལ་རང་ཆས་ཏེ། །རྣམ་པ་གཉིས་ཀྱི་ཚུལ་དུ་འཆར། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མའོ། །འདུ་འབྲལ་མེད་པའི་ཚུལ་དུ་འཆར། །སེམས་ཅན་ཀུན་གྱི་སྣང་བ་བཤད། །དེ་ཡང་བཤད་པ་འདི་ལྟ་སྟེ། །གནས་དང་དུས་དང་རྟོགས་པའོ། །གནས་ནི་བྷྲྀ་གུ་ཏ་ན་གནས། །དུས་ནི་བར་མ་དོ་ལ་འཆར། །རྟོགས་པ་ནམ་མཁའི་ངང་དུ་རྟོགས། །དེ་ཡང་མཐོང་བའི་དུས་སུ་བསྟན། །དེ་ཡང་དབྱིངས་དང་རིག་པར་བཤད། །དེ་ཡང་བཤད་ལུགས་འདི་ལྟ་སྟེ། །གཞི་ལ་གནས་པའི་དབྱིངས་རིག་དང་། །ལམ་ལ་སྣང་བའི་དབྱིངས་རིག་དང་། །མཐའ་ལ་སྐྱོལ་བའི་དབྱིངས་རིག་གོ། །གཞི་ཡི་དབྱིངས་རིག་རྣམ་གཉིས་ནི། །རྟོགས་བྱེད་ཐབས་ཀྱི་གཞི་དང་ནི། །བྱ་བ་རྫོགས་པའི་གཞི་རུ་བཤད། །རྟོགས་བྱེད་ཐབས་ཀྱི་གཞི་ཡི་དུས། །བག་ཆགས་ཕུང་པོ་འདི་ལ་བཤད། །བྱ་བ་རྫོགས་པའི་གཞི་གནས་

ནི། །ཆོས་ཉིད་ཀ་དག་སྣང་བར་བཤད། །རྟོགས་བྱེད་ཐབས་ཀྱི་གཞི་བཤད་པ། །དབྱིངས་ནི་དབྱིངས་ཀྱི་སྒྲོན་མ་ལ། །རིག་པ་ལུ་གུ་རྒྱུད་དུ་གསལ། །ལམ་ལ་སྣང་བའི་དབྱིངས་རིག་ནི། །དབྱིངས་ནི་འོད་ཀྱི་མུ་ཁྱུད་ལ། །རིག་པ་སྐུ་ལྔའི་སྣང་བར་བཤད། །མཐའ་ལ་སྐྱོལ་བའི་དབྱིངས་རིག་ནི། །དབྱིངས་ནི་རང་བཞིན་སྣང་བ་ལ། །རིག་པ་སྐུ་དང་ངོ་བོར་བསྟན། །དེ་ཕྱིར་དབྱིངས་དང་རིག་པར་བཤད། །དེ་བཞིན་ཉིད་དུ་རབ་ཏུ་གནས། །དབྱིངས་དང་ཡེ་ཤེས་རིག་པ་གསུམ། །འདུ་འབྲལ་མེད་པའི་ཚུལ་དུ་གནས། །སངས་རྒྱས་རྣམས་ཀྱི་ཡུལ་དང་སྤྱན། །ཀུན་ལ་རྟོགས་ཤིང་ཡེངས་པ་མེད། །ཡེངས་པ་མེད་པའི་རང་སྣང་ངོ་། །དབྱིངས་དང་རིག་པའི་དོན་ཉིད་ནི། །ལྟ་སྒོམ་སྤྱོད་པ་ཀུན་གྱི་དངོས། །ཡེ་ཤེས་རང་སྣང་གཟུང་འཛིན་བྲལ། །དབྱིངས་དང་རིག་པ་གཉིས་ཀྱི་དོན། །འདི་ཡི་ངང་དུ་ཐམས་ཅད་འདུས། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །བདག་དང་གཞན་གྱི་བློ་མེད་པས། །ཀུན་ལ་ཐོགས་མེད་སྤྱད་གྱུར་ཀྱང་། །སྤྱད་དང་སྤྱོད་པ་གཉིས་མེད་པས། །ཐམས་ཅད་ཡེ་ནས་སྟོང་གསལ་ངང་། །སེམས་ཅན་ཀུན་གྱི་སྣང་བ་ལ། །མ་བྱིན་བླངས་པས་མ་རིག་སངས། །སྣང་སྲིད་མ་ལུས་ཐམས་ཅད་ལ། །ཐོགས་པ་མེད་པར་སྤྱད་གྱུར་ཀྱང་། །འཆིང་བར་མི་འགྱུར་བསོད་ནམས་རྫོགས། །ཆགས་མེད་ཡེ་ཤེས་ཆེན་པོ་ཡིན། །སྣང་བ་ཐམས་ཅད་ཡེ་ཤེས་སྐུ། །དེ་ཉིད་རང་རིག་ཡིན་པར་བཤད། །གཉིས་མེད་ཡུལ་གྱི་སྣང་བའོ། །ཆོས་སྐུ་དངོས་པོ་ཀུན་བྲལ་ཞིང་། །ཡེ་ནས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱི་ཆོས་སྐུ་ཡང་། །རང་བཞིན་ཉིད་ཀྱི་སྣང་བར་བཤད། །མིང་བཏགས་ཚིག་ལ་དངོས་པོ་ཡོད་མ་ཡིན། །མ་རིག་འཁྲུལ་པའི་ལོག་རྟོག་གིས། །ང་དང་བདག་ཏུ་མེད་སྣང་ལ། །བདག་དང་གཞན་གྱི་བློ་ཡིས་བཟུང་། །སྣ་ཚོགས་འཁྲུལ་པ་རྫུན་ཡིན་པས། །རྗོད་བྱེད་རྫུན་གྱིས་ང་མི་སྒྲིབས། །རྫུན་ཉིད་ལ་ནི་རྫུན་སྤྱོད་དེ། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཐམས་ཅད་ཀུན་

བཟང་ང་ཡི་རྫུན། །སངས་རྒྱས་ཡེ་ཤེས་རིག་པའི་ཀློང་། །བདག་མེད་ཀུན་ཏུ་འཕྲོ་བའོ། །ཨེ་མ་ཡེ་ཤེས་རྣམ་དག་སྐུ། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །ཡང་དག་ལམ་གྱི་ཡེ་ཤེས་གནས། །ངོ་བོ་འཁྲུལ་རྟོག་ཡུལ་ལས་འདས། །རང་བཞིན་གཉིས་སྣང་ཡུལ་ལས་འདས། །ཐུགས་རྗེ་ཀུན་ཁྱབ་རྣམ་པར་སྣང་། །ཡེ་ཤེས་རང་སྣང་ལམ་དུ་འཆར། །རིག་པ་སྣང་དང་མི་སྣང་མེད། །དེ་ཡང་གཏན་ཚིགས་འདི་ལྟ་སྟེ། །སྣང་བ་ཡིན་མིན་གཉིས་ལས་འདས། །སྟོང་པ་འཛིན་ཆགས་ཡུལ་ལས་འདས། །བསྒོམ་པ་གཏང་བཞག་གཉིས་ལས་འདས། །ལྟ་བ་ཕྱོགས་དང་རིས་ལས་འདས། །འབྲས་བུ་རྟོག་མཐའ་གཉིས་དང་བྲལ། །ཡེ་ཤེས་དོན་ལ་ཅིས་ཀྱང་བསྐྱོད་དུ་མེད། །ཡེ་ཤེས་སྣང་བ་གང་ཡང་ཐོགས་པ་མེད། །ཡེ་ཤེས་སྐུ་ལ་མཐའ་བཞིའི་དྲི་མ་མེད། །ཡེ་ཤེས་ལམ་ལ་ཡེ་ནས་ཚིག་དང་བྲལ། །ཡེ་ཤེས་རིག་པ་ཡང་དག་དགོངས་པའི་མཆོག །ཡེ་ཤེས་ངོ་བོ་འགྱུར་བའི་ཕྱོགས་དང་བྲལ། །ཡེ་ཤེས་རང་བཞིན་གཉིས་སྣང་མཐའ་དང་བྲལ། །ཡེ་ཤེས་ཐུགས་རྗེ་སྣང་བའི་རྩལ་དུ་སྣང་། །ཡེ་ཤེས་ཡོན་ཏན་སྣ་ཚོགས་དུ་མར་སྣང་། །ཡེ་ཤེས་ཤེས་རབ་རིག་པའི་དོན་ལ་སྤྱོད། །ཡེ་ཤེས་དཀྱིལ་འཁོར་མ་བྲིས་ཡོངས་ལ་གསལ། །ཡེ་ཤེས་ཉིད་ལ་ཅི་ཡང་ཡོད་མ་ཡིན། །ཡེ་ཤེས་ཉིད་ལ་ཡེ་ཤེས་ཉིད་རོལ་པ། །བཟུང་བས་མི་ཟིན་རླུང་གི་དཀྱིལ་འཁོར་འདྲ། །སངས་རྒྱས་ལུས་ཀྱི་རྒྱན་བཟང་བ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །དེ་ཉིད་ཡེ་ཤེས་རོལ་པར་བསྟན། །ཡེ་ཤེས་སྣང་བ་དུ་མ་ཡིན། །ཡེ་ཤེས་སྐུ་ལ་གཅིག་ལས་མེད། །ཡེ་ཤེས་དང་ནི་ཆོས་ཀྱི་སྐུ། །སྣང་བ་སོ་སོ་མ་ཡིན་པས། །ཡེ་ཤེས་གཞི་ལ་སྐུ་གསུམ་གསལ། །ཡེ་ཤེས་ལམ་ལ་སྐུ་ལྔ་གསལ། །ཡེ་ཤེས་འབྲས་བུ་ཐིག་ལེའི་ངང་། །ཡེ་ཤེས་སངས་རྒྱས་རྒྱན་ཡིན་པས། །ཅིས་ཀྱང་བསྐྱོད་པ་མ་ཡིན་ནོ། །ཡེ་ཤེས་ཉིད་ཀྱི་སྐུ་ལ་ཡང་དག་བདེ་སྤྱོད་པ། །སངས་

རྒྱས་ཉིད་ཀྱི་རིག་པ་དངོས་ཡིན་ནོ། །ལམ་དང་ཡེ་ཤེས་རྟོགས་པ་ཕྱོགས་བྲལ་ན། །ཡེ་ཤེས་རང་སྣང་བལྟ་བ་རྟོགས་པར་བཤད། །ས་དང་ལམ་ལ་མི་གནས་ཡེ་ཤེས་ཆེན་པོའི་སྐུ། །ཅིག་ཆར་བ་དང་རིམ་གྱིས་མ་ཡིན་པས། །རང་སྣང་ཆིག་ཆོད་ངང་དུ་དེ་བཞིན་གཤེགས། །ཡུལ་སྣང་མ་ཡིན་གཅིག་པུར་གནས། །གསང་སྔགས་ཡེ་ཤེས་རང་ལུགས་དང་། །འཁྲུལ་པ་ཡུལ་གྱི་སྣང་ལུགས་གཉིས། །གཅིག་ལས་ཐ་དད་ལྟར་སྣང་བའོ། །ཡེ་ནས་གནས་པའི་རིག་པའི་སྐུ། །གསང་སྔགས་གཞི་ལམ་འབྲས་བུར་གནས། །གསང་སྔགས་ཀུན་གྱི་གནས་ལུགས་དང་། །སྣང་ལུགས་གཅིག་གིས་ཕྱོགས་ཆར་བསྒྲིབས། །དེ་ཡང་བཤད་པ་འདི་ལྟ་སྟེ། །སྣང་ཐབས་དང་ནི་སྣང་ལུགས་སོ། །སྣང་དང་རིག་དང་ཡེ་ཤེས་སྐུ། །ལམ་དང་ཡེ་ཤེས་འབྱུང་བའི་ས། །དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡི་ངོ་བོ་ཡིས། །རང་སྣང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ཤེས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་ཡང་། །ཐམས་ཅད་ཡེ་ཤེས་རོལ་པར་ཤར། །རིག་པ་གཅིག་ལ་དོན་བརྗོད་པས། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་བྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བ་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེའི་རྐྱེན་གྱི་བདག །སྣང་བའི་རྡོ་རྗེ་ཀུན་ལ་རོལ། །མཐའ་ཡས་ལམ་ལ་རྣམ་པར་རོལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲགས་པར་སྟོང་། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ན། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་

རྟོག་པ་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །སངས་རྒྱས་སྐུ་དང་ཡེ་ཤེས་འོད། །སྣང་བ་རང་སྣང་ཉིད་དུ་ཡོད། །ཀུན་ཏུ་བཟང་པོས་ཀུན་ཏུ་རིག་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་སྟོབས་ལྡན་གྱི་ལྟ་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཀུན་རིག་ཆོས་ཀྱི་རྗེ་ལ་སོགས་པའི་རིགས་ཀྱི་སངས་རྒྱས་རྣམས་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ། རྡོ་རྗེ་ཡེ་ཤེས་སྐུ། །དབང་དང་དམ་ཚིག་དོན་བསྟན་པ། །ལེགས་པར་འཁོར་ལ་བསྟན་དུ་གསོལ། །ཞུས་ཏེ་རང་རང་སྟན་ལ་འདུག །དེ་ནས་ཀུན་ཏུ་བཟང་པོ་ཡིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་རང་སྣང་དཀྱིལ་འཁོར་ཉོན། །ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ནི། །དབང་དང་དམ་ཚིག་གཉིས་སུ་འདུས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །དབང་ལ་རྣམ་པ་བཞི་ཡོད་དེ། །ཕྱི་དང་ནང་དང་གསང་བ་དང་། །དེ་བཞིན་ཡོངས་སུ་རྫོགས་པའོ། །ཕྱི་ཡི་དབང་ཉིད་འདི་ལྟ་སྟེ། །སྣང་ཚད་གྲག་ཚད་ཐོས་ཚད་རྣམས། །ཕྱི་དབང་རིན་ཆེན་རྫས་སུ་བསྟན། །དེ་ཡང་བཤད་པ་འདི་ལྟ་སྟེ། །བསྐུར་བའི་དུས་དང་འཇུག་པའི་དུས། །ཐོབ་པའི་དུས་དང་སྨིན་པའི་དུས། །རྣམ་པ་བཞི་ནི་ང་ཡིས་བཤད། །དེ་ཡང་ངོ་བོ་ངེས་ཚིག་དང་། །དབྱེ་བའི་དུས་ནི་རབ་ཏུ་བཤད། །བསྐུར་བའི་དུས་ནི་འདི་ལྟ་སྟེ། །རང་ལ་གནས་པས་རྩལ་དབང་བསྐུར། །འཇུག་པའི་དུས་ནི་འདི་ལྟ་སྟེ། །སྨན་ལྔ་བདུད་རྩི་ལྔ་ལ་འཇུག །དེ་ཡང་དྲག་ཤུལ་སྟོབས་ཀྱིས་བཟའ། །ཐོབ་པའི་དུས་ནི་འདི་ལྟ་སྟེ། །ཕྱི་ཡི་སྣང་བ་ཐམས་ཅད་ཀུན། །བདག་གི་དབང་དུ་འདུས་པ་དང་། །སྣང་བ་ཐམས་ཅད་རང་སྣང་དང་། །གྲག་པ་ཐམས་ཅད་རང་གི་གསུང་། །བསམ་པ་ཐམས་ཅད་ཡེ་ཤེས་ཐུགས། །རྟོགས་ཤིང་ཤེས་ན་དབང་ཐོབ་པོ། །སྨིན་པའི་དུས་ནི་འདི་ལྟ་སྟེ། །ཕྱི་འབྱུང་ནང་དུ་སྨིན་པ་དང་། །ཕུང་ལྔ་རིགས་ལྔར་སྨིན་པ་དང་། །ཡུལ་

བརྒྱད་སེམས་དཔར་སྨིན་པ་དང་། །དཀྱིལ་འཁོར་ལྷ་རུ་སྨིན་པ་དང་། །དུག་ལྔ་ཡེ་ཤེས་ལྔར་སྨིན་པའོ། །ངོ་བོ་བསྟན་པ་འདི་ལྟ་སྟེ། །སེམས་ཅན་མ་རིག་འཁོར་བ་ལས། །མ་སྨིན་པ་རྣམས་སྨིན་པར་བྱེད། །དེ་ཕྱིར་སྨིན་པར་བྱེད་པར་གྲགས། །དབང་གི་ངེས་ཚིག་འདི་ལྟ་སྟེ། །མ་ཐོབ་པ་རྣམས་ཐོབ་པར་བྱེད། །དབང་གི་དབྱེ་བ་འདི་ལྟ་སྟེ། །གོང་དུ་བསྟན་པ་ཁོ་ནར་ཟད། །དེ་ནི་ཕྱི་ཡི་དབང་དུ་བསྟན། །ནང་གི་དབང་བསྐུར་འདི་ལྟ་སྟེ། །རང་རིག་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ལྷ་ཡི་ངོ་བོར་བསྐུར། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཤེས་དང་མཐོང་དང་གོ་བར་བསྟན། །དེ་ཡང་ངོ་བོ་ངེས་ཚིག་དབྱེ་བའོ། །དེ་ཡང་ཤེས་པ་འདི་ལྟ་སྟེ། །རྣམ་རྟོག་མཚན་མ་ཐམས་ཅད་ཀུན། །རང་ལས་བྱུང་བར་ཤེས་པ་དང་། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན། །རང་གི་སྣང་བར་ཤེས་པའོ། །མཐོང་བའི་དུས་ནི་འདི་ལྟ་སྟེ། །རྡུལ་ཚོན་དཀྱིལ་འཁོར་དེ་དག་ཀུན། །རང་གི་སྣང་བར་མཐོང་བ་དང་། །ཤ་ཁྲག་བདུད་རྩི་ལ་སོགས་པའི། །རྫས་ཀྱི་རྣམ་པ་དེ་དག་ཀུན། །རང་གི་ཁུ་བར་མཐོང་བའོ། །གོ་བའི་དུས་ནི་འདི་ལྟ་སྟེ། །ལྷ་ཚོགས་རང་ཉིད་ཡིན་པར་གོ་བ་དང་། །སྐུ་གསུམ་རང་ལས་བྱུང་བར་གོ་བ་དང་། །འཁྲུལ་སྣང་ཡེ་ཤེས་སྣང་བར་གོ་བའོ། །ངོ་བོ་ངེས་ཚིག་འདི་ལྟ་སྟེ། །ངོ་བོ་རྟོག་མེད་ཤེས་རབ་ཡིན། །ངེས་ཚིག་མ་གྲོལ་གྲོལ་བར་བྱེད། །དབྱེ་བ་རྣམ་པ་བཞི་ཡིས་བསྟན། །ནང་གི་ཕྱི་དང་ནང་གི་ནང་། །ནང་གི་གསང་བ་ཡོངས་རྫོགས་སོ། །ནང་གི་ཕྱི་ནི་འདི་ལྟ་སྟེ། །སྣང་བའི་རྫས་ལ་བརྟན་པའོ། །ནང་གི་ནང་ནི་འདི་ལྟ་སྟེ། །ཕྱག་རྒྱ་དཀྱིལ་འཁོར་རྫས་ལྔའོ། །ནང་གི་གསང་བ་འདི་ལྟ་སྟེ། །མ་རིག་རྩད་བཅད་རིག་སྣང་ངོ་། །ནང་གི་ཡོངས་རྫོགས་འདི་ལྟ་སྟེ། །ཡུལ་དང་རིག་པ་གཉིས་སུ་བསྟན། །དེས་ནི་དབྱེ་བ་རྒྱས་པར་བསྟན། །ཕྱི་ནང་དོན་ནི་རྫོགས་པར་བསྟན་པའོ། །ཨེ་མ་གསང་བའི་དབང་ཉིད་འདི་ལྟ་སྟེ། །ནུས་དང་མཐུན་འཇུག་སྐྱེ་ཚད་ཕྱིར། །བསྟན་ཅིང་བཀྲོལ་ཏེ་བསྟན་པའོ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །

མཚན་བརྟག་པ་དང་བསྡུ་བ་དང་། །གཏོར་བ་དང་ནི་བསྐུར་ཐབས་བསྟན། །ངོ་བོ་ངེས་ཚིག་དབྱེ་བ་དང་། །བཤད་ལུགས་རྒྱས་པར་བཤད་པའོ། །དེ་ཡང་མཚན་ཉིད་བརྟག་པ་འདི་ལྟ་སྟེ། །ལ་ལ་དག་ན་དོན་མང་ཡང་། །འདིར་ནི་རྣམ་དོན་གཉིས་ཀྱིས་བསྟན། །ཁྱད་པར་དངོས་གྲུབ་འབྱུང་བ་དང་། །ཐུན་མོང་དངོས་གྲུབ་འབྱུང་བར་བསྟན། །ཐུན་མོང་འབྱུང་བའི་རིགས་བསྟན་པ། །གཟུངས་མ་ཤེས་རབ་མཚན་ལྡན་པ། །བུ་མང་བཀྲ་ཤིས་ཕུན་སུམ་ཚོགས། །ལོངས་སྤྱོད་ལྡན་པར་འགྱུར་བ་དང་། །ཁྲུ་ཚད་ལོ་གྲངས་སུམ་ཅུ་སོ་དགུའོ། །དེས་ནི་ཐུན་མོང་དངོས་གྲུབ་འབྱུང་། །ཁྱད་པར་ཤེས་རབ་མཚན་བརྟག་པ། །སྐྱེས་པ་དག་གིས་མ་གཙེས་དང་། །བརྟུལ་ཞུགས་ཆེ་བར་གྱུར་པ་དང་། །བཞིན་བཟང་ཡིད་དུ་འོང་བ་དང་། །མིག་ནི་དཀྱུས་རིང་དཀར་ནག་ཕྱེད། །སེན་མོ་མདོག་དམར་ཕྲ་ལ་འཁྲིལ། །དེ་ལ་སོགས་པའི་མཚན་རྣམས་ནི། །རབ་ཏུ་ལྡན་པར་གྱུར་པ་དང་། །ཁྲུ་ཚད་བཅུ་ལོ་གྲངས་བཞི་དག་གམ་ནི། །ཡང་ན་བཅུ་དྲུག་མན་ཆད་དོ། །དེ་བཞིན་ཁྱད་པར་དངོས་གྲུབ་ཐོབ། །དེས་ནི་མཚན་ཉིད་བརྟག་པ་བསྟན། །བསྡུ་བ་བསྟན་པ་འདི་ལྟ་སྟེ། །དེ་ལྟར་ཤེས་རབ་མཚན་ལྡན་མ། །ཡི་གེ་བསྡུ་བ་རབ་ཏུ་བཤད། །དང་པོ་ཐིག་ལེའི་བྱེ་བྲག་རྣམས། །ཡི་གེ་མཱུཾ་གྱིས་བསྡུས་ནས་ནི། །བསྐུར་བའི་གནས་དག་གང་ཡིན་པ། །དེ་ལ་རབ་ཏུ་བསྡིམ་པར་བྱ། །དེ་ནས་ཡི་གེ་གཏོར་བ་བཤད། །དེ་ཡང་བསྟན་པ་འདི་ལྟ་སྟེ། །བྱང་ཆུབ་སེམས་ནི་དཀར་དམར་རྣམས། །པད་མ་རྡོ་རྗེའི་མཁའ་ལ་རབ་ཏུ་གཏོར། །པད་མ་ལ་ནི་ཡི་གེ་ཨཱཾ། །དམར་པོ་འོད་ཆགས་བསམས་པས་གཏོར། །རྡོ་རྗེའི་རྩེ་ལ་ཡི་གེ་ཨོཾ། །འོད་ཟེར་དཀར་པོ་རབ་བསམས་པས། །བྷ་གའི་ནང་ནས་རྡོ་རྗེས་འདྲེན། །རྡོ་རྗེའི་སྐེད་པར་ཨཱ་ཉིད་བསམ། །རྩ་བ་དག་ཏུ་ཧཱུཾ་ཉིད་བསམ། །ཀུན་ཏུ་སྭཱ་ཧཱ་ཤེས་པར་བྱ། །དེ་ཡང་དྲང་དང་བསྡིམ་པའོ། །དྲང་བ་ཨཱཿལ་སོགས་པས་དྲང་། །བསྡིམ་

པ་བྲུཾ་ལ་སོགས་པས་བསྡིམ། །དེ་ནས་བསྐུར་བའི་ཡན་ལག་བསྟན། །དམར་པོ་དང་ནི་དཀར་པོ་གཉིས། །བསྐུར་བའི་གནས་ནི་སོ་སོའོ། །ཐ་མ་གཅིག་ཏུ་བསྡོམ་པའི་གནས། །མཁས་པས་རབ་ཏུ་ཤེས་པར་བྱ། །དེ་ཡང་མདོར་བསྟན་འདི་ལྟ་སྟེ། །ལྕེ་སྟེངས་སམ་ནི་གསང་བའི་གནས། །ཡང་ན་གནས་ལྔ་དག་ཏུ་བསྐུར། །བསྐུར་བའི་རྒྱུ་དང་རིམ་པ་ནི། །འབྲས་བུ་ཡོན་ཏན་རྒྱས་པའོ། །དེ་ནི་སྦྱོར་བའི་དཀྱིལ་འཁོར་རོ། །ངོ་བོ་བསྟན་པ་འདི་ལྟ་སྟེ། །ཐབས་དང་ཤེས་རབ་འཁྲིལ་སྦྱོར་བ། །གསང་བའི་དབང་གི་ངོ་བོར་འདོད། །ངེས་ཚིག་གཞན་ལ་མི་བསྟན་པའོ། །དབྱེ་བ་རྣམ་པ་བདུན་གྱིས་བསྟན། །དང་པོ་ཕྱག་རྒྱའི་དབང་བསྐུར་བ། །བསྟེན་པ་ཙམ་དུ་བསྟན་པ་དང་། །སྦྱོར་བའི་ཡན་ལག་བསྟན་པ་དང་། །སྒྲོལ་བའི་ཡན་ལག་བསྟན་པ་དང་། །བྱང་ཆུབ་སེམས་སུ་བསྟན་པ་དང་། །བརྟུལ་ཞུགས་ནུས་པ་བསྟན་པ་དང་། །གཉིས་མེད་འབྱུང་བར་བསྟན་པའོ། །དང་པོ་ཕྱག་རྒྱ་བསྟན་པ་ནི། །སྣང་བ་རྒྱས་འདེབས་ཕྱག་རྒྱ་དང་། །ཤེས་རབ་སེམས་མའི་ཕྱག་རྒྱའོ། །སྣང་བ་རྒྱས་འདེབས་ཕྱག་རྒྱ་ནི། །གསང་བ་ཐབས་ཀྱི་ཡན་ལག་གོ། །ཤེས་རབ་སེམས་མའི་ཕྱག་རྒྱ་ནི། །སོར་མོའི་རྩེ་མོ་སྤྲད་བྱས་ཏེ། །མཱུཾ་དང་ཨ་ནི་རབ་ཏུ་བསམ། །དེ་ནི་ཕྱག་རྒྱ་ཉིད་དུ་བསྟན། །བསྟེན་པ་ཙམ་དུ་བསྟན་པ་ནི། །དབང་བསྐུར་ལས་ལ་འཇུག་པའི་ཚེ། །ཤེས་རབ་ཡུམ་ནི་བསམས་པས་འགྲུབ། །ཡང་ན་བསྟེན་པ་ཙམ་གྱིས་འགྲུབ། །སྦྱོར་བའི་ཡན་ལག་བསྟན་པ་ནི། །གོང་དུ་རྒྱས་པར་བསྟན་པའོ། །སྒྲོལ་བའི་ཡན་ལག་འདི་ལྟ་སྟེ། །སེམས་ཀྱི་རྣམ་རྟོག་ཅི་བྱུང་བ། །ཆོས་ཀྱི་དབྱིངས་སུ་སྒྲོལ་བ་དང་། །དབང་པོ་ལྔ་ཡི་ཆོ་འཕྲུལ་ནི། །དག་པའི་ལམ་ལྔར་སྒྲོལ་བ་དང་། །མཚན་མར་སྣང་བའི་འབྱུང་བ་རྣམས། །དག་པའི་ཞིང་དུ་བསྒྲལ་བ་དང་། །ཉོན་མོངས་རྣམ་པ་ལྔ་ཉིད་ཀྱང་། །ཡེ་ཤེས་རྣམ་ལྔར་བསྒྲལ་བའོ། །འཁོར་བའི་སྡུག་བསྔལ་ཇི་སྙེད་པ། །དག་པའི་ཞིང་དུ་བསྒྲལ་བའོ། །དེས་ནི་སྒྲོལ་བའི་ཡན་ལག་བསྟན། །བྱང་སེམས་དཀར་དང་དམར་བ་ཡང་། །

བསྐུར་བ་ཉིད་དུ་བསྟན་པ་དང་། །བསྟེན་པའི་དུས་སུ་བསྟན་པའོ། །བསྐུར་བ་ཉིད་དུ་བསྟན་པ་ནི། །གསང་བའི་གནས་དང་ལྕེ་སྟེངས་སུ། །དེ་ཡང་བརྟུལ་ཞུགས་ལྡན་པ་དག །པདྨ་དག་ལ་མཆུ་བཙུགས་ཏེ། །རབ་ཏུ་གཞིབས་པས་དབང་ཐོབ་འགྱུར། །བསྟེན་པ་ཉིད་དུ་བསྟན་པ་ནི། །བདུད་རྩི་རྣམ་ལྔ་སྣོད་དག་ཏུ། །བྱང་ཆུབ་སེམས་དང་མཉམ་སྦྱར་ཏེ། །མགུལ་ལམ་མཆན་ཁུང་དག་ཏུ་གདགས། །སྒྲུབ་པ་པོས་ནི་རྟག་ཏུ་བཅང་། །བཅངས་ན་དངོས་གྲུབ་ཉེ་བར་འགྱུར། །བརྟུལ་ཞུགས་ནུས་པ་བསྟན་པ་ནི། །བུ་མཆོག་དད་དང་ལྡན་པ་ཞིག །ཡབ་ཡུམ་སྦྱོར་བའི་བར་དག་ནས། །ལྕེ་ཡིས་རབ་ཏུ་བླང་པར་བྱ། །ཡང་ན་མེ་ལོང་མ་གས་པས། །བླངས་ཏེ་རང་གིས་བཏུང་བར་བྱ། །དེས་ནི་བརྟུལ་ཞུགས་དངོས་གྲུབ་འབྱུང་། །སྣང་བ་དབང་དུ་འདུས་གྱུར་ནས། །ཡེ་ཤེས་དཀྱིལ་འཁོར་མཐོང་བར་འགྱུར། །དེས་ནི་དབང་མཆོག་ཐམས་ཅད་ཐོབ། །མ་གྲོལ་བ་རྣམས་གྲོལ་བར་འགྱུར། །གཉིས་མེད་འབྱུང་བར་བསྟན་པ་ནི། །ཐབས་དང་ཤེས་རབ་སྒོ་གཉིས་གསལ། །ཤེས་རབ་སེམས་མ་ཡུམ་དང་ནི། །ཐབས་ཀྱི་སེམས་དཔའ་གཉིས་སུ་མེད། །འདི་ཡིས་ཡང་དག་དོན་ཆེན་འབྱུང་། །མུན་པ་དྲུག་གི་ཕྱོགས་དག་ཀྱང་། །སྣང་བ་ལྔ་ཡིས་རབ་ཏུ་གསལ། །མ་བཅོས་ཡེ་ཤེས་ལས་བྱུང་བས། །དེ་ཕྱིར་གཉིས་མེད་བསྟན་པའོ། །ཨེ་མ་ཧོ། ཡོངས་སུ་རྫོགས་པའི་དབང་ཆེན་ནི། །རང་རིག་གཞི་ཡི་གནས་ལུགས་སྟོན། །དེ་ཡང་རབ་ཏུ་བཤད་པ་ནི། །སྣང་བ་སེམས་སུ་དབང་བསྐུར་དང་། །སེམས་ཉིད་རིག་པར་དབང་བསྐུར་དང་། །རིག་པ་ཆོས་ཉིད་དབང་བསྐུར་རོ། །ངོ་བོ་ངེས་ཚིག་དབྱེ་བ་བསྟན། །སྣང་བ་སེམས་སུ་དབང་བསྐུར་ནི། །ཤིན་ཏུ་རགས་པ་ལྔ་རྣམས་ཀྱང་། །མུན་པ་སེལ་བ་སྣང་བ་སེམས་ལས་ཡང་བྱུང་ལྔ་རུ་བསྐུར། །མུན་པས་མྱོས་པ་རྣམ་དྲུག་ལ། །བདུད་རྩི་ཐིགས་པའི་དབང་བསྐུར་བྱ། །ཤིན་ཏུ་གསང་བ་རྣམ་གཉིས་ལ། །བཅོས་མེད་ནམ་མཁའི་

ངང་དུ་བསྐུར། །མགྱོགས་པར་བྱེད་པ་རྣམ་བཞི་ཡང་། །དོན་ལ་སྤྱོད་བྱེད་རྣམ་བཞི་ཡིས། །དབང་བསྐུར་དཀྱིལ་འཁོར་རྫོགས་པར་བྱ། །སྣང་བ་རྟོགས་བྱེད་རྩ་བ་ནི། །སྟོང་ཉིད་གསལ་བའི་ངང་དུ་བསྐུར། །སེམས་ཉིད་རིག་པའི་དབང་བསྐུར་ནི། །སྣ་ཚོགས་རིག་པའི་ངོ་བོ་རྣམས། །སྤྲུལ་པ་ཉིད་དུ་དབང་བསྐུར་རོ། །རྣམ་རྟོག་དཔྱོད་པར་བྱེད་པ་ཡང་། །མཉམ་ལ་མ་འདྲེས་དབང་བསྐུར་བྱ། །སྣ་དགུའི་བཞེད་གཞུང་སྣ་ཚོགས་རྣམས། །ཐེག་ཆེན་གསང་བར་དབང་བསྐུར་བྱ། །རིག་པ་ཆོས་ཉིད་དབང་བསྐུར་ནི། །བློ་དང་དངོས་པོའི་སྣང་བ་རྣམས། །སྟོང་པ་ཉིད་དུ་བསྐུར་བར་བྱ། །བཏགས་པ་གཉིས་ཀྱི་ཆོས་རྣམས་ཀུན། །གཏང་གཞག་མེད་པར་དབང་བསྐུར་བྱ། །ཡེ་ཤེས་ཡུལ་སྣང་ཆེན་པོའི་དབང་། །གཞི་ལ་དེ་བཞིན་གནས་པའོ། །ངོ་བོ་བསྟན་པ་འདི་ལྟ་སྟེ། །རིག་པའི་ངོ་བོ་རྟོག་མེད་པས། །རང་རིག་གསལ་བའི་ངོ་བོར་འདོད། །སྒྲ་ཚིག་མིང་ལ་མི་གནས་པས། །སྟོང་པ་ཉིད་ཀྱི་ངོ་བོར་འདོད། །བྱ་བྱེད་གཉིས་དང་བྲལ་བའི་ཕྱིར། །འཛིན་ཆགས་བྲལ་བའི་ངོ་བོར་འདོད། །དེ་ནི་ངོ་བོ་བསྟན་པའོ། །ངེས་ཚིག་བསྟན་པ་འདི་ལྟ་སྟེ། །ཐམས་ཅད་རྫོགས་པས་ཡོངས་རྫོགས་སོ། །དབྱེ་བ་རྣམ་པ་བཞི་ཡིས་བསྟན། །སྣང་བ་ཡུལ་གྱི་ཡོངས་རྫོགས་དང་། །བསྐུར་བའི་དུས་ལ་ཡོངས་རྫོགས་དང་། །རང་རིག་ཡེ་ཤེས་ཡོངས་རྫོགས་དང་། །རྟོགས་པའི་དུས་ན་ཡོངས་རྫོགས་སོ། །སྣང་བ་ཡུལ་གྱི་ཡོངས་རྫོགས་ནི། །རིག་པ་བྱ་བྱེད་མེད་པ་གཉིས། །སྒྲོན་མ་གཉིས་ཀྱི་སྣང་བ་དང་། །བཅས་ཏེ་མཁའ་ལ་གསལ་བ་དང་། །རིག་པའི་ངང་དུ་འབྱུང་བ་རྫོགས། །སྣང་བའི་ཡེ་ཤེས་ཡུལ་དང་འཕྲད་གྱུར་ནས། །རང་སྣང་མཁའ་ལ་གསལ་བའོ། །བསྐུར་བའི་དུས་ན་རྫོགས་པ་ནི། །རང་གི་རིག་པའི་ཡེ་ཤེས་ཉིད། །གདམས་ངག་དོན་གྱིས་བཀྲོལ་གྱུར་ན། །རང་གི་སྒྲོན་མ་མཐོང་བ་དང་། །ཡེ་ཤེས་སྣང་བ་ཤར་བ་ནི། །དག་པ་ཕྱོགས་གཅིག་དབང་བསྐུར་རྫོགས། །

ངོས་གཟུང་བྲལ་བའི་དཀྱིལ་འཁོར་ཉིད། །རང་རིག་ལུས་ལ་རྫོགས་པ་ནི། །དུས་དུས་ཚོད་མཚན་མ་ཡང་བྱུང་ཉིད་མཚོན་པའི་ཡེ་ཤེས་རྫོགས། །ཡེ་ཤེས་རྒྱ་ཆད་མེད་པ་ཉིད། །སྣ་ཚོགས་དོན་དུ་ཤར་བ་ནི། །རྟོག་མེད་ཤེས་རབ་རྫོགས་ལུགས་སོ། །འཁྲུལ་པ་སྣ་ཚོགས་རྫོགས་ལུགས་ནི། །དྲུག་ལས་བྱུང་བའི་མུན་པ་གསུམ། །དེ་ལས་མུན་པ་ལྔའམ་དྲུག །དེ་བཞིན་མུན་པ་ཆོས་ཉིད་ཀྱི། །སྣང་བ་གཅིག་ལས་བྱུང་བའོ། །སྣང་བ་ལྔ་ཡིས་ངོ་བོར་བསྒྲིབས། །རང་སྣང་རྫོགས་པས་མུན་པ་སངས། །དེ་བཞིན་བསྐུར་བའི་དུས་ན་ཡོངས་སུ་རྫོགས། །རང་རིག་ཡེ་ནས་ཡོངས་རྫོགས་ནི། །རིག་པ་རྟོག་མེད་སྣང་བ་ཉིད། །ཡེ་ནས་ཀུན་ལ་གནས་པས་ན། །དེ་ལས་བཅོས་ཤིང་བསྒོམ་མེད་པས། །རང་སྣང་བཞི་རྫོགས་དབང་དུ་བཤད། །རང་སྣང་དཀྱིལ་འཁོར་དབང་མཆོག་ནི། །ཡེ་ཤེས་ཐབས་ལ་སྣ་ཚོགས་རོལ། །རང་རིག་ཡེ་ནས་ཡོངས་རྫོགས་སོ། །རྟོགས་པའི་དུས་ན་ཡོངས་རྫོགས་ནི། །སྣང་བ་ཆོས་སྐུར་རྟོགས་པ་དང་། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་གསུང་ཐུགས་ཀྱི་རོལ་པ་རྣམས། །རྟོག་མེད་དག་ཏུ་རྟོགས་པ་དང་། །སེམས་ཀྱི་རྣམ་རྟོག་ཅི་སྙེད་པ། །ཡང་དག་ཉིད་དུ་རྟོགས་པ་དང་། །ཡེ་ནས་རང་བཞིན་འོད་གསལ་བས། །སྣང་བ་སྒྲོན་མར་རྟོགས་པའོ། །དེ་ནི་ཡོངས་རྫོགས་དག་ཏུ་བསྟན། །ཀྱེ་མ་ཡེ་ཤེས་རྒྱ་མཚོ་ལ། །ངང་གིས་གཡོས་པ་མེད་པར་བསྟན། །ཡེ་ནས་ལྷུན་རྫོགས་ཆོས་སྐུ་ལ། །སྣང་བའི་རང་རྐྱེན་ངོས་བཟུང་བས། །ཤེས་རབ་ལྔ་ཡིས་མ་ཆོད་ན། །མུན་པ་དྲུག་གི་སྤྱོད་ཡུལ་ལོ། །སྣང་བའི་རང་རྐྱེན་ཆོས་ཀྱི་སྐུ། །འབྱུང་བ་ལྔ་ཡི་དུག་རོ་རྣམས། །རང་གདངས་ལྔ་ཡི་སྣང་བའོ། །སེམས་དང་བག་ཆགས་སྣང་བ་ཡང་། །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །ཆོས་ཀྱི་སྐུ་ཡི་སྣང་བ་ནི། །འགྱུར་བ་མེད་པའི་དབང་དུ་བཤད། །ཡང་དག་ཉིད་ཀྱི་སྤྱོད་པ་ནི། །མ་འགགས་ཞེན་མེད་དབང་དུ་བཤད། །ཡེ་ནས་ལྷུན་རྫོགས་

ཆོས་སྐུ་ནི། །བག་ཆགས་བྲལ་བའི་དབང་དུ་བཤད། །འཁྲུལ་སྣང་ཟད་པའི་ཡེ་ཤེས་ནི། །རང་དབང་ཐོབ་པའི་དབང་དུ་བཤད། །དེས་ནི་དབང་གི་ཡེ་ཤེས་བསྟན། །སྣང་བ་ཉིད་ལ་མི་གནས་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་རང་དབང་ཐོབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཀུན་རིག་ཆོས་ཀྱི་རྗེས་བཀའ་སྩལ་པ། རིགས་ཀྱི་སངས་རྒྱས་རྣམ་ལྔ་ཉོན། །གསང་བའི་རིགས་ཀྱི་དམ་ཚིག་རྣམས། །སྟོན་པ་ཀུན་ཏུ་བཟང་པོ་ལ། །བདག་གིས་དྲི་བ་རབ་ཏུ་བྱ། །ཁྱེད་ཀྱིས་ཉེ་བར་ཡིད་ལ་ཟུང་། །དེ་ནས་རིགས་ཀྱི་སངས་རྒྱས་རྣམས་ཀྱིས། །ཀུན་རིག་གསང་བའི་ཆོས་རྗེ་ལ། །དེ་ལྟར་བགྱིའོ་བཅོམ་ལྡན་འདས། །ཞེས་བརྗོད་རང་རང་སྟན་ལས་ལངས། །དེ་ནས་ཀུན་རིག་ཆོས་ཀྱི་རྗེས། །སྟོན་པ་ཀུན་བཟང་སེང་གེ་ལ། །ཞུ་བའི་ཡེ་ཤེས་རབ་ཏུ་ཞུས། །དེ་ནས་ཀུན་བཟང་སེང་གེ་ཡིས། །ཆོས་ཀྱི་རྗེ་ལ་བཀའ་སྩལ་པ། །ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན། །ང་ཡིས་དོན་གྱི་དམ་ཚིག་བསྟན། །དེ་ཡང་བཤད་པ་འདི་ལྟ་སྟེ། །སྣང་བ་ཡུལ་གྱི་དམ་ཚིག་དང་། །རྟོགས་བྱེད་ལྟ་བའི་དམ་ཚིག་དང་། །སྤྱད་རྒྱུ་ངེས་པའི་དམ་ཚིག་དང་། །བསྲུང་མཚམས་བཅས་པའི་དམ་ཚིག་གོ། །ཨེ་མ་སྣང་བ་ཡུལ་གྱི་དམ་ཚིག་ནི། །ཡུལ་གྱི་སྣང་བ་ཅི་སྙེད་པ། །ཐམས་ཅད་ཡེ་ཤེས་རོལ་པ་ལས། །འདས་ན་རང་རིག་མི་རྟོག་པས། །ཉམས་ན་གོལ་སྒྲིབ་ལྟུང་བར་འགྱུར། །ཕྱི་ཡི་མཚན་ཉིད་ཇི་སྙེད་པ། །རང་གི་འདུ་འཕྲོར་མ་ཤེས་ཏེ། །སྣ་ཚོགས་ཞེན་པར་གྱུར་པ་ནི། །ཉམས་ཏེ་ཡེ་ཤེས་དོན་མི་རྟོགས། །ནང་གི་སེམས་རྟོག་ཇི་སྙེད་པ། །རང་གི་ཡུལ་དུ་མ་ཤེས་ན། །ཉམས་ཏེ་འཁོར་བའི་ཁ་མཐར་བརྒྱུད། །གཟུང་དང་འཛིན་པའི་བསམ་པ་རྣམས། །རང་བྱུང་ཆེན་པོར་མ་ཤེས་ན། །སྣ་ཚོགས་མཚན་མའི་རྒྱུ་གསོག་པས། །ཉམས་ཏེ་དམིགས་པ་ཅན་དུ་འགྱུར། །ཐེག་པ་མཐོ་དམན་དོན་བརྗོད་རྣམས། །རང་རིག་ལྟ་བས་མ་ཟིན་ན། །ཉམས་ཏེ་གོལ་སྒྲིབ་

ལྟུང་བར་འགྱུར། །ཆོས་སྐུ་རང་སྣང་མ་ཤེས་ཤིང་། །འཛིན་པའི་ཕྱོགས་ལ་བརྟེན་པ་ནི། །ཉམས་ཏེ་རང་སྣང་དོན་མི་རྟོགས། །སྣང་བ་ཡུལ་གྱི་དམ་ཚིག་གོ། །རྟོགས་བྱེད་ལྟ་བའི་དམ་ཚིག་ནི། །རང་རིག་ཆོས་སྐུར་མ་རྟོགས་ན། །གཞན་འབྱུང་ཕྱོགས་སུ་ལྟུང་བར་འགྱུར། །སྣང་བ་རང་དུ་མ་ཤེས་ན། །སྤྱོད་པའི་ཕྱོགས་སུ་ལྟུང་བར་འགྱུར། །རྣམ་དག་ངོ་བོར་མ་ཤེས་ན། །ཡིན་མིན་ཕྱོགས་སུ་ལྷུང་བར་འགྱུར། །རྟོགས་བྱེད་ལྟ་བའི་དམ་ཚིག་གོ། །སྤྱོད་རྒྱུ་ངེས་པའི་དམ་ཚིག་ནི། །རང་བྱུང་ཉིད་ཀྱི་སྣང་བ་ལ། །ཡེ་ཤེས་རོལ་པ་མ་འགགས་པས། །སྣང་བའི་སྤྱད་རྒྱུ་ངེས་པར་བཤད། །སེམས་ཀྱི་སྣང་བ་འགག་མེད་པ། །མཚན་མའི་སྤྱད་རྒྱུ་ངེས་པར་བཤད། །རང་རིག་བཅོས་པ་མེད་པ་ནི། །དོན་དམ་སྤྱད་རྒྱུ་ངེས་པ་ཡིན། །མཚན་མའི་ཀློང་ན་རིག་གསལ་བ། །ཡང་དག་སྤྱད་རྒྱུ་ངེས་པ་ཡིན། །སྣང་བའི་ཕྱོགས་ཀྱི་སྒྲོན་མ་ནི། །རྟོགས་པའི་སྤྱད་རྒྱུ་ངེས་པར་བཤད། །དེ་ནི་སྤྱད་རྒྱུ་ངེས་པའོ། །ཨེ་མ་ཧོ། བསྲུང་མཚམས་བཅས་པའི་དམ་ཚིག་ནི། །མདོ་དོན་ང་ཡིས་བསྟན་པར་བྱ། །དཀོན་མཆོག་གསུམ་ནི་སྤང་མི་བྱ། །དགེ་བཅུ་དག་ནི་སྤང་མི་བྱ། །རྡོ་རྗེ་སློབ་དཔོན་སྨད་མི་བྱ། །རང་རིག་འདྲེན་པའི་སྟོན་པར་བཤད། །དཔེར་ན་ལོང་བའི་སྣ་ཐག་བཞིན། །ཡེ་ཤེས་གསལ་བའི་ལམ་སྟོན་པའོ། །ཉོན་མོངས་སྡུག་བསྔལ་མཚོ་སྐམ་ཡིན། །སློབ་དཔོན་དག་ལ་སྨོད་པ་ནི། །དཔེར་ན་མུན་ཁུང་སྒྲོན་བསད་ན། །མཐོང་བའི་དོན་བྱེད་མེད་པ་བཞིན། །སྡུག་བསྔལ་ཉམ་ཐག་ཡུན་རིང་གནས། །བསྐལ་པ་མང་པོར་མྱོང་བར་འགྱུར། །དེ་བས་རྟག་ཏུ་གུས་པར་མཛོད། །རང་རིག་སྐྱེད་པའི་སློབ་དཔོན་ལ། །ཤིན་ཏུ་གཙོ་བས་བླང་བར་བྱ། །ལུས་སེམས་སྐྱེད་པའི་ཕ་མ་ལ། །རྟག་ཏུ་རིམ་གྲོ་རྒྱུན་མི་གཅད། །རྡོ་རྗེ་མཆེད་དང་ལྕམ་དྲལ་ནི། །བླ་མེད་བྱང་ཆུབ་འགྲོགས་པའི་སྤུན། །ཆོས་ཉིད་དམ་ཚིག་སྨོན་ལམ་མཐུས། །རྡོ་

རྗེའི་དམ་ཚིག་ལུ་གུ་རྒྱུད། །རྟག་ཏུ་དེ་རང་མི་འབྲལ་བར། །དེ་ལས་ལྡོག་ཅིང་འཁུ་བ་ནི། །རང་ལ་རང་གིས་མཚོན་བཏབ་ནས། །རང་སྲོག་ཚེ་རབས་ལྔ་བརྒྱའི་བར། །རང་གིས་གཅོད་ཅིང་ཕུང་བར་འགྱུར། །ཚེ་འདིར་མི་བདེ་སྣ་ཚོགས་པ། །མི་འདོད་བཞིན་དུ་འབྱུང་བར་འགྱུར། །འཇིག་རྟེན་ཕ་རོལ་དག་ཏུ་ཡང་། །ངན་སོང་གསུམ་དང་མི་ཁོམ་པའི། །སྡུག་བསྔལ་ཁ་བརྒྱུད་མྱོང་བར་འགྱུར། །ཡུན་རིང་དག་ཏུ་མི་ཐར་རོ། །ཤིན་ཏུ་ཉམ་ཐག་མྱོང་བར་འགྱུར། །གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱོད། །གཉིས་མེད་སྤྱོད་དང་རྗེས་སྤྱོད་སྤུན། །བདེ་གཤེགས་དཀྱིལ་འཁོར་བླ་མེད་ཡིན། །ཤེས་རབ་གསལ་བས་རྟག་ཏུ་གདུང་། །གསང་བའི་ཐེག་པ་སྤེལ་མི་བྱ། །སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས། །རྣལ་འབྱོར་དབྱིངས་རིག་ལྡན་པ་ཡིས། །དབྱིངས་དང་རིག་པ་ལྟར་རྟོགས་ནས། །ཉམས་པའི་སྤྱོད་པ་ལས་འདས་ཏེ། །ཕལ་དང་མི་འདྲ་ཡང་དག་རྟོགས། །མ་རྟོགས་པ་ཡི་ཕྱོགས་རྣམས་དང་། །སྐྱེ་བོ་ཀུན་ལ་རབ་ཏུ་གསང་། །གསང་ཕྱིར་གདམས་ངག་སྣ་ཚོགས་གསུངས། །གསང་སྔགས་ཐབས་མཁས་སྤྱོད་པར་བསྟན། །གསང་སྔགས་སྐྱོན་ཡོད་མ་ཡིན་ཏེ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །སྣོད་མ་ཡིན་དང་བློ་བརྟུལ་རྣམས། །ལས་འཕྲོ་ངན་པའི་དོན་ཕྱིར་གསང་། །རྫོགས་ཆེན་ཨ་ཏིའི་གསང་དོན་ནི། །བློ་དམན་རྣམས་ལ་བསྒྲགས་གྱུར་ན། །དཔེར་ན་གཙུབ་ཤིང་མེར་བཅུག་ན། །གཙུབ་ཤིང་ཉིད་ཀྱང་འཚིག་པར་འགྱུར། །གཞན་ཡང་འཚིག་པར་འགྱུར་བ་བཞིན། །གསང་སྔགས་ངེས་དོན་མེ་དང་འདྲ། །སྐལ་བ་ཆུང་ཞིང་ཤེས་རབ་དམན། །བློ་ངན་རྒྱུ་འབྲས་རྨོངས་པ་རྣམས། །རྫོགས་ཆེན་དོན་ལ་སྐུར་འདེབས་པས། །ངན་སོང་གསུམ་ལ་འཕེན་པར་འགྱུར། །ངེས་དོན་མ་རྟོགས་སྡུག་བསྔལ་མྱོང་། །གསང་བ་འཕེལ་བར་བྱེད་པ་ཡང་། །སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །དེ་ཕྱིར་ངེས་པའི་དོན་འདི་གསང་། །རླུང་

ཕྱོགས་ཙམ་དུའང་བརྗོད་མི་བྱ། །ཡུན་རིང་རྟག་ཏུ་མི་ཐར་བའི། །སྡུག་བསྔལ་ཤིན་ཏུ་ཉམ་ཐག་མྱོང་། །གྲུབ་པ་གཅིག་བཞིན་ལྷན་ཅིག་སྤྱོད། །འདི་ལ་གནས་པར་མ་བྱས་ན། །དུག་ལྔའི་ཉོན་མོངས་དགྲ་ལྡང་བས། །འཁོར་བའི་གནས་ལས་ཐར་སྐབས་མེད། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཉོན་མོངས་སྡུག་བསྔལ་འདོད་ཆགས་ནི། །ལུས་དང་ཟས་ཀྱིས་བསྒྲིབ་འགྱུར་ཏེ། །ཡི་དྭགས་སྡུག་བསྔལ་གནས་སུ་འགྲོ། །སྐོམ་དང་བཀྲེས་པའི་སྡུག་བསྔལ་འགྱུར། །རྣག་ཁྲག་ངན་སྐྱུགས་དག་མཐོང་ནས། །དེ་ཡང་སྤྱོད་པའི་དབང་མེད་ཅིང་། །རྩུབ་ཅིང་སྡུག་པས་ཕུང་བར་འགྱུར། །དེ་ལ་སོགས་པའི་ཉོན་མོངས་ལྔ། །སྡུག་བསྔལ་ལམ་གནས་མྱོང་བར་འགྱུར། །ཨེ་མ་བསྲུང་བའི་ཡོན་ཏན་འདི་ལྟ་སྟེ། །ཉོན་མོངས་དུག་ལྔ་ཡེ་ཤེས་ཏེ། །དེ་ཡང་བསྟན་པ་འདི་ལྟ་སྟེ། །འཁོར་བའི་ལམ་ལྔ་སྒོ་བཅད་ཅིང་། །རིག་པའི་ལམ་དུ་འཇུག་པར་བྱེད། །རང་རིག་ངེས་དོན་རྙེད་པར་འགྱུར། །ཡེ་ཤེས་ཕོ་བྲང་རྫོགས་པའོ། །རང་རིག་གསལ་བའི་ངང་དུ་མཉམ། །རིག་པ་རྟོག་མེད་ཞི་བའི་ངང་། །གསང་དོན་ངེས་པའི་ཏིང་འཛིན་ཐོབ། །རང་རིག་འོད་གསལ་གཏི་མུག་གི། །མུན་པར་རབ་ཏུ་མ་རྨུགས་ཤིང་། །སྣང་བའི་ཡུལ་སྣང་དག་ལ་རོལ། །ཆོས་རྣམས་བརྗོད་དང་བྲལ་བའི་ཕྱིར། །སེམས་ཅན་ལུས་ལ་རང་རིག་སྐུ། །ཤིན་ཏུ་འོད་གསལ་རྣམ་དག་ལམ། །ལུ་གུ་རྒྱུད་ཀྱི་ཚུལ་དུ་གནས། །སེམས་ཅན་ཀུན་གྱི་དུག་ལྔའི་གནས། །རབ་ཏུ་འཇོམས་པར་རྒྱལ་བས་བཤད། །སེམས་ཅན་ཀུན་གྱི་ང་རྒྱལ་ནི། །ཡོན་ཏན་བསྐྱེད་པའི་མཛོད་ཡིན་ཏེ། །ང་དང་བདག་ཏུ་མི་དམིགས་པས། །སེམས་ཅན་གང་དག་འཁྲུལ་པའི་སེམས། །དེ་ཡང་ང་རྒྱལ་བྱེད་པར་འགྱུར། །དམག་གི་དཔུང་ལ་སོགས་པ་ཡི། །ང་རྒྱལ་ཤིན་ཏུ་རགས་པ་རྣམས། །ཡེ་ཤེས་དཀྱིལ་འཁོར་ཡིན་པས་ན། །རང་རིག་སྣང་བ་མཐོང་བར་འགྱུར། །སེམས་ཅན་ཀུན་གྱི་ཕྲག་དོག་ནི། །ང་དང་

བདག་མེད་དོན་རྟོགས་ན། །དོག་དང་ཡངས་པའི་བལྟ་བ་མེད། །བདེ་བའི་ཡེ་ཤེས་རང་ལ་གྲུབ། །ཕྲག་དོག་དངོས་པོ་མ་ཤེས་ན། །ང་དང་བདག་ཏུ་འཛིན་གྱུར་པས། །ལྷ་མ་ཡིན་གྱི་གནས་སུ་སྐྱེ། །དེ་ནས་ཡི་དྭགས་སྡུག་བསྔལ་མྱོང་། །གལ་ཏེ་མི་ལུས་རྙེད་གྱུར་ན། །ཤིན་ཏུ་མི་བདེ་དོགས་པར་འགྱུར། །གཞན་ཡང་ལོངས་སྤྱོད་ཐམས་ཅད་ལ། །རང་དབང་མ་ཡིན་གཞན་དབང་འགྱུར། །མདོར་ན་ཡེ་ཤེས་རྩ་བ་སྟོར། །ཕྲག་དོག་ཉིད་ཀྱི་དོན་མཐོང་ན། །ཡངས་དང་དོག་པར་མི་འཛིན་པས། །སྣང་བའི་ཡེ་ཤེས་ཆེན་པོ་ལ། །ཕྱིན་ཅི་ལོག་དང་མ་ལོག་མེད། །སངས་རྒྱས་རྣམས་ཀྱི་རང་རིག་སྤྱན། །དུག་ལྔ་ཉིད་ལ་བཙལ་བར་བྱ། །གཞན་ཡང་དམ་ཚིག་སྡོམ་པ་ནི། །གང་དག་བསྲུང་བའི་རིགས་དང་ནི། །རབ་ཏུ་གནས་པ་ཁོ་ནའོ། །གསང་སྔགས་རྫོགས་ཆེན་ཨ་ཏིའི་དོན། །འོག་མ་རྣམས་ལ་སྨྲ་མི་བྱ། །རྡོ་རྗེ་སློབ་དཔོན་དཔའ་བོ་ཡིས། །ལུང་ཉིད་མ་ཐོབ་བར་དུ་ཡང་། །རྡོ་རྗེ་ལྕེ་ཡི་ཚུལ་ཡོད་ཀྱང་། །གསང་བ་གཞན་ལ་བསྟན་མི་བྱ། །འོག་མའི་རིགས་ལ་དབང་མ་ཐོབ། །ལས་འཕྲོ་ངན་པར་གྱུར་པ་ལ། །གསང་བ་ཆེན་པོའི་དོན་མི་བཤད། །དེ་ནི་དམ་ཚིག་རྣམ་གྲངས་ཡིན། །རིག་པའི་སྐུ་ལ་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྲུང་བྱེད་དང་ནི་བསྲུང་བྱ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་པ་མེད། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པར་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུར་སྤྱོད། །ཕྱལ་པ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་གཏེར། །དམ་ཚིག་དམ་ཚིག་ཅེས་བྱ་བ། །གུད་ན་ཡོད་པ་མ་ཡིན་ཏེ། །རང་རིག་སྣང་བའི་དོན་རྟོགས་ན། །དམ་ཚིག་རྒྱལ་པོ་ཞེས་བྱའོ། །སངས་རྒྱས་སྐུ་ལ་དམ་ཚིག་མེད། །སེམས་ཅན་དུས་ན་སྐྱོན་ཡོན་བྱུང་། །ཡང་དག་རིག་པའི་དོན་རྟོགས་ན། །ཉམས་དང་མ་ཉམས་གཉིས་ལས་

འདས། །བསྲུངས་དང་མ་བསྲུངས་ཕྱོགས་དང་བྲལ། །གསང་སྔགས་གསང་བའི་དོན་རྟོགས་ན། །ཡེ་ཤེས་ངོ་བོ་སྐྱེ་བར་འགྱུར། །བསྲུང་བྱ་དང་ནི་སྲུང་བྱེད་མེད། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྐུ། །སྣང་འདོད་རྩོལ་མེད་གཉིས་སུ་མེད། །ཡང་དག་ཕྱག་རྒྱ་ཆེན་པོའི་དོན། །སྣང་དང་མི་སྣང་གཉིས་སུ་མེད། །རྒྱུ་དང་རྐྱེན་དུ་མེད་པ་ལ། །བྱས་པ་བྱུང་བ་མ་ཡིན་ཏེ། །རང་གི་སྣང་བ་རང་སྣང་ངོ་། །རིག་པའི་ཡེ་ཤེས་སྐུ་ལ་ཡས། །སྣང་བའི་ཡེ་ཤེས་ཡུལ་དུ་བྱུང་། །དེ་གཉིས་མཐོང་དུས་འཛོམ་པས་ན། །དམ་ཚིག་ཅེས་ཀྱང་དེ་ལ་བྱ། །རིག་དང་མ་རིག་གཉིས་པོ་ཡང་། །རང་གི་སྣང་བའི་ཁྱད་པར་རོ། །རྟོགས་དང་མ་རྟོགས་གཉིས་པོ་ཡང་། །དག་དང་མ་དག་ཁྱད་ཀྱིས་བསྟན། །གསང་སྔགས་གསང་བའི་ངེས་དོན་ནི། །རིགས་དང་ལྡན་པའི་སེམས་ཅན་ལ། །བསྣན་ཕྲི་མེད་པར་བསྟན་པར་བྱ། །སེམས་དཔའི་སྐུ་དང་གཙོ་བོའི་སྐུ། །ཁྱད་མེད་གཅིག་ཏུ་རྟོགས་པ་ཡིས། །གསང་སྔགས་ཐེག་པའི་དོན་རྟོགས་པའོ། །སྒྲ་དང་ཐ་སྙད་མིང་ཉིད་ཀྱང་། །ངོ་བོ་སྣང་བ་མ་ཡིན་པས། །དྲི་མའི་སྣང་བ་བྲལ་བའོ། །རང་རིག་དཀྱིལ་འཁོར་རྫོགས་པར་བཤད། །དམ་ཚིག་ཉིད་ཀྱི་ངོ་བོ་དང་། །ངེས་ཚིག་དབྱེ་བ་རབ་ཏུ་གསུངས། །དེ་ཡང་བསྟན་པ་འདི་ལྟ་སྟེ། །ངོ་བོ་སྲུང་བར་བྱེད་པ་ཡིན། །ངེས་ཚིག་མ་བསྲུངས་འཚིག་པར་བསྟན། །དབྱེ་བ་བསམ་གྱིས་མི་ཁྱབ་བོ། །བསྡུ་བ་དང་ནི་རྒྱས་པའོ། །རྣམ་གྲངས་མེད་ལས་རྣམ་གྲངས་བྱུང་། །རྣམ་གྲངས་བྱུང་པས་རྣམ་གྲངས་མེད། །བརྗོད་པ་ཀུན་དང་བྲལ་བའི་ཕྱིར། །དམ་ཚིག་མཉམ་པ་ཉིད་དུ་གྲགས། །རང་བྱུང་རྟོགས་པའི་དམ་ཚིག་ནི། །གཉིས་དང་གསུམ་དུ་བགྲང་དུ་མེད། །ཐ་སྙད་དུ་མ་མེད་པར་བཤད། །གཅིག་གི་དོན་ཉིད་རྟོགས་པ་ན། །ཐམས་ཅད་ངོ་བོ་རྟོགས་པར་བཤད། །གསང་སྔགས་ཐབས་ལ་རབ་མཁས་པས། །ཡང་དག་ཉིད་དུ་དམ་ཚིག་མེད། །ཆོས་དང་ཆོས་

མིན་གཉིས་དང་བྲལ། །དེ་ཡང་བསྲུང་བར་བྱེད་པ་མེད། །སངས་རྒྱས་རྣམས་ཀྱི་དམ་ཚིག་ནི། །དོན་དམ་ཉིད་ལ་མེད་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེའི་དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཀུན་རིག་ཆོས་ཀྱི་རྗེས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་སེང་གེ་རྩལ་རྫོགས་དེ་ལ་འདི་སྐད་ཅེས་ཞུས་སོ། །ཨེ་མ་སྟོན་པ་ཀུན་ཏུ་བཟང་། །རང་སྣང་རྟོགས་པའི་རིག་པ་ལ། །ལྟ་བ་རྨད་བྱུང་གསུང་དུ་གསོལ། །དེ་ནས་ཀུན་བཟང་སེང་གེ་དེས། །རབ་ཏུ་བཞུགས་ནས་བཀའ་སྩལ་པ། །ཨེ་མ་ཧོ་རྟོགས་ལྡན་སངས་རྒྱས་ཉོན། །བལྟ་བའི་དོན་ལ་བསམ་ཡས་ཀྱང་། །ང་ཡིས་དོན་བསྡུས་ཁྱེད་ལ་བསྟན་པར་བྱ། །སྣང་བའི་ཡེ་ཤེས་ངོས་བཟུང་གིས། །རིག་པ་རྫོགས་ཆེན་ལྟ་བ་བསྟན། །ལེགས་པར་ཡང་དག་ཉིད་དུ་ཉོན། །ཨེ་མ་ཧོ། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །བསྒོམས་དང་མ་བསྒོམས་གཉིས་སུ་མེད། །རྫོགས་ཆེན་རང་གནས་རིག་པ་ལ། །དགེ་དང་མི་དགེ་གཉིས་སུ་མེད། །རང་རིག་རྟོག་དང་བྲལ་བའི་ཕྱིར། །ཁམས་ཀུན་ཏུ་རྟོག་པའི་གསུམ་སེམས་ཅན་ཐམས་ཅད་རྣམས། །ཤིན་ཏུ་མཚོན་ཆ་རྣོ་བ་ཡིས། །ཐམས་ཅད་བསད་ན་དངོས་གྲུབ་འབྱུང་། །ཐུགས་རྗེས་ཐམས་ཅད་སྒྲོལ་བའི་ཕྱིར། །རང་གི་རྡོ་རྗེ་སློབ་དཔོན་ཉིད། །བསྒྲལ་ནས་རྒྱ་མཚོར་བསྐྱུར་བྱས་ན། །སྣང་སྲིད་ཆོས་རྣམས་ཤེས་པར་འགྱུར། །རང་རིག་ཡེ་ཤེས་ཡོད་པའི་ཕྱིར། །རྟག་ཏུ་འགྲོགས་པའི་མཆེད་རླུང་སེམས་ལྕམ་གཉིས། །གཅོང་རོང་དོང་དུ་བསྐྱུར་བྱས་ན། །ཡེ་ཤེས་སྐུ་དང་མི་འབྲལ་འགྱུར། །ལུ་གུ་རྒྱུད་དུ་ཡོད་པའི་ཕྱིར། །ལུས་སྲོག་བསྐྱེད་པའི་ཕ་དབྱིངས་རིག་མ་གཉིས། །ཐང་ལ་བཏོན་ན་རང་ལུས་འཕེལ། །ཡེ་ཤེས་ཡུལ་དང་འཕྲད་པའི་ཕྱིར། །མཆོད་རྟེན་ལྷ་ཁང་རང་སྣང་ནམ་མཁར་ཕྱུང་བའོ། །ལ་སོགས་

རྣམས། །ཕྱགས་ཏེ་རྒྱ་མཚོར་ཕོ་བྱས་ན། །ཡང་དག་དོན་གྱི་སྙིང་པོ་མཐོང་། །སྒྲོན་མ་མཁའ་ལ་གསལ་བའི་ཕྱིར། །དཀོན་མཆོག་དྲན་བསམ་རྒྱུན་བཅད་གསུམ་པོར་རྒྱབ་ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །སྐུ་གསུམ་སྣང་བ་ཡོད་པའི་ཕྱིར། །དུག་ལྔ་སངས་རྒྱས་བསྒྲལ་ཏེ་དུར་བཅུག་ཡེ་ཤེས་ན། །རང་རིག་རང་སྣང་རྟོགས་པར་འགྱུར། །འབྱུང་བ་རང་ལ་ལོག་པའི་ཕྱིར། །ཆོས་གཟུང་འཛིན་གྱི་རྣམས་མེར་ཡེ་ཤེས་བསྲེགས་ཆུར་བདེ་ཆེན་ཕོ་ན། །རང་གི་རིག་པ་རྟོགས་པར་འགྱུར། །ཤེས་རབ་དོན་ལ་དཔྱོད་པའི་ཕྱིར། །སེམས་ཅན་ཐམས་ཅད་དུས་དྲན་རྟོག་འཆར་སྒོ་གཅིག་ཏུ། །དྲན་རྟོག་མེད་བསྒྲལ་ན་སྣང་འཁྲུལ་བ་ཐམས་ཅད་སྟོང་པར་འགྱུར། །བེམས་པོར་མི་འགྱུར་ཏེ་རིག་པ་རྟོག་མེད་ཉིད་ལ་ཐུགས་རྗེའི་དོན་ཉིད་མ་འགགས་ཕྱིར། །རང་གཟུང་འཛིན་གྱི་སྲོག་རང་གིས་བཅད་བྱས་ན། །རང་རིག་ཡུལ་དང་འཕྲད་པར་འགྱུར། །སྒྲོན་མ་འོད་ལྔས་བརྒྱན་པའི་ཕྱིར། །སྐྱེ་རང་རིག་རྟོགས་ལ་དགུ་ཐམས་ཅད་དབང་བསྡུས་ན། །རང་ཉིད་སྟོབས་དང་ལྡན་པར་འགྱུར། །ཡེ་ཤེས་ཆགས་པ་མེད་པའི་ཕྱིར། །ཐིག་ལེ་བསུ་ལ་འཕྲིག་མེད་པ་ལྷ་ཚོགས་བཙོན་དུ་བཟུང་བྱས་ན། །དངོས་གྲུབ་ཐམས་ཅད་ཉེ་བར་འགྱུར། །རིག་པ་ཀུན་ཏུ་ཡས་པའི་ཕྱིར། །སྙིང་པོའི་རྒྱུན་ཐག་བཅད་བྱས་ན། །བསྐྱེད་རིམ་ཐམས་ཅད་གསལ་བར་འགྱུར། །རིག་པ་རྩོལ་བསྒྲུབ་བྲལ་བའི་ཕྱིར། །ཚོགས་ལ་བསག་ཏུ་མེད་པས་ན། །སྦྱིན་པ་ཐམས་ཅད་རྫོགས་པར་འགྱུར། །རང་རིག་བཏང་བཞག་བྲལ་བའི་ཕྱིར། །ཐབས་གཟུང་འཛིན་དང་ཤེས་རབ་ཡ་ཕྲལ་ན། །རང་དོན་ཐམས་ཅད་རྙེད་པར་འགྱུར། །རིག་པ་གཅེར་བུར་ཡོད་པའི་ཕྱིར། །རྒྱུ་མ་རིག་པ་ལས་འབྲས་མགོ་མཇུག་ལྡོག་པས་ན། །སྐྱེ་བ་མེད་པ་ཐོབ་པར་འགྱུར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཕྱིར། །ཀུན་གཞི་རྩད་ནས་བཅད་པ་ན། །མངོན་སངས་རྒྱས་པར་འགྱུར་བ་ཡིན། །ཆོས་སྐུ་གདོད་ནས་དག་པའི་ཕྱིར། །གསད་གཅད་ལས་རྣམས་བྱས་

པས་ན། །དགེ་བ་ཐམས་ཅད་འཕེལ་བར་འགྱུར། །རིག་པ་སྲོག་དང་བྲལ་བའི་ཕྱིར། །རང་སྣང་ཡེ་ཤེས་རྟོགས་ལུགས་དེ་བཞིན་ནོ། །ཨེ་མ་ཧོ། སྣང་བའི་ཡེ་ཤེས་གསལ་བ་ཆེ། །རྟོག་བྲལ་ཡེ་ཤེས་ཕྱོགས་དང་བྲལ། །རྫོགས་ཆེན་གསང་བའི་ཡེ་ཤེས་ནི། །ཀུན་གྱི་རྩེ་མོར་གྱུར་པའོ། །རྫོགས་ཆེན་བལྟ་བའི་དཔེར་མཚོན་ནི། །ཁྱུང་ཆེན་མཁའ་ལ་ལྡིངས་དང་མཚུངས། །ཐེག་པའི་རང་སྐད་གྲངས་མང་ཡང་། །དཔེར་ན་སེང་གེ་ཝ་སྐད་འདོན་དུས་མགྲིན་པ་ཡེ་ནས་ཡངས། །ཝ་སྤྲེ་སེང་སྐད་འདོན་དུས་མགྲིན་པ་ཡེ་ནས་དོག །རྫོགས་ཆེན་རང་སྐད་འདོན་པས་རང་རིག་ཡེ་ཤེས་སྟོན་པར་བྱེད། །འོག་མས་རང་རིག་བསྟན་དུ་ལྟ་བ་ཡེ་ནས་དམའ། །རྫོགས་པ་ཆེན་པོའི་དོན་མཐའ་ནི། །མཐར་ཐུག་རིག་པ་ཉིད་དུ་བསྟན། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །དཔེར་ན་འདབ་ཆགས་འཕུར་སྐྱེན་བཞིན། །སྐད་ཅིག་ཙམ་ལ་ཀུན་ཏུ་རྒྱུ། །དེ་ལ་རྩི་ཡིས་ཐེབས་གྱུར་ན། །རི་དྭགས་མགྱོགས་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །བུང་བ་བཅུད་ལ་འཁོར་བ་ཙམ། །དེ་ནས་རང་སྣང་བལྟས་གྱུར་ན། །དཔེར་ན་སྨིག་རྒྱུ་ལྟ་བུར་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །འགུལ་ལམ་འཕྲིག་པ་ཙམ་དུ་འགྱུར། །དེ་ཡི་དོན་ལ་མ་ཡེངས་ན། །ལྟེམ་བཞིན་པ་དང་མེར་བར་འགྱུར། །དེ་ནས་ཤིན་ཏུ་བལྟས་གྱུར་ན། །འགྲོ་འོང་མ་ཡིན་འོད་སྣང་མཐོང་། །དེ་ཡི་དོན་ལ་བལྟས་གྱུར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་མཐོང་། །དེ་ལ་ཡང་དག་བལྟས་གྱུར་ན། །ཐིག་ལེ་སྐུ་དང་བཅས་པ་མཐོང་། །དེ་ཉིད་ལ་ཡང་མ་ཡེངས་ན། །འཁྲུལ་སྣང་ལོངས་སྐུར་མཐོང་བའོ། །སྐུ་ཡི་སྣང་བ་དེ་རྣམས་ཀུན། །སྒྱུ་མ་འཇའ་ཚོན་ཇི་བཞིན་ནོ། །དེ་ལ་རབ་ཏུ་བརྟན་གྱུར་ནས། །ཉིན་མོ་མཚན་མོ་མེད་པ་ནི། །དཔེར་ན་ཅེ་སྤྱང་མོ་ཡི་མིག །ཉིན་དང་མཚན་མོ་མེད་པ་ལྟར། །རང་སྣང་དཀྱིལ་འཁོར་དེ་བཞིན་ནོ། །

སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ། །རིག་པའི་སྣང་བ་སྐུ་རུ་གསལ། །རང་གི་གནས་ལུགས་མཐོང་བ་ནི། །ཡུལ་ལ་ཡོད་པ་མ་ཡིན་ཏེ། །དམིགས་པ་དག་པས་མངོན་དུ་གསལ། །རང་གི་དཀྱིལ་དང་འཁོར་དང་བཅས། །ཡེ་ཤེས་དོན་ལ་ཡུལ་མེད་ཀྱང་། །སེམས་ཅན་དུས་ན་ཡུལ་དུ་བྱུང་། །མཐོང་བའི་དུས་ན་རྟོགས་པ་ཆེ། །གོ་བའི་དུས་ན་བདེ་བ་ཆེ། །སྣང་བ་མཐོང་ན་ཉམས་མྱོང་ཆེ། །རང་རིག་གཅིག་པུ་གྲོགས་ཀྱི་མཆོག །སྣང་བའི་ཡུལ་དུ་མེད་པས་ན། །རྡོ་རྗེ་ལུ་གུ་རྒྱུད་ཉིད་ལས། །ཆ་ཤས་སྐུ་ནི་བསམ་མི་ཁྱབ། །རང་བྱུང་དབྱིངས་ཀྱི་སྒྲོན་མ་ལ། །རང་སྣང་འོད་ནི་བསམ་མི་ཁྱབ། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །ཟེར་ལྡན་ཐིག་ལེ་བསམ་མི་ཁྱབ། །ཡེ་ཤེས་ལྔ་ཡི་ངོ་བོ་ལ། །མཚོན་པའི་ཚིག་ནི་བསམ་མི་ཁྱབ། །རྐྱེན་མེད་ཡུལ་གྱི་སྣང་བ་ལ། །འགག་མེད་འབྱུང་བ་བསམ་མི་ཁྱབ། །ཨེ་མ་ཧོ། རྫོགས་ཆེན་ལྟ་སྒོམ་སྤྱོད་པ་ལ། །ཐ་སྙད་ཚིག་ནི་བསམ་མི་ཁྱབ། །རྫོགས་ཆེན་དོན་དགོངས་བལྟ་བ་ནི། །དགེ་སྡིག་ཕྱོགས་སུ་མ་ལྷུང་བས། །ཡིན་མིན་གཉིས་ཀྱི་སྣང་བར་མེད། །རྫོགས་ཆེན་ཡེ་ཤེས་ལྟ་བ་ནི། །རྫོགས་དང་མ་རྫོགས་གཉིས་སུ་མེད། །རྫོགས་ཆེན་རིག་པའི་ངོ་བོ་ལ། །འཁྲུལ་དང་མ་འཁྲུལ་མེད་པའོ། །སེམས་ཅན་བློ་ཡི་བསམ་པ་རྣམས། །ཚིག་དང་ཡི་གེས་མི་ཆོད་དེ། །གདམས་ངག་སྙིང་པོ་གསུམ་ལ་ཐུག །རང་རིག་ཆོས་སྐུའི་སྣང་བ་ནི། །བལྟས་པས་མཐོང་བར་མི་འགྱུར་ཏེ། །བཞག་ཐབས་ངོ་བོ་གསུམ་ལ་ཐུགས། །རྫོགས་ཆེན་འགག་མེད་སྤྱོད་པ་ཉིད། །བྱས་པས་འབྱུང་བར་མི་འགྱུར་ཏེ། །ཆགས་མེད་རང་གྲོལ་གསུམ་ལ་ཐུག །རྫོགས་ཆེན་བསྒོམ་པ་ཡེ་རྫོགས་ཉིད། །བསྒོམས་

པས་བྱུང་བ་མ་ཡིན་ཏེ། །འགྱུ་མེད་བསམ་བྲལ་གཞི་ལ་ཐུག །རྫོགས་ཆེན་དོན་ཉིད་རྟོགས་དཀའ་བས། །མཚོན་པའི་ཚིག་གིས་མི་རྙེད་དེ། །གདམས་ངག་གསང་བཅུད་གཉིས་ལ་ཐུག །རྫོགས་ཆེན་རིག་པ་རྟོག་མེད་ཉིད། །བསྒོམས་པས་རྟོགས་པར་མི་འགྱུར་ཏེ། །བསྐྱལ་ས་ཆེན་པོ་གཅིག་ལ་ཐུག །རྫོགས་ཆེན་རང་བྱུང་ཡེ་ཤེས་ཉིད། །བསྒྲུབས་པས་འགྲུབ་པར་མི་འགྱུར་ཏེ། །ངེས་པའི་སྙིང་པོ་གཉིས་ལ་ཐུག །རྫོགས་ཆེན་འབྲས་བུ་ཅིག་ཆོད་ནི། །བསྐྱེད་པས་རྫོགས་པར་མི་འགྱུར་ཏེ། །ཆགས་བྲལ་མན་ངག་གསུམ་ལ་ཐུག །རྫོགས་ཆེན་སྣང་བ་ཐུག་ཕྲད་ཉིད། །བཟུང་བས་ཟིན་པར་མི་འགྱུར་ཏེ། །རྣམ་དག་ངོ་བོ་ལྔ་ལ་ཐུག །རྫོགས་ཆེན་རྟོག་མེད་གསལ་གདངས་ཉིད། །ཆགས་པས་དོན་དམ་མི་རྟོགས་ཏེ། །ཡིན་པ་རྣམ་པ་དྲུག་ལ་ཐུག །རྫོགས་ཆེན་སྣང་བ་བཞི་རྫོགས་ཉིད། །དཔྱད་པས་མཐའ་ལ་མི་སྐྱོལ་ཏེ། །འཛིན་མེད་རྣམ་པ་བརྒྱད་ལ་ཐུག །རྫོགས་ཆེན་འགྱུར་མེད་རྣམ་ལྔ་ཉིད། །སྦྱངས་པས་ཕྱིན་པར་མི་འགྱུར་ཏེ། །དཀྱིལ་འཁོར་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་འབྲས་བུ་རང་སངས་ཉིད། །བསྒྲུབས་པས་ཐོབ་པར་མི་འགྱུར་ཏེ། །ཉི་ཤུ་རྩ་གཅིག་ཐབས་ལ་ཐུག །རྫོགས་ཆེན་གསང་སྔགས་ངོ་བོ་ཉིད། །མཆོད་པས་དངོས་གྲུབ་མི་འབྱུང་སྟེ། །ཟིལ་གནོན་རྣམ་པ་གསུམ་ལ་ཐུག །རྫོགས་ཆེན་སྟོང་ཉིད་ཡེ་ཤེས་ཉིད། །བསམས་པས་རང་རིག་མི་མཐོང་སྟེ། །བསྟན་པའི་སྙིང་པོ་གསུམ་ལ་ཐུག །རྫོགས་ཆེན་རང་འོད་གསལ་བ་ཉིད། །སྤྲས་པས་མཐོང་བར་མི་འགྱུར་ཏེ། །དོན་གྱི་སྣང་བ་གསུམ་ལ་ཐུག །དེས་ནི་རྫོགས་ཆེན་མཐའ་ལ་སྐྱོལ། །རང་རིག་སྟོན་པ་དེ་བཞིན་ནོ། །ཨེ་མ་ཧོ། སྣང་བ་ཆེན་པོ་གསལ་བ་ཆེ། །ཡེ་ནས་གནས་པའི་གསང་སྔགས་བཅུད། །རྫོགས་པ་ཆེན་པོ་ཡེ་ཤེས་ནི། །སངས་རྒྱས་པས་ཀྱང་ཆེ་བ་ཉིད། །རྫོགས་ཆེན་མཐར་ཐུག་ཡེ་གནས་དོན། །

ཀུན་གྱི་སྙིང་པོ་ཡིན་པས་ན། །གསང་སྔགས་རྣམས་ཀྱི་མངོན་སུམ་དོན། །ཡང་དག་ཡེ་ཤེས་འོད་གསལ་བས། །འབྱུང་བའི་ཡེ་ཤེས་འོད་དུ་གསལ། །ཆགས་པ་མེད་པའི་ཡེ་ཤེས་ནི། །རྟོགས་དང་མ་རྟོགས་གཉིས་སུ་མེད། །སངས་རྒྱས་ཉིད་ཀྱི་སྣང་བ་ནི། །ཕྱོགས་དང་རིས་སུ་ག་ལ་ཡོད། །ཀུན་ཏུ་བཟང་བོ་ང་ཡི་སེམས། །དངོས་པོ་མེད་ལ་རྟོགས་མཐའ་བྲལ། །མཐའ་དང་དབུས་སུ་མི་འབྱེད་ན། །རིག་པའི་ཡེ་ཤེས་སྣང་བ་ཉིད། །སེམས་དང་བྲལ་བར་རྟག་ཏུ་བསྟན། །ཡངས་པའི་གྲོང་ཁྱེར་གཏིང་མཐའ་ཡས། །གསལ་བའི་གྲོང་ཁྱེར་ཐུག་པ་མེད། །རྫོགས་པ་ཆེན་པོའི་ཡེ་ཤེས་ནི། །ང་དང་བདག་ཏུ་མི་རྟོག་ན། །ཡེ་ཤེས་སྣང་བ་རྫོགས་པར་འགྱུར། །མཐའ་ལ་མི་གནས་རྡོ་རྗེའི་སྐུ། །རྐྱེན་གྱིས་མི་ཤིགས་སྟོང་ཉིད་ཆེ། །གསང་བའི་རིག་པ་ཀུན་ལ་ཁྱབ། །ཨེ་མ་བལྟ་བའི་དོན་ལ་ཐུག་པ་མེད། །ཐུག་མེད་ཡེ་ཤེས་ངོ་བོ་ཉིད། །སྣང་བ་བཞི་ཡི་དྲི་མ་བསལ། །སངས་དང་མ་སངས་གཉིས་མེད་ཀྱང་། །ལྟར་སྣང་ཉིད་ལ་གཉིས་སུ་བྱུང་། །རྫོགས་ཆེན་ལྟ་བའི་ཞེ་ཕུགས་ལ། །སངས་དང་མ་སངས་གཉིས་དང་བྲལ། །རྫོགས་ཆེན་ལྟ་བའི་བསྐྱལ་ས་ནི། །ཡང་ན་ཅི་ཡང་མེད་པ་ལ། །ཡང་ན་སྣ་ཚོགས་འབྱུང་བའོ། །ཡངས་དང་དོག་པ་གཉིས་སུ་མེད། །ཡིན་དང་མིན་པ་གཉིས་སུ་མེད། །འདས་དང་མ་འདས་གཉིས་སུ་མེད། །རྟོགས་དང་མ་རྟོགས་གཉིས་སུ་མེད། །བཟང་དང་ངན་པ་གཉིས་སུ་མེད། །མཐའ་དང་དབུས་སུ་གདགས་སུ་མེད། །གོལ་དང་སྒྲིབ་པ་གཉིས་སུ་མེད། །དགེ་དང་སྡིག་པ་གཉིས་སུ་མེད། །བསྲུང་དང་མི་བསྲུང་གཉིས་སུ་མེད། །དེ་ནི་གཉིས་མེད་ལྟ་བའོ། །རྫོགས་ཆེན་རང་གསལ་ངོ་བོ་ལ། །མུན་དང་སྣང་བ་མེད་ཤེས་ན། །ཡང་དག་དོན་གྱི་སྙིང་པོ་རྙེད། །བྱར་མེད་ལྷུན་རྫོགས་ཆེན་པོ་སྟེ། །སྔགས་དང་ཕྱག་རྒྱ་མ་བསྒྱུར་རྫོགས། །ཏིང་འཛིན་ཡིག་འབྲུ་མ་བསྒོམས་གསལ། །སྙིང་པོ་བཟླས་བརྗོད་མ་

བྱས་གྲུབ། །གཟུང་འཛིན་གཉིས་སུ་མེད་པར་རྫོགས། །བསྐྱེད་རིམ་མ་བྱས་ལྷ་ཚོགས་མཐོང་། །གོམ་པ་གཅིག་གིས་ཕ་རོལ་ཕྱིན། །ཏིང་འཛིན་གཅིག་གིས་ས་རྣམས་གནོན། །བལྟ་བ་གཅིག་གིས་ཕྱི་ནང་མཐོང་། །བསྒོམ་པ་གཅིག་གིས་ཆགས་མེད་རྙེད། །སྤྱོད་པ་གཅིག་གིས་རང་སྣང་རྟོགས། །འབྲས་བུ་གཅིག་གིས་འདོད་པ་གྲུབ། །དཔེར་ན་ཁང་སྟོང་མུན་ནག་ཉིད། །སྣང་བ་གཅིག་གིས་སེལ་བ་ལྟར། །མ་རིག་འཁོར་བའི་མུན་པ་རྣམས། །སྣང་བ་གཅིག་གིས་ཐམས་ཅད་སེལ། །སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །སེམས་ཅན་ཀུན་གྱི་རིག་པ་གཉིས། །གཅིག་ལས་མེད་པར་མགོན་པོས་བཤད། །སངས་རྒྱས་སྣང་བ་དམིགས་མེད་དང་། །སེམས་ཅན་སྣང་བ་དམིགས་པ་ཅན། །གཅིག་ཉིད་ཡིན་པར་རྒྱལ་བས་བཤད། །གསལ་བའི་དཀྱིལ་འཁོར་འོད་ཟེར་ནི། །མུ་ཁྱུད་ར་བ་ཟླུམ་པོར་གནས། །སྐུ་ཡི་འོད་སྣང་འདི་ལྟ་སྟེ། །གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར། །འོད་ཟེར་ཀུན་ཏུ་འཕྲོ་བའོ། །མདོག་བཟང་ལྷུན་ཡངས་དཀྱིལ་འཁོར་འབྱུང་། །སྣ་ཚོགས་སྐུ་ལས་འབྱུང་བའོ། །ཡེ་ཁྱབ་ལྷུན་བརྡལ་ཀུན་གསལ་ཤར། །ཡེ་ཤེས་འགག་མེད་འཆར་བའོ། །ཡེ་ཤེས་དང་ནི་ཡང་དག་སེམས། །སྐུ་ནི་སྣ་ཚོགས་འཕྲོ་བའོ། །རྫོགས་ཆེན་ཡེ་ཤེས་སྣང་བ་ཉིད། །སྣ་ཚོགས་སུ་ནི་འབྱུང་བར་བཤད། །སྟོང་པ་དང་ནི་གསལ་བའི་སྐུ། །འབྱུང་བ་དང་ནི་མི་འབྱུང་མེད། །ཤེས་པ་དང་ནི་མི་ཤེས་མེད། །མཐའ་ཡས་དང་ནི་འགྱུར་མེད་དང་། །མཐར་ཐུག་རྟགས་ལ་ཟད་པ་མེད། །མཚན་མའི་ཚིག་ལ་ཐུག་པ་མེད། །རང་རིག་དོན་ལ་འགྱུར་བ་མེད། །གསང་སྔགས་དོན་ལ་ཕྱོགས་ལྷུང་མེད། །སེམས་ཅན་ལུས་ལ་སྟོང་པ་མེད། །སངས་རྒྱས་སྐུ་ལ་སྐྱེ་འབྲི་མེད། །ཡེ་ཤེས་དོན་ལ་སྐྱེ་འགག་མེད། །འཁྲུལ་སྣང་ཉིད་ལ་ཟིན་པ་མེད། །འོད་ཟེར་ཉིད་ལ་ཆགས་པ་མེད། །རྫོགས་ཆེན་དོན་ལ་ཐ་སྙད་མེད། །རང་

རིག་སྐུ་ལ་གཟུང་འཛིན་མེད། །ཀྱེ་མ་ཕྱོགས་སུ་བལྟས་པས་གྲུབ་པ་མེད། །རེག་དང་བྲལ་བས་ཁ་དོག་མེད། །བརྗོད་གཞི་མེད་པས་སྣང་མཐའ་ཡས། །ཨེ་མ། དཀྱིལ་འཁོར་ཡངས་པ་ཀུན་ཏུ་གསལ། །རང་རྫོགས་ཡེ་ཤེས་སྣང་དུ་རུང་། །ཐོག་མེད་དུས་ནས་རང་སྣང་བས། །གསང་སྔགས་རྟོགས་པའི་མཆོག་ཏུ་བསྟན། །དགོངས་པ་རྣམ་དག་ཡེ་ཤེས་དོན། །ཐ་སྙད་མ་ཡིན་གཅིག་པུ་ཉིད། །གསང་སྔགས་རྫོགས་ཆེན་ཡེ་ཤེས་ཉིད། །དཔེར་ན་འདམ་གྱི་པདྨ་བཞིན། །རིག་པའི་ཡེ་ཤེས་ངོ་བོ་ཉིད། །མུན་པ་ཉིད་ལས་སྣང་བར་འགྱུར། །སྣང་བ་ཉིད་ལས་ཡེ་ཤེས་མུན་པ་འབྱུང་། །འཁྲུལ་པ་ཉིད་ལས་ཡེ་ཤེས་སྐྱེ། །དག་སྣང་ཉིད་ལས་འཁོར་བར་ལྟུང་། །ཕྱོགས་ཆ་གཉིས་ལས་བྲལ་བའོ། །སངས་རྒྱས་ཉིད་ལས་སེམས་ཅན་ཏེ། །སེམས་ཅན་ལ་ཡང་སངས་རྒྱས་འབྱུང་། །རྒྱུ་ཉིད་འབྲས་བུར་སློང་བའི་ཕྱིར། །ཡང་དག་ཡེ་ཤེས་ཐུགས་ཉིད་ལས། །གསང་བའི་ཡེ་ཤེས་འོད་དུ་གསལ། །སྒྲོན་མའི་སྣང་བ་མཐའ་ལས་འདས། །རང་རིག་ཡེ་ཤེས་བརྗོད་པས་སྟོང་། །སྟོང་པའི་ཡེ་ཤེས་འགྱུར་བ་མེད། །མཐའ་གཉིས་སྤངས་པ་རྫོགས་ཆེན་དོན། །འགྱུར་མེད་སྣང་བ་རྫོགས་པའོ། །གཅིག་དང་གཉིས་སུ་མེད་སྣང་བས། །ཡུལ་དུ་མ་ཡིན་རང་བྱུང་ཡིན། །བྱ་བཙལ་ཉིད་དང་རབ་ཏུ་བྲལ། །ཀློང་ཡངས་དོན་ལ་མཐའ་ཡས་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་རྩལ་ཆེན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་སེང་གེ་བཟང་པོ་དེས། ཆོས་ཉིད་རབ་ཏུ་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་སྐད་ཅིག་ལ་རིགས་བཞིའི་སངས་རྒྱས་ཕྱོགས་བཞི་ནས་ལྷགས་ནས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ཧོ་ཀྱེ་ཀྱེ་བཅོམ་ལྡན་འདས། །བདག་ཅག་འདུས་པའི་

ཚོགས་རྣམས་ལ། །རང་སྣང་དཀྱིལ་འཁོར་བསྟན་དུ་གསོལ། །ཡེ་ཤེས་རྟགས་དང་རབ་ཏུ་ལྡན། །མིང་དང་མཚན་མ་ལས་གྲོལ་བའི། །ཐབས་ཆེན་ཡན་ལག་བསྟན་དུ་གསོལ། །ཏིང་ངེ་འཛིན་ལས་རབ་ཏུ་བཞེངས། །དེ་སྐད་ཞུ་བ་ཕུལ་བ་དང་། །བཅོམ་ལྡན་ཀུན་བཟང་སེང་གེ་དེས། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །རིགས་ཀྱི་སངས་རྒྱས་དེ་རྣམས་ལ། །རྫོགས་པ་ཆེན་པོ་ཉིད་ཀྱི་དབྱིངས། །སྙིང་པོ་དོན་གྱི་རིག་པའི་སྐུ། །སེམས་ཅན་ཀུན་ལ་ཡོད་པའི་དོན། །རབ་ཏུ་གསང་བ་འདི་གསུངས་སོ། །ཀྱེ་མ་སངས་རྒྱས་རིག་པའི་སྐུ། །ང་ཡིས་བསྟན་གྱིས་ང་ལ་ཉོན། །ཨེ་མ་ཧོ་རིག་པའི་ཡེ་ཤེས་ཉིད། །སངས་རྒྱས་སེམས་ཅན་ཐམས་ཅད་ལ། །འགྱུར་བ་མེད་པའི་ཚུལ་དུ་གནས། །དེ་ཡང་གནས་ལུགས་འདི་ལྟ་སྟེ། །ཙིཏྟ་རིན་ཆེན་གཞལ་ཡས་དང་། །རིན་ཆེན་རྩ་ཡི་གཞལ་ཡས་དང་། །རྣམ་དག་དུང་ཁང་གཞལ་ཡས་དང་། །བྷྲྀ་གུ་ཏ་ཡི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་རྣམས་ན། །རིག་པའི་ངོ་བོ་རྩལ་ལྟར་སྣང་། །དེ་ཡང་བཤད་པ་འདི་ལྟ་སྟེ། །ལ་ལ་དག་ན་སྐུ་རུ་གནས། །ལ་ལ་དག་ན་ཐིག་ལེ་སྟེ། །གཅིག་ལ་འོད་ཟེར་ཚུལ་དུ་གནས། །གཅིག་ན་ལུ་གུ་རྒྱུད་དུ་འབྱུང་། །དེ་ནི་གནས་པའི་མདོ་ཉིད་བསྟན། །སངས་རྒྱས་ཡེ་ནས་གནས་པའི་དོན། །སེམས་ཅན་ཀུན་ལ་གནས་པའི་དོན། །རྒྱལ་བ་ཉིད་ཀྱིས་རབ་ཏུ་བཤད། །རིག་དང་མ་རིག་སྣང་བ་ཉིད། །བྱ་བྱེད་གཉིས་ཀྱི་མཐའ་ལས་འདས། །ཡངས་པ་ཉིད་དང་སྐུ་ལྟར་འཕྲོ། །གསལ་བ་ཉིད་ལྟར་སྐུ་ལྟར་བྱུང་། །སྟོང་པ་ཉིད་ལྟར་ཟེར་ལྟར་བྱུང་། །སངས་རྒྱས་དང་ནི་སེམས་ཅན་གཉིས། །རིག་པ་སོ་སོ་མ་ཡིན་ཏེ། །སྣང་བ་སོ་སོ་ཉིད་དུ་བསྟན། །སྣང་བ་སོ་སོར་མ་གསལ་ན། །སངས་རྒྱས་པ་ལ་དོན་གོ་མེད། །སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང་། །སྟོང་པ་དང་ནི་རྟོག་བྲལ་ལོ། །རིག་པའི་མཚན་ཉིད་འདི་ལྟ་སྟེ། །ཕྲ་བ་ཉིད་དང་འཕྲོ་བ་དང་། །ལུ་གུ་རྒྱུད་

དུ་འགུལ་བའོ། །དབྱིངས་ཀྱི་མཚན་ཉིད་འདི་ལྟ་སྟེ། །ཡངས་དང་ལྷུན་སྡུག་གཏིང་མཐའ་ཡས། །གསལ་དང་དྲོད་དང་བསིལ་བ་དང་། །ཡང་ཞིང་གཡོ་བའི་བདག་ཉིད་འཛིན། །ཁྱབ་དང་མུ་ཁྱུད་ར་བའོ། །ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །འབྱུང་དང་བྱུང་དང་རང་གསལ་དང་། །ཡེ་དང་ཤེས་དང་རྟོགས་པའོ། །གསལ་དང་འཚེར་དང་འཇམ་པ་ཉིད། །སྣང་དང་མུན་དང་གོ་འབྱེད་པ། །སྟོང་དང་གསལ་བའི་ཡེ་ཤེས་མཆོག །གསང་སྔགས་མཚན་ཉིད་དག་ཏུ་འདོད། །ཨེ་མ་ཡེ་ཤེས་ཐབས་ལ་མཁས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པའི། །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །རྡོ་རྗེ་སེམས་དཔའ་གསང་མཛོད་སྟོན། །ཡེ་ཤེས་སྐུ་དང་སྣང་མཐའ་ཡས། །ཡེ་ཤེས་ཆགས་པ་མི་མངའ་ཡང་། །སེམས་ཅན་བློ་ཡི་སྣང་བ་རྣམས། །གསལ་བར་བྱ་ཕྱིར་རྒྱུད་འདི་བཤད། །ཨེ་མ་སྔགས་འཆང་ཐུགས་རྗེ་ཆེ། །འབྱུང་བ་ལྔ་ཡི་དྲ་བ་ནས། །ཡེ་ཤེས་ལྔ་ཡི་སྣང་བ་ཤར། །སྟོང་པའི་ཡེ་ཤེས་བདག་མེད་ཅིང་། །གསལ་བའི་ཡེ་ཤེས་ཚིག་ལས་འདས། །སྣང་མཐའ་ཡས་ཀྱི་ཞིང་ཁམས་སུ། །རིག་པའི་སྣང་བ་མཐོང་བར་འགྱུར། །རིག་པའི་ཡེ་ཤེས་རྟོག་མེད་ཉིད། །ཡང་ནས་ཡང་དུ་འདྲིས་པར་བྱ། །གསང་སྔགས་ལམ་གྱི་ཡེ་ཤེས་ཉིད། །ཆགས་པ་མེད་པའི་ས་བོན་གསལ། །བཅོས་པ་མེད་པའི་རང་བྱུང་ཉིད། །མཐའ་ཡས་དོན་ལ་འགྱུར་བ་མེད། །སེམས་ཅན་ཡེ་ཤེས་སྣང་བ་ཉིད། །གསལ་དང་མི་གསལ་གཉིས་སུ་མེད། །ཆོས་དང་ཆོས་མིན་སྣང་བ་མེད། །རྟོགས་པའི་ཡེ་ཤེས་ཚིག་ལས་འདས། །འདས་དང་མ་བྱོན་ད་ལྟར་གྱི། །དགོངས་པ་ཇི་སྙེད་ཡོད་པ་དེ་དག་ནི། །རིག་པའི་ཡེ་ཤེས་སྣང་བ་ཡིན། །ཐེ་ཚོམ་གཉིས་ཀྱི་རྟོག་པ་མེད། །ཡུལ་དང་སེམས་མེད་དགོངས་པར་བསྟན། །ཡེ་ཤེས་ཐབས་ལ་མཁས་པ་ཡིས། །རྩོལ་སེམས་གཉིས་སུ་མེད་པ་ལ། །རྩོལ་སེམས་གཉིས་ཀྱི་སྣང་བ་འབྱུང་། །དྲི་མེད་གསལ་བའི་

དངོས་པོ་ནི། །དཔེར་ན་མན་ཤེལ་ལྟ་བུར་བཤད། །ཡངས་པའི་ཡེ་ཤེས་ཚིག་མཐའ་ཡས། །སྟོང་པའི་ཡེ་ཤེས་འགྲིབ་པ་མེད། །འོད་གསལ་དཀྱིལ་འཁོར་ཡང་དག་སྐུ། །རིག་པའི་ཡེ་ཤེས་འོད་ལ་ལྟོས། །རང་སྣང་ཐབས་ཀྱི་རྒྱལ་པོ་ལས། །སྟོབས་ཀྱི་རིག་པ་མ་འགགས་པས། །སངས་རྒྱས་རྣམས་ཀྱི་རིག་པར་བཤད། །ཡེ་ཤེས་དོན་ལ་རྟོག་པ་སངས། །ཨེ་མ་ཡེ་ཤེས་སེམས་དཔའ་ཉིད། །སྐུ་ཡི་སྣང་བ་ཁོ་ནའོ། །ཀྱེ་མ་ཀློང་ཡངས་དོན་རྟོགས་ན། །ཡང་དག་ངོ་བོ་མཐོང་བར་འགྱུར། །གསང་སྔགས་གསང་བ་ཉིད་ལ་ཡང་། །རིག་པའི་ཡེ་ཤེས་ཐབས་གསང་བས། །སྣང་བ་ངང་གིས་མེད་པའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས། །གསལ་བ་ཉིད་ཀྱི་འོད་ཟེར་བྱུང་། །ང་ནི་རིག་པའི་རྒྱལ་པོ་ལ། །ཡུལ་རྐྱེན་དང་ནི་དྲི་མ་མེད། །ཨེ་མ་ཡངས་པའི་སྣང་བ་ཀུན་ཏུ་འབར། །གསལ་བའི་ཡེ་ཤེས་ཐུག་པ་མེད། །དོན་གྱི་ཡེ་ཤེས་གཏིང་མཐའ་ཡས། །མཐུན་པའི་ཡེ་ཤེས་རབ་སྣང་བས། །རྟགས་ཀྱི་ཡེ་ཤེས་མཐོང་བར་སྣང་། །ཐབས་ཉིད་མ་འགགས་དོན་ཉིད་ཡངས། །མཚན་མ་མེད་པའི་རིག་པ་ཉིད། །འབྲས་བུ་བཅུད་ལེན་ཤིང་ལྟ་བུ། །སྣ་ཚོགས་བསྐྱེད་པའི་ཡེ་ཤེས་སྐུ། །རང་གནས་ཡིན་པར་ཉིད་ཀྱིས་བཤད། །ཐུག་པ་མེད་པར་ཀུན་ཏུ་རྟོགས། །ཁབ་ལེན་རྡོ་ལ་ལྕགས་འདུ་ལྟར། །ཤེས་རབ་ཆེན་པོས་དོན་རྟོགས་ན། །རིག་པའི་སྣང་བ་ཐམས་ཅད་སྡུད། །ཨེ་མ་སྐུ་དང་རིག་སྣང་ཡང་། །རང་བྱུང་ཉིད་ཀྱི་ཆོ་འཕྲུལ་ལོ། །ཤེས་རབ་ཉིད་ཀྱི་སྣང་བ་མཐོང་། །རིག་པ་ཉིད་ལ་རིག་པ་མེད། །ཅི་ཕྱིར་སྣ་ཚོགས་མཚོན་པའི་ཕྱིར། །ཆགས་པའི་ཡེ་ཤེས་ཆུ་བཞིན་ནོ། །སྣང་བའི་ཡེ་ཤེས་མེ་བཞིན་ནོ། །བསྐྱོད་པའི་ཡེ་ཤེས་རླུང་བཞིན་ནོ། །གསང་བ་ཐབས་ཀྱི་ཡན་ལག་ཉིད། །ཉི་ཤུ་རྩ་གཅིག་དག་ཏུ་བསྟན། །ཡེ་ནས་ཡེ་ཤེས་རང་གསལ་བས། །དག་པའི་ཡེ་ཤེས་མཐའ་དབུས་མེད། །འབྱུང་བ་ཉིད་ལ་བྱུང་བ་མེད། །རིག་པ་ཉིད་ལ་བྱུང་བ་མེད་ཀྱང་ཡོད། །གསང་སྔགས་དོན་གྱི་སྙིང་པོ་ལ། །ཚིག་

དང་བརྗོད་པས་དོན་མི་རྙེད། །སྒྲོན་མའི་ཡེ་ཤེས་སྤྱན་གྱི་མཆོག །སྣང་བའི་རིག་པ་ངོས་བཟུང་བས། །སྙིང་པོ་རིག་པ་ལུ་གུ་རྒྱུད། །དྭངས་མ་འོད་ལྔའི་སྒྲོན་མ་མཆོག །ཤེས་རབ་རང་བྱུང་ཁོང་ནས་གསལ། །ཡེ་ཤེས་སྐུ་ཉིད་རྣམ་པར་དག །སྣང་བ་མེད་ཡོད་ཅིང་ཡང་བྱུང་པའི་རང་གསལ་ནི། །དྲི་མའི་ཕྱོགས་སུ་མ་ལྷུང་བའོ། །སོ་མ་ལྷུག་པ་རྣལ་མ་ཉིད། །གནས་པའི་དུས་ན་དེ་བཞིན་ནོ། །རིག་པའི་གནས་ལུགས་རྒྱས་པ་ནི། །སེམས་ཅན་ཀུན་ལ་ཡང་དག་གནས། །སྟོང་པའི་མུ་ལ་མི་གནས་ཤིང་། །གསལ་བའི་ངང་ལ་དེ་བཞིན་གཤེགས། །སངས་རྒྱས་ཉིད་ཀྱི་སྣང་བ་ལ། །རྣམ་པར་རྟོག་པའི་ཕྱོགས་དང་བྲལ། །ཡེ་ནས་རང་བཞིན་དཀྱིལ་འཁོར་ཉིད། །ཡེ་ནས་རང་བཞིན་འོད་གསལ་བས། །མུན་པ་ལས་ནི་སྣང་བ་འབྱུང་། །རང་རིག་གནས་ནས་བདེ་གནས་པ། །ཤེས་རབ་ཐ་སྙད་རྣམ་པར་དག །གཡེང་བའི་ཕྱོགས་སུ་མ་ལྷུང་ན། །ཡེ་ཤེས་དྲི་མེད་མཐོང་བ་ཡིན། །ལམ་ལ་བཅོས་སུ་མེད་པར་བསྟན། །གཞི་ལ་བཟང་ངན་མེད་པར་བསྟན། །ཆོས་ལ་ཆེ་ཆུང་མེད་པར་བསྟན། །གསང་བ་དང་ནི་མངོན་སུམ་པ། །ཁྱད་མེད་གཅིག་ཏུ་དེ་བཞིན་གཤེགས། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །རིག་པའི་ཡེ་ཤེས་རྟོགས་དཀའ་བ། །རབ་ཏུ་གསང་བ་འདི་བཤད་དོ། །ཡང་དག་ཉིད་ལས་ཡང་དག་རྙེད། །དཀྱིལ་འཁོར་ཉིད་ལས་དཀྱིལ་འཁོར་འབྱུང་། །དགོངས་པའི་གནས་ལུགས་རྒྱས་པའོ། །ཀྱེ་ཧོ་ཡེ་ཤེས་ལུས་ཀྱི་གཟུང་། །སྣང་བ་བས་ཀྱང་མུན་པ་ཆེ། །ཀུན་ནས་མུན་པ་སྣང་བར་འགྱུར། །འཁོར་བའི་བག་ཆགས་སྦྱང་དཀའ་བ། །ཡང་དག་ངེས་དོན་འདི་མཐོང་ན། །སྐྱེ་བ་མེད་པ་ཐོབ་པར་འགྱུར། །རིག་པའི་ཡེ་ཤེས་ལུས་ལས་འདས། །བག་ཆགས་དག་གིས་མི་བསྒྲིབ་པ། །དཔེར་ན་སྦྲུལ་སྐོགས་བསྐྱུར་བ་བཞིན། །སྐད་ཅིག་ཙམ་ལ་མི་བསྒྲིབ་པའོ། །བག་ཆགས་དང་ནི་

རིག་པ་གཉིས། །རང་སྣང་མཐོང་བའི་ཁྱད་ཡོད་པས། །ཡེ་ཤེས་དོན་ལ་རབ་ཏུ་གནས། །གཟུང་བའི་ཡུལ་ལ་དེ་བཞིན་ནོ། །རྟོགས་པའི་དུས་ན་དེ་ལྟར་མེད། །རང་སྣང་རང་གིས་སྣང་བའོ། །ཤེས་པའི་ངོ་ལ་གང་འགྱུས་ཀྱང་། །ཡེ་ཤེས་རྒྱལ་པོ་འཛིན་པ་མེད། །རིག་པའི་རྒྱལ་པོ་ཀུན་ཏུ་སྣང་། །སེམས་ནི་སྣ་ཚོགས་སྡུད་པར་བྱེད། །གསང་སྔགས་རྒྱལ་པོ་ཐབས་ལ་མཁས། །ཀྱེ་མ་སངས་རྒྱས་དགོངས་པ་ནི། །ནང་མེད་ནང་ནས་ནོར་བུ་རིན་ཆེན་མཛོད་བྱུང་བ། །འགྲོ་མེད་འོང་མེད་གནས་སུ་ཡང་དག་ཐིམ། །བལྟར་མེད་སྐུ་ལས་ཆོ་འཕྲུལ་སྣ་ཚོགས་འབྱུང་། །གྲོགས་མེད་འདུག་པས་སྣང་བའི་དཀྱིལ་འཁོར་མཐོང་། །སངས་རྒྱས་ཉིད་ཀྱི་ཡེ་ཤེས་རིན་པོ་ཆེ། །སྣང་བ་ཉིད་དང་གཉིས་མེད་སྙོམས་པར་བཞུགས། །ཐབས་ཀྱི་ཞགས་པས་མཁའ་ཡི་ཉི་ཟེར་འཛིན། །ཡེ་ཤེས་ཞགས་པས་ཐམས་ཅད་དབྱིངས་སུ་སྡུད། །བཅོམ་ལྡན་མགོན་པོ་དེ་བཞིན་གཤེགས་པའི་སྐུ། །སྣང་བའི་དཀྱིལ་འཁོར་དུ་མར་དབང་བསྒྱུར་ཞིང་། །ཡེ་ཤེས་རོལ་པ་མཁའ་ལ་ཉི་ཟེར་བཞིན། །སྣང་བའི་ཆོ་འཕྲུལ་གཅིག་ཏུ་མ་ངེས་ཏེ། །འབྱུང་བའི་ཆོ་འཕྲུལ་ཅིར་ཡང་སྟོན་པར་མཛད། །ཡེ་ཤེས་སྡུད་པའི་འཁོར་ལོ་སྣ་ཚོགས་བསྐོར། །མཚོན་བྲལ་ལུང་གི་པདྨ་སྣ་ཚོགས་གསལ། །འབྱུང་བའི་རྐྱེན་བྲལ་ཆོས་ཉིད་མཁའ་ལ་རྣམ་པར་རོལ། །སྐྱེ་མེད་ཆོས་སྐུ་གདོད་ནས་བསམ་དང་བྲལ། །ཡིན་མིན་ཐེ་ཚོམ་སྣ་ཚོགས་ངང་གིས་མེད། །སངས་རྒྱས་རྣམས་ཀྱི་དགོངས་པའི་ཐུགས་རྗེ་ནི། །འགྲོ་བ་ཀུན་ལ་རང་བཞིན་ཡེ་ནས་ཁྱབ། །གསང་བའི་རིག་པ་ཡུལ་ལ་སྣང་གྱུར་ན། །སྣང་བའི་འོད་ལྔ་མ་བུ་ཕྲད་པའི་ཚུལ། །མ་ཡི་སྣང་བ་བུ་ལ་ཐིམ་པའི་ཚེ། །བྱ་བྱེད་བློ་ཡི་སྣང་བ་ཀུན་སངས་ཏེ། །འཁྲུལ་རྟོག་ལུང་གི་ཐེ་ཚོམ་ཆོད་གྱུར་ནས། །ཡེ་ཤེས་ཉི་ཟེར་ཀུན་ཏུ་སྣང་འགྱུར་ཞིང་། །མཚན་མ་དངོས་པོ་རབ་ཏུ་དེངས་པར་འགྱུར། །རྣམ་རྟོག་བློ་ཡི་ཐེ་ཚོམ་བྲལ་བའི་ཚེ། །

རིག་པའི་ཤེས་རབ་སྟོབས་སུ་གྱུར་ནས་ནི། །བསམ་བྲལ་ངང་ལས་དེ་བཞིན་རྣམ་པར་འབྱུང་། །སྣང་བ་མེད་པས་ཡེ་ཤེས་ཅིར་ཡང་མཐོང་། །དེ་ཚེ་གསང་སྔགས་འབྲས་བུ་བཅུད་དང་ལྡན་གྱུར་ནས། །རིག་པའི་ཡེ་ཤེས་ཐུག་པ་མེད་པར་སྣང་། །དེ་ཚེ་རང་གི་དྲན་པ་སད་ནས་ནི། །ཡུལ་རྐྱེན་འབྱུང་བའི་ངོ་བོ་རྣམ་པར་དག །ཡངས་པའི་གྲོང་ཁྱེར་ཤེལ་གྱི་ཁང་བུར་གནས། །ཐ་སྙད་བྲལ་བའི་ཡེ་ཤེས་དོན་ལ་སྤྱོད། །གསང་སྔགས་ཚད་མའི་སྣང་བ་མཐོང་བར་འགྱུར། །ཤེས་རབ་ཡུལ་གྱི་སྣང་བ་རྣམ་པར་དག །ང་ཡི་ཡིན་དང་མིན་པའི་ཤེས་པ་མ་ཞུགས་ན། །ཞག་ལྔ་དག་ན་ཏིང་འཛིན་ཐོབ་པར་གསུངས། །ཡང་དག་ངེས་པའི་ལུང་ཆེན་འདི། །དེ་ཚེ་སྣང་བ་སད་གྱུར་ནས། །ཡེ་ཤེས་མཐའ་ཡས་འབྱུང་བར་གསུངས། །ཤེས་རབ་ཡུལ་གྱི་སྣང་བ་རྣམ་པར་དག །དམིགས་པའི་ཡུལ་ཉིད་དག་པས་ན། །ཡེ་ཤེས་ཐོགས་རྡུག་མེད་པར་འཆར། །ཡེ་ཤེས་ངེས་པའི་གསང་དོན་འདི། །སྣང་བ་དུམ་བུ་དུམ་བུའི་ཚེ། །མཁས་པས་རབ་ཏུ་བརྟག་པར་བྱ། །ཤིན་ཏུ་ཕྲ་དང་འགྱུ་བའི་ཚེ། །གོམས་པས་རབ་ཏུ་གནས་པར་བྱ། །འཕྲིག་དང་འཕྲ་དང་འགྱུ་བའི་ཚེ། །མཐོང་བས་རབ་ཏུ་གཟུང་བར་བྱ། །ཟླུམ་དང་འཕྲ་དང་འཁྲིལ་བའི་ཚེ། །མཁས་པས་ཡེངས་མེད་ཏིང་འཛིན་བརྟེན། །ལྟེམ་དང་མེར་དང་སྐུ་ཡི་ཚེ། ། )གོམས་པས་སྣང་བ་མཆེད་པ་བཟུང་། །ཡང་དག་ཀུན་ཏུ་སྣང་བའི་ཚེ། །མཁས་པས་སྣང་བ་བསྡུ་བར་བཤད། །ཆགས་དང་ཞེན་པ་མེད་པའི་ཚེ། །མཁས་པས་གཟུང་ཐབས་ཤེས་པར་བྱ། །གསང་སྔགས་གོམས་པའི་མཚན་ཉིད་དོ། །དེ་ནས་ཡེ་ཤེས་བསྐྱེད་སྤྱོད་ཀྱང་པའི་ཚེ། །འབྱུང་བ་རྣམ་ལྔ་ཐིམ་འགྱུར་ནས། །ཡེ་ཤེས་ཆགས་པ་མེད་པ་དེ། །སྣང་བའི་ཡུལ་དུ་ཕྱིན་པའི་ཚེ། །འཁྲུལ་མེད་སྣང་བ་མཐོང་གྱུར་ན། །གོམས་པས་བདེན་པ་མཐོང་བར་འགྱུར། །འོད་སྣང་བ་གང་གིས་ལྟ་བུར་ཡང་བྱུང་སྣང་ཟུང་འཇུག་ལྟ་བུར་བཤད། །ལུས་དང་ལུས་མེད་ཁྱད་པར་ཆེ། །ཀྱེ་མ་མཁས་པས་

ལུས་འདི་ཉིད། །དེ་ལྟར་ཤེས་ན་རྟོགས་པའོ། །ཡང་དག་ངེས་པའི་ལུང་ལས་ཀྱང་། །རབ་ཏུ་བཤད་པ་འདི་བཞིན་ནོ། །གསལ་བའི་ཡེ་ཤེས་ཀུན་ཏུ་སྣང་། །འབྱུང་བའི་ཡེ་ཤེས་ཐབས་ལས་བྱུང་། །ཐབས་མཁས་དོན་ལ་ཡེ་ཤེས་སྐྱེ། །སངས་རྒྱས་ཉིད་ཀྱང་ཐབས་ལས་བྱུང་། །ཐབས་མེད་སངས་རྒྱས་འགའ་ཡང་མེད། །དོན་དང་རྟགས་དང་ཐ་དད་ལ། །ཡེ་ཤེས་ངོ་བོ་འགྱུར་བ་མེད། །སེམས་ཀྱི་སྣང་བ་ཐ་དད་ཀུན། །གཅིག་གི་ངོ་བོར་མ་ཤེས་ན། །གསང་སྔགས་ལམ་གྱི་གཏན་ཚིགས་མེད། །རིག་པའི་ཡེ་ཤེས་འགྱུར་བ་མེད། །རིག་པའི་སྣང་བ་ཀུན་ཏུ་སྣང་། །རིག་པའི་ཐུགས་རྗེ་ཀུན་ལ་ཁྱབ། །རིག་པའི་ཤེས་རབ་ཐུག་པ་མེད། །རིག་པའི་སྤྱོད་ཡུལ་ཅིར་ཡང་སྣང་། །སྔ་ཕྱི་མེད་པར་དུས་གཅིག་འཆར། །རིག་པའི་སྣང་བ་གཅིག་ཉིད་ལ། །སེམས་ཅན་བློ་བསམ་མ་ངེས་པས། །དུ་མ་ཐ་དད་དག་ཏུ་རྟོགས། །གཅིག་གི་ངོ་བོར་ཤེས་གྱུར་ན། །ཐམས་ཅད་སྣང་བ་མཐོང་བར་འགྱུར། །གཅིག་དང་གཉིས་སུ་སྣང་བ་ཡང་། །སེམས་ཅན་འཁྲུལ་པ་ཉིད་དུ་བསྟན། །སངས་རྒྱས་ཉིད་ཀྱི་སྣང་བ་ཉིད། །གཅིག་ལས་མེད་པར་རྒྱལ་བས་གསུངས། །གསང་སྔགས་ཀུན་གྱི་དགོངས་པ་ཡང་། །དེ་ལྟར་ཤེས་ན་རབ་ཏུ་བསྔགས། །རིགས་སྔགས་དང་ནི་གསང་སྔགས་དང་། །དེ་བཞིན་གཟུངས་སྔགས་ཉིད་ལས་ཀྱང་། །མདོ་དོན་འདི་ལྟར་བཤད་པ་ཡིན། །སངས་རྒྱས་མར་མེ་མཛད་ཀྱིས་ཀྱང་། །དགོངས་པ་འདི་ལྟར་རབ་ཏུ་བཤད། །རིག་པའི་གནས་ལུགས་དེ་ལྟ་བུ། །ཀུན་གྱི་གསང་དོན་དེ་བཞིན་ནོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་བཞུགས་ཐབས་ཀྱི་དགོངས་པ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་རིགས་ཀྱི་རྒྱལ་པོ་སངས་རྒྱས་སེམས་དཔའ་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཀུན་ཏུ་བཟང་། །རང་གནས་རྫོགས་པ་ཆེན་པོ་ཡི། །དོན་གྱི་རྣམ་པ་གསུང་དུ་གསོལ། །དེ་སྐད་རབ་ཏུ་ཞུས་པ་དང་། །ཀུན་བཟང་སེང་གེའི་

རྩལ་གྱིས་བཀའ་སྩལ་པ། །ཀྱེ་མ་རིགས་ཀྱི་སེམས་དཔའ་དང་། །གཙོ་བོ་ཉིད་དུ་བཅས་པ་ཉོན། །མཚན་མའི་རྫོགས་ཆེན་ཚིག་གནས་ཀྱང་། །ཡང་དག་རྫོགས་ཆེན་ཚིག་ལས་འདས། །ཚིག་དང་ཡི་གེའི་རྣམ་གྲངས་རྣམས། །སེམས་ཅན་བློ་ལ་སྣང་བ་ཡིན། །དེ་ཡང་དོན་བཀྲོལ་འདི་ལྟ་སྟེ། །རྫོགས་ཆེན་སེང་གེ་རྩལ་སྤྲུགས་ལ། །མཚན་མར་སྣང་བའི་ཡུལ་མེད་དེ། །འོན་ཀྱང་སེམས་ཅན་རྟོག་པ་ལ། །བློ་དང་ཡུལ་གྱི་སྣང་བར་ཤར། །ཨེ་མ་ཧོ་གསང་བའི་ཐེག་པ་ནི། །འབྱུང་བར་ཤིན་ཏུ་དཀའ་བ་ཡིན། །དེས་ན་ཁྱོད་ཀྱིས་ལེགས་པར་ཉོན། །ཐབས་ལ་མཁས་པའི་ཡེ་ཤེས་སྐུ། །འབྱུང་བའི་དྲི་མ་མེད་པར་གསལ། །གསང་དང་མི་གསང་གཉིས་སུ་མེད། །རྣམ་པར་བསྒྱིངས་པའི་ཏིང་འཛིན་ནི། །གསང་བའི་དཀྱིལ་འཁོར་བསམ་ཡས་སོ། །དགོངས་པའི་དོན་ལ་རབ་གནས་ན། །ཉམས་ཀྱི་ཏིང་འཛིན་སྐྱེ་བར་འགྱུར། །སངས་རྒྱས་ཉིད་ཀྱི་དགོངས་པའོ། །ཐེག་པ་འོག་མའི་རིགས་རྣམས་ནི། །རང་སྣང་ཏིང་འཛིན་མ་ཤེས་པར། །ཕྱོགས་གཅིག་དག་ལ་གནས་པའོ། །ཡེ་ཤེས་ཆེན་པོའི་སྣང་བ་ཉིད། །ཕྱོགས་སུ་བལྟས་པས་གྲུབ་པ་མེད། །དཔེར་ན་ནོར་བུ་རིན་ཆེན་ལྟར། །ཟད་པ་མེད་པའི་ཡོན་ཏན་འབྱུང་། །དེ་བཞིན་རིག་པའི་སྐུ་མཐོང་ན། །ཡོན་ཏན་སྐུ་ལ་བསམ་མི་ཁྱབ། །སངས་རྒྱས་རྣམས་ཀྱི་ཡེ་ཤེས་ལྔ། །ཉི་ཟེར་བཞིན་དུ་རབ་ཏུ་འཕྲོ། །སྣང་དང་མི་སྣང་ཚིག་ལས་འདས། །རིག་པའི་ཡེ་ཤེས་དོན་རྟོགས་ན། །འཁོར་བའི་སྡུག་བསྔལ་ཇི་སྙེད་པ། །ཐམས་ཅད་རང་སྣང་ཉིད་དུ་གྲོལ། །དཔེར་ན་ཆུ་དར་འཐགས་པ་བཞིན། །ཆུ་ཉིད་བཀད་ཀྱི་རང་བཞིན་པས། །སྣ་ཚོགས་ཐབས་ཀྱིས་སྤུན་དུ་འགྱུར། །དེ་བཞིན་རང་རིག་འོད་གསལ་བས། །སྣ་ཚོགས་མཚན་མ་ཅི་འཕྲོས་ཀྱང་། །ཐམས་ཅད་རང་གི་ངོ་བོར་གྲོལ། །དཔེར་ན་གསེར་འགྱུར་ཉིད་ཀྱི་རྩི། །རྩི་བཏང་ནོར་གྱི་དབྱིག་འགྲུབ་ལྟར། །རིག་པའི་ཡེ་ཤེས་རང་སྣང་ལ། །གདམས་ངག་དོན་གྱིས་ཐེབས་གྱུར་ན། །རིག་པའི་

རང་འོད་མཐོང་ནས་དོན་ཆེན་འགྲུབ། །ས་དང་ལམ་དང་ཚོགས་མེད་པས། །བྱས་པས་མཐོང་བར་མི་འགྱུར་རོ། །ཡེ་ཤེས་བྱུང་ཚུལ་དྲུག་ལྡན་པས། །སྣང་བའི་རྩལ་ལ་དྲུག་ཏུ་འབྱུང་། །སྣང་བའི་ལམ་ལ་ལྔར་གནས་པས། །འཇུག་པའི་ལམ་ལ་ལྔ་ལྟར་བྱུང་། །འཁྲུལ་པའི་དུས་ནི་གཅིག་ལྟར་འགྱུར། །གནས་པའི་དུས་ནི་གསུམ་ལྟར་གནས། །རྟོགས་པའི་དུས་ན་གཉིས་ལྟར་རྟོགས། །ལྡོག་པའི་དུས་ན་གསུམ་ལྟར་ལྡོག །སྣང་བའི་དུས་ན་ལྔ་ལྟར་སྣང་། །གྲོལ་བའི་དུས་ན་གཅིག་ལྟར་གྲོལ། །དེ་ནི་གནས་པའི་ཡེ་ཤེས་སོ། །དང་པོ་བྱུང་ས་མ་ཤེས་ན། །ཐ་མ་ལྡོག་པའི་སྐྱོན་དུ་འགྱུར། །བར་དུ་གནས་ས་མ་ཤེས་ན། །ཉམས་བླངས་ཕྱོགས་གཅིག་སྟོང་པར་འགྱུར། །ཐ་མའི་འགྲོ་ས་མ་ཤེས་ན། །རང་རིག་སྣང་བ་སྟོང་པར་འགྱུར། །དེ་ནས་བསྐྱལ་ས་མ་ཤེས་ན། །རིག་པའི་ཡེ་ཤེས་བརྡུག་པར་འགྱུར། །དེ་ལ་དབྱེ་བ་མ་ཤེས་ན། །སྣང་བ་ཆ་མི་ཕྱེད་པར་འགྱུར། །རང་གི་སྣང་བ་མ་ཤེས་ན། །གནས་སྐབས་བཞི་ལ་ལྡོག་པར་འགྱུར། །སྣང་བའི་འཆར་ཚུལ་མ་ཤེས་ན། །ཡེ་ཤེས་མ་བུ་འཛོལ་བར་འགྱུར། །དེ་ནས་རང་ཡུལ་མ་ཤེས་ན། །འཁོར་བ་དཔྱང་ཐག་ཆད་པར་འགྱུར། །བདེན་པ་རྩེ་གཅིག་མ་ཤེས་ན། །རང་སྣང་ཡུལ་ལ་ཐེ་ཚོམ་འགྱུར། །དེ་ནི་སྣང་བའི་སྐྱེ་ཚུལ་ལོ། །ཨེ་མ་ཧོ།རྟོགས་པའི་ཤེས་རབ་མཁའ་ལ་གསལ། །མ་རྟོགས་ཤེས་རབ་གཏིང་ན་གསལ། །ཤེས་རབ་ཡེ་ཤེས་རྣམ་པར་དག །རིག་པའི་ཡེ་ཤེས་རྟོགས་པར་དཀའ། །དཔེར་ན་སྒྲིབ་ཤིང་ནོར་བུ་ལྟར། །སྣང་བའི་ཡེ་ཤེས་ལུས་ཀྱིས་བསྒྲིབས། །རྟོགས་པའི་ཡེ་ཤེས་སྣང་བ་ནི། །གཞི་ལ་གནས་དང་ལམ་ལ་འཆར། །དེ་བཞིན་མཐའ་ལ་སྐྱོལ་བའོ། །གཞི་ལ་གནས་པའི་རིག་པ་ནི། །ཡེ་ཤེས་དབྱིངས་ན་སྐུ་གསུམ་རྫོགས། །དཔེར་ན་རྨ་བྱའི་སྒོ་ང་བཞིན། །ནང་འོད་ཡེ་ཤེས་གསལ་བར་བསྟན། །ལམ་ལ་འཆར་བའི་རིག་པ་ནི། །དཔེར་ན་འཇའ་ཚོན་ལྟ་བུར་བསྟན། །མཐའ་ལ་སྐྱོལ་བའི་རིག་པ་ནི། །དཔེར་ན་

རྨ་བྱའི་ཕྲུ་གུ་སྒོ་ང་ནས། །བརྡོལ་ཏེ་དོན་པ་ལྟ་བུའོ། །སྣང་བ་དྲུག་གི་ཕྱོགས་དག་ནས། །ཡེ་ཤེས་གནས་ལུགས་ཆེ་ཆུང་ཚད། །རབ་ཏུ་བཤད་པ་འདི་ལྟ་སྟེ། །དགའ་ལྡན་རྣམས་ལ་ཁྲུ་གང་ཚད་དུ་གནས། །རྩོད་ལྡན་རྣམས་ལ་སེར་བཞིར་གནས། །ཆ་མཉམ་རྣམས་ལ་ཚོན་གང་ངམ། །མྱོས་ལྡན་རྣམས་ལ་རང་གསལ་ཙམ། །བཀྲེས་ལྡན་རྣམས་ལ་ཏིལ་འབྲུ་ཙམ། །སྡུག་བསྔལ་ལྡན་ལ་རྟ་རྔ་ཙམ། །དེ་བཞིན་རབ་ཏུ་གནས་པར་བཤད། །སངས་རྒྱས་རྣམས་ལ་དཔག་ཏུ་མེད། །བྱང་ཆུབ་སེམས་དཔའ་མདའ་གང་ངོ་། །སྤྲུལ་པའི་སྐུ་ལ་མཐོ་འདོམ་ཀྱང་གང་གནས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །སྤྲུལ་པའི་སྐུ་དང་ལྷ་རྣམས་ལ། །མངོན་སུམ་ཡུལ་ལ་སྣང་བའོ། །དེ་རྣམས་མན་ཆད་ཡུལ་རྣམས་ལ། །མ་བསྟན་མཐོང་བར་མི་འགྱུར་རོ། །གནས་ལུགས་དྲུག་ལ་གཉེན་པོ་དྲུག །གཉེན་པོ་དྲུག་གིས་ཡེ་ཤེས་བསྒྲིབས། །དེ་ལ་གཉེན་པོ་རྣམ་དྲུག་གིས། །དེ་ཡི་རྩལ་ཉིད་འཇོམས་མ་ནུས། །ཡང་དག་གཉེན་པོ་ཆེན་པོ་ནི། །དབྱིངས་རིག་ཐབས་ཀྱི་མན་ངག་གོ། །སེམས་ཅན་བློ་ཡི་སྣང་བ་ཉིད། །དུ་མར་སྣང་ཞིང་སྣ་ཚོགས་སྡུད། །ཐེ་ཚོམ་མེད་པར་མ་ཤེས་ན། །སྣང་བ་ཐ་དད་གཞན་དུ་འགྱུར། །གསང་བའི་ཡེ་ཤེས་ཡེ་གནས་པས། །དེ་ལ་གཉེན་པོས་བཤིག་ཏུ་མེད། །རྒྱུ་དང་རྐྱེན་ལ་རག་མ་ལུས། །ཡེ་ནས་རང་རིག་འོད་གསལ་བས། །མུན་པའི་ཕྱོགས་ཀྱིས་ང་མི་བསྒྲིབ། །རང་རིག་ཡེ་ཤེས་གཏིང་ཟབ་པས། །སྣང་བའི་ཕྱོགས་ཀྱིས་ང་མི་མཐོང་། །མུན་པ་སྣང་བའི་མཚམས་ཤེད་ན། །རང་བྱུང་ཡེ་ཤེས་འོད་གསལ་བ། །སུས་ཀྱང་མི་རྙེད་རིན་ཆེན་ལྟར། །རྙེད་ན་ཡོན་ཏན་སྣ་ཚོགས་འབྱུང་། །སྣང་བ་དང་ནི་མུན་པ་གཉིས། །གཉིས་ཀས་ང་ལ་སྒྲིབ་པར་བྱེད། །རིག་པའི་དོན་ལ་མུན་སྣང་མེད། །སངས་རྒྱས་ཀུན་གྱི་ལམ་རྟོགས་ཕྱིར། །རྟོགས་པའི་ཡེ་ཤེས་སྤྱོད་ཡུལ་ལྡན། །རིག་པའི་སྣང་བ་རང་གསལ་བ། །ཡེ་ནས་གནས་པའི་ཡུལ་ཉིད་ལས། །སོ་སོར་

འབྱུང་ཞིང་རྟོགས་པའོ། །ཨེ་མ་ཧོ། སྣང་བའི་ཕྱོགས་དང་མུན་པའི་ཕྱོགས། །གཅིག་དང་གཉིས་སུ་མ་ཡིན་ཏེ། །སེམས་ཅན་རྟོག་པ་མ་ཟད་པར། །ཐེག་པའི་མཐའ་ལ་ཟད་མི་འགྱུར། །སྣང་བའི་ཡི་ཤེས་རྟོགས་དཀའ་བས། །ཐེག་པའི་གྲངས་ལས་མི་འབྱུང་སྟེ། །རང་གི་དོན་ཡང་དེ་བཞིན་ནོ། །སྣང་བ་རྣམ་པ་ལྔ་ཉིད་ལས། །མུན་པ་ལྔ་ཡི་ཆོ་འཕྲུལ་སྟོན། །ངོ་བོ་ལྔ་ཡི་འབྱུང་ཚུལ་སྟོན། །ཕྲ་རགས་ལྔ་ཡི་དྲི་མས་བསྒྲིབས། །མཐོང་བས་གོམས་པའི་རང་རིག་ལ། །བྱ་བཙལ་མེད་པས་རང་བྱུང་མཐོང་། །རབ་རིབ་དྲི་མ་གཉིས་སུ་མེད། །ཕྱོགས་དང་རིས་སུ་མེད་མོད་ཀྱང་། །སྣང་བའི་ཡེ་ཤེས་མ་མཐོང་ན། །ཡང་དག་ངེས་དོན་རྟོགས་མི་འགྱུར། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །ཚིག་མེད་ཡུལ་གྱི་འཛིན་པ་མེད། །ཆོས་ཉིད་རྟོགས་པའི་ཡུལ་ལས་འདས། །གསང་བའི་ཡེ་ཤེས་མཐའ་ཡས་ཀུན། །རང་རིག་དཀྱིལ་འཁོར་དེ་བཞིན་གཤེགས། །སངས་རྒྱས་ཉིད་ལས་འོད་བྱུང་བས། །སེམས་ཅན་རྣམས་ཀྱི་སྣང་བར་འགྱུར། །གོམས་པས་རིག་པ་གཅེར་བུར་འབྱུང་། །རྟོགས་པས་སྣང་བ་སྐུ་རུ་འགྱུར། །མ་རིག་པ་ཡི་རྐྱེན་རྣམས་ཀྱང་། །རྟོགས་ན་ཡེ་ཤེས་ངོ་བོ་ཉིད། །སྙིང་པོ་འདུས་པའི་ངེས་པ་ཡིས། །རིག་པའི་ཡེ་ཤེས་ངོས་འཛིན་པའོ། །སྐུ་ཉིད་བསྟན་པའི་ཐེག་པ་རྣམས། །རང་གི་རིག་པ་ཉིད་ལ་རྫོགས། །གསང་སྔགས་ཡེ་ཤེས་མངོན་སུམ་པ། །ད་ལྟ་ཡུལ་དུ་མ་ཡིན་པས། །དང་པོ་གཅིག་ལས་མེད་པ་ལ། །དེ་ནས་བརྟགས་པས་གཉིས་སུ་བྱུང་། །དེ་ཡང་རྒྱུ་ལ་ཁྱད་མེད་པས། །སྣང་བ་སོ་སོར་བྱུང་བའོ། །གནས་པའི་དུས་དང་རྟོགས་པའི་དུས། །ངོ་བོ་གཅིག་ལ་རྩལ་སྣང་བའི། །ཨེ་མ་རིག་དང་མ་རིག་ཐམས་ཅད་ཀུན། །རྩལ་དང་སྣང་བ་ཉིད་དུ་བསྟན། །ཡེ་ཤེས་དོན་ལ་གཉིས་མེད་པས། །སྣང་དང་མི་སྣང་གཉིས་སུ་མེད། །ཡེ་ཤེས་ལམ་ལ་འགྱུར་མེད་པས། །གོལ་བ་དང་ནི་སྒྲིབ་པ་མེད། །ཡེ་ཤེས་རྐྱེན་མེད་སྣང་བ་ལ། །བྱང་ཆུབ་སེམས་ཀྱི་རྟགས་སྣང་བ། །སྤྲོས་

པ་མེད་པའི་དབྱིངས་ཉིད་ལས། །འོད་གསལ་ཐོགས་མེད་རིག་པ་བྱུང་། །སྣང་བའི་དུས་ན་འོད་སྣང་སྟེ། །རྟོགས་པའི་དུས་ན་རང་སྣང་ངོ་། །གོམས་པའི་དུས་ན་སྐུ་རུ་འགྱུར། །ཤེས་རབ་ཐབས་དང་འདྲེལ་བ་ཡིས། །དོན་དམ་དཀྱིལ་འཁོར་རྣམ་ལྔ་མཐོང་། །མཛོད་ཀྱི་སྙིང་པོ་བསྟན་པ་ནི། །ཀུན་གཞི་ཆོས་འབྱུང་ཆེན་པོའི་མཛོད། །རིག་པའི་ཡེ་ཤེས་གོང་བུར་གནས། །སྣང་བ་འཛིན་མེད་ཡུལ་གྱི་མཛོད། །རིག་པའི་ཡེ་ཤེས་དབྱིངས་སུ་གནས། །གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པའི་ཡེ་ཤེས་ཡབ་ཡུམ་ཚུལ། །སྲོག་འདུས་རིན་ཆེན་གཟེར་བཞིའི་མཛོད། །རིག་པའི་ཡེ་ཤེས་ཐིག་ལེར་གནས། །དོན་འཁྱིལ་བྷན་དྷའི་གཞལ་ཡས་མཛོད། །རིག་པའི་ཡེ་ཤེས་ཁྲོ་སྐུར་གནས། །འགག་མེད་གསལ་བའི་སྒོ་གཉིས་མཛོད། །དབྱིངས་དང་ལུ་གུ་རྒྱུད་དུ་གནས། །སྟོང་པ་མཚན་བྲལ་ནམ་མཁའི་མཛོད། །རིག་པའི་ཡེ་ཤེས་འོད་དུ་གནས། །དེ་ནི་གསང་བའི་མཛོད་དུ་བསྟན། །འགྱུར་མེད་རང་བྱུང་སྐུ་ཡི་མཛོད། །ཆགས་མེད་རྣམ་དག་གསུང་གི་མཛོད། །རྟོག་མེད་བསམ་བྲལ་ཐུགས་ཀྱི་མཛོད། །མཛོད་གསུམ་རིན་ཆེན་ལྡེ་མིག་སྟོར། །དེ་ནས་རང་རིག་གཙོ་བོ་དེས། །ཐབས་མཁས་མན་ངག་མགར་བ་བཙལ། །དེ་ནས་ལྕགས་བཙལ་ལྡེ་མིག་བརྡུངས། །ངེས་པ་གཉིས་ཀྱི་ལྡེ་མིག་གིས། །ཡེ་ཤེས་གསལ་བའི་མཛོད་ཕྱེ་བས། །ནོར་གྱི་ཕུལ་དུ་རིན་པོ་ཆེ། །ཡོན་ཏན་གང་ལྟར་བསམ་པ་འབྱུང་། །ཡོན་ཏན་ནོར་བུ་རིན་ཆེན་དེ། །གང་དུ་བཞུགས་པའི་ས་ཕྱོགས་སུ། །ཅི་བསམ་ཐམས་ཅད་གསེར་དུ་འགྱུར། །ཡོན་ཏན་གཏེར་ཆེན་རབ་ཟབ་པས། །ཐུགས་ནི་དྲི་མེད་རབ་གསལ་ལོ། །ཡོན་ཏན་འགག་མེད་ཀུན་ཏུ་འབྱུང་། །སྣ་ཚོགས་ཡེ་ཤེས་དོན་དུ་སྦྱོར། །འདུས་པའི་དུས་ན་ཐིག་ལེ་སྟེ། །གྱེས་པའི་དུས་ན་འོད་དུ་ཤར། །སངས་རྒྱས་འོད་མི་འགྱུར་བ་ཉིད། །ཐུགས་ཀྱི་དཀྱིལ་ན་རབ་གནས་

པས། །རང་བཞིན་གསང་བ་ཆེན་པོར་བཤད། །མཚོན་པའི་དཔེ་ཡིས་རབ་བསྟན་པས། །ཐུགས་ཀྱི་ཡེ་ཤེས་མཐོང་བར་འགྱུར། །གསང་བ་ཡེ་ནས་དོན་གནས་པས། །དེ་ནི་ཐུགས་མེད་སྨྲ་བསམ་འདས། །ཐིག་ལེ་གཅིག་ལ་སྐུ་ལྟར་ཤར། །ཡེ་ཤེས་ལྟ་བུ་མ་ཡིན་ཏེ། །སྒྱུ་མའི་དཀྱིལ་འཁོར་ལྟ་བུར་སྣང་། །ཐེ་ཚོམ་བློ་དངོས་གཉིས་མེད་པས། །སྣང་བ་ལམ་གྱི་ཡེ་ཤེས་གསལ། །ཀུན་གཞི་ཡུལ་གྱི་སྣང་བ་ཉིད། །རྟོགས་པའི་ཡེ་ཤེས་རབ་ཏུ་བསྟན། །བསྐྱེད་པ་མེད་ཅིང་རྫོགས་པ་མེད། །བསྐྱེད་རྫོགས་གཉིས་དང་བྲལ་བའོ། །ཨེ་མ་ཧོ། དོན་དམ་ཐེག་པ་རབ་བཤད་པ། །མཚོན་བྲལ་དཀྱིལ་འཁོར་རྣམ་པར་དག །བརྗོད་མེད་ཚིག་གིས་སྙིང་པོ་བསྟན། །རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལས། །རབ་ཏུ་གསལ་བར་བསྟན་པ་འདི་ཉིད་དོ། །གསང་སྔགས་བལྟ་བའི་དོན་བསྟན་པ། །ཡེ་ཤེས་རྟོགས་པ་ཁྱད་པར་ཆེ། །ཐེག་པ་གསུམ་གྱི་དབུ་འདྲེན་ལ། །ཡེ་ཤེས་ལུང་གི་ཁྱད་པར་ཏེ། །གནས་པའི་འཁོར་ལོ་ཉིད་བསྟན་པ། །གསང་སྔགས་ཐུགས་ཀྱི་འཁོར་ལོ་དང་། །སྣང་བ་ཡུལ་གྱི་འཁོར་ལོ་དང་། །རྩོལ་བྲལ་ཐེག་པའི་འཁོར་ལོ་ནི། །ཡང་དག་ལུང་གི་འཁོར་ལོ་བསྟན། །རྒྱུད་དང་ལུང་དང་མན་ངག་ཀྱང་། །གུད་ན་ཡོད་པ་མ་ཡིན་ཏེ། །རིག་པའི་ཡེ་ཤེས་ཉིད་དུ་བསྟན། །རྒྱུད་ཀྱི་རྒྱལ་པོ་བཤད་དུ་མེད། །ལུང་གི་དངོས་པོ་རྩོལ་བ་བྲལ། །མན་ངག་དངོས་པོ་དོན་ལ་འདྲེལ། །རང་རིག་རྩ་བའི་རྒྱུད་ཆེན་མ་ཤེས་ན། །སེམས་ཅན་རྩོལ་བྲལ་དགོངས་པ་ཐོབ་པར་ག་ལ་འགྱུར། །ཐམས་ཅད་ཚིག་ལ་ཡན་པས་དོན་ལ་ཐུག་པ་མེད། །འགྱུར་མེད་རྩ་རླུང་མ་ཤེས་ན། །སེམས་ཅན་ཚིག་ལ་རྟེན་འཆའ་བས། །ལུང་ལ་ཐུག་པ་མེད་པར་འགྱུར། །སྟོང་པའི་ཤེས་རབ་མ་ཤེས་ན། །ཆོས་ལ་ཐུག་པ་མེད་པར་འགྱུར། །དབྱིངས་དང་རིག་པ་མ་ཤེས་ན། །དོན་ལ་ཐུག་པ་མེད་པར་འགྱུར། །སྣང་བ་ཆོས་སྐུར་མ་ཤེས་ན། །དཀྱིལ་འཁོར་ཐུག་པ་མེད་པར་འགྱུར། །འགྱུར་མེད་

ཀ་དག་མ་ཤེས་ན། །སྐུ་ལ་ཐུག་པ་མེད་པར་འགྱུར། །འཁྲུལ་བྲལ་རྟོག་སངས་མ་ཤེས་ན། །ཐུགས་ལ་ཐུག་པ་མེད་པར་འགྱུར། །གྲག་སྟོང་འཛིན་མེད་མ་ཤེས་ན། །གསུང་ལ་ཐུག་པ་མེད་པར་འགྱུར། །རང་བྱུང་ཡེ་རྫོགས་མ་ཤེས་ན། །ཡོན་ཏན་ཐུག་པ་མེད་པར་འགྱུར། །མ་བཙལ་ལྷུན་གྲུབ་མ་ཤེས་ན། །ཕྲིན་ལས་ཐུག་པ་མེད་པར་འགྱུར། །སྣང་བ་ཅིག་ཆོད་མ་ཤེས་ན། །ལྟ་བ་ཐུག་པ་མེད་པར་འགྱུར། །རི་བོ་ཅོག་བཞག་མ་ཤེས་ན། །བསྒོམ་པ་ཐུག་པ་མེད་པར་འགྱུར། །འགག་མེད་ཤུགས་འབྱུང་མ་ཤེས་ན། །སྤྱོད་པ་ཐུག་པ་མེད་པར་འགྱུར། །ལུ་གུ་རྒྱུད་དུ་མ་ཤེས་ན། །འབྲས་བུ་ཐུག་པ་མེད་པར་འགྱུར། །སྟོང་གསུམ་རྒྱས་འདེབས་མ་ཤེས་ན། །དམ་ཚིག་ཐུག་པ་མེད་པར་འགྱུར། །རང་བྱུང་གཞི་རྫོགས་མ་ཤེས་ན། །དབང་ལ་ཐུག་པ་མེད་པར་འགྱུར། །ཆོས་ཉིད་སྤྲོས་བྲལ་མ་ཤེས་ན། །དབྱིངས་ལ་ཐུག་པ་མེད་པར་འགྱུར། །དམིགས་མེད་ཟང་ཐལ་མ་ཤེས་ན། །ཆོས་སྐུ་ཐུག་པ་མེད་པར་འགྱུར། །འགག་མེད་ཅིག་ཆར་མ་ཤེས་ན། །ལོངས་སྐུ་ཐུག་པ་མེད་པར་འགྱུར། །སྣ་ཚོགས་གཅིག་སྡུད་མ་ཤེས་ན། །སྤྲུལ་སྐུ་ཐུག་པ་མེད་པར་འགྱུར། །སེམས་དང་རིག་པ་མ་ཤེས་ན། །སངས་རྒྱས་ཐུག་པ་མེད་པར་འགྱུར། །ཡིད་དང་ཤེས་རབ་མ་ཤེས་ན། །རྟོགས་པ་ཐུག་པ་མེད་པར་འགྱུར། །ཀུན་གཞི་ཆོས་སྐུ་མ་ཤེས་ན། །གནས་ལ་ཐུག་པ་མེད་པར་འགྱུར། །སངས་རྒྱས་སེམས་ཅན་མ་ཤེས་ན། །གཞི་ལ་ཐུག་པ་མེད་པར་འགྱུར། །འབྱུང་བ་དྭངས་སྙིགས་མ་ཤེས་ན། །ལམ་ལ་བཟང་ངན་མེད་པར་འགྱུར། །ཨེ་མ་ཧོ། སངས་རྒྱས་ཉིད་ཀྱི་མཛད་པ་ནི། །ཅི་ཡང་མ་ཡིན་ཅིར་ཡང་གྲུབ། །སེམས་ཅན་སྣང་བ་དམིགས་པ་ནི། །སྤངས་པས་སྤོང་བར་མི་འགྱུར་ཏེ། །སྤང་བྱ་སྤོང་བྱེད་གཉིས་མེད་ན། །རང་བྱུང་རིག་སྣང་མཐོང་བར་འགྱུར། །ཡང་དག་ཉིད་ཀྱི་སངས་

རྒྱས་སྐུ། །ཕྱི་ན་མེད་དེ་ནང་ན་མེད། །ཕྱི་ནང་མེད་དེ་རྩིས་ལས་འདས། །ཐིག་ལེ་ཉག་གཅིག་རྩིས་ལས་འདས། །ཐིག་ལེ་ཉག་གཅིག་ཆོས་མིན་སྐུ། །སྣང་བའི་ཡེ་ཤེས་འོད་གསལ་བས། །སྟོང་པ་ཉིད་ལས་ཡེ་ཤེས་འབྱུང་། །གསང་སྔགས་བདག་པོ་ཨཱ་ལི་ཀ །ཨ་ནི་རབ་ཏུ་བརྟན་གྱུར་པས། །ཀུན་གྱི་གཞི་ལ་གནས་པར་བཤད། །ཨ་ནི་ཡིག་འབྲུ་ཀུན་གྱི་གཙོ། །ཤ་ལ་སོགས་པའི་ཡན་ལག་ལྔ། །རབ་ཏུ་བརྟན་པ་འདིར་བཤད་བྱ། །སེམས་ཅན་བློ་ཡི་སྣང་བ་ཉིད། །སངས་རྒྱས་ཉིད་ཀྱིས་བསྟན་པའི་ཕྱིར། །ཨ་ལ་སོགས་པའི་ཡི་གེར་བཤད། །ཡན་ལག་ལྔ་ལྡན་ཡི་གེ་ཨ། །སྐྱེ་མེད་སྐུ་ཡི་རང་བཞིན་བསྟན། །ཡི་གེ་ཨ་ཉིད་གསལ་གྱུར་ན། །ཆོས་རྣམས་ཀུན་གྱི་སྤྱན་དུ་འགྱུར། །ཨ་ཡི་མཚན་ཉིད་རབ་རྟོགས་ན། །ལྷག་པའི་ཏིང་འཛིན་རྩེ་གཅིག་ཐོབ། །དེ་ཉིད་དོན་སྣང་ཡི་གེ་རྣམས། །ཨ་ལ་ཐམས་ཅད་རྫོགས་པའོ། །གསང་སྔགས་གསང་བའི་ཡི་གེ་སྟེ། །ཡན་ལག་བཤད་ཀྱིས་མི་ལངས་ཏེ། །བསྡུས་དོན་ཡི་གེ་ཨ་ལ་འདུས། །སྣང་བའི་དུས་ན་འོད་ལྟར་སྣང་། །རྟོགས་པའི་དུས་ན་སྐུ་ལྟར་རྟོགས། །གསང་སྔགས་ངེས་པ་བསྟན་པ་ནི། །གཅིག་དང་དུ་མ་མ་ཡིན་ཏེ། །སྣང་བ་གཅིག་ལ་དོན་རྣམས་ནི། །སོ་སོ་ཐ་དད་དག་ཏུ་འབྱུང་། །ཀྱེ་མ་ཀློང་ཡངས་བཅོམ་ལྡན་འདས། །འགྲོ་བའི་མགོན་པོ་འོད་དཔག་མེད། །ཐུགས་རྗེ་ཐབས་ཀྱི་སྤྱན་མངའ་བས། །སྐྱེ་མེད་སྣང་བའི་དཀྱིལ་འཁོར་ལ། །རང་སྣང་ཐབས་ཀྱི་ཞགས་པས་བཟུང་། །གསང་བའི་ཡེ་ཤེས་འོད་ལ་འཇུག །མཐུན་པའི་ཡེ་ཤེས་སྐུ་ལྟར་ཤར། །སྣང་བའི་ཡེ་ཤེས་ཡུལ་ལ་སྣང་། །གསང་སྔགས་ཐེག་པ་རྣམས་ཀྱི་མདོ། །སྣང་འདུས་དོན་གྱི་ཐེ་ཚོམ་གསལ། །རྟོགས་དང་མ་རྟོགས་ཚོགས་དྲུག་ངང་། །རིམ་རྩོལ་བློ་ཡི་ཐེག་པ་རྣམས། །དཔྱད་ཀྱང་དོན་མེད་ནེ་ཙོ་བཞིན། །བཏང་སྙོམས་ལྟེང་པོའི་མུན་པར་འགྱུར། །བལྟས་ཀྱང་ཕྱམ་ཆད་ཡལ་བར་འགྱུར། །གསང་སྔགས་དགོངས་

དོན་དེ་བཞིན་ནོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་རྣམ་པར་བསྒྱིངས་པའི་དགོངས་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད། ཆོས་ཉིད་ཟབ་མོ་འདུས་མ་བྱས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་རིགས་ཀྱི་སངས་རྒྱས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་སེང་གེའི་བདག །ཏིང་ངེ་འཛིན་ལས་རབ་ཏུ་བཞེངས། །བདག་ཅག་རྗེས་མཐུན་སངས་རྒྱས་ལ། །ཡུལ་སེམས་གཉིས་སུ་མེད་པ་ཡི། །དགོངས་པའི་ངེས་དོན་རབ་ཏུ་གསུངས། །དེ་ནས་བཅོམ་ལྡན་ཀུན་བཟང་ཡབ། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །རིགས་ཀྱི་སངས་རྒྱས་རྗེས་མཐུན་པ། །གསང་བའི་ཚིག་དོན་ལེགས་གསུངས་པ། །ཨེ་མ་སངས་རྒྱས་སེམས་དཔའི་རིགས། །དོན་གྱི་དགོངས་པ་ངས་བསྟན་གྱིས། །ལེགས་པར་ཟུང་ཞིག་རྡོ་རྗེ་འཆང་། །ཡུལ་ལ་རྟོགས་བྱེད་མི་སྣང་བས། །སེམས་ཀྱི་འཛིན་པས་ང་མི་བསྒྲིབ། །ཡེ་ཤེས་ཆོས་ལས་འདས་པས་ན། །སྣ་ཚོགས་བློ་ཡིས་ང་མི་བསྒྲིབ། །སྣང་ཡུལ་གཉིས་སུ་མི་འཛིན་པས། །རྣམ་ཤེས་བརྒྱད་ཀྱིས་ང་མི་བསྒྲིབ། །སངས་རྒྱས་སེམས་ཅན་མི་འབྱེད་པས། །བཟང་ངན་གཉིས་ཀྱིས་ང་མི་བསྒྲིབ། །སྟོང་གསལ་གཉིས་སུ་མི་འབྱེད་པས། །བྱིང་རྒོད་གཉིས་ཀྱིས་ང་མི་བསྒྲིབ། །བྱ་བྱེད་གཉིས་སུ་མི་འཛིན་པས། །ཐེག་པའི་རྩོལ་བས་ང་མི་བསྒྲིབ། །རྟོགས་དང་མ་རྟོགས་གཉིས་མེད་པས། །ཡིན་མིན་གཉིས་ཀྱིས་ང་མི་བསྒྲིབ། །ཤེས་དང་མ་ཤེས་གཉིས་མེད་པས། །བློ་དངོས་གཉིས་ཀྱིས་ང་མི་བསྒྲིབ། །ཕྱོགས་དང་རིས་སུ་མི་འཛིན་པས། །དགྲ་གཉེན་གཉིས་ཀྱིས་ང་མི་བསྒྲིབ། །མཐའ་དང་དབུས་སུ་མི་འབྱེད་པས། །གོལ་སྒྲིབ་གཉིས་ཀྱིས་ང་མི་བསྒྲིབ། །གསང་དང་མི་གསང་གཉིས་མེད་པས། །སྡུག་བསྔལ་ཉིད་ཀྱིས་ང་མི་བསྒྲིབ། །རིག་དང་མ་རིག་གཉིས་མེད་པས། །མུན་དང་སྣང་བས་

ང་མི་བསྒྲིབ། །དུག་ལྔ་ཡེ་ཤེས་གཉིས་མེད་པས། །འཛིན་རྟོག་གཉིས་ཀྱིས་ང་མི་བསྒྲིབ། །ཕྱི་དང་ནང་དུ་མི་བལྟ་བས། །འབྱུང་བའི་རྐྱེན་གྱིས་ང་མི་བསྒྲིབ། །ཐ་དད་གཅིག་ཏུ་མི་འབྱེད་པས། །གཅིག་དང་དུ་མས་ང་མི་བསྒྲིབ། །འདས་དང་མ་འདས་མི་རྟོག་པས། །འཁོར་འདས་གཉིས་ཀྱིས་ང་མི་བསྒྲིབ། །གསལ་འགྲིབ་གཉིས་སུ་མི་འཛིན་པས། །ཡེངས་དང་རྨུགས་པས་ང་མི་བསྒྲིབ། །ཨེ་མ་ཧོ། རིན་ཆེན་རྣམ་དག་བྱང་ཆུབ་སེམས། །བསྐྱེད་པ་མི་མངའ་རང་ལ་རྫོགས། །རྫོགས་པ་མ་ཡིན་ཡེ་ནས་དོན། །བསྐྱེད་རྫོགས་གཉིས་ཀྱི་མཐའ་དང་བྲལ། །འགྱུར་བ་མ་ཡིན་དྲང་པོར་གནས། །བསྒྱུར་བ་མ་ཡིན་ལྷུན་གྱིས་གྲུབ། །གསང་སྔགས་དོན་ལ་དེ་བཞིན་གཤེགས། །ཚིག་གཅིག་བསྟན་པས་དོན་རྣམས་གོ། །སྣང་བ་མཁའ་ཀློང་གཉིས་སུ་འདུས། །སེམས་ཉིད་དཀྱིལ་འཁོར་བསམ་མི་ཁྱབ། །རིག་པ་ཐུག་ཕྲད་ཡེ་ཤེས་དོན། །སྣང་བ་ཐུག་ཕྲད་དགོངས་པའི་དོན། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །རྒྱ་མཚོ་ལས་ནི་རླབས་བཞིན་དུ། །བདེར་གཤེགས་ཐམས་ཅད་སྐུ་ལས་འབྱུང་། །དོན་དམ་དཀྱིལ་འཁོར་བསམ་ཡས་ཀློང་། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་འབྱུང་། །མཐའ་ཡས་དཀྱིལ་འཁོར་འགྱུར་བ་མེད། །སེམས་དང་རིག་པ་མི་ཤེས་ཤིང་། །སྣང་བའི་ཡུལ་ལ་ཞེན་གྱུར་ན། །ཐར་ལམ་བྱང་ཆུབ་རིང་བར་བཤད། །ཡེ་ཤེས་རྩེ་གཅིག་མ་ཤེས་ཤིང་། །ཆོས་ལ་རྩོལ་བའི་ཕྱིར་འབྲངས་ན། །རྟོགས་པར་མི་འགྱུར་ཡུན་རིང་གནས། །སངས་རྒྱས་དགོངས་པ་གཅིག་པུ་ཉིད། །སེམས་ཅན་བློ་ཡི་ནད་མང་ཡང་། །ཐེག་པ་གཅིག་ལས་མེད་པར་གསུངས། །ཐེག་པ་གཅིག་གི་ངོ་བོ་ནི། །རང་རིག་གཏན་ལ་འབེབས་པར་བཤད། །གསང་བའི་ཡེ་ཤེས་དོན་གྱི་སྐུ། །དོན་དམ་ཡེ་ཤེས་ལྷུན་གྱིས་གྲུབ། །གསང་དོན་སྐུ་ལ་ཕྲ་རགས་

གསལ། །ཐེག་པའི་མཐའ་ནི་གཅིག་གམ་གཉིས། །དུ་མ་མེད་པར་རྒྱལ་བས་གསུངས། །ཡི་གེ་གཅིག་དང་ཐེག་པ་གཅིག །རིག་པ་གཅིག་ཏུ་ཐམས་ཅད་འདུས། །ཡི་གེ་རྣམས་ཀྱི་རང་བཞིན་ནི། །ཡི་གེ་ཨ་ལ་རྫོགས་པར་བཤད། །ཐེག་པ་རྣམས་ཀྱི་རང་བཞིན་ནི། །ཨ་ཏི་ཉིད་ལ་རྫོགས་པར་བཤད། །རིག་པ་ཉིད་ཀྱི་དངོས་པོ་ནི། །ལུ་གུ་རྒྱུད་ལ་ཡོད་པར་བཤད། །ཐབས་མཁས་ཡེ་ཤེས་ཐུགས་རྗེ་ཅན། །འགྲོ་བ་རྣམས་ཀྱི་མགོན་གྱུར་པས། །གསང་འདུས་ཐེག་པའི་སྤྱི་བོར་བཤད། །ཨ་ཏི་ཤིན་ཏུ་ངོ་མཚར་ཆེ། །དེས་ནི་ཡང་དག་དོན་རྟོགས་འགྱུར། །ཐམས་ཅད་ཐར་ལམ་འཐོབ་པར་འགྱུར། །སྐྱེ་མེད་ཆོས་སྐུ་རྙེད་པའོ། །ཨེ་མ་ཨ་འབྲི་རབ་ཏུ་གསལ། །ཐིག་ལེ་ཀློང་ལས་འདས། །མཚན་མའི་ཡུལ་མེད་པས། །སྣང་བ་འོད་དུ་གསལ། །ཡེ་ཤེས་མཁའ་ལ་ཁྱབ། །རང་བྱུང་རྟོག་མཐའ་ཆོད། །དགོངས་པའི་དོན་ལ་གནས། །ཐུགས་རྗེའི་ཉི་ཟེར་ལྡན། །ཐམས་ཅད་ཀུན་ལ་སྙོམས། །ཡེ་ཤེས་རྣམ་པར་དག །ཕྱོགས་བྲལ་རྒྱ་ཆད་མེད། །མཚན་མེད་དངོས་སྣང་ཡིན། །གསལ་འཚེར་ལྷུན་སྟུག་ལྡན། །སྣང་མེད་མཁའ་ལ་གསལ། །ཡུལ་མེད་གཅིག་པུ་ཉིད། །དོན་དམ་ཡངས་པ་ཆེ། །ཐོགས་མེད་རླུང་གིས་བསྐྱོད། །ཅིག་ཆར་དོན་ལ་འཇུག །མཐའ་ཡས་གཅིག་ཏུ་སྡུད། །རྒྱ་ཆེ་གཏིང་ཟབ་ཅིང་། །ཟད་མེད་ནོར་བུ་ལྟར། །དགོས་འདོད་སྣ་ཚོགས་འབྱུང་། །ཡིན་མིན་རྩིས་ལས་འདས། །འབྱུང་བའི་ཤེས་རབ་ཆེ། །གསལ་བའི་སྣང་བ་ཆེ། །རང་སྣང་གོམས་པ་ཆེ། །སྲིད་པ་དུས་གཅིག་རྫོགས། །མཐའ་ཡས་ཀུན་ཏུ་ཆུབ། །ཐུགས་རྗེས་ཐབས་མཁས་སྤྱོད། །རང་སྣང་དཀྱིལ་འཁོར་སྟོན། །དམིགས་པའི་ཡུལ་ལས་འདས། །བསམ་འདས་དངོས་པོས་སྟོང་། །ཤེས་རབ་དོན་ལ་དཔྱོད། །སྟོང་པ་ཉིད་ཀྱི་སྐུ། །འཛིན་རྟོག་ཡུལ་ལས་འདས། །མེ་ལོང་གཟུགས་

བརྙན་བཞིན། །གཟའ་གཏད་ཆོས་དང་བྲལ། །གཉིས་མེད་རང་སངས་རྒྱས། །བསྒྲུབ་མེད་གཅིག་པུ་ཉིད། །ཕྱི་ནང་གཉིས་ཀ་མེད། །རྣམ་དག་དགོངས་པ་ཆེ། །སྟོང་པའི་མུ་མཐའ་བྲལ། །རང་བྱུང་བཅོས་པ་མེད། །འཛིན་ཆགས་གཉིས་དང་བྲལ། །གསང་བའི་དོན་ལ་འཇུག །མཐུན་པའི་ཡུལ་དུ་སྣང་། །བྱས་པ་མ་ཡིན་ཏེ། །བྱུང་བར་ལྷུན་གྱིས་གྲུབ། །ཐ་སྙད་ཚིག་ལས་འདས། །ཀྱེ་མ་ཡང་དག་བསྒྲུབ་མེད་གཅིག་པུ་ཉིད། །མཁའ་ལ་ཉི་ཤར་འདྲ། །དྲི་མེད་བསམ་ལས་འདས། །ཐོག་མེད་དུས་ཀྱི་ཚེ། །སངས་རྒྱས་མར་མེ་མཛད། །སྐུ་དང་འོད་ལྟར་སྣང་། །ཤེས་བྱའི་ཡུལ་དུ་མེད། །ཆོས་སྐུ་བརྗོད་དང་བྲལ། །ལོངས་སྐུ་སྤྲོས་དང་བྲལ། །སྤྲུལ་སྐུ་འཛིན་དང་བྲལ། །ངོ་བོ་ཉིད་ཀྱི་སྐུ། །བསམ་མེད་ཡུལ་ལས་འདས། །བསམ་པ་དངོས་བྲལ་སྐུ། །ཐེག་ཆེན་ཟུང་དུ་འདྲེལ། །ཕྱི་ནང་ཀུན་གྱི་སྐུ། །དངོས་པོའི་ཡུལ་ལས་འདས། །སྟོང་གསལ་རིག་པའི་སྐུ། །བསམ་ཡས་བརྗོད་དུ་མེད། །རྡོ་རྗེ་སྙིང་པོའི་སྐུ། །ཡུལ་སེམས་གཉིས་སུ་མེད། །སྣང་བ་ཀ་དག་སྐུ། །འབྱུང་བའི་རྐྱེན་དང་བྲལ། །གསང་སྔགས་ཐབས་མཁས་ཉིད། །ཀུན་གྱི་སྣང་བར་འདོད། །ཡངས་པ་ཆོས་ཉིད་སྐུ། །རེ་དོགས་གཉིས་དང་བྲལ། །བརྡལ་བ་དབྱིངས་ཀྱི་སྐུ། །ཡངས་དོག་གཉིས་དང་བྲལ། །གསལ་བའི་ཤེས་རབ་སྐུ། །སྣང་རུང་མིང་དང་བྲལ། །གཅོད་པ་ཐོགས་མེད་སྐུ། །ངང་དུ་མ་ཡེངས་གསལ། །རྡོ་རྗེ་འཆང་གི་སྐུ། །ཐོགས་མེད་ཀུན་ཏུ་རྒྱུ། །སྐྱེ་ཤི་གཉིས་དང་བྲལ། །སྟོང་པ་རྡོ་རྗེའི་སྐུ། །མཐའ་དབུས་གཉིས་སུ་མེད། །རྣལ་འབྱོར་དོན་གྱི་སྐུ། །གཡེང་བའི་བདུད་དང་བྲལ། །དམིགས་མེད་ཟང་ཐལ་སྐུ། །ཕྱོགས་ཆ་ཀུན་དང་བྲལ། །གཟི་བརྗིད་འོད་འབར་སྐུ། །མཚན་མའི་ཆོས་དང་བྲལ། །མཉམ་ཉིད་སྟོང་པའི་སྐུ། །གཟུང་འཛིན་གཉིས་དང་བྲལ། །བརྟན་པ་རི་བོའི་སྐུ། །སྤྲོ་བསྡུ་གཉིས་དང་བྲལ། །ཀུན་འབྱུང་ནམ་མཁའི་སྐུ། །ཐ་སྙད་ཆོས་དང་བྲལ། །སྲ་མཁྲེགས་རྡོ་རྗེའི་སྐུ། །

འཇིགས་པ་ཀུན་དང་བྲལ། །ཐིག་ལེ་སྣང་བའི་སྐུ། །དབྱིངས་དང་ཡུལ་ལས་འདས། །རྡོ་རྗེ་མཚོན་ཆའི་སྐུ། །ཐོགས་མེད་ཀུན་ཏུ་རྒྱུ། །ཨེ་མ་སྣང་བ་འོད་པོ་ཆེ། །གཏིང་གི་མུན་པ་སེལ། །རིག་པ་ཐོགས་པ་མེད། །དོན་གྱི་སྙིང་པོ་མཐོང་། །དཔེར་ན་རླུང་དང་མཚུངས། །ཆོས་དབྱིངས་སྤྲོས་བྲལ་ཉིད། །ནམ་མཁའ་སྤྲིན་དེངས་འདྲ། །མཚན་ཉིད་ལྔ་ལྡན་པས། །སོ་སོའི་དོན་རྟོགས་འགྱུར། །ཡེ་ཤེས་རང་སྣང་ཉིད། །འབྱུང་བའི་ཕྱོགས་དང་བྲལ། །མཐའ་ཡས་གཅིག་ཏུ་སྣང་། །དོན་དམ་ཀུན་རྫོབ་གཉིས། །གཅིག་དང་དུ་མར་མེད། །ས་དང་ལམ་མེད་པས། །ཡེ་ཤེས་འཛིན་ཆགས་བྲལ། །སྟོང་པ་བདག་མེད་སྐུ། །དབྱིངས་དང་རིག་པར་གསལ། །སངས་རྒྱས་སྣང་བ་ནི། །དོན་གྱི་སྟོང་གསལ་ལྡན། །འགྱུར་མེད་ཐིག་ལེའི་སྐུ། །དོན་དམ་འགྱུར་བ་མེད། །ཡང་དག་མཐའ་ཡས་ཉིད། །ཕྱོགས་དང་རིས་སུ་མེད། །རྟོག་མེད་སྣང་བ་སངས། །ཡུལ་སེམས་གཉིས་སུ་མེད། །སྐུ་གཉིས་མཐར་ཕྱིན་པས། །ཡེ་ཤེས་དོན་ལ་ཞོག །སྟོང་པ་ཆོས་ཉིད་སྐུ། །འཛིན་པའི་ཕྱོགས་དང་བྲལ། །རྟོག་མེད་དཀྱིལ་འཁོར་ནས། །ཡེ་ཤེས་སྐུ་ཤར་བ། །སྣང་སེམས་ཡུལ་དང་བྲལ། །རྡོ་རྗེ་སེམས་དཔའ་ལས། །སྤྲུལ་པའི་ཚོགས་བྱུང་བས། །སེམས་ཅན་རྟོག་པ་སེལ། །བག་ཆགས་སྒྱུ་ལུས་ལས། །རིག་པའི་སྐུ་བྱུང་བས། །རང་གསལ་གཞི་གནས་མི་རྟོག་སྐྱེས་ཀྱང་བྱུང་འཛིན་མེད་སྐྱེས། །འབྱུང་བ་ནམ་མཁའ་ལས། །ལུ་གུ་རྒྱུད་ཤར་བས། །ཀུན་གྱི་ངོ་བོར་འགྱུར། །ཡང་དག་རིག་སྐུ་ལས། །ཡེ་ཤེས་དོན་གསལ་བས། །རྣལ་འབྱོར་དོན་ཆེན་འབྱུང་། །ཆོས་ལྔ་རང་སྣང་བས། །སྣང་བ་ཐུག་ཕྲད་བྱུང་། །དེ་ནི་མཁས་པས་ཐབས་སུ་བསྟན། །དེ་ལས་མེད་པར་གསུངས་པའོ། །ཨེ་མ་ཧོ། ནང་མེད་ནང་ནས་ཡེ་ཤེས་གཏེར་བྱུང་བས། །འབྱུང་བའི་ཡེ་ཤེས་སྣང་བ་ཀུན་ལས་འདས། །རྟོགས་པའི་ཤེས་རབ་དོན་ལ་རྣམ་པར་བསྒྱུར། །ཡངས་པའི་སྐུ་ལ་ཕྱི་ནང་ཀུན་གསལ་

ཞིང་། །སྐུ་གསུམ་དོན་ལ་མཐར་ཕྱིན་ཆིག་ཆོད་པ། །སྟོང་པའི་ངང་ལས་སྐུ་ལྟར་འཆར། །གསལ་བའི་ངང་ལས་ཤེས་རབ་མཉམ་ཉིད་རྫོགས། །སྐྱེ་འགག་མེད་པའི་ནོར་བུ་རིན་པོ་ཆེ། །སེམས་དང་བྲལ་བའི་ཆོས་ཉིད་རང་ཀ་མ། །དོན་དམ་ཀུན་རྫོབ་གཉིས་ཀྱང་མཐའ་དང་བྲལ། །སངས་རྒྱས་གསང་བར་དམ་པས་རབ་བསྔགས་པ། །རིག་པའི་རྒྱལ་པོ་ཡེ་ཤེས་ཉི་ཟེར་གྱིས། །སེམས་ཅན་བློ་ཡི་རྟོག་པའི་མུན་པ་རབ་ཏུ་བསལ། །ཐོགས་མེད་གསལ་བའི་མར་མེ་བསམ་པ་ཀུན་དང་བྲལ། །ཐམས་ཅད་མཁྱེན་ཉིད་ཆོས་སྐུའི་སྤྱན་དང་ལྡན། །སྣང་བའི་ཡེ་ཤེས་རྟོག་མཐའ་རབ་ཏུ་སྤངས། །ཐ་སྙད་གཉིས་དང་བྲལ་བའི་ཆོས་སྐུ་བྱང་ཆུབ་ལ། །དྲི་མའི་སྐྱོན་དང་སྣང་བའི་ཕྱོགས་ཆ་མེད། །སངས་རྒྱས་ལུས་ཀྱི་རྒྱན་བཟང་བ། །སེམས་ཅན་ཀུན་གྱི་སྣང་བར་འགྱུར། །ཆོས་དབྱིངས་ཕྱོགས་སུ་མ་ལྷུངས་པས། །རིག་པའི་ཡེ་ཤེས་ཀུན་ཏུ་སྣང་། །དངོས་པོ་བློས་བརྟགས་ཆོས་ཅན་དང་། །ངོ་བོ་རང་གནས་དགོངས་པ་གཉིས། །རྐྱེན་ཕྱིར་མ་ཡིན་ཀུན་ཏུ་སྣང་། །བློ་ཡི་ཐེག་པ་གྲངས་མང་ཡང་། །དངོས་པོའི་དོན་ཉིད་མཐོང་བ་མེད། །སྣང་བའི་ཡེ་ཤེས་ཕྱོགས་མེད་པས། །ཅི་ཡང་མ་ཡིན་ལྷུན་གྱིས་གྲུབ། །སོ་སོར་མ་ཡིན་གཅིག་ཏུ་གནས། །བྱས་པ་མ་ཡིན་སྐྱེ་འཇིག་བྲལ། །དེ་ཡང་ལྟ་སྤྱོད་སྒོམ་པར་བཤད། །རེ་རེ་ཉིད་ལ་གསུམ་གསུམ་སྟེ། །ངོ་བོ་ངེས་ཚིག་དབྱེ་བ་དང་། །རྣམ་པ་གསུམ་དུ་ཀུན་ཏུ་གྲགས། །ལྟ་བའི་ངོ་བོ་མཐོང་བར་བཤད། །ལྟ་བའི་ངེས་ཚིག་གོ་བར་བཤད། །དབྱེ་བ་ངེས་པ་མེད་པར་བསྟན། །དེ་ཡང་འདོད་པ་འདི་ལྟ་སྟེ། །ཆོས་ཉིད་ཡུལ་གྱི་ལྟ་བ་དང་། །སྤྱོད་པ་ཐབས་ཀྱི་ལྟ་བ་དང་། །རང་རིག་རྒྱུན་གྱི་ལྟ་བ་དང་། །མ་ནོར་ལུང་གི་ལྟ་བའོ། །ཆོས་ཉིད་ཡུལ་གྱི་ལྟ་བ་ནི། །ཆོས་ཉིད་དང་ནི་ཆོས་ཅན་ནོ། །སྤྱོད་པ་ཐབས་ཀྱི་ལྟ་བ་ནི། །སྒྲོན་མ་ཉིད་ཀྱི་ལྟ་སྟངས་སོ། །རང་རིག་རྒྱུན་གྱི་ལྟ་བ་ནི། །རིག་པ་ཡེ་ཤེས་སྙིང་པོ་དེ། །ཡེ་ནས་ཡོད་པར་བསྟན་པའོ། །

མ་ནོར་ལུང་གི་ལྟ་བ་ནི། །རྫོགས་ཆེན་ཨ་ཏི་ཡོ་གར་བསྟན། །དེས་ནི་ལྟ་བའི་དོན་ཉིད་བསྟན། །སྤྱོད་པ་ལ་ཡང་དོན་གསུམ་སྟེ། །སྤྱོད་པའི་ངོ་བོ་མི་ཆགས་པ། །ངེས་ཚིག་འཛིན་པ་ཐོངས་ཐེངས་ཀྱང་པར་བསྟན། །དབྱེ་བ་ངེས་པ་མ་ཡིན་ཏེ། །འོན་ཀྱང་གསང་དོན་འདི་ལྟ་སྟེ། །འཛིན་མེད་ཡུལ་གྱི་སྤྱོད་པ་དང་། །རང་སྣང་ཐབས་ཀྱི་སྤྱོད་པ་དང་། །ཞེན་མེད་ཆགས་བྲལ་སྤྱོད་པ་དང་། །སྟོང་པ་ལམ་གྱི་སྤྱོད་པ་དང་། །རྩོལ་མེད་སྣང་བའི་སྤྱོད་པ་དང་། །བརྟུལ་ཞུགས་དབང་གི་སྤྱོད་པ་དང་། །འཛིན་མེད་འཁོར་བའི་སྤྱོད་པ་དང་། །རྣམ་པ་བདུན་དུ་གྲགས་པའོ། །འཛིན་མེད་ཡུལ་གྱི་སྤྱོད་པ་ནི། །དཔེར་ན་སྨྱོན་པ་ལྟ་བུར་བསྟན། །རང་སྣང་ཐབས་ཀྱི་སྤྱོད་པ་ནི། །དཔེར་ན་རི་དྭགས་ལྟ་བུར་བསྟན། །ཞེན་མེད་ཆགས་བྲལ་སྤྱོད་པ་ནི། །དཔེར་ན་བུ་ཆུང་ལྟ་བུར་བསྟན། །སྟོང་པ་ལམ་གྱི་སྤྱོད་པ་ནི། །རྒྱ་མཚོ་གཟའ་སྐར་ལྟ་བུར་བསྟན། །རྩོལ་སེམས་སྣང་བའི་སྤྱོད་པ་ནི། །གླང་ཆེན་སྨྱོན་པ་ལྟ་བུར་བསྟན། །བརྟུལ་ཞུགས་དབང་གི་སྤྱོད་པ་ནི། །དཔེར་ན་སྟག་མོ་ལྟ་བུར་བསྟན། །འཛིན་མེད་འཁོར་བའི་སྤྱོད་པ་ནི། །ནམ་མཁའི་མདུང་བསྐོར་ལྟ་བུར་བསྟན། །སྒོམ་པ་ལ་ཡང་དོན་གསུམ་སྟེ། །སྒོམ་པའི་ངོ་བོ་མི་རྟོག་པ། །ངེས་ཚིག་འདུ་འཕྲོ་ཆོད་པར་བསྟན། །དབྱེ་བའི་དོན་ལ་མ་ངེས་ཀྱང་། །གསང་བའི་དོན་ལ་འདི་ལྟར་གསུངས། །རྣམ་རྟོག་རྒྱུན་གྱི་བསྒོམ་པ་དང་། །སྟོང་ཉིད་མཐའ་མེད་བསྒོམ་པ་དང་། །མཚན་མ་གཟུང་འཛིན་བསྒོམ་པ་དང་། །གཟུང་འཛིན་གསལ་བར་བསྒོམ་པ་དང་། །རྩོལ་བྲལ་བཞག་ཐབས་བསྒོམ་པའོ། །རྣམ་རྟོག་རྒྱུན་གྱི་བསྒོམ་པ་ནི། །དཔེར་ན་སྤྲེའུ་ལྟ་བུར་བསྟན། །སྟོང་པ་མཐའ་མེད་བསྒོམ་པ་ནི། །བྱ་ལོང་ནམ་མཁའི་མཐའ་འཚོལ་འདྲ། །མཚན་མ་གཟུང་འཛིན་བསྒོམ་པ་ནི། །མེ་ལ་ཆུ་རུ་བསྒྱུར་བ་འདྲ། །གཟུང་འཛིན་གསལ་བར་བསྒོམ་པ་ནི། །འབངས་ཀྱིས་རྗེ་རུ་འཆོས་པ་འདྲ། །གཞག་ཐབས་རྩོལ་བྲལ་བསྒོམ་

པ་ནི། །དཔེར་ན་སེང་གེ་ལྟ་བུར་བསྟན། །དེ་བཞིན་ལྟ་སྒོམ་ཡེ་གནས་དོན། །སུས་ཀྱང་མཐོང་བ་མ་ཡིན་ཏེ། །རང་རིག་ཐབས་ཀྱིས་གོ་བར་བསྟན། །ཨེ་མ་ཧོ་བདེ་གཤེགས་དགོངས་པ་ཉིད། །གསལ་བའི་འོད་དང་སྐུ་ཡི་མཁའ། །གསུང་གི་ཟེར་གྱིས་ཀུན་ཏུ་ཁྱབ། །བྱང་ཆུབ་སེམས་དང་རྡོ་རྗེའི་བདག །སྐྱེ་བའི་སྣང་བ་མ་ཡིན་ཏེ། །ཡུལ་གྱི་རྐྱེན་དང་རྣམ་པར་གྲོལ། །ཕྱོགས་ཆ་མ་ཡིན་ལྷུན་གྱིས་གྲུབ། །བྱ་བ་དང་ནི་བྱེད་པ་རྣམས། །སྣང་བ་གོམས་པའི་ཕྱོགས་སུ་བལྟ། །རིག་པ་མུན་པའི་ཕྱོགས་ནས་བལྟ། །མ་རིག་སྣང་བའི་ཕྱོགས་ནས་བལྟ། །ཡེ་ཤེས་སྟོང་པའི་ཕྱོགས་ནས་བལྟ། །འོད་སྣང་སྐུ་ཡི་ཕྱོགས་ནས་བལྟ། །ཆོས་ཉིད་དངོས་པོའི་ཕྱོགས་ནས་བལྟ། །ཆོས་ཅན་དངོས་མེད་ཕྱོགས་ནས་བལྟ། །འཁོར་བ་སྟོང་པའི་ཕྱོགས་ནས་བལྟ། །མྱང་འདས་ཉོན་མོངས་ཕྱོགས་ནས་བལྟ། །སྣང་བ་མུན་པའི་ཕྱོགས་ནས་བལྟ། །མུན་པ་སྣང་བའི་ཕྱོགས་ནས་བལྟ། །ཨེ་མ་ཧོ་སངས་རྒྱས་ཡེ་ཤེས་སྐུ། །ཀུན་སྣང་དང་བའི་དཀྱིལ་འཁོར་སྟོན། །ཐབས་ཉིད་ལས་ནི་ཡེ་ཤེས་སྐུ། །དུས་དང་མཐའ་ལ་མི་གནས་ཤིང་། །ཕྱོགས་ཆའི་སྣང་བ་མ་ཡིན་ཏེ། །སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་ཀུན་གྱིས་རྟོགས་པར་དཀའ། །དེ་ཡང་ཡང་དག་དོན་དམ་ཉིད་དུ་བསྟན། །སེམས་དང་ཡེ་ཤེས་སྣ་ཚོགས་རྐྱེན་དང་བྲལ། །ཡིན་མིན་གཉིས་ཀྱི་སྣང་བའི་ཕྱོགས་མེད་པས། །ཐ་སྙད་གཉིས་ལ་ང་ཡི་ཆོས་མི་གནས། །ཡང་དག་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་སྐུ་ལ་རྣམ་རྟོག་མིང་མེད་ཀྱང་། །འཛིན་པའི་ཡུལ་ལ་བག་ཆགས་སྐྱེ་མེད་ཀྱང་། །སྐུ་དང་ཡེ་ཤེས་སྣང་བའི་ཕྱོགས་མེད་ལྟར། །སྣང་བའི་ཡེ་ཤེས་གཏན་ཚིགས་ཀུན་དང་བྲལ། །ཆོས་སྐུ་ཉིད་ལ་བསམ་གཏན་

ཡེ་ནས་གནས། །མཚན་མ་ཉིད་ལ་མཚན་མ་ཉིད་གནས་པས། །གྲོལ་ལམ་མི་ཐོབ་རྟག་ཏུ་ཡུན་རིང་གནས། །རྟོགས་པའི་ཡེ་ཤེས་སྐྱེ་ཚུལ་དེ་བཞིན་ནོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སྣང་བའི་སེང་གེ་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་རིགས་ཀྱི་སངས་རྒྱས་རྣམས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་དགོངས་པའི་བདག །ཡེ་ནས་གནས་པའི་གསང་སྔགས་དོན། །རབ་ཏུ་བཤད་པ་ཇི་ལྟར་དོན། །གཞི་ཡི་ཡེ་ཤེས་རང་སྣང་བ། །ལམ་གྱི་ཡེ་ཤེས་ཐུག་པ་མེད། །འབྲས་བུའི་ཡེ་ཤེས་རྒྱུ་མཐུན་སྣང་། །དེ་ནི་གོ་བའི་དུས་ཡིན་པས། །ངེས་པར་གཏན་ལ་ཕེབས་མ་ཕེབས། །མོས་པའི་འཁོར་ལ་བསྟན་དུ་གསོལ། །འཁོར་གྱི་ཚོགས་ཀྱིས་དེ་སྐད་ཞུས། །དེ་ནས་ཀུན་བཟང་སེང་གེ་དེས། །མོས་པའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་རིགས་ལྡན་སངས་རྒྱས་ཉོན། །སངས་རྒྱས་རྣམས་ཀྱི་མཛད་པ་ནི། །སྣ་ཚོགས་ཅིར་ཡང་མཛད་པ་སྟེ། །དོན་གྱི་དགོངས་པ་གཅིག་ལས་མེད། །སངས་རྒྱས་རྣམས་ཀྱི་སྐུ་དང་ནི། །གསུང་དང་ཐུགས་ཀྱི་དཀྱིལ་འཁོར་དང་། །ཡོན་ཏན་ཕྲིན་ལས་ལྔ་ལྟར་སྣང་བའོ། །དེ་རྣམས་ལ་ཡང་གསུམ་གསུམ་སྟེ། །ངོ་བོ་དང་ནི་ངེས་ཚིག་དང་། །རབ་ཏུ་དབྱེ་ན་མཆོག་ཏུ་གསུངས། །དེ་ཡང་བཤད་པ་འདི་ལྟ་སྟེ། །སྐུ་ཡི་ངོ་བོ་འགྱུར་བ་མེད། །སྐུ་ཡི་ངེས་ཚིག་གསལ་འཚེར་ལྡན། །དབྱེ་ན་རྣམ་པ་གསུམ་དུ་བསྟན། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུར་བཤད། །ཆོས་སྐུའི་མཚན་ཉིད་བསམ་པ་བྲལ། །ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད། །སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན། །གསུང་གི་དོན་ཉིད་འདི་ལྟ་སྟེ། །གསུང་གི་ངོ་བོ་གྲགས་པས་སྟོང་། །གསུང་གི་ངེས་ཚིག་སྣ་ཚོགས་འབྱུང་། །དབྱེ་བ་རྣམ་པ་དྲུག་གིས་བསྟན། །སངས་རྒྱས་མཛད་པའི་གསུང་དང་ནི། །ཚངས་པ་ལྷ་ཡི་མཆོག་གསུང་དང་། །འགྲོ་དྲུག་འཁྲུལ་པའི་རང་སྐད་དང་། །

སེམས་ཅན་མོས་པའི་འདུལ་སྐད་དང་། །གསང་བ་ཡུལ་གྱི་བརྡའ་སྐད་དང་། །གྲགས་པ་སྣ་ཚོགས་གསུང་དུ་བསྟན། །དེ་ནི་གསུང་དོན་རྒྱས་པའོ། །ཐུགས་ཀྱི་ངོ་བོ་འཁྲུལ་པ་མེད། །ཐུགས་ཀྱི་ངེས་ཚིག་བསམ་པར་སྣང་། །དབྱེ་བ་རྣམ་པ་གསུམ་ཉིད་བསྟན། །ཐུགས་ཀྱི་དྲན་པ་སངས་པ་དང་། །རྡོ་རྗེ་འགྱུར་མེད་བསྟན་པ་དང་། །སྣ་ཚོགས་པ་ཡི་ཐུགས་སུ་བསྟན། །ཡོན་ཏན་ལ་ཡང་རྣམ་གསུམ་སྟེ། །ཡོན་ཏན་ངོ་བོ་ཐམས་ཅད་བསྐྱེད། །ཡོན་ཏན་ངེས་ཚིག་སྣ་ཚོགས་འགྲུབ། །དབྱེ་བ་རྣམ་པ་གསུམ་གྱིས་བསྟན། །གཞི་ལ་གནས་པའི་ཡོན་ཏན་དང་། །ལམ་ལ་སྣང་བའི་ཡོན་ཏན་དང་། །མཐའ་ལ་སྐྱོལ་བའི་ཡོན་ཏན་ནོ། །ཕྲིན་ལས་ལ་ཡང་དོན་གསུམ་སྟེ། །ཕྲིན་ལས་ངོ་བོ་གྲུབ་པར་བྱེད། །ཕྲིན་ལས་ངེས་ཚིག་བྱ་བ་བྱེད། །དབྱེ་བ་རྣམ་པ་བཞིས་བསྟན་པའོ། །ཨེ་མ་ཧོ། ཞི་བ་དང་ནི་རྒྱས་པ་དང་། །དེ་བཞིན་དབང་དང་དྲག་པོར་བཤད། །ཞི་བས་ཆོས་ཉིད་དབྱིངས་སུ་སྡུད། །རྒྱས་པས་སྣ་ཚོགས་ངོ་བོར་སྟོན། །དབང་གིས་མ་སྨིན་སྨིན་པར་བྱེད། །དྲག་པོས་ཐམས་ཅད་ཚར་གཅོད་པའོ། །དེ་ཡང་ཐམས་ཅད་སྨིན་མཛད་པ། །དབང་གི་དཀྱིལ་འཁོར་ཆེན་པོར་བཤད། །ཆུ་བོ་རྣམ་བཞི་མ་ཤེས་ན། །འཁོར་བའི་རྩ་བ་ཆོད་མི་འགྱུར། །བརྒྱུད་པ་རྣམ་བཞི་མ་ཤེས་ན། །གསང་བའི་དབང་བསྐུར་ཤེས་མི་འགྱུར། །བབས་ལུགས་རྣམ་བཞི་མ་ཤེས་ན། །རིག་པའི་ཡེ་ཤེས་དོན་མི་མཐོང་། །བསྐུར་ཐབས་རྣམ་བཞི་མ་ཤེས་ན། །དམ་རྫས་དོན་ལ་སྦྱོར་མི་ནུས། །དབང་གི་རྫས་བཞི་མ་ཤེས་ན། །རིག་པའི་ཡེ་ཤེས་མཚོན་མི་ནུས། །བསྐུར་བའི་གནས་བཞི་མ་ཤེས་ན། །རྟོགས་ཚད་དོན་ལ་བསྐྱལ་མི་ནུས། །དུས་ཚོད་རྣམ་བཞི་མ་ཤེས་ན། །རྫས་དབང་རྣམས་ལ་དོན་མེད་འགྱུར། །ཕྱི་ནང་དབང་བཞི་མ་ཤེས་ན། །ཡེ་ཤེས་གནས་ལུགས་སྟོན་མི་ནུས། །ཐོབ་པའི་རྟགས་བཞི་མ་ཤེས་ན། །དོན་དམ་ཡིད་ཆེས་མེད་པར་འགྱུར། །བར་དོ་རྣམ་བཞི་མ་ཤེས་ན། །རིག་པའི་རྩལ་མི་འབྱོངས་

པར་འགྱུར། །གནས་ལུགས་རྣམ་བཞི་མ་ཤེས་ན། །མཚོན་པའི་དཔེ་ལ་དོན་མེད་འགྱུར། །དཀྱིལ་འཁོར་རྣམ་བཞི་མ་ཤེས་ན། །རྫས་དབང་བསྐུར་བ་དོན་མེད་འགྱུར། །འབྱུང་བ་རྣམ་བཞི་མ་ཤེས་ན། །སྒྲོན་མའི་ཡེ་ཤེས་སྟོན་མི་ནུས། །འཇུག་པའི་དུས་བཞི་མ་ཤེས་ན། །དབང་བསྐུར་གདམས་པ་སྟོན་མི་ནུས། །འབྱུང་བའི་དུས་བཞི་མ་ཤེས་ན། །རིག་པའི་འཕོ་ཚུལ་སྟོན་མི་ནུས། །བསྒོམ་ཐབས་རྣམ་བཞི་མ་ཤེས་ན། །ཚེ་དབང་རྒྱས་པར་བསྐུར་མི་ནུས། །བསྡིམ་པ་རྣམ་བཞི་མ་ཤེས་ན། །དབང་བསྐུར་བ་ལ་དོན་མེད་འགྱུར། །གདམས་ངག་རྣམ་བཞི་མ་ཤེས་ན། །བུ་ལ་ངེས་ཤེས་སྐྱེ་མི་ནུས། །རང་བྱུང་དབང་ལ་དེ་ལྟར་རྫོགས། །དེ་ཡང་རབ་ཏུ་བཤད་པ་ནི། །རྫོགས་ལུགས་རྣམ་བཞི་མ་ཤེས་ན། །ཐེག་ཆེན་དོན་ལ་སྦྱོར་མི་ནུས། །ཐོབ་ལུགས་རྣམ་བཞི་མ་ཤེས་ན། །རིག་པའི་ངོ་བོ་མཐོང་མི་འགྱུར། །གྲོལ་ལུགས་རྣམ་བཞི་མ་ཤེས་ན། །སྐྱེ་བ་རྣམ་བཞིའི་དོན་མི་རྟོགས། །རང་བྱུང་དབང་ལ་དེ་བཞིན་གནས། །རིག་པའི་དབང་ལ་དེ་བཞིན་ནོ། །ཨེ་མ་རང་བྱུང་རྫོགས་པའི་དབང་། །ལམ་ལ་བྱང་ཆུབ་རིམ་གནས་པས། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །མ་སྨིན་པ་རྣམས་སྨིན་བྱའི་ཕྱིར། །བཅོམ་ལྡན་ཐུགས་རྗེ་ཐབས་མཁས་པས། །གསང་བའི་དོན་ཉིད་བསྟན་པའོ། །ཨེ་ཧོ། ཨེ་མ་ཧོ། མ་གྲོལ་བ་རྣམས་གྲོལ་བྱའི་ཕྱིར། །གསང་བའི་ཡེ་ཤེས་དཀྱིལ་འཁོར་བསྟན། །དཀྱིལ་འཁོར་ཡེ་ཤེས་གསང་བའི་དོན། །འདས་པས་མཚོན་པར་མི་ནུས་པས། །ད་ལྟ་ཉིད་དུ་དཀྱིལ་འཁོར་རྣམས། །རྒྱལ་བ་ཡབ་ཉིད་ཐབས་མཁས་པས། །ཐབས་མཁས་ཐུགས་རྗེས་ཡང་དག་བཟུང་། །བརྒྱད་ཁྲི་བཞི་སྟོང་ཐེག་པའི་སྒོས། །གསང་བའི་ཡེ་ཤེས་སྟོན་མི་ནུས། །དེ་ཕྱིར་གསང་བའི་ཐེག་པ་འདི། །རང་སྣང་སྟོན་ཕྱིར་རྒྱལ་བས་གསུངས། །བཅོམ་ལྡན་པདྨ་ཧེ་རུ་ཀས། །གསང་བ་ངེས་པའི་དབང་རྣམས་

ཉོན་བསྟན། །ཨེ་མ་ངོ་མཚར་ཤིན་ཏུ་ཆེ། །ཨ་ཧཱུཾ་དཀྱིལ་འཁོར་ཐམས་ཅད་འདུས། །གསང་བ་ཕྱི་ཡི་རྟགས་བསྟན་པ། །ཡོངས་སུ་རྫོགས་པ་རང་ལུས་མཐོང་། །རིག་པའི་ཡེ་ཤེས་དཀྱིལ་འཁོར་ནི། །ལུས་ལ་རྣམ་པ་བཞིར་གནས་པས། །འདི་ཉིད་དུ་ཡང་བཞིར་བསྟན་པའོ། །གསང་སྔགས་ཐབས་ཀྱི་གཏན་ཚིགས་ལས། །རང་ལུས་མཚོན་ཕྱིར་དཀྱིལ་འཁོར་བསྟན། །ཨོཾ་ཡང་དག་ཨ་ཉིད་ལྡན་པ་སྟེ་དང་ཨ་དང་གཉིས་སྟོན་པས། །ཡི་གེ་འཁོར་ལོ་བསྒོམ་པར་བཤད། །རྣམ་རྟོག་ཡི་གེ་ཧཱུཾ་དུ་བསྡུས་གྱུར་ན། །རིག་པའི་ཡེ་ཤེས་ཡི་གེ་ཧཱུཾ་དུ་གནས། །དག་པའི་དུས་ན་ཡི་གེ་ཨ་ཡི་རང་བཞིན་ནོ། །འབྱུང་བའི་དུས་ན་ཡི་གེ་ཨོཾ་དུ་འབྱུང་། །རིག་པའི་རང་བཞིན་དེ་བཞིན་རབ་གནས་པས། །གནས་པའི་དུས་ན་ཡི་གེ་ཕཊ་དུ་འབྱུང་། །མཐོང་བའི་དུས་ན་ཡི་གེ་སྭཱ་རུ་བྱུང་། །ཤེས་པའི་དུས་ན་ཡི་གེ་ཧཱར་གནས་པའོ། །རིག་པའི་ཆོས་སྐུ་རྐྱེན་དང་རབ་བྲལ་ནས། །རིག་པའི་རང་བཞིན་བཙལ་ན་མི་རྙེད་དེ། །སེམས་ཀྱི་རང་བཞིན་སྣ་ཚོགས་ཀུན་ཏུ་རྒྱུ། །མིང་གི་རང་བཞིན་སྣ་ཚོགས་བཏགས་པས་སྟོང་། །སྒྲ་ཡི་རང་བཞིན་སྣ་ཚོགས་མིང་དང་བྲལ། །སྔགས་ཀྱི་རང་བཞིན་བཟླས་བརྗོད་ཡུལ་ལས་འདས། །ཆོས་ཀྱི་རང་བཞིན་ཡེ་ནས་བསྒྲུབ་དང་བྲལ། །སྐུ་ཡི་རང་བཞིན་ཡེ་ནས་རྣམ་པར་དག །ཡེ་ཤེས་རང་བཞིན་ཡེ་ནས་རྟོག་མཐའ་བྲལ། །འོད་ཀྱི་རང་བཞིན་ཡེ་ནས་ཐུག་པ་མེད། །ཚིག་གི་རང་བཞིན་བརྗོད་པ་ཉིད་དུ་མེད། །བདག་དང་གཞན་སྣང་གཉིས་ཀྱི་མཐའ་དང་བྲལ། །ཟད་མེད་ནོར་བུ་རིན་ཆེན་རིན་ཐང་མེད་པ་ཡང་། །ཟང་ཟིང་ལོངས་སྤྱོད་སྣ་ཚོགས་རབ་སྣང་བས། །སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བ་ལྟར། །རང་བྱུང་ཡེ་ཤེས་ཡོན་ཏན་སྣ་ཚོགས་ཀྱིས། །མ་རིག་ཉོན་མོངས་ཐམས་ཅད་སེལ་བར་བྱེད། །ཨེ་མ་ཧོ། སངས་རྒྱས་ཡེ་ཤེས་དབང་རྫོགས་པ། །འགྱུར་བ་མེད་པའི་དབང་ཆེན་ཐོབ། །ཡང་དག་ལྷུན་རྫོགས་དབང་ལྡན་པས། །ཡེ་གནས་ལྷུན་འབྱམས་རྩལ་དབང་ཐོབ། །རྟོག་མེད་

རིག་པའི་དབང་རྫོགས་པས། །དབྱིངས་རིག་གསལ་བའི་བརྡ་དབང་ཐོབ། །ཟག་མེད་ཐིག་ལེའི་དབང་རྫོགས་པས། །ལྷུན་འབྱམས་སྟོང་པའི་རྩལ་དབང་ཐོབ། །དགོངས་པ་ཅིག་ཆོད་དབང་རྫོགས་པས། །ཡེ་གསལ་ལྷུན་མཉམ་རྩལ་དབང་ཐོབ། །རིག་པ་ཡེ་ཤེས་དབང་རྫོགས་པས། །བྱ་བྲལ་ལྷུན་རྫོགས་རྩལ་དབང་ཐོབ། །སངས་རྒྱས་སྐུ་ཡི་དབང་རྫོགས་པས། །གསང་བའི་ཡེ་རྒྱའི་རྩལ་དབང་ཐོབ། །སྐུ་དང་ཡེ་ཤེས་རྩལ་ལ་སོ་སོར་གནས། །ནམ་མཁའི་མཐོངས་ནས་ཉི་ཤར་བས། །སེམས་ཅན་ཐད་ཀའི་མུན་པ་བསལ་བ་ལྟར། །གསང་བའི་དུས་ན་རིག་པ་རང་གནས་པ། །ཡེ་གནས་དགོངས་པ་ཆུ་བོའི་གཞུང་དང་འདྲ། །དེ་ལྟ་བུ་ཡི་རྩལ་དབང་ཐོབ་གྱུར་ན། །སྟོང་པའི་ཡེ་ཤེས་རང་གནས་རྫོགས་པར་གསུངས། །ཕྱི་ནང་གསང་བའི་དབང་རྫོགས་ན། །ཡོངས་སུ་རྫོགས་པའི་རིག་པའི་དབང་། །མ་བསྐུར་ཡེ་ནས་རྫོགས་པར་འགྱུར། །སྣང་ལུས་ཀྱང་བ་རིགས་ཀྱི་ལུང་ལྟ་བུ། །བྱར་མེད་ལྷུན་མཉམ་ངང་དུ་རྫོགས། །ཡེ་ཤེས་དབང་བསྐུར་དམ་པ་འདི། །སེམས་ཅན་རྣམས་ཀྱིས་ཐོབ་བྱའི་ཕྱིར། །ཐབས་ལ་མཁས་པའི་སྐྱེས་བུས་བཤད། །དེ་ནི་རྩལ་དབང་རྫོགས་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། སེང་གེ་རྩལ་རྫོགས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་ཀུན་རིག་ཆོས་ཀྱི་རྗེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་ཀུན་བཟང་ཡབ། །བདག་ཅག་དད་པས་ཞུས་པ་ལ། །དོན་གྱི་དཀྱིལ་འཁོར་བསྟན་དུ་གསོལ། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །བདག་གིས་ཞུས་པའི་ཚིག་རྣམས་ཀུན། །མ་ནོར་ལེགས་པར་གསུང་དུ་གསོལ། །དེ་ནས་ཀུན་བཟང་སེང་གེ་དེས། །རྣམ་པ་བསྒྱིངས་ཏེ་བཀའ་སྩལ་པ། །གསང་བའི་སྒྲོན་མ་ཡེ་གནས་པས། །དགོངས་པའི་དོན་ལ་རྣམ་པར་བརྟགས། །ཀྱེ་མ་སངས་རྒྱས་རྣམས་ཀྱི་འཁོར། །ཁྱེད་ལ་གཟུང་འཛིན་མི་མངའ་ཡང་། །སེམས་

ཅན་མ་རིག་ལོང་བ་རྣམས། །འཁོར་བ་ཉིད་ལས་བསྒྲལ་བྱའི་ཕྱིར། །ང་ཡིས་བསྟན་གྱིས་ཁྱེད་ཀྱིས་གཟུང་། །ཁྱེད་ཀྱིས་ཞུས་པ་དེ་ལེགས་སོ། །ལེགས་སོ་ལེགས་སོ་རིགས་ཀྱི་བུ། །སྟོང་པའི་ཡེ་ཤེས་མཐའ་མེད་ཀྱང་། །དག་པའི་ཡེ་ཤེས་དྲི་མ་མེད། །དགོངས་པའི་ངང་ལ་གང་གནས་པ། །རང་བྱུང་ཡེ་ཤེས་དེ་དང་ཉེ། །རྟོགས་པའི་ཤེས་རབ་ཡུལ་ལ་འཆར། །འབྱུང་བ་ལྔ་ཡི་དྲི་མས་ཀྱང་། །དག་པའི་ཡེ་ཤེས་སྒྲིབ་ནུས་ན། །མ་རིག་ལ་སོགས་ཉོན་མོངས་ཀྱིས། །དག་པའི་ཡེ་ཤེས་སྐྱེ་དབང་མེད། །མ་རིག་ལ་སོགས་འཛིན་པ་རྣམས། །རྐྱེན་དང་བྲལ་ན་རང་རིག་གྲོགས། །སྐུ་ཡི་འོད་དང་གསུང་གི་ཟེར། །ཉོན་མོངས་ཉིད་ལས་སྐྱེ་བར་འགྱུར། །གསང་བའི་ཡེ་ཤེས་ཁོང་གསལ་བ། །དཔེར་ན་དབུལ་མོའི་གཏེར་དང་མཚུངས། །དག་པའི་ཡེ་ཤེས་ཡུལ་གསལ་བ། །དཔེར་ན་ཉི་ཟླའི་འོད་དང་མཚུངས། །སངས་རྒྱས་ཡེ་ཤེས་སྐུ་མངའ་བ། །ཡེ་ཤེས་ཆིག་ཆོད་རྣམ་པར་དག །གསང་བའི་ཡེ་ཤེས་རྙེད་དཀའ་བ། །ཀུན་གྱིས་གོ་བ་མ་ཡིན་ཏེ། །གསང་སྔགས་ཐབས་ཀྱི་སྒོ་མང་ཡང་། །དག་པའི་ཡེ་ཤེས་རྟོགས་པ་མེད། །ལུ་གུ་རྒྱུད་དུ་རྟོགས་པ་མེད། །ཡང་གསང་ངེས་པའི་ལུང་ཆེན་འདི། །དྲི་མ་གཉིས་དང་རབ་ཏུ་བྲལ། །ཨེ་མ་ཡེ་ཤེས་དག་པའི་སྐུ། །འགའ་དང་འགའ་ལ་སྣང་བ་ལས། །ཀུན་གྱིས་མཐོང་བ་མ་ཡིན་ནོ། །ཡང་གསང་རིག་པའི་སྒྲོན་མ་ཉིད། །གཏང་གཞག་གཉིས་སུ་མེད་པའི་ཕྱིར། །ཐབས་ལྡན་ཤེས་རབ་ལྡན་པས་རྟོགས། །གསང་སྔགས་ཡེ་ཤེས་ཚོགས་ཀྱི་སྐུ། །མཐུན་པའི་འོད་དང་བཅས་པའོ། །འཛིན་པ་མེད་པའི་ས་ཕྱོགས་ནས། །དག་པའི་ཡེ་ཤེས་ངོས་གཟུང་བྱ། །སྙིང་རྗེ་ཆེན་པོའི་ཐབས་མངའ་བས། །སེམས་ཅན་ཐམས་ཅད་གཟུང་བྱའི་ཡུལ། །སྣང་བའི་ཡེ་ཤེས་འོད་སྐུ་ལ། །སྣང་བ་ཐམས་ཅད་རྫོགས་པའོ། །ཡེ་ནས་རང་གསལ་ཆོས་ཉིད་ནི། །གསང་བའི་ཡེ་ཤེས་མཁའ་ལ་གསལ། །དོན་དམ་ཀུན་རྫོབ་གཉིས་མེད་ནི། །དུས་གསུམ་སངས་

རྒྱས་རྣམས་ཀྱི་ལྟ་བར་འདོད། །ཐབས་མཁས་རྟོགས་པའི་ཀློང་གནས་པས། །ཡེ་ཤེས་ཐུགས་རྗེ་རྒྱུན་མི་འཆད། །ཡེ་ཤེས་ཐབས་ལ་མཁས་པ་ཡིས། །རང་གི་དེ་ཉིད་ཉམས་སུ་བླངས། །དེ་ལ་གོམས་ཏེ་ཉམས་ལོན་ན། །ཡེ་ཤེས་སྐྱེ་བའི་རིམ་པ་དང་། །ཡེ་ཤེས་གནས་པའི་རིམ་པ་དང་། །རིག་པ་འཆར་བའི་ལྟ་སྟངས་བརྟགས། །ཡེ་ནས་གནས་པའི་སྙིང་པོའི་སྐུ། །རྒྱ་མ་ཆད་པའི་ཡེ་ཤེས་ཡིན། །ལྷུན་གྱིས་གྲུབ་པའི་བུཌྜྷ་དང་། །གཉིས་སུ་མེད་པར་སྙོམས་པར་ཞུགས། །ཡང་དག་དོན་གྱི་ངོ་བོ་ལ། །སངས་རྒྱས་སེམས་ཅན་གཉིས་མེད་ཀྱང་། །སེམས་ཅན་བློ་ཡི་འཁྲུལ་ཚུལ་ལ། །རྣམ་པ་གཉིས་ལྟར་སྣང་དུ་ཟད། །སྣང་བའི་གོ་ན་རིག་པ་ཉིད། །མཐར་ལྷུང་ཉིད་དུ་གནས་པ་ཡིན། །གཅིག་དང་གཉིས་ལ་སོགས་པ་ཡི། །མཐའ་བཞིའི་དྲི་མ་ཕྲ་རགས་ཀུན། །བསལ་ནས་ཡེ་ཤེས་དོན་ལ་འཇུག །འབྱུང་བའི་ཡེ་ཤེས་ཐབས་ཀྱི་སྐུ། །ཀུན་གྱི་སྙིང་པོར་གནས་པའོ། །ཨེ་མ་ཧོ། ཡངས་པའི་གྲོང་ཁྱེར་ཤེལ་གྱི་ཁང་བུའི་ནང་། །དགོངས་པ་རང་གནས་ཉི་ཟླ་ལྔ་ཤར་བས། །རྣམ་དག་རྟོག་མེད་སྐུ་ལྔར་ལྷུན་གྱིས་གྲུབ། །ཐུགས་རྗེའི་ཟེར་ལྡན་ཡེ་ཤེས་ལྔ་རྟོགས་པས། །སྣང་བ་རྒྱས་འདེབས་སྣང་སྲིད་དབང་དུ་འདུས། །ཡེ་ཤེས་སྟོབས་ཀྱི་ཁྱད་པར་ནི། །གང་གིས་སྣང་བ་བཅད་པ་དང་། །གང་གིས་སྣང་བ་འཕྲོག་པ་དང་། །གང་ལ་སྣང་བ་འདུས་པའོ། །གང་གི་སྣང་བ་ཆོས་ཀྱི་སྐུ། །ཕྱོགས་དང་རིས་སུ་མི་སྣང་བས། །ཐབས་དང་ཤེས་རབ་འདྲེལ་རྟོགས་ན། །ཐབས་ཀྱི་ཡན་ལག་ཆོས་ཀྱི་སྐུ། །ཤེས་རབ་རང་བྱུང་དོན་ལ་སྤྱོད། །ཐུགས་རྗེ་གཉིས་སུ་མེད་པར་གྲོལ། །གསལ་བའི་ཡེ་ཤེས་ཡེ་གནས་དོན། །མཐའ་དང་དབུས་སུ་མི་འབྱེད་པས། །མཐའ་གཉིས་རྟོགས་ན་དབུས་ཀྱི་ངང་། །སྐྱོན་ཉིད་རྟོགས་ན་ཡོན་ཏན་རྫོགས། །ཉོན་མོངས་ཡེ་ཤེས་ཉིད་དུ་རྟོགས། །གསང་ཐབས་རྡོ་རྗེའི་ལུས་ཚོགས་ནི། །དོན་དམ་ཀུན་རྫོབ་ལྟར་སྣང་བའོ། །ཡེ་ནས་ཆོས་སྐུར་རང་གནས་

པས། །མཐའ་དང་དབུས་སུ་མི་གནས་པ། །ཆོས་ཉིད་རྟོགས་པས་ཐབས་ལ་མཁས། །ཡེ་ཤེས་དཀྱིལ་འཁོར་བསམ་ཡས་རྣམས། །མ་བཅོས་བསམ་ཡས་ལྷུན་གྱིས་གྲུབ། །བདེ་བ་བསམ་ཡས་དཀྱིལ་འཁོར་ཆེ། །སྣང་བའི་ཡེ་ཤེས་སྐུར་གནས་པས། །བདེ་བའི་སྐུ་གསུམ་རྫོགས་པར་བཤད། །སྣང་བའི་སྐུ་གསུམ་འོད་གསལ་བས། །ཤེས་རབ་སྐུ་གསུམ་དོན་ལ་སྤྱོད། །འདས་པའི་སྐུ་གསུམ་ཡུལ་དུ་མེད། །མ་འོངས་སྐུ་གསུམ་སྣང་མཐའ་ཡས། །མཚོན་པའི་སྐུ་གསུམ་དང་རེ་སྤྲོ། །སངས་རྒྱས་ཡེ་ཤེས་སྐུ་གསུམ་གསལ། །ཤེས་རབ་ཡེ་ཤེས་གནས་ལུགས་ནི། །དོན་དམ་ཡེ་ཤེས་ཐུགས་ལ་རྫོགས། །གསལ་བའི་ཡེ་ཤེས་མཐའ་ལས་འདས། །རྟོག་མེད་ཡེ་ཤེས་ཀུན་ཏུ་སྣང་། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །སྐྱེ་མེད་ཡེ་ཤེས་ནོར་བུའི་ཚུལ། །འགག་མེད་ཡེ་ཤེས་སྣང་བའི་ཚུལ། །ཨེ་མ་ཧོ། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི། །སེམས་ཅན་ཀུན་གྱི་ཐུགས་ལ་གནས། །ལམ་དང་རིག་པའི་གནས་ལ་མཁས། །སྣང་བའི་རིག་པ་ཤིན་ཏུ་ཆེ། །སྒྲོན་མའི་ཡེ་ཤེས་རང་གསལ་བ། །དུས་མེད་ཆོས་ཉིད་སྣང་བ་ནི། །ཕྱོགས་ཆ་མེད་པའི་ཡུལ་ལ་སྣང་། །འཛིན་པ་མེད་པའི་རྣམ་དག་རྟོགས། །བགྲོད་དུ་མེད་པའི་ལམ་དང་འཕྲད། །བསྟན་དུ་མེད་པའི་ལུང་ཆེན་རྟོགས། །བཤད་དུ་མེད་པའི་རྒྱུད་ལ་གནས། །ཐོབ་མེད་རྩལ་རྫོགས་འབྲས་བུ་ཐོབ། །ཡང་དག་ངེས་པའི་སྣང་བ་ཟིན། །ཤེས་རབ་སྐུ་ལྔ་ལྷུན་གྱིས་གྲུབ། །མཛད་པ་ལམ་དུ་སྐུ་ལྔ་ཤར། །ཐིག་ལེ་ཆོས་མིན་རང་བྱུང་ཤར། །སངས་རྒྱས་དང་ནི་སེམས་ཅན་གཉིས། །གཅིག་པ་ལ་ནི་གཉིས་ལྟར་སྣང་། །སྐུ་གསུང་ཐུགས་ལྡན་རྡོ་རྗེའི་སྐུ། །ཀུན་ལ་ཡོད་པས་སྣང་མཐའ་ཡས། །བརྗོད་དུ་མེད་པས་རྩལ་གསུམ་རྫོགས། །མཚོན་དུ་མེད་པས་ཐེ་ཚོམ་བྲལ། །ཡིད་དུ་མེད་པས་དཔྱོད་བྱེད་མེད། །སེམས་སུ་མེད་པས་བག་ཆགས་མེད། །མ་རིག་མེད་པས་རང་སར་གྲོལ། །རྟོག་པ་མེད་

པས་རྩིས་ལས་འདས། །མཐར་ལྷུང་མེད་པས་འོད་དུ་སྣང་། །བྱ་རྩོལ་བྲལ་བས་ཡེ་ནས་གནས། །ཡིན་མིན་མེད་པས་རང་ལས་བྱུང་། །ཆོས་ཉིད་ཡེ་ཤེས་རང་གནས་པས། །གཞན་ནས་རྙེད་པར་འགྱུར་མ་ཡིན། །གསང་སྔགས་གསལ་བའི་ཤེས་རབ་ནི། །གཅིག་ཏུ་སྣང་དང་དུ་མར་མེད། །སྣང་བའི་ཡེ་ཤེས་སྐུ་ལྟར་སྣང་། །མཐའ་ཡས་ཡེ་ནས་རང་ལ་གནས། །དོན་སྡུད་དཀྱིལ་འཁོར་རྣམ་ལྔ་བྱུང་། །ཡེ་ནས་རྒྱ་ཉིད་མ་ཆད་པར། །ལྷུན་གྲུབ་ཆེན་པོའི་སྣང་བར་རྟོགས། །ས་དང་ལམ་ལ་རབ་གནས་པས། །དྲི་མར་བཟུང་བའི་དངོས་པོ་མེད། །བྱས་པས་རྙེད་པར་མི་འགྱུར་རོ། །སྣང་བའི་ཡེ་ཤེས་ལྷུན་སྡུག་ལྡན། །སྟོང་པའི་ཡེ་ཤེས་ཐབས་མཐའ་ཡས། །འགྲན་ཟླ་མེད་པའི་ཉག་གཅིག་པོ། །མཚན་ཉིད་མེད་པར་རང་སར་གྲོལ། །ཡེ་ཤེས་གསལ་བའི་རླུང་ཆེན་གྱིས། །དྲན་པ་སངས་པའི་མཁའ་ལ་བསྐྱོད། །མཐའ་ལ་མི་གནས་ཡངས་པའི་སྐུ། །བརྡལ་བ་ཆོས་ཉིད་སྣང་བའི་སེམས། །ཡུལ་ལ་རྟོག་ཅིང་དོན་དུ་སྡུད། །རིག་པའི་ཡེ་ཤེས་རང་ཤར་བས། །སྟོང་པའི་ཡེ་ཤེས་ལྷུན་མཉམ་གསལ། །དྲི་མེད་ཡེ་ཤེས་མཁའ་གསལ་གནས། །སྔ་ཕྱི་མེད་པར་བདེ་གནས་པ། །ཕྱོགས་ཆ་མེད་པར་དོན་དམ་རྟོགས། །སྤང་ཐོབ་མེད་པའི་སྐུ་ལ་བལྟ། །གསལ་འགྲིབ་མེད་པའི་སྣང་བ་མཐོང་། །ཡེ་ཤེས་བདེ་བར་ལུས་ལ་གནས་པའོ། །ཨེ་མ་ཧོ་སྐྱེ་མེད་རང་བཞིན་གསལ། །འཛིན་པའི་ཡེ་ཤེས་རང་བཞིན་གསལ། །གཉིས་འཛིན་ཐོགས་མེད་གཅིག་ཏུ་སྡུད། །ཡངས་སྤང་བསམ་པས་བདེ་བརྡལ་གཉིས་སུ་འཛུད། །རིག་པའི་ཡེ་ཤེས་འགྱུར་མེད་པས། །བསྟན་པའི་ཡེ་ཤེས་ཐོགས་པ་མེད། །གསལ་བའི་ཡེ་ཤེས་སྟོང་པའི་སྐུ། །འདས་པའི་ཚིག་ཏུ་མེད་སྣང་བས། །མཐའ་ཡས་གཅིག་ཏུ་ཐམས་ཅད་འདུས། །རང་རྫོགས་རང་གནས་ལྷུན་གྱིས་གྲུབ། །བདེ་འབྱམས་ཆོས་ཉིད་སྙིང་པོར་གནས། །སངས་རྒྱས་རིག་པ་ཅོག་བཞག་ཉིད། །འཛིན་

པ་སངས་པའི་ནམ་མཁའ་ལ། །ལྟ་དང་བྲལ་བའི་ལྟ་བ་ལྟོས། །རྟོགས་བྱ་ཡེ་ནས་ཐལ་འབྱམས་ལ་མཐའ་བྲལ་ལ། །འཛིན་མེད་ཤེས་རབ་གོ་རར་ཆུབ། །གནས་པ་མེད་པའི་ལྷུན་འབྱམས་ཉིད། །སྟོང་པ་ཆེན་པོའི་རྒྱ་ཡིས་ཐོབ། །གསང་སྔགས་ཐབས་ཉིད་རྟོག་མེད་པས། །ལས་རབ་རྫོགས་པའི་ཐབས་སུ་བཤད། །སངས་རྒྱས་རྣམས་ཀྱི་ཕྱག་རྒྱའི་དབང་། །གསང་སྔགས་ལས་ཀྱི་སྐུ་ལྟར་འཕྲོ། །དོན་དམ་ཡེ་ཤེས་དཀྱིལ་འཁོར་ལྡན། །ཡང་དག་ལྷུན་རྫོགས་བདེ་བ་ཆེན་པོའི་སྐུ། །སེམས་དང་ཡིད་ཀྱིས་སྣང་བའི་ཕྱོགས་ཆ་སྒྲིབས། །སྣང་བའི་ཡེ་ཤེས་སྟོབས་སུ་མ་གྱུར་ན། །ལྷུན་རྫོགས་གསང་སྔགས་ཐབས་མཁས་པས། །ཐུགས་རྗེས་སེམས་ཅན་ཐམས་ཅད་ལ། །བལྟ་བའི་དོན་ལས་མི་འདའ་ཞིང་། །རང་རིག་ཉམས་སུ་བླང་བའི་ཕྱིར། །བསམ་འདས་དངོས་པོའི་ཡུལ་དུ་མེད། །གསང་བའི་ཤེས་རབ་ཐུག་མེད་པས། །རིག་པའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཡེ་ཤེས་ཐབས་ལ་མཁས་པ་ཡིས། །དབྱིངས་དང་རིག་པ་ལྡན་བྱས་ན། །རང་རིག་ས་ལ་བདེ་བར་གནས། །གསང་བའི་ཡེ་ཤེས་ལྷུན་རྫོགས་པས། །བྱ་བའི་ཡུལ་དུ་མི་གནས་པས། །མཚན་མ་གཡེངས་པའི་དུས་མེད་པས། །རང་རིག་དཀྱིལ་འཁོར་རྣམ་ལྔ་རྫོགས། །གསང་བའི་ཡེ་ཤེས་ཁོང་གསལ་བས། །བརྗོད་པའི་ཚིག་ལས་འདས་པའོ། །ཡེ་ཤེས་སྐུ་ལ་རབ་གནས་པས། །དུས་དང་མཐའ་ལ་མི་གནས་པའོ། །གཅིག་ཏུ་མེད་པས་དོན་དམ་ཉིད། །ཕྱོགས་སུ་མེད་པས་ལྟ་དང་བྲལ། །བཅོས་སུ་མེད་པས་སྒོམ་དང་བྲལ། །ཡིན་མིན་མེད་པས་སྤྱོད་དང་བྲལ། །རིགས་ཀྱི་ཁ་དོག་ལྔར་སྣང་བས། །ཡེ་ཤེས་ལྔ་ཡི་རང་རྩལ་རྫོགས། །འབྱུང་བ་ལྔ་ཡི་རྩལ་སྣང་བ། །རང་བྱུང་ཡེ་ཤེས་ངོ་བོར་རྫོགས། །ཤེས་རབ་ལྔ་ཡི་དོན་རྟོགས་པས། །ལུ་གུ་རྒྱུད་ཀྱི་ངང་དུ་རྫོགས། །རྩལ་གྱི་ཡེ་ཤེས་རང་སྣང་བས། །དམིགས་པའི་ཡུལ་མེད་རྣམ་པར་དག །མེད་པ་རྩལ་སྣང་རིག་པའི་སྐུ། །འཛིན་མེད་ངོ་བོར་རྣམ་པར་དག །གསལ་བ་ཟང་

ཐལ་ངོ་བོར་རྫོགས། །ཨེ་མ་གསང་བའི་གླུ་བླངས་པས། །ཡེ་ཤེས་ཅན་ལ་རབ་ཏུ་སྣང་། །ལས་རབ་རྫོགས་པའི་ཆོས་སྐུ་ནི། །བྱ་བ་ཐམས་ཅད་ཟིན་པའོ། །སྣང་བའི་ཡུལ་དུ་མེད་པ་སྟེ། །བརྗོད་པའི་ཚིག་ལས་འདས་པའོ། །མཐའ་བྲལ་དོན་དམ་ལྷུན་གྲུབ་དག །གསང་སྔགས་ཕྱག་རྒྱ་ཆེན་པོའོ། །ཐབས་ལྡན་ལས་ཀྱི་ཕྱག་རྒྱ་ཡིས། །གསང་བའི་ཡུལ་དང་ལྷུན་སྦྱོར་བས། །ཡེ་ཤེས་རྩལ་ལ་འགག་པ་མེད། །མཐའ་ཡས་དཀྱིལ་འཁོར་ཐམས་ཅད་འབྱུང་། །དོན་འབྱུང་བསམ་ཡས་ལྷུན་གྱིས་གྲུབ། །ཡེ་ནས་སྒྲིབ་མེད་ཀ་དག་ཀློང་། །འཁྲུལ་མེད་རྒྱུད་དང་རང་རྟགས་བསྟན། །སངས་རྒྱས་ལམ་དང་ཡེ་ཤེས་བསྟན། །རིག་པའི་གནས་དང་ལོངས་སྤྱོད་བསྟན། །རང་རིག་ཐབས་དང་ལམ་ཉིད་བསྟན། །ཡེ་ཤེས་སྐུ་དང་སྣང་བ་བསྟན། །འབྱུང་བའི་རྐྱེན་དང་ཡུལ་རྐྱེན་བསྟན། །སངས་རྒྱས་ས་དང་སེམས་ཅན་བསྟན། །སྣང་བའི་ཡུལ་དང་རང་བཞིན་བསྟན། །ཐིག་ལེ་སྐུ་དང་རང་རྟགས་བསྟན། །དགོངས་པའི་དོན་དང་རྗེས་མཐུན་བསྟན། །བདེ་བའི་ཞིང་དང་ཡངས་པ་བསྟན། །ཡང་དག་སྐུ་དང་ཆོས་སྐུ་བསྟན། །སྣང་བ་ཉིད་དང་རང་ལུས་བསྟན། །ཀུན་བཟང་སེམས་དང་ཡེ་ཤེས་བསྟན། །དཀྱིལ་འཁོར་ལྔ་དང་གཟུགས་སྐུ་བསྟན། །བསྒྲུབ་པའི་དུས་དང་རིག་པ་བསྟན། །མཁའ་ཁྱབ་ཡངས་པ་སྐུ་དང་མཉམ། །རྟོག་མེད་གསལ་བས་ཡང་དག་རྙེད། །སངས་རྒྱས་ཀུན་གྱི་བསྟན་པ་ནི། །རབ་ཏུ་གསང་བ་འདི་ཉིད་དོ། །སེམས་ཅན་བློ་ཡི་ཐེག་པ་རྣམས། །འདི་བསྟན་པ་ཡིས་མིག་ཏུ་འགྱུར། །མ་གྲོལ་བ་རྣམས་གྲོལ་བར་བཤད། །མ་སྨིན་པ་རྣམས་སྨིན་པར་བཤད། །ཐེག་ཆེན་གསང་བའི་དོན་འདི་ཡིས། །ཐམས་ཅད་བླ་མེད་དབྱིངས་སུ་སྒྲོལ། །ཡེ་ཤེས་ཐབས་ཀྱིས་དོན་ཆེན་རྟོགས། །ཐབས་མཁས་པ་ཡི་སྐྱེས་བུ་ཡིས། །དོན་དམ་དཀྱིལ་འཁོར་རང་ལ་རྫོགས། །ཡེ་ཤེས་དཀྱིལ་འཁོར་བསམ་ཡས་འགྲུབ། །སེམས་ཀྱི་སྣང་བ་བསམ་མི་ཁྱབ། །ཡེ་ཤེས་སྣང་བ་གཅིག་ལས་མེད། །དོན་གྱི་
ཡེ་ཤེས་རྟོགས་དཀའ་བ། །བསམ་པའི་ཆོས་ཉིད་ཚུལ་མཐུན་པས། །དོན་དམ་ཡེ་ཤེས་ཐབས་ཉིད་རྟོགས། །ཨེ་མ་ངོ་མཚར་ཆེ་བའི་རྒྱུད། །འདི་ཡིས་ཐམས་ཅད་གྲོལ་བར་འགྱུར། །ཡེ་ཤེས་རབ་ཏུ་རྟོགས་པའོ། །ཞེས་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། དགོངས་པའི་མདོ་བསྡུས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ལྟར་སྟོན་པ་ཀུན་ཏུ་བཟང་པོས་འོག་མིན་གྱི་གནས་སུ་འཁོར་རྣམས་ལ་རིག་པའི་ཐབས་བསྟན་པ། གསང་སྔགས་ཀུན་གྱི་བལྟ་བའི་དོན། མ་ནོར་བར་སྟོན་པའི་རྒྱུད། ཡེ་ཤེས་ལག་འཕྲོད་དུ་བསྟན་པ། རིག་པ་རང་ལུགས་སུ་བསྟན་པ། དབང་བཞི་ཡོངས་རྫོགས་སུ་བསྟན་པའི་རྒྱུད་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ཅེས་བྱ་བ། ཐམས་ཅད་ཀྱི་དགོངས་པ་བསྟན་པ་རྫོགས་སོ། །སེང་གེ་རྩལ་རྫོགས་ཉིད་ལ་མ་བུ་བཅུ།། །།

ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ཅེས་བྱ་བ།

ཧ་ཤཾ་འབར་བའི་སྐད་དུ། དུར་ན་ཨ་ལོ་གེ་བ་ཡན་དྷ་སིང་ཨེ་མ་ཧ། རྒྱ་ནག་པོའི་སྐད་དུ། ཨེ་ཧ་དྷ་སྭ་ར་དུ་པ་ཨཱ། ཨུ་རྒྱན་གྱི་སྐད་དུ། མ་ཧཱ་སིན་དྷ་གུ་དུབ། སཾ་སྐྲི་ཏའི་སྐད་དུ། མ་ཧཱ་རད་ན་དྷ་སིང་ཨེ་ཀ་ཡ་དྷུ། བྱཱ་ཀ་ར་ཎའི་སྐད་དུ། ཨེ་དུར་སརྦ་གྷུ་ལ་ཧ། ཁ་ཆེའི་སྐད་དུ། ས་ཧཱུར་དུ་ནཱ་ཧཱུཾ་ཀ་ཨཱ། མ་ཧ་སི་གཾ་ལའི་སྐད་དུ། ཨོས་རད་ན་དྷུ་པ་ཡ་ཧ་ཧཱུར། རྒྱ་གར་སྐད་དུ། མ་ཎི་ཙི་ཏྲི་ཏ་བྱཱུ་ཧ་སྭ་ཡ་མརྠ་སརྦ་བྲ་ཀ་ཊ་ཏནྟྲ་ནཱ་མ། བོད་སྐད་དུ། ནོར་བུ་ཕྲ་བཀོད་རང་གི་དོན་ཐམས་ཅད་གསལ་བར་བྱེད་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་ཀུན་འདུས་རིག་པའི་ཀློང་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། རང་གི་རིག་པའི་དེ་བཞིན་ཉིད་གང་ཡིན་པའི་ཀློང་།ཡེ་ཤེས་རབ་ཏུ་གསལ་བས་བརྒྱན་པའི་ཕོ་བྲང་ན། རང་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་གནས་ཏེ། དེའི་དོན་ངས་བསྟན་གྱིས། ཀྱེ་ཐུབ་པ་ཆེན་པོའི་འཁོར་མཁའ་འགྲོ་མ་དང་བཅས་པ་ཉོན་ཅིག །རང་བྱུང་ཐབས་ཀྱི་རྒྱུད་ཆེན་པོ་འདི་ཡིས། སེམས་ཅན་གྱི་མུན་པ་ཐམས་ཅད་སྣང་བར་འགྱུར་གྱིས། རིགས་ཀྱི་བུ་རྣམས་ཀྱིས་ཡིད་མ་ཡེངས་པའི་ཚུལ་གྱིས་ཞུས་ཤིག །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་

འདས་ཙིཏྟ་རིན་པོ་ཆེའི་འོད་གསལ་བའི་གཞལ་ཡས་ན། རིག་པ་རང་བྱུང་གི་སྐུ་དང་། ཆོས་ཉིད་ཐིག་ལེའི་དགོངས་པ་ལ་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་འདུས་པའི་འཁོར་ཚོགས་ཤིན་ཏུ་མང་བར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་དཔལ་སྟོབས་ལྡན་ཉིད་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རིག་པའི་སྟོབས་ཐུན་མོང་མ་ཡིན་པ་དང་ལྡན་པ། བདག་ཅག་རྣམས་ལ་རྒྱུད་ཆེན་པོ་འདི་བཀའ་བསྒོ་བར་མཛད་དུ་གསོལ། ལུང་བསྟན་དུ་གསོལ། །རྟོག་པར་མཛད་དུ་གསོལ། །ཐབས་མཛད་དུ་གསོལ། །བསྟན་པ་ལ་གཟུང་དུ་གསོལ། །སྣང་བ་བསྟན་དུ་གསོལ། །ཞེས་རང་སྣང་གི་དོན་མ་ནོར་བར་ཞུས་སོ། །དེ་ནས་བཅོམ་ལྡན་འདས་འདུས་པ་ཆེན་པོའི་ས་མ་ཏི་ལ་གནས་ནས། འཁོར་ཆེན་པོ་རྣམས་ལ་བཀའ་སྩལ་པ། ཨེ་མ་ཧོ། ཁྱེད་ཀྱིས་ཞུས་པ་དེ་ལེགས་སོ། །ངས་དོན་གྱི་དགོངས་པ་ཐུགས་ཙིཏྟའི་དཀྱིལ་འཁོར་སྒོ་ཕྱེ་ནས། གསང་སྔགས་ཀྱི་དགོངས་པ་ཉིད། མ་ནོར་བར་བསྟན་གྱིས་ལེགས་པར་ཉོན་ཅིག །གསང་བའི་དཀྱིལ་འཁོར་ཆེན་པོ་ནས། ཤེས་རབ་རང་བྱུང་གི་ལྷ་མོ་ལྔ་སྐྱེ་འགག་མེད་པར་གསལ་བ་ཡིན་པས་ན། ཐུགས་རྗེ་ལྔ་དཔྲི་བཀོལ་མེད་པར་གནས་པ་སྟེ། ཡེ་ཤེས་ཀུན་ཁྱབ་ཀྱི་སྣང་བ་ཡུལ་ཀུན་ལ་ཤར་ནས། སྟོང་པ་ཆེན་པོ་རང་བྱུང་གི་ཀློང་དུ་ཐིམ་པའི་ཚེ། ཡེ་ཤེས་ཀྱི་ལྷ་མོ་དབྱིངས་གསལ་བར་བྱེད་པའི་སྒྲོན་མ་ལ་བརྟག་པར་བྱའོ། །མཁས་པས་ཡེ་ཤེས་རང་སྣང་གི་སྟོབས་ལ་ཐུགས་རྗེའི་སྒྲོན་མ་གསལ་བར་མཐོང་ནས། དོན་ལ་འཇུག་གོ། །ཐབས་ཀྱིས་རང་རང་གི་དོན་མཐོང་བར་འགྱུར་ཏེ། ཀུན་ཏུ་མཐའ་ཡས་སོ། །དེ་ནས་འདུས་པའི་འཁོར་ཚོགས་དེ་རྣམས་ཀྱི་ནང་ནས། ཡེ་ཤེས་ཀྱི་ལྷ་མོ་རྒྱན་རབ་ཏུ་འབར་མ་ཞེས་བྱ་བས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྣམ་གྲོལ་བ་དག །ཆོས་ཉིད་རྟོགས་པར་འདོད་པ་ཡི། །སེམས་ཅན་ཐུགས་རྗེས་ཡང་དག་ཟུང་། །མ་རིག་མུན་ཁང་གཞོམ་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཐུགས་ཀྱི་དབྱིངས་ནས་བཀའ་སྩལ་པ། །སྟོབས་ལྡན་ཡེ་ཤེས་ལྷ་མོ་ཉོན། །ངས་བསྟན་ལེགས་པར་ཡིད་

ལ་ཟུང་། །ཁམས་གསུམ་འཁོར་བའི་སེམས་ཅན་ཉིད། །དང་པོ་འཁྲུལ་པའི་དུས་ཉིད་ནས། །ད་ལྟའི་སྣང་བ་སྐྱེས་ཚུལ་གཉིས། །ལམ་ལ་ཅིག་ཆར་འཇུག་པ་དང་། །ལམ་ལ་མཐོང་ཚུལ་སྐྱེ་བའོ། །སྟོང་པའི་ཡེ་ཤེས་ཆེན་པོ་ནི། །ཅིར་ཡང་མེད་པས་ཅིར་ཡང་འཁྲུལ། །ཐ་མ་ཅིས་ཀྱང་ལྡོག་པར་འགྱུར། །ཅི་ཡང་མེད་པའི་དངོས་པོ་ནི། །གང་གི་ཕྱོགས་སུ་མ་ལྷུང་བའོ། །ཅིར་ཡང་འཁྲུལ་པའི་དངོས་པོ་ནི། །མཐུན་སྣང་ཙམ་དུ་སྣང་བར་ཟད། །འོན་ཀྱང་དེ་ཡི་དོན་མི་སྐྱེ། །ཆོས་དབྱིངས་རྒྱན་ལྟར་སྣང་བའོ། །ཞེས་གསུངས་སོ། །དེ་ནས་ཡང་འདུས་པའི་འཁོར་དེ་རྣམས་ཀྱི་ནང་ནས། ཡེ་ཤེས་ཀྱི་ལྷ་མོ་སྣ་ཚོགས་འབྱུང་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་རིག་པའི་སྐུ་དང་ལྡན་པ། སྣང་བའི་དུས་ཇི་ལྟ་བུ་ལགས། གསུང་དུ་གསོལ། དེ་ནས་ཡང་བཅོམ་ལྡན་འདས་རང་བྱུང་གི་རྒྱལ་པོ་དེས། འདི་སྐད་ཅེས་གསུངས་སོ། །ཀྱེ་འདུས་པའི་ལྷ་མོ་ཁྱོད་ཉོན་ཅིག །རྟོགས་བྱེད་ཀྱི་ཤེས་རབ་ཡུལ་ལ་འཇུག་པའི་དུས་སུ། སྣང་བ་རང་སྣང་སྟེ། ཤེས་པ་ཁ་ཡན་དུ་གཏང་བར་བྱའོ། །སྣང་བའི་ཡེ་ཤེས་ཀུན་ཏུ་མཐའ་ཡས་ཏེ། དོན་སྐྱེ་མེད་རིག་པའི་སྙིང་པོ་ཅན་དུ་གནས་སོ། །ཡེ་ཤེས་འགག་མེད་ཀྱི་ཀློང་ནས་རང་བྱུང་རྟགས་ཀྱི་དཀྱིལ་འཁོར་ལྔ་གསལ་བ་ནི། དོན་དམ་པའི་ཆོས་ཉིད་ངང་དུ་ཀུན་ཏུ་བཟང་པོའི་ཀློང་དུ་ཕྱི་ནང་གི་ཆོས་ཐམས་ཅད་གསལ་བའོ། །དེ་ནས་འདུས་པའི་འཁོར་རྣམས་ཀྱི་ནང་ནས། ཡེ་ཤེས་ཀྱི་ལྷ་མོ་འོད་ཟེར་ཀུན་ནས་འབྱུང་བས་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྫུ་འཕྲུལ་ནི་ཇི་ལྟ་བུ། སྣང་བ་ནི་ཇི་ལྟ་བུ། སྟོབས་ནི་ཅི་ལྟ་བུ།རྩལ་ནི་ཇི་ལྟ་བུ། ཡོན་ཏན་ནི་ཇི་ལྟ་བུ། ངོ་བོ་ནི་ཇི་ལྟ་བུ། བཞུགས་ཚུལ་ནི་ཇི་ལྟ་བུ། གསུང་དུ་གསོལ། བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ནི། ཚད་མེད་དོ། །དཔག་ཏུ་མེད་དོ། །གཟུང་དུ་མེད་དོ། །གཞལ་

དུ་མེད་དོ། །སངས་རྒྱས་ཀྱི་སྣང་བ་ནི་ཆེ་ཆུང་གི་མཐའ་ལས་འདས་ཏེ་ནམ་མཁའ་ལྟ་བུའོ། །སངས་རྒྱས་ཀྱི་སྟོབས་ནི་ཡིན་མིན་གྱི་མཐའ་ལས་འདས་ཏེ་གླང་པོ་ཆེ་ལྟ་བུའོ། །སངས་རྒྱས་ཀྱི་རྩལ་ནི་སྤང་ཐོབ་ཀྱི་མཐའ་ལས་འདས་ཏེ། སེང་གེ་ལྟ་བུའོ། །སངས་རྒྱས་ཀྱི་ཡོན་ཏན་ནི། གང་སྟོངས་ཀྱི་མཐའ་ལས་འདས་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སངས་རྒྱས་ཀྱི་ངོ་བོ་ནི། བདག་རྟོག་གི་མཐའ་ལས་འདས་ཏེ། ཀུན་ཁྱབ་ཀྱི་ཡེ་ཤེས་ཉིད་དོ། །སངས་རྒྱས་ཀྱི་བཞུགས་ཚུལ་ནི་དབང་པོ་དང་ཡུལ་ལས་འདས་ཏེ། རང་སྣང་ཉིད་དོ། །དེ་ནི་རང་བྱུང་གི་དགོངས་པ་ཉིད་ཀྱི་ཚིག་གོ། །དེ་ནས་ཡང་འདུས་པའི་ཚོགས་དེ་རྣམས་ཀྱི་ནང་ནས། ཡེ་ཤེས་ཀྱི་ལྷ་མོ་འོད་ཟེར་སྟོན་མ་ཞེས་བྱ་བ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་རིག་པའི་སྣང་བས་བརྒྱན་པ། རང་གི་ཡེ་ཤེས་ཀྱི་གནས་ལུགས་ཇི་ལྟ་བུ་ལགས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་མ་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཉོན་ཅིག །ངས་ཐབས་ཀྱི་དཀྱིལ་འཁོར་ཉིད་མ་ནོར་བར་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཞིག །རང་གི་རིག་པའི་ཡེ་ཤེས་ཉིད་ལ་གཟུང་འཛིན་གྱི་རྣམ་པར་རྟོག་པ་མེད་ཀྱང་། སྣང་ཚུལ་ལ་རྣམ་པར་རྟོག་པའི་འདུ་འཕྲོ་མཚན་མ་དང་བཅས་པ་བྱུང་སྟེ། སེམས་ཅན་གྱི་བློའི་དྲི་མར་གྱུར་ནས། ལུང་དུ་མ་བསྟན་པར་ཉིད་ལས་ཕྱིར་སྣང་མ་ནུས་ཏེ། སྣང་བ་དང་རྐྱེན་དང་བཅས་པའི་ཕྱིར་རོ། །ངའི་ཐུགས་ལ་གཡོས་པ་མེད་ཀྱང་། སྐུའི་མཚན་ཉིད་ཅིར་ཡང་སྣང་བ་ངོ་མ་ཤེས་ནས་སེམས་ཀྱི་ཡུལ་ལ་འཛིན་པའོ། །རང་བྱུང་གི་ཡེ་ཤེས་དམིགས་པ་མ་དག་པས་ཡུལ་གྱི་ཤེས་པ་རང་སྣང་བའོ། །རྡོ་རྗེ་ཡེ་ཤེས་འགྱུར་བ་མེད་པར་ཀུན་ཏུ་སྣང་བས། གཟིགས་སྣང་གི་མཐའ་ཐམས་ཅད་ལས་འདས་པའོ། །རང་བྱུང་གི་ཡེ་ཤེས་ཐབས་འགག་པ་མེད་པར་རང་སྣང་བས། བདག་ཏུ་རྟོག་པའི་བློ་དང་བྲལ་ནས། ཡེ་ཤེས་ཀྱི་ཡུལ་སྣང་བར་འགྱུར་རོ། །ཤེས་རབ་རང་བྱུང་གི་ཡེ་ཤེས་གཟུང་འཛིན་གྱི་མཐའ་ལས་འདས་

ནས་བསམ་བྲལ་དངོས་དག་གོ། །དེ་ཡང་ཡེ་ཤེས་ཀྱི་རྩལ་མ་འགགས་པས་རིགས་དྲུག་ལྟར་སྣང་བའོ། །དེ་ནས་ཡང་ཡེ་ཤེས་ཀྱི་ལྷ་མོ་སྣང་བའི་སྒྲོན་མས་འདི་སྐད་གསོལ་ཏོ། །ཀྱེ་ཐུགས་རྗེ་རང་བྱུང་གི་སྐུ་དང་ལྡན་པ། ཁྱད་པར་གྱི་ཚིག་གང་ལགས་གསུང་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་ཐུགས་རྗེ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཨེ་མ་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཉོན་ཅིག །ང་རང་བྱུང་གི་སངས་རྒྱས་ལ་རྣམ་རྟོག་གི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་འབྱུང་བའི་རྐྱེན་དང་བྲལ་བའི་ཕྱིར་རོ། །ང་རང་སྣང་གི་ཤེས་རབ་ལ་ཐེ་ཚོམ་གྱི་མཐའ་མེད་དོ། །དེའི་ཕྱིར་ཞེ་ན། རང་སྣང་གི་སྤྱོད་པ་མ་འགགས་པའི་ཕྱིར་རོ། །ང་ཤེས་རིག་གི་རྒྱལ་པོ་ལ་ཕྱོགས་ལྷུང་གི་མཐའ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རིག་པ་ཉིད་རྐྱེན་དང་བྲལ་བའི་ཕྱིར་རོ། །ང་རང་རིག་གི་ལྷ་མོ་རྒྱན་མ་བཀོད་པར་གསལ་བ་ལ། གསལ་འགྲིབ་ཀྱི་ཕྱོགས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཡེ་ཤེས་ཀྱི་སྣང་བ་ཉིད་ཡེ་ནས་གསལ་བའི་ཕྱིར་རོ། །དེའི་ཕྱིར་རིགས་ཀྱི་བུ་མོ་རང་གི་སྣང་བ་རྣམ་པར་དག་པ་དང་འགྲོགས་པར་བྱའོ། །དེ་ནས་ཡང་འདུས་པའི་ཚོགས་ཀྱི་ནང་ནས། ཡེ་ཤེས་ཀྱི་ལྷ་མོ་དབྱིངས་རིག་གསལ་བའི་སྒྲོན་མས་འདི་སྐད་ཅེས་ཞུས་སོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེའི་དཀྱིལ་འཁོར་དང་ལྡན་པ། ཐུན་མོང་ཡུལ་གྱི་ཆོས་གང་ལགས། །ཞེས་ཞུས་སོ། །དེ་ནས་ཡང་སྟོན་པ་ཡེ་ཤེས་ཀྱི་སྐུས་བཀའ་སྩལ་པ། ཀྱེ་མ་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཉོན་ཅིག །ངས་ཐུན་མོང་གི་སྣང་བའི་ཆོས་ཉིད་བསྟན་གྱིས་ལེགས་པར་ཉོན་ཅིག །ཐུན་མོང་དུ་སྣང་བའི་ཆོས་ཉིད་འདི་ལྟ་སྟེ། ཕྱི་འབྱུང་བ་ལྔ་ཉིད་ཐུན་མོང་རང་རྒྱུད་ཀྱི་ཆོས་ཡིན་ཏེ། ཕྱིར་སྣང་བའི་འབྱུང་བ་ཐམས་ཅད་རང་གི་རིག་པ་ཉིད་དང་སྦྱོར་བས་ན། ཐུན་མོང་གི་ཆོས་ཡིན་ཏེ། དེ་ལ་དབྱེ་བ་འདི་ལྟ་སྟེ། སའི་མཚན་ཉིད་སྲ་བར་བྱེད་པ་ཉིད་ཀྱང་རིག་པའི་ཡེ་ཤེས་སྐྱེ་འཇིག་དང་བྲལ་བར་སྦྱར་རོ། །རླུང་གི་མཚན་ཉིད་འདེགས་པར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་ཐོགས་པ་མེད་པ་དང་སྦྱར་རོ། །མེའི་མཚན་

ཉིད་བསྲེག་པར་བྱེད་པ་ཉིད་ཀྱང་། རིག་པའི་ཡེ་ཤེས་ཉོན་མོངས་པའི་དབང་དུ་མ་སོང་བ་དང་སྦྱར་རོ། །ཆུའི་མཚན་ཉིད་བརླན་པར་བྱེད་པ་ཉིད་ཀྱང་རིག་པའི་ཡེ་ཤེས་ཡུལ་ཀུན་ལ་འཇུག་པ་དང་སྦྱར་རོ། །ནམ་མཁའི་མཚན་ཉིད་ཡངས་པ་ཉིད་ཀྱང་རིག་པའི་དབྱིངས་རྒྱ་མ་ཆད་པ་དང་སྦྱར་བར་བྱའོ། །དེ་ནས་འདུས་པའི་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་དང་ཐབས་སུ་ལྡན་པ། བདག་ཅག་རྣམས་ལ་ཐབས་ཀྱི་དཀྱིལ་འཁོར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་རིགས་ཀྱི་བུ་རྣམས་མ་ཡེངས་པར་ཉོན་ཅིག །གསང་སྔགས་ཐབས་ཀྱི་ཡེ་ཤེས་ངས་བཤད་ཀྱིས་མ་ཡེངས་པར་ཉོན་ཅིག །ཡེ་ཤེས་ཀྱི་ངོ་བོ་རྟོག་མེད་དུ་ཡོད་ཀྱང་རྩལ་རྣམ་པ་སྣ་ཚོགས་སུ་སྣང་བས། སེམས་ཅན་གྱི་བློ་ལ་དྲི་མ་དང་བཅས་ཏེ། རང་སྣང་གསལ་དུ་མ་སྟེར་བས་ཐམས་ཅད་བསྒྲིབས་ནས་སྣང་བའི་རྗེས་སུ་སོང་བའོ། །དེ་ཡང་ཤེས་རབ་ཀྱི་དོན་ཆོད་ན་བསྒྲིབ་ཕྱོགས་ཀྱིས་མ་བསྒྲིབས་པར་བསྟན་པའོ། །རང་སྣང་ཤེས་རབ་ཀྱི་སྐུ་ངོ་ཤེས་ན། ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་ཏེ། ཉོན་མོངས་པ་ཡེ་ཤེས་ཀྱི་སྣང་བར་སློང་བའོ། །དེ་ནས་འདུས་པའི་ཚོགས་དེ་རྣམས་ཤིན་ཏུ་ངོ་མཚར་བར་གྱུར་ནས་འདི་སྐད་ཅེས་བགྲོས་སོ། །འདི་སྐད་བདག་གིས་ཐོས་ནས་གོ་ཞིང་ཤེས་ནས། རྟོགས་པའི་དུས་གཅིག་ན། རང་རིག་པ་ཐམས་ཅད་ཀྱི་དེ་བཞིན་ཉིད།བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སྙོམས་པར་ཞུགས་སོ། །དེ་ནས་ཡང་ཆ་ཡིས་མ་བགོས་པའི་ཕོ་བྲང་ཆེན་པོ་ཐུགས་ཙིཏྟའི་དཀྱིལ་འཁོར་ཆེན་པོར་གནས་ཏེ། གསུང་གི་སྤྲུལ་པ་གྲངས་མེད་པས་འགྲོ་བའི་དོན་བྱེད་དོ། །ཐུགས་ཀྱི་དགོངས་པ་ནི་གཅིག་ལས་མ་གཡོས་པ་ཉིད་དོ། །སྐུའི་ཆོ་འཕྲུལ་ནི་ཅིར་ཡང་སྟོན་པ་ཉིད་དོ། །རང་བྱུང་གི་ཐབས་གཅིག་གི་ངོ་བོ་གང་ལ་ཐམས་ཅད་དུ་སྣང་བ་ཉིད་དོ། །ཆོ་འཕྲུལ་གྱི་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཉིད་དོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུན་

ཏུ་སྟོན་པ་ཉིད་དོ། །མཛེས་པའི་འོད་ཟེར་ཕྱོགས་བཅུར་འཕྲོ་བ་ཉིད་དོ། །སྣང་བའི་འདུ་འཕྲོ་ཅིར་ཡང་སྣང་བ་ཉིད་དོ། །ཡེ་ཤེས་ཀྱི་ཐབས་གང་ལ་ཡང་མ་འགགས་པ་ཉིད་དོ། །ཐུགས་ཀྱི་ཀློང་ནས་དགོངས་པའི་འོད་ཟེར་རང་ཤར་བ་ཉིད་དོ། །སངས་རྒྱས་ཀྱི་ཞིང་ཁམས་སྐུ་མངོན་པར་སྣང་བ་ཉིད་དོ། །གསང་བའི་སྒྲོན་མ་ཕྱོགས་གང་ལ་མི་གནས་པ་ཉིད་དོ། །ཤེས་རབ་ཀྱི་ངོ་བོ་ཕྱོགས་གར་ཡང་ཐོགས་པ་མེད་པ་ཉིད་དོ། །སྐུ་གསུམ་གྱི་སྣང་བ་མཐའ་རྣམ་པར་དག་པ་ཉིད་དོ། །ཆོས་ཉིད་ཀྱི་དབྱིངས་རྒྱ་གར་ཡང་མ་ཆད་པ་ཉིད་དོ། །ཆོས་སྐུའི་སྣང་བ་ཕྱོགས་གང་དུ་ཡང་མ་ལྷུངས་པ་ཉིད་དོ། །ཡེ་ཤེས་ཀྱི་སྒོ་བཞི་སྐྱེ་འགག་མེད་པར་གསལ་བ་ཉིད་དོ། །ཐིག་ལེ་འདུ་འཕྲོ་འབྱུང་འཇུག་མེད་པར་རྟོགས་པ་ཉིད་དོ། །ཞི་བའི་སྐུ་ལ་འཕེལ་འགྲིབ་མེད་པར་ཀུན་ཏུ་སྣང་བ་ཉིད་དོ། །གསང་སྔགས་ཀྱི་ལམ་ལ་ཐབས་མ་འགགས་པར་སྣང་བ་ཉིད་དོ། །ཁྲོ་བོའི་སྐུ་ལ་རྒྱན་མེད་པར་སྒེག་པ་ཉིད་དོ། །ཡེ་ནས་གནས་པའི་ཐུགས་རྗེ་ལ་འགག་པ་མེད་པ་ཉིད་དོ། །བལྟ་བར་རང་བྱུང་གི་ཡེ་ཤེས་ལ་རྩིས་དང་བྲལ་བ་ཉིད་དོ། །ཆོས་ཅན་ཡུལ་གྱི་སྣང་བ་ཀུན་ཏུ་མཐའ་ཡས་པ་ཉིད་དོ། །སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་རྒྱུན་དུ་བསྐོར་བ་ཉིད་དོ། །སྤྱོད་པ་རྨད་བྱུང་གི་ཡེ་ཤེས་ཀུན་དང་མཐུན་པ་ཉིད་དོ། །སྒོམ་པ་རང་གསལ་གྱི་ཡེ་ཤེས་མ་གཡོས་པ་ཉིད་དོ། །ཆོས་ཉིད་མཐའ་བྲལ་གྱི་དགོངས་པ་ཀུན་ཏུ་སྣང་བ་ཉིད་དོ། །ཡེངས་མེད་རྒྱུན་གྱི་དམ་ཚིག་སྡོམ་པ་ཉིད་དོ། །བྱ་བྲལ་གཅིག་རྫོགས་ཀྱི་ཕྲིན་ལས་ཟིན་པ་ཉིད་དོ། །མི་འདོད་རང་བྱུང་གི་ཡོན་ཏན་རྒྱས་པ་ཉིད་དོ། །གྲག་སྟོང་ཆོས་སྐུའི་སྒྲ་དབྱངས་ལ་ཐུག་པ་མེད་པ་ཉིད་དོ། །ཆོས་སྐུའི་མཚན་ཉིད་ནི་གར་ཡང་ཐོགས་པ་མེད་པ་ཉིད་དོ། །ཡེ་ཤེས་དཀྱིལ་འཁོར་ལ་འཕེལ་འགྲིབ་མེད་པ་ཉིད་དོ། །ང་རང་བྱུང་ཐབས་ཀྱི་ཡེ་ཤེས་ལ་ཐ་དད་མེད་པ་ཉིད་དོ། །སྐུ་ཡི་དཀྱིལ་འཁོར་ཀུན་ནས་འབྱུང་བ་ཉིད་དོ། །གཉིས་སུ་སྣང་བ་མེད་པའི་ཡེ་ཤེས་དྲི་མ་མེད་པ་ཉིད་དོ། །ཐུགས་རྗེ་རང་བྱུང་གི་སྣང་བ་ཀུན་ཏུ་ཡངས་པ་ཉིད་དོ། །ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་འོད་གསལ་བ་

ཉིད་དོ། །མཐའ་གར་ཡར་མི་འབྱེད་པ་ཉིད་དོ། །མཐའ་མ་འགགས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས་པ་ཉིད་དོ། །ཤེས་རབ་རང་བྱུང་གི་འོད་ཟེར་ཕྱོགས་རིས་མེད་པ་ཉིད་དོ། །གསང་སྔགས་ཐབས་ཆེན་པོ་ཡོངས་སུ་རྫོགས་པ་ཉིད་དོ། །སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་མཐའ་རྣམ་པར་འབྱེད་པ་ཉིད་དོ། །ཐུགས་ཀྱི་དགོངས་པ་རྩེ་གཅིག་ལས་མ་གཡོས་པ་ཉིད་དོ། །ཐུགས་རྗེའི་སྐུ་རྣམ་པར་འབྱེད་པ་ཉིད་དོ། །སངས་རྒྱས་ཀྱི་ལམ་ལྔ་ལ་མཁས་པ་ཉིད་དོ། །སངས་རྒྱས་ཀྱི་དཀྱིལ་འཁོར་ལྔ་དང་འདུ་འབྲལ་མེད་པ་ཉིད་དོ། །ཐུགས་རྗེའི་སྤྱན་ལྔ་ཁོང་ནས་གསལ་བ་ཉིད་དོ། །སྟོང་པའི་སྤྱན་དྲུག་མཁའ་ལ་བསྐྱོད་པ་ཉིད་དོ། །ཐིག་ལེའི་འོད་ལྔ་རང་ལས་འབྱུང་བ་ཉིད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་ལྟ་བུ་དང་གཉིས་སུ་མེད་པར་ཐབས་ཅིག་ཏུ་སྙོམས་པར་བཞུགས་སོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་རིགས་ཀྱི་ལྷ་མོ་ཡིས། །བཅོམ་ལྡན་རང་རིག་དོན་ལྡན་ལ། །འདུན་པའི་ཚུལ་གྱིས་རབ་ཏུ་ཞུས། །ཀྱེ་ཀྱེ་བཅོམ་ལྡན་སྟོབས་ལྡན་པ། །རིགས་ཀྱི་ལྷ་མོའི་ཚོགས་རྣམས་ལ། །རང་གི་གཏན་ཚིགས་ཐབས་ལྡན་གསུངས། །དེ་སྐད་ཞུ་བ་ཞུས་གྱུར་ནས། །ནམ་མཁའ་དག་ལ་རབ་གནས་སོ། །དེ་ནས་རང་རིག་བཅོམ་ལྡན་འདས། །ཉེ་བའི་འཁོར་དང་བཅས་པ་ཡིས། །ལྷ་མོ་རྣམས་ལ་བཀའ་སྩལ་པ། །ཨེ་མ་སངས་རྒྱས་རྗེས་བཟུང་ཕྱིར། །ཁྱོད་ལ་ང་ཡིས་ལེགས་པར་བསྟན། །མ་ཡེངས་གུས་པའི་ཚུལ་གྱིས་ཉོན། །གཏན་ཚིགས་ཐབས་ཀྱི་ཡན་ལག་ཀྱང་། །བསམ་གྱིས་མི་ཁྱབ་གྲངས་མང་ཡང་། །གསང་སྔགས་ངེས་དོན་གཏན་ཚིགས་འདི། །འབྱུང་བར་འགྱུར་བ་མ་ཡིན་པས། །གསང་སྔགས་གཏན་ཚིགས་ཁྱེད་ཀྱིས་ཟུང་། །ཡང་དག་ངེས་པའི་ལུང་འདི་ཉོན། །མདོ་དོན་གཏན་ཚིགས་རྒྱས་བཤད་ཀྱིས། །ལེགས་པར་ངེས་པའི་དོན་ལ་ཉོན། །དྲང་བའི་ཐེག་པ་རྣམ་མང་ཡང་། །ངེས་པ་དོན་གྱི་མདོ་སྡེ་འདི། །འགའ་ཡང་འབྱུང་བར་མ་བཤད་དོ། །སངས་རྒྱས་ཡེ་ཤེས་

ལམ་འཛིན་པས། །ངེས་པའི་ལུང་འདི་བཀའ་སྩལ་པ། །སེམས་ཅན་ཐར་བའི་ལམ་ལ་ཉེ། །ཡེ་ཤེས་དཀྱིལ་འཁོར་རབ་བསྟན་པས། །མི་མཐོང་བསལ་བའི་སྒྲོན་མར་འགྱུར། །སྣང་མཛད་སེམས་ཀྱི་གཟུང་འཛིན་ལས། །ཐེ་ཚོམ་བློ་ཡི་སྤྱོད་ཡུལ་འཆར། །རྣམ་རྟོག་རབ་ཏུ་སྤང་བྱའི་ཕྱིར། །ངེས་པའི་ལུང་འདི་རབ་བཤད་པས། །ཐེག་པ་དམའ་བའི་གང་ཟག་རྣམས། །ཤིན་ཏུ་དྲེད་ཅིང་དངངས་པར་འགྱུར། །རྣམ་རྟོག་བློ་ཡི་དྲི་མ་རྣམས། །རབ་ཏུ་དག་པས་གསལ་ཕྱིར་འགྱུར། །ཡོངས་སུ་རྫོགས་པའི་ལམ་རྒྱལ་འགྲུབ། །འདི་ཉིད་འདོད་རྒྱལ་མ་ཡིན་ཏེ། །གསང་སྔགས་ཆེན་པོའི་དགོངས་པ་ཉིད། །རང་གི་དོན་ལ་ཆེ་བར་བཤད། །གཞི་རྫོགས་ལམ་གསལ་འབྲས་བུ་སྣང་བར་འགྱུར། །ཐེག་པའི་མཐོ་དམན་ཐམས་ཅད་ཀྱང་། །རང་རང་དོན་ལ་མི་མཐུན་པས། །གསང་བའི་དོན་ནི་རྟོགས་མི་འགྱུར། །དེ་ཡང་ངོ་བོ་མཚན་ཉིད་དང་། །རང་བཞིན་ཀུན་ཁྱབ་ངེས་ཚིག་གོ། །ཐུགས་རྗེ་ཀུན་འབྱུང་ཉི་ཟེར་ལ། །གསང་སྔགས་ཐབས་ཀྱི་ལམ་ཉིད་ལས། །ཐབས་ཀྱི་ཞགས་པ་ལྔ་ཤར་བས། །འཛིན་བྱེད་དབྱིངས་དང་རིག་པ་འཛིན། །ཐོགས་མེད་རྣལ་གྲོལ་རླུང་ཆེན་གྱིས། །རང་སྣང་དག་པའི་ནམ་མཁའ་ལ། །མ་བསྐྱོད་བཞིན་དུ་དེ་བཞིན་གཤེགས། །རྣམ་དག་དབྱིངས་ཀྱི་ཕོ་བྲང་ན། །ཡེ་ཤེས་རྟོགས་པའི་མེ་ལྔ་ཡིས། །མཚན་མ་རྟོག་འཛིན་སྦར་སྦུར་བསྲེགས། །ཉོན་མོངས་བཞི་བཅུ་ཞིང་བཅུ་ཐལ་བར་བརླག །རྣམ་རྟོག་འཁོར་བའི་ཆུ་རྒྱུན་བཅད། །འཁོར་བའི་དྲི་མ་རབ་བསལ་ནས། །ཡེ་ཤེས་དོན་ལ་ཐེ་ཚོམ་མེད། །ཐར་མ་རྒྱ་ལས་རྣམ་པར་གྲོལ། །འཛིན་པའི་ཕུར་པ་རང་བྱུང་བས། །འཁོར་བའི་རྟོད་ཐག་ཆེན་པོ་བཅད། །རང་རིག་གསལ་བའི་མཐོངས་ཕྱེ་ནས། །གཏི་མུག་འཁོར་བའི་མུན་པ་སངས། །སྣང་བ་ཐུག་ཕྲད་དོན་དགོངས་ཀྱིས། །ཐད་ཀའི་ཤེས་པ་དོན་ལྡན་འགྱུར། །ཐིག་ལེ་སྤྱི་ཆིངས་རང་གནད་ཀྱིས། །སྣང་བ་སྐྱེ་འགག་ཕྱོགས་དང་བྲལ། །ཡུལ་སེམས་གཉིས་མེད་ཏིང་འཛིན་གྱིས། །དྲི་མ་གཉིས་ཀྱི་མཐའ་ལས་གྲོལ། །ཐམས་ཅད་རང་གསལ་ཆོས་ཉིད་ཀྱིས། །ཉོན་མོངས་འཆིང་བའི་མདུད་པ་བཀྲོལ། །

གཞི་རྫོགས་ཆོས་ཉིད་དཀྱིལ་འཁོར་གྱིས། །སྒོ་ལྔའི་ཡུལ་ལས་རྣམ་པར་ཐར། །ཐ་དད་ཐུན་མོང་མ་ཡིན་པས། །ཤེས་བྱའི་ཡུལ་ལ་རྣམ་པར་འབྱེད། །དཀྱིལ་འཁོར་ཡེ་ཤེས་རྣམ་ལྔ་ཡིས། །ཡང་དག་དོན་ལ་རྣམ་པར་རོལ། །སྐྱེ་ཤི་མེད་པའི་ཆོས་སྐུ་ཡིས། །རྟོག་འཛིན་ཡུལ་གྱི་དྲི་མ་སངས། །གསང་བ་རྒྱུན་གྱི་ཐུགས་རྗེ་ཡིས། །གཅོང་རོང་མུན་པའི་གཏིང་ནས་འདྲེན། །ཤེས་རབ་ཡུལ་གྱི་ཕྱག་རྒྱ་ཡིས། །འཛིན་རྟོག་གཉིས་ཀྱི་མཐའ་དང་བྲལ། །ཡངས་པའི་ཆོས་ཉིད་གསལ་མཐོང་བས། །འཁོར་བའི་ཞེ་འདོད་ཐབས་ཀྱིས་སྤངས། །རང་རིག་ཐབས་ཀྱི་གླུ་ཆེན་འདིས། །ཡེ་ཤེས་གསལ་བའི་ཉམས་ལྡན་འགྱུར། །སྣང་སྲིད་ཡེ་རྒྱ་མཐར་ཐུག་གིས། །རིག་པའི་རང་གདངས་མཐོང་བར་འགྱུར། །ཨེ་མ་སངས་རྒྱས་དོན་ལྡན་པ། །ཡེ་ཤེས་རང་ལ་འཆར་བར་འགྱུར། །གཞི་ཡི་ཆོས་ཉིད་རྫོགས་གྱུར་ནས། །ལམ་ལས་འབྲས་བུ་ཐོབ་པར་འགྱུར། །དེ་ཡང་ཡེ་ཤེས་ལྷུན་གནས་པས། །ངེས་པའི་བདེན་པ་རབ་ཏུ་མཐོང་། །ཤེས་པའི་ཁྱད་ཀྱིས་གང་གནས་གསལ། །དོན་ནི་གཅིག་ལས་མ་གཡོས་ཀྱང་། །རང་སྣང་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཡེ་ནས་རང་རིག་འོད་གསལ་བས། །རང་སྣང་འཇའ་ཚོན་རྣམ་པར་འཕེལ། །སྣང་བ་ཡེ་ཤེས་སྐུར་ལྡན་པས། །ཤེས་རབ་ཡེ་ཤེས་ཁོང་ནས་གསལ། །དེ་ནས་སྣང་དང་གསལ་བ་དང་། །རང་བཞིན་ཀུན་ཏུ་ཁྱབ་པའོ། །གསང་བའི་ཡེ་ཤེས་སྣང་བྱུང་བས། །འཁོར་བའི་མུན་པ་རྣམ་པར་གསལ། །ཚིག་ལས་ཤེས་རབ་རབ་གསལ་བས། །འབྲས་བུའི་དཀྱིལ་འཁོར་ཉག་གཅིག་གསལ། །ཐེག་པ་གཅིག་ལ་དོན་བརྗོད་པས། །སོ་སོའི་བཤད་གཞུང་བསམ་མི་ཁྱབ། །སེམས་ཅན་མོས་པ་གོ་འབྱེད་ཕྱིར། །རང་རང་འདོད་དུ་བསྟན་པའོ། །དེ་ཡང་ཐེག་ཆེན་གསང་བ་ལས། །ཡང་དག་ངེས་པའི་ལུང་བསྟན་པས། །ཨ་ནུ་མན་ཆད་ཐེག་པ་རྣམས། །རྩོལ་སེམས་བློ་ཡི་ཆོས་སུ་བསྟན། །རང་གི་དོན་ལ་མཐའ་ཡས་ཀྱང་། །གཞི་ལ་གཅིག་པས་མེད་པར་ངེས། །ཐེག་པ་ཐེག་པ་ཞེས་བྱ་བ། །གུད་ན་ཡོད་

པ་མ་ཡིན་ཏེ། །རིག་པ་སྟོབས་དང་ལྡན་གྱུར་ན། །ཐེག་པ་ཞེས་ནི་དེ་ལ་བྱ། །རིག་པ་སྟོབས་དང་མི་ལྡན་ན། །སྣ་ཚོགས་ཐེག་པ་བསམ་ཡས་འགྱུར། །ཡེ་ཤེས་གཅིག་དང་དུ་བྲལ་བས། །གསང་བའི་ཡེ་ཤེས་ཚིག་ལས་འདས། །འཛིན་པའི་ཕུར་པས་ཐམས་ཅད་བཟུང་། །ཞེ་འདོད་འཁོར་བའི་སྡུག་བསྔལ་ཆོས། །བསམ་གྱིས་མི་ཁྱབ་རྒྱ་ཆེར་སྣང་། །ཡུལ་དུ་སྣང་བའི་ཆོས་སྐུ་དང་། །སེམས་ཅན་མོས་པའི་མཚན་སྐུ་གཉིས། །མཚན་མའི་ཕྱོགས་སུ་མ་ལྷུང་ན། །ཁྱད་མེད་གཅིག་ཏུ་ང་ཡིས་བཤད། །སྐུ་གཅིག་སེམས་ཅན་ཀུན་ལ་སྣང་། །སྐུ་གཅིག་འགྲོ་དོན་མཐར་ཕྱིན་པའོ། །སྐུ་གཅིག་སྣང་བ་ཀུན་ཏུ་སྟོན། །སྐུ་གཅིག་མཐའ་ལ་མི་གནས་པའོ། །རྡོ་རྗེ་སྙིང་པོ་ཡེ་ཤེས་སྐུ། །བསམ་གཏན་སྙིང་པོའི་ཚིག་ལས་འདས། །མངོན་པར་བྱང་ཆུབ་སྐུ་ཉིད་གསལ། །ཡེ་ཤེས་ཆིག་ཆོད་གཉིས་སྣང་བྲལ། །རྡོ་རྗེ་འཛིན་སྐུ་དོན་མི་འགྱུར། །མཐའ་གཉིས་མི་གནས་རང་སར་ཆེ། །ཕྱག་རྒྱའི་རྡོ་རྗེ་འགྱུར་བ་མེད། །མི་བསྐྱོད་དཀྱིལ་འཁོར་ལས་བྱུང་བའི། །ཡང་དག་གཞུང་ཉིད་རབ་བརྟན་སྐུ། །ཐིག་ལེ་སྣ་ཚོགས་སྐུ་ཡི་དབྱིབས། །མཚན་ལྡན་དཀྱིལ་འཁོར་སྐུ་གསུམ་རྫོགས། །བྱ་བ་མེད་པས་དབྱིངས་དང་ལྡན། །གཅིག་ལས་མི་གཡོ་ཆོས་ཀྱི་སྐུ། །གཉིས་སུ་མ་ཡིན་རང་སྣང་ཡུལ། །དོན་དམ་ཀུན་རྫོབ་གཉིས་ལས་འདས། །འཛིན་པའི་མཐའ་གཉིས་རྣམ་པར་སྤངས། །དཀྱིལ་འཁོར་རྡོ་རྗེ་ཡིད་བཞིན་གཏེར། །མཐའ་ལས་མི་གཡོ་མཉམ་པའི་ངང་། །གོལ་སྒྲིབ་གཉིས་ཀྱི་རྟོག་པ་སངས། །བྱས་པས་མ་བྱུང་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཐུགས་རྗེའི་ཐབས་ལ་རང་སྣང་བས། །ཉི་མ་དང་ནི་ཟེར་བཞིན་ནོ། །ཤེས་རབ་རྩལ་གྱིས་རབ་གནས་པ། །དོན་གྱི་དཀྱིལ་འཁོར་སྣང་མཐའ་ཡས། །སྐུ་ཡི་སེམས་ཉིད་སྟོང་བདག་མེད། །ཡེ་ཤེས་ཕུང་པོ་སྐྱེ་འཇིག་བྲལ། །བསམ་གཏན་ཆོས་ཉིད་ཞི་བ་སྟེ། །སྣང་བ་མཐའ་ཡས་ཞིང་དུ་སྒྲོལ། །རང་བྱུང་སྐུ་གཉིས་རྣམ་པར་དག །སྟོང་པ་ཉིད་ཀྱི་དམ་ཚིག་ལས། །རིམ་པའི་ཡུལ་དུ་རྣམ་པར་སྣང་། །དཔེར་ན་སེམས་ཅན་ལ་ལ་

དག །ལས་ལ་མངོན་པར་ཞེན་པ་ལྟར། །ཆོས་ཉིད་ངོ་བོ་མ་མཐོང་བས། །ཆོས་སྤྱོད་བཅུ་ལ་ཞེན་པར་འགྱུར། །གསང་བའི་ཐེག་པ་རྟོགས་མི་འགྱུར། །གསང་སྔགས་རང་བྱུང་ཐེག་ཆེན་འདི། །ཉོན་མོངས་ཡེ་ཤེས་གཉིས་ལས་འདས། །སྟོང་ཞིང་བདག་མེད་ཡུལ་སྣང་བྲལ། །དྲི་མ་གསུམ་ལས་རབ་ཏུ་ཐར། །ཡང་དག་གསང་དོན་རྙེད་པའོ། །ཨེ་མ་ཧོ། བདེ་གཤེགས་སངས་རྒྱས་སྤྱོད་ཡུལ་ནི། །དམིགས་མེད་དཀྱིལ་འཁོར་ཆེན་པོ་ལ། །དཔེར་ན་བཞིན་དང་མེ་ལོང་བཞིན། །གང་རྟོགས་པ་ལ་དེ་ལྟར་སྣང་། །ཡེ་ཤེས་རང་གསལ་ཉི་ཤར་ལྟར། །སྣང་བའི་དཀྱིལ་འཁོར་འོད་དུ་གསལ། །ཤེས་རབ་ཡེ་ཤེས་ལས་བྱུང་བའི། །སྣང་བའི་སྒྲོན་མ་འོད་འབར་ཞིང་། །ཁྱབ་གདལ་འུབ་ཆུབ་ཏིང་འཛིན་ནི། །གཅིག་བཞིན་སྤྲོས་དང་བསྡུ་བ་མེད། །རིག་པའི་འཁོར་ཡུག་ཕྱོགས་དང་བྲལ། །ཡེ་ཤེས་འཁོར་ཡུག་འོད་དུ་གསལ། །སྒྲོན་མའི་འཁོར་ཡུག་དམིགས་པ་མེད། །མཐའ་གཉིས་སངས་བྱེད་མུན་སངས་ནས། །རྣམ་རྟོག་ཉིད་ལས་ཡེ་ཤེས་གསལ། །སངས་རྒྱས་ཞིང་སྦྱོར་འདྲེན་སེལ་ཞིང་། །སྟོང་པའི་ཡུལ་ལས་རྣམ་པར་འདས། །ཚིག་དང་ཡི་གེ་ལྟར་སྣང་སྟེ། །བཏགས་པར་སྣང་བ་ཐམས་ཅད་ཀུན། །དཔེར་ན་བྲག་ཆ་ལྟ་བུར་བསྟན། །རྐྱེན་དུ་སྣང་བ་ཐམས་ཅད་ཀུན། །རང་སྣང་ཚིག་ལས་འདས་པའི་ཡུལ། །སྣང་དང་མི་སྣང་གཉིས་མེད་ཀྱང་། །རྗེས་སུ་སྣང་བ་གང་ཡང་མེད། །དཔེར་ན་ནམ་མཁའི་བྱ་ལམ་བཞིན། །ཐིག་ལེ་ཉག་གཅིག་རྫོགས་པ་ཆེ། །མིག་གི་འོད་དུ་རབ་ཏུ་སྣང་། །རྡོ་རྗེའི་དཀྱིལ་འཁོར་འོད་ཉིད་ལས། །སྒྲོན་མའི་རང་འོད་ཉིད་དུ་འགྱུར། །རང་བྱུང་དོན་གྱི་སྙིང་པོ་ཉིད། །ཡོད་དེ་ཡོད་པ་མ་ཡིན་པས། །དངོས་པོ་ཉིད་ཀྱི་མཐའ་དང་བྲལ། །མེད་དེ་མེད་པ་མ་ཡིན་ཏེ། །ཏིལ་འབྲུ་འམ་ནི་ཡུངས་འབྲུ་ལ། །མར་ཉིད་ཡེ་ནས་ལྷུན་གྲུབ་བཞིན། །སེམས་ཅན་ལུས་ལྟར་སྣང་བ་ལ། །དེ་བཞིན་གཤེགས་པའི་ས་བོན་ནི། །མཐུན་པའི་འོད་དང་རང་ཆས་སུ། །གནས་ནས་ལམ་ཞུགས་སྒོ་དག་ཏུ། །རྣམ་

པར་ཐོན་ནས་དོན་ལ་སྤྱོད། །ནམ་མཁས་གར་ཁྱབ་སེམས་ཅན་ཏེ། །རིག་པའི་དོན་ཡང་དེ་ཙམ་མོ། །དེ་ཡང་མཐའ་ཡས་ཐུག་མེད་དེ། །རང་གི་ངོ་བོ་གཅིག་ཏུ་གནས། །རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རབ་སྣང་བའོ། །སྣང་བ་ཀུན་ཏུ་མཐའ་ཡས་ཤིང་། །དཀྱིལ་འབྱམས་རང་སྣང་ཐུགས་བརྡོལ་ནས། །ཉོན་མོངས་ལྔ་ཡི་དྲི་མ་རྣམས། །ཐ་དད་ཉིད་ལས་རང་རིག་སྐུ། །རྒྱུན་དུ་སྣང་བས་རང་འབྱུང་ཞིང་། །གཅིག་ཏུ་གསལ་བས་འཕོ་འགྱུར་མེད། །རང་རང་ཙིཏྟ་རིན་ཆེན་ན། །ཚོན་གང་འོད་འབར་བུམ་པའི་ཚུལ། །ནང་ན་ཡེ་ཤེས་མེ་འོད་འབར། །གཞལ་ཡས་ཡེ་ཤེས་དུ་མར་སྣང་། །སྐུ་ཡི་ངོ་བོ་རེ་རེ་ལས། །གསུང་གི་སྤྲུལ་པ་གྲངས་མེད་ཅིང་། །ཐུགས་ཀྱི་དགོངས་པ་འདའ་མེད་ཅིང་། །བསམ་པ་མེད་པའི་རིག་སྣང་ལས། །གོམས་པའི་བློ་ནི་རབ་བརྟན་ན། །སྣང་མཛད་ཆེན་པོའི་ལྟ་བར་འགྱུར། །སྣང་བའི་ཡེ་ཤེས་འོད་འབར་ཞིང་། །མཐུན་འཇུག་ཐབས་ཀྱི་སྤྱོད་པ་ལས། །རང་སྣང་ཡུལ་ནི་ཇི་སྙེད་པ། །རྟོགས་པའི་ལྟ་བ་དེ་ཙམ་མོ། །སེམས་ཅན་བསམ་པ་དེ་ཙམ་པར། །འདུལ་བའི་ཆོས་ནི་དེ་ཙམ་མོ། །སེམས་ཅན་རྟོག་པ་མ་ཟད་པར། །ཐེག་པ་ཉིད་ཀྱང་ཟད་མི་འགྱུར། །གསང་བའི་ཐེག་པ་གཅིག་ཡིན་ཀྱང་། །སེམས་ཅན་བློ་ལ་ཐ་དད་སྣང་། །དཔེར་ན་རིན་ཆེན་གསེར་ཉིད་ལ། །སེར་པོ་རང་བཞིན་ལྷུན་གྲུབ་ལྟར། །རང་རིག་ཡེ་ཤེས་ངོ་བོ་ལ། །འོད་གསལ་དཀྱིལ་འཁོར་ལྷུན་གྱིས་གྲུབ། །ཡེ་ཤེས་ལམ་ལ་རབ་གནས་ཤིང་། །ཆོས་ཉིད་ཡུལ་གྱི་སྣང་བ་ལས། །སངས་རྒྱས་འོད་ནི་མི་འགྱུར་བས། །དང་པོའི་སངས་རྒྱས་འོད་སྲུང་ལ། །འོད་སྣང་དོན་ཉིད་རབ་ཏུ་ཞུས། །འོད་སྲུང་ཆེན་པོས་བཀའ་སྩལ་པ། །ཨེ་མ་ཧོ། ཡངས་སོ་ཆེའོ་ཆོས་ཉིད་རྣམ་པར་དག །ཆེའོ་བལྟ་བ་རྨད་པོ་ཆེ། །སྣང་ངོ་རང་སྣང་དཀྱིལ་འཁོར་ཉིད། །ཡུལ་དང་ཡུལ་མེད་རྣམ་པར་དག །ཕྱི་དང་ནང་མེད་ཀུན་ཏུ་སྣང་། །སྟོང་དང་མི་སྟོང་ཚིག་ལས་འདས། །འོད་ནི་ཐུག་པ་མེད་པར་སྣང་། །སྐུ་ནི་གཅིག་གཅིག་ཏུ་མེད་པས་ཆེ་ཡང་བྱུང་

པུ་བདེན་པ་ཆེ། །ཡུལ་ནི་སྟོང་ཁྱབ་ཡེ་ཤེས་སྣང་། །ལམ་ནི་ཀུན་སྣང་འགྱུར་བ་མེད། །གསང་བའི་ལམ་ནས་རང་བྱུང་ནས། །དངོས་བྲལ་སྟོང་པའི་ངང་དུ་ཐིམ། །འགྱུར་མེད་གཅིག་པུའི་ངོ་བོར་བརྟགས། །རང་ཡུལ་དེ་ལས་མ་ཡེངས་ན། །ཆོས་ཅན་སྣང་བ་གྲངས་མེད་ཀྱང་། །ཕྱོགས་ཀྱི་སྣང་བ་གཅིག་མཐོང་ན། །ཐམས་ཅད་སྐྱེ་མེད་ངོ་བོར་རྟོགས། །སེམས་ཀྱི་འདུ་འཕྲོ་ཇི་སྙེད་པ། །ཐམས་ཅད་རང་སྣང་ཡིན་པ་ལས། །མ་རིག་སྒོ་ངའི་སྦུབས་དག་ནས། །ཡེ་ཤེས་ཐོན་པར་མ་གྱུར་ནས། །རང་སྣང་ཆོས་ཉིད་ངོ་བོ་བསྒྲིབས། །སངས་རྒྱས་ཉིད་ཀྱི་རྟོགས་པ་ཡང་། །རང་སྣང་ཉིད་ལས་མ་འདས་སོ། །ཆོས་ཉིད་ཡུལ་གྱི་སྣང་བ་ཡང་། །འོད་ཟེར་ཉིད་ལས་མ་འདས་ཏེ། །རིགས་ཀྱི་ཡུལ་ལས་འོད་དུ་གསལ། །རྡོ་རྗེ་སེམས་དཔའི་འོད་ཉིད་ལས། །མཐུན་པའི་ཕྱོགས་ལ་ལྟོས་པ་མེད། །སངས་རྒྱས་ཡེ་ཤེས་རང་བྱུང་ནི། །ལམ་དང་ཆོས་ཉིད་དཀྱིལ་འཁོར་ལྡན། །གཅིག་ལས་སྣང་བ་བསམ་མི་ཁྱབ། །རྒྱལ་བའི་སྐུ་ཉིད་འགག་མེད་པས། །རྒྱལ་བའི་གསུང་ལ་ཐུག་པ་མེད། །སྐུ་གསུང་ཐུགས་ཀྱི་སྣང་བ་ནི། །ཀུན་ཏུ་མཐའ་ཡས་ཐུག་པ་མེད། །གྲངས་དང་ཚིག་དང་ཡིད་ལས་འདས། །ཆོས་དང་ཆོས་མིན་བལྟ་བ་ཡང་། །མཐུན་པར་སྣང་བ་ཙམ་དུ་ཟད། །དོན་གྱི་ཡེ་ཤེས་ལྔ་ལྡན་ནི། །ཡངས་པའི་གྲོང་ཁྱེར་རྡོ་རྗེ་མཐའ་ཡས་ཤིང་། །དཀྱིལ་འཁོར་ཕོ་བྲང་ཉིད་ལ་ཡངས་པའི་བདག་ཉིད་འཛིན། །ཕྱོགས་དང་རིས་སུ་འཛིན་ན་ཡང་དག་ལྟ་བ་མིན། །ང་དང་བདག་ཏུ་འཛིན་ན་ཡང་དག་མཐོང་བ་མིན། །ཡིན་དང་མིན་པར་རྟོགས་ན་དགོངས་པ་ཉིད་མ་རྙེད། །སྟོང་དང་གསལ་བར་འཛིན་ན་ཆོས་ཕྱིར་ཚིག་ལ་འདྲེངས། །གསང་བ་གྲངས་སུ་བགྲངས་ན་རིག་པའི་གནས་མ་རྙེད། །ཆོས་སྤྱོད་ལམ་དུ་ཁྱེར་ན་བདེན་པའི་ཚིག་མ་མཐོང་། །མཐོང་སྣང་ཁྱད་དུ་གསོད་ན་ཐེག་པའི་སྒོ་མ་མཐོང་། །བྱ་བྱེད་འབྲས་བུར་འདོད་ན་གསང་སྔགས་ཐབས་མ་རྙེད། །སྣང་གསང་བའི་ཡང་བྱུང་བ་ཚིག་ཕྱིར་འདྲེངས་

ན་དགོངས་པའི་ལམ་མ་རྙེད། །ཡུལ་དང་སེམས་སུ་འཛིན་ན་ཏིང་འཛིན་དྲོད་མ་ཐོབ། །འཇིག་རྟེན་ཆགས་ཕྱིར་འདྲེངས་ན་ཆོས་ཉིད་དོན་མ་རྟོགས། །འཇིག་རྟེན་བྱ་བའི་ཆོས་དང་མ་བྲལ་གཡེངས་པ་ན། །སངས་རྒྱས་དགོངས་པ་རྙེད་པ་ང་ཡིས་ཡོངས་མ་བཤད། །རྐྱེན་དང་རྐྱེན་མེད་སྣང་བ་དང་། །ཆོས་ཀྱི་སྐུ་དང་ལམ་ཉིད་ལས། །མཐུན་པའི་ཕྱོགས་ནས་ཕར་བལྟས་པས། །རང་སྣང་གཟུགས་བརྙན་དཀྱིལ་འཁོར་མཐོང་། །དྲི་མའི་ཐེ་ཚོམ་ནང་དུ་ཆོད། །ས་ཡི་སྣང་བ་གྲངས་མེད་ཀྱང་། །ཡེ་ཤེས་དོན་ལ་གཅིག་ལས་མེད། །སྐུ་དང་ཡེ་ཤེས་ཕྱོགས་ཉིད་ནས། །མཚན་མའི་ཡུལ་ལ་ཕར་བལྟས་པས། །སྣང་བའི་དྲོད་ཚད་ཉམས་སུ་མྱོང་། །རྐྱེན་སྣང་དག་པའི་ཡུལ་དག་ནས། །དམིགས་རྟེན་ཡུལ་ལ་ཕར་བལྟས་པས། །རང་གི་གདེང་ཆེན་ཁོང་དུ་ཆུད། །ཕྱོགས་ཀྱི་དྲི་མ་ཉིད་ལས་ཀྱང་། །སྣང་བའི་སྒྲོན་མ་རབ་གསལ་བས། །འབར་བ་ཉིད་ཀྱང་ཐུགས་ལ་ཤར། །སངས་རྒྱས་ཐིག་ལེ་ཉག་གཅིག་ལ། །ཡུལ་གྱི་རྟོག་པ་རྣམ་པར་བསལ། །དྲི་མའི་སྐྱོན་ལས་རབ་ཏུ་གྲོལ། །འདུས་པའི་ཕྱོགས་ནས་ཕར་བལྟས་པས། །གཅིག་མཐོང་བདེན་པ་ཁོང་དུ་ཆུད། །ཡེ་ཤེས་ཐབས་ལ་མཁས་པ་ཡིས། །ཕྱག་རྒྱ་འདའ་མེད་དམ་ཚིག་ལས། །འགྱུར་བ་མེད་པའི་ལམ་དུ་ཚུད། །གསང་བའི་ཐེག་པ་ཡུལ་དུ་སྣང་། །ལམ་གྱི་ཐེག་པ་འབྱེད་འགྱུར་བ། །དེས་ནི་ཕ་རོལ་སྒྲོལ་མི་ནུས། །ཐུགས་རྗེའི་ཐེག་པ་འདི་ཉིད་ལས། །དགོངས་པའི་དོན་ལས་མ་འདས་ན། །སངས་རྒྱས་རྡོ་རྗེ་རབ་བརྟན་པས། །མི་ཤིགས་རྡོ་རྗེ་ཉིད་དུ་འགྱུར། །སྤྱོད་པའི་རྡོ་རྗེ་འགག་མེད་པས། །ཚད་མེད་རྡོ་རྗེ་ངོ་མཚར་ཆེ། །ཡང་གསང་ལྟ་བའི་རྡོ་རྗེ་བསྟན། །རྟོག་པའི་རྡོ་རྗེ་གཟི་བརྗིད་ཆེ། །མེ་ལོང་རྡོ་རྗེ་གསལ་བ་ཆེ། །སེམས་ཅན་ཐམས་ཅད་བསྒྲལ་བའི་ཕྱིར། །ཤེས་རབ་རྣོན་པོའི་གྲི་དག་གིས། །མ་རིག་ཐམས་ཅད་བསྒྲལ་བར་བྱ། །སངས་རྒྱས་ཞིང་ཁམས་མ་ལུས་པར། །སྟོང་ཞིང་བདག་མེད་ཡངས་པ་ཆེ། །གསལ་འཚེར་ལྷུན་སྡུག་འོད་འབར་བ། །གསལ་འབྱམས་ཀློང་ཡངས་ཐིག་ལེའི་ངང་། །

གསལ་ལ་བཀོད་ལེགས་དཔངས་རེ་མཐོ། །སྐུ་བརྗིད་གསལ་བར་རབ་ཏུ་སྣང་། །རྟོགས་པའི་ཆོས་ཉིད་མཐའ་ཡས་ཤིང་། །སེམས་ཅན་ལས་ཉིད་མ་ཟད་ཀྱང་། །གསང་བའི་ཐབས་འདི་བསྟན་བྱས་ན། །ཡེ་ཤེས་རང་ཆས་རྙེད་མཐོང་འགྱུར། །རྫོགས་ཆེན་མན་ངག་གསང་དོན་འདི། །ཡང་དག་མེད་པར་སྣང་དུ་མེད། །ཡང་དག་ཡོད་ན་སྣང་བ་མཐོང་། །སྟོང་གསུམ་འཇིག་རྟེན་ས་སྟེངས་ན། །ཆོས་ཉིད་ལམ་དུ་རབ་གནས་པ། །བྱང་ཆུབ་ཉིད་ལས་ཀུན་འབྱུང་ཞིང་། །སོ་སོའི་གནས་ནས་རབ་སྤགས་ནས། །འཛིན་པའི་བསམ་པ་དོན་ལས་འདས། །དོན་གྱི་ཡེ་ཤེས་ཚད་མ་མིན། །སྣང་བའི་དཀྱིལ་འཁོར་ཐིག་ལེ་ཆེ། །གསང་སྔགས་ཐབས་ལ་རབ་གནས་པ། །ཆོས་ཉིད་ཡུལ་ལ་རྣམ་པར་འཕྲུལ། །བདེན་པའི་དུས་ན་དཀྱིལ་ཡངས་ཤིང་། །ལམ་རྒྱལ་འདི་ནི་མ་བསྒྲུབས་བབ་ཀྱིས་འགྲུབ། །གང་ཞིག་རྟོགས་པའི་དོན་འཚོལ་ན། །ཆོས་ཉིད་རྣལ་མ་མཐོང་བར་འགྱུར། །ལས་ཉིད་རྡོ་རྗེར་བསྟན་པས་ན། །གཅིག་གཅིག་གིས་ཀྱང་ཐུགས་རྗེ་འབྱུང་། །ཡེ་ནས་རང་བཞིན་འོད་གསལ་བས། །སྐུ་གསུམ་རང་བཞིན་སྣང་བ་ཤར། །སྐུ་ལྔ་ཡེ་ནས་རང་དག་པས། །ཆོས་ཉིད་ཡེ་ནས་མཐའ་དབུས་མེད། །གསང་སྔགས་ཚིག་དང་ཡེ་བྲལ་བས། །དགོངས་པའི་བཞག་ཐབས་དོན་ལ་ཐུག །རྣམ་རྟོག་མཚན་མ་ཡེ་མེད་པས། །གསལ་དང་དྲོད་དང་བསིལ་སྣང་བའོ། །རྐྱེན་མེད་ཡེ་ཤེས་རང་སྣང་ཡུལ་ལ་རྣམ་པར་རོལ། །ཡང་དག་གསང་སྔགས་ཚིག་གི་བདེན་པ་ཉིད། །རང་གི་བློ་ཡི་སྣང་བའི་ཐེ་ཚོམ་ཐམས་ཅད་སེལ། །འཁོར་བའི་སྡུག་བསྔལ་ལམ་ལས་གྲོལ་བའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། ཐབས་ཀྱི་འདུལ་ཐབས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་རིགས་ཀྱི་ལྷ་མོ་འོད་ཀྱི་ཕྲེང་བ་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །ཁམས་གསུམ་འཁོར་བའི་སེམས་ཅན་ལ། །རིགས་ཕྱེ་གདམས་ངག་བསྟན་པའི་གནས། །ཉེ་བའི་འཁོར་ལ་གསུང་དུ་

གསོལ། །དེ་སྐད་རབ་ཏུ་ཞུས་ནས་ཀྱང་། །བདེ་བའི་སྟན་ལ་རབ་ཏུ་འདུག །འཛུམ་པའི་གར་དང་རོལ་མོ་ཡིས། །གཙོ་བོ་ཉིད་ལ་རབ་ཏུ་མཆོད། །དེ་ནས་བཅོམ་ལྡན་སྐུ་ཉིད་ཀྱིས། །ལྷ་མོ་མཛེས་པའི་ཚོགས་རྣམས་ལ། །གསང་བའི་ངེས་དོན་ཆོས་རྣམས་བསྟན། །ཀྱེ་ཧོ་རིགས་ཀྱི་སེམས་མ་ཉོན། །ང་ཡིས་གང་ཟག་རིགས་བཤད་ཀྱིས། །ཁྱོད་ཀྱིས་སྡོམ་པའི་དཀྱིལ་འཁོར་ཟུང་། །དོན་གྱི་སྙིང་པོ་ཡེ་ཤེས་ནི། །མཐའ་གཉིས་ལ་ཡང་མི་གནས་ཏེ། །དོན་གཅིག་ཀུན་ཏུ་སྟོན་པར་འཇུག །དཀྱིལ་ཡངས་ཡེ་ཤེས་དཀྱིལ་འཁོར་ལྡན། །ཆོས་ཉིད་མིང་ལས་རབ་སྣང་ཕྱིར། །འཇིག་རྟེན་བལྟ་བ་གྲངས་མང་ཡང་། །དོན་འདི་རྟོགས་པ་ཤིན་ཏུ་དཀའ། །གསང་སྔགས་ཉིད་ལས་ཐབས་སྤྱོད་པ། །གཞན་འབྱུང་ཆོས་ལ་ལྟོས་པ་མེད། །རང་སྣང་ཆོས་ཉིད་དཀྱིལ་ཡངས་པས། །མཐུན་པའི་ཡུལ་སྣང་ལམ་དུ་སྣང་། །ཆོས་དབྱིངས་རྒྱན་དང་ལྡན་བྱས་ནས། །གསང་སྔགས་ལམ་དུ་ཡང་དག་སུ་སྤྱོད་པ། །དམིགས་མེད་ཡུལ་གྱི་སྣང་བ་ཆོས་སྐུའི་ངང་། །འདས་དང་མ་འདས་ཚིག་གི་ལམ། །ཆོས་ཀྱི་སྐུ་ནི་མཚན་མའི་ཚིག་ལས་འདས། །དམིགས་པའི་རྐྱེན་ལས་ཆོས་སྤྱོད་ཀུན་ཏུ་སྣང་། །རྡོ་རྗེ་དབྱངས་མཁན་མ་ཉིད་རབ་ཏུ་ཆོས་ཉིད་ཞི། །ཀུན་འབྱུང་སྣང་བ་ཆོས་ཉིད་གཞི་ལས་རོལ། །རྟོགས་དང་མ་རྟོགས་ཚིག་གི་མཐའ་དཔྱོད་པ། །འདས་པའི་སྐུ་ནི་ཡུལ་ལ་སྣང་འབྱུང་བས། །མཚོན་བྱེད་ཆོས་སྐུའི་སྣང་བ་ལས། །མཐའ་ཡས་ཚིག་ཏུ་མེད་པའི་དོན་ཉིད་ཀུན་ཏུ་སྣང་། །སྤྱོད་པ་ཉིད་ལ་སྤྱོད་རྒྱུ་ག་ལ་ཡོད། །གསང་བའི་ཡེ་ཤེས་འོད་གསལ་ཀུན་ཏུ་སྣང་། །ཆོས་སྐུ་འགྱུར་མེད་ཐིག་ལེའི་ཀློང་གནས་པས། །རྟོག་མེད་བསམ་གཏན་ཉིད་ལ་བསམ་དུ་མེད། །སངས་རྒྱས་སྐུ་ནི་ཀུན་ཏུ་གསལ་མཛེས་ལྡན། །མིང་ཡང་སྣ་ཚོགས་མཚན་མའི་ཡུལ་མེད་ཅིང་། །ཆོས་དང་ཆོས་མིན་སྣང་བ་འདྲེས་ཤིང་མཚུངས། །ཐུགས་ཀྱི་དཀྱིལ་འཁོར་རྣམ་པ་ཀུན་རྟོགས་པས། །སེམས་ཅན་ཀུན་གྱི་སྣང་བ་དག་པ་ནི། །སྣང་དང་སྣང་བར་བྱེད་པའི་ཡུལ་མ་ཡིན། །མིན་སྣང་མ་

ཡིན་ཆོས་སྐུར་རྣམ་པར་དག །རང་སྣང་ཡིན་པས་གཟུགས་སྐུ་མཛེས་སྐུར་ལྡན། །གཅིག་པ་མ་ཡིན་རང་སྣང་ཀུན་ཏུ་ཡས། །དུ་མ་མ་ཡིན་བརྗོད་པའི་ཚིག་དང་བྲལ། །ཆོས་དང་ཡེ་ཤེས་ཐབས་མཁས་རྣམ་པར་རོལ། །ཡེ་ཤེས་ཉིད་ལས་ཚིག་ཏུ་ཡང་དག་སྤྱོད། །གསང་སྔགས་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་། །ཡུལ་དུ་སྣང་བའི་ཆོས་སྐུ་འགག་པ་མེད། །ཆོས་ཀྱི་སྐུ་ལ་དྲི་མའི་སྐྱོན་དང་བྲལ། །གསང་བའི་ཡེ་ཤེས་ཚིག་ཏུ་རབ་ཏུ་གསལ། །ཀུན་ཏུ་གསལ་བའི་ཆོས་ཉིད་སྐུར་གསལ་བ། །རང་སྣང་ཡེ་ཤེས་ཆོས་སྐུའི་ཆོ་འཕྲུལ་ལ། །སྣང་རུང་མི་སྣང་ཚིག་ཕྱིར་འདྲེངས་པ་རེ། །རྟོགས་དང་མ་རྟོགས་ཚིག་ལ་མངོན་པར་གནས། །ཆོས་སྐུའི་ཡེ་ཤེས་ཡེ་ནས་གནས་པའི་ཕྱིར། །ཕྱི་ནས་བལྟས་ན་ནང་གི་ཆོས་ཉིད་མཐོང་། །ཀྱེ་མ་གསང་ལྡན་ཆོས་ཉིད་དང་། །རྫོགས་ཆེན་སྣང་བ་འབྱུང་བ་ཀུན་གྱི་རྩེ། །ཡེ་ནས་རང་བྱུང་འོད་གསལ་བས། །སྣང་བ་ཆོས་སྐུར་ལོངས་སྤྱོད་ཅིང་། །ཡིན་པས་དངོས་པོའི་ཆོས་དང་བྲལ། །གསང་བའི་ཚིག་ལས་དོན་འབྱུང་ཕྱིར། །དགྱེས་པ་ཆེན་པོའི་སྣང་བ་ནི། །རང་རང་སྣང་བ་དོན་མཐའ་ཡས། །སྤྱོད་པའི་རྒྱུ་ཉིད་མ་ཡེངས་པས། །སྤྱོད་པའི་རྐྱེན་ཉིད་གསང་སྔགས་རྒྱུད། །ཨེ་མ་རྒྱུ་རྐྱེན་གཉིས་མེད་པས། །གསང་སྔགས་ཐབས་ལ་ཆེ་ཆུང་མེད། །ཕྱི་མེད་ནང་མེད་དངོས་བྲལ་ཉིད། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཕྱིར། །ཚིག་གིས་གཏན་ལ་ཕེབས་མི་འགྱུར། །རྩོལ་བྲལ་དགོངས་པ་རང་གནས་པས། །ཕྱི་མེད་ནང་མེད་དབྱིངས་སུ་མེད། །ཅི་ཡང་ཡོད་པ་མ་ཡིན་ཏེ། །ཅིར་ཡང་གྲུབ་པ་ཉིད་དུ་བསྟན། །གསང་བའི་སྐུ་ཉིད་ཀུན་ཏུ་ཁྱབ། །སྣང་བ་མེད་པའི་ཆོས་སྐུ་ནི། །ཡིན་མིན་གཉིས་ཀྱི་མཐའ་ལས་འདས། །ཀྱེ་མ་འོད་གསལ་དཀྱིལ་འཁོར་ན། །བསམ་མེད་རང་སྣང་སྐུ་ལྔར་གསལ། །སྐུ་གསུམ་རང་བཞིན་རྣམ་དག་པ། །སངས་རྒྱས་ཡེ་ཤེས་རྒྱན་བཟང་བས། །སྐུ་ཡི་འོད་ནི་མ་འགགས་ཀུན་ལ་རོལ། །གསུང་གི་ཟེར་ལ་ཐུག་མེད་འཕྲོ། །ཐུགས་ཀྱིས་

དགོངས་པ་ཉག་གཅིག་གོ། །ཨེ་མ་རྡོ་རྗེ་འཛིན་པའི་སྐུ། །བསམ་ཡས་ལྷུན་གྲུབ་ཐུག་མེད་ཅིང་། །གང་ཟག་རྣམ་གསུམ་རྫོགས་ཆེན་སྣོད་དུ་གསུངས། །རིགས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་ཀྱང་། །ཆོས་ཀྱི་དབྱིངས་ལ་སྤྱོད་དང་མི་སྤྱོད་མེད། །ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་པོ་བསམ་པ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །རྫོགས་ཆེན་ལྟ་བ་གསང་འདུས་དམ་པ་འདི། །ཐེག་པའི་སྐབས་ལ་གྲངས་མང་ཡང་། །གསང་བའི་ངེས་དོན་གཅིག་ལས་མེད། །ཆོས་ཉིད་དཀྱིལ་འཁོར་ཡངས་པ་ན། །གནས་པ་མེད་པའི་སྐུ་གསུང་ཐུགས། །སྟོང་པ་ཆེན་པོ་ཆོས་ཀྱི་སྐུ། །འདས་པས་དམིགས་སུ་ག་ལ་ཡོད། །རྒྱུ་དང་རྐྱེན་དུ་མེད་པས་ན། །སྟོང་དང་མི་སྟོང་གཉིས་ལས་འདས། །རྡོ་རྗེ་སེམས་དཔའི་མཚོན་དཔེ་ནི། །དྲི་མེད་དཀར་པོ་ཟླ་བའི་མདོག །མུན་དང་སྣང་བའི་མཚམས་ནས་བརྟག །ནོར་བུ་འོད་གསལ་དྲི་མེད་པས། །སྣང་བ་ཁ་དོག་ལྔ་དང་ལྡན། །སྐུ་ལྔ་སོ་སོར་མ་ཕྱེ་བས། །མདུན་དང་རྒྱབ་ཏུ་དབྱེར་མི་འབྱེད། །སྣང་གསལ་ཆོས་ཉིད་འོད་པོ་ཆེ། །གསལ་བའི་ཆོས་ཉིད་ཀུན་ཏུ་འབར། །སྣང་བྱེད་སྒྲོན་མ་ཀུན་གྱི་མཆོག །སྟོང་པ་ཆེན་པོའི་མཁའ་ཀློང་དུ། །སྣང་བ་ཐམས་ཅད་འོད་དུ་ཤར། །ཤར་བ་དེ་ཉིད་དཔོག་པ་མེད། །སུས་ཀྱང་བཟུང་བར་ནུས་མ་ཡིན། །གལ་ཏེ་ཤེས་རབ་མི་ལྡན་པས། །རང་སྣང་དྲི་མེད་ཟླ་རྒྱས་བཞིན། །བཞིན་བཟང་དཀྱིལ་འཁོར་མཐོང་འགྱུར་ཏེ། །ཡེངས་མེད་རྫོགས་ཆེན་བསྒོམ་པའོ། །བརྗོད་མེད་ཆོས་སྐུ་བསམ་འདས་ཉིད། །རིག་པའི་དོན་ལ་སྐྱེལ་མི་ནུས། །ཐབས་མཁས་ཆོས་སྐུ་རྟོག་མེད་པས། །མཁའ་ལ་འཇའ་ཚོན་མཛེས་ཤར་བ། །རྒྱ་མཚོའི་གཏིང་དཀྱིལ་རབ་འབྱམས་ཞིང་། །རང་སྣང་ཞིང་དུ་འོད་གསལ་མཉམ། །རྫོགས་ཆེན་རྩེ་ལ་རབ་སང་བས། །དམའ་བའི་རིགས་ལ་གྲངས་མེད་ཅིང་། །རྫོགས་ཆེན་ཕྱོགས་སུ་རྣམ་པར་དག །

གསང་སྔགས་ཐབས་མཁས་ངེས་རྫོགས་འདི། །རྫོགས་དང་མ་རྫོགས་གཉིས་ལས་འདས། །གཅིག་དང་གཉིས་སུ་བགྲང་དུ་མེད། །དུ་མ་རྟེན་དང་དངོས་པོ་བྲལ། །དྲི་མ་བཞི་དང་ཕྲ་རགས་སངས། །སྟོང་ཞིང་བདག་མེད་མཚན་མ་མེད། །སྟོང་པའི་ཡུལ་ལ་མི་གནས་པས། །སྤྱོད་པའི་དུས་ན་རང་སྣང་ཞིང་། །ས་དང་ལམ་ལ་མི་གནས་ཏེ། །དོན་གཅིག་ལ་ཡང་གནས་པ་མིན། །རྫོགས་ལམ་བྱང་ཆུབ་ཡེ་གནས་པས། །ཐམས་ཅད་གཅིག་ཏུ་རབ་འདུས་ཏེ། །ཀུན་གྱིས་གོ་བ་ཡོད་པ་མིན། །གལ་ཏེ་གོ་བ་རྫོགས་སྲིད་ན། །མཐའ་ཡས་མེད་དེ་དོན་གཅིག་གནས། །གསང་བའི་གསང་སྔགས་གབ་པའི་གནས། །རིགས་སྔགས་གཟུངས་སྔགས་གཏན་ཚིགས་རྣམས། །རྫོགས་པའི་གསང་དོན་འདི་ལ་འདུས། །དེ་ཡང་ངོ་བོ་རང་གནས་པས། །བྱ་བྱེད་མེད་པས་རང་སར་དག །འཛིན་ཆགས་མེད་པས་ཅིག་ཆར་རྫོགས། །གསལ་བ་མ་ཡིན་མངོན་གནས་པས། །རང་རྫོགས་ཉིད་དུ་རྣམ་པར་དག་པའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། མཚོན་དཔེའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་ལྷ་མོ་མཉམ་པའི་བློ་གྲོས་ཞེས་བྱ་བ་དེས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །ཡང་དག་གསང་བའི་ལུང་སྟོན་ཅིག །དེ་སྐད་རབ་ཏུ་ཞུས་པ་དང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉེ་བའི་འཁོར་རྣམས་ཉོན། །གསང་སྔགས་གཏན་ཚིགས་གྲངས་མང་ཡང་། །ལེགས་པའི་དོན་ནི་གཅིག་ལས་མེད། །རང་གི་རིག་པའི་གནས་ལུགས་ནི། །མདོ་ཉིད་འགག་པ་མ་ཡིན་པས། །ཡེ་གཞི་ལམ་གྱི་ཤེས་མ་བུའི་ཚུལ་དུ་རབ་ཏུ་གནས། །སེམས་དང་ཡེ་ཤེས་དངོས་པོའི་དོན་མི་རྟོག །སེམས་ནི་བག་ཆགས་ཀུན་གྱི་རྩ་བ་སྟེ། །སེམས་ཅན་ཀུན་གྱི་དྲི་མ་དང་པོར་བསྟན། །ཡིད་ནི་རླུང་དང་འདྲ་སྟེ་བག་ཆགས་སྡུད། །སེམས་ཅན་ཀུན་གྱི་དྲི་མ་གཉིས་པར་བཤད། །དབུགས་

ནི་ཆུ་དང་འདྲ་སྟེ་བག་ཆགས་ཀུན་གྱི་གནས། །སེམས་ཅན་ཀུན་གྱི་དྲི་མ་གསུམ་པའོ། །དུག་ལྔ་མེ་དང་འདྲ་སྟེ་སྣང་བ་ཡུལ་ལ་མཆེད། །སེམས་ཅན་ཀུན་གྱི་དྲི་མ་བཞི་པའོ། །འགྲོ་བ་ཀུན་ལ་དེ་བཞིན་རབ་ཏུ་གནས། །ཆོས་ཀྱི་སྐུ་ཉིད་དྲི་མ་ཡེ་དག་པས། །མཚན་མ་བློ་ཡི་དྲི་མ་ག་ལ་ཡོད། །དྲི་མེད་དག་པའི་རིག་པ་ཡེ་ཤེས་སྐུ། །རང་རིག་བྱང་ཆུབ་མཚན་མ་དངོས་བྲལ་བས། །རིག་པའི་ཡེ་ཤེས་ཅིར་ཡང་མ་ཡིན་ནོ། །སྣང་བ་བློ་ཡི་ཐེ་ཚོམ་རབ་བསལ་ན། །ཆོས་ཉིད་དངོས་བྲལ་ཏིང་འཛིན་ཐོབ་པར་གསུངས། །ཆོས་སྐུ་རིག་པའི་ཡེ་ཤེས་རང་སྣང་འོད་གསལ་བས། །བྱ་བྲལ་སྙིང་པོ་དྲི་མེད་ཆོས་སྐུའི་དོན། །ཉམས་སུ་བླངས་ན་བདེ་ཆེན་ཡེ་ཤེས་འབྱུང་། །སྐྱེ་མེད་རང་སྣང་ཆོས་ཉིད་རང་རིག་ནི། །ཐ་སྙད་གཅིག་ཏུ་བརྗོད་པ་མ་ཡིན་ཏེ། །རིག་པའི་དཀྱིལ་འཁོར་རྣམ་དག་འོད་གསལ་བའོ། །ཨེ་མ་རང་གསལ་ཆོས་ཉིད་འོད་གསལ་བས། །མཐའ་ལ་མི་གནས་དབྱིངས་ལ་སྤྱོད། །ཅི་ཡང་མ་ཡིན་སྙིང་པོ་ཆེ། །འགྱུར་བ་མ་ཡིན་དྲང་པོར་གནས། །སྟོང་པ་མ་ཡིན་འོད་གསལ་ཞིང་། །གསལ་བ་མཚན་མ་ཀ་དག་པས། །དངོས་པོར་འཛིན་པའི་ཡུལ་ལས་འདས། །ཡོད་པ་མ་ཡིན་འཛིན་ཆགས་བྲལ། །མེད་པ་མ་ཡིན་སྙིང་པོ་གསུམ། །གཞི་ནས་རྣམ་དག་འོད་རེ་གསལ། །གསལ་བ་ཟང་ཐལ་ལྷུན་རེ་སྡུག །ལྟ་བ་རྨད་བྱུང་ངོ་མཚར་ཆེ། །འགག་མེད་རང་ཤར་དང་རེ་སྤྲོ། །རྫོགས་པ་ཀུན་ཁྱབ་གསལ་སྣང་ཆེ། །དམིགས་མེད་བསམ་བྲལ་དཀྱིལ་འཁོར་ཆེ། །རྫོགས་ཆེན་དོན་རྟོགས་བློ་རེ་བདེ། །སངས་རྒྱས་ཉག་གཅིག་ཐིག་ལེ་ཆེ། །མཚན་མ་དངོས་བྲལ་ཡངས་པ་ཆེ། །སྐྱེ་མེད་རང་བྱུང་སྐུ་ལྔ་དག །ཆོས་ཉིད་ཀློང་ཡངས་ཁོད་རེ་སྙོམས། །ཐིག་ལེ་སྟོང་པ་ཉམས་རེ་དགའ། །རྡོ་རྗེ་རྒྱས་འདེབས་བདེ་བ་ཆེ། །གསང་བའི་ཆོས་ཉིད་ཀློང་རེ་ཡངས། །སྟོང་པའི་སྐུ་ལྔ་འོད་རེ་གསལ། །བྱ་བ་རྫོགས་པའི་དཀྱིལ་འཁོར་ཆེ། །དམིགས་མེད་བསམ་ཡས་ལྷུན་གྲུབ་པའོ། །ཀྱེ་

མ་སྙིང་པོ་རྡོ་རྗེ་བརྗོད་ལས་འདས། །སྟོང་པ་ཀུན་སྣང་ཆོས་སྐུ་ནི། །ཐ་སྙད་དྲི་མ་རབ་ཏུ་སངས། །མཐུན་སྣང་ཆོས་སྐུ་རང་སྣང་ཞིང་། །རིག་པའི་སྐུ་ལ་འགྱུར་མེད་པས། །བྱ་བ་རྫོགས་པའི་འོད་ལྔ་ཡང་། །ཡེ་ནས་ལྷུན་ཁྱབ་ཆེན་པོར་སྣང་། །འོད་ལྔའི་རང་གདངས་མ་འགགས་པས། །མཚན་མར་འཛིན་པའི་རྣམ་རྟོག་རྒྱུ། །སྤྱོད་ལམ་ཐབས་མཁས་འཛིན་ཆགས་བྲལ། །རྫོགས་པའི་ཀློང་དུ་ཀུན་འདུས་ཤར། །རྟོག་མེད་གསལ་བའི་ཆོས་སྐུ་རྫོགས། །ཡང་དག་ཆོས་ཉིད་གཅིག་མིན་པས། །སེམས་ཅན་བློ་ལ་ཐུག་པ་མེད། །རང་བྱུང་ཡེ་ཤེས་སྟོངས་པ་ཡངས། །ཆོས་སྐུའི་ཡེ་ཤེས་རྫོགས་སངས་རྒྱས། །རྫོགས་ཆེན་སྒྲོན་མ་འོད་གསལ་བས། །སྟོང་པ་ཉིད་ཀྱི་ལམ་དུ་འགྱུར། །སྒྲོན་མ་དེ་ཉིད་མངོན་རྫོགས་པས། །གསང་སྔགས་ལམ་ལ་ཉེ་རིང་མེད། །རང་གི་ཙིཏྟའི་དཀྱིལ་འཁོར་གྱི། །ཐིག་ལེ་ཉག་གཅིག་རང་རྫོགས་པས། །ཡེ་ནས་གནས་པའི་རྫོགས་ཆེན་དོན། །གསང་དོན་རྫོགས་པ་རིག་པའི་ཀློང་། །ཐིག་ལེ་སྟོང་པའི་སྒྲོན་མ་དང་། །རང་བྱུང་དབྱིངས་ཀྱི་སྒྲོན་མ་གཉིས། །སྟོང་དང་མི་སྟོང་མཐའ་ལས་འདས། །རྩོལ་བ་མེད་པར་མངོན་གནས་པའི། །སྣང་བ་རྫོགས་ཕྱིར་རང་གནས་པ། །ཆོས་ཉིད་མི་འབྲལ་དབྱིངས་ཉིད་ལས། །རིག་པའི་ཡེ་ཤེས་སྐུ་མངའ་བ། །རང་སྣང་འོད་ཀྱི་དཀྱིལ་ཡངས་ནས། །འཛིན་ཆགས་བྲལ་བའི་རང་སྣང་ཡུལ། །ཆོས་ཀྱི་བསམ་པ་རབ་སྤངས་ནས། །རྫོང་དུ་རྡོ་རྗེའི་མཁར་བརྩིགས་པས། །ཅིས་ཀྱང་མི་ཤིགས་རྡོ་རྗེ་ཆེ། །རྡོ་རྗེའི་མཁར་ལ་སྐྱེ་འཇིག་མེད། །སྟོང་པ་དངོས་པོའི་ཡུལ་དང་བྲལ། །རྫོགས་པའི་དོན་ལས་མི་འདའ་ཞིང་། །ཕྱོགས་མེད་རྣམ་པར་དག་པས་ན། །དོན་དམ་ཀུན་རྫོབ་གཉིས་སུ་མེད། །དོན་ནི་རང་གི་རིག་པ་ལ། །རྟགས་ནི་མངོན་སྣང་སྐུ་དང་བཅས། །སྙིང་པོ་དོན་དམ་འགྱུར་བ་མེད། །གསལ་འཚེར་ལྷུན་སྡུག་འོད་གསལ་བ། །བདེ་བ་

ཆེན་པོའི་དངོས་ཉིད་ལས། །ས་བོན་རྡོ་རྗེ་རྒྱུ་རྐྱེན་བྲལ། །རྫོགས་པའི་དོན་ལས་མི་འདའ་ཞིང་། །ཐབས་མཁས་སྟོང་པའི་དཀྱིལ་ན་གནས། །རིག་པའི་ཡེ་ཤེས་དངོས་པོ་ཡང་། །སེམས་ཅན་ཀུན་ལ་རབ་གནས་པས། །ཀུན་གྱིས་མཐོང་བར་དཀའ་བའི་དོན། །ང་ཡིས་རབ་ཏུ་བཤད་པར་བྱའོ། །ཨེ་མ་རིག་པའི་གནས་ལུགས་ནི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་ཡུམ་གཉིས་ཀྱི་ཆ་འཛིན་པའི། །ཐབས་དང་ཤེས་རབ་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པས་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །ལྟ་བའི་དངོས་པོ་འགྱུར་མེད་སྐུ་ལྟར་གནས། །བསྒོམ་པའི་དངོས་པོ་རྟོག་མེད་འོད་གསལ་གནས། །སྤྱོད་པའི་དངོས་པོ་སྟོང་གསལ་བྱར་མེད་གནས། །འབྲས་བུའི་དངོས་པོ་གཞི་རྫོགས་ཀ་དག་གནས། །རང་གསལ་རིག་པ་འོད་གསལ་མཉམ་པའི་ངང་། །འཛིན་ཆགས་བྲལ་བའི་རྫོགས་ཆེན་གསང་སྔགས་ཆེ། །དེ་ནི་གནས་ལུགས་གཞི་ཡི་བཞུགས་ཚུལ་ལོ། །ཐིག་ལེ་བཞུགས་ཚུལ་བསྟན་པ་འདི་ལྟ་སྟེ། །རྩ་རྣམས་ནང་ན་ཐིག་ལེ་སྐུ་ལྟར་གནས། །ཆེ་བའི་ཚད་ནི་ནམ་མཁའི་མཐའ་དང་མཉམ། །ཆུང་བའི་ཚད་ནི་རྟ་རྔ་བཅུར་གཤགས་ཙམ། །གསལ་བའི་ཚད་ནི་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དང་གནས་པའོ། །བྱ་བ་བྱེད་པའི་འགྲོ་འོང་ཅན། །རྫོགས་པའི་གཞི་ལ་རང་རྫོགས་ལ། །ལམ་དུ་ཐིག་ལེ་མངོན་པར་སྣང་། །ལྟ་བ་འོད་གསལ་ངང་ལ་རོལ། །སྒོམ་པ་ཉི་ཟླའི་ཟེར་ལྟར་འཕྲོ། །སྤྱོད་པ་རྣམ་དག་འོད་གསལ་ལོ། །རང་རང་དུང་ཁང་ཁྲོ་བོར་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང་། །ཁྲོ་དང་ཁྲོ་མོའི་ཚུལ་འཆང་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ལ། །དབུ་ཡི་ཡེ་ཤེས་ལྔ་ལྔའོ། །ལྟ་བ་འགག་མེད་ཟང་ཐལ་ལ། །སྒོམ་པ་རྟོག་མེད་མཉམ་པར་གནས། །སྤྱོད་

པ་འགག་མེད་རོལ་པར་འཆར། །འབྲས་བུ་དབྱིངས་དང་རིག་པར་ལྡན། །དེ་ནས་སྒོ་ལ་ཐོན་པའི་ཚེ། །དབྱིངས་ཀྱི་རང་བཞིན་ཤེས་རབ་སྐུ། །རིག་པའི་རང་བཞིན་ཐབས་ཀྱི་སྐུ། །འདུ་འབྲལ་མེད་པར་མངོན་སྣང་བའོ། །མ་འགགས་འགག་མེད་སྙིང་པོ་ཆེ། །བརྗིད་པའི་སྐུ་ལྟར་མི་གནས་ཏེ། །ངོ་བོ་རྣམ་དག་ཡེ་ཤེས་བརྡལ་བ་ཉིད། །སྟོང་པ་ཆེན་པོའི་ཆོས་ཉིད་ཡུལ་ལ་རོལ། །གསལ་བ་ཟང་ཐལ་ཆོས་སྐུ་ངོ་བོས་སྟོང་། །སྟོང་པའི་དུས་ན་རང་བཞིན་མ་ངེས་ཏེ། །སྐུ་དང་ཡེ་ཤེས་དཀྱིལ་འཁོར་རྟོག་པ་མེད། །ཐབས་དང་ཤེས་རབ་དོན་ལ་འགྱུར་བ་མེད། །སྟོང་པའི་སྒྲོན་མ་བྱ་བཙལ་གཉིས་དང་བྲལ། །ཐུགས་རྗེ་འབྱུང་བ་སྒྲོན་མ་ཉི་ཟེར་བཞིན། །སྒྲོན་མའི་འོད་ཟེར་གཏིང་ལ་ཐུག་པ་མེད། །གསང་བའི་འོད་ནི་ཙིཏྟའི་ནང་དུ་གསལ། །རང་བཞིན་འོད་ནི་ནམ་མཁའི་མཐོངས་ན་གསལ། །དཀྱིལ་འཁོར་རང་རྫོགས་འོད་ནི་དེ་བཞིན་ནོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། སྣང་བའི་ཡེ་ཤེས་ངོས་འཛིན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ལྷ་མོ་དབྱངས་མཁན་མ་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །དམིགས་པ་མེད་པའི་ཕྱོགས་དག་ནས། །ཆོས་ཉིད་རང་སྣང་དོན་སྤྱོད་པ། །བདག་ཅག་རྣམས་ལ་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །མོས་པའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་མོས་པའི་འཁོར་རྣམས་ཉོན། །ང་ཡིས་རང་རིག་ཆོས་བསྟན་གྱིས། །ཁྱོད་ཀྱིས་རྟོག་མེད་ཡིད་ཀྱིས་ཉོན། །སེམས་ཀྱི་སྡུག་བསྔལ་ཇི་སྙེད་པ། །བསྐལ་པའི་བར་དུ་ཐར་བ་མེད། །དེ་ཉིད་སྤང་བར་བྱ་བའི་ཕྱིར། །སངས་རྒྱས་འོད་དཔག་མེད་པ་ཡིས། །དོན་དམ་རིག་པའི་ཀློང་ཡངས་ནས། །བརྗོད་མེད་ཚིག་བསྟན་ངོ་མཚར་ཆེ། །ང་ཡི་སྐུ་ལ་འགྱུར་མེད་ཀྱང་། །ང་ཡི་སྣང་བ་ཕྱོགས་བཅུར་སྣང་། །ང་ཡི་ཆོས་ཉིད་རང་སྣང་ཡང་། །མུན་པའི་ཕྱོགས་ཀྱིས་ཡོངས་མི་བརླག །སེམས་ཅན་སྣང་བ་བསམ་མི་ཁྱབ། །རྣམ་དྲུག་ལྡན་པའི་ཡུལ་དག་ནས། །

རྐྱེན་ལྔ་རྣམ་པར་འཕྲོས་པ་ཡིས། །སེམས་ཀྱི་གྲོགས་ནི་བཞི་དག་ལས། །བློ་ཡི་རྣམ་པ་དྲུག་ཏུ་ཤར། །རྣམ་པའི་ཡུལ་ལྔ་རབ་ཏུ་བཟུང་། །བཅུ་དྲུག་གམ་ནི་གསུམ་དག་གིས། །དྲི་མ་སྟོང་ཁ་ཡས་པ་འམ། །ཡང་ན་སྟོང་ཕྲག་བརྒྱད་ཅུའོ། །སྣང་བའི་དྲི་མ་གཉིས་དག་ལས། །ངར་འཛིན་དྲི་མ་གཉིས་སུ་སྣང་། །ཆོས་ཀྱི་དྲི་མ་བཞི་དག་ལས། །རྣམ་པའི་དྲི་མ་ལྔར་སྣང་བའོ། །མཐུན་པའི་མུན་པ་སུམ་འགྱུར་རོ། །སྣང་བ་ལས་ནི་མུན་པ་འབྱུང་། །མུན་ལས་སྣང་བ་ཉིད་ཀྱང་བསྟན། །བློ་ཡི་སྤྱོད་པ་དྲུག་དག་ལས། །རྐྱེན་ནི་དགུའམ་བརྒྱད་དུ་བསྟན། །དང་པོ་འབྱུང་བཞི་གཅིག་པ་ལ། །དེ་ནས་རྣམ་པ་བཞི་དག་ལས། །འདྲ་བའི་གཞི་ལས་གོལ་ས་གཉིས། །དེ་ནས་གསུམ་མམ་ལྔ་དག་བྱུང་། །མུན་པའི་ཆོས་རྣམས་བསམ་ཡས་ཏེ། །སྟོང་པ་མུན་པ་ལྔ་ཉིད་ཀྱང་། །ཉི་ཟེར་སྤྲིན་བསྒྲིབས་ཇི་བཞིན་ནོ། །དངོས་པོའི་མུན་པ་དྲུག་རྣམས་ནི། །དཔེར་ན་མིག་མཛེས་རོལ་མོ་བཞིན། །དེ་ཉིད་ལ་ཡང་རབ་ཏུ་ཆགས། །འཁོར་བའི་ལམ་ནི་ལྔ་ཉིད་དོ། །ཨེ་མ་དེ་ཡང་མུན་པའི་སྤྱོད་པ་རྣམས། །ང་ཡིས་སྣང་བ་འདི་བསྟན་པས། །ཐམས་ཅད་སྐྱེ་མེད་མིག་དང་ཉེ། །གོལ་བར་སྣང་བ་བློ་ཡིན་ཏེ། །བློ་ཡི་ཐེག་པ་བསམ་མི་ཁྱབ། །སྣང་བའི་ཡེ་ཤེས་སྐུར་འབར་བ། །རིག་པའི་སྤྱོད་པ་ཇི་སྙེད་པ། །སྣང་བ་རྣམ་པ་ལྔ་དག་གིས། །མུན་པའི་ཚོགས་དག་སེལ་བར་འགྱུར། །རྫོགས་པའི་ལྟ་བ་རྣམ་དྲུག་གིས། །དྲི་མའི་ཕྱོགས་དག་མེད་པར་འགྱུར། །དཀྱིལ་ཡངས་དབྱིངས་ལྡན་རྣམ་གཉིས་ཀྱིས། །གོལ་ས་རྣམ་གསུམ་སེལ་བར་འགྱུར། །རང་བྱུང་བཞག་ཐབས་རྣམ་གསུམ་གྱིས། །སྒྲིབ་པའི་ཕྱོགས་རྣམས་སེལ་བར་འགྱུར། །རྟོག་པའི་རྒྱལ་པོ་རྣམ་དགུ་ཡིས། །རྐྱེན་ལྔའི་ཕྱོགས་རྣམས་སེལ་བར་འགྱུར། །སྟོང་གསལ་ལམ་ཉིད་ལྔ་ཡིས་ཀྱང་། །གསང་བའི་མུན་གསུམ་སེལ་བར་འགྱུར། །མུན་པའི་ཕྱོགས་ཉིད་ཐམས་ཅད་ཀུན། །སྒྲོན་མ་འབར་བ་གཅིག་གམ་ནི། །ཤེས་རབ་དག་པའི་སྐུ་གཅིག་གིས། །ཐམས་ཅད་མ་

ལུས་སེལ་བར་འགྱུར། །ཆོས་ཉིད་རང་གི་ངོ་བོ་ནི། །གནས་ལུགས་རྣམ་པ་གསུམ་ལ་ཐུག །ཐུགས་ཀྱི་དགོངས་པ་རྩེ་གཅིག་ཀྱང་། །བྱུང་ས་ཆེན་པོ་གཅིག་ལ་ཐུག །དོན་གྱི་ཡེ་ཤེས་ཆེན་པོ་ཡང་། །བསྐྱལ་ས་ཆེན་པོ་གཉིས་ལ་ཐུག །དྲི་མེད་རང་སྣང་ཆོས་སྐུ་ཡང་། །ཤར་ས་ཆེན་པོ་གསུམ་ལ་ཐུག །འཛིན་ཆགས་བྲལ་བའི་རང་གདངས་ཀྱང་། །སྟོང་པ་ཆེན་པོའི་ལམ་ལ་ཐུག །རྡོ་རྗེ་སེམས་དཔའི་གསང་དོན་ཡང་། །དྲི་མ་དག་པ་གཅིག་ལ་ཐུག །རང་བཞིན་དག་པའི་ཆོས་སྐུ་ཡང་། །ཆགས་བྲལ་འབྲས་བུ་ལྔ་ལ་ཐུག །དངོས་ལས་འདས་པའི་ཐིག་ལེ་ཉག་གཅིག་ཀྱང་། །ཆོས་སྐུའི་གནས་ས་གསུམ་ལ་ཐུག །ཡེ་ནས་གནས་པའི་རང་གསལ་ཀྱང་། །བཅུད་ཀྱི་སྙིང་པོ་གསུམ་ལ་ཐུག །རང་རིག་གསལ་བའི་སྒྲོན་མ་ཡང་། །ལྟ་སྟངས་ཆེན་པོ་གསུམ་ལ་ཐུག །གསང་བའི་ཡེ་ཤེས་རྣམ་ལྔ་ཡང་། །རྡོ་རྗེ་གསང་བའི་ཚིག་ལ་ཐུག །གསང་བའི་ཆོས་སྐུ་ཆེན་པོ་ཡང་། །ཆོས་སྐུའི་སྣང་བ་གཉིས་ལ་ཐུག །རྟགས་ཀྱི་ཡེ་ཤེས་ཚོན་གང་ཀྱང་། །རང་བྱུང་བསྟན་པ་གཅིག་ལ་ཐུག །སངས་རྒྱས་དགོངས་པ་རང་གནས་དེ་བཞིན་ནོ། །ཨེ་མ་ཧོ། རྒྱུ་རྐྱེན་བྲལ་བའི་སྐད་ཅིག་མ། །དེ་མ་ཐག་ཏུ་རང་ལས་བྱུང་། །མཚོན་པའི་ཡེ་ཤེས་ངོ་བོ་ཡང་། །འབྱུང་བའི་རྐྱེན་བྲལ་རང་ལས་བྱུང་། །བརྟགས་པ་གཉིས་ཀྱི་ཆོས་རྣམས་ཀུན། །གཟུང་དང་འཛིན་པ་གཉིས་མེད་པས། །གཉིས་སྣང་ཡུལ་དུ་མེད་པས་ན། །བསམ་འདས་ངོ་བོ་བརྗོད་ལས་འདས། །སྐུ་ཡི་སྣང་བ་ཡེ་ནས་འགྱུར་མེད་ཀྱང་། །ཡེ་ཤེས་ཐུགས་ལ་འཁྲུལ་རྟོག་ཡེ་ནས་མེད། །གསང་སྔགས་ཐབས་ཀྱི་ཡེ་ཤེས་ཀུན་ཡངས་པ། །ཐིག་ལེ་ཉག་གཅིག་དགོངས་པ་བརྗོད་ལས་འདས། །གསང་སྔགས་རྒྱལ་པོ་རྡོ་རྗེ་ཨ་ཡི་བདག །ནང་མེད་ནང་ནས་རིན་ཆེན་མཛོད་སྣང་བ། །ཡེངས་མེད་རྒྱུན་གྱི་དམ་ཚིག་བསམ་ལས་འདས། །སྣང་མཛད་འཕྲུལ་གྱི་མེ་ལོང་དཀྱིལ་འཁོར་ཉིད། །བལྟ་བར་འདོད་ན་སྒྲོན་མའི་སྣང་བ་ལྟོས། །འཁོར་ལོའི་གཞལ་ཡས་སྐྱེ་དང་འབྲི་མེད་པས། །རང་

གསལ་ཐུགས་ཀྱི་རིག་པ་ཉིད་ལ་ལྟོས། །རང་བཞིན་ཆོས་ཀྱི་སྐུ་ཡི་སྣང་བ་ལས། །གཟུགས་བརྙན་མཚན་མ་སྐུ་ཡི་ཆོ་འཕྲུལ་ལྟོས། །སྟོན་པ་རྡོ་རྗེ་འོད་དཔག་མེད་པ་ཡིས། །སངས་རྒྱས་ཀུན་གྱི་ཡེ་ཤེས་གདུང་བཟུང་བས། །སྐྱེ་མེད་འོད་གསལ་སྣང་བའི་རང་ལུས་ཐོབ། །ཀྱེ་མ་གསང་སྔགས་ཉིད་ཀྱི་བལྟ་བའི་གནས་ལུགས་ལས། །རང་བཞིན་ཉིད་ཀྱི་སྣང་བ་རང་སྣང་བ། །རྡོ་རྗེ་སེམས་དཔའི་མེ་ལོང་འདི་བསྟན་པས། །ཡེ་ཤེས་སྤྱན་གྱིས་འགྲོ་བ་འདྲེན་པར་འགྱུར། །སེམས་ཀྱི་ཆོ་འཕྲུལ་བསམ་འདས་བརྗོད་མེད་པས། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པས་ན། །གསང་སྔགས་ཐིག་ལེ་སྟོང་དང་མི་སྟོང་མེད། །ཀྱེ་མ་སངས་རྒྱས་སྐུ་ནི་སྣ་ཚོགས་མ་ཡིན་པས། །ཡེ་ཤེས་སྣང་བ་གཅིག་དང་དུ་མར་མེད། །ཆེ་ཆུང་ཡུལ་མིན་ཤིན་ཏུ་རྟོགས་པར་དཀའ། །ཡང་དག་ཆེན་པོའི་གནས་ལུགས་དེ་བཞིན་ནོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། རང་བཞིན་སྣང་བའི་ཐུགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་ཡེ་ཤེས་ཀྱི་ལྷ་མོ་གསལ་བའི་རྒྱན་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །རང་སྣང་ཆེན་པོའི་ལྟ་སྟངས་གསུངས། །སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །དོན་དམ་དང་ནི་ཀུན་རྫོབ་བོ། །སྤྱི་དང་འདྲེན་པའི་ཁྱད་པར་ལས། །གསང་སྔགས་བཞུགས་ཚུལ་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་སེམས། །ཞི་བའི་གདན་ལས་ལངས་ནས་ནི། །ལས་ཀྱི་སྣང་བའི་ཆོ་འཕྲུལ་བསྟན། །ངེས་པའི་རྒྱུད་ཆེན་ལེའུ་འདི་གསུངས་སོ། །ཨེ་མ་ལྷ་མོ་རྒྱན་ལྡན་ཉོན། །ངས་བསྟན་ལེགས་པར་ཡིད་ལ་ཟུང་། །སེམས་ཀྱི་སྣང་བ་ཇི་སྙེད་པ། །ལས་ཀྱི་སྤྱོད་པ་ཆེན་པོས་སྤྱད། །རྣམ་རྟོག་ལས་ནི་ཇི་ཙམ་པར། །རང་སྣང་ཆེན་པོའི་ཀློང་དུ་བསྒོམ། །བསམ་བྱེད་འདུ་འཕྲོ་ཇི་སྙེད་པ། །ཐབས་ཀྱི་འདྲེན་སྒོ་ཆེན་པོར་བྱུང་། །ཆོས་ཉིད་དག་པའི་སྐུ་ཉིད་ཀྱང་། །སྣང་མཛེས་སེམས་ཀྱི་མེ་ལོང་ལྟོས། །ཨེ་མ་དྲི་མ་གཉིས་སུ་སྣང་བ་ཡང་། །མིང་ཙམ་དོན་ལ་ཡོད་མ་ཡིན། །ཉོན་མོངས་ཡིད་དྲུག་སྤྱོད་

པ་བཞི། །མངོན་སུམ་ཉིད་ལ་ཡོད་མ་ཡིན། །སངས་རྒྱས་སྐུ་ནི་ལོངས་སྤྱོད་ཀྱང་། །རང་སྣང་ཉིད་ལ་ཡོད་མ་ཡིན། །ཐིག་ལེའི་རང་འོད་རྣམ་ལྔ་ཡང་། །རྒྱུན་ཏུ་སྣང་བ་ཡོད་མ་ཡིན། །ཡན་ལག་དྲུག་ལྟར་བཤད་པ་ཡང་། །དོན་དམ་ཉིད་ལ་ཡོད་མ་ཡིན། །སེམས་ཅན་འཁྲུལ་པའི་སྣང་བ་ཡང་། །གཞི་སྣང་ཉིད་ལ་ཡོད་མ་ཡིན། །ཐབས་ཀྱི་གསང་བ་ཆེན་པོ་ལས། །སྐུ་ནི་རབ་ཏུ་སྐྱེ་མེད་པས། །རང་སྣང་ཆེན་པོར་སྣང་བའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། འཁྲུལ་སྣང་ཞིང་ཁམས་སུ་སྦྱར་བའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་ཀྱིས་ཏིང་ངེ་འཛིན་ལས་ལངས་ཏེ། སྣང་བ་ཆེན་པོས་ཕྱོགས་བཅུ་ཐམས་ཅད་ཀུན་ཏུ་ཁྱབ་པར་མཛད་དོ། །ཆོས་ཀྱི་སྐུའི་རོལ་པ་བསམ་གྱིས་མི་ཁྱབ་པ་མཛད་དོ། །དེ་ནས་ཡེ་ཤེས་ཀྱི་ལྷ་མོ་དབྱངས་མཁན་མས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཐུགས་རྗེ་ཆེན་པོ་དང་ལྡན་པ། རྩོལ་བ་ཅན་དུ་གྲོལ་བའི་གདམས་ངག་ནི་གང་ལགས། མི་གྲོལ་བའི་གདམས་ངག་ནི་གང་ལགས། སེམས་ཅན་རྣམས་གང་གིས་གྲོལ་བར་འགྱུར། བཤད་དུ་གསོལ།གསུང་དུ་གསོལ། ལུང་བསྟན་དུ་གསོལ། ཐབས་དམ་པ་བསྟན་དུ་གསོལ།ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་ཡེ་ཤེས་ཀྱི་ལྷ་མོ་ཁྱོད་ཉོན་ཅིག །ངས་ཐབས་ཀྱི་སྒོ་མ་འགགས་པར་བསྟན་གྱིས། ལེགས་པར་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྩོལ་བ་མི་མངའ་འོ། །རིག་པའི་སྐུ་ཉིད་ལ་རྩོལ་བ་མི་མངའ་བས། བྱ་བྱེད་དང་བཅས་པ་ཐམས་ཅད་ཀྱིས་མི་གྲོལ་བར་ངས་བསྟན་ཏོ། །བྱ་བཙལ་འདས་པའི་ཆོས་རྣམས་ཀྱིས་གྲོལ་བར་བསྟན་ཏོ། །ཡང་དག་པའི་གདམས་ངག་གིས་རིག་པ་མཚོན་པར་བྱེད་པ་ནི། ཆོས་ཀྱི་སྐུ་རིག་པའི་ཡེ་ཤེས་མཐའ་གང་ལ་ཡང་རག་མ་ལུས་པའོ། །རིག་པ་སྟོན་པར་བྱེད་པའི་ཐབས་ཀུན་གྱི་ཐུན་

མོང་མ་ཡིན་པ་འདིས་ཡང་དག་པའི་སྐུ་མཚོན་པའོ། །ཀྱེ་མ་རིགས་ཀྱི་ལྷ་མོ། རང་གི་མིག་གི་དེ་ཁོ་ན་ཉིད་སྙིང་པོ་རྡོ་རྗེའི་སྐུ། ལུ་གུ་རྒྱུད་དུ་བསྟན་པ་ནི། མིག་གི་དེ་བཞིན་ཉིད་སྐུ་གསུམ་འདུ་འབྲལ་མེད་པའི་དོན་རིག་པ་རང་གསལ་གྱི་དགོངས་པ། མ་བཅོས་པའི་ཡེ་ཤེས་མཁས་པས་བལྟ་བར་བྱའོ། །རྒྱང་ཞགས་ཆུའི་སྒྲོན་མ་ལ་ཡང་དག་པའི་སངས་རྒྱས་རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཡོངས་སུ་གསལ་བའོ། །དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པར་གནས་ཏེ། དོན་གྱིས་མ་བསྒྲིབས་པ་རང་སྣང་བའི་མིག་གིས་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནི་དེ་ཉིད་ལ་གཟུང་བར་བྱའོ། །དེའི་ཚེ་རིག་པའི་སྣང་བའི་ངོ་བོ་དང་བཅས་པ་དེ་ཉིད་རིག་པ་ཅོག་བཞག་གི་བལྟ་བ་དྲན་པར་བྱའོ། །རིག་པ་དེ་ཉིད་རང་གི་འདུག་ཚུལ་གྱི་དངོས་པོ་དེ་ཉིད་ལས་མ་གཡོས་པས། དེ་ཡང་དེ་ཉིད་ལ་མིག་གི་ཟུར་གྱིས་བལྟ་བར་བྱའོ། །དེ་ནས་རང་གི་དབྱིངས་ཀྱི་སྣང་བ་སྐུ་དང་བཅས་པ་གསལ་ལོ། །སངས་རྒྱས་ཐིག་ལེ་ཉག་གཅིག་གི་དགོངས་པར་རང་བྱུང་གི་ཡེ་ཤེས་ཀྱི་ངང་ལས་མ་གཡོས་ན། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དེ་བཞིན་ཉིད་མཐོང་བར་འགྱུར་རོ། །དེའི་ཚེ་གླང་པོ་ཆེའི་ལྟ་སྟངས་ཀྱི་དགོངས་པ་ལ་གནས་ཤིང་།སེང་གེའི་མཆོངས་སྟངས་ཀྱིས་ངོ་བོ་འབྲུ་ཚུགས་སུ་གཟུང་བར་བྱའོ། །ཁྱུང་ནམ་མཁའ་ལ་ལྡིངས་པའི་འགྲོས་ཀྱིས་རྗེས་བཅད་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་ངོ་བོ་དེ་བཞིན་ཉིད་མཐོང་བར་འགྱུར་རོ། །དེའི་ཚེ་སྣང་བ་ཡེ་ཤེས་ལ་སློང་བའི་གདམས་ངག་ལ་གནས་པར་བྱའོ། །དེ་ནས་ཡང་བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཉིད་ལ། སྣང་བའི་ལྷ་མོ་ཀུན་ནས་འོད་ཟེར་ཞེས་བྱ་བས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ལ་ངོ་སྤྲད་པས་ཆོག་གམ། ངོ་སྤྲད་པ་ལ་དགོས་པ་ཅི་ཡོད། དེས་གྲོལ་བ་ལགས་སམ་ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཀྱེ་འཁོར་གྱི་ལྷ་དང་ཀླུ་དང་བྱང་ཆུབ་སེམས་དཔའ་རྣམས་ཉོན་ཅིག །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་

ངོ་སྤྲད་དུ་མེད་དོ། །སྤྲད་པའི་ཡུལ་མེད་དོ། །ངོས་བཟུང་ཐམས་ཅད་དང་བྲལ་བས་ངོ་སྤྲད་པའི་རྒྱུ་རྐྱེན་དང་བྲལ་བའོ། །ངོ་སྤྲད་པ་ལ་དགོས་པ་ནི་གང་ཡང་མེད་པར་བསྟན་པའོ། །རིགས་ཀྱི་བུ་རིག་པའི་དེ་བཞིན་ཉིད་མིག་གི་དེ་ཁོ་ན་ཉིད་ཅོག་བཞག་གིས་བལྟ་ཤེས་ན་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་ཤེས་པར་འགྱུར་རོ། །ཀྱེ་མ་རིགས་ཀྱི་བུ། ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་དུས་ཀྱི་མཐའ་མ་ལྔ་བརྒྱ་ཐ་མའི་དུས་སུ། བསླུ་བྲིད་བྱིས་པའི་ངང་ཚུལ་ཅན་དག་གིས་སངས་རྒྱས་ཀྱི་དགོངས་པ་དཔེ་ལ་ཡིད་ཆེས་བྱེད་པའི་དུས་འབྱུང་སྟེ། དེའི་ཚེ་ངའི་རྒྱུད་གསང་བ་འདི་འབྱུང་བ་ཡིན་ནོ། །ཡང་དག་པའི་རིག་པ་ཉིད་ལ་དཔེས་མཚོན་དུ་མེད་དོ། །རང་བཞིན་གྱིས་འོད་ལྔ་རང་ཆས་སུ་ཡོད་པ་ལ་གཟུགས་བརྙན་གྱི་འོད་ལྔ་བསྟན་ཀྱང་སངས་རྒྱ་བར་མི་འགྱུར་རོ། །མ་ཆགས་པའི་ཆགས་པ་ཆེན་པོས་མ་སྤྱད་ན། རྩོལ་བ་དང་བཅས་པའི་དཔེས་མ་བྱས་པའི་ཆོས་ཉིད་རྙེད་པར་མི་འགྱུར་རོ། །རྩོལ་བསྒྲུབ་ཐམས་ཅད་དང་བྲལ་བའི་ཅོག་བཞག་གཅིག་གི་ངང་དུ་བཞག་མ་ཤེས་ན། རྟོག་པ་དང་བཅས་པའི་ཡིད་ཀྱིས་ཡང་དག་པའི་དོན་རྙེད་པར་མི་འགྱུར་རོ། །དེ་ནས་ཡང་ཞུས་པ། ཀྱེ་མ་སྟོན་པ་ཆེན་པོ། རིག་པའི་ངོ་བོ་ཐབས་གང་གིས་མཐོང་བར་འགྱུར། ལུང་བསྟན་དུ་གསོལ། སྣང་བ་བསྟན་དུ་གསོལ། དེ་ནས་ཡང་བཀའ་སྩལ་པ། ཀྱེ་མ་སྣང་བ་སྟོན་པའི་ལྷ་མོ་རྣམས་ཉོན་ཅིག །ཡང་དག་པའི་མན་ངག་རྩོལ་བསྒྲུབ་ཐམས་ཅད་དང་བྲལ་བ་ནི། མི་སྣང་བའི་སྣང་བ་ཆེན་པོ་ལ་མཁས་པར་བྱའོ། །རིག་པའི་སྐུ་རྣམ་པ་རང་གསལ་བལྟ་བར་བྱ་སྟེ། སྐུ་མེད་པའི་སྐུའི་ཀློང་དུ་ཐམས་ཅད་འུབ་ཆུབ་པར་འགྱུར་རོ། །སངས་རྒྱས་ཀྱི་སྐུ་གཟིགས་སྣང་ཐམས་ཅད་དང་བྲལ་ཀྱང་། རིག་པའི་སྐུ་མངོན་སུམ་དུ་གསལ་བས་ཡེ་ཤེས་འཆར་ནུབ་མེད་པར་བསྟན་པར་བྱའོ། །རང་སྣང་ཆོས་ཉིད་ཀྱི་སྣང་བ་དབྱིངས་རྣམ་པར་དག་པའི་སྒྲོན་མ་ལ་གནས་པར་བྱ་སྟེ། དེའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་མངོན་པར་

དགའ་བ་མཐོང་བར་འགྱུར་རོ། །སྣང་བ་ཆོས་ཉིད་ལ་བྱར་མེད་པས་བྱ་མི་དགོས། བཙལ་དུ་མེད་རྩོལ་བ་ལས་འདས་སོ། །རིག་པའི་གནས་ལུགས་ལ་མཁས་པས་བསྟན་པར་བྱའོ། །རིག་པའི་འགྲོས་ཉིད་ལ་ཕུགས་གཏད་དོ། །རིག་པའི་འབྱུང་ས་ཉིད་ལ་གཅུན་པར་བྱའོ། །རིག་པའི་གནས་ས་ལ་གཟེར་གདབ་པར་བྱའོ། །རིག་པའི་བསྐྱལ་ས་ཆེན་པོ་གཅིག་གིས་ལ་བཟླ་བར་བྱའོ། །མཐོང་སའི་སྐུའི་སྣང་བ་ལ་བསྟན་པའི་ཚིག་གིས་གཟེར་གདབ་པར་བྱའོ། །རིག་པའི་རྩལ་གསུམ་ལུས་ལ་འབྱོངས་པར་བྱའོ། །སྣང་སའི་འཆར་ལུགས་གཅིག་གི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །རིག་པའི་ལྟ་སྟངས་ཆེན་པོ་གཅིག་གི་དེ་བཞིན་ཉིད་ཤེས་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །སྐུའི་གནས་ལུགས་གཅིག་མཐོང་ན། སྐུ་ཐམས་ཅད་ཀྱི་གནས་ལུགས་མཐོང་བར་འགྱུར་རོ། །ཡེ་ཤེས་ཀྱི་འཆར་ས་གཅིག་གི་དོན་ཤེས་ན།ཆོས་སྐུའི་དེ་བཞིན་ཉིད་ཤེས་པར་འགྱུར་རོ། །རང་རིག་པའི་སྐུ་གཅིག་མཐོང་ན་རིག་པའི་སྐུ་ཐམས་ཅད་མཐོང་བར་འགྱུར་རོ། །རིག་པའི་སྐུའི་སྣང་བ་ཐམས་ཅད་རང་སར་གྲོལ་ཞིང་། རང་སར་གནས་རང་ས་ལས་གཞན་དུ་མ་གཡོས་པ་ཉིད་དོ། །སངས་རྒྱས་ཀྱི་ཡེ་ཤེས་ཀུན་ཏུ་སྣང་ཞིང་། གཞི་སྣང་ཆེན་པོ་ལས་མ་བསྐྱོད་པའོ། །རིག་པ་ཅོག་བཞག་ནི་བལྟ་བ་ཀུན་གྱི་བཅུད་ཕྱུང་བའོ། །དེ་ཡང་མིག་གི་དེ་བཞིན་ཉིད་ཀྱི་འདུག་སྟངས་ལ་གནས་པར་བྱའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། ཤིན་ཏུ་གསང་བའི་གདམས་ངག་གི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་འཁོར་རྣམས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་སྔགས་གསང་བའི་གདམས་ངག་འདི། །བསྟན་པའི་སྣོད་ནི་གང་གང་ལགས། །བསྟན་དུ་མི་རུང་གང་དག་ལགས། །དཔའ་བོ་ཆེན་པོས་བཀའ་སྩལ་ཅིག །དེ་ནས་རྡོ་རྗེ་འཆང་ཆེན་དེས། །འདི་སྐད་རབ་ཏུ་བཀའ་སྩལ་ཏོ། །ཀྱེ་མ་ཉོན་ཅིག་ལྷ་མོའི་རིགས། །ངས་བསྟན་

ལེགས་པར་ཡིད་ལ་ཟུང་། །སྣང་བའི་དཀྱིལ་འཁོར་ཆེན་པོ་འདི། །ཀུན་ལ་བསྟན་པ་མ་ཡིན་ཏེ། །གསང་བ་ཐུབ་པ་འགའ་ལ་བསྟན། །གསང་སྔགས་གསང་བའི་གདམས་པ་འདི། །བསྟན་པའི་རིགས་ནི་འདི་ལྟ་སྟེ། །གསང་བ་གཉེར་གཏད་ཐུབ་པར་བྱེད། །གསང་བའི་དོན་ལ་འགྲུས་པ་དང་། །ཤེས་རབ་བློ་རྩལ་ཆེ་བ་དང་། །དམ་ཚིག་སྡོམ་པ་ལྡན་ལ་བསྟན། །དེ་ནས་ཁྱད་པར་འཁོར་རྣམས་ཀྱིས། །རྡོ་རྗེ་འཆང་ལ་ཡང་ཞུས་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་ཆེན་མན་ངག་གསང་དོན་འདི། །རང་དགར་བསྟན་པ་མ་ཡིན་ཏེ། །ངེས་པའི་ལུང་རྒྱལ་ཁུ་བྱུག་མཆོག །འདི་ཉིད་བསྟན་པའི་གང་ཟག་རྣམས། །རིགས་དང་སྤྱོད་ལམ་ཆེན་པོ་དང་། །ཁ་དོག་མཚན་ཉིད་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །ཁྱད་པར་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཁྱད་པར་འཁོར་ཚོགས་ཉོན། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །རིགས་ཀྱི་ཁྱད་པར་འདི་ལྟ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེ་རིགས་ཆེན་པོ་དང་། །ཁྱད་པར་ཆེན་པོའི་མི་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་བྱ། །ཡང་ན་རིགས་མེད་ཁ་དོག་བརྟགས། །ཕོ་མོ་གཉིས་ནི་གང་ཡང་རུང་། །ཁ་དོག་འདི་དང་ལྡན་པ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་གནག །སོ་ཉིད་ཐགས་བཟང་དཀར་ལ་འགྲིག །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྡི་ཆུང་བ་དང་། །ཕྱི་ཡི་སྤྱོད་ཡུལ་ཐ་མལ་མདོག །ཚིག་རྣམས་ཤུགས་འབྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲ་བ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་བྱ། །དེ་རྣམས་གཅིག་ལ་རྫོགས་པ་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་དར་

ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཀྱང་། །གསང་བའི་མན་ངག་བཅུད་འདི་གཏད། །རྒྱུ་ཆུང་ཡོ་བྱད་མེད་པ་ན། །རང་གིས་ཡོ་བྱད་སྦྱར་ནས་ཀྱང་། །ལྷག་མ་མེད་པར་རབ་ཏུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟགས་ཐབས་རྣམས། །ང་ནི་མྱ་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་ལྡན་པའི་སྐྱེས་བུ་ལ། །གོང་གི་གདམས་ངག་བསྟན་པར་བྱའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་གསང་བ་ཆེན་པོ་ལས། གསང་སྔགས་སྦྱིན་པའི་སྣོད་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་འཁོར་ཆེན་པོ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པའི་དོན་ཅི་ལྟ་བུ་ལགས་ལུང་བསྟན་དུ་གསོལ། ཞེས་ཞུས་སོ། །དེ་ནས་ཡང་བཀའ་སྩལ་པ། ཨེ་མ་ཧོ། འདུས་པའི་འཁོར་ཆེན་པོ་རྣམས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བལྟ་བ་རང་བྱུང་གི་ཡེ་ཤེས་ནི་དངོས་པོ་གང་གི་ཡང་ཕྱོགས་སུ་མ་ལྷུང་བར་སྣང་བའི་དུས་ན། གང་ལྟར་ཡང་བལྟ་ཞིང་སྣང་བའོ། །རང་སྣང་གི་སྐུ་བསམ་པ་ལས་འདས་ཏེ། མངོན་སུམ་གྱི་ཡུལ་སྣང་བ་མ་བཀོད་པར་སྣང་བའོ། །རྒྱན་དམ་པ་ཡེ་ཤེས་ཀྱི་སྐུ་འོད་དང་ཟེར་དུ་སྣང་བའོ། །དེའི་ཚེ་སྐུའི་སྣང་བ་རྒྱ་ཆེན་པོ་དག་མཐོང་བར་འགྱུར་རོ། །རིག་པའི་སྐུ་ཡུལ་མེད་པ་ལས་ཡུལ་ལྟར་སྣང་བ་འབྱུང་སྟེ། དེའི་ཚེ་རྡོ་རྗེ་འཛིན་མེད་ཀྱི་སྐུ་མཐོང་བར་འགྱུར་རོ། །དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཡང་དག་པའི་བལྟ་བ་རིག་པའི་ཡེ་ཤེས་སྐུ་རྡོ་རྗེའི་གནས་ལུགས་གསུང་དུ་གསོལ། དེ་ནས་ཡང་བཀའ་སྩལ་པ། ཀྱེ་འདུས་པའི་འཁོར་རྣམས་ཉོན། ཡུལ་ལས་འདས་པའི་

དབྱིངས་ངོ་མ་ཤེས་ན། རིག་པའི་གནས་སྟོང་པར་འགྱུར་རོ། །དེ་ཡང་ཡུལ་ལས་འདས་པའི་དབྱིངས། འབྱུང་བ་ལས་འདས་པའི་རང་གདངས། མཚོན་པ་ལས་འདས་པའི་རང་སྣང་ངོ་། །སེམས་ལས་འདས་པའི་རིག་པ་ངོ་མ་ཤེས་ན། ཆོས་ཐམས་ཅད་ཀྱི་འབྲས་བུ་བརླག་པར་འགྱུར་རོ། །དེ་ཡང་རིག་པ་རང་སྣང་གིས་ཡེ་ཤེས་ཚིག་ལས་འདས་པ། སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་སྣང་བ་ལས་འདས་པ། རང་བྱུང་སྟོབས་ཀྱི་རིག་པ་འཛིན་པ་ལས་འདས་པའོ། །རིག་པ་ཡེ་ཤེས་ཀྱི་སྐུ་ལ་མཚན་མའི་ཡུལ་མེད་པས། རང་སྣང་ཞིང་རང་གིས་དོན་ལས་མ་འདས་པའོ། །ཀྱེ་མ་རིག་པའི་སྐུ་ལ་འགྱུར་བྱེད་མེད་ཀྱང་། བཟུང་བར་དཀའ་བ་ནི་སྨིག་རྒྱུ་ལྟ་བུར་སྣང་ངོ་། །གསང་བའི་གནས་ན་གནས་པའི་རིག་པ་ངོ་བོ་སྙིང་པོ་རྡོ་རྗེའི་ལུས་ཅན་མཐོང་བའི་ཚེ། སངས་རྒྱས་ཐམས་ཅད་ཀྱི་སྐུའི་སྣང་བ་འཆར་ཏེ། མཐོང་བའི་ཡུལ་རྣམ་པར་དག་ན། དམིགས་པ་ཅན་ཡེ་ཤེས་སུ་འཆར་བ་ཞེས་བྱའོ། །དེ་ཡང་སྐུའི་སྣང་བ་ཉིད་དུ་མར་མེད་ཅིང་དུ་མ་དང་བྲལ་བའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། རང་བཞིན་ཀུན་སྣང་དུ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་སྣང་ཆེན་པོའི་ལྟ་སྟངས་རྣམས། །མོས་པའི་འཁོར་ལ་གསུང་དུ་གསོལ། །དེ་ནས་རྡོ་རྗེ་འཆང་ཆེན་དེས། །ཏིང་ངེ་འཛིན་ལས་ལངས་ནས་ནི། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་རང་བཞིན་ལྷ་མོ་རྣམས། །ཡང་དག་ངེས་པའི་ལུང་རྒྱལ་འདི། །ཀུན་གྱི་སྤྱོད་ཡུལ་མ་ཡིན་ཏེ། །གསང་སྔགས་བལྟ་བའི་གནས་ལུགས་ནི། །གཅིག་དང་དུ་མར་མེད་པ་ནི། །གསང་བའི་རིག་པ་རང་སྣང་ནི། །རང་རིག་རྒྱུན་གྱི་བལྟ་བའི་སྐུ། །ཐིག་ལེ་ཉག་གཅིག་བརྟགས་དཀའ་བས། །གསང་སྔགས་ཡེ་ཤེས་ཡོངས་སུ་རྫོགས། །ལྟ་བའི་སྣང་བ་ཅིག་ཆར་བས། །གསང་

བའི་སྐུ་ལས་འོད་འབྱུང་བས། །འགྲོ་བའི་རིག་པའི་མིག་གསལ་བས། །དྲི་མ་མེད་པའི་དབྱིངས་རིག་ནི། །འདུ་འབྲལ་མེད་པའི་ངང་དུ་རྫོགས། །ཡོངས་རྫོགས་སྐུ་ནི་འོད་དུ་འབར། །ཆོས་ཀྱི་སྐུ་ཡི་སྣང་བ་ལས། །སྐུ་གསུམ་སྣང་བ་དུས་གཅིག་རྫོགས། །རང་གསལ་ཐབས་ཀྱི་ཡེ་ཤེས་སྐུ། །རང་རིག་ཅོག་བཞག་བལྟ་བ་ནི། །མ་ཡེངས་ངང་ལ་ཅིར་ཡང་གསལ། །དུ་མ་ཅིག་ཆར་རྫོགས་པས་བདེ། །རང་སྣང་ཐབས་ཀྱི་རྒྱན་དུ་སྣང་། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ནི། །མཚོན་བྱེད་སྤྲོས་པ་མེད་པས་ན། །གནས་པའི་དུས་ན་སྐུ་ལྟར་གནས། །འཆར་བའི་དུས་ན་ཡེ་ཤེས་ཏེ། །རྒྱུན་དུ་སྣང་ལུགས་དེ་བཞིན་ནོ། །དེ་ཡང་སྣང་ལུགས་སྐུ་ཡི་དབྱིབས། །གཅིག་དང་གཉིས་སུ་བལྟ་བ་ལ། །རང་རྫོགས་སྣང་བ་ཆེན་པོ་ནི། །བདག་གཞན་གཉིས་ཀྱི་མཐའ་འདས་ནས། །རིག་པ་མ་དང་ཕྲད་པའི་རྟགས། །ཡེ་ཤེས་རྒྱུན་གྱི་དམ་ཚིག་ནི། །རྟག་པར་སྣང་བ་ཐམས་ཅད་ཀུན། །མ་བཅོས་ཆོས་ཀྱི་དབྱིངས་སུ་བལྟ། །ཀ་དག་དྲི་མ་མེད་པའི་རིག་པ་ནི། །སྐུ་ལས་ཡང་དག་དབྱིངས་སུ་ཐིམ། །རིག་པའི་མེ་ལོང་བལྟ་ཤེས་ན། །ཆོས་ཉིད་དབྱིངས་སྣང་མ་འགགས་གསལ། །རིག་པའི་སྐུ་ཉིད་བལྟ་འདོད་ན། །དྲི་མ་སངས་པའི་ནམ་མཁར་ལྟོས། །རྐྱེན་ཉིད་རང་དུ་བལྟ་འདོད་ན། །མཐའ་ཡས་སྐུ་ཡི་ཀློང་དུ་ལྟོས། །འཕྲོ་ཞིང་འདུ་མེད་བལྟ་འདོད་ན། །ཆོས་ཀྱི་དབྱིངས་ཀྱི་རྒྱན་ལ་ལྟོས། །རང་བཞིན་གཟུགས་བརྙན་བལྟ་འདོད་ན། །དྲི་མེད་དབྱིངས་རིག་གཉིས་ལ་ལྟོས། །སྐུ་ཡི་འོད་ཟེར་བལྟ་འདོད་ན། །བྱ་བྱེད་མེད་པའི་ངང་དུ་ལྟོས། །དེ་ནི་རྫོགས་ཆེན་ལྟ་སྟངས་སོ། །དེ་ནས་ཡང་དག་ངེས་པའི་ལུང་། །འདི་ཉིད་དོན་གྱིས་བཀྲོལ་ཏེ་གསུངས། །རང་བཞིན་ཉིད་ཀྱི་སྣང་བ་ལས། །ངོ་བོ་ཉིད་ཀྱི་སྐུར་ཤར་བ། །འཛིན་མེད་ངང་དུ་རང་རིག་གསལ། །སྤྲོས་པ་མེད་པའི་ཆོས་དབྱིངས་ལས། །འཛིན་ཆགས་མེད་པའི་འོད་སྣང་བས། །བལྟ་

བ་མེད་པའི་ལྟ་བ་ཡིས། །ཕྱོགས་རིས་མེད་པའི་ངང་དུ་འུབ། །རང་བྱུང་དགོངས་པའི་བཞག་པས་ནི། །དུ་མ་རང་གྲོལ་ངང་དུ་འུབ། །རྫོགས་པ་ཆེན་པོའི་རིག་པ་ནི། །མགོན་པོ་དྲི་མ་མེད་པ་ལས། །མཐའ་ཡི་མུན་པ་རང་རིག་སངས། །ཆོས་ཉིད་གསུང་གི་རོལ་པ་ལས། །རྡུལ་མེད་དྲི་མ་རང་སར་གྲོལ། །སྐུ་ནི་སྣ་ཚོགས་དག་པས་ན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས། །དོན་དམ་བསམ་ཡས་ལྷུན་གྲུབ་པས། །ཆོས་ཀྱི་སྐུ་ཡི་རྒྱུ་ཉིད་ལས། །སེམས་ཅན་ཀུན་གྱི་རང་ལུས་རྫོགས། །ཆོས་ཉིད་གསལ་བའི་གསལ་ལམ་ལས། །རིག་པའི་སྐུ་ལ་འདུ་འབྲལ་མེད། །བྱེད་པའི་རྒྱུ་ནི་གཉིས་ལྟར་སྣང་། །སྣང་བའི་རྒྱུ་ནི་གཅིག་ལས་མེད། །དྲི་མེད་དག་པའི་སངས་རྒྱས་ལ། །རྒྱུ་མཐུན་ཉིད་དུ་བྱ་བ་མིན། །སྤྲོས་མེད་ཚིག་ནི་སྣ་ཚོགས་རྫོགས། །སེང་གེ་རྩལ་རྫོགས་ཆེན་པོ་ཡི། །ལྟ་སྟངས་ཆེན་པོར་བཤད་པའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་གསང་བ་ལས། རྫོགས་ཆེན་ལྟ་སྟངས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་ལྷ་མོ་རྨ་བྱའི་མགྲིན་ཅན་གྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་སྟོན་པ་བཅོམ་ལྡན་རྡོ་རྗེ་འཆང་། །རང་རིག་གནས་ལུགས་གསུང་དུ་གསོལ། །དེ་སྐད་རབ་ཏུ་ཞུས་པ་དང་། །བཅོམ་ལྡན་ཉིད་ཀྱིས་བཀའ་སྩལ་པ། །ཉོན་ཅིག་ཡེ་ཤེས་ལྷ་མོ་ཁྱོད། །ང་ཡིས་སྣང་བའི་དོན་བསྟན་གྱིས། །སོམ་ཉི་ཡིད་གཉིས་རབ་སྤངས་ལ། །མ་ཡེངས་གུས་པའི་ཚུལ་གྱིས་ཉོན། །གསང་སྔགས་ཀུན་གྱི་ལྟ་བ་ནི། །བྱེད་པ་མ་ཡིན་བྱ་བ་མེད། །གསང་བའི་ངང་དུ་ཀུན་རྫོགས་པས། །རྒྱུན་དུ་བྱེད་པ་ཡོངས་ཀྱིས་མེད། །ནང་མེད་ནང་གི་དངོས་པོ་ལས། །ཕྱི་ནང་གཉིས་ཀའི་ཕྱི་ཉིད་ནང་། །ཡོད་མེད་སྟོང་པ་ཉིད་ཡིན་པས། །རང་བཞིན་སྣང་བ་ཐད་ཀ་ལས། །ཆོས་ཀྱི་སྐུ་ནི་མུན་པ་སངས། །ཆོས་ཀྱི་སྐུ་ནི་གཅིག་ཡིན་པས། །བྱ་བྱེད་དྲི་མ་གཉིས་ལས་འདས། །རིག་པའི་སྣང་བ་རང་

རྫོགས་པས། །ཆོས་ཀྱི་མེ་ལོང་བཞིན་སྣང་བས། །གསལ་བའི་འོད་ནི་སྣ་ཚོགས་འབྱུང་། །དྲི་མ་གསུམ་ལས་རབ་འདས་པས། །དཔེར་ན་ནམ་མཁའ་སྤྲིན་མེད་བཞིན། །སྣང་དང་མི་སྣང་མཐའ་ལས་འདས། །སངས་རྒྱས་ཆོས་ལ་མི་གནས་པས། །རྣམ་རྟོག་དྲི་མའི་སྐྱོན་དང་བྲལ། །སྐུ་གསུམ་རང་རྫོགས་ཆོས་ཉིད་ནི། །བྱེད་པ་མ་ཡིན་རང་སར་གྲོལ། །ཆོས་སྐུ་དྲི་མ་མི་གནས་པས། །འཛིན་མེད་ཐིག་ལེ་རྣམ་པར་དག །ཐིག་ལེ་ཉག་གཅིག་སྣང་བ་ལ། །རྟོག་པའི་ཡིད་ནི་ག་ལ་ཡོད། །དབྱིངས་ཀྱི་སྒྲོན་མའི་རྒྱན་བཟང་ལས། །ཆོས་ཉིད་ཡུལ་གྱི་སྣང་བ་ཤར། །སྣ་ཚོགས་སྣང་བ་བསམ་མི་ཁྱབ། །ཀྱེ་ཀྱེ་རང་སྣང་ལྷ་མོ་ཉོན། །ང་ཡི་ཆོས་ལ་ཚིག་མེད་པས། ། )སྟོང་པའི་ཕྱོགས་ལ་རབ་གནས་ཤིང་། །ཉི་ཚེ་ཕྱམ་ཆད་མ་ཡིན་པས། །དངོས་པོར་ཡོད་པ་ཉིད་ལས་འདས། །ང་ལ་ཆོས་དང་སེམས་མེད་པས། །སྟོང་པ་ཉིད་དུ་བདག་མི་བལྟ། །འཛིན་ཆགས་སྤྱོད་པའི་ཡུལ་ལས་འདས། །སེམས་ལས་སངས་རྒྱས་མི་འབྱུང་བས། །འཁོར་བའི་རྩ་བ་ང་མི་བསྒྲུབ། །ཆོས་ཀྱི་སྐུ་ལ་ཡུལ་མེད་པས། །ཁ་དོག་ལྔ་པོས་སུ་ཞིག་བྱ། །རིག་པའི་སྐུ་ལ་རང་སྣང་བས། །ངོ་སྤྲོད་ཉི་ཤུས་སུ་ཞིག་གྲོལ། །རང་རིག་སྐུ་ལ་བལྟར་མེད་པས། །དྲི་མེད་དག་པ་ཆེན་པོའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། སྣང་བ་ཡེ་ཤེས་སུ་སྣང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བའི་རིགས་རྡོ་རྗེ་མཁའ་འགྲོ་མས། རྡོ་རྗེ་འཆང་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་པའི་སྐུ་ནི་བསམ་ཡས་ལ། །གཅིག་ཏུ་བསྡུ་བ་གསུང་དུ་གསོལ། །དེ་ནས་རྡོ་རྗེ་འཆང་ཆེན་དེས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །བལྟ་བ་གསང་བའི་སྔགས་བརྗོད་ཀྱིས། །མ་ཡེངས་ཡིད་ཀྱིས་གུས་པས་ཉོན། །ཀྱེ་ཀྱེ་རྡོ་རྗེ་འཛིན་མའི་ཚོགས། །བྱ་བ་མི་བྱེད་བྱེད་

པ་སྤང་། །བསྒྲུབ་པ་མི་བྱ་སྔགས་ཀྱི་ཚིག་མི་བཟླས། །ཆོས་ལ་མི་སྤྱད་དྲན་པའི་རྗེས་སུ་མིན། །ཡིད་ལ་མི་བྱ་རྟོག་པ་རྣམ་སྤངས་ཏེ། །རང་སྣང་གཅིག་ལས་མེད་པར་གསུངས། །སྣ་ཚོགས་སྐུ་ནི་བསམ་ཡས་ཀྱང་། །ཡེ་ཤེས་སྐུ་གཅིག་བསྟན་པ་ཡིས། །ཐམས་ཅད་རང་རིག་གྲོགས་སུ་འགྱུར། །ཨེ་མ་ཧོ་རབ་ཏུ་སྣང་བའི་སྣང་བ་ཡི། །སྐུ་ཡི་དོན་ནི་བརྗོད་ལས་འདས། །མཚན་མའི་ཡུལ་ནི་ཀ་དག་པས། །དྲི་མའི་ཕྱོགས་ཀྱིས་ང་མི་བསྒྲིབ། །ང་ལ་སྐྱེ་དང་འཆི་མེད་པས། །དགེ་བའི་ཕྱོགས་ཀྱིས་ང་མི་སྐྱོབས། །ང་ལ་ལུས་སེམས་གཉིས་མེད་པས། །སྡིག་པས་ང་ཡི་སྐུ་མི་བསྒྲིབ། །རང་རིག་ཡེ་ཤེས་འོད་གསལ་བས། །འཁོར་བའི་མུན་པས་ང་མི་བསྒྲིབ། །ང་ལ་ཞེ་སྡང་སེམས་མེད་པས། །ཞི་གནས་ལྷག་མཐོང་སུ་ཞིག་འདོད། །ང་ལ་འཛིན་པའི་ཕྱོགས་མེད་པས། །རྟོག་པའི་བསམ་པས་མཐའ་མི་རྙེད། །ཧ་ཧ་ཆོས་མེད་པ་ལ་ཆོས་ཉིད་བྱུང་། །ཡུལ་མེད་པ་ལ་ཡུལ་ལྟར་སྣང་། །ཆོས་མིན་ཤེས་རབ་འཁོར་གསལ་བས། །དྲན་བྱེད་ཡུལ་དུ་མེད་པའོ། །ཨེ་མ་ཧོ། ཆོས་ལས་འདས་པའི་སྐུ་མ་ཤེས་ན། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །ཆོས་ཐམས་ཅད་ཀྱི་ཡེ་ཤེས་ངོ་ཤེས་པར་འདོད་ན། ཡིད་རང་བྱུང་གི་ཡེ་ཤེས་ལ་དྲིས་ཤིག །སངས་རྒྱས་ཐམས་ཅད་ཀྱི་སྐུའི་སྣང་བ་བལྟ་བར་འདོད་ན། རིག་པ་མི་འབྱེད་པའི་སྐུ་ངོས་ཟུང་ཞིག །ཆོས་ཉིད་ཡུལ་གྱི་སྣང་བ་ལ་གཏན་ཚིགས་ཀྱི་གཟེར་ཐེབས་པར་འདོད་ན། ཡེ་ཤེས་མཁའ་གསལ་གྱི་སྣང་བ་ལ་ལྟོས་ཤིག །དེ་བཞིན་དུ་སྐུའི་སྣང་བ་ལ་རྟག་ཏུ་ལྟོས་ཤིག །ཅེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། ཆོས་ལས་སངས་རྒྱས་མི་འབྱུང་བའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་རིན་ཆེན་རིགས་ཀྱི་མཁའ་འགྲོ་མས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། རིག་པའི་སྐུ་དང་མཚན་ཉིད་ཇི་ལྟ་བུ་གསུང་དུ་གསོལ། དེ་ནས་ཡང་

བཀའ་སྩལ་པ། ཀྱེ་རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་འཁོར་བྱེ་བ་དང་བཅས་པ་ཉོན་ཅིག །ཡང་དག་པའི་རིག་པ་སྤྱན་ལྔའི་དེ་བཞིན་ཉིད་ཐོབ་པར་འདོད་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །དེ་ཡང་རིག་པའི་སྐུ་དེ་མངོན་སུམ་དུ་སྣང་ཞིང་། མངོན་སུམ་ལ་རབ་ཏུ་གནས་པས། ཤའི་སྤྱན་གྱིས་མངོན་སུམ་དུ་མཐོང་བྱེད་མ་འགགས་སོ། །དེའི་དོན་ལས་ཕྱི་ནང་གི་དངོས་པོ་ཐམས་ཅད་རྟོགས་པ་ནི། ཤེས་རབ་ཀྱི་སྤྱན་ཐོབ་པའོ། །དེ་ལ་ཕྱི་ནང་གི་ཆོས་རྫོགས་ཤིང་ཤར་བ་ནི། ཆོས་ཀྱི་སྤྱན་གྱིས་ཐམས་ཅད་སྡུད་པར་ཤེས་པའོ། །དེའི་དོན་མ་འགགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་ནི།ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པའོ། །དེ་ལ་ཡང་མི་གནས་པར་རིག་པའི་སྐུ་དེ་ཉིད་ལས་གཞན་དུ་མ་ཡེངས་པ་ནི། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྤྱན་རྣམ་པར་དག་པའོ། །དེའི་ཕྱིར་ན་སྤྱན་ལྔའི་དེ་བཞིན་ཉིད་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཐུག་པའོ། །སྐྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ། །འགག་པ་མེད་པར་རང་སར་གྲོལ་བར་འདོད་ན། ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ། །དམིགས་པ་མེད་པར་མཚན་མའི་ཆོས་ཟིལ་གྱིས་གནོན་པར་འདོད་ན། ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག །དུ་མ་མེད་པར་གཅིག་ལ་བལྟ་བར་འདོད་ན། ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག །དྲན་པ་མེད་པར་ཆོས་ཀྱི་སྐུ་ལ་བལྟ་བར་འདོད་ན། ལུ་གུ་རྒྱུད་དངོས་ལ་ལྟོས་ཤིག །ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པར་འདོད་ན།ལུ་གུ་རྒྱུད་ཀྱི་རླུང་རྒྱུ་བ་ལ་ལྟོས་ཤིག །གནས་པ་མེད་པའི་སྐུ་ལ་བལྟ་བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག །མཚན་མའི་ཆོས་ཉིད་རང་སྣང་དུ་བལྟ་བར་འདོད་ན། ཆོས་ཉིད་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །གསང་སྔགས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །སངས་རྒྱས་

ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་བྲལ་བར་གྱིས་ཤིག །ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་འདུག་ཚུལ་ལ་ལྟོས་ཤིག །གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག །ལྟ་བ་དང་སྤྱོད་པ་དང་། སྒོམ་པ་གསུམ་འདུ་འབྲལ་མེད་པར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལས་མ་ཡེངས་ཤིག །ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་པར་འདོད་ན། དབྱིངས་དང་རིག་པའི་དོན་ཁོང་དུ་ཆུག་ཅིག །རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན། རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་བར་གྱིས་ཤིག །སྣང་བ་ཐམས་ཅད་འོད་དུ་གསལ་བར་འདོད་ན། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་མཁས་པར་གྱིས་ཤིག །ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་མངའ་བདག་ཀྱང་། རྡོ་རྗེ་ལུ་གུ་རྒྱུད་ལ་ཐུག་གོ། །རང་བྱུང་གི་ཡེ་ཤེས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་སྣང་བའི་འགྲོས་ནི། རྡོ་རྗེ་ལུ་གུ་རྒྱུད་དང་ནམ་མཁའ་རྣམ་པར་དག་པ་ལ་ཐུག་གོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། སྐུ་ཐམས་ཅད་ཀྱི་འདུས་ས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་པདྨའི་རིགས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་སྔགས་ཀུན་གྱི་གནས་པའི་ས། །མོས་པའི་འཁོར་ལ་སྣང་བར་མཛོད། །དེ་ནས་རྡོ་རྗེ་འཆང་བ་ཡིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཉོན་ཅིག་པདྨའི་རིགས། །ང་ཡིས་དོན་ཆེན་རབ་བསྟན་གྱིས། །ཁྱེད་ཀྱིས་ངེས་པའི་ཡིད་ཀྱིས་ཟུང་། །གསང་སྔགས་ཀུན་གྱི་གནས་ཚུལ་ནི། །རིན་ཆེན་ཟུར་བརྒྱད་གཞལ་ཡས་དང་། །འགྱུ་བྱེད་རྩ་ཡི་གཞལ་ཡས་དང་། །དུང་ཁང་བྷན་དྷའི་གཞལ་ཡས་དང་། །ལྟ་བྱེད་མིག་གི་གཞལ་ཡས་སོ། །གཞལ་ཡས་ཆེན་པོ་དེ་བཞི་ན། །གསང་སྔགས་ཀུན་གྱི་གསང་ཆེན་

གནས། །རང་རིག་སྐུ་ལ་གཡོ་བ་མེད། །སྒོ་ནས་ལམ་དུ་རབ་བྱུང་ནས། །མཁའ་མཉམ་སྟོང་པའི་ངང་དུ་ཐིམ། །དོན་གྱི་ཡེ་ཤེས་ཅིར་སྣང་ཡང་། །ངང་དུ་རྫོགས་ཤིང་ངང་ལས་བྱུང་། །གནས་ཚུལ་ཆེན་པོ་དེ་ཉིད་ལ། །བལྟ་བའི་དོན་ཉིད་ལུ་གུ་རྒྱུད། །ཆོས་ཅན་སྣང་བ་གྲངས་མེད་ཀྱང་། །ཆོས་ཉིད་དོན་ལ་གཅིག་ལས་མེད། །ཨེ་མ་བལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། །དེ་ཡི་དོན་ལ་འགྱུར་མེད་བལྟ། །དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །མངོན་དུ་སྣང་ཞིང་བཟུང་བར་དཀའ། །རིག་པའི་ངོ་བོ་དེ་ཉིད་ལ། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །གཟའ་དང་སྐར་མ་གསལ་བ་བཞིན། །བག་ལ་ཉལ་བའི་དུས་མེད་པར། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །བལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། །དེ་ཡི་དོན་ལ་མ་ཡེངས་ན། །བག་ལ་ཉལ་དང་མ་ཉལ་མེད། །ཉིན་མོ་སྣང་དང་མཚན་མོ་ནུབ། །གཉིས་སུ་སྣང་བ་ཡོད་མ་ཡིན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་གྱིས། །ལུ་གུ་རྒྱུད་ཀྱི་ངོ་བོ་དང་། །དུས་བཞི་ཉིད་དུ་མ་བྲལ་ན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །རང་རིག་བསྒོམ་པའི་རྒྱུན་མེད་ཀྱང་། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་འབྱུང་། །དུས་དང་དུས་མེད་ཐམས་ཅད་དུ། །ལུ་གུ་རྒྱུད་དང་མ་བྲལ་ན། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན། །དེ་ནི་རང་རིག་འཁྱེར་སོར་བསྟན། །ཨེ་མ་ཧོ། བལྟ་བ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་སྟེ། །སྟོང་པ་ཉིད་ལ་བལྟས་པ་ན། །གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་པོ་ཉིད་དུ་བལྟས་པ་ན། །གཟུགས་ཁམས་གནས་རིགས་བཅུ་བདུན་དང་། །བེམས་པོ་ཉིད་དུ་གོལ་བར་འགྱུར། །ལུ་གུ་རྒྱུད་ཀྱི་སྣང་བ་ལ། །རྟག་པ་ཉིད་དུ་རབ་བལྟས་ན། །ཆགས་པ་ཆེན་པོས་བཅིངས་གྱུར་ནས། །འགྲོ་དྲུག་གནས་སུ་གོལ་བར་འགྱུར། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །འདི་ལྟར་སྣང་བ་ཐམས་ཅད་
ལ། །སྨྱོན་པ་ལྟ་བུར་སྤྱད་བྱས་ན། །ལྷ་ནམ་མཁའ་ལྟ་བུར་མཐའ་ཡས་གོལ་ཡང་བྱུང་མ་ཡིན་དུ་གོལ་བར་འགྱུར། །དོན་མེད་ཚིག་རེངས་སྤྱད་བྱས་ན། །འཇིག་ཚོགས་བལྟ་བར་གོལ་བར་འགྱུར། །ཚོགས་སྟེངས་ནས་ཀྱང་དྲུག་ཡུལ་སྣང་ཐམས་ཅད་ལ། །བུ་ཆུང་ལྟ་བུར་སྤྱད་བྱས་ན། །ལུང་མ་བསྟན་པའི་གནས་སུ་གོལ། །བསྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །བཏང་སྙོམས་བདག་མེད་བསྒོམ་བྱས་ན། །སྟོང་པའི་མུན་སྣང་ཉིད་དུ་གོལ། །ཏིང་འཛིན་ཡིག་འབྲུ་བསྒོམ་བྱས་ན། །ཆགས་ནས་འཁོར་བའི་གནས་སུ་གོལ། །མི་རྟོག་སྟོང་པར་བསྒོམ་བྱས་ན། །ཆད་པ་མུ་མེད་ཉིད་དུ་གོལ། །གོལ་བའི་རྒྱུ་ནི་བསམ་ཡས་ཀྱང་། །གོལ་ས་ཆེན་པོ་དེ་ལས་མེད། །ལུ་གུ་རྒྱུད་ལ་གོལ་ས་མེད། །ལམ་པའི་རྒྱུད་ལས་གོལ་བར་སྣང་། །དོན་ལ་གོལ་ས་གཅིག་ཀྱང་མེད། །རྒྱུ་དང་འབྲས་བུར་བཏགས་པ་ཡང་། །གོལ་ས་བཅད་ཕྱིར་གསུངས་པའོ། །ཞེས་ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་ལས། རྣལ་འབྱོར་རྒྱུན་དུ་བྱེད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། རིགས་ཀྱི་ལྷ་མོ་ལ་སོགས་པའི་འཁོར་ཐམས་ཅད་ཡི་རང་སྟེ་མངོན་པར་བསྟོད་དོ། །ནོར་བུ་ཕྲ་བཀོད་ཆེན་པོའི་རྒྱུད་གསང་བ་ཞེས་བྱ་བ་རྫོགས་སོ། །སྔགས་ཀྱི་སྲུང་མས་སྲུངས་ཤིག །ནོར་བུ་ཕྲ་བཀོད་རྒྱུད་ལ་འགྲེལ་པ་རིན་ཆེན་བཀོད་པ་ཞེས་བྱ་ཡོད་དོ། །ནོར་བུ་ཕྲ་བཀོད་ཉིད་ལ་མ་བུ་བདུན། །

རྒྱུད་ཀྱི་ཁོག་སྙིང་སྡེབ་པ།

རྒྱ་གར་སྐད་དུ། ཏནྟྲ་གརྦྷ་ཙིཏྟ་ཥ་ཎ། བོད་སྐད་དུ།རྒྱུད་ཀྱི་ཁོག་སྙིང་སྡེབ་པ། རྡོ་རྗེ་གསལ་སྟོང་ཆེ་ལ་ཕྱག་འཚལ་ལོ། །ལུང་དང་རིགས་པ་རྒྱུད་དོན་གསལ་ཕྱེས་ནས། །མན་ངག་ངེས་པའི་དོན་འདི་བསྟན་པར་གྱིས། །འདི་དག་རྣམས་ཀྱི་དོན་སྙིང་ཕྱུང་དོན་སྡེབ། །གང་ཟག་གཅིག་གི་རྒྱུད་ལ་གོམས་པར་བྱ། །ཀྱེ་མ་རིགས་ཀྱི་བུ་རྣམས་ཀྱི་འདི་ལྟར་གོམས་ཤིང་བསྟེན་པར་གྱིས། འདི་དག་རྣམས་ཐེག་པ་ཆེན་པོའི་རིགས་ལ་གནས་ཤིང་།

ཐེག་པ་ཆེན་པོའི་གཞན་དོན་མཐར་ཕྱིན་པར་བྱས་ནས། དེ་ནས་གསང་བའི་མན་ངག་ལ་འཇུག་པར་བྱས་ནས། སྒྲ་ཐལ་འགྱུར་གྱི་རྒྱུད་ཀྱི་དོན་གྱི་མན་ངག་གི་སྤྲུལ་པའི་སྐུ་བསྒྲུབས་ཏེ། གཞན་དོན་རྫོགས་པར་བྱས་ནས། རང་གི་དགོངས་པ་ལ་གནས་པར་བྱ་དང་མི་བྱ་དང་། རྟགས་བཀོད་པ་ཡི་གེའི་དོན་གྱི་སྒྲ་གྲག་སྟོང་དབྱེར་མེད་དུ་ཤེས་པར་བྱས་ནས། འགྲོ་བ་རིགས་དྲུག་གི་རང་སྒྲས་ཕ་རོལ་དོན་བྱ་དང་མི་བྱ་དང་། མངོན་པར་ཤེས་པ་རྒྱུད་ལ་སྨིན་པར་བྱས། དེ་ལ་འབྱུང་ལྔའི་སྒྲ་དོན་གྱི་རྫུ་འཕྲུལ་ཡ་མ་ཟུང་བསྒྲུབས་ནས་ཕ་རོལ་གྱི་དོན་བྱེད་པའོ། །དེ་ནས་རང་གི་རིག་པའི་དོན་ལ་འཇུག་པའི་ཕྱིར། བཀྲ་ཤིས་མཛེས་ལྡན་གྱི་རྒྱུད་ཀྱིས་མན་ངག་རིག་པའི་གནས་ཚུལ་གཏན་ལ་དབབ་སྟེ། འཁྲུལ་གཞི་གཏན་ལ་དབབ་པའི་མན་ངག་གིས་རིག་པ་རང་ངོ་ཤེས་པར་བྱས་ནས། མ་འཁྲུལ་པའི་ཡེ་ཤེས་ངོས་བཟུང་བའི་མན་ངག་གི་རིག་པ་རང་ལ་གནས་པ་གཏན་ལ་ཕབ་ནས། འཁྲུལ་པ་འཁྲུལ་ལུགས་ཀྱི་མན་ངག་གིས་རིག་པའི་ཤན་ཕྱེས་ནས། དེ་བཟློག་པའི་མན་ངག་གིས་རིག་པའི་འགྲོས་ངོ་ཤེས་པར་བྱའོ། །དེ་ལྟར་འཁྲུལ་པའི་འཁྲུལ་གཞི་གཏན་ལ་ཕབ་ནས། ད་རིག་པའི་གོལ་ས་བཅད་པའི་ཕྱིར། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་གི་རྒྱུད་ཀྱིས་མན་ངག་གཏན་ལ་འབེབས་དགོས་ཏེ། བློས་བརྟགས་རིག་པའི་གོལ་ས་བཅད་པའི་མན་ངག་གིས། རིག་པ་གཞན་གྱི་གྲུབ་མཐའི་ཕྱོགས་སུ་མ་ལྟུང་གཏན་ལ་ཕབ་ནས་ཉམས་སུ་བླངས། འཁྲུལ་པ་བཅད་པའི་མན་ངག་གིས། བླ་མའི་གདམས་ངག་གིས་མ་འཁྲུལ་པར་གཏན་ལ་ཕབ་ནས། དངོས་པོ་གཤིས་ཀྱི་འདུག་ཚུལ་མ་ཡེངས་པ་འཛིན་པའི་གོལ་ས་བཅད་པའི་མན་ངག་གིས། རིག་པ་འདུག་ཚུལ་གཏན་ལ་ཕབ་པའོ། །དེ་ལྟར་རིག་པའི་གོལ་ས་བཅད་ནས། ད་རང་གི་རིག་པ་སྒྲོན་མ་གཏན་ལ་དབབ་པའི་ཕྱིར། སྒྲོན་མ་འབར་བའི་རྒྱུད་ཀྱིས་མན་ངག་གཏན་ལ་དབབ་སྟེ། བརྟགས་པའི་ཚིག་གི་སྒྲོན་མའི་མན་ངག་གིས་

མིང་མཚོན་པར་བྱས་ནས། རྟེན་འདྲེལ་རྫས་ཀྱི་སྒྲོན་མའི་མན་ངག་གིས་སྐྱེས་བུའི་རྩོལ་བ་ལ་ཡེ་ཤེས་སྐྱེ་བའི་དཔེ་གཏན་ལ་ཕབ་ནས། སྤྱི་མཐུན་ལས་ཀྱི་སྒྲོན་མེའི་མན་ངག་གིས་ཟུང་གི་དཔེ་གཏན་ལ་ཕབ་ནས། མཚོན་པ་དཔེའི་སྒྲོན་མའི་མན་ངག་གིས་རིག་པ་ལ་ཕྱིན་ཅི་མ་ལོག་པའི་རྟོག་པ་བསལ་ནས། ཡེ་ཤེས་རྟགས་ཀྱི་སྒྲོན་མའི་མན་ངག་གིས་ལུས་ཀྱི་རྟགས་སྐྱེས་བུའི་རྩོལ་བ་ལ་བརྟེན་ནས་ཉམས་སུ་བླང་པར་བསྟན་པའོ། །དེ་ལྟར་སྒྲོན་མ་གཏན་ལ་ཕབ་ནས། །ད་རང་གི་སྒྲོན་མ་དེ་ཡང་དཔེ་དུ་མའི་སྒོ་ནས་ངོ་སྤྲད་ནས། ཡེ་ཤེས་ངོས་བཟུང་ནས་སྒྲོན་མའི་སྣང་བ་རང་དུ་གཏན་ལ་ཕབ་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་རྒྱུད་ཀྱིས་མན་ངག་གི་དོན་རྣམས་སྟོན་ཏེ། ངོ་སྤྲོད་ཉི་ཤུ་རྩ་གཅིག་ལ་ངོ་སྤྲད་པས་ཡེ་ཤེས་སྐྱེ་བར་བྱེད་པ་དང་། དེ་ཡང་དབང་པོ་རབ་འབྲིང་གསུམ་གྱི་དོན་དུ་བསྡུས་ནས་བསྟན་པ་དང་། སྒྲོན་མའི་མན་ངག་གིས་གདེང་བཞི་གཏན་ལ་ཕབ་སྟེ། ཉམས་སུ་ལེན་པའི་གནད་བརྩམ་མོ། །དེ་ལྟར་ངོ་འཕྲོད་ནས་ངོ་སྤྲོད་པའི་མན་ངག་གིས། དེ་དག་ཉིད་རང་ཡང་ལྟ་བསྒོམ་སྤྱོད་པ་གསུམ་དུ་གཏན་ལ་དབབ་པར་བསྟན་པ་ནི། རིག་པ་རང་ཤར་གྱི་རྒྱུད་ཀྱི་མན་ངག་གིས་བསྟན་ཏེ། སྤྱོད་པའི་མན་ངག་གི་རང་བཞིན་གྱིས་སྣང་བ་གཏན་ལ་ཕབ་ནས། སྒོམ་པའི་མན་ངག་གིས་བློ་མི་གནས་པ་གནས་པར་བྱ་བ་དང་། ལྟ་བའི་མན་ངག་གི་རང་བཞིན་གྱིས་རང་གི་རིག་པ་ཉིད་དུ་གཏན་ལ་ཕབ་ནས། སྐུའི་མན་ངག་གིས་རིག་པ་དེ་སྐུ་གསུམ་གཏན་ལ་ཕབ་ནས། གང་ཟག་ཏུ་གཞིའི་དོན་དུ་ཡེ་ཤེས་སྐྱེ་བའི་རིམ་པ་བསྟན་པའོ། །དེ་ལྟར་ལྟ་སྒོམ་དུ་གཏན་ལ་ཕབ་ནས། ད་ལྟ་སྒོམ་དང་སྤྱོད་པ་འབྲས་བུ་དེ་དག་གི་སྐྱོན་དང་གོལ་ས་བཅད་ཅིང་

བསལ་བའི་ཕྱིར། ནོར་བུ་ཕྲ་བཀོད་རྒྱུད་ཀྱི་མན་ངག་བསྟན་པར་བྱའོ། །སྤྱོད་པ་གཙོར་བྱེད་པའི་མན་ངག་གིས་བསྒོམ་པའི་བྱིང་རྒོད་དང་སྣང་བའི་སྐྱོན་རྣམས་བསལ་བར་བྱས་ནས། སྒོམ་པ་གཙོར་བྱེད་པའི་མན་ངག་གིས་དབང་པོ་གསུམ་གྱི་སེམས་བཟུང་བའི་གོ་ཆ་དང་གནས་པར་བྱས་ནས། ལྟ་བ་གཙོར་བྱེད་པའི་མན་ངག་གིས་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་ནས། འབྲས་བུ་ལ་གཙོར་བྱེད་པའི་མན་ངག་གིས་སྤྱི་དང་རང་གི་འབྲས་བུ་ཅི་ལྟར་ཐོབ་པའི་རིམ་པ་གཏན་ལ་ཕབ་པའོ། །དེ་ལྟར་ལྟ་སྒོམ་སྤྱོད་པ་འབྲས་བུའི་སྐྱོན་དང་གོལ་ས་བཅད་ནས། ད་རིག་པའི་ངོ་བོ་དེ་ལག་ལེན་དུ་བསྒྲིལ་ན་ཅི་ལྟར་བསྟན་པ་ནི། ངོ་སྤྲོད་སྤྲས་པའི་རྒྱུད་ཀྱི་མན་ངག་བསྟན་པའོ། །དཔེ་དོན་རྟགས་དང་གསུམ་གྱི་མན་ངག་གི་སྣང་བ་ལ་ཡིད་ཆེས་པར་བྱས་ནས། རིག་པ་དང་འོད་དང་ཡེ་ཤེས་གསུམ་གྱི་མན་ངག་ལག་ཏུ་ལེན་པའི་གྲངས་ཤེས་པར་བྱས་ནས། སྐུ་གསུམ་ངོ་སྤྲད་ཀྱི་གདམས་ངག་གིས་རིག་པའི་འབྲས་བུ་གཏན་ལ་ཕབ་ནས། གནད་གསུམ་དང་བཞག་པའི་ངོ་སྤྲོད་ཀྱི་གདམས་ངག་གིས་ཉམས་སུ་བླང་བ་ལག་ལེན་དུ་གཏན་ལ་ཕབ་པའོ། །དེ་ལྟར་ལག་ལེན་གཏན་ལ་ཕབ་ནས། ད་རིགས་དྲུག་གི་སྐྱེ་བའི་སྒོ་བཀག་པའི་ཕྱིར། ཀུན་ཏུ་བཟང་པོ་ཀློང་དྲུག་གི་རྒྱུད་ཀྱི་མན་ངག་གཏན་ལ་དབབ་པར་བྱ་སྟེ། རིགས་དྲུག་གི་འབྲོས་ཁུངས་བཅད་པའི་མན་ངག་གིས་ཡུལ་རྣམ་པར་དག་པར་བྱས་ནས། རང་སྣང་ལྷུག་པར་ཤར་བའི་མན་ངག་གིས་སྣང་བའི་རྐྱེན་ཐམས་ཅད་དང་བྲལ་བར་བྱའོ། །དེ་ལྟར་རིགས་དྲུག་གི་སྐྱེ་གནས་བཅད་ནས། ད་ཉམས་སུ་བླང་བ་དངོས་ལ་འཇུག་པར་བྱ་སྟེ། ཡི་གེ་མེད་པའི་རྒྱུད་ཀྱི་མན་ངག་གིས་ཉམས་སུ་ལེན་པ་དངོས་བསྟན་ཏེ། ཞལ་ཆེམས་ཀྱི་མན་ངག་གིས་

ཕྱི་ནང་གསང་བའི་བྱ་བ་བཏང་སྟེ། སྐྱེ་མེད་ཀྱི་ཡུལ་དུ་གནས་པར་བྱས་ནས། བཞག་ཐབས་བཞིའི་མན་ངག་གིས་རིག་པ་རང་སོ་ཚུད་པར་བྱས་ནས། དབྱིངས་དང་རིག་པའི་མན་ངག་གིས་དངོས་པོའི་རིག་པ་ཟག་པ་མེད་པའི་ཐབས་བསྟན་པའོ། །དེ་ལྟར་ཉམས་སུ་ལེན་པའི་ཐབས་བསྟན་ནས། ད་ཉམས་སུ་ལེན་པའི་ཚད་གཏན་ལ་ཕབ་པའི་ཕྱིར། སེང་གེ་རྩལ་རྫོགས་ཀྱི་རྒྱུད་ཀྱིས་མན་ངག་གཏན་ཚིགས་ལ་དབབ་པར་བྱའོ། །དགོངས་པ་ལྔའི་མན་ངག་གིས་རང་གཤིས་བསྟན་པའི་ཚད་བཟུང་ལ། བལྟ་བ་ཞེ་ཕུག་གི་མན་ངག་གིས་རིག་པ་མི་འགྱུར་བར་ཉམས་སུ་བླངས་ལ། དངོས་པོའི་ཚད་ཀྱི་མན་ངག་གིས་ཉམས་གོང་ནས་གོང་དུ་འཕེལ་བར་བྱའོ། །དེ་ལྟར་བླངས་པའི་ཚད་བསྟན་ནས། ད་རིག་པ་དེ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། མུ་ཏིག་ཕྲེང་བའི་རྒྱུད་ཀྱིས་མན་ངག་གི་རིག་པ་མ་སྨིན་པ་སྨིན་པར་བྱ་བའི་གལ་མདོ་བཅུ་གཅིག་གི་མན་ངག་གིས་རིག་པ་ཁྲིད་དེ་ཉམས་སུ་བླངས་ནས། གནད་རྣམ་པ་གསུམ་མཐོང་བའི་མན་ངག་གིས་གོམས་པའི་གདེང་བཅས་ནས། འཁྲུལ་པ་རང་རྐྱེན་དག་པའི་མན་ངག་གིས་འབད་བཅས་འབད་མེད་དུ་གྲོལ་བར་བསྟན་པའོ། །དེ་ལྟར་རིག་པ་ཕྱིར་མི་ལྡོག་པར་བྱས་ནས། ད་རིག་པ་དེ་བྱས་པ་མ་ཡིན་པར་རང་གིས་རང་གྲོལ་བར་བྱ་བ་ནི། རིག་པ་རང་གྲོལ་གྱི་རྒྱུད་ཀྱི་མན་ངག་བསྟན་པའོ། །གཅིག་པུ་གྲོགས་དང་བྲལ་བའི་མན་ངག་གིས་སྣང་བ་གཏན་ལ་དབབ་པར་བྱས་ནས། རིག་པ་མཁའ་ལ་འབྱུང་བའི་མན་ངག་གིས་རྡོ་རྗེ་ལུ་གུ་རྒྱུད་འདྲིས་པར་བྱས་ནས། སྣང་བ་ཅེར་བཞག་གི་མན་ངག་གིས་འཁོར་འདས་

ཐམས་ཅད་རང་གྲོལ་དུ་བྱས་པའོ། །དེ་ལྟར་རང་གྲོལ་དུ་བསྟན་ནས། ད་ཡོན་ཏན་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་གི་དབྱིངས་རིག་གི་ངོ་བོ་ཡིན་པར་བྱ་བའི་ཕྱིར། རིན་པོ་ཆེ་སྤུངས་པའི་རྒྱུད་ཀྱི་མན་ངག་བསྟན་ཏེ། ཡོན་ཏན་དུ་མ་རྫོགས་པའི་རིག་པའི་གནད་ཀྱི་མན་ངག་གིས་ཐམས་ཅད་རང་གི་རིག་པའི་ཆོ་འཕྲུལ་དུ་བལྟས་ནས། རྒྱ་ཆེ་བ་དབྱིངས་རིག་ཏུ་རྟོགས་པར་བྱའོ། །དེ་ལྟར་ཡོན་ཏན་སྣ་ཚོགས་སུ་ཤར་བ་ཐམས་ཅད་དབྱིངས་རིག་གི་མན་ངག་གི་གནད་དུ་མའི་སྒོ་ནས་རང་གི་དབྱིངས་རིག་ཏུ་རྟོགས་པར་བྱའོ། །དེ་ལྟར་སྣ་ཚོགས་སུ་ཤར་བ་ཐམས་ཅད་རང་གི་དབྱིངས་རིག་ཏུ་གཏན་ལ་ཕབ་ནས། ད་གང་ཟག་རྣམས་འཇུག་ཅིང་ཡིད་ཆེས་པའི་ཕྱིར། སྔ་རྟགས་དང་ཕྱི་རྟགས་ཀྱིས་ཡིད་ཆེས་པར་བྱས་པ་ནི། སྐུ་གདུང་འབར་བའི་རྒྱུད་ཀྱི་མན་ངག་བསྟན་ཏེ།གནད་རྣམ་པ་གསུམ་གོམས་པའི་ཚད་ཀྱིས་རྒྱུད་སྨིན་པའི་མན་ངག་གིས་ལུས་ལ་སྐུ་གསུམ་འབྱུང་བའི་རྒྱུད་གཏན་ལ་ཕབ་ནས། རྣམ་པར་དག་པའི་ནམ་མཁའ་ལ་གཟེར་འདེབས་པའི་མན་ངག་གིས་རིག་པ་སྨིན་པའི་རྟགས་བསྟན་ནས་ཉམས་སུ་བླངས་པ་གོམས་པའི་རྟགས་ཀྱི་མན་ངག་གིས་ལུས་ངག་ཡིད་གསུམ་སངས་རྒྱས་པའི་སྔོན་རྟགས་དང་ཕྱི་རྟགས་ཀྱི་འཇུག་པའི་དོན་བསྟན་པའོ། །དེ་ལྟར་རྟགས་དང་ལྡན་པའི་གང་ཟག་དེ་མྱ་ངན་ལས་འདས་པ་དེ། ལམ་དུ་བར་དོ་ལ་ཅི་ལྟར་འཆར་བའི་སྣང་བ་བསྟན་པ་ནི། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ཀྱི་མན་ངག་གིས་གཏན་ལ་ཕབ་སྟེ། རང་བཞིན་གནས་པའི་བར་དོ་ལ་ཤེས་བྱ་དྲས་ཐག་བཅད་པའི་མན་ངག་གིས་བླ་མའི་གདམས་ངག་ལ་ཡིད་ཆེས་པར་བྱས་ནས།

འཆི་ཁ་མའི་བར་དོ་ལ་མི་གསལ་བ་གསལ་གདབ་པའི་མན་ངག་གིས་རང་རིག་པ་ངོ་ཟིན་ཏེ་སངས་རྒྱས་པར་བསྟན་པའོ། །གལ་ཏེ་མ་སྨིན་པའི་དབང་པོ་རྣམས་ནི་སྲིད་པའི་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པའི་མན་ངག་གིས། རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་དབུགས་ཕྱུང་ནས་སྐྱེ་བ་གཅིག་གིས་བར་དོ་མེད་པར་ཡང་དག་པར་རྫོགས་པར་སངས་རྒྱས་པར་བསྟན་པའོ། །དེ་ལྟར་དེ་དག་གི་སྔོན་དུ་རྟེན་ཁྱད་པར་ཅན་བསྒྲུབ་པའི་ཕྱིར། རྫོགས་པ་རང་བྱུང་གི་རྒྱུད་ཀྱི་མན་ངག་གིས་དབང་རྣམ་པ་བཞིའི་གདམས་པ་བསྟན་པའོ། །ཕྱི་ནང་གི་དབང་གི་མན་ངག་གིས་དབང་པོ་རྟུལ་པོ་རྣམས་ཞུགས་པར་བྱས་ནས། གསང་བ་ཤེས་རབ་ཡེ་ཤེས་གསལ་བར་བྱེད་པའི་དབང་གི་མན་ངག་གིས་ཆགས་པ་ཅན་གྱི་གང་ཟག་རྣམས་ཡང་དག་པའི་ལམ་དུ་དྲངས་ནས། རང་རིག་ཡོངས་སུ་རྫོགས་པ་ཆེན་པོའི་དབང་གི་མན་ངག་གིས་དེ་དག་རྣམས་ཀྱི་ཞེན་པ་བཟློག་པར་བྱ་བའི་ཕྱིར། རིག་པ་རྩལ་གྱི་དབང་བསྐུར་རྒྱུ་མེད་པར་བསྟན་པའོ། །གྲོགས་དམ་ཚིག་ནི་རྒྱུད་དེ་དག་རེ་རེ་ལ་ལྡན་པས་གུད་དུ་མ་བཤད་དོ། །དེ་ལྟར་གང་ཟག་གཅིག་གི་ཆ་རྐྱེན་དུ་རྒྱུད་རྣམས་གཅིག་ཏུ་བསྡུས་ནས། ཉམས་སུ་ལེན་པའི་གང་ཟག་དེ་ལ་གཞན་གྱི་གནོད་པ་བསལ་བར་བྱ་བའི་ཕྱིར། དཔལ་ཨེ་ཀ་ཙ་ཏི་ནག་མོ་ཁྲོས་མའི་རྒྱུད་ཀྱིས་བསྟན་ཏེ། ཁྲོས་མའི་དུས་ཚད་ཀྱི་མན་ངག་གིས་ཟླ་བ་གཅིག་ལ་དུས་འདི་ཙམ་ན་མ་མོ་གསད་པའི་ལས་བྱ་བའི་དུས་ཀྱིས་འགལ་བ་ཆམ་ལ་དབབ་པ་དང་། བསམ་པ་བསྒྲུབ་པའི་ངན་སྔགས་ཀྱི་རྫས་ལ་བརྟེན་ནས། རྣལ་འབྱོར་པའི་ཉལ་ལུགས་ཀྱིས་དགུག་པ་བྱས་ནས། བརྣག་པའི་ཐུན་དྲུག་གིས་ངན་སྔགས་ཀྱི་གཞི་གཅིག་ཏུ་དྲིལ་བ་དང་།རྐྱང་བའི་བྱ་ཐབས་ཀྱིས་འགལ་བྱེད་གསད་པའོ། །དེ་ལྟར་རྣལ་འབྱོར་

པ་གཅིག་གི་བསྟན་པ་འཛིན་པ་དང་། སྐྱོང་བ་དང་། བསྲུང་བ་གསུམ་ཚང་བར་བསྟན་པ་ནི། རྒྱུད་དེ་དག་ཚིག་མཐའ་ཡས་ཀྱང་། དོན་རྣལ་འབྱོར་པ་གཅིག་གི་ཆ་རྐྱེན་དུ་བསྟན་པའོ། །དེའི་ཕྱིར་ན་རྒྱུད་ཐམས་ཅད་ཀྱི་ཙིཏྟ་ཕྱུང་བ་སྟེ། དེ་དག་རྣམས་ལ་མན་ངག་གི་གཟེར་འདི་དག་དང་མི་ལྡན་ན། སྙིང་ཕྱུང་བའི་རོ་དང་འདྲ་བས་དོན་མེད་པའོ། །དེའི་ཕྱིར་རྣལ་འབྱོར་པ་སྤྲོས་པ་མེད་པའི་བློ་ཅན་རྣམས་ཀྱི་དོན་དུ། རྒྱུད་ཀྱི་ཁོག་སྙིང་ཕྱུང་སྟེ་བསྟན་པའོ། །འདིའི་མན་ངག་དོན་དང་ལྡན་པའི་རྣལ་འབྱོར་པས། རྒྱུད་ཚིག་རྣམས་དགོས་པ་མེད་པའི་བསྟན་པས་ཚིག་གི་སྤྲོས་པ་ཆོད་དེ་དོན་གཅིག་ཏུ་གནས་པའི་དགོས་པ་ཡོད་པས། དེ་ལ་ཡིད་ཆེས་ཤིང་ཚིག་ལ་མཐར་རྟོགས་པས་ན་རྣལ་འབྱོར་ཆེན་པོ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེའི་ཕྱིར་ན་མན་ངག་འདི་དག་གཞན་ལ་ཚིག་ཟུར་ཙམ་ཡང་བརྗོད་དུ་མི་བྱའོ། །འདི་ནི་ཉམས་སུ་ལེན་པའི་གང་ཟག་གསུམ་ལས་སྤེལ་ན་མཁའ་འགྲོ་མའི་ཆད་པ་འབྱུང་ངོ་། །དེས་ན་རབ་ཏུ་གསང་བར་བྱའོ། །བསྟན་པ་ཐམས་ཅད་ཀྱི་སྙིང་པོ། ལྟ་བ་ཐམས་ཅད་ཀྱི་ཡང་ཞུན། མན་ངག་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པས་སོ། །རྒྱུད་ཀྱི་ཁོག་སྙིང་གང་ཟག་གཅིག་གི་ཆ་རྐྱེན་གྱིས་བསྡུས་པ། གསལ་བའི་ལྡེ་མིག་ཅེས་བྱ་བ་གསང་བའི་ཐེམ་རྫོགས་སོ།། །།སྔགས་ཀྱི་སྲུང་མས་སྲུངས་ཤིག །དམ་ཚིག་དང་མི་ལྡན་པ་སྐལ་བ་མེད་པ་རྣམས་ལ་བྱིན་ན། ཞྭའི་མགོན་པོས་ཆད་པ་བཅད་ནས། མིག་འབྲས་ཐང་ལ་བྲུལ་ནས། ཚེའི་དུས་བྱེད་པར་འགྱུར་རོ། །དེས་ན་རབ་ཏུ་གསང་ངོ་། །ལས་ཅན་གཅིག་དང་འཕྲད་པར་ཤོག། འདི་མཚམས་ཁྲོས་ནག་གསང་བ་སྙིང་རྒྱུད། ཚངས་པར་སྤྲུལ་ནས་གསུངས་པའི་རྒྱུད། ཡང་སྤྲུལ་མུ་སྟེགས་བདུད་དུ་སྤྲུལ་ནས་གསུངས་པ་བཅས་ཚན་གསུམ་འཛུད།། །།

ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། ཏི་ལ་ཀ་སརྦ་པྲ་ཀ་ཊ་མ་ཧཱ་ཏན་ཏྲ་ནཱ་མ།བོད་སྐད་དུ། ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་ཐམས་ཅད་མཁྱེན་པའི་སྐུ་ལ་ཕྱག་འཚལ་ལོ། །རཱ་རའི། སུམ་ཅུ་རྩ་གསུམ་རྣམ་པར་རྒྱལ་བའི་ཁང་བཟངས་ན་ལྷའི་དབང་པོ་བརྒྱ་བྱིན་ལ་ལྷ་བྲན་རྣམས་ཀྱིས་བསྐོར་བས་བཀའ་བགྲོས་ཏེ། ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པའི་མན་ངག །ཨ་ཧཾ་ཀ་ར་བྷུ་ཏཱ་ཊཱ་དྷརྨཱ་སྤྲ་སྭ་ར་ཏུ་པ་ཨཱ་པཱ་ཡཱ་ཨཱ། ཕྲཱ་གྲ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡེ་ཇི་བཞིན་པའི་རྡོ་རྗེ་འཆང་ཆེན་པོ་དེས།རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོའི་སྐུར་རྫོགས་ཏེ། རྣམ་དག་པདྨའི་ཚལ་ན།རིན་པོ་ཆེའི་གཞལ་ཡས་ཁང་སྒོ་བཞི་དང་ལྡན་པ། ཉི་མ་དང་ཟླ་བས་བརྒྱན་ཅིང་ནང་ཡེ་ཤེས་ཀྱི་འོད་དུ་རྣམ་པར་གསལ་བ། ཡེ་ཤེས་ཀྱི་གཞལ་ཡས་ཁང་ཆེན་པོའི་སྦུབས། གདན་པདྨ་དཀར་གསལ་གྱི་སྟེང་ན། རང་རིག་རྡོ་རྗེ་འཆང་ཆེན་པོ་ཐུགས་ཆོས་ཀྱི་སྐུའི་འཁོར་ཡེ་ཤེས་ལྔ་དང་། གསུང་འགག་པ་མེད་པ་ལོངས་སྐུའི་འཁོར་རིགས་ལྔ་དང་། སྐུ་སྤྲུལ་པའི་སྐུའི་འཁོར་ཐུབ་པ་དྲུག་དང་། གཞན་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདི་ལྟ་སྟེ། པུརྞ་ཉེ་བར་ཞི་དང་། རྡོ་རྗེ་ཁྲོ་གདོང་མ་དང་། གཙུག་གི་རྒྱན་གཅིག་མ་དང་། རོ་ཟ་ཤཱནྟི་ཐོད་པའི་ཕྲེང་བ་ཅན་དང་། རྡོ་རྗེ་རླུང་གི་གཤོག་པ་ཅན་ལ་སོགས་པ་ལྔ་དང་ཐབས་ཅིག་གོ། །གཞན་ཡང་ཞུ་བ་པོའི་འཁོར་ཕྱག་ན་རྡོ་རྗེ་དང་། སྡུད་པ་པོའི་འཁོར་དགའ་རབ་རྡོ་རྗེ་ལ་སོགས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་སྣ་དྲངས་ཏེ། བསྐོར་བ་ལན་གསུམ་བྱས་ནས། མདུན་དུ་འདུག་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། རིན་ཆེན་ཟུར་བརྒྱད་ཐུགས་ཀྱི་དཀྱིལ་འཁོར་ནས། །ཐོགས་མེད་ཡེ་ཤེས་ཆེན་པོའི་རླུང་གིས་བསྐྱོད། །པདྨ་འདབ་བརྒྱད་གསུང་གི་དཀྱིལ་འཁོར་ནས། །ཡེ་ཤེས་ལྔ་མཚོན་རྒྱུད་རྣམས་རིམ་པར་སྤྲོས། །ཚིག་གི་སྒྲོན་མས་དོན་གྱི་གསེར་མཚོན་པ། །དེ་རྣམས་སྒྲོལ་བའི་ལྡེ་མིག་

ཆེན་པོ་རུ། །འཁོར་རྣམས་ཚོགས་དང་རྣལ་འབྱོར་རྗེས་འཇུག་ལ། །བཀླགས་པས་ཤེས་པའི་ཀུན་གསལ་བཤད་དུ་གསོལ། །ཞེས་ཞུས་སོ། །ལྡེ་མིག་གཅིག་གིས་དཀོར་མཛོད་སྒོ་འབྱེད་པའི་མན་ངག །ཏན་ཏྲ་་དུ་སྤྲ་སཱ་རཱ་ཀཱ་ལཱ།ཀྱེ་ཀྱེ་རྡོ་རྗེ་འཛིན་པ་འཁོར་དང་བཅས་པ་རྣམས། རྣ་བ་བློགས་ལ་ཉོན་ཅིག །འདུས་པའི་ཚོགས་མ་འོངས་པའི་དོན་དུ། ངས་རྒྱུད་ཐམས་ཅད་ཀྱི་ལྡེ་མིག །ཐེག་པ་ཀུན་གྱི་མན་ངག །ལུང་ཐམས་ཅད་ཀྱི་མདོ། མན་ངག་ཐམས་ཅད་ཀྱི་གནད། ཚིག་དོན་ཐམས་ཅད་གསལ་བར་བྱེད་པའི་སྤྱི་འགྲེལ། ཐིག་ལེ་ཀུན་གསལ་ཆེན་པོ་བཤད་པར་བྱའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །།ཨ་ཨ་རཏྣ་དྷརྨ་ཀཱ་ཡ། ནམ་མཁའ་རྒྱ་མཚོ་མེ་ལོང་ཅན་གྱི་གནས། གཡུའི་མཎྜལ་ཆེན་པོ་ཁོད་སྙོམས་པའི་སྟེང་ན། རིན་པོ་ཆེའི་མཆོད་རྟེན་ཁྲི་འཕང་ལྔ་པ། ཤེལ་གྱི་ཟ་མ་ཏོག་ཆེན་པོའི་ནང་ན་གནས་པའི་མན་ངག །དེའི་ཚེ་བཅོམ་ལྡན་འདས། གཞི་སྣང་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་གསང་བའི་བདག་པོས་ཐུགས་ཀྱི་དགོངས་པ་མཁྱེན་ནས་ཞུས་པ། བཅོམ་ལྡན་འདས་གཞི་སྣང་ཆེན་པོའི་དོན་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་རྒྱུད་ཐམས་ཅད་ཀྱི་དོན་གཞི་སྣང་ཆེན་པོའི་འདུག་ཚུལ་ངས་སྨྲ་ཡིས། མ་ནོར་བར་ཡིད་ལ་ཟུང་ཞིག །ངོ་བོ་ཉིད་ཀྱི་སྣང་བ་ལ། ངོ་བོ་ཉིད་ཀྱི་སྐུ་ཤར་ཏེ། ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག །མ་བཅད་པའི་ཡུལ་ཅན། སྙིང་པོ་བཅུད་དུ་འདྲིལ་བ། ནམ་མཁའ་དང་ཉི་མ་ལྟ་བུར་གནས་སོ། །ཀྱེ་གསང་བདག་ངེས་པར་ཟུང་ཞིག །ངོ་བོ་ཉིད་ཀྱི་སྣང་བ་ནི་ཡུལ་ཆོས་ཀྱི་དབྱིངས། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྟེ། དེ་ལ་ནི་མཐའ་དང་དབུས་མེད་པ། སྟེང་འོག་ཕྱོགས་མཚམས་མེད་པ། དུ་མ་དང་རྟེན་ས་མེད་པ། དེ་རྡོས་པ་ཅན་གྱི་ཆོས་མིན་པས། མནན་ན་ནེམ་པ་སྙམ་བྱེད་པ། བཏེགས་ན་འཕར་བ་

སྙམ་བྱེད་པ། ཟང་ཐལ་བ་ཀུན་ཏུ་རྒྱ་མ་ཆད་པ། སྤྲོས་བྲལ་གྱི་དབྱིངས། འགྱུར་མེད་ཀྱི་ཀློང་ངོ་། །ངོ་བོ་ཉིད་ཀྱི་སྐུ་ནི་ཕྱོགས་སུ་ལྷུང་བ་མེད་པའི་ཤེས་རབ། རྒྱ་མ་ཆད་པའི་ཡེ་ཤེས། ལྷུན་གྱིས་གྲུབ་པའི་སངས་རྒྱས། དངོས་མེད་ཟང་ཐལ། བྱེད་པ་པོ་མཐའ་ཐམས་ཅད་ལས་འདས་པ།མ་བཅོས་པ། སྒྲོ་སྐུར་གྱི་མཐའ་ཐམས་ཅད་ལས་འདས་པ། མ་བསླད་པ།སྐྱོན་གྱི་མཐའ་རྣམ་པར་དག་པ། དང་པོའི་རྒྱུ་མེད་པ། བར་དུ་རྐྱེན་མེད་པ།ཐ་མ་གཉེན་པོ་མེད་པས་མི་འགྱུར་བ། མ་རིག་པ་དང་། མ་དད་པ་དང་།ལོག་ལྟ་དང་། ལེ་ལོ་ལ་སོགས་པ། དྲི་མར་གྱུར་པ་ནི་རྟག་ཆད་ཀྱི་མཐའ་དང་། ཡོད་མེད་ཀྱི་མཐའ་དང་། བེམ་རིག་དང་གཟུང་འཛིན་གྱི་སྐྱོན་དང་བྲལ་བའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་དོན་གྱི་ངོ་བོར་གྱུར་པས་ན་ངོ་བོ་ཤར་བ་ནི་ཡེ་ཤེས་དབྱིངས་ལ་ཤར། དབྱིངས་རིག་པ་དང་ལྡན། མཐའ་རྣམ་པར་མི་འབྱེད། ཤེས་པ་གུད་དུ་མི་གཅད་དོ། །རིག་པས་དབྱིངས་ལ་ཁྱབ། ཡེ་ཤེས་ཀུན་ཏུ་བརྡལ། ཆོས་ཉིད་རིག་པར་འདུས་སོ། །རིགས་ཀྱི་བུ་དེ་ལྟར་ངོ་བོ་ཉིད་ཀྱི་སྣང་བ་དང་། ཆོས་སྐུ་བརྗོད་ཅིང་མཚོན་ཀྱང་། དོན་གོང་མ་བཞིན་དུ་གཉིས་སུ་མེད་པས། མཐའ་བླ་ན་མེད་པའི་སྦུབས་སུ་འདུས་ཤིང་། སྦུབས་བླ་ན་མེད་པས་མཐའ་དབུས་ཡོངས་ལ་ཁྱབ་སྟེ། དོན་གཉིས་མེད་ཆོས་སྐུ་ཉག་གཅིག་གོ། །དེ་ཅིའི་ཕྱིར་ཞེ་ན། མ་བཅད་པའི་ཡུལ་ཅན་ཡིན་པས་སོ། །དེ་ཡང་མ་བཅད་པའི་རིག་པ་ལ་འཛིན་རྟོག་མ་སྐྱེས་ཏེ། ཡུལ་དུ་ཡང་མ་བཟུང་། གཟུང་འཛིན་གཉིས་སུ་མེད་ཀྱང་། ཡུལ་རང་སྣང་ཆེན་པོ་དེ་དང་ལྡན་པས། ཡེ་ཤེས་འོད་དུ་གསལ་ནུས་ཏེ། ཡུལ་ཅན་ཞེས་ལྡན་ཚིག་གོ། །སྙིང་པོ་བཅུད་དུ་དྲིལ་བ་ནི།དབྱིངས་ཀྱི་སྙིང་པོར་རིག་པའོ། །དེའི་སྙིང་པོ་ཡེ་ཤེས་ཀྱི་རང་གདངས་ལྔའོ། །དེའི་སྙིང་པོ་ནི་ཡོན་ཏན་གྱི་སྐུ་ལྔའོ། །རིགས་ཀྱི་བུ་བཅུད་ཀྱང་དེ་བཞིན་དུ་སྦྱར་རོ། །དྲིལ་བ་ནི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཀྱི་སྣང་བ་ཡོད་པས་སོ། །དཔེ་ཇི་ལྟ་བུ་ཞེ་ན། ནམ་མཁའ་དང་ཉི་མ་ལྟ་བུའོ། །

རིགས་ཀྱི་བུ་ངོ་བོ་ཉིད་ཀྱི་སྣང་བ་ནི།ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་དོན་གྱི་དགོངས་འགྲེལ་ཆེན་པོ་དང་སྦྱར་ནས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། གཞི་སྣང་ཆེན་པོའི་འདུག་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་གཞིའི་མཚན་ཉིད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གཞི་ཡི་ངོ་བོ་ངེས་ཚིག་དང་། །མཚན་ཉིད་དབྱེ་བ་གཞན་སེལ་རྣམས། །མ་ནོར་རིམ་པར་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ་བཀའ་སྩལ་པ། རིགས་ཀྱི་བུ་གཞིའི་ངོ་བོ་ནི་གཉིས་སུ་མེད་པའོ། །ངེས་ཚིག་ཐམས་ཅད་འབྱུང་བས་ན་གཞིའོ། །ཡང་ན་འཁོར་འདས་གཉིས་ཀྱི་རྟེན་དུ་གྱུར་པས་གཞིའོ། །མཚན་ཉིད་ནི་ཡེ་ཤེས་ལྔའོ། །དབྱེ་བ་ནི་གསུམ་སྟེ། ཡེ་དོན་གྱི་ཀུན་གཞི་ནི་ཡང་དག་པའི་གཞིའོ། །སྣ་ཚོགས་བསགས་པའི་ཀུན་གཞི་ནི། བག་ཆགས་དང་འདྲེས་པའི་ཤེས་པ་ཚོགས་བརྒྱད་དང་། གནས་ལུགས་དོན་གྱི་ཀུན་གཞི་ནི་འདུག་ཚུལ་བརྒྱད་ཀྱི་དཔེའོ། །གཞན་སེལ་ནི། རིག་པར་འདུག་པས་བེམ་པོ་སེལ། །སྟོང་པར་འདུག་པས་དངོས་པོ་སེལ། །གཉིས་མེད་ཡིན་པས་གཉིས་སྣང་སེལ། །རང་བྱུང་ཡིན་པས་རྒྱུ་རྐྱེན་སེལ། །ལྷུན་གྲུབ་ཡིན་པས་རེ་དོགས་སེལ། །དག་པ་ཡིན་པས་དྲི་མ་སེལ། །མེད་པའི་ཡོད་པས་ཆད་མཐའ་སེལ། །ཡོད་པའི་མེད་པས་རྟག་མཐའ་སེལ། །ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཡང་དག་པའི་དོན་གྱི་གཞིའི་ཕྱི་མོ་ནི། རང་དང་རིགས་མཐུན་པ་ལས་ཀྱང་ལོག་སྟེ། རིག་པ་ཙམ་དུ་མཐུན་པ་ཚོགས་བརྒྱད་ལས་གྲོལ་བའོ། །དེ་ཡང་ཇི་ལྟར་གྲོལ་ན། འཕེལ་འགྲིབ་མེད་པས། ཀུན་གཞིའི་རྣམ་པར་ཤེས་པ་ལས་གྲོལ། ངར་འཛིན་པ་མེད་པས་ཉོན་མོངས་པའི་ཡིད་ལས་གྲོལ། གཟུང་འཛིན་མེད་པས་

ཡིད་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །ཀྱེ་གསང་བའི་བདག་པོ། སྟོང་པར་རིགས་མཐུན་པ་ལས་ཀྱང་ལོག་སྟེ། རང་བཞིན་དག་པའི་ནམ་མཁའ་ཁ་དོག་དང་བཅས་པ། བག་རྡུལ་དང་བཅས་པ་འདི་མ་ཡིན་ནོ། །ཀྱེ་སེམས་དཔའ་ཆེན་པོ། རིགས་མི་མཐུན་པ་ལས་ཀྱང་ལོག་སྟེ། རིག་པ་དང་རིགས་མི་མཐུན་པའི་བེམ་པོ་མིན། སྟོང་པ་དང་རིགས་མི་མཐུན་པའི་ཕྱི་ནང་གི་འབྱུང་བ་བཞི་ལས་གྲུབ་ཅིང་བསྐྱེད་པའི་དངོས་པོ་མེད་པའོ། །རིགས་ཀྱི་བུ་དོན་ཆེན་པོ་དེས་ནི། གཉིས་ཀ་ལས་ཀྱང་ལོག་པར་ཤེས་པར་བྱའོ། །གཉིས་ཀ་མ་ཡིན་པའི་དངོས་པོ་འཛིན་པ་དང་བྲལ་བའོ། །ཞེས་ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། གཞིའི་དོན་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་མཚོན་པ་དཔེའི་དོན་དགོངས་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བཞིན་མཚོན་དཔེ་གསུང་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ངས་གཞི་སྣང་ཆེན་པོའི་དཔེ་དང་བརྡ་བཤད་པར་བྱའོ། །མི་གཡོ་བ་རྒྱ་མཚོ་ལྟ་བུའོ། །སྟོང་པ་དང་ཡངས་པ་དང་ཁྱབ་པ་ནམ་མཁའ་ལྟ་བུའོ། །དྲི་མ་མེད་པ་མན་ཤེལ་ལྟ་བུའོ། །དག་ཅིང་གསལ་ལ་མ་རེག་པ་མེ་ལོང་དང་གཟུགས་བརྙན་ལྟ་བུའོ། །སྣ་ཚོགས་སུ་སྣང་ཡང་དྲི་མས་མ་གོས་པ་པདྨ་བཞིན་ནོ། །འགྱུར་བ་མེད་པ་རྡོ་རྗེ་དང་གླང་པོ་ཆེ་ལྟ་བུའོ། །ཐམས་ཅད་འབྱུང་བ་ས་གཞི་ལྟ་བུའོ། །དངོས་སུ་མི་སྣང་ཡང་བྱིན་རླབས་འབྱུང་བ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུའོ། །རང་གི་ངོ་བོ་གསལ་ལ་མི་འགག་པ་ཉི་མའི་སྙིང་པོ་བཞིན་ནོ། །རྒྱུན་ཆད་པ་མེད་པ་ཆུ་བོ་བཞིན་ནོ། །བརྟན་པ་རི་བོ་བཞིན་ནོ། །གཅིག་དུ་མར་སྣང་བ་ཉི་ཟླ་བཞིན་ནོ། །གཅིག་ཀུན་ལ་ཁྱབ་པ་ཆུའི་ལྦུ་བ་ལ་བྱད་ཀྱི་གཟུགས་སྣང་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུ་ཤར་བ་ནི་

མེ་ལོང་ལ་ཉི་མ་ཤར་བ་བཞིན་ནོ། །ཆོས་ཉིད་ལ་ཆོས་སྐུས་ཁྱབ་པ་ནི་འོ་མ་དང་མར་བཞིན་ནོ། །ཆོས་ཉིད་ཀྱི་སྙིང་པོར་རིག་པར་གནས་པ་ནི་ནམ་མཁའ་དང་ཉི་མ་བཞིན་ནོ། །ཆོས་ཉིད་མི་རྟོག་པ་ལ་ཆོས་སྐུའི་རྩལ་གཅོད་པ་ནི་སྤུ་གྲིའི་ལྟག་པ་དང་སོ་བཞིན་ནོ། །མ་འདྲེས་པ་ཡོངས་སུ་རྫོགས་པ་ནི་ཟ་འོག་གི་གུར་ཁྱིམ་དང་གཟུགས་བརྙན་བཞིན་ནོ། །སྣ་ཚོགས་གཉིས་སུ་མེད་པ་ནི་ཤིང་དང་གྲིབ་མ་བཞིན་ནོ། །གཞི་ལས་རྩལ་འཕྲོ་ཞིང་འདུ་བ་ནི་རྒྱ་མཚོ་དང་ཆུ་བྲན་བཞིན་ནོ། །གཞི་ལ་སྐུ་གསུམ་རྫོགས་པ་ནི་ཉི་མའི་སྙིང་པོ་ལ་འོད་ཟེར་མི་འགག་པ་བཞིན་ནོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔེ་ནི་རྨ་བྱའི་སྒོ་ངའམ། ཉི་མའམ། ནམ་མཁའི་སྤྲིན་དང་ཆར་བཞིན་ནོ། །འཁོར་འདས་གཉིས་སྐྱོན་དང་ཡོན་ཏན་དུ་ཤར་ཡང་ངོ་བོ་གཅིག་པ་ནི་ག་བུར་བཞིན་ནོ། །གནས་ལུགས་དང་སྣང་ཚུལ་ནི་མར་མེ་དང་མེ་ལོང་བཞིན་ནོ། །རིག་པ་དང་ཡེ་ཤེས་ནི་གསེར་དང་སེར་པོ་བཞིན་ནོ། །ཆོས་ཉིད་དང་ཆོས་སྐུ་གཙོ་ཆེར་མཚོན་པའི་དཔེའོ། །ཀྱེ་མ་ཀྱེ་མ་ལེགས་པར་དཔེ་མཚོན་རྩ་བདུན་གཞི་ལ་ཀྭ་ཞེས་བོད། །གཞི་སྣང་ཆེན་པོའི་དོན་ལ་ཨ་ཞེས་ཟེར། །དཔེ་དོན་རྟགས་སུ་འབྱོར་པས་ཨོམ་གྱི་སྒྲ། །དེ་བཞིན་རྗེས་འཇུག་རྣམས་ཀྱིས་ལེགས་པར་དགོངས། །འབོད་སྐད་ཐབས་གསུམ་དོན་གྱི་ཁོག་བསྡེབས་པས། །གར་བྱུང་དཔེ་དང་དོན་དུ་འབྱོར་པར་ངེས། །དཔེ་ནམ་མཁའ་ནི་ཀུན་ཏུ་རྒྱུག་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། གཞི་སྣང་མཚོན་པའི་དཔེ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ། དོན་ཚིག་གསལ་བའི་ཏིང་འཛིན་ཆེན་པོ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། དེའི་བརྗོད་ཚིག་ངོས་གཟུང་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་

ཅད་ནས། །གཞི་བརྗོད་ཚིག་ཚོགས་མང་གིས་ཀྱང་། །མདོར་བསྡུས་ངས་བཤད་ཁྱོད་ཀྱིས་ཟུང་། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངོ་བོར་གྱུར་པས་ན། ངོ་བོ་ཉིད་ཀྱི་སྐུའོ། །དེའི་རང་བཞིན་ཡིན་པས་ན། ངོ་བོ་ཉིད་ཀྱི་སྣང་བའོ། །དེ་ཡང་རང་གདངས་ཆེན་པོ་མི་འགག་པས་སྣང་བ་ཆེན་པོའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཐ་སྙད་ལས་གྲོལ་བས་ན། ཆོས་ཀྱི་སྐུའོ། །ཡོན་ཏན་དུ་ཕྱིས་འབྲས་བུ་ཆོས་སྐུར་གསལ་བས། འབྲས་བུའི་མིང་རྒྱུ་ལ་བཏགས་པས་ཆོས་སྐུའོ། །མ་རིག་པ་དང་བེམ་པོ་ལས་ལོག་སྟེ། ཡང་དག་པའི་ཤེས་པའི་ངོ་བོར་གནས་པས་རིག་པའོ། །རྒྱུ་རྐྱེན་ལས་འདས་པས་ན་རང་བྱུང་ངོ་། །གློ་བུར་དུ་བྱུང་བ་མིན་ཏེ། ཡེ་ནས་གནས་པའི་རིག་པའི་བདག་ཉིད་དུ་གྱུར་པས་ན་ཡེ་ཤེས་སོ། །རང་སྣང་ལས་གཞན་སྣང་མེད་ཅིང་ངོ་བོ་མི་འགྱུར་བས་ན། སྣང་བ་རང་གདངས་ཆེན་པོར་གསལ་བའི་ཐིག་ལེ་ཉག་གཅིག་གོ། །དེའི་གོང་ན་གཞན་མེད་པས་ཆེན་པོའོ། །དེ་ལས་སྔ་པ་གཞན་མེད་པས་ན་སྔོན་བྱུང་བའོ། །ཐམས་ཅད་དེ་ལས་ཤར་ཞིང་སྣང་བས་ཀུན་བྱེད་དོ། །འཁོར་འདས་ཐམས་ཅད་དེ་ལས་སྣང་བས་གཞིའོ། །ངོ་བོ་གསལ་ལ་མི་འགག་པས་ཟང་ཐལ་ཏེ། སྒྲིབ་པ་མེད་པས་ཀུན་གཞི་མེ་ལོང་ལྟ་བུའོ། །ཡུལ་ཆོས་ཉིད་སྟོང་པ་དང་། རིག་པ་འདུས་མ་བྱས་སྟོང་པ་དང་། སྟོང་པ་དབྱེར་མེད་གསལ་བ་ཟང་ཐལ་བའི་ངང་ན། སྐུ་གཉིས་ནང་གསལ་དུ་བཞུགས་ཤིང་འདུ་འབྲལ་མེད་དེ། །དོན་དབྱེར་མི་ཕྱེད་པས་རྡོ་རྗེ་འཆང་ངོ་། །སྐུ་ལྔ་ངོ་བོ་ཉིད་དང་དྲུག །ཡེ་ཤེས་ལྔ་མི་སྣང་བའི་ཡེ་ཤེས་དང་དྲུག །ཡུལ་ལྔ་བདག་མེད་པའི་ཀློང་དང་དྲུག །རིགས་ལྔ་སའི་ཀྱང་ཨའི་རིགས་དང་དྲུག །འོད་ལྔ་རང་བཞིན་གྱི་འོད་དང་དྲུག །འབྱུང་བ་ལྔ་རང་བྱུང་གི་འབྱུང་བ་དང་དྲུག །ཡུལ་ལྔ་ཆོས་ཉིད་ཀྱི་ཡུལ་དང་དྲུག །ཉོན་མོངས་པ་ལྔ་ཁོང་ཁྲོ་བ་དང་དྲུག །འགྲོ་བ་རིགས་དྲུག་རྣམས་དོན་གཉིས་སུ་མེད་པར་བཞུགས་ཤིང་ཕྱིས་ཡོན་ཏན་དུ་མི་འགག་པས་དྲུག་པ་རྡོ་རྗེ་འཆང་ངོ་། །གཟུགས་

སྐུའི་སངས་རྒྱས་གྲངས་ལས་འདས་པ་ཐམས་ཅད་དེའི་དོན་རྟོགས་པ་ལས་ཤར་ཅིང་བྱུང་བས་ན། སངས་རྒྱས་ཐམས་ཅད་ཀྱི་མེས་པོའོ། །རང་གི་ངོ་བོ་དྲི་མ་མེད་ཅིང་། ཡེ་ཤེས་ཀྱི་རང་གདངས་ཆེན་པོ་མ་འགགས་པར་གསལ་བ་དང་། དེ་ཀུན་གྱི་གོང་དུ་གྱུར་པ་དང་། རིག་པ་རང་ཆས་སུ་མི་འགྱུར་བས། ཐོག་མའི་སངས་རྒྱས་འོད་མི་འགྱུར་བའོ། །ཡོན་ཏན་གྱི་བྱེ་བྲག་ཅིར་ཡང་སྣང་ལ། རང་གི་ངོ་བོ་ལ་དབྱེར་མེད་པས་ཐམས་ཅད་གཉིས་མེད་ཆེན་པོར་རོ་གཅིག་པས་ཀུན་ཏུ་བཟང་པོའོ། །ཆོས་ཉིད་གསལ་བའི་རང་གདངས་ལ། ཡེ་ཤེས་དག་པའི་ཟེར་གདངས་ཤར། འགག་མེད་འོད་ཀྱི་གཞལ་མེད་ཁང་ན། སྙིང་པོ་སྐུ་ལྔ་ནང་ནས་གསལ་བས་ན་བུམ་པའི་སྐུའོ། །བགྲེས་པ་མི་མངའ་བས་གཞོན་ནུའོ། །རིག་པ་དང་ཡེ་ཤེས་འདུ་འབྲལ་མེད་པས་ཐབས་འགག་པ་མེད་པའི་ཡེ་ཤེས་དང་། ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་དོ། །ཆོས་ཉིད་ཀྱི་ཀློང་དུ་རིག་པ་གྲུབ་ཅིང་རིག་པའི་ཀློང་དུ་ཡེ་ཤེས་ཀྱི་གདངས་ལྔ་གྲུབ་སྟེ། འོད་ཀྱི་སྦུབས་ལ་སྐུ་ལྔ་གྲུབ་པས་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སོ། །ངོ་བོ་ཆོས་ཉིད་ཆོས་སྐུ་དབྱེར་མི་ཕྱེད་པའི་ངང་ན། རང་བཞིན་འོད་ཀྱི་བུམ་པ་ལྔ་གསལ་ཏེ། ཐུགས་རྗེའི་སྙིང་པོ་སྐུ་ལྔ་ཕྱག་རྒྱ་མ་སྐྱེས་པའི་ཚུལ་དུ་གནས་པས་ན། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །གཞན་ཐམས་ཅད་ཐ་སྙད་ཡིན་ལ། ཡང་དག་པའི་དོན་དེ་ལྟར་གནས་པས། དང་པོའི་གནས་ལུགས་སོ། །རང་བྱུང་གི་ཡེ་ཤེས་ཡིན་པས་ན། དང་པོའི་སངས་རྒྱས་རྒྱུ་མེད་པ་སངས་རྒྱས་ཐོག་མ་ཐ་མ་མེད་པའོ། །གཟིགས་སྣང་ལས་འདས་པའི་གསལ་ལ་མི་འགག་པས། ཡེ་ཤེས་མིག་གཅིག་གོ། །གཉིས་སུ་སྣང་བ་རྟག་ཆད་དང་ཡོད་མེད་བཟང་ངན་ཆེ་ཆུང་མཐོ་དམན་དང་། ཡངས་དོག་དང་གཟུང་འཛིན་དགག་བསྒྲུབ་དང་། དག་དང་མ་དག་ཕྱི་ནང་ཡངས་དོག་དང་། བླང་དོར་ཡིན་མིན་གཉིས་ཀྱི་ཆོས། དེ་བཞིན་ཉིད་དུ་

གཉིས་སུ་སྣང་བ་མེད་པས་ན་གཉིས་མེད་དོ། །མི་མཐུན་པར་སྣང་བ་མེད་པས་ན་གཅིག་གོ། །སྒྲིབ་པ་མེད་པས་ན་ཟང་ཐལ་ལོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་ཞིང་དེ་ལ་ཐུག་པས་ན་རྩ་བའོ། །བརྗོད་མེད་བསམ་གྱིས་མི་ཁྱབ་ཀྱང་། དོན་ཡང་དག་པ་དེ་ལས་མི་འདའ་བས་བརྗོད་པའོ་ཤེས་བྱའོ། །མ་བཅོས་པར་ངང་གིས་གནས་པས་ན་གཤིས་སོ། །ཐམས་ཅད་དེ་ལས་བྱུང་བས་ན་རྒྱུའོ། །གཞི་ཆེན་པོ་དེ་ལས་ཐམས་ཅད་བསྐྱེད་ཅིང་འདྲེལ་བས་ན་ས་བོན་ནོ། །ཀ་དག་པའི་ཡེ་ཤེས་ཡིན་ཏེ། དྲི་མ་མི་གནས་པར་རྣམ་པར་དག་པའོ། །འཁོར་འདས་ཐམས་ཅད་དེ་ལས་བྱུང་བས་ན་རིན་པོ་ཆེའོ། །རིགས་ཀྱི་བུ་གཞན་ཡང་འདི་ལྟ་སྟེ། སྣ་ཚོགས་སུ་ཤར་ཞིང་སྣང་ཡང་ངོ་བོ་མི་རྟོག་པས་འབྱེད་པ་མེད་པའི་ཤེས་རབ་བོ། །རང་གི་ངོ་བོ་རིག་པ་དངོས་མེད་ཀྱི་ཡེ་ཤེས། ཡེ་དག་ཟང་ཐལ་དུ་གནས་ལ། དེ་རྡོས་པ་ཅན་གྱི་ཆོས་མིན་པས་ཡོན་ཏན་གྱི་སྒོ་ཡངས་པ་ནི་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཏེ་ངོ་བོ་རྒྱ་མ་ཆད་པའོ། །ཀྱེ་རྡོ་རྗེ་འཛིན་པ་ངས་བསྟན་པའི་རྒྱུད་ལུང་དུ་ཚིག་དེ་རྣམས་གང་བྱུང་ཡང་། གཞི་མཚོན་པའི་ཚིག་ཏུ་ཤེས་པར་གྱིས་ཤིག །ངོ་བོ་ཉིད་ཀྱི་སྐུ་ཅེས་པ་ནས། རྒྱ་མ་ཆད་དོ་ཞེས་པ་ཡན་ཆད་དུ་བསྟན་པའི་ཚིག་འདི་རྣམས་ནི། ངས་འདིར་བསྟན་ཅིང་བཤད་པ་བཞིན་དུ། རྒྱུད་ཐམས་ཅད་དུ་ཤེས་པར་གྱིས་ཤིག །གཞན་ཡང་འབོད་སྐད་ཐེངས་གསུམ་དང་སྦྱར་ལ། གཞི་མཚོན་པའི་ཚིག་ཏུ་འགྲོ་བ་བྱུང་ན་དེ་དང་མཐུན་པར་འབྲུ་མནན་ནོ། །ཞེས་གསུངས་ནས། ཡང་ཆོས་ཉིད་མཚོན་པའི་ཚིག་བཀའ་སྩལ་པ། ཀྱེ་གསང་བདག་སྣང་བ་ཆེན་པོར་ཟེར་ན།སྣང་བ་ནི་ཡུལ་འགག་པ་མེད་པར་ཤེས་པར་གྱིས་ཤིག །ཆེན་པོ་ནི་སྣང་བ་དེ་མ་བྱས་པ་དང་། དེའི་གོང་ན་གཞན་མེད་པ་དང་། སྣང་བ་དེ་གཞན་ལས་འཕགས་པར་ཤེས་པར་བྱའོ། །རང་སྣང་ཟེར་ན་གཞན་མི་གནས་ཏེ་གཟུང་འཛིན་དང་བྲལ་བའོ། །སྣང་བ་རྣམ་དག་ཟེར་ན་སྣང་བ་ལ་དུ་མ་མེད་པར་ཤེས་པར་བྱའོ། །ཆོས་ཉིད་ཟེར་

ན་ཡུལ་འགྱུར་བ་མེད་པའོ། །དབྱིངས་ཟེར་ན་ཡུལ་སྤྲོས་པ་དང་བྲལ་བའོ། །ཀློང་ཟེར་ན་ཡངས་པ་ཆེན་པོ་ཆ་ཤས་དང་བྲལ་བའོ། །སྟོང་པ་འགྱུར་བ་མེད་པར་ཤེས་པར་བྱའོ། །ཡུལ་ཟེར་ན་བཞུགས་པའི་གནས་དང་དེའི་སྣང་བར་ཤེས་པར་བྱའོ། །སྟོང་པ་ཟེར་ན་མཚན་མ་ལས་འདས་ཏེ་དངོས་པོ་མེད་པའོ། །ཡངས་པ་ཟེར་ན་གང་ལ་ཡང་དོག་པ་མི་མངའ་བ་སྟེ་དེ་ཉིད་ཀྱིས་ཁྱབ་པ་དང་དེ་ལས་སྣང་བ་དུ་མ་མི་འགག་པར་འཆར་བའི་རྟེན་དུ་ཤེས་པར་བྱའོ། །དབྱིངས་རྣམ་པར་དག་པ་ནི། སྙིགས་མའི་འབྱུང་བ་མ་གྲུབ་པས་བག་རྡུལ་མེད་ཅིང་ཡེ་ཤེས་ཀྱི་གདངས་འཆར་ནུས་པར་ཤེས་པར་བྱའོ། །པདྨ་བདེ་གསལ་ཟེར་ན་དྲི་མ་མེད་པའི་སྣང་བ་ལ་གནོད་པ་མི་སྐྱེལ་ཏེ་རང་གསལ་འཛིན་མེད་དུ་ཤེས་པར་བྱའོ། །སྤྲོས་བྲལ་གྱི་དབྱིངས་ཟེར་ན་འབྱུང་བ་བཞིའི་མཚན་མ་དང་བྲལ་བའོ། །འགྱུར་བ་མེད་པའི་ཀློང་ཟེར་ན་ཆོས་ཉིད་ལ་ཁ་གཏིང་མེད་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གཞི་དངོས་པོའི་གནས་ལུགས་མཚོན་པའི་ཚིག་ངོས་གཟུང་བའི་ལེའུ་སྟེ་ལྔ་པའོ།། །།ཤེལ་གྱི་ཟ་མ་ཏོག་གིས་མ་ཐུབ་པར། གཡུའི་མཎྜལ་ལས། མཆོད་རྟེན་གྱི་གདངས་ཕྱིར་ཕྱུང་བ་སྟེ། འཇའ་ལྷ་མོ་ལྔར་ཤར་བའི་མན་ངག །ཨ་བྷྱི་ད་ཏྱ་ཛྙཱ་ན་པཉྩ་པྲ་སཱ་རཱ་ཀྷ་དྷཱ་ཏུ་ཨ་ཧ་ར། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཡེ་ཤེས་གསལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། གོང་གསུང་གཞི་སྣང་ཆེན་པོ་དེ། །གློ་བུར་མ་ཡིན་ཡེ་ཤེས་དེ། །ད་ལྟར་མ་འོངས་རྗེས་འཇུག་ལ། །ཡེ་ཤེས་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པ་ཡེ་ཤེས་གསལ་བའི་དགོངས་པ་ལས་བཞེངས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །ངས་ཡེ་ཤེས་ཀྱི་དོན་མདོར་བསྡུས་ཏེ་བསྟན་ནོ། །ཡེ་ཤེས་རང་གི་ངོ་བོ་དང་། ཡེ་ཤེས་ཀྱི་ངེས་ཚིག་དང་། དབྱེ་བ་རྣམ་གྲངས་བཅས་པ་དང་། མཚོན་དཔེ་དང་སྦྱར་ལ་བཤད་དོ། །ཡེ་ཤེས་ཀྱི་ངོ་བོ་ནི།

གསལ་ལ་མི་རྟོག་པའོ། །དེ་ཡང་རང་བཞིན་རྣམ་པར་དག་པའི་གཞི་གནས་ཀྱི་ཡེ་ཤེས་དངོས་མེད་ཟང་ཐལ་ལོ། །སྐུ་དང་སྦྱར་ན་ཆོས་སྐུའོ། །རིག་པ་དང་སྦྱར་ན་ངོ་བོའོ། །རིགས་ཀྱི་བུ་འདུག་ཚུལ་འོད་དུ་འདུག་པས། སྐུ་དང་སྦྱར་ན་གཟུགས་ཀྱི་སྐུའོ། །ཡེ་ཤེས་དང་སྦྱར་ན་མཚན་ཉིད་འཛིན་པའི་ཡེ་ཤེས་སོ། །སྣང་ཚུལ་ཕྱི་ནང་མེད་པར་སྣང་བས་སྒྲིབ་མེད་གསལ་བའི་ཡེ་ཤེས་སོ། །དེ་ཡང་རང་བཞིན་རྣམ་པར་དག་པས་རྟག་པའི་མཐའ་ལས་འདས། འདུག་ཚུལ་འོད་དུ་གནས་པས་ཆད་པའི་མཐའ་ལས་འདས། སྣང་ཚུལ་ཕྱི་ནང་མེད་པས་གཟུང་འཛིན་རྣམ་པར་དག་པ་ནི་ཡེ་ཤེས་ཀྱི་ངོ་བོའོ། །ཡེ་ཤེས་ཀྱི་ངེས་ཚིག་ནི་ཡེ་ནས་ཡིན་པའི་དོན་མ་ནོར་བར་ཤེས་པས་ན་ཡེ་ཤེས་སོ། །དབྱེ་བ་རྣམ་གྲངས་དང་བཅས་པ་ནི། རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་དེ་ལས་འཁོར་འདས་ཐམས་ཅད་སྣང་བས་ན་གཞི་གནས་ཀྱི་ཡེ་ཤེས་སོ། །དེ་སྟོང་པར་གནས་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྟོང་པ་དེ་རིག་པར་མི་འགག་པར་འདུག་པས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །སྟོང་པ་ཉིད་རིག་པ་ཡིན་ལ་རིག་པ་ཉིད་སྟོང་པ་ཡིན་ཏེ་སྟོང་རིག་དབྱེར་མི་ཕྱེད་པས་མཉམ་པ་ཉིད་དོ། །སྟོང་པ་དང་རིག་པ་གཉིས་སུ་མེད་པར་སོ་སོར་མཁྱེན་པས། སོ་སོར་རྟོགས་པའི་ཡེ་ཤེས་སོ། །རིག་པ་དངོས་མེད་ཀྱི་ཡེ་ཤེས་དེ་རྡོས་པ་ཅན་གྱི་ཆོས་མིན་པས་ཡོན་ཏན་གྱི་སྒོ་ཡངས་པ་སྟེ་རྩལ་ཕྱོགས་མེད་དུ་གང་ལའང་ཐོགས་པ་མེད་པར་འབྱུང་བས། བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཚིག་ཕྱོགས་རེ་ནས་བསྟན་ཀྱང་། དོན་ཕྱོགས་ཆ་དང་བཅས་པར་མི་སྣང་བས་མི་གནས་པའི་ཡེ་ཤེས་སོ། །ཀྱེ་མ་རིགས་ཀྱི་བུ་དེ་ལྟར་ཤེས་པ་ནི། རང་གིས་རང་རིག་པས་རིག་པའི་ཡེ་ཤེས་སོ། །དེ་ལ་བྱེད་པ་པོ་མེད་པས་རང་བྱུང་གི་ཡེ་ཤེས་སོ། །དེའི་དོན་ལས་མི་འདའ་བས་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་སོ། །དཔེས་བསྟན་ན་གཞི་གནས་ཀྱི་ཡེ་ཤེས་ཀྱི་དཔེ་ནི། ཐམས་ཅད་འབྱུང་བས་ས་གཞི་རིན་པོ་ཆེ་ལྟ་བུའོ། །ཆོས་ཀྱི་དབྱིངས་

ཀྱི་ཡེ་ཤེས་ཀྱི་དཔེ་ནི་ནམ་མཁའ་ལྟ་བུའོ། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དཔེ་ནི། ཆུ་དྭངས་པའམ་མེ་ལོང་གཡའ་དག་པ་ལྟ་བུའོ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དཔེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་དཔེ་ཆུ་བོ་ལྟ་བུའོ། །གཉིས་སུ་མེད་པའི་དཔེ་ནི་གསེར་དང་སེར་པོ་ལྟ་བུའོ། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་དཔེ་ནི་རྒྱ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུའོ། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་དཔེ་ནི་རླུང་དང་ཉི་མ་བཞིན་ནོ། །མི་གནས་ཡེ་ཤེས་ཀྱི་དཔེ་ནི་ཆུ་ཟླ་བཞིན་ནོ། །རང་རིག་པའི་ཡེ་ཤེས་ཀྱི་དཔེ་ནི་མན་ཤེལ་དང་འོད་བཞིན་ནོ། །རང་བྱུང་ཡེ་ཤེས་ཀྱི་དཔེ་ནི་རྡོ་རྗེ་ལྟ་བུའོ། །འདའ་དཀའ་ཐུགས་ཀྱི་ཡེ་ཤེས་ཀྱི་དཔེ་ནི་རྒྱལ་པོ་བཀའ་ཁྲིམས་ལ་གནས་པའི་ཕྱག་རྒྱ་གསལ་བ་བཞིན་ནོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཡེ་ཤེས་ཀྱི་དོན་བསྡུས་ནས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་མཐའ་དག་ནས། ཐམས་ཅད་འབྱུང་བར་སྨྲ་ན། གཞི་གནས་ཀྱི་ཡེ་ཤེས་ཡིན། དངོས་མེད་སྟོང་པར་བརྗོད་ན། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། འགག་པ་མེད་པར་བརྗོད་ན་མེ་ལོང་ཡེ་ཤེས་ཡིན། གཉིས་སུ་མེད་པར་བརྗོད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། མ་འདྲེས་རྫོགས་པར་བརྗོད་པ་དང་སོ་སོར་རིགས་གསལ་བརྗོད་པའི་ཚིག །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། གང་ལ་ཐོགས་པ་མེད་པར་བརྗོད་ན་བྱ་བ་གྲུབ་པའི་ཡེ་ཤེས་ཡིན། མཐའ་དང་བྲལ་བར་བརྗོད་ན་མི་གནས་ཡེ་ཤེས་ཆེན་པོ་ཡིན། རིག་པ་འོད་གསལ་བརྗོད་པ་དང་རང་རིག་པར་བརྗོད་པ་ནི་རིག་པའི་ཡེ་ཤེས་ཆེན་པོ་ཡིན། འགྱུར་བ་མེད་དང་འདུས་མ་བྱས། རྡོ་རྗེ་ལྟ་བུའི་ཚིག་བརྗོད་ན་རང་བྱུང་ཡེ་ཤེས་ཆེན་པོར་བཤད། འདའ་རུ་མེད་པ་དང་། འདའ་མི་སྲིད་པ་དང་།མི་འདའ་བ་ནི་འདའ་དཀའ་ཐུགས་ཀྱི་ཡེ་ཤེས་སུ་འབྲུ་རྣམས་མནན། ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ཡེ་ཤེས་མཚོན་པའི་ཚིག་བསྟན་པ་སྟེ་ལེའུ་བདུན་པའོ།། །།ཉི་མའི་སྙིང་པོ་ལ་འོད་དང་ཟེར་མི་འགག་པའི་མན་ངག །དྷ་ཨཱ་

ཤཱ་རཱ་རཱཏྣ་ཀ་ལ་པར་ས་ར་དྷ་དུ། བཅོམ་ལྡན་འདས་ཐུགས་རྗེ་རྩལ་གྱི་དགོངས་པ་ལ་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་དགོངས་པ་མཁྱེན་ནས་ཞུས་པ། ཆོས་སྐུ་གཅིག་ལ་ཐ་དད་སྣང་། རིག་པའི་རྩལ་དུ་ཤར་ལུགས་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིག་པ་དངོས་མེད་ཟང་ཐལ་ནི། །སྟོང་པ་འགག་མེད་དབྱེར་མི་ཕྱེད། །དེར་ཤེས་ཐོགས་པ་མེད་པ་ནི། །ཡེ་ཤེས་ལྔ་རུ་རང་ཤར་བའོ། །ཆོས་དབྱིངས་ཡེ་ཤེས་རང་གདངས་ནི། །སྟོང་པའི་ངང་ན་མཐིང་གར་གསལ། །མེ་ལོང་ཡེ་ཤེས་རང་གདངས་ནི། །འགག་མེད་ངང་ན་དཀར་པོར་གསལ། །མཉམ་ཉིད་ཡེ་ཤེས་རང་གདངས་ནི། །དབྱེར་མེད་ངང་ན་སེར་པོར་གསལ། །ཀུན་རྟོགས་ཡེ་ཤེས་རང་གདངས་ནི། །དེར་ཤེས་ངང་ན་དམར་པོར་གསལ། །བྱ་གྲུབ་ཡེ་ཤེས་རང་གདངས་ནི། །ཐོགས་མེད་ཀློང་ན་ལྗང་གུར་གསལ། །དེ་ལྔ་ཆོས་ཉིད་ཀློང་དུ་ཤར། །ཡེ་ཤེས་འོད་དུ་ཤར་ཅེས་བྱ། །རྟོགས་པས་སྐུ་དང་ཡེ་ཤེས་སྣང་། །མ་རྟོགས་སྣོད་བཅུད་གཉིས་སུ་སྣང་། །དཔེར་ན་མེ་ལོང་དག་པ་ལ། །གང་ཕྲད་རྐྱེན་གྱིས་སྣང་མོད་ཀྱང་། །སྣང་བའི་དུས་ན་གོས་པ་མེད། །གོས་པ་མེད་ཀྱང་དེ་ལྟར་སྣང་། །དེ་བཞིན་རིག་པ་ཆོས་སྐུ་ལ། །ཡོན་ཏན་མ་འགགས་སྣ་ཚོགས་ཤར། །ཤར་ཀྱང་རང་རིག་གཅིག་པུར་གནས། །གཅིག་པུར་གནས་ལ་དུ་མ་མེད། །དུས་དང་གནས་སྐབས་ཐམས་ཅད་དུ། །དངོས་མེད་དག་པ་ཆེན་པོར་གནས། །སྒྲིབ་མེད་གསལ་བ་ཟང་ཐལ་གནས། །གཟུགས་སྐུ་གཉིས་པོའི་སྣང་བ་ཡང་། །རང་སྣང་མ་འགགས་རྣམ་པར་དག། ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རིག་པའི་རྩལ་དུ་འབྱུང་བ་དང་། རྩལ་རྣམ་པར་དག་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། དེ་མཐོང་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །རྩལ་ཞེས་བྱུང་ན་འདི་དང་བཤད། །རིག་

པའི་རྩལ་ནི་ཡེ་ཤེས་ལྔ། །དེ་ཡི་རྩལ་ནི་འོད་ཟེར་ལྔ། །འོད་ལྔའི་རྩལ་ནི་འབྱུང་བ་ལྔ། །འབྱུང་ལྔའི་རྩལ་ནི་སོ་སོར་ཤར། །ཕྱི་ནང་གཉིས་སུ་བསྟན་པ་ཡིན། །ཐིག་ལེ་ཕྱི་ནང་རྩལ་ཞེས་བྱ། །དེ་ལྟར་སྣང་ནུས་སྟོབས་སུ་བཤད། །དེ་ལྟར་སྣང་བས་འབྱུང་བའོ། །གཞན་ལས་མ་བྱུང་རང་བྱུང་བས། །ཡོན་ཏན་འབྱུང་བས་རང་བྱུང་ཡིན། །དེ་ལྟར་ཤར་བས་རང་ཤར་ཡིན། །ཡོན་ཏན་ཞེས་ཀྱང་དེ་ལ་བྱ། །ཐམས་ཅད་འབྱུང་དང་ཀུན་འབྱུང་དང་། །མང་པོ་རིག་པས་འབྱུང་བ་རྣམས། །རིག་པར་ཤར་བས་འདི་བཞིན་སྣང་། །སྐུ་ལྔར་སྣང་དང་ཡུལ་ལྔར་སྣང་། །དེ་ལྟར་སེམས་དཔའ་སེམས་མར་ཤར། །དེ་བཞིན་ཐུགས་རྗེའི་མཛད་སྤྱོད་སྣང་། །དེ་མཚུངས་སྣང་བ་སྣ་ཚོགས་ཤར། །སྒྱུ་མ་ལྟ་བུར་གསུང་བ་དང་། །སྣང་ལ་རང་བཞིན་མེད་པ་དང་། །གསལ་ལ་རྟོག་པ་མེད་པའོ། །ཞེས་བྱུང་ན། རྩལ་ལ་རང་བཞིན་མེད་པར་ཤར། །ཐམས་ཅད་རང་སྣང་རང་ཤར་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྩལ་མཚོན་པའི་ཚིག་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་ཐུགས་རྗེ་ཆེ་མངའ་བས། །རྩལ་གྱི་ངོ་བོ་ཇི་ལྟར་ལགས། །ངེས་ཚིག་དབྱེ་བ་ཇི་ལྟར་ལགས། །དེའི་མཚོན་དཔེ་ཇི་ལྟ་བུ་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྩལ་གྱི་ངོ་བོ་ནི་མ་འགགས་པའོ། །རྩལ་གྱི་ངེས་ཚིག་ནི་འབྱུང་བའི་སྟོབས་དང་ལྡན་པས་ན་རྩལ་ལོ། །དབྱེ་བ་ནི་རིག་པ་རང་ཉིད་འཁོར་འདས་གཉིས་སུ་སྣང་བའོ། །དཔེ་ནི་ཉི་མ་གཅིག་ཉི་མ་དུ་མར་སྣང་བའམ། ཉི་མ་ལས་འོད་ཟེར་མི་འགག་པའམ། བཙན་དུག་གམ་ག་བུར་རམ། གློག་འགྱུ་བ་ལྟ་བུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྩལ་བསྡུས་ནས་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།གསེར་གྱི་སོར་གདུབ་ལ་གཡུའི་ཕྲ་བཅུག་པའི་མན་ངག །ཧ་ཨ་ཏཱ་ཨན་ཀ་ཏ་ཨ་ཧ། དེ་ནས་བཅོམ་ལྡན་འདས་རྒྱན་དང་རོལ་པའི་ཏིང་ངེ་འཛིན་ལ་ཞུགས་པར་གྱུར་ཏོ། །ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྣ་ཚོགས་རྩལ་དུ་སྣང་བ་དེ། །རྒྱན་དང་

རོལ་པ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྒྱན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་སྒོ་ནས་བསྟན། །རོལ་པ་ལ་ཡང་དེ་བཞིན་བསྟན། །ངོ་བོ་དབྱེ་བའི་སྒོ་ནས་སྟོན། །ངེས་ཚིག་མཛེས་པས་རྒྱན་ཞེས་བྱ། །དབྱེ་ན་ཆོས་ཉིད་ཀྱི་རྒྱན་དང་། ཆོས་སྐུའི་རྒྱན། ཆོས་ཉིད་རྒྱན་ནི་སྐུ་གསུམ་ཡིན་ཏེ། ཆོས་སྐུའི་རྒྱན་ནི་སྐུ་གཉིས་ཡིན། །མཚན་ཉིད་འཛིན་པའི་འོད་ལྔ་ཡང་། །གཉིས་ཀའི་རྒྱན་དུ་དེ་བཞིན་བརྗོད། །མཚོན་དཔེ་གསེར་ལ་གཡུས་སྤྲས་འདྲ། །ངེས་ཚིག་དོན་གྱི་དབྱེ་བ་ནི། །ཆོས་ཉིད་དག་ལ་ཆོས་སྐུས་བརྒྱན། །སྟོང་པ་ཕྱང་ཆད་གསལ་བས་མཛེས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན། །ཡོན་ཏན་འགག་པ་མེད་པས་མཛེས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན། །འགྲོ་དྲུག་རང་སར་འདྲེན་པས་མཛེས། །དེ་ཕྱིར་མཛེས་པའི་རྒྱན་ཞེས་བྱའོ། །དེ་ནས་རོལ་པའི་དོན་བསྟན་པ། །མ་འགག་གཉིས་མེད་སྦྱོར་བ་ནི། །རོལ་པའི་ངོ་བོར་ང་ཡིས་བསྟན། །ཅི་ཕྱིར་རོལ་པར་བརྟགས་ཤེས་ན། །རང་ལས་ཤར་ཅིང་རང་ལ་རོལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །དག་པའི་ཆོས་ཉིད་རོལ་པ་དང་། །འཁོར་བ་རང་རྒྱུད་རོལ་པའོ། །དག་པ་ཆོས་ཉིད་རོལ་པ་ནི། །མ་བཅོས་པ་ཡི་ཆོས་ཉིད་དང་། །མ་གཡོས་པ་ཡི་ངང་ཉིད་ལས། །རང་བཞིན་འགག་པ་མེད་པར་ཤར། །བག་དང་བྲལ་བའི་ནམ་མཁའ་ལ། །འབྱུང་བ་བཞི་ཡི་གདངས་ཤར་བཞིན། །སྣང་ལ་རང་བཞིན་མེད་པར་ཤེས། །མ་འགགས་རང་གདངས་ཆེན་པོར་གསལ། །འཁོར་བ་རང་རྒྱུད་རོལ་པ་ནི། །ཕྱི་ནང་སྣོད་བཅུད་བསྡུས་པའི་ཆོས། །གཟུགས་སུ་སྣང་བ་སྐུ་ཡིན་ཏེ། །ཆུ་ཟླ་བཞིན་དུ་གཟུང་དུ་མེད། །སྒྲ་སྐད་ཐམས་ཅད་གསུང་ཡིན་ཏེ། །བྲག་ཆ་བཞིན་དུ་རང་བཞིན་མེད། །དྲན་དང་རྟོག་པ་ཐུགས་ཡིན་ཏེ། །ཆུ་ལ་རི་མོ་བྲིས་པ་བཞིན། །འཛིན་པ་རང་རྒྱུད་ཡོད་མ་ཡིན། །དེ་ལྟར་གཟུགས་རྣམས་སྐུ་ཡི་རོལ་པ་ཡིན། །སྒྲ་སྐད་ཐམས་ཅད་གསུང་གི་རོལ་པ་ཡིན། །དྲན་རྟོགས་ཐམས་ཅད་ཐུགས་ཀྱི་རོལ་པ་ཡིན། །དེ་ལྟར་མ་ཤེས་མཚན་མ་རང་རྒྱུད་འཛིན། །

དེ་ནི་འཁོར་བའི་རོལ་པ་ཡིན། །གང་ཞིག་རྣལ་འབྱོར་རྟོགས་ལྡན་པས། །རྒྱན་དང་རོལ་པ་སྣང་བ་སྣ་ཚོགས་ཀུན། །སྒྱུ་མའི་དཔེ་བཞིན་སྣང་ལ་རང་བཞིན་མེད། །ཆོས་ཉིད་ཆོས་སྐུའི་མི་སྣང་རང་བཞིན་ཡོད། །ཡོད་པ་མེད་པར་རྟོགས་པས་མཚན་མ་ཟིལ་གྱིས་གནོན། །མེད་པ་ཡོད་པར་རྟོགས་པས་རིག་པ་རང་ས་ཟིན། །དེའི་ཆེད་དུ་རྒྱན་བཀོད་བཞི་ལྡན་བསྟན། ཀྱེ་གསང་བའི་བདག་པོ། རྒྱན་དང་རོལ་པ་གང་བྱུང་ཡང་། ངས་ཀུན་གསལ་འདིར་སྨྲས་པ་བཞིན་དུ་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྒྱན་དང་རོལ་པ་བསྟན་པ་སྟེ་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་ཅན། །དེ་མཚོན་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ཆོས་ཉིད་ངང་ལ་ཆོས་སྐུ་གནས། །དེ་སྐད་བརྗོད་པའི་ཚིག་བྱུང་ན། །ཆོས་ཉིད་ཆོས་སྐུས་བརྒྱན་པར་བཤད། །རིག་པའི་མཚན་ཉིད་ལྔར་བརྗོད་ཅིང་། །དེ་ཡང་ཡེ་ཤེས་ལྔ་ཡི་མཚན་ཉིད་དང་། དེའི་གདངས་སུ་བརྗོད་པས་ན། ཆོས་ཀྱི་སྐུ་ལ་ཡེ་ཤེས་ཀྱིས་བརྒྱན་པར་བཤད། ཡེ་ཤེས་འོད་ལྔ་སྐུ་རུ་རྫོགས་ལུགས་དང་། །རིག་པ་ཁ་དོག་དབྱིབས་བརྗོད་པས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པར་བཤད། །རྩལ་དང་རོལ་པ་རྒྱན་དང་མཛད་སྤྱོད་དང་། །རིམ་པར་བཀོད་དང་དུ་མར་སྣང་། །པདྨ་ཅན་དང་མཛེས་དང་སྡུག །མ་འགགས་ཤར་དང་ཤུགས་དང་སྟོབས། །སྣང་སྲིད་རྒྱན་དུ་བཀོད་པ་དང་། །ལུང་རྣམས་རྒྱན་དུ་བཀོད་པ་དང་། །མན་ངག་རྒྱན་དུ་བཀོད་པ་རྣམས། །དེ་རྣམས་བརྗོད་པའི་ཚིག་ཏུ་མང་ཡང་བསྡུས་པ་ཡིན། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྒྱན་དང་རོལ་པའི་མཚོན་ཚིག་མདོར་བསྡུས་ནས་བསྟན་པ་སྟེ་ལེའུ་བཅུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ད་མཚོན་དཔེ་རྣམས་ཇི་ལྟར་ལགས། ཐབས་ལ་མཁས་པས་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ནམ་མཁའི་དཀྱིལ་

ན་ཉི་ཟླ་གསལ་བར་གནས་དང་གཅིག །རིན་ཆེན་གསེར་ལ་གཡུའི་འཕྲ་བཅུག་གཉིས། །ཆོས་ཉིད་ཆོས་སྐུས་བརྒྱན་པའི་དཔེ་རུ་བསྟན། །རྨ་བྱའི་སྒོ་ང་ཁ་དོག་ལྔ་ལྡན་དང་། །མན་ཤེལ་སྐུ་ལ་འོད་ལྔ་མི་འགག་པས། །ཆོས་ཀྱི་སྐུ་ལ་ཡེ་ཤེས་བརྒྱན་པའི་དཔེ། །མན་ཤེལ་རྐྱེན་དང་ཕྲད་པས་སྣང་བ་ཕྱི་རུ་འབྱུང་བ་དང་། །སྒོ་ང་བྱེ་འུར་སྨིན་ཏེ་ཕྱིར་བྱུང་བྱ་བ་བྱེད། །ཉི་མའི་སྙིང་པོར་འོད་ཟེར་འབྱུང་བ་རྣམས། །ཡེ་ཤེས་དག་ལ་ཐུགས་རྗེས་བརྒྱན་པའི་དཔེ། །རྒྱ་མཚོར་ཆུ་བྲན་འཕྲོ་ཞིང་འདུ་བ་དང་། །སྒྱུ་མའི་སྦྱོར་བས་གཟུགས་བརྙན་སྣ་ཚོགས་སྣང་། །ཡོན་ཏན་མ་འགགས་རོལ་པ་ཅིར་ཡང་གསལ། །དེ་ཡིས་དཔེ་རྣམས་མང་ཡང་བསྡུས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྒྱན་དང་རོལ་པ་མཚོན་པའི་དཔེ་བསྟན་པ་སྟེ་ལེའུ་བཅུ་གསུམ་པའོ།། །།ཡུལ་ཡངས་པ་ཆེན་པོ་པདྨ་བདེ་གསལ་གྱི་གྲོང་ཁྱེར་བྱ་བ་ན། རྒྱལ་པོ་ནོར་བུ་འོད་ལྡན་བྱ་བ་བཞུགས་པས། ཁོ་ལ་ནོར་བུ་རིན་པོ་ཆེ་ཟ་མ་ཏོག་ཆེན་པོ་གཅིག་རིན་པོ་ཆེ་ཕྲ་མོ་མང་པོས་བཀང་ནས་ཡོད་པ་ལས། ཁོ་ཕྱི་རོལ་དུ་ཞབས་འཆག་ཅིང་ཡུལ་གཟིགས་སུ་བྱོན་པས། རྒན་མོ་ལིང་ཐོག་ཅན་ཞིག་དང་ཕྲད་དེ། རྒན་མོས་ཟླ་བོ་འཁྲིད་པས། རྐུན་མ་མི་ལྔས་དེའི་བར་དུ་ཟ་མ་ཏོག་བརྐུས། སྨེ་ཤའི་གྲོང་ཁྱེར་དྲུག་ཏུ། མུན་པའི་མི་དྲུག་ལ་བཙོངས། མུན་པའི་མི་དྲུག་གིས་ནོར་བུ་ལ་མཆོད་པ་དང་བཀུར་སྡི་ཆག །ནོར་བུ་ལ་ཡང་དགོས་འདོད་མ་བྱུང་།ཁོང་ཡང་ཡིད་ཕྱུང་སྟེ་ཐེ་ཚོམ་ཟོས་སོ། །ཕྱིས་རྒྱལ་པོ་ལ་ལྡམ་པོ་མི་གཅིག་བྱུང་།ལྡམ་པོ་ན་རེ་རྐུན་མ་མི་ལྔས་བརྐུས། སྨེ་ཤའི་གྲོང་ཁྱེར་དྲུག་དུ་མུན་པའི་མི་དྲུག་ལ་བཙོངས་སོ་བྱས་པས། རྒྱལ་པོ་ཐུགས་ནུར་ཏེ་རྒན་མོ་བསད། གྲོང་ཁྱེར་དྲུག་བཅོམས། མུན་པའི་མི་དྲུག་ལ་ཆབ་བསལ། རྐུན་མ་མི་ལྔ་པོ་བྲན་དུ་བཀོལ།ནོར་བུ་དང་འཕྲད་ནས་རང་ཡུལ་བཟུང་བའི་མན་ངག །བཛྲ་ཨ་ཧཾ་རཏྣ་ཛྙཱ་ན་པཉྩ་པྲ་སཱ་ར་ཨ་ཧཱུཾ་ཊི། དེ་ནས་ཡང་བཅོམ་ལྡན་འདས་སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །

དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་གསུང་རྩལ་དང་རོལ་པ་དེ། །མ་རྟོགས་གཟུང་འཛིན་འཁྲུལ་པར་སྣང་། །འཁོར་བ་རང་རྒྱུད་རོལ་པར་བྱུང་།དེ་ཡི་འཁྲུལ་ལུགས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ཅིག །གཞི་འགྱུར་བ་མེད་པ་ཡེ་སངས་རྒྱས་པ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ་ཡིན་པས། སྔར་ཡང་འཁྲུལ་མ་མྱོང་། ད་ལྟ་ཡང་མ་འཁྲུལ་ལ། ཕྱིས་ཀྱང་འཁྲུལ་མི་སྲིད་དོ། །དཔེར་ན་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་པ་ལྟ་བུའོ། །མན་ཤེལ་ལ་རྐྱེན་གང་དང་འཕྲད་པ་དེ་ལ་སྣང་ཡང་། དག་པའི་སྟོབས་ཀྱིས་སྣང་མོད་ཀྱི། ཁོ་ལ་འབྱར་བ་དང་གོས་པ་མེད་དོ། །དེ་བཞིན་དུ་ཕྱོགས་ལྷུང་མེད་པའི་ཤེས་རབ་ནི། །མགོན་པོ་གཞི་ནས་རྫོགས་སངས་རྒྱས་པ་ལ། །བག་ཆགས་འཁྲུལ་པ་ཀ་ནས་དག །སྨན་དུ་དབྱེར་མེད་ཀྱང་། །སྨན་དང་དུག་ཏུ་སྣང་བ་བཞིན། །གཉིས་མེད་གཞི་སྣང་ཆེན་པོ་དེ། །གཉིས་མེད་ངང་ལས་མ་གཡོས་ཀྱང་། །ཡོན་ཏན་སྟོབས་ཀྱིས་སྣང་བའོ། །དུ་མར་སྣང་བ་ཡོན་ཏན་ལ། །འཁྲུལ་པར་གྱུར་པས་ཡོན་ཏན་སྐྱོན་དུ་ཤར། །གོང་ལྟར་རྟོགས་པས་སྐྱོན་ཉིད་ཡོན་ཏན་གྲོལ། །འོན་ཀྱང་འཁྲུལ་ལུགས་རྒྱས་པར་ངས་བསྟན་གྱིས། །འཁྲུལ་པའི་གཞི་དང་རྒྱུ་དང་དུས། །འཁྲུལ་པའི་རྐྱེན་དང་འཁྲུལ་པ་དངོས། །འབྲིང་པོ་རྣམས་ལ་ངས་བསྟན་ཉོན། །དང་པོ་འཁྲུལ་པའི་གཞི་བསྟན་པ། །དེ་ལ་ཡང་ནི་རྣམ་པ་གསུམ། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །རིག་པ་སེམས་ཀྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞིའོ། །དང་པོ་ཆོས་ཉིད་རིས་མེད་སྟོང་། །བར་དུ་ཡེ་ཤེས་རྣམ་པར་ཤར། །ཐ་མ་འཛིན་རྟོག་བག་ཆགས་བརྟས། །དེ་ལ་སྙིང་པོ་མེད་བཞིན་སྣང་། །དེས་ནི་ཡུལ་

གྱི་འཁྲུལ་གཞི་བསྟན། །ད་ནི་སེམས་ཀྱི་འཁྲུལ་གཞི་བཤད། །དང་པོ་རིག་པ་འགག་མེད་འགྱུས། །བར་དུ་གདངས་ལ་འཛིན་པ་སྐྱེས། །ཐ་མ་སེམས་ཀྱི་རྒྱུ་བྱུང་བས། །དེ་ལས་སེམས་རྟོག་དུ་མར་ཤར། །སེམས་ཀྱི་འཁྲུལ་གཞི་དེར་བསྟན་ཏོ། །དེ་ནས་ལུས་ཀྱི་འཁྲུལ་གཞི་བསྟན། །དང་པོ་རིག་པ་ཀློང་ན་གསལ། །བར་དུ་ཆོས་ཉིད་ཀློང་དུ་ཤར། །ཐ་མ་དེ་ལ་བག་ཆགས་པས། །གཟུགས་ཀྱི་ཕུང་པོ་རྡོས་བཅས་སྣང་། །ལུས་ཀྱི་འཁྲུལ་གཞི་དེས་བསྟན་ནོ། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །གཞི་གསུམ་འཐད་པ་ངས་བཤད་ཀྱིས། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་འཐད། །ཅི་ཕྱིར་རིགས་མེད་དེ་ལས་བེམས་པོར་སྣང་། །རིག་པ་སེམས་ཀྱི་འཁྲུལ་གཞིར་འཐད། །ཅི་ཕྱིར་རིག་ཙམ་ཕྱོགས་མཐུན་ཕྱིར། །འོད་ལྔ་ལུས་ཀྱི་འཁྲུལ་གཞིར་འཐད། །ཁ་དོག་དབྱིབས་སུ་ཕྱོགས་མཐུན་ཕྱིར། །ཕྲ་དང་རགས་པའི་རྣམ་པ་ལས། །གཞི་དང་དངོས་ཀྱི་ཁྱད་པར་སྟོན། །དེ་མཚོན་ཚིག་རྣམས་ངས་བསྟན་ཉོན། །འཁྲུལ་པ་ཞེས་སུ་བརྗོད་པ་དང་། །རིགས་པ་ཞེས་སུ་བརྗོད་པ་དང་། །འོད་ཟེར་ཞེས་སུ་བརྗོད་པ་དང་། །བསྐལ་པ་དང་པོར་བརྗོད་པ་དང་། །ཐོག་མ་ཞེས་སུ་བརྗོད་པ་དང་། །འདས་པའི་དུས་དང་མ་བྱོན་སྔོན་རོལ་ཞེས་པ་དང་། །ང་མེད་པ་ཡི་སྔོན་རོལ་ན། །སེམས་ཅན་བྱ་བ་གདོད་ནས་མེད། །སེམས་ཅན་མེད་པའི་སྔོན་རོལ་ན། །འབྱུང་བ་ཆེན་པོ་ཡེ་ནས་འཕགས། །འབྱུང་བ་མེད་པའི་སྔོན་རོལ་ན། །ནམ་མཁའ་ཆེན་པོ་ཡེ་ནས་འཕགས། །ནམ་མཁའ་མེད་པའི་སྔོན་རོལ་ན། །ཆོས་ཉིད་རྣམ་དག་ཡེ་ནས་འཕགས། །ཆོས་ཉིད་རྣམ་དག་ཀློང་ཡངས་ན། །ཆེན་པོ་ལྔ་ཉིད་རྣམ་པར་དག །ཆེན་པོ་ལྔ་ཡི་སྙིང་པོ་རུ། །ང་ཉིད་གཅིག་པུ་སྔོན་དུ་བྱུང་། །དེ་ཕྱིར་བསྐལ་པ་འབུམ་ཁྲི་འབུམ་སྟོང་སྔོན་རོལ་དུ། །ང་ཉིད་གཞན་པས་སྔར་བྱུང་ཕྱིར། །ཞེས་ངས་བཤད་པ་རྣམས་ནི། འབོད་སྐད་ཀྱིས་སྡེབས་ལ་འཁྲུལ་གཞིར་འབྲུ་མནན་ནོ། །རིགས་ཀྱི་བུ་ཞིབ་ཏུ་གཞི་སྣང་གི་སྐབས་སུ་བསྟན་པས་འདིར་མ་བརྗོད་དོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཡང་དག་པའི་གཞི་ལ་འཁྲུལ་པ་མེད་པར་བསྟན་པ་དང་། ཡོན་ཏན་གྱི་སྣང་བ་འཁྲུལ་པའི་གཞིར་བསྟན་པ་སྟེ་ལེའུ་བཅུ་བཞི་

པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆང་། །འཁྲུལ་པའི་རྒྱུ་ནི་གང་གིས་བགྱིས། །འཁྲུལ་པའི་དུས་ཚོད་ཇི་ཙམ་ལགས། །ཞེས་ཞུས་སོ། །སྟོན་པས་གསུངས་པ། རྡོ་རྗེ་འཛིན་པ་ཉོན་ཅིག །འཁྲུལ་པའི་རྒྱུ་ནི་མ་རིག་པ། །ལྷན་ཅིག་སྐྱེས་དང་ཀུན་ཏུ་བརྟགས། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་ཚུལ་དང་བརྗོད་ཚིག་བསྟན། །རིགས་ཀྱི་བུ་མ་རིག་པའི་ངོ་བོ་ནི། གཏི་མུག་དང་དེ་མ་ཡིན་པ་ལ་དེར་འཛིན་པའོ། །ངེས་ཚིག་ནི་དོན་ལ་རྨོངས་པའི་ཕྱིར་ན་མ་རིག་པའོ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་ཏུ་བརྟགས་པའི་མ་རིག་པའོ། །ལྷན་ཅིག་སྐྱེས་པའི་མ་རིག་པ་དེ། གང་ལས་གང་དང་ལྷན་ཅིག་ཏུ་སྐྱེས་ནས། གང་གིས་གང་མ་རིག་ཅེ་ན། རིགས་ཀྱི་བུ་གང་ལས་ཞེ་ན། གཞི་འཛིན་པའི་རིག་པ་ལས་སོ། །གང་དང་གང་ཞེ་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་རིག་པའོ། །གང་ཞེ་ན། བཅོས་པས་མི་འཆོས་པའི་ཆོས་ཉིད་ཀློང་དུའོ། །གང་གིས་གང་མ་རིག་ཞེ་ན།རང་བཞིན་གྱི་འོད་བྱད་ལྟ་བུས། གཟུགས་བརྙན་གྱི་འོད་བྱད་ཀྱི་རྣམ་པ་མེ་ལོང་ལ་སྣང་བ་ལྟ་བུ་དེ་མ་རིག་པའོ། །དོན་དེས་ན་ལྷན་ཅིག་སྐྱེས་པའི་མ་རིག་པ་ཞེས་བྱའོ། །ཀུན་ཏུ་བརྟགས་པ་ནི། ཡུལ་ལ་རྟོག་པ་རགས་པ་སྐྱེ་སྟེ། སྐད་ཅིག་མ་སྔ་ཕྱིའི་ཚུལ་ལོ། །དཔེ་རྒན་མོ་ལོང་མ་དང་འདྲའོ། །ཀྱེ་མ་རིགས་ཀྱི་བུ། མ་རིག་པ་དེ་ཡང་དག་པར་ཡོད་པ་ནི་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། མཐོ་ཡོར་རམ་ཐག་པ་ལ་མི་དང་སྦྲུལ་མེད་ཀྱང་རྒྱུས་མེད་དམ་སྔར་སུན་པའི་མི་ལ་དགྲར་སྣང་བའམ། སྣང་བ་མ་དག་པ་ལ་ཐག་པ་སྦྲུལ་དུ་སྣང་བ་ལྟ་བུའོ། །དེ་ནི་ཡང་དག་པར་མེད་བཞིན་དུ་སྣང་ལ། སྣང་བཞིན་དུ་སྟོང་པའོ། །རིགས་ཀྱི་བུ་དཔེ་ནི་དེ་བཞིན་དུ། མ་རིག་པ་དངོས་སུ་མེད་ལ་མ་རྟོགས་པའི་ཉམས་ལ་ཡོད་པའོ། །དེ་ཅིས་འབྱུང་ཞེ་ན། ལུས་ཀྱི་མཐའ་མ་རྟོགས་པས། ཤེས་རབ་ཀྱི་རྩལ་མ་རྫོགས། ཤེས་རབ་ཀྱི་རྩལ་མ་རྫོགས་པས། མཐོང་བའི་ཡུལ་ཡེ་ཤེས་ཀྱི་གདངས་འོད་ལྔ་ལ། ཤེས་པའི་དྲན་པ་མ་སད་དོ། །དེའི་ངང་མ་གཡོས་པའི་ངང་ཀུན་ཏུ་བཟང་པོ་

ལས། རང་གི་རང་བཞིན་ཡེ་ཤེས་ཀྱི་འབྱུང་བ་ཡུལ་ལ་མ་འགགས་པར་སྣང་བ་ལ། སྔར་མཐོང་མ་མྱོང་བ་དེ་ལ་ཡིད་འགྲོགས་ཏེ། རང་སྣང་ཆེན་པོར་རྟོག་པའི་མཐའ་མ་ཆོད་དོ། །རིགས་ཀྱི་བུ་མ་རིག་པའི་གཏན་ཚིགས་སོ། །མ་རིག་པ་དང་། མ་ཤེས་པ་དང་། གཏི་མུག་དང་། ཡེ་ཤེས་མ་རྟོགས་དོན་མ་མཐོང་། འཁྲུལ་དང་ཕྱིན་ཅི་ལོག་ལ་སོགས། གར་བྱུང་མ་རིག་གཉིས་སུ་བཤད། ཅེས་གསུངས་སོ། །ཀྱེ་གསང་བའི་བདག་པོ། འཁྲུལ་པའི་དུས་ནི་རང་རིག་ཡུལ་ལ་ཤར་ཏེ་འཛིན་པ་སྐྱེས་པའི་དུས་སོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འཁྲུལ་པའི་རྒྱུ་དང་དུས་བསྟན་ཏེ་ལེའུ་བཅོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁྲུལ་པའི་རྐྱེན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །རྒྱུ་དང་རྒྱུ་ཡི་རྐྱེན་དུ་བསྟན། །བདག་པོའི་རྐྱེན་དང་དམིགས་པའི་རྐྱེན། །མཚུངས་པའི་རྐྱེན་དང་དེ་བཞིན་ནོ། །རྒྱུ་དང་རྒྱུ་ཡི་རྐྱེན་བཤད་པ། །རྒྱུ་ནི་རིག་པ་འགག་པ་མེད། །རྐྱེན་ནི་ཆོས་ཉིད་སྟོང་པ་ཡིན། །རིག་པ་ཆོས་སྐུའི་མཚན་ཉིད་ནི། །རིག་སྟོང་དབྱེར་མེད་ཤེས་རབ་ཐོགས་པ་མེད། །མཐིང་ག་དཀར་སེར་དམར་དང་ལྗང་གུའོ། །སོ་སོའི་མཚན་ཉིད་འཛིན་ཅིང་རང་རྒྱུད་གནས་པའོ། །ཆོས་ཉིད་དག་པ་མེ་ལོང་ལྟ་བུའོ། །ཡེ་ཤེས་འབྱུང་ལྔ་ནམ་མཁའི་འཇའ་ལྟར་ཤར། །དེ་ཡི་སྐད་ཅིག་ཕྱི་མ་ལ། །དེ་ལས་དེ་བཞིན་བྱད་དང་གཟུགས་བརྙན་བཞིན། །རང་ལས་བྱུང་བའི་རྣམ་པས་བདག་རྐྱེན་ཤར། །དེ་ཡི་སྐད་ཅིག་ཕྱི་མ་ལ། །དམིགས་པའི་རྣམ་པ་ཡུལ་དུ་སྣང་། །རྐྱེན་གྱིས་འཛིན་པའི་རྟོག་པ་བྱུང་། །དེ་ལ་དམིགས་པའི་རྐྱེན་ཞེས་བརྗོད། །དེ་རྣམས་མཚུངས་པས་འཁྲུལ་རྐྱེན་བྱས། །དེ་ལ་མཚུངས་པའི་རྐྱེན་ཞེས་བརྗོད། །དེ་དུས་གཟུང་འཛིན་རྣམ་རྟོག་གིས། །རང་བཞིན་འོད་ལྔ་གསལ་མ་ནུས། །གཟུགས་བརྙན་ལྔ་ལ་བག་ཆགས་པས། །མཚོ་ལ་དར་ཆགས་ཞོ་ལ་སྤྲིས་ཆགས་ལྟར། །གླིང་བཞི་རི་རབ་གླིང་ཕྲན་

སྣང་། །དེ་ཡི་བཅུད་ལས་སྲེད་པའི་སྒོ་ང་དང་། །རྩི་ཤིང་ནགས་ཚལ་སྨན་དང་མེ་ཏོག་འཁྲུངས། །བརླན་དང་དྲོད་ལས་སྐྱེས་པ་ཡིན། །དེ་ལྟར་བར་གྱི་བསྐལ་པ་ལ། །སྣོད་ཀྱི་འཇིག་རྟེན་ལོགས་སུ་བསྐལ། །ཤེས་པས་མ་བཟུང་བརླན་དང་དྲོད་ལས་སྐྱེས། །མཆོག་ཏུ་པདྨའི་སྒོ་ང་གྲུབ། །ཨུ་དུམྺ་ར་དག་ལ་བརྟེན། །དྲི་མེད་ཡེ་ཤེས་བརྫུས་ནས་སྐྱེས། །འབྱུང་བ་ལྔ་ཡི་བདག་ཉིད་ཅན། །སྲིད་པའི་སྒོ་ང་མ་དག་རྟེན། །ཤེད་བུ་ཤེད་རོགས་དེ་ལས་སྐྱེས། །ཆགས་སྡང་གཉིས་ཀྱི་བདག་ཉིད་ཅན། །དེ་ནི་ལུས་ཀྱི་རྟེན་ཡིན་ནོ། །ཞེས་གསུངས་སོ། །རིགས་ཀྱི་བུ་དེ་ལ་མཚོན་པའི་ཚིག་བསྟན་པ། །དང་པོ་གཞི་མཚོན་གང་དུ་བྱུང་། །སངས་རྒྱས་སེམས་ཅན་འོག་ནས་བྱུང་། །དེ་གཉིས་བར་དུ་རྩལ་འཕྲོ་བ། །བར་གྱི་བསྐལ་པར་བཤད་པ་ཡིན། །རང་གི་ས་ལ་གནས་པས་ན། །མི་བསྐྱོད་པ་ཞེས་དེ་ལ་བྱ། །དེ་མ་ཡིན་ལ་དེར་འཛིན་གྱིས། །འོད་ལྔ་བསྒྲིབས་ཤིང་རིག་པ་སྟོངས། །མི་བསྐྱོད་རྡོ་རྗེ་ཡིན་པར་བཤད། །འགྲོ་མ་ནུས་པས་འཕྱེ་བོ་ཡིན། །ངོ་བོ་གསལ་ལ་མི་འགག་པར། །དངོས་སུ་གསལ་མ་ནུས་པས་ན། །མི་གསལ་བ་ཡི་བདག་ཉིད་ཅན། །གཞི་ལས་འཕགས་ཤིང་སངས་རྒྱས་དངོས་མ་ཡིན། །བར་དུ་མྱུ་གུ་ཇི་བཞིན་ནོ། །མྱུ་གུར་འབྱུང་ཞེས་དེ་ལ་བྱ། །དེ་བཞིན་ངས་བསྟན་རྒྱུད་ལུང་དུ། །གར་བྱུང་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ཞེས་བྱ་བ་བཤད་པའི་རྒྱུད་བཀླགས་པས་ཤེས་པ་ལས་འཁྲུལ་པའི་རྐྱེན་དང་བར་གྱི་བསྐལ་པ་ལས་ཡུལ་གྱི་འཁྲུལ་པ་ལུས་ཀྱི་རྟེན་དང་བཅས་པ་བསྟན་པ་སྟེ་ལེའུ་བཅུ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྣོད་ཀྱི་འཇིག་རྟེན་དེ་ལྟར་ན། །བཅུད་ཀྱི་རིགས་དྲུག་ཇི་ལྟར་ཆགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་གྱིས་མ་ནོར་བར་ཟུང་ཞིག །ནམ་མཁའ་སྟོང་ལས་རླུང་རྒྱུ་བཞིན། །ཡིད་ཀྱི་རླུང་ཆེན་ཀུན་ཏུ་རྒྱུ། །སྤྱན་གྱི་སྦྱོར་བས་སྲིད་པའི་སྒོ་ང་མཐོང་། །ཐུགས་ཀྱི་སྦྱོར་བས་སྒོ་ང་ལེགས་ཤིང་མཛེས་པར་མཁྱེན། །ཞལ་གྱི་སྦྱོར་བས་དེ་ལ་ཆགས་སེམས་སྐྱེས། །

རིག་པ་ཡིད་དང་ཆགས་པ་ཞུགས། །སེམས་ཅན་རྩ་བ་ཕོ་མོ་གཉིས་སུ་སྨིན། །སྐྱེ་བ་བཞི་ལས་སྒོང་སྐྱེས་ཡིན། །གཞི་ལ་ཆེན་པོ་ལྔ་ཡིས་ཕུང་པོ་ལྔར་གྲུབ་ཅིང་། །རྟེན་ལས་འབྱུང་བ་ལྔ་ཡི་ཆ་རྫོགས་པས། །ཕུང་པོ་ཁམས་དང་སྐྱེ་མཆེད་གྲུབ། །ཤེད་བུ་ཤེད་ལ་རོགས་སུ་གྲགས། །དེ་ལས་མངལ་ནས་སྐྱེས་པ་བྱུང་། །མི་བརྗེད་འཇིག་རྟེན་རིམ་པར་ཆགས། །ཉོན་མོངས་རགས་ཤིང་འབྲས་བུ་ངན། །མཐའ་མ་མནར་མེད་རྣམས་ལ་ཐུག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ནང་བཅུད་ཀྱི་གྲུབ་ཚུལ་བསྟན་པ་སྟེ་ལེའུ་བཅུ་བདུན་པའོ།། །།དེ་ནས་ཡང་གསུངས་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །བསྐལ་པ་ཐ་མའི་ཚིག་བརྗོད་པས། །ཚོགས་བརྒྱད་ལྡན་པའི་སེམས་ཅན་ཡིན། །རྒྱུ་བྱེད་དབུགས་དང་བཅས་པས་རྟོག་བྱེད་སེམས་སུ་བཤད། །མང་པོ་འདུས་པས་ཕུང་པོ་ཡིན། །སྤུངས་པའི་ཕྱིར་ན་དེ་བཞིན་ནོ། །ཁམས་ནི་མཚན་མའི་མཚན་ཉིད་ཡིན། །མཚན་མ་སྐྱེ་ཕྱིར་སྐྱེ་མཆེད་ཡིན། །སོ་སོ་དག་གི་སྒོ་གསལ་ཞིང་། །རང་རང་ཡུལ་ལ་དབང་བྱེད་དབང་པོར་བསྟན། །གཟུགས་ནི་ཁ་དོག་དབྱིབས་སུ་བསྟན། །སྒྲ་ནི་རྣ་བའི་ཡུལ་དུ་བསྟན། །དྲི་ནི་སྣ་ཡི་ཡུལ་དུ་བསྟན། །རོ་ནི་ལྕེ་ཡི་ཡུལ་དུ་བསྟན། །རེག་ནི་ལུས་ཀྱི་ཡུལ་དུ་བསྟན། །དེ་ལྟའི་ཕྱིར་ན་དེ་སྐད་བཤད། །ཚོར་བ་དུ་མར་མྱོང་བའོ། །འདུ་ཤེས་ཡུལ་ལ་མཚན་མར་འཛིན། །འདུ་བྱེད་སེམས་ལ་གཡོ་བ་བྱེད། །ཡིད་ལ་བྱེད་པས་དམིགས་པ་སྟེ། །རིག་པ་དག་ནི་དཔྱོད་པའོ། །རྣམ་ཤེས་རྣམ་པར་རིག་པའོ། །ཐམས་ཅད་ཀུན་ནས་འབྱེད་ཕྱིར་དང་། །རྒྱུ་རྐྱེན་ལས་བྱུང་འདུ་བྱེད་ཡིན། །བརླན་ལས་སྐྱེས་པ་གློ་བུར་སྨིན། །རྫོགས་པར་སྨིན་པ་བརྫུས་ནས་སྐྱེས། །མངལ་སྐྱེས་རིམ་པར་སྨིན་པའོ། །སྒོ་ང་ལས་སྐྱེས་རྒྱུ་དེ་སྨིན། །དམྱལ་བ་གདུང་བའི་ལམ་པ་ཡིན། །ཡི་དྭགས་འགོག་པའི་ལམ་པ་ཡིན། །བྱོལ་སོང་མུན་པའི་ལམ་པ་ཡིན། །མི་ཡི་ལམ་ནི་འདམ་པའི་ལམ། །ལྷའི་ལམ་ནི་ཡེངས་པའོ། །གནས་པའི་ཕྱིར་དང་བགྲོད་

ཕྱིར་ལམ། །སྐྱེ་དང་བརྟེན་པ་མི་འབྲལ་བས། །འཁོར་དང་མྱ་ངན་འདས་པའི་ལམ། །དམྱལ་བའི་གནས་ནི་བཟོད་དང་ལྡན། །ཡི་དྭགས་གནས་ནི་ཡིད་དང་ལྡན། །བྱོལ་སོང་གནས་ནི་མྱོས་ལྡན་ནོ། །མི་ཡི་གནས་ནི་འདོད་ལྡན་ནོ། །ལྷ་མིན་གནས་ནི་རྩོད་ལྡན་ནོ། །ལྷ་ཡི་གནས་ནི་དགའ་ལྡན་ནོ། །རྟེན་པའི་དོན་ཕྱིར་གནས་སུ་བསྟན། །རིགས་ཀྱི་བུ་དེ་དག་གི་རྒྱུ་ནི་ཉོན་མོངས་ཏེ། དེ་ཡང་རང་རང་གི་སྒྲ་འཇུག་པའི་རྒྱུ་མཚན་དང་། དོན་གྱི་བྱེ་བྲག་སོ་སོར་དབྱེ་ན། ལས་རྒྱུ་འབྲས་དང་། དེ་ཁོ་ན་ཉིད་ཀྱི་དོན་མ་ཤེས་པས་ན་མ་རིག་པའོ། །འདོད་ཆགས་ནི་ཞེན་པའོ། །ང་རྒྱལ་ནི་ཁེངས་པའོ། །ཁོང་ཁྲོ་བ་ནི་སྡང་སེམས་སོ། །ཞེ་སྡང་ནི་འཁྲུགས་པའོ། །ཕྲག་དོག་ནི་མི་བཟོད་པའོ། །དེ་དག་ནི་རྒྱུ་དྲུག་གོ། །དེ་ལས་ངོ་བོ་དྲུག་དང་། འབྲས་བུ་དྲུག་སྨིན་པའོ། །ཀྱེ་གསང་བའི་བདག་པོ་དེ་དག་ནི། འགྲོ་བ་རིགས་དྲུག་ལ་ད་ལྟ་ལྡན་པའི་ཆོས་ཏེ། རྒྱུད་གང་ཡང་བསྐལ་པ་ཐ་མའི་ཆོས་སུ་འདིར་བཤད་པ་ལྟར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྐལ་པ་ཐ་མའི་བརྗོད་ཚིག་བསྟན་པ་སྟེ་ལེའུ་བཅོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་བ་རྒྱན་དང་རོལ་པར་ཤར་བའི་དོན་དེ་ལྟར་ལགས་ན། དེ་ལྟར་འབྱུང་བའི་འབྱུང་བ་ལྔ་བཤད་དུ་གསོལ། །ཞེས་གསུངས་སོ། །སྟོན་པས་བཀའ་སྩལ་པ། འབྱུང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་བཅས་པ་རྣམས། །ངས་བཤད་ཁྱོད་ཀྱིས་ཡིད་ལ་ཟུང་། །ངོ་བོ་དབྱེ་བའི་སྒོ་ནས་སྟོན། །འབྱུང་བའི་བཅུད་ནི་དྭངས་མ་ལྔ་དང་སྙིགས་མ་ལྔ། །དྭངས་མ་ལྔ་ཡི་ངོ་བོ་ནི། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔའོ། །སྙིགས་མ་ལྔ་ཡི་ངོ་བོ་ནི། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །འབྱུང་བའི་ངེས་ཚིག་བསྟན་པ་ནི། །རིག་པའི་རྩལ་དུ་འཆར་བ་དང་། །རྩལ་ལས་འཁོར་འདས་སྣང་བའོ། །དབྱེ་བ་མུ་བཞིར་བསྟན་པར་བྱ། །དྭངས་མ་སྙིགས་མ་རྣམ་པ་གཉིས། །རེ་རེ་ལ་ཡང་དེ་བཞིན་བཤད། །རིགས་ཀྱི་བུ་ཁྱོད་ལེགས་པར་ཟུང་ཞིག །འབྱུང་བའི་དྭངས་མ་འོད་ལྔའོ། །སྙིགས་མ་ས་ཆུ་

མེ་རླུང་ངོ་། །དྭངས་མའི་སྙིགས་མ་ཤ་དང་རུས་ལ་སོགས། །སྙིགས་མའི་དྭངས་མ་གཞའ་ཚོན་རྣམ་པ་ལྔ། །དཔེ་ནི་ཉི་མའི་འོད་ཟེར་དང་། །མན་ཤེལ་དག་པའི་འོད་སྣང་བཞིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། )འབྱུང་བ་ལྔ་མདོར་བསྡུས་ནས་བསྟན་པ་སྟེ་ལེའུ་བཅུ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྙིགས་མའི་འབྱུང་བའི་མཚན་ཉིད་ཇི་ལྟར་ལགས། །དྭངས་མ་ལྔ་ལས་ཇི་ལྟར་ཤར། །དྭངས་མ་འབྱུང་བའི་མཚན་ཉིད་ཇི་ལྟར་ལགས། །ཆོས་ཉིད་དོན་ལ་སྦྱར་ན་ཇི་ལྟར་སྦྱར། །སྙིགས་མ་དྭངས་མར་གྲོལ་ན་ཇི་ལྟར་གྲོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ས་ཡི་མཚན་ཉིད་སྲ་བ་ཡིན། །ཆུ་ཡི་མཚན་ཉིད་གཤེར་བ་ཡིན། །མེ་ཡི་མཚན་ཉིད་ཚ་བ་ཡིན། །རླུང་གི་མཚན་ཉིད་ཡང་ཞིང་གཡོ། །ནམ་མཁའི་མཚན་ཉིད་ཡངས་ཤིང་གོ་འབྱེད་པའོ། །རང་རང་ལས་ཀྱང་དེ་བཞིན་བྱེད། །དྭངས་མའི་ས་ལས་འོད་ཟེར་དཀར་པོ་འབྱུང་། །དེ་ལས་སྙིགས་མ་ས་རུ་སྣང་། །དེ་བཞིན་དྭངས་མའི་འབྱུང་བ་ལས། །འོད་ཟེར་རྣམ་པ་བཞི་རུ་འབྱུང་། །དེ་ལས་སྙིགས་མ་བཞི་རུ་སྣང་། །དྭངས་མའི་འབྱུང་བའི་མཚན་ཉིད་ནི། །སྲ་བ་མེད་པར་བརྟན་པ་དང་། །གཤེར་བ་མེད་པར་སྡུད་པ་དང་། །གཡོ་བ་མེད་པར་བསྐྱོད་པ་དང་། །ཚ་བ་མེད་པར་བསྲེག་པའོ། །ཁྱབ་པ་མེད་པའི་གདངས་ཅན་ཡིན། །ཆོས་ཉིད་ཆོས་སྐུ་འགྱུར་བ་མེད། །དབྱེར་མེད་སྲ་བ་མེད་པར་བརྟན་པའི་ས། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །དག་པ་ཟང་ཐལ་དྲི་མ་མེད། །ཐམས་ཅད་དེ་ཡི་ངང་དུ་འདུས། །གཤེར་བ་མེད་པར་སྡུད་པའི་ཆུ། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དེ། །གཡོ་བ་མེད་པར་ཐོགས་པ་མེད། །གཡོ་བ་མེད་པར་བསྐྱོད་པའི་རླུང་། །མ་སོང་གནས་སུ་ཕྱིན་པས་ན། །ཆོས་ཉིད་ཆོས་སྐུ་གཉིས་མེད་པས། །ཡེ་ཤེས་ཆེན་པོའི་རང་གི་གདངས་ལ་བཞུགས། །གཞན་དུ་སྣང་བའི་རྣམ་རྟོག་མི་མངའ་བས། །ཚ་བ་མེད་པར་བསྲེག་པའི་མེ། །གཞན་སྣང་མེད་པར་རང་གསལ་བའོ། །ཁྱབ་པའི་ཡེ་

ཤེས་གདངས་དང་བཅས། །ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཡིན། །སྙིགས་མའི་འབྱུང་ལྔ་འོད་ལྔའི་ངང་དུ་གྲོལ། །འོད་ལྔ་དྭངས་མ་ལྔ་ཡི་གོ་རུ་ཐིམ། །དེ་བཞིན་རྟགས་ཀྱང་རིམ་པར་འབྱུང་། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འབྱུང་བའི་མཚན་ཉིད་བསྟན་པ་དང་། ཤར་ལུགས་དང་། ཐིམ་ལུགས་དོན་དང་སྦྱར་བར་བསྟན་པ་སྟེ་ལེའུ་ཉི་ཤུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འབྱུང་ལྔ་འབྱུང་བ་ལྔ་ལ་གནས་པ་ལ། །བསྐལ་པ་ཞེས་སུ་བགྲང་བ་སྟེ། །དོན་གྱི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །བསྐལ་པའི་ངོ་བོ་བསྟན་པ་ནི། །གཞི་ལམ་འབྲས་བུར་ང་ཡིས་བཤད། །དང་པོ་ཡེ་ཤེས་ཡུལ་ལ་ཤར། །ཤར་བྱ་ཤར་བྱེད་ལྟར་སྣང་བས། །དང་པོའི་དུས་སུ་ཆོས་ཉིད་བསྐལ། །བར་དུ་འཛིན་པའི་རྣམ་རྟོག་གིས། །ཡེ་ཤེས་སྣང་བ་ནང་དུ་ནུབ། །དེ་ཡི་རྣམ་པ་སྣོད་དུ་ཆགས། །སྣོད་ཀྱི་འཇིག་རྟེན་བསྐལ་ཞེས་བྱ། །ཐ་མ་གཟུང་འཛིན་གཉིས་སུ་བསྐལ། །སངས་རྒྱས་སེམས་ཅན་དེ་བཞིན་བསྐལ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་རྣམ་པ་གསུམ་ཡིན་ནོ། །ཡུན་དུ་གནས་པས་བསྐལ་པའི་སྒྲ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྐལ་པ་གསུམ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །།ནམ་མཁའི་མཐོངས་ནས་སྣང་གསལ་གྱི་སྒྲོན་མེ་ཤར་བས། མཚན་མའི་མུན་པ་སེལ་བའི་མན་ངག །ཨཱ་བཛྲ་དྷརྨ་རཏྣ་ཀ་ཡཱ། ཨཱོཾ་ཛྙཱ་ན་ཀ་ལ་བ་གྷེ། ཀུ་ལ་ཀཱ་ཡ་པཉྩ། ཧཱུཾ་དྷརྨཱ་པྲ་ས་རཀྴ་ཏུ་ཛཱ་དྷ་དུ་ཨཱ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ། ཐུགས་རྗེ་འབྱུང་བའི་སྐུ་གསུམ་གྱི་དགོངས་པ་ལ་སྙོམས་པར་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་བའི་རོལ་པར་ཤར་བ་དེ་ལྟར་ན། །དེ་ལྟར་འདུ་བྱེད་གཉེན་པོ་རུ། །དག་པའི་ཆོས་སྐུ་ཆེན་པོ་ལས། །སྐུ་གཉིས་རོལ་པ་ཇི་ལྟར་ཤར། །ཞེས་ཞུས་སོ། །

སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ཐུགས་རྗེའི་སྐུ་གཉིས་སྣང་བ་ཡང་། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །མན་ཤེལ་ལྟ་བུའི་རིག་པ་གསལ། །ཉི་ཟེར་ལྟ་བུའི་ཐུགས་རྗེ་འབྱུང་། །ནད་པ་ལྟ་བུའི་རིགས་དྲུག་གི། །མུན་པ་ལྟ་བུའི་གཏི་མུག་དང་། །དུག་ལྔ་དུག་གསུམ་ནད་རྣམས་སེལ། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མགོན་པོ་རྡོ་རྗེ་འོད་དཔག་མེད། །ཆོས་སྐུ་གཞི་སྣང་ཆེན་པོ་ལས། །འབྲས་བུ་ལོངས་སྐུ་ཇི་ལྟར་རྫོགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཐུགས་རྗེ་སྐུ་གཉིས་སྣང་བ་ཡང་། །གདུལ་བྱ་རྣམས་ལ་ཤར་བར་ཕྲད། །རང་ལས་ཤེས་རབ་སྐུ་ལྔར་སྣང་། །ཡེ་ཤེས་རང་སྣང་ཆེན་པོ་ལ། །མཚན་མ་གཞན་སྣང་རྣམ་རྟོག་མེད། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སྟོན་པ་ཐུགས་རྗེ་ཆེ་མངའ་བས། །ཤེས་རབ་སྐུ་ལྔ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིག་པ་གཅིག་གི་ངོ་བོ་ལ། །ཐམས་ཅད་འཆར་ཞིང་སྣང་བའི་ཕྱིར། །ཀུན་སྣང་ཆེན་པོ་ཞེས་ཀྱང་བྱ། །རང་གི་ཡོན་ཏན་མ་འགགས་པས། །རིན་འབྱུང་ཆེན་པོ་ཞེས་ཀྱང་བྱ། །ཐུགས་རྗེའི་སྟོབས་དང་ལྡན་པས་འོད་དཔག་མེད། །ཤེས་བྱར་ཐོགས་པ་མེད་པས་དོན་གྲུབ་ཡིན། །དེ་ཉིད་འགྱུར་བ་མེད་པས་མི་བསྐྱོད་པ། །སྟོང་པ་རིག་པ་གཉིས་མེད་ཡེ་ཤེས་ཐོགས་པ་མེད། །ཤེས་རབ་སྐུ་ལྔའི་ངོ་བོ་ཡིན། །དབྱེ་བ་ཡོན་ཏན་སྒོ་ནས་ཕྱེ། །ངེས་ཚིག་ཤེས་རབ་ལ་དེ་ལྟར་མཁྱེན་པ་མ་འགགས་པས་ཤེས་རབ་ཀྱི་སྐུའོ། །ཡང་ན་རང་ལ་ཤེས་པ་མ་འགགས་པས་གདུལ་བྱ་ལ་སྐུར་སྣང་བའི་ཕྱིར་ན་ཡང་དེ་སྐད་ཅེས་བཏགས་སོ། །ཡང་གསང་བའི་བདག་པོས་ཞུས་པ། རང་ལ་སྐུ་མི་སྣང་བའི་གཏན་ཚིགས་ཇི་ལྟར་ལགས། །ཞེས་ཞུས་སོ། །ཀྱེ་གསང་བའི་བདག་པོ་ལེགས་པར་ཟུང་ཞིག །རང་གི་རིག་པ་དངོས་མེད་ཡེ་དག་ཟང་ཐལ་ཆེན་པོ་ཡིན། དེའི་དོན་རྒྱས་པར་བསྟན་པ་ནི། གཞན་སྣང་མེད་པས་རང་བཞིན་གཞི། །སྐུ་གསུམ་མཚན་མ་མེད་པས་རིག་པ་དངོས་མེད་ཡིན། །སྤྱན་གཉིས་དག་ནས་ཡེ་ཤེས་སྤྱན་མངའ་བ། །ཡེ་ནས་

རིག་པ་ཟང་ཐལ་ཡིན། །དེའི་གོང་ན་གཞན་མེད་ཆེན་པོར་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཆོས་སྐུ་ལས་གཟུགས་སྐུ་གཉིས་འབྱུང་བར་བསྟན་པ་དང་། ཆོས་སྐུ་ཉིད་ལ་རིག་པ་སྐུ་གཉིས་མེད་པར་བསྟན་པ་སྟེ་ལེའུ་ཉི་ཤུ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདུལ་བྱ་ཞེས་ནི་གང་ལ་བགྱི། །སྐུ་རུ་སྣང་ཚུལ་ཇི་ལྟར་སྣང་། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་ཟུང་ཞིག །རྣམ་དག་སྟུག་པོ་བཀོད་པའི་ས། །ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་། །ཡེ་ཤེས་རང་གདངས་བུམ་པ་ལྔ། །མ་འགགས་གསལ་བའི་མྱུ་གུར་སྣང་། །ཆོས་ཉིད་དག་པའི་སྣང་ཆ་ལྔར། །མཐིང་ག་དཀར་སེར་དམར་དང་ལྗང་། །མ་འདྲེས་གསལ་བའི་ཡེ་ཤེས་རྫོགས། །དེ་ལྔའི་ནང་ནས་སྐུ་ལྔ་གྲུབ། །ཕྱོགས་བཞི་དབུས་དང་ལྔར་གནས་ཏེ། །དབུས་ནི་ཀུན་སྣང་ཡེ་ཤེས་ལ། །བཞི་པོ་རྣམ་སྣང་ཀུན་ཏུ་ཞལ། །མི་བསྐྱོད་ཆེན་པོ་རིན་འབྱུང་ཆེན་པོ་དང་། །དཔག་མེད་ཆེན་པོ་དོན་གྲུབ་ཆེན་པོར་སྣང་། །ཕྱག་མཚན་རང་བཞིན་ཐུགས་ལ་གནས། །ཁ་དོག་ལྔ་ཡི་བདག་ཉིད་འཛིན། །གདན་གསུམ་ངང་ལ་ཡོངས་སུ་རྫོགས། །གདུལ་བྱ་རིགས་བཞིའི་སངས་རྒྱས་ཏེ། །དག་ཅིང་གསལ་བའི་མེ་ལོང་ལ། །བྱད་ཀྱི་རྣམ་པ་ཤར་བ་ལྟར། །མཚན་རྫོགས་རྡོ་རྗེ་འཆང་ཆེན་གྱི། །ཆོས་ཉིད་དག་པའི་སྣང་བ་ལ། །མི་བསྐྱོད་རིན་ཆེན་འབྱུང་ལྡན་དང་། །སྣང་བ་མཐའ་ཡས་དོན་གྲུབ་ཤར། །གདན་གསུམ་ངང་ལ་ལྷུན་གྱིས་རྫོགས། །རང་རང་ཕྱག་མཚན་ཐུགས་ལ་གབ། །དབྱེར་མེད་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཡེ་ཤེས་ལྔ་ཡི་སྦུབས་ན་གསལ། །རང་རང་སོ་སོའི་ཆོས་ཉིད་ཆེན་པོ་ལ། །ལྔ་པོ་སོ་སོའི་སྦུབས་ན་གནས། །རེ་རེ་ལ་ཡང་བཞི་བཞིས་བསྐོར། །ཡེ་ཤེས་ལྔ་རྫོགས་རྩལ་གྱི་མཚན་ཉིད་འཛིན། །གཉིས་མེད་ཡུམ་ལྔ་ལུས་དང་གྲིབ་མ་བཞིན། །ཐབས་དང་ཤེས་རབ་གཉིས་མེད་ཞལ་སྦྱོར་གནས། །རྣམ་སྣང་ཞལ་གཟིགས་དགོངས་

པ་མཁྱེན། །རྣམ་སྣང་རང་ལས་གཞན་སྣང་མེད། །རང་བྱུང་རང་ཤར་རང་སྣང་རང་གིས་མཁྱེན། །རང་གསལ་རྩེ་གཅིག་འབྱེད་པ་མེད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཤེས་རབ་ཀྱི་སྐུ་གདུལ་བྱ་ལ་སྐུ་ཕྱག་རྒྱར་གསལ་ལུགས་དང་། གདུལ་བྱའི་སྐུ་རྫོགས་ཤིང་མཁྱེན་པར་འཆར་ཚུལ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གནས་དང་གདན་རྣམས་གསུང་དུ་གསོལ། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །གནས་མེད་གནས་ཆེན་ཆོས་དབྱིངས་རྣམ་དག་ན། །མ་བྲིས་དཀྱིལ་འཁོར་འོད་དུ་གསལ། །ཡང་དག་གསང་བའི་དཀྱིལ་འཁོར་མཆོག །བཞུགས་གནས་ཆེན་པོར་དེ་བཤད་དོ། །དེར་བཞུགས་གདན་གྱི་ཁྱད་པར་ནི། །རྟགས་དང་ཁྱད་པར་ཆོས་ཀྱི་གདན། །རྟགས་ལ་རྣམ་པ་ལྔར་བཤད་དེ། །སྐུ་གསུམ་འདུ་འབྲལ་མེད་པའི་རྟགས། །རྩལ་གསུམ་རྫོགས་པས་སེང་གེའི་གདན། །སྐུ་གསུམ་ཆོས་ཉིད་ངང་ན་གནས། །མི་འགྱུར་གླང་ཆེན་གདན་དུ་བཏིང་། །དངོས་མེད་བརྡ་ཡི་ཆོས་ཉིད་ངང་ལ་བཞུགས། །སྐུ་གཉིས་ཐུགས་རྗེས་བསྐྱོད་པའི་རྟགས། །བསྐྱོད་པའི་ཤུགས་འཆང་རྟ་མཆོག་གདན། །མཚོན་པའི་བརྡར་བྱེད་ཐུགས་རྗེའི་ཤུགས་ཀྱིས་བསྐྱོད། །ཐུགས་རྗེས་འགྲོ་ལ་འཆམས་པའི་དོན་བྱེད་པས། །མཛེས་པའི་རྨ་བྱ་གདན་དུ་བཏིང་། །དེས་མཚོན་དཔེ་ཡིས་མཐུན་པར་སྣང་། །རྫུ་འཕྲུལ་སྟོབས་ཀྱིས་ཕྲིན་ལས་ཐོགས་མེད་མཛད། །དེ་ཡི་རྟགས་སུ་མཁའ་ལྡིང་ཐོགས་མེད་གདན། །དེ་རང་མ་ཡིན་ཆེས་མཐུན་མཚོན་པའི་དཔེ། །དངོས་སུ་ཐུགས་རྗེ་རྫུ་འཕྲུལ་སྟོབས་དང་ལྡན། །ཐབས་མ་འགགས་པའི་ཡེ་ཤེས་དང་། །ཤེས་རབ་འགྱུར་བ་མེད་པའི་ཆོས་ཉིད་གཉིས། །གཉིས་མེད་སྐུ་དང་ཡེ་ཤེས་གསལ། །དེ་རྟགས་ཉི་ཟླ་རྣམ་གཉིས་གདན། །བརྗོད་ཚིག་སྒྲ་སྟེ་རིག་པ་ཡེ་ཤེས་དངོས། །རང་རིག་ཁོང་ནས་

ཡེ་ཤར་དྲི་མས་གོས་པ་མེད། །དེ་མཚོན་པདྨའི་གདན་ཏེ་དངོས་མེད་དོན་ལ་སྦྱོར། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བཞུགས་པའི་གནས་དང་གདན་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདན་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངོ་བོ་ཆོས་ཉིད་འགྱུར་མེད་ཡིན། །བསྡུས་པ་དེ་ལས་མེད་མོད་ཀྱི། །དབྱེ་བའི་སྒོ་ནས་མཚོན་ན་ཡང་། །རྟགས་ཀྱི་གདན་ལ་རྣམ་པ་ལྔ། །ཁྱད་པར་གདན་ལ་རྣམ་པ་གཉིས། །ཆོས་ཉིད་གདན་ཀྱང་དེ་དང་མཚུངས། །རང་རང་དོན་གྱི་རོ་ལ་སྦྱར། །ངེས་ཚིག་དེ་ལ་བཞུགས་ཕྱིར་གདན་ཞེས་བྱ། །དབྱེ་ན་རྣམ་པ་གསུམ་ཡིན་ཏེ། །རྟགས་དང་ཁྱད་པར་ཆོས་དང་གསུམ། །དེ་ལ་དབྱེ་བ་གོང་མ་བཞིན། །དཔེ་ནི་རྒྱལ་པོ་གདན་ལ་བཞུགས་པ་བཞིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གདན་གྱི་དོན་བཤད་པ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གདན་ལ་རྫོགས་པའི་གཙོ་བོ་ལས། །འཁོར་གྱི་སྣང་བ་ཇི་ལྟར་ལགས། །ཚོམ་བུའི་དཀྱིལ་འཁོར་ཇི་ལྟར་ལགས། །རྗེས་འཇུག་འཁོར་ལ་བཤད་དུ་གསོལ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་ལས། །ས་སྙིང་བྱམས་པ་གཡས་དང་གཡོན། །ཐུགས་རྗེ་ཐབས་ཀྱི་སྐུ་རུ་ཤར། །ཡུམ་ཆེན་སངས་རྒྱས་སྤྱན་དག་ལས། །ལཱ་སྱེ་པུཥ྇་གཡས་དང་གཡོན། །ཐབས་དང་ཐབས་ཀྱི་ཆ་འཛིན་དང་། །ཤེས་རབ་ཤེས་རབ་ཆ་འཛིན་པས། །རེ་རེ་ལ་ཡང་གཉིས་གཉིས་སྣང་། །ཚོམ་བུའི་དཀྱིལ་འཁོར་གཅིག་ཏུ་གསལ། །དེ་བཞིན་རིན་ཆེན་འབྱུང་ལྡན་ལས། །ཀུན་བཟང་ནམ་མཁའི་སྙིང་པོ་གཉིས། །གཡས་དང་གཡོན་དུ་ཤར་ཞིང་གསལ། །མཱ་མ་ཀི་ལས་གཡས་གཡོན་དུ། །མ་ལྱེ་དྷུ་པྤེ་གཉིས་སུ་གསལ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་

གཅིག །བཅོམ་ལྡན་སྣང་བ་མཐའ་ཡས་ལས། །སྤྱན་རས་གཟིགས་དང་འཇམ་དཔལ་གཉིས། །མ་འགགས་གཡས་དང་གཡོན་དུ་གསལ། །ཡུམ་ཆེན་ན་བཟའ་དཀར་མོ་ལས། །གཱི་ཏི་མ་དང་ཨཱ་ལོ་ཀེ། །གཡས་དང་གཡོན་དུ་རེ་རེ་གནས། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །བཅོམ་ལྡན་དོན་ཡོད་གྲུབ་པ་ལས། །ཕྱག་ན་རྡོ་རྗེ་སྒྲིབ་པ་སེལ། །གཡས་དང་གཡོན་ན་རྣམ་པར་གསལ། །ཡུམ་ཆེན་དམ་ཚིག་སྒྲོལ་མ་ལས། །ནིརྟི་གནྡྷེ་གཡས་དང་གཡོན། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་གཅིག །ཡབ་རྣམས་ཀུན་ཏུ་བཟང་པོ་ལ། །ཡུམ་རྣམས་ཀུན་ཏུ་བཟང་མོ་ཡིན། །དེ་ཡིས་ཀུན་བཟང་ཡབ་ཡུམ་གསལ། །དེ་རྣམས་ཕྱིན་ཅི་ལོག་བཞིའི་མཐའ་ལས་རབ་འདས་ཤིང་། །རྟག་ཆད་མཐའ་བཞི་རྣམ་པར་དག་པས་ན། །སྒོ་བ་ཡབ་ཡུམ་རྣམ་པ་བརྒྱད། །ཡོན་ཏན་རྩལ་རྫོགས་བཞི་བཅུ་གཉིས། །མཚན་དང་དཔེ་བྱད་མ་ལུས་སྐུ་ལ་རྫོགས། །ཐུགས་རྗེས་མཛད་སྤྱོད་རྒྱན་དང་རོལ་པར་ཤར། །རྣམ་རྟོག་མི་མངའ་ཅི་ཡང་ས་ལེར་མཁྱེན། །ཡེ་ཤེས་ལུས་ཅན་ཆོས་ཀྱི་སྤྱན་མངའ་བ། །མངོན་པར་རྫོགས་པའི་སངས་རྒྱས་རྣམ་པ་ཐམས་ཅད་མཁྱེན། །མ་འགགས་རང་བྱུང་ཡེ་ཤེས་གསང་། །མི་འགྱུར་བ་ཡི་ཡི་གེ་དྲུག །ཐུགས་རྗེ་སྤྲུལ་སྐུ་འབྱིན་པའི་གཞི་མ་འགགས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལོངས་སྐུའི་འཁོར་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། དེས་མཚོན་ཚིག་རྣམས་ངས་བཤད་ལེགས་པར་ཟུང་། །རྒྱུད་དང་ལུང་ནས་ངས་བཤད་པའི། །ལོངས་སྐུ་ཞེས་སུ་བྱུང་ན་དེ་སྐད་བཤད། །དཀྱིལ་འཁོར་ཞེས་སུ་འབྱུང་བ་དང་། །གཙོ་འཁོར་ཞེས་སུ་འབྱུང་བ་དང་། །ལྔ་ལྡན་རྫོགས་ལྡན་ཞེས་པ་དང་། །དེ་བཞིན་གཤེགས་པ་ཞེས་པ་དང་། །རིགས་ལྔའི་སངས་རྒྱས་ཞེས་པ་དང་། །སེམས་དཔའ་སེམས་མ་ཞེས་པ་དང་། །འོད་གསལ་རང་སྣང་ཤེས་པ་དང་། །མཚན་རྫོགས་རྡོ་རྗེ་འཆང་གིས་ཞེས་པ་དང་། །ཚིག་

མཚོན་མང་ཡང་མདོར་བསྡུས་བསྟན་པ་ཡིན། །སྐུ་ལ་མཚན་དཔེས་རབ་བརྒྱན་པས། །མཚན་རྫོགས་རྡོ་རྗེ་འཆང་ཞེས་སོ། །འབོད་སྐད་ཐབས་གསུམ་དོན་གྱི་ཁོག་སྡེབས་ལ། །ལོངས་སྐུའི་སྣང་བ་དེ་བཞིན་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལོངས་སྐུའི་མཚོན་ཚིག་མདོར་བསྡུས་ནས་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །སུམ་ཅུ་རྩ་གཉིས་མཚན་འཆང་བ། །ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ། །བཞི་བཅུ་རྩ་གཉིས་འོད་གསལ་བའི། །སྤྱི་ཡི་མཚན་ཉིད་ཇི་ལྟར་ལགས། །རང་རང་དོན་ལ་ཇི་ལྟར་སྦྱར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །སྤྱི་ཡི་མཚན་ཉིད་བསྟན་པ་ནི། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ། །བྱེད་པ་མེད་པར་རང་བྱུང་བས། །ལོངས་སྐུ་ཡེ་ཤེས་འོད་ཀྱི་སྐུ། །གྲུབ་ཚུལ་མཚོན་ཚིག་བསྡུས་པ་ཡིན། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །མཚན་གྱི་རྣམ་གྲངས་གཙོ་བོས་བསྡུས། །རྣམ་སྣང་ལ་སོགས་རིགས་ལྔའི་སྐུ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པའི་སྐུ། །ཐུན་མོང་མཚན་དང་ལྡན་པ་ནི། །སྐུ་རེ་ལ་ཡང་ཡོངས་རྫོགས་པས། །ཐུན་མོང་སྤྱི་ཡི་མཚན་དཔེ་བསྟན། །ལོངས་སྤྱོད་རྫོགས་པ་སྐུ་ཡི་རྒྱལ། །སྐུ་ཡི་རྔམས་དང་གཟི་བརྗིད་ཀྱིས། །སྤྲུལ་སྐུའི་མཚན་མ་ཟིལ་གནོན་པ། །ཆེ་བའི་ཡོན་ཏན་མདོར་བསྡུས་ཡིན། །བཞི་བཅུ་རྩ་གཉིས་འོད་གསལ་བ། །རང་རང་ལྷ་ཡི་དོན་བཤད་ན། །སྐུ་གཅིག་སྐུ་ལྔར་གསལ་བ་རྣམ་པར་སྣང་མཛད་ཡིན། །དེ་ལས་འགྱུར་བ་མེད་པས་མི་བསྐྱོད་པ། །ཡོན་ཏན་ཕྱོགས་མེད་འབྱུང་བས་རིན་ཆེན་འབྱུང་ལྡན་ཡིན། །དྲི་མས་མ་གོས་ཐུགས་རྗེའི་རྩལ་སྣང་བས། །འོད་དཔག་མེད་དེ་པདྨའི་སྐུ། །གང་ལ་ཐོགས་མེད་བདག་གཞན་དོན་གྲུབ་པས། །ཕྲིན་ལས་མཐར་ཕྱིན་དོན་ཡོད་གྲུབ་པའི་སྐུ། །ཡོན་ཏན་ཆེན་པོ་ཀུན་ཏུ་རྒྱས་པ་དང་། །ཤེས་རབ་རྣམ་གཉིས་རྣམ་གཅོད་ཡོངས་

གཅོད་པས། །ཐུགས་ཀྱི་རང་བཞིན་འཁོར་ལོ་རྩིབས་བརྒྱད་གསལ། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མི་འགྱུར་མི་ཕྱེད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔར་གནས། །ངོ་བོ་མི་འགྱུར་རང་བཞིན་མི་འགག་པའོ། །ཐུགས་རྗེའི་ཡོན་ཏན་ཐམས་ཅད་འབྱུང་བས་ན། །ཐུགས་ཀྱི་རང་བཞིན་ནོར་བུ་རིན་ཆེན་གསལ། །རང་གི་ངོ་བོ་དྲི་མེད་རྣམ་དག་པས། །ཐུགས་ཀྱི་རང་བཞིན་པདྨ་འདབ་བརྒྱད་གསལ། །ཐུགས་ཀྱི་དགོངས་པས་མཐའ་བཞི་ལས་འདས་ཤིང་། །ཚད་མེད་ཡེ་ཤེས་ཕྲིན་ལས་རྣམ་པ་བཞིས། །འགྲོ་དོན་མ་ལུས་རྫོགས་མཛད་པས། །ཐུགས་ཀྱི་རང་བཞིན་རྡོ་རྗེ་རྒྱ་གྲམ་གསལ། །ཡུམ་ནི་ཡེ་ཤེས་སྣང་བ་སྟེ། །སྐུ་མདོག་ཕྱག་མཚན་ཡབ་དང་མཐུན། །གཉིས་མེད་ཡེ་ཤེས་འོད་དུ་གསལ། །མ་བཅོས་རང་བཞིན་ཡོངས་ལ་ཁྱབ་པའི་དབྱིངས། །ཡུམ་གྱུར་ཀུན་ཏུ་བཟང་མོའི་དོན་དང་སྦྱོར། །རང་བཞིན་མི་འགྱུར་ངོ་བོ་འགག་པ་མེད། །ཡུམ་གྱི་རང་བཞིན་སངས་རྒྱས་སྤྱན་གྱི་དོན་དང་སྦྱོར། །ཡོན་ཏན་དོན་བསྡུས་རང་བཞིན་མཉམ་པར་སྦྱོར། །ཡུམ་འགྱུར་མཱ་མ་ཀཱི་ཡི་དོན་དང་སྦྱོར། །ཡོན་ཏན་སྨིན་བྱེད་རང་བཞིན་ཀུན་ལ་དྲོ་བས་འོད་ཀྱི་མདངས་ལྡན་མ། །དྲི་མས་མ་གོས་མོས་པ་སོ་སོར་སྦྱོར། །ཡུམ་གྱི་རང་བཞིན་གོས་དཀར་མོ་ཡི་དོན་དང་སྦྱོར། །རང་བཞིན་བསྐྱོད་པར་བྱེད་ཅིང་མི་ལྡོག་གནས་སུ་སྒྲོལ། །མི་འདའ་འགྱུར་མེད་ངང་དུ་གནས་པས་ན། །དམ་ཚིག་སྒྲོལ་མ་ཞེས་ཀྱི་དོན་ལ་སྦྱོར། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྱི་ཡི་མཚན་ཉིད་བསྟན་པ་དང་། རིགས་ལྔ་ཡབ་ཡུམ་དོན་ལ་སྦྱར་བ་བསྟན་པ་སྟེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་རྣམས་དོན་ལ་ཇི་ལྟར་སྦྱར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །འཁོར་གྱི་རྣམ་གྲངས་མང་མོད་ཀྱང་། །ཡབ་ཀྱི་ཆ་འཛིན་ཡབ་ལ་སྦྱར། །ཡུམ་གྱི་ཆ་འཛིན་ཡུམ་ལ་སྦྱར། །ཡབ་ཡུམ་གོང་དུ་སྦྱར་བ་བཞིན། །ཞེས་གསུངས་སོ། །

ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་རྣམས་དོན་དང་སྦྱར་བ་གསུངས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། མི་བསྐྱོད་ཆེན་པོའི་ཞལ་གཟིགས་པས། །མེ་ལོང་ཡེ་ཤེས་དོན་རིག་པའི། །ས་ཡི་སྙིང་པོ་དོན་གྱི་མཚན། །གསལ་བའི་རྟེན་གྱུར་མ་སྐྱེས་བྱམས་པའི་དོན། །གཟིགས་པ་མ་འགགས་གསལ་བའོ། །དེ་གཉིས་དུས་མཚུངས་གསལ་བས་ལཱ་སྱེ་པུཥ྇འི་མཚན། །རིན་འབྱུང་ཆེན་པོའི་ཞལ་གཟིགས་པས། །མཉམ་པ་ཉིད་ཀྱི་ཡེ་ཤེས་རིག་པ་ཀུན་ཏུ་བཟང་། །གསལ་བའི་རྟེན་གྱུར་མ་སྐྱེས་ནམ་མཁའི་སྙིང་པོའི་དོན། །དོན་གྱི་དྲི་བསལ་མཱ་ལེ་དྷཱ་པེའི་དོན། །འོད་དཔག་མེད་པའི་ཞལ་གཟིགས་པས། །སོ་སོར་ཀུན་རྟོགས་ཡེ་ཤེས་དོན་རིག་པ། །སྤྱན་རས་གཟིགས་དང་དོན་དང་སྦྱར། །གསལ་བའི་རྟེན་གྱུར་མ་སྐྱེས་འཇམ་དཔལ་དོན། །སྐྱེ་བའི་ཡུམ་གྱུར་གཱི་ཏི་མ། །ཡེ་ཤེས་དོན་རྣམས་སོ་སོར་བསྟན། །ཇི་ལྟར་བསྐྱེད་དུ་མར་མེ་གསལ། །དོན་གྲུབ་ཆེན་པོའི་ཞལ་གཟིགས་པས། །བྱ་གྲུབ་ཡེ་ཤེས་དོན་རིག་པས། །ཕྱག་ན་རྡོ་རྗེའི་དོན་གྱི་མཚན། །གསལ་བའི་རྟེན་གྱུར་མ་སྐྱེས་སྒྲིབ་པ་རྣམ་སེལ་དོན། །སྐྱེ་བྱ་སྐྱེད་བྱེད་དུས་ངེས་ནིརྟཱི་གནྡྷེ་མ། །བརྗོད་བྱ་མང་ཡང་མདོར་བསྡུས་སོ། །གཉིས་མེད་དབྱིངས་དང་ཡེ་ཤེས་རིག་པ་ཀུན་བཟང་ཡབ་ཡུམ་དོན། །མཐའ་བཞི་ལས་གྲོལ་བདུད་བཞི་ངང་གིས་བཅོམ། །ཕྱིན་ཅི་ལོག་ལས་གྲོལ་བའི་སྒོ་བ་བཞི། །ཡེ་ཤེས་ཚད་མེད་བཞི་ཡིས་དོན་མཛད་སྒོ་མ་བཞི། །སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུ་དང་དྲུག །མ་འགགས་ཐུབ་པ་དྲུག་གི་དོན་དང་སྦྱོར། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལོངས་སྐུའི་འཁོར་དོན་གྱི་ངོ་བོ་ལ་སྦྱོར་བར་བསྟན་པ་སྟེ་ལེའུ་རྩ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལོངས་སྐུ་ཤར་ལུགས་དེ་ལྟར་ན། །སྤྲུལ་པའི་སྐུ་ཡི་ཞིང་ཁམས་འདིར། །སྟོན་པ་བྱོན་ལུགས་ཇི་ལྟར་ལགས། །སྤྲུལ་པའི་སྐུ་རྣམས་ཇི་

ལྟར་ཤར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་སྐུའི་འོད་གྱུར་ལོངས་སྐུ་བཞི་བཅུ་གཉིས། །དེ་ཡི་གསུང་ལས་རོལ་པ་ང་སོགས་སྤྲུལ་སྐུ་རྣམས། །གདུལ་བྱ་དྲུག་ལ་སོ་སོར་འཚམ་པར་བཤད། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་བྱོན་གཞི་དེ་ལྟར་ན། །སྐུ་ཡི་འཁྲུངས་རྟེན་གང་གིས་བགྱིས། །རྟོགས་པའི་ཡེ་ཤེས་ཇི་ལྟར་སྐྱེས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཕ་དང་མ་ལ་མ་བརྟེན་པར། །བུང་བ་མེ་ཏོག་འཇིབ་པ་ལྟར། །ཨུ་དུམྺ་རའི་མེ་ཏོག་ལ། །རིག་པའི་ཡེ་ཤེས་ཡས་ཞུགས་རྫུས་ནས་སྐྱེས། །ཞེས་གསུངས་སོ། །ཡང་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ངས་ལེན་མ་མྱོང་བའི་ལུས་བླངས་པས། མཐོང་མ་མྱོང་བའི་ཡུལ་གཉིས་མཐོང་།ཤེས་མ་མྱོང་བའི་གཏམ་ཤེས། བརྗོད་མ་མྱོང་བའི་ཚིག་བརྗོད། དེ་ཚེ་རྟོགས་པའི་ཤེས་རབ་སྐྱེས། ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། རྟོགས་པའི་ཤེས་རབ་ཇི་ལྟར་སྐྱེས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ང་ཉིད་ཆོས་སྐུ་རྣམ་དག་པས། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར། །ལོངས་སྐུ་མ་བསྐྱེད་ལྷུན་རྫོགས་པས། །རྣམ་པ་ཐམས་ཅད་མཁྱེན་པར་ཤར། །ང་རང་སྤྲུལ་པའི་སྐུ་ཡིན་པས། །ཆོས་རྣམས་རང་བྱུང་ཆེན་པོར་ཤར། །ང་ཡི་གཞི་ལ་དབང་བཞི་རྫོགས། །ཆུ་བོ་ཆེན་པོ་བཞི་རུ་བཅས། །དེ་ཚེ་རང་དབང་རང་གིས་ཐོབ། །ཐུགས་རྗེའི་སྒོ་ལྔ་མ་འགགས་པས། །གདུལ་བྱའི་ཞིང་དག་ཐུགས་རྗེས་ཟིན། །ཡིད་ཀྱི་རྣམ་ཤེས་རང་བྱུང་བས། །ཤེས་རབ་འབྱུང་བའི་གཞི་མ་འགགས། །ལྕེ་ཡི་རྣམ་ཤེས་སྤྲུལ་པའི་སྐུས། །ཚིག་རྣམས་རང་རང་དོན་ལ་སྦྱོར། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྲུལ་པའི་སྐུ་འཇིག་རྟེན་དུ་བྱོན་ཚུལ་བསྟན་པ་སྟེ་ལེའུ་སུམ་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་

ལྡན་རྡོ་རྗེ་འཆང་། །སྐུ་གསུམ་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་ཀྱི་སྐུའི་ངོ་བོ་ནི་ཕྱོགས་ལྷུང་མེད་པའི་ཤེས་རབ་དང་གཉིས་སུ་མེད་པའོ། །ལོངས་སྐུའི་ངོ་བོ་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་གསལ་ལ་མི་རྟོག་པའོ། །སྤྲུལ་སྐུའི་ངོ་བོ་ཉིད་ནི་ཐུགས་རྗེ་མ་འགགས་པའོ། །ཆོས་སྐུའི་ངེས་ཚིག་ནི་ཁྱབ་པ་དང་རྟེན་བྱེད་པའོ། །ལོངས་སྐུའི་ངེས་ཚིག་ནི་ཞིང་དག་པ་དང་། འཁོར་སྨིན་པ་ལོངས་སྤྱོད་པའོ། །སྤྲུལ་སྐུའི་ངེས་ཚིག་ནི། མ་འགགས་པའི་ཐུགས་རྗེ་སྣ་ཚོགས་པ་སྤྲུལ་པའི་ཕྱིར་སྤྲུལ་སྐུའོ། །མཐུན་པར་སྣང་བའི་ཕྱིར་སྤྲུལ་པའི་སྐུའོ། །མ་ངེས་པའི་ཕྱིར་སྤྲུལ་པའི་སྐུའོ། །དབྱེ་ན་ཆོས་སྐུ་ལ་གསུམ་སྟེ། རིག་པ་ངོས་བཟུང་དང་བྲལ་ཞིང་མི་འགྱུར་བས། ཆོས་སྐུའི་ཆོས་སྐུའོ། །རིག་པ་ཤེས་རབ་ཀྱི་སྐུ་ལྔ་མཁྱེན་པ་མ་འགགས་པ། ཆོས་སྐུའི་ལོངས་སྐུ། གདུལ་བྱ་ལ་སྣང་བའི་སྐུ་ལྔ་ནི། ཆོས་སྐུའི་སྤྲུལ་སྐུའོ། །རིགས་ཀྱི་བུ་དེ་ལ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཞེས་ཀྱང་བྱའོ། །གཞི་ལ་གནས་པའི་སྐུ་གསུམ་ཞེས་ཀྱང་བྱའོ། །འབྲས་བུ་གཞི་ལ་གྲུབ་ཅེས་ཀྱང་བྱའོ། །སྐུ་གསུམ་ཇ་ལོག་ཆེན་པོ་ཞེས་ཀྱང་བྱའོ། །འབྲས་བུའི་ངང་ལ་གནས་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་ཆོས་སྐུ་ཆེན་པོ་ནི། རྣམ་སྣང་ཆེན་པོའོ། །ལོངས་སྐུའི་ལོངས་སྐུ་ནི་རིགས་བཞིའོ། །ལོངས་སྐུའི་སྤྲུལ་སྐུ་ནི། སེམས་དཔའ་དང་། སེམས་མ་རྣམས་སོ། །རིགས་ཀྱི་བུ་དེ་རྣམས་ལ་མཚན་གྱི་བྱེ་བྲག །འབྲས་བུ་མངོན་པར་གསལ་བ་ཞེས་ཀྱང་བྱའོ། །སྐུ་གསུམ་རྣམ་པར་གཞག་པ་ཞེས་ཀྱང་བྱའོ། །ལོངས་སྐུའི་སྐུ་གསུམ་མོ། །སྤྲུལ་པའི་སྐུ་གསུམ་ནི། རིགས་བཞི་ཆོས་སྐུའོ། །སེམས་དཔའ་དང་སེམས་མ་ལོངས་སྐུའོ། །ཐུགས་རྗེའི་འོད་ཟེར་སྤྲུལ་སྐུའོ། །ཀྱེ་སེམས་དཔའ་ཆེན་པོ་དེ་ལ་ནི། ཐུགས་རྗེ་འབྱུང་བའི་སྐུ་གསུམ་ཞེས་ཀྱང་བྱའོ། །སྐུ་གསུམ་མཐའ་ལ་བསྐྱལ་བ་ཞེས་ཀྱང་བྱའོ། །དེ་རྣམས་རྡོ་རྗེ་སེམས་དཔའི་ཐུགས་ལ་གནས་ཤིང་སྟོན་པའི་དོན་མཛད་པས།

འགྲོ་བ་འདུལ་བའི་སྐུ་གསུམ་ཞེས་བྱའོ། །ཀྱེ་གསང་བདག་ངེས་པར་ཟུང་ཞིག །ང་རྡོ་རྗེ་སེམས་དཔའ་ནི་སྤྲུལ་པའི་སྐུའི་ཆོས་སྐུའོ། །ངའི་དབུའི་ཐོར་ཚུགས་དང་། མཛོད་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་ལ་སོགས་པ་ནས་བྱུང་བའི་སྐུ། འཇམ་དཔལ་དྲི་མེད་སྙིང་པོ་ལ་སོགས་པ་རྣམས་ནི། སྤྲུལ་པའི་སྐུའི་ལོངས་སྐུའོ། །ཐུབ་པ་དྲུག་དགའ་རབ་རྡོ་རྗེ་ལ་སོགས་པ་རྣམས་ནི། སྤྲུལ་པའི་སྐུའི་སྤྲུལ་སྐུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྐུ་གསུམ་བྱེ་བྲག་བསྟན་པ་སྟེ་ལེའུ་སོ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་མཚོན་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ཀྱེ་གསང་བདག་ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ངོ་བོ་ངེས་ཚིག་དབྱེ་བ་རྣམ་གྲངས་ཚིག་རྣམས་གང་བྱུང་ཡང་། །ངས་བསྟན་གོང་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། རྣམ་གྲངས་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངོ་བོ་ནི་མ་བྱས་པ། མ་བཅོས་པ། མ་བསླད་པ། མི་འགྱུར་བ། རང་བཞིན་གྱིས་རྣམ་པར་དག་པ། འདུས་མ་བྱས་པའི་ཡེ་ཤེས་ཆེན་པོ། ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། རིག་པ་དངོས་མེད། ཡེ་ཤེས་ཟང་ཐལ་ཆེན་པོའོ། །རང་བཞིན་ནི་གཞི་གནས་ཀྱི་ཡེ་ཤེས་ཆེན་པོ་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ཆེན་པོ་ལྔ་མ་འགགས་པར་ངོ་བོའི་ནང་ནས་འོད་དུ་གསལ་བའོ། །ཐུགས་རྗེའི་སྙིང་པོ་སྐུ་ལྔ་ཕྱག་རྒྱ་མི་འགག་གསལ་བའོ། །རིགས་ཀྱི་བུ་ངོ་བོ་ཆོས་ཀྱི་སྐུ། རང་བཞིན་ལོངས་སྐུ། ཐུགས་རྗེ་སྤྲུལ་སྐུ་སྟེ། ཐམས་ཅད་འབྱུང་བའི་གཞི་མ་འགགས་པར་གནས་པས། གཞི་ལ་གནས་པའི་སྐུ་གསུམ་མོ། །རྒྱུ་དག་པ་ཆོས་ཀྱི་སྐུ་ལས། འབྲས་བུ་

དག་པ་གཟུགས་ཀྱི་སྐུ་གཉིས་ནང་གསལ་དུ་གནས་པ་ནི། ཡོན་ཏན་དུ་གྲུབ་པ་སྟེ། གཞི་ལ་གྲུབ་པའི་སྐུ་གསུམ་ཞེས་བྱའོ། །སྐུ་གསུམ་ཇ་ལོག་ཅེས་པ་ནི། མཚན་ཉིད་སྡེ་གསུམ་ལས་ཇ་ལོག་སྟེ། འདུས་བྱས་ཀྱི་ཆོས་ཀ་ནས་དག་པས། རང་བྱུང་གི་ཡེ་ཤེས་ལྷུན་གྱིས་གྲུབ་པའོ། །སྔགས་ཕྱི་ནང་ལས་ཇ་ལོག་སྟེ། རིགས་ལྔ་གདུལ་བྱ་ལ་སྣང་བའི་སྤྲུལ་སྐུ་སྟེ། ལོངས་སྐུ་ལ་སྤྲུལ་སྐུ་ཇ་ལོག་གོ། །རྫོགས་པ་ཆེན་པོ་ལ་སོགས་པ། སྤྱི་ཐུན་མོང་ལས་ཇ་ལོག་སྟེ། བདག་གིས་མ་བསྒོམས། མི་བསྒོམ་པར་བདག་ཉིད་ཆེན་པོའི་དགོངས་པ་དང་། མི་འབྲལ་བར་གནས་པའོ། །འདུག་ཚུལ་ཇ་ལོག་སྟེ། ཆོས་སྐུ་ཡིས་གཟུགས་སྐུ་གཉིས་ཀྱི་ལུས་བྱས་ཏེ། བདག་མེད་བསམ་འདས་ཀྱི་སྐུ་ཡིན་པས། ཆོས་སྐུ་ཇ་ལོག་གོ། །ལོངས་སྐུ་སྤྲུལ་སྐུར་ཇ་ལོག་ཅིང་། སྤྲུལ་སྐུ་ལོངས་སྐུར་ཇ་ལོག་པས་ན་ཇ་ལོག་གོ། །རིགས་ཀྱི་བུ་དེ་ནི་ལོངས་སྐུ་མན་ཆད་ནས་ལྟོས་པའི་བརྗོད་ཚིག་གི། དེ་ལ་བྱེད་པ་མེད་པར་རང་བཞིན་གྱིས་གནས་པས་ཆེན་པོའོ། །སྐུ་གཉིས་རང་གི་གཞིའི་ངང་ལ་གནས་པ་ན། འབྲས་བུའི་ངང་ལ་གནས་པས། དོན་འགྱུར་བ་མེད་པར་གནས་པར་བྱའོ། །ཀྱེ་གསང་བའི་བདག་པོ། རྣམ་སྣང་ལ་ལོངས་སྐུའི་ཆོས་སྐུར་བཞག་པ་ནི། རྣམ་སྣང་ལ་རིགས་བཞི་འབྱུང་ཞིང་། རྣམ་སྣང་གི་ཡོན་ཏན་གྱིས་ཁྱབ་པ་སྟེ།རིགས་བཞིའི་གཞི་མའམ་ཤེས་བྱར་གྱུར་པའོ། །རིགས་བཞི་ཡང་ཡར་རྣམ་སྣང་གི་ཐུགས་རྣམ་པར་དག་པ་ལ་ལོངས་སྤྱོད། མར་འཁོར་དུ་སྨིན་པ་སེམས་དཔའ་དང་སེམས་མ་ལོངས་སྤྱོད་པའོ། །དེས་ན་རིགས་བཞིའི་ལོངས་སྐུའོ། །དེ་ལས་ཐུགས་རྗེའི་བྱེ་བྲག་མི་འདྲ་བ་མཁྱེན་པས། སེམས་དཔའ་དང་སེམས་མར་སྤྲུལ་སྐུའོ། །དེ་བཞིན་ཆོས་སྐུའི་སྐུ་གསུམ་གྱི་བཞག་ལུགས་དང་། སྤྲུལ་པའི་སྐུའི་སྐུ་གསུམ་གྱི་བཞག་ལུགས་ཀྱང་ཤེས་པར་བྱའོ། །སྐུའི་ཆེ་བ་ཡོངས་སུ་རྫོགས་པ་སྟེ། གདུལ་བྱ་འཁོར་སྨིན་པ་རྣམས་ལ་ཡང་མངོན་པར་སྣང་བས། འབྲས་

བུ་མངོན་པར་རྫོགས་པའི་དུས་ཤེས་བྱའོ། །ཐུགས་ཀྱི་མཁྱེན་པས་ཡར་ཆོས་ཀྱི་སྐུར་གསལ་ཞིང་སྤྱན་གྱི་མཁྱེན་པས། མར་སྤྲུལ་པའི་སྐུར་གསལ་ཏེ། བར་ན་སྐུ་མཆོག་འོད་གསལ་རྩལ་སྣང་བས་ན། རྣམ་པར་བཞག་པའོ། །ཆོས་ཀྱི་སྤྱན་གྱིས་རྣམ་རྟོག་མི་མངའ་གཟིགས་ལ། ཞལ་གྱི་བར་ནས་ཡི་གེ་དྲུག་འོད་ཟེར་དུ་འཕྲོས་པས།འཛམ་བུ་གླིང་བྱེ་བ་ཕྲག་བརྒྱ་ན། རྡོ་རྗེ་སེམས་དཔའ་རེ་རེ་གསལ་ཞིང་། འགྲོ་དྲུག་སྤྱིའི་གནས་ན། ཐུབ་པ་དྲུག་གནས་པས། ཐུགས་རྗེ་འབྱུང་བའི་སྐུ་གསུམ་མོ། །ཐུགས་རྗེ་མ་ལུས་པར་གཅིག་ལས་འབྱུང་བའི་ཕྱིར་རོ། །དེས་སེམས་ཅན་གྱི་དོན་དངོས་སུ་མཛད་པས་ན་སྤྲུལ་པའི་སྐུ་སྟེ། འགྲོ་བ་འདུལ་བའི་སྐུ་གསུམ་མོ། །མ་འགགས་པས་སྤྲུལ་པའི་སྐུ་སྟེ། རྩལ་ལམ་ཐུགས་རྗེ་ལྟར་སྣང་བའོ། །དེ་རྣམས་ནི་ཆོས་ཀྱི་སྐུ་ཞེས་པ་དང་། ལོངས་སྐུ་ཞེས་པ་དང་། སྤྲུལ་སྐུ་ཞེས་པ་དང་། ཐུགས་རྗེ་ཞེས་པ་དང་། མགོན་པོ་ཞེས་པ་དང་། དཔལ་ཞེས་པ་དང་། སྐྱབས་ཞེས་པ་དང་། སྟོན་པ་ཞེས་པ་དང་། འཇིག་རྟེན་གྱི་སྒྲོན་མ་ཞེས་པའི་དོན་བསྡུས་ནས་བསྟན་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྐུ་གསུམ་མཚོན་ཚིག་དང་། སྐུ་རྣམ་གྲངས་མདོར་བསྡུས་ནས་བསྟན་པ་སྟེ་ལེའུ་སོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་གསུམ་ཡེ་ནས་སངས་རྒྱས་ལ། །སངས་རྒྱས་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཚན་གྱི་རྣམ་གྲངས་གསུངས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །སངས་རྒྱས་ངོ་བོ་ནི་དྲི་མ་མེད་པའི་ཡེ་ཤེས་སོ། །ངེས་ཚིག་ནི་ཉོན་མོངས་པའི་དྲི་མ་སངས་ཤིང་། མཁྱེན་པའི་ཡེ་ཤེས་རྒྱས་པས་ནའོ། །དབྱེ་ན་གཉིས་ཏེ། གཞི་ལྷུན་གྲུབ་དང་། རྟོགས་པ་མངོན་གྱུར་ཞེས་བྱའོ། །དེ་ལ་ནི་གོང་གི་གཞིའི་དོན་དེའི་མཚན་ཉིད་དང་ལྡན་པས་ན། སངས་རྒྱས་ཞེས་བྱའོ། །

ཆོས་སྐུས་ལོངས་སྐུ་ལ་འཆད་ཅིང་། དེས་སྤྲུལ་སྐུ་ལ་སྟོན་པ་སྟེ། སྤྲུལ་སྐུས་འགྲོ་བ་ལ་འཆད་ཅིང་། སྟོན་པའི་ཕྱིར་ན་སྟོན་པའོ། །རྟོགས་པའི་ཤེས་རབ་ཀྱིས་ལོག་པར་རྟོག་པའི་བདུད་བཅོམ་སྟེ། མཁྱེན་པའི་སྟོབས་དང་ལྡན་པ་སྟེ། གཟུང་འཛིན་མཐའ་ལས་འདས་པས་ན། བཅོམ་ལྡན་འདས་སོ། །དེ་ལྟར་མཁྱེན་པས་ན། རྟོགས་པ་བདག་གི་དཔལ་ལོ། །ཀུན་ལ་དོན་དེ་འཆད་པས་ན། ཐུགས་རྗེ་གཞན་གྱི་དཔལ་ལོ། །འགྲོ་བའི་མུན་པ་སེལ་བས་ན་སྒྲོན་མའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སངས་རྒྱས་ཀྱི་ངོ་བོ་ངེས་ཚིག་དབྱེ་བ་དང་། མཚན་མདོར་བསྡུས་པ་སྟེ་ལེའུ་སོ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཆོས་སྐུའི་བདུད་བཅོམ་ཇི་ལྟར་ལགས། །ལོངས་སྐུའི་བདུད་བཅོམ་ཇི་ལྟར་ལགས། །སྤྲུལ་སྐུའི་བདུད་བཅོམ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །ཆོས་སྐུ་སྐྱེ་མེད་འགག་པ་མེད་པས་འཆི་བདག་གི་བདུད་བཅོམ། མཚན་མ་མེད་པས་ཕུང་པོའི་བདུད་བཅོམ། དེ་གཉིས་སུ་མེད་པས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ། དེ་ནི་ངང་གིས་བཅོམ་པ་ཡིན། སྲོག་མེད་སྐུ་ལྔས་འཆི་བདག་གི་བདུད་བཅོམ། ཡེ་ཤེས་སྒྱུ་མས་ཕུང་པོའི་བདུད་བཅོམ། སེམས་རྟོག་མེད་ཀྱིས་ཉོན་མོངས་པའི་བདུད་དང་ལྷའི་བུའི་བདུད་བཅོམ། རྡོ་རྗེ་སེམས་དཔའ་སྤྲུལ་པའི་སྐུས། ཆོས་སྐུ་དོན་ལྡན་རྟོགས་པས་འཆི་བདག་གི་བདུད་བཅོམ། ཉོན་མོངས་བདུད་དང་ལྷའི་བུའི་བདུད་ཀྱང་དེ་བཞིན་བཅོམ། ལོངས་སྐུའི་དོན་ལྡན་རྟོགས་པས་ཕུང་པོའི་བདུད་བཅོམ། ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཆོས་སྐུའི་ལྡན་ལུགས་ཇི་ལྟར་ལགས། །ལོངས་སྐུའི་ལྡན་ལུགས་ཇི་ལྟར་ལགས། །སྤྲུལ་སྐུའི་ལྡན་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །

སྟོན་པས་བཀའ་སྩལ་པ། ཆོས་སྐུ་ཡོན་ཏན་སྒོ་ཡངས་པས། །ཡེ་ཤེས་ལྔ་དང་སྐུ་ལྔ་ལྡན། །ལོངས་སྐུ་མཚན་དང་དཔེ་བྱད་ལྡན། །དགོངས་པ་ཡེ་ཤེས་ལྔ་དང་ལྡན། །མངོན་པར་ཤེས་པའི་ཆོས་དྲུག་ལྡན། །སྤྲུལ་སྐུ་རྫུ་འཕྲུལ་ཆོ་འཕྲུལ་ལྡན། །ཟུར་ཙམ་བསྡུས་ནས་བསྟན་པ་ཡིན། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། སྐུ་གསུམ་འདས་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་མཐའ་རྣམས་ཀུན་ལས་འདས། །ལོངས་སྐུ་གཟུང་འཛིན་འཁོར་བའི་ཆོས་ལས་འདས། །སྤྲུལ་སྐུ་ཤེས་རབ་ཆེན་པོ་ཐུགས་རྗེའི་ཐབས་ལྡན་པས། །འཁོར་འདས་གཉིས་ཀྱི་མཐའ་ལ་མི་གནས་འདས། །འདས་ལུགས་མང་ཡང་བསྡུས་ནས་བསྟན་པ་ཡིན། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཆོས་སྐུའི་སངས་རྒྱས་ཇི་ལྟར་ལགས། །ལོངས་སྐུའི་སངས་རྒྱས་ཇི་ལྟར་ལགས། །སྤྲུལ་སྐུའི་སངས་རྒྱས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་མཚན་མའི་ཆོས་དང་གཉིས་སུ་སྣང་བ་ཐམས་ཅད་སངས། །རང་གསལ་གཉིས་མེད་ཡེ་ཤེས་རྒྱས། །ལོངས་སྐུ་འཁོར་བའི་ཆོས་རྣམས་སངས། །རྣམ་པ་ཐམས་ཅད་མཁྱེན་པ་དང་། །སྐུ་ཡི་ཆེ་བའི་ཡོན་ཏན་རྒྱས། །སྤྲུལ་སྐུ་མ་རིག་ལོག་རྟོག་སངས། །འཁོར་བར་རང་རྒྱུད་སྣང་བ་སངས། །ཤེས་རབ་ཐབས་དང་ཐུགས་རྗེ་རྒྱས། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། སྐུ་གསུམ་དྲི་མ་ཇི་ལྟར་དག །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཆོས་སྐུ་ངོ་བོ་ཉིད་ཀྱི་དྲི་མ་དག །ལོངས་སྐུ་ཤེས་བྱའི་དྲི་མ་དག །སྤྲུལ་སྐུ་ཉོན་མོངས་དྲི་མ་དག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྐུ་གསུམ་གྱི་བཅོམ་ལྡན་འདས་དང་། སངས་རྒྱས་དང་། དྲི་མ་དག་ཚུལ་བསྟན་པ་སྟེ་ལེའུ་སོ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་

བཅོམ་ལྡན་རྡོ་རྗེ་འཆང་། །སྐུ་གསུམ་ཐུགས་རྗེ་མ་འགགས་པས། །འགྲོ་དོན་མཛད་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ང་དང་པོ་བྱིས་པ་ལོ་བརྒྱད་ལོན་པའི་ཚད་དུ་སྐྱེས་སོ། །དེ་ནས་ལོ་བརྒྱད་ཀྱི་བར་དུ་ཤེས་རབ་ཀྱི་སྲོག་ཤིང་ལ། ཡེ་ཤེས་ལྔའི་འཁོར་ལོ་ནང་དུ་བསྐོར་ནས། རྟོགས་པས་བདག་བསྒྲལ་ཏེ། དགོངས་པ་ཉིད་ལ་གྲོལ་ལོ། །དེ་ནས་ལོ་བརྒྱད་ཀྱི་བར་དུ་སྤྲུལ་པ་མང་དུ་ཕྱུང་ནས་འགྲོ་བའི་དོན་བྱས་ཏེ། ལྷ་གནས་དང་པོར་འཁོར་རྣམས་ཀྱི་སྡུག་བསྔལ་གྱི་གདུང་བ་བསལ་ཏེ། རིན་པོ་ཆེའི་དར་སྐུད་ལ། མུ་ཏིག་གི་ཕྲེང་བ་བརྒྱུས་ནས། འཁོར་ལོ་ཕྱིར་བསྐོར་ཏེ། ཐུགས་རྗེས་གཞན་བསྒྲལ་བའི་ཕྱིར། ལྡེམ་པོའི་དོན་ལ་དགོངས་ནས། ཐེག་པ་ཐུན་མོང་པ་རྣམས་བཤད་དོ། །དེ་ནས་མེའི་འབར་བའི་རྩེ་མོ་ལ། སངས་རྒྱས་ཀྱི་བདེན་པ་ངེས་པར་མཐོང་ནས། སྣང་བ་སྟོང་པའི་ཆོས་རྣམས་བཤད་དོ། །དེ་ནས་བྱ་རྒོད་ཕུང་པོའི་རི་ལ། རྒྱུད་ཆེན་པོ་གསང་བ་རྨད་དུ་བྱུང་བ་རྣམས། ཐུགས་ལས་བཀྲོལ། མགུར་གྱི་བུམ་པར་དྲིལ། ལྗགས་ཀྱི་པདྨ་ལས་ཀྱང་བསྒྱུར། ཡོན་ཏན་སྒོ་ལྔའི་རྣམ་པར་ཤེས་པ་ལ་བཀྲམ། རིག་པའི་ཁུ་བྱུག་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ་གཅིག་ཏུ་བཤད་དེ། འཁོར་གྱི་བློའི་ཐེ་ཚོམ་དང་སྤྲོས་པ་བཅད་དོ། །ལོ་ཉི་ཤུ་རྩ་བཞི་ན། མྱ་ངན་ལས་འདའ་ཀར་ཞལ་ཆེམས་རྣམ་གསུམ་བཤད་དེ་རྗེས་འཇུག་གི་དོན་དུ་ངས་ཐིག་ལེ་ཀུན་གསལ་དང་ཀུན་འདུས་གཉིས་བཤད་དེ། ངའི་རྗེས་སུ་ནི་གཞོལ། ང་དང་འཕྲད་པའི་སྐལ་བ་མེད་པ་རྣམས་ཀྱི་དོན་དུ་ནི་བཞག་གོ། །ངའི་སྐུ་གསུམ་གྱི་གདུང་རྟེན་དེ་བཞིན་དུ་བཞག་ནས། ང་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་མ་འོངས་པའི་དོན་དུ་དེ་སྐད་སྨྲོས་ཤིག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྲུལ་སྐུའི་དོན་མཛད་ལུགས་བསྟན་པ་སྟེ་ལེའུ་སོ་ལྔ་པའོ།། །།དེ་ནས་ཡང་སྟོན་པས་མཚོན་པ་

བསམ་གྱིས་མི་ཁྱབ་པའི་དགོངས་པ་ལ་བཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐབས་ཀྱི་བདག །ལྡེམ་པོའི་དོན་ལ་དགོངས་པ་ཡི། །ཐེག་བརྒྱད་དོན་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །རིན་པོ་ཆེའི་མཆོད་རྟེན་བང་རིམ་དགུ་པའི་སྟེང་ནས་སྟོན་པ་གཡུའི་བྱ་ཁུ་བྱུག །སྐད་ལན་བཞིར་འདོན་པའི་མན་ངག །སརྦ་ཡཱ་ནཱ་པྲ་ས་ར་དུ་པ་ཡཱ། སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་གསང་བདག་ལེགས་པར་ཟུང་ཞིག །ང་དང་ང་ཡི་སྤྲུལ་པ་ཡིས། །ཐུན་མོང་སྤྱི་དང་ཁྱད་པར་གྱི། །འཁོར་དུ་གྱུར་པའི་གདུལ་བྱ་རྣམ་པ་གཉིས་ལ། །ལྡེམ་དགོངས་གཉིས་སུ་བསྟན་པ་ཡི། །ལྡེམ་པོའི་བལྟ་བ་འདི་ལྟ་སྟེ། །ཉན་ཐོས་རང་རྒྱལ་སེམས་དཔའ་དང་། །ཀྲི་ཡོག་སྡེ་གསུམ་བསྐྱེད་རྫོགས་གཉིས། །བདེན་པ་ཕྱོགས་རེ་ངོས་བཟུང་ནས། །གཟའ་གཏད་བཅས་པའི་ལྟ་བ་བརྒྱད། །བློ་ཡུལ་གཉིས་ཀྱི་མུར་འཛིན་པས། །རང་རིག་ཡེ་ཤེས་ལ་མ་ཟློས། །དེ་བས་ཕྱིན་ཅི་ལོག་པ་ཡིན། །དོན་ལ་ཉམས་དང་གོལ་པའི་ཕྱིར། །ཞེ་འདོད་བློ་ཡི་བལྟ་བ་ཡིན། །ཀྱེ་གསང་བའི་བདག་པོ། ཞེ་འདོད་ཆས་པའི་ལྟ་བ་བརྒྱད། །གང་ཟག་བདག་མེད་རྟོགས་ཀྱང་ཆོས་ཉིད་བདག་མ་སྤངས། །ཆོས་ཀྱི་བདག་ནི་གཟུང་འཛིན་གཉིས་སུ་སྣང་། །འཛིན་པའི་རྒྱུན་རྟོག་སྐད་ཅིག་འགགས། །རྟག་ཆད་གཉིས་ལས་འདས་པ་ལྟར། །དཔེར་ན་ཆུ་བོ་གང་གཱ་བཞིན། །གཟུང་བྱ་ཀུན་རྫོབ་ཕར་བསལ་ནས། །དོན་དམ་རྡུལ་ཕྲན་རྫས་སུ་འདོད། །དཔེར་ན་གཡག་རྔ་ནེ་སིང་བཞིན། །མདོ་སྡེ་བྱེ་བྲག་རྣམ་གཉིས་འདོད། །ཉན་ཐོས་ཞེ་འདོད་ཡིན་པས་ན། །གཉིས་མེད་བདེ་ཆེན་དོན་དང་འགལ། །གང་ཟག་བདག་མེད་གོང་མཐུན་ངེས་རྟོགས་ནས། །ཆོས་ཀྱི་ཁམས་ལ་ཕྱོགས་གཅིག་བདག་མེད་པ། །དེ་ཉིད་མཚན་མར་ངོས་འཛིན་པ། །རང་རྒྱལ་ཞེ་འདོད་བལྟ་བ་ཡིན། །འཛིན་

མེད་བདེ་ཆེན་དོན་ལས་འགལ། །བདག་གཉིས་བྲལ་བར་བལྟ་ཞིང་བདེན་གཉིས་ཚུལ་དུ་འདོད། །དོན་དམ་སེམས་སུ་བལྟ་བ་དང་། །སེམས་ལས་འདས་པར་བལྟ་བ་དང་། །ཀུན་རྫོབ་སྐུར་པ་མི་འདེབས་པ། །དཔེར་ན་རྨི་ལམ་སྨིག་རྒྱུ་བཞིན། །བྱང་ཆུབ་སེམས་དཔའི་བལྟ་བ་ཡིན། །གཉིས་མེད་བདེ་ཆེན་ཡེ་ཤེས་དོན་ལ་གོལ། །མི་རྟོག་སྐྱེ་འགག་བྲལ་བའི་ངང་ལས་མ་གཡོས་ཀྱང་། །སེམས་དཔའ་རྣམ་གཉིས་རྗེ་དང་བྲན་དུ་བལྟ། །ཀྲྀ་ཡའི་ལྟ་བ་ཞེ་འདོད་པས། །ཀུན་བཟང་བདེ་ཆེན་དོན་དང་འགལ། །མི་རྟོག་ངང་ལས་མ་གཡོས་སྐྱེ་འགག་བྲལ་བཞིན་དུ། །སེམས་དཔའ་རྣམ་གཉིས་སྤུན་དང་གྲོགས་པོར་བལྟ། །ཨུ་པ་ཡོ་གའི་ལྟ་བ་ཞེ་འདོད་པས། །དབྱེར་མེད་བདེ་ཆེན་ཡེ་ཤེས་དོན་དང་འགལ། །མ་སྐྱེས་འགག་པ་མེད་ཅིང་མི་རྟོག་གཡོ་བ་མེད་བཞིན་དུ། །ཁམས་དང་སྐྱེ་མཆེད་ལྷ་དང་ལྷ་མོར་བལྟ། །མ་ཧཱ་ཞེ་འདོད་མཚན་མའི་སྐུ་རུ་འཛིན། །སྤྲོས་བྲལ་བདེ་བ་ཆེན་པོའི་དོན་ལས་གོལ། །མ་གཡོས་མི་རྟོག་སྐྱེ་འགག་མེད་བཞིན་དུ། །དབྱིངས་དང་ཡེ་ཤེས་ལྷ་དང་ལྷ་མོར་འཛིན། །ཨ་ནུའི་ཞེ་འདོད་ལྟ་བ་ཡིན། །དངོས་མེད་ཟང་ཐལ་རང་སྣང་བདེ་ཆེན་དོན་ལས་གོལ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་བརྒྱད་ཀྱི་གྲུབ་མཐའ་བསྟན་པ་སྟེ་ལེའུ་སོ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་བརྒྱད་ལྟ་བ་གསུངས་པ་སྟེ། །དགོངས་པ་ཉམས་སུ་ཇི་ལྟར་ལེན། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ཉོན་ཅིག །རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །དམིགས་གཏད་བཅས་པའི་བསྒོམ་པ་བརྒྱད། །རྩོལ་བ་བློ་ཡི་ཡུལ་བཟུང་བས། །རྩོལ་བྲལ་བློ་ལས་གྲོལ་མ་རྟོགས། །དེ་བསྒོམ་མ་ཤེས་འདོད་པ་བསྒོམས། །དེ་ཡང་ཇི་ལྟར་བསྒོམ་ཞེ་ན། །ཉན་ཐོས་པ་ནི་འདི་ལྟར་བསྒོམས། །རང་ལུས་རྡོས་བཅས་ཕུང་པོ་ལ། །མི་

གཙང་རྫས་སུ་འདུ་ཤེས་བསྐྱེད། །རྣམ་པར་སྔོ་དང་བམ་པ་དང་། །རུལ་བ་མྱགས་པར་བསྒོམ་པ་སྟེ། །གཟུགས་ཕུང་ཞེན་པའི་མཐའ་ལས་ཟློག །ཞི་གནས་ཡན་ལག་བཅུ་གཉིས་ལྡན། །ཚོགས་དྲུག་ཡུལ་དང་རྟོག་པ་སྤང་། །རང་རྒྱལ་འདོད་པ་འདི་ལྟར་བསྒོམ། །དང་པོ་མ་རིག་ལ་སོགས་ནས། །ཐ་མ་རྒ་ཤི་ལ་ཐུག་བསྒོམ། །རང་གི་དཔྲལ་བར་སེམས་གཏད་དེ། །ཀེང་རུས་དཀར་པོ་མཐེབ་ལོང་ཙམ། །དེ་ལ་སེམས་འཛིན་བརྟན་པ་དང་། །དེ་ལས་མཆེད་ནས་ཀེང་རུས་བལྟ། །དེ་ནས་རིམ་པས་འགག་པར་བསྒོམ། །བྱང་སེམས་འདོད་པ་འདི་ལྟར་བསྒོམ། །དེ་ཡང་བློ་ཡི་འདོད་པ་ཡིས། །སེམས་ཙམ་སེམས་ཉིད་རང་གསལ་བསྒོམ། །དབུ་མ་བདེན་པ་དབྱེར་མེད་ནམ་མཁའི་དཀྱིལ་ལྟར་བསྒོམ། །ཀྲི་ཡའི་འདོད་པ་འདི་ལྟར་བསྒོམ། །སྟོང་པ་ལ་སོགས་སྔོན་སོང་ནས། །རིགས་གསུམ་ཕྱག་རྒྱ་ལྡན་པར་བསྒོམ། །ཡོ་གའི་ཞེ་འདོད་འདི་ལྟར་བསྒོམ། །བྱང་ཆུབ་རྣམ་ལྔ་སྔོན་སོང་ནས། །སུམ་ཅུ་རྩ་བདུན་ཕྱག་རྒྱ་བཞི་ལྡན་བསྒོམ། །མ་ཧཱ་ཡོ་གའི་སྒོམ་པ་ནི། །ཏིང་འཛིན་རྣམ་གསུམ་སྔོན་སོང་བའི། །ཞི་ཁྲོ་རབ་འབྱམས་བསྒོམ་པར་བྱེད། །ཕྱག་རྒྱ་བཞི་ལྡན་བསྒོམ་པའི་མཆོག །ཨ་ནུའི་ཞེ་འདོད་སྒོམ་པ་ནི། །སྙིང་པོ་ཚིག་ཙམ་བརྗོད་པ་སྔོན་སོང་ནས། །ཕུང་པོ་ལྷ་ཡི་ཕྱག་རྒྱ་བཞི། །དཔེར་ན་ཆུ་ལས་ཆུ་བུར་དང་། །ཚ་ཚ་བརྐོས་ཕོར་ནས་བཏོན་བཞིན། །སྐད་ཅིག་མ་ལས་གསལ་བར་བསྒོམ། །བསམ་གཏན་ཡན་ལག་སྔོན་སོང་ནས། །དངོས་གཞི་བྱེ་བྲག་དེ་ལྟར་བསྒོམ། །དགོས་ཆེད་མཐར་ཕྱིན་འབྲས་བུ་ཐོབ། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་བརྒྱད་ཀྱི་སྒོམ་པ་བསྟན་པ་སྟེ་ལེའུ་སོ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་རང་དོན་ལ་བསྒོམ་དུས་སུ། །སྤྱོད་པའི་

བྱེ་བྲག་ཇི་ལྟར་སྤྱད། །ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཐེག་བརྒྱད་རང་གི་སྤྱོད་པ་བརྒྱད། །སྡུག་བསྔལ་རྩོལ་བསྒྲུབ་བཅས་པར་སྤྱོད། །སྤྱོད་པ་བླང་དོར་མེད་པར་མ་རྟོགས་པས། །ཐུན་མོང་མ་གྱུར་བླང་དོར་སྤྱོད། །ཉན་ཐོས་སྤྱོད་པའི་ཁྱད་པར་ནི། །མ་བྱིན་ལེན་དང་མི་ཚངས་སྤྱོད། །སྲོག་གཅོད་པ་རྣམས་སྤངས་པ་སྟེ། །ལུས་ཀྱི་སྤྱོད་པ་རྣམ་པར་དག །ངག་གི་སྤྱོད་པ་དག་པ་ནི། །རྫུན་དང་ངག་འཁྱལ་ཕྲ་མ་དང་། །ཞེ་གཅོད་ཚིག་རྣམས་མེད་པར་སྤྱོད། །ཡིད་ཀྱི་སྤྱོད་པ་དག་པ་ནི། །བརྣབ་སེམས་གནོད་སེམས་ལོག་ལྟ་བྲལ་བ་ཡི། །དགེ་བ་བཅུ་རྣམས་རང་གི་དོན་དུ་སྤྱོད། །རང་རྒྱལ་བ་ཡི་སྤྱོད་པ་ནི། །རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་ཤས་ཙམ་སྤྱོད་པར་བྱེད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། །ཚད་མེད་བཞི་དང་བསྡུ་བ་བཞི། །གཙོ་རུ་གཞན་གྱི་དོན་དུ་སྤྱོད། །ཀྲི་ཡཱ་དག་གི་སྤྱོད་པ་ནི། །ཕྱི་ནང་རྫས་གསུམ་དག་པར་སྤྱོད། །ཡོ་ག་དག་གི་སྤྱོད་པ་ནི། །ཕྲིན་ལས་རྣམ་པ་བཞི་དག་དང་། །ཁོ་ན་བཞི་ཉིད་སྤྱོད་པ་བྱེད། །མ་ཧཱ་ཡོ་གའི་སྤྱོད་པ་ནི། །ཐབས་དང་ཤེས་རབ་གཉིས་སྒོ་ནས། །འགྲོ་དོན་མཐའ་རུ་ཕྱིན་པར་སྤྱོད། །ཨ་ནུ་ཡོ་གའི་སྤྱོད་པ་ནི། །གཉིས་སུ་མེད་པའི་ཚུལ་གྱིས་སུ། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་ལ་གཅིག་རྫོགས་ཡོངས་སུ་སྤྱོད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོའི་རྒྱུད་ལས། ཐེག་པ་བརྒྱད་ཀྱི་སྤྱོད་པ་བསྟན་པ་སྟེ་ལེའུ་སོ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྟོན་པ་ཐུགས་རྗེ་ཐབས་ཀྱི་བདག །དེ་ཡི་འཇུག་སྒོ་བསྲུང་མཚམས་དང་། །སྒྲུབ་པའི་ཐབས་རྣམས་ཇི་ལྟར་ལགས། །སོ་སོའི་འབྲས་བུ་ཇི་ལྟར་སྨིན། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཞུགས་ནས་དེ་མཐུན་སྤྱོད་པ་ནི། །སོ་སོའི་འཇུག་སྒོ་སྤྱོད་པར་བསྡུ། །ལྟ་བའི་དོན་ལ་མི་འདའ་བར། །སོ་སོའི་

དམ་ཚིག་ལྟ་བར་བསྡུ། །སོ་སོའི་སྒོམ་པ་བསྒྲུབ་པའི་མཆོག །དེ་བས་དེ་ཉིད་དེར་བསྡུས་པའོ། །ཐེག་པ་སོ་སོའི་འབྲས་བུ་ནི། །མངོན་དུ་གྱུར་པས་འབྲས་བུའི་མཆོག །ཉན་ཐོས་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །འབྲས་བུ་ཟུང་བཞི་ཡ་བརྒྱད་སྨིན། །རང་རྒྱལ་དག་གི་འབྲས་བུ་ཡང་། །ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས། །དགོངས་པ་འབྲས་བུ་རྣམ་གཉིས་ཐོབ། །དཔེར་ན་ནེ་ཙོ་བསེ་རུ་བཞིན། །བྱང་སེམས་དག་གི་འབྲས་བུ་ཡང་། །ལྟ་བ་སྒོམ་པ་སྤྱོད་པ་རྣམས། །མངོན་གྱུར་ས་བཅུ་རིམ་སྦྱངས་ནས། །ཀུན་ཏུ་འོད་ལ་གནས་པར་འདོད། །ཀྲི་ཡཱའི་འབྲས་བུ་རྫོགས་པ་ནི། །རང་གི་ལྟ་སྒོམ་དོགས་ཆོད་པས། །རིགས་གསུམ་སྐུ་གསུམ་ངོ་བོར་འདོད། །རྡོ་རྗེ་འཛིན་པའི་ས་ནོན་པའོ། །ཡོ་ག་དག་གི་འབྲས་བུ་ནི། །ལྟ་སྒོམ་སྤྱོད་པའི་བྱིན་རླབས་ཀྱིས། །སུམ་ཅུ་རྩ་བདུན་མངོན་རྫོགས་ཏེ། །སྐུ་གསུམ་རང་བཞིན་ལྷུན་གྲུབ་པའོ། །མ་ཧཱ་ཡོ་གའི་འབྲས་བུ་ནི། །ལྟ་བ་ལ་སོགས་མངོན་གྱུར་ནས། །ཕྱག་རྒྱ་ཆེན་པོར་མངོན་རྫོགས་པས། །བཅུ་བཞི་རྡོ་རྗེ་འཛིན་པའི་ས་ལ་མངོན་གྱུར་ཏོ། །ཨ་ནུ་དག་གི་འབྲས་བུ་ནི། །ལྟ་བ་དག་གི་དགོས་པ་ནི། །རྡོ་རྗེ་སེམས་དཔའི་མཚན་ཡོངས་སུ་རྫོགས་པའི་ས་ཆེན་པོ། མ་ཆགས་པདྨ་ཅན་གྱི་ས་ལ་གནས། །ཞེས་གསུངས་སོ། །སྤྲོས་བྲལ་དོན་གསལ་ལས་བཅུ་གཅིག་ཀུན་ཏུ་འོད་བྱུང་བ་དང་། འོག་ཨ་ནུ་ལ་མ་ཆགས་པདྨ་ཅན་བྱུང་བས་དཔྱད། ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་སོ་སོའི་འབྲས་བུ་དང་། འཇུག་སྒོ་བསྲུང་མཚམས་སྒྲུབ་ཐབས་བསྟན་པའི་ལེའུ་སོ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་བརྒྱད་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་མཐར་ཕྱིན་དེ་ལྟར་ན། །ཡང་དག་ངེས་པའི་ལྟ་བ་གང་། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །བལྟར་མེད་ལྟ་བའི་དོན་བསྟན་པ། །ཨ་ཏིའི་

ལྟ་བ་གཟའ་གཏད་བྲལ། །དངོས་མེད་ཡེ་ཤེས་ཟང་ཐལ་བས། །རང་རིག་ཡེ་ཤེས་ལྷུན་གྱིས་གྲུབ། །དེ་ལས་མ་གཏོགས་གཞན་མེད་པས། །སོ་སོ་རང་རིག་ཡེ་ཤེས་ལ། །ཅིར་སྣང་ཡེ་ཤེས་ཆེན་པོའི་གདངས། །ཡེ་ཉིད་བཅོམ་ལྡན་རྡོ་རྗེ་འཆང་། །དེ་བས་གཞི་སྣང་རྫོགས་སངས་རྒྱས། །སངས་རྒྱས་ཡུལ་མེད་གཟུང་འཛིན་རྣམ་པར་དག །རང་རིག་ཡེ་ཤེས་རང་གི་གདངས་ལ་ཞུགས། །འབྱུང་བཞི་རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ནམ་མཁའ་ཡེ་ནས་ཁྱབ། །ཆོས་ཉིད་དོན་གྱི་ནམ་མཁའ་ལ། །རང་རིག་ཡེ་ཤེས་ཉི་མ་ཤར། །ཕྱོགས་རིས་མེད་པར་ཀུན་ཏུ་གསལ། །ཡིད་ཀྱི་རྣམ་རྟོག་ཅི་འགྱུ་ཡང་། །མ་པང་མཚོ་ལ་གསེར་གྱི་ཉ་མོ་རྒྱུ། །མ་འགགས་རང་བཞིན་མེད་པའི་དོན། །བལྟས་ཤིང་གསལ་བ་མཐོང་རྙེད་བྲལ། །ཕྱི་ནང་གཉིས་ཀ་ཕྱི་ཉིད་ནང་། །ཟབ་མོ་ཆ་ཤས་རྟོག་ཡུལ་བྲལ། །ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན། །བྱིས་པའི་སྐྱེ་བོ་རྣམས་ལ་སྣང་མོད་ཀྱི། །ལྟ་བ་རང་རིག་ཡེ་ཤེས་དངོས་མེད་ཟང་ཐལ་ལ། །དངོས་པོ་མཚན་མའི་སྒྲིབ་པ་ཡེ་ནས་རྣམ་པར་དག །ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །དེ་བས་ཁམས་གསུམ་མ་ལུས་ཐིག་ལེ་ཆེན་པོ་གཅིག་གི་ངང་། །ལྟ་བ་རྣམ་དག་རང་རིག་ཡེ་ཤེས་ལ། །སངས་རྒྱས་མེད་པས་སངས་རྒྱས་མིང་ཡང་མེད། །སེམས་ཅན་མེད་པས་ཁམས་དང་འབྱུང་བ་མེད། །མན་ཤེལ་སྐུ་ལྟར་རང་རིག་རྒྱུད་དག་པས། །དྲི་མེད་ཟང་ཐལ་དག་པ་ཆོས་ཀྱི་སྐུ། །ས་ཆུ་མེ་རླུང་ནམ་མཁར་སྣང་བ་ཡང་། །མ་རྟོགས་བློ་ལ་མཚན་མར་སྣང་མོད་ཀྱི། །སྣང་ལ་རང་བཞིན་མེད་དེ་ཡེ་ཤེས་གདངས་སུ་ཤར། །དཔེར་ན་མཁའ་ལ་འཇའ་ཚོན་གསལ་བ་ཡང་། །མཁའ་ལས་ལོགས་ན་མེད་ཀྱང་ལོགས་ལྟར་སྣང་། །ནམ་མཁའི་ངང་ན་གནས་ཤིང་མཁའ་དང་མི་ཕྱེད་ལྟར། །ཆོས་ཉིད་ཆོས་སྐུ་དབྱེར་མེད་དོན་གྱི་ནམ་མཁའ་ལ། །རང་ཤར་རང་སྣང་རང་གསལ་ཡེ་

ཤེས་གདངས། །ལོགས་ལྟར་སྣང་ཞིང་འགག་པ་མེད་པར་གསལ། །གསལ་ལ་རྟོག་མེད་ཡེ་ཤེས་ཆོས་ཀྱི་སྐུ། །རང་ལ་རང་སྣང་སྣོད་བཅུད་ཡེ་སངས་རྒྱས། །ལས་དང་ཐུགས་རྗེས་མཐའ་གཉིས་རྣམ་པར་དག །ས་དང་རྣམ་ཐར་བྱང་ཆུབ་མཆོག་ལ་རིང་། །བགྲོད་དུ་མེད་དེ་ཆོས་ཉིད་བྱང་ཆུབ་མཆོག །བགྲོད་པར་འདོད་ན་ཡེ་ཤེས་མཐའ་ལ་རིང་། །མ་བསགས་བཞིན་དུ་ཚོགས་གཉིས་ཡེ་ནས་རྫོགས། །མ་སྦྱངས་བཞིན་དུ་སྒྲིབ་གཉིས་ཡེ་ནས་བྱང་། །མ་བྱུང་མ་སྐྱེས་འོད་ཀྱི་དཀྱིལ་འཁོར་ལ། །དགོད་པ་ལྷ་ཡི་དཀྱིལ་འཁོར་བསྒོམ་མི་དགོས། །དཀྱིལ་འཁོར་ཁྲོ་གཉེར་ཆ་ལུགས་ཀྱིས། །ཁྲོ་བདག་ཆེན་པོའི་སྐུ་བསྐྱེད་ནས། །སྐུ་གསུང་ཐུགས་ཀྱི་བཟླས་པ་དག །ཆུ་བོའི་རྒྱུན་ལྟར་བཟླས་ན་ཡང་། །རང་རིག་ཡེ་ཤེས་རྒྱབ་ཀྱིས་ཕྱོགས། །ཡེ་ནས་བྱས་ཟིན་བྱ་མི་དགོས། །ཆེད་དུ་བྱར་མེད་ཆེད་དུ་དགག་ཏུ་མེད། །མར་མེའི་སྙིང་པོ་རང་གི་འོད་ལ་གནས་པ་ལྟར། །རང་རིག་ཡེ་ཤེས་རང་གི་གདངས་ལ་གནས། །འདས་དང་མ་བྱོན་ད་ལྟ་སངས་རྒྱས་དང་། །གཉིས་མེད་རོ་གཅིག་ཆུ་ལ་ཆུ་བཞག་བཞིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྫོགས་པ་ཆེན་པོའི་ལྟ་བ་མ་ནོར་བར་བསྟན་པ་སྟེ་ལེའུ་བཞི་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་སེམས། །བསྒོམ་དུ་ཡོད་མེད་བྱེ་བྲག་ཇི་ལྟར་ལགས། །ཞེས་ཞུས་སོ། །དེ་ནས་ཡང་སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པས་ངེས་ཟུང་ཤིག །ངས་བསྟན་གཉིས་མེད་བདེ་ཆེན་ལ། །བསྒོམ་དུ་ཡོད་མེད་ཐ་སྙད་རྣམ་པར་དག །ཤེས་རབ་སྟོབས་ཅན་རང་རིག་དོན་རྟོགས་པས། །གཉིས་མེད་བདེ་ཆེན་ངང་དུ་འདུ་འབྲལ་མེད། །མ་བཙལ་བཞག་པས་ངང་ལས་མ་གཡོས་གསལ། །རྒྱུན་ཆད་མེད་པས་ཆུ་བོ་གང་གཱ་བཞིན། །དབང་པོ་ཡང་རབ་དོན་དུ་དེ་བསྟན་ནོ། །རྟེན་གྱི་གང་ཟག་ཤེས་རབ་འབྲིང་རྣམས་ལ། །མི་བསྒོམ་སྒོམ་པར་བསྟན་པ་ཡིན། །རྣལ་

འབྱོར་ཤེས་རབ་རྩལ་ཆུང་ལ། །མ་བསྒོམས་སངས་མི་རྒྱ་བར་བསྟན། །ཀྱེ་གསང་བདག་ངེས་ཟུང་ཞིག །པདྨ་འདམ་ན་གནས་ཀྱང་སྐྱོན་གྱིས་མ་གོས་ལྟར། །ཕྱི་ནང་འཁྲུལ་པ་ཤར་ཀྱང་ནི། །རང་རིག་མ་འཁྲུལ་ཡེ་ནས་གོས་པ་མེད། །མ་འཁྲུལ་པ་ཡི་སངས་རྒྱས་ཡིན། །རིགས་ཀྱི་བུ་གཞི་དག་པ་ཆོས་ཀྱི་སྐུ་ལ་འབྲས་བུ་དག་པ་གཟུགས་ཀྱི་སྐུ་གཉིས་ཀྱིས་བརྒྱན་ནས། དོན་སྐུ་གསུམ་འདུ་འབྲལ་མེད་པ་ནི།བུམ་པའི་ནང་གི་མར་མེ་ལྟར། ཡེ་ཤེས་ནང་ན་རབ་ཏུ་གསལ་བའོ། །རིགས་ཀྱི་བུ་གཟུགས་ཀྱི་ཕུང་པོ་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ནང་ན། སྐུ་གསུམ་གྱི་རང་བཞིན་གདངས་འགག་པ་མེད་པ།ཡེ་ཤེས་ཀྱི་གཞལ་མེད་ཁང་ཡང་འོད་དུ་གསལ་ལོ། །དེའི་ནང་ན་སྐུ་བཞི་སྐུ་གསུང་ཐུགས་དང་ལྡན་ཏེ། རང་བཞིན་རྣམ་པར་དག་པའི་དཀྱིལ་འཁོར། འགག་པ་མེད་པར་གནས་སོ། །དེའི་ཐུགས་རྗེ་ཧེ་རུ་ཀ་ལྔར་སྣང་ལ་མི་འགག་པས། ཐུགས་རྗེ་རང་བྱུང་གི་དཀྱིལ་འཁོར་ཏེ། དེ་ལྟར་གནས་པ་ནི་མ་འཁྲུལ་པའི་སངས་རྒྱས་སོ། །རིགས་ཀྱི་བུ་མ་འཁྲུལ་པའི་སངས་རྒྱས་ལ། མ་བྱས་པའི་ཆོས་ཉིད་བསྟན་པ་ནི། ཐུགས་ཀྱི་མེ་ལོང་ཡིན་ཏེ། དཔེར་ན་ཟག་བཅས་ཀྱི་ཕུང་པོ་འདི། བྱས་པའི་མེ་ལོང་གིས་གཏན་ལ་འབེབས་པ་ལྟར། ཟག་པ་མེད་པའི་ཡེ་ཤེས་འགག་པ་མེད་པར་གསལ་བ། ཀུན་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་ལ་དག་པ།ཐམས་ཅད་འབྱུང་བའི་གཞི་མ་འགགས་པའི་དོན། མགར་བའི་ལག་གི་འདུ་བྱེད་ཀྱིས་མ་བྱས་པར། སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་ཀློང་ནས། རང་བྱུང་དུ་རང་ཤར་བའི་ཤེལ་གྱི་མཆོད་རྟེན་ཁྲི་འཕང་ལྔ་པ་ཐུགས་ཀྱི་མེ་ལོང་དུ་གྱུར་པ་དེ། བརྡའ་བསྟན་པའི་ཚེ། ཟག་བཅས་ཀྱི་སྒྲོམ་བུས། ཟག་མེད་ཀྱི་ཡེ་ཤེས་མི་ཐུབ་པར། ཐུགས་ཡེ་ཤེས་ཀྱི་མེ་ལོང་ལ་ཇི་ལྟ་བ་བཞིན་དུ་སྣང་བའོ། །དེའི་འཁྲུལ་གཞི་མན་ངག་གི་ཏི་ཀ་ཆེན་པོས་གཏན་ལ་ཕབ་པའོ། །དོན་དེ་རང་བྱུང་གི་ཡེ་ཤེས་ཆེན་པོ་ཡིན་པས། དུས་

གསུམ་དུ་འགྱུར་མ་མྱོང་སྟེ། མི་འགྱུར་བའི་བལྟ་བ་ཐོད་རྒལ་ཆེན་པོའོ། །དེ་ནི་འཁྲུལ་པ་ལོག་ནས་ཡེ་ཤེས་སྐྱེ་བ་དེ་ཁོ་ན་ཉིད་ཀྱི་ཏི་ཀ་ཆེན་པོའོ། །དེ་ནི་རྟགས་ཀྱི་སྒྲོན་མས་མི་འགྱུར་བའི་གཟེར་གདབ་པའོ། །ལུང་གི་ཏི་ཀ་ཆེན་པོས་དོན་ལ་སྦྱར་རོ། །བདག་ཉིད་ཆེན་པོས་དེ་ཁོ་ན་ཉིད་ཀྱི་ཏི་ཀ་ལ་གཞི་བཅའོ། །དེའི་དོན་རྟོགས་ནས་བསྒོམ་དུ་མེད་དེ་ཡོན་ཏན་ནོ། །དེ་ཡང་རང་ཆས་སུ་གནས་པས་འདུ་འབྲལ་མེད་དོ། །ཡུལ་དང་ཡུལ་ཅན་བསྒོམ་བྱ་དང་སྒོམ་བྱེད། དངོས་པོ་དང་མཚན་མར་དམིགས་སུ་མེད་དེ། དཔེར་ན་གར་སྦྱིན་ལ་སྦྲང་མའི་འདབ་མ་ཆགས་པ་ལྟ་བུའོ། །ཆོས་ཉིད་ཀྱི་དོན་ཐ་མལ་གྱིས་མི་རྟོགས་པས། སོ་སོ་སྐྱེ་བོའི་ཐ་མལ་གྱིས་མི་གོ་སྟེ། གོང་ལྟར་རྟོགས་དགོས་པས།ཡེངས་སུ་མེད་དེ་སྐྱོན་ཅན་ནོ། །ངེས་པར་རྟོགས་ཅན། ཡེངས་པ་མེད་དེ་ཡོན་ཏན་ནོ། །ཡེངས་པ་མེད་པ་ནི། འདུག་ཀྱང་ཆོས་ཉིད་རང་སྣང་གི་ངང་ལས་མ་གཡོས་ཙམ་དུ་འདུག །འགྲོ་ཡང་ཡེ་ཤེས་ཀྱི་རང་གདངས་ལ། རང་བཞིན་མ་འགགས་པ་ཙམ་དུ་འགྲོ་སྟེ། མར་མེའམ་ཉི་མ་རང་སྣང་དང་ཆས་ནས་འགྲོ་བ་བཞིན་ནོ། །ཉལ་ཡང་ངང་ལས་མ་གཡོས་པའི་ཀློང་། རིག་པ་ཟང་ཐལ་གྱི་ངང་ན་རྩལ་གཞི་ལ་འདུས་ཏེ། རང་བཞིན་གཞི་ལ་ཐིམ། མཚན་མ་རང་སར་གྲོལ།དོན་ལ་འབྱོར་པ་ཆེན་པོར་འགྱུར་རོ། །ལངས་ཀྱང་ངང་ལས་མ་གཡོས་པ་ལས།རིག་པ་རང་ཤར་ཏེ། རང་བཞིན་མ་འགགས་པར་གསལ་ལོ། །ཀྱེ་རིགས་ཀྱི་བུ་ལེགས་པར་ཡིད་ལ་ཟུང་ཞིག །སྤྱོད་ལམ་རྣམ་བཞི་ནི་སྤྱད་ཀྱང་རང་གི་གདངས་ལས་མི་འདའ་ཞིང་། ཆོས་ཉིད་ངང་ལས་མ་གཡོས་པ། དཔེར་ན་བྱ་ཡིས་གར་འཕུར་ཀྱང་མཁའ་ལས་འདའ་ས་མེད། ཉ་ཡིས་གར་འཕྱོས་ཀྱང་ཆུ་ལས་འདའ་བ་མེད་པ་དང་། མི་ཡིས་གར་ཕྱིན་ཀྱང་ས་ལས་མི་འདའ་བ་བཞིན། རྣལ་འབྱོར་རྟོགས་ལྡན་ངང་ལས་གཡོས་པ་མེད། རིགས་ཀྱི་བུ་བསྒོམ་བྱ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ནི་ལོགས་ན་མེད་དེ། རང་རིག་

ཆོས་ཀྱི་སྐུ་ཁོ་ནའོ། །ཤར་བ་ཐམས་ཅད་ནི་རང་ཤར་ཏེ། རིག་པ་ཆོས་སྐུ་སྟོང་པ་དང་། འགག་པ་མེད་པ་དང་། དེ་གཉིས་དབྱེར་མེད་པ་དང་། དེ་ལྟར་ཤེས་པའི་ཤེས་རབ་མི་འགག་པ་དང་། དེ་ལ་ཐོགས་པ་མེད་པ་དང་། མཚན་ཉིད་ལྔར་ཤར་རོ། །དེ་ལྔ་ཡེ་ཤེས་ལྔར་ཤར་རོ། །ཡེ་ཤེས་ལྔ་འོད་དུ་ཤར་རོ། །འོད་ལྔ་རིགས་ལྔར་ཤར་རོ། །རིགས་ལྔ་སྐུ་ལྔར་ཤར་རོ། །སྐུ་ལྔ་ཡུམ་ལྔ་མི་འགག་གོ། །ཡབ་ཡུམ་ལྔ་ལ་སེམས་དཔའ་དང་སེམས་མ་མི་འགག་གོ། །སེམས་མ་རྣམས་ལ་ཡུལ་དུ་ཤར་རོ། །སེམས་དཔའ་རྣམས་ལ་དབང་པོ་དང་རྣམ་ཤེས་སུ་ཤར་རོ། །དེ་ནི་རིག་པ་རང་ཤར་གྱི་དགོངས་པས། སྣང་བ་ལ་རྒྱས་བཏབ་སྟེ། རང་སྣང་གི་ཡེ་ཤེས་ལས་གཞན་སྣང་གི་རྟོག་པ་མེད་དོ། །འགགས་པའི་དུས་སུ་མཚན་མ་རང་གྲོལ་གྱི་དགོངས་པས་རྩལ་གཞི་ལ་འདུས་ཏེ་ཡུལ་ལྔ་སྒོ་ལྔའི་ངང་དུ་གྲོལ། སྒོ་ལྔ་སེམས་དཔའ་དང་སེམས་མའི་ངང་དུ་གྲོལ། སེམས་དཔའ་སེམས་མ་རིགས་ལྔ་ཡང་ཡུམ་གྱི་ངང་དུ་གྲོལ། དེ་ལྔ་ཡང་ཡེ་ཤེས་ལྔའི་ངང་དུ་གྲོལ། ཡེ་ཤེས་ལྔ་ཡང་རིག་པའི་མཚན་ཉིད་ལྔར་གྲོལ། མཚན་ཉིད་ལྔ་རིག་པ་འཛིན་མེད་རང་གསལ་དུ་གྲོལ།དབང་པོ་གནས་སྡུད་ཀྱི་མན་ངག་དེ། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པའོ། །དེ་ལྟར་གྲོལ་ནས་ངང་ལས་མ་གཡོས་པ་ནི། ཤེས་བྱ་བུམ་པར་ཆུད་པ་སྟེ། ཆོས་ཉིད་ཆོས་སྐུ་དབྱེར་མེད་ཟང་ཐལ་གྱི་བུམ་པ་ན། རང་རིག་པའི་ཡེ་ཤེས་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བས། ཤེས་བྱ་བུམ་འཇུག་གི་མན་ངག །གཏི་མུག་གཉིད་ལ་སོགས་པ། ཤེས་རབ་ཀྱི་དོན་དེ་ཁོ་ན་ཉིད་ལ་འབྱོར་བའོ། །ཐམས་ཅད་འབྱུང་ཡང་རང་ལས་འབྱུང་། སྣང་ཡང་རང་ལས་སྣང་།གསལ་ཡང་རང་ལས་གསལ་ཏེ། དག་ཅིང་གྲོལ་ཡང་རང་གི་ངང་དུ་གྲོལ་བས་ན། ཡེ་ཤེས་རང་དག་ཆེན་པོའོ། །དེ་ནི་ངོ་བོ་ཉིད་ཀྱི་སྣང་བ་རང་སྣང་ལས་གཞན་སྣང་མེད་པའོ། །སྤྲིན་དང་ཁུ་རླངས་བྱུང་ཡང་། ནམ་མཁའ་རང་ལས་བྱུང་།

སྣང་ཡང་ནམ་མཁའ་རང་ལ་སྣང་། །གནས་ཀྱང་ནམ་མཁའི་ངང་ལ་གནས། །དག་ཀྱང་ནམ་མཁའི་ངང་དུ་དག །གྲོལ་ཀྱང་ནམ་མཁའི་ངང་དུ་གྲོལ་བ་ལྟར། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྒོམ་དུ་ཡོད་མེད་བློ་དང་སྦྱར་བར་བསྟན་པ་དང་། བློ་འབྲིང་ལ་རྒྱུན་གྱི་ཏིང་ངེ་འཛིན་གཏན་ཚིགས་དང་བཅས་པ་བསྟན་པ་སྟེ་ལེའུ་བཞི་བཅུ་རྩ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་དུ་ཡོད་པ་བཤད་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །བློ་ཞན་རྣམས་ལ་བསྒོམ་པ་བསྟན། །བསྒོམ་དུ་མེད་པར་མ་ཤེས་ན། །མ་ཚོར་ཡིད་ལ་བྱེད་པ་དང་། །བྱ་རྩོལ་འདས་པར་མི་རྟོགས་ཏེ། །རྒྱུན་གྱི་ཏིང་ངེ་འཛིན་གྱིས་དོན་མི་རྙེད། །བསྒོམ་དུ་ཡོད་པར་མ་ཤེས་ན། །སྐྱེ་བོ་རྣམས་དང་ཁྱད་པར་མེད། །ཐ་མལ་རང་རྒྱུད་གོལ་པར་འགྲོ། །མི་བསྒོམ་བསྒོམ་པའི་དོན་ཤེས་པས། །སངས་རྒྱས་ཉག་གཅིག་དོན་དང་འདུ་འབྲལ་མེད། །བསྒོམ་ལ་མི་བསྒོམ་དོན་ཤེས་པས། །དམིགས་གཏད་བློ་ཡི་མཐའ་ལས་ལྡོག །གཉིས་སུ་མེད་པའི་དོན་རྟོགས་པས། །ཕྱོགས་རིས་འཛིན་པའི་མཐའ་དང་བྲལ། །བསྒོམ་དུ་ཡོད་པའི་དོན་བསྟན་པ། །བསླབ་ཐབས་བསླབ་བྱ་ལོབས་པའི་ཚད། །རྣམ་པ་གསུམ་དུ་བསྡུས་ལ་བསྟན། །བསླབ་ཐབས་རྣམ་པ་གསུམ་དུ་བསྟན། །ཕྱི་དང་ནང་དང་གསང་བའོ། །ཕྱི་ནི་ལུས་ངག་ཡིད་གསུམ་གློད། །བྱ་བ་བཏང་ལ་བསྡད་པ་ཡིན། །ནང་ནི་རྩ་ཡི་རླུང་སྒོ་བསྡམ། །རང་བྱུང་དབྱིངས་ཀྱི་ཐིག་ལེ་ལས། །དང་པོ་ལུས་ཀྱི་སྲིད་པ་ཆགས། །དེ་ལས་ཡར་མར་རྩ་གཉིས་ཆགས། །རྩ་གཉིས་འདུས་ནས་རྩ་མདུད་ལྟེ་བར་གྱུར། །དེ་ནས་རྩ་བྲན་རྣམས་ཀྱིས་ལུས་བྱིངས་བསྐྱེད། །དེ་ནས་སྙིང་ལ་སོགས་པའི་ནང་ཁྲོལ་རྒྱས། །དེ་ལ་དབུགས་ཡོད་

དེ་ལས་རྣམ་རྟོག་ཤར། །དེ་བས་རྩ་རྟགས་མིག་ཡིན་པས། །ཅིར་སྣང་རང་སྣང་ཡིན་གྱིས་རྣམ་རྟོག་མ་བྱེད་ཅེ་རེར་ལྟོས། །རྟགས་མ་བསྐུལ་བས་དེ་ནས་རིག་པའི་རྩལ་མི་རྒྱུ། །རྩལ་དང་མ་འགྲོགས་རླུང་དང་སེར་བུ་བཞིན། །མ་བསྡམས་རང་སར་ཞོག་ཅིག་འཕྲོ་མི་ནུས། །དེ་བས་རླུང་གཅེས་དེ་ལ་སྐྱོན་མི་བལྟ། །རླུང་ཡོད་རྟོགས་པའི་ཤེས་རབ་ཡོངས་སུ་རྒྱས། །ཐབས་ཀྱིས་ཟིན་པས་མི་རྟོག་རང་སར་གནས། །སྐབས་སུ་ཧ་དང་ཕཊ་ཅེས་རླུང་རོ་འབུད། །གསང་བ་བསླབ་པའི་ཐབས་གསུམ་སྟེ། །རྒྱལ་པོ་གདན་ལ་བཞག་པ་དང་། །བློན་པོ་བཙོན་དུ་བཟུང་བ་དང་། །དམངས་རྣམས་ཆམ་ལ་དབབ་པ་དང་། །ཤུགས་ཀྱིས་དབབ་པའོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །རྒྱལ་པོ་ནི་རང་རིག་པ་ཆོས་ཀྱི་སྐུའོ། །གདན་ནི་རང་བཞིན་རྣམ་པར་དག་པའི་ནམ་མཁའ་ཡུལ་དུ་སྣང་བ། དོན་ནི་དབྱིངས་ཀྱི་ཐིག་ལེ་ཡུལ་སྣང་བ་འདིའོ། །དེ་ཉིད་ཀྱི་དོན་བག་དང་བྲལ་བ་ནི། དབྱིངས་རྣམ་པར་དག་པ་རིག་པའི་ཡེ་ཤེས་བཞུགས་པའི་གདན་དེ། དེ་ལྟར་བྱང་ཆུབ་སེམས་ཀྱི་སྒྲོན་མ་ནི། ཆུའི་རང་བཞིན་དག་ཅིང་གསལ་བ་ལ་སྦྱར་རོ། །དེ་ཡང་འདུག་ཚུལ་གྱིས་གནས་པ་དང་། སྣང་ཚུལ་གྱིས་འབྱམས་པས། དཔེར་ན་བྱ་ཁྲ་གནས་རི་བྲག་གི་ནང་ན་གནས་བཅས་ནས། ཚང་སྒོར་སྡོད་པ་བཞིན་ནོ། །དཔེ་དེ་བཞིན་དུ་རིག་པའི་ཡེ་ཤེས་ཙིཏྟ་རིན་པོ་ཆེ་ན་བཞུགས་ཏེ། རང་གི་ངོ་བོ་རྟགས་ལ་མངོན་པར་གསལ་ལོ། །དེ་ནི་གཞི་མེ་ལོང་ལྟ་བུའི་ཡེ་ཤེས་གསལ་བ་ཟང་ཐལ་ལོ། །དེ་བས་ན་དབྱིངས་རྣམ་པར་དག་པའི་ཐིག་ལེ་ཆུའི་སྒྲོན་མའོ། །ནང་དུ་ཙིཏྟ་གོང་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་འོད་དུ་གསལ་བས་ནའོ། །གདན་དེ་ལ་བཞུགས་པའི་ཡེ་ཤེས་ཀྱི་སྣང་བ་ནི།ཡེ་ཤེས་ཆེན་པོའི་ཐིག་ལེ་མ་འགགས་པར་གསལ་བའོ། །ཡེ་ཤེས་ཀྱི་སྙིང་པོ་རིག་པར་གནས་ཤིང་རིག་པ་ལ་ཡེ་ཤེས་གསལ་བས། ལྷུན་གྱིས་གྲུབ་པའི་ཐིག་ལེས་

མཚན་མ་དང་རྣམ་རྟོག་འཇོམས་པའོ། །དེ་ལྟར་མི་འགྱུར་བར་གནས་ཤིང་རང་སྣང་ལས་གཞན་སྣང་མེད་པའོ། །དེ་ནི་ལྷུན་གྱིས་གྲུབ་པའི་ཐིག་ལེ་སྟེ། དེ་ན་སྣང་བ་སུམ་སྦྱོར་བསྟན་ན། མཐོང་བྱ་རང་བཞིན་དག་པའི་ནམ་མཁའ་ནི།ནམ་མཁའ་དག་པའི་རང་གདངས་ཡིན། དེའི་ངོ་བོ་དག་པ་དང་། མཐོང་བྱེད་ཆུའི་སྒྲོན་མ་ནི། ཆོས་ཉིད་དག་པའི་ཡེ་གདངས་སོ། །རིག་པ་ཡུལ་ལ་ཤར་བ་ནི། ཡེ་ཤེས་དག་པའི་ཟེར་གདངས་སོ། །ཀྱེ་མ་ནམ་མཁའ་དག་པའི་རང་གདངས་ནི། མཚན་མོའི་ནམ་མཁའ་ལྟ་བུའོ། །ཆོས་ཉིད་དག་པའི་ཡེ་གདངས་ནི། ནམ་ལངས་པའི་ནམ་མཁའ་ལྟ་བུའོ། །ཡེ་ཤེས་ཆེན་པོའི་ཟེར་གདངས་ནི། ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའོ། །རྒྱལ་པོ་གདན་ལ་བཞུགས་པ་ནི། སྤྲོས་བྲལ་གྱི་དབྱིངས་འགྱུར་མེད་ཀྱི་ངང་ནས་རིག་པ་ཡེ་ནས་དག་པ་སྟེ། དེ་ལས་མ་གཡོས་པར་བཞག་གོ། །འཆི་བདག་བདུད་ཀྱི་སྒོ་ནས། ཡེ་ཤེས་ཀྱི་རླུང་རྒྱུ་བའི་རྩ་གསུམ་གནས་པས། དེ་གསུམ་བཅུན་ཏེ། དེ་བཞིན་གཤེགས་པའི་དགོངས་པ་ལ་ཐུག་པ་མེད་པ་དང་། མཚན་མ་ལ་མི་གནས་པས། སྤྱན་ནམ་མཁའི་དབྱིངས་སུ་བལྟ་སྟེ། རྩ་བའི་རླུང་སྒོ་བསྡམ་མོ། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ནི། སངས་རྒྱས་དང་སེམས་ཅན་གྱི་བར་ན་གནས་པས། སྤྱན་བར་སྣང་དུ་བལྟའོ། །མགྲིན་པ་ཅུང་ཟད་གཅུ་སྟེ། དཔུང་པའི་ཁར་ཨོག་ཨ་བཞག་གོ། །རྩ་གསུམ་རླུང་གི་རྒྱུ་སྲང་བཅད་པའོ། །ལྷ་དང་མིའི་བསམ་གཏན་དང་སེམས་འཛིན་ནི། མཚན་མ་ཤས་ཆེ་བས། གོང་མ་གཉིས་པོ་བས་དཀའ་སྟེ། སྤྱན་ས་ལ་བལྟའོ། །དེ་ནི་མགྲིན་པ་ཅུང་ཟད་བཀུག་སྟེ། ཨོག་མ་བྲང་ལ་འགལ་ཁད་དུ་བྱའོ། །དེ་ནི་རྒྱལ་པོ་གདན་ལ་བཞུགས་ཤིང་། གདན་དུ་བཏིང་བའི་ཐབས་སོ། །དེས་རིག་པ་རྒྱལ་པོ་དང་འདྲ་སྟེ་རང་ས་ཟིན་པའོ། །བློན་པོ་ནི་སེམས་ཏེ། རིག་པའི་རྩལ་རླུང་ཐོག་ཏུ་མ་ཤོར་བས། རྟོག་བཅས་སུ་མི་རྒྱུ། རྟོག་མེད་

དུ་གསལ་ཏེ། དཔེར་ན་བློན་པོ་བཙོན་དུ་ཟིན་པས། གྲོས་བློ་དང་བྱ་བ་བྱེད་མཁན་མེད་པ་ལྟ་བུའོ། །ལུས་དང་མ་བྲལ་བར་དབུགས་ཡོད་དེ། རིག་པ་ལ་རྟ་ཡོད་པས་བློན་པོ་ལྟ་བུའོ། །བཙོན་དུ་ཟིན་པ་དང་འདྲ་སྟེ། རྟོག་པའི་རྒྱུ་ཡོད་ལ་རྒྱུ་མི་ནུས་པའོ། །སྒོ་ལྔ་འབངས་དང་འདྲ་སྟེ་ལས་བྱེད་པ་ཡིན། དུས་དེར་གསལ་ལ་རྟོག་པ་མེད་པའོ། །དེས་ནི་འབངས་ཆམ་ལ་ཕེབས་པ་ལྟ་བུའོ། །ཀྱེ་ཀྱེ་རིགས་ཀྱི་བུ་བསླབ་པར་བྱ་བ་ནི། ངང་དང་རང་བཞིན་བདག་ཉིད་ཆེན་པོའོ། །རང་བཞིན་དག་པའི་ནམ་མཁའ་དང་། །ཆོས་ཉིད་དག་པའི་ནམ་མཁའ་གཉིས། །རྟོག་དང་བྲལ་བའི་རིག་པ་གསུམ། །དབྱེར་མེད་སྟོང་ཞིང་མི་རྟོག་པས། །མ་བཅོས་པ་ཡི་ངང་ཞེས་བྱའོ། །རང་རིག་ཡེ་ཤེས་གསལ་བ་དང་། །འབྱུང་བཞི་གདངས་སུ་ཤར་བ་གཉིས། །རང་བཞིན་མ་འགགས་ཡེ་ཤེས་གདངས། །གསལ་བར་སྣང་ལ་རང་བཞིན་མེད། །སྟོང་པར་མི་སྣང་རང་བཞིན་ཡོད། །དབྱེར་མེད་བདག་ཉིད་ཆེན་པོའི་དོན། །མདོར་ན་རང་རིག་ཡེ་ཤེས་དོན། །ལོབས་པའི་ཚད་ནི། ཤེས་པ་རྐྱེན་དབང་དུ་མི་འགྲོ་ཞིང་། རྣམ་རྟོག་རྒྱུན་ཆད་མཚན་མ་ཟིལ་གྱིས་ནོན་པའོ། །དྲོད་རྟགས་མི་འདོད་བཞིན་དུ་འབྱུང་། །འདུས་བྱས་ཞིང་ཁམས་ཆེན་པོར་ལྡོག །ལུང་སྟོན་རིམ་པར་འབྱུང་བ་ཡིན། །བླ་མ་ཡི་དམ་མཁའ་འགྲོ་ལས། །དངོས་དང་འབྱུང་བའི་སྒྲ་ལ་བརྟེན། །དེ་ཡིས་ངེས་པ་རྒྱུད་ལ་སྐྱེ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྒོམ་དུ་ཡོད་པར་བསྟན་པ་དང་། བསྒོམ་ཐབས་རྒྱས་པར་བསྟན་པ་སྟེ་ལེའུ་བཞི་བཅུ་ཞེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྤྱོད་པའི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ།རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །བླང་དོར་མེད་པའི་སྤྱོད་པ་ནི། །སྤྱད་རྒྱུ་མེད་པས་སྤྱོད་པའི་མཆོག །ཆོས་ཉིད་དོན་གྱི་སྤྱོད་པ་ནི། །མཚན་མ་མེད་པས་

ནམ་མཁའ་བཞིན། །ཆོས་ཅན་མཚན་མར་མི་བལྟ་བར། །རྣལ་འབྱོར་ཟག་མེད་ཤེས་རབ་ཀྱིས། །དངོས་མེད་ནམ་མཁའ་བཞིན་དུ་སྤྱད། །རང་རིག་ཡེ་ཤེས་སྤྱོད་པ་ནི། །དཔེར་ན་རིན་ཆེན་མེ་ལོང་བཞིན། །ཡེ་ཤེས་རང་བཞིན་མ་འགགས་པར། །རང་སྣང་རང་ཤར་ཆགས་སྡང་བྲལ་བར་སྤྱད། །བལྟ་བའི་དོན་གྱི་སྤྱོད་པ་ནི། །ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན། །བྱ་བྲལ་ལྷུན་རྫོགས་ཆེན་པོ་སྤྱད། །དགོངས་པ་དོན་གྱི་སྤྱོད་པ་ནི། །དཔེར་ན་ཆུ་བོ་གང་གཱ་བཞིན། །རྒྱུན་གྱི་རྣལ་འབྱོར་ཆེན་པོར་སྤྱད། །འབྲས་བུ་དོན་གྱི་སྤྱོད་པ་ནི། །ཉི་མ་འོད་ཟེར་བཅས་པ་བཞིན། །སྐུ་གསུམ་འདུ་འབྲལ་མེད་པར་སྤྱད། །དགོངས་པའི་ངང་ལས་མ་ཡེངས་པར། །ཤེས་རབ་ཆེན་པོའི་དོན་ལ་སྤྱད། །རྣལ་འབྱོར་ཡིད་ཀྱི་སྤྱོད་པ་ཡིན། །རྣལ་འབྱོར་དག་གི་སྤྱོད་པ་ནི། །དཔེར་ན་བྲག་ཆ་སྒྲ་སྒྲོགས་ལྟར། །སྒྲ་རྣམས་ཞེན་པ་མེད་པར་སྤྱོད། །ལུས་ངག་ཡིད་གསུམ་སྤྱོད་པ་ནི། །འཇིག་རྟེན་འཁོར་འདས་ཆོས་འདི་དག །དཔེར་ན་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་ཞེན་ཆགས་མེད་པར་སྤྱད། །དྲན་པ་མེད་པའི་སྤྱོད་པ་ནི། །རྣལ་འབྱོར་ཚུལ་འཆོས་མི་བྱ་བར། །གླང་ཆེན་སྨྱོན་པ་བཞིན་དུ་སྤྱད། །བུང་བ་མེ་ཏོག་འཇིབས་པ་བཞིན། །གཅིག་ཏུ་ཞེན་མེད་རྣལ་འབྱོར་གང་བདེར་སྤྱོད། །ཐུགས་རྗེ་ཆེན་པོའི་སྤྱོད་པ་ནི། །དཔེར་ན་ཉི་མའི་སྙིང་པོ་བཞིན། །ལུས་ངག་ཡིད་ཀྱིས་འགྲོ་དོན་རྫོགས་པར་སྤྱད། །ཐུགས་རྗེ་གདུང་བའི་སྤྱོད་པ་ནི། །བུ་གཅིག་པ་ཡི་མ་བཞིན་དུ། །རྣལ་འབྱོར་པ་ཡིས་འགྲོ་དོན་སྤྱད། །གཉིས་སུ་མེད་པའི་སྤྱོད་པ་ནི། །ཆེད་དུ་མི་འགག་ཆེད་དུ་སྒྲུབ་པ་མེད། །ཆེད་དུ་མི་སྤྱད་ཆེད་དུ་མི་སྤང་སྟེ། །མ་བཅོས་ངང་ལ་རང་བཞིན་འགག་མེད་སྤྱད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྱོད་པ་བསྡུས་ནས་བསྟན་པ་སྟེ་ལེའུ་ཞེ་གསུམ་པའོ།། །།དེ་ནས་

ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ཡི་འབྲས་བུ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །འབྲས་བུ་བལྟ་བ་མངོན་དུ་གྱུར་པ་སྟེ། །དེ་ཡི་གནས་ལུགས་བསྟན་པ་ནི། །ཆོས་ཉིད་ཕྱི་ནང་མེད་པར་གསལ། །རིག་པ་ཕྱི་ནང་མེད་པར་ཁྱབ། །གཉིས་མེད་ཆོས་སྐུ་རྡོ་རྗེའི་ལུས། །རང་གསལ་འཛིན་མེད་ངང་དུ་གནས། །དེ་ལས་མཁྱེན་པ་མ་འགགས་པ། །རང་རིག་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། །ཡུལ་གྱི་རང་བཞིན་ཡེ་ཤེས་སྤྱན་གྱི་བུམ་པ་ལྔ། །སྣང་ལ་དངོས་མེད་ནམ་མཁའི་འཇའ་ཚོན་བཞིན། །དེ་ཡི་ནང་ན་སྤྲུལ་པའི་སྐུ་ལྔ་གསལ། །གསལ་ལ་མི་རྟོག་བུམ་པའི་ནང་གི་མར་མེ་བཞིན། །སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པའི་ངང་ལ་གནས། །རིག་པ་རང་སྣང་གསལ་བ་ཟང་ཐལ་བས། །སྐུ་གཉིས་ཡུལ་དུ་མི་སྣང་ཞིང་། །ཡོན་ཏན་མ་འགགས་འདུ་འབྲལ་མེད། །སྐུ་གཉིས་མ་འགགས་ཡོད་པའི་མེད་པ་སྟེ། །ཆོས་སྐུ་མི་འགྱུར་མེད་པའི་ཡོད་པ་ནི། །འཁར་གཞོང་བཅུད་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་ལ་རང་བཞིན་མེད་པས་མཚན་མའི་སྐྱོན་དང་བྲལ། །མི་སྣང་རང་བཞིན་ཡོད་པས་ཆད་ལྟ་སྟོང་པའི་སྐྱོན་ལས་འདས། །མཐའ་བཞི་ལས་གྲོལ་འཁོར་བ་རྒྱ་ཡིས་ཐེབས། །དོན་ལ་འགྱུར་མེད་རིག་པ་རང་ས་ཟིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཡང་དག་པའི་དོན་གྱི་འབྲས་བུ་ངེས་པར་བསྟན་པ་སྟེ་ལེའུ་ཞེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཐེག་པའི་ངོ་བོ་ཤེས་རབ་སྙིང་རྗེ་ཡིན། །དེ་གཉིས་ཆེ་ཆུང་ཐེག་པ་ཆེ་ཆུང་སྣང་། །ཐེག་པའི་ངེས་ཚིག་འདེགས་དང་བསྐྱོད་པ་ཡིན། །དབྱེ་ན་མང་ཡང་བསྡུ་ན་གཉིས་ལས་མེད། །

རྒྱུ་རྐྱེན་ལམ་ཁྱེར་མཚན་ཉིད་ཐེག་པ་དང་། །འབྲས་བུ་ལམ་ཁྱེར་གསང་སྔགས་ཐེག་པ་གཉིས། །སྐྱ་བ་གྲུ་སོགས་མཚན་ཉིད་ཐེག་པའི་དཔེ། །ཟམ་པ་ས་གཞི་གསང་སྔགས་ཐེག་པའི་དཔེ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པའི་དབྱེ་བ་ཀུན་བསྡུས་པ་སྟེ་ལེའུ་ཞེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པ་སོ་སོའི་ལྟ་སྒོམ་དང་། །སྤྱོད་པ་འབྲས་བུའི་དོན་གསུངས་པ། །དེ་ཡི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ལྟ་བའི་ངོ་བོ་སོ་སོར་དབྱེ་བ་ལས་ཤེས་པར་བྱའོ། །ངེས་པའི་དོན་ལྟ་བ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ནི། ཕྱོགས་ལྷུང་མེད་པའི་ཤེས་རབ་བོ། །བལྟ་བའི་ངེས་ཚིག་ནི། ཡང་དག་པའི་ཤེས་བྱ་གྲུབ་པའི་མཐར་གྱུར་པས་ན་ལྟ་བའོ། །དབྱེ་ན་གཉིས་སོ། །ཡང་དག་པའི་ལྟ་བ་དང་། ཡང་དག་པ་མ་ཡིན་པའི་ལྟ་བའོ། །ཡང་དག་པའི་ལྟ་བ་ནི་ཨ་ཏི་ཡོ་གའོ། །ཡང་དག་པ་མ་ཡིན་པའི་ལྟ་བ་ནི་ཨ་ནུ་ཡོ་ག་མན་ཆད་དོ། །ལྟ་བའི་དཔེ་ནི་གཉིས་ཏེ། ཡང་དག་པའི་དཔེ་ནི་མན་ཤེལ་སྣང་བ་ལྟ་བུའོ། །ཡང་དག་པ་མ་ཡིན་པའི་དཔེ་ནི་བརྒྱད་དོ། །རིགས་ཀྱི་བུ་ལེགས་པར་ཟུང་ཞིག །ཉན་ཐོས་རང་རྒྱལ་ཆུ་རྒྱུན་ནེའུ་སེང་བཞིན། །བྱང་ཆུབ་སེམས་དཔའི་དཔེ་ནི་ནམ་མཁའ་སྒྱུ་མ་དང་། །སྐྲ་ཤད་ཆུ་ཟླ་ལ་སོགས་མེད་སྣང་བཞིན། །ཀྲི་ཡཱ་རྗེ་དང་འབངས་ལྟ་བུའོ། །ཡོ་ག་སྤུན་དང་གྲོགས་ཀྱི་དཔེ། །མ་ཧཱ་ཡོ་ག་རྒྱལ་པོ་མངའ་དར་བཞིན། །ཨ་ནུ་ཡོ་ག་ཕོ་མོ་སྙོམས་འཇུག་བྱེད་པ་བཞིན། །ཨ་ཏི་ཁྱུང་ཆེན་མཁའ་ལ་ལྡིངས་པ་བཞིན། །ཞེས་གསུངས་སོ། །ཡང་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེས་མཚོན་ཚིག་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ལྟ་བ་ངེས་པའི་ཚིག་རྣམས་

དང་། །གྲུབ་མཐའ་ཞེས་པའི་ཚིག་རྣམས་དང་། །ཡང་དག་ངེས་པའི་ཚིག་རྣམས་དང་། །མཐར་ཐུག་པ་དང་མཐར་ཕྱིན་དང་། །འབྲས་བུ་ཞེས་སུ་གང་བྱུང་ཡང་། །དེ་མཚོན་ཚིག་ཏུ་བསྡུས་པ་ཡིན། །སོ་སོའི་གནས་སྐབས་ཤེས་པར་བྱ། །ཀྱེ་ཀྱེ་སེམས་དཔའ་ཆེན་པོ། གཟུང་འཛིན་གཉིས་སུ་བརྗོད་ན་ཉན་ཐོས་ལྟ་བར་བཤད། །འཛིན་པར་ཡོད་པས་གཟུང་དུ་མེད་དོ་ཟེར་ན་རང་རྒྱལ་ལྟ་བར་བཤད། །སེམས་དང་སེམས་ཀྱི་རྣམ་པར་སྨྲ་བ་དང་། །དོན་དམ་ཀུན་རྫོབ་སྨྲ་བ་ནི། །བྱང་ཆུབ་སེམས་དཔའི་ལྟ་བར་བཤད། །དོན་དམ་ཐམས་ཅད་མཐུན་པ་ལ། །རིག་གསུམ་འདོད་པ་ཀྲི་ཡཱའི་ལྟ་བར་བཤད། །ཆ་གཉིས་འདོད་པ་ཨུ་པ་ཡ་ཡི་ལྟ་བར་བཤད། །སེམས་དཔའ་སུམ་ཅུ་རྩ་བདུན་ཚིག་བྱུང་ན། །རྣལ་འབྱོར་ཡོ་གའི་ལྟ་བར་བཤད། །བཞི་བཅུ་རྩ་གཉིས་ལྔ་བཅུ་རྩ་བརྒྱད་སོགས། །མ་ཧཱ་ཡོ་གའི་ལྟ་བ་ཡིན་པར་བཤད། །མ་བསྐྱེད་རྫོགས་པའི་ཚིག་ཚོགས་དང་། །དབྱིངས་དང་ཡེ་ཤེས་ཚིག་བྱུང་ན། །ཨ་ནུ་ཡོ་གའི་ལྟ་བ་ཡིན་པར་བཤད། །བྱ་བཙལ་ལས་འདས་པ་ཡི་ཚིག་ཚོགས་དང་། །རང་བྱུང་ཡེ་ཤེས་ཚིག་རྣམས་དང་། །ལྷུན་གྲུབ་ཡེ་སངས་རྒྱས་ལ་སོགས། །འདི་རྣམས་རྫོགས་པ་ཆེན་པོའི་ལྟ་བར་བཤད། །ཟུར་ཙམ་མདོར་བསྡུས་བསྟན་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལྟ་བའི་དོན་བཤད་པ་མཚོན་པའི་ཚིག་དང་བཅས་ནས་བསྟན་པ་སྟེ་ལེའུ་བཞི་བཅུ་ཞེ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དགོངས་པ་བསྒོམ་པ་རྣམ་ཕྱེ་བ། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེ་བརྗོད་པའི་ཚིག་ཏུ་བསྟན། །ངོ་བོ་རྩེ་གཅིག་གནས་པ་ཡིན། །བསྒོམ་པའི་ངེས་ཚིག་རྣམ་པ་བཞི། །དོན་ལ་དམིགས་པས་བསྒོམ་པ་ཡིན། །མ་ཡེངས་པས་ན་

བསྒོམ་པ་ཡིན། །མི་འབྲལ་བ་ཡིས་བསྒོམ་པ་ཡིན། །གོམས་ཤིང་འདྲིས་དང་མི་འཕྲོ་བའོ། །དབྱེ་བ་རྣམ་པ་གཉིས་སུ་བསྟན། །མཚན་བཅས་མཚན་མེད་གཉིས་ཡིན་ནོ། །མཚན་མེད་ལ་ཡང་གཉིས་ཡིན་ཏེ། །རྩོལ་བྲལ་ཆེན་པོའི་བསྒོམ་ཐབས་དང་། །རྩོལ་བ་མ་བྲལ་བསྒོམ་པའོ། །མཚན་བཅས་ལ་ཡང་དེ་བཞིན་ནོ། །མདོར་ན་བསྐྱེད་རྫོགས་རྣམ་གཉིས་ཡིན། །བསྒོམ་པ་མཚོན་པའི་དཔེ་བཞི་སྟེ། །མར་མེའི་སྡོང་བུ་མནན་པ་དང་། །ཆུ་དང་འོ་མ་འདྲེས་པ་དང་། །ནོར་བུ་ཆུ་འདོད་ལྟ་བུ་དང་། །བུམ་པའི་མར་མེ་ལྟ་བུའོ། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །དགོངས་པ་ཞེས་པ་གར་བྱུང་དང་། །བསྒོམ་པ་བསམ་གཏན་ཏིང་འཛིན་དང་། །མ་ཡེངས་མ་འཕྲོས་འབྲལ་བ་མེད། །གནས་དང་གོམས་དང་འདྲིས་པའི་ངང་། །དེ་རྣམས་གར་བྱུང་འབོད་སྐད་བསྡེབ་ལ་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྒོམ་པའི་དོན་བཤད་མཚོན་དང་བཅས་པ་བསྡུས་ནས་བསྟན་པ་སྟེ་ལེའུ་ཞེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྒོམ་མེད་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །བསྒོམ་མེད་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་ཚིག་བཤད། །ངོ་བོ་རང་རིག་རྒྱུན་ཆད་མེད་པ་ཡིན། །ཡིད་ལ་མི་བྱེད་ཕྱིར་ན་བསྒོམ་མེད་ངེས་པའི་ཚིག །ངང་གནས་མི་བྱེད་ཕྱིར་དང་བྱ་མི་དགོས་པའི་ཕྱིར་ནའོ། །བསྒོམ་མེད་དབྱེ་བ་རྣམ་པ་གཉིས། །མཚན་བཅས་བསྒོམ་དུ་མེད་པ་དང་། །མཚན་མེད་བསྒོམ་དུ་མེད་པའོ། །རེ་རེ་ལ་ཡང་རྣམ་གཉིས་བསྟན། །གཤིས་ལ་བསྒོམ་དུ་མེད་པ་དང་། །རྟོགས་པས་བསྒོམ་དུ་མེད་པའོ། །མ་བསྒོམ་རྒྱུན་ཆད་མེད་པའི་དཔེ། །ཆུ་བོ་ལྟ་བུར་བསྟན་པ་ཡིན། །མ་བསྒོམས་དོན་དང་མི་འབྲལ་བར། །སྦྱོར་རྩིར་སྦྲང་འདབ་འབྱར་བ་བཞིན། །མ་བསྒོམས་ངང་གིས་

གསལ་བ་ནི། །གསལ་དང་ཉི་མའི་སྙིང་པོ་འདྲ། །ཀྱེ་གསང་བའི་བདག་པོ་ངེས་ཟུང་ཞིག །ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །བསྒོམ་མེད་ཞེས་པའི་ཚིག་རྣམས་དང་། །གནས་མི་དགོས་པའི་ཚིག་རྣམས་དང་། །བསྒྲུབ་ཏུ་མེད་པའི་ཚིག་རྣམས་དང་། །འདུ་འབྲལ་མེད་པའི་ཚིག་རྣམས་དང་། །ངང་དང་རང་བཞིན་བདག་ཉིད་ཆེན་པོ་དང་། །ཡེ་ནས་འདུ་འབྲལ་མེད་པ་དང་། །བྱ་བཙལ་རྣམས་ལས་འདས་པ་དང་། །ལམ་ལ་བགྲོད་དུ་མེད་པ་དང་། །རྟོག་པ་མངོན་གྱུར་སངས་རྒྱས་དང་། །རང་བྱུང་ཡེ་ཤེས་ཆེན་པོ་དང་། །ལྷུན་གྲུབ་ཡེ་སངས་རྒྱས་པ་དང་། །ཡིད་ལ་བྱ་རུ་མེད་པ་དང་། །དམིགས་པའི་ཡུལ་དང་བྲལ་བ་དང་། །བསྒོམ་མེད་དོན་ལ་བློ་བཞག་ཅེས་པ་དང་། །བསྒོམ་དུ་མེད་པའི་ཚིག་ཐམས་ཅད་ནི། འབོད་སྐད་ཀྱིས་བསྡེབས་ལ། ངས་འདིར་བསྟན་པ་བཞིན་དུ་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྒོམ་མེད་དོན་བཤད་བརྗོད་པའི་ཚིག་དང་བཅས་པ་བསྡུས་ནས་བསྟན་པ་སྟེ་ལེའུ་ཞེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐབས་ལ་མཁས། །སྤྱོད་པའི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ལེགས་པར་ཉོན། །སྤྱོད་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་དཔེ་དང་ཚིག་བརྒྱད་བཤད། །སྤྱོད་པའི་ངོ་བོ་ནི། སྤྱོད་པ་མ་འགགས་པར་དོན་དང་འབྱོར་བའོ། །སྤྱོད་པའི་ངེས་ཚིག་ནི། དོན་སོ་སོ་དང་མཐུན་པར་འཇུག་ཅིང་ལོངས་སྤྱོད་པས་ནའོ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། བླང་དོར་དང་བཅས་པའི་སྤྱོད་པ་དང་། བླང་དོར་མེད་པའི་སྤྱོད་པའོ། །དཔེ་ནི་སྣ་ཚོགས་བསྒྱུར་བ་གར་མཁན་ལྟ་བུའོ། །བཟོ་མཁས་པའི་སྐྱེས་བུའི་ལག་གི་འདུ་བྱེད་ལྟ་བུའོ། །ཀྱེ་གསང་བདག་ངས་བསྟན་རྒྱུད་ལུང་ཐམས་ཅད་ནས། །སྤྱོད་པ་དང་ནི་ཕྲིན་ལས་དང་། །བྱ་བ་བྱེད་པའི་ཚིག་རྣམས་དང་། །རྣལ་འབྱོར་རབ་འབྲིང་ཐ་མ་

དང་། །གཞི་ལམ་འབྲས་བུའི་སྤྱོད་པ་རྣམས། །གར་བྱུང་ངེས་བསྟན་བཞིན་དུ་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྱོད་པའི་དོན་བཤད་བསྡུས་ནས་བསྟན་པ་སྟེ་ལེའུ་ཞེ་དགུ་པའོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །འབྲས་བུའི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །འབྲས་བུའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་དཔེ་བརྗོད་པའི་ཚིག་རྣམས་དང་། །བསྡུས་པ་ང་ཡིས་ངེས་པར་བཤད། །འབྲས་བུའི་ངོ་བོ་ནི། སོ་སོའི་ལྟ་བ་ཡོངས་སུ་རྫོགས་པའོ། །འབྲས་བུའི་ངེས་ཚིག་ནི། སྨིན་གྲོལ་རྫོགས་དང་མཐར་ཕྱིན་ཕྱིར་མི་ལྡོག་པའོ། །དབྱེ་བ་ནི་ཟག་བཅས་དང་ཟག་པ་མེད་པའོ། །རིམ་སྨིན་ཅིག་ཅར་རྫོགས་པའི་དཔེ། །ཤིང་ཏོག་ལོ་ཏོག་སྨིན་པ་དང་། །ཨུ་དུམ་ཝ་རའི་འབྲས་བུ་བཞིན། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །སོ་སོའི་འབྲས་བུ་གར་བྱུང་ཡང་། །འདིར་བསྟན་བཞིན་དུ་ཤེས་པར་བྱ། །འབྲས་བུ་མཚོན་པའི་ཚིག་ཚོགས་ནི། །མཐར་ཕྱིན་པ་དང་རྫོགས་པ་དང་། །སྨིན་པ་དང་ནི་གྲུབ་པ་དང་། །གྲོལ་དང་ཕྱིར་མི་ལྡོག་ལ་སོགས། །དང་པོ་དགྲ་བཅོམ་ཞེས་པ་ནས། །ཐ་མ་རང་ས་ཟིན་ཅེས་པར། །ངས་བསྟན་བཞིན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འབྲས་བུའི་དོན་བཤད་བསྟན་པ་སྟེ་ལེའུ་ལྔ་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བལྟ་བསྒོམ་སྤྱོད་པ་ཡོངས་རྫོགས་པའི། །ཐེག་དགུའི་ངེས་ཚིག་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སོ་སོའི་ངེས་ཚིག་ནི། ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུང་། །སྟོན་པས་གསུངས་པའི་དོན་ཚིག་རྣམས། །རྣ་བའི་

དབང་པོས་ཉན་ཅིང་ཡིད་ཀྱི་དབང་པོས་ཐོས། །རང་རིག་ཁོང་ནས་མི་འཆར་བར། །སྟོན་པའི་གསུང་ལ་རག་ལུས་པས། །དེ་དོན་གཞན་ལ་སྒྲོག་བྱེད་པ། །ཉན་ཐོས་མིང་གི་ངེས་ཚིག་ཡིན། །སྟོན་པ་གཞན་ལ་མི་ལྟོས་པར། །གོམས་པའི་མཐུ་ཡིས་བསྒྲུབས་པས་རང་སངས་རྒྱས། །རང་རྒྱལ་མིང་གི་ངེས་ཚིག་ཡིན། །སྤངས་དང་ཡེ་ཤེས་ཐུགས་རྗེ་དང་། །ཕྲིན་ལས་ཕུན་སུམ་ཚོགས་ལྡན་པས། །བྱང་སེམས་མིང་གི་ངེས་ཚིག་ཡིན། །ཁྲུས་དང་གཙང་སྦྲ་གཟའ་དང་རྒྱུ་སྐར་གཙོར་སྟོན་པས། །ཀྲི་ཡའི་མིང་གི་ངེས་ཚིག་ཡིན། །སྤྱོད་པ་མས་འཛེགས་ལྟ་བ་ཡས་འབུབས་པས། །ཨུ་པ་ཡ་ཡི་མིང་གི་ངེས་ཚིག་ཡིན། །རིགས་བཞིའི་སངས་རྒྱས་དོན་གྱི་རྣལ་མ་ལ། །རང་གི་ལུས་ངག་ཡིད་གསུམ་སྦྱོར་ཞིང་གཞན་དོན་བྱེད། །ཡོ་གའི་མིང་གི་ངེས་ཚིག་ཡིན། །ཏིང་འཛིན་རྣམ་གསུམ་ཐབས་དང་ཤེས་རབ་གཙོར་བཏོན་དོན་ལ་འཇུག་པའི་ཕྱིར། །མ་ཧཱ་ཡོ་གའི་མིང་གི་ངེས་ཚིག་ཡིན། །མ་བསྐྱེད་རྫོགས་དང་དེ་ཡི་དོན་ལ་འཇུག་པའི་ཕྱིར། །རྫོགས་པ་ཨ་ནུའི་མིང་གི་ངེས་ཚིག་ཡིན། །སྣང་ཞིང་སྲིད་པས་བསྡུས་ཆོས་ཐམས་ཅད་ཀུན། །ཆོས་སྐུར་ཡེ་ནས་རྫོགས་སངས་རྒྱས། །གཉིས་མེད་ཚུལ་གྱི་འཇུག་པ་ནི། །རྣལ་འབྱོར་རྫོགས་ཆེན་མིང་གི་ངེས་ཚིག་ཡིན། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་སོ་སོའི་མིང་གི་ངེས་ཚིག་དང་གཏན་ཚིགས་བསྟན་པ་སྟེ་ལེའུ་ལྔ་བཅུ་ང་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་དགུའི་ཁྱད་པར་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །མ་རྟོགས་ལོག་རྟོགས་གཉིས་ལས་ཉན་ཐོས་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེ་ན། །གང་ཟག་བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུ་རང་གི་དོན་དུ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །བདེན་པ་བཞི་ཡི་སྒོ་ནས་བསྒྲུབ་

པས་སྒྲུབ་པ་ཁྱད་པར་འཕགས། །དགྲ་བཅོམ་ལ་སོགས་ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཉན་ཐོས་དག་ལས་རང་རྒྱལ་འཕགས་པ་ཡང་། །གཟུགས་ཕུང་ཆོས་ཁམས་ཕྱོགས་གཅིག་ལ། །བདག་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དགེ་བཅུའི་སྟེང་དུ་རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་ཤས་ཙམ་མཛད་པས་སྤྱོད་པ་ཁྱད་པར་འཕགས། །དགེ་བའི་བཤེས་གཉེན་མི་བསྟེན་པར། །གོམས་པའི་ཤུགས་ཀྱིས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །ནེ་ཚོ་བསེ་རུ་ལྟ་བུའི་འབྲས་བུ་ཁྱད་པར་འཕགས། །རང་རྒྱལ་དག་ལས་བྱང་སེམས་འཕགས་པ་ཡང་། །བདག་མེད་རྣམ་གཉིས་རྟོགས་པས་ལྟ་བ་ཁྱད་པར་འཕགས། །ཚད་མེད་བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། །ཕ་རོལ་ཕྱིན་བཅུ་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །ཀུན་ཏུ་འོད་ཀྱི་ས་ནོན་འབྲས་བུ་ཁྱད་པར་འཕགས། །བྱང་སེམས་དག་ལས་ཀྲི་ཡ་འཕགས་པ་ཡང་། །དོན་དམ་སྐྱེ་བ་མེད་པར་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་ལྷ། །རྗེ་འབངས་ལྟ་བུར་བལྟ་བས་ལྟ་བ་ཁྱད་པར་འཕགས། །དག་པ་རྣམ་གསུམ་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །གོམས་དང་བསྒྱུར་དང་བྱིན་རླབས་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །རིགས་གསུམ་འབྲས་བུ་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཀྲི་ཡ་དག་ལས་ཨུ་པ་འཕགས་པ་ཡང་། །ལྷ་དང་དཔོན་གཡོག་ཚུལ་དུ་བལྟ་བས་ལྟ་བ་ཁྱད་པར་འཕགས། །མཚན་མ་ཡོད་མེད་སྒོ་ནས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། །དེ་ཁོ་ན་ཉིད་བཞི་ཡི་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །རིགས་བཞིའི་འབྲས་བུ་ཐོབ་པས་འབྲས་བུ་ཁྱད་པར་འཕགས། །ཨུ་པ་ཡ་ལས་ཡོ་ག་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་པོར་བལྟ་བས་ལྟ་བ་ཁྱད་པར་འཕགས། །ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ་ཁྱད་པར་འཕགས། །

ཕྱག་རྒྱ་རྣམ་བཞི་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །རིགས་ལྔའི་སངས་རྒྱས་ཉིད་དུ་གྲུབ་པས་འབྲས་བུ་ཁྱད་པར་འཕགས། །ཡོ་ག་དག་ལས་མ་ཧཱ་ཡོ་ག་བཞིས་འཕགས་ཏེ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་བལྟ་བས་ལྟ་བ་ཁྱད་པར་འཕགས། །སྒྲོལ་སྦྱོར་གཉིས་ཀྱིས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། །ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །བཅུ་བཞི་རྡོ་རྗེ་འཛིན་གྱི་ས་ཐོབ་འབྲས་བུ་ཁྱད་པར་འཕགས། །མ་ཧཱ་དག་ལས་ཨ་ནུ་བཞིས་འཕགས་ཏེ། །དབྱིངས་དང་ཡེ་ཤེས་གཉིས་མེད་རྟོགས་པས་ལྟ་བ་ཁྱད་པར་འཕགས། །དབྱིངས་ནི་ཡེ་ཤེས་དག་ལ་སྤྱོད་ཅིང་ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ་སྤྲོས་བྲལ་དོན་གསལ་ལས་བཅུ་གཅིག་ཀུན་ཏུ་འོད་བྱུང་ཁྱད་པར་འཕགས། །ཕུང་པོ་ལྔ་དང་འབྱུང་ལྔ་རིགས་ལྔ་ཡབ་ཡུམ་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །མ་ཆགས་པདྨ་ཅན་གྱི་ས་ཐོབ་འབྲས་བུ་ཁྱད་པར་འཕགས། །ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། །སྣང་སྲིད་ཐམས་ཅད་ཆོས་སྐུའི་སངས་རྒྱས་བལྟ་བས་ལྟ་བ་ཁྱད་པར་འཕགས། །ཆོས་སྐུ་བྱིན་རླབས་སྒོ་ནས་འགྲོ་དོན་མཛད་པས་སྤྱོད་པ་ཁྱད་པར་འཕགས། །བྱ་རྩོལ་མེད་པར་བསྒྲུབ་པས་སྒྲུབ་པ་ཁྱད་པར་འཕགས། །བཅུ་དྲུག་འཁོར་ལོ་ཚོགས་ཆེན་ཡན་ཆད་ནས། །ཉི་ཤུ་རྩ་གཅིག་མན་ཆད་ས་ནོན་འབྲས་བུ་ཁྱད་པར་འཕགས། །ཀྱེ་རིགས་ཀྱི་བུ་ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །འཕགས་དང་སྤགས་དང་ཆེ་ཆུང་དང་། །གང་འོག་ཤན་འབྱེད་གང་བྱུང་བ། །འདིར་བཤད་བཞིན་དུ་ཤེས་པར་གྱིས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་བརྒྱད་ཀྱི་ཁྱད་པར་འཕགས་ལུགས་བསྡུས་ནས་བསྟན་པ་སྟེ་ལེའུ་ང་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་མཁྱེན་གསལ་རིག །འཕགས་པའི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ངས་བཤད་

ཁྱོད་ཀྱིས་ལེགས་པར་ཟུང་། །འཕགས་པའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་རིམ་པས་འཕགས་པའི་དཔེ། །རྣམ་པ་བཞི་རུ་བསྡུས་ལ་བཤད། །འཕགས་པ་དག་གི་ངོ་བོ་ནི། །ཁྱད་པར་དོན་ཆེན་མཆོག་གྱུར་པའོ། །འཕགས་པ་དག་གི་ངེས་ཚིག་ནི། །མི་གནས་རིང་པོར་འགྱུར་བའི་ཕྱིར། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་ན་རྣམ་པ་གཉིས་ཡོད་དེ། །གནས་སྐབས་འགྱུར་བའི་འཕགས་པ་དང་། །འགྱུར་མེད་མཐར་ཐུག་འཕགས་པའོ། །རེ་རེ་ལ་ཡང་བཞི་བཞི་སྟེ། །ལྟ་སྤྱོད་སྒྲུབ་དང་འབྲས་བུའོ། །དཔེ་ནི་མཆོད་རྟེན་ཁྲི་འཕང་བཞིན། །ཨ་ཏིའི་ངང་ན་མ་འདྲེས་ཡོངས་སུ་རྫོགས། །གཉིས་མེད་ཆོས་སྐུ་དབྱེར་མེད་ཤེས་རབ་ལ། །བཟང་ངན་ཆེ་ཆུང་མཐོ་དམན་མི་གནས་ཀྱང་། །བློ་དང་སྦྱར་ནས་དྲང་བའི་ཐབས་སུ་བསྟན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འཕགས་པའི་དོན་བཤད་བསྟན་པ་སྟེ་ལེའུ་ང་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཀུན་གསལ་འཕགས་པའི་ཆེ་བ་སྟེ། །ཆེ་བའི་བྱེ་བྲག་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་གསུངས་པ། རྡོ་རྗེ་སེམས་དཔའ་ངེས་ཟུང་ཞིག །གནས་སྐབས་འགྱུར་བའི་ཆེ་བ་རྣམས། །ཐེག་པ་སོ་སོའི་ཆེ་བ་ཡིན། །མཐར་ཐུག་ཆེ་བ་རྣམ་པ་ལྔ། །ཡེ་ནས་འདུ་འབྲལ་མེད་པ་ཡི། །ཕུན་སུམ་ཚོགས་པ་རྣམ་པ་ལྔས། །མངོན་པར་སངས་རྒྱས་ཆེ་བ་དང་། །བཞུགས་གནས་དབྱིངས་ཀྱི་མཚན་ཉིད་ལྔས། །ཆོས་དབྱིངས་སངས་རྒྱས་ཆེ་བ་དང་། །བདག་ཉིད་ཆེན་པོ་རང་ལ་རྫོགས་པ་ལྔས། །བདག་ཉིད་སངས་རྒྱས་ཆེ་བ་དང་། །གཏན་ལ་འབེབས་པའི་ཐབས་ཆེན་ལྔས། །དེ་ཉིད་སངས་རྒྱས་ཡིན་པས་ཆེ་བ་དང་། །དྲི་མེད་རྣམ་པ་ལྔས་འཕགས་པས། །ཐམས་ཅད་སངས་རྒྱས་ཆེ་བ་ལྔ། །མཐར་ཐུག་ཆེ་བ་རྣམ་ལྔ་ཡིན། །ཞེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ།

ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མངོན་པར་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། བདག་མེད་སྐུ་ནི་སྟོན་པར་ཆེ། །རང་རིག་ཡེ་ཤེས་བསྟན་པར་ཆེ། །མ་བྲིས་དཀྱིལ་འཁོར་གནས་སུ་ཆེ། །སྲོག་མེད་སྐུ་ལྔ་འཁོར་དུ་ཆེ། །ཡེ་ནས་ལྷུན་གྲུབ་དུས་སུ་ཆེ། །ཞེས་གསུངས་སོ། །ཡང་ལག་ན་རྡོ་རྗེས་ཞུས་པ། ཆོས་དབྱིངས་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །ཡང་སྟོན་པས་བཀའ་སྩལ་པ། ཆོས་སྐུའི་དཀྱིལ་འཁོར་བཞུགས་པའི་གདན། །རྣམ་དག་དབྱིངས་ཀྱི་ཐིག་ལེ་ལ། །གཅིག་ལ་མཚན་ཉིད་ལྔ་དང་ལྡན། །འགྱུར་བ་མེད་པ་རྡོ་རྗེའི་དབྱིངས། །ཡོན་ཏན་སྡུད་པ་རིན་ཆེན་དབྱིངས། །དྲི་མ་མེད་པ་པདྨའི་དབྱིངས། །ཐོག་མེད་བརྟན་པ་རྡོ་རྗེ་རྒྱ་གྲམ་དབྱིངས། །མ་བསྒྲིབས་གསལ་ཁྱབ་ནམ་མཁའི་དབྱིངས། །རང་རིག་ཡེ་ཤེས་གདངས་ཤར་བའི། །ཡེ་ཤེས་གདངས་ཀྱི་བུམ་པ་ལྔ། །སྐྱེ་མེད་ཀློང་ནས་འགག་པ་མེད། །དེ་ཡི་ངང་ལ་འདུ་འབྲལ་མེད། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །དེ་ཡི་རྩལ་དུ་རང་ཤར་ཏེ། །ཆོས་ཉིད་ལྔ་རུ་ཡེ་སངས་རྒྱས། །ཡེ་ཤེས་ལྔ་དང་སྐུ་གསུམ་གྱི། །བཞུགས་པའི་གནས་ཏེ་ཀུན་ལ་ཁྱབ་པས་འཕགས། །ས་ཆུ་མེ་རླུང་རྣམ་པར་དག་པས་ཆེ། །ཞེས་གསུངས་སོ། །ཡང་ལག་ན་རྡོ་རྗེས་ཞུས་པ། བདག་ཉིད་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སྤྲུལ་སྐུའི་སྣོད་གྱུར་འབྱུང་བ་ལྔ། །རང་ལས་བྱུང་བའི་ཆོས་ཉིད་པས། །ལས་ལ་མ་རྨོངས་ཐབས་ཀྱི་ཞིང་། །གཟུང་འཛིན་མི་གནས་རྣམ་པར་དག །བདག་ཉིད་རང་དོན་མངོན་སངས་རྒྱས་པས་ཆེ། །ཕུང་པོ་ལྔ་རྣམས་སྣང་བ་ཡང་། །རིགས་ལྔའི་སངས་རྒྱས་རྣམས་ཀྱི་སྐུ། །སྐུ་ལྔ་རིན་ཆེན་འོད་དུ་འབར། །མ་བཙལ་རང་ལ་ཡེ་ནས་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་བདག་ཉིད་ཆེ། །རྣམ་ཤེས་བརྒྱད་དུ་སྣང་བ་ཡང་། །སེམས་དཔའ་བརྒྱད་དེ་རང་ལ་རྫོགས། །གཞན་མ་ཡིན་ཏེ་རང་

སྣང་ཡིན་པས་ཆེ། །རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ཀྱང་། །རང་ལ་སྣང་བའི་སེམས་མ་བརྒྱད། །མ་བཙལ་རང་ལ་ལྷུན་གྱིས་གྲུབ། །ཡེ་ཤེས་རང་སྣང་ཡིན་པས་བདག་ཉིད་ཆེ། །རང་ལས་བྱུང་ཞིང་རང་ལས་སྣང་། །རང་གདངས་ཡིན་པས་ཡུལ་དང་བྲལ། །ཡུལ་མེད་རང་སྣང་ཆེན་པོ་ལ། །བགྲོད་དུ་མེད་དེ་ཀུན་ལས་ཆེ། །རང་ཆས་ཡིན་པས་བཙལ་དུ་མེད། །མ་བཙལ་ལྷུན་གྱིས་གྲུབ་པས་ཆེ། །རང་ལ་རང་མི་བསྒྲུབ་པས་རྩོལ་བསྒྲུབ་འདས་པས་ཆེ། །རང་སྣང་དོན་ལ་འདུ་འབྲལ་མེད་པས་ཆེ། །མི་འགྱུར་ས་ལ་སྦྱང་དུ་མེད་པས་ཆེ། །བགྲོད་དུ་མེད་དེ་ལམ་ལ་དམིགས་སུ་མེད་པས་ཆེ། །ཆོས་རྣམས་ཐམས་ཅད་བདག་ཉིད་ཆེ། །འོག་མ་དག་གིས་ཤེས་པ་མེད། །དེས་ན་བདག་ཉིད་ཆེན་པོར་བཤད། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། དེ་ཉིད་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། དེ་ལྟར་གཏན་ལ་འབེབས་པ་ནི། །མཚོན་པའི་བརྡའ་བཞི་ཀུན་ལས་འཕགས་པས་དཔེ་རུ་ཆེ། །རྒྱང་ཞགས་ཆུ་ལ་ཡེ་ཤེས་སྣང་བ་གསལ་བས་རྟགས་སུ་ཆེ། །བརྡའ་བཞི་དཔེ་རུ་ཡིན་པར་ངེས། །སྐུ་གསུམ་འདུ་འབྲལ་མེད་པས་དོན་དུ་ཆེ། །ཡེ་ཤེས་སྒྲོན་མ་རྟགས་སུ་ངེས། །དེ་བས་ངེས་པ་གསུམ་གྱིས་ཆེ། །དང་པོ་སྟོན་པ་ལ་སོགས་འཚོགས་ནས་གཏན་ལ་ཕབ་པས་གཏན་ཚིག་ལྔ་ཡིས་ཆེ། །ཞེས་གསུངས་སོ། །ཡང་ལག་ན་རྡོ་རྗེས་ཞུས་པ། ཐམས་ཅད་སངས་རྒྱས་ཆེ་བ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རང་རིག་འགྱུར་མེད་ཆོས་སྐུ་ལ། །ངོས་གཟུང་མེད་པས་བསམ་ལས་འདས། །བསྒོམ་དུ་མེད་པས་ཁྱད་པར་འཕགས། །ཆོས་སྐུ་དངོས་མེད་ཟང་ཐལ་ལ། །དམིགས་པར་བྱ་བའི་ཡུལ་མེད་པས། །གཉིས་སུ་མེད་པས་ཁྱད་པར་འཕགས། །རིག་པ་དངོས་མེད་ཞི་བ་ལ། །སྤྲོས་པའི་དངོས་པོ་མཚན་མ་མེད། །རང་གདངས་ཆེན་པོར་

འཕགས་ཏེ་ཆེ། །རང་རིག་ཆོས་སྐུ་གཉིས་མེད་ཆེན་པོ་ལ། །ཕྱོགས་དུས་མེད་པས་འཕགས་ཏེ་ཆེ། །ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། །འགྱུར་བ་མེད་པས་འཕགས་ཏེ་ཆེ། །རང་རིག་དྲི་མ་ལྔ་དང་བྲལ་བས་ཐམས་ཅད་ཡེ་སངས་རྒྱས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཐེག་པ་བརྒྱད་ལ་ཆེ་བ་ལྔས་འཕགས་པ་བསྟན་པ་སྟེ་ལེའུ་ང་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐེག་པ་དགུ་ཡི་བྱེ་བྲག་རྣམས། །གདུལ་བྱའི་ཡུལ་དང་སྦྱར་ནས་གསུངས། །དེ་ཡི་གོལ་སྒྲིབ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ཐེག་པ་དགུ་ཡི་གོལ་སྒྲིབ་རྣམས། །དབྱེ་བ་བསམ་གྱིས་མི་ཁྱབ་སྟེ། །བསྡུ་ན་སུམ་ཅུ་རྩ་དྲུག་ཡོད། །ལྟ་སྤྱོད་སྒོམ་པ་འབྲས་བུ་བཞི། །མཚན་ཉིད་སྡེ་གསུམ་སྒྲིབ་པ་མང་། །སུམ་ཅུ་རྩ་དྲུག་རྩ་གཉིས་དང་། །རྩ་བརྒྱད་གསུམ་ལ་རིམ་པ་ཡོད། །གོལ་ས་བཅུ་གཉིས་བརྒྱད་དང་བཞིར་གནས་སོ། །ཕྱི་པ་སྡེ་གསུམ་གོལ་སྒྲིབ་མཉམ། །སྒྲིབ་པ་བཅུ་གཉིས་མུན་པས་ཆོད། །ལྟུང་བའི་གོལ་སྒྲིབ་བཅུ་གཉིས་མུན་པས་ཆོད། །ལྟུང་བའི་གོལ་ས་བཅུ་གཉིས་ཡོད། །ནང་པ་སྡེ་གཉིས་གོལ་ས་མང་། །སོ་གཉིས་རྩ་བརྒྱད་རིམ་པས་ཆོད། །སྒྲིབ་པ་བཞི་དང་དྲུག་ཏུ་གནས། །རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ། །གོལ་དང་མ་གོལ་གཉིས་སུ་མེད། །གོལ་ས་རང་བཞིན་རྣམ་པར་དག །ཀུན་བྲལ་ཉག་ཅིག་ཅིར་མ་སྤངས། །ཨ་ཏིའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུ་ཡེ་ནས་གཉིས་མེད་པས། །གཉིས་སུ་སྡུད་པའི་གོལ་སྒྲིབ་མེད། །བལྟ་བསྒོམ་སྤྱོད་པ་འབྲས་བུ་བཞི། །ཡེ་ནས་རང་བྱུང་གཉིས་མེད་པས། །རྒྱུ་རྐྱེན་འདུས་པའི་གོལ་སྒྲིབ་མེད། །རྫོགས་ཆེན་ལྟ་བ་སྒོམ་པ་དང་། །སྤྱོད་པ་འབྲས་བུ་ལྷུན་གྲུབ་པས། །བསྒོམ་བསྒྲུབ་རེ་དོགས་རྩོལ་བ་ཡི། །གོལ་ས་སྒྲིབ་

པ་རྣམ་པར་དག །ང་ཡི་གོང་ན་གཞན་མེད་པས། །སྒྲིབ་མེད་གསལ་བའི་ཡེ་ཤེས་ཡིན། །ཐེག་བརྒྱད་འོག་མ་སྣང་བ་ཡང་། །ང་ཡི་ཐུགས་རྗེའི་མཛད་སྤྱོད་ཡིན། །དབྱེར་མེད་ཤེས་རབ་ངང་ལ་གནས། །ངང་ལ་མ་འདྲེས་རྫོགས་པའི་ཡེ་ཤེས་ལ། །ལྷུང་བའི་གོལ་ས་རྣམ་པར་དག །འབྱེད་པ་མེད་པའི་ཤེས་རབ་རང་གསལ་ལ། །གོལ་དང་སྒྲིབ་པ་གཉིས་སུ་དབྱེར་མེད་གསལ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གོལ་སྒྲིབ་ཐེག་པ་བརྒྱད་ལ་ཡོད་པར་བསྟན་པ་དང་། ཨ་ཏི་ཡོ་ག་ལ་གོལ་སྒྲིབ་མེད་པར་བསྟན་པ་སྟེ་ལེའུ་ང་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གོལ་སྒྲིབ་དོན་བཤད་གསུང་དུ་གསོལ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་དཔེའི་ཚིག་དང་བཅས་ནས་བསྟན། །གོལ་སྒྲིབ་ངོ་བོ་མ་རིག་པ། །གོལ་སྒྲིབ་ངེས་ཚིག་བསྟན་པ་ནི། །གོང་མའི་དོན་མ་མཐོང་བས་སྒྲིབ་པ་ཡིན། །གོང་མས་འོག་མའི་དོན་སྤྱོད་གོལ་ས་ཡིན། །དེ་ཕྱིར་གོལ་སྒྲིབ་མིང་གི་ངེས་ཚིག་ཡིན། །གོལ་སྒྲིབ་དབྱེ་ན་གྲངས་མང་སྟེ། །བསྡུ་ན་རྣམ་པ་བཞི་ཡིན་ནོ། །ལྟ་སྒོམ་སྤྱོད་པ་འབྲས་བུ་བཞི། །རེ་རེ་ལ་ཡང་གོལ་སྒྲིབ་གཉིས། །གོལ་སྒྲིབ་མཚོན་པའི་དཔེ་བསྟན་པ། །བྱང་དུ་དོན་གཉེར་ལྷོ་རུ་ཕྱིན། །ལྷོར་ཕྱིན་བྱང་གི་དོན་མི་འགྲུབ། །གོང་མའི་དོན་འདོད་འོག་མར་སྤྱད། །འོག་མས་གོང་མའི་དོན་མི་གཉེར། །ཞེས་གསུངས་སོ། །ཀྱེ་མ་རིགས་ཀྱི་བུ་ངས་བསྟན་རྒྱུད་ལུང་ཐམས་ཅད་དུ། །ནོར་ཞེས་ཟེར་ན་དེ་སྐད་བཤད། །མ་ཤེས་མ་རྟོགས་བྱུང་ན་དེ་སྐད་བཤད། །གོལ་ས་སྒྲིབ་པ་བྱུང་ན་དེ་སྐད་བཤད། །གོལ་སྒྲིབ་མེད་པར་སྨྲ་ན་དེ་སྐད་བཤད། །གཞན་ཡང་འབོད་སྐད་དག་གིས་དོན་གྱི་ཁོག་བསྡེབས་ལ། །ཀུན་གསལ་ནང་འདིར་བསྟན་པ་བཞིན་དུ་བཤད། །ཅེས་

གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གོལ་སྒྲིབ་ཀྱི་དོན་བཤད་དང་མཚོན་ཚིག་བསྡུས་པ་སྟེ་ལེའུ་ང་དྲུག་པའོ།། །།དཀོར་མཛོད་གསུམ་གྱི་སྒོ་ཕྱེ་ནས། གསལ་ཤིང་གི་སྒྲོན་མེས། རྒྱལ་བློན་དམངས་དང་གསུམ་གྱི་ནོར་འབྱིན་ཅིང་མུན་པ་སེལ་བའི་མན་ངག །ཏན་ཏྲ་ཨ་ནུ་ཨུ་པ་ཏ་ཨཱ་ཏཱ། ཀཱ་སྤཱ་ས་རྟུ། དེའི་ཚེ་བཅོམ་ལྡན་འདས་གསང་བ་བླ་ན་མེད་པ་མཚོན་པའི་དགོངས་པ་ལ་བཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཀུན་གསལ་མཁྱེན། །ཐེག་པ་སྤྱི་ཡི་མཚན་ཉིད་དང་། །རང་གི་དོན་རྣམས་དེ་ལྟར་ན། །རང་དོན་མ་ལུས་ཀུན་བཤད་པའི། །རྒྱུད་ལུང་མན་ངག་ཇི་ལྟར་བཤད། །རྒྱུད་ཀྱི་ལྡང་ཚད་ཇི་ལྟར་ལགས། །དེ་ཡི་ནང་ནས་གསུངས་པ་ཡི། །སྦྱང་དུ་མེད་པའི་ས་རྣམས་དང་། །བགྲོད་དུ་མེད་པའི་ལམ་རྣམས་དང་། །སྤྱད་མི་དགོས་པའི་ཕ་རོལ་ཕྱིན་པ་རྣམས། །སྒྲ་མཐུན་དོན་འཕགས་ཇི་ལྟར་ལགས། །སྦུབས་ཞེས་སྨོས་པ་ཇི་ལྟར་ལགས། །སྣང་བ་ཞེས་པ་ཇི་ལྟར་ལགས། །ཡུལ་ཞེས་བྱ་བ་ཇི་ལྟར་ལགས། །ཆགས་ལུགས་རྣམ་བཞི་ཇི་ལྟར་ལགས། །ངོ་སྤྲད་ཅེས་པ་ཇི་ལྟར་ལགས། །སེམས་དང་ཡེ་ཤེས་ཇི་ལྟར་ལགས། །བར་དོ་ཞེས་བགྱི་ཅི་ལ་བགྱི། །གྲོལ་དང་མ་གྲོལ་ཇི་ལྟར་ལགས། །སྤྱན་ཞེས་བྱ་བ་ཇི་ལྟར་ལགས། །ལུས་སེམས་བྲལ་ཞེས་ཅི་ལྟར་ལགས། །ལྔ་ལྡན་རྫོགས་ལྡན་ཇི་ལྟར་ལགས། །ཐུགས་རྗེའི་བྱེ་བྲག་ཇི་ལྟར་ལགས། །མྱ་ངན་འདའ་ལུགས་ཇི་ལྟར་ལགས། །ཕར་རྒོལ་རྩོད་པ་ཇི་ལྟར་བཟློག །སྣ་ཚོགས་འབྲུ་རྣམས་ཇི་ལྟར་གཞོམ། །ཞེས་ཞུས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཞུས་ཚིག་ངེས་པའི་སྡོམ་དང་བཅས་པ་སྟེ་ལེའུ་ང་བདུན་པའོ།། །།དེ་ནས་སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །རྒྱུད་ནི་ཕུན་སུམ་ཚོགས་པ་རྣམ་ལྔས་བཤད། །དེ་ཡང་དབྱེ་ན་རྣམ་གསུམ་སྟེ། །ཆོས་སྐུའི་ཕུན་སུམ་ཚོགས་པ་དང་། །ལོངས་སྐུའི་ཕུན་སུམ་ཚོགས་

པ་དང་། །སྤྲུལ་སྐུའི་ཕུན་སུམ་ཚོགས་པའོ། །སྟོན་པ་འགྱུར་མེད་ཆོས་ཀྱི་སྐུ། །བསྟན་པ་མི་ནུབ་རྒྱལ་མཚན་ནི། །གསང་བའི་རིག་པ་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ཚོགས་ཉིད་ལས་མི་གཞན་པའི། །རིགས་ལྔའི་བདེར་གཤེགས་འོད་དུ་འབར་བ་ལྔ། །བཞུགས་གནས་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །དུས་ནི་འདས་དང་མ་བྱོན་སྔོན་རོལ་ན། །རྟོག་མེད་སྟོན་པས་བྱིན་གྱིས་བརླབས་ཀྱིས་བཤད། །ཉིད་ལས་མི་གཞན་སྐུ་ལྔ་རང་རང་གི། །རྒྱུད་ཆེན་བྱིན་གྱི་རླབས་ཀྱིས་གོ། །དེ་ནས་ཡང་སྟོན་པས་ལོངས་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་པ། སྟོན་པ་རིགས་ལྔ་བདེར་གཤེགས་ལྔ། །བསྟན་པ་གསང་བའི་རྒྱུད་ཆེན་ལྔ། །འདུས་པའི་འཁོར་ནི་སེམས་དཔའ་སེམས་མའི་ཚོགས། །བཞུགས་པའི་གནས་ནི་ཡེ་ཤེས་གཞལ་མེད་འོད་ཀྱི་ཀློང་། །དུས་ནི་དེ་རྣམས་རིག་པ་ཡུལ་ལ་ཤར་བའི་ཚེའོ། །ཚིག་དང་ཡི་གེའི་སྒོ་ནས་མི་འཆད་པར། །སྐུ་ཡི་ཆ་བྱད་སྒོ་ནས་སྟོན། །བདེར་གཤེགས་རྣམ་པར་སྣང་མཛད་ཀྱིས། །རིགས་བཞིའི་སངས་རྒྱས་འདུས་པ་ལ། །སྐུ་ཡི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས། །རྡོ་རྗེའི་རིགས་ཀྱི་འཁོར་རྣམས་ལ། །ཐུགས་ཀྱི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས། །རིན་ཆེན་རིགས་ཀྱི་སེམས་དཔའ་སེམས་མ་ལ། །ཡོན་ཏན་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་སྣང་བ་མཐའ་ཡས་ཀྱིས། །པདྨའི་རིགས་ཀྱི་སེམས་དཔའ་སེམས་མ་ལ། །གསུང་གི་རྒྱུད་ཆེན་རང་གི་ངོ་བོས་བཤད། །བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས། །ལས་ཀྱི་རིགས་ཀྱི་འཁོར་རྣམས་ལ། །ཕྲིན་ལས་རྒྱུད་ཆེན་རང་གི་ངོ་བོས་བཤད། །ཐུགས་ཀྱི་དགོངས་པ་ཡེ་ཤེས་རྣམ་ལྔར་གསལ། །བཤད་པ་མ་ཡིན་མཉན་པ་མིན། །གཙོ་བོའི་ངོ་བོའི་ཞལ་གཟིགས་ཐུགས་ཀྱི་དགོངས་པ་གསལ། །རང་གི་ངོ་བོས་བཤད་ཅེས་བྱ། །ཏིང་ངེ་

འཛིན་གྱི་དགོངས་པས་བཤད། །སྟོན་པས་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་གསུངས་པ། །སྟོན་པ་རྡོ་རྗེ་སེམས་དཔའ་ངས། །བསྟན་པའི་སྙིང་པོ་གསང་བའི་རྒྱུད་ཆེན་ལྔ། །དེ་སོགས་ཕྱི་ནང་གསང་བས་བསྡུས་པ་རྣམས། །ཐུགས་ཀྱི་ཀློང་དུ་ཤེས་རབ་ཆེན་པོས་བཀྲོལ། །མགུར་གྱི་བུམ་པར་ཡེ་ཤེས་རླུང་གིས་དྲིལ། །ཞལ་གྱི་ལྗགས་ལ་མ་འདྲེས་གསལ་བར་བཀྲམ། །ཚེམས་ཀྱི་བར་ནས་ཚིག་དོན་སོ་སོར་བཤད། །ཡན་ལག་དྲུག་ཅུའི་སྡེབས་སྦྱོར་ལེགས་པར་བཤད། །ཁྱུང་ཆེན་ལྡིངས་ཐབས་དོན་གྱི་སྤྱི་ཁོག་དབུབ། །སྟག་མོའི་མཆོངས་སྟབས་ལྟ་བུས་དཀྱུས་ཀྱི་ས་རྣམས་བཅད། །རུས་སྦལ་འགྲོས་ཀྱིས་ཚིག་གི་འབྲུ་རྣམས་གཞོམ། །སེང་གེའི་གདངས་སྐད་ལྟ་བུས་ཐེག་བརྒྱད་ཟིལ་གྱིས་གནོན། །གླག་མོ་གཟན་འཇུམ་ལྟ་བུས་དོན་གྱི་མན་ངག་དྲིལ། །འདུས་པའི་འཁོར་ཚོགས་སངས་རྒྱས་རབས་བདུན་ལ། །ལྷ་གནས་གསུམ་དུ་བདུད་རྩིའི་ཆར་ཆེན་ཕབ། །པདྨ་བརྩེགས་པའི་གནས་མཆོག་རྣམ་གསུམ་མོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཕུན་སུམ་ཚོགས་པ་ལྔ་བསྟན་པ་སྟེ་ལེའུ་ང་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཕུན་སུམ་ཚོགས་པའི་དོན་བཤད་དང་། །དེ་ཡི་དགོས་པ་གསུང་དུ་གསོལ། །སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག །ཕུན་སུམ་ཚོགས་པའི་ངོ་བོ་དང་། །ཕུན་སུམ་ཚོགས་པའི་དབྱེ་བ་དང་། །ཕུན་སུམ་ཚོགས་པའི་ངེས་ཚིག་དང་། །ཕུན་སུམ་ཚོགས་པའི་དཔེ་རྣམས་བསྟན། །དང་པོ་ངོ་བོ་བསྟན་པ་ནི། །རྒྱུ་ཡི་ངོ་བོ་ཚོགས་པ་ཡིན། །དགོས་པ་རྒྱུ་རྐྱེན་ཚོགས་པར་སྦྱོར། །ཅི་ཕྱིར་ཕུན་སུམ་ཚོགས་ཟེར་ན། །ཀུན་ནས་དགོས་པ་ཚང་བས་ཕུན་སུམ་ཚོགས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་གོང་དུ་བསྟན་པ་བཞིན། །དཔེ་ནི་རྒྱལ་བློན་དམངས་དང་གསུང་། །

གང་ལ་གང་ཚོགས་བཀའ་བགྲོས་བྱུང་། །དེས་མཚོན་ཕྱོགས་གཅིག་དཔེ་བསྟན་པའོ། །ཞེས་གསུངས་སོ། །ཡང་ལག་ན་རྡོ་རྗེས་ཞུས་པ། ཕུན་སུམ་ཚོགས་པ་རྣམ་པ་ལྔ། །སྨོས་པའི་དགོས་པ་ཇི་ལྟར་ལགས། །མ་བསྟན་སྐྱོན་དུ་ཇི་ལྟར་འགྱུར། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སྟོན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །གང་ཟག་རིག་བཅོས་མ་ཡིན་པར། །སངས་རྒྱས་ཞལ་ནས་གསུངས་པར་ཡིད་ཆེས་ཏེ། །མི་བསླུ་བདེན་པའི་གཏན་ཚིགས་དག་ཏུ་འགྱུར། །བསྟན་པ་ཕུན་སུམ་ཚོགས་པ་སྨོས་པའི་དགོས་པ་ནི། །བབ་ཅོལ་མ་ཡིན་དོན་དང་ལྡན་པར་ཡིད་ཀྱང་ཆེས། །འདུས་པའི་འཁོར་ཚོགས་སྨོས་པའི་དགོས་པ་ནི། །ཀུན་གྱི་ཐུན་མོང་མ་གྱུར་དང་། །ངེས་པར་སྟོན་པས་གསུངས་པར་ཡིད་ཀྱང་ཆེས། །གནས་ཀྱི་བྱེ་བྲག་གསུངས་པའི་དགོས་པ་ནི། །གཞན་དུ་བསྟན་པའི་སྙིང་པོ་མ་གསུངས་པར། །ངེས་པའི་གནས་དེར་གསུངས་པར་ཡིད་ཀྱང་ཆེས། །དུས་ཀྱི་ཕུན་སུམ་ཚོགས་པར་སྨོས་པའི་དགོས་པ་ནི། །གནས་སྐབས་སྔ་ཕྱི་མ་བསྐལ་བར། །དུས་ཚོད་མཚུངས་ཤིང་ཟིན་པར་ཡིད་ཀྱང་ཆེས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཕུན་སུམ་ཚོགས་པ་རྣམ་ལྔའི་དོན་བཤད་དགོས་པ་དང་བཅས་པ་བསྟན་པ་སྟེ་ལེའུ་ང་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བསྟན་པ་རིན་ཆེན་གླེངས་པ་དེ། །དེ་ཡི་བཤད་ལུགས་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །པདྨ་འཁྱིལ་པ་སྐུ་ཡི་རྒྱུད། །ཕྱི་ནང་གསང་བའི་དོན་ཁྲིགས་མ་ནོར་བར། །གནས་ལུགས་འཁྲུལ་ལུགས་འཁྲུལ་པ་བཟློག་ཐབས་རྣམས། །བརྒྱུད་པ་གསུམ་གྱི་སྤྱི་ཁོག་དོན་ཕུབ་ལ། །རིན་ཆེན་བརྩར་ལ་བརྒྱུས་པ་བཞིན་དུ་བཤད། །རྡོ་རྗེ་རྩེ་མོ་འདུས་པ་གསུང་གི་རྒྱུད། །རྒྱུད་

རྣམས་ཀུན་གྱི་སྤྱི་ཁོག་དོན་བཤད་མ་ནོར་བར། །གྱི་ལིང་སྒྲོག་བཀྲོལ་ལྕགས་ཕྱེ་བཞིན། །ཀུན་གྱི་དགོངས་པ་བཀྲོལ་ལ་བཤད། །རིན་ཆེན་སྤུངས་པ་ཐུགས་ཀྱི་རྒྱུད་ཆེན་ནི། །ལྟ་བ་སྤྱི་ཁོག་མ་ནོར་དོན་གྱི་ཁོག་བསྡེབས་ལ། །བྱ་བཙལ་མེད་པ་ཁྱུང་ཆེན་ལྡིངས་ལྟར་བཤད། །ཡོན་ཏན་རྒྱུད་ཆེན་བྱམས་པ་བརྩེགས་པ་ནི། །ཡོན་ཏན་འབྱུང་ཚུལ་སྤྱི་ཁོག་ཀུན་བསྡེབས་ལ། །མ་འདྲེས་རྫོགས་པའི་མཆོད་རྟེན་ལྟ་བུར་བཤད། །ཕྲིན་ལས་རྒྱུད་ཆེན་མཁའ་གསལ་ཉི་མ་ཡང་། །དབྱེར་མེད་ཕྲིན་ལས་སྤྱི་ཁོག་ཀུན་བསྡེབས་ལ། །གོལ་སྒྲིབ་སྐྱོན་མེད་ཡོངས་སུ་རྒྱས་པར་བཤད། །ཡེ་ཤེས་བླ་མ་མན་ངག་རྒྱུད་ཆེན་འདི། །ལྟ་བའི་ངོ་བོ་རང་ལ་སྦྱར་བྱས་ལ། །མཚན་མའི་དངོས་པོ་ཟིལ་གྱིས་མནན་ཏེ་བཤད། །ལྟ་བ་གནད་གཅོད་འཁོར་བ་དོང་སྤྲུགས་འདི། །སྒྲ་བདུན་བརྡའ་བདུན་དོན་གྱི་ཁོག་བསྡེབས་ལ། །དོན་གནད་གཅོད་ཅིང་རང་ས་ཟིན་པར་བཤད། །རྨ་བྱ་མཇིང་བསྣོལ་བསྒོམ་པའི་མན་ངག་ནི། །དགོངས་པ་བསྒོམ་པའི་སྤྱི་ཁོག་ཀུན་བཀྲོལ་ལ། །བསྒོམ་དུ་ཡོད་མེད་བློ་དང་འཚམས་པར་ནི། །དོན་གྱི་ཁོག་བསྡེབས་ཁྲིགས་སུ་མཐུན་པར་བཤད། །གཟུགས་སྐུའི་མན་ངག་རྒྱུད་ཆེན་འོད་ཟེར་ཅན། །ཡེ་ཤེས་སྐུ་ཡིས་སྤྱི་ཁོག་མཐའ་བཀྲོལ་ལ། །གནས་ལུགས་སྣང་ལུགས་མ་ནོར་དོན་གྱིས་བཤད། །རྒྱུད་ཀྱི་བུ་བཞི་མ་བཞིའི་དོན་གྱི་གནད་གཅོད་དེ། །རང་རང་མ་ཡི་དོན་སྙིང་ཕྱུང་ལ་བཤད། །ཡེ་ཤེས་གསང་འཁོར་རྒྱུད་ཀྱི་ལྡེ་མིག་ནི། །ཐམས་ཅད་ཀུན་ནས་མཐའ་བཀྲོལ་ཏེ། །གཉིས་མེད་གཅིག་ཏུ་བསྡུས་ལ་བཤད། །དགོངས་པ་ཀུན་འདུས་མན་ངག་རྒྱུད་ཆེན་འདི། །ཕྱི་ནང་གསང་བའི་མན་ངག་ཀུན་བཀྲོལ་ལ། །བརྡའ་སྒྲ་ངེས་པའི་མན་ངག་གསུམ་དུ་བཀྲོལ་ལ་བཤད། །ཀུན་གྱི་མཛོད་གྱུར་སེམས་ཕྱོགས་ཆེན་པོའི་རྒྱུད། །བཤད་ལུགས་རྣམ་བཞིས་དོན་གྱི་ཁོག་ཕུབ་ལ། །སྦྱོར་བ་

རྣམ་བཞིས་ཐོག་ཏུ་ཕེབས་པར་བཤད། །རྒྱུད་ཀྱི་སྙིང་པོ་རྡོ་རྗེ་མཁའ་འགྲོ་མ། །དབང་ཆེན་རབ་རྫོགས་དོན་གྱི་ཁོག་ཕུབ་ལ། །སྒྲ་དང་དོན་གྱིས་དགོངས་པའི་མཐའ་བཀྲོལ་ཏེ། །ད་ལྟ་འབྲས་བུ་མངོན་སངས་རྒྱས་པར་བཤད། །རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་རྣམ་བཞི་པོས། །ཕྱི་ནང་གསང་བའི་རྒྱུད་ཀྱི་དོན་བཀྲོལ་བ། །མ་འདྲེས་གསལ་བའི་དོན་དུ་སྦྱར་ལ་བཤད། །མན་ངག་དོན་གྱི་ཏི་ཀ་རྣམ་པ་བཞི། །དོན་གྱི་མཚན་ཉིད་རྣམ་པ་བཞི་ཡིས་ཁོག་ཕུབ་ལ། །ངོ་སྤྲོད་རྒྱས་དང་བསྡུས་པས་དོན་སྦྱར་ཏེ། །སྐད་ཅིག་གསུམ་དང་གཅིག་གིས་གྲོལ་བར་བཤད། །རིན་ཆེན་ཕྲེང་བ་ལུང་གི་རྒྱལ་པོ་ནི། །ལོ་རྒྱུས་དགོངས་པ་ལུང་གིས་སྦྱར་བྱས་ལ། །མན་ངག་མ་ལུས་དོན་གནད་བཅད་པ་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྟན་པ་རིན་པོ་ཆེ་བསྡུས་ནས་བཤད་པའི་ཐབས་བསྟན་པ་སྟེ་ལེའུ་དྲུག་ཅུ་པའོ།། །།ཨུ་ཨུ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྒྱུད་རྣམས་དོན་བཤད་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རྒྱུད་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །རྒྱུད་ཀྱི་ངོ་བོ་བསྟན་པ་ནི། །ཚིག་གི་རྒྱུད་ཀྱི་ངོ་བོ་དང་། །དོན་གྱི་རྒྱུད་ཀྱི་ངོ་བོའོ། །དོན་གྱི་རྒྱུད་ཀྱི་ངོ་བོ་ནི། །རང་རིག་ཡེ་ཤེས་ཆེན་པོ་ཡིན། །ཚིག་གི་རྒྱུད་ཀྱི་ངོ་བོ་ནི། །བསྣན་ཕྲི་མ་བྱས་དགོས་པ་ཚང་། །གླེགས་བམ་ཚིག་གི་ཚོགས་སུ་བསྟན། །རྒྱུད་ཀྱི་ངེས་ཚིག་རྣམ་པ་ལྔ། །འདྲེལ་དང་མ་ཚང་མེད་པ་དང་། །ཡོངས་སུ་རྫོགས་དང་དཀྲུགས་པ་དང་། །ཕུན་སུམ་ཚོགས་པའི་ཕྱིར་རྒྱུད་དོ། །དབྱེ་བ་ཚིག་དང་དོན་རྒྱུད་གཉིས། །གོང་བཤད་བཞིན་དུ་ཤེས་པར་བྱ། །འདྲེལ་བའི་དཔེ་ནི་དྲི་བ་བཞིན། །དགོས་པ་ཚང་བས་ནོར་བུ་བཞིན། །ཡོངས་སུ་རྫོགས་པས་ལྗོན་ཤིང་བཞིན། །དཀྲུགས་པས་ཐགས་ཀྱི་སྤུན་བཞིན་

ནོ། །ངས་བསྟན་རྒྱུད་རྣམས་དེ་ལྟར་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྒྱུད་ཀྱི་དོན་བཤད་པ་སྟེ་ལེའུ་རེ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གོང་བསྟན་རྒྱུད་ཀྱི་ལྡང་ཚད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཕྱག་ན་རྡོ་རྗེ་ལེགས་ཟུང་ཞིག །རྒྱུད་ཀྱི་ལྡང་ཚད་རྣམ་པ་བཅུ། །དབང་དང་དམ་ཚིག་གཉིས་སུ་བསྟན། །དཀྱིལ་འཁོར་ཕྲིན་ལས་གཉིས་སུ་བསྟན། །མཆོད་པ་རྣལ་འབྱོར་གཉིས་སུ་བཤད། །སྔགས་དང་ཕྱག་རྒྱ་གཉིས་སུ་བཤད། །བསྙེན་པ་སྒྲུབ་པ་གཉིས་སུ་བཤད། །ཀྱེ་ལག་ན་རྡོ་རྗེ། དབང་ལ་རྣམ་པ་གསུམ་དུ་བསྟན། །གཞི་ལ་རྫོགས་ཚུལ་བསྟན་པ་དང་། །རིམ་པས་བབས་ལུགས་བསྟན་པ་དང་། །དབང་གི་དངོས་པོ་བསྟན་པའོ། །དང་པོ་གཞི་ལ་རྫོགས་ཚུལ་ནི། །མི་རྟོག་འགྱུར་མེད་ཆོས་སྐུ་ལ། །མཁྱེན་པའི་ཡེ་ཤེས་རྣམ་ལྔ་གསལ། །རང་ལས་མི་སྣང་གཞན་ལ་སྣང་བ་ནི། །རིན་ཆེན་འོད་འབར་སྐུར་གསལ་བས། །ཉིད་ལས་མི་གཞན་དབང་གི་ཆུ་བོ་བཞི། །མ་བསྐུར་གཞི་ལ་ཡེ་ནས་རྫོགས། །སྐུ་ལྔའི་ཐུགས་རྗེ་མ་འགགས་པར། །ཁྲག་འཐུང་ཧེ་རུ་ལྔར་སྣང་བས། །ཐུགས་རྗེ་རང་བྱུང་དབང་གི་ཆུ་བོ་བཞི། །མ་བཙལ་གཞི་ལ་ཡེ་ནས་རྫོགས། །དེ་ཉིད་ཡེ་ཤེས་རང་སྣང་ལུས་ཅན་ལ། །དེ་ཉིད་ངང་ལ་གནས་ཤིང་ངང་དུ་གྲོལ། །ཡེ་གནས་ཆེན་པོའི་དབང་གི་ཆུ་བོ་བཞི། །མ་བཙལ་མ་བསྐུར་གཞི་ལ་ཡེ་ནས་རྫོགས། །དེ་མཚོན་གསུང་གི་ངོ་བོ་ནི། །རིན་པོ་ཆེ་ཡི་ཡི་གེ་ལྔ། །མ་བཙལ་གཞི་ལ་ཡེ་གནས་པས། །དཔའ་བོ་འབྲུ་ལྔ་དབང་གི་ཆུ་བོ་བཞི། །མ་བཙལ་མ་བསྐུར་རང་ལ་རྫོགས། །དེ་ལྟ་བས་ན་གཞིའི་ཡེ་ཤེས་གཞན་ལ་རག་མི་ལུས་ཤིང་། རྒྱུ་རྐྱེན་གྱི་དབང་དུ་འགྲོ་མི་སྲིད་པའོ། །རིགས་ཀྱི་བུ་རིམ་པས་བབས་ལུགས་བཤད་པ་ནི། ཤེས་རབ་ཀྱི་སྐུ་བཞིས། དེ་བཞིན་གཤེགས་པ་ཀུན་སྣང་གི་ཡེ་ཤེས་ལ། དབང་གཞི་རྫོགས་

སུ་གནས་པ་སྟེ། མཁྱེན་པའི་སྟོབས་མ་འགགས་པས། གཞི་འགྱུར་བ་མེད་པའི་ཆོས་སྐུ་ལ། ཤེས་རབ་འགག་པ་མེད་པའི་དབང་ཐོབ་བོ། །ཤེས་རབ་འགག་པ་མེད་པའི་སྐུ་བཞི་ལས། གདུལ་བྱ་ལ་སྣང་བའི་སྐུ་བཞི་ཤར་བའི་ཚེ། ཉིད་ལས་མི་གཞན་པའི་སྐུ་བཞིས། ཞལ་གཟིགས་པས་ཐུགས་མཁྱེན་ཏེ། ཤེས་རབ་རིག་པའི་སྐུ་ལྔ་ལས། རང་དབང་ཡས་བབས་སུ་ཐོབ་བོ། །དེ་བཞིན་དུ་རིགས་བཞི་ལས། སེམས་དཔའ་སེམས་མས་རང་དབང་ཡས་བབས་སུ་ཐོབ་བོ། །ང་སྤྲུལ་པའི་སྐུར་ཤར་ཏེ། སྨིན་ཅིང་རྫོགས་པའི་ཚེ། ཐུགས་ཀྱི་ཀློང་ན་རང་ཆས་སུ་གནས་པས། ངས་མཐོང་ཞིང་གསལ་ཏེ། དེའི་ཚེ་ངས་རྟོགས་པའི་ཡེ་ཤེས་རང་དབང་སྐད་ཅིག་ལ་ཐོབ་བོ། །དེ་བཞིན་དུ་ཁམས་གསུམ་པ་ཐམས་ཅད་ལ་དབང་གཞི་རྫོགས་སུ་གནས་པས། རིམ་པས་རིག་པ་རྩལ་དབང་འཐོབ་པར་འགྱུར་བས་ངས་ལུང་བསྟན་ཏོ། །ཞེས་གསུངས་སོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །དབང་གི་དངོས་གཞི་ནི། སྐུར་ཐབས་གཉིས་ཏེ། ཁྱད་པར་གྱི་དབང་བཞི་ཤེས་རབ་ལ་བརྟེན་ནས། གཞི་རྫོགས་རིག་པ་རྩལ་དབང་དུ་བསྐུར་བ་དང་། ཐུན་མོང་གི་དབང་རྫས་བཞི་ལ་བརྟེན་ནས། རྡོ་རྗེ་སློབ་དཔོན་གྱི་གདམས་ངག་དང་སྦྲེལ་ཏེ། བསྐུར་ཞིང་ཐོབ་པར་བྱེད་པའོ། །ཁྱད་པར་གྱི་དབང་རྫས་གཞི་ཤེས་རབ་ལ་བརྟེན་ནས། གཞི་རྫོགས་པ་ཆེན་པོའི་རིག་པ་རྩལ་དབང་དུ་བསྐུར་བ་ནི། བརྒྱུད་འཛིན་བུམ་པའི་དབང་ལྔ་སྟོང་ཉིད་དུ་བསྐུར་ཏེ།མཁའ་ཀློང་རྣམ་པར་དག་པའི་ངང་ན། ཡུམ་ཡེ་ཤེས་ཀྱི་སྤྱན་མ་འགགས་པ།འོད་ཀྱི་བུམ་པ་ལྔར་གསལ་ཏེ། དེ་བཞིན་གཤེགས་པ་ལྔ་བཞུགས་པའི་རྟེན་དུ་གྱུར་པས་ན་བུམ་པ་ཞེས་བྱ་སྟེ། ངོ་བོ་དབྱིངས་སྟོང་པ་ཉིད་དུ་གནས་པས།དོན་སྟོང་པ་ཉིད་དུ་རིག་སྟེ། དངོས་པོའི་མཐའ་ལས་ལོག་གོ། །རྒྱལ་པོ་རང་རྟགས་ཕྱག་རྒྱའི་དབང་བསྐུར་བ་ནི། བུམ་པ་ལྔའི་ཀློང་ན་དེ་བཞིན་གཤེགས་པ་ལྔ་བཞུགས་ལུགས་བཤད་དེ། ཤེས་རབ་ཀྱི་བདག་

ཉིད་ཡེ་ཤེས་ལྔར་གསལ་ཞིང་།ཐུགས་རྗེའི་བདག་ཉིད་ཕྱག་རྒྱ་ལྔར་གསལ་བས། སྣོད་བཅུད་དངོས་པོ་དང་མཚན་མར་སྣང་བ་ཐམས་ཅད་ཕྱག་རྒྱ་མ་བསྐྱེད་པའི་དེ་བཞིན་གཤེགས་པ་ལྔ་དང་། ཕྱག་རྒྱ་གསལ་བའི་དེ་བཞིན་གཤེགས་པ་ལྔར་གྱུར་པས། དེ་བཞིན་གཤེགས་པ་ཡིན་པ་ལ་ཡིན་པར་རིག་སྟེ། དངོས་པོ་དང་མཚན་མ་མ་ལུས་པར་སྐུ་དང་ཡེ་ཤེས་སུ་དག་སྟེ། མཚན་མ་ཟིལ་གྱིས་གནོན་ནོ། །རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱི་དབང་ནི། འཕགས་པའི་ནོར་བདུན་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་ནོར་བདུན་ཡོད་པ་དང་འདྲ་བར། རང་གི་ངོ་བོ་གང་ལ་ཡང་མི་གནས་ཤིང་ཡོན་ཏན་ཅིར་ཡང་སྣང་བས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ཐམས་ཅད་འབྱུང་ཞིང་མ་འགགས་པས། ཡོན་ཏན་འཁོར་འདས་སུ་འབྱུང་ཞིང་ཉོན་མོངས་པ་མི་མངའ་བས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། བཙུན་མོ་རིན་པོ་ཆེ་ལྟ་བུར་རིག་གོ། །རིག་པ་ཆོས་སྐུ་ལ་འགྲན་པའི་ཟླ་མེད་དེ། རིག་པ་སྐུ་ལྔར་སྣང་ཡང་དོན་གཉིས་སུ་མེད་པས། ཡུལ་གྱི་མཚན་མ་ངང་གིས་བཅོམ་སྟེ་ཉོན་མོངས་པ་མེད་པས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། དམག་དཔོན་རིན་པོ་ཆེ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་དེ་བྱ་བཙལ་མི་མངའ་བར་ཡོན་ཏན་རང་ལ་རྫོགས་ཏེ། ཐུགས་རྗེ་ཤུགས་ཀྱིས་འཆར་ལ། བརྗེད་པ་མེད་པའི་གཟུངས་ཐོབ་པས་བརྩོན་འགྲུས་དང་ལྡན་པ་སྟེ། རྟ་མཆོག་རིན་པོ་ཆེ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་དེ། རང་གི་ངོ་བོ་མི་འདའ་བས་ངང་ལས་མ་གཡོས་པར་གནས་པས། བསམ་གཏན་ཏེ་གླང་པོ་རིན་པོ་ཆེ་ལྟ་བུར་རིག་གོ། །རིག་པ་ཆོས་སྐུ་དེ་རང་གི་ངོ་བོ་ཕྱོགས་ལྷུང་མེད་པའི་ཤེས་རབ་ཏུ་གནས་ཤིང་། རྩལ་སོ་སོར་རྟོགས་པའི་ཤེས་རབ་མི་འགག་པར་དཔྱོད་པས།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ཏེ། འཁོར་ལོ་རིན་པོ་ཆེ་ལྟ་བུར་རིག་གོ། །རང་རིག་པའི་ཡེ་ཤེས་དེ།

ཐབས་མ་འགགས་པ་དང་། སྟོབས་མ་འགགས་པ་དང་། ཐམས་ཅད་ཀྱི་རེ་སྨོན་དུ་གྱུར་པས་ཡེ་ཤེས་ཀྱི་ཡོན་ཏན་ཏེ། དེ་བཞིན་དུ་བཤད་པའི་ཡོན་ཏན་དང་ཡེ་ཤེས་ལྡན་ཏེ། བློན་པོ་རིན་པོ་ཆེ་ལྟ་བུར་རིག་གོ། །དེ་ལྟར་ཚིག་དབང་བསྐུར་བས། རྟོགས་པ་རྒྱུད་ལ་སྐྱེ་སྟེ། གྲུབ་པའི་མཐའ་ལ་ཡོན་ཏན་གྱི་སྒོ་མ་འགགས་པས། ཡོན་ཏན་དང་ལྡན་ཅིང་སྐྱོན་དང་བྲལ་བའོ། །དེ་ལྟར་རྟོགས་པས་སྤྲོས་པ་ཆོད་དེ། སྤྲོས་པ་གཅོད་པའི་ཆོས་བཞིས་རྒྱུད་ཀྱི་སྙིང་པོ་གསུམ་དུ་ལྟ་བ་ལ་བཟླས་པས། དོན་གྱི་དགོངས་པ་གཞི་ལ་གནས་པ་ནི།དོན་བརྒྱད་རྫས་སུ་བསྟན་པས་ཐུན་མོང་གི་རྫས་ལ་རག་མ་ལུས་ཏེ། ཐུགས་རྗེ་སེམས་ཅན་ལ་འོད་འཕྲོ་བའོ། །རིགས་ཀྱི་བུ་དེས་ནི་རིག་པའི་མཚན་ཉིད་རྟོགས་ཤིང་། རྩལ་མ་འགགས་པར་རྟོགས་པས་དབང་ཡེ་ཤེས་གཞི་རྫོགས་སུ་ཐོབ་བོ། །ཀྱེ་རྡོ་རྗེ་འཛིན་པ། ཐུན་མོང་གི་རྫས་ལ་བརྟེན་ནས་དབང་བསྐུར་བས་ཐོབ་པ་ནི་ཚིག་དབང་རིན་པོ་ཆེ་སྟེ། ཕྱིར་དབང་རྫས་ལ་བརྟེན་ལ་བསྐུར། ནང་དུ་བག་ཆགས་ལུས་ལ་བསྐུར། སྐུ་གསུམ་གཞི་རྫོགས་སུ་ངོ་བསྟན་ནོ། །རིགས་ཀྱི་བུ་དབང་ནི་ཡེ་ཤེས་སྤྱི་བླུགས་དང་། རྒྱལ་རྟགས་ཕྱག་རྒྱ་དང་། རིག་པ་རྩལ་གྱི་དབང་གསུམ་སྟེ། ཕྱི་རྫས་ཀྱི་བུམ་པ་ལྔ་ལ་བརྟེན་ནས་དབང་བསྐུར། ནང་དུ་ལོངས་སྐུ་རང་ལ་གྲུབ་ལུགས་དང་ལྔ་ལྡན་གྱི་དགོངས་པ་རྫོགས་པར་བཤད་དོ། །ཕྱིར་ཕྱག་མཚན་དྲུག་ལ་བརྟེན་ཏེ་དབང་བསྐུར། ནང་དུ་ད་ལྟ་ཚོགས་དྲུག་སྤྲུལ་པར་ཤར་ལུགས་དང་། རྫོགས་ལྡན་གྱི་སྐབས་སུ་སྤྲུལ་པའི་སྐུ་འབྱོན་ལུགས་བཤད་དོ། །ཕྱི་དབང་རྫས་བཞི་ལ་བརྟེན་ཏེ་དབང་བསྐུར། ནང་དུ་ཆོས་སྐུའི་གནས་ལུགས་དང་། རིན་པོ་ཆེའི་སྦུབས་བཤད་དོ། །རིན་པོ་ཆེའི་གདམས་ངག་དང་འདྲེལ་པར་བཤད་པ་ཉིད་དོ། །དེའི་རིམ་པ་ནི་ངས་བསྟན་པའི་ཡེ་ཤེས་བླ་མ་ལྟ་བུར་ཤེས་པར་བྱའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། རྒྱུད་ཀྱི་ལྡང་ཚད་སྡོམ་དང་།

དབང་མདོར་བསྡུས་ནས་བསྟན་པ་སྟེ་ལེའུ་རེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དབང་གི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངེས་ཟུང་ཞིག །དབང་གི་ངོ་བོ་ངེས་ཚིག་དང་། དབྱེ་བ་མཐུན་དཔེ་བཤད་པར་བྱའོ། །དབང་གི་ངོ་བོ་ནི། རང་བྱུང་གི་ཡེ་ཤེས་གཞན་དབང་དུ་མ་གྱུར་པའོ། །དབང་གི་ངེས་ཚིག་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མངའ་མཛད་ཅིང་དབང་བསྒྱུར་བས་ནའོ། །དབྱེ་ན་ཐུན་མོང་དང་ཁྱད་པར་ཏེ་གོང་བཞིན་ནོ། །དཔེ་ནི་རྒྱལ་པོ་ལ་གླང་པོ་ཆེས་དབང་བསྐུར་བས་རྒྱལ་པོ་རང་དབང་ཐོབ་སྟེ་རྒྱལ་ས་ཟིན་པ་ལྟ་བུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། དབང་གི་དོན་བཤད་གསལ་བར་བསྟན་པ་སྟེ་ལེའུ་རེ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དམ་ཚིག་གསང་བ་བཤད་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག །དམ་ཚིག་དབང་ལས་སྐྱེ་བས་ན། །མ་བསྐུར་བ་ཡི་དབང་ཆེན་ལ། །བསྲུང་དུ་མེད་པའི་དམ་ཚིག་བཞི། །མ་ཉམས་ཡེ་བསྲུངས་གདེང་དང་ལྡན། །ང་ཡི་དམ་ཚིག་གསང་བ་ནི། །རང་རིག་ཡེ་ཤེས་ཆེན་པོ་ལ། །བསྲུང་བྱ་སྲུང་བྱེད་གཉིས་མེད་པས། །ཉམས་དང་མ་ཉམས་གཉིས་སུ་མེད། །ཐེག་བརྒྱད་བཅོས་མའི་དམ་ཚིག་གྲངས། །མི་བསྲུང་བས་ན་མེད་ཅེས་བྱ། །འོག་མའི་དམ་ཚིག་ལས་གྲོལ་ཅིང་། །རང་གི་སྒོ་གསུམ་ཡངས་པས་ན། །ཕྱལ་པ་ཞེས་སུ་བཏགས་པ་ཡིན། །བསྲུང་དུ་མེད་པའི་དམ་ཚིག་ལ། །འདའ་མི་སྲིད་པའི་བསྲུང་ཐབས་ནི། །རང་རིག་ཡེ་ཤེས་གཅིག་པུ་བས། །གཅིག་པུ་ཞེས་སུ་བསྟན་པ་ཡིན། །རང་རིག་ཡེ་ཤེས་གཅིག་པུ་ལ། །བྱ་བཙལ་མེད་པར་ཡེ་བསྲུངས་པས། །ལྷུན་གྲུབ་ཞེས་སུ་བཏགས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་

ལས། དམ་ཚིག་བསྟན་པ་སྟེ་ལེའུ་རེ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དམ་ཚིག་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །དམ་ཚིག་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བསྟན། །དང་པོ་ངོ་བོ་བཤད་པ་ནི། །འདའ་མི་སྲིད་པའི་ངོ་བོ་སྟེ། །ལྟ་བ་རང་རིག་ཡེ་ཤེས་ཡིན། །བསྲུང་བ་དོན་གྱི་ངེས་ཚིག་ཡིན། །འདའ་རུ་མེད་པས་དམ་ཚིག་ཡིན། །མ་ནོར་ངེས་པས་དམ་ཚིག་ཡིན། །དེ་ལས་མི་འདའ་དམ་ཚིག་གོ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །བསྲུང་མཚམས་བཅས་པའི་དམ་ཚིག་དང་། །བསྲུང་དུ་མེད་པའི་དམ་ཚིག་གོ། །གོང་དང་འོག་ཏུ་ཤེས་པར་བྱ། །དམ་ཚིག་དོན་ལས་མི་འདའ་བ། །ཐམས་ཅད་ནམ་མཁའི་ངང་ལས་མི་འདའ་ལྟར། །རང་རིག་ཡེ་ཤེས་དོན་ལས་འདའ་བ་མེད། །འདའ་མི་སྲིད་པའི་དམ་ཚིག་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། དམ་ཚིག་གི་དོན་བཤད་བསྟན་པའི་ལེའུ་སྟེ་རེ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དཀྱིལ་འཁོར་ཕྲིན་ལས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །དང་པོ་དཀྱིལ་འཁོར་བཤད་པར་བྱ། །ངོ་བོ་དང་ནི་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །དབྱེ་ན་རྣམ་པ་གསུམ་དུ་བཤད། །མཚོན་པ་བརྡའ་ཡི་དཀྱིལ་འཁོར་དང་། །དམ་ཚིག་ཏིང་འཛིན་དཀྱིལ་འཁོར་དང་། །རང་བཞིན་གྲུབ་པའི་དཀྱིལ་འཁོར་རོ། །ངོ་བོ་རྣམ་པ་གསུམ་ཡིན་ཏེ། །མཚོན་པ་བརྡའ་ཡི་ངོ་བོ་ནི། །བྲིས་དང་འབུར་དུ་བཏོད་པ་ཡིན། །དམ་ཚིག་ཏིང་འཛིན་ངོ་བོ་ནི། །གང་བསྒོམས་ཡིད་ལ་གསལ་བ་ཡིན། །རང་བཞིན་གྲུབ་པའི་དཀྱིལ་འཁོར་ནི། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡིན། །རིག་པ་དཀྱིལ་ལ་ཡེ་ཤེས་འཁོར། །ཆོས་སྐུའི་ངོ་བོ་ངེས་ཚིག་ཡིན། །གཙོ་བོ་དཀྱིལ་

ལ་སེམས་དཔའ་སེམས་མ་འཁོར། །ལོངས་སྐུའི་ངོ་བོ་ངེས་ཚིག་ཡིན། །ཀུན་གཞི་དཀྱིལ་ལ་ཚོགས་བརྒྱད་འཁོར། །སྤྲུལ་སྐུའི་ངོ་བོ་ངེས་ཚིག་ཡིན། །དཔེ་ནི་ཉི་ཟླ་གཟའ་སྐར་ཤར་བ་བཞིན། །བརྗོད་ལུགས་མང་ཡང་བསྡུས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། དཀྱིལ་འཁོར་བསྟན་པ་སྟེ་ལེའུ་རེ་དྲུག་པའོ།། །།དེ་ནས་ཡང་སྟོན་པས་བཀའ་སྩལ་པ། །གསང་བའི་བདག་པོ་ལེགས་ཟུང་ཞིག །མ་བྲིས་མ་བསྐྱེད་མ་བསྒོམས་པར། །རང་བཞིན་གསལ་བའི་དཀྱིལ་འཁོར་ལ། །བྱ་རྩོལ་འདས་པའི་ཕྲིན་ལས་ཀྱིས། །ཐོག་མ་མེད་པའི་དོན་མཛད་དེ། །སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་དུ། །སྟོན་པས་སྐུ་གསུམ་དོན་མཛད་པ། །སྐུ་ཡི་འོད་དང་གསུང་གི་འོད་ཟེར་ལས། །སྟོན་པ་སྐུ་གསུམ་བཙལ་དུ་གྲུབ། །བྱིན་རླབས་རང་བཞིན་ཚིག་སྦྱོར་གྱིས། །ཕྲིན་ལས་འགྲོ་དོན་ཐོགས་མེད་མཛད། །བྱས་པ་མེད་པར་ལྷུན་གྱིས་གྲུབ། །ཅེས་གསུངས་སོ། །ཡང་གསང་བའི་བདག་པོས་ཞུས་པ། ཕྲིན་ལས་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ཕྲིན་ལས་དག་གི་ངོ་བོ་ནི། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཕྲིན་ལས་ངེས་ཚིག་བསྟན་པ་ནི། །རང་བཞིན་བྱ་བཙལ་ལས་འདས་པས། །སོ་སོའི་དོན་མཛད་ཕྲིན་ལས་ཡིན། །དབྱེ་ན་རྣམ་པ་གཉིས་ཡིན་ཏེ། །རྩོལ་བ་ཡོད་དང་མེད་པའོ། །རྩོལ་བྲལ་ཕྲིན་ལས་རྣམ་པ་བཞི། །ཆོས་སྐུ་དངོས་མེད་སྤྲོས་དང་བྲལ། །རྟོགས་པས་སྤྲོས་པ་ཐམས་ཅད་ཞི། །ཞི་བའི་ཕྲིན་ལས་ཞེས་སུ་བྱ། །ཡོན་ཏན་ནོར་བུ་བཞིན་དུ་འབྱུང་། །རྒྱས་པའི་ཕྲིན་ལས་ཞེས་སུ་བྱ། །ཐམས་ཅད་འབྱུང་ཡང་དེ་ལས་འབྱུང་། །ཐམས་ཅད་གནས་ཀྱང་དེ་ལ་གནས། །ཐམས་ཅད་ཐིམ་ཡང་དེ་ལ་ཐིམ། །ཐམས་ཅད་མངའ་མཛད་དབང་བསྒྱུར་བས། །དབང་གི་ཕྲིན་ལས་ཞེས་སུ་བྱ། །རིག་པ་དངོས་མེད་རྡོས་པའི་ཆོས་མེད་པས། །ཕྱོགས་མེད་གང་ལའང་ཐོགས་པ་མེད་པར་འཆར། །ཐུགས་རྗེའི་སྟོབས་ཀྱིས་སྣང་ཞིང་བསྡུས་པས་ན། །དྲག་

པོའི་ཕྲིན་ལས་ཞེས་སུ་གསུང་བ་ཡིན། །བྱ་བཙལ་མེད་པར་ཉི་མའི་འོད་ཟེར་གྱིས། །ཁམས་གསུམ་མཚན་མོའི་མུན་པ་སེལ་བ་ལྟར། །ཐོགས་པ་མེད་པར་ཐུགས་རྗེ་ཆེན་པོ་ཡིས། །བྱ་རྩོལ་མེད་པའི་ཕྲིན་ལས་ཆེན་པོར་འགྲུབ། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཕྲིན་ལས་ཀྱི་རང་བཞིན་བྱ་བཙལ་མེད་པའི་དོན་བཤད་པ་སྟེ་ལེའུ་རེ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མཆོད་པ་རྣལ་འབྱོར་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ཆོས་ཉིད་དག་པའི་ཕོ་བྲང་ན། །རང་རིག་ཡེ་ཤེས་མ་འགགས་ཤར། །ཡེ་ཤེས་དབྱིངས་ལས་ཤར་བ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་མེད་འགྱུར། །ཡེ་ཤེས་གཉིས་མེད་མཆོད་པ་ཡིན། །མཚན་རྫོགས་རྡོ་རྗེ་འཆང་གི་སར། །ཡབ་ཡུམ་བཞི་བཅུ་རྩ་གཉིས་འཕྲོ། །ཡེ་ཤེས་ལྔ་ཡི་ངང་ལ་རོལ། །མ་འགགས་གཉིས་མེད་མཆོད་པ་ཡིན། །སྤྲུལ་སྐུའི་མཆོད་པ་རྣམ་པ་ལྔ། །མཆོད་རྫས་གཟུགས་སྒྲ་དྲི་རོ་རེག །སེམས་དཔའི་ཁྱེའུ་ལྔས་བླངས་ནས། །རིག་བྱེད་ངང་དུ་གཉིས་མེད་ཐིམ། །རྒྱ་མཚོ་ཆུ་བོའི་འཕྲོ་འདུ་བཞིན། །མཆོད་པ་རྒྱུན་མི་འཆད་པའོ། །ཞེས་གསུངས་སོ། །དེ་ནས་ཡང་རྣལ་འབྱོར་གསུངས་པ། སྐུ་གསུམ་འདུ་འབྲལ་མེད་པ་ནི། །དོན་ལ་མོས་བྱེད་རྣལ་འབྱོར་ཡིན། །རྣལ་འབྱོར་ཆེན་པོ་བསྒོམ་ལས་འདས་པར་རྟོགས། །རྟོགས་པའི་དོན་ལ་བྱ་རྩོལ་མི་མངའ་བར། །རང་གདངས་ཆེན་པོའི་ངང་ལ་གནས་པ་ནི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་བྱ་རྩོལ་འདས་པ་ཡིན། །དེ་དོན་རང་ལ་གནས་པ་ནི། །རྣལ་འབྱོར་བླ་ན་མེད་པ་ཡིན། །རྣལ་འབྱོར་དག་གི་ངོ་བོ་ཡང་། །གཉིས་སུ་མེད་པའི་དགོངས་པ་ཡིན། །རྣལ་འབྱོར་དག་གི་ངེས་ཚིག་ཀྱང་། །བློ་དངོས་གཉིས་མེད་འབྱོར་པ་དང་། །སྐུ་གསུམ་དབྱེར་མེད་གྱུར་པས་འབྱོར་ཞེས་བྱ། །དབྱེ་ན་རྣམ་པ་གཉིས་ཡིན་ནོ། །མིང་དང་དོན་དུ་ང་ཡིས་བཤད། །དོན་གྱི་རྣལ་འབྱོར་གོང་བསྟན་བཞིན། །ཞེས་གསུངས་

སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། མཆོད་པ་དང་རྣལ་འབྱོར་བསྟན་པ་སྟེ་ལེའུ་རེ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། སྔགས་དང་ཕྱག་རྒྱ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །དང་པོ་སྔགས་ཀྱི་དོན་བཤད་པ། །མཆོག་ཏུ་གྱུར་པས་སྔགས་དོན་ནོ། །ངོ་བོ་ངེས་ཚིག་དབྱེ་བ་བསྟན། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ། །གསང་སྔགས་དག་གི་ངོ་བོ་ནི། །ཤེས་རབ་སྙིང་རྗེ་གཉིས་སུ་བསྟན། །རིག་སྔགས་དག་གི་ངོ་བོ་ནི། །ཤེས་རབ་དང་ནི་ཡེ་ཤེས་ཡིན། །གཟུངས་སྔགས་དག་གི་ངོ་བོ་ནི། །ཤེས་རབ་དང་ནི་ཏིང་འཛིན་ཡིན། །སྔགས་གསུམ་དག་གི་ངེས་ཚིག་ནི། །ཤེས་སྐྱོབ་ཕྱིར་ན་དེར་བརྗོད་པའོ། །སྔགས་གསུམ་དག་གི་ཕྲིན་ལས་ནི། །གཞི་གནས་བག་ཆགས་སེལ་དང་མ་རིག་ལོག་རྟོག་སེལ། །འཕྲལ་འབྱུང་བག་ཆགས་སེལ་བར་བྱེད་པ་ཡིན། །ཞེས་གསུངས་སོ། །སྟོན་པས་ཡང་ཕྱག་རྒྱ་བཀའ་སྩལ་པ། ཕྱག་རྒྱ་ཆེན་པོའི་ངོ་བོ་ནི། །འགྱུར་བ་མེད་པའི་རང་བཞིན་ཡིན། །ཕྱག་རྒྱ་ཆེན་པོའི་ངེས་ཚིག་ནི། །མི་འདའ་བས་ན་ཕྱག་རྒྱ་ཡིན། །དབྱེ་བ་ཕྱི་ནང་བསྡུས་པ་ཡིན། །ཕྱག་རྒྱ་བཞི་དང་རྩ་ལྔ་ཡོད། །འདི་རུ་བསྡུས་ཏེ་བཞི་བསྟན་པ། །ཆོས་དང་བྲལ་བ་ཆོས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོ་ཡིན་པར་བཤད། །རང་རིག་ཡེ་ཤེས་དབྱིངས་ལས་ཤར། །དབྱིངས་ཉིད་རིག་པ་དང་ལྡན་པས། །དབྱིངས་དང་ཡེ་ཤེས་གཉིས་མེད་ནི། །དམ་ཚིག་ཕྱག་རྒྱ་ཡིན་པར་བཤད། །རང་བྱུང་ཡེ་ཤེས་མ་འགག་པར། །གསལ་བས་ཆོས་ཀྱི་ཕྱག་རྒྱ་ཡིན། །ཐུགས་རྗེའི་སྐུ་གཉིས་མི་འགག་པར། །རྟོག་མེད་ཐུགས་རྗེས་དོན་མཛད་པས། །ལས་ཀྱི་ཕྱག་རྒྱར་བསྟན་པའོ། །ཕྱག་རྒྱའི་དཔེ་ནི་ནམ་མཁའ་དང་། །རྒྱལ་པོའི་ཕྱག་རྒྱས་བཏབ་པ་ལ། །དེ་ལས་འདའ་བར་མི་ནུས་བཞིན། །གསང་སྔགས་མ་ཡིན་ཤེས་རབ་མ་འགགས་པས། །ཕྱག་རྒྱ་མ་ཡིན་ཐུགས་རྗེ་མ་འགགས་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་

གསལ་ཆེན་པོ་ལས། སྔགས་དང་ཕྱག་རྒྱ་བསྟན་པ་སྟེ་ལེའུ་རེ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། བསྙེན་དང་སྒྲུབ་པ་ཇི་ལྟར་ལགས། སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཞིག །ལྟ་བ་རང་རིག་ཡེ་ཤེས་དེ། །ངོ་སྤྲོད་བཞི་ཡིས་གཏན་ལ་འབེབས། །རང་གི་མཚན་ཉིད་ཉམས་སུ་མྱོང་། །དེ་ནི་བསྙེན་པའི་དོན་དུ་བསྟན། །ལམ་ལ་གནས་པའི་ཉེ་བསྙེན་པའོ། །ལམ་གྲོལ་གྱུར་པས་སྒྲུབ་པ་ཡིན། །ལམ་གྱི་འབྲས་བུ་མཐར་ཕྱིན་པས། །བསྒྲུབ་པ་ཆེན་པོར་གྱུར་པའོ། །གསང་སྔགས་མི་བཟླ་དོན་ལ་བཞག །ཕྱག་རྒྱ་མི་བསྒོམ་མི་བསྐྱེད་ལྷུན་གྱིས་རྫོགས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བསྙེན་བསྒྲུབ་གཉིས་བསྟན་པའི་ལེའུ་སྟེ་བདུན་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཞལ་ནས་གསུངས་པའི་ལུང་ཆེན་རྣམས། །བཤད་པའི་ཐབས་རྣམས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ལུང་རྣམས་ཆེ་བ་ངས་བཤད་དེ། །སྟོན་པའི་ཞལ་ནས་གསུངས་པ་ལས། །གཞན་གྱི་ལུང་ལ་མ་བརྟེན་པས། །ལུང་གིས་ཡིད་ཆེས་ཆེ་བ་དང་། །སྟོན་པའི་ཐུགས་རྣམ་པར་དག་པ་ལས། དང་པོ་རྒྱུ་མེད་བར་དུ་རྐྱེན་མེད། ཐ་མ་མི་འགྱུར་བས། འགྱུར་མེད་ནམ་མཁའི་ལུང་གིས་ཆེ་བ་སྟེ། ཉེས་པ་ཟད་པས་རྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱུ་མེད་པས། །ཞལ་ནས་གསུངས་པའི་བདེན་པའོ། །སྟོན་པ་མཁས་པའི་བདག་ཉིད་པས། །ཚིག་དང་འབྲུ་གཉེར་དོན་སྡེབས་ལེགས། །དེ་བཞིན་ཉིད་ལས་མི་འདའ་བས། །ཡིད་ཆེས་ལུང་གིས་ཆེ་བས་སོ། །ངས་འཁོར་ཀུན་ལས་སྤགས་གྱུར་པའི། །དགའ་རབ་རྡོ་རྗེའི་དོན་ཆེད་དུ། །སྟོན་པའི་ཞལ་ནས་གསུངས་པ་ཡི། །ལུང་མ་ནོར་བར་བྲིས་པ་ནི། །རིན་ཆེན་གསེར་གྱི་གླེགས་བམ་ལ། །བཻ་ཌཱུརྻ་ནི་ཞུན་མ་ཡིས། །

རང་ནན་དག་ཏུ་ལེགས་བྲིས་པས། །ཚིག་ལ་ལྷད་མ་ཞུགས་པ་སྟེ། །དེ་ནི་ལུང་གི་ཆེ་བའོ། །བསྐྱེད་པ་རྫོགས་པ་རྣམ་པ་གསུམ། །འདུ་འབྲལ་མེད་པའི་དགོངས་པ་ནི། །ལོ་མ་མེ་ཏོག་འབྲས་བུའི་ཚུལ། །ཐ་མི་དད་དུ་བསྟན་པ་ནི། །གསང་སྔགས་ཀུན་དང་མཐུན་གྱུར་ཏེ། །གསང་སྔགས་སྤྱི་ལུང་མི་འགལ་བས། །གསང་སྔགས་ཀུན་གྱི་བཀའ་འདུས་པས། །ལུང་གི་ཡིད་ཆེས་ཆེ་བའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལུང་གི་ཆེ་བ་བཤད་པ་སྟེ་ལེའུ་དོན་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ལུང་གི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །ལུང་གི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རྣམས་བཤད། །ཅེས་གསུངས་སོ། །རིགས་ཀྱི་བུ་ལུང་གི་ངོ་བོ་ནི། དབྱེ་བའི་སྒོ་ནས་སྟོན་ཏེ། དོན་གྱི་ལུང་གི་ངོ་བོ་ནི། མི་འགྱུར་བ་སེམས་ཀྱི་ལུང་ཞེས་བྱ་སྟེ། རིག་པ་ཉིད་དོ། །ཚིག་གི་ལུང་གི་ངོ་བོ་ནི་སྟོན་པས་གསུངས་པ་ལས། བསྣན་ཕྲི་མ་བྱས་པའི་ཚིག་གོ། །ཚིག་གི་ལུང་ལ་གཉིས་ཏེ། སྙན་ཁུང་བརྒྱུད་པའི་ལུང་དང་། མངོན་དུ་ཕྱུང་བའོ། །དེ་ལ་གཉིས་ཏེ། དྲང་དོན་དང་ངེས་དོན་ནོ། །ལུང་གི་ངེས་ཚིག་ནི། ཚིག་གི་དོན་མཚོན་ལུང་ཞེས་བྱ། ཡིད་ཆེས་པའི་ཕྱིར་ལུང་ཞེས་བྱ། ཟིན་པས་ལུང་ཞེས་བྱ། བདེ་བླག་ཏུ་རྟོགས་པར་བྱེད་པས་ལུང་ཞེས་བྱ། བཀྱེར་བདེ་བས་ཀྱང་ལུང་། ཀུན་དང་འདྲེལ་དུ་བཏུབ་པས་ན་ལུང་ངོ་། །དཔེ་ནི་རྒྱལ་པོས་བཀའ་སྩལ་པ་ལྟ་བུ་དང་། སྣོད་སྤྱད་ལུང་ནས་ཟིན་པ་ལྟ་བུ་དང་། སྣོད་ལུང་མེད་བཀྱེར་མི་བདེ་ལ། ལུང་ཅན་བཀྱེར་བདེ་བ་ལྟ་བུ་དང་། འདམ་གྱི་ཕུར་བ་ལྟ་བུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལུང་གི་དོན་བཤད་པ་སྟོན་པ་སྟེ་ལེའུ་དོན་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མན་ངག་བཤད་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་

བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །མན་ངག་དོན་གྱི་བཤད་ལུགས་ནི། །སྤྱི་དོན་རྣམ་པ་ལྔ་ཡིས་བཤད། །ལོ་རྒྱུས་དོན་དང་རྩ་བའི་དོན། །ཚིག་གི་དོན་དུ་བཤད་པ་དང་། །ཡོ་གའི་དོན་དུ་བཤད་པ་དང་། །དགོས་ཆེད་དོན་དུ་བཤད་པའོ། །ལོ་རྒྱུས་དོན་ལ་རྣམ་གསུམ་སྟེ། །གང་ཟག་དག་གིས་འཕྲལ་ལ་བྱས་པ་མ་ཡིན་པར། །དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་བརྒྱུད་པས་བཤད། །སངས་རྒྱས་ཞལ་ནས་གསུངས་པས་ཡིད་ཆེས་འགྱུར། །ངེས་པ་དོན་གྱི་འཁོར་ཡིན་པས། །རིག་འཛིན་བརྡའ་ཡི་བརྒྱུད་པས་བཤད། །ལྡེམ་པོའི་དོན་ལ་དགོངས་པ་མ་ཡིན་པར། །ངེས་པའི་དོན་དུ་གསུངས་པས་ཡིད་ཆེས་འགྱུར། །དེ་བཞིན་བཤད་པའི་དུས་སུ་རྒྱུད་བཤད། །བརྒྱུད་པ་འདྲེལ་མ་ཆད་པས་ངེས་པར་ཡིད་ཆེས་འགྱུར། །རྩ་བའི་དོན་དུ་བཤད་པ་ནི། །རང་རིག་ཡེ་ཤེས་ཆེན་པོར་བཤད། །ཚིག་གི་དོན་དུ་བཤད་པ་ནི། །བྱིན་རླབས་ངོ་བོ་ཚིག་བསྡེབས་ཏེ། །སྐུ་གསུམ་རྒྱལ་བས་བཤད་པའི་ལུགས། །མཚོན་བྱེད་ཚིག་གིས་ངེས་པའི་དོན་བཤད་པ། །གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱ། །ཡོ་གའི་དོན་དུ་བཤད་པ་ནི། །ཐེག་པའི་ལ་ཤན་ཕྱེ་ལ་བཤད། །དེ་ཡང་ཀུན་གསལ་འདི་བསྟན་བཞིན། །དགོས་ཆེད་དོན་དུ་བཤད་པ་ནི། །འཁྲུལ་པ་གསུམ་ལོག་རབ་འབྲིང་རིམ་པས་གྲོལ། །རིན་ཆེན་སྦུབས་སུ་གྲུབ་མཐའ་རྫོགས་པར་བསྟན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། མན་ངག་དགོས་ཆེད་ལྔས་བཤད་པར་བསྟན་པ་སྟེ་ལེའུ་བདུན་ཅུ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མན་ངག་རྣམ་གསུམ་མཛོད་གྱུར་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཞིག །སྐུ་དང་གསུང་དང་ཐུགས་རྒྱུད་གསུམ། །མཛོད་གསུམ་མན་ངག་ཀུན་གྱི་གཞི། །གཞི་ཡི་གནས་ལུགས་

མན་ངག་དང་། །དེ་བརྗོད་ཚིག་གི་མན་ངག་དང་། །ཚིག་དང་དོན་སྦྱོར་མན་ངག་གསུམ། །སྐུ་གསུང་ཐུགས་ཀྱི་མཛོད་ནས་ཕྱུང་། །སྙིང་པོ་གསུམ་དུ་ཤེས་པར་བྱ། །ཞེས་གསུངས་སོ། །ཡང་གསུང་པ། མན་ངག་དོན་གྱི་ངོ་བོ་དང་། །མིང་གི་ངེས་ཚིག་བསྟན་པ་དང་། །དེ་ཡི་བྱེ་བྲག་དཔེ་དང་བཅས་པ་བསྟན། །དེ་ཡི་དབྱེ་བ་བསྟན་པ་ནི། །ཚིག་དང་དོན་དུ་ཤེས་པར་བྱ། །དོན་གྱི་མན་ངག་ངོ་བོ་ནི། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གསལ་བར་ཞལ་དུ་བརྗོད་པའོ། །ཚིག་གི་མན་ངག་ངོ་བོ་ནི། །ཞལ་ནས་གསུངས་པའི་ཚིག་ཚོགས་ཀུན། །མ་ནོར་དོན་དང་ཁྲིགས་བསྡེབས་ནས། །བདེ་བླག་རྟོགས་ཕྱིར་དཀར་ཆག་མནན། །ཚིག་དོན་གསལ་བར་བྱེད་པ་ཡིན། །ངོ་བོ་དབྱེ་བ་དེ་བསྟན་ཏོ། །དེ་ཡི་ངེས་ཚིག་བསྟན་པ་ནི། །ཚེགས་ཆུང་དོན་ཆེ་མན་ངག་དང་། །ངེས་དོན་གདམས་ངག་གང་ཡིན་པ། །བརྗོད་བྲལ་གསང་ཕྱིར་མན་ངག་གོ། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །མ་ཡིས་གདམས་ངག་བུ་ལ་སྨྲས་པ་འདྲ། །སྤྱིར་ན་རྒྱུད་ལུང་མན་ངག་གསུམ། །རྗེ་བློན་དམངས་དང་འདྲ་བར་བསྟན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། མན་ངག་གི་དོན་གྱི་བཤད་པ་སྟེ་ལེའུ་དོན་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། མན་ངག་ལུང་གི་ས་ལམ་དང་། །ཕ་རོལ་ཕྱིན་པ་གསུང་དུ་གསོལ། །ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ།ལག་ན་རྡོ་རྗེ་ངེས་ཟུང་ཞིག །མན་ངག་རྫོགས་པ་ཆེན་པོ་ལ། །ས་ལ་སྦྱང་དུ་མེད་པ་ཡིན། །ལམ་ལ་བགྲོད་དུ་མེད་པ་ཡིན། །ཕ་རོལ་ཕྱིན་བཅུ་སྤྱད་དུ་མེད། །འོན་ཀྱང་ཐེག་པ་སྤྱི་དང་སྒོ་བསྟུན་ལ། །སྦྱང་དུ་མེད་པའི་ས་རིམ་དང་། །བགྲོད་དུ་མེད་པའི་ལམ་རིམ་དང་། །སྤྱད་དུ་མེད་པའི་ཕ་རོལ་ཕྱིན་པ་བཤད། །ཅེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། །སྦྱང་དུ་མེད་པའི་ས་རིམ་གསུང་དུ་གསོལ། །

ཞེས་ཞུས་སོ། །རྫོགས་ཆེན་ཆོས་ཉིད་ས་གཅིག་ལ། །ཡོན་ཏན་རྫོགས་ཚུལ་བཅོ་ལྔས་རྩི། །རྒྱུད་ལུང་སྤྱི་ཡི་ཁོག་དོན་ཀུན་བཀྲོལ་ནས། །ངོ་སྤྲོད་རྣམ་བཞིས་ཚེ་འདིར་བདེན་པ་མཐོང་། །དེ་ལ་རབ་ཏུ་དགའ་བའི་ས་ཞེས་བྱ། །མན་ངག་དོན་གྱིས་བློ་ཡི་ཐེ་ཚོམ་བསལ། །རང་གི་རྒྱུད་ལ་ངེས་པའི་ཤེས་རབ་སྐྱེས། །དྲི་མ་མེད་པའི་ས་རུ་བཏགས་པ་ཡིན། །གསུམ་པ་འོད་བྱེད་པ་ནི། སེམས་ཡེ་ཤེས་ཀྱི་དབང་དུ་འདུས་ཏེ་དེ་ཉིད་ཀྱི་རྩལ་དུ་ཤེས་པས་དོན་བརྗོད་རག་མ་ལུས། །བཞི་པ་འོད་འཕྲོ་དེ་དོན་ཀུན་ཏུ་སྒྲོགས། །ལྔ་པས་དུག་ལྔ་དུག་གསུམ་ངང་དུ་དག །དྲུག་པས་སྦུབས་གསུམ་སྐབས་ཀྱི་སྐུ་གསུམ་གསལ། །བདུན་པས་ཐེག་བརྒྱད་དོན་ལས་རབ་ཏུ་འཕགས། །བརྒྱད་པས་རང་གི་དོན་ལས་མ་གཡོས་མཁྱེན། །དགུ་པས་ཡོན་ཏན་རང་ལ་རྫོགས་པར་མཁྱེན། །བཅུ་པས་ཆོས་རྣམས་གང་ལའང་ཐོགས་མེད་མཁྱེན། །བག་ཆགས་སྦུབས་སུ་རྟོགས་པ་སྐྱེ་ལུགས་ཡིན། །རྟོགས་ལྡན་འཁྲུལ་པའི་སྣང་བ་འགགས་པའི་ཚེ། །ཆོས་ཉིད་ཀློང་དུ་ཡེ་ཤེས་འོད་དུ་གསལ། །བཅུ་གཅིག་ས་ལ་གནས་པ་ཀུན་ཏུ་འོད་ཀྱི་ས། །དེ་ཚེ་རང་སྣང་ཡིན་པས་མཁྱེན་པ་ཁོང་ནས་ཤར། །ཤེས་རབ་སྐྱེས་པའི་སྟོབས་ཀྱིས་སྐུར་གསལ་བས། །ཚོམ་བུ་ལྔ་ལས་ཆོས་ཀྱི་སྤྱན་དུ་ཤར། །གསལ་ལ་མི་གནས་པདྨ་ཅན་གྱི་ས། །གསུང་གི་ངོ་བོ་རང་བྱུང་ཡི་གེ་དྲུག །ལྗགས་ལས་འོད་འཕྲོས་སྤྲུལ་པའི་སྐུར་གྱུར་པ། །བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་ལ། །སྤྲུལ་པའི་སྐུ་ཡིས་འགྲོ་དོན་རྫོགས་མཛད་པ། །རྡོ་རྗེ་འཛིན་པ་བཅུ་བཞིའི་ས་རུ་བཞག །ཡེ་ཤེས་སྦུབས་སུ་རྫོགས་སངས་རྒྱས་པ་ཡིས། །ཐུགས་རྗེ་གནས་ནས་སྒྲོལ་ཞིང་རང་རང་གཞི་ལ་སྦྱོར། །གསང་བའི་དོན་གྱིས་སྦྱོར་སྒྲོལ་ཞེས་སུ་བཏགས། །རང་བྱུང་ཚིག་ལྔས་ཞི་བ་མྱ་ངན་འདས། །རིན་ཆེན་སྦུབས་སུ་སྐུ་གསུམ་ཀློང་ན་འཁྱིལ། །དཔེར་ན་གནམ་སྟོང་ཟླ་བ་ཡོངས་རྫོགས་ཀྱང་། །ཉི་མའི་སྟོབས་ཀྱི་ཟླ་བ་མི་སྣང་ལ། །ཚེས་གཅིག་དགོངས་ནས་བཅོ་ལྔས་གསལ་བ་འོད་ཀྱིས་ཀྱང་འདུག་

རྫོགས་གྱུར་ཏེ། །དེ་ནས་ཟླ་བ་སྐྱེ་རུ་མེད་པ་ལྟར། །རིན་ཆེན་སྦུབས་དང་འདུ་འབྲལ་མེད་ཀྱིས་ཀྱང་། །འཁྲུལ་པའི་སྟོབས་ཀྱིས་གསལ་མ་ནུས། །དང་པོའི་ས་ནས་བཅོ་ལྔ་ཡོངས་རྫོགས་ཏེ། །དེ་ལས་ཡར་གཤེགས་དགུ་ལ་ཤུལ་མི་མངའ། །ཉི་ཤུ་རྩ་གཅིག་སུམ་ཅུ་རྩེ་སོགས་རྣམས། །བཅོ་ལྔའི་འདུག་ཚུལ་ཡོན་ཏན་ཟུར་ཙམ་ཡིན། །བརྩི་བ་མས་བརྩི་ཤེས་པ་ཐད་ཀར་ཆོད། །གཟིགས་པ་མ་འགགས་ཡས་གཟིགས་ཏེ། །རྣམ་རྟོག་མི་མངའ་ས་ལེར་མཁྱེན་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ས་དང་ཕ་རོལ་ཕྱིན་པ་དང་། ལམ་ལྔ་ཞུས་པའི་སྡོམ་དང་། སའི་རིམ་པ་དངོས་བསྟན་པ་སྟེ་ལེའུ་དོན་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ས་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཉོན། །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཐུན་པའི་དཔེ་རུ་བསྡུས་པ་བསྟན། །ཀྱེ་མ་རིགས་ཀྱི་བུ། ས་ཡི་དོན་གྱི་ངོ་བོ་ནི། །ཆོས་ཉིད་མི་འགྱུར་བའོ། །མཐོ་དམན་དག་གི་ངོ་བོ་ནི། ཤེས་རབ་དང་སྙིང་རྗེ་ཆེ་ཆུང་ངོ་། །སའི་དབྱེ་བ་ནི་འཇིག་རྟེན་པའི་ས་དང་། འཇིག་རྟེན་ལས་འདས་པའི་སའོ། །འདས་པའི་ས་ལ་གཉིས་ཏེ། ཐེག་པ་ཆེན་པོའི་ས་དང་། ཐེག་པ་ཆུང་ངུའི་སའོ། །ཆེན་པོའི་ས་ལ་ཐུན་མོང་དང་ཁྱད་པར་སའོ། །ཁྱད་པར་འདིར་བསྟན་པའོ། །ངེས་ཚིག་ནི་མི་འགྱུར་བའི་ཕྱིར་སའོ། །གནས་པས་སའོ། །དཔེ་ནི་མ་འདྲེས་ལ་རྫོགས་པ་མཆོད་རྟེན་གྱི་ཁྲི་འཕང་ལྟ་བུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སའི་དོན་བཤད་བསྟན་པ་སྟེ་ལེའུ་དོན་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བགྲོད་ཅིང་འཇུག་ཏུ་མེད་པ་ཡི། །ལམ་གྱི་རིམ་པ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཞིག །ལམ་མེད་ལམ་དུ་འཇུག་པ་རྣམས་

ཀྱི་ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུར་བསྙེག་པ་འདྲ། །དེ་བས་ངེས་པའི་ལམ་མ་ཡིན། །བགྲོད་མེད་ལམ་ལ་རང་གནས་པའི། །འདུ་འབྲལ་མེད་པའི་དགོངས་པ་ལས། །མ་ནོར་ངེས་པའི་ལམ་ཆེན་གཅིག །བགྲོད་དུ་མེད་དོ་ཆོས་ཉིད་བྱང་ཆུབ་སེམས། །རྩོལ་བས་བགྲོད་པས་ཡེ་ཤེས་མཐའ་ལ་རིང་། །འཇུག་ཏུ་མེད་དོ་རང་རིག་ཡེ་ཤེས་ལམ། །འཇུག་པའི་རྩོལ་བས་སྡུག་བསྔལ་མཐའ་རུ་ལྷུང་། །འོན་ཀྱང་མ་བཤད་གོ་བར་མི་འགྱུར་བས། །བགྲོད་མེད་ལམ་གཅིག་རྟོགས་པའི་ཐབས། །སྒྲ་མཐུན་དོན་སྤགས་ལམ་ལྔར་བཤད། །བླ་མར་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །བླ་མས་གདམས་པའི་དོན་བཤད་དེ། །གདམས་ངག་རྣམ་གཉིས་རྒྱུད་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་བཤད་པ་ཡིན། །བསྒོམ་དུ་མེད་པའི་བསྒོམ་པ་དང་། །བསྒོམ་དུ་ཡོད་པའི་མེད་པ་ཡིས། །འདུ་འབྲལ་མེད་པར་གནས་པ་ནི། །བསྒོམ་པའི་ལམ་དུ་ང་ཡིས་བསྟན། །སངས་རྒྱས་དགོངས་པའི་གདེང་ཆེན་བཞི། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་བཤད་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འབྲས་བུ་ངེས་པའི་ལམ་ལྔ་བསྟན་པ་སྟེ་ལེའུ་དོན་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འདུ་འབྲལ་མེད། །ལམ་གྱི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ངེས་ཟུང་ཞིག །ལམ་གྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རུ་བཤད། །ངས་བསྟན་ལམ་གྱི་ངོ་བོ་ནི། །འདུ་འབྲལ་མེད་པའི་རྣལ་འབྱོར་ཡིན། །ལམ་གྱི་ངེས་ཚིག་བསྟན་པ་ནི། །མ་ནོར་བཞིན་དུ་འཇུག་

ཅིང་བགྲོད་པ་སྟེ། །མི་འབྲལ་གནས་པས་ལམ་ཞེས་བྱའོ། །དབྱེ་བ་རྣམ་པ་གཉིས་ཡིན་ཏེ། །རྒྱུ་ཡི་ལམ་དང་འབྲས་བུ་ངེས་པའི་ལམ། །དཔེ་ནི་འཇིག་རྟེན་ལམ་དང་འདྲ། །རྩོལ་བྲལ་ལམ་གྱི་མཚོན་དཔེ་ནི། །མཁའ་ལ་ཁྱུང་ཆེན་ལྡིངས་པ་འདྲ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ལམ་གྱི་དོན་བཤད་བསྡུས་པ་སྟེ་ལེའུ་དོན་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྩོལ་བསྒྲུབ་འདས། །སྤྱོད་མེད་ལྷུན་གྱིས་གྲུབ་པ་ཡི། །འབྲས་བུའི་ཕ་རོལ་ཕྱིན་པ་བཅུ། །སྒྲ་མཐུན་དོན་སྤགས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངེས་ཟུང་ཞིག །ཕ་རོལ་ཕྱིན་པ་ཆེན་པོ་བཅུ། །ཟིན་པས་རྩོལ་བའི་ནད་སྤངས་པ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །སྙིང་པོ་ཡེ་ནས་སངས་རྒྱས་ལ། །རྩོལ་བའི་བསམ་པས་དབྱིངས་མི་སྤྱོད། །བསམ་གཏན་ཏིང་འཛིན་སངས་རྒྱས་སྐུ་ལ་བསྒྲིབས། །སངས་རྒྱས་སྐུ་ནི་མ་བསྒྲིབས་ཀུན་ཏུ་གསལ། །ལྷུན་གྲུབ་ཆེན་པོར་མ་རྟོགས་པས། །ངེས་པའི་ཕ་རོལ་ཕྱིན་པ་མིན། །ཡང་དག་ངེས་པའི་དོན་ཆེན་འདི། །ངོ་བོ་ནམ་མཁའ་ལྟ་བུ་ལས། །ཡོན་ཏན་སྣང་བ་ཕྱོགས་མེད་ཤར། །ཤར་ཡང་རང་རིག་རྣམ་པར་དག །དེ་ཉིད་སྦྱིན་པའི་ཕ་རོལ་ཕྱིན་པ་ཡིན། །དྲི་མེད་རྣམ་དག་ཚུལ་ཁྲིམས་ཕ་རོལ་ཕྱིན། །འགྲན་ཟླ་མེད་པས་བཟོད་པའི་ཕ་རོལ་ཕྱིན། །བརྗོད་པ་མེད་པས་བརྩོན་འགྲུས་ཕ་རོལ་ཕྱིན། །གཡོ་བ་མེད་པས་བསམ་གཏན་ཕ་རོལ་ཕྱིན། །འགག་པ་མེད་པས་ཤེས་རབ་ཕ་རོལ་ཕྱིན། །གཏི་མུག་མ་རིག་མེད་པས་དེ་བཞིན་ནོ། །བྱ་བཙལ་མི་མངའ་ཐབས་ཀྱི་ཕ་རོལ་ཕྱིན། །སྐད་ཅིག་སྤྱོད་པས་དེ་བཞིན་ནོ། །འགྲན་ཟླ་མེད་པས་སྟོབས་ཀྱི་ཕ་རོལ་ཕྱིན། །ཡོན་ཏན་རང་ལ་རྫོགས་པས་སྨོན་ལམ་ཕ་རོལ་ཕྱིན། །གཞི་གནས་ཡེ་ཤེས་ཡིན་པས་ཡེ་ཤེས་ཕ་རོལ་ཕྱིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཕ་རོལ་ཕྱིན་པ་བཅུ་སྤྱད་དུ་མེད་དེ། གཞི་རྫོགས་

སུ་བསྟན་པ་སྟེ་ལེའུ་དོན་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དོན་གྱི་ཕ་རོལ་ཕྱིན་པ་བཅུ། །དེ་ཡི་དོན་བཤད་ཇི་ལྟར་ལགས། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཕ་རོལ་ཕྱིན་པའི་ངོ་བོ་དང་། །ངེས་ཚིག་དབྱེ་བ་མཐུན་དཔེ་རྣམས། །བསྡུས་ཏེ་དོན་དུ་གསལ་བར་བཤད། །དང་པོ་ངོ་བོ་བཤད་བྱ་བ། །རྣམ་གྲངས་ངེས་པའི་དོན་ལ་བཞག །དབྱེ་བའི་སྒོ་ནས་ཤེས་པ་ཡིན། །ངེས་ཚིག་གཏན་ཚིགས་བཅས་པ་ནི། །མི་གནས་མཐའ་རྫོགས་ཕ་རོལ་ཕྱིན། །དབྱེ་ན་རྣམ་པ་གཉིས་སུ་འདུས། །རྒྱུ་ཡི་ཕ་རོལ་ཕྱིན་པ་དང་། །འབྲས་བུའི་ཕ་རོལ་ཕྱིན་པའོ། །དཔེར་ན་དོན་གཉེར་ལམ་ཞུགས་པ། །འདོད་པའི་ཡུལ་དུ་ཕྱིན་པ་འམ། །གྲུ་ལ་བརྟེན་གནས་མཚོ་ལས་ཐར། །སྐྱེས་བུའི་མཐེབ་མོས་མདའ་བསྐྱོད་བཞིན། །མཐར་ཕྱིན་གྲུབ་པའི་ས་ལ་གནས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འབྲས་བུའི་ཕ་རོལ་ཕྱིན་པའི་དོན་བཤད་བསྟན་པ་སྟེ་ལེའུ་བརྒྱད་ཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྟོན་པས་གསུངས་པའི་རྒྱུད་ལུང་ལས། །སྦུབས་ཞེས་གསུངས་པ་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །སྦུབས་ཀྱི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་ཡིས་བཤད། །དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །རིན་ཆེན་སྦུབས་དང་འོད་ཀྱི་སྦུབས། །བག་ཆགས་སྦུབས་དང་གསུམ་ཡིན་ནོ། །དང་པོའི་མཚན་ཉིད་བསྟན་པ་ནི། །རྣམ་དག་ཟང་ཐལ་མི་རྟོག་འགྱུར་བ་མེད། །འགག་མེད་ཀུན་གསལ་ཡེ་ཤེས་སྐུ། །ཕྱོགས་གཅིག་མཚོན་པ་མན་ཤེལ་བཞིན། །ཞིབ་ཏུ་གོང་བསྟན་གཞི་སྣང་བཞིན། །རིན་ཆེན་སྦུབས་ཏེ་ཆོས་སྐུ་ཡིན། །བར་བའི་མཚན་ཉིད་བསྟན་པ་ནི། །འགག་མེད་ཡེ་ཤེས་འོད་ཀྱི་སྐུ། །སུམ་ཅུ་རྩ་

གཉིས་མཚན་འཆང་བ། །ཚོམ་བུའི་དཀྱིལ་འཁོར་ཆེན་པོ་ལྔ། །གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན། །འོད་ཀྱི་སྦུབས་ཏེ་ལོངས་སྐུ་ཡིན། །ཐ་མའི་མཚན་ཉིད་བསྟན་པ་ནི། །བག་ཆགས་རྣམ་བཞི་ཡོངས་རྫོགས་པ། །ཕུང་པོ་ཁམས་དང་སྐྱེ་མཆེད་བཅས། །ཚོགས་བརྒྱད་སེམས་དང་བཅས་པ་ནི། །བག་ཆགས་སྦུབས་སུ་ང་ཡིས་བསྟན། །དེ་ལ་སྦུབས་གསུམ་ངོ་བོ་ནི། །གོང་བསྟན་སྐུ་གསུམ་ཡིན་པར་བཤད། །སྦུབས་ཞེས་བྱ་བའི་གཏན་ཚིགས་ནི། །བཞུགས་པའི་རྟེན་དུ་གྱུར་པའོ། །སྦུབས་ཞེས་བྱ་བའི་སྤྱི་ཚིག་གོ། །སོ་སོའི་ངེས་པ་བསྟན་པ་ནི། །ཡོན་ཏན་ཀུན་འབྱུང་རིན་ཆེན་སྦུབས། །སྣང་ལ་རང་བཞིན་མེད་པས་འོད་ཀྱི་སྦུབས། །ཆུ་ཟླ་མེ་ལོང་གཟུགས་བརྙན་དང་། །འཇའ་ཚོན་ལྟ་བུའི་དཔེ་ཡིས་བསྟན། །རྣམ་རྟོག་མཐུ་བརྟས་བག་ཆགས་སྦུབས། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྦུབས་བསྟན་པ་སྟེ་ལེའུ་གྱ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྟོན་པས་གསུངས་པའི་རྒྱུད་ལུང་དུ། །སྣང་བའི་བྱེ་བྲག་གསུངས་པ་རྣམས། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཞིག །སྣང་བའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་སོ་སོའི་དཔེ་རུ་བཤད། །དང་པོ་དབྱེ་བ་རྒྱས་བསྡུས་གཉིས། །རྒྱས་པ་ལ་ཡང་རྣམ་པ་བཞི། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །རྟོགས་ལྡན་དོན་གྱི་སྣང་བ་གཅིག །དབྱེར་མེད་ཀུན་ཏུ་བཟང་པོའི་སྣང་བ་བཞིའོ། །བསྡུས་པའི་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་པའི་སྣང་བ་དང་། །དག་པ་འཇིག་རྟེན་པའི་སྣང་བ་དང་། །ཡང་དག་པ་ཡེ་ཤེས་ཀྱི་སྣང་བའོ། །དང་པོ་རྒྱས་པ་རྣམ་བཤད་ན། །འགྲོ་དྲུག་ཞེན་པའི་སྣང་བ་དྲུག །ཤེས་བྱའི་དཀྱིལ་འཁོར་མ་འགགས་པའི། །སྣང་བའི་དངོས་པོ་འདི་ཉིད་ལ། །དམྱལ་

བས་ཚ་གྲང་གཉིས་སུ་མཐོང་། །ཡི་དྭགས་གསུམ་ལ་སྣང་བ་གསུམ། །ཕྱི་ནང་སྤྱི་མཐུན་སྣང་བའོ། །ཕྱི་ཡི་ཟས་ལ་རྣག་ཁྲག་དང་། །གོས་ལ་ཚེར་མ་ལྟ་བུའོ། །གཅིག་ལ་ཟས་སྣང་སྲུང་མས་བསྲུངས། །གཅིག་ལ་བསྲུང་མེད་ཟོས་པས་དུག །དེ་བཞིན་ཡི་དྭགས་གསུམ་ལ་སྣང་། །བྱོལ་སོང་གཉིས་ལ་སྣང་བ་གཉིས། །བྱིངས་ན་གནས་ལ་མུན་པ་དང་། །ཁ་འཐོར་གནས་ལ་གྱེན་མཐུར་སྣང་། །མི་ལ་མཐུན་སྣང་འདི་ཉིད་དེ། །རང་རང་ཡུལ་མི་ཁྱིམ་མཚེས་སོགས། །ལྷ་མ་ཡིན་ལ་གོ་མཚོན་སྣང་། །ལྷ་ལ་རིན་ཆེན་བདུད་རྩིར་སྣང་། །བློ་སྣང་ཞེན་པའི་བག་ཆགས་ཡིན། །རྒྱུ་འབྲས་བློ་ཡི་སྣང་བ་བཅུ། །མུ་སྟེགས་རྟག་པའི་སྣང་བ་ཡང་། །རྟག་པའི་དངོས་པོ་འདི་ལས་གཞན་མི་སྣང་། །མུ་སྟེགས་ཆད་པའི་སྣང་བ་ཡང་། །འདི་ཡོད་ཕྱི་མ་མེད་པ་སྟེ། །སྣང་བ་འདི་ཉིད་གློ་བུར་བྱུང་བ་ལ། །ཞིག་པས་འབྱུང་བ་ལྔ་ཡི་ངང་དུ་ཞི། །མེད་ཆད་སྣང་བ་གཞན་མི་སྣང་། །ཉན་ཐོས་གཡག་རྔ་ནེའུ་སེང་དང་། །གོང་བུ་ཆ་ཤས་མེད་པར་བལྟ། །གཟུང་འཛིན་ཆོས་ཀྱི་བདག་ཏུ་སྣང་། །རང་རྒྱལ་གོང་མཐུན་ཕྱོགས་གཅིག་སྟོང་། །ཕུང་པོ་ཁམས་ལ་ཕྱོགས་གཅིག་བདག་མེད་པའོ། །མདོ་སྡེ་དོན་དམ་སྟོང་པ་ཉིད། །ཀུན་རྫོབ་སྒྱུ་མ་ཙམ་དུ་སྣང་། །གསང་སྔགས་ཕྱི་ནང་གཉིས་པོ་དང་། །དོན་དམ་མདོ་སྡེ་མཐུན་པ་ལ། །ཀུན་རྫོབ་སྣང་བ་སོ་སོར་མཐོང་། །ཀྲྀ་ཡས་རིགས་གསུམ་རྗེ་ཁོལ་མཐོང་། །ཨུ་པས་ལྷ་དང་དཔོན་གཡོག་མཐོང་། །ཡོ་གས་སྤུན་དང་གྲོགས་པོར་མཐོང་། །མ་ཧཱས་ཕུང་པོ་ལྷར་སྣང་མཐོང་། །ཨ་ནུས་དབྱིངས་དང་ཡེ་ཤེས་མཐོང་། །ཀུན་གྱིས་རྒྱུ་འབྲས་མ་སྤངས་ཤིང་། །དངོས་པོར་མི་བདེན་བློ་ལ་སྣང་། །རྒྱུ་འབྲས་བློ་ཡི་སྣང་བ་ཡིན། །རྟོགས་ལྡན་དོན་གྱི་སྣང་བ་ནི། །རྫོགས་ཆེན་རྟོགས་པའི་སྣང་བ་ཡིན། །ཐམས་ཅད་ཆོས་སྐུའི་ངོ་བོར་མཐོང་། །ཀུན་ཏུ་བཟང་པོའི་སྣང་བ་ནི། །གོང་མ་དང་མཚུངས་གཉིས་མེད་སྣང་། །ཐོག་མའི་

གཞི་སྣང་འདུག་ཚུལ་ཡིན། །བསྡུས་པས་སྣང་བ་རྣམ་པ་གསུམ། །མ་དག་འཁྲུལ་སྣང་གོང་བསྟན་རིགས་དྲུག་ཡིན། །དག་པ་འཇིག་རྟེན་པའི་སྣང་བ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན། །ཡང་དག་ཡེ་ཤེས་སྣང་བ་ནི་གཞི་སྣང་གོང་དང་མཚུངས་པ་ཡིན། །སྣང་བའི་དབྱེ་བ་རྒྱས་བསྡུས་བསྟན་པའོ། །སྣང་བའི་ངོ་བོ་བསྟན་པ་ནི། །དབྱེ་བ་གོང་ནས་ཤེས་པར་གྱིས། །འོག་ཏུ་ཟུར་ཙམ་བརྗོད་མི་ལང་། །ཡང་དག་ངེས་པའི་ངོ་བོ་ནི། །ཆོས་ཉིད་གདངས་དང་སྣང་བ་དག་གི་ངེས་ཚིག་ནི། །འགག་མེད་ཡུལ་དུ་མཐོང་བས་སྣང་བར་བརྟགས། །དཔེ་ནི་དབྱེ་བའི་ཁོག་ཏུ་བསྟན། །འདི་རུ་ངེས་པའི་དཔེ་བསྟན་པ། །ཉི་མ་དག་ལ་ཟེར་སྣང་དང་། །མར་མེ་དག་ལས་འོད་སྣང་བཞིན། །སྣང་ཞིང་རང་གི་གདངས་ལ་བཞུགས། །དེ་བཞིན་ཡེ་ཤེས་ཆེན་པོ་ལས། །ཡེ་ཤེས་རང་གདངས་ཟང་ཐལ་སྣང་། །ཡེ་ཤེས་རང་གི་གདངས་ལ་བཞུགས། །ཆོས་ཉིད་དག་པའི་དཔེ་བསྟན་པ། །མེ་ལོང་ལ་སོགས་བཞིན་སྣང་བཞིན། །གོང་དུ་བཤད་པས་འདིར་མ་བརྗོད། །བསྡུས་པས་གནས་པའི་ཡུལ་གསུམ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྣང་བའི་དོན་བསྡུས་ནས་གསལ་བར་བསྟན་པ་སྟེ་ལེའུ་གྱ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྣང་བ་དེ་ལ་གནས་པ་ཡི། །ཆགས་ལུགས་བཞི་པོ་ཇི་ལྟར་གྲུབ། །ཅེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངེས་ཟུང་ཞིག །དང་པོ་ཐུགས་རྗེ་རྩལ་གྱི་ཆགས་ལུགས་ནི། །རིག་པའི་མཚན་ཉིད་རྣམ་ལྔ་ལས། །རང་བྱུང་ཡེ་ཤེས་འོད་དུ་གསལ། །དེ་ལས་གཟུང་འཛིན་རྟོག་འགྱུས་པས། །འོད་དེ་ལུས་ཀྱི་རྟེན་དུ་འགྱུར། །ཐུགས་རྗེ་རྩལ་གྱི་ཆགས་ལུགས་ཡིན། །དེ་ནི་འཁྲུལ་པའི་སེམས་ཅན་ལའོ། །ཐུགས་རྗེ་སྤྲུལ་སྐུའི་ཆགས་ལུགས་ནི། །ལོངས་སྐུ་ཡབ་ཡུམ་ཞལ་བར་ནས། །ཡི་གེ་དྲུག་པ་འོད་དུ་འཕྲོ་བའོ། །སྲིད་པ་གཞི་ཡི་འཛིན་ལུགས་ནི། །

དང་པོ་བག་ཆགས་ལུས་འདི་ལ། །བརྟགས་ནས་སྲིད་པའི་ཆ་བཟུང་བའོ། །དེ་ནས་ལུས་བྱིངས་བསྐྱེད་པའོ། །མིག་གཉིས་དག་ནས་རྩ་གཉིས་ཤར། དེ་རྩ་ཡི་མདུད་པ་གྱུར་པས། དེ་ལས་ལུས་བསྐྱེད་པའི་རྩའི་ཡན་ལག་རྣམས་ཤར་རོ། །དེའི་ནང་དུ་ཙིཏྟ་དང་། གློ་བ་ལ་སོགས་ནང་ཁྲོལ་རྣམས། །དོན་སྙིང་སོ་སོར་རྫོགས་པ་གྲུབ། །སྡུད་བྱེད་ལུས་ཀྱི་ཆགས་ལུགས་ཡིན། །གསོ་བྱེད་བཅུད་ཀྱི་ཆགས་ལུགས་ནི། །མ་བུའི་ལྟེ་བ་གཉིས་འདྲེལ་ཏེ། །ལྟེ་བའི་ནང་ནས་བསྐྱེད་པར་བྱེད། །དེ་ཡིས་སྟོབས་དང་གཟི་མདངས་འཕེལ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ཆགས་ལུགས་བཞི་བསྟན་པ་སྟེ་ལེའུ་གྱ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྒྱུད་ལུང་ཀུན་ནས་གསུངས་པ་ཡི། །བར་དོ་རྣམ་བཞི་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་ཅིག །བར་དོ་རྣམ་པ་བཞི་པོ་ནི། །རང་བཞིན་དག་གི་བར་དོ་དང་། །ཏིང་ངེ་འཛིན་གྱི་བར་དོ་དང་། །ཆོས་ཉིད་འོད་གསལ་བར་དོ་དང་། །སྲིད་པའི་བར་དོ་རྣམས་སོ། །དེ་ལ་རང་བཞིན་གྱི་བར་དོ་ནི། །ད་ལྟའི་འཁྲུལ་སྣང་འདི་ཉིད་ཡིན། །ཏིང་ངེ་འཛིན་གྱི་བར་དོ་ཞེས་བྱ་བ་ནི། །ལས་སུ་མ་རུང་བསྒོམ་དུས་ཡིན། །ཆོས་ཉིད་བར་དོ་ཞེས་བྱ་བ། །འཁྲུལ་སྣང་འགགས་ནས་ཞག་ལྔའི་བར། །རང་རིག་ཡེ་ཤེས་འོད་དུ་འཆར། །འོད་ལ་གནས་པས་བར་དོ་ཡིན། །སྲིད་པའི་བར་དོ་ཞེས་བྱ་བ། །ཆོས་ཉིད་འོད་གསལ་སྣང་བ་ཡང་། །རྟོགས་པའི་ཤེས་རབ་མ་སྐྱེས་པས། །སྔ་ནས་ཡེ་ཤེས་བག་ལ་ཞ། །སྔར་གྱི་བག་ཆགས་སྣང་བ་འཆར། །དབང་བོ་ཀུན་ཚང་ཐོགས་མེད་ལྡན། །སྲིད་པའི་ཤ་གཟུག་སྔོན་དུ་ཤར། །རང་དང་རིགས་མཐུན་ལྷ་མིག་མཐོང་། །ལུས་དང་འདུག་ས་འཚོལ་བར་བྱེད། །ངོ་བོ་དབྱེ་བར་བཅས་པའོ། །

ངེས་པའི་དོན་ལ་མི་གནས་པར། །རང་ས་མ་ཟིན་བར་དོའོ། །ངེས་པའི་གཏན་ཚིགས་ཞེས་བྱའོ། །དཔེར་ན་འཇིག་རྟེན་དོན་གཉེར་བ། །འགྲོ་སར་མ་ཕྱིན་བར་ཞག་བཞིན། །རང་བཞིན་གནས་པའི་བར་དོ་ལ། །རྒྱུད་ལུང་ཀུན་གྱི་ཁོག་བཀྲོལ་ཏེ། །ངོ་སྤྲོད་རྣམ་བཞིས་གཏན་དུ་དབབ། །རང་རིག་བལྟ་བའི་ཐག་བཅད་པའོ། །ཏིང་འཛིན་བར་དོ་གསལ་བར་བྱ། །ཆོས་ཉིད་བར་དོ་ཡེ་ཤེས་ངོས་བཟུང་བའོ། །གལ་ཏེ་དེ་ལྟར་མ་གྱུར་པས། །སྲིད་པའི་བར་དོར་ལས་ཀྱི་འཕྲོ་མཐུད་དོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། བར་དོ་བསྟན་པ་སྟེ་ལེའུ་གྱ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཆོས་ཉིད་བར་དོར་གྲོལ་བའི་ཐབས། །སེམས་དང་ཡེ་ཤེས་ཇི་ལྟར་དབྱེ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་ཟུང་ཞིག །སེམས་དང་ཡེ་ཤེས་རྣམ་པ་གཉིས། །གཅིག་མིན་ཐ་དད་མ་ཡིན་ཏེ། །དབྱེ་བ་རབ་ཏུ་དཀའ་བའི་ཆོས། །སེམས་ནི་ཡེ་ཤེས་རྩལ་ཡིན་ཏེ། །སེམས་ཀྱི་གཞི་མ་ཡེ་ཤེས་ཡིན། །དེ་བས་སེམས་དང་ཡེ་ཤེས་གཉིས། །གཅིག་པ་དང་ནི་ཐ་དད་པས། །གྲོལ་བའི་མ་གྲོལ་བ་ཞེས་བྱའོ། །སེམས་དང་ཡེ་ཤེས་དབྱེ་བ་ནི། །ངོ་བོའི་སྒོ་ནས་དབྱེ་བ་དང་། །གནས་ཀྱི་སྒོ་ནས་དབྱེ་བ་དང་། །ལམ་གྱི་སྒོ་ནས་དབྱེ་བ་དང་། །འབྱུང་བའི་སྒོ་ནས་དབྱེ་བ་དང་། །སྐྱོན་ཡོན་སོ་སོའི་སྒོ་ནས་དབྱེ། །དེ་ལ་ཡེ་ཤེས་ངོ་བོ་ནི། །རང་བཞིན་རྣམ་པར་དག་པས་ཆོས་ཀྱི་སྐུ། །འདུག་ཚུལ་འོད་དུ་གནས་པས་གཟུགས་ཀྱི་སྐུ། །སྣང་ཚུལ་ཕྱི་ནང་མེད་པས་ཡེ་ཤེས་ཟང་ཐལ་ཡིན། །སྐུ་གསུམ་དབྱེར་མེད་དངོས་པོའི་སྒྲིབ་ལས་འདས། །ཞིབ་ཏུ་གོང་བཤད་འདིར་མི་བརྗོད། །སེམས་ཀྱི་ངོ་བོ་བསྟན་པ་ནི། །སྦུབས་དང་བཅས་པའི་གཟུང་འཛིན་ཡིན། །སེམས་དང་ཡེ་ཤེས་གནས་བསྟན་པ། །ཡེ་ཤེས་ཆེན་པོའི་བཞུགས་གནས་ནི། །རྣམ་དག་དབྱིངས་

ཀྱི་ཐིག་ལེ་ཡིན། །དེ་ལྟར་རིན་ཆེན་ཀློང་ན་བཞུགས། །འདུག་ཚུལ་གནས་དང་སྣང་ཚུལ་འབྱམས། །གོང་དང་འོག་ཏུ་ཤེས་པར་བྱ། །སེམས་ནི་རླུང་ཅན་གྲང་ན་བཞུགས། །ལམ་ཡང་རྣམ་པ་གཉིས་སུ་བསྟན། །རིན་ཆེན་རྒྱ་མཚོ་སྦྲེལ་བ་ནི། །དཀར་འཇམ་ཁོག་པ་སྟོང་པའི་རྩ། །ཐིག་ལེ་ཁྲག་གིས་མ་གང་བར། །ཡེ་ཤེས་ཆེན་པོ་ཕྱོགས་མེད་རྒྱུ། །དེ་ནི་ཡེ་ཤེས་ལམ་དུ་བཤད། །མགྲིན་པ་སེམས་ཀྱི་ལམ་དུ་བསྟན། །དེ་ལ་དབུགས་རྒྱུ་བའི་རྒྱུ་སྲང་ཡིན། །སྒོ་ལ་རྣམ་པ་གཉིས་སུ་བཤད། །ཡེ་ཤེས་སྒོ་དང་སེམས་ཀྱི་སྒོ། །ཡེ་ཤེས་སྒོ་ལ་གཉིས་ཡིན་ཏེ། །ཁྱབ་ལ་མི་སྣང་སྒོ་དང་ལྐོག་གྱུར་སྒོ། །རྣམ་པ་གཉིས་སུ་བསྟན་པ་ཡིན། །གསལ་བའི་བདག་ཉིད་ཟང་ཐལ་བས། །མངོན་གྱུར་ཡེ་ཤེས་སྒོ་སྟེ་སྤྱན་དུ་བསྟན། །སེམས་སྒོ་འདོད་པའི་སྒོ་གསུམ་ཡིན། །དབུགས་རྒྱུ་དང་མི་རྒྱུས་རྣམ་ཤེས་ཕྱེ་བའོ། །ཡེ་ཤེས་ཡོན་ཏན་ཀུན་སྣང་རྫོགས། །སེམས་ཀྱི་སྐྱོན་ནི་འཁོར་བའི་ཆོས། །དེ་དང་དེ་ལས་བྱུང་བས་བརྩི། །ཀྱེ་མ་རིགས་ཀྱི་བུ། དོན་དེ་ཟབ་མོ་བརྡའ་དང་སྦྱར་ཏེ་བཤད་ན། སྔོན་རི་རབ་རི་ཡི་རྩེ་མོ། རྒྱ་མཚོ་ཉི་མ་ཅན་ན། ཀླུའི་རྒྱལ་པོ་ནོར་བུའི་འོད་ལྡན་ཞེས་བྱ་བ་བཞུགས་སོ་སྐད། ཁོང་སྐྱོ་ནས་ཡར་མར་གཟིགས་པས། རྣམ་དག་པདྨའི་ཚལ་བྱ་བ་ན། རིན་པོ་ཆེའི་ཁང་པ་ཉི་ཟླས་བརྒྱན་པ་བྱ་བ་འདུག་པ་མཐོང་ངོ་། །དེར་ཁོང་ཡང་བྱོན་ཏེ། བཞུགས་པའི་ཕོ་བྲང་བྱས་སྐད། གོང་མ་ལ་མཆོད་ཁང་བྱས་ཏེ་བཞུགས་སྐད་དོ། དེ་ནས་ཡང་གཟིགས་པས། རླུང་ཅན་གྱི་གྲོང་ཁྱེར་བྱ་བ་ན། བློན་པོ་ཀུན་བྱེད་བྱ་བ་འདུག་པ་མཐོང་ངོ་། །དེར་བྱོན་ནས་དེ་བློན་པོར་བསྐོས་སོ། །རྒྱལ་བློན་འཁྲུག་པར་གྱུར་སྐད་དོ། །དེ་ནས་བློན་པོས་བསྐྱོད་པའི་ཤུགས་ཀྱི་རྟ་ལ་ཞོན་ནས། ཀུན་ཏུ་རྒྱུ་བའི་སྲང་དུ་ཕྱིན་ཏེ། འཐབ་རྩོད་ཀྱི་སྒོ་གསུམ་དུ་བྱོན་ནས། རིན་པོ་ཆེ་རྣམ་པ་ལྔ་བཙལ་ནས། རྒྱལ་པོ་ལ་དཔྱ་ཕུལ་བས། རྒྱལ་པོ་ལ་མཉེས་པ་དང་ཚིམ་པ་མ་བྱུང་སྟེ། དམངས་

དང་བློན་པོ་ཡི་མུག་ག་ཆད་ནས། རྒྱལ་བློན་འཐབས་པས། རྒྱལ་པོས་བློན་པོ་ལ་ཆབ་བསལ། དམངས་ཆོམས་ལ་ཕབ་ནས། རྒྱལ་བློན་བྲལ་བས་མཆོད་པ་རྒྱུན་ཆད་དེ། རྒྱལ་པོ་ཕོ་བྲང་དུ་བསྐྱོད། འཐབས་ཟླ་མེད་པས། ཤིན་ཏུ་སོ་བསོད་སྐད་དོ། །ཛྙཱ་ན་ཙིཏྟ་པྲ་བེ་ཤ་ཡཱ་སྭ་དུ་ཨཱིཾ་ཏ་ཀཱ་ལ། ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སེམས་དང་ཡེ་ཤེས་དབྱེ་བ་བསྟན་པ་སྟེ་ལེའུ་གྱ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ངོ་སྤྲོད་རྣམ་བཞི་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །རང་གི་བྱད་ཀྱི་མཚན་ཉིད་ནི། །མེ་ལོང་དག་ལ་རབ་བརྟེན་ནས། །ཇི་ལྟར་གཏན་ལ་འབེབས་པ་ལྟར། །སྐུ་གསུམ་འདུ་འབྲལ་མེད་པའི་དོན། །ཡེ་ནས་རང་ལ་ལྷུན་གྲུབ་པས། །བརྡའ་དང་ངག་གཉིས་ཀྱིས་གཏན་ལ་དབབ། ཀྱེ་གསང་བའི་བདག་པོ། ངོ་སྤྲོད་ནི་བཞིར་ཤེས་པར་བྱའོ། །ཅིའི་ཕྱིར་ན། ཡུལ་བཞིར་ངེས་པའི་ཕྱིར་ནའོ། །བཞི་གང་ཞེ་ན། ཆོས་སྐུ་རིན་པོ་ཆེའི་སྦུབས་དང་གཅིག །ལོངས་སྐུ་ལྔ་ལྡན་དང་གཉིས། སྤྲུལ་སྐུ་བར་དོ་གསུམ། སྐུ་གསུམ་འདུ་འབྲལ་མེད་པ་རྫོགས་ལྡན་ནོ། །དེ་བཞི་ནི་མི་བརྫུན་ཞིང་ངེས་པས་ཐེ་ཚོམ་དང་བྲལ་ལོ། །བདེན་བཞི་ཚུལ་གྱི་རྣམ་པ་ཅན།ངོ་སྤྲད་པར་བྱ་བའི་ཤེས་པ་མ་འགགས་པའོ། །རིགས་ཀྱི་བུ་གྲངས་ངེས་པའི་གཏན་ཚིགས་སོ། །གདམས་པ་སྒྲོགས་པའི་ཚེ། གོ་རིམ་གཉིས་སུ་བསྟན་པ་ནི། གཞི་ལྷུན་གྲུབ་ཀྱི་གོ་རིམ་དང་། རྟོགས་པ་མངོན་གྱུར་གྱི་གོ་རིམ་མོ། །ཀྱེ་གསང་བའི་བདག་པོ། གཞི་ལྷུན་གྲུབ་ཀྱི་གོ་རིམ་ནི། དང་པོ་ཆོས་སྐུའི་ངོ་སྤྲད་དོ། །དེ་ནས་ལོངས་སྐུའི་ངོ་སྤྲད་དོ། །དེ་ནས་སྤྲུལ་སྐུའི་ངོ་སྤྲད་དོ། །དེ་ནས་སྐུ་གསུམ་འདུ་འབྲལ་མེད་པར་ངོ་སྤྲད་དོ། །སྤྲད་ཐབས་ལ་གཉིས། བརྡའ་གཅིག་དང་ངག་དང་གཉིས་སོ་གོ། །

མཚོན་དང་པོ་བརྡའ་ནི་པའི་བརྡའ་ལ་བཞི་སྟེ། རྡོ་རྗེ་སེམས་དཔའི་མེ་ལོང་གི་མན་ཤེལ་ནང་དུ་འཇའ་འོད་ལྔ་དང་། འདྲ་མེ་ལོང་ནང་དུ་འབག་དང་། འོད་མིག་གཉིས་ཁྱིམ་ཁ་སྦྱོར་དང་། ཉི་མའོ། །འོད་དང་ཟེར། བརྗོད་པའི་སྒྲ་ལ་བཞི་སྟེ། དང་པོ་ཆོས་སྐུ་མཚོན་པའི་དཔེ། ཀྱེ་སྣོད་ལྡན་ཐུགས་ཀྱི་མེ་ལོང་མན་ཤེལ་འདི།ཆོས་སྐུ་དངོས་འདི་ནི་མ་ཡིན་ཏེ། འདི་ཤེལ་ཅི་འདྲ་བར་ཤེས་པར་བྱའོ། །དཔེ་ཤེལ་འདི་ལ་ཕྱི་ནང་མེད་པ་ལྟར། ཆོས་ཀྱི་སྐུ་ལ་ཕྱི་ནང་མེད་པར་ཤེས་པར་བྱའོ། །དཔེ་ཤེལ་འདི་ལ་མདུན་རྒྱབ་མེད་པ་ལྟར། ཆོས་ཀྱི་སྐུ་ལ་མདུན་རྒྱབ་མེད་པ་ཡིན།དཔེ་ཤེལ་འདི་ཟང་ཐལ་བ་བཞིན། ཆོས་ཀྱི་སྐུ་དྲི་མེད་དག་པ་ཟང་ཐལ་ཡིན། དཔེ་འདི་ལ་ནང་མེད་ནང་ན་རྐྱེན་མེད་ནམ་མཁའ་གསལ་བ་ལྟར། ཆོས་ཀྱི་སྐུ་ཟང་ཐལ་གྱི་ངང་ན། སྐུ་གསུམ་ནང་གསལ་དུ་གནས་ཏེ། སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་རིག་པར་གྱིས་ཤིག །འདིའི་ཤེལ་ནང་ན་འོད་ལྔ་ཕྱིར་འཆར་བ་ལྟར།ཆོས་སྐུ་ལས་གཟུགས་སྐུ་གཉིས་ཕྱིར་གདུལ་བྱ་གཉིས་ལ་སྣང་བའོ། །རིགས་ཀྱི་བུ་ལོངས་སྐུའི་གདམས་པ་ནི། འདྲ་འབག་མེ་ལོང་ངོས་ལ་བསྟན་པའི་ཚེ། །མེ་ལོང་དག་ཅིང་གསལ་བ་ལྟར། །ཆོས་ཉིད་དག་ཅིང་གསལ་བའོ། །མེ་ལོང་ནང་ན་གཟུགས་བརྙན་སྣང་ལ་རང་བཞིན་མེད་པ་ལྟར། །ཆོས་ཉིད་ཀློང་ན་སྐུ་ལྔ་སྣང་ལ་རང་བཞིན་མེད་པར་གནས། །རིགས་ཀྱི་བུ་སྤྲུལ་པ་བརྡའ་དང་ངག་དང་སྦྱོར་དུས་སུ། །ངག་གིས་ཀྱིས་ངོ་སྤྲད་པ་ནི་མེ་ལོང་དག་ཅིང་གསལ་བ་ལྟར། །ཆུ་ཡི་སྒྲོན་མིག་གཉིས་མ་དག་པའི་དབྱིངས། །མེ་ལོང་དངོས་མིག་ཟིམ་བྱས་ཏེ་བལྟས་པས་ལ་འོད་ལྔ་གསལ་བ་ལྟར། །རྟགས་མིག་གི་འོད་འབྱུང་བའི་ཀྱི་ཡེ་ཤེས་སྤྲུལ་སྐུ་འོད་དུ་གསལ། །སྐུ་གསུམ་འདུ་འབྲལ་མེད་པ་བརྡའ་དང་ངག་སྦྱོར་ཚེ། །ཀྱེ་གསང་བདག་ངེས་པར་ཟུང་ཞིག །ཉི་མའི་སེང་གེའི་ལྟ་སྟངས་ཀྱིས་སྙིང་པོ་ཟེར་འོད་བཅས་པ་བཞིན། །ཆོས་ཀྱི་སྐུ་ལ་ཐུགས་རྗེས་གཟུགས་སྐུར་བརྒྱན། །ཉི་མ་འོད་ཟེར་གཉིས་དང་མི་འབྲལ་བཞིན། །སྐུ་གསུམ་ཡེ་ནས་འདུ་འབྲལ་

མེད་པར་གནས། ཀྱེ་གསང་བདག་ངེས་པར་ཟུང་ཞིག །རྟོགས་པ་མངོན་གྱུར་གོ་རིམ་ནི། །བར་དོ་མན་ཆད་བརྩི་བ་སྟེ། །སྤྲུལ་པའི་སྐུ་ཡི་ངོ་སྤྲོད་ནི། །ཆོས་ཉིད་བར་དོའི་ངོ་སྤྲོད་ཡིན། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་ངོ་སྤྲོད་ནི། །ལྔ་ལྡན་དག་གི་ངོ་སྤྲོད་ཡིན། །སྐུ་གསུམ་འདུ་འབྲལ་མེད་པའི་ངོ་སྤྲོད་ནི། །རྫོགས་ལྡན་དག་གི་ངོ་སྤྲོད་ཡིན། །ཆོས་ཀྱི་སྐུ་ཡི་ངོ་སྤྲོད་ནི། །རྫོགས་ལྡན་ཆེན་པོའི་ངོ་སྤྲོད་ཡིན། །གདམས་ངག་དང་མཐུན་པར་བཤད་པར་བྱ། །དང་པོ་བར་དོའི་ངོ་སྤྲད་བྱ། །དེ་རྟོགས་སྐུ་རུ་སྣང་བས་ན། །དེ་ནས་ལྔ་ལྡན་ངོ་སྤྲོད་བྱ། །དེ་ནས་མངོན་ཤེས་ལ་སོགས་པའི། །ཆེ་བ་ཡོངས་སུ་རྫོགས་པ་ན། །རྫོགས་ལྡན་ངོ་སྤྲོད་བྱ་བ་ཡིན། །ཐུགས་རྗེ་བྱུང་ནས་མྱ་ངན་འདས། །དེ་བས་རྫོགས་ལྡན་ཆེན་པོ་ཡིན། །ངོ་སྤྲོད་གསུམ་ངོ་སྤྲོད་གདམས་ངག་ཀྱང་བྱུང་དག་ངེས་པར་བསྟན། །དཔེ་ནི་གང་གི་བརྡའ་བཞི་ལ། །རྟགས་ནི་བྱང་ཆུབ་སེམས་ཡིན་ཏེ། །ངོ་སྤྲོད་བཞི་ཡི་འགྱུར་མེད་རྟགས། །དོན་ནི་སྐུ་གསུམ་འདུ་འབྲལ་མེད། །བདེན་དོན་རྣམ་པ་བཅུ་གཉིས་ཡིན། །སྤྲད་པའི་ཡུལ་བཞི་གོང་བསྟན་པ། །དེ་ཉིད་རྣམ་པ་བཅུ་དྲུག་རིག །དེ་ལ་དགོངས་པ་རྣམ་པ་བཞི། །ལྷུན་གྲུབ་ངེས་པའི་གདམས་པ་བཞིས། །ངོ་སྤྲོད་རྟོགས་པ་ཐོབ་པར་འགྱུར། །མངོན་གྱུར་ཡུལ་གྱི་གདམས་པ་བཞིས། །ངོ་སྤྲོད་རྟོགས་པ་ཐོབ་པར་འགྱུར། །དེ་ནི་དགོངས་པ་མདོར་བསྡུས་ཡིན། །དེ་ཡི་མཚན་ཉིད་རྒྱས་བཤད་ན། །ཐིག་ལེ་ཉག་གཅིག་ངོ་སྤྲོད་ཀྱིས། །ཆོས་སྐུ་རང་གནས་དོན་རྟོགས་ཤིང་། །རིན་ཆེན་སྦུབས་ཀྱིས་དགོངས་པ་ཆོད། །མ་ཧཱ་ཡོ་གའི་ངོ་སྤྲོད་ཀྱིས། །ཡེ་ཤེས་ལྔ་ལྡན་དགོངས་པ་ཆོད། །རྫོགས་པ་ཆེན་པོའི་ངོ་སྤྲོད་ཀྱིས། །སྤྲུལ་སྐུ་རང་གནས་དོན་རྟོགས་ཤིང་། །ཆོས་ཉིད་བར་དོའི་དགོངས་པ་ཆོད། །ཨ་ནུ་ཡོ་གའི་ངོ་སྤྲོད་ཀྱིས། །སྐུ་གསུམ་འདུ་འབྲལ་མེད་པར་རང་གནས་དོན་རྟོགས་ཤིང་། །རྫོགས་ལྡན་དགོངས་པ་ཆོད་པ་ཡིན། །ངོ་སྤྲོད་རྣམ་བཞི་བྱས་པ་ཡིས། །ཡུལ་བཞི་

རིམ་པར་འཆར་བའི་ཚེ། །ཤེས་པའི་དྲན་པ་རེ་རེ་སད། །སོ་སོའི་གྲུབ་མཐའ་རེ་རེ་རྫོགས། །མཐོང་བའི་ཡུལ་ལ་ཤེས་པའི་དྲན་པ་སད། །དྲན་པ་བཞི་ཡི་ཏིང་འཛིན་རྒྱལ། །དེ་ཚེ་མངོན་པར་སངས་རྒྱས་ཤིང་། །ཞི་བ་མྱ་ངན་ལས་འདས་པས། །རྣམ་པ་ཉི་ཤུས་བྱང་ཆུབ་པའོ། །དེ་ལྟར་རྟོགས་ནས་སངས་རྒྱས་པས། །རྣམ་པ་ཀུན་རིག་སངས་རྒྱས་མཆོག །ངོ་སྤྲོད་བཞི་ཡི་དགོངས་པ་ཡིན། །དེ་རྣམས་མི་ལྡན་མ་སྤྲད་སྐྱོན། །རྡོ་རྗེ་སེམས་དཔའ་བདག་གིས་བཤད། །ཅེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། ངོ་སྤྲོད་བཞི་བསྟན་པ་སྟེ་ལེའུ་གྱ་དྲུག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གང་གསུང་དོན་རྣམས་རྟོགས་པ་ཡིས། །འཁྲུལ་པའི་སྣང་བ་ཇི་ལྟར་འགག །ཡེ་ཤེས་སྣང་བ་ཇི་ལྟར་འཆར། །རང་རེའི་ཤེས་པ་ཇི་ལྟར་འཇུག །རྟགས་ཀྱི་རིམ་པ་ཇི་ལྟར་འབྱུང་། །རབ་འབྲིང་གྲོལ་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བདག་ངེས་པའི་དོན་འདི་ཟུང་། །འཇིག་རྟེན་འཁྲུལ་པའི་སྣང་བ་འདི། །དང་པོ་རང་ལས་ཤར་བའི་ཕྱིར། །ཐ་མ་རང་གི་ངང་དུ་གྲོལ། །གོང་བསྟན་རང་ཤར་རང་གྲོལ་བཞིན། །སྣང་བ་སེམས་ཀྱི་ངང་དུ་འདུས། །གཟུང་བར་བྱ་བའི་ཡུལ་དང་བྲལ། །སེམས་རྟོགས་ཡེ་ཤེས་དབང་དུ་འདུས། །འཛིན་པར་བྱེད་པའི་སེམས་དང་བྲལ། །གཟུང་འཛིན་བྲལ་བའི་རིག་པ་ལ། །ཡེ་ཤེས་རང་གདངས་འོད་གསལ་བས། །མཁའ་ལ་གཞའ་ཚོན་གསལ་བ་ལྟར། །ཆོས་ཉིད་ཀློང་ན་ཡེ་ཤེས་གསལ། །མཐའ་དབུས་མེད་པར་ཀུན་ལ་ཁྱབ། །དེ་ཚེ་ཤེས་པ་དེ་ལ་འཇུག །དྭངས་མའི་འབྱུང་བ་རྣམ་པ་ལྔ། །ཆོས་ཉིད་ངོ་བོ་ལྔ་ལས་ཤར། །དེ་ལས་སྣང་བའི་འབྱུང་བ་ལྔ། །རང་རང་ངང་དུ་དག་ཅིང་ཐིམ། །འབྱུང་བའི་སྐབས་སུ་བསྟན་པ་བཞིན། །དང་པོ་ས་ལ་ས་ཐིམ་པས། །ལུས་ལྕི་ཤེས་པ་འཐིབས་པ་

ཡིན། །དེ་ནས་ཆུ་ལ་ཆུ་ཐིམ་པས། །ལུས་པོ་ཁ་སྣ་སྐམས་པ་ཡིན། །དེ་ནས་རླུང་ལ་རླུང་ཐིམ་པས། །ལུས་དང་ཤེས་པ་རྡིབ་ཅིང་བྱིང། །དེ་ཚེ་མེ་ལ་མེ་ཐིམ་པས། །ལུས་ནི་དྲོད་དང་བྲལ་བ་ཡིན། །རྣམ་ཤེས་ནམ་མཁའི་ངང་དུ་ཐིམ། །ཚོར་བ་བདེ་སྡུག་རྟོག་པ་བྲལ། །ཁྱབ་པ་མེད་པའི་གདངས་ལ་གནས། །ཆོས་ཉིད་རང་གི་ངོ་བོ་ལྔ། །ཐིག་ལེ་ལྔ་ཡི་བདག་ཉིད་ཅན། །རང་བཞིན་དག་པའི་ནམ་མཁའ་དང་། །གཉིས་མེད་གཅིག་མིན་དོན་གྱིས་གནས། །ཅི་ཕྱིར་འདི་ལས་ལོགས་ན་མེད། །བག་དང་མ་བྲལ་ཁ་དོག་དབྱིབས། །དེ་བས་དེ་སྣང་དེ་ཡི་ངོ་བོ་བས། །དེ་ཕྱིར་དེ་ལ་དེ་སྐད་ཅེས་བརྗོད་པའོ། །ཡེ་ཤེས་གཞི་ལ་བྲོས་པའི་རྟགས། །རི་རབ་རྩེ་ནས་ཉི་མ་ནུབ། །རླུང་བཞི་རིམ་པས་ཞི་འགྱུར་ནས། །ལས་ཀྱི་རླུང་གིས་བསྐྱོད་འགྱུར་ནས། །འཆི་བདག་བདུད་ཀྱི་གྲོང་ཁྱེར་ནས། །བདུད་ཀྱི་སོ་པ་མི་གཅིག་པོ། །དུས་ལ་བབ་དང་མ་བབ་བལྟ། །མང་ཡང་ངེས་རྟགས་བསྡུས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གྲོལ་ས་སྤྱི་ཡི་མཚན་ཉིད་སྡོམ་དང་རྟགས་བསྟན་པ་སྟེ་ལེའུ་གྱ་བདུན་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྣམ་པར་གྲོལ། །སྤྱི་ཡི་བྱེ་བྲག་དེ་ལྟར་ན། །རབ་འབྲིང་ཐ་མའི་གྲོལ་ལུགས་རྣམས། །མ་ནོར་རིམ་པས་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །དབང་པོ་ཡང་རབ་གྱུར་པ་ལ། །ཡེ་ནས་ཟང་ཐལ་ཆེན་པོ་ལས། །བར་དོ་མེད་ཅིང་སྐད་ཅིག་མེད། །དེ་ལྟ་ཉིད་དུ་གནས་པ་ཡིན། །རང་བཞིན་དག་པའི་ནམ་མཁའ་ལ། །ཆོས་ཉིད་དག་པའི་ངོ་བོར་གནས། །དེ་ལ་རིག་པ་ཟང་ཐལ་ཤར། །ཤར་བ་མ་ཡིན་གནས་པ་ཡིན། །དཔེར་ན་ནམ་མཁའ་ཟང་ཐལ་ལ། །ཁང་ཁྱིམ་བྱས་པས་ནམ་མཁའ་གུད་དུ་ཆད། །ཁང་པའི་ནང་གི་ནམ་མཁའ་དང་། །རང་བཞིན་དག་པའི་ནམ་མཁའ་གཉིས། །སྒོ་འམ་མཐོངས་ནས་སྒྲིབ་མེད་པར། །ནམ་མཁའ་གཉིས་པོ་སྒྲིབ་མེད་གསལ། །བག་ཆགས་སྦུབས་ཀྱི་

རིག་པ་དང་། །ནམ་མཁར་གནས་པའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ནས། །བག་ཆགས་ལུས་ཀྱིས་མ་བསྒྲིབས་པར། །གཉིས་མེད་ཟང་ཐལ་ཆེན་པོར་གནས། །རྟོགས་པའི་དོན་ཆེན་དེ་ལྡན་ན། །སེང་གེ་མཆོངས་པས་ས་བཅད་ལྟར། །ཡེ་ཤེས་ཟང་ཐལ་ཆེན་པོ་ཡིས། །བར་དོར་སྐྱེ་འགག་མི་གནས་པར། །རིན་ཆེན་སྦུབས་ཀྱི་ངང་དུ་གཅོད། །དེ་བས་ཡེ་གྲོལ་ཆེན་པོར་གནས། །དེ་ལ་རྩིས་གདབ་མི་བྱའོ། །ཇི་ལྟར་དོན་བརྗོད་མི་ཤེས་པའི། །དབང་པོ་དམན་པའི་གང་ཟག་ལ། །གྲོལ་ལུགས་རྩིས་གདབ་བྱ་རུ་མེད། །བྱས་ཀྱང་ངེས་པ་མི་རྙེད་པས། །སྐྱེ་བ་གཅིག་གིས་ཐོགས་པར་བཤད། །དེ་ནས་དེ་ཉིད་འཕྲད་པར་འགྱུར། །འབྲིང་ལ་རབ་འབྲིང་ཐ་མ་གསུམ། །འབྲིང་གི་རབ་དང་འབྲིང་གི་འབྲིང་། །འབྲིང་གི་ཐ་མ་རྣམ་པ་གསུམ། །འབྲིང་གི་རབ་ཀྱི་གྲོལ་ལུགས་ནི། །སྐད་ཅིག་གསུམ་ལ་གྲོལ་བར་འགྱུར། །དང་པོ་སྣང་བ་ཚུར་ལ་འཇུག །སྒོ་ལྔའི་རྣམ་ཤེས་དག་ལའོ། །ནང་གི་འབྱུང་བ་འོད་ལ་འདུས། །རྣམ་ཤེས་ལྔ་ཡང་དེ་བཞིན་འཇུག །རྩལ་སྣང་གཞི་ལ་འདུས་པ་ནི། །མཚོན་གྱི་དྲུ་གུ་བསྡོགས་པ་བཞིན། །དེ་ཚེ་རླུང་བཞི་རིམ་ཞི་ནས། །སྙིང་རྗེ་མེད་པ་ལས་ཀྱི་རླུང་། །སྲོག་པ་རྩ་ནས་ལྡང་བར་འགྱུར། །དེ་ཚེ་གནས་ནས་ལམ་དུ་འཇུག །ལམ་ནས་སྒོ་རུ་མྱུར་དུ་འབྱུང་། །སྒོ་ཡི་སྣང་བ་ཆོས་ཉིད་ཀློང་དུ་འཆར། །ཐུགས་རྗེ་རྒྱུན་གྱི་ཐག་པ་ཟང་ཐལ་ལ། །ཞོན་ནས་ཡེ་ཤེས་རང་གི་གདངས་ལ་འཇུག །དེ་ནི་སྐད་ཅིག་དང་པོ་ལའོ། །དེ་ཚེ་སྐུར་སྣང་ཤེས་རབ་སྐྱེ། །བཞི་བཅུ་རྩ་གཉིས་མངོན་གསལ་བ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཡེ་ཤེས་ལྔ་ལྡན་དགོངས་པ་ཡིན། །གོང་དུ་ཞིབ་པར་བརྗོད་པའི་ཕྱིར། །འདི་རུ་བརྗོད་པར་མི་བྱའོ། །དེ་ལས་མངོན་ཤེས་ཆོས་སྤྱན་འཆར། །སྐུ་གསུམ་རྣམ་པར་བཞག་པ་སྟེ། །ཡི་གེ་དྲུག་གི་འོད་ཟེར་འཕྲོ། །སྤྲུལ་པའི་སྐུར་གྱུར་དོན་རྣམས་བྱེད། །དེ་ཚེ་རྫོགས་ལྡན་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གཉིས་པ་ལའོ། །དེ་ནས་མྱ་ངན་

འདས་འགྱུར་ཏེ། །བློ་དང་འཁོར་བའི་ཆོས་ཅན་ལ། །འདས་ཏེ་མི་གནས་ངང་དུ་ཐིམ། །ཡེ་ཤེས་སྤྱན་གཅིག་འགྱུར་མེད་གསལ། །རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །དེ་ནི་སྐད་ཅིག་གསུམ་པའོ། །འབྲིང་གི་འབྲིང་གི་གྲོལ་ཚུལ་ནི། །དང་པོ་ཕྱི་ནང་འཁྲུལ་པ་འགགས། །གཉིས་པ་རང་གདངས་འོད་དུ་གསལ། །གསུམ་པར་དེ་ལ་སྐད་ཅིག་གནས། །བཞི་པར་རང་སྣང་ཤེས་རབ་སྐྱེས། །མ་རིག་བདུད་བཞི་ངེས་བཅོམ་སྟེ། །བཞི་བཅུ་རྩ་གཉིས་མངོན་སངས་རྒྱས། །འབྲིང་གིས་ལྔ་ལྡན་དགོངས་པ་རྫོགས། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །ནམ་མཁའི་མཐོངས་ནས་ཉི་ཤར་ལྟར། །རྣམ་པ་ཀུན་མཁྱེན་ཡེ་ཤེས་ཤར། །འ་སོགས་ཡི་གེ་རྣམ་དྲུག་འཕྲོ། །དེ་ནི་སྤྲུལ་སྐུའི་རྒྱུ་ཡིན་ཏེ། །ལས་དག་གང་ཟག་རྣམ་པ་གཉིས། །འཕྲོ་འདུ་བྱེད་པའི་བར་དུ་འཕྲོ། །དཀར་དམར་རྣམ་གཉིས་ལུས་ཀྱི་རྒྱུ། །ཡི་གེ་དྲུག་པའི་བྱང་ཆུབ་སེམས། །ལུས་ཀྱི་རྒྱུ་ལས་སེམས་ཀྱི་རྒྱུ་ཤར་བས། །དཀར་དམར་ཀློང་ན་རིག་པར་གནས་པ་ནི། །གནས་ལ་གནས་གབ་ལུས་དང་སེམས་ཀྱི་ཚུལ། །དེ་ནས་ལུས་ཀྱིས་འགྲོ་དོན་མཛད། །འགྲོ་བ་མ་ལུས་ཐམས་ཅད་ལ། །རང་རིག་ཡེ་ཤེས་ཡེ་གནས་པས། །སྙིང་པོ་འགྱུར་མེད་འགག་པ་མེད། །དེ་དོན་ངེས་པ་ཀུན་ལ་སྒྲོགས། །ཐུགས་ཀྱི་སྙིང་པོ་འགྲོ་ལ་ཤར། །སྟོན་པ་ང་ཡི་དགོངས་པ་ལོངས་འགྱུར་བས། །ཡིད་འདྲེས་བཅུད་ལ་བཅུད་གབ་འགྱུར། །དེ་ཡིས་ངེས་པར་གྲོལ་བར་འགྱུར། །འབྲིང་གིས་རྫོགས་ལྡན་དགོངས་པར་རྫོགས། །དེ་ནས་སྐད་ཅིག་དྲུག་པ་ལ། །སངས་རྒྱས་མྱ་ངན་ཡོངས་འདས་ཏེ། །ཡེ་ཤེས་རླུང་གི་སྟོབས་རྣམས་ཀྱིས། །དང་པོར་ཆོས་སྐུར་གཟུགས་སྐུ་བསྐྱོད། །ཐ་མ་གཙོ་འཁོར་རིམ་པས་ཐིམ་གྱུར་ཏེ། །ཡེ་ཤེས་རླུང་གིས་ཆོས་ཉིད་ངང་ལ་བསྐྱོད། །དེ་ཚེ་འབྱུང་བའི་མཚན་མ་རང་སར་ཐིམ། །སྤྲུལ་སྐུའི་འབྱུང་ལྔ་འོད་ལྔའི་ངང་དུ་ཐིམ། །དེ་ལྔ་ཡེ་ཤེས་ལྔ་ཡི་འབྱུང་བར་གྲོལ། །དང་པོ་མ་ལ་ཤར་བས་མ་ཡི་ངང་དུ་ཞ། །དང་པོ་ཤར་ཡང་

དབྱིངས་ཀྱི་ངང་ནས་ཤར། །བར་དུ་གནས་ཀྱང་ཆོས་ཉིད་ངང་དུ་གནས། །མཐའ་མ་ཐིམ་ཡང་ཆོས་ཉིད་ངང་དུ་ཐིམ། །སྤྱན་གསུམ་རྣམ་དག་འགྱུར་མེད་གཅིག་ཏུ་གསལ། །ཆོས་ཉིད་ངང་ན་རིག་པའི་ཡེ་ཤེས་གནས། །ཕྱིར་མི་གསལ་ལ་ཡེ་ཤེས་ནང་དུ་གསལ། །བུམ་པའི་ནང་གི་མར་མེ་གསལ་བ་བཞིན། །དེ་ཚེ་འགྱུར་མེད་སྐུ་གསུམ་རང་ས་ཟིན། །འབྲིང་གི་རྫོགས་ལྡན་ཆེན་པོའི་དགོངས་པ་རྫོགས། །འབྲིང་གི་ཐ་མའི་གྲོལ་ལུགས་ནི། །ཕྱི་ཡི་འབྱུང་བ་རྣམ་པ་ལྔ། །སྣང་བྱེད་སྒྲོལ་མ་ལྔ་ལ་ཚུར་ཤར་ཏེ། །གཟུང་བའི་ཡུལ་དང་བྲལ་བའོ། །སྒོ་ལྔ་གསལ་བའི་སྒྲོན་མ་ནི། །ཡེ་ཤེས་དབང་དུ་འདུས་པས་འཛིན་རྟོག་བྲལ། །ནང་གི་འབྱུང་བ་རྣམ་པ་ལྔ། །རིག་པའི་སྒྲོན་མ་ཡེ་ཤེས་རྩལ་སྣང་ལྔ་ལ་འདུས། །དེ་ནི་རྩལ་གཞི་ལ་འདུས་པར་བསྟན་པའོ། །དེའི་ཚེ་ན་ཐུགས་རིན་པོ་ཆེ་ཉི་ཟླ་ཁ་སྦྱོར་གྱི་ཀློང་ཡངས་པ་ན། འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འདྲིལ་ལོ། །དེ་ནི་བག་ཆགས་ཀྱི་སྦུབས་ཀྱི་རང་སངས་ཏེ། སྐད་ཅིག་མ་དང་པོ་ལ་གནས་སོ། །དེའི་དུས་སུ་འབྱུང་བ་བཞི་བྲོས་པས་རྟགས་རིམ་པས་འབྱུང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ལ་སོགས་པ་རླུང་ལྔ་གནས་པ་ནི། འདེགས་པར་བྱེད་པའི་རླུང་ཚིགས་པ་ལ་གནས་ཏེ་ལུས་ཡང་ཞིང་བསྐྱོད་ནུས་སོ། །དེ་ཞི་བས་ལུས་མི་ཐེག་སྟེ། དེ་ནི་ས་དང་འགྲོགས་པའི་རླུང་ངོ་། །བཀྲག་དང་གཟི་མདངས་སྐྱེད་པའི་རླུང་ནི་ལུས་སྤྱིར་ཁྱབ་པར་གནས་ཏེ། དེ་ནི་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ། ལུས་ཀྱི་སྣུམ་བཀྲག་དང་གཟི་མདངས་འབྱིན་པའོ། །ཤིན་ཏུ་སྔར་བས་རྐྱེན་ཕྲ་མོས་ཀྱང་འབྲོས་ནུས་ཏེ། ལུས་མདངས་དང་བཀྲག་འཆོར་རོ། །དེ་ནི་ཆུ་དང་འགྲོགས་པའི་རླུང་སྟེ། དེ་ཞི་བས་མདངས་ཉམས་སོ། །མེ་དང་དུས་མཉམ་པའི་རླུང་ནི་ཕོ་བ་ན་གནས་ཏེ། དེས་ནི་ཟས་འཇུ་བ་དང་ལུས་བྱིངས་དྲོ་བར་བྱེད་དོ། །དེ་ཞི་བས་དྲོད་འཆོར་ཟས་མི་འཇུ། དེ་ནི་མེ་དང་འགྲོགས་པའི་རླུང་ངོ་། །དང་སྙིགས་འབྱེད་པའི་རླུང་སྟེང་སྒོ་འོག་སྒོ་གཉིས་ལ་ཁྱབ་པར་གནས་ཏེ།

དེ་ནི་རླུང་གི་རླུང་སྟེ། ཟས་དང་སྙིགས་འབྱེད་པ་དང་། སྙིགས་མ་ཐུར་དུ་སེལ་བར་བྱེད་དོ། །ཐིག་ལེ་དཀར་དམར་དང་དྲི་ཆུ་ལ་སོགས་པ་སེལ་ལོ། །དེ་ཞི་བས་ཕོ་བ་རྫིང་བ་དང་། ཤེས་པ་དང་ལུས་བྱིང་ངོ་། །སྙིང་རྗེ་མེད་པ་ལས་ཀྱི་རླུང་ནི། རླུང་འཁོར་བ་སྲོག་པ་རྩ་ན་གནས་ཏེ། སྲོག་འཛིན་པའི་རླུང་ཡིན་པས། ཇི་སྲིད་གནས་པའི་བར་དུ།ལུས་སེམས་མི་འབྲལ་ལོ། །དེ་ནི་རྣམ་པར་ཤེས་པ་དང་འགྲོགས་པའི་རླུང་སྟེ།དེ་བསྐྱོད་པས་ཙིཏྟ་ནས་ལམ་རྩ་དར་དཀར་གྱི་སྐུད་པ་འདྲ་བ་དེར་བསྐྱོད་དེ། རྟགས་ཀྱི་གསང་སྒོར་ཕྱིན་ནོ། །དེ་ནི་དཔེར་ན་ཉི་མ་ཤར་གྱི་ལ་ཁར་ཤར་བས།འོད་ནུབ་རི་ལ་འབྱུང་ལ། བར་ན་ཟེར་ཐག་པ་བཞིན་དུ། རིག་པའི་ཡེ་ཤེས་སྒོ་ན་གནས་པས། དེའི་སྣང་བ་ཡུལ་ཆོས་ཉིད་ལ་གསལ་ཏེ། ཡེ་ཤེས་ཟང་ཐལ་ཡིན་པས། བར་ཆད་མེད་པ་ཐུགས་རྗེ་རྒྱུན་གྱི་ཐག་པས་སྦྲེལ་ཏེ། ཐུགས་རྗེ་རྒྱུན་གྱི་ཐག་པས་ཞོན་ནས་རང་གི་གདངས་ལ་འཇུག་གོ། །ཡེ་ཤེས་ཀྱི་གདངས་ལ་ཞག་ལྔར་གནས་ཏེ། ཤར་བ་ཅིག་ཆར་ཤར་བའོ། །དེ་ཡང་ཡེ་ཤེས་ཀྱི་སྣང་བ་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་སྣང་ངོ་། །དེ་ལ་རྟོགས་པའི་ཤེས་རབ་རིམ་པས་སྐྱེ་སྟེ། ཞག་དང་པོ་ལ་འོད་མཐིང་ཀར་གསལ་བས། རིག་པ་ངོས་གཟུང་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རང་སྣང་རང་ཤར་རང་གསལ་རང་གནས་སུ་ཤེས་པས་ཤེས་བྱ་ལ་དཔྱོད་བྱེད་མེད་པའོ། །ཞག་གཉིས་པ་ལ་ཆོས་དབྱིངས་ཡེ་ཤེས་གསལ་བའི་སྟེང་དུ་མེ་ལོང་ཡེ་ཤེས་འཆར་རོ། །འོད་དཀར་པོ་ཡུལ་དུ་འཆར་བའི་ཚེ། དེ་ཉིད་རིག་པ་འགག་པ་མེད་པའི་མེ་ལོང་ཡེ་ཤེས་སུ་ཐག་ཆོད་དོ། །ཞག་གསུམ་པ་ལ་འོད་སེར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་རིག་སྟོང་དབྱེར་མེད་རང་སྣང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་བཞི་པ་ལ་འོད་དམར་པོ་ཡུལ་དུ་སྣང་བའི་ཚེ། དེ་ཉིད་ཤེས་པའི་ཤེས་རབ་མ་འགགས་པའི་རང་སྣང་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །ཞག་ལྔ་པ་ལ་འོད་ལྗང་གུ་ཡུལ་དུ་སྣང་

བའི་ཚེ། དེ་ཉིད་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་གདངས་སུ་གསལ་ལོ། །སྐྱེ་བ་རིམ་པར་སྐྱེ་བས་ཞག་རེ་ལ་ཡེ་ཤེས་ཀྱི་སྣང་བ་རེ་རེ་གསལ་ལོ། །ཆོད་པ་ཐད་ཀར་ཆོད་པས། སྣང་བ་རེ་རེ་ལ་རྟོགས་པའི་ཤེས་རབ་རེ་རེ་སྐྱེས་ཏེ། སེམས་མེད་པའི་ཤེས་པས་ཤེས་ཀྱང་དཔྱོད་བྱེད་མེད་དོ། །ཞག་ལྔ་ལ་ལུས་མཐར་རྫོགས་ཤེས་རབ་ཀྱང་མཐར་རྫོགས་ཏེ། སྐད་ཅིག་མ་ལ་ཆོས་ཉིད་འོད་གསལ་གྱི་དཀྱིལ་འཁོར་ན། ཚོམ་བུའི་ཕྱག་རྒྱ་མ་འགགས་པར་གསལ་ལོ། །དེས་ཐ་མའི་ལྔ་ལྡན་གྱི་དགོངས་པ་རྫོགས་སོ། །སྐུ་དེ་ལས་མངོན་པར་ཤེས་པ་དྲུག་འཆར་ཏེ། སྤྱན་རྣམ་པ་གསུམ་ལས་ཆོས་ཀྱི་སྤྱན་ནོ། །དེ་ཇི་ལྟར་འཆར་ན། སྤྱན་གྱི་མངོན་པར་ཤེས་པས། ཡར་གཟིགས་སུ་མེད་པའི་ཆོས་སྐུ་རིན་པོ་ཆེའི་སྦུབས་གཟིགས།ཐད་ཀར་ལོངས་སྤྱོད་རྫོགས་པའི་སྐུ་བཞི་བཅུ་རྩ་གཉིས་ཕྱག་རྒྱ་མི་འགག་པར་འོད་དུ་གསལ། མར་སྤྲུལ་པའི་སྐུའི་ཞིང་ཁམས་བག་ཆགས་ཀྱི་སྦུབས་ན། ཇི་ལྟར་གནས་པ་ཐམས་ཅད་གཟིགས་སོ། །སྙན་གྱི་མངོན་པར་ཤེས་པ་ནི། ཡར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཐུགས་ཡེ་ཤེས་རྩེ་གཅིག་པ་ཉིད་ལ་ཉིད་གླེང་བསླང་བ་གསན། ཐད་ཀར་ལོངས་སྐུའི་ཚོམ་བུ་ལྔར་གསལ། མར་སྤྲུལ་པའི་སྐུའི་ཞིང་ཁམས་ན། ཇི་ལྟར་སྨྲས་པ་ཐམས་ཅད་གསན་ནོ། །ཐུགས་ཀྱི་མངོན་པར་ཤེས་པས། ཡར་ཆོས་ཀྱི་སྐུ་རིན་པོ་ཆེའི་སྦུབས་ན་འབྱེད་པ་མེད་པའི་ཤེས་རབ། འཛིན་པ་མེད་པའི་རང་གསལ། གཞན་སྣང་གི་རྣམ་རྟོག་མེད་པར་བཞུགས་པ་མཁྱེན་ནོ། །ཐད་ཀར་རང་གི་དགོངས་པ་མི་འགག་པར་གསལ་ལོ། །མར་སེམས་ཅན་གྱི་རྟོག་པ་མངོན་དུ་གསལ་ལོ། །གནས་ཀྱི་མངོན་པར་ཤེས་པ་ནི། སྐུ་གསུམ་གྱི་བཞུགས་གནས་ཆོས་ཀྱི་དབྱིངས་དང་འོད་ཀྱི་སྣང་བ་དང་། འབྱུང་བ་བཞི་ལ་རྟེན་འཆའ་ལུགས་མཁྱེན་ཏེ། རིགས་དྲུག་གི་གནས་མ་འགགས་པར་གསལ་ལོ། །ལས་ཀྱི་མངོན་པར་ཤེས་པ་ནི། སྔོན་རང་གིས་ཇི་ལྟར་སྤྱད་

པ་དང་། ད་ལྟར་འགྲོ་བ་གཞན་ཇི་ལྟར་སྤྱོད་པ་དང་། དེའི་རྣམ་པར་སྨིན་པ་ཐམས་ཅད་མཁྱེན་ནོ། །ཐུགས་རྗེ་བྱིན་རླབས་ཀྱི་མངོན་པར་ཤེས་པ་ནི། མཐུན་པའི་སེམས་ཅན་ལ་སྣང་བས། རིགས་དྲུག་མཐུན་པས་མཐུན་པ་འདུལ་བ་གཟིགས་ཏེ།སྤྲུལ་པའི་སྐུ་དྲུག་འཆར་ལུགས་མཁྱེན་ནོ། །རིགས་ཀྱི་བུ་དེ་ལ་ཆོས་ཀྱི་སྤྱན་ཞེས་ཅི་ཕྱིར་གདགས་ཅེ་ན། སྤྲུལ་པའི་སྐུ་འཁོར་བའི་ཆོས་དང་། ཆོས་སྐུ་རིན་པོ་ཆེ་མྱ་ངན་ལས་འདས་པའི་ཆོས་གཉིས། རྣམ་རྟོག་མི་མངའ་བར་གསལ་བས་ཆོས་ཀྱི་སྤྱན་ནོ། །དོན་ལ་མངོན་པར་ཤེས་པ་ནི། ལྐོག་གྱུར་དུ་གཟིགས་སོ། །སྤྱན་ནི་གསལ་ལ་མི་རྟོག་པ་སྟེ། གཟུགས་བརྙན་ལ་སོགས་པའོ། །དེའི་ཚེ་རང་བྱུང་གི་ཡི་གེ་དྲུག་འཆར་བ་ནི། འ་དང་། ཨ་དང་། ཧ་དང་། ཤ་དང་། ས་དང་། མ་སྟེ། རིགས་ཀྱི་བུ་ཡི་གེ་དྲུག་པོ་དེ། གཞི་ཆོས་ཀྱི་སྐུ་ལ་དོན་དུ་བཞུགས་སོ། །དབྱིངས་དང་རིག་པའི་ཡེ་ཤེས་དང་། །ཤེས་རབ་མི་འགྱུར་མཉམ་པ་ཉིད། །དབྱེ་རུ་མེད་པར་གནས་པའོ། །བག་ཆགས་ལུས་ཅན་སྤྲུལ་སྐུ་ལ། །ལུས་ཀྱི་གནས་དྲུག་ལ་གནས་ཏེ། གསུང་འགག་པ་མེད་པར་དོན་ལ་སྦྱོར་བའོ། །ལོངས་སྐུའི་ལྗགས་ལས་འཕྲོ་བར་བྱ་བ་ནི། ཐུགས་རྗེ་འབྱུང་བའི་གཞི་མ་འགགས་པའི།ཡི་གེ་དྲུག་ལས་རིན་པོ་ཆེའི་སྲད་བུ་བསྒྲིལ་མའམ། ཚོན་སྐུད་བསྒྲིལ་མ་ལྟར་འཕྲོས་པས། ལས་དག་པ་སྤྲུལ་པ་ཕོ་མོའི་སྤྱན་ནས་འཇུག །སེམས་ཅན་ལས་ཀྱིས་སྐྱེ་བ་མངལ་ནས་འཇུག་གོ། །བདེ་བ་ཆེན་པོའི་གསང་གནས་ནས།འོད་འབར་བདེ་བའི་རྟ་ཞོན་ཏེ། བདེ་བ་ཆེན་པོ་ཡོངས་ལ་ཁྱབ་པའི་ཐིག་ལེ་ལ།སྣོད་དང་བཅུད་ཀྱི་ཚུལ་དུ་གབ། དེ་སྤྲུལ་པའི་སྐུར་གྱུར་ནས་སེམས་ཅན་གྱི་དོན་བྱེད་པས། དོན་ཡོད་འགྲོ་བའི་དོན་བྱེད་པའོ། །རྟོག་མེད་དུ་འབྱུང་བས།དྲུག་པོ་ཀུན་གྱི་དོན་མ་སྤངས་པའོ། །དེ་བཞིན་གཤེགས་པ་སྔ་མ་ལས་ཕྱི་མ་འཆར་ཏེ། དེ་བཞིན་དུ་སྤྲུལ་པའི་སྐུ་རྒྱུན་མི་ཆད་པས། སངས་རྒྱས་སྤྲུལ་པའི་

རྒྱུད་འཆང་བའོ། །ཕྱོགས་གཅིག་ཏུ་མ་ངེས་ཏེ། གདུལ་བྱ་ག་ན་གནས་པའི་དོན་མཛད་པས་ན། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད་པའོ། །མཐུན་པས་མཐུན་པ་འདུལ་བས་ན། ཇི་བཞིན་འགྲོ་བའི་དོན་བྱེད་པའོ། །དངོས་ཐུབ་པ་དྲུག་གིས་འགྲོ་དྲུག་གི་དོན་བྱེད་པའོ། །ཐུགས་རྗེ་ལྕགས་ཀྱུས་ཞིང་དག་པ་ངེས་པའི་ས་ལ་འཛིན་པའོ། །དབང་པོ་ཐ་མའི་རྫོགས་ལྡན་གྱི་དགོངས་པའོ། །དེ་ནས་བདག་ཉིད་ཆོས་སྐུར་གྲོལ་བས་ན། མི་གནས་པའི་ཡེ་ཤེས་ཆེན་པོས།འབྱེད་པ་མེད་པའི་ཀློང་དུ་ཁོད་མཉམ་པའོ། །དེ་བས་ན་མཐའ་མའི་རྫོགས་ལྡན་ཆེན་པོའོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། དབང་པོ་ཡང་རབ་ལ་གྲོལ་དུ་མེད་པར་བསྟན་པ་དང་། འབྲིང་ལ་རབ་འབྲིང་ཐ་མར་དབྱེ་བ་དང་། ལྔ་ལྡན་རྫོགས་ལྡན་ཐད་ཀར་ངོས་གཟུང་བ་དང་། མངོན་ཤེས་དྲུག་ཐུགས་རྗེ་འབྱུང་ལུགས་དང་བཅས་པ་དང་། རྫོགས་ལྡན་ཆེན་པོ་སོ་སོར་ཕྱེ་སྟེ། བསྡུས་ནས་བསྟན་པ་སྟེ་ལེའུ་བརྒྱད་ཅུ་གྱ་བརྒྱད་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །དེ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོས་ངེས་ཟུང་ཞིག །སོ་སོའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མིང་དང་མཐུན་དཔེ་བསྟན། །འཁོར་བའི་ཆོས་ལ་མི་གནས་པར། །མྱ་ངན་འདས་པའི་དོན་ལ་གནས། །གྲོལ་བ་རང་གི་ངོ་བོ་བཤད། །རང་གི་ངོ་བོ་སོ་སོ་སྟེ། །ཡུལ་ལས་གྲོལ་བའི་ངོ་བོ་ནི། །རང་གདངས་ཆེན་པོར་གསལ་བ་ཡིན། །ལུས་ལས་གྲོལ་བའི་ངོ་བོ་ནི། །རིག་པ་དངོས་མེད་རིན་ཆེན་སྦུབས། །སེམས་ལས་གྲོལ་བའི་ངོ་བོ་ནི། །རྟོག་མེད་རིག་པ་རང་གསལ་ཡིན། །གྲོལ་བ་ཞེས་པའི་ངེས་ཚིག་ནི། །རྩོལ་བའི་ཆོས་ལས་རབ་འདས་ཤིང་། །འཁྲུལ་པ་གསུམ་གྱིས་མ་བཅིངས་པས། །ངེས་ཚིག་གཏན་ཚིགས་བཅས་པ་ཡིན། །དབྱེ་བ་ངོ་བོའི་སྐབས་སུ་བཤད། །དཔེ་ནི་

སྦྲུལ་མདུད་བོར་བ་འམ། །རྔ་མ་དག་གི་མདུད་པ་བཞིན། །ཐུགས་རྗེའི་ངོ་བོ་ངེས་ཚིག་ནི། །ངོ་བོ་མ་འགགས་གཟུགས་སྐུ་གཉིས། །ཅི་ཕྱིར་ཐུགས་རྗེ་བྱ་ཞེ་ན། །མ་འགགས་གནོད་པ་སེལ་བས་བཏགས། །དབྱེ་བ་ཆེན་པོ་ཆུང་ངུ་གཉིས། །རྟོག་མེད་དང་ནི་རྟོག་བཅས་སོ། །འཛིན་པར་བྱེད་པས་ལྕགས་ཀྱུ་བཞིན། །སྒྲོལ་བར་བྱེད་པས་གྲུ་བཞིན་ནོ། །མ་རིག་སེལ་བས་ཉི་མ་བཞིན། །སྡུག་བསྔལ་ནད་སེལ་སྨན་དང་སྨན་པ་བཞིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། གྲོལ་བ་དང་ཐུགས་རྗེའི་དོན་བཤད་པ་སྟེ་ལེའུ་གྱ་དགུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། བག་ཆགས་ཀྱི་སྦུབས་ན་གནས་པའི་དཔེ་ནི་ཇི་ལྟ་བུ་ལགས། སྦུབས་འཕོ་བའི་དཔེ་ནི་ཇི་ལྟ་བུ་ལགས། འདིར་རྟོགས་པས་བར་དོར་ཤེས་པ་སྐྱེ་བའི་དཔེ་ཇི་ལྟ་བུ་ལགས། བག་ཆགས་ཀྱི་སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པའི་དཔེ་ཇི་ལྟ་བུ་ལགས། འཁྲུལ་པ་ལྡོག་པའི་དཔེ་ཇི་ལྟ་བུ་ལགས། རྟོགས་པ་ཅན་འཆི་ཀར་ནད་དང་རྐྱེན་གྱིས་དཀྲུགས་ཀྱང་། ཤེས་རབ་ཕྱིས་འཆར་བའི་དཔེ་ཇི་ལྟ་བུ་ལགས། ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་ལྔ་མངོན་དུ་འཆར་བའི་དཔེ་ཇི་ལྟ་བུ་ལགས། སྐད་ཅིག་མའི་ཆོས་སྐུ་གསུམ་དུ་བསྡུ་བར་གསུངས་པ་གང་ལགས། སྐད་ཅིག་མ་ལ་གྲོལ་བའི་དཔེ་ཇི་ལྟ་བུ་ལགས། ཡེ་ཤེས་ཀྱི་གདངས་ལ་ཤེས་པ་མྱུར་བར་འཇུག་པའི་དཔེ་ཇི་ལྟ་བུ་ལགས། ཆོས་ཉིད་ལས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ཇི་ལྟ་བུ་ལགས། དེ་ཕྱིར་མི་ལྡོག་པའི་དཔེ་ཇི་ལྟ་བུ་ལགས། མངོན་པར་རྫོགས་པ་སངས་རྒྱས་པའི་དཔེ་ཇི་ལྟ་བུ་ལགས། མ་རྟོགས་པ་ལ་བར་དོ་ན་སེམས་དངོས་སུ་མེད་པར་སེམས་ཕྱིས་འཆར་བའི་དཔེ་ཇི་ལྟ་བུ་ལགས། སྤྲུལ་པའི་སྐུའི་དོན་བྱས་ནས་རང་དུ་གྲོལ་བའི་དཔེ་ཇི་ལྟ་བུ་ལགས། མྱ་ངན་ལས་འདས་པའི་དཔེ་ཇི་ལྟ་བུ་ལགས། ཞིང་ཁམས་གཅིག་པ་ལ་སྙིང་པོ་ཐ་དད་པའི་

དཔེ་ཇི་ལྟ་བུ་ལགས། རིགས་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ཇི་ལྟ་བུ་ལགས།རང་ས་ནས་གྲོལ་ཞིང་རང་སར་དབྱེར་མེད་པར་གནས་པའི་དཔེ་ཇི་ལྟ་བུ་ལགས། མུ་བཞིའི་དཔེ་ཇི་ལྟ་བུ་ལགས། ཡེ་ཤེས་རང་ལ་གསལ་བ་རྟགས་ཀྱི་དཔེ་ཇི་ལྟ་བུ་ལགས། རྟོག་པ་མེད་པར་བསྒོམས་པས་མི་གྲོལ་བའི་དཔེ་ཇི་ལྟ་བུ་ལགས། རིན་པོ་ཆེའི་སྦུབས་ན་དགོངས་པ་རང་གསལ་ལ་གཞན་གྱིས་མི་གཟིགས་པའི་དཔེ་ཇི་ལྟ་བུ་ལགས། དང་པོ་རིན་པོ་ཆེའི་སྦུབས་ནས་འཁྲུལ་པའི་དཔེ་ཇི་ལྟ་བུ་ལགས།ཕྱིས་རིན་པོ་ཆེའི་སྦུབས་ནས་མི་འཁྲུལ་པའི་དཔེ་ཇི་ལྟ་བུ་ལགས། དཔེའི་ངོ་བོ་གང་ལགས། ངེས་ཚིག་གང་ལགས། དབྱེ་བ་གང་ལགས། དགོས་པ་གང་ལགས། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ངེས་པར་ཟུང་ཞིག བག་ཆགས་ཀྱི་སྦུབས་ན་གནས་པའི་དཔེ་ནི། སེང་ཕྲུག་དང་ཁྱུང་ཕྲུག་ལྟ་བུའོ། །སྦུབས་འཕོ་བའི་དཔེ་ནི། བྱེ་ཕྲུག་སྒོ་ང་ནས་བྱུང་བ་དང་། སྦྲུལ་སྐོགས་པ་དང་བྲལ་བ་ལྟ་བུའོ། །འདིར་རྟོགས་པས་བར་དོ་ཆོད་པའི་དཔེ་ནི།སྔར་འདྲིས་པའི་མི་ཕྱིས་ངོ་ཤེས་པ་ལྟ་བུའོ། །སྦུབས་འཕོ་ཁར་ཡེ་ཤེས་དང་མི་འབྲལ་བར་འགྲོགས་པའི་དཔེ་ནི། ཚང་བང་ནས་སྒྲོན་མེ་ཕྱིར་བཏོན་པས། ཚང་བང་མུན་པར་གྱུར་ཏེ། མིའི་ལག་པ་སྒྲོན་མེ་དང་མ་བྲལ་བར་འགྲོ་སར་ཕྱིན་པ་ལྟ་བུའོ། །འཁྲུལ་པ་ལོག་པའི་དཔེ་ནི་གཉིད་སད་པ་ལྟ་བུའོ། །རྟོགས་པ་ཅན་འཆི་ཀར་ནད་དང་རྐྱེན་གྱིས་དཀྲུགས་ཀྱང་མི་བརྗེད་པའི་གཟུངས་ཐོབ་སྟེ་ཤེས་རབ་ཕྱིས་འཆར་བའི་དཔེ་ནི། ཆུ་ཟླ་ལ་རྡོས་བརྒྱབ་པས་འཁྲུགས་ནས་མི་གསལ་ཀྱང་ཆུ་དྭངས་འཕྲོ་ལ་གསལ་བ་ལྟ་བུའོ། །ཆོས་སྐུ་ལུས་ལས་མ་བྱུང་བར་ཡེ་ཤེས་སྔོན་རོལ་དུ་འཆར་བའི་དཔེ་ནི། ཉི་མ་ཤར་གྱི་ལ་ཁ་ན་འདུག་ཀྱང་འོད་ནུབ་རི་ལ་ཤར་བ་ལྟ་བུའོ། །སྐད་ཅིག་མའི་ཆོས་སྐུ་གསུམ་ནི་འཛིན་པར་བྱེད་པའི་ལྕགས་ཀྱུས་འོད་ལྔ་མ་བཟུང་བའི་གཟུང་བར་འགྱུར་བ་དང་། སྡུད་པར་བྱེད་པའི་དྭངས་མ་

ཆོས་ཉིད་ཀྱི་ངོ་བོ་ཡེ་ཤེས་ཀྱི་ངང་དུ་ཐིམ་པ་དང་། མི་བརྗེད་པའི་གཟུངས། རྒྱུན་གྱི་ཐག་པ་དང་གསུམ་མོ། །སྐད་ཅིག་མ་གཅིག་ལ་གྲོལ་བའི་དཔེ་ནི། སེང་གེ་མཆོངས་པ་ལྟ་བུ་དང་། བུམ་པ་ཆགས་པས་མར་མེ་གསལ་བ་ལྟ་བུ་དང་། སྐར་མདའ་ནམ་མཁའ་ལ་རྒྱུག་པ་ལྟ་བུའོ། །ཡེ་ཤེས་ཀྱི་གདངས་ལ་ཤེས་པ་མྱུར་བར་འཇུག་པའི་དཔེ་ནི་གསེར་གྱི་ཐུར་མ་ལྟ་བུའོ། །ཆོས་ཉིད་ལ་ཡེ་ཤེས་ཀྱི་སྣང་བ་འཆར་བའི་དཔེ་ནི། ནམ་མཁའ་ལ་འཇའ་ཚོན་ཤར་བ་ལྟ་བུའོ། །ཕྱིར་མི་ལྡོག་པའི་དཔེ་ནི། ཐོག་དང་དཔག་ཆེན་གྱི་མདའ་བཞིན་ནོ། །མངོན་པར་རྫོགས་པར་སངས་རྒྱས་པའི་དཔེ་ནི། ནམ་ལངས་པ་སའི་ལུང་མེད་པར་གསལ་བ་ལྟ་བུ་དང་རྒྱ་མཚོ་ལ་གཟའ་སྐར་ཤར་བ་དང་ཆུ་ཟླ་ལྟ་བུའོ། །མ་རྟོགས་པ་ལ་དོན་སེམས་དངོས་སུ་མེད་པར་སེམས་ཕྱིས་འཆར་བའི་དཔེ་ནི། ས་བོན་ལ་མྱུ་གུ་དངོས་སུ་མེད་ཀྱང་ཕྱིས་འབྱུང་བ་ལྟ་བུའོ། །སྤྲུལ་པའི་སྐུ་ཡིས་དོན་བྱས་ནས་རང་དུ་གྲོལ་བའི་དཔེ་ནི། ཆུ་བྲན་རྒྱ་མཚོར་འདུ་བ་ལྟ་བུ་དང་ཉི་མ་ནུབ་ཀར་ཟེར་འདུ་བ་བཞིན་ནོ། །མྱ་ངན་ལས་འདས་པའི་དཔེ་ནི། འཇའ་ཚོན་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །ཞིང་ཁམས་གཅིག་པ་ལ་རིགས་ཐ་དད་པའི་དཔེ་ནི། མར་མེ་མང་དུ་བཏང་བས་འོད་མི་ཕྱེད་པར་སྙིང་པོ་སོ་སོར་གསལ་བ་ལྟ་བུའོ། །རིག་པ་གཅིག་ལ་རྩལ་སོ་སོར་རྫོགས་པའི་དཔེ་ནི། ས་བོན་གཅིག་ལས་སྡོང་བུ་དང་ཡལ་ག་སོ་སོར་གྱེས་ཏེ་དེ་ལ་སྙེ་མ་སོ་སོར་བྱུང་ནས་འབྲས་བུ་ནས་མང་པོ་རྫོགས་པ་བཞིན་ནོ། །རང་ས་ནས་རང་སར་གྲོལ་ཞིང་རང་སར་དབྱེར་མེད་གནས་པའི་དཔེ་ནི། ནམ་མཁའ་གུད་དུ་བཅད་པ་བཏང་བ་ལྟ་བུའོ། །མུ་བཞིའི་དཔེ་ནི།གཅིག་པ་དང་ཐ་དད་ལས་གྲོལ་བ་གསེར་དང་སེར་པོ་ལྟ་བུའོ། །མ་གྲོལ་བ་སྨིག་རྒྱུ་ཆུ་ཟླ་ལྟ་བུའོ། །གྲོལ་བའི་མ་གྲོལ་བ་ཁམས་དང་བུམ་པ་ལྟ་བུའོ། །མ་གྲོལ་བའི་གྲོལ་བ་ཉི་མ་དང་འོད་ལྟ་བུའོ། །ཡེ་ཤེས་རང་ལ་གསལ་བ་རྟགས་ཀྱི་དཔེ་ནི། ཆང་འཐུང་པས་ར་རོ་བ་ལྟ་བུའོ། །རྟོག་པ་མེད་པར་བསྒོམས་པས་མི་གྲོལ་

བའི་དཔེ་ནི། རི་མོ་འམ་ལྡེར་སོ་ལྟ་བུའོ། །རིན་པོ་ཆེའི་སྦུབས་ནས་དགོངས་པ་རང་གསལ་བ་ལ་གཞན་གྱིས་མི་གཟིགས་པའི་དཔེ་ནི། གནས་ཁང་ཡངས་པར་མཚན་མོ་ལ་མགྲོན་པོ་སྔ་ཕྱི་འཚོགས་ནས་ཉལ་བ་ལྟ་བུའོ། །དང་པོ་རིན་པོ་ཆེའི་སྦུབས་ལས་འཁྲུལ་པའི་དཔེ་ནི། བྱིས་པས་མེ་ལོང་དུ་བྱད་ཤར་བ་ངོ་མ་ཤེས་པར་གཞན་གྱི་བྱད་དུ་མཐོང་བ་ལྟ་བུའོ། །ཕྱིས་རིན་པོ་ཆེའི་སྦུབས་ནས་མི་འཁྲུལ་པའི་དཔེ་ནི། བྱིས་པས་ལུས་ཀྱི་མཐའ་རྫོགས་ནས་རང་གི་བྱད་ངོ་ཤེས་པ་ལྟ་བུའམ་ལོ་ཐོག་ནས་སུ་སྨིན་ནས་ནང་པར་ལྗང་པར་མི་འགྱུར་བ་བཞིན་ནོ། །རིགས་ཀྱི་བུ་དཔེ་ཡི་ངོ་བོ་ནི། སོ་སོའི་མཚོན་པའི་བརྡ་ཇི་བཞིན་པའོ། །དཔེ་ཡི་ངེས་ཚིག་ནི། ཕྱོགས་མཐུན་འདྲ་བའི་སྒོ་ནས་མཚོན་པར་བྱེད་པའི་ཕྱིར་ནའོ། །དབྱེ་བ་ནི་གཞི་མཚོན་པའི་དཔེ་དང་། རྩལ་མཚོན་པའི་དཔེ་དང་། གྲོལ་བ་མཚོན་པའི་དཔེ་དང་།གཉིས་མེད་མཚོན་པའི་དཔེའོ། །དགོས་པ་ནི་དོན་རྟོགས་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྱིར་དྲིལ་ནས་དོན་བཤད་པ་དང་བཅས་པ་བསྟན་པ་སྟེ་ལེའུ་དགུ་བཅུ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མྱ་ངན་འདས་ལུགས་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སངས་རྒྱས་མྱ་ངན་འདས་པའི་ཚུལ། །ཟུར་ཙམ་གོང་དུ་ངས་བསྟན་ཀྱང་། །ཁྱོད་ཀྱིས་ངེས་པར་མ་ཤེས་ན། །རྒྱས་པར་ངས་བཤད་ལེགས་པར་ཟུང་། །ཤེས་རབ་མཁའ་ལ་འདེགས་པ་ཡིས། །མ་བསྐྱོད་ཤུགས་ཀྱིས་བསྐྱོད་པར་བྱེད། །འབྱུང་བ་མ་ལ་ཞ་བ་ཡིས། །མཚན་མ་རང་སར་གྲོལ་བར་བྱེད། །ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས། །རྩལ་སྟོབས་གཞི་ལ་ཐིམ་པར་སྟོན། །ཤེས་རབ་མཁའ་ལ་འཁྱིལ་པ་ཡིས། །སྐུ་གསུམ་ཡེ་ཤེས་རང་གསལ་སྟོན། །རིག་པ་རང་ས་ཟིན་པ་ཡིས། །དགོངས་པ་འགྱུར་བ་མེད་པར་སྟོན། །

ཅེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རང་བྱུང་ཚིག་ལྔའི་དགོངས་པ་དེ་ལྟར་ན། །སོ་སོའི་མཚན་ཉིད་རྣམ་གྲངས་དང་། །དེ་ཡི་དོན་ལ་དྲིལ་ལུགས་རྣམས། །ད་ལྟ་རྣམས་དང་རྗེས་འཇུག་ལ། །ཐབས་ལ་མཁས་པས་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ངེས་ཟུང་ཞིག །ཤེས་རབ་མཁའ་ལ་འདེགས་པ་ལ། །མཚན་ཉིད་རྣམ་གྲངས་རྣམ་པ་བཞི། །སྟོབས་ལྡན་མ་དང་ཤུགས་འཆང་མ། །འདེགས་བྱེད་མ་དང་བརྟན་མ་བཞི། །སྟོབས་ལྡན་མ་ནི་འཆར་བ་དང་། །གཉིས་སུ་མེད་པར་སྦྱོར་བར་བྱེད། །ཤུགས་འཆང་མ་ཞེས་བྱ་བ་དེ། །དང་པོ་རིགས་པའི་རྩལ་དུ་ནི། །སྐུ་དང་ཡེ་ཤེས་ཤར་བ་ཡང་། །རྩོལ་བ་མེད་པར་ངང་གིས་ཤར། །ཐ་མ་འཁོར་རྣམས་གཙོ་བོ་ལྔ་ལ་འདུས། །གཙོ་བོ་ལྔ་ཡང་རིན་ཆེན་སྦུབས་སུ་གཤེགས། །རྩོལ་དང་བཅས་ནས་བསྐྱོད་པ་མ་ཡིན་ཏེ། །ངང་གིས་གྲོལ་བའི་ཕྱིར་ན་ཤུགས་འཆང་མའོ། །དེ་ཡི་དུས་ན་ཆོས་སྐུ་རིན་ཆེན་ལྟ་བུ་དེ། །རྡོས་པ་ཅན་གྱི་ཆོས་མེད་དེ། །ཆོས་ཉིད་ནམ་མཁའ་ལྟ་བུ་དང་། །ཆོས་སྐུ་ནམ་མཁའ་ལྟ་བུ་གཉིས། །གཉིས་སུ་མེད་པར་ཟང་ཐལ་བས། །མ་བྱིང་སང་ངེ་གནས་པས་འདེགས་བྱེད་མ། །དེ་ཙམ་གྱི་དུས་ན་ཡེ་ཤེས་ཀྱི་རླུང་མི་གཡོ་བས་བརྟན་མའོ། །དེ་རྣམས་རླུང་གི་མཚན་ཉིད་གཅིག་ལ་གནས་པའོ། །རིགས་ཀྱི་བུ་འབྱུང་བ་མ་ལ་ཞ་བའི་མཚན་ཉིད་ལ་ལྔ་སྟེ། འཁྲུལ་པའི་འབྱུང་བ་རྣམ་པ་ལྔ། །ཡེ་ཤེས་ལྔ་ཡི་གདངས་ལ་འདུས། །ཡེ་ཤེས་ལྔ་ཡི་འོད་གདངས་ཀྱང་། །རང་བྱུང་འབྱུང་བ་ལྔ་ལ་འདུས། །དེའི་ཚེ་ན་རླུང་རྡོ་རྗེ་རྒྱ་གྲམ་བཀོད་ལེགས་དེ་གདན་དུ་བཏིང་བའོ། །དེ་ཡང་རླུང་ནི་མ་བྱིང་པའོ། །དུས་དེར་གཡོ་བྱེད་མེད་པར་གནས་པས་རྒྱ་གྲམ་ལྟ་བུའོ། །དེ་ནི་རླུང་གཡོ་བྱེད་མེད་པར་

བཀོད་པའོ། །ཆུ་ཤེལ་གྱི་འཁོར་ལོ་བརྩེགས་ལེགས་ཏེ། འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་དྲིལ་སྟེ་གཤེར་བ་མེད་པའི་ཆུའོ། །དེ་རྣམ་པར་དག་པའི་དབྱིངས་ཏེ་བརྩེགས་ལེགས་སོ། །དེ་ཡང་དབྱིངས་རྣམ་པར་དག་པའི་ངང་ན། རིག་པ་གནས་པས་སྟོང་པ་དབྱེར་མེད་དོ། །དེའི་ངང་ན་ཡེ་ཤེས་ཀྱི་སྤྱན་མ་འགགས་པར་ཤར་བས། འོད་ཀྱི་བུམ་པ་ལྔར་གནས་པའོ། །དེའི་སྙིང་པོ་རིགས་ལྔའི་སྐུ་ལྔ་གསལ་བར་གནས་སོ། །དེས་ན་བརྩེགས་ལེགས་སོ། །རིགས་ཀྱི་བུ་རང་གསལ་འཛིན་པ་མེད་པའོ། །དེའི་དུས་སུ་སྲ་བ་དང་བཅས་པའི་ས་སྲ་བ་མེད་པའི་ངང་དུ་གྲོལ་ཏེ་དོན་འགྱུར་བ་མེད་པ། དེ་ཡང་རང་གི་ངོ་བོ་འགྱུར་བ་མེད་པའི་ངང་ན། གོང་བཞིན་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་པས། མཆོད་རྟེན་ལྟ་བུའོ། །དེ་ཡང་བཟང་ངན་དང་ཆེ་ཆུང་དང་ཡངས་དོག་མེད་པར་གནས་པས་ཀུན་ཏུ་ཁོད་སྙོམས་པའོ། །འདུག་ཚུལ་སྐུ་དང་ཡེ་ཤེས་ལ།སྣང་ཚུལ་སྐུའི་ཡེ་ཤེས་ཤར་བས། རྟོགས་ཚུལ་གཉིས་མེད་ཡེ་ཤེས་ཆེན་པོར་རྟོགས་ཏེ། འབྱེད་པ་མེད་པའི་ཚུལ་ཤེས་པའོ། །རིགས་ཀྱི་བུ་དུས་དེར་ཚ་བ་དང་བཅས་པའི་མེ་ཚ་བ་མེད་པའི་ངང་དུ་གྲོལ་བས། རང་རིག་པའི་ཡེ་ཤེས་ལས་གཞན་སྣང་གི་རྟོག་པ་མེད་པའོ། །དྲི་མ་མེད་པའི་རིག་པ་ལ་སྐུ་དང་ཡེ་ཤེས་སུ་གནས་ཀྱང་དོན་གཉིས་སུ་མེད་པར་གསལ་ཏེ། ས་བོན་འབྲས་བུར་སྨིན་ནས་འབྲས་བུ་འགྱུར་བ་མེད་པར་གནས་པ་ནི་མེ་ཏོག་པདྨ་འདྲ་བར་འོད་འབར་ཏེ་མ་སྨིན་པ་སྨིན་པར་བྱས་སོ། །རིག་པའི་ཡེ་ཤེས་འབྱུང་བ་ལས་འདས་པའི་རང་གདངས། འོད་ལས་འདས་པའི་ཡེ་ཤེས། ཡིད་ལས་འདས་པའི་ཤེས་རབ།དུས་ཐམས་ཅད་དུ་སྐྱེ་འགག་དང་ནུབ་པ་མེད་པར་གནས་པ་ནི་ནམ་མཁའ་ཁྱབ་པ་མེད་པའི་གདངས་ཅན་ཏེ་རྒྱལ་མཚན་གྱི་རྩེ་མོ་ལྟ་བུའོ། །དེ་ལྟར་འབྱུང་བ་ལྔ་པོ་མ་

ཐོག་ནས་ཤར་ནས་མ་ཐོག་ཏུ་གྲོལ་ཏེ་མི་གནས་པས་མ་ལ་ཞའོ། །དེ་ཡང་དང་པོ་དབྱིངས་དང་རིག་པ་དབྱེར་མེད་ཀྱི་ངང་ལ་ཤར་བས་མཐའ་མ་ཡང་དེའི་ངང་དུ་དག་ཅིང་ཐིམ་པས། ཡེ་ཤེས་དབྱིངས་སུ་ཐིམ་པའི་མན་ངག་གོ། །ཡེ་ཤེས་དབྱིངས་སུ་ཐིམ་པས་སོ་སོར་རྟོགས་པའི་ཤེས་རབ་ལས་འདས་ཤིང་། གཟིགས་སྣང་གི་ཡུལ་མི་གནས་པས་གཉིས་སུ་མེད་པའི་ཡེ་ཤེས་རྩེ་གཅིག་པར་གསལ་བ་སྟེ་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པའོ། །དེའི་ཚེ་ཤེས་རབ་དང་ཆོས་ཀྱི་སྤྱན་ལས་གྲོལ་པའོ། །རིགས་ཀྱི་བུ་ཡེ་ཤེས་དབྱིངས་སུ་ཐིམ་ཡང་སྟོང་པ་ཕྱང་ཆད་དུ་མ་གྱུར་སྟེ། དབྱིངས་ཀྱི་ཐིག་ལེ་གཤེར་བ་མེད་པའི་ཆུས་ནང་མེད་པའི་ནང་དུ་བསྡུས་ཏེ། སྐུ་དང་ཡེ་ཤེས་ནང་གསལ་དུ་གནས་པས། ཤེས་རབ་མཁའ་ལ་འཁྱིལ་པའོ། །དེ་ཡང་རྒྱས་པར་བསྟན་ན་མཚན་ཉིད་བཞི་སྟེ། སྐུ་དང་ཡེ་ཤེས་དབྱིངས་སུ་ཐིམ་ཡང་། རིག་པ་རང་གསལ་དབྱིངས་ན་མི་འགག་པས། ཐིམ་པ་ལ་མ་རྨུགས་པའོ། །མ་རྨུགས་ཀྱང་སེམས་རྣམ་པར་དག་སྟེ། རང་སྣང་གི་ཡེ་ཤེས་ལས་གཞན་སྣང་གི་རྟོག་པ་མི་མངའ་བས་འཛིན་རྟོག་བྲལ་བའི་ཡེ་ཤེས་སོ། །རིགས་ཀྱི་བུ་དེ་ནི་གཞན་མ་ཡིན་ཏེ་རང་གི་རིག་པ་འདི་ཉིད་དོ། །འདི་ཉིད་རྟོག་པ་ལྟར་སྣང་བ་ནི།རྐྱེན་ཕྲ་མོས་དཀྲུགས་ནས་སྣང་བའོ། །དོན་ཤེས་པ་གནས་འགྱུར་མ་ཡིན་ཏེ།དཔེར་ན་ཁྱིམ་གྱི་ནམ་མཁའ་རྩིགས་པས་བཅད་ཀྱང་། རྒྱ་མཐོངས་ནས་ཡར་ཟང་ཐལ་ཏེ་ནམ་མཁའ་དབྱེར་མེད་དོ། །དེ་བཞིན་དུ་བག་ཆགས་ཀྱི་སྦུབས་ཀྱིས་བཅད་ཀྱང་། དོན་ཡེ་ཤེས་ཟང་ཐལ་དེ་རྟོགས་ནས་མ་བསྒྲིབས་པར་ཟང་ཐལ་ལོ། །དེ་བས་ན་ཡིན་པ་ལ་བདག་མེད་པའོ། །དེའི་ངང་ལ་དུས་གསུམ་གྱི་སངས་རྒྱས་བཞུགས་ཀྱང་། འབྱེད་པ་མེད་པའི་ཤེས་རབ་རང་གསལ་རྟོག་པ་མེད་པར་བཞུགས་སོ། །རིག་པའི་ཡོན་ཏན་དང་པོ་རང་གི་ཀློང་ནས་ཤར་བས། ཐ་མ་མི་འགག་

པར་རང་གི་ཀློང་ན་གནས་ཏེ། ཡུམ་གྱི་བུམ་པ་ལྔ་ན་ཡེ་ཤེས་ཀྱི་སྐུ་ལྔ་སོ་སོར་གསལ་བ། རང་སྣང་ལས་གཞན་སྣང་མེད་དོ། །དོན་དེས་ན་སོ་སོར་མ་འདྲེས་པ་ལ་མི་འབྱེད་པར་བཞུགས་སོ། །དུས་དེར་རིག་པ་རང་ས་ཟིན་ཏེ།གཉིས་མེད་ཆོས་ཀྱི་སྐུ་མི་འགྱུར་བས། སྟོང་པ་ཉིད་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ། །གཉིས་སུ་མེད་པ་ཆོས་ཀྱི་སྐུའི་ངང་ན། རིག་པ་ཡེ་ཤེས་ཀྱི་སྤྱན་མི་འགག་པར་གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ། འགག་པ་མེད་པའི་གསུང་གཡུང་དྲུང་ལྟ་བུའི་ཚེའོ། །རིགས་ལྔ་སྤྲུལ་པའི་སྐུ་ཡེ་ཤེས་སྤྱན་གྱི་ངང་ན་གནས་པས། དེ་གསུམ་འབྱེད་པ་མེད་པའི་ཤེས་རབ་ཀློང་གཅིག་ཏུ་འཁྱིལ་ནས། ཐུན་མེད་པའི་ཐུན་ཆེན་པོ་གཅིག་གི་ངང་དུ་གྲོལ་ཏེ། རྒྱུན་གྱི་ཏིང་ངེ་འཛིན་རྩེ་གཅིག་གི་རང་ལ་གནས་སོ། །དེའི་ཚེ་ཡུལ་གཉིས་ལས་གྲོལ་ཏེ། རང་སྣང་ལས་གཞན་སྣང་མེད་དོ། །སྤྱན་གཉིས་དག་ནས། ཡེ་ཤེས་རང་གསལ་གྱི་སྤྱན་རྩེ་གཅིག་པའོ། །ལུས་གཉིས་ལས་འདས་ཏེ། རིག་པ་རྐྱང་པ་རིན་པོ་ཆེ་ལྟ་བུ་དྲི་མ་དང་བྲལ་ཏེ་གཅེར་བུར་གནས་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། མྱ་ངན་ལས་འདས་པའི་དགོངས་པ་དང་། དེ་མཚོན་པ་ཚིག་ལྔའི་དོན་བཤད་བསྟན་པ་སྟེ་ལེའུ་དགུ་བཅུ་གོ་གཅིག་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མྱ་ངན་འདས་པའི་དོན་བཤད་ཇི་ལྟར་ལགས། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཟུང་ཞིག །ངོ་བོ་ངེས་ཚིག་དབྱེ་བ་དང་། །མཚན་ཉིད་རྣམ་པ་བཞི་ཡིས་བཤད། །མྱ་ངན་འདས་པའི་ངོ་བོ་ནི། །མི་གནས་པ་ཡི་ཡེ་ཤེས་ཆེན་པོའོ། །ངེས་ཚིག་སྡུག་བསྔལ་གྱི་མཐའ་ལས་འདས་ཏེ། མི་རྟོག་པའི་བདེ་བ་ཆེན་པོ་ལ་གནས་པའི་ཕྱིར་ནའོ། །དབྱེ་བ་ནི་ཟག་བཅས་ཀྱི་མྱ་ངན་ལས་འདས་པ་དང་། ཟག་པ་

མེད་པའོ། མཚན་ཉིད་ནི་མཐའ་རྣམ་པ་བཞི་ལས་འདས་པའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། )མྱ་ངན་ལས་འདས་པའི་དོན་བཤད་བསྟན་པ་སྟེ་ལེའུ་གོ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་སྟོན་པ་རྟོག་མེད་གསལ། །སྤྱན་གྱི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྒྱུད་ལུང་ཀུན་གྱི་ནང་ན་སྤྱན་ཞེས་བརྗོད་པ་ནི། ངས་བསྟན་འདི་རྣམས་ཤེས་པར་བྱ། ངོ་བོ་དབྱེ་བ་བཅས་པ་ནི། ཡེ་ཤེས་ཀྱི་སྤྱན་འབྱེད་པ་མེད་པར་རྩེ་གཅིག་ཏུ་གསལ་བ་དང་། ཆོས་ཀྱི་སྤྱན་རྟོག་པ་མེད་པར་མཁྱེན་ཅིང་གསལ་བ་དང་། ཤེས་རབ་ཀྱི་སྤྱན་རྣམ་པར་དཔྱོད་ཅིང་དོན་སོ་སོར་གསལ་བ་དང་། ལྷའི་སྤྱན་རྣམ་པར་དག་པ་བག་ཆགས་ཟད་པ་ལ་སྣང་བ་དང་། ཤའི་སྤྱན་རྣམ་པར་དག་པ་ཏིང་ངེ་འཛིན་ལས་སུ་རུང་བ་ལ་སྣང་བ་དང་། ཆུ་བུར་གྱི་མིག་བག་ཆགས་ཀྱི་ལུས་ཅན་རྣམས་ལ་ཐུན་མོང་དུ་གསལ་བའོ། །ངེས་ཚིག་ནི་དོན་མཐོང་ཞིང་མ་འགགས་པར་གསལ་བས་ནའོ། །མཚན་ཉིད་ནི་སྤྱིར་སྒྲིབ་པ་དང་བྲལ་བའོ། །དཔེ་ནི་ཉི་མའི་སྙིང་པོ་ལྟ་བུའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྤྱན་གྱི་དོན་བཤད་བསྟན་པ་སྟེ་ལེའུ་གོ་གསུམ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྣམ་པར་མཁྱེན། །རྒྱུད་ལུང་མན་ངག་ལས་བྱུང་བའི། །མུ་བཞིའི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལེགས་པར་ཟུང་ཞིག །མུ་བཞིའི་ངོ་བོ་ངེས་ཚིག་དང་། །དབྱེ་བ་མཐུན་པའི་དཔེ་རྣམས་ཏེ། །དཔེ་ནི་གོང་བསྟན་ཤེས་པར་བྱ། །ངོ་བོ་དབྱེ་བ་བཅས་པ་ནི། །མུ་བཞི་རྣམ་པ་གཉིས་ཡིན་ཏེ། །དུས་དང་གྲོལ་བ་ལ་སོགས་བརྩི། །དང་པོ་དུས་ཀྱི་མུ་དབྱེ་ན། ལུས་ཀྱི་མཐའ་རྫོགས་པའི་དུས་དང་། ཤེས་རབ་ཀྱི་མཐའ་རྫོགས་པའི་དུས་དང་།ལས་ཀྱི་མཐའ་ཟད་པས་ཆེ་བའི་ཡེ་ཤེས་མཐའ་རྫོགས་

པའི་དུས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེའི་རྩལ་ཟད་པའི་དུས་སོ། །གྲོལ་བའི་མུ་བཞི་ནི། གཅིག་པ་དང་ཐ་དད་པ་ལས་གྲོལ་བའི་ཐིག་ལེ་དང་རང་བྱུང་གི་ཡེ་ཤེས་སོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། རང་བྱུང་གི་ཡེ་ཤེས་ཉིད་ཐིག་ལེ་ཡིན་ལ།ཐིག་ལེ་ཉིད་ཀྱང་རང་བྱུང་གི་ཡེ་ཤེས་སུ་གསལ་བས། གཅིག་པ་དང་ཐ་དད་དུ་བརྗོད་པ་ལས་འདས་པའོ། །གཅིག་པ་དང་ཐ་དད་པ་ལས་གྲོལ་བ་ནི། ཆོས་སྐུ་དང་ནམ་མཁའོ། །རིགས་ཀྱི་བུ་ཅིའི་ཕྱིར་ཞེ་ན། དེ་གཉིས་ཐ་དད་པའི་ཕྱིར་ཏེ། རང་བཞིན་དག་པའི་ནམ་མཁའ་ནི། ཁ་དོག་བཞི་དང་དབྱིབས་ཀྱི་བདག་ཉིད་དང་། འབྱུང་བ་བཞིའི་རང་བཞིན་དག་ཀྱང་། བག་དང་མ་བྲལ་ཏེ། ངོ་བོ་རིག་མེད་སྟོང་པ་ཡིན་པའི་ཕྱིར་རོ། །ཆོས་སྐུ་ཐིག་ལེ་ཆེན་པོ་ནི། སྟོང་པར་མཐུན་ཀྱང་དེ་རྣམས་ལས་ལོག་པའོ། །དོན་ངེས་གཅིག་པ་དང་ཐ་དད་པ་ལས་གྲོལ་བའོ། །གྲོལ་བའི་མ་གྲོལ་བ་ནི། སེམས་དང་ཡེ་ཤེས་ཏེ། གྲོལ་བ་ནི་གཞི་གཅིག་པའོ། །སེམས་རྟོགས་བཅས་སུ་གསལ་ལ་ཡེ་ཤེས་རྟོག་མེད་དུ་བཞུགས་པས།དོན་དེས་ན་རྩལ་གྱི་ངོས་ནས་མ་གྲོལ་བའོ། །མ་གྲོལ་བའི་གྲོལ་བ་ནི། ཐིག་ལེ་དང་ཡུལ་ཏེ། ཐིག་ལེ་རིག་པ་འགག་པ་མེད་པ་དང་། ཡུལ་རིག་མེད་སྟོང་པར་གནས་པས་མ་གྲོལ་བའོ། །གྲོལ་བ་ནི་ཆོས་ཅན་ཐ་དད་པ་ལྟ་བུ་མ་ཡིན་པར་སྟོང་པ་དབྱེར་མེད་དུ་གནས་ཏེ། སོ་སོར་བརྗོད་པ་ལས་འདས་པའི་གསལ་བ་ཟང་ཐལ་ལོ། །དོན་དེས་ན་མ་གྲོལ་བའི་གྲོལ་བའོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། མུ་བཞིའི་དོན་བཤད་བསྟན་པ་སྟེ་ལེའུ་གོ་བཞི་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །སྒྲ་ཡི་དོན་བཤད་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་

བཀའ་སྩལ་པ། ངས་བཤད་རྒྱུད་ལུང་ཐམས་ཅད་དུ། །སྒྲ་རྣམས་ཇི་ལྟར་སྣང་མོད་ཀྱི། །སྒྲ་ཡི་དབྱིངས་རྒྱ་གར་གྱི་ཨ་དང་། བོད་ཀྱི་འ་ཡིན་དང་སྒྲུབ་བྱེད་དང་། །གཞན་སེལ་ཕན་པའི་རྐྱེན་ཅན་ནོ། །རྣམ་པ་བཞི་རུ་བསྡུས་པ་བསྟན། སྒྲའི་དབྱིངས་ལ་འ་འབྱུང་བ་འདི་བི་མ་ལ་མི་ཏྲས་བསམ་ཡས་སུ་རང་འགྱུར་དུ་བསྒྱུར་བའི་དུས་སུ་བོད་ཀྱི་སྒྲའི་དབྱིངས་ལ་འ་ཡང་ཨ་ལ་དགོངས་ནས། རྒྱ་གར་གྱི་ཨའི་དོད་ལ་བོད་དུ་འ་རུ་བསྒྱུར་བ་དཀྱུས་སུ་བྲིས་པ་ཡིན་ནོ། །སྒྲའི་དབྱིངས་ནི་འ་བོད་ཀྱི་དང་ཨའོ་རྒྱ་གར་གྱི་། །དེ་གཉིས་སྒྲའི་རྒྱ་བོད་གཉིས་ཀྱི་འབྱུང་གནས་ཡིན། དེ་ཡང་ཇི་ལྟར་འབྱུང་ཞེ་ན། དེ་གཉིས་གཉིས་སུ་མེད་པར་མ་བྱུང་བའོ། །དེ་གཉིས་མི་འགྱུར་བས་སའོ། །དེ་གཉིས་ཀྱི་བར་དུ་ཡེ་ཤེས་མི་འགག་པར་རང་བྱུང་བས་ཧའོ། །དེ་ལས་ཤེས་རབ་སྐྱེ་བས་ཤ་བྱུང་བའོ། །དེ་གཉིས་ཀ་ཕྱི་མོ་ཡིན་པ་དང་། ཇི་ལྟར་སྣང་བའི་སྐུ་གཉིས་ཐུགས་རྗེ་འབྱུང་བས་ཀའོ། །དབྱིངས་ཀྱི་ངང་ལས་མི་འདའ་ཞིང་ངང་གི་ནང་ནས་གནས་པས་ན་ཁའོ། །དེ་གཉིས་རྒྱ་མ་ཆད་པས་གའོ། །དེ་གཉིས་སུ་མེད་པ་ལས་ཐམས་ཅད་འཆར་བས་ངའོ། །དེ་གཉིས་ཀུན་གྱི་འབྱུང་གནས་ཡིན་པས་ཙ་འབྱུང་བའོ། །དེ་གཉིས་སུ་མེད་པར་ཉམས་སུ་མྱོང་པས་ཚའོ། །དེ་མ་འགགས་པའི་ཐུགས་རྗེས་འཛིན་པར་བྱེད་ཅིང་། དེ་གཉིས་འདུ་འབྲལ་མེད་པ་ནི་ཛའོ། །ཨ་རིག་པ་ཡིན་པས་ཏའོ། །གཞིར་གནས་མཐར་གྱུར་པས་ན་ཐའོ། །དེ་གཉིས་སུ་མེད་པ་ཤེས་བྱ་མ་བཅོས་པ་སྟེ་དའོ། །ཡེ་ཤེས་སུ་འབྱུང་བས་ཉའོ། །མ་རྟོགས་པས་སེམས་སུ་སྣང་བས་ན་ནའོ། །དེ་གཉིས་སུ་མེད་པ་ཆོས་སྐུ་ཡིན་པས་པའོ། །ཐབས་འགག་པ་མེད་པར་འཆར་བས་ཕའོ། །རྩལ་སྐུར་སྣང་བས་བའོ། །དེ་གཉིས་ཀྱི་ཐུགས་རྗེ་སྐུ་གསུམ་གཞི་ལ་གྲུབ་པས་ཡའོ། །ཐུགས་རྗེ་དང་མི་བྲལ་བས་རའོ། །དེ་གཉིས་ལ་ཐམས་ཅད་འཕྲོ་ཞིང་འདུས་པས་ལའོ། །དེ་གཉིས་ལ་རྟོགས་པ་དང་མ་རྟོགས་པ་འབྱུང་བས་ཊ་ལོག་པ་དང་མ་ལོག་པའོ། །དེ་བས་ན་འ་བོད་ཀྱི་དང་ཨ་རྒྱ་གར་གྱི་གཉིས་སྒྲའི་དབྱིངས་སམ་སྒྲའི་འདི་པ་སོ། །དེ་གཉིས་བསྒྲུབ་པར་

བྱེད་པ་ནི། ཨ་འ་གཉིས་ཀྱི་ཡི་གེ་ཐམས་ཅད་དག་པར་སྒྲུབ་པའོ། །འ་ས་ཐམས་ཅད་སྤྲོས་པ་དང་བྲལ་བར་སྒྲུབ་པའོ། །དེ་གཉིས་འདྲེལ་པར་གྱུར་པས་རིང་བ་སྟེ་རྒྱུན་ཆད་པ་མེད་པར་སྒྲུབ་པའོ། །ཧ་དང་འདྲེལ་པས་ན་ཆེན་པོ་སྟེ། མ་བྱས་པར་གྲུབ་པར་བྱེད་པའོ། །ཡི་གེས་རང་བརྩེགས་པར་འབྱུང་བས་མཐུག་པ་སྟེ།སྐྱེ་འགག་མེད་པར་སྒྲུབ་པའོ། །ཧ་དང་ཞབས་སྐྱེད་ཀྱི་ཡི་གེ་དང་ངང་འདྲེལ་བས། ཐུང་བ་སྟེ་སྡུད་པའོ། །ཛ་དེ་ཡི་ཕན་པའི་རྐྱེན་ནོ། །པ་ར་ཏ་ས་ར་དང་བཅས་པ་ནི་སྤྲོས་པར་བྱེད་པས་སྒྲུབ་པའོ། །ཕ་དང་ཏ་ནི་དེ་ལ་ཕན་པའི་རྐྱེན་ཅན་ནོ། །ཐ་ལོག་ཐམས་ཅད་ཐུན་མོང་མ་ཡིན་པར་སྒྲུབ་པའོ། །རང་སོ་ཐམས་ཅད་ནི་དབྱིངས་སྒྲུབ་པའོ། །དེ་བཞིན་དུ་འ་དང་ཨ་ལས་ཤར་བ་ཐམས་ཅད་དོན་ཕྱོགས་རེ་དང་ལྡན་པས། ཨའི་དོན་ཕྱོགས་རེ་སྒྲུབ་པའོ། །དེ་ནི་སྒྲའི་སྒྲུབ་བྱེད་དུ་བཞུགས་པའོ། །དེ་རྣམས་ཀྱི་འ་དང་ཨའི་གཞི་མི་མཐུན་པ་ཕྱོགས་སེལ་ཅིང་།སྒོ་སོ་སོའི་མི་མཐུན་པའི་ཕྱོགས་སེལ་བས་གཞན་སེལ་ལོ། །དེ་རྣམས་ཀྱི་འཕྲུལ་ལུགས་ཀྱིས། རང་རང་གི་དོན་སྒྲུབ་པའི་གྲོགས་སུ་འགྱུར་བ་དང་། སྤྱིར་གཞིའི་ཡོན་ཏན་བསྒྲུབ་པའི་གྲོགས་སུ་གྱུར་པས་ན། སྒྲ་ཕན་པའི་རྐྱེན་ཅན་ནོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། སྒྲའི་དོན་བཤད་བསྟན་པ་སྟེ་ལེའུ་གོ་ལྔ་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་ཐུགས་རྗེ་དང་ཐབས་སུ་ལྡན་པ། རྒྱུད་ལུང་མན་ངག་ཀུན་གོང་དུ་གསུངས་པའི་ཚིག་ཚོགས་ཐམས་ཅད་དེ་ལྟར་བཤད་པ་ལགས་ན། འབྲུ་ཕྲ་མོ་རྣམས་ཇི་ལྟར་གཞོམ་པ་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རིག་པ་འཛིན་པ་རྣམས་ལེགས་པར་ཉོན་ཅིག །ངས་བསྟན་པའི་ཀུན་གསལ་ཆེན་པོས་རྒྱུད་ལུང་མན་ངག་གི་གནད་ཐམས་ཅད་གོང་ལྟར་བཅད་ལ། གནས་སྐབས་ཐམས་ཅད་ཀྱི་

འབོད་སྐད་ཀྱིས་བསྡེབས་ལ། གོང་དུ་ངས་བཤད་པ་རྣམས་སུ་འབྲུ་མནན་ནོ། །རིགས་ཀྱི་བུ་ལེའུ་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་དང་མ་འདྲེས་ཏེ། གོང་མཚོན་པའི་དོན་གཙོར་བཤད་པའོ། །སྐབས་ཅེས་པ་ནི་ལེའུའི་ཁོངས་དོན་དང་། དོན་འབྱུང་བའི་གཞི་མ་འགགས་པར་ཤེས་པར་བྱའོ། །ཐིག་ལེ་ཐམས་ཅད་ནི། མི་འགྱུར་བ་མི་འགག་པ་ཁྱབ་པར་བཤད་དོ། །སྣང་བ་ཐམས་ཅད་ཡུལ་ལོ། །ཡུལ་ཐམས་ཅད་བཞུགས་པ་དང་གནས་དང་སྣང་བར་ཤེས་པར་བྱའོ། །རིག་པ་ནི་ཆོས་སྐུ་དང་། དོན་མཁྱེན་པ་དང་། བེམ་པོ་ལས་ལོག་པ་དང་། མ་རིག་པ་ལས་ལོག་པའོ། །མ་རིག་པ་ཐམས་ཅད་དོན་མ་ཤེས་པའོ། །ཡོན་ཏན་ཐམས་ཅད་མཐུན་པའི་ཕྱོགས་དང་། གཞི་ལྡན་པ་དང་། མ་འགགས་པར་བཤད་དོ། །སྐྱོན་ཐམས་ཅད་མཐའ་དང་གཟུང་འཛིན་དང་། མ་རིག་པ་དང་ལོག་ལྟ་དང་། དོན་སོ་སོ་དང་། དོན་མི་མཐུན་པས་སྤང་བྱར་བཤད་དོ། །གྲུབ་མཐའ་ཐམས་ཅད་ལྟ་བ་དང་འབྲས་བུར་བཤད་དོ། །འབྲས་བུ་ཐམས་ཅད་དོན་མཐར་ཕྱིན་པའོ། །དོན་ནི་ཐ་དད་དོ། །དགོངས་པ་ཐམས་ཅད་ངང་དང་རང་བཞིན་བདག་ཉིད་ཆེན་པོར་བཤད་དོ། །ངང་ནི་མ་བཅོས་པ་དང་། མི་གཡོ་བ་དང་། མི་འདའ་བ་དང་། མི་གནས་པ་དང་། མི་འགྱུར་བར་བཤད་དོ། །རང་བཞིན་ནི་མ་འགགས་པ་དང་། མི་མཐུན་པ་དང་། སོ་སོའི་ཆོས་ཉིད་དུ་བཤད་དོ། །བདག་ཉིད་ཆེན་པོ་ནི་ཐམས་ཅད་རིག་པ་དབྱེར་མེད་པར་བཤད་དོ། །རང་ཞེན་ནི་ཡུལ་ལ་རག་མ་ལུས་པའོ། །འགྱུ་བ་ཐམས་ཅད་ནི་རྩལ་ལོ། །སྦུབས་མེད་པའི་འགྱུ་བ་རྟོག་མེད་ཀྱི་རྩལ་ལོ། །སྦུབས་ཅན་རྟོག་བཅས་སོ། །དེ་ལྟར་དེ་བཞིན་དེ་འདྲ་ཞེས་པ་ནི་གར་བྱུང་ཡང་། ཚིག་སྔ་ཕྱི་དཔེ་དང་སྦྱར་བའོ། །དེ་ནི་ཅེས་པ་ཐམས་ཅད་ནི། ཚིག་སྔ་མ་འོག་ཏུ་རྒྱས་སུ་བསྟན་པའོ། །ད་ནི་ཅེས་པ་སྔ་མ་བཤད་ནས། དེ་དང་དེ་ལས་བཟློག་པ་ཅིག་སྟོན་པའོ། །འདི་ནི་ཐམས་ཅད་དོན་ལོགས་སུ་བཀར་བའོ། །

ཐམས་ཅད་ཡོན་ཏན་དུ་སྣང་བ་དང་སྦྱར་རོ། །དཔལ་དང་སྟུག་དང་ཐམས་ཅད་འཛིན་པ་ནི། མཐུ་སྟོབས་དང་། ནུས་པ་དང་། བྱིན་རླབས་སོ། །འདི་ཡང་ཞེས་པ་ཐམས་ཅད་དོན་དབུས་མ་གོང་འོག་ཏུ་བསྟུན་པའོ། །ཅི་ཕྱིར་གང་ཕྱིར་དེ་ཕྱིར་ནི། གཏན་ཚིགས་སུ་བསྟན་པའོ། །རྣམས་དང་མ་ལུས་པ་དང་། ཐམས་ཅད་དང་། ཀུན་དང་། དེ་དག་ནི། ཚིག་གི་ལྷག་མ་མ་ལུས་པར་བསྡུས་པའི་ཚིག་གོ། །བྱང་བ་ནི་རིག་པའོ། །ཆུབ་པ་ཡེ་ཤེས་སོ། །བྱང་ཆོས་སྐུ། ཆུབ་ལོངས་སྐུ། སེམས་སྤྲུལ་པའི་སྐུའོ། །གཞི་དང་རྩལ་དུ་བཤད་དོ། །ཆོས་ཉིད་ནི་མི་འགྱུར་བ་དང་། རང་གི་མཚན་ཉིད་དང་། དབྱིངས་སུ་བཤད། ཤེས་རབ་ནི་ཕྱོགས་ལྷུང་མེད་པ་དང་། སོ་སོར་སྤྱོད་པ་དང་། མ་འགགས་པར་བཤད། སྒྲོན་མ་ནི་གསལ་བྱེད་དོ། །མུན་པ་ནི་མ་རིག་པའོ། །ཤར་བ་ནི་ཡུལ་ལ་ཤར་བ་དང་། རྟོགས་པ་དང་།རྩལ་ཏེ་དོན་ཐད་ཀར་སྦྱོར་རོ། །རང་བྱུང་ནི་འདུས་མ་བྱས་དང་རྩལ་ལོ་གནས་སྐབས་ཤེས་པ་གཅེས་སོ། །འོད་སྣང་ལ་རང་བཞིན་མེད་པ་དང་། གསལ་ལ་མ་བསྒྲིབས་པའོ། །མཚོན་བྱ་གཞིར་བཤད། །མཚོན་བྱེད་ཐབས་སུ་བཤད། མི་གནས་པ་ནི་མཐའ་དང་བྲལ་བར་བཤད། རྣམ་པར་དག་པ་ནི་ཕྱོགས་ཐམས་ཅད་ནས་དག་པ་སྟེ་མཚན་མའི་ཆོས་ལས་གྲོལ་བའོ། །བདག་མེད་པ་ནི་བདག་ཉིད་དང་བྲལ་བ་སེམས་ལས་གྲོལ་བའོ། །གཞི་ནི་ཆོས་ཉིད་དང་ཆོས་སྐུ་དང་ཡེ་ཤེས་ཏེ་སྐབས་དང་སྦྱར་བར་བྱའོ། །རྩལ་ནི་འོད་དང་འཁོར་འདས་སོ། །རོལ་པ་ནི་ཡུལ་དང་རྣམ་པར་བཤད། མཛད་སྤྱོད་ནི་མཐུན་པར་སྣང་བའོ། །རྫོགས་པ་ནི་ལྷག་མ་མ་ལུས་པའོ། །ཆེན་པོ་ནི་མ་བྱས་པ་དང་དེའི་གོང་ན་གཞན་མེད་པའོ། །ཡེ་ཤེས་ནི་དང་པོའི་ཤེས་པའོ། །དེ་ཉིད་ནི་གཞིའོ། །དེ་ནས་རྟོགས་པས་གྲོལ་བའོ། །མཁའ་འགྲོ་མ་ནི་རྡོ་རྗེ་དང་། ཡེ་ཤེས་དང་། ལས་དང་། ཤ་ཟར་བཤད་དོ། །འགྲོ་བ་ནི་རྟོགས་པས་མཁའ་ལ་འགྲོ་བ་དང་། ཐུགས་རྗེ་དང་ལས་དང་ཤུགས་ཀྱིས་འགྲོ་བའོ། །འབར་བ་ནི་མ་འགགས་པར་གསལ་བའོ། །

མཛོད་ནི་བཞུགས་གནས་སུ་གྱུར་པའོ། །སྒོ་ནི་འབྱུང་ཞིང་འཇུག་པའོ། །ལྡེ་མིག་ནི་འབྱེད་ཅིང་གྲོལ་བའོ། །དམ་ཚིག་ནི་དབྱེར་མི་ཕྱེད་པའོ། །དཔལ་ནི་བདག་གཞན་གཉི་གའོ། །ཐུགས་རྗེ་ནི་ཐུན་མོང་དང་བྱིན་རླབས་ལས་བྱུང་བའོ། །སྐྱེས་བུ་ནི་དོན་མཆོག་ཏུ་གྱུར་པས་འགྲོ་བའི་ཁ་ལོ་གྱེན་དུ་སྒྱུར་བའོ། །མ་ནི་སྐྱེ་བའི་གཞི་འབྱུང་བའི་གནས་སོ། །མོ་ནི་ཤེས་རབ་ཀྱི་བདག་ཉིད་དོ། །ཐབས་ནི་དོན་སྒྲུབ་པའི་རྐྱེན་ནོ། །ཡན་ལག་ནི་སྤྲོས་པའི་ཆོས་ཅན་ནོ། །མེད་པ་ནི་མི་འགྱུར་བའི་དོན་སྤྲོས་མེད་དོ། །གསེར་ནི་མི་འགྱུར་བའོ། །གཞུང་ནི་གཞན་དང་མ་འདྲེས་པའི་ལུགས་སོ། །རང་ལུགས་ནི་མ་འདྲེས་པའི་དོན་ནོ། །འཁོར་ལོ་ནི་གཅོད་པ་དང་ཅིར་ཡང་སྣང་བའོ། །སྲིད་པ་ནི་མི་ཁེགས་པ་དང་མེད་པ་ལས་ཡོད་པར་སྣང་ནུས་པའོ། །འཆང་བ་ནི་འདུ་འབྲལ་མེད་པའོ། །རྒྱུན་ནི་སྐད་ཅིག་མ་འདབ་འབྱོར་པའོ། །ཐ་སྙད་ནི་ཕྱོགས་རེ་ནས་སྤྲོས་པའི་ཆོས་སོ། །མིང་ནི་མཚོན་པའི་སྒྲ་ཚིག་གོ། །གདངས་ནི་རང་སྣང་བའོ། །ཆོས་ནི་མཚན་མ་ཕྲ་རགས་རྟོགས་ཚོགས་གཟུང་འཛིན། ཆོས་ལས་འདས་པའི་སངས་རྒྱས། གཟུང་འཛིན་དང་བྲལ་བའི་རིག་པ། འབྱུང་བ་ལས་འདས་པའི་རང་གདངས། རིག་པ་རང་སྣང་གསལ་བ་ཟང་ཐལ། སྐུ་ལས་འདས་པའི་ཡེ་ཤེས། ཆོས་སྐུ་མཁྱེན་པར་ཤར་བ། ཚིག་ལས་འདས་པའི་རང་སྣང་། བརྗོད་བྲལ་གཞན་སྣང་མེད་པའོ། །ལམ་ནི་གནས་པ་དང་འཇུག་པའོ། །སེམས་ཅན་ནི་མ་ཤེས་པའི་རྟོགས་བཅས་སོ། །འཁོར་བ་ནི་གཅིག་ཏུ་མི་གནས་པས་འཁྲུལ་པའོ། །སེམས་ནི་དྲན་པ་ངེས་པའོ། །བགྲོད་པ་ནི་བསྐྱོད་པའོ། །སྡུག་བསྔལ་ལས་གྲོལ་བའི་བདེ་བ་ཆེན་པོ་ཡིན་པས་ན་བྱང་ཆུབ་པའོ། །ཤེས་པ་ནི་མཁས་པ་སྟེ་དོན་ལ་མ་རྨོངས་པའོ། །གནས་པ་ནི་རྩོལ་བས་མ་སོང་བར་ཕྱིན་པའོ། །གྲུ་ནི་སྒྲོལ་བ་སྟེ་ཐབས་སོ། །ཏིང་ངེ་འཛིན་ནི་གསལ་བ་སྟེ་རྩེ་

གཅིག་གོ། །རབ་ནི་འགྲན་ཟླ་མེད་པ་སྟེ་ཆེན་པོར་གྱུར་པའོ། །མཆོག་ནི་ངོ་མཚར་བ་སྟེ་འཕགས་པའོ། །ཕུལ་དུ་ཕྱིན་པ་ནི་ཁྱད་པར་འཕགས་པའོ། །བླ་ན་མེད་པ་ནི་དེའི་གོང་དང་ལོགས་ན་མེད་པ་སྟེ་དབང་བྱེད་པ་མེད་པའོ། །རྡོ་རྗེ་སེམས་དཔའ་ནི་སྟོང་པ་ཉིད་དྲན་པ་ངེས་པས་མཚན་མ་མཚོན་པའོ། །ཟབ་པ་ནི་གཏིང་རིང་ཞིང་དཔག་དཀའ་བའོ། །གཏིང་དཔག་དཀའ་བ་ནི་ཕྲ་བས་ནའོ། །ཆོས་ནི་མཚན་ཉིད་འཛིན་པ་དང་། རྣམ་པར་དཀར་བ་དང་། གཞན་ལ་སྟོན་པ་དང་། ཀུན་འབྱུང་བས་ནའོ། །བྱང་ཆུབ་སེམས་དཔའ་ནི་བདག་གཞན་ལ་སེམས་དཔའ་དང་ས་ནོན་པའོ། །ཕུང་པོ་གསུམ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སེམས་ཅན་ནོ། །བྱང་ཆུབ་སེམས་དཔའ་ནི། ཡར་སངས་རྒྱས་དང་སྣང་བ་མི་མཐུན་ལ། མར་སེམས་ཅན་དང་སྣང་བ་མི་མཐུན་ཏེ་གཉིས་ཀ་མ་ཡིན་པའོ། །དེ་ཡིས་ཕུང་པོ་གསུམ་དུ་བཞག་པའོ། །བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་བདག་ཉིད་ཏིང་ངེ་འཛིན་གྱི་དབང་དུ་འགྱུར་བས། བསྒོམ་པ་ལས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཅོད་མི་ནུས་སོ། །གཞི་གནས་པའི་བག་ཆགས་མ་སོལ་བས། ཤེས་བྱའི་དྲི་མ་དག་བསྒོམ་མི་དགོས་པ་གཅིག་མ་རྟོགས་པས། བསྒོམ་སྣང་དག་པས་འཕྲལ་བྱུང་གི་བག་ཆགས་དག །ཡུལ་དུ་བསྒོམ་པའི་ཕྱིར། བག་ཆགས་ནི་གཞི་གནས་དང་འཕྲལ་དུ་འབྱུང་བའོ། །དག་ལུགས་ནི་རང་དེངས་སུ་འགྲོ་བ་དང་། ཕྲ་བས་བསྡམ་པ་ལ་རག་ལུས་པའོ། །དཔེ་གངས་ལ་ཁ་བ་འབབས་པ་དང་། མཚོ་ལ་དར་ཆགས་པ་དང་། རས་ལ་དྲི་མས་གོས་པ་བཞིན་ནོ། །གཞི་གནས་ཀྱི་དཔེ་ནི་ཆུ་དང་འོ་མ་ལྟ་བུའོ། །འཕྲལ་འབྱུང་གི་དཔེ་ནི་ཆུ་དང་ཟླ་བ་ལྟ་བུའོ། །སེལ་བའི་དཔེ་ནི། རལ་གྲི་ལྟ་བུ་དང་། ལྕགས་ཀྱུ་ལྟ་བུའོ། །གསང་བ་ནི་གབ་པའོ། །སངས་རྒྱས་ནི་མཐར་ཕྱིན་པའོ། །མ་རིག་པ་ནི་འཁྲུལ་པའོ། །

སྐྱོབས་པས་ན་ལྷའོ། །མཛེས་པས་ན་ལྷ་མོའོ། །བྱམས་པས་ན་མགོན་ནོ། །མཛད་པ་སྣ་ཚོགས་པས་ན་ཕྲིན་ལས་སོ། །བདག་ཉིད་ཆེན་པོ་ནི་དབང་ཆེན་པོ་དང་ལྡན་པ་དང་ཡོན་ཏན་མ་འགགས་པའོ། །དྲི་མ་མེད་པ་དང་མི་འགྱུར་བ་དང་། ཐམས་ཅད་མཁྱེན་པས་ན་ཐུགས་སོ། །སྣ་ཚོགས་སུ་སྟོན་པས་ན་གསུང་ངོ་། །གཟི་བརྗིད་དང་ལྡན་པས་ན་སྐུའོ། །ཐབས་དང་ཤེས་རབ་ཆ་འཛིན་པས་ན་ཡབ་ཡུམ་མོ། །བྱང་ཆུབ་ཆེན་པོ་དང་ལྷན་ཅིག་སྐྱེས་པས་ན་སྲས་སོ། །དེ་ལྟར་ངས་བསྟན་པའི་རྒྱུད་ལུང་ཐམས་ཅད་དུ་ཤེས་པར་གྱིས་ཤིག །ངས་བསྟན་པའི་དོན་དེ་རྣམས་ལ་རྩོད་པར་གྱུར་ན། གང་རྩོད་པ་དང་རྗེ་བློན་དམངས་དང་གསུམ་དབང་དུ་བཞག་ལ། འདྲི་ལུགས་དང་དམ་བཅའ་མ་ནོར་བར་བྱས་ལ། སྒྲུབ་བྱེད་ཀྱིས་གང་ཡིན་པ་བསྒྲུབ་ཅིང་། གཞན་སེལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ལ། ཕན་པའི་རྐྱེན་ཅན་གྱིས་སྟངས་གདབ་སྟེ། དོན་མི་མཐུན་པའི་དབྱིངས་ལ་བསྐྱལ་ལོ། །ལོག་ལྟ་ཅན་གྱི་སྒྲུབ་བྱེད་ལ། སྐྱོན་གྱི་སྒྲུབ་བྱེད་མི་མཐུན་མཐུན་པའི་ཕྱོགས་གཏོང་ངོ་། །ཁོའི་གཞན་སེལ་དེ་ལ། བསྒྲུབ་པའི་སྒྲུབ་བྱེད་གཏོང་ངོ་། །ཕན་པའི་རྐྱེན་ལ་གནོད་པའི་འགལ་རྐྱེན་གཏོང་ངོ་། །རང་རིག་པའི་ཡེ་ཤེས་དགག་སྒྲུབ་དང་བྲལ་བ་ནི། དབྱིངས་སུ་བཞག་སྟེ་བཙན་པའི་ཡུལ་མཁར་ལྟ་བུའོ། །དེའི་ཕྱོགས་ནས་བསྒྲུབ་པའོ། །གཏན་ཚིགས་གསུམ་ནས་བཞིས་ཕན་པའི་རྐྱེན་བྱའོ། །གནོད་པའི་སྐྱོན་དུ་ཡང་དེ་རྣམས་སྟོན་ཏོ། །གཞི་སྣང་ལ་སོགས་པ་གང་ལ་རྩོད་ཀྱང་། གྲོགས་དེ་རྣམས་ཀྱི་བྱས་ལ་ངས་བཤད་པ་བཞིན་ནོ། །དེ་རྣམས་ཀྱིས་གནད་ཀྱིས་དྲི་བ་དང་ལན་གདབ་པར་བྱའོ། །མཐུན་ན་སྒྲུབ་བྱེད་ཀྱིས་དབྱིངས་ལ་སྦྱར། མི་མཐུན་ན་གཞན་སེལ་གྱིས་བརྒལ་ལོ། །དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། ཤེས་བྱ་གཏན་ལ་འབེབས་པར་བྱེད་པས་ན། གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྗེས་སུ་མཐུན་པར་བཤད་དོ། །དེ་ཡིས་ཡིད་གཉིས་ཟ་བ་དང་བྲལ་བར་འགྱུར་རོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་གསལ་ཆེན་པོ་ལས། འབྲུ་འཐོར་བ་བསྡུ་བ་དང་། སྐྱོན་གྱི་མཐའ་བསལ་བར་བསྟན་པ་སྟེ་ལེའུ་གོ་དྲུག་པའོ།། །།དེ་ནས་སྟོན་པས་རྒྱུད་ཡོངས་སུ་

གཏད་པའི་ལེའུ་འདི་གསུངས་སོ། །ཀྱེ་ཀྱེ་ལག་ན་རྡོ་རྗེ་གསང་བའི་བདག །རྒྱུད་ལུང་མན་ངག་ཐམས་ཅད་ཀྱི། །ཚིག་དོན་གསལ་བར་བྱེད་པ་ཡི། །ལྡེ་མིག་ཐིག་ལེ་ཀུན་གསལ་འདི། །ཚིག་ཏུ་བསྡུས་ནས་དོན་རྒྱས་པ། །བཀླགས་པས་ཤེས་པའི་སྤྱི་གཅོད་འདི། །གསང་བའི་བདག་པོ་ཁྱོད་ལ་གཏད། །དགའ་རབ་རྡོ་རྗེ་ཁྱོད་ཀྱིས་ཟུང་། །དེ་ལྟར་ཚོགས་པའི་འཁོར་ཚོགས་དང་། །མ་འོངས་པ་ཡི་རྗེས་འཇུག་ལ། །བསྣན་ཕྲི་མེད་པར་སྦྱིན་པར་གྱིས། །གསང་བའི་སྤྱི་འགྲེལ་ཡོངས་རྫོགས་འདི། །རྒྱུད་ལུང་ཀུན་གྱི་མིག་ཡིན་པས། །ཐེ་ཚོམ་མེད་པར་ངེས་གྲོལ་ཅིང་། །ཀྱེ་ཀྱེ་མ་རིག་འཁྲུལ་པ་སྙིང་རེ་རྗེ། །འཁྲུལ་པའི་ཆོས་ལ་བདེན་པར་མ་འཛིན་པར། །འདི་ལ་སྐུར་པ་མ་འདེབས་པར། །ཀུན་གསལ་འདི་ཡི་རྗེས་སུ་འབྲངས། །རང་བྱུང་ཡེ་ཤེས་འགྱུར་མེད་མ་རྟོགས་པར། །དངོས་པོའི་རྫས་གྲུབ་བདེན་པར་མ་འཛིན་ཀྭ། །ཀུན་གསལ་འདི་ཡི་རྗེས་ཕྱིར་སུ་འབྲངས་པ། །འོན་ཏང་མི་འགྱུར་བརྟག་པས་རྟོགས་པར་འགྱུར། །དངོས་མེད་ཞི་བ་ཆོས་སྐུ་མ་རྟོགས་པར། །སྟོང་པ་ཅང་མེད་བདེན་པར་མ་འཛིན་ཀྭ། །ཀུན་གསལ་འདི་ཡི་རྗེས་སུ་འབྲངས་པ་ན། །འོན་ཏང་སྟོང་ཉིད་ཞི་བ་རྟོགས་ཏེ་འོང་། །གནས་ལུགས་སྣང་ལུགས་རྣམ་གཉིས་མ་རྟོགས་པར། །གཉིས་ཀྱི་མཐའ་ལ་བདེན་པར་མ་འཛིན་ཀྭ། །སྐུར་པ་མ་འདེབས་ཀུན་གསལ་རྗེས་ཕྱིར་འབྲངས། །འོན་ཏང་རང་སྣང་གཉིས་མེད་རྟོགས་ཏེ་འོང་། །སྐུ་གསུམ་འདུ་འབྲལ་མེད་པར་མ་རྟོགས་པར། །བློས་བརྟགས་བསྐྱེད་རྫོགས་རྣམ་གཉིས་བདེན་པར་མ་འཛིན་ཀྭ། །སྒྲོ་སྐུར་མ་འདེབས་ཀུན་གསལ་རྗེས་ཕྱིར་འབྲངས། །འོན་ཀྱང་ཡེ་ནས་ལྷུན་གྲུབ་རྟོགས་ཏེ་འོང་། །དོན་གྱི་ཀུན་གསལ་ཆེན་པོ་མ་རྟོགས་པར། །ཚིག་དང་ཡི་གེའི་སྒྲ་ལ་མ་ཞེན་ཀྭ། །དོན་གྱི་ཀུན་གསལ་ཆེན་པོ་ཉམས་སུ་ལོང་། །འོན་ཀྱང་ཡེ་ཤེས་ཀུན་གསལ་རྒྱུད་ལ་འཆར། །ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེ་ལ་སོགས་ཏེ་འདུས་པའི་ཚོགས་རྣམས་ཀྱིས། ཐལ་མོ་སྦྱར་ཏེ་བསྐོར་བ་ལན་འབུམ་དུ་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བདག་ཅག་འདུས་པའི་ཚོགས་རྣམས་ཀྱི། །མ་རིག་མུན་པ་སེལ་མཛད་པ། །རྒྱུད་དང་ལུང་དང་མན་ངག་རྣམས། །འགྲོལ་བ་ཀུན་གསལ་བཤད་རྒྱུད་འདི། །རྒྱུད་ལུང་མན་ངག་ཀུན་ཤེས་པ། །རྟོགས་པའི་དོན་འདི་

གསུངས་པས་ནི། །འདུས་པའི་འཁོར་དང་རྗེས་འཇུག་གི། །མ་རིག་མུན་པ་འདིས་བསལ་ལོ། །འཁོར་བའི་རྒྱ་མཚོ་འདིས་བསྒྲལ་ལོ། །ཉོན་མོངས་མདུད་པ་འདིས་བཀྲོལ་ལོ། །བློ་ཡི་ཐེ་ཚོམ་འདིས་བསལ་ལོ། །དོན་རྣམས་དཀྲུགས་པ་འདིས་སྨྲས་སོ། །འཁོར་བའི་སྐྱེ་བ་རྒྱུན་བཅད་དོ། །དགོངས་པའི་དོན་རྩ་འདིས་གནས་སོ། །ཐར་པའི་ལམ་མཆོག་འདིས་རྙེད་དོ། །ལུང་གི་དགོངས་པ་འདིས་ཕྱིན་ནོ། །མན་ངག་དོན་རྣམས་འདིས་བཅད་དོ། །ཐེག་བརྒྱད་གཏན་ལ་འདིས་ཕེབས་སོ། །ཨེ་མ་ཧོ་གསང་བ་རྨད་དུ་བྱུང་བའི་ཆོས། །འདི་ལྟ་བུ་ཡི་ངེས་བཤད་རྒྱུད། །མ་བྱུང་འབྱུང་བར་མི་འགྱུར་ཏེ། །མི་འགྱུར་སྐུ་ཡི་བདག་ཉིད་རྫོགས། །འགྱུར་མེད་ཐུགས་ཀྱི་ཀློང་ནས་བཀྲོལ། །པདྨ་གསལ་བྱེད་བརྡའ་སྒོ་རུ། །རང་བྱུང་ཡེ་ཤེས་གསུང་གིས་བསྐྱོད། །བདག་ཅག་འདུས་པའི་ཚོགས་རྣམས་ཀྱིས། །དགོངས་རྒྱུད་ཡེ་ཤེས་སྒྲར་ཞུགས་ནས། །ཡེ་ཤེས་ཆེན་པོའི་ཀློང་དུ་ཐིམ། །ལེགས་སོ་ལེགས་སོ་དེ་ལེགས་སོ། །སྐུ་གསུམ་ཡེ་ཤེས་རྫོགས་པ་ཡི། །ཀུན་མཁྱེན་གཙོ་ལ་ཕྱག་འཚལ་འདུད། །ཅེས་གསོལ་ཏོ། །ཐིག་ལེ་ཀུན་གསལ་ཆེན་པོ་ཞེས་བྱ་བ། བཤད་པའི་རྒྱུད་བཀླགས་པས་ཐམས་ཅད་ཤེས་པ་ལས། )རྒྱུད་ཡོངས་སུ་གཏད་པ་དང་རྒྱུད་ཀྱི་དགོངས་པར་ཡི་རང་བ་བསྟན་པ་སྟེ་ལེའུ་གོ་བདུན་པའོ།། །།ཐིག་ལེ་ཀུན་གསལ་མན་ངག་གི་བཤད་རྒྱུད། ཚེག་བར་དང་འབྲུ་ལ་ངེས་པ་མེད་པ་རྫོགས་སོ།། །།།ཤིན་ཏུ་ཡང་གསང་ངོ་། །སངས་རྒྱས་ཀྱི་དགོངས་པ་ལག་འཆང་མ་འདི་ནི། དཔེ་ནི་འགའ་ལ་བཞུགས་སྲིད་ཀྱང་། །རྒྱུད་ཆེན་པོ་འདིའི་དོན་ཤེས་པ་ནི་ཤིན་ཏུ་ཡང་དཀོན་ནོ། །བདག་འདྲ་བན་ཆུང་བདུད་འདུལ་འདི། །སྔོན་གྱི་ལས་འཕྲོ་ལྡན་པ་ཡིས། །རྒྱུད་རྒྱལ་ཀུན་གསལ་འདི་དང་འཕྲད། །འདི་ཡི་མན་ངག་བདག་གིས་ཤེས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །རིན་ཆེན་གསང་བའི་སྦུབས་སུ་དགོངས་པར་གནས་གྱུར་ཤོག །རྒྱ་གར་གྱི་མཁན་པོ་དཔལ་ལྡན་སེང་གེའི་འོད་ཅན་དང་། བོད་ཀྱི་ལོ་ཙཱ་བ་བཻ་རོ་ཙ་ནས་བསྒྱུར་བའོ། །བར་འདིར་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་སེམས་ཅན་ཐམས་ཅད་ལ་སངས་རྒྱས་རང་ཆས་སུ་བཞུགས་སོ། །རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་པུ། ངོ་སྤྲོད་སྤྲས་པ་ཞིང་ཁམས་བསྟན་པ་རྣམས་འཛུད།

ཡེ་ཤེས་མར་མེའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། ཛྙཱ་ན་དཱི་པཾ་ཏནྟྲ་ནཱ་མ། བོད་སྐད་དུ། ཡེ་ཤེས་མར་མེའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། མ་བྲིས་པའི་དཀྱིལ་འཁོར་རང་བཞིན་གྱིས་འོད་གསལ་བ་ན། སྲོག་མེད་པའི་སྐུ་རང་བཞིན་སངས་རྒྱས་འོད་མི་འགྱུར་བ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུ་ཟང་ཐལ་ཆེན་པོའི་དགོངས་པ་ལ་བཞུགས་སོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྣམ་དག་སྟུག་པོ་བཀོད་པའི་ཞིང་ཁམས་ན། འཕགས་པ་ནམ་མཁའ་མཛོད་ཅེས་བྱ་བ་ཤིན་ཏུ་སྐྱི་བུང་བ་གཅིག་མཚན་རྫོགས་རྡོ་རྗེ་འཆང་གི་འཁོར་གྱིས་བསྐོར་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་འོད་གསལ་བ་ལ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱ་བ་ཇི་ཙམ་ཅིག་ལ་ཟེར་བ་ཡིན་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །རང་གི་སྙིང་གི་དཀྱིལ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་མ་འགགས་པ་ཆོས་ཀྱི་སྐུ་ལྷུན་གྲུབ་ཏུ་ཡེ་ཤེས་ཀྱི་ཁ་མིག་ཅན་དུ་བཞུགས་སོ། །ཤེས་རབ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་དུ་བཞུགས་སོ། །གདུལ་བྱ་ལ་སྣང་བ་ཐུགས་རྗེ་འབྱུང་བ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་དུ་བཞུགས་སོ། །ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་དུ་བཞུགས་སོ། །ཞེས་བཀའ་སྩལ་ཏོ། །དེའི་ཚེ་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་བཅོམ་ལྡན་འདས། རང་གི་སྙིང་གི་དཀྱིལ་ན་ཆོས་ཀྱི་སྐུ་ལྷུན་གྲུབ་ཡེ་ཤེས་ཀྱི་ཁ་མིག་ཅན་དུ་ཇི་ལྟར་བཞུགས། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་མཚན་མར་མ་གྲུབ་པའི་སྟོང་པར་བཞུགས་སོ། །རིག་པ་མ་འགགས་པར་གསལ་བར་བཞུགས་སོ། །སྒྲིབ་བྱེད་མེད་པས་ཟང་ཐལ་དུ་བཞུགས་སོ། །ལྷུན་གྱིས་གྲུབ་པས་འཆར་གཞི་མ་འགགས་པར་བཞུགས་སོ། །ཞེས་བཀའ་སྩལ་ཏོ། །ཡང་ཞུས་པ་བཅོམ་ལྡན་འདས་རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་མཚན་མར་མ་གྲུབ་པ་སྟོང་པར་ཇི་ལྟར་བཞུགས། ཞེས་ཞུས་སོ། །བཀའ་སྩལ་པ། གསང་བདག་ཆོས་སྐུ་མཚན་མར་མ་གྲུབ་པར་སྟོང་

པར་བཞུགས་པ་ནི་རང་གི་ཤེས་རིག་གི་ངོ་བོ་སང་ངེ་པ་འདི་དངོས་པོ་དང་ཁ་དོག་གང་དུ་ཡང་མ་གྲུབ་པར་སྟོང་སང་ངེ་བར་འདུག་པ་འདི་ཡིན་ནོ། །ཀྱེ་གསང་བདག་རྡོས་བཅས་ཤ་ཁྲག་གི་ལུས་ཀྱིས་སྟོང་། འགྱུ་བྱེད་ཡིད་ཀྱི་ལུས་ཀྱིས་སྟོང་། དམིགས་པ་རྣམ་པར་དག་པ་ཏིང་འཛིན་གྱི་ལུས་ཀྱིས་སྟོང་། མཚན་མ་འོད་ཀྱི་ལུས་ཀྱིས་སྟོང་། དཔྱོད་བྱེད་ཤེས་རབ་ཀྱི་ལུས་ཀྱིས་སྟོང་། དེ་ལྟར་སྟོང་པས་མཚན་མར་མ་གྲུབ་པའོ། །ཀྱེ་གསང་བདག་རྡོས་བཅས་ཤ་ཁྲག་གི་ལུས་དང་གཅིག །འགྱུ་བྱེད་ཡིད་ལུས་དང་གཉིས། དམིགས་པ་རྣམ་པར་དག་པ་ཏིང་འཛིན་གྱི་ལུས་དང་གསུམ། མཚན་མ་འོད་ཀྱི་ལུས་དང་བཞི་མེད་པས་སྟོང་། དཔྱོད་བྱེད་ཤེས་རབ་ཀྱི་ལུས་མེད་པས་སྟོང་ངོ་། །དེ་ནས་ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་རིག་པ་མ་འགགས་པར་ཇི་ལྟར་གསལ་བར་བཞུགས་པ་ལགས། ཡང་གསུངས་པ། གསང་བདག་རང་གི་སྙིང་གི་དཀྱིལ་ན་ཆོས་སྐུ་རིག་པ་མ་འགགས་པར་བཞུགས་པ་ནི་རང་གི་ངོ་བོ་ཝལ་ལེ་གསལ་བ་འདི་ཡིན་ནོ། །ཀྱེ་གསང་བདག་རང་གི་རིག་པ་སྐྱེ་ཤི་མེད་པས་དུས་གསུམ་མཉམ་པ་ཉིད་དུ་གསལ་ལོ། །སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པས་ཡེ་ཤེས་ཟང་ཐལ་དུ་གསལ་ལོ། །ཡེ་ཤེས་ཀྱི་རང་གདངས་ལ་ཕྱི་ནང་མེད་པས་ཡུལ་དང་ཡུལ་ཅན་གཉིས་མེད་དུ་གསལ་ལོ། །མཁྱེན་པ་ལ་ཕྱོགས་རིས་མེད་པས་ཡེ་ཤེས་ཀྱི་སྤྱན་ལ་ཆོས་ཐམས་ཅད་ཀྱི་དགོངས་པ་ཉག་གཅིག་ཏུ་གསལ་ལོ། །ཞེས་གསུངས་སོ། །དེ་ནས་ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་ཆོས་ཀྱི་སྐུ་ལ་སྒྲིབ་པ་མེད་པས་ཟང་ཐལ་དུ་ཇི་ལྟར་བཞུགས་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སངས་རྒྱས་ཀྱི་སྐུ་བརྟེན་པ་རང་གི་ལུས་ལ་བརྟེན་ནས་ཡོད་དོ། །བཞུགས་པ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །གསལ་བ་རང་གི་མིག་ནི་ཕར་གསལ་ལོ། །སངས་རྒྱས་རང་གི་སྙིང་གི་ནང་ན་བཞུགས་པས། ཤ་ཁྲག་གི་ལུས་ཀྱིས་བཏུམས་ཀྱང་མ་ཐུམས་པར་རང་གི་མིག་གི་ནང་ནས་མཐོང་བ་མ་འགགས་པར་གསལ་བ་ཟང་ཐལ་ལེ་བ་འདི་ཀ་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཟང་ཐལ་ཡིན་ནོ། །གསང་

བདག་དུས་སྔ་ཕྱིས་མ་བསྒྲིབས་པས་དུས་གསུམ་ཟང་ཐལ་དུ་བཞུགས་སོ། །རང་གི་རིག་པ་སྐྱེ་ཤི་མེད་པའི་ཡོན་ཏན་ཡིན་ནོ། །མཚན་མའི་ལུས་ལྔས་མ་བསྒྲིབས་པས་ཟང་ཐལ་དུ་བཞུགས་སོ། །སངས་རྒྱས་ཀྱི་སྐུ་ལ་མདུན་རྒྱབ་མེད་པའི་ཡོན་ཏན་ཡིན་ནོ། །ལས་དགེ་སྡིག་གི་བག་ཆགས་ཀྱིས་མ་བསྒྲིབས་པས་ཟང་ཐལ་དུ་བཞུགས་སོ། །ཡེ་ཤེས་ཀྱི་གདངས་ཕྱི་ནང་མེད་པས་ཡུལ་དང་ཤེས་པ་གཉིས་སུ་མེད་པའི་ཡོན་ཏན་ཡིན་ནོ། །མུན་སྣང་གི་རྐྱེན་གྱིས་མ་བསྒྲིབས་པས་ཟང་ཐལ་དུ་བཞུགས་སོ། །ཡེ་ཤེས་རྐྱེན་ལ་གསལ་སྒྲིབ་མེད་པའི་ཡོན་ཏན་ཡིན་ནོ། །ཞེས་གསུངས་སོ། །ཡང་ཞུས་པ། ལྷུན་གྱིས་གྲུབ་པས་ཐམས་ཅད་དུ་འཆར་གཞི་ཇི་ལྟར་མ་འགགས་ཞེས་ཞུས་པས། ཡང་བཀའ་སྩལ་པ། ཀྱེ་གསང་བདག་ལྷུན་གྱིས་གྲུབ་པ་ནི་རང་གི་སྙིང་གི་དཀྱིལ་ན་རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པ་ཡིན་ནོ། །ཐམས་ཅད་དུ་འཆར་གཞི་མ་འགགས་པ་ནི་རང་གི་རིག་པ་མིག་ནས་ཕར་ལ་སོང་བས་གཟུགས་མཐོང་བས་མ་འགགས་པར་ཤར་རོ། །རང་གི་མིག་མཐོང་བ་མ་འགགས་པར་གསལ་བ་དེ་ཀ་ཆོས་སྐུའི་ཡེ་ཤེས་ཡིན་ནོ། །དེ་བཞིན་དུ་རྣ་བས་སྒྲ་ཐོས་མཁན་གྱི་རིག་པ་དང་། སྣས་དྲི་ཚོར་མཁན་གྱི་རིག་པ། ལྕེས་རོ་མྱང་མཁན་གྱི་རིག་པ་འདི་རྣམས་རང་གི་ཆོས་སྐུའི་ཡེ་ཤེས་ཡིན་ནོ། །རང་གི་རིག་པ་སྣ་ནས་ཕར་སོང་བས་དྲི་མ་འགགས་པར་མྱོང་ངོ་། དྲི་ཚོར་མཁན་གྱི་རིག་པ་དེ་རང་གི་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་མར་ལ་སོང་བས་ཕོ་མོའི་དབང་པོ་སྤྲད་པས་བདེ་བ་མ་འགགས་པར་ཤར་རོ། །བདེ་བ་མྱོང་མཁན་གྱི་རིག་པ་དེ་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །དེ་ངོ་ཤེས་པར་གྱིས་ཤིག །ཅེས་བཀའ་སྩལ་ཏོ། །ཡང་ཞུས་པ། བཅོམ་ལྡན་འདས་ཤེས་རབ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཤེས་རབ་ཀྱི་ཁ་མིག་ཅན་དེ་གང་ལགས་ཞེས་ཞུས་པས། བཀའ་སྩལ་པ། གསང་བའི་བདག་པོ་ཤེས་རབ་སྐུར་གསལ་བས་ལོངས་སྤྱོད་རྫོགས་པའི་སྐུ་ངོ་བོ་ཆོས་ཉིད་སྟོང་པ་ཉིད་ཡེ་ཤེས་ཀྱི་སྐུར་སྨིན་པས་གཟུགས་སྐུ་དང་ཡེ་ཤེས་རྒྱུན་མ་ཆད་དོ། །ཀྱེ་རྡོ་རྗེ་འཛིན་པ་ཤེས་རབ་ཀྱི་སྐུ་ལ་མཚན་མའི་གཟུགས་མེད་པས་སྐུ་དང་ཡེ་ཤེས་ཐ་དད་དུ་

འཛིན་པའི་རྟོག་པ་ལས་གྲོལ་ཏེ། ངོ་བོ་ཉིད་ཆོས་སྐུར་གསལ་ལ་ཤེས་རབ་རང་གསལ་གྱི་སྐུ་ལ་ལུས་གཞན་སྣང་མེད་པས་རྒྱུ་རྐྱེན་གྱིས་བསྐྱེད་པའི་ཤེས་རབ་མེད་དེ། རང་བྱུང་གི་ཡེ་ཤེས་སུ་གསལ་ལོ། །ཡེ་ཤེས་རླུང་ལྔ་ཤེས་རབ་ཀྱི་རྟར་བྱུང་བས་ཤེས་རབ་ཀྱི་སྐུའི་ཟེར་གདངས་སྐུ་དང་ཡེ་ཤེས་སུ་ཤར་བས་ཤེས་རབ་ནི་སྐུ་ལྔའི་བདག་པོར་གསལ་ལོ། །ཞེས་སོ། །ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་གདུལ་བྱ་ལ་སྣང་བ་ཐུགས་རྗེ་འབྱུང་བ་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་དེའི་ཡོན་ཏན་རྣམ་པར་སྣང་མཛད་དུ་སྨིན་ནོ། །རང་གི་རིག་པའི་ངོ་བོ་སྟོང་པར་འདུག་པ་འདི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ། །དེའི་གདངས་འོད་མཐིང་གར་ཤར་རོ། །རང་གི་རིག་པ་མ་འགགས་པར་གསལ་བ་འདི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ནོ། །དེའི་གདངས་འོད་དཀར་པོར་ཤར་རོ། །དེ་ངོ་ཤེས་པས་སངས་རྒྱས་རྡོ་རྗེ་སེམས་དཔའི་སྐུར་སངས་རྒྱས་སོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འདི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ། །དེའི་གདངས་འོད་སེར་པོར་ཤར་རོ། །དེ་ངོ་ཤེས་པས་རིན་ཆེན་འབྱུང་ལྡན་དུ་སངས་རྒྱའོ། །རང་གི་རིག་པ་དེ་ཤེས་རབ་ཀྱི་རྩལ་མ་འགགས་པའི་ངོས་ནས། སོ་སོར་རྟོག་པའི་ཡེ་ཤེས་ཡིན་ནོ། །དེའི་གདངས་འོད་དམར་པོར་ཤར་རོ། །དེ་ངོ་ཤེས་པས་སྣང་བ་མཐའ་ཡས་སུ་སངས་རྒྱའོ། །རང་གི་རིག་པ་འདི་ཐོག་མ་མེད་པའི་ངོས་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །དེའི་གདངས་འོད་ལྗང་གུར་ཤར་རོ། །དེ་ངོ་ཤེས་པས་དོན་ཡོད་གྲུབ་པར་སངས་རྒྱའོ། །ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །ཡེ་ཤེས་ལྔ་པོ་འདི་གཞི་གནས་པའི་ཡེ་ཤེས་ཞེས་བྱའོ། །འོད་ལྔ་ནི་མཚན་ཉིད་འཛིན་པའི་འོད་ཅེས་བྱའོ། །སྐུ་ལྔ་ནི་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་ཡིན་ནོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་བཅོམ་ལྡན་འདས་སྤྲུལ་པའི་སྐུ་འོད་ཀྱི་ཁ་མིག་ཅན་དེ་ལྟར་ལགས་ན། ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། གསང་བའི་བདག་པོ་ལོངས་སྐུ་ཡབ་ཡུམ་སྙོམས་འཇུག་བྱེད་པའི་ཞལ་གྱི་བར་ནས་ཡབ་ཀྱི་འོད་ཟེར་དཀར་ལ་འཚེར་བ་དང་ཡུམ་གྱི་འོད་ཟེར་དམར་ལ་གདངས་པ་འཕྲོས་ནས་ལས་དག་པའི་གང་ཟག་འཕྲོ་འདུ་བྱེད་པའི་དུས་སུ་ཡབ་ཀྱི་མིག་ལ་ཐིམ་ནས་སྒལ་ཚིགས་ཀྱི་རྟ་བརྒྱུད་ནས་རྡོ་རྗེའི་ཁོང་ལམ་ན་ས་བོན་ནས་པདྨའི་རྫིང་བུར་བྱོན་པས་ཡབ་ཡུམ་གཉིས་ཀྱི་ལུས་བདེ་བས་ངག་གི་སྨྲ་བ་རྒྱུན་ཆད་དོ། །ཡིད་ཀྱི་རྟོག་པ་དང་ལུས་ཀྱི་གཡོ་འགུལ་རྒྱུན་ཆད་དོ། །དེ་ནི་སངས་རྒྱས་ཀྱི་བདེ་བ་དེ་ལྟར་བཞུགས་པ་ཡིན་ནོ། །ཡུམ་གྱི་ཟ་མ་ཏོག་གི་འོག་པདྨའི་རྫིང་བུར་ཟླ་བ་དགུ་ངོ་བཅུར་བཞུགས་ནས་སེམས་ཅན་གྱི་དོན་མཛད་པ་དེ་ནི་ཡང་སྤྲུལ་ཟེར་གྱི་ཁ་མིག་ཅན་ཡིན་ནོ། །ཞེས་གསུངས་སོ། །ཡེ་ཤེས་མར་མེའི་རྒྱུད་ལས། སངས་རྒྱས་སྐུ་བཞི་བསྟན་པའི་ལེའུ་སྟེ་དང་པོའོ།། །།ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ད་ལྟ་རང་གི་ལུས་ལ་ཇི་ལྟར་གནས་ཞེས་ཞུས་པས་བཀའ་སྩལ་པ། གསང་བདག་ཉོན་ཅིག །སངས་རྒྱས་ཆོས་ཀྱི་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་སོ། །ཡེ་ཤེས་ཟང་ཐལ་གྱི་སྐུ་རང་གི་མིག་གི་དཀྱིལ་ན་བཞུགས་སོ། །སངས་རྒྱས་ཁྲོ་བོའི་སྐུ་རང་གི་ཀླད་པའི་དཀྱིལ་ན་བཞུགས་སོ། །རང་གི་ལུས་འདི་ལ་སངས་རྒྱས་ཀྱི་གྲོང་ཁྱེར་ཉི་ཁྲི་ཆིག་སྟོང་བཞུགས་ཡོད་དོ། །གྲོང་ཁྱེར་དེ་དག་ཐམས་ཅད་སངས་རྒྱས་ཀྱི་སྐུས་ཁེངས་ནས་ཡོད་དོ། །ཀྱེ་གསང་བདག་ཉོན་ཅིག །རང་གི་སྤྱི་བོ་བདེ་བ་ཆེན་པོའི་རྩའི་དཀྱིལ་ན་རང་བྱུང་གི་དབང་པོ་བརྒྱ་བྱིན་སྐུ་མདོག་དཀར་པོར་བཞུགས་སོ། །རང་གི་ལྟག་པའི་རྩ་བ་མེན་གྱི་རྭ་ལྟ་བུ་དེའི་ནང་ན་རང་བྱུང་གི་ཐགས་ཟངས་རིས་སྐུ་མདོག་ལྗང་གུར་བཞུགས་སོ། །རང་གི་སྙིང་ག་ན་རང་བྱུང་གི་ཤཱཀ་ཐུབ་སྐུ་མདོག་སེར་པོར་བཞུགས་སོ། །རང་གི་རྒྱབ་ཀྱི་སྲོག་རྩ་དམར་པོའི་ནང་ན་རང་བྱུང་གི་རབ་བརྟན་མཐིང་གར་བཞུགས་སོ། །ལྟེ་བ་སྤྲུལ་པའི་རྩ་བ་ན་རང་བྱུང་གི་ཁ་འབར་མ་དམར་པོར་བཞུགས་སོ། །རང་གི་རྐང་པའི་མཐིལ་གྱི་རྩ་དཀྱིལ་ན་རང་བྱུང་གི་ཆོས་རྒྱལ་ནག་པོར་བཞུགས་སོ། །གསང་བདག་རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་སངས་རྒྱས་ཀྱི་གྲོང་ཁྱེར་

དུ་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །ཡེ་ཤེས་མར་མེའི་རྒྱུད་ལས་རང་གི་ལུས་ལ་སངས་རྒྱས་ཀྱི་གྲོང་ཁྱེར་བཞུགས་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་སངས་རྒྱས་ཀྱི་དགོངས་པ་དེ་ཤེས་ན་སངས་ཇི་ལྟར་རྒྱ་ཞེས་ཞུས་པས། བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །སངས་རྒྱས་ཀྱི་དགོངས་པ་དེ་ངོ་ཤེས་ན་གཅིག་འགགས་པས་ལྡོག་ཚུལ་བཞིའི་སྒོ་ནས་སངས་རྒྱའོ། །གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱའོ། །གཅིག་གནས་པས་ཆོས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་ནས་ཞི་བ་མྱ་ངན་ལས་འདའ་འོ་ཞེས་སོ། །ཡང་ཞུས་པ། ཀྱེ་སངས་རྒྱས་ཐུགས་རྗེ་ཅན་སངས་རྒྱས་ཀྱི་དགོངས་པ་ངོ་ཤེས་པ་དེ་གཅིག་འགགས་པས་ལྡོག་ཚུལ་བཞིའི་སྒོ་ནས་སངས་ཇི་ལྟར་དུ་རྒྱ་ཞེས་ཞུས་སོ། །བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཁྱོད་ཉོན་ཅིག །སངས་རྒྱས་ཀྱི་སྐུ་ངོ་ཤེས་པ་ནི་གཅིག་འགགས་པས་མ་དག་པ་འཁྲུལ་པའི་སྣང་བ་འདི་ནི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་ལྡོག་པ་ཡིན་ནོ། །འཁོར་བའི་གྲོང་ཁྱེར་འདི་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ལྡོག་པ་ཡིན་ནོ། །ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ལྡོག་པ་ཡིན་ནོ། །ཤ་ཁྲག་གི་ལུས་རྡོས་པ་ཅན་འདི་འོད་ཀྱི་ལུས་སུ་ལྡོག་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་འཁྲུལ་པ་དེ་སྣང་བ་འདི་དག་པའི་སྣང་བར་ཇི་ལྟར་ལྡོག་ཅེས་ཞུས་སོ། །བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ། འཁྲུལ་སྣང་འགགས་པས་སྣང་བ་ཐམས་ཅད་དག་སྣང་དུ་འཆར་རོ། །དག་པའི་སྣང་བ་དེ་ཤར་བས་རང་གི་རིག་པ་ལས་བྱུང་། རང་གི་རིག་པའི་ངང་དུ་ཞི་བས། ནམ་མཁའ་དང་སྤྲིན་ལྟར་དུ་སངས་རྒྱའོ། །ཞེས་བཀའ་སྩལ་ཏོ། །ཡང་ཞུས་པ། ཀྱེ་སངས་རྒྱས་བཅོམ་ལྡན་འདས་འཁོར་བའི་གྲོང་ཁྱེར་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ་ཇི་ལྟར་ལྡོག་ཅེས་ཞུས་པས། བཀའ་སྩལ་པ། ཀྱེ་གསང་བདག་འཁོར་བ་འདི་རང་གི་རིག་པ་རང་ལ་ཤར། རང་གི་རིག་པའི་ངང་དུ་གྲོལ། ཉི་མ་དང་ཟེར་ལྟ་བུར་སངས་རྒྱའོ། །ཞེས་སོ། །ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་ཡིད་རྟོག་བཅས་འདི་ཡེ་ཤེས་རྟོག་མེད་དུ་ཇི་ལྟར་ལྡོག་ཅེས་ཞུས་པས།

བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་རྣམ་པར་རྟོག་པ་ཐམས་ཅད་རང་གི་རིག་པ་རང་ལ་སྣང་། རང་གི་རིག་པ་རང་ལ་ལྡོག་རྒྱ་མཚོ་དང་ཆུ་བྲན་ལྟ་བུར་སངས་རྒྱ་བ་ཡིན་ནོ། །ཞེས་སོ། །ཡང་ཞུས་པ། ཀྱེ་བཅོམ་ལྡན་འདས་རང་ངོ་རང་གིས་ཤེས་པས་ཤ་ཁྲག་གི་ལུས་འོད་ཀྱི་ལུས་སུ་ཇི་ལྟར་ལྡོག་ཅིང་གྲོལ་ཞེས་ཞུས་སོ། །བཀའ་སྩལ་པ། གསང་བའི་བདག་པོ་འོད་ལྔ་རང་ལ་གསལ། རང་འོད་ཀྱི་ངང་དུ་དག །མན་ཤེལ་དང་སྣང་བ་ལྟ་བུར་སངས་རྒྱ་བ་ཡིན་ནོ་ཞེས་སོ། །ཡང་གསང་བདག་གིས་ཞུས་པ། ཀྱེ་བཅོམ་ལྡན་འདས་གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་ཇི་ལྟར་རྒྱ་ཞེས་ཞུས་པས། བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་གཅིག་སྐྱེས་པས་ཆོས་ཚུལ་ལྔའི་སྒོ་ནས་སངས་རྒྱས་ནི་འདི་ལྟ་སྟེ། སྐུ་ལས་འདས་པ་ཡེ་ཤེས་ཀྱི་སྐུར་སངས་རྒྱའོ། །ཡིད་ལས་འདས་པ་ཡེ་ཤེས་ཀྱི་སྐུར་སངས་རྒྱའོ། །ཆོས་ལས་འདས་པ་སངས་རྒྱས་ཀྱི་སྐུར་སངས་རྒྱའོ། །འབྱུང་བ་ལས་འདས་པ་རང་གདངས་ཀྱི་སྐུ་རུ་སངས་རྒྱའོ། །ཚིག་ལས་འདས་པ་རང་སྣང་གི་སྐུ་རུ་སངས་རྒྱའོ། །ཞེས་སོ། །གཅིག་སྐྱེས་པ་ནི་ཡུལ་ཡེ་ཤེས་སུ་སྐྱེས་པ་ཡིན་ནོ། །ཆོས་ཚུལ་ལྔ་ནི་ཆོས་སྐུའི་གནས་ལུགས་ལྔ་རུ་གནས་པ་ཡིན་ནོ། །སངས་རྒྱ་བ་ནི་སྣང་བ་ཐམས་ཅད་རང་གི་རིག་པ་ལ་ཐིམ། རིག་པ་ཀ་དག་གི་ས་ལ་རང་ས་ཟིན་ནས་མི་འགྱུར་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཞུས་པ། ཀྱེ་སངས་རྒྱས་ཐུགས་རྗེ་ཅན་སྐུ་ལས་འདས་པའི་ཡེ་ཤེས་སུ་སངས་ཇི་ལྟར་རྒྱ་ཞེས་ཞུས་པས་བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་སྐུ་ལས་འདས་པའི་ཡེ་ཤེས་ནི་གཟུགས་སྐུ་ལས་འདས་ནས་ཆོས་སྐུ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་འོད་ལྔའི་ཕུང་པོར་བཞུགས་པ་ཡིན་ནོ། །ཡིད་ལས་འདས་པའི་ཤེས་རབ་ནི་ཡིད་རྟོག་བཅས་ལས་གྲོལ་ཞིང་འདས་ནས་ཤེས་རབ་རྟོག་མེད་ཀྱི་སྐུ་རུ་བཞུགས་པ་ཡིན་ནོ། །ཆོས་ལས་འདས་པའི་སངས་རྒྱས་ནི་འབད་རྩོལ་དང་བྲལ་ཏེ། རང་གི་རིག་པས་རང་འོད་ངོ་ཤེས་ནས་སངས་རྒྱ་བ་ཡིན་ནོ། །འབྱུང་བ་ལས་འདས་པའི་གདངས་ནི་འབྱུང་བ་ལྔའི་མདུད་པ་གྲོལ་ནས་རང་གི་རིག་པའི་རང་གདངས་འོད་ཀྱི་ཕུང་པོ་ཆེན་པོ་དང་འདུ་
འབྲལ་མེད་པར་བཞུགས་པའོ། །ཚིག་ལས་འདས་པའི་རང་སྣང་ནི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་མཐར་ཕྱིན་ནས་གཟུང་འཛིན་དང་བྲལ་བའི་རིག་པ་རང་གསལ་རྟོག་མེད་དུ་བཞུགས་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་ཞུས་པ། ཀྱེ་སངས་རྒྱས་ཐུགས་རྗེ་ཅན་གཅིག་གནས་པས་སྙིང་པོ་ལྔའི་སྒོ་ནས་སངས་རྒྱས་ཤིང་མྱ་ངན་ལས་ཇི་ལྟར་འདའ་ཞེས་ཞུས་པས། བཀའ་སྩལ་པ། ཀྱེ་གསང་བའི་བདག་པོ་གཅིག་གནས་པ་ནི་ཤ་ཁྲག་གི་ལུས་འདི་འོད་ཀྱི་ལུས་སུ་གནས་པ་ཡིན་ནོ། །སྙིང་པོ་ལྔ་ནི་སངས་རྒྱས་ཆོས་ཀྱི་སྐུ་སྟོང་པ་རིག་པའི་སྙིང་པོ་ཅན་དུ་བཞུགས་སོ། །རིག་པ་ཤེས་རབ་ཀྱི་སྙིང་པོ་ཅན་དུ་གནས་སོ། །ཤེས་རབ་ཐུགས་རྗེའི་སྙིང་པོ་ཅན་དུ་གནས་སོ། །ཐུགས་རྗེ་ཡེ་ཤེས་ཀྱི་སྙིང་པོ་ཅན་དུ་གནས་སོ། །ཡེ་ཤེས་འོད་ཀྱི་ལུས་ཅན་དུ་གནས་སོ། །འོད་མཐའ་མེད་ཀྱི་ཡུལ་ཅན་དུ་གནས་སོ། །དེ་ངོ་ཤེས་པས་ཆོག་གོ། །དོན་དེ་ལ་བསྒོམ་དུ་མེད་དོ་ཞེས་རྒྱལ་བ་རྡོ་རྗེ་སེམས་དཔས་གསུངས་སོ། །ཡེ་ཤེས་མར་མེའི་རྒྱུད་ལས། གྲོལ་ཚུལ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྒྲོན་མ་རྣམ་པར་བཀོད་པའི་རྒྱུད་ཅེས་བྱ་བ་སངས་རྒྱས་རྡོ་རྗེ་སེམས་དཔའི་ཞལ་ཆེམས་རྫོགས་སོ། །སྔགས་སྲུང་ནག་མོ་ཁྲོས་མས་སྲུངས་ཤིག །ས་མ་ཡ་།། །།

སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པ་ཞེས་བྱ་བའི་རྒྱུད།

རྒྱ་གར་སྐད་དུ། བུཌྜྷ་བཛྲ་སཏྭ་ཨཱ་ཤ་ཡ་པ་ད་ཏྲི་ཏི་ཡ་ནཱ་མ་ཏནྟྲ། བོད་སྐད་དུ། སངས་རྒྱས་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པ་ཞེས་བྱ་བའི་རྒྱུད། བཅོམ་ལྡན་འདས་མགོན་པོ་འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མི་བསྐྱོད་པའི་ཞིང་ཁམས་མངོན་པར་དགའ་བའི་ཚལ་ན་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་རྡོ་རྗེའི་རིགས་ཀྱི་འཁོར་བྱེ་བ་ཁྲག་ཁྲིག་ས་ཡས་བསྐོར་ནས་རང་གི་རིག་པའི་ཡེ་ཤེས་ཡེ་ནས་རང་བཞིན་འོད་ཀྱི་ཕུང་པོར་གསལ་བའི་ངང་ན་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་སངས་རྒྱས་འོད་དཔག་མེད་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སངས་རྒྱས་ཐམས་ཅད་ཀྱི་མེས་པོ་རྒྱལ་བ་འོད་མི་འགྱུར་བ་ཆེན་པོ་མ་རིག་པའི་

སེམས་ཅན་རྣམས་ལ་སངས་རྒྱས་གང་ཡིན་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མེས་པོ་སངས་རྒྱས་འོད་མི་འགྱུར་བ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དངོས་པོ་དང་ཁ་དོག་གི་ངོ་བོར་མ་གྲུབ་པ་སྟོང་སང་ངེ་འདུག་པ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་ཤེས་རིག་གི་ངོ་བོ་སྟོང་པ་དོ་ཙ་ན་སྟོང་པ་ཕྱངས་ཆད་དུ་མ་སོང་བར་ཤེས་རིག་མ་འགགས་པར་ཝལ་ལེ་གསལ་བ་འདི་སངས་རྒྱས་ཀུན་ཏུ་བཟང་མོ་ཡིན་ནོ། །རང་གི་རིག་པ་དངོས་པོ་ཅིར་ཡང་མ་གྲུབ་པར་ངོ་བོ་སྟོང་པ་དང་རང་གི་ཤེས་རིག་ཝལ་ལེ་བ་དབྱེར་མི་ཕྱེད་པར་འདུག་པ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་ཤེས་རིག་སང་ངེ་བ་འདི་ཡེ་ཤེས་ཀྱི་སྐུ་ཡིན་ནོ། །རང་གི་རིག་པ་གསལ་སྟོང་དབྱེར་མེད་འོད་ཀྱི་ཕུང་པོར་འདུག་པ་འདི་ལ་སྐྱེ་ཤི་མེད་པས་སངས་རྒྱས་འོད་མི་འགྱུར་བ་ཡིན་ནོ། །དེ་ངོ་ཤེས་པས་ཆོག་གོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ། བདེ་བར་གཤེགས་པ་མགོན་པོ་ཆེན་པོ་འོད་དཔག་ཏུ་མེད་པས་སངས་རྒྱས་ཀྱི་མེད་པ་གསུམ་གསུང་དུ་གསོལ་ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་དཔག་མེད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་མ་ཡེངས་པར་ཉོན་ཅིག །རང་གི་ཤེས་རིག་ཝལ་ལེ་བ་འདི་ཀ་སངས་རྒྱས་ཡིན་པས་སངས་རྒྱས་གཞན་ནས་བཙལ་དུ་མེད་དོ། །རང་གི་རིག་པ་ཝལ་ལེ་ཁྱུག་གེ་བ་འདི་རྒྱུན་དུ་གསལ་བས་སངས་རྒྱས་ཆོས་ཀྱི་སྐུ་ལ་བསྒྲུབ་པར་བྱར་མེད་དོ། །རང་གི་རིག་པ་ཆོས་ཀྱི་སྐུ་ལ་སྐྱེ་ཤི་མེད་པས་ལས་དང་ལས་ཀྱི་རྣམ་པར་སྨིན་པས་གོས་པ་མེད་པས་ལས་ལ་དགེ་སྡིག་མེད་དོ། །ཞེས་བཀའ་སྩལ་ཏོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཨེ་མ་ཧོ། སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་སངས་རྒྱས་ཀྱི་ཆོག་པ་གསུམ་གསུང་དུ་གསོལ་ཅེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་རང་གི་རིག་པ་འགག་པ་མེད་པར་ཝལ་ལེ་བ་འདི་ཀ་སངས་རྒྱས་ཡིན་ནོ། །རང་གི་

རིག་པ་ཝལ་ལེ་བ་འདི་ཀ་འབྲལ་བ་མེད་པས་སངས་རྒྱས་ཆོས་ཀྱི་སྐུ་ལ་སྒོམ་དུ་མེད་དོ། །རང་གི་རིག་པ་ཝལ་ལེ་བ་འདི་ཀ་སངས་རྒྱས་ཡིན་པས་རང་གི་རང་ངོ་ཤེས་པས་ཆོག་གོ། །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་རང་གི་རིག་པ་སངས་རྒྱས་སུ་ངོ་ཤེས་ནས་སངས་རྒྱས་ལ་སྐྱབས་འགྲོ་བྱར་མེད་དེ་ཉལ་བས་ཆོག་གོ། །སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་རིག་པ་མེད་པས་རང་གི་རིག་པ་ལ་གསལ་འགྲིབ་མེད་པ་ཡིན་ནོ། །རང་གི་རིག་པ་གསལ་འགྲིབ་དང་བྲལ་བས་ལས་དང་བག་ཆགས་ཀྱི་རྣམ་སྨིན་གྱིས་གོས་པ་མེད་དོ། །ལས་དང་ལས་ཀྱི་རྣམ་སྨིན་གྱིས་གོས་པ་མེད་པས་ལས་དགེ་སྡིག་བརྩི་རུ་མེད་དོ། །ཞེས་བཀའ་སྩལ་པས། གསང་བའི་བདག་པོས་རང་གི་དོན་ཆེན་པོ་ཐོབ་པོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ། སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ་སངས་རྒྱས་ཀྱི་ཡིན་ལུགས་དགུ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །རང་གི་སྙིང་གི་དཀྱིལ་ན་སངས་རྒྱས་སྐུ་གསུམ་ཡེ་ཤེས་ཀྱི་སྐུ་རུ་བཞུགས་སོ། །སངས་རྒྱས་ཡེ་ཤེས་ཀྱི་སྐུ་ནི་རང་གི་ཤེས་རིག་ངོ་བོ་སང་ངེ་བ་འདི་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པར་རང་གི་ཤེས་རིག་གི་ངོ་བོ་སང་ངེ་བ་འདི་དུས་གསུམ་དུ་བཞུགས་པ་ཡིན་ནོ། །སངས་རྒྱས་ཡེ་ཤེས་ཀྱི་སྐུ་ལ་གསལ་འགྲིབ་མེད་པས། རང་གི་རིག་པ་འོད་ཀྱི་ཕུང་པོ་ཆེན་པོར་བཞུགས་པ་ཡིན་ནོ། །རང་གི་རིག་པའི་རང་འོད་དམ། རང་ལུས་འོད་ཀྱི་ཕུང་པོར་བཞུགས་པས་རང་གི་རིག་པའི་རང་འོད་ལ་འཆར་ནུབ་མེད་པ་ཡིན་ནོ། །རང་གི་རིག་པའི་རང་འོད་ལ་འཆར་ནུབ་མེད་པས་རིག་པ་རང་གི་མིག་ནས་འཐོན་ནས་འཁྲུལ་པའི་སྣང་བ་ཡེ་ཤེས་སུ་འཆར་བ་ཡིན་ནོ། །འཁྲུལ་སྣང་ཡེ་ཤེས་སུ་ཤར་ནས་ཡེ་ཤེས་སུ་བཟློག་པས་རང་འོད་ངོ་ཤེས་ནས་རང་འོད་ལྔ་ལ་ཐིམ་ནས་ལས་དང་བག་ཆགས་སྦྱང་མི་དགོས་

པ་ཡིན་ནོ། །རང་འོད་ངོ་ཤེས་ན་ལས་ཀྱི་རྣམ་པར་སྨིན་པས་མ་བསྒྲིབས་པའི་ལས་དགེ་སྡིག་མེད་པ་ཡིན་ནོ། །རང་འོད་ངོ་ཤེས་པས་ལས་ལ་དགེ་སྡིག་མེད་པས་ཆོས་སྤྱོད་བཅུ་དང་མཚམས་མེད་ལྔ་རྟོགས་པའི་བློ་ལ་རང་བཞིན་མཉམ་པ་ཡིན་ནོ། །ཀྱེ་གསང་བའི་བདག་པོ་དོན་ཆེན་པོ་འདི་ནི་འདས་པ་དང་མ་འོངས་པས་ཀྱང་སྟོན་མི་ནུས་སོ། །དོན་ཆེན་པོ་དེ་ལ་བསྒོམ་དུ་མེད་དོ། །བསྒོམ་མེད་ཀྱི་དོན་ཆེན་པོ་དེ་ངོ་ཤེས་པས་ཆོག་གོ། །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམ་དུ་མེད་པའི་དོན་ཆེན་པོ་དེ་ངོ་མ་ཤེས་པས་སངས་རྒྱས་རེ། དུས་གསུམ་གྱི་བདེ་བར་གཤེགས་པས་མགོ་ཁོས་ཤིག་ཅེས་སངས་རྒྱས་འོད་མི་འགྱུར་བས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་སངས་རྒྱས་ཀྱི་འཆར་ལུགས་གསུང་དུ་གསོལ་ཞེས་ཞུས་སོ། །དེས་རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ་དེས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་ཁྱོད་ཉོན་ཅིག །རང་གི་རིག་པའི་རང་འོད་ངོ་ཤེས་པ་རྣམས་སྐུ་དང་ཡེ་ཤེས་སུ་གྲོལ་ལོ། །རིག་པའི་རང་འོད་ངོ་མ་ཤེས་པ་རྣམས་ལུས་དང་བག་ཆགས་སུ་འཁྲུལ་ལོ། །རང་འོད་ངོ་ཤེས་རུང་མ་ཤེས་རུང་སེམས་ཅན་ཐམས་ཅད་ལ་འཁྲུལ་པའི་སྣང་བ་འགགས་པ་དང་། དག་པའི་སྣང་བ་ཞག་ལྔར་འཆར་རོ། །དེ་ངོ་ཤེས་ན་རང་དག་པའི་སྣང་བ་དང་གཉིས་སུ་མེད་པར་ཐིམ་ནས་སངས་རྒྱའོ། །དེ་ནི་གདམས་ངག་ཅན་གནད་ཀྱི་སྒོ་ནས་སངས་རྒྱ་བ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་དག་པའི་སྣང་བ་ཡང་ནས་ཡང་དུ་ཤར་ཀྱང་རང་གི་ངོ་མ་ཤེས་པས་ལུས་དང་བག་ཆགས་སུ་འཁྲུལ་ལོ། །རིག་པའི་རང་མདངས་འོད་གསལ་ཆེན་པོ་ངོ་ཤེས་ན་སངས་རྒྱས་རྡོ་རྗེ་སེམས་དཔའི་གསང་ལམ་ཡིན་ནོ། །དེ་ནི་ངོ་ཤེས་པས་ཆོག་གོ། །དོན་ཆེན་པོ་དེ་ངོ་ཤེས་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་

ཅད་ཀྱི་དགོངས་པ་ཚིག་གསུམ་པའི་རྒྱུད་ལས་རྡོ་རྗེ་སེམས་དཔའི་གསང་ལམ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བདེ་བར་གཤེགས་པ་འོད་ཀྱི་ཕུང་པོ་བར་དོ་རྣམ་པ་གསུམ་དང་རྩའི་གནས་ལུགས་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་འོད་ཕུང་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་བར་དོ་ལ་རྣམ་པ་གསུམ་ཡིན་ནོ། །ད་ལྟ་དང་། འཆི་ཁ་དང་ཆོས་ཉིད་བར་དོ་དང་རྣམ་པ་གསུམ་ཡིན་ནོ། །ད་ལྟ་ནི་རང་བཞིན་གྱི་བར་དོ་ཡིན་ནོ། །འཆི་ཁའི་སྡུག་བསྔལ་གྱི་བར་དོ་ནི་འཁྲུལ་སྣང་འགགས་པའི་བར་དོ་ཡིན་ནོ། །ཆོས་ཉིད་ཀྱི་བར་དོ་ནི་འཁྲུལ་སྣང་འགགས་ནས་དག་སྣང་འཆར་བས་ཡེ་ཤེས་འཆར་བའི་བར་དོ་ཡིན་ནོ། །ཡེ་ཤེས་འཆར་བའི་བར་དོ་དེ་ངོ་ཤེས་པས་ཆོག་གོ། །ཞེས་བཀའ་སྩལ་ཏོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ། རྣམ་པར་གྲོལ་བའི་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་གདམས་ངག་རྣམ་པ་གསུམ་གསུང་དུ་གསོལ་ཞེས་ཞུས་སོ། །སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བར་དོ་རྣམ་པ་གསུམ་ལ་གདམས་ངག་རྣམ་པ་གསུམ་ཡིན་ནོ། །ད་ལྟའི་གདམས་ངག་སྐྱེལ་མ་དང་འདྲའོ། །འཆི་ཁའི་གདམས་ངག་སུན་མ་དང་འདྲའོ། །བར་དོའི་གདམས་ངག་རང་གི་ཡུལ་དུ་སླེབ་ནས་བཙན་པོའི་མཁར་དུ་ཞུགས་པ་དང་འདྲའོ། །ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་ད་ལྟའི་གདམས་ངག་སྐྱེལ་མ་དང་ལྟ་བ་རྣམ་པ་གསུམ་གསུང་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེལ་མ་ལ་རྣམ་པ་གསུམ་ཡིན་ནོ། །དཔེ་དོན་རྟགས་གསུམ་མོ་ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པས། ཀྱེ་ཀྱེ། བཅོམ་ལྡན་འདས་

དཔེའི་ངོ་སྤྲོད་གསུང་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་དཔེའི་ངོ་སྤྲོད་ལ་གསུམ་ཡིན་ནོ། །ཤེལ་དང་། ཉི་མ་དང་། འདྲ་འབག་དང་གསུམ་མོ། །ཞེས་གསུངས་སོ། །གསང་བའི་བདག་པོས་ཞུས་པ།བཅོམ་ལྡན་འདས་རྟགས་ཀྱི་ངོ་སྤྲོད་གསུང་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟགས་ཀྱི་ངོ་སྤྲོད་ལ་གསུམ་ཡིན་ནོ། །ཆོས་སྐུ་རང་གི་སྙིང་གི་དཀྱིལ་ན་བཞུགས་པའི་རྟགས་རང་གི་མིག་ཡིན་ནོ། །ལོངས་སྐུའི་སྙིང་གི་ནང་ན་བཞུགས་པའི་རྟགས་རྡོ་རྗེ་སེམས་དཔའི་མེ་ལོང་བལྟས་པས་སངས་རྒྱས་ཀྱི་ཞིང་ཁམས་འཆར་བ་དེ་ཡིན་ནོ། །སྤྲུལ་པའི་སྐུའི་རྟགས་འཁྲུལ་པའི་སྣང་བ་འདི་དག་པའི་སྣང་བར་འཆར་བ་ཡིན་ནོ། །ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ། ཆོས་སྐུའི་རྟགས་དེ་ལྟར་རང་གི་རིག་པ་མ་འགགས་པར་ཝལ་ལེ་བ་འདི་རང་ཡིན་ནོ། །ལོངས་སྐུའི་རྟགས་མེ་ལོང་གི་བྱད་ཤར་བར་མིག་ཕུག་སྟེ་མ་ཡེངས་པར་བལྟས་ནས་མདུན་གྱི་ནམ་མཁའ་ལ་བལྟས་པས་མདུན་གྱི་ནམ་མཁའ་ལ་ལོངས་སྐུ་ཁ་མིག་རྣ་བ་ཅན་སྣང་བ་དེ་ཡིན་ནོ། །སྤྲུལ་སྐུའི་རྟགས་རང་གི་མིག་དང་བ་སྤུའི་བུ་ག་ནས་འོད་ཀྱི་གདངས་འཆར་བ་དེ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོ་དོན་གྱི་ངོ་སྤྲོད་གསུམ་གསུང་དུ་གསོལ་ཞེས་ཞུས་སོ། །འོད་ཕུང་ཆེན་པོས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །དོན་གྱི་ངོ་སྤྲོད་ལ་གསུམ་ཡིན་ནོ། །རང་གི་རིག་པ་མ་འགགས་པར་ཝལ་ལེ་གསལ་བ་འདི་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ནོ། །རང་གི་ཤེས་རབ་ཀྱིས་མ་འགགས་པར་ཤེས་པས་ཤེས་རབ་ཀྱི་སྐུ་དང་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །རང་གི་རིག་པ་འོད་ཀྱི་ཕུང་པོར་བཞུགས་པས་སངས་རྒྱས་སྤྲུལ་པའི་སྐུ་ཡིན་ནོ། །རང་གི་རང་འོད་ཡུལ་ལ་འཆར་བས་སྣང་བ་འོད་ལྔར་ཤར་བ་ཡང་

སྤྲུལ་པའི་སྐུ་ཡིན་ནོ། །རང་གི་སྙིང་གི་དཀྱིལ་ན་དྭངས་མ་ལྔའི་དབུས་ན་ཡེ་ཤེས་ཀྱི་འོད་ཁ་དོག་ལྔར་གནས་པ་དེ་ནི་སྤྲུལ་པའི་སྐུ་ཡིན་ནོ། །འོད་ལྔའི་སྦུབས་ན་སྐུ་ལྔ་གནས་པ་དེ་ནི་ལོངས་སྐུའོ། །སྐུ་དང་འོད་གཉིས་ལ་མི་རྟོག་པའི་རིག་པས་ཁྱབ་པར་གནས་པ་ནི་ཆོས་སྐུའོ་ཞེས་གསུངས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འདས་ཆོས་སྐུའི་ཉམས་ལེན་གསུང་དུ་གསོལ། ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཆོས་སྐུ་ཉམས་སུ་བླང་བ་ནི་ནམ་མཁའ་སུམ་ཕྲུགས་ཀྱི་གདམས་ངག་གོ། །ཕྱིའི་ནམ་མཁའ་བར་སྣང་སྟོང་པ་འདི་ཡིན་ནོ། །ནང་གི་ནམ་མཁའ་མིག་དང་སྙིང་གཉིས་འདྲེལ་བའི་རྩ་སྦུག་སྟོང་པ་འདི་ཡིན་ནོ། །གསང་བའི་ནམ་མཁའ་རང་གི་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ངོ་། །རང་གི་རིག་པ་མིག་ལ་གཏད་མིག་བར་སྣང་ལ་གཏད་ནས་བཞག་པས་ཡེ་ཤེས་ལྷུག་པར་སྐྱེའོ། །དེ་ལ་གནས་ལུགས་ཟང་ཐལ་གྱི་དགོངས་པ་ཉོན་མོངས་པ་དང་རྣམ་པར་རྟོག་པས་མ་བསླད་པའི་རིག་པ་གནས་ལུགས་ཆོས་ཀྱི་སྐུ་ད་ལྟར་གྱི་ཤེས་པ་གསལ་ལ་མ་འགགས་པར་སལ་ལེ་ཧྲིག་གེ་བ། ཧུར་རེ། རྗེན་ནེ། རྣམ་རྟོག་གང་གིས་ཀྱང་མ་བསླད་པའི་རྟོག་མེད་ཀྱི་རིག་པ་མ་འགགས་པར་རྐྱང་པར་ཤར་བ། ཤེས་པ་བདེ་སིང་ངེ་བ།རིག་པ་དྭངས་སང་ངེ་བ། དྲན་པ་མ་འགགས་པ། འཛིན་རིག་མ་ཞུགས་པའི་གནས་ལུགས་མ་བཅོས་པ་དེ་ཁ་ལ་ཉམས་སུ་བླངས་པས་ཡེ་ཤེས་ལྷུག་པར་སྐྱེའོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་ལོངས་སྐུའི་ཉམས་ལེན་གསུང་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ལོངས་སྐུའི་ཉམས་ལེན་ནི་རྡོ་རྗེ་སེམས་དཔའི་མེ་ལོང་གི་ནང་དུ་རིགས་ལྔའི་སྐུ་ལ་བལྟའོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འདས་སྤྲུལ་སྐུའི་ཉམས་ལེན་གསུང་དུ་གསོལ་ཞེས་ཞུས་པས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་སྤྲུལ་སྐུའི་ཉམས་ལེན་ནི་སྒྲ་དང་། འོད་དང་། ཟེར་གསུམ་ལ་བལྟའོ། །སྒྲ་ནི་རྣ་བ་བཀག་ལ་བལྟའོ། །འོད་ནི་སྲིད་པའི་མེ་ལོང་ལ་མིག་བཙུགས་ལ་བལྟའོ། །ཟེར་ནི་ཉི་མའི་སྙིང་པོ་ལ་བལྟའོ་ཞེས་བཀའ་སྩལ་ཏོ། །དེ་ནས་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་བཅོམ་ལྡན་འདས་རྩའི་གནས་ལུགས་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །རྩའི་གནས་ལུགས་ལ་གསུམ་ཡིན་ནོ། །རྩ་རོ་མ་དང་། རྐྱང་མ་དང་། ཀུན་འདར་མ་དང་གསུམ་མོ། །རྩ་རོ་མ་ནི་སྙིང་ཡིན་ནོ། །གཉིད་དུ་སོང་བའམ་བརྒྱལ་བའམ་དབུགས་ཆད་ཙ་ན་འབད་པའི་ཐ་མར་དར་གྱི་ཕོ་ལོང་བརྡབས་པ་ཙམ་རོ་དང་འདྲ་བར་སོང་བས་རོ་མ་ཡིན་ནོ། །རྩ་རྐྱང་མ་ནི་མིག་ཡིན་ནོ། །དེ་ཡང་རང་གི་རིག་པ་མིག་ལ་གཏད་མིག་བར་སྣང་ལ་གཏད་པའི་དུས་དེར་རྣམ་པར་རྟོག་པ་གང་གིས་ཀྱང་མི་བསྒྲིབས་པར་རྟོག་མེད་ཀྱི་རིག་པ་རྐྱང་པར་འཆར་བས་ན་རྩ་རྐྱང་མ་ཡིན་ནོ། །དེ་ནི་མིག་ཡིན་ནོ། །རྩ་ཀུན་འདར་མ་ནི་སྙིང་དང་གློ་བ་དང་ཁ་སྣར་འདྲེལ་ནས་དབུགས་ཀྱི་རྟ་ཕོ་ལ་སེམས་ཀྱི་མི་ཕོ་ཞོན་ནས་རྟོག་པ་ཀུན་རྒྱུ་བས་རྩ་ཀུན་འདར་མ་མགྲིན་པ་ཡིན་ནོ། །ཞེས་གསུངས་སོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་གསུམ་པའི་རྒྱུད་ལས་ད་ལྟའི་གདམས་ངག་སྐྱེལ་མ་ལྟ་བུའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་གསང་བའི་བདག་པོས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཀྱེ་སངས་རྒྱས་འོད་ཕུང་ཆེན་པོ་འཆི་ཁའི་གདམས་ངག་སུན་མ་ལྟ་བུ་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་བར་གྱི་སུན་མ་འཆི་ཁ་ཡིན་ནོ། །དེ་ལ་གསུམ་མོ། །ཕྱིའི་འབྱུང་བ་རྡིབས་པ་དང་། ནང་གི་འབྱུང་བ་འདས་པ་

དང་། གསང་བའི་འབྱུང་བ་རྫོགས་པའོ། །གསང་བའི་འབྱུང་བ་རྫོགས་པས་ན་དབུགས་ཆད་པའི་དུས་དེར་འབྱུང་བ་དྭངས་སྙིགས་འབྱེད་དོ། །སྙིགས་མ་ཕུང་པོ་ལ་ལས་སོ། །དྭངས་མ་ཡེ་ཤེས་ཀྱི་འོད་ལྔ་ཆོས་ཉིད་ཀྱི་ནམ་མཁའ་ལ་འཆར་རོ། །བར་དོར་སྐུ་ལྔ་ཡེ་ཤེས་ལྔ་ལྡན་གྱི་སུན་མ་འོང་ངོ་། །དེ་ངོ་ཤེས་པས་ཆོག་གོ། །དེ་ངོ་ཤེས་པར་གྱིས་ཤིག །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་འདས་བར་དོའི་གདམས་ངག་ཁྱིམ་ལྟ་བུ་གསུང་དུ་གསོལ་ཞེས་ཞུས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བར་དོ་ལ་གསུམ་ཡིན་ནོ། །ཆོས་ཉིད་བར་དོ་དང་། སྲིད་པའི་བར་དོ་དང་། ལས་ཀྱི་བར་དོ་དང་གསུམ་ཡིན་ནོ། །ཨེ་མ་ཧོ་རིགས་ཀྱི་བུ་དབུགས་ཆད་པ་དང་ཞག་ལྔར་དག་པའི་སྣང་བ་འཆར་རོ། །དེའི་དུས་སུ་སུན་མ་གསུམ་འོང་ངོ་། །འོད་དང་། སྒྲ་དང་། ཟེར་གསུམ་འོང་ངོ་། །འོད་ནི་བདེ་བར་གཤེགས་པའི་རང་འོད་ཕྲ་ལ་དྭངས་པ། གསལ་ལ་འཚེར་བ། རང་བཞིན་གྱིས་བཀྲག་ལ་ཉམ་ང་བ། སོས་ཀའི་ཐང་ལ་སྨིག་རྒྱུ་འགྱུ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁེངས་ནས་མེར་རེ་རེ་འོང་ངོ་། །དེ་ལ་མ་འཇིགས་ཤིག །སྒྲ་ནི་འོད་ཀྱི་ནང་ཐམས་ཅད་ནས་ཆོས་ཉིད་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ཙམ་དྲག་ལ་སྒྲ་ཆེ་བ་དི་རི་རི་འོང་ངོ་། །དེ་ལ་མ་སྔངས་ཤིག །འོད་ལས་ཟེར་མཚོན་ཆའི་ཆར་འབབ་པ་ཙམ་འབྱུང་སྟེ། དེ་ཡང་ཆར་པ་འབབ་པ་འདྲ་བ་མཚོན་ཆའི་རྣམ་པ་སྣ་ཚོགས་པ་ཟིང་ཟིང་པ་འོང་ངོ་། །དེ་ལ་མ་སྐྲག་ཅིག །དེ་གསུམ་ལ་མི་འཇིགས། མི་སྔངས། མི་སྐྲག་པ་ནི་ད་ལྟའི་ཉམས་ལེན་གསུམ་ཉམས་སུ་བླངས་པས་མི་འཇིགས་སོ། །མི་སྔངས་སོ། །མི་སྐྲག་གོ། །དེའི་ཕྱིར་ན་དག་པའི་སྣང་བ་ལ་འདྲིས་པར་བྱའོ། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཆེན་པོ་བར་དུ་བླ་མ་དང་ཡི་དམ་མཁའ་འགྲོའི་སྣང་བ་འཆར་རོ། །རིགས་ཀྱི་བུ་འོད་དེ་ལ་མ་འཇིགས་སྒྲ་དེ་ལ་

མ་སྔངས། ཟེར་དེ་ལ་མ་སྐྲག་པས་རྒྱུན་དུ་རང་གི་རིག་པའི་གདངས་ཡིན་ནོ་ཞེས་ཟེར་ནས་ལུང་སྟོན་ན། དེ་ལ་བླ་མའི་ལུང་བསྟན་ནི་བླ་མ་ལ་མོས་གུས་ཆེ་བས་འོང་ངོ་། །ཡི་དམ་གྱི་ལུང་བསྟན་ནི་ཕྱི་ནང་གསང་བའི་དབང་རྫོགས་པ་ལས་འོང་ངོ་། །མཁའ་འགྲོའི་ལུང་བསྟན་ནི་གསང་སྔགས་ཀྱི་དམ་ཚིག་མ་ཉམས་པ་ལས་འོང་ངོ་། །རིགས་ཀྱི་བུ་སྲིད་པའི་བར་དོ་ནི་ལུང་བསྟན་པས་རང་འོད་དུ་ངོ་ཤེས་ནས་སངས་མི་རྒྱ་མི་སྲིད་པས་སྲིད་པའི་བར་དོ་ཡིན་ནོ། །རང་གི་རིག་པའི་རང་འོད་ངོ་མ་ཤེས་ན་འགྲོ་དྲུག་ཏུ་མི་འཁོར་མི་སྲིད་པས་ཀྱང་སྲིད་པའི་བར་དོ་ཡིན་ནོ། །ཀྱེ་གསང་བའི་བདག་པོ་རང་གི་རིག་པའི་རང་འོད་ལ་དུས་རྟག་ཏུ་བལྟའོ། །ཨེ་མ་ཧོ། ལས་ཀྱི་བར་དོ་ནི་སངས་རྒྱས་ཀྱི་རང་འོད་ངོ་མ་ཤེས་པས་འཁོར་བ་རུ་མ་བཟློགས་པར་རིགས་དྲུག་གི་སྣང་བ་འཆར། དུག་ལྔའི་ལམ་ལ་ཞག་དྲུག་འགྲིམ་མོ། །ལྷའི་འོད་དཀར་པོ་བཀྲག་མེད་འཆར་རོ། །དེ་ལ་ཤེས་པ་ཞུགས་ན་ལྷར་སྐྱེའོ། །དེ་བཞིན་དུ་ལྷ་མ་ཡིན་གྱི་འོད་སྔོན་པོ་བཀྲག་མེད། མིའི་དམར་པོ། བྱོལ་སོང་ལྗང་གུ། ཡི་དྭགས་སེར་པོ། དམྱལ་བའི་ནག་པོར་འཆར་རོ། །ཨེ་མ་ཧོ་འགྲོ་བ་རིགས་དྲུག་གི་འོད་ལ་ཤེས་པ་ཞུགས་པས་སྐད་ཅིག་མ་གཉིས་པ་ལ་རྫོགས་ལྡན་མུན་པ་ནག་པོའི་ཁམས་ཉིན་མོ་ཉི་མའི་སྣང་བ་མེད། ནུབ་མོ་ཟླ་བའི་སྣང་བ་མེད། ནང་ནུབ་མོའི་སྣང་བ་མེད། ཆར་དང་རླུང་དང་མུན་ནག་གི་ནང་ན་ཤིན་ཏུ་སྡུག་བསྔལ་ལོ། །དེ་ཡང་དཔེར་ན་ཉི་མ་ནུབ་པས་མུན་པ་སྲོས་པ་དང་འདྲའོ། །དེ་ནས་ཞག་བདུན་མུན་པ་སངས་ནས། ལྷན་ཅིག་སྐྱེས་པའི་ལྷ་དང་། ལྷན་ཅིག་སྐྱེས་པའི་འདྲ་གཉིས་ཀྱིས་གཤིན་རྗེའི་གམ་དུ་ཁྲིད་དེ་ལས་ཀྱི་མེ་ལོང་བལྟར་བཅུག་ནས་ལས་དགེ་སྡིག་གི་རྡེའུ་གང་མང་བསྒྲངས་པའི་བར་དེར་དགེ་སྡིག་གཉིས་སྟོབས་གང་ཆེ་བའི་འབྲས་བུ་ལེན་པས་ལས་ཀྱི་བར་དོ་འདིར་ལས་དགེ་སྡིག་གིས་མ་བསྒྲིབས་པ་ཤིན་ཏུ་གལ་ཆེའོ། །བར་དོ་
དེས་རང་གི་སྣང་བ་འོད་ལྔ་རང་གི་རིག་པའི་རང་འོད་རང་ལ་ཤར་བར་ངོ་ཤེས་ན་སྐད་ཅིག་མ་གསུམ་ལ་སངས་རྒྱའོ། །དེས་ན་སྐད་ཅིག་མ་གསུམ་པ་ལ་འགྲོ་དྲུག་ཏུ་འཁྱམས་པ་མི་སྲིད་དོ། །ཀྱེ་གསང་བའི་བདག་པོ་དེའི་ཕྱིར་ན་གདམས་ངག་འདིའི་གནད་མི་ཤེས་ན་མི་ཕན་ནོ་ཞེས་གསུངས་སོ། །དེ་ནས་སངས་རྒྱས་འོད་ཀྱི་ཕུང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་གསང་བའི་བདག་པོ་རིགས་དྲུག་གི་སེམས་ཅན་འཁོར་བར་འཁྱམས་པ་ནི་རང་གི་སྣང་བ་འདི་ངོ་མ་ཤེས་པས་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་བྱུང་ནས་འཁོར་བར་འཁྱམས་སོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་པ་དེ་ཡུལ་ཆོས་ཉིད་ཀྱི་ཀློང་དུ་རང་གི་སྣང་བ་ཡེ་ཤེས་འོད་དུ་གསལ་བ་དེ་རང་སྣང་ཡིན་པ་ལ་ཡིན་པར་ཤེས་ནས་སངས་རྒྱའོ། །རང་གི་རང་སྣང་ཡེ་ཤེས་འོད་དུ་གསལ་བ་དེ་རང་སྣང་ཡིན་པར་ངོ་ཤེས་ན་ལས་དགེ་སྡིག་གཉིས་ཀྱིས་ཕན་བཏགས་པ་དང་གནོད་པ་བསྐྱལ་བ་མེད་དོ། །དེའི་ཕྱིར་ན་ལས་ལ་དགེ་སྡིག་མེད་པ་ཡིན་ནོ་ཞེས་བཀའ་སྩལ་ཏོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཚིག་གསུམ་པའི་རྒྱུད་ལས་གདམས་ངག་ཅན་གནད་ངོ་ཤེས་པས་སངས་རྒྱ་བའི་ལེའུ་སྟེ་གསུམ་པའོ།། །།རྒྱལ་བ་རྡོ་རྗེ་སེམས་དཔའི་དགོངས་པ་ཚིག་གསུམ་པའི་རྒྱུད་སངས་རྒྱས་ལག་འཕྲད་དུ་གཏད་པ་རྫོགས་སོ།། །།གྷུ་ཡ་སེང་གེ་དབང་ཕྱུག་གིས་མ་ཆད་པ་སྟག་ཅན་དུ་སྦས་པ་ལྕ་སྒོམ་ནག་པོས་ཐོན་པའོ། །སྔགས་ཀྱི་སྲུང་མས་བྱ་ར་གྱིས་ལ་སྲུངས་ཤིག །ནག་མོ་ཁྲོས་མ།མ་ཧཱ་ཀཱ་ལ་རྡོ་རྗེ་ལེགས་པ་མཁའ་འགྲོ་སྡེ་བཞི་ལ་གཏད་དོ། །གཏེར་སྲུང་ཤིན་ཏུ་གཉན་ནོ། །འདིར་མན་ངག་སྙིང་གི་དགོངས་པ་རྒྱལ་བའི་བཀའ་མ་བྱུང་།

ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ཅེས་བྱ་བ།ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། ཏི་ལ་ཀ་ས་མ་ག་ཎ་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་

ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། རྣམ་དག་པདྨོའི་ཚལ། རིན་པོ་ཆེའི་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོ་ན། སངས་རྒྱས་རབས་བདུན་དང་། མཁའ་འགྲོ་མ་རྣམས་དང་། གཞན་ཡང་སོ་སོའི་འཁོར་རྣམས་དང་ཐབས་ཅིག་གོ། །དེའི་ཚེ་གསང་བའི་བདག་པོས་སྣ་དྲངས་ཏེ། བསྐོར་བ་ལན་དཔག་ཏུ་མེད་པ་བྱས་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས། །ད་ལྟར་ཚོགས་དང་མ་འོངས་རྗེས་འཇུག་ལ། །མ་རིག་མུན་པ་སེལ་བའི་སྒྲོན་མེ་རུ། །ཚིག་གི་རྒྱུད་རྣམས་ཐུགས་ཀྱི་ཀློང་ནས་བརྟོལ། །དོན་གྱི་རྒྱུད་ཆེན་མ་ལུས་མཚོན་པའི་སྒྲ། །ཤེས་རབ་རླུང་གིས་བརྡའ་བསྐོར་བསྐྱོད། །ཕྱི་ནང་གསང་བའི་མན་ངག་རྒྱུད་དུ་བཤད། །ཐིག་ལེ་གསང་བའི་ཡི་གེ་གསུམ་དུ་བསྟན། །དེ་ཡི་དོན་གྱི་དགོངས་པ་གསལ་བྱའི་ཕྱིར། །ཐིག་ལེ་ཀུན་འདུས་ཆེན་པོ་གསུང་དུ་གསོལ། །ཞེས་ཞུས་སོ། །དེའི་ཚེ་སྟོན་པས་བཀའ་སྩལ་པ། ཀྱེ་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་རྣམས་ངེས་པར་ཟུང་ཞིག །ངས་རྒྱུད་ཐམས་ཅད་ཀྱི་ཁོག་དོན་སོ་སོའི་མཚན་དང་ལེའུ་བསྡུས་ཏེ། དོན་གྱི་སྙིང་པོ་གསལ་བའི་དགོངས་པར་བཤད་དོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། གླེང་གཞི་དང་གླེང་སློང་བའི་ལེའུ་སྟེ་དང་པོའོ། །གྲ་ག་ཏ་ཀཱ་ཡ་ཏནྟྲ་ཨ་ཏྲ་ག་ལ་ངས་སུ་ཨ། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། འགྱུར་བ་མེད་པའི་ཆོས་ཀྱི་སྐུའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། འགྱུར་བ་མེད་པའི་སྐུའི་དོན་མཚོན་རྒྱུད་ཀྱི་དགོངས་པ་གསུངས་ཞེས་ཞུས་སོ། །དེའི་ཚེ་ཏིང་ངེ་འཛིན་ལས་མི་འགྱུར་བའི་ངང་ནས། སྐུའི་རྒྱུད་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཟུང་ཞིག །གཞི་འགྱུར་བ་མེད་པ་ཆོས་

ཀྱི་སྐུ་དང་འབྲས་བུ་འགག་པ་མེད་པ་ཡེ་ཤེས་གཟུགས་ཀྱི་སྐུ་གཉིས། དོན་འདུ་འབྲལ་མེད་པ་ལྷུན་གྱིས་གྲུབ་པ། དེ་གཏན་ལ་དབབ་པའི་ཆེད་དུ། ངས་པདྨ་འཁྱིལ་པའི་རྒྱུད་འདི་བསྟན་ནོ། །རིག་པ་འཛིན་པ་ངོས་ཟུང་ཞིག །ཆོས་ཉིད་ཆོས་སྐུ་དབྱེར་མེད་ཀློང་། །དྲི་མ་དག་གསལ་མཚན་ཉིད་ལྔ། །ཡེ་ཤེས་འོད་ཀྱི་བུམ་པ་གསལ། །ཐུགས་རྗེ་འགག་མེད་སྙིང་པོའི་སྐུ། །དབྱེར་མེད་རིག་པའི་ངང་ན་གནས། །ནང་གསལ་ཕྱིར་མ་འཕྲོས་པ་སྟེ། །པདྨ་འཁྱིལ་ཞེས་བཤད་པ་ཡིན། །སྐུ་གསུམ་ནང་གསལ་འདུ་འབྲལ་མེད་པ་ལས། །ཐུགས་རྗེ་མ་འགགས་སྐུ་ཉིད་ཕྱིར་ཤར་ཏེ། །པདྨ་ལས་གྲུབ་སྤྲུལ་སྐུ་འོད་གསལ་བས། །ངེས་པའི་འཁོར་ཚོགས་ང་ཡི་ཡུལ་དུ་སྣང་། །དེ་དུས་ང་ཡི་སྐུ་ཡི་རྒྱུད་ཆེན་ནི། །དཔག་བསམ་ཤིང་ལྟར་ཡོངས་སུ་རྒྱས་པར་བཤད། །དང་པོའི་གནས་ལུགས་བར་དུ་འཁྲུལ་ལུགས་དང་། །ཐ་མ་འཁྲུལ་པ་ལྡོག་པའི་ཐབས། །ནང་མེད་ནང་ནས་ཕྱི་རུ་ཤར་ལུགས་དང་། །རྩལ་གྱི་སྣང་བ་མཚན་མ་སྣ་ཚོགས་རྣམས། །རང་ལ་སྣང་ཞིང་རང་ལས་གཡོས་པ་མེད། །མཚན་མ་སྣ་ཚོགས་རང་གི་ངང་དུ་དག །དྲི་མེད་སྐུ་དང་ཡེ་ཤེས་གཞི་ཡི་ངང་དུ་ཐིམ། །རང་གསལ་འཛིན་པ་མེད་པར་བཤད། །དུས་གསུམ་སངས་རྒྱས་དགོངས་པ་བརྒྱུད་པ་ཡི། །སངས་རྒྱས་ཞལ་ནས་གསུངས་པར་ངེས་ཤེས་བསྐྱེད། །སོ་སོའི་ཕུན་སུམ་ཚོགས་པ་རྣམ་པ་ལྔས། །ས་ཕྱོགས་ངེས་དང་ཆོས་ངེས་དང་། །དབང་པོ་ངེས་དང་དུས་ངེས་དང་། །རང་རིག་ངོ་བོ་མི་འགྱུར་བར། །ཡེ་ཤེས་ཟང་ཐལ་སྣང་བས་ཁྱབ། །ཐིག་ལེ་ཉག་གཅིག་ངང་དུ་རྫོགས། །ད་ལྟར་སྣོད་བཅུད་རང་གྲོལ་བས། །དང་པོའི་འབྱུང་གནས་ཆེན་པོ་ཤེས། །བར་དུ་རྩ་ལ་གནས་པ་ཤེས། །ཐ་མ་གྲོལ་བ་ཉག་གཅིག་ཞེས། །དུས་གསུམ་ཡང་འདུག་མཉམ་བདུན་པ་རིམ་པས་སྣང་། །གཉིས་མེད་ཡེ་ཤེས་ཟང་ཐལ་བས། །

ཆོས་སྐུའི་ངང་ལས་མི་འདའ་བར། །ལོངས་སྐུའི་ཡེ་ཤེས་སྤྱན་དུ་སྣང་། །མཚན་ཉིད་འོད་ཀྱི་བུམ་པ་འཛིན། །སྤྲུལ་སྐུ་རིགས་ཀྱི་སྐུ་ལྔར་གསལ། །བུམ་པ་ནང་གི་མར་མེ་གསལ། །རྟོག་མེད་གསལ་བའི་ངོ་བོར་གནས། །ཕྲ་དང་རགས་པའི་བྱེ་བྲག་ལས། །སྐུ་གསུམ་རིམ་པ་ང་ཡིས་བཤད། །ཇ་ལོག་རྣམ་གསུམ་དགོངས་པ་དེ། །སྐུ་གསུམ་ལྷུན་གྲུབ་དོན་དུ་བསྟན། །དེ་འཆད་སྟོན་པའི་ལོ་རྒྱུས་ནི། །ང་ཡི་གཞི་དང་བྱུང་ཚུལ་དང་། །ང་ཡི་ཤེས་པ་རྫོགས་ཚུལ་དང་། །ང་ཡི་འཁྲུལ་པའི་རིགས་དྲུག་སྣང་བ་ལ། །ང་ཡི་འཁྲུལ་པ་ལོག་རྐྱེན་བྱས། །དེ་ཕྱིར་སྐྱེ་རྒྱུད་དགོངས་པ་ཡིན། །སྟོན་པ་རྡོ་རྗེ་སེམས་དཔའ་ངས། །སངས་རྒྱས་ཡེ་ཤེས་ལུས་ཅན་དང་། །འགྲོ་དྲུག་བག་ཆགས་ལུས་ཅན་གཉིས། །རྟོགས་དང་མ་རྟོགས་བྱེ་བྲག་ལས། །ཡེ་ཤེས་འོད་ལས་སྣང་བར་བསྟན། །འབྱུང་བའི་དྭངས་མ་རྣམ་པ་ལྔ། །སངས་རྒྱས་སེམས་ཅན་ལུས་སུ་བསྟན། །གཉིས་ཀ་མ་ཡིན་འབྱུང་བ་རྣམ་པ་ལྔ། །ཤ་ཁྲག་ལུས་སུ་བསྟན་པ་ཡིན། །དེ་ལ་མུ་བཞིར་ཕྱེ་སྟེ་བཤད། །བག་ཆགས་ལུས་ལ་གནས་པ་ནི། །ཙིཏྟ་རིན་ཆེན་གཞལ་ཡས་ནི། །འབྱུང་བའི་དྭངས་མ་རྩ་རླུང་དང་། །རང་རིག་ཡེ་ཤེས་གནས་ལུགས་ནི། །མཚོན་དཔེ་རྣམས་དང་སྦྱར་ཏེ་བསྟན། །ལུས་ཀྱི་ཀུན་གཞི་དགོངས་པ་ཡིན། །བག་ཆགས་ལུས་ལ་སྐུ་གསུམ་རྫོགས། །གཟུགས་སུ་སྣང་བ་རང་བཞིན་མེད། །ཆོས་སྐུ་མི་སྣང་རང་བཞིན་ཡོད། །དོན་ནི་གཉིས་མེད་ཆོས་ཀྱི་སྐུ། །སྟོན་པ་ཡེ་ཤེས་སྙིང་པོ་ཅན། །སྐུ་གསུམ་བསྲེ་བའི་དགོངས་པ་ཡིན། །གོང་བཞིན་མཚན་ཉིད་རྒྱས་བཤད་པ། །རིག་པ་རིན་ཆེན་ལྟ་བུའི་ངང་ནས་ཤར། །ཐམས་ཅད་དེ་ཉིད་ངང་དུ་གྲོལ། །དེ་བཞིན་ངེས་པར་རྟོགས་བྱའི་ཕྱིར། །སྐུ་གསུམ་རང་ལ་ངོ་སྤྲད་ཅིང་། །སྐད་ཅིག་མ་ལས་ངེས་པར་བསྐྱེད། །ཕར་ལ་ངོས་བཟུང་དཔེ་གཉིས་ཀྱིས། །གཉིས་མེད་

དགོངས་པའི་ངང་དུ་བསྐྱལ། །ཟ་མ་ཏོག་གི་དགོངས་པ་ཡིན། །དེ་ཡི་མཚོན་ཐབས་རྣམ་པ་གཉིས། །གདམས་ངག་གཉིས་ཀྱིས་གཏན་ལ་ཕབ། །རྟོགས་པ་རྒྱུད་ལ་སྐྱེས་པ་སྟེ། །བསྒོམ་དུ་ཡོད་མེད་བྱེ་བྲག་གིས། །ཉམས་བླངས་མེད་པའི་ཉམས་བླངས་བྱས། །འཁོར་འདས་མ་ལུས་རིག་པར་བསྐྱལ། །རིག་པ་འདུ་འབྲལ་མེད་པར་བསྐྱལ། །སྤྱི་བཅིངས་དོན་གྱི་དགོངས་པ་ཡིན། །དེ་ལྟར་རང་རིག་དོན་རྟོགས་ན། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །དགོངས་པ་གཉིས་སུ་མེད་པས་ན། །ཕྱི་ནང་སྣོད་བཅུད་ཡེ་སངས་རྒྱས། །ཡེ་ནས་བདག་ཉིད་སངས་རྒྱས་པས། །རེ་དོགས་རྩོལ་བསྒྲུབ་རྣམ་པར་དག །རང་རིག་ཡེ་ཤེས་རང་དྭངས་ལས། །འདུ་འབྲལ་མེད་པ་ལྷ་ཡི་དོན། །ལས་དང་ཐུགས་རྗེ་རྣམ་པར་དག །དགེ་སྡིག་མི་གནས་བྱིས་པའི་ཆོས། །ཁ་འབྱམས་དགོངས་པ་ང་ཡིས་བཤད། །དེ་ལྟར་གདམས་ངག་རྣམ་གཉིས་ཀྱིས། །བློ་ཡི་ཐེ་ཚོམ་ཀུན་བྲལ་ཏེ། །ངེས་པའི་ཤེས་པ་སྐྱེས་པ་ནི། །ཚིག་ལ་ནེམ་ནུར་མི་མངའ་བར། །དོན་ལ་གོལ་འཁྲུལ་མེད་པ་ནི། །ལ་ཆོད་དོན་གྱི་དགོངས་པ་ཡིན། །ངས་བསྟན་དོན་གྱི་མན་ངག་གིས། །སེམས་ཅན་མ་རིག་མུན་པ་སེལ། །རང་རིག་གསལ་བའི་ངོ་ཡང་སྤྲད། །མུན་པ་སེལ་དོན་དགོངས་པ་ཡིན། །སྟོན་པ་རྡོ་རྗེ་སེམས་དཔའ་ངས། །རང་རིག་དག་པའི་ཆོས་སྐུ་ལས། །ཕྱོགས་མེད་ཡོན་ཏན་འབྱུང་བར་བཤད། །དེ་བཞིན་དག་དང་ཡོངས་རྫོགས་ནས། །དུག་ལྔ་ཡེ་ཤེས་ལྔར་གྲོལ་རྫོགས། །འཁོར་རྣམས་ཀུན་ལ་འཆད་པ་ནི། །ནོར་བུ་རིན་ཆེན་དགོངས་པ་ཡིས། །དཔེར་ན་རིན་ཆེན་སྒྲོམ་བུ་ལས། །ཅི་འདོད་ཐམས་ཅད་འབྱུང་བ་ལྟར། །དེ་བཞིན་དངོས་མེད་རིག་པ་ལས། །འཁོར་འདས་ཡོན་ཏན་ཚུལ་དུ་ཤར། །རང་རིག་ཡེ་ཤེས་ཆེན་པོ་སྟེ། །བསྒོམ་པས་གཞན་ནས་རྙེད་

པ་མེད། །མ་བསྒོམས་སྟོར་དང་ཤོར་བ་མེད། །ཐུགས་རྗེ་འཚམས་པར་ཆུ་བོ་བཞིན། །རིན་ཆེན་སྒྲོན་མེའི་དགོངས་པ་ཡིན། །པདྨ་འདམ་ན་གནས་ན་ཡང་། །ཁ་དོག་མདངས་དང་ལྡན་པ་ཡིན། །འདམ་གྱི་སྐྱོན་གྱིས་གོས་པ་མེད། །འཁྲུལ་པ་རྣམ་གསུམ་སྣང་མོད་ཀྱང་། །མ་འཁྲུལ་པ་ཡི་སངས་རྒྱས་སུ། །ང་ཡིས་ལུང་བསྟན་ངེས་པའི་དོན། །གསེར་ཕུར་དོན་གྱི་དགོངས་པ་ཡིན། །དེ་ལྟར་ང་ཡིས་གདམས་པ་ཡིས། །རང་རིག་ཡེ་ཤེས་བསྟན་པའི་ཚེ། །ཨ་ནུ་ཡོ་ག་མན་ཆད་ནས། །མུ་སྟེགས་རྟག་ཆད་ཡན་ཆད་ཀྱི། །བློ་ཡི་ཞེ་འདོད་མི་གནས་པར། །རང་རིག་ཡེ་ཤེས་གཏན་ལ་ཕེབས། །བློ་དང་དངོས་པོའི་དོན་ཆོད་པས། །སྤུ་གྲི་ལྟ་བུའི་དགོངས་པ་ཡིན། །རང་རིག་དག་པའི་ཆོས་སྐུ་ལ། །ཡེ་ཤེས་སྤྱན་གྱི་མྱུ་གུ་ལྔ། །ཁ་དོག་ལྔ་ཡི་བདག་ཉིད་ཅན། །མ་འགགས་ཟླ་བའི་མྱུ་གུར་ཤར། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །འཁོར་དང་མྱ་ངན་འདས་པར་ཤར། །སྣ་ཚོགས་སྣང་བར་ཟད་མོད་ཀྱང་། །རང་གི་ངོ་ལ་རྣམ་པར་དག །སཱ་ལུའི་ལྗང་པའི་དགོངས་པ་ཡིན། །ཆོས་སྐུའི་དོན་མ་རྟོགས་པ་ལ། །གཟུང་འཛིན་རྟོག་པ་སྣ་ཚོགས་ཤར། །དེ་ཡི་གཟུང་འཛིན་སྣང་བ་ཡི། །དེ་ཡིས་ཆོས་ཅན་སྣ་ཚོགས་ཤར། །དེ་ལ་ཐེག་པ་སྣ་ཚོགས་འཆར། །ལོག་པར་རྟོག་པ་ཕྱོགས་རེ་སེལ། །ངེས་པ་དོན་གྱི་གདམས་པ་ཡིན། །གཞི་སྣང་ཆེན་པོའི་དོན་བརྗོད་པས། །གཞི་ཡི་ཡོན་ཏན་ཕྱོགས་རེ་ཡིས། །མི་མཐུན་རྟོག་པ་ཕྱོགས་རེ་སེལ། །བློ་ཡི་མཐའ་ལས་ངེས་གྲོལ་བ། །རྟོག་པ་མཐའ་སེལ་དགོངས་པ་ཡིན། །ངས་བསྟན་དོན་གྱི་དགོངས་པ་ལས། །ང་ཉིད་འཇིག་རྟེན་འདས་པའི་ཚེ། །ལོག་ལྟ་ཅན་རྣམས་རྩོད་སྲིད་པས། །ཡང་དག་དོན་གྱི་མཐའ་ཐོབ་ལས། །དྲི་དང་ལན་གདབ་ལན་བྱུང་བས། །སེང་གེ་རྣམ་པར་འགྱིངས་པ་ཡིས། །

གཅན་གཟན་ཕྲ་མོ་ཟིལ་གནོན་ལྟར། །ཆོས་ཉིད་དོན་གྱི་རིག་པ་དང་། །དེ་བཞིན་སྒྲུབ་བྱེད་གཞན་སེལ་གྱིས། །ལོག་པར་བལྟ་བ་སུན་ཕྱུང་བས། །སེང་གེ་འགྱིངས་པའི་དགོངས་པ་ཡིན། །དེ་བཞིན་འཆད་མཁན་ང་ཉིད་ཀྱང་། །སྐུ་གསུམ་འདུ་འབྲལ་མེད་པར་གནས། །དེ་ཡི་དོན་ཆེན་ཡང་དག་མཚན། །རྩོལ་བ་མེད་པར་རང་ལ་རྫོགས། །འཁོར་རྣམས་ལ་ཡང་དེ་བཞིན་ནོ། །མཚན་རྫོགས་དོན་གྱི་དགོངས་པ་ཡིན། །དེ་ཡི་དགོངས་པ་ཡོངས་རྫོགས་པ། །ཆོས་ཉིད་ཀློང་ན་ཆོས་སྐུ་གནས། །གཉིས་མེད་ཟང་ཐལ་སྟོང་པ་ཉིད། །དེ་ཡི་ངང་ན་ཡེ་ཤེས་ལྔ། །དེ་ཡི་ངང་ལ་སྐུ་ལྔར་བཞུགས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བདག །སྟོང་མཐུན་མ་གཞིའི་དགོངས་པ་ཡིན། །དེ་ལ་ཡོན་ཏན་མི་འགག་པས། །རིན་ཆེན་གཏེར་གྱི་འབྱུང་གནས་སོ། །ང་ཡིས་དེ་བཞིན་བསྟན་པ་ཡིས། །སྐུ་དང་ཡེ་ཤེས་མ་རིག་སེལ། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལས། སྐུའི་རྒྱུད་ཀྱི་དོན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།བནྷ་ཏནྟྲ་ས་མ་ཏི་ཨཱ་ཏ་ཀ་ལ་པཱ་རུ་ན་ཨཱ། དེ་ནས་བཅོམ་ལྡན་འདས་གསུང་འགག་པ་མེད་པའི་ཏིང་ངེ་འཛིན་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་བཅོམ་ལྡན་འདས་གསུང་གི་དགོངས་པ་གསུང་དུ་གསོལ། ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། གསང་བའི་བདག་པོ་ངེས་པར་ཟུང་ཞིག །གཞི་ནི་འགྱུར་བ་མེད་པ་ལས། ཡེ་ཤེས་འགག་པ་མེད་པར་འཆར་བར་གསུངས་པ་ནི། གཞིའི་མཚན་ཉིད་སྟོང་ཞིང་བདག་མེད་ལ། དོན་འགྱུར་བ་མེད་པས་ནམ་མཁའ་ལྟ་བུའི་ཆོས་ཉིད། སྟོང་པ་རྡོ་རྗེའི་ཆོས་ཅན། དེ་ཡང་གདོས་པ་ཅན་གྱི་ཆོས་མིན་ཏེ། ཡོན་ཏན་གྱི་སྒོ་ཡངས་པས། རང་བྱུང་ཡེ་ཤེས་འགག་པ་མེད་དོ། །དེ་ལ་ནུབ་པ་མེད་ཅིང་དོན་དངོས་པོ་མཚན་མ་འབིགས་གཅོད་ལ་གོང་ན་གཞན་མེད་པས་རྩེ་མོའོ། །དོན་ཐམས་ཅད་འདུས་པས་ནི། ཐམས་ཅད་ཀྱི་གཞི་རྩ་དང་

དགོངས་པ་ཞེས་བྱའོ། །གཞི་མཚོན་པའི་ཐབས་སུ་གསུང་རྒྱུད་བསྟན་ཏེ། བཤད་པའི་རྒྱུད་ཆེན་པོ་འདིས་རྒྱུད་རྣམས་ཀུན་གྱི་དོན་རྡོ་རྗེ་ལྟ་བུ་འདིས་གཅོད་ཅིང་འབིགས་ལ་རྒྱུད་རྣམས་ཀྱི་དགོངས་པ་དང་བཤད་ཐབས་འདིར་འདུས་པར་ངས་བསྟན་པ་ནི། རྒྱུད་རྣམས་ཀྱི་ཚིག་དོན་ལ་སྦྱོར་བས་མཚན་གྱི་དོན་གྱི་དགོངས་པའོ། །ཀྱེ་འཁོར་གྱི་ཏིང་ངེ་འཛིན་རྣམས། འབྱུང་བཞི་རང་རིག་ཡེ་ཤེས་ནི། །དང་པོ་རྒྱུ་ལས་མ་བྱུང་ཞིང་། །བར་དུ་རྐྱེན་གྱིས་གྲོགས་མ་བྱས། །ཐ་མ་གཉེན་པོས་མི་འཇིག་པས། །རྡོ་རྗེ་ལྟ་བུའི་ཆོས་སྐུ་སྟེ། །རང་གི་ངོ་བོ་དག་པ་ལ། །རང་བཞིན་ཐུགས་རྗེ་མི་འགག་འབྱུང་། །ཡེ་ཤེས་རང་བྱུང་དགོངས་པ་ཡིན། །ངས་བཤད་རྒྱུད་ལུང་ཐམས་ཅད་ལ། །ཁུངས་དང་ལོ་རྒྱུས་ཡོད་པའི་ཕྱིར། །སྟོན་པ་གསུམ་ལ་བསྟན་པ་གསུམ། །འཁོར་གསུམ་གནས་དང་དུས་ཀྱང་གསུམ། །ལྔ་གསུམ་བཅོ་ལྔས་གཏན་ལ་ཕབ་པའོ། །ངེས་པའི་རྒྱུད་ཆེན་རྣམ་པ་ལྔ། །ཡོན་ཏན་སྣང་ཚུལ་རྣམ་པ་ལྔས། །ཀུན་ལས་མཆོག་ཏུ་གསང་བར་གནས། །ཆེ་བའི་ཡོན་ཏན་དགོངས་པ་ཡིན། །ངས་བཤད་པདྨ་འཁྱིལ་པའི་རྒྱུད། །ཚིག་རྒྱུད་ཀུན་གྱི་རྩ་བ་སྟེ། །དེ་སོགས་རྒྱུད་ཀྱི་བཤད་རྒྱུད་པས། །པདྨ་འཁྱིལ་པའི་མན་ངག་གིས། །གཞི་ཡི་མ་རིག་མུན་བསལ་ནས། །རྟོག་པའི་རྡོ་རྗེ་རང་སྣང་བས། །མུན་པའི་སྒྲོན་མེའི་དགོངས་པ་ཡིན། །གཞི་དང་ཡོན་ཏན་མ་འགགས་པས། །འཁོར་འདས་གཉིས་སུ་སྣང་ཞིང་འདྲེལ། །དངོས་པོའི་དོན་ལ་གཉིས་མེད་པར། །བྱིན་གྱི་རླབས་ཀྱིས་སྣང་ཞིང་འཆར། །བཞུགས་ཤིང་འབྱུང་བས་གཞི་ཉིད་དེ། །རིན་ཆེན་ཕྲེང་བའི་དགོངས་པ་ཡིན། །ངོ་བོ་སྤྲོས་པ་ལས་འདས་ཤིང་། །ཉོན་མོངས་རྟོག་པའི་ཟུག་རྔུ་ཞི། །ཐུགས་རྗེ་སྐུ་གཉིས་མི་འགག་པས། །རང་རིག་ཡེ་ཤེས་ཆེན་པོར་འདུས། །འཁོར་འདས་སྤྱི་ཡི་དོན་བསྟན་པ། །འཇམ་དཔལ་ཡེ་ཤེས་འདུས་པའི་དགོངས་པ་ཡིན། །ཀྱེ་མ་རིགས་ཀྱི་བུ་ལེགས་པར་ཟུང་ཞིག །གཞི་སྣང་ཆེན་པོའི་འདུག་ཚུལ་ལས། །འཁོར་འདས་གཉིས་སུ་ཤར་བ་ནི། །

བསྐལ་པ་དང་པོ་ལ་སངས་རྒྱས་འོད་མི་འགྱུར་བ་འཁོར་འདས་ཀྱི་ཆོས་ཐམས་ཅད་ས་བོན་དུ་གནས་པའོ། །བར་དུ་མ་འགགས་པའི་ཡེ་ཤེས་འོད་དུ་ཤར་ཏེ་མྱུ་གུ་ལྟ་བུའོ། །ཐ་མ་འབྲས་བུ་མངོན་པར་སྣང་སྟེ། སངས་རྒྱས་སེམས་ཅན་གཉིས་སུ་སྣང་ཞིང་སྨིན་ཏེ། འཁྲུལ་པ་གསུམ་དུ་སྣང་ངོ་། །དེའི་ཚེ་དེའི་གཉེན་པོ་རྡོ་རྗེ་སེམས་དཔས་ཐོག་མའི་སངས་རྒྱས་ངོ་སྤྲད་དེ། འཁོར་བ་ཁེང་ཟློག་གིས། མི་འགྱུར་དོན་གྱི་སྙིང་པོ་དེ་གདམས་ངག་གཉིས་ཀྱིས་བཀྲོལ་ཏེ་བསྟན།ཐུགས་ཀྱི་སྙིང་པོའི་དགོངས་པ་ཡིན། །དེ་ཡི་དུས་གཞི་སྣང་བ་གཏན་ལ་ཕེབས། །མི་འགྱུར་ངང་ལ་སྐུ་གསུམ་གནས། །ཆོས་ཉིད་ཆོས་སྐུ་ཡེ་ཤེས་ནི། །སྐུ་དང་གསུང་དང་ཐུགས་སུ་གསལ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །སྟོང་མཐུན་མ་གཞིའི་དགོངས་པ་ཡིན། །རིགས་ཀྱི་བུ་དོན་དེ་ཀུན་གྱི་ཐུན་མོང་མ་ཡིན་ཏེ། )རིགས་ཀྱི་བུ་རྒྱུད་སོ་སོར་ཟུང་ཞིག །ཀུན་ལས་ཆེ་ལྔས་འཕགས་པ་ནི། །དེ་ཡི་གདམས་པར་ངས་བསྟན་ཏོ། །དེ་ལྟར་གདམས་པ་སྒྲོགས་སུ་ནི། །བར་ཆད་སེལ་དང་ཚིག་རྫོགས་ལས། །སྣོད་བཅུད་འགྱུར་མེད་མན་ངག་མཐར་ཕྱིན་ཕྱིར། །བླ་མ་སངས་རྒྱས་བཅས་པ་དང་། །བྱང་སེམས་ཆོས་སྐྱོང་སྲུང་མ་དང་། །རིག་འཛིན་རིམ་པ་ཚོགས་ཀྱིས་མཆོད། །རིག་པ་འཛིན་པ་ས་ལ་བསྐུལ། །བར་ཆད་སེལ་འགྱུར་ངས་ལུང་བསྟན། །དགུ་པ་དོན་གྱི་དགོངས་པ་བསྟན། །མ་འོངས་རྗེས་འཇུག་དོན་མཛད་པས། །མ་ནོར་དོན་གྱི་རྒྱུད་ཆེན་ལྔ། །དགའ་རབ་ལ་སོགས་འཁོར་ལ་བཤད། །དེ་བཞིན་ཤོད་ཅིག་རྗེས་སུ་གནང་། །འཇུག་པའི་དགོངས་པས་ངས་བཤད་དོ། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད་ལས། གསུང་གི་རྒྱུད་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།བོ་དྷི་ཙིཏྟ་ཏནྟྲ་མ་ཧཱ་ས་མ་ཏི་ཨ་ཏ་ཀ །མ་ཧཱ་ས་རུ་ཨ། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ་ཐུགས་འགྱུར་བ་མེད་པའི་དགོངས་པ་ལ་བཞུགས་སོ། །དེའི་ཚེ་གསང་བའི་

བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །ཐུགས་ཀྱི་རྒྱུད་ཆེན་དགོངས་པ་གསུང་། །ཞེས་ཞུས་སོ། །དེ་ནས་སྟོན་པས་བཀའ་སྩལ་པ། །ལག་ན་རྡོ་རྗེ་ལེགས་ཟུང་ཞིག །རང་རིག་ཡེ་ནས་རྣམ་དག་པས། །ཉོན་མོངས་པ་ཡི་དྲི་མ་མེད། །ཡེ་ནས་རང་བྱུང་ཡེ་ཤེས་པས། །རྒྱུ་རྐྱེན་མེད་པར་གཉེན་པོ་མེད། །ཡེ་ནས་གཉིས་མེད་ཆོས་སྐུ་བས། །འཁྲུལ་པའི་བག་ཆགས་བསླད་པ་མེད། །རྡོ་རྗེ་བཞིན་དུ་འགྱུར་བ་མེད། །གཞི་ལ་ཡོན་ཏན་འགག་པ་མེད། །ཐམས་ཅད་མ་བཙལ་ལྷུན་གྱིས་གྲུབ། །བྱ་བཙལ་འདས་པའི་ཆོས་ལ་གནས། །འདུ་འབྲལ་མེད་པས་སྐུ་གསུམ་རྒྱན། །ཚིག་དང་དོན་གྱིས་མཚོན་དགོངས་ཡིན། །ས་གཞི་ལྟ་བུའི་རང་རིག་ལས། །རྩི་ཤིང་ལྟ་བུའི་འཁོར་འདས་སྣང་། །མི་འགྱུར་ཆོས་ཉིད་སྤྲོས་དང་བྲལ། །རང་རིག་ཡེ་ཤེས་མན་ཤེལ་བཞིན། །འགྱུར་མེད་ཡེ་ཤེས་རྒྱ་མ་ཆད། །ལྷུན་གྲུབ་ཡེ་སངས་རྒྱས་པ་ལ། །ངོ་བོ་མི་འགྱུར་ཐུགས་རྗེ་འགག་པ་མེད། །དང་པོ་གནས་ལུགས་དགོངས་པ་ཡིན། །ཀྱེ་མ་རིགས་ཀྱི་བུ་ལེགས་པར་ཟུང་ཞིག །མི་གནས་ཡེ་ཤེས་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་ཡི་མཚན་ཉིད་ཅན། །རང་བྱུང་ཡེ་ཤེས་འབྱུང་བ་ལྔ། །ཆོས་ཉིད་དག་པའི་ཀློང་དུ་ཤར། །ཐིག་ལེ་འོད་ཀྱི་ཁ་དོག་ལྔ། །མཐིང་ག་ལ་སོགས་ཁ་དོག་ལྔ། །རིགས་ལྔའི་སངས་རྒྱས་ངོ་བོར་ཤེས། །སྐུ་ལྔ་ཡེ་ཤེས་ལུས་ཅན་རྫོགས། །བཞི་བཅུ་རྩ་གཉིས་འོད་དུ་གསལ། །རང་རང་ཡེ་ཤེས་གདངས་ལ་བཞུགས། །གསལ་འཚེར་ལྷུན་སྡུག་འོད་ཟེར་འཕྲོ། །ཡེ་ཤེས་ལྔ་ཡི་གཞལ་མེད་ཁང་། །གསལ་དང་དྲོད་དང་བསིལ་བ་དང་། །ཡང་དང་ཡངས་ཤིང་ཁྱབ་པའི་བདག །ཀུན་འབྱུང་ཡེ་ཤེས་ཕུང་པོར་འབར། །གདན་གསུམ་ངང་ལ་མ་བསྐྱེད་རྫོགས། །སྦྱོར་བ་གསུམ་གྱི་སྤྲུལ་པ་འབྱིན། །འགྲོ་བའི་མ་རིག་མུན་པ་སེལ། །ཐུགས་རྗེ་འབྱུང་བའི་དགོངས་པ་ཡིན། །ཀྱེ་མ་ཀྱེ་མ་རྡོ་རྗེ་འཛིན། །རིན་ཆེན་ཟུར་

བརྒྱད་ཉི་ཟླའི་ཁང་པ་ན། །སྐུ་དང་ཡེ་ཤེས་བུམ་པའི་མར་མེ་ལྟར། །ལོགས་ན་མི་གནས་རང་བཞིན་ལྷུན་གྱིས་གྲུབ། །རྟོགས་པས་འདུ་འབྲལ་མེད་པའི་དགོངས་པ་ཡིན། །ཡེ་ནས་སངས་རྒྱས་ཆེན་པོ་ལས། །ལུས་ངག་ཡིད་གསུམ་བྱ་བ་ཡིས། །ས་དང་ལམ་རྣམས་རིམ་བགྲོད་དེ། །སངས་རྒྱས་ཡེ་ཤེས་བཙལ་དུ་མེད། །ཆུ་ཡི་རང་བཞིན་དྭངས་པ་ལ། །རྙོག་པས་དེ་བཞིན་མི་གསལ་བཞིན། །ཆོས་སྐུའི་རང་བཞིན་སངས་རྒྱས་ལ། །སྐུ་གཉིས་མ་བཙལ་ལྷུན་གྱིས་གྲུབ། །ལུས་ངག་རྩོལ་བས་བསལ་མི་ནུས། །ང་ཡི་ངོ་བོ་དག་པ་ལ། །དགེ་དང་སྡིག་པ་གདོད་ནས་མེད། །མེད་པའི་ཆོས་ལ་ཕན་གནོད་མེད། །བྱས་པའི་ཆོས་ཀྱིས་སངས་མི་རྒྱ། །མ་བཅོས་རང་གིས་ངང་ལ་བཞག །བྱ་བཙལ་འདས་པའི་དགོངས་པ་ཡིན། །མི་གནས་ཡེ་ཤེས་དངོས་རྟོག་མཐའ་དང་བྲལ། །སྨྲ་བསམ་བརྗོད་མེད་རང་བཞིན་རྣམ་པར་དག །མ་བཙལ་བཞག་པས་འདུ་འབྲལ་ཡོངས་ཀྱིས་མེད། །རང་རིག་ཟང་ཐལ་ཆེན་པོ་ལས། །སྒྲིབ་མེད་རང་སྣང་རྩེ་གཅིག་གསལ། །བློས་བཞག་བསྒོམ་པས་གྲོལ་འདོད་པ། །མ་ཚོར་ཡིད་ཀྱི་ཡུལ་གྱུར་པས། །རིན་ཆེན་གསེར་གྱི་སྒྲོག་བཅུག་བཞིན། །གཟུང་འཛིན་རྩོལ་བས་བསྡམ་ཞིང་འཆིང་། །ལྔ་པ་དོན་གྱི་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། ཐུགས་ཀྱི་རྒྱུད་ཀྱི་དོན་གྱི་དགོངས་པ་བསྟན་པའི་ལེའུ་སྟེ་བཞི་པའོ།། །།རཏྣ་ཀ་དྷ་མ་ཏ་མཱ་ཏཱ་ན་ཨ་ཏཱ་ཀ་ལ་ས་ཏུ་ཨ། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ། ཡོན་ཏན་འགག་པ་མེད་པ་དང་། ཕྲིན་ལས་ཐོགས་པ་མེད་པའི་དགོངས་པ་ལ་བཞུགས་སོ། །ཡང་དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཡོན་ཏན་ཕྲིན་ལས་དགོངས་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རང་རིག་ཆོས་སྐུ་དངོས་མེད་དག་པ་ལས། །ཡོན་ཏན་སྒོ་ཡངས་སྣང་བ་སོ་སོར་ཤར། །ཆོས་

ཉིད་ངང་ནས་མ་འདྲེས་སོ་སོར་གསལ། །ཆོས་སྐུའི་ཐུགས་རྗེས་ལོངས་སྐུ་ཡོངས་སུ་ཤར། །དེ་ཡི་ཐུགས་རྗེས་འགྲོ་བ་གནས་སུ་སྒྲོལ། །རྟོག་པའི་མཐའ་སེལ་ཡོན་ཏན་ཕྱོགས་རེ་བརྗོད། །ཨ་ཏིའི་ངང་དུ་མ་འདྲེས་རྫོགས་པར་བསྐྱལ། །ཡོན་ཏན་འགག་མེད་དོན་གྱི་དགོངས་པར་བཤད། །སངས་རྒྱས་ཕྲིན་ལས་མ་བཙལ་ལྷུན་གྱིས་གྲུབ། །ནམ་མཁའ་ལྟ་བུའི་ཆོས་ཉིད་དག་པ་ལས། །ཉི་མ་ལྟ་བུའི་སྐུ་གསུམ་འདུ་འབྲལ་མེད། །བྱ་བཙལ་མེད་པའི་ཐབས་ཆེན་གྱིས། །མ་རིག་མུན་པ་སེལ་བར་མཛད། །ནམ་མཁའ་ཉི་མ་ལྟ་བུ་རྒྱུད་ཆེན་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་བཤད་པ་སྟེ་ལེའུ་ལྔ་པའོ།། །།ཨུ་པ་དེ་ཤ་ཏནྟྲ་ཀ་ལ་ས་དྷུ་ཨ། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེ།མན་ངག་དོན་གྱི་དགོངས་པ་ཆེན་པོ་བཞི་ལ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། མན་ངག་རྒྱུད་ཆེན་རིམ་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་པར་ཟུང་ཞིག །ལྟ་བའི་ངོ་བོའི་མན་ངག་ནི། །འབྱེད་མེད་ཤེས་རབ་གསལ་ལ་རྟོག་པ་མེད། །ལོགས་ན་མི་གནས་རང་རིག་ཡེ་ཤེས་ཉིད། །ཐུགས་ཀྱི་ཀློང་ན་འགྱུར་མེད་འགག་པ་མེད། །མི་རྟོག་ཆོས་སྐུ་འགག་མེད་ལོངས་སྤྱོད་སྐུ། །རྣམ་དག་དབྱིངས་ལ་ཡེ་ཤེས་མ་བསྒྲིབས་གསལ། །ཐུགས་རྗེའི་སྤྲུལ་པ་ཡེ་ཤེས་ཟང་ཐལ་ཡིན། །དེ་ལས་གང་གྱུར་ཡེ་ཤེས་ལོགས་ན་མེད། །དེ་ཉིད་མཆོག་གྱུར་ཡེ་ཤེས་བླ་མ་ཉིད། །རྒྱུ་རྐྱེན་མེད་པར་རང་བྱུང་ཡེ་ཤེས་གསལ། །རང་རིག་ཡེ་ཤེས་ཆོས་རྣམས་ཀུན་གཞི་ཉིད། །མ་ནོར་མ་བཅོས་དབྱེར་མེད་རྟོགས་པའི་མཆོག །སྐུ་གསུམ་ངོ་བོར་གྲོལ་བའི་རྒྱུད་ལ་སྦྱར། །རྟོགས་པའི་གང་ཟག་ཆོས་ཀྱི་མཐའ་ལས་གྲོལ། །དེ་ལ་མི་གནས་རྣམ་པར་དག་པའི་དབྱིངས། །འགྱུར་མེད་ཀློང་དུ་

སྐུ་ལྔ་རྫོགས་སངས་རྒྱས། །དེ་ཉིད་རང་ཡིན་གཞན་ལས་འབྱུང་བ་མེད། །དེ་ཡི་དོན་རྟོགས་བྱ་བཙལ་ལས་འདས་ཏེ། །སྐུ་གསུམ་རང་ཆས་རྫོགས་པར་གྲོལ་སྨིན་ཏེ། །མི་འགྱུར་སྤྲོས་བྲལ་ཀློང་ན་ཟང་ཐལ་ཡེ་ཤེས་གསལ། །བླ་མེད་རྒྱུད་ཆེན་དོན་གྱི་དགོངས་པ་ཡིན། །ཀྱེ་ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །བླ་མེད་ཡེ་ཤེས་ཟང་ཐལ་དོན་ཆེན་རྟོགས་པ་ཡིས། །ཆོས་ཉིད་རྡོ་རྗེ་ཆོས་སྐུ་དབྱེར་མེད་སྟོང་པའི་ཀློང་ཆེན་དུ། །ཕྱི་ནང་སྣོད་བཅུད་བག་ཆགས་མཚན་མ་དག །གཟུང་འཛིན་མི་གནས་གཉིས་མེད་ཆོས་སྐུར་གནས། །སྟོང་ཉིད་དོན་རྟོགས་གཉིས་མེད་ཡེ་ཤེས་ཆོས། །འཛིན་པའི་སེམས་མེད་གཟུང་བའི་ཡུལ་དང་བྲལ། །གཟུང་འཛིན་རྟོག་མེད་ཡེ་ཤེས་མཁའ་ལ་གསལ། །མ་རིག་བདག་སྣང་ཆོས་ཉིད་ངང་དུ་ཐིམ། །ཡེ་ཤེས་ཀློང་ན་རིག་པ་རང་གསལ་བ། །ཐུགས་རྗེའི་འོད་ཀྱིས་མ་རིག་མུན་པ་སེལ། །རང་རིག་རྣམ་དག་ཤེས་རབ་ཀློང་དུ་ཐིམ། །མཚོན་པའི་ཐབས་ཆེན་མཚོན་བྱའི་དོན་ལ་སྦྱོར། །སྨྲ་བསམ་བརྗོད་ལས་འདས་པ་འབྲས་བུ་ཐུན་གཅིག་ནས། །སྐུ་དང་ཕྱག་རྒྱ་དབྱེར་མེད་ངང་ལ་གསལ། །རང་སྣང་ཡེ་ཤེས་གཞན་སྣང་རྟོག་དང་བྲལ། །རྟོག་པའི་ཤེས་རབ་རིམ་པས་ཟིལ་གནོན་ཅིང་། །འཁོར་བའི་ཆོས་མེད་རིག་པ་རང་ས་འཛིན། །བལྟ་བའི་གནས་གཅོད་དོན་གྱི་དགོངས་པ་ཡིན། །འཁོར་གྱི་རིག་པ་འཛིན་པ་ཉོན་ཅིག །ངས་བསྟན་རང་རིག་ཡེ་ཤེས་དེ། །བསྒོམ་དུ་ཡོད་པ་མ་ཡིན་ཏེ། །བསྒོམ་དུ་མེད་པ་ཡང་མ་ཡིན། །གཉིས་མེད་འདུ་འབྲལ་ཡོངས་ཀྱིས་མེད། །ཆོས་ཉིད་ཀློང་ན་རང་རིག་ཆོས་སྐུ་གསལ། །མཚན་ཉིད་འཛིན་པའི་ཡེ་ཤེས་འགག་མེད་འོད་དུ་གསལ། །སྤྲུལ་སྐུ་མ་འགགས་འོད་ཟེར་ཀུན་ཏུ་འཕྲོ། །མ་རིག་མུན་སེལ་ཐུགས་རྗེས་གནས་སུ་སྒྲོལ། །དེ་ཡི་ཐབས་སུ་བསྒོམ་དུ་ཡོད་མེད་གཉིས། །གང་ཟག་འབྲིང་ལ་གཞི་ལམ་འབྲས་བུར་བསྟན། །རང་གི་བློ་ལ་འཚམས་

ལ་འོས་པར་མཛེས། །གང་ཟག་རབ་ལ་བསྒོམ་དུ་མེད་པར་བསྟན། །རང་གི་བློ་ལ་འཚམས་ལ་འོས་པས་མཛེས། །ཡང་དག་དོན་ལ་ཡོད་པ་མ་བཀག་པར། །འཛིན་པ་ཕྱོགས་རེར་ཞེན་པ་བཟློག་ཆེད་དུ། །མེད་པར་ཞེན་ལ་ཡོད་པའི་དོན་དུ་བསྟན། །དོན་དམ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ། །འགྱུར་མེད་གཞི་རྟོགས་ཉམས་བླངས་བློ་དངོས་འདྲེ། །མཚན་མའི་སྒྲིབ་གཡོགས་སྤོངས་ཆོད་པ། །འཁྲུལ་པའི་བློ་ལ་སྒྲིབ་གཡོགས་མེད་པར་སྣང་། །ཡེ་ཤེས་རང་གི་ངོ་བོ་སྒྲིབ་མེད་ཟང་ཐལ་ཏེ། །བློ་དངོས་བསྲེ་ཚེ་འདི་ལྟར་ངེས་པར་ཟུང་། །ཡུལ་མེད་སེམས་མེད་ཅེར་གྱིས་མཐོང་བར་འགྱུར། །དེ་ཚེ་རིག་པ་ཡུལ་ལ་ཤར་བ་ཡིན། །ཚུར་ལ་མི་བསྡུ་མ་བསྐྱོད་ཟང་ཐལ་བཞག །ཐབས་གསུམ་ཉོན་མོངས་མི་སྤོང་མི་རྟོག་མ་གཡོས་ངང་ཉིད་དེ། །རང་གསལ་མི་འགག་རང་བཞིན་དོན། །གཉིས་མེད་བདག་ཉིད་ཆེན་པོར་བཤད། །དེ་ཡིས་རྟོགས་པ་མངོན་དུ་ངེས་པར་འགྱུར། །རྣམ་རྟོག་སྦྱངས་པས་མཚན་མ་ཟིལ་གྱིས་གནོན། །ཆོས་སྐུའི་ངོ་བོར་བདག་ཉིད་མངོན་གྱུར་པས། །དེ་ཡི་ཡོན་ཏན་འགྲོ་ལ་ཐུགས་རྗེ་འཆར། །ཡོད་པར་ཞེན་ལ་མེད་པའི་དོན་བསྟན་པ། །གཞི་སྣང་ཡེ་ཤེས་རང་བཞིན་རྣམ་པར་དག །མི་གནས་ཡེ་ཤེས་ཆུ་བོ་གང་གཱ་བཞིན། །བསྒོམ་སྒྲུབ་མ་བྱས་རང་བྱུང་ཡེ་ཤེས་སྐུ། །ཚོགས་གཉིས་མ་བསགས་སྒྲིབ་གཉིས་མ་སྦྱངས་པར། །གོང་མའི་དོན་རྟོགས་བདག་ཉིད་མངོན་སངས་རྒྱས། །མ་འོངས་ད་ལྟར་རྗེས་འཇུག་རྫོགས་སངས་རྒྱས། །དེ་ལྟར་དེ་བཞིན་ང་ཡིས་ལུང་བསྟན་བཞིན། །ཡོན་ཏན་ཕྱོགས་རྗེ་སྐུ་དང་ཡེ་ཤེས་གསལ། །ཆེ་བ་སོ་སོའི་མཆོག་གྱུར་རྣམ་པར་དཔག །མཛེས་པའི་དོན་ཆེན་རྒྱུད་ཀྱི་དགོངས་པ་ཡིན། །རང་རིག་ཆོས་སྐུ་ཐུགས་རྗེ་མ་འགགས་པར། །སྐྱོབ་པའི་སྐུ་མཆོག་ཡེ་ཤེས་གཟུགས་ཀྱི་སྐུ། །ཤེས་རབ་བདག་ཉིད་མ་འགགས་མཛེས་པའི་སྐུ། །སྣང་ལ་རང་

བཞིན་མེད་ཅིང་སོ་སོར་འཕྲོ། །ངོ་བོ་རྣམ་དག་མཚན་ཉིད་ཡེ་ཤེས་ལྔ། །དེ་ཡི་རང་གདངས་ཡེ་ཤེས་འོད་དུ་འཆར། །དེ་ཉིད་རྣམ་དག་སྣང་ལ་རང་བཞིན་མེད། །ཡོད་མེད་གཉིས་མེད་ཡེ་ཤེས་རང་ཆས་རྫོགས། །བློ་ལས་འདས་ཏེ་དཔག་མེད་ཡེ་ཤེས་སྐུ། །བློ་ཡི་ཡུལ་གྱུར་ཚད་བཟུང་མཚོན་པའི་རྟགས། །ཐུགས་རྗེའི་ཞགས་པས་རྒྱུད་ཆེན་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། མན་ངག་གི་རྒྱུད་བཤད་པ་སྟེ་ལེའུ་དྲུག་པའོ།། །།ཛྙཱ་ན་གུ་རུ་བཛྲ་རཀྴ་ཆོ་ཏི་ཀྲིང་ཀྲིང་ར་ཛཱ་ཨུ་མ་དེ་པ་ཛྙཱ་ན་ཀ་ལ་པྲ་སཾ་རཾ་ཨུ་དེ་ཤན་ཏནྟྲ་ཙ་རི་པྲ་ཏ་ཨ་ཏ་ཀ་ལ་ས་དྷུ་ཨཿ། དེ་ནས་བཅོམ་ལྡན་འདས་དགོངས་པ་མི་འགྱུར་བའི་དོན་ལ་བཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ།ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། རྒྱུད་ཀྱི་བུ་བཞི་སྤྱིའི་དགོངས་པ་བཤད་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། རྡོ་རྗེ་སེམས་དཔའ་ལེགས་ཟུང་ཞིག །དྲི་མེད་དག་པའི་ཆོས་སྐུ་ལ། །ཡོན་ཏན་སྣང་བ་མི་འགག་པ། །འཁོར་དང་མྱ་ངན་འདས་པར་སྣང་། །རང་ཉིད་མ་གཡོས་གོས་པ་མེད། །དེ་ལ་སྐྱེ་འགག་འགྱུར་མེད་པ། །རྩ་བའི་རྒྱུད་ཆེན་ལྔ་ཡི་དོན། །དེ་མཚོན་ཚིག་རྒྱུད་རྣམ་པ་ལྔ། །སྐུ་གསུམ་རྒྱལ་པོ་བཤད་ལུགས་གསུམ། །སོ་སོའི་འཁོར་ལ་གནས་སུ་གསུངས། །མཚོན་པའི་རྒྱུད་ལ་ངེས་ཤེས་བསྐྱེད། །རྒྱུད་ལྔ་དོན་གྱི་སྙིང་པོ་ནི། །སྐུ་གསུམ་འདུ་འབྲལ་མེད་པར་བཤད། །སངས་རྒྱས་བདག་ཉིད་སྟོན་པ་ཡིས། །སྐད་ཅིག་གསུམ་ལ་རྣམ་གྲོལ་བའི། །སོ་སོར་རྟོག་པའི་ཡེ་ཤེས་ཅན། །སངས་རྒྱས་བདག་ཏུ་འདུ་བར་བསྟན། །ཤེས་རབ་ཏིང་འཛིན་དབང་གྱུར་པས། །གཞི་ལ་གནས་ཏེ་ལྷག་མཐོང་མེད། །བྱང་སེམས་ཤེས་བྱའི་སྒྲིབ་པ་ཅན། །སེམས་ཅན་སྡེ་རུ་ང་ཡིས་བཤད། །ཡེ་ཤེས་ཆེན་པོ་རྒྱུད་ལ་བཤད། །བག་ཆགས་ལུས་ལ་ཐོགས་པ་ནི། །

མཚན་ཉིད་ལྔ་ལྡན་གཉིས་མེད་པའི། །ཕུང་པོ་གསུམ་པའི་གནས་སྐབས་སུ། །བསྡུ་བའི་རིམ་པར་རྣམ་ཕྱེ་བའོ། །དྲི་མེད་རྒྱུད་ཀྱི་དགོངས་པ་ཡིན། །ཀྱེ་མ་ཀྱེ་མ་རིགས་ཀྱི་བུ། །ངས་བསྟན་དོན་གྱི་དགོངས་པ་ལ། །ཤར་བ་མེད་ལ་ནུབ་པ་མེད། །སྐྱེ་བ་མེད་ལ་འགག་པ་མེད། །འགྲོ་བ་མེད་ལ་འོང་བ་མེད། །གཟུང་འཛིན་རྣམ་རྟོག་རྒྱུན་བཅད་དེ། །འགྱུར་མེད་ཡེ་ཤེས་དོན་རྟོགས་དེ། །གཞི་ཡི་གནས་ལུགས་ཡིན་པར་བཤད། །དེ་དོན་ཀུན་ཏུ་བཟང་པོ་ཡིས། །བཟང་ངན་ཆེ་ཆུང་དབྱེ་བ་མེད། །དེ་ཡི་གནས་ལུགས་ངེས་མཐོང་བ། །ངོ་སྤྲོད་རྣམ་བཞིས་རྟོགས་པ་བསྐྱེད། །ཉོན་མོངས་ལྔ་དང་དོན་གནད་ལྔས། །མ་རྟོགས་བཅིངས་ཏེ་མདུད་བཞིན་བསྡམས་པ་རྟོགས་པས་གྲོལ། །དེ་བཞིན་ཀུན་གྱིས་མི་རྟོགས་པས། །བློ་དང་སྦྱར་ཏེ་སོ་སོར་བཤད། །ནུབ་མེད་རྒྱལ་མཚན་དགོངས་པ་ཡིན། །རིག་པའི་སྐུ་ལ་དབང་བཞི་རྫོགས། །རང་སྣང་འཁོར་ལ་བྱིན་རླབས་དབང་། །དང་པོ་བྱིན་གྱིས་རླབས་ཀྱིས་ཤར། །མཐའ་མ་བྱིན་གྱིས་རླབས་ཀྱིས་བསྐུར། །རང་ལ་དབང་བསྐུར་རང་ལ་རང་དབང་ཐོབ། །དེ་ཉིད་མཆོག་གྱུར་འཁོར་འདས་ཀུན་ལ་དབང་། །རྫས་ལ་མ་བརྟེན་ཤེས་རབ་སྟོབས་ཀྱིས་བསྐུར། །རིག་པའི་རྩལ་དབང་ཞེས་སུ་བསྟན་པ་ཡིན། །རང་རིག་ཡེ་ཤེས་ངོ་བོ་སྟེ། །རང་རིག་ཐུགས་ཀྱི་ཀློང་ན་བཞུགས། །ཆོས་སྐུ་འགྱུར་མེད་ནུབ་པ་མེད། །སྐྱེ་ཤི་མེད་པའི་རྡོ་རྗེའི་ཚེ། །བློ་ཡི་ཡུལ་ལས་རབ་འདས་པ། །བཅོམ་ལྡན་རྡོ་རྗེ་ཚེ་དཔག་མེད། །གཟུགས་སྐུ་གཉིས་དང་ཐབས་ཅིག་བཞུགས། །རྫས་དང་སྔགས་དང་ཆོ་ག་རྣམས། །ཕྱིར་བསྟན་དེ་ཉིད་རྟོགས་པའི་ཐབས། །དེ་རྟོགས་དེ་ལ་བསྒྲུབ་ཏུ་མེད། །རིག་པའི་རང་གདངས་བུམ་པ་ལྔ། །ཡུམ་གྱི་རང་བཞིན་ཡེ་ཤེས་སྤྱན། །སྙིང་པོ་སྐུ་ལ་བཞུགས་པའི་ཀློང་། །དེ་རྟོགས་བྱ་ཕྱིར་བུམ་པའི་དབང་། །ཕྱིར་བསྐུར་ནང་དུ་གདམས་པ་དབབ། །དེ་ནི་ལོངས་སྐུའི་

ངོ་བོ་སྟེ། །དེ་ལས་སྤྲུལ་པའི་སྐུར་སྣང་བ། །ཚོགས་དྲུག་དག་ལ་ཡེ་ཤེས་ཁྱབ། །མི་གསལ་གསལ་བའི་བདག་ཉིད་ཅན། །ལྷུན་གྲུབ་མངོན་དུ་འགྱུར་བའི་ཕྱིར། །ཕྱག་རྒྱ་རྣམ་དྲུག་ཕྱིར་དབང་བསྐུར། །ནང་དུ་བསྐུར་མེད་ཐོབ་མེད་པས། །ཡེ་ནས་གནས་པའི་ཐབས་སུ་བསྟན། །དེ་རང་སྣང་ཞིང་རང་གིས་ཤེས། །རང་ཉིད་ངང་ན་འདུ་འབྲལ་མེད། །རྫས་བཞི་དག་ལ་བརྟེན་ནས་རྟོགས་པ་ཐོབ། །ཐུན་མོང་གྱུར་དང་མ་གྱུར་པས། །སོ་སོའི་ཡུལ་དང་གང་ཟག་བསྟན། །ཚིག་དབང་དོན་གྱི་དགོངས་པ་ཡིན། །ཆོས་སྐུ་འགྱུར་མེད་རྡོ་རྗེ་གསུམ། །ལོངས་སྐུ་སྲོག་མེད་སྐུ་ལྔ་གསུམ། །དེ་གདུང་སྤྲུལ་སྐུས་ཡོངས་བཟུང་སྟེ། །སེམས་ཅན་མ་རིག་མུན་པ་སེལ། །དེ་བཞིན་དེ་ཡི་རིམ་པས་བཟུང་། །དེ་ལ་དེ་བཞིན་རིམ་པས་གནས། །དེ་ནི་སྐུ་གདུང་དོན་གྱི་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། གདམས་ངག་རྒྱུད་བཞིའི་དགོངས་པ་སྟེ་ལེའུ་བདུན་པའོ།། །།ཨཱ་སུ་ཨུཌྜྷ་ཏྲེ་ཤ་ས་ན་ཙཱ་ཀ་ཧཱ་ཨ་ཧཱ་མ་ཏི་ཨ། དེའི་ཚེ་བཅོམ་ལྡན་འདས་མན་ངག་དོན་གྱི་དགོངས་པ་ལ་ཞུགས་སོ། །དེ་ནས་ཡང་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །མན་ངག་ལུང་གི་དགོངས་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། སྟོན་པ་རྡོ་རྗེ་སེམས་དཔའ་ངས། །རྒྱུད་དང་རྒྱུད་ཀྱི་མན་ངག་དང་། །མན་ངག་ལུང་དང་བཅས་པར་བསྟན། །མན་ངག་དོན་གྱི་དགོངས་པ་ཡིན། །ཆོས་སྐུ་རིན་ཆེན་ལྟ་བུ་ལ། །ཡོན་ཏན་སྣང་བ་སྐུ་གཉིས་འཆར། །དབྱེར་མེད་འདུ་འབྲལ་མེད་པར་གནས། །ངོ་སྤྲོད་རྣམ་བཞིས་གྲོལ་བར་བྱས། །ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་སྟེ། །སྐུ་གསུམ་རིན་ཆེན་གཏེར་མཛོད་བརྟོལ། །མི་འགྱུར་དགོངས་པ་རྣམ་བཞི་རྫོགས། །འགྱུར་མེད་གཅིག་གི་ངང་ལ་གནས། །ཞལ་ཆེམས་དོན་གྱི་དགོངས་པ་ཡིན། །ཆོས་ཉིད་འགྱུར་བ་མེད་པ་དང་། །

རིག་པ་འགག་པ་མེད་པ་ལས། །སྣང་ལ་རང་བཞིན་མེད་པའི་ཡེ་ཤེས་གསལ། །སྙིང་པོ་སྐུ་ལྔ་ཕྱག་རྒྱ་མ་བསྐྱེད་ཚུལ། །ས་བོན་རྒྱུ་རུ་བཤད་པ་དང་། །རྒྱུ་ཉིད་མྱུ་གུའི་ཚུལ་དུ་བྱུང་། །རིག་དང་མ་རིག་བྱེ་བྲག་གིས། །འབྲས་བུ་སངས་རྒྱས་སེམས་ཅན་གཉིས། །ཆོས་སྐུ་གཅིག་ལ་ཐ་དད་པས། །ཟླ་བ་ཉི་མ་ཇི་བཞིན་ནོ། །ཆོས་ཉིད་འགྱུར་བ་མེད་པ་དང་། །རང་རིག་བརྒྱན་དུ་འགྲོ་བའི་ལུས་སེམས་ཤར། །སྟོན་པའི་རྒྱན་དུ་ལུང་དང་མན་ངག་ཤར། །དེ་རྟོགས་སྐད་ཅིག་བཞིས་གྲོལ་ལ། །རིག་པ་མ་འགགས་ཚུལ་དུ་ཤར། །དེ་ཉིད་མ་འགགས་ཡུལ་ལ་ཤར། །གཉིས་མེད་གཉིས་སུ་མེད་པར་གནས། །གཉིས་མེད་གཟུང་འཛིན་མཐའ་ལས་འདས། །གཞི་ལྡན་དོན་གྱི་དགོངས་པ་ཡིན། །ཀྱེ་མ་ཀྱེ་མ་རྡོ་རྗེ་འཛིན། །དེ་ལྟར་རྟོགས་པའི་རྣལ་འབྱོར་ལ། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །མི་འགྱུར་གཞི་ཡི་ངང་ལ་བཞུགས། །བག་ཆགས་ལུས་ཀྱིས་བསྒྲིབས་མོད་ཀྱང་། །མ་ཐུབ་སྒོ་ནང་ཟང་ཐལ་གསལ། །ཡང་ཞུན་དོན་གྱི་དགོངས་པ་ཡིན། །དེ་རྣམས་ངས་བསྟན་ཡིད་ཆེས་བྱེད། །དེ་ཡི་དངོས་གཞི་གོང་བཞིན་བསྟན། །ངེས་པའི་མཚན་ཉིད་ཇི་བཞིན་ཤེས། །དེ་དང་དེ་རྣམས་མི་འགལ་བར། །གང་ཟག་བློ་ལ་ངེས་ཤེས་བསྐྱེད། །དབང་གསུམ་དོན་གྱི་དགོངས་པ་ཡིན། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། མན་ངག་གི་དགོངས་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།ཐུགས་རྗེ་ཆོས་ཀྱི་འཁོར་ལོའི་སྐབས་དོན་ཀུན་ལ་ཁྱབ་པའི་ཐིག་ལེའོ། །ཨ་ཏཱ་ཀ་ཛྙཱ་ན་ཙཀྲ་ཏནྟྲ་ཨུ་བ་དེ་ཤ་སཱ་ཏ་ས་མ་ཏི་མ་ལ་ཨཱ། བུ་ཏ་སཏྭ་སརྦ་བུ་ཏ། ཙ་ཀ་ཤུ་སིང་ཏ་ཤི་མ་ཎ་ཛྙཱ་ན་ཨཱ་ན། བཛྲ་པ་ནེ་ཨ་ཏ་མ་ཏི་ཙ་རི་ཀ་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་རྟོགས་པའི་ཡེ་ཤེས་ཀྱི་དགོངས་པ་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། རྟོགས་པའི་ཡེ་ཤེས་འཁོར་ལོ་གསུང་

དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ་ཉོན་ཅིག །གཞི་གནས་ཀྱི་ཡེ་ཤེས་ལ་མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས་བསྐོར་ཏེ། རིག་པའི་སྟོང་པ་དང་དབྱེར་མེད་དང་ཐོགས་པ་མེད་པ་དང་ཐ་དད་གཅོད་པ་བཞིས་བསྐོར་ཏེ། ཤེས་རབ་ཀྱི་སྲོག་ཤིང་ལ་ཡེ་ཤེས་འཁོར་ལོ་བཞིས་བསྐོར་བ་ན། ཕྱོགས་ལྷུང་མེད་པའི་ཤེས་རབ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་གཅོད་པའོ། །རིགས་ཀྱི་བུ་དེའི་དོན་ནི་ཀུན་གྱི་ཐུན་མོང་མ་ཡིན་ཏེ། རབ་ཏུ་རྟོགས་པར་དཀའ་བའོ། །ཀྱེ་ཀྱེ་གསང་བདག་ངེས་པར་ཟུང་། །སྟོན་པ་ལ་སོགས་རྣམ་པ་ལྔ། །གསང་བའི་དོན་ཆེན་གཏན་ལ་ཕབ། །མ་རྟོགས་འཁྲུལ་པར་ཤར་བར་བཤད། །གདམས་ངག་རྣམ་གཉིས་གཙོར་བསྟན་ཅིང་། །རྒྱུ་རྐྱེན་རང་རིག་གཅིག་པུ་ཉིད། །བདག་རྐྱེན་རང་རིག་ཆོས་སྐུ་ལ། །རྟགས་ཀྱི་ཡེ་ཤེས་མ་འགགས་སྣང་། །དམིགས་རྐྱེན་ཐུགས་ཀྱི་མེ་ལོང་བྱས། །མཚུངས་རྐྱེན་བླ་མའི་གདམས་ངག་བྱས། །ཡེ་ཤེས་འཁོར་ལོས་རབ་བཅད་པས། །འཁྲུལ་གསུམ་གཞི་གསུམ་ངང་དུ་དག །རང་རིག་ཡེ་ཤེས་བྱ་བཙལ་འདས། །ལས་དང་ཐུགས་རྗེ་རྣམ་པར་དག །བསྒོམས་པས་གཞན་ནས་ཐོབ་པ་མེད། །མ་བསྒོམས་དོན་དང་འབྲལ་བ་མེད། །འདུ་འབྲལ་མེད་པའི་དགོངས་པ་ནི། །ཆུ་བོ་གང་གཱ་ཇི་བཞིན་ནོ། །དེ་ལྟར་དོན་ནི་རིམ་པར་སྤྱོད། །མ་འགགས་ཤར་བས་རང་བཞིན་ཏེ། །རྟོགས་པས་མཚན་མ་ཟིལ་གྱིས་གནོན། །མཚན་མ་ཟིལ་གནོན་སྣང་བ་ཡང་། །རྟོགས་པས་ཡོན་ཏན་རང་གསལ་ཏེ། །རང་ལས་མ་གཏོགས་གཞན་སྣང་མེད། །དེ་དོན་རྟོགས་པའི་རྣལ་འབྱོར་ལ། །རང་མ་ཡིན་པ་གཞན་མེད་ཅིང་། །རང་ཡང་དངོས་གཞི་རྗེས་གྲུབ་མེད། །དེ་བས་དེ་ལ་གཉིས་མེད་པས། །དོན་ལས་མི་ཉམས་བསྲུང་མཚམས་མེད། །འཕྲལ་ལ་བྱས་པ་མ་ཡིན་ཏེ། །ང་ཡི་རང་བཞིན་ཡེ་ནས་དེ་བཞིན་ཉིད། །ང་ཡི་དོན་གྱི་ཕྱོགས་རེ་ནས། །

ཐེག་བརྒྱད་འདོད་པ་ཕྱོགས་རེ་བརྗོད། །ཐམས་ཅད་ང་ཡི་དབང་དུ་རྫོགས། །ང་ཡི་དོན་ལ་འདའ་བ་མེད། །ང་ཡི་རང་བཞིན་རང་བྱུང་ཡེ་ཤེས་པས། །ལྷུན་གྲུབ་གཞི་ཡི་སངས་རྒྱས་ལས། །བྱ་བཙལ་འབད་རྩོལ་རྣམ་པར་དག །ང་ཡི་དོན་ཆེན་མ་རྟོགས་པར། །ལུས་ངག་འབད་རྩོལ་ཅི་བྱས་ཀྱང་། །བྱས་ཀྱིན་འཛིན་པ་ཆེན་པོར་གྱུར། །གསང་བ་དོན་ཆེན་དགོངས་པ་ཡིན། །དྲི་མེད་རྣམ་དག་རང་རིག་ཆོས་ཀྱི་སྐུ། །ཡོན་ཏན་འགག་མེད་སྐུ་དང་ཡེ་ཤེས་གསལ། །བྱ་བྱེད་འབད་རྩོལ་མི་གནས་བདེ་ཆེན་ལྷུན་གྱིས་གྲུབ། །མ་རྟོགས་བློ་ལ་ཕྱི་ནང་འཁྲུལ་པར་ཤར། །རྟོགས་པའི་དོན་ལ་མི་གནས་རྣམ་པར་དག །བྷན་དྷ་འབར་བའི་གཞལ་མེད་ཁང་། །རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །སྣང་བ་ཆོས་སྐུའི་བར་ན་ཡེ་ཤེས་གསལ། །དེ་ཉིད་རང་གི་ངོ་བོ་ནི། །མྱང་འདས་དོན་གྱི་དགོངས་པ་ཡིན། །གཉིས་མེད་ཆོས་སྐུ་དབྱེར་མེད་ཤེས་རབ་ལས། །མ་འགགས་ཡེ་ཤེས་འབྲས་བུ་གཟུགས་སྐུར་སྨིན། །ཆོས་སྐུའི་འོད་དང་ལོངས་སྐུའི་ཟེར། །འགྲོ་བ་རིགས་དྲུག་གནས་སུ་ཤར། །ལས་དང་གང་ཟག་ཐུགས་རྗེས་གནས་སུ་སྒྲོལ། །ཀུན་ཏུ་བཟང་པོ་བདེ་ཆེན་ངང་དུ་སྦྱོར། །དྲི་མེད་རྣམ་དག་འབྱེད་མེད་ཤེས་རབ་གསལ། །མཉམ་སྦྱོར་དོན་གྱི་དགོངས་པ་ཡིན། །རང་རིག་ཡེ་ཤེས་རང་བྱུང་གཉིས་མེད་པས། །མཐའ་བཞི་བདུད་བཞིའི་གནས་རྣམས་རྣམ་པར་དག །མི་གནས་ཡེ་ཤེས་མཚན་ཉིད་ལྔ་དང་ལྡན། །དམ་པ་ཆོས་སྐུ་འབྲས་བུ་ཡེ་ཤེས་སྐུ། །བྱ་བཙལ་མི་མངའ་རང་བཞིན་ལྷུན་གྱིས་གྲུབ། །ས་ལམ་མི་བགྲོད་འགྱུར་མེད་གཅིག་པ་ཉིད། །བྱ་བཙལ་མི་མངའ་རེ་དོགས་མཐའ་ལས་འདས། །རང་བཞིན་ལྷུན་གྲུབ་ཡེ་སངས་རྒྱས་པའི་སྐུ། །སྤྲོས་བྲལ་ཀློང་ན་འགྱུར་མེད་རིག་པ་གསལ། །ཐུགས་རྗེ་འགག་མེད་མི་འབྲལ་གཡོས་པ་མེད། །རེ་དོགས་མི་མངའ་རྩོལ་བསྒྲུབ་རྣམ་པར་དག །

ཤེས་རབ་རྩལ་རྫོགས་འགྱུར་མེད་དབྱིངས་ན་གསལ། །ཆོས་རྣམས་ཐམས་ཅད་རང་བཞིན་རྣམ་དག་ཀློང་། །མི་རྟོག་ཆོས་སྐུ་འགག་མེད་ཡེ་ཤེས་གསལ། །སྐུ་དང་ཡེ་ཤེས་རོལ་པ་མཛད་སྤྱོད་ལས། །ཕྱི་ནང་སྣོད་བཅུད་གཟུང་འཛིན་སྣང་བ་རྣམས། །སྤྲུལ་པའི་སྣང་བ་ཆོས་ཉིད་ངང་དུ་དག །རང་གི་ངོ་བོ་མ་བསྒྲིབས་ཀུན་ཏུ་གསལ། །སྐྱོན་དང་ཡོན་ཏན་རེ་དོགས་བཟང་ངན་རྣམས། །གཉིས་མེད་བདེ་ཆེན་རྟོག་པའི་མཐའ་ལས་འདས། །ཆོས་ཉིད་དག་པའི་མེ་ལོང་ལྟ་བུ་ལ། །ཆོས་སྐུ་དག་པ་མེ་ལོང་གཟུགས་ལྟར་ཤར། །གཉིས་མེད་ཆོས་སྐུ་ནམ་མཁའི་བདག་ཉིད་ཅན། །རང་གསལ་འཛིན་མེད་མ་བཅོས་བདེ་བའི་ངང་། །སྟོང་དེ་སྟོང་པ་མ་ཡིན་སྟོང་པའི་སྙིང་པོ་འབྱུང་། །ཤེས་རབ་འགྱུར་མེད་ཀློང་ནས་འགག་མེད་ཡེ་ཤེས་ཤར། །སྣང་ལ་རང་བཞིན་མེད་དེ་རྣམ་དག་ཆོས་ཀྱི་སྐུ། །ཡོན་ཏན་མི་འགག་དངོས་མེད་ངང་གིས་འབྱུང་། །དེ་ཡི་ངང་ལས་མི་གཡོ་འགག་པ་མེད། །རྒྱུ་རྐྱེན་བྱེད་པ་མེད་པས་རང་རིག་ཡེ་ཤེས་གསལ། །འཁོར་འདས་ལ་སོགས་ཅིར་སྣང་འཕེལ་འགྲིབ་མེད། །ཕྱི་ནང་སྣོད་བཅུད་སྣང་སྲིད་འཁོར་འདས་ཀུན། །གཉིས་མེད་ཆོས་སྐུ་རྣམ་དག་ཀློང་ཆེན་ན། །མ་འདྲེས་ཡོངས་རྫོགས་གསལ་ལ་རྟོག་པ་མེད། །ཡོན་ཏན་རང་སྣང་ཐིག་ལེ་རང་སངས་རྒྱས། །སྣ་ཚོགས་སྣང་ལ་རང་བཞིན་ཡོངས་ཀྱིས་མེད། །ཏིང་འཛིན་རྣམ་དྲུག་དོན་གྱི་དགོངས་པ་ཡིན། །མི་གནས་ཡེ་ཤེས་མ་འགགས་ཀུན་ཏུ་གསལ། །ཐུགས་ཀྱི་མེ་ལོང་ཀུན་གཞི་གཏན་ལ་འབེབས། །ལུང་གི་ཤར་ལུགས་གནས་ལུགས་ཐིམ་ལུགས་ཤེས། །ཐུགས་རྗེའི་སྟོབས་ཀྱིས་རིགས་དྲུག་གནས་སུ་ཤར། །རྟགས་ཀྱི་ཡེ་ཤེས་འགྱུར་མེད་དོན་དང་འཕྲད། །སྦུབས་དང་བྲལ་བས་གཟུང་འཛིན་རྣམ་པར་དག །གཉིས་མེད་ཀློང་ནས་ཡེ་ཤེས་འོད་དུ་གསལ། །བདུད་བཞི་རྒྱས་འདེབས་

ཡེ་ཤེས་རྩེ་གཅིག་གསལ། །རྟོག་མེད་ཤེས་རབ་འབྲས་བུ་མངོན་སངས་རྒྱས། །རྡོ་རྗེ་གདན་ལ་རིན་ཆེན་སྐུ་རུ་སྨིན། །དམིགས་སེལ་རྣམ་དྲུག་དོན་གྱི་དགོངས་པ་ཡིན། །ཐུགས་ནི་དཀྱིལ་འཁོར་གསལ་འགྲིབ་ལས་འདས་པའི། །མི་འགྱུར་མ་བསླད་འགག་མེད་ཡེ་ཤེས་གསལ། །མ་ནོར་མ་བཅོས་དབྱེར་མེད་གྲོལ་བའི་ཆོས། །གནས་སྐབས་ཆོས་ལྔས་སྲིད་པའི་མཐའ་ལ་བསྐྱལ། །ཡི་གེ་རྣམ་དྲུག་དོན་གྱི་གནས་བསྟན་པས། །སྒྲ་སྐད་འབྱུང་དང་ཐུགས་རྗེ་རང་བྱུང་ཞིང་། །མི་གནས་མྱ་ངན་འདས་དང་དགོངས་པ་རྫོགས། །ཆོས་ལྔ་དོན་གྱི་དགོངས་པ་ཆེན་པོ་ཡིན། །དྲི་མེད་ངང་དུ་ཐམས་ཅད་འདུས། །དེ་མཚོན་ཕྱི་ནང་གསང་བས་བསྡུས་པ་རྣམས། །སྒྲ་དང་བརྡའ་དང་གཉིས་མེད་དོན་དུ་འདུས། །དེ་ཡི་དོན་ལ་རྒྱུ་རྐྱེན་རྣམ་པར་དག །རང་བྱུང་སྐུ་གསུམ་འགྱུར་མེད་ཆོས་ཀྱི་སྐུ། །རྟོགས་དང་མ་རྟོགས་འཁོར་འདས་ཀུན་ཏུ་ཤར། །སྣ་ཚོགས་སྣང་ཡང་དྲི་མེད་རྣམ་པར་དག །ཚིག་གིས་མཚོན་པས་ཚིག་ལས་འདས་པར་རྟོགས། །ཚིག་གིས་མཚོན་པ་བློ་ཡི་བྱེ་བྲག་གིས། །བསྒོམ་དུ་ཡོད་དང་མེད་པ་གཉིས་སྤང་ལ། །གཉིས་ལ་ཡོད་མེད་དོན་ལ་རྣམ་པར་དག །དེ་ལྟར་རྟོགས་པས་སྐད་ཅིག་གསུམ་ལ་གྲོལ། །སངས་རྒྱས་སེམས་ཅན་ཐུགས་རྗེའི་ལྕགས་ཀྱུས་འཛིན། །རང་རིག་མི་རྟོག་ཆོས་ལས་འདས། །དེ་ལྟར་རྟོག་པས་ཐམས་ཅད་བཅིངས། །རང་རིག་ཡེ་ཤེས་གཉིས་ཀྱི་མཐའ་ལས་འདས། །རྟོགས་པའི་སྟོབས་ཀྱིས་མ་རིག་རིག་པར་གྲོལ། །འཁོར་འདས་གཉིས་མེད་བདེ་ཆེན་གསལ་བའི་ངང་། །ཐུན་མོང་མ་ཡིན་སྨྲ་བསམ་འདས་པའི་སྐུ། །དེ་ལྟར་རྟོགས་པས་རྩོལ་བའི་མཐའ་དང་བྲལ། །དེ་ཡི་མཚོན་ཐབས་མན་ངག་ཀུན་གྱི་གཞི། །སྐུ་གསུམ་ལྷུན་གྲུབ་རྟོགས་པའི་ཤེས་རབ་སྐྱེ། །དོན་གྱི་བཀའ་བཞི་མ་ལུས་གཏན་ལ་ཕེབས། །དགོངས་པ་འདུས་པའི་དགོངས་

པ་འདུས་པ་ཡིན། །གསང་བའི་དོན་ཆེན་བློ་ཡི་ཡུལ་ལས་འདས། །ཐུན་མོང་མ་ཡིན་སྨྲ་བསམ་འདས་པའི་སྐུ། །ཐུགས་ཀྱི་གཏེར་མཛོད་དགོངས་པ་ཀུན་གྱི་ཐུགས། །ཀུན་འབྱུང་ཀུན་མཁྱེན་ཡེ་ཤེས་དག་པའི་གཞི། །རིག་དང་མ་རིག་སངས་རྒྱས་སེམས་ཅན་སྣང་། །ངས་བཤད་དོན་གྱི་རྣམ་དག་དབྱིངས་ཀྱི་ངང་། །ཡེ་ཤེས་མི་འགག་བཅོམ་ལྡན་རྡོ་རྗེ་འཆང་། །ཐུགས་ཀྱི་ཀློང་དུ་འགག་མེད་ཡེ་ཤེས་ཤར། །གློ་བའི་ནང་དུ་དེ་ཡི་རྩལ་ཤར་བའི། །རླུང་དང་འཕྲད་དེ་དེ་ཡིས་རྟོག་པ་འགྱུས། །དེ་ཡི་སྐྱོན་གྱིས་མ་གོས་མཚན་མ་སོ་སོར་འཛིན། །དེ་བཞིན་རིམ་འགྲོ་རླུང་དང་བྲལ་ནས་གནས། །དེ་ནི་རང་ཤར་ཀུན་ནས་ཀུན་མཁྱེན་འགྱུར། །ལུས་ཀྱི་རྣམ་ཤེས་ཀུན་རྫོབ་ཐིག་ལེ་གསུམ། །ཕྱིར་ཤར་རྩལ་དེ་སྤྲུལ་སྐུ་འབྱིན་པར་བྱེད། །སེམས་ལས་གྲོལ་བས་གཟུང་འཛིན་རྣམ་རྟོག་གྲོལ། །རྟོག་མེད་ཡེ་ཤེས་ནམ་མཁའི་འཇའ་ལྟར་གསལ། །བདག་ཉིད་སངས་རྒྱས་ཐུགས་རྗེས་འགྲོ་བ་སྐྱོབ། །འགྱུར་མེད་ཀློང་དུ་ཡེ་ཤེས་རླུང་གིས་བསྐྱོད། །སྐུ་གསུམ་ནང་གསལ་བུམ་པའི་མར་མེ་བཞིན། །ཐུགས་ཀྱི་གཏེར་མཛོད་དོན་གྱི་དགོངས་པ་ཡིན། །ཡུལ་གྱི་མཛོད་དང་རིག་པ་སེམས་ཀྱི་མཛོད། །ལུས་ཀྱི་མཛོད་དང་རིགས་ལྔའི་མཛོད། །ཡེ་ཤེས་མཛོད་ནས་སོ་སོའི་དོན་བཞུགས་དབྱེར་མེད་ཚུལ་གྱིས་འཆང་། །རྟོགས་དང་མ་རྟོགས་སངས་རྒྱས་སེམས་ཅན་སྣང་། །དེ་ན་གནས་དང་དེ་ཡི་ངང་དུ་གྲོལ། །རྟོགས་པའི་ཡེ་ཤེས་རིག་པ་རང་ས་འཛིན། །འབྱེད་པའི་མུ་བཞི་སྐྱོན་སེལ་ཡོན་ཏན་བསྒྲུབ། །འཁོར་ལོ་ལྔ་པ་དོན་གྱི་དགོངས་པ་ཡིན། །ཀུན་གཞི་ཡེ་ཤེས་མེ་ལོང་རིགས་ལྔའི་བདེ་གཤེགས་གསལ། །མ་ལུས་རྫོགས་ཚེ་ལུས་ཀྱི་ཀློང་ན་གསལ། །དོན་གྱི་དབང་བཞི་མ་བསྐུར་ལྷུན་གྱིས་གྲུབ། །ཡིད་ཀྱི་དབང་པོ་མ་འགགས་ཤེས་རབ་སོ་སོར་མཁྱེན། །གཟིགས་པའི་སྤྱན་ལྔས་གདུལ་བྱ་

དོན་ལ་འཛིན། །གསུང་གི་སྒོ་མོ་ལྗགས་ཀྱི་ལྡེ་མིག་གིས་ནི་འབྱེད་པར་བྱེད། །ཚིག་དང་དོན་སྦྱོར་འགྲོ་དོན་མ་ལུས་རྫོགས། །བཀའ་བཞིན་དོན་གྱི་དགོངས་པ་དམ་པ་ཡིན། །བྱ་བཙལ་ལྷུན་གྲུབ་རང་བྱུང་ཡེ་ཤེས་ལ། །ཡོན་ཏན་འགག་མེད་སྐུ་གཉིས་ལྷུན་གྱིས་རྫོགས། །ཕྱི་ནང་གསང་གསུམ་མན་ངག་རྣམ་གསུམ་གྱིས། །ཕྱི་རུ་སྣང་བ་ཡེ་ཤེས་གདངས་སུ་གསལ། །གཟུང་བ་མི་གནས་རང་བཞིན་རྣམ་པར་དག །ནང་དུ་སྣང་བ་བདེ་གཤེགས་སྐུ་ལྔར་གྲོལ། །ལུས་སེམས་མི་གནས་འཛིན་པའི་མཐའ་དང་བྲལ། །གཟུང་འཛིན་གཉིས་མེད་རང་རིག་ཆོས་ཀྱི་སྐུ། །གསལ་ལ་མི་རྟོག་བུམ་པའི་མར་མེ་བཞིན། །མཚོན་བྱའི་ཚིག་གི་སྒྲོན་མེས་ངེས་མཚོན་ནས། །དེ་ནི་ཉམས་སུ་ཕྱི་ནང་གསུམ་གྱིས་བླངས། །ཇི་བཞིན་ཉམས་མྱོང་མི་འགྱུར་ངེས་པ་རྙེད། །སྙིང་པོའི་དོན་ལ་འགྱུར་བ་མེད་པར་གནས། །འགྱུར་མེད་དོན་གྱིས་སྐད་ཅིག་གསུམ་ལ་གྲོལ། །རྟོགས་པའི་ཡེ་ཤེས་གསལ་ལ་འཛིན་པ་མེད། །མི་ལྡོག་དྭངས་པའི་རང་ས་ཟིན་པར་འགྱུར། །དེ་ཡི་ཚེ་ན་གསལ་བ་རྣམ་གསུམ་སྟེ། །ཆོས་སྐུ་ཕྱི་ནང་མེད་པ་མ་བསྒྲིབས་གསལ། །ཡེ་ཤེས་འོད་ལྔ་སྤྲུལ་སྐུ་ལོངས་སྐུ་གསལ། །རིགས་ལྔ་ལོངས་སྐུ་ནང་ན་གསལ། །སྐུ་གསུམ་ཇ་ལོག་དོན་གྱི་དགོངས་པ་ཡིན། །དེ་ཡི་དོན་དུ་མྱ་ངན་འདས་ཞེས་བྱ། །དེ་ལྟར་མི་ལྡོག་གསལ་བར་གནས་པ་ཡང་། །ས་ལམ་རིམ་པས་བགྲོད་པ་མ་ཡིན་ཏེ། །སྐད་ཅིག་གསུམ་གྱིས་རང་ས་ཟིན་པར་འགྱུར། །རྡོ་རྗེ་རྣལ་འབྱོར་ལྔ་ཡི་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། རྟོགས་པ་ཡེ་ཤེས་འཁོར་ལོ་བསྟན་པའི་ལེའུ་སྟེ་དགུ་པའོ།། །།ཡེ་ཤེས་རང་བྱུང་བའི་སྐབས་ཡེ་ཤེས་ཆེན་པོའི་ཐིག་ལེའོ། །མ་ཧཱ་གུ་ཡ་ཏནྟྲ་ཨུ་པ་དེ་ཤ་ཀ་མ་སཱ་ཧཱུཾ་ཨཱ། བོ་དྷི་ཙིཏྟ་ཀོ་ཤ་ཙ་མུ་ཏི་ཨ་ཏི་ཀ་ལ། དེའི་ཚེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས་

གསང་བ་དོན་གྱི་དགོངས་པ་ལ་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་གསོལ་པ། །ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་བའི་དོན་གྱི་དགོངས་པ་ཇི་ལྟར་ལགས། །ཞེས་ཞུས་པས། སྟོན་པས་བཀའ་སྩལ་པ། ཀྱེ་རྡོ་རྗེ་འཛིན་པ་ངེས་ཟུང་ཞིག །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །དེ་ནི་ཚིག་ལ་མི་གནས་པས། །དོན་གྱི་དགོངས་པ་མ་ནོར་བཤད། །རང་རིག་ཡེ་ཤེས་མ་འགགས་པ། །འཁོར་དང་མྱ་ངན་འདས་པར་གནས། །དེ་ལ་རྒྱུ་རྐྱེན་བྱེད་པ་མེད། །འཁོར་འདས་ཀུན་ལས་ང་སྔར་བྱུང་། །ང་ཡི་གོང་ན་གཞན་མ་མེད། །ཐམས་ཅད་རང་རིག་ཀློང་ན་བཞུགས། །ཐམས་ཅད་རང་རིག་ཀློང་ནས་འཆར། །དེ་ཡི་ངོ་བོ་མི་འགྱུར་བར། །ཡེ་ཤེས་ཡོན་ཏན་ཀུན་ཏུ་གསལ། །དེ་ལ་རྒྱུ་མེད་གཉེན་པོ་མེད། །དངོས་མེད་སྣོད་བཅུད་རྩལ་དུ་སྣང་། །འབྱུང་གནས་མ་འགགས་ཀུན་ཏུ་ཁྱབ། །ཀུན་འབྱུང་སྙིང་པོ་འགྱུར་བ་མེད། །དཔེར་ན་ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །འཁོར་དང་མྱ་ངན་འདས་པའི་ཆོས། །དངོས་མེད་བྱིན་གྱིས་བརླབས་ལས་བྱུང་། །མཚན་ཉིད་དོན་གྱི་དགོངས་པ་ཡིན། །ང་ཉིད་མ་འོངས་སྔོན་རོལ་ན། །སྟོན་པ་ཀུན་རིག་ཆོས་ཀྱི་རྗེ། །པདྨ་བདེ་གསལ་གྲོང་ཁྱེར་དུ། །བསྟན་པའི་སྙིང་པོ་ཡེ་ཤེས་ལྔ། །རང་སྣང་རྟོག་པའི་འཁོར་རྣམས་ལ། །རྟོག་མེད་བྱིན་གྱི་རླབས་ལས་བཤད། །སོ་སོའི་རྒྱུད་ལ་བྱིན་གྱིས་སོ་སོར་རྟོགས། །སྟོན་པ་ཀུན་སྣང་ཡེ་ཤེས་ཀྱིས། །ཆོས་ཉིད་གསལ་བའི་རང་གདངས་ལ། །ཡེ་ཤེས་འགག་མེད་དཀྱིལ་འཁོར་བྲིས། །རང་རིག་དབུས་ཀྱི་གཙོར་གནས་ཏེ། །ཉིད་ལས་མི་གཞན་སྟོན་པ་བཞི། །རང་རང་རིགས་ཀྱི་འཁོར་རྣམས་ལ། །གསུང་གིས་ཆོས་རྣམས་མི་འཆད་པར། །བྱིན་རླབས་རང་གི་ངོ་བོའི་སྒོ་ནས་བསྟན། །བསྟན་པའི་སྙིང་པོ་གོང་མ་བཞིན། །ཨུ་དུམ་ཝ་རའི་མེ་ཏོག་ལ། །ང་ཉིད་བརྫུས་ཏེ་འོངས་པའི་ཚེ། །ང་ཡི་ཐུགས་ཀྱི་དཀྱིལ་འཁོར་དུ། །

རང་བྱུང་ཐུགས་ཀྱི་ཆུ་བོ་བཞི་རྫོགས་པས། །དགོངས་པའི་ཡེ་ཤེས་རང་དབང་ཐོབ། །བརྡའ་སྒྲ་ངེས་པའི་དོན་གསུམ་བཤད། །རྒྱུད་ཀྱི་སྙིང་པོ་སེམས་ཕྱོགས་ཆེན་པོའི་དོན། །ཡིད་འདྲེས་པ་ཡི་ཚོགས་ལ་བསྟན། །དེ་བཞིན་བྱོས་ཤིག་ངས་ལུང་བསྟན། །ལོ་རྒྱུས་དོན་གྱི་དགོངས་པ་ཡིན། །སྲིད་པའི་མཛོད་གྱུར་ཆོས་ཉིད་ཐིག་ལེ་ན། །རང་རིག་མི་འགག་འགྱུར་མེད་ཆོས་སྐུ་བཞུགས། །ཐ་དད་མི་གནས་འོ་མ་མར་གྱི་ཚུལ། །རང་བྱུང་ཡེ་ཤེས་མ་འགགས་འོད་ཀྱི་མྱུ་གུ་ལྔ། །སྲོག་མེད་སྙིང་པོ་སྐུ་ལྔ་བསྐྱེད་ཅིང་འདུ་འབྲལ་མེད། །མི་འགྱུར་སྐུ་ཡི་བདག་ཉིད་ཆེ། །མི་གནས་གསུང་གི་བདག་ཉིད་ཆེ། །མི་འགྱུར་ཐུགས་ཀྱི་བདག་ཉིད་ཆེ། །རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །བྲལ་ཡང་བྱུང་། མ་བསྐྱེད་པས་ན་འཇིག་པ་མེད། །མན་ངག་དོན་གྱི་དགོངས་པ་ཡིན་པར་བསྟན་པའོ། །ཐུན་མེད་ཐུན་ཆེན་དགོངས་པ་གཅིག་ཏུ་དྲིལ། །ཆོས་ཉིད་ཆོས་སྐུ་འབྱེད་མེད་སྟོང་པ་དང་། །སྙིང་པོ་སྐུ་ལྔ་བར་ན་ཡེ་ཤེས་གསལ། །ཆོས་ཉིད་ཆོས་སྐུའི་བར་ན་འོད་ལྔ་གསལ་བ་ལོངས་སྐུའི་དོན། །སྣང་བ་ཆོས་སྐུའི་བར་ན་ཡེ་ཤེས་གསལ་བ་སྤྲུལ་སྐུའི་དོན། །དངོས་ཉིད་གཞི་དང་སྦྱར་བའི་དགོངས་པ་ཡིན། །རྒྱུ་རྐྱེན་མེད་པར་འཁོར་འདས་རང་ལས་བྱུང་། །ཡོན་ཏན་མ་འགགས་སྟོབས་ཀྱིས་ཤར་བ་ཡིན། །ཐུགས་རྗེ་མ་འགགས་སྐུ་ཉིད་སྣང་བར་ཤར། །སྣ་ཚོགས་ཤར་ཀྱང་གཉིས་མེད་ཆོས་སྐུའི་ངང་། །དེ་ནས་བྱུང་དང་དེ་ནས་འཇུག་ཅིང་ཐིམ། །ཐམས་ཅད་མ་འགགས་པ་ཡི་ཡེ་ཤེས་རྨད་བྱུང་ཆོས། །རང་གི་རྒྱུད་ལ་ངེས་པའི་ཤེས་པ་སྐྱེས། །དོན་གྱི་སྒོ་རྣམས་འབྱེད་ཅིང་གསལ་བར་བྱེད། །སྒོ་དང་ལྡེ་མིག་དོན་གྱི་དགོངས་པ་ཡིན། །ཆོས་སྐུ་ནམ་མཁའ་ལྟ་བུ་ཡེ་ནས་ཚད་མེད་སྟོང་། །དེ་ཡི་སྟོབས་ལས་ཡེ་ཤེས་སྐུ་རུ་སྣང་། །སྐུ་དང་ཡེ་ཤེས་དངོས་པོ་མཚན་མའི་ཆོས། །དང་པོ་ཤར་ཀྱང་རང་གི་སྟོབས་ལས་ཤར། །ཐ་མ་ཐིམ་

ཡང་རང་གི་ངང་ལ་ཐིམ། །དབྱིངས་དང་ཡེ་ཤེས་གཉིས་མེད་བདེ་བའི་ངང་། །སྐུ་གསུམ་དབྱེར་མེད་དོན་གྱི་དགོངས་པར་བཞུགས། །ནམ་མཁའ་ལྟོ་སྦྱོར་དོན་གྱི་དགོངས་པ་བསྟན། །ཆོས་ཉིད་ཀློང་ན་ཆོས་སྐུ་གསལ་བ་ནི། །ནམ་མཁའི་ངང་ན་ཉི་མའི་སྙིང་པོ་གནས་པ་བཞིན། །མི་འགྱུར་ཡོངས་ལ་ཁྱབ་པའི་སྐུ། །དེ་ལ་ཡེ་ཤེས་སྣང་བ་འཆར་བ་ནི། །སྤྲིན་མེད་ནམ་མཁའ་ཉི་མ་སྣང་བ་བཞིན། །རིགས་ལྔའི་སངས་རྒྱས་མ་འདྲེས་རྫོགས་པ་ནི། །ནམ་མཁའི་ངང་ན་གཞའ་ཚོན་གསལ་བ་བཞིན། །ཐིག་ལེ་ཆེན་པོ་དོན་གྱི་དགོངས་པ་ཡིན། །མི་གཡོ་འདུ་འབྲལ་མེད་པའི་ཡེ་ཤེས་གསལ། །མཚོན་པའི་ཐབས་ཀྱི་རིམ་པས་བློ་ལ་སྦྱར། །མི་འགྱུར་བ་གཅིག་རྟོགས་ཚུལ་རྒྱུད་ལས་སྐྱེས། །སྦུབས་དང་བྲལ་བས་བདག་ཉིད་མངོན་སངས་རྒྱས། །འགག་མེད་ཐུགས་རྗེས་འགྲོ་དྲུག་གནས་སུ་འདྲེན། །མི་གནས་བདག་མེད་ཆོས་སྐུའི་ཀློང་ན་གསལ། །རིན་ཆེན་སྒྲོན་མ་དོན་གྱི་དགོངས་པ་ཡིན། །མ་འགགས་མི་གཡོ་ངང་དྭངས་རང་བཞིན་ནི། །ཡེ་ཤེས་ཟང་ཐལ་སྒྲིབ་མེད་ཀུན་ཏུ་གསལ། །ཆོས་སྐུའི་ངང་ལ་གཟུགས་སྐུའི་རང་བཞིན་ཏེ། །ཡོད་པ་མེད་དང་མེད་པ་ཡོད་པའི་ས། །སྐུ་གསུམ་དབྱེར་མེད་རང་རིག་ཡེ་ཤེས་བདག །མིག་གི་སྒྲོན་མ་དོན་གྱི་དགོངས་པ་ཡིན། །ཡོན་ཏན་མི་འགྱུར་རང་རིག་ཡེ་ཤེས་ཏེ། །སྐུ་གསུམ་སྦུབས་སུ་དེ་ཡི་གནས་སྐབས་བསྟན། །དེ་མཚོན་ཕྱི་ནང་གསང་བ་འདུས་པར་བསྟན། །ངོ་མཚར་ཐབས་ཀྱི་སྙིང་པོ་དོན་དང་མཇལ། །འཕྲུལ་གྱི་ཡི་གེ་དོན་གྱི་དགོངས་པ་ཡིན། །མ་རིག་ཡེ་ཤེས་མཐར་ཐུག་ཡོངས་ལ་ཁྱབ། །གསང་བའི་ཤེས་རབ་སྒྲིབ་པ་ཀུན་ལས་འདས། །ཀུན་ལས་མཆོག་གྱུར་ཁྱད་པར་ཆེ་བས་འཕགས། །ནམ་མཁའ་ཁྱབ་པ་དོན་གྱི་དགོངས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། ཕྱོགས་འཛིན་གྱི་དགོངས་པ་བསྟན་པ་སྟེ་ལེའུ་བཅུ་པའོ།། །།

ཀོ་ཤ་དྷ་ཏཱ་མ་ཧཱ་བཛྲ་དྷ་ཏི་ཏནྟྲ་ཙཀྲ་པ་ཙ་ཨུ་པ་དེ་ཤ་ཨུ་ཏ་ཀ་ལ་པ་རུ་ཨ། དེའི་ཚེ་ཡང་སྟོན་པ་རྡོ་རྗེ་འཆང་ཆེན་པོ་དེས། གསང་བའི་སྙིང་པོ་བླ་ན་མེད་པའི་དགོངས་པ་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །གསང་བ་དོན་གྱི་སྙིང་པོའི་དགོངས་པ་གསུང་དུ་གསོལ། །ཞེས་ཞུས་སོ། །སྟོན་པས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལེགས་ཟུང་ཞིག །ཆོས་སྐུ་ཡུལ་མེད་ཡེ་ཤེས་རང་གདངས་བཅས། །དོན་ལ་འགྱུར་མེད་འབྱེད་མེད་ཤེས་རབ་བཅས། །སྟོང་ཉིད་སྤྲོས་བྲལ་ཡོངས་ལ་ཁྱབ་པའི་སྐུ། །ཐུགས་རྗེ་མི་འགག་སྤྲུལ་སྐུ་རྒྱུན་མི་འཆད། །མི་འགྱུར་ཀློང་ནས་ཡེ་ཤེས་སྤྱན་མ་འགགས། །རང་སྣང་ཡེ་ཤེས་གཞན་སྣང་རྟོག་པ་མེད། །ཐམས་ཅད་ཡོངས་རྫོགས་སྐྱེ་འགག་འཆར་ནུབ་མེད། །དོན་གྱི་དབང་བཞི་མ་བསྐུར་ལྷུན་རྫོགས་པས། །མ་བསྒོམས་མ་བསྒྲུབས་ཡེ་ཉིད་རྫོགས་སངས་རྒྱས། །དོན་གྱི་རྫས་བཞི་མ་བསགས་ལྷུན་གྲུབ་པས། །རྟོགས་པའི་ཤེས་རབ་རང་རིག་ཁོང་ནས་འཆར། །བཀོད་པ་བཞི་ལྡན་དོན་གྱི་དབང་ཆེན་རྫོགས། །རང་བྱུང་ཡེ་ཤེས་རྒྱུ་རྐྱེན་རྣམ་པར་དག །གཉེན་པོས་མི་ཤིགས་གཞན་གྱི་དབང་གྱུར་མེད། །གཉིས་མེད་བདེ་ཆེན་ཆོས་སྐུ་རྣམ་དག་དེ། །ལུང་དང་སྒྲ་ཡིས་ངེས་པར་གཏན་ལ་དབབ། །ཆོས་རྣམས་ཐམས་ཅད་དབྱེར་མེད་མཉམ་ཉིད་ངང་། །དངོས་པོ་མེད་པར་རང་རྫོགས་དེ་བཞིན་ཉིད། །རང་རིག་ཆོས་སྐུ་ཡེ་ཤེས་རང་སྣང་ལ། །འབྱུང་བ་ནམ་མཁའ་དང་པོ་ཉིད་ནས་མེད། །རང་བྱུང་ཡེ་ཤེས་དོན་གྱི་འབྱུང་བ་ལ། །མཚན་མའི་འབྱུང་བ་དངོས་པོ་གདོད་ནས་དག །གཉིས་མེད་ཆོས་སྐུ་ཡེ་ཤེས་ཟང་ཐལ་ལ། །གཟུང་འཛིན་གནས་སུ་རང་གསལ་འཛིན་པ་མེད། །དང་པོ་རྒྱུ་མེད་རྡོ་རྗེའི་ངང་། །བར་དུ་རྐྱེན་མེད་རང་བྱུང་ཉིད། །ཐ་མ་མི་འགྱུར་ཡེ་ཤེས་ནི། །འཆར་ནུབ་མེད་པའི་ཟང་ཐལ་དེ། །ནམ་

མཁའི་མཐའ་བཞིན་ཐུག་པ་མེད། །བློ་ཡི་ཡུལ་ལས་རབ་འདས་ཤིང་། །མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ། །ཕྱི་ནང་མདུན་རྒྱབ་སྟེང་འོག་མེད། །དག་པ་ཟང་ཐལ་སྤྲོས་དང་བྲལ། །ཆ་ཤས་བྲལ་བའི་ངང་ཉིད་དེ། །སྐུ་གཉིས་མི་འགག་འོད་དུ་གསལ། །རང་ལ་རང་སྣང་སྐུ་མི་འཇིག །མི་གནས་འདུ་འབྲལ་ཡོངས་ཀྱིས་མེད། །རྡོ་རྗེ་མཁའ་འགྲོའི་དགོངས་པ་ཡིན། །སྤྲོས་བྲལ་དབྱིངས་ལ་འགྱུར་མེད་ཀློང་། །མི་འགྱུར་ཁོད་སྙོམས་གཡུ་ཡི་མཎྜལ་ནས། །ཡོན་ཏན་མི་འགག་རང་རིག་ཡེ་ཤེས་ལས། །རྩལ་དང་རོལ་པས་འཁོར་འདས་རྣམ་གཉིས་ཤར། །འཁོར་འདས་ཀུན་ལ་ཁྱབ་འདྲེལ་གཉིས་སུ་མེད། །ཐམས་ཅད་དེ་ལས་ཤར་ཅིང་དེ་ཡི་ངང་དུ་འདུས། །བསྒོམ་མེད་སངས་རྒྱས་བསྒོམ་པ་ཡེ་སངས་རྒྱས། །དེ་ཉིད་མི་འགྱུར་ཡེ་སངས་རྒྱས་པའི་སྐུ། །རང་རིག་ཡེ་ཤེས་འཁོར་ལོ་ལྔ་ཡི་བདག །དེ་ཉིད་སངས་རྒྱས་བྱ་བཙལ་འདས་པའི་སྐུ། །རང་སྣང་ཡེ་ཤེས་གཞན་སྣང་རྟོག་དང་བྲལ། །གདོད་ནས་རྣམ་དག་ཆོས་སྐུ་ཟང་ཐལ་ལ། །བར་དོ་སྐད་ཅིག་སྐྱེ་འགག་ལས་འདས་པས། །རིམ་རྩོལ་མི་མངའ་ཡེ་ཤེས་ཟང་ཐལ་ངང་། །སྦུབས་དང་བྲལ་བས་དེ་ཉིད་མཐར་ཕྱིན་པའོ། །གདམས་ངག་དོན་གྱི་ངེས་དོན་བསྡུས་པ་ཡིན། །ཞེས་གསུངས་སོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། གསང་བ་དོན་གྱི་སྙིང་པོ་བསྟན་པ་སྟེ་ལེའུ་བཅུ་གཅིག་པའོ།། །།དེ་ནས་ཡང་སྟོན་པས་རྒྱུད་ཀྱི་གདམས་པ་འདི་གསུངས་སོ། །ཀྱེ་མ་ཀྱེ་མ་འདུས་པའི་ཚོགས། །རྒྱུད་ལུང་མན་ངག་ཁོང་གི་སྙིང་། །ཀུན་ཏུ་དོན་གྱི་དགོངས་པ་ཡིན། །རྡོ་རྗེ་འཛིན་པ་ཁྱོད་ལ་གཏད། །དགའ་རབ་རྡོ་རྗེ་ཁྱོད་ཀྱིས་ཟུང་། །གཞན་ལ་དེ་བཞིན་དགོངས་པས་ཆོངས། །མང་དུ་གསུམ་ལས་མ་སྤེལ་ཅིག །ཉུང་ངུ་གཅིག་ལ་མ་བསྣུབས་ཤིག །གལ་ཏེ་དེ་ལས་མངས་སམ་ཉུང་། །མི་འགྱུར་རཀྴ་ཀརྟི་ཀས། །འདི་རུ་ཚེ་ཡི་འདུ་བྱེད་བྱེད། །བྱང་ཆུབ་
མྱུ་གུ་གཏན་དུ་བརླག །དེ་བས་དེ་བཞིན་དགོངས་པས་ཆོངས། །ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེས་སྣ་དྲངས་ནས། ཕྱག་བྱས་བསྐོར་བ་ལན་བདུན་དུ་མཛད་དེ། ཨེ་མ་ཧོ་ལེགས་སོ་ལེགས་སོ། །དཔལ་ལྡན་རྡོ་རྗེ་འཆང་མགོན་པོ། །མ་བྱུང་འབྱུང་བར་མི་འགྱུར་བའི། །ཐིག་ལེ་ཀུན་འདུས་ཆེན་པོའི་རྒྱུད། །འདིར་འདུས་ཚོགས་ལ་བཀའ་སྩལ་པ། །རྒྱུད་ལུང་ཀུན་གྱི་སྙིང་པོའི་དོན། །མི་འགྱུར་དོན་གྱི་དགོངས་པར་ཕྱིན། །བློ་དང་ཚིག་ལས་དེ་ཡིས་འདས། །རྩོལ་སྒྲུབ་མཐའ་ལས་དེ་ཡིས་གྲོལ། །དགོངས་པའི་དོན་ལ་དེ་ཡིས་གནས། །ཁོང་དོན་དགོངས་པས་མུན་པ་བསལ། །རྗེས་འཇུག་རྣམས་ཀྱང་དེ་བཞིན་པས། །རྣམ་མཁྱེན་ཀུན་ལ་ཕྱག་འཚལ་འདུད། །ཐམས་ཅད་མཁྱེན་ལ་རྗེས་ཡི་རང་། །ཞེས་བསྟོད་དོ། །ཐིག་ལེ་ཀུན་འདུས་ཆེན་པོ་ལས། རྒྱུད་ཡོངས་སུ་གཏད་པ་དང་རྗེས་སུ་ཡི་རང་བ་སྟེ་ལེའུ་བཅུ་གཉིས་པའོ།། །།ཐིག་ལེ་ཀུན་འདུས་ཆེན་པོ་ཞེས་བྱ་བ་ལེའུ་ཆེན་པོ་བཅུ་གཉིས་པའོ། །ལེ་ཕྲན་ཞེ་བདུན་པའོ། །རྫོགས་སོ།། །།

སྐུའི་རྒྱུད་པདྨ་འཁྱིལ་པ་ཞེས་བྱ་བ།སྐུའི་རྒྱུད་པདྨ་འཁྱིལ་པ་ཞེས་བྱ་བ།

རྒྱ་གར་སྐད་དུ། ཀཱ་ཡ་ཏནྟྲ་པདྨ་ཀུཎྜ་ལ་ནཱ་མ། བོད་སྐད་དུ།སྐུའི་རྒྱུད་པདྨ་འཁྱིལ་པ་ཞེས་བྱ་བ། ཨ་པྲ་བྷན་མཉྫུ་ཤྲཱི་པྲ་ས་ར་དུ་ས་ནཱ་མ་མ་ཧཱ་ཏྲི། བརྒྱུད་པ་གསུམ་པའོ། །བཅོམ་ལྡན་འདས་གཉིས་མེད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བསྟན་པའི་སྔོན་རོལ་ན། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། འཁོར་གྱི་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཕལ་ཆེར་རབ་ཏུ་ཉོན་ཅིག །ཅེས་བཀའ་སྩལ་ཏོ། །ང་མེད་པ་ཡི་སྔོན་རོལ་ན། །དེ་བཞིན་གཤེགས་པ་རྣམས་ནི་མི་བཞུགས་སོ། །ང་མེད་པ་ཡི་སྔོན་རོལ་ན། །འབྱུང་བ་ཆེན་པོ་ལྔ་ནི་ཡེ་ནས་མེད་དོ། །འབྱུང་བ་ཆེན་པོ་ལྔ་མེད་པའི་སྔོན་རོལ་ན། །སེམས་ཅན་བྱ་བ་གདོད་མ་ནས་མེད་དོ། །ང་མེད་

པ་ཡི་སྔོན་རོལ་ན་སྟོན་པ་པོ་མེད་དོ། །དེ་བཞིན་གཤེགས་པ་རྣམས་ཀྱི་མེས་པོ་ང་ཉིད་ཡིན་གྱི། གཞན་མ་ཡིན་ནོ། །རྒྱུད་ཐམས་ཅད་ཀྱི་རྩ་བ་ནི་ངའི་རིག་པ་རང་བྱུང་གི་ཡེ་ཤེས་སོ། །ང་མ་གཡོས་པའི་ངང་དུ་ཀུན་ཏུ་བཟང་པོའི་ཀློང་ནས། རང་རིག་པའི་ཡེ་ཤེས་ཤར་བའི་ཕྱིར། ཀུན་ཏུ་བཟང་པོ་དོན་དམ་པའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་ཅེས་བསྟན་ཏོ། །དེའི་དོན་མ་ནོར་བར་བསྟན་པ་ནི། ལུང་གི་རྒྱལ་པོ་མི་འགྱུར་སེམས་ཀྱི་ལུང་ཞེས་བྱའོ། །དེའི་ཕྱིར་དུས་གསུམ་གྱི་སངས་རྒྱས་དགོངས་པས་བརྒྱུད་པ་ནི། རྡོ་རྗེ་སེམས་དཔའ་འོ། །མ་འཁྲུགས་པའི་སངས་རྒྱས་ལ། མ་བྱས་པའི་ཆོས་བསྟན་པ་ནི། ང་རྡོ་རྗེ་སེམས་དཔས་བསྟན་ཏེ། མི་འགྱུར་བའི་བལྟ་བ་ལ་བཙལ་དུ་མེད་པར་བསྟན་པ་ནི། ཀ་དག་གི་ཡེ་ཤེས་རང་སྣང་བའོ། །དེའི་ཕྱིར་ན་ཆོས་ཐམས་ཅད་བསྟན་པ་ཞེས་བྱ་སྟེ། དུས་ནི་རྗེས་སུ་འཇུག་པའི་དུས་སུ་བསྟན་ཏོ། །དེ་ནས་འདི་སྐད་ཅེས་སྨྲས་སོ། །བྷ་དྷུ་བ་ཏཱི་ས་དྷོ་ནི། བརྡའ་གསུམ་མན་ངག་གིས་བསྟན་པ། ཀྱེ་མ་ཀྱེ་མ་འཁོར་གྱི་རིག་པ་འཛིན་པ་རྣམས་ཉོན་ཅིག །ལེགས་པར་ཡིད་ལ་ཟུང་ཞིག །སྟོན་པས་བསྟན་པའི་ལུང་མ་ནོར་བར་ངས་རྣ་བའི་དབང་པོས་ཉན་ཏེ། ཇི་བཞིན་པ་རང་སྣང་བའི་དུས་ན། རིག་འཛིན་བརྡས་བརྒྱུད་པ་གསུམ་ཏེ། སྣང་བའི་བརྡས་དངོས་པོ་ཐམས་ཅད་མི་རྟག་པར་སྟོན། བྱས་པའི་བརྡས་འདུས་བྱས་ཐམས་ཅད་སྒྱུ་མར་སྟོན། སྒྲུབ་རྒྱུད་ཀྱི་བརྡས་ཐོག་མའི་རང་ས་དངོས་བསྟན་པའོ། །ཙཎྜ་པ་རི་ཧཾ་ཀ་ར། ཏྲི་ཀ་ལི་ཀ་དུར་ད་ར། ཏྲི་ཙནྟྲ་བྷ་བྷ་ཏི་ཧ་ཨ། བྷ་བྷ་ཏྲི་ས་ན་ཏྲི་ན་མ། རྡོ་རྗེ་སྤྱན་གཅིག་པ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ནི། གདོལ་བ་ལག་ན་ཀ་ཏིས་ནི། ཙཎྜ་ལོག་སྤྱོད་ཅན་ལ་བསྟན་ནོ། །སྣང་བའི་བརྡའ། མི་སྣང་བའི་བརྡའ། བྱས་པའི་བརྡའ། མ་བྱས་པའི་བརྡའ། ཉི་ཟླ་ཁང་པར་བཞུགས་པའི་བརྡའོ། །རྡོ་རྗེ་ལྟར་བསྒྲེང་བ། བུ་ཆུང་ལྟར་གནས་པ། རྡོ་རྗེའི་གླུས་བསྐུལ་བ། ལག་གི་འདུ་བྱེད་པ་

ལྐུགས་པ་ལྟར་གནས་པའོ། །མེ་བཞིན་འཇུག་པ། ཆུ་བཞིན་ཁྱབ་པ། ས་བཞིན་གནས་པའོ། །ཡུལ་རྒྱ་གར་ཕ་མཐའ། རྒྱ་ནག་པོའི་ཚུར་མཐའ་ན། བཤན་པའི་གྲོང་ཁྱེར་སྡིག་ཅན་ཞེས་བྱ་བ་ན། རིགས་ངན་གྱི་བུ་གདོལ་པ་ལག་ཀ་ཏི་ཞེས་བྱ་བས། སེམས་ཅན་ཐམས་ཅད་བསད་ཅིང་ཟོས་པས། མ་ཚིམས་ནས་རང་ཤ་རང་གིས་ཟོས་ཏེ།དེར་མི་རྣམས་འཕྱས་ནས་བྲག་ཕུག་ས་མན་ཀུ་ཏ་ལར་བྲོས་ནས། སྔར་ཁོའི་བཤན་པའི་གྲོགས་པོ་ཙཎྜ་ལོག་སྤྱོད་ཅན་ལ། ཁྱོད་ནི་ངའི་ལས་ཀ་དང་མཐུན་ནོ་ཟེར་ནས། རིགས་ངན་གྱི་ལས་གྱིས་ཤིག་ཟེར་ནས། ཁོ་རང་གི་འོད་མ་དང་། ཀ་ཏི་དང་རྒྱ་ལ་སོགས་པ་བྱིན་ནས། གསོད་གཅོད་ཀྱི་ལས་བྱས་སོ། །དེ་ཡ་ཆ།ཡུལ་བ་ར་ཎ་སི་ན། བྲམ་ཟེའི་རིགས་ཀྱི་བཙུན་མོ་མཛེས་མ་མེ་ལོང་ཅན་ཞེས་པ་གཅིག་ལ། ཡུལ་དེའི་གྱད་པ་སྐྱེས་པ་མི་བརྒྱད་ཀྱི་ཆུང་མར་གཏད་པས་མ་འཆམས་ནས། རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ན་རེ་བཙུན་མོའི་མེ་ལོང་ལ་མདའ་རྒྱོབ་ལ། སུས་ཕོག་ཅིང་ཕིགས་པ་གཅིག་གིས་ཁྱེར་ཅིག་ཟེར་ནས་བརྒྱབ་པས་སུས་ཀྱང་མ་ཕོག་མ་ཕེད་དོ། །དེ་ཡ་ཆ། ཡུལ་དུར་ཁྲོད་ཕུག་ལུང་ནག་པོ་ཞེས་བྱ་བ་ན། མུ་སྟེགས་ཁ་ལ་མེ་འབར་གྱི་སྒོ་དྲུང་ན། འཚུབ་མ་ནག་པོ་གཅིག་གི་ནང་ན། མེ་དམར་བྱ་ཕོ་ཙམ་པ་གཅིག་མ་ཤི་བར་འདུག་ཟེར་ཏེ། དེ་ཡ་ཆ། ཡུལ་དུར་ཁྲོད་བསིལ་བའི་ཚལ་ན། རྒྱལ་པོ་ཁང་བཟང་གི་བུ་མོ་འོད་ལྡན་མ་བྱ་བ་གཅིག་ལ། སྐྱེས་པ་བརྒྱ་ཡིས་ཆགས་པ་སྤྱད་པས། བུ་མོའི་འདོད་པ་མ་ཚིམས་ཟེར་ཏེ། དེ་ཡ་ཆ། ཡུལ་བྱ་རྒོད་ཕུང་པོའི་རིའི་ནམ་མཁའ་ལ་མེ་ལོང་གཅིག་གི་ནང་ནས་ཉི་མ་གཅིག་ཤར་ཟེར་ཏེ། དེ་ཡ་ཆ། དེ་ནས་གདོལ་པ་ལག་ན་ཀ་ཏིས་སེ་གོལ་གཏོགས་ཏེ། ནམ་མཁའ་ལ་གཟུགས་ཀྱི་སྐུ་བསྟན་ཏེ། པ་ར་སི་ཏི་ཀཾ་ཞེས་བྱ་བའི་སྒྲ་བྱུང་ནས་མི་སྣང་བའི་ངང་དུ་

གཤེགས་སོ། །དེར་བྱང་ཆུབ་སེམས་དཔའ་བརྒྱལ་ཏེ་སྣང་བར་གྱུར་ནས་གཉིས་སུ་མེད་པར་ཐིམ་པའི་དུས་ན། རྟོག་པ་སྐད་ཅིག་མར་གྲུབ་བོ། །ནམ་གྲོ་གཅིག་ཏུ་བརྒྱལ་ཏེ། སངས་ཙ་ན་དེ་ཉིད་དེ་བཞིན་ནོ། །རྡོ་རྗེ་སེམས་དཔའ་འགྱུར་བ་མེད་པ་མི་འགྱུར་ནམ་མཁའ་སྤུངས་ཞེས་བྱ་བ། རིག་འཛིན་བརྡའི་བརྒྱུད་པ། སྒྲ་ཐང་ལོག་ཏུ་བསྟན་པ་རྡོ་རྗེ་སྤྱན་གཅིག་པའོ། །པདྨ་འཁྱིལ་པའི་རྒྱུད། བརྒྱུད་པ་གསུམ་པ་ཞེས་བྱ་བ་ལས། དུས་གསུམ་གྱི་སངས་རྒྱས་དགོངས་པས་བརྒྱུད་པ་དང་། རིག་འཛིན་རྣམས་རིག་པ་བརྡས་བརྒྱུད་པ་བསྟན་པའི་ལེའུ་སྟེ་དང་པོའོ།། །།ཨཱརྱ་པྲཛྙཱ་ཙཀྵུ་རཏྣ་པ་ཙ་ཏནྟྲ་ནཱ་མ། དེ་ནས་རིན་པོ་ཆེ་གསེར་མིག་ལ་སོགས་ཏེ། དོན་སྐོར་ལྔའི་མན་ངག་གསུངས་པ་ནི། བཅོམ་ལྡན་འདས་མཉམ་པའི་ཆོས་ཉིད་ཞི་བ་ལས་མ་གཡོས་ཀྱང་། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་གཟུགས་ཀྱི་སྐུ་དཔལ་རྡོ་རྗེ་སེམས་དཔའ་ལྟ་བུར་སྤྲུལ་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་མངོན་དུ་གྱུར་པ་ནི་གདམས་ངག་རྣམ་པ་གཉིས་སུ་འདུས་ཏེ། དེ་མཚོན་པར་བྱེད་པ་གདམས་ངག་རྣམ་པ་ལྔ་ཚིག་དང་ཡི་གེའི་སྒོ་ནས་བསྟན་ཏོ། །དབང་པོ་རབ་འབྲིང་ཐ་མའི་དབང་དུ་དགོངས་ནས་ནང་སྐོར་དང་གསང་སྐོར་རྣམས། ཁ་སྐོང་དང་བཅས་པ་ནི་བླ་མའི་ཞལ་དང་དཀྱུས་སུ་སྦྱར་ནས་བཤད་དོ། །སླད་ཀྱི་ཚིག་གཉིས་ཀྱིས་ཞུས་ལེན་གྱི་སྒོ་དབྱེ། གཞུང་གི་ཚིག་བཞིས་མན་ངག་གི་ཀློང་བརྟོལ། མཇུག་གི་ཚིག་གསུམ་གྱིས་རྟོག་པའི་རྒྱ་བཅད། ཆེ་བའི་ཡེ་ཤེས་ཐུན་མོང་མིན་པའི་ཕྱིར་བཀའ་རྟགས་ཀྱི་ཕྱག་རྒྱས་གདབ། ད་ནི་གསེར་མིག་དྲིལ་ཏེ་བསྟན་པ་ནི། གསེར་མིག་རང་ལ་བཅར་ཏེ་བཤད། མཆོད་རྟེན་ལ་ཁྲི་འཕང་དགུར་བྱུང་བ་ནི། ཐེག་པ་དགུའི་རྟགས་སོ། །བུམ་པ་མན་ཆད་ནི་རྒྱུའི་ཆོས་ཏེ་ཉན་ཐོས་སོ། །དྲེ་ཕུལ་དང་སྲོག་ཤིང་ཡན་ཆད་ནི། འབྲས་བུའི་ཆོས་ཏེ་བྱང་ཆུབ་སེམས་དཔའོ། །འཁོར་ལོ་

ཡོངས་སུ་རྫོགས་པ་ནི་བླ་ན་མེད་པ་སྟེ་ཨ་ཏི་ཡོ་གའོ། །བཀྲ་ཤིས་སྒོ་མངས་ནི་ཐེག་པའི་སྒོ་བསམ་གྱིས་མི་ཁྱབ་པའོ། །མེ་ལོང་ནི་ཡེ་ཤེས་བཞིའོ། །དྲིལ་བུ་ནི་གསུང་འགག་པ་མེད་པའོ། །རིན་པོ་ཆེ་ནི་ཡོན་ཏན་ནོ། །དར་དཔྱངས་ནི་མཉེན་འཁྲིལ་པ་སྟེ། སེམས་ཅན་གྱི་དོན་ལ་ཆགས་ཀྱང་སྐྱོན་མེད་པའོ། །བྱ་རུ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་ནུབ་པ་མེད་པའོ། །ཏོག་ནི་མི་འགྱུར་བའོ། །ཐ་སྙད་ཀྱི་དབང་གིས་ཡང་དག་པར་གདགས་སུ་ཡོད་པ་དང་།གདགས་པ་ཙམ་དུ་ཡོད་པ་གཉིས་ལས། ཡང་དག་པར་གདགས་སུ་ཡོད་པ་ནི་ཆོས་ཀྱི་སྐུ་ཡིན་ལ། གདགས་པ་ཙམ་དུ་ཡོད་པ་ནི་དོན་སྤྱིའི་རྣམ་པའོ། སྟོང་པ་ལ་རྣམ་པ་གཉིས་ཏེ། དངོས་པོ་ལ་སྟོང་པ་དང་། དངོས་པོ་མེད་པ་ལ་སྟོང་པ་གཉིས། དངོས་པོ་ལ་སྟོང་པ་ནི་དོན་སྤྱིའི་རྣམ་པའོ། །དངོས་པོ་མེད་པ་ལ་སྟོང་པ་ནི་ཆོས་ཀྱི་དབྱིངས་སོ། །ཡོད་པ་ལ་རྣམ་པ་གཉིས་ཏེ། ཡང་དག་པ་མ་ཡིན་པར་ཡོད་པ་དང་། ཡང་དག་པར་ཡོད་པ་གཉིས་ཏེ། ཡང་དག་པ་མ་ཡིན་པར་ཡོད་པ་ནི་དོན་སྤྱིའི་རྣམ་པའོ། །ཡང་དག་པར་ཡོད་པ་ནི་ཆོས་ཀྱི་སྐུའོ། །བདེན་པ་ལ་གཉིས། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །ཀུན་རྫོབ་ཀྱི་བདེན་པ་ནི་རྨི་ལམ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་མི་འགྱུར་བའོ། །སྒྲོན་མ་རྣམ་པ་ལྔ་ནི་སྒོ་ལྔའི་རྣམ་པར་ཤེས་པས་གསལ་བའི་ངོ་བོ་སྟེ། སྟོང་པའི་ཚིག་དྲུག་ལ་རྒྱས་བཏབ་པས་ཆད་པའི་མཐའ་བསལ་ལོ། །སྟོང་པ་སྒྲོན་མ་ལྔ་ལ་རྒྱས་བཏབ་པས། རྟག་པའི་མཐའ་བསལ་བའོ། །རིག་པ་ཆོས་ཀྱི་སྐུ་ལ་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསླད་པའི་ཤེས་པ་ལ་སེམས་ཞེས་བྱའོ། །དེ་ལས་ཡིད་དྲན་བྱེད་ཀྱི་ཚོར་བ་ལ་སོགས་ཏེ། ཡིད་བཞི་གཅིག་ཏུ་འདུས་པ་ལ་ཀུན་གཞི་ཞེས་བྱ་སྟེ། དེ་ལ་སྒོ་ལྔའི་རྣམ་པར་ཤེས་པ་ལ་བརྟེན་ནས་བག་ཆགས་སྤྱོད་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་སྟེ་འཁོར་བའི་རྒྱུ་ཁོ་ནའོ། །ཀུན་གཞི་ཀུན་གྱི་གཞི་ཡིན་ཏེ། རྣམ་པར་བྱང་བའི་རྟེན་མ་ཡིན། བག་ཆགས་དང་བྲལ་བའི་ཤེས་པ་ནི། རང་སོ་ལ་འདུག་པའི་དུས་ན་ཆོས་ཀྱི་སྐུ་ཞེས་བྱ་ལ་བག་ཆགས་དང་

བྲལ་བའི་ཤེས་པ་ལ་ཡུལ་སྐྱེ་བའི་དབང་དུ་བྱས་པའི་ཚེ་ན། ཆོས་ཀྱི་སྐུའི་ཡེ་ཤེས་ཞེས་བྱའོ། །དེ་མ་ཡིན་པ་རྣམས་ལ་ནི། ལྟ་བའི་དངོས་པོ་གསུམ་ལ། མ་སྤངས་གནས་སུ་དག་པ་ཡེ་ཤེས་འོད་ཀྱི་ས་མ་བཙལ། རང་ལས་རྙེད་པ་ནོར་བུ་རིན་པོ་ཆེ། གཞན་གྱི་འོད་ལ་མ་བརྟེན་ཡེ་ཤེས་ཉི་མ་རང་ལ་ཤར། ཤར་བ་ཉིད་ན་ནུབ་པ་མེད། ལྟ་བའི་རྒྱབ་རྟེན་གསུམ་ལ། རྒྱུ་ལས་མ་བྱུང་བའི་འབྲས་བུ།ལུང་ལ་མ་བརྟེན་པའི་མན་ངག །སེམས་ལས་མ་བྱུང་བའི་སངས་རྒྱས་སོ། །བསྒོམ་པའི་དམིགས་དྲུག་ལ་སྣང་ལ་རང་བཞིན་མེད་པ་ནམ་མཁའ་ཆེན་པོ་ཡིན། ཅིར་ཡང་བསྒྱུར་དུ་བཏུབ་པས་སྤྲུལ་པ་ཆེན་པོ་ཡིན། མཐོང་རྟོགས་སྒྱུ་མའི་རང་བཞིན་རྣམ་རྟོག་ཅིར་མི་བསམ། བསམ་པ་ཀུན་སྤངས་ཡེ་ཤེས་མཚོ་མི་གཡོ། དེ་འདི་ང་ལས་མ་བསྐྱོད་ལྷན་ནེ་ཞོག །ལྷན་ནེ་ལྷང་ངེར་བཞག་ན་མཉམ་པ་ཆེན་པོ་ཡིན། ལུས་མི་བསྐྱོད། ངག་མི་བརྗོད། སེམས་སྒོ་དྲུག་འཁྲུལ་པ་ཡུལ་ལས་འདས་ནས། ཡུལ་སྤྲོས་པ་དང་བྲལ་བ་ནི་བསྒོམ་པའི་དོན་ཏོ། །ལྟ་བ་ཀུན་ཏུ་བཟང་པོ་ཁམས་གསུམ་ཐིག་ལེར་བཏབ། །སྤྱོད་པ་ཀུན་ཏུ་བཟང་པོ་འཁོར་བ་བདེ་བར་སྤྱོད། །དམ་ཚིག་ཀུན་ཏུ་བཟང་པོ་ཡེ་སྲུངས་གདེངས་དང་ལྡན། །ཕྲིན་ལས་ཀུན་ཏུ་བཟང་པོ་མ་བཙལ་ལྷུན་གྱིས་གྲུབ། །མདོ་དྲུག་ལ། ངོ་བོ་ཉིད་ཆོས་ཀྱི་སྐུ་དང་། ཡེ་ཤེས་ཆོས་ཀྱི་སྐུ་དང་། གནས་ལུགས་དང་། སྣང་ལུགས་དང་། ཆོས་ཀྱི་མཐར་གཏུགས་པ་དང་། མན་ངག་གི་ཀློང་རྡོལ་བའོ། མན་ངག་ཀློང་རྡོལ་བ་ལ་གཉིས་ཏེ། ཡོན་ཏན་གྱི་སྐུའི་ཀློང་རྡོལ་བ་དང་། མན་ངག་གི་མདོ་དྲུག་གིས་ཡེ་ཤེས་ཀྱི་མ་བུ་སྤྲད་དོ། །དང་པོ་འཁོར་བ་ཐོག་མ་མེད་པའི་གནས་ལུགས་ནས། གསེར་མིག་དབུས་སུ་རྫོགས་པར་བསྟན་པ་ནི། གསེར་མིག་ཁོ་ན་སྨྲ་བའི་ཚིག་གོ། །རིན་ཆེན་གསེར་དང་འདྲ་སྟེ་ཀུན་ལ་དཀོན། ཡེ་ཤེས་མིག་དང་རྟག་ཏུ་འགྲོགས་ཏེ། དེ་ཕྱིར་གསེར་མིག་ཞེས་ཀྱང་དེ་ལ་བྱ། པདྨ་འཁྱིལ་པའི་རྒྱུད་ལས། རིན་པོ་ཆེ་གསེར་མིག་གི་

མན་ངག་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་འཁོར་བའི་གྲུབ་ཚུལ་འདི་དག་བཀའ་སྩལ་ཏེ། དབྱིངས་ནི་འགྱུར་བ་མེད་པར་གནས། །གསུང་རྟོག་གང་གིས་བསྒྱུར་མིན་གནས། །འོད་གསལ་སྒྱུ་ལུས་སྣང་བ་དང་། །དེ་ནི་རང་བཞིན་རང་ཤར་གནས། །རྟོག་བཅས་ཡེ་ཤེས་རང་རིག་ནི། །མི་རྟོག་ཡེ་ཤེས་བདེ་ཆེན་གནས། །ཡིད་ཀྱི་རྣམ་རྟོག་དུ་མ་ལས། །རྟེན་འདྲེལ་བཅུ་གཉིས་སྲིད་རྩ་བཏོན། །གླིང་བཞི་རི་རབ་སྲིད་གསུམ་བཅས། །ཡུལ་དུ་ཤར་བར་ཆགས་ནས་སྲིད། །བག་ཆགས་ལུས་ནི་སྣ་ཚོགས་པ། །འགྲོ་བ་དྲུག་ཏུ་སྣང་བའོ། །རྡོ་རྗེ་སེམས་དཔས་མཁྱེན་པ་ལྟར། །སེམས་ཀྱི་བཞག་ཐབས་དབུགས་དབྱུང་བ། །བློ་བརྟན་བསྒོམ་པ་བརྟན་མི་བརྟན། །བཅོ་བརྒྱད་བདུད་དང་སྐྱོན་ཤར་ཡང་། །བསྒོམ་པའི་ཕྱོགས་སྣང་སྐྱོན་ལས་གྲོལ། །འཁྲུལ་པར་ཤེས་ནས་རང་རིག་དང་། །བདེ་བ་མི་རྟོག་ཐམས་ཅད་མཁྱེན། །རྩལ་དུ་ཤེས་ཨཱོཾ་ཨཱཿཧཱུཾ། །སྐུ་གསུམ་བཅོམ་ལྡན་རྡོ་རྗེ་འཆང་། །འཁོར་བ་གྲུབ་ཚུལ་ཤེས་པ་ནི། །འཁྲུལ་གཞི་དེ་ཉིད་བཟློག་པའོ། །དེ་ནས་འཆི་ཀ་མ་ལས་ཀྱི་རིན་པོ་ཆེས་འཁོར་བའི་མཐའ་བཅད་པ་སྐྱེ་བའི་སྒོ་དགག་པའི་ཐབས་མཆོག་ཏུ་གསུངས་པ། བདག་ནམ་འཆི་བའི་ཚེ་རླུང་རྣམ་པ་ལྔ་རིམ་གྱིས་ཞི་ནས། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ་ནས། ནང་གི་འབྱུང་བ་ལྔ་ཡུམ་གྱི་མཁའ་ཀློང་རྣམ་པ་ལྔ་ལ་ཐིམ། ཡུམ་ལྔ་རིགས་ཀྱི་ཡབ་རྣམ་པ་ལྔ་ལ་ཐིམ་སྟེ། ཡབ་ལྔ་སོ་སོའི་ཡིག་འབྲུ་ལྔ་ལ་ཐིམ་ནས། ཡིག་འབྲུ་ལྔ་ཡེ་ཤེས་ལྔ་ལ་ཐིམ། ཡེ་ཤེས་ལྔ་འོད་ཀྱི་གོང་བུ་ཚོན་གྱི་གྲུ་གུ་བསྡོགས་པ་བཞིན་གནས་སོ། །དེའི་རླུང་གིས་བསྐྱོད་ནས།གཡས་གཡོན་དུ་འབྱུང་སྟེ། འཆི་ཁ་མའི་གདམས་ངག་དྲན་པར་བྱས་ལ། མཛུབ་མོ་གཡོན་པའི་དྲེ་ག་ལ་ཡི་གེ་ཨ་གཅིག་བསམས་ནས་གཡོན་དགག་པར་བྱའོ། །དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ། །བྱང་ཆུབ་སེམས་

དཔའ་ཁྱོད་ལམ་དུ་འཇུག་པའི་ཚེ། གསང་བ་སྒོ་དགུའི་གནད་དགུ་ལ། །ཡི་གེ་མ་བུའི་སྦྱོར་བས་དགག །གསང་བའི་སྒོ་དགུའི་གནད་དགུ་ནི། །སྙིང་ག་ལྐོག་མའི་ཁ་ཕྱོགས་དང་། །མིག་གཉིས་དང་ནི་རྣ་བ་དང་། །ནོར་བུ་སྣ་ཡི་རྩེ་མོ་རུ། །སྔགས་བྲིས་པ་ནི་གདགས་པར་བྱ། །བསམ་པར་བྱ་བ་དོན་ལ་གསུངས། །ད་ནི་གསང་བའི་སྒོ་གསུམ་དབྱེ། །འཇུག་པ་དེ་ཡི་ཐོར་ཏོ་ནས། །ཚངས་པའི་སྐུད་པ་སུམ་བསྒྲིལ་ལ། །བདག་ཉིད་ལྷ་ཡི་སྲིན་ལག་ལ། །བཏགས་ཏེ་སྔགས་འདི་སྟོང་བཟླས་ན། །བཅུ་གཉིས་བཅུ་གཉིས་ཕྱི་སྒོ་ནས། །བདག་ཉིད་ཡེ་ཤེས་སེམས་དཔའ་ཉིད། །མེ་ལོང་ལྟ་བུའི་གཟུགས་བརྙན་ནི། །ཨཱོཾ་བཛྲ་སཏྭ་ཧཱུཾ། གསུང་གི་སྒྲ་ཡིས་བོས་པའི་ཚེ། །བདག་དང་གཉིས་མེད་ཐུགས་ཀར་ཐིམ། །སྐྱེ་བ་མེད་པའི་ལམ་བསྟན་པའོ། །རིག་པ་ལུ་གུ་རྒྱུད་དུ་དྲང་བ་ནི། །གང་ཞིག་གནས་ནས་ཐོན་པའི་ཚེ། །སྒོ་གསུམ་སྒོ་གསུམ་སྒོ་སྤྲད་དེ། །དབུགས་རེ་ཧཱུཾ་རེས་རྔུབ་པར་བྱ། །མཇུག་གི་ཧཱུཾ་ནི་ཨ་རུ་ཐིམ། །ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ། །ཆོས་ཉིད་རྣམ་དག་ངང་དུ་བསྡིམ། །དེ་ལ་གཉེན་པོས་བཤིག་ཏུ་མེད། །དེ་ནི་ཡང་དག་རྫོགས་པའོ། །འཆི་ཀ་མ་ལས་ཀྱི་རིན་པོ་ཆེ་རིག་པ་ལུ་གུ་རྒྱུད་དུ་དྲངས་པའོ། །རིགས་ཀྱི་བུ་ནམ་འཆི་ཀ་མའི་དུས་ཚེ། སངས་རྒྱས་ཉག་གཅིག་རྗེས་སུ་དྲན་པར་གྱིས་ཤིག །སྐྱེ་བའི་སྒོ་ཨས་ཁ་ཁོག་ཅིག །གཟུང་འཛིན་ཞིང་ཁམས་ལ་སྦྱོར་ཅིག །ཡི་གེ་གསུམ་གྱི་དོན་ཁོང་དུ་ཚུད་ཅིག །ལམ་ཆེན་འབྱུང་བའི་ཚེ་རི་དྭགས་ལྟ་བུར་ཤེས་པར་བྱའོ། །རིགས་ཀྱི་བུ་བར་མ་དོའི་ཤེས་པ་ལ་བདུད་ཀྱི་བསླུ་བ་བཅོ་བརྒྱད་འབྱུང་ངོ་། །སྒྱུ་ལུས་ཀྱི་ཕུང་པོ་ཨ་ལ་ཟློག་ཅིག །རྣམ་པར་རྟོག་པ་ཧཱུཾ་ལ་ཟློག་ཅིག །སྣང་བའི་སྤྱོད་ཡུལ་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཟློག་ཅིག །རིག་པ་ཤེས་རབ་ཆེན་པོ་ལ་ཟློག་ཅིག །ཤེས་རབ་ཀྱི་མདས་བག་ཆགས་ཀྱི་གཉིད་སད་པར་བྱའོ། །འོད་སྣང་བའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་

ངག་སྨྲས་པ།རིགས་ཀྱི་བུ་ཡེ་ཤེས་ཀྱི་བདེན་པ་མཐོང་བའི་དུས་སུ། ཤེས་རབ་མཁའ་ལས་གསལ་བའི་དུས་ན། འུབ་ཆུབ་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག །ཡེ་ཤེས་ལྔའི་འོད་སྣང་བའི་དུས་སུ། རིན་པོ་ཆེ་ཨའི་རྒྱས་ཐོབ་ཅིག །སངས་རྒྱས་ཀྱི་ཞིང་ཁམས་སྣང་བའི་དུས་སུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྒྱས་ཐོབ་ཅིག །ཅེས་གསུངས་སོ། །པདྨ་འཁྱིལ་པའི་རྒྱུད་ལས་འཁོར་བ་གྲུབ་ཚུལ་དང་། རྒྱ་མདུད་གསུམ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཟ་འོག་བེར་ཁྱིམ་དང་ཐེག་པའི་འཁྲུལ་འཁོར་གསུངས་པ། ཐོག་མར་མ་རྟོགས་འཁོར་བ་མ་བྱུང་། རྟོགས་པས་སངས་རྒྱས་མ་བྱུང་བའི་སྔོན་རོལ། སྒྲིབ་གཉིས་སྦྱངས་ཤིང་ཚོགས་གཉིས་བསགས་ནས་སངས་རྒྱས་པའི། སངས་རྒྱས་ཁ་མིག་སྣང་བ་ཅན་དུ་བཏགས་པ་ནི་ཅང་མི་བཞུགས་སོ། །འོ་ན་གང་ཞེ་ན།རིག་པ་ཀུན་ཏུ་བཟང་པོར་སངས་རྒྱས་ཏེ། ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ་དུ་གནས་ཏེ། ཕའི་རྒྱུ་དང་མའི་རྐྱེན་གྱིས་མ་བྱས་ཏེ། རང་བྱུང་ལྷུན་གྱིས་གྲུབ་པའོ། །སངས་རྒྱས་དང་སེམས་ཅན་དབྱིངས་གཅིག་པ་ཞེས་བྱ་སྟེ། དེ་ནི་འཁྲུལ་གཞིའོ། །འཁྲུལ་གཞི་ལས་འཁྲུལ་པ་དང་། མ་འཁྲུལ་པ་བྱུང་བ་ནི།སེམས་ཅན་འཁྲུལ་ནས་ལུས་ངག་ཡིད་གསུམ་དུ་གནས་པའི་དུས་ན་ཡང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས་པའོ། །རྟོགས་ཏེ་སངས་རྒྱས་སྐུ་གསུང་ཐུགས་མཐར་ཕྱིན་ཀྱང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཆོས་ཉིད་ལས་མ་འདས་སོ། །དེ་ལྟར་ཆོས་ཀྱི་སྐུའི་འཁོར་ནི་རང་བྱུང་ཡེ་ཤེས་ཏེ། སྒོ་ལྔ་ཡིད་དང་དྲུག་ནི་རང་བྱུང་ཡེ་ཤེས་ཀྱི་འཁོར་ཞེས་བྱ་སྟེ། ཡིད་ཀྱི་ཐོག་མར་རྟོག་བྱས་སུ་མ་བྱུང་། རྟོག་མེད་དུ་བྱུང་བའི་ཕྱིར། ཡིད་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །དོན་དེ་ལྟར་སངས་རྒྱས་ཡིན་པ་ལས། འཁོར་བ་ཇི་ལྟར་བྱུང་ཞེ་ན། འཁྲུལ་གཞི་ཡོད་པ་ལས་འཁྲུལ་པ་བྱུང་སྟེ།

ཆོས་སྐུ་དངོས་པོ་མེད་པ་ལས། ངོ་བོ་གཟུགས་བརྙན་དུ་སྣང་བ་དང་བཅས་པར་སྣང་སྟེ། དེ་ཡང་ཕྱོགས་གཅིག་ཏུ་རྒྱ་ཆད་པ་མེད་པས། སྣང་བ་བསམ་གྱིས་མི་ཁྱབ་པ་ཁྱབ་གདལ་དུ་གནས་པ་ལས། ཡིད་འགྲོགས་ཏེ་འདི་ལས་ང་བྱུང་ངམ། ང་ལས་འདི་བྱུང་སྙམ་པའི་བསམ་པ་དེ་ཙམ་བྱུང་བ་ལས། སེམས་ཅན་ཞེས་བྱའོ། །དེ་ཡང་འཁྲུལ་གཞི་ལ་ཡང་གཉིས་ཏེ། ནང་གི་འཁྲུལ་གཞི་ནི་ཆོས་ཀྱི་སྐུའོ། །ཕྱིའི་འཁྲུལ་གཞི་ནི་ཆོས་སྐུ་ལས་ཐ་མི་དད་པའི་ཆོས་ཀྱི་དབྱིངས་སོ། །ནང་དུ་ཆོས་ཀྱི་སྐུ་ངོ་མ་ཤེས་པས་འཁྲུལ་པ་མ་རིག་པའོ། །ཕྱིའི་འཁྲུལ་གཞི་ནི་ཆོས་ཀྱི་དབྱིངས་ལ། འཁྲུལ་པ་ནི་ཡུལ་ཐ་དད་པར་བལྟ་བའོ། །དེ་ལས་འཁྲུལ་པ་ཐ་དད་པར་བསྟན་ཏེ། ཆོས་སྐུ་ཡེ་ནས་སངས་རྒྱས་ཀྱང་། མ་རིག་པ་ཡི་རྒྱུ་ཙམ་ཡིན། དེ་ལ་ཡིད་དྲན་བྱེད་གཡོས་ནས། །ཀུན་ཏུ་ཚོལ་བའི་ཡིད་ཀྱིས་བཙལ། །གཏན་ལ་འབེབས་པས་ལེགས་པར་ཕབ། །ངེས་པར་འཇོག་པས་བཞག་ནས་བག་ཆགས་སྐྱེ། ལས་སྣ་ཚོགས་ཀྱིས་ཕུང་པོ་ཉིང་མཚམས་སྦྱར་ཏེ་རིགས་དྲུག་ཏུ་འཁོར་རོ། །དེ་ནི་ཉོན་མོངས་པའི་བདུད་ཡིན་ནོ། །ཉོན་མོངས་པའི་ཡིད་མ་དང་འདྲ། ཡིད་ཀྱི་རྣམ་པར་ཤེས་པ་ཕ་དང་འདྲའོ། །སྒོ་ལྔ་བུ་དང་འདྲ་སྟེ་ཕུང་པོའི་བདུད་ཡིན་ནོ། །དེ་ལས་འཁྲུལ་པ་ལྡོག་པར་བསྟན་ཏེ། ལྡོག་པའི་རྒྱུ་ནི་ཐིག་ལེ་དང་རྩལ་ཏེ། རྐྱེན་ནི་མེ་ལོང་ལ་བརྟེན་ནས་བཞིན་མཐོང་བ་བཞིན་དུ། རྡོ་རྗེ་སློབ་དཔོན་གྱིས་རྟག་པར་མཐོང་བའི་དོན་སློབ་མ་ལ་བསྟན་པས་དེའི་དོན་རྟོགས་མ་ཐག་ཏུ་ཡེ་ཤེས་སྐྱེའོ། །ལུང་བསྟན་རྐྱེན་གྱིས་འཁྲུལ་པ་བཟློག །འཁྲུལ་པ་ལོག་ན་ཡེ་ཤེས་སྐྱེ། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མདོ་སྡེ་དང་ཀྲི་ཡ་དང་ཨུ་པ་ཡ་དང་། ཡོ་གའི་དོན་དང་། མ་ཧཱ་དང་། ཨ་ནུའི་ཐེག་པ་བརྒྱད་ཀྱི་ལྟ་སྒོམ་ལས་ཁྱད་པར་དུ་གྱུར་པ། ཨ་ཏིས་གནས་ལུགས་ཆོས་སྐུ་སྟོན། ལྷའི་བུའི་བདུད་བཅོམ་མོ། །

ཐིག་ལེ་རྟོགས་པའི་ལམ་ནི། ལམ་ལ་གནས་པ། ལམ་གྱི་སྟོབས། ལམ་གྱི་འབྲས་བུ་ནི།ཆོས་ཀྱི་སྐུ་ཡེ་ཤེས་རང་སྣང་དང་། ལོངས་སྐུ་རིགས་ལྔ། སྤྲུལ་སྐུ་ཐུབ་པ་དྲུག་གིས་ནི། འཆི་བདག་གི་བདུད་བཅོམ་མོ། །ནང་རིག་པ་ཆོས་ཀྱི་སྐུ་དཔེའི་སྒོ་ནས་དོན་མཚོན་པར་བྱ་སྟེ། དེ་ཡང་ཕྱོགས་ཀྱི་ཆོས་དྲུག་གཉིས་ཀྱིས་བསྟན་ཏེ།ནམ་མཁའ་རྡོ་རྗེ་ཨ་དང་གསུམ། །པདྨ་ཉི་མ་རྒྱ་མཚོའི་འཇིང་། །རི་བོ་སེང་གེ་གླང་པོ་ཆེ། །བྱ་རྒོད་ཐི་བ་འཕུར་སྐྱེན་གསུམ། །ཡོན་ཏན་སོ་སོའི་དཔེ་རུ་བསྟན། །དེ་ལྟར་དཔེའི་སྒོ་ནས་རིག་པ་ཆོས་ཀྱི་སྐུ་རྟོགས་པས། ཉོན་མོངས་པའི་སྒྲིབ་པ་བསལ་ཏེ། ལྟ་བ་རྣམ་རྟོག་ཡེ་ཤེས་སུ་ལྡན་པ་ཞེས་བྱའོ། །དེ་ལྟར་ནང་རིག་པ་ཆོས་ཀྱི་སྐུ་ཡིན་ཕན་ཆད། ཡུལ་ཆོས་ཀྱི་སྐུའི་སྣང་བ་སྟེ། དཔེར་ན་ཉི་མ་ལས་འོད་དང་། ཡིད་བཞིན་ནོར་བུ་ལས་དགོས་འདོད་དང་། རྒྱ་མཚོ་ལས་རླབས་བཞིན་ཆོས་ཀྱི་སྐུ་དངོས་པོ་དང་ཁ་དོག་དང་། དབྱིབས་སུ་མ་གྲུབ་པའི་ཕྱིར་རོ། །རིག་པའི་རྒྱུད་ལས། ཡུལ་ནི་སྣང་ལ་རང་བཞིན་མེད་ཅེས་བྱ་སྟེ། དེ་ཡང་མིག་ལ་སོགས་པ་སྒོ་ལྔའི་དབང་དུ་བྱ་སྟེ། རྟོགས་རུང་མ་རྟོགས་རུང་། སངས་རྒྱས་རུང་མ་རྒྱས་རུང་སྣང་བའོ། །དེ་ཡང་སེམས་ནི་སྣང་ལ་དངོས་པོར་འཛིན་པའོ། །ཤེས་པ་ནི་ཕྱིན་ཅི་མ་ལོག་པ་སྟེ། ཐིག་ལེའི་རྩལ་ཐིག་ལེར་གཅིག་པས། ཕྱི་ནང་དུ་བསྡུས་ཏེ་ཐིག་ལེ་ལ་བརྟག་པ་དེ་ལྟར་ཐིག་ལེ་ལ་བརྟགས་པས། དངོས་པོ་ཁ་དོག་ཇི་ལྟ་བུར་ཡང་མ་མཐོང་བའི་ཕྱིར་རོ། །ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་རྟོགས་ཏེ། རང་བཞིན་མེད་པ་ཞེས་བྱའོ། །དེ་ལྟར་ཐིག་ལེའི་རྩལ་ཐིག་ལེ་ལས་ཐ་མི་དད་པར་རྟོགས་པ་དེ་ཉིད་ལས། སྣང་བའི་ལས་བསམ་གྱིས་མི་ཁྱབ་པ་ཞེས་བྱ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཞེས་བྱ། དོན་དེས་ཤེས་བྱའི་སྒྲིབ་པ་དག་ནས། མ་སྦྱངས་བཞིན་དུ་སྒྲིབ་གཉིས་བྱང་། མ་བསགས་བཞིན་དུ་ཚོགས་གཉིས་རྫོགས་

ཞེས་བྱའོ། །དེ་ལྟར་ཆོས་ཉིད་ཡུལ་དུ་བྱེད་པ་ནི། ལོག་པར་བལྟ་བའི་རྒྱ་མདུད་བཅད་པ་ཞེས་བྱའོ། །སྙིང་པོ་བྱང་ཆུབ་ཉིད་དུ་སོང་བས་ལྟ་བ་གཟའ་གཏད་དང་བྲལ་བ་ཞེས་བྱ། ཐིག་ལེ་རྟོགས་པའི་ཡེ་ཤེས་ཐིག་ལེ་ཉིད་ཀྱི་ངང་དུ་ཐིམ་སྟེ། ཆོས་སྐུ་ཇི་བཞིན་དུ་གནས་པའི་ངང་ནས། ཡེ་ཤེས་མཉམ་པར་བཞག་པ་དང་མ་བཞག་པ་ལས་འདས་པའོ། །དེ་ཅིའི་ཕྱིར་ཞེ་ན། འབྲས་བུ་རང་ཡིན་པར་ཐག་ཆོད་པའི་ཡེ་ཤེས། ཐིག་ལེ་རྒྱ་མཚོ་དང་འདྲ་བའི་ནང་དུ་ཡེ་ཆུད་པའི་ཕྱིར་རོ། །ཡེ་ཤེས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དེ་རྟོགས་པའི་ཡེ་ཤེས་དེ་ཉིད་མི་བསྒོམ་སྟེ། བསྒོམ་པའི་བློ་དང་བྲལ་ནས་ཆོས་སྐུ་རང་ལུགས་སུ་གནས་པའོ། །ཐིག་ལེ་ཆོས་ཀྱི་སྐུ་ལ་རྟོག་པ་མེད་པ་ནི། བསྒོམས་ནས་མེད་པ་མ་ཡིན་ཏེ། དེ་ཐོག་མ་ནས་ཀྱང་མེད་ལ། ད་ལྟ་ཡང་མི་སྐྱེ་ཕྱིས་ཀྱང་མི་འབྱུང་བའི་ཕྱིར་རོ། །ཏིང་ངེ་འཛིན་གྱི་གཞི་ནས་འཕགས་པ་ཞེས་བྱ། བྱས་ཟིན་པའི་ཆོས་ལ་བྱར་མེད་དེ་ཨ་ནུ་མན་ཆད། འབྲས་བུ་ལམ་དུ་གྱུར་པ་ཡིན་ནོ། །འདིར་ཨ་ཏི་འབྲས་བུ་ཉིད་ཀྱི་ངང་ལ་གནས་པའི་ཕྱིར། དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། སངས་རྒྱས་ངང་ལ་གནས་པའོ། །ཐོག་མར་རྟོགས་པ་ཡང་ཆོས་ཀྱི་སྐུར་རྟོགས་ལ། བར་དུ་གནས་པ་ཡང་ཆོས་ཀྱི་སྐུའི་ནང་དུ་གསལ། ཐ་མ་འབྲས་བུ་ཡང་ཆོས་ཀྱི་སྐུ་ཉིད་ལས་གཞན་དུ་མ་གྱུར་པས། ཕྱིས་ཀྱང་དེ་ལས་མི་འགྱུར་བ། དུས་གསུམ་འཕོ་འགྱུར་མེད་པ་ནི། རྫོགས་པ་ཆེན་པོར་ལ་བཟླ་བའོ། །དོན་ཆོས་ཉིད་ལས་མ་གཡོས་ན། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཅི་བྱས་ཀྱང་། འབྲས་བུ་ལ་མི་རེ་བའི་ཕྱིར་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱའོ། །འཁྲུལ་གཞིའི་དོན་ལྔ་པ་ཞེས་བྱ་བ། ཟ་འོག་བེར་ཁྱིམ་གྱི་དགོངས་པ་གསུངས་པའོ། །དེ་ནས་ཐེག་པའི་འཁྲུལ་འཁོར་གསུངས། མུན་པའི་འཁོར་སྒོར་བྱུང་བ་ནི། རྟག་པའི་ལྟ་བ་དང་། ཆད་པའི་ལྟ་བ་མུ་སྟེགས་པའོ། །སྤྱོད་པའི་འདྲེན་སྒོར་བྱུང་བ་

ནི། ཉན་ཐོས་ཀྱི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །རང་རྒྱལ་གྱི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །སེམས་ཙམ་གྱི་ལྟ་བ་དང་། བསྒོམ་པ་དང་། འབྲས་བུའོ། །དབུ་མ་པའི་ལྟ་བ་དང་། བསྒོམ་པ་དང་། འབྲས་བུའོ། །ཐབས་སྦྱོར་སྒོར་བྱུང་བ་ནི། ཀྲི་ཡའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ཡོ་གའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ཐབས་ཀྱི་ངེས་པའི་གསང་སྒོ་ནི། མ་ཧཱའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །ཨ་ནུའི་ལྟ་བ་དང་། བསྒོམ་པ་དང་། སྤྱོད་པ་དང་། འབྲས་བུའོ། །རྫོགས་པ་ཆེན་པོའི་ལྟ་བ་གཞིའི་དོན། །ཡེ་ནས་ལྷུན་རྫོགས་བདེ་བ་ཆེན་པོའི་ངང་། །སྤྲོས་མེད་མཁའ་ལ་ཉི་ཤར་བཞིན་དུ་གནས། །པདྨ་འཁྱིལ་པའི་རྒྱུད་ལས། ཐིག་ལེའི་འཁྲུལ་འཁོར་ཟ་འོག་བེར་ཁྱིམ་གྱི་ལེའུ་སྟེ་བཞི་པའོ།། །།དེ་ནས་མན་ངག་གི་ཚིག་གསུམ་གསུངས་སོ། །དང་པོ་འཁོར་འདས་ཆོས་རྣམས་ཀུན། །རང་བཞིན་ལྷུན་གྲུབ་བཅིང་གྲོལ་མེད། །ངོ་བོ་ཉིད་ནི་ཆོས་ཀྱི་སྐུ། །ཇི་བཞིན་པ་ཡི་རྡོ་རྗེ་འཆང་། །རང་དུ་རྩལ་ཤར་དེ་ལས་གྱེས། །མ་རྟོགས་ཡུལ་སེམས་ཡུལ་གསུམ་ཡང་། །འགྲོ་བ་དྲུག་ཏུ་སྣང་བ་ཀུན། །ཆོས་ཀྱི་སྐུ་ལས་གཡོས་པ་མེད། །རྣལ་འབྱོར་དབང་ཕྱུག་ཆེན་པོས་རྟོགས། །རྡོ་རྗེ་སེམས་དཔའ་ཐུགས་རིག་པ། །ཀུན་བཟང་ཡེ་ནས་རྫོགས་སངས་རྒྱས། །མ་བཅོས་ངང་དུ་རང་ས་ཟིན། །འཁྱགས་རོམ་ཆུ་རུ་ཞུ་བ་འདྲ། །ཐ་མ་རང་སར་སླེབ་པ་ནི། །ལུས་ཉིད་ཡེ་ཤེས་སྤྱན་གྱུར་པས། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་སངས་རྒྱས་སྐུ། །ཡུལ་གྲོལ་ཆོས་ཀྱི་དབྱིངས་ན་གནས། །ལུས་གྲོལ་ཡེ་ཤེས་ཆེན་པོ་ལ། །སེམས་གྲོལ་རིག་པ་ཆོས་ཀྱི་སྐུ། །རྣམ་གྲོལ་གསུམ་ལ་མཁས་པ་ཡིན། །དང་པོ་བར་དང་ཐ་མ་གསུམ། །ཆོས་སྐུ་ཐིག་ལེ་ཉག་གཅིག་གནས། །

ཤིན་ཏུ་སད་པ་སད་པའི་བདག །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །པདྨ་འཁྱིལ་པའི་རྒྱུད་ལས། མན་ངག་ཚིག་གསུམ་གྱིས་སྐུ་གསུམ་ཐིག་ལེ་ཉག་གཅིག་ཏུ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དུས་མཉམ་པ་ཆེན་པོ་གསུངས་སོ། །འདས་པའི་དུས་མ་བྱོན་པའི་སྔོན་རོལ་ན། སངས་རྒྱས་ཉག་གཅིག་ཅེས་བྱ་བ། རྒྱུས་མ་བྱས་རྐྱེན་གྱིས་མི་འཇིག་པ། འོད་དང་འོད་ཀྱི་ཚུལ་དུ་གནས་པས་སོ། །ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། དང་པོ་ག་ནས་འོང་སངས་རྒྱས་ཉག་གཅིག་ནས་འོང་། ད་ལྟ་ག་ན་གནས། ཉོན་མོངས་པ་ལྔ་ལ་གནས། ཐ་མ་གང་དུ་འགྲོ། སངས་རྒྱས་ཉག་གཅིག་ཏུ་འགྲོ། ཡང་དག་པའི་འཁྲུལ་གཞི་བཅད་པ་ཞེས་བྱའོ། །དུས་མཉམ་བདུན་པའི་མན་ངག་ལས། དང་པོ་འཁྲུལ་གཞི་རྩད་ནས་ཆོད་པ་དང་།བར་དུ་འཁྲུལ་པ་གཞི་ལས་ལོག་པ་དང་། ཐ་མ་སངས་རྒྱས་པ་དང་གསུམ་དུ་མཉམ་མོ། །རྡོ་རྗེ་སེམས་དཔས་ཞུས་པ། བདག་སངས་རྒྱས་པས་ཆོག་གམ་ཞེ་ན། མི་ཆོག་སྟེ་ཐུགས་རྗེ་འབྱུང་དགོས་སོ། །ཐུགས་རྗེ་འབྱུང་བའི་དུས་ཅི་ལྟར་ལགས། བཀའ་སྩལ་པ། ཐུགས་རྗེ་དེ་ལ་གཉིས་ཏེ། ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་ནི་འདུལ་བའི་ངོ་གང་ངོ་། །ཐུན་མོང་མ་ཡིན་པ་ནི་བྱིན་གྱིས་རླབས་ལས་འབྱུང་བ་སྟེ། དེས་ནི་བདག་དབུགས་ཆད་པ་དང་། ཡེ་ཤེས་ཀྱི་སྣང་བ་དག་པ་དང་། གཟུགས་སྐུ་གཉིས་བྱོན་པ་དང་བཞི་དུས་མཉམ་མོ། །ལོངས་སྐུ་མི་འགྱུར་རོ། །སྤྲུལ་སྐུ་འགྲོ་དྲུག་ལ་རེ་རེ་འབྱུང་བ་ནི་ཉི་མའི་ཟེར་ལྟ་བུའོ། །དེ་ཡང་དཔེར་ན་ཉི་མ་དང་འོད་བཞིན་ནོ། །རྡོ་རྗེ་སེམས་དཔའི་སྤྱན་གྱི་རྣམ་དག་གསུངས་པའོ། །ཐུགས་རྗེ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་ལམ་གང་ལགས། མན་ངག་ཐམས་ཅད་ཀྱི་དོན་གྱི་ཐུགས་གར་གཏུགས། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐར་ཐུག་པའི་ཚད་ཅིས་བཟུང་། རྩོལ་པ་དང་བྲལ་བའི་སྐབས་ཇི་ཙམ་ན་

ལགས། ཞེས་རྡོ་རྗེ་སེམས་དཔའ་ཉིད་ལ་ཉིད་ཞུས་སོ། །དེ་ནས་ཡང་རྡོ་རྗེ་སེམས་དཔས་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་ནས། ཉིད་ལ་ཉིད་ལན་བཏབ་པ། སངས་རྒྱས་ཐམས་ཅད་ཀྱི་ལམ་ནི་གཉིས་དངོས་གཞི་རྣམ་པ་ལྔའོ། །མན་ངག་ཐམས་ཅད་ཀྱི་དོན་གྱི་ཕུགས་ནི་སངས་རྒྱས་ཉག་གཅིག་ཏུ་འདུག་གོ། །སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པའི་ཚད་ནི་སེམས་རིག་པའི་དབང་དུ་འདུས་པའོ། །རྩོལ་བ་དང་བྲལ་བའི་སྐབས་ནི་མི་མཉམ་པའི་སྤྱོད་པ་ཀློང་དུ་བརྡལ་བའོ། །རྡོ་རྗེ་སེམས་དཔའ་ཐུགས་རྣམ་པར་དག་པ་གསུང་ངོ་། །རྡོ་རྗེ་སེམས་དཔའི་མན་ངག་གི་ལུང་ངེས་པ་འདི་ལ་གསུམ་སྟེ། སྙིང་པོ་ལ་སྙིང་པོ་ཤར་བས་སྙིང་པོ་ཁྱབ་གདལ། མི་འགྱུར་བ་ཀློང་ཡངས་པས་མཐའ་དབུས་སུ་བསྡུའོ། །དབུས་རྒྱ་མ་ཆད་པས་འབྲས་བུ་དཀའ་ཐུབ་དག་པའི་ཡེ་ཤེས་རང་སྣང་ངོ་། །དེའི་ཕྱིར་ཕུགས་གཏིབ་བོ། །རྩེར་ཆིབ་ལྷུན་གྱིས་གྲུབ། འཁོར་བ་ལོགས་ན་མེད། རྩ་བ་ཉག་གཅིག་ཏུ་ཐག་བཅད། རྡོ་རྗེ་སེམས་དཔའི་གསུང་གི་རྣམ་པར་དག་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། དུས་མཉམ་བདུན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་རྡོ་རྗེ་སེམས་དཔའི་སྐྱེ་རྒྱུད་གསུངས་པ། ཆོས་སྐུ་མཁའ་འགྲོ་གཟུགས་སྐུ་མཛེས་དགུར་ལྡན། །གཟུང་འཛིན་རྟོག་མེད་ཅིར་ཡང་ས་ལེ་མཁྱེན། །ཀུན་མཁྱེན་འགག་མེད་ཡེ་ཤེས་ནམ་མཁའ་འདྲ། །བྱ་བྲལ་ལྷུན་རྫོགས་མ་བཅོས་བདེ་བའི་ངང་། །ངོ་བོ་ཉིད་ལ་གནས་པ་ཡིན། །མཁྱེན་པའི་ཡེ་ཤེས་སྐུ་མངའ་བ། །མ་བཅོས་མཁའ་འདྲ་ལྷུན་རྫོགས་སྐུ། །མི་བསྐྱོད་དབྱིངས་ནས་རང་བྱུང་བས། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཚིག་གསུམ་འབྱུང་བ་བཞི་ཡི་གཏེར། །གཞན་གྱིས་མ་ཡིན་རང་བྱུང་སྐུ། །སྙིང་པོ་ཁྱབ་གདལ་མཉམ་པའི་དབྱིངས། །སྣང་བ་ཆོས་ཉིད་མ་བཅོས་བཞི། །འགགས་མེད་མེ་ལོང་ཡེ་ཤེས་གཞལ་ཡས་ཁང་། །སྣང་མེད་མཁའ་ལ་འཇའ་ཚོན་སྐུ། །ཚིག་གསུམ་སྣང་བའི་ཆོས་ཉིད་ནི། །

སངས་རྒྱས་རིན་ཆེན་ཟ་མ་ཏོག །ཐོག་མར་སངས་རྒྱས་ངོ་སྤྲད། བར་དུ་ཚིག་དང་བཅད། ཐ་མར་ཡེ་ཤེས་ལ་བཟླ། ཐོག་མར་རྒྱུས་མ་བྱས་པས། ད་ལྟ་འབྲས་བུ་གཞན་ལ་མི་རེ། དང་པོ་རྐྱེན་གྱིས་འཁྲུལ་པས། ད་ལྟ་རྐྱེན་ལ་རག་ལུས། ཐ་མ་རྐྱེན་གྱིས་གཞི་བསླངས་ནས་འཁྲུལ་པ་གཞི་ལ་ལྡོག་གོ། །རྒྱུའི་རྐྱེན།བདག་པོའི་རྐྱེན། དམིགས་པའི་རྐྱེན། མཚུངས་པ་དེ་མ་ཐག་པའི་རྐྱེན། རྐྱེན་གྱི་འབྲས་བུ་རྒྱུར་ཤར། ཡང་རྐྱེན་གྱིས་རྒྱུ་འབྲས་བུར་སློངས། རྐྱེན་གྱིས་ཆོས་སྐུ་མ་རིག་པར་འཁྲུལ། རྐྱེན་གྱིས་མ་རིག་པ་རིག་པར་ཤར། སེམས་ཅན་དང་སངས་རྒྱས་དབྱེ་བའི་དུས་སུ་བྱིན་གྱིས་བརླབས། བཤད་པ་ཡང་རང་རིག་པའི་ཤེས་རབ་ཀྱིས་བཤད་པས། བྱིན་གྱིས་བརླབས་ཀྱིས་བཤད་པའོ། །ཀུན་ཏུ་བཟང་པོ་ནི་སེམས་ཅན་ཐམས་ཅད་སྤྱིར་ཐུན་མོང་དུ་ཁྱབ་ཅིང་གནས་པའི་ཡེ་ཤེས་སོ། །དེ་ནི་ཆོས་ཀྱི་སྐུ་ཞེས་བྱའོ། །རྡོ་རྗེ་སེམས་དཔས་ཀུན་རིག་ཅིང་མཁྱེན་པས། ཀུན་རིག་རྣམ་པར་སྣང་མཛད་ཅེས་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའོ། །རྡོ་རྗེ་སེམས་དཔའི་སྐུས་དངོས་སུ་ཆོས་བསྟན་པས། སྤྲུལ་པའི་སྐུ་ཞེས་བྱའོ། །བྱིན་གྱིས་བརླབས་པའི་བཤད་དུས་ནི། རྡོ་རྗེ་སེམས་དཔའ་རང་དབང་ཐོབ་པའི་དུས་སུ། ཆོས་ཉིད་མ་དང་འཕྲད་པའི་དུས་ནི། ལེན་མ་མྱོང་བའི་ལུས་བླང་།མཐོང་མ་མྱོང་བའི་ཡུལ་མཐོང་། ཤེས་མ་མྱོང་བའི་གཏམ་ཤེས་པའོ། །དེ་ནས་འཁོར་བའི་རུ་བཟློག །སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་བསྒྱུར། འཁོར་བའི་འདམ་རྫབ་རྡོ་རྗེའི་རྫོང་བཅས་པའོ། །རྡོ་རྗེ་སེམས་དཔའི་སྐྱེ་རྒྱུད་གསུངས་པའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ལུས་ཀྱི་ཀུན་གཞིའི་མན་ངག་འདི་སྟོན་པས་འགྲོ་བ་ལ་གསུངས་སོ། །དྲན་པ་ཐམས་ཅད་ཀྱི་གཞི་རིག་པའི་ཡེ་ཤེས་སྤྲོས་ལ་མེད་པའི་ཐིག་ལེའི་རྟེན་ནི་འོད་ཀྱི་ཚུལ་དུ་གནས་སོ། །དེ་ལ་ཚེའི་རྟེན་གནས་པ་ནི། ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་བཞིན་

གནས་ཏེ། དེ་ཡང་དཔེར་ན་སྦྲ་དཀར་ནག་ཕུབ་པ་ལྟར་གནས་སོ། །རྩ་ཐམས་ཅད་ནི་ཐག་པ་བརྐྱངས་པ་ལྟར་གནས་སོ། །ལུས་ཀྱི་བག་ཆགས་ཀྱི་ཀུན་གཞི་ལ། ལས་ཀྱི་དབང་གཙོ་བས་ཚེའི་ཚད་ངེས་པ་མེད་དོ། །དེ་ལ་དབང་སེམས་དྲན་བྱེད་ཙིཏྟའི་དཀྱིལ་འཁོར་རང་རེའི་ཚོན་གང་འོད་ཀྱི་ཐིག་ལེར་གནས་སོ། །དེ་ཇི་ལྟར་གནས་ན། གསེར་གྱི་སྦུ་གུར་རིན་པོ་ཆེའི་སེའུ་བཅུག་པ་ལྟར་གནས་སོ། །དེ་ནི་ཆོས་ཀྱི་སྐུའི་གནས་སམ་རྟེན་ཡིན་ཏེ།ཤེས་རབ་ཀྱི་གཏིང་ཟབ་ཅིང་ཕྲ་བ་ཡང་དེའི་ཆ་ལས་འབྱུང་། ཉོན་མོངས་པའི་ཡིད་རྒྱུན་འདབ་སྦྱར་དུ་འབྱུང་བ་ཡང་། སྒོ་ལྔ་ལ་བརྟེན་ནས་འབྱུང་བ་ནི།ཀུན་གཞི་ལ་སྒོ་ལྔ་བརྟེན་པའི་ཕྱིར་རོ། །དེའི་མཚན་ཉིད་རྟོགས་པར་བྱ་བ་ནི་ཤིན་ཏུ་གཅེས་སོ། །གཉིས་སུ་མེད་པའི་ཡེ་ཤེས་རང་བྱུང་དུ་ཤར་བ་ནི་མ་རྟོགས། གློ་བུར་རྒྱུད་ལས་བྱུང་བའི་བློས་ལོག་པར་བརྟགས་པ་མ་རྟོགས་པས། སྲིད་པ་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་སྨིན་ནོ། །དེས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་བག་ཆགས་ཀྱིས་བསྒྲིབས། རྣམ་པར་སྨིན་པའི་རྒྱུ་མཐུན་པའི་འབྲས་བུ་གོས་དྲེག་གམ། ས་ལ་ཁ་བ་བབས་པ་བཞིན་བརྩེགས་པས། གཞི་ཆོས་ཀྱི་སྐུ་ལ་ཀུན་གཞི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསླད་དེ། ཤེས་རབ་ཀྱི་གཏིང་ཟབ་ཅིང་ཆ་ཕྲ་བ་ནི་བརྟག་དཀའ། ཉོན་མོངས་པ་རགས་ཤིང་ཡུལ་དུ་སྣང་བའི་དབང་གིས་ཁམས་གསུམ་དུ་འཁོར། རིག་པ་དྲན་བྱེད་ཀྱི་ཤེས་པ་ནི་འོད་ཀྱི་ཚུལ་དུ་གནས་སོ། །ཚད་ནི་ཉའི་མིག་ཙམ་མོ། །དེ་ལས་དྲོད་ཀྱི་དྭངས་མ་རྡུལ་ཙམ། དེ་ལས་ཁྲག་གི་དྭངས་མ་དེ་ལས་དབུགས་ཀྱི་དྭངས་མ་ཆགས་སོ། །ཁྲག་གི་དྭངས་མའི་ཁ་དོག་ཀྱང་། མཚལ་ལྕོག་ལ་མ་བཅག་པ་འདྲ་བ། ཆེ་ཆུང་གི་ཚད་ནི་བྱེའུ་ལེན་པའི་མགོ་ཙམ་མོ། །དེ་ལ་ཉོན་མོངས་པ་འདོད་ཆགས་རྒྱུའོ། །དབུགས་ཀྱི་དྭངས་མ་དྲོད་ལ་གནས་པ་ནི། དྲོད་ནི་ཁ་དོག་དང་རྫས་སུ་མ་གྲུབ་བོ། །དྲོད་ཆེ་ཆུང་གི་ཚད་ནི་གསེར་ས་འོག་ཏུ་བཅུག་པའི་

རླངས་པ་ཙམ་མོ། །དེ་ལ་ཉོན་མོངས་ཕྲག་དོག་རྒྱུའོ། །དང་པོ་ཤེས་པ་དྲན་བྱེད་ཀྱི་ཚོར་བ་ལས། རང་བྱུང་གི་ཡེ་ཤེས་ཤར་བ་ལ། ཆོས་ཉིད་རང་བྱུང་གི་རྩ་ཞེས་བྱ་སྟེ། དེ་ཡང་སྒོ་ལྔ་ལ་བརྟེན་པའོ། །དེ་ལ་འཛིན་པའི་ཉོན་མོངས་པ་གང་ཡང་མ་སྐྱེས་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ས་ཞེས་བྱའོ། །ཉོན་མོངས་པའི་རྒྱུན་འདབ་སྦྱོར་དུ་སྐྱེ་བའི་དབང་གིས་ཤེས་པ་གློ་བུར་དུ་འཆར་བས། གློ་བུར་རྒྱུད་ལས་བྱུང་བའི་རྩ་ཞེས་བྱའོ། །གློ་བུར་དེས་སྐྱོན་དང་ཡོན་ཏན་དབྱེ་བས། སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱའོ། །རྩ་ཐམས་ཅད་ཀྱི་དྭངས་མ་བཏུས་པ་དེ་ཡང་། ཁ་དོག་ནི་དར་དཀར་གྱི་སྐུད་པ་དང་འདྲ་བ། སྦོམ་ཕྲའི་ཚད་ནི་རྟ་རྔའི་ཉག་མ་གཅིག་བཅུར་གཤགས་པ་ཙམ་མོ། །དེ་ལ་ཉོན་མོངས་ཞེ་སྡང་རྒྱུའོ། །སེམས་ཅན་ཐམས་ཅད་ལ་དེ་བཞིན་དུ་གནས་པ་ནི་རྡོ་རྗེ་སེམས་དཔའ་ངས་མེ་ལོང་གི་གཟུགས་བརྙན་སྣང་བ་བཞིན་སྣང་སྟེ། རྟོགས་པའི་དུས་ན་ཤེས་རབ་གཏིང་ཟབ་ཅིང་། ཆ་ཕྲ་བ་དེ་བཞིན་དུ་སྣང་ངོ་། །མ་རྟོགས་པའི་དུས་ན་སྙིང་རྫིང་བུ་ལྟར་གནས། ཁྲག་ཆུ་ལྟར་གནས། རྩ་ཕུར་བ་ལྟར་གནས། ནད་འདུ་བ་རྣམ་བཞིས་གཞི་བྱས་ནས། རྐྱེན་ཕྲ་མོ་བསམ་གྱིས་མི་ཁྱབ་པར་འབྱུང་བར་མཁྱེན་པས། སྨན་ལྔས་ནད་ལྔ་ཞི་བ་དང་། གཏར་བ་དང་། བསྲེག་པ་དང་། བཀྲུ་བ་དང་བཞི་བསྟན་པ་ནི། རྡོ་རྗེ་སེམས་དཔས་བསྟན་ཏོ། །སེམས་ཅན་ན་བ་རྣམས་ལ་ནི་མི་རྟོག་པའི་ཏིང་ངེ་འཛིན་དང་།ཆོས་སྤྱོད་དགེ་བ་བཅུ་བསྟན་པའོ། །བལྟ་བའི་དངོས་པོ་དེ་བཞིན་ཉིད་གདོད་མ་ནས་སྒྲིབ་གཡོགས་དང་བྲལ་བ་ནི། སྔོན་བྱུང་གི་སངས་རྒྱས་རྟོགས་པའི་ཡེ་ཤེས་ཁོང་ནས་ཤར་བ་ནི་རྗེས་འཇུག་གི་སངས་རྒྱས་སོ། །ཞེས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་བ་ནི་མི་འཁྲུགས་པའི་སངས་རྒྱས་ལ་མ་བྱས་པའི་ཆོས་བསྟན་པའོ། །ཞེས་རྡོ་རྗེ་སེམས་དཔས་ལུས་ཀྱི་ཀུན་གཞི་གསུངས་སོ། །དེ་ནས་རྡོ་རྗེ་སེམས་དཔའི་

མན་ངག་ཚིག་གསུམ་གྱིས་སྣོད་བཅུད་ཀྱི་ཆགས་ལུགས་བསྟན་ཏེ། རིག་པ་རང་བྱུང་གི་སྐད་ཅིག་མ། རྒྱུན་འདབ་སྦྱོར་སྐྱེ་བའི་དབང་གིས། ཤེས་པ་བརྒྱུད་མར་བྱུང་བ་ནི་གཞི་སྟེ། ཆོས་དང་བག་ཆགས་གཉིས་མེད་འབྲས་ཤིང་མཚུངས། རྒྱུ་གཅིག་པ་དང་འབྲས་བུའི་ཚུལ་བྱིན་གྱིས་བརླབས་པ་དང་།མངོན་སུམ་པའོ། །དེའི་དུས་ནི་འཇིག་རྟེན་སྐོས་ཀྱི་བདག་གིས་སྣོད་བཅུད་དུས་ཀྱི་ཆ་བཟུང་བ་དྲུག་སྟེ་ལོ་ཟླ་བ་གཉིས། ཞག་ཟ་མ་གཉིས། དུས་ཚོད་ཚེས་གྲངས་གཉིས་ཏེ་དྲུག་གོ། །འཇིག་རྟེན་གྱི་མེས་པོ་རྣམས་ནི། ཁྱབ་འཇུག་དང་ཚོགས་བདག་གཉིས། འཇིག་རྟེན་གྱི་ཕྱི་མོ་གཉིས་ནི། གཞོན་ནུ་མ་དང་དབང་མོ་གཉིས། ཡོད་པར་བྱེད་པ་ནོར་གྱི་ལྷ་དང་། མེད་པར་བྱེད་པ་བིཥྞུ་རཱ་ཛ་གཉིས་དྲུག་གོ། །དེ་རྣམས་ཀྱི་པུ་ཎ་ཀ་སིཌྜྷའི་ནགས་ཚལ་དུ། མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་ལ་ཞུས་ཏེ། མཉྫུ་ཤྲཱི་ལྷེ་ཧུ་ལི་ཀ་ཧཱི། དྷཱ་རཱ་ཛ་བ་རི་མཉྫུ་ཤྲཱི་བྷྱཿ། ཞེས་ཞུས་པས། དྷ་ཧུ་ལི་ཀང་ཀོ་ར་ལི་ས་དྷ་ན་ད་ར་ན་ཧི།ཞེས་ལུང་བསྟན་ཏོ། །མན་ངག་ཚིག་གསུམ་གསུངས་པའོ། །དེ་ནས་རྡོ་རྗེ་སེམས་དཔའ་སྐུ་གསུམ་བསྲེ་བའི་མན་ངག་གིས་ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོ་ལ་ལ་བཟླ་བ་ནི། རིག་པ་རྩལ་གྱི་སྒོ་ནས་ཡེ་ཤེས་ཡོན་ཏན་དུ་བསྟན་པ་དང་།ཡེ་ཤེས་ཡོན་ཏན་གྱི་སྒོ་ནས་ཐུགས་རྗེའི་རྩལ་སྣང་བ་བསྟན་པའོ། །ཆོས་ཀྱི་སྐུ་རིག་པའི་རྩལ་མ་འགགས་པས་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་ལ་འཕོ་འགྱུར་མེད་པས་མི་འགྱུར་བའི་ས། །ཆོས་ཀྱི་སྐུ་ཐམས་ཅད་མཁྱེན་པའི་སྤྱན་དང་ལྡན་པས་སངས་རྒྱས་སྤྱན་ཞེས་བྱའོ། །ཆོས་ཀྱི་སྐུ་ཤེས་རབ་མི་གཡོ་བས། མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཐུགས་རྗེའི་རླན་དང་མ་བྲལ་བས་ཆུ་ཐམས་ཅད་ལ་ཐུན་མོང་དུ་ཁྱབ་པས་མ་ཞེས་བྱ་སྟེ་མཱ་མ་ཀཱིའོ། །ཆོས་ཀྱི་སྐུས་ཀུན་ལ་ཁྱབ་པས་སོ་སོར་རྟོགས་པའི་ཡེ་ཤེས། ཡེ་ཤེས་དེས་ཐམས་

ཅད་ལ་སྐྱོབ་པར་བྱེད་ཅིང་ཐུགས་རྗེས་མ་སྨིན་པ་སྨིན་པར་བྱེད་པས་མེ། སེམས་ཅན་གྱི་ལུས་ལ་དྲོད་ཁྱད་པར་གནས་པས་གོས་དཀར་མོ་ཞེས་བྱའོ། །ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་བཙལ་བར་ལྷུན་གྱིས་གྲུབ་པས་བྱ་བ་གྲུབ་པའི་ཡེ་ཤེས། ཡེ་ཤེས་དེའི་ཐུགས་རྗེའི་དབང་གིས་ཐམས་ཅད་བསྒྲལ་བས་རླུང་། ཕྱིར་མི་ལྡོག་པས་དམ་ཚིག་སྒྲོལ་མ་ཞེས་བྱའོ། །ཆོས་ཀྱི་སྐུ་ལ་ཡེ་ཤེས་ཡོངས་སུ་རྫོགས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཡེ་ཤེས་དེས་ཀུན་ལ་ཁྱབ་པས་ཐམས་ཅད་ཀྱི་གཞི་མ་ལྟ་བུ་དེ་ནམ་མཁའ། ཆོས་ཉིད་དེ་དུས་གསུམ་མི་འགྱུར་བས་ཀུན་ཏུ་བཟང་མོ་ཞེས་བྱའོ། །དེས་ཆོས་ཀྱི་སྐུ་ཟུང་ལྔ་ལ་བཅུ་དང་ལྡན་པ་སྟེ། རྩལ་གྱི་སྒོ་ནས་ཡོན་ཏན་དུ་བསྟན་པའོ། །ཡོན་ཏན་གྱི་སྒོ་ནས་རྩལ་བསྟན་པ་ནི། ལོངས་སྤྱོད་རྫོགས་པའི་སྐུ་ལྔ་ལས། རིགས་རེ་རེ་ལ་འདུལ་བའི་འཁོར། ངོ་གང་སོ་སོ་ཐ་དད་པར་འབྱུང་བས་ན། དཔེར་ན་ཉི་མའི་སྙིང་པོ་གཅིག་ལས་ཡུལ་གྱི་དབང་དུ་ཚིམས་པ་ལྟ་བུ་སྟེ། ཡུལ་རེ་རེ་ན་ཉི་མ་རེ་རེ་སྣང་བ་དང་འདྲ་སྟེ། དེ་བཞིན་དུ་ཆོས་ཀྱི་སྐུ་གཅིག་གིས་ཀུན་ལ་ཁྱབ་པར་བསྟན་པ་ནི།ཡོན་ཏན་གྱི་སྒོ་ནས་རྩལ་བསྟན་པའོ། །རྡོ་རྗེ་སེམས་དཔའ་སྐུ་གསུམ་བསྲེ་བའི་མན་ངག་གསུངས་སོ། །སརྦ་ཏ་ཐཱ་ག་ཏ་ཀྲ་ཐི། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡེ་ཤེས་རྩེ་གཅིག་པའི་སྙིང་པོ་ནི། སྐུ་གསུམ་ལྷུན་གྲུབ་ཀྱི་མན་ངག་གི་བཅུད་ཕྱུང་བའོ། །ཡེ་ཤེས་ཀྱིས་སྤྱན་ཡོངས་སུ་རྫོགས་པའི་མན་ངག་ཐམས་ཅད་མཁྱེན་པས་གསུངས་པ། གཟུང་འཛིན་དང་བྲལ་བའི་རིག་པའི་ཡེ་ཤེས། མཚན་མ་དང་བྲལ་བའི་ཆོས་ཉིད་ཀྱི་མཁའ་ལ་ཁྱབ་གདལ། ཆོས་ཉིད་ཀྱི་སྙིང་པོར་རིག་པའི་ཡེ་ཤེས་ཤར་བས། ཡེ་ཤེས་ཀྱི་སྙིང་པོ་རིག་པ་ཁྱབ་གདལ། རིག་པའི་ཡུལ་དུ་ཡེ་ཤེས་ཤར་བས། ཡེ་ཤེས་ཁྱབ་གདལ་འུབ་ཆུབ། ཡེ་ཤེས་ཀྱི་འོད་ཆོས་ཉིད་ལ་སྣང་བས། ཆོས་ཉིད་ཡེ་ཤེས་སུ་འུབ་ཆུབ།

རིག་པའི་ཡེ་ཤེས་རྡོ་རྗེ་སྙིང་པོའི་སྐུ། ལྷུན་གྱིས་གྲུབ་པའི་ཡེ་ཤེས། མི་གཡོ་བའི་ཤེས་རབ་འབྱེད་པ་མེད་པའི་སྐུ། མ་འགགས་པའི་ཡོན་ཏན་དེ་ཉིད་རང་བྱུང་གི་ཡེ་ཤེས་ཐུགས་རྗེའི་རྩལ་སྣང་ངོ་། །ཆོས་ཉིད་མཁའ་ལ་མི་སྣང་བའི་ཡེ་ཤེས་གདལ་ཁྱབ་པར་གནས། ཤེས་རབ་ཀྱི་སྟོབས་ཡེ་ཤེས་ལྔ་སྣང་བས། ཡེ་ཤེས་འོད་ཀྱི་ཚུལ་དུ་གནས་སོ། །བདེ་བའི་ཡེ་ཤེས་ལྷག་པའི་ཡེ་ཤེས་ལས་འཕགས། མཚན་མ་དང་བྲལ་བའི་རིག་པའི་སྙིང་པོའོ། །མེད་བཞིན་དུ་སྣང་བ་ཐམས་ཅད་མཁྱེན་ཏོ། །སྔོན་བྱུང་གི་གནས། མི་གཡོ་བའི་ཤེས་རབ་ཐམས་ཅད་ཀྱི་འབྱུང་གནས། འོད་མི་འགྱུར་བ། དུས་གསུམ་གྱི་ལམ་ཆེན་པོའོ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་གསང་བ་ནི། སེམས་ཅན་གྱི་དོན་དུ་གསང་སྔགས་པས་གསང་སྔགས་བླ་ན་མེད་པའོ། །ནམ་མཁའ་གཞལ་མེད་ཁང་དུ་སྣོད་བཅུད་ཀྱི་རྟེན་བཅས་ཏེ། མི་ལེན་པའི་མཛད་སྤྱོད་ཀྱི་ཀློང་དུ་དྲིལ་ནས། ཐབས་ཀྱི་ཡེ་ཤེས་ཀྱི་ཤེས་རབ་ཀྱི་རྫོང་ལ་ཞེན་ནོ། །རྡོ་རྗེ་སེམས་དཔའི་བཅུད་ཀྱི་སྙིང་པོ་ཐིག་ལེ་ཉག་གཅིག་གསུངས་སོ། །པདྨ་འཁྱིལ་པའི་རྒྱུད་ལས།སྐྱེ་རྒྱུད་དང་། ལུས་ཀྱི་ཀུན་གཞི་དང་། མན་ངག་ཚིག་གསུམ་དང་། སྐུ་གསུམ་བསྲེ་བ་དང་། ཐིག་ལེ་ཉག་གཅིག་སྟེ། གཞིའི་ཆོས་ལྔའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཐུབ་པ་ཆེན་པོ་དྲུག་གིས་རྡོ་རྗེ་སེམས་དཔའི་ཞལ་མཐོང་བ་འདི་གསུངས་སོ། །བཅོམ་ལྡན་འདས་མ་བྱོན་པའི་སྔོན་རོལ་ན། ཉིད་ཀྱི་རང་བཞིན་ཇི་ལྟ་བུ་ལགས། སྟོན་པ་ཇི་ལྟ་བུ་ལགས། བསྟན་པ་ཇི་ལྟ་བུ་ལགས། ཞིང་ཇི་ལྟ་བུ་ལགས་ཞེས་དྲིས་པ་དང་། ཉིད་ཀྱིས་སྨྲས་པ་ཉོན་ཅིག །ང་ནི་ཅིས་ཀྱང་མི་བསྐྱོད་དེ། །མི་འཁྲུགས་རྡོ་རྗེ་སེམས་དཔའ་ཡིན། །སྙིང་རྗེ་གཡོས་ནས་བསྐྱོད་པའི་ཕྱིར། །སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །སྟོང་པ་ཆེན་པོ་ང་ཡི་ཡུལ། །རྡོ་རྗེ་རིན་

ཆེན་ང་ཡི་གདུང་། །ཕ་ནི་ཐབས་མཆོག་དཔག་ཏུ་མེད། །ང་ནི་ཤེས་རབ་བརྗོད་ལས་འདས། །ང་ནི་རང་བྱུང་ཡེ་ཤེས་ཡིན། །མུན་སྣང་གཉིས་ཀྱི་བར་ནས་འོང་། །ཞེས་སྨྲས་པ་དང་། ཨེ་མའོ་མཐོང་ཡུལ་ཀུན་ཏུ་བདེ། །དོན་སྲིད་ཆེན་པོ་འབྱུང་འགྱུར་ན། །ནོར་བུ་རིན་ཆེན་མ་བརླགས་སམ། །ཞེས་ཞུས་པ་དང་། སྨྲས་པ། ནོར་བུ་རིན་ཆེན་བདུད་རྩི་འདི། །བཙལ་བས་རྙེད་པའི་གནས་མེད་དེ། །དྲུག་གི་ཆོས་བཞིན་ཡུལ་མིན་ནོ། །ཞེས་སྨྲས་པ་དང་། དེ་ནས་དྲུག་པོས་མགྲིན་གཅིག་ཏུ་རྡོ་རྗེ་འཆང་ལ་བསྟོད་པ། ཐུགས་རྗེ་ཆེན་པོའི་འོད་ཟེར་སྟོང་དང་ལྡན། །རང་བྱུང་ཆེན་པོ་བདག་ཉིད་སྐུ། །ཡེ་ནས་དག་པ་ཆོས་ཀྱི་སྐུ། །ལྷུན་གྱིས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ། །བྱ་བཙལ་བྲལ་བས་རྡོ་རྗེ་སྙིང་པོའི་སྐུ། །ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་ཕའོ། །ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་མའོ། །བདག་ཅག་རྣམས་ལ་སྐྱབས་དམ་པ་མཛད་དུ་གསོལ། ཐབས་དམ་པ་མཛད་དུ་གསོལ། བཤེས་གཉེན་ཆེན་པོས་ལུང་བསྟན་དུ་གསོལ།ཞེས་ཞུས་པས། ཡང་སྨྲས་པ། ཉིད་ཀྱི་རང་བཞིན་ནི་འགྱུར་བ་མེད་པའོ། །སྟོན་པ་ནི་ང་ཉིད་དོ། །བསྟན་པ་ནི་ང་ལས་བྱུང་བའི་ཆོས་སོ། །ཞིང་ཁམས་ནི་མཐུན་པའི་གྲོགས་སོ། །ཞེས་བཀའ་སྩལ་ཏོ། །རྡོ་རྗེ་སེམས་དཔའི་ཞལ་མཐོང་གསུངས་པའོ། །དེ་ནས་ཟ་མ་ཏོག་སྦ་བའི་མན་ངག་འདི་དག་ཡོངས་སུ་གསུངས་སོ། །ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་དེ་ལས་བྱུང་བའི་ཆོས་གསུམ། དེ་འཁྲུལ་པའི་རྐྱེན་བཞི། དེ་གསལ་དུ་མི་སྟེར་བའི་སྒྲིབ་པ་གཅིག །དེ་ལ་མཐུན་པའི་གྲོགས་ལྔ། དེ་རྟོགས་པར་བྱེད་པའི་ཐབས་བཞི་ལ། འཁྲུལ་པ་འདས་སུ་བལྟ་བ་དང་། མ་རིག་པ་གདར་ཤ་བཅད་པ་དང་། འཁོར་བ་རུ་བཟློག་པ་དང་། རིག་པ་བཞི་འཛིན་པའོ། །དེ་རྟོགས་བྱེད་མན་ངག་ལྔ་སྟེ། ཟླ་བ་མཚོན་པའི་དཔེ་ཕར་ལ་ངོས་བཟུང་བ་དང་། དོན་གྱི་སྙིང་པོ་ཚུར་ལ་ངོ་སྤྲད་པ་དང་། བརྒྱུད་པའི་

མན་ངག་གིས་ཐག་བཅད་པ་དང་། ཆོས་ཉིད་མ་དང་འཕྲད་པ་དང་། ཡེ་ཤེས་རང་ས་ཟིན་པ་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར་བའོ། །འགྱུར་བ་མེད་པའི་ལྟ་བར་ལ་བཟླ་བ་དང་། ཡིད་ཆེས་པའི་ལུང་གིས་རྒྱས་གདབ་པ་དང་ལྔའོ། །པདྨ་འཁྱིལ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཞལ་མཐོང་ནས། ཟ་མ་ཏོག་གི་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་བཞག་ཐབས་བདུན་པ་འདི་གསུངས་སོ། །བསྒོམ་པའི་མདོ་ལ་བཞི་སྟེ། བསམ་གཏན་དོན་ལ་གང་འཇུག་ལ། །བསྒོམ་མོ་སྙམ་པའི་ནད་ཀྱིས་ཟིན་ཏ་རེ། །སྟོན་པས་བསྟན་པའི་ལུང་ལ་མཐའ་གཅོད་པ། །མཚན་མའི་རྣམ་རྟོག་ཅན་དུ་གྱུར་ཏ་རེ། །བདེ་གཤེགས་ཡུལ་ནི་ཚིག་གིས་མཚོན་དུ་མེད། །སངས་རྒྱས་ཡུལ་དུ་བསྟན་པ་བདག་གིས་འཁྲུལ། །བསྒོམ་དུ་མེད་པའི་ལྟ་བ་ལ། །ཡེངས་པ་མེད་པའི་བློ་བཞག་སྟེ། །སྐྱེ་བ་མེད་པའི་དབྱིངས་ཉིད་དུ། །འཆི་བ་མེད་པའི་རིག་པ་བཞག །འདུ་འབྲལ་མེད་པའི་རང་བཞིན་ལ། །བཏང་སྙོམས་ཆེན་པོའི་དོན་གཅིག་བཞག །ཆགས་སྡང་མེད་པའི་བདེ་འཇམ་ལ། །སྤང་ལེན་མེད་པའི་དོན་གཅིག་བཞག །གཞི་རྩ་མེད་པའི་ཀློང་ཡངས་སུ། །ཁྱབ་གདལ་ཆེན་པོའི་དོན་གཅིག་བཞག །ཡེ་ནས་རང་བྱུང་ཆེན་པོ་ལ། །བརྗོད་པ་མེད་པའི་ཏིང་འཛིན་བཞག །གདོད་ནས་རྣམ་དག་ཆོས་དབྱིངས་ལ། །དམིགས་པ་མེད་པའི་འཛིན་པ་བཞག །ཡུལ་དུ་སྣང་བ་ཡུམ་གྱི་ཀློང་། །རིག་པར་སྣང་བ་ཡབ་ཀྱི་མཁའ། །མཁའ་ཀློང་གཉིས་སུ་ཐམས་ཅད་འདུས། །དེ་ལ་དཔེ་ཡིས་མཚོན་དུ་མེད། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱིས། །བཙལ་ཡང་རྒྱལ་བས་མི་རྙེད་དོ། །རང་བྱུང་བཙལ་མེད་བདེ་བ་རིག་པའི་ཀློང་། །འདུ་འབྲལ་མེད་པར་བྷ་གའི་རྒྱ་མཚོ་ལ། །ངང་གིས་མ་

ཆགས་པདྨ་འདམ་སྐྱེས་འདྲ། །ཀུན་ཏུ་བཟང་པོ་དངོས་མེད་ཀློང་ཆེན་ན། །དུས་གསུམ་རྒྱལ་བའི་ཕོ་བྲང་འགྱུར་མེད་བཏབ། །ངེས་པའི་དོན་ལ་མ་ཡེངས་གློ་བཞག་ན། །མི་འགྱུར་བསམ་གཏན་ཞེས་བྱའོ། །སྒྱུ་མ་ལྟ་བུའི་ཡེ་ཤེས་ལ་བློ་མི་བཞག །སངས་རྒྱས་ཀྱི་དགོངས་པ་དམིགས་སུ་མེད་དོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་ལ་བགྲོད་དུ་མེད་དོ། །ཡེ་ཤེས་ཀྱི་ལམ་ལ་འཇུག་ཏུ་མེད་དོ། །བྱང་ཆུབ་སྙིང་པོ་ཡེ་ནས་གྲུབ་ཟིན་པས། )ད་ལྟ་བསྒྲུབ་པའི་རྩོལ་བ་བྱར་མེད་དོ། །རང་བདག་ཏུ་ངོ་ཤེས་ནས་ཐ་མལ་བར་མཐོང་། ཕྱོགས་མེད་ཀྱི་ཡེ་ཤེས་འཕྱོ་བ་བདག་རྟོགས་ཀྱི་བློ་དང་བྲལ་བའོ། །ཞེས་བཞག་ཐབས་བདུན་པ་གསུངས་སོ། །པདྨ་འཁྱིལ་པའི་རྒྱུད་ལས། ཉམས་སུ་བླང་བ་བཞག་ཐབས་ཀྱི་ལེའུ་སྟེ་དགུ་པའོ།། །།དེ་ནས་མདོར་བསྡུ་བ་འདི་གསུངས་སོ། །སརྦ་ཏ་ཐཱ་ག་ཏ་ཀྲི་ཋེ། ད་མ་ཀྲི་ཀུ་རུ་ཡེ། མ་ནུ་ཕ་ལ་ཨ་ས། མ་ལ་མ་ལ། ར་ཛ་ཀ་ར། ཨ་པ་ར་དྷ། འཁྲུལ་གཞི་ལ་ཐོག་མ་མེད་དོ། །ཐ་མ་ཡང་མེད་དོ། །འཁྲུལ་པ་ལ་ཐོག་མ་ཡང་ཡོད་དོ། །ཐ་མ་ཡང་ཡོད་དོ། །ཁུག་པ་ལྔ་པ་ནི་ཡི་གེ་ལྔ་པ་མན་ངག་གི་རྩ་བ་ཡིན། ཡི་གེ་བཞི་པ་ནི་བརྡའི་མན་ངག་སྟེ་ཤེས་རབ་ཅན་ལ་བསྟན། ཡི་གེ་བཅུ་གཉིས་པ་ནི་མན་ངག་སྟེ་གཞི་གཏན་ལ་དབབ། བཤད་པ་གསུམ་པ་ནི་གཞིའི་གནས་ལུགས་ཏེ་ལས་ཀྱི་མཐར་ཐུག །དོན་མཚོན་པའི་ཡེ་ཤེས་ཁུག་པ་ཐ་མ་ཀླད་ལ་རྨོས། རང་རིག་གཏན་ལ་འབེབས་པའི་ཡེ་ཤེས་ཏེ། ལུང་མན་ངག་གིས་མི་ཕེབས། བརྡའ་དང་ངག་ལ་རག་མ་ལུས། རང་རིག་གཏན་ལ་འབེབས་པའི་གྲོགས། སྒལ་ཚིག་བཅུ་དྲུག་གིས་མཐའི་གེགས་བསལ། བལྟ་བ་གཅོད་དགུས་ཤེས་པའི་ཟག་བཅད། ལུང་རིགས་བློ་ཡིན་པའི་ཕྱིར་ལྟ་བ་ཁ་འབྱམས་ཀྱི་གཉའ་མནན། གནས་ལུགས་ལ་བསྒོམ་དུ་མེད་དོ། །བསྒོམས་པས་རྙེད་ན་གནས་ལུགས་མིན། ཁུག་པ་ལྔ་པས་སྤྱི་

བཅིངས་པའོ། །རྡོ་རྗེ་འཆང་ཆེན་མན་ངག་ནི། གང་འཁྲུལ་ཅིས་འཁྲུལ་ཅིར་འཁྲུལ་དེ་གང་གིས་ཤེས། ཅིར་ཤེས། ཅིས་ཤེས། ཐོག་མར་རང་གི་རྩལ་སྣང་བ་ལ་ངེས་པའི་བག་ཆགས་པས་ཡུལ་དུ་མར་སྣང་ངོ་། །ཤེས་པ་ལ་འཛིན་པའི་རྟོག་པ་གློ་བུར་བར་བྱུང་བས་སེམས་དུ་མར་སྣང་ངོ་། །དུ་མ་སྲིད་པར་ཆགས་སོ། །དེ་ཡང་དཔེར་ན་ཤེས་པ་གློ་བུར་དུ་སྣང་བའི་དབང་གིས། མར་མེ་གཅིག་ལས་གཉིས་སུ་ཕྱེ་བའམ། ས་བོན་གཅིག་ལས་མྱུ་གུ་ཐ་དད་དུ་སྣང་བ་བཞིན། ཤེས་པ་སྔ་མ་ལས་རང་རིག་སྣང་བ་ལ་འཛིན་པའི་བློས་ཡུལ་བདག་ཏུ་བཟུང་། དེས་སེམས་དང་སེམས་ལས་བྱུང་བའི་ཆོས་དུམ་སྣ་ཚོགས་སུ་སྣང་ངོ་། །ཤེས་པ་རྒྱུན་འདབ་འབྱོར་བས་ཕྱི་མ་ལས་ངོ་བོ་ཉིད་མ་བཅོས་པར་སྣང་བ་ལས། འགག་པ་མེད་པའི་ཡེ་ཤེས་རང་ངོ་། །རིག་པ་འགག་པ་མེད་པས་ཐོག་མར་ཡང་མ་འགགས། བར་དུ་ཡང་མི་འགག །ཐ་མར་ཡང་མི་འགོག་གོ། །འབྲས་བུ་སངས་རྒྱས་ཀྱི་ས་ན་ཡང་ངོ་བོ་གཅིག་རང་བཞིན་ཐ་མི་དད་དོ། །རྒྱུ་སེམས་ཅན་གྱི་དུས་ན་ཡང་ངོ་བོ་གཅིག་རང་བཞིན་ཐ་མི་དད་དོ། །དེའི་དུས་སུ་གཉིས་སྣང་གི་རྟོག་པ་གཞི་མ་གྲུབ་པས། མེ་ལོང་དང་གཟུགས་བརྙན་གྱི་ཚུལ་དུ་སྣང་ངོ་། །རྟོགས་པའི་དུས་ན་ཡང་དེ་བཞིན་ནོ། །གསང་བ་སྤྱི་བཅིངས་རྒྱལ་པོའོ། །རང་བཞིན་ལྷུན་གྱིས་གྲུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སུ་སྣང་ངོ་། །ཐུགས་རྗེ་ཆེན་པོའི་རྩལ་ནི། སྐུ་གསུམ་གྱི་ངོ་བོ་སྣང་བ་ནི་ཉི་མ་དང་། འོད་བཞིན་དུ་འཆར་རོ། །བཀའ་ལུང་གི་ཕྱི་མོ་ནི་ཉི་མའི་སྙིང་པོ་ལྟར་སྣང་བ། ཐབས་ཀྱི་ཡེ་ཤེས་བྲམ་ཟེ་སྒྱུ་མ་མཁན་ལྟར་སྣང་བ། ངག་གི་ཚིག་ནི་རིན་པོ་ཆེ་རྩར་ལ་བརྒྱུས་པ་ལྟར་གནས་པ། ལ་བཟླ་བའི་ཚིག་ནི་གསེར་མིག་གཡུས་སྤྲས་པ་ལྟར་གནས་པ། སྤྱོད་པའི་མཐའ་ནི་དར་གྱི་མདུད་པ་ལྟར་གནས་པའོ། །དམ་ཚིག་འདུས་པའི་རྒྱུད་གདམས་ངག་གི་ཚིག་གསུམ་

གྱིས་བྱང་ཆུབ་སེམས་རིན་པོ་ཆེ་སྤྱི་བཅིངས་པའོ། །བྱང་ཆུབ་སེམས་དཔས་རང་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ། དེ་ཉིད་སྟོབས་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་ལྡན་ནས། ནམ་ཤི་བའི་དུས་སུ་ཡང་སྒྲ་དང་འོད་དང་གདུང་བྱུང་བར་གྱུར་ན། དེ་ཉིད་ཤར་ཕྱོགས་ཀྱི་ཁམས་སུ་དེ་བཞིན་གཤེགས་པའོ། །དེ་ཉིད་སྟོབས་སུ་མ་གྱུར་པར་སྣང་བ་འགགས་ན། རིང་པོ་མི་ཐོག་པར་བླ་མ་དམ་པ་དེའི་དྲུང་དུ་འཁོད་པར་གྱུར་ཏེ། ཕྱི་མའི་དུས་སུ་ཡང་ཚེ་རིང་བར་སྤྱོད་པར་གྱུར་ཏེ། དེའི་དུས་སུ་རྣམ་པར་གྲོལ་བའི་ཡེ་ཤེས་འཐོབ་པར་འགྱུར་རོ། །བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ། རིག་པའི་སྟོབས་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་མི་ལྡན་ན། བདག་ཉིད་ནུབ་ཕྱོགས་ཀྱི་ཞིང་ཁམས་སུ་སྐྱེ་སྟེ། དེའི་དུས་སུ་རྟོགས་པ་ཁྱད་པར་ཅན་ལ་སྤྱོད་དེ། མྱུར་བར་ཚེའི་འདུ་བྱེད་བྱུང་ནས། དེའི་དུས་སུ་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་འགྱུར་རོ། །བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ། རིག་པ་སྟོབས་སུ་གྱུར་ནས་ཕྱི་ནང་གསང་བའི་རྟགས་དང་མི་ལྡན་ན། བདག་ལམ་དུ་འཇུག་པའི་ཚེ། བཅོམ་ལྡན་འདས་འོད་དཔག་མེད་པ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་གོ། །འོད་དཔག་མེད་པ་ནི་རང་གི་སེམས་ཀྱི་དམ་པ་སྣང་བ་འགག་པ་མེད་པར་སྣང་བ་སྟེ། ཕྱི་མའི་ཚེ་ཕྱི་མའི་དུས་ཀྱང་རང་གི་དེ་ཉིད་རྟོགས་པ་ཉམས་སུ་མྱོང་བའོ། །བདག་གི་སེམས་ཀྱི་དམ་པ་མཐོང་བའི་ཚེ། རིག་པ་སྟོབས་སུ་གྱུར་ནས། ཕྱི་ནང་གསང་བའི་རྟགས་དང་ལྡན་ན། བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་གོ། །མི་བསྐྱོད་པ་ནི་རང་གི་དེ་བཞིན་འགྱུར་བ་མེད་པར་གནས་སོ། །དོན་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། སེམས་ཀྱི་དམ་པ་མངོན་པར་སྣང་བ་ཞེས་བྱ་སྟེ། དེ་བཞིན་གཤེགས་

པའི་སྟོབས་དང་ལྡན་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། རིན་པོ་ཆེ་སྤྱི་བཅིངས་ཀྱི་ལེའུ་སྟེ་བཅུ་པའོ།། །།དེ་ནས་འགལ་ཚིགས་བཅུ་དྲུག་གིས་མཐའི་གགས་གསལ་ཏེ། ཐོག་མར་ཆོས་སྐུ་བ་ཡེ་ཐོག་མ་ནས་འཁྲུལ། སེམས་ཅན་མ་འཁྲུལ་སངས་རྒྱས་འཁྲུལ། སངས་རྒྱས་ཀྱི་སློབ་དཔོན་དམྱལ་བ་ཡིན། སངས་མ་རྒྱས་པར་བསྒོམ་དུ་མེད། སྲོག་མ་བཅད་པར་སངས་མི་རྒྱ། ནམ་མཁའ་མ་བཀག་པར་འོད་མི་གསལ། ཆོས་སྤྱོད་མ་བྱས་ན་འཁོར་བར་མི་ལྟུང་། མཚམས་མེད་པ་ལྔ་མ་བྱས་པར་འབྲས་བུ་མི་འཐོབ། སེམས་ཅན་ལ་སངས་རྒྱས་སུ་འདོད་པ་འཁྲུལ་པ་ལ་འཁྲུལ་པ་བརྩེགས། ཀུན་གཞི་ཆོས་སྐུར་འདོད་པ་མཐའ་མེད་པའི་རྒྱ་མཚོ་ལ་འབོག །དཀར་ཁུང་མ་བཀག་པར་ནམ་མཁའ་མི་གསལ། མ་སོང་བར་ཕྱིན་པའི་ས་ལ་འདུག །མ་བྱས་པར་ཟིན་པའི་ལས་ཀྱིས། རྒྱལ་པོ་ཡུལ་འཁོར་རྩེ་ནས་ཆོམས། ལྷན་ཅིག་འགྲོགས་པའི་ཕ་མ་གཉིས་རྒྱ་མཚོའི་གཏིང་དུ་སོང་ལ། རི་རབ་ཀྱི་རྩེ་ནས་བྱ་ར་གྱིས་ཤིག །བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྒྲ་ཐང་ཀློག་ཏུ་བསྟན་པའོ། །དེ་ནས་ལྟ་བའི་ལ་གཅོད་འདི་འགྲོ་བའི་ཆེད་དུ་གསུངས་སོ། །སངས་རྒྱས་དང་སེམས་ཅན་གཉིས་ལ་རྒྱུ་གཅིག་ལས་མེད་པར་ལ་རྦད་ཀྱིས་ཆོད། རྒྱུ་དེ་ཡང་སངས་རྒྱས་ཡིན་པར་ཐག་ཆོད། དེ་རང་གི་ངོ་བོ་མ་ཤེས་པས་འཁྲུལ་པ་མ་རིག་པར་ལ་རྦད་ཀྱིས་ཆོད། དེ་ཡང་མེ་ལོང་ལ་བརྟེན་ནས་སྐྱེས་བུ་རང་གི་བྱད་མཐོང་བར་ལ་རྦད་ཀྱིས་ཆོད། དེ་མཐོང་བའི་དོན་ལ་མ་ཡེངས་པར་ཐག་ཆོད། དངོས་པོའི་གནས་ལུགས་ལ་བསྒོམ་དུ་མེད་པར་ལ་རྦད་ཀྱིས་ཆོད། བསྒོམས་པས་རྙེད་ན་གནས་ལུགས་མིན་པར་ཐག་ཆོད། བསྒོམ་དུ་མེད་པའི་དོན་གཅིག་མ་ཤེས་པར་སངས་མི་རྒྱ་བར་ལ་རྦད་ཀྱིས་ཆོད། འཁོར་བ་ཐོག་མཐའ་མ་ཤེས་པར་མན་ངག་གི་

ཐག་མི་ཆོད་པར་ཐག་ཆོད་དོ། །ཡི་གེ་མེད་པའི་རྒྱུད་བསྒོམ་དུ་མེད་པའི་ལུང་། རེ་བ་མེད་པའི་བལྟ་བ། མ་བཀག་པའི་སྤྱོད་པ། མ་བསགས་པའི་ཚོགས། མ་སྦྱངས་པའི་སྒྲིབ་པ། རྒན་མོ་མཛུབ་ཚུགས་ཀྱི་མན་ངག་ཤེས་རབ་སྒྲོན་མས་ལྟོས་ཤིག །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བལྟ་བའི་ལ་བཟླ་བ་འདི་གསུངས་སོ། །བྱང་ཆུབ་འདོད་ན་སྡིག་པའི་ལས་རྣམས་ཆེར་སྤྱོད་དེ། དོན་བློ་ལ་བཞག །གང་ཡང་སྙིང་རྗེས་མི་བཟུང་སུ་ཡང་སྙིང་རྗེ་བ་ནི་གང་ཡང་མེད། །ཅི་སྟེ་སྲོག་བཅད་སྡིག་ཏུ་འཕྲོ་ན་ཡེ་ནས་ཆད་པ་སུ་ལ་སྡིགས། །སྙིང་རྗེས་བྱང་ཆུབ་རླན་དུ་མི་སྟེར་སྙིང་རྗེས་སུ་ལ་བཟུང་། །གང་ལ་འཛིན་པ་ཡོད་པ་དེ་ལ་ལྷག་པའི་བསམ་པ་ཡོད་ཀྱང་སྡིགས། །ཏིང་ངེ་འཛིན་རྟོག་ཁང་འགྲམ་གཏིང་ཚུགས་མེད་པ་བྱང་ཆུབ་བདེ་བའི་ཤག །རྒྱལ་བ་མི་མཆོད་སངས་རྒྱས་མི་བསྒྲུབ་ཐར་པའི་ལམ་མི་འདོད་པ་དེ། །ཁབ་ལེན་རྡོ་ལ་ལྕགས་འདུའི་ཚུལ་དུ་ཚོགས་གཉིས་བསག་མི་དགོས་པར་འདུ། །མཆོད་རྟེན་ལྷ་ཁང་ལ་སོགས་འདུས་བྱས་དགེ་བ་མི་བྱ་བཏང་སྙོམས་བཞག །བྱས་ལ་སོགས་པའི་ལས་ནི་བྱས་པས་མི་ཟིན་བྱས་ཤིང་རྟོག་པའི་རྒྱུ། །ཡུལ་དང་དབང་པོ་དག་སོགས་བསྡུ་མི་བྱ་སྟེ་དེ་བཞིན་གཞག་པར་བྱ། །བྱ་དང་བྲལ་བའི་སྤྱོད་པ་འདི་ཉིད་དང་དུ་ལེན་པ་ཡང་མེད་དོ། །རྡོ་རྗེ་མི་འཆང་སྔགས་མི་འཆང་ཞིང་དབེན་པར་འདུག་མི་བྱ། །མཆོད་གཏོར་སྦྱིན་པའི་ཕྱོགས་ནི་གང་ཡང་མི་བསྔོ་སུ་ལ་བསྔོ། །ཆོ་ག་ལ་སོགས་འཁྲུལ་པའི་ལས་རྣམས་སྤྱད་མི་བྱ། །རྫོགས་པ་ཆེན་པོའི་རང་བཞིན་ཀུན་གྱི་སྙིང་པོ་ཡིན་ཏེ་འདི་ལ་ཅི་ཡང་མེད། །ཕུག་ཏུ་འདུག་ལ་བསྒོམ་པར་མི་བྱ་རྡོ་རྗེ་ལྟ་བུའི་ཆོས་ཉིད་དེ་ལ་བསྒོམ་དུ་མེད། །དཔེར་ན་རི་རབ་རྩེ་ལ་ཉི་ཤར་བས། །ཡེ་ཤེས་ཐུགས་ལ་ཉི་མ་གཅིག་ཤར་སྤྲོད། །སྒོམ་ཆེན་རྒས་པའི་དུས་སུ་རྩོལ་བའི་ནད་དང་བྲལ། །སྟོང་གསུམ་ཉུང་འབྲུར་ཆུད་

ན་འཁོར་བ་རྒྱ་ཡིས་ཐེབས། །ཆོས་ཀྱི་སྐུ་ཡེ་ཤེས་ལྷག་མ་མེད་པར་རྫོགས་པའི་དུས་ན། སྒྲིབ་པ་ཡང་ལྷག་མ་མེད་པར་འབྱར་རོ་ཞེས་རྡོ་རྗེ་འཆང་ཉིད་ཀྱིས་གསུངས་སོ། །པདྨ་འཁྱིལ་པའི་རྒྱུད་ལས། གེགས་བསལ་ཅིང་ལ་བཅད་དེ་བལྟ་བ་ཁ་འབྱམས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས། ཐུགས་ཀྱི་དཀྱིལ་འཁོར་གསང་བའི་སྒོ་ཕྱེ་ནས། གསང་སྐོར་མན་ངག་སྒྲོན་མ་འགྲོ་བའི་ཆེད་དུ་གསུངས་སོ། །ང་ཡི་གསང་བ་མན་ངག་འདི། །རིག་པ་འཛིན་པས་ནན་རྒྱས་ཐོབ། །ཕྱི་རབས་རྣམས་ལ་རྟོགས་བྱའི་ཕྱིར། །རྒྱུད་རྒྱས་བཏབ་ལ་བསྟན་པར་བྱ། །དམ་མེད་ཀུན་ལ་གསང་དོན་དུ། །མནའ་རྒྱ་བྱས་ལ་གསང་བར་བྱ། །ལེགས་པར་བཀའ་དང་མཐུན་པས་ན། །ཐུགས་ཀྱི་གཏེར་དུ་སྦས་རྒྱ་བྱ། །བཀའ་བསྲུང་ས་བྱར་བྱེད་པས་ན། །དེ་ལ་གཏད་རྒྱ་བྱས་ལ་གཏད། །རྒྱ་ལྔས་བཏབ་པའི་མན་ངག་འདི། །ཤིན་ཏུ་ཟབ་པར་རབ་ཏུ་བསྟན། །དེ་ཕྱིར་སྟོན་པས་གསུངས་པ་འདི། །ཕྱི་རབས་སྦ་བར་བྱ་བ་དང་། །གཏེར་གྱི་བསྲུངས་མར་གཏད་པ་དང་། །གནས་ཀྱང་ལགས་པར་སྦ་བ་དང་། །སྦས་པའི་རྟགས་ཀྱིས་ཟབ་མོར་གནས། །དེ་ཕྱིར་ང་ཡི་མན་ངག་འདི། །མུ་ཏིག་བསྟར་ལ་བརྒྱུས་པ་འམ། །སེང་གེའི་མཆོངས་པ་ལྟ་བུ་དང་། །རུས་སྦལ་འགྲོས་བཞིན་མཁས་པས་ཤོད། །དང་པོར་མི་དམིགས་པའི་ཤེས་རབ་ཆེན་པོ་ལ་རྒྱབ་གཏད་པར་བྱའོ། །བླ་མ་རྡོ་རྗེ་སློབ་དཔོན་ལ་གདུང་བའི་དད་པ་བསྐྱེད་པ་དང་། ཁམས་གསུམ་གྱི་སེམས་ཅན་ལ་སྙིང་རྗེའི་རྒྱུན་ཐག་མི་གཅད་པ་དང་། དགེ་བཅུ་དང་དུ་བླང་བ་དང་། རང་སེམས་དཔང་དུ་བཅུག་ལ་སྒྱུ་སོགས་མེད་པར་བྱ་བ་དང་ལྔའོ། །དེ་ལྟར་བྱས་པས་ལམ་འགྱུར་བ་མེད་པ་དང་འཕྲོད། དེ་དང་འཕྲད་པས་ཞིང་ཁམས་རྣམ་པར་དག་པ་ཆོས་ཉིད་སྣང་བ་མཐོང་ངོ་། །དེ་མཐོང་བས་

འཆར་ནུབ་མེད་པའི་ཉི་མ་འཆར་རོ། །དེ་ཤར་བས་བལྟ་རུ་མེད་པའི་སངས་རྒྱས་ཉག་གཅིག་གི་སྐུ་མཐོང་ངོ་། །དེ་མཐོང་བས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་དང་ལྔའོ། །དེ་ཐོབ་པས་ཤེས་བྱའི་སྒྲིབ་པ་འདག་གོ། །དེ་དག་པས་སངས་རྒྱས་ཉག་གཅིག་ལྷུན་གྱིས་གྲུབ་བོ། །མི་ནུབ་པའི་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཐིག་ལེ་ཉག་གཅིག་དྲི་མ་མེད་པ། རང་བྱུང་ཡེ་ཤེས་གདལ་ཁྱབ་ཆེན་པོ། རིག་པ་ཡེ་ཤེས་དྲི་མ་མེད་པ་རང་སྣང་བ་དང་ལྔའོ། །ལྔ་གསུམ་བཅོ་ལྔའི་མན་ངག་རྡོ་རྗེའི་ཚིག་གསུམ་པ། ཀུན་ལ་བསྟན་པ་མ་ཡིན་ཐུགས་ཀྱི་གཏེར་དུ་སྦོས། །ཡེ་ཤེས་ཉི་མ་རང་ལ་ཤར་བ་འདི། །སྒྲ་དང་ཡི་གེ་ཐ་སྙད་ཀུན་ལས་འདས། །ནམ་མཁའ་ལྟ་བུའི་ཆོས་ཉིད་དག་པ་ལ། །ཉི་མ་ལྟ་བུའི་རྡོ་རྗེ་སེམས་དཔའ་གསལ། །མན་ཤེལ་ལྟ་བུའི་རིག་པ་འཛིན་པས་ཉན། །ཀུན་དང་མི་མཉམ་བྱ་རྒོད་ཕུང་པོ་ལ། །སྐད་ཅིག་ཙམ་ལ་བདག་ཉིད་དོན་དང་མཇལ། །ཡུལ་གྱི་སྒྲིབ་པ་མ་སྦྱངས་གནས་སུ་དག །འདི་ནི་མན་ངག་གི་དེ་མ། གསང་བའི་གཏད་རྒྱ་དང་བཅས་པ་མན་ངག་གི་ཏི་ཀ་ཆེན་པོ། ཡང་གསང་ཡང་གབ་ཡང་སྦས། དུས་ལྔ་བརྒྱའི་སྙིགས་མ་ལ། གང་ཟག་ལུང་གི་ཡིད་ཆེས་བྱེད་པའི་དུས་བྱུང་བའི་དུས་སུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ཚིག་གསུམ་འདི་གང་ཟག་ལས་མཐུན་པའི་དོན་བྱེད་པར་གྱུར་ཅིག །ཅེས་སྟོན་པ་རྡོ་རྗེ་འཆང་གིས་ལུང་བསྟན་ཏོ། །པདྨ་འཁྱིལ་པའི་རྒྱུད་ལས། མཁའ་འགྲོ་མ་ནས་བརྒྱུད་པའི་ལུང་བྱང་ཆུབ་སེམས་མུན་སེལ་བྱེད་པའི་སྒྲོན་མེའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་ནོར་བུ་རིན་པོ་ཆེ་འདི་གསུངས་སོ། །ཨོ་རྒྱན་གྱི་ཡུལ་གའུ་བར་ཤ་ནའི་ནགས་ཚལ་དུ། ཙཎྜ་ལོག་སྤྱོད་ཅན་གྱིས་བདག་གསོད་གཞན་སྒྲོལ་བའི་

མན་ངག །རལ་གྲི་ཁ་མངས་ཀྱི་ཕར་གཅོད་ཚུར་གཅོད།བདག་བསད་གཞན་བསྒྲལ། བདག་མ་བསད་པར་གཞན་མི་སྒྲོལ་ལོ། །མཉྫུ་ཤྲཱི་དྷ་ན་ཀྲོ་ཤ་ཀར་ཨ་པ་ན་མ། ཤེས་རབ་ཀྱི་མཚོན་ཆས་བདག་ཏུ་རྟོག་པའི་བག་ཆགས་གཅོད་པ། བཅོམ་ལྡན་འདས་མི་མཉམ་མགོན་པོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ནས། དུག་པཉྩ་རང་སོར་བཞག་པས། ཡེ་ཤེས་རང་ས་ཟིན་པར་བྱེད་པའི་མན་ངག་ཞེ་སྡང་ཐམས་ཅད་ཀྱི་བཅུད་ཕྱུང་བས། རྡོ་རྗེ་སྒྱུ་མ་ལྟ་བུའི་ཐུགས་ཡེ་ཤེས་རྩེ་གཅིག་པས་ངན་སོང་དོང་སྤྲུགས། ན་མོ་བུདྡྷཱ་ཡ། མཉྫུ་ཤྲཱི་དྷརྨ་སཾ་ཀེ་བྷྱཿ། ང་རྒྱལ་ཐམས་ཅད་ཀྱི་བཅུད་ཕྱུང་བ། རིན་པོ་ཆེ་ལྟ་བུས་གཉིས་སུ་མེད་པས་ཁོད་སྙོམས། མཉྫུ་ཤྲཱི། ཨ་ལ་ལཱ། དྷཱ་རུ་ཡེ། འདོད་ཆགས་ཐམས་ཅད་ཀྱི་བཅུད་ཕྱུང་བ། པདྨ་ལྟ་བུས་སེམས་ཅན་ཐམས་ཅད་ཀྱི་མོས་པ་སོ་སོའི་དོན་སྒྲུབས། སརྦ་ཏ་ཐཱ་ག་ཏ། བ་ས་ར་དུ་པ་ཨཱ། ཕྲག་དོག་ཐམས་ཅད་ཀྱི་བཅུད་ཕྱུང་བ། རྡོ་རྗེ་རྒྱ་གྲམ་ལྟ་བུས་ཕྱིར་མི་བཟློག་པའི་རྒྱས་བཏབ། ཨ་ཨཱ། ཨི་ཨཱིཾ། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ། ཆོས་ཀྱི་སྐུ་ཞི་བའི་ཆ་ལུགས་སུ་གནས་པས། བདག་ཏུ་རྟོག་པའི་བློ་ཞི་ནས། འཛིན་བྱེད་ཀྱི་ཤེས་རབ་ཀྱི་སྤྲེའུ་སོ་མྱུལ་བྱེད་ཀྱི་རྟ་ལྔ་ལ་ཞོན་ནས། ཅི་བ་དཀའ་བྱེད་ཀྱི་ལམ་ལྔར་འབྲོས་པ། ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པས། མ་བལྟས་པར་མཐོང་སྟེ། ནམ་མཁའི་ཁམས་ཉི་ཟླ་གཉིས་ཀྱི་བར་དུ་བསྐུལ། དེ་ལྡང་བའི་དུས་མེད་པར་བཏང་ངོ་། །ལོངས་སྤྱོད་རྫོགས་པའི་སྐུ་ཁྲོ་བོའི་ཆ་བྱད་དུ་གནས་པ། ན་མ་ནན་ཏི།ཀ་ཏ་རི་ཙ་ཀྲཱ། བྷུ་ཧུ་རུ། ཞི་བས་མི་འདུལ་བ་རྣམས་གདུག་རྩུབ་ཀྱིས་བསྒྲལ་བ། ཁྱེའུ་སྣང་བ་གཞོན་ནུ་ཁྲོ་གཉེར་ཅན་གྱིས་མཐོང་སྟེ། རྒྱ་མཚོའི་གཏིང་དུ་ཆུ་སྲིན་པིར་གྱི་གྲེ་བར་བཅུག་སྟེ། དེ་ཕྱིར་མི་ལྡོག་པར་བསྒྲལ་ཏེ་

བཏང་ངོ་། །དུག་ལྔའི་མེས་སྦར་བར་འདོད་པའི་བྱང་ཆུབ་སེམས་དཔའ་ལ། བྱང་ཡང་མ་ཆུབ་པས།སེམས་དཔའ་ཡང་སེམས་ཀྱིས་བཅིངས་པས་རྡོ་རྗེ་སེམས་དཔའ་བྱང་ཡང་བྱང་ཆུབ་ཀྱང་ཆུབ། དོན་གཞན་ལ་སེམས་དཔས་སེམས་དཔའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རི་རབ་ལྷུན་པོའི་རྩེར་ཡེ་ཤེས་ཀྱི་མེས་འཁོར་བའི་བག་ཆགས་བསྲེགས་ཏེ། གཏན་ཕུང་བར་བྱས་སོ། །བྱང་ཆུབ་སེམས་ནོར་བུ་རིན་པོ་ཆེ་ཙཎྜ་ལོག་སྤྱོད་ཀྱིས་ཨུ་རྒྱན་ཡུལ་ག་བུ་པར་ཤ་ནར། ཨོ་རྒྱན་གྱི་རྒྱལ་པོ་ལ་བསྟན་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། ནོར་བུ་རིན་པོ་ཆེའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཧྭ་ཤང་འབར་ན་ཧའི་ཡུལ་དུ་མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བས། རིན་པོ་ཆེ་སྒྲོམ་བུའི་མན་ངག་འདི་རབ་ཏུ་སྨྲས་སོ། །བྱང་ཆུབ་སེམས་དཔའ་ཁྱེའུ་གཞོན་ནུ་སྣང་བ་བསམ་གྱིས་མི་ཁྱབ་པ། འཁོར་གྱི་ལྷ་དང་གནོད་སྦྱིན་དང་།སྲིན་པོ་དང་མི་དང་མི་མ་ཡིན་པ་རྣམས། རབ་ཏུ་ཞི་བའི་སེམས་དང་ལྡན་ནས་ཐབས་ཅིག་ཏུ་འཁོད་དོ། །རབ་ཏུ་བཀའ་ཉན་ཏེ། ཀྱེ་གཞོན་དུ་སྣང་བ་དམ་པ་ཁྱོད་ཉོན་ཅིག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་མཁྱེན་པ་ནི། ང་ཉིད་བདག་ཏུ་རྟོག་པའི་བློ་དང་བྲལ་ནས། རང་རིག་པའི་ཡེ་ཤེས་མི་གཡོ་བའི་ཤེས་རབ་ཙམ་ལ་གནས་པ་ནི་མ་ཡིན་ནོ། །ང་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་དུས་ན།ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་ཤར་རོ། །བྱ་བ་ཙམ་ལ་ཡང་གནས་པ་མ་ཡིན་ནོ། །ང་ཉིད་ཆོས་ཉིད་མཉམ་པའི་དབྱིངས་ལ་ཡང་གནས་པ་མེད་དེ། ཀྱེ་ང་ཉིད་རང་བྱུང་གི་ཡེ་ཤེས་རང་སྣང་བའི་དུས་ན། དག་པའི་ཞིང་ཁམས་མ་བསྒྲིབས་ཡོངས་སུ་གསལ་བ། མཐའ་དང་དབུས་མེད་པ། ཕྱོགས་དང་རིས་མེད་པ། དུ་མ་དང་བརྟེན་པ་མེད་པར་གསལ་བ། ཚིག་ཏུ་བརྗོད་པར་མི་ནུས་སོ། །རང་རིག་པའི་ཡེ་ཤེས་འགྱུར་བ་མེད་པ་ཉིད་འགག་

པ་མེད་པ་ཡེ་ཤེས་ཀྱི་གཟུགས་བརྙན། བདག་ཏུ་རྟོག་པའི་མཐའ་དང་བྲལ་བ། མཐའ་མ་སྤངས་པར་ཡེ་ཤེས་རང་གསལ་བ། ཕྱོགས་དང་བླ་འོག་མེད་པར་རང་ཤར་བ། མཁྱེན་པ་ངོ་བོས་སྟོང་པ།གསལ་བ་རྟོག་འཛིན་མེད་པ། བདེ་བ་རེས་འཇོག་མེད་པ། ཐིམ་པ་མ་རྨུགས་པ། གང་ལ་ཁྱབ་པ། འུབ་ཆུབ་པའོ། །མ་བྱས་པའི་ཆོས་ཤེས་བྱ་བབས་ཀྱིས་གྲུབ་པར་རང་སྣང་བ་ནི། སངས་རྒྱས་ཐམས་ཅད་ཀྱི་ཐུགས་མཁྱེན་པ་ལགས་སོ། །ཞེས་བསྟན་ཏོ། །ཚིག་ཉུང་ལ་དོན་ཆེ་བ། བསླབ་སླ་ལ་གོ་དཀའ་བ། འདི་ནི་རྩོལ་བསྒྲུབ་ཀྱི་མཐའ་ལས་འདས་པའོ། །བསྒོམ་དུ་མེད་པའི་ཆོས་མ་ཤེས་པར།རྣམ་པར་གྲོལ་བའི་ས་ནོན་རི་མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བས་དཔལ་ཕྱག་ན་རྡོ་རྗེ་མགོ་ཁོས་ཞེས་བཀའ་སྩལ་ཏོ། །དེ་ནས་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་དགའ་མགུ་ཡི་རང་སྟེ། ཕྱག་སྤྱི་བོར་བཞག་ནས་རིགས་ཀྱི་བུ་དམ་པ་ཁྱོད་ཀྱིས་སྨྲས་པ་དེ་ལེགས་སོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་། རང་རང་གི་མོས་པ་ཙམ་མཚོན་ནུས་ཀྱི། དོན་ཆེན་པོ་མཚོན་པར་མི་ནུས་སོ། །ངས་བསྟན་པར་ནི་དཀའོ། །མ་ནུ་པ་ལ། སརྦ་ཏ་ཐཱ་ག་ཏ། )པཉྩ་ཛྙཱ་ན། དྷ་ཐིམ་དྷ་ཐིམ་དྷ་ཐིམ་ཞེས་བཀའ་སྩལ་ནས། ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་མ་རིག་པ་མེད་དོ། །མ་རིག་པ་ཟད་པ་ཡང་མེད་དོ། །ཞེས་དབང་བསྐུར་ནས། མཁའ་འགྲོ་མ་དང་གཉིས་སུ་མེད་པར་མི་སྣང་བའི་ཡེ་ཤེས་ཀྱི་ངང་ལ་གཤེགས་སོ། །སརྦ་ཏ་ཐཱ་ག་ཏ། པཉྩ་མཱུ་དྲ་ཨ། དེ་ནས་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པས། དེ་བཞིན་དུ་གདམས་སོ། །པདྨ་འཁྱིལ་པའི་རྒྱུད་ལས། རིན་པོ་ཆེའི་སྒྲོམ་བུའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་སྟོན་པ་

རྡོ་རྗེ་འཆང་ཆེན་པོས། ལུང་གསེར་གྱི་ཕུར་པ་འདི་གསུངས་སོ། །མ་འཁྲུལ་པའི་སངས་རྒྱས། མ་བྱས་པའི་ཆོས།མི་འགྱུར་བའི་བལྟ་བ། དང་པོར་སངས་རྒྱས་ཉག་གཅིག་འཁྲུལ། དེ་སྣང་བ་ལས་འཁྲུལ། དང་པོར་ཡང་འཁྲུལ་མ་མྱོང་། བར་དུ་ཡང་མི་སྲིད་པ། ཐ་མར་ཡང་འཁྲུལ་པར་མི་འགྱུར་རོ། །དེ་ལ་བསྒོམ་དུ་ཡང་མེད། ཡེངས་སུ་ཡང་མེད། ཡེངས་ས་ཡང་མེད། འགག་པ་ཡང་མེད། འགོག་མ་མྱོང་། ཟང་ཐལ། ཞོག་ཐོང་། དྷ་ན་པ་རི་ནན། གཞི་དོན་གྱི་ཀུན་གཞི་ཟག་པ་མེད་པའི་ཡེ་ཤེས་མ་འཁྲུལ་པའི་སངས་རྒྱས། མ་བྱས་པའི་སྟོན་པ། ཨ་ར་ཛི་ཏི། ཨ་ཧྱ་ར། ན་མ་ནན་ཏི་བུད་དྷཱ་ཀ་ཡཱ། དྷ་ཧི། བྷི་ཧཾ་བྷྱ་བ་ར་སི་ཏི་ཀཾ། བདག་ཏུ་སྟོན་པའི་དཔལ་འཇམ་དཔལ་གཞོན་ནུ་འོད་སྲུང་ཆེན་པོ་ཁྱོད་ལ་འདུད། ཀྵ་ཀུ་རུ་ནན་ཏི་ཀར། ལེགས་སོ་ལེགས་སོ། །དེ་བཞིན་དུ་བྱོས་ཤིག་ཅེས་ལུང་བསྟན་ཏོ། །ཀུན་ཏུ་བཟང་པོ་ལ་བདུད་ཞུགས་པ་སླར་ལྡོག་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། ལུང་གསེར་གྱི་ཕུར་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། ལོག་རྟོག་གཅོད་པའི་སྤུ་གྲིས་ལྗོན་ཤིང་གི་རྩ་བ་བཅད་དེ། བརྡའ་རྣམ་པ་གཉིས་བསྟན་པའི་དུས་སུ། གདལ་ཁྱབ་ཆེན་པོའི་བརྡས་ཉི་མ་ལས་འོད་སྣང་བར་བསྟན་ཏེ། ཐིག་ལེ་མ་སྐྱེས་པའི་ངང་དུ། ཡེ་ཤེས་ཀྱི་ཉི་མ་ཐིམ་པའི་ཚུལ་དུ་གནས་པ་ནི། དཔེར་ན་ཉི་མ་ནུབ་པའི་དུས་སུ།འོད་ཐམས་ཅད་ཉི་མའི་སྙིང་པོ་ལ་འདུས་པར་བསྟན་པའོ། །དེ་བཞིན་དུ་གདལ་ཁྱབ་འུབ་ཆུབ་ཏུ་བསྟན་པས། སྐྱེ་འགག་མེད་པའི་ཡེ་ཤེས་ཟང་མ་ཞེས་བྱའོ། །བརྡའ་ངོ་བསྟན་པའི་དུས་སུ། ཐོག་མའི་གནས་ལུགས་རང་ས་དཔེར་བསྟན་ནས། འཁྲུལ་གཞི་ཁོ་ན་འདྲ་བ་དཔེ་མེད་པར་བསྟན་ཏེ། འཁྲུལ་པ་གནས་སུ་བདའ་བ་དང་གཅིག་པས་གཞིའི་གནས་

ལུགས་དང་གཅིག་པས། དེ་བཞིན་དུ་ཤེས་པར་བྱའོ། །ད་ལྟའི་དུས་དུ་མ་རིག་པའི་གདར་ཤ་བཅད། དེ་རྟོགས་པའི་ཡེ་ཤེས་རང་ལ་སྣང་བར་ཤེས་པའི་དུས་སུ། མ་རིག་པ་གདར་ཤ་བཅད་པ་ཞེས་བྱའོ། །ཐུན་མོང་གི་སྣང་བ་རང་སྣང་བ་ནི། བློའི་ཡུལ་དུ་བྱེད་པའོ། །དོན་གྱི་ཡེ་ཤེས་ཤར་བའི་མན་ངག་ཚིག་གསུམ་དང་འདྲ་འབག་བསྟན་པས་ཤེས་པར་བྱ། པདྨ་འཁྱིལ་པའི་རྒྱུད་ལས། སྤུ་གྲིའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་སཱ་ལུ་ལྗང་པ་འདི་གསུངས་སོ། །བྷ་ས་ར་བྷྱི་ཊི། ཨ་ཀ་ར་སུ་ཀ །རཏྣ་པན་ཙན་ཨ་ཀ་ར། ཤྲཱི་ཨཱ་ཡུ་ཛྙཱ་ན་ཨད་པ་ཡ་བྷི་ཥྚི།སྣ་ཚོགས་སྣང་བ་དག་པའི་ཡེ་ཤེས་འདི། །འབྲས་སཱ་ལུ་ལྗང་པའི་མན་ངག་ཡིན། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འདུད། །རྡོ་རྗེ་སེམས་དཔའི་རང་བཞིན་གདོད་ནས་དག་པའི་ཆོས། །མན་ཤེལ་མེ་ལོང་ལྟ་བུ་དག་པ་ལ། །སྣང་བའི་གཟུགས་བརྙན་སྣ་ཚོགས་འཆར་བ་བཞིན། །ཤར་བའི་དུས་ན་སྣ་ཚོགས་གསལ་སྣང་ཡང་། །རང་གི་ངོ་བོ་མི་འགྱུར་གདོད་ནས་དག །གཞི་མ་ཕྱི་ནང་དབྱེར་མེད་ཡེ་ཤེས་ཟང་མར་སྣང་། །སྣ་ཚོགས་སྣང་བའི་དུས་ན་ནང་གི་རང་བཞིན་མ་བཅོས་དེ་བཞིན་ཉིད། །ཅེས་གསུངས་སོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་ཅན་ནོ། །མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡེ་ཤེས་ཀྱི་ལུས་ཅན་ནོ། །མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔ་ནི་ཐུགས་རྗེའི་རང་བཞིན་ཅན་ནོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་སྐུའི་འོད་ལ་བཞུགས་ཤིང་ཉིད་ལས་མི་གཞན་པའོ། །སྤྲུལ་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་གསུང་གི་ཟེར་ལ་རོལ་པའོ། །འདྲ་བ་མངོན་དུ་བྱེད་པའི་ཕྱིར་དེ་དང་དེ་ལས་བྱུང་བའོ། །དཔེར་ན་ཉི་མའི་

སྙིང་པོ་དང་འོད་དང་ཟེར་གསུམ་གྱིས་གོ་བར་བསྟན་པ་ནི་ཕྱོགས་གཅིག་མཚོན་པའི་དཔེའོ། །དོན་ཁྱད་པར་ཅན་མཚོན་པའི་དཔེ་ནི། མན་ཤེལ་གྱི་སྐུ་ལ་རང་རང་གི་ངོ་བོ་གཞི་ནས་དག་པ་ནི་ཆོས་ཀྱི་སྐུ་ཡིན། སྣ་ཚོགས་འཆར་བ་ནི་སྤྲུལ་པའི་སྐུ་ཡིན། འཆར་བྱ་འཆར་བྱེད་མེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ནོ། །རྟོགས་རུང་མ་རྟོགས་རུང་རང་གི་ངོ་བོ་སྒྲིབ་པ་མེད་པ་ནི། མན་ཤེལ་དང་སྣང་བའི་ཚུལ་ལོ། །སྣ་ཚོགས་སྣང་བ་དག་པའི་ཡེ་ཤེས། སྟོན་པ་རྡོ་རྗེ་སེམས་དཔས་གསུངས་ནས། སྡུད་པ་པོས་བསྡུས་ཏེ། མུ་སྟེགས་ཨ་ར་པ་ཙས་བསྟན་པ་འཇིག་པའི་ཚེ། ཤིང་ཙནྡན་སྦྲུལ་གྱི་སྙིང་པོ་ལྟ་བུ་འདིས། གྷ་ས་ཏྲ་དི་བ་རི་ན་ཎ། བྷི་ཏྲ་པ་ཡ་སྲ་ས་ར་དུ་མ་ཡང་དུ་སྤྱོད་པའི་དུས་སུ། ཨ་རུ་ར་རྣམ་པར་རྒྱལ་བ་འདི། དུག་པཉྩ་ཞི་བར་བྱེད་པ། དུག་པཉྩ་ཛྙཱ་ན་སྔ་ཕྱི་ཧཱ་ཤང་འབར་ནེ་ཧ་མ་ར་ན་སྤྱོད་པའི་དུས་སུ། མཁའ་འགྲོ་མ་པུརྞ་ཉེ་བར་ཞི་བས། སོ་སོའི་ལུང་མངོན་དུ་བསྟན་ཏེ། པུརྞའི་ནགས་ཚལ་དུ་ཡེ་ཤེས་ཉི་མ་རང་སྣང་བར་བྱས་ཏེ། བདུད་སྡེ་བཞི་ལ་ཡེ་ཤེས་བཞིའི་རྒྱས་བཏབ་བོ། །གསང་གབ་སྦས་པའི་མན་ངག་དམ་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། སཱ་ལུ་ལྗང་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་རྡོ་རྗེ་འཆང་གིས་རྟག་པའི་མཐའ་སེལ་འདི་གསུངས་སོ། །རིག་པའི་ཡེ་ཤེས་ལས་ཀྱི་དབང་དུ་གྱུར་ན། རང་བྱུང་གི་ཡེ་ཤེས་མེད་པར་བསྟན་པ་རིག་པའི་རྡོ་རྗེ་ཡང་འཇིག་བྲལ་མེད་པ་རྒྱུ་རྐྱེན་མེད་དེ། མ་བྱས་མི་བྱེད་བྱ་ར་མེད།རིན་པོ་ཆེ་ལ་འཕེལ་འགྲིབ་མེད་པས་འབྱུང་སྣང་ཟག་པ་མེད་ཤེས་པ་རྒྱུན་འགག་མེད་པས་བདག་ཏུ་རྟོག་པའི་བློ་བྱུང་། ཐིམ་དེ་ཉིད་རང་དང་ནམ་མཁའ་ཆེ་ལུང་ངེས་པའི་དེའི་ངེས་པ། ཅི་སྟེ་ལས་ཀྱི་དབང་དུ་གྱུར་ན། རང་བྱུང་ཡེ་ཤེས་ཡོད་མ་ཡིན། །ཀུན་ཏུ་བཟང་པོ་ཁྱོད་ཕྱག་འཚལ། །རྩོལ་བ་དང་བྲལ་བའི་ཆོས་ཀྱི་སྐུ་ལ། ལས་རྒྱ་མཚོ་

མཉམ་བཞག་ཏུ་མེད་དེ། ཉི་མའི་སྙིང་པོ་ལ་མུན་པ་གཞི་ནས་མེད་པས། ད་ལྟ་ཡང་མི་སྣང་ཕྱིས་ཀྱང་མི་འབྱུང་ངོ་། །ཉི་མ་རང་དག་པར་ཟེར་ལ་ཟད་པ་མེད། ཟེར་མ་ཟད་པས་འོད་ལ་འགག་པ་མེད་དོ། །མན་ཤེལ་ལ་དྲི་མའི་སྐྱོན་མེད་པས། སྣོད་ཀྱི་རྐྱེན་གང་དང་གང་གི་ངོ་བོ་དེ་ལྟར་སྣང་། སྣང་བའི་དུས་དེ་ཉིད་ན་རང་གི་ངོ་བོ་ལ་སྐྱོན་ཞེན་མེད་པས། སྣང་བའི་དུས་ན་སྐུ་དང་ཡེ་ཤེས་སྣང་བར་ཟད་དོ། །རང་དག་གསལ་སྣང་སྣང་བ་དུ་མ་མ་འགགས་པས་དུ་མ་རང་འདྲེར་མི་བཏུབ་པོ། །ཤེས་བྱ་རང་གི་ངོ་བོ་དེ་ཀ་དག་གི་ཡེ་ཤེས་རང་སྣང་བ་ཞེས་བྱ་སྟེ། བདེ་གསལ་མི་འགག །མ་འགགས་ཉིད་ཡེ་ཤེས་རང་སྣང་བས་ཐུགས་རྗེ་ལ་འགག་པ་མེད་དེ། རང་བྱུང་རང་ཤར་རང་གསལ་དེ་ལ་རྩོལ་བ་དང་བྲལ་བའི་སྐབས་ཞེས་བྱ། ཀུན་རིག་རྣམ་པར་སྣང་མཛད་ཁྱོད་ཕྱག་འཚལ། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད། །བྱར་མེད་ལྷུན་རྫོགས་དེ་ཉིད་དོ། །རིག་པ་རང་བྱུང་ཡེ་ཤེས་རང་སྣང་བས། །ཆུ་བོའི་གཞུང་དང་འདྲ་སྟེ་ཟད་ཅིང་བྲི་བ་མེད། །མུ་སྟེགས་ཨ་བ་ར་ཡི་སྤྱོད་པ་ཅན། །ས་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡན་ཆད། ཡེ་ཤེས་རང་སྣང་བས་ཁྱད་པར་མེད་པས་རང་བྱུང་ངོ་། །རང་སྣང་ངོ་། །རང་གིས་ཤེས་སོ། །ཡང་དག་པའི་དགོངས་པ་ནི། སངས་རྒྱས་འོད་སྲུངས་ཀྱིས་ཀྱང་དང་པོ་བསྒྲུབ་པ་མེད། ད་ལྟར་མི་བསྒྲུབ་ཐ་མ་གཞན་དུ་མི་འགྱུར་རོ། །རྒྱུ་རྟོག་གེ་བ་རྣམས་ནི་རྒྱུ་ལ་རྩོལ་བ་བྱས་པས། ལམ་ལ་མཐར་ཐུག་པ་མེད་དོ། །འབྲས་བུའི་ལམ་པ་ནི། རེ་བ་ལ་མི་འཇོག །སྨོན་པ་ལ་མི་སྡོད་དོ། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད། དཔལ་རྡོ་རྗེ་སེམས་དཔར་འདུད་ཕྱག་འཚལ། །སྐུ་གསུམ་རྒྱལ་བའི་དགོངས་པ་མཐར་ཕྱིན་པས། །མ་རིག་སྒོ་ལྔའི་སྦུབས་འབྱེད་གསལ་བར་བསྟན། །ཞེས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཆེན་པོས། སྐུ་གསུམ་གྱི་

བཤད་ལུགས་ལུང་སྦགས་བསམ་གཏན་ལ་ཕབ་སྟེ་ཡིད་ཆེས་པར་ངོ་སྤྲད་ནས་བསྟན་པ་ཞེས་བྱའོ། །པདྨ་འཁྱིལ་པའི་རྒྱུད་ལས། རྟོག་པའི་མཐའ་སེལ་གྱི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་དཔའ་བོ་ཆེན་པོས་བཅོམ་ལྡན་འདས་ལ་སེང་གེ་འགྱིངས་པའི་མདོ་འདི་གསོལ་བ་བཏབ་པོ། །ཐམས་ཅད་མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་བདག་གི་བསྟན་པ་ལ། མུ་སྟེགས་ལོག་ལྟ་ཅན་རྩོད་པར་གྱུར་ན། ཐབས་དམ་པ་སྩལ་དུ་གསོལ། ཞེས་རིག་པ་འཛིན་པའི་རྡོ་རྗེ་ཉིད་ཀྱིས་ཞུས་པ་ལས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ། བདག་གི་བསྟན་པའི་འོག་ཏུ་མུ་སྟེགས་ལོག་ལྟ་སོགས་ཏེ། སྒྲ་ཚིག་དམན་པ་རྣམས་རྩོད་པར་གྱུར་ན། ཡང་དག་པའི་ཆོས་ཉིད་ལ་རྩོད་གཞི་མེད་པས། ལྡེམ་དགོངས་གཉིས་ཤན་དབྱེ། ལྡེམ་པོ་ལ་རྩོད་ན་རྩོད་གཞི་མེད་དེ། དཔེར་ན་ནགས་ཀྱི་ཝ་དང་གངས་ཀྱི་སེང་གེ་ལྟ་བུའོ། །དགོངས་པ་ལ་རྩོད་ན་ཇི་སྲིད་རྩོད་དུ་ཡོད་པ་དེ་སྲིད་དུ་རྩོད་པ་མེད་པར་ཐག་མ་ཆོད་པས་ལན་མི་རིགས་ཏེ། ཕ་རོལ་གྱིས་དགོངས་གཞི་ལ་མ་རྟོགས་པའི་ཕྱིར་མ་ལྟོས་པའི་ཕྱིར། དཔེར་ན་རྒྱལ་བུ་དང་སྤྲེའུ་ལྟ་བུའོ། །སྤོང་ཞིག་མུ་སྟེགས་ཁ་ཡན་ན། རྡོ་རྗེ་སེམས་དཔའ་མཉམ་པའི་སྐྱིལ་མོ་ཀྲུང་དུ་གནས་པའི་ཚིག་འདིས། སུན་དབྱུང་བ་ནི་འདི་ལྟར་ཤེས་པར་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ། རྣམ་པར་ཐར་པའི་ལམ་དུ་མངའ། མན་ངག་ཐམས་ཅད་ཀྱི་དོན་གྱི་ཕུགས་གར་གཏུགས། སངས་རྒྱས་ཀྱི་དགོངས་པ་ལ་དཔག་ཏུ་ཡོད་དམ་མེད། མེད་ན་དྲི་བ་ཅིའི་ཕྱིར། ཡོད་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ལ་མཐར་ཐུག་པའི་ཚད་ཅིས་གཟུང་། གཟུང་དུ་མེད་ན་དྲིས་པ་ལ་དགོས་པ་ཅི་ཡོད། ཡོད་ན་དཔག་ཏུ་མེད་པའི་དོན་དང་མི་འགལ་ལམ། རྣལ་འབྱོར་པ་རྩོལ་བ་དང་

བྲལ་བའི་སྐབས་དུས་ཅི་ཙམ་ན་ལགས། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཤར་བའི་དུས་ཅི་ཙམ་ན་ལགས། སངས་རྒྱས་ལ་ཐུགས་རྗེ་འབྱུང་དུས་ཅི་ཙམ་ན་ལགས། འཁོར་བ་དང་མྱ་ངན་ལས་འདས་པ་རྣམ་པ་གཉིས་ལ་རྒྱུ་གཅིག་ལས་མེད་པ་ལ། འབྲས་བུ་ཐ་དད་པ་འདི་དུས་ཅི་ཙམ་ནས་རྐྱེན་གང་གིས་བྱས་ནས་འཁྲུལ། རྐྱེན་མེད་པར་ནི་འཁྲུལ་མི་སྲིད་ན་རྐྱེན་དུ་དང་ལྡན། རྒྱུ་ངོ་བོ་གཅིག་ལས་མེད་པར་སེམས་ཅན་བསམ་གྱིས་མི་ཁྱབ་པ་ནི་ལས་ཅི་ལྟ་བུ་ལགས། ཕྱི་སྣོད་ནང་བཅུད་དུ་སྲིད་པ་ཆགས་པ་འདི་དུས་ཅི་ཙམ་ན་རྒྱུ་གང་གིས་བྱས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཆོས་ཉིད་ལས་ཐ་དད་དམ་མི་དད། ཐ་དད་ན་གཞི་ལས་མ་གྲུབ་པར་འོང་བར་མི་རིགས་ན་གཏན་ཚིགས་ཅིའི་ཕྱིར། ཐ་མི་དད་ན་ཇི་ལྟར་ལགས། འཇིག་པའི་དུས་སངས་རྒྱས་འབྱུང་བ་གང་སྔ། སངས་རྒྱས་སེམས་ཅན་རྒྱབ་གྱེས་པའི་དུས་ཅི་ཙམ་ན་ལགས། སྐྱེ་བ་རྣམ་པ་བཞི་ལ་སེམས་ཅན་མིར་སྐྱེ་བའི་རྒྱུ་ཅིས་བྱས།སངས་རྒྱས་འབྱུང་བའི་རྒྱུ་ཅིས་བྱས། ཤེས་པས་མ་བཟུང་བའི་ནང་བཅུད་སྣ་ཚོགས་པ་འདི་སྐྱེ་བའི་རྒྱུ་ཅིས་བྱས། དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པས་བརྒྱུད་པ་ཇི་ལྟར་ལགས། དུས་གསུམ་ཡོད་ནས་བརྒྱུད་དམ་མེད་ནས་ཀྱང་བརྒྱུད། དུས་གསུམ་གྱི་གོ་བ་ཇི་ཙམ་ལ་བྱ། དུས་གསུམ་མེད་ན་མིང་དུ་བརྗོད་ནས་ཅི་བྱེད། བྱིན་གྱིས་བརླབས་ཀྱིས་བཤད་པའི་དུས་ཅི་ཙམ་ལགས། རྡོ་རྗེ་སེམས་དཔའ་རང་དབང་ཐོབ་པའི་དུས་ཅི་ཙམ་ལགས། ཆོས་ཉིད་མ་དང་འཕྲད་པའི་དུས་ཅི་ཙམ་ལགས། ཡེ་ཤེས་རང་ས་ཟིན་པའི་དུས་ཅི་ཙམ་ལགས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པའི་དུས་སུ་རྟགས་དུ་དང་ལྡན། རྡོ་རྗེ་སེམས་དཔའི་གཞིའི་གནས་ལུགས་ལ་མན་ངག་གི་སྐབས་དུས་གཏན་ལ་དབབ། མན་ངག་དོན་གྱི་མདོ་དུར་བསྡུ། རྣལ་འབྱོར་པས་

ལམ་ཁྱེར་བའི་དུས་སུ་མན་ངག་གི་ཕུགས་གར་གཏིབས།འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ལ་གར་བཟླ། ཞེས་སྟོན་པ་ཉིད་ཀྱིས་གསུངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིག་འཛིན་དགའ་རབ་རྡོ་རྗེ་ཡིས། མུ་སྟེགས་ལ་སོགས་ལོག་ལྟ་ཅན་ཚར་བཅད་པའི་ཕྱིར། མན་ངག་གི་མདོ་སུམ་ཅུ་པ་འདི། རྡོ་རྗེ་སེམས་དཔས་སེང་གེ་རྣམ་པར་འགྱིངས་པའི་མདོ་འདི་བཀའ་སྩལ་ཏོ། །དེ་ནས་དགའ་རབ་རྡོ་རྗེས་ཚིགས་སུ་བཅད་དེ་བསྟོད་པ།རྒྱལ་བའི་རྒྱལ་བ་ཡེ་ཤེས་བདག་མེད་སྐུ། །སེང་གེ་རྣམ་པར་འགྱིངས་པས་འགྲོ་དྲུག་དབྱིངས་སུ་བཅད། །བརྗིད་པའི་ཁྲོ་གཉེར་བཟློག་པས་བདུད་དཔུང་ཟིལ་གྱིས་མནན། །ཁྱུང་ཆེན་མཁའ་ལ་ལྡིང་བས་སྤྱི་རྒྱ་རླབས་ཀྱིས་གཅོད། །མཁའ་གསལ་ཉི་མ་ཤར་བས་མུན་ལས་སྣང་བར་འགྱུར། །ཆོས་ཉིད་རྒྱ་མ་ཆད་པས་ཟད་ཅིང་སྟོངས་པ་མེད། །རིག་པ་དབྱིངས་ན་གསལ་བས་ཐུགས་རྗེ་དབྲི་བཀོལ་མེད། །ཡེ་ཤེས་སྤྱན་དང་ལྡན་པས་ཅིར་ཡང་ས་ལེ་མཁྱེན། །ལུས་ངག་ཡིད་གསུམ་དང་བས་དད་པའི་མཆོག །སྐུ་གསུང་ཐུགས་ཀྱི་ངང་དུ་མཆོད་པར་བཞེས། །ཞེས་བསྟོད་པའོ། །དུར་ཁྲོད་ཀྱི་བདག་པོ་ཁྲོ་བོ་རྣམ་པར་མི་འཁྲུགས་པ་ཞེས་བྱ་བས། སེང་གེ་རྣམ་པར་འགྱིངས་པའི་མདོ་གསུངས་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། )སེང་གེ་རྣམ་པར་འགྱིངས་པའི་མདོའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་རྡོ་རྗེ་སེམས་དཔའི་མཚན་ཡང་དག་པར་རྫོགས་པའི་མདོ་འདི་གསུངས་སོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཁྱོད་ཕྱག་འཚལ། །འདས་པའི་དུས་ན་སྔོན་བྱུང་བ། །སངས་རྒྱས་རིན་ཆེན་ཟ་མ་ཏོག །ཆོས་དབྱིངས་རྣམ་དག་སྤྲོས་མེད་ངང་། །མི་གནས་ཡེ་ཤེས་རང་བྱུང་བ། །ཐིག་ལེ་ཉག་གཅིག་ཆོས་ཀྱི་སྐུ། །བསམ་འདས་བརྗོད་མེད་ཁྱབ་པའི་དབྱིངས། །ཡེ་ཤེས་དོན་གྱི་གཞི་མ་ཡིན། །ཚིག་གསུམ་

འབྱུང་བའི་བྱང་ཆུབ་སེམས། །ཡེ་ཤེས་རྡོ་རྗེ་མཐའ་ཡས་པས། །ཆོས་ལ་དབང་བསྒྱུར་རྫུ་འཕྲུལ་ཆེ། །སྐྱེ་མེད་གདོད་ནས་དག་པའི་ཕྱིར། །མི་འགྱུར་རྡོ་རྗེ་གསང་བའི་བདག །ཡེ་ཤེས་ཡོངས་སུ་དག་པའི་ཕྱིར། །ཤེས་རབ་སྤྱན་གསུམ་རྣམ་པར་དག །ཐམས་ཅད་མཁྱེན་པའི་སྐུ་མངའ་བས། །བརྡལ་བ་ཆོས་ཉིད་ཡོངས་སུ་གསལ། །ཡོན་ཏན་ཉི་མ་རྫོགས་པའི་ཕྱིར། །ཡིད་བཞིན་ནོར་བུ་རིན་ཆེན་འབར། །ཉོན་མོངས་སྐྱོན་གྱིས་མ་གོས་ཕྱིར། །རང་བྱུང་པདྨའི་དབྱིངས་ནས་རྫོགས། །ཐབས་ཀྱི་ཡེ་ཤེས་མི་འགག་ཕྱིར། །ཐུགས་རྗེ་ཉི་མའི་སྙིང་པོ་འདྲ། །རྫུ་འཕྲུལ་སྟོབས་དང་ལྡན་པའི་ཕྱིར། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བདག་མེད་ཕྱོགས་བྲལ་གདོད་ནས་དག །རྡོ་རྗེ་ལྟ་བུར་རིག་པ་ནི། །འགྲོ་འོང་མེད་ཅིང་འཕེལ་འགྲིབ་མེད། །ཐམས་ཅད་འུབ་ཆུབ་དབྱིངས་སུ་ཐིམ། །འཇའ་ཚོན་ལྟ་བུའི་སྐུ་མངའ་བས། །ལོངས་སྤྱོད་རྫོགས་པའི་སྐུ་ཡི་མཆོག །མི་བསྐྱོད་དབྱིངས་ནས་རང་བྱུང་བས། །བཅོམ་ལྡན་རྡོ་རྗེ་དབྱིངས་མི་བསྐྱོད། །ཞི་བའི་ཚུལ་གྱིས་འགྲོ་འདུལ་བ། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཇི་བཞིན་མ་བཅོས་རང་བྱུང་བ། །བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ། །ཐོག་མ་མེད་ནས་ད་ལྟའི་བར། །ཉིད་ཀྱི་རང་བཞིན་འགྱུར་མེད་པས། །དཔེར་ན་རིན་ཆེན་གསེར་དང་མཚུངས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི། །རྡོ་རྗེ་ལྟ་བུའི་སྐུ་མངའ་བས། །མི་འགྱུར་རྡོ་རྗེ་སེམས་དཔའ་ཆེ། །སྣང་སྲིད་ཐམས་ཅད་ཉིད་མཁྱེན་པས། །མཁའ་གསལ་ཉི་མའི་སྙིང་པོ་ཆེ། །མ་རིག་མུན་པའི་སྡུག་བསྔལ་སེལ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས།རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་བཞེངས་ནས། རིགས་ཀྱི་བུ་བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། ངས་མ་བྱས་པ་ནི་འབྱུང་མི་སྲིད་དེ།

རིག་པ་ལ་ཕ་མཐའ་མེད་དོ། །ང་ལས་མ་བྱུང་བའི་ཆོས་ནི་འབྱུང་བ་མི་སྲིད་དེ། ཡུལ་ཆོས་ཉིད་ལ་ཕ་མཐའ་མེད་དོ། །ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ནི་ང་ལས་བྱུང་བའི་ཕྱིར། དཔེར་ན་འོད་དང་འོད་འཁྱིལ་པའི་ཚུལ་ལོ། །སྣང་སྲིད་ཐམས་ཅད་ཡེ་ཤེས་སྙིང་པོར་ལ་བཟླ་བ་ནི། རིག་པ་རང་བྱུང་ཡེ་ཤེས་རང་སྣང་བའོ། །རིགས་ཀྱི་བུ་མཚན་མ་མེད་པའི་ཆོས་ཉིད་ལ་བདག་ཏུ་བལྟ་བའི་བློས་མི་དཔྱོད། བརྗོད་པ་ལས་འདས་པའི་ཆོས་ཉིད་ལ་ཚིག་དང་ཡི་གེར་འདོགས་པ་ནི་མ་ཡིན་ནོ། །ཁམས་གསུམ་གྱི་སེམས་ཅན་གང་ཡང་རུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དེ་བཞིན་ཉིད་དང་གོ་མི་མཉམ་པར། ཡང་དག་པའི་མཐའ་ལ་མི་གནས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པའི་མཐའ་ལ་གནས་པར་འདོད་ན། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་རབ་ཏུ་ཤེས་པར་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རང་གི་དེ་བཞིན་ཉིད་དང་གོ་མ་བཅོས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུང་གི་ཆེ་བ་ལ་བརྟེན་ནས། ང་ཆེ་བ་འབྱིན་པ་ནི། ནོར་བུ་རྒྱལ་ས་འཛིན་པ་ལྟ་བུའོ། །རིགས་ཀྱི་བུ་ཡང་དག་པའི་ཆོས་ཉིད་ལ་རྩོད་དུ་མེད་དོ། །ལོག་ལྟ་ཅན་ངའི་དེ་བཞིན་ཉིད་ལ་རྩོད་པ་ནི། སེང་གེ་དང་ཝའི་ཚུལ་ཏེ་དེ་ནི་མ་ཡིན་ནོ། །རིགས་ཀྱི་བུ་གང་ཞིག་ང་ལ་རྩོད་དུ་ཡོད་པ་ནི་ཚིག་ཏུ་སྨྲ་བ་མ་ཡིན་ཏེ། ཚུལ་ལ་བརྟག་པ་རབ་ཏུ་གསུངས་པའོ། །དོན་དེ་བཞིན་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རབ་ཏུ་དཀའོ། །ཞེས་ཆོས་ཉིད་ཞི་བ་ལས་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཐུགས་ཆོས་ཉིད་མཉམ་པ་ལས་མ་གཡོས་ཀྱང་། སྐུ་འབར་བའི་ཆ་ལུགས་སུ་བསྟན་ནས། མུ་སྟེགས་ལོག་ལྟ་ཅན་ཚར་གཅོད་པའི་ཕྱིར། ང་རྒྱལ་གྱི་གདངས་ཀྱིས་བདུད་དཔུང་ཟིལ་གྱིས་མནན་

ཕྱིར། འདི་སྐད་ཅེས་སྨྲས་སོ། །དུར་ཁྲོད་ཆེན་པོ་རོ་ཡི་གླིང་། །ཀེང་རུས་ཆེན་པོ་གསར་རྙིང་དབུས། །ཅེ་སྤྱང་དང་ནི་ཀང་ཀ་དང་། །ལིང་དུའི་ཚོགས་ཀྱིས་བསྐོར་བའི་གནས། །གཉེན་པོས་མི་ཤིགས་གཞལ་ཡས་ནས། །བཅོམ་ལྡན་ཟ་བྱེད་ཧེ་རུ་ཀ །ཞལ་གསུམ་ཕྱག་དྲུག་སྐུ་མདོག་མཐིང་། །ཞབས་བཞི་བགྲད་པས་བདུད་བཞི་འཇོམས། །རྟག་པར་གཞོན་ནུའི་ཚུལ་དུ་བཞུགས། །བརྗིད་པའི་ཁྲོ་གཉེར་གྱེན་དུ་བཟློག །འགྱུར་མེད་སྤྱན་དགུ་རབ་ཏུ་བགྲད། །ཟ་བྱེད་མཆེ་བ་གཙིགས་པ་ཡིས། །འཁོར་བའི་སྐྱེ་ཤི་རྩད་ནས་གཅོད། །དབུ་སྐྲ་ཐོར་ཚུགས་གཅིག་ཏུ་འཁྱིལ། །ཧ་ཧ་རུ་ལུའི་སྒྲ་བསྒྲགས་པས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །ཕྱག་དྲུག་མཚོན་ཆ་ཅིར་ཡང་སྟོན། །མི་འགྱུར་རྡོ་རྗེ་ཐུགས་ཀར་འཛིན། །ལོག་པར་ལྟ་བ་ཤུགས་ཀྱིས་སྒྲོལ། །རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །མཁྱེན་པའི་མཁྱེན་པ་ཁྱེད་བདག་འདུད། །རྡོ་རྗེ་འཆང་ཆེན་སྟོབས་ཀྱི་བདག །གླང་ཆེན་ཁྱུ་མཆོག་ཁྱོད་བདག་འདུད། །མི་འགྱུར་རྡོ་རྗེར་བརྟན་པའི་སྐུ། །ངེས་པའི་ཡེ་ཤེས་ལ་སྒྲོལ་བ། །ཐུགས་རྗེ་ཅན་ལ་བདག་འདུད་དོ། །ཕ་རོལ་དམག་ཚོགས་ཟློག་བྱེད་པ། །དྲེགས་པ་ཅན་རྣམས་ཚར་གཅོད་པ། །ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས། །རྩེ་གཅིག་ཡིད་ཀྱིས་བདག་ཁྱོད་འདུད། །རྫུ་འཕྲུལ་ཆེན་པོ་ཁྱོད་ལ་འདུད། །སྟོབས་ཀྱི་བདག་པོ་སྟོབས་ཀྱི་བདག །བསྟན་པ་གཞན་རྣམས་ཕམ་བྱེད་པ། །སྟོབས་ཀྱི་བདག་པོ་རྡོ་རྗེ་འཆང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ། །གུས་པའི་ཚུལ་གྱིས་བདག་འདུད་དོ། །ཞེས་ས་བཅུའི་མགོན་པོ་དགའ་རབ་རྡོ་རྗེས་བསྟོད་པའོ། །པདྨ་འཁྱིལ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའི་ཚུལ་ཡོངས་སུ་རྫོགས་པའི་ལེའུ་སྟེ་ཉི་ཤུ་པའོ།། །།

དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དགོངས་པའི་ངང་ནས། ཆོས་ཀྱི་མ་གཞི་གང་ཟག་གི་ཆ་རྐྱེན་དུ་གསུངས་པ། ཡང་དག་དོན་གྱི་གནས་ལུགས་དང་། །སྣང་ལུགས་རྣམ་པར་གཞག་པའོ། །ཆོས་སྐུ་དྲི་མ་མེད་པ་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་ཅིང་། །འཁོར་འདས་གཉིས་སུ་མེད་པར་གནས། །བརྗོད་པས་ཐོག་ཏུ་མི་ཕེབས་སོ། །རང་བྱུང་ཡེ་ཤེས་ཆེན་པོ་ནི། །རྒྱུ་རྐྱེན་ལས་ཀྱིས་མ་བྱས་པས། །རང་བྱུང་ཡིན་ལ་ཆེན་པོ་ཡིན། །གསལ་ལ་མི་རྟོག་ཡེ་ཤེས་ནི། །ལས་ཀྱི་དབང་དུ་གྱུར་པས་ན། །རང་བྱུང་ཡེ་ཤེས་ཆེན་པོར་གནས། །སྐུ་ཡི་གནས་ལུགས་འོད་ཀྱི་སྐུ། །ཞལ་གཅིག་ཕྱག་གཉིས་ཁ་སྦྱར་ཏེ། །དབྱིངས་དང་ཡེ་ཤེས་ཁ་སྦྱོར་གནས། །ཕོ་མོ་མ་ནིང་མཚན་མ་འདོད། །མ་ནིང་མ་ཡིན་པར་གནས་པས། །ཐུགས་རྗེ་འབྱུང་བའི་རྒྱུན་ཅན་ཡིན། །གསུང་གི་གནས་ལུགས་དོན་གྱི་གསུངས། །མ་བརྗོད་བརྗོད་འདྲར་གོ་བ་ནི། །རིག་པའི་གསུང་ཆེན་བརྡའ་སྤྲད་པས། །དེ་ལས་སྒྲ་གཅིག་འབྱུང་དུས་གསུངས། །ཐུགས་ནི་རིག་པ་འགག་མེད་དེ། །དེས་ནི་ཐམས་ཅད་གསལ་བར་མཁྱེན། །དབུགས་མེད་མི་རྟོག་མཁྱེན་པའི་ཐུགས། །དེ་ནི་རིག་པ་མི་འགྱུར་བའོ། །དབྱིངས་ནི་སྟོང་ཞིང་བདག་མེད་པས། །རིག་པའི་ཡུལ་དུ་བརྗོད་མི་ཤེས། །དག་ཅིང་སྟོང་ལ་ཡངས་ཤིང་ཁྱབ། །དེ་ནི་ཡུལ་ལྟར་སྣང་བ་ནི། །སྐུ་དང་ཡེ་ཤེས་ཀུན་གནས་པས། །དབྱིངས་ཀྱི་གནས་ལུགས་ཞེས་བྱ་སྟེ། །གནས་ལུགས་དྲུག་པ་ཞེས་བྱ་བ། །ཆོས་ཉིད་ངང་ན་ཆོས་སྐུ་བཞུགས། །ཆོས་སྐུའི་སྐུ་གསུང་ཐུགས་ཡིན་ཏེ། །དུས་གསུམ་འདུ་འབྲལ་མ་མྱོང་བས། །སྐུ་གསུམ་ཆོས་ཀྱི་སྐུ་ལས་བྱུང་། །ཆོས་སྐུ་རིག་པ་སྟོང་གསལ་དང་། །ཆོས་ཀྱི་ཡུལ་དུ་སྣང་བ་གཉིས། །སྟོང་པ་ཟང་ཐལ་དབྱེར་མེད་པས། །སྐུ་དང་ཡེ་ཤེས་གནས་ལུགས་ཡིན། །དེ་ལས་ཤེས་པ་དྲེང་ཙམ་བྱུང་། །དེ་ནི་རིག་པ་ཙམ་ཡིན་ཡང་། །དགེ་དང་མི་དགེ་མི་གནས་

ཕྱིར། །དེ་གཉིས་གང་ལྟར་མ་རིག་པས། །མ་རིག་པ་ཞེས་སྟོན་པས་བཏགས། །དོན་ལ་གདགས་པར་བྱ་བ་མེད། །དེ་ལས་རགས་པར་བྱུང་བ་ཡང་། །ཕ་གི་ཅི་ཡིན་བྱ་བ་ཙམ། །དབྱིངས་ཉིད་སྟོང་པ་ཕྲ་བ་ཙམ། །དེ་ལ་ལོག་པར་བལྟ་བར་བྱུང་། །དེ་བས་རིག་པ་སྣང་བ་ཡང་། །སྣང་ལ་ལུས་སེམས་ང་ཡིར་འཛིན། །སྐད་ཅིག་ཙམ་ལས་ལོག་པར་རྟོག །ཕྱི་ལ་ང་ཡི་ཡུལ་ཙམ་དུ། །སྣང་བའི་ཞེན་པ་བྱུང་བ་ནི། །དབྱིངས་ལས་ཡུལ་དུ་གཟུང་བ་ཡིས། །ཡུལ་ཙམ་སྣང་བ་དག་ལ་རྟོགས། །གཟུང་དང་འཛིན་པ་སྣང་ཞེས་བྱ། །དེ་བས་རགས་པ་ལོག་པར་ཞེན། །དེ་ནི་ནང་གི་ང་ཡིན་ཏེ། །ཉེར་ལེན་ཕུང་པོ་ལྔ་པོ་ལ། །ཞེན་པར་སྣང་བ་ང་ཡིན་ཏེ། །ཆོས་ཀྱི་ཕུང་པོ་སྐྱེ་མཆེད་ཁམས། །གཟུགས་ལ་སོགས་པ་ཐམས་ཅད་ལ། །ལོག་པར་ཞེན་པར་བྱེད་པའོ། །དེ་ནས་ལོག་པར་ཆགས་པའོ། །དེ་ལས་ལོག་པར་ཞེ་སྡང་སྟེ། །དེ་ནས་དམྱལ་བར་སོང་བའོ། །སེར་སྣ་ཡི་དྭགས་ལུས་ལེན་ཅིང་། །གཏི་མུག་བྱོལ་སོང་གནས་སུ་སྐྱེ། །འདོད་ཆགས་མི་ལ་ང་རྒྱལ་ལྷ། །ཕྲག་དོག་ལྷ་མ་ཡིན་དུ་འཁྲུལ། །འཁོར་བ་ལུགས་སུ་འཇུག་པའོ། །འཁོར་བ་ལྡོག་ན་རྒྱུ་ནས་ལྡོག །མ་རིག་པ་ཉིད་རྩད་ནས་བཅད། །རང་རིག་དང་པོའི་སོ་ལ་བཞག །འཁྲུལ་པ་ལོག་པར་ཐེ་ཚོམ་མེད། །ཆོས་ཀྱི་མཐའ་ཡང་གང་ཡིན་ན། །ཆོས་སྐུ་གཉིས་མེད་ཆེན་པོ་ནི། །གཞི་རྩ་མེད་པའི་སེམས་ཉིད་འདི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །བརྗོད་པས་ཐོག་ཏུ་མི་ཕེབས་པས། །ཆོས་ཀྱི་དེ་ལས་བྱུང་བའི་འདྲེལ། །སྐུ་གསུམ་དབྱིངས་ནས་ཡེ་ཤེས་དང་། །མཚན་དང་དཔེ་བྱད་ལྟར་སྣང་བ། །དེ་ལས་ལོག་སྟེ་མ་རིག་པས། །བསྡུས་པ་ཐམས་ཅད་ཆོས་ཅན་ནོ། །དེ་རྣམས་ཀུན་གྱི་མཐས་གཏུགས་པ། །ཆོས་ཀྱི་མཐར་ཐུག་ཅེས་བྱ་སྟེ། །འཁོར་བ་ལུགས་ལས་ལྡོག་པའོ། །སྐུ་ཡི་ངོ་བོར་གཏུགས་པ་ནི། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་དེ། །འོད་གསལ་སྒྱུ་མའི་སྐུ་ཡིན་པས། །གཉིས་

མེད་བརྗོད་པར་མི་ནུས་སོ། །ཆོས་ཀྱི་དབྱིངས་ཀྱི་མདོར་གཏུགས་ན། །རིག་པའི་ཡུལ་ལྟར་སྣང་བ་ཡང་། །ཤིན་ཏུ་ཕྲ་བའི་སྟོང་ཉིད་འདི། །རིག་པ་སྟོང་པ་དབྱེར་མི་ཕྱེད། །བརྗོད་པར་རབ་ཏུ་དཀའ་བའོ། །དབྱིངས་ནི་མུ་མཐའ་བྲལ་བར་ཐུག །རྒྱུ་ཡི་ངོ་བོར་གཏུགས་པ་ན། །ཀུན་རྫོབ་སྣང་བ་འཁོར་བའི་རྒྱུད། །འདས་པར་སྣང་བ་དོན་དམ་རྒྱུ། །འཁོར་འདས་གཉིས་སུ་སྣང་བའོ། །རྒྱུ་ཡི་ངོ་བོ་ཆོས་ཉིད་ཡིན། །ཆོས་ཉིད་སྐྱེ་བ་མེད་པར་ཐུག །ལམ་གྱི་སྟོབས་སུ་གཏུགས་པར་བྱ། །ཐེག་པ་རིམ་པའི་ལམ་རྣམས་ཀྱི། །ནང་ནས་ལམ་སྟོབས་གང་ཆེ་ན། །སྐུ་ལས་ལམ་དུ་བྱེད་པས་ན། །འབྲས་བུ་ཉིད་ལས་ལམ་ཤེས་པས། །ལམ་ཉིད་སྐུ་ལ་ཐུག་པས་ན། །ལམ་ལ་བགྲོད་དུ་མེད་པའོ། །བགྲོད་མེད་ལམ་ལ་གནས་པར་བྱ། །སྤང་བར་བྱ་བའི་རྒྱུ་གང་ཡིན། །མ་རིག་པ་དང་ལོག་ལྟ་དང་། །ལོག་རྟོག་གཉིས་འཛིན་ཐེ་ཚོམ་རྣམས། །རྩད་ཆོད་ནས་ནི་རང་དེངས་འགྲོ། །འབྲས་བུའི་གདེང་དུ་གཏུགས་བྱས་ནས། །མ་རིག་ཁ་ནི་ནང་དུ་བལྟས། །རིག་པས་འཁོར་འདས་ཆོས་རྣམས་ཀུན། །ཆོས་ཀྱི་སྐུ་ལས་བྱུང་བར་ཤེས། །ཀུན་རྫོབ་རྣམ་གྲངས་བརྗོད་འདས་ཀྱང་། །འཁོར་བའི་ཆོས་ལ་འདུས་པ་ཡིན། །མྱ་ངན་འདས་པ་དོན་དམ་ཉིད། །དོན་དམ་གྲངས་མེད་འདི་རུ་འདུས། །དེ་དག་ཐམས་ཅད་སྣང་བ་ཡང་། །ཆོས་ཀྱི་སྐུ་ལས་ཐ་མི་དད། །ཡུལ་གྱིས་ཡེ་ཤེས་ཀློང་བརྡོལ་བ། །བག་ཆགས་སྦུབས་ཀྱི་སྣང་བ་ལ། །ཡེ་ཤེས་བཞི་དང་ལྡན་པས་ན། །བྱ་བ་གྲུབ་པའི་ཆ་ལ་གནས། །སྒྱུ་མའི་ལུས་ལ་ཡེ་ཤེས་ལྔ། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཡོན་ཏན་སྐུ་ཡི་ཀློང་བརྡོལ་བ། །ཐུན་མོང་ཡོན་ཏན་སྣང་བ་ཡང་། །འགྲོ་འོང་མེད་དང་འདུ་འབྲལ་མེད། །སྐྱེ་འགག་མེད་དང་འཕེལ་འགྲིབ་མེད། །གཅིག་པ་ཐ་དད་མེད་པའོ། །ཐུན་མོང་མ་ཡིན་ཡོན་ཏན་ནི། །ལོག་པའི་ཡོན་ཏན་སྣང་བ་ཡང་། །ལུས་དང་ངག་དང་ཡིད་གསུམ་མོ། །ཡང་དག་པ་ཡི་ཡོན་ཏན་ནི། །སྐུ་དང་གསུང་དང་ཐུགས་སུ་སྣང་། །འཁོར་འདས་གཉིས་

སུ་སྣང་བ་ཡང་། །ཀུན་ལ་ཁྱབ་པར་གནས་པ་དང་། །གཟུགས་ཅན་མ་ཡིན་འགྲོ་འོང་མེད། །དུས་ནི་ཐམས་ཅད་པ་ཡིན་ནོ། །སེམས་ཀྱི་གདར་ཤ་གཅད་པར་བྱ། །ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས། །མ་རིག་པ་ཡི་གདར་ཤ་བཅད། །ཆོས་སྤྱི་རང་གི་མཚན་ཉིད་ཀྱིས། །ཐེ་ཚོམ་གདར་ཤ་གཅད་པར་བྱ། །ལམ་དང་བྱ་བའི་ཡེ་ཤེས་ཀྱིས། །ལམ་དང་ཡེ་ཤེས་གདར་ཤ་བཅད། །བསྒོམ་པའི་དམིགས་ནི་བསྟན་པར་བྱ། །འཁོར་འདས་གཅིག་པུར་གྱུར་པ་ཡི། །རིག་པ་ཆོས་སྐུ་སྟོང་གསལ་བསྒོམ། །ཡེ་ཤེས་ཆེན་པོའི་ངང་ལ་བཞག །སྒྲིབ་པའི་སྐྱོན་ཡང་བསལ་བར་བྱ། །སྐྱོན་ཡང་རང་བཞིན་བསལ་མི་དགོས། །མི་དགོས་པ་ཡི་དཔེ་གསུམ་བསྟན། །མར་མེ་དང་ནི་ཉི་མ་དང་། །ནོར་བུ་ཆུ་མདངས་ལྟ་བུའོ། །དེས་ན་སྒྲིབ་པ་རང་དངོས་འགྲོ། །འབྲས་བུའི་རང་བཞིན་རྒྱུ་གཅིག་པ། །བཙལ་མི་དགོས་པའི་རང་བཞིན་གནས། །ད་ལྟར་བག་ཆགས་ལུས་གནས་པས། །འོད་བཟང་འབར་བའི་དཔལ་བེའུ། །དེ་ཉིད་སྦུབས་འཕོ་མཁའ་ལ་འཆར། །ཡེ་ཤེས་སྣང་བ་ལམ་མེ་བ། །དེ་དང་མི་འབྲལ་འགྲོགས་པ་ནི། །ལག་ན་འོད་འབར་སྣང་བའོ། །རང་གི་རང་ངོ་ཤེས་པ་ནི། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །རིན་ཆེན་སྦུབས་སུ་གནས་པ་ནི། །གཟི་བརྗིད་ཆེན་པོ་བལྟ་ན་སྡུག །དེ་ཀུན་ཐིག་ལེ་གཅིག་ཏུ་གནས། །རང་བཞིན་ལྡན་པའི་འབྲས་བུའོ། །མན་ངག་རྫོང་ཆེན་རྣམ་པ་གསུམ། །འབྲས་བུའི་གཏེར་གསུམ་སྦ་པའོ། །བྱང་ཆུབ་སེམས་ཀྱི་རྫོང་ལ་ནི། །ཐིག་ལེ་ཉག་གཅིག་གཏེར་སྦའོ། །ཐིག་ལེ་ཕྱི་ནང་རྩལ་རྫོང་ལ། །ཀུན་བཟང་རོལ་པའི་གཏེར་སྦའོ། །ཡིད་ཀྱི་རྣམ་ཤེས་རྫོང་ཆེན་ལ། །རང་བྱུང་ཡེ་ཤེས་གཏེར་སྦའོ། །མཉམ་པ་ཆེན་པོ་མི་གཡོ་བས། །རྫོང་ལ་གཏེར་སྦས་རྒྱས་གདབ་བོ། །སྟོང་ཐུན་མ་གཞིའི་མན་ངག་འདི། །སྟོན་པ་རྡོ་རྗེ་འཆང་ཆེན་གྱིས། །དགའ་རབ་རྡོ་རྗེ་ཉིད་ལ་བཤད། །ཆོས་ཀྱི་མ་གཞི་ཞེས་བྱའོ། །དེ་ནས་བཅོམ་

ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གང་ཟག་ལམ་གྱི་ཆ་རྐྱེན་ཡང་གསུངས་པ། དང་པོ་ཐུག་སར་གཏུགས་པ་དང་། །བར་དུ་འགྲོ་སར་བཏང་བ་དང་། །ཐ་མ་འདུག་སར་བཞག་པའོ། །འཁྲུལ་གཞི་རྩད་ནས་བཅད་པ་དང་། འཁྲུལ་པ་གཞི་ལ་ལྡོག་པ་དང་སངས་རྒྱས་པ་དུས་མཉམ་མོ། །ཆོས་ཉིད་མ་དང་འཕྲད་པའི་དུས་དང་། རྡོ་རྗེ་སེམས་དཔའ་རང་དབང་ཐོབ་པའི་དུས་དང་། ཡེ་ཤེས་རང་ས་ཟིན་པའི་དུས་སོ། །ཞེས་རིན་པོ་ཆེ་དྲ་བའི་དགོངས་པ་མིག་མང་རིས་ཞེས་བྱ་བར་གསུངས་སོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེ་གཏེར་གྱི་འབྱུང་གནས་ཞེས་བྱ་བ་གང་ཟག་ལམ་གྱི་ཆ་རྐྱེན་འདི་གསུངས་སོ། །རྫོགས་པ་ཆེན་པོ་ཕྱིན་ཅི་མ་ལོག་པའི་མན་ངག་མངོན་དུ་ཕྱུང་བ་འདི་ལ་ལྔ་སྟེ། ཆོས་ཉིད་བྱང་ཆུབ་སེམས་ལས་འཁྲུལ་པ་བྱུང་བའི་ཚུལ་བསྟན་པ་དང་། དེ་གང་ལ་བརྟགས་ཏེ་བྱུང་བར་བསྟན་པ་དང་། བརྟགས་ནས་ངེས་པའི་དོན་ལ་བསྒོམ་པ་བསྟན་པ་དང་།རང་བྱུང་ཡེ་ཤེས་མངོན་དུ་ཤར་བའི་དུས་བསྟན་པ་དང་། དབུ་མ་སེམས་ཙམ་གྱི་གོལ་ས་བཅད་ཅིང་རྒོལ་བ་ཕྱིར་རྒོལ་གྱི་ཐེ་ཚོམ་བཅད་པར་བསྟན་པའོ། །དེ་ལ་ཡང་གསུམ་སྟེ། དང་པོ་དངོས་པོའི་གནས་ལུགས་བསྟན་ཏོ། །བར་དུ་གཟུང་འཛིན་གྱི་འཁྲུལ་པ་བསྟན་ཏོ། །ཐ་མར་འབྲས་བུ་ཐོབ་པའི་དུས་བསྟན་ཏོ། །མན་ངག་གསུམ་སྟེ། རྒྱལ་པོའི་གདུང་མི་འགྱུར་བའི་ལྟ་བས་ཡིད་ཆེས་བསྐྱེད།འཁོར་བ་ཐོག་མཐའ་གཅོད་པའི་མན་ངག་གི་གཟེར་གདབ། ཕྱིར་མི་ལྡོག་པའི་སྙིང་པོ་སེམས་ཀྱི་འབྲས་བུར་གནས་སོ། །འདི་ལ་གོལ་ས་གསུམ་སྟེ། བལྟ་བའི་གོལ་ས་དང་། མན་ངག་གི་གོལ་ས་དང་། འབྲས་བུའི་གོལ་སའོ། །འདི་ལ་བསྒོམ་པའི་ཐབས་ཀྱིས་བསྒོམ་པ་ནི་གསུམ་སྟེ། ཀུན་བཟང་ངང་ལ་གནས་པས་ངང་ཀུན་ཏུ་བཟང་པོ། མཁའ་དབྱིངས་ཀློང་ཀུན་ཏུ་བཟང་མོ། རྟོགས་པ་ཀུན་ཏུ་བཟང་པོའོ། །རང་བཞིན་གསུམ་ནི། རང་བཞིན་སྙིང་པོ་མེད་པ།རང་བཞིན་བདེ་བ་ཆེན་པོ། རང་བཞིན་སྙིང་པོ་ཅན་ནོ། །ལ་བཟླ་བ་
གསུམ་ལ་རྒྱུའི་ཆོས་སུ་ལ་བཟླ་བ་དང་། འབྲས་བུའི་ཆོས་སུ་ལ་བཟླ་བ་དང་། རྒྱུ་འབྲས་གཉིས་མེད་དུ་ལ་བཟླ་བའོ། །ཞེས་རིན་པོ་ཆེ་གཏེར་གྱི་འབྱུང་གནས་སུ་གསུངས་སོ། །པདྨ་འཁྱིལ་པའི་རྒྱུད་ཆེན་པོ་འདི། །རྡོ་རྗེ་འཆང་ཆེན་རྒྱལ་བ་ཡིས། །མཁའ་འགྲོ་མ་ལ་སོགས་པ་ལ། །དགོངས་པ་བརྒྱུད་ནས་བཤད་པ་ཡིན། །འཁོར་རྣམས་དགྱེས་ནས་རབ་ཏུ་བསྟོད། །རྒྱལ་བ་དགོངས་པས་བརྒྱུད་པ་ཡིས། །ཕྱི་རབས་རྣལ་འབྱོར་དབང་ཕྱུག་རྣམས། །སངས་རྒྱས་ཞལ་ནས་གསུངས་པ་ནི། །ཡིད་ཆེས་འགྱུར་བས་རབ་ཏུ་དད། །རིག་འཛིན་རིག་པའི་བརྡས་བརྒྱུད་པས། །ཟབ་མོའི་མན་ངག་རྒྱ་ཆེར་འགྱུར། །གང་ཟག་སྙན་ཁུང་བརྒྱུད་གསུངས་པའོ། །མན་ངག་ཐུགས་ཀྱི་རྒྱུད་ཆེན་ཐིག །ནང་སྐོར་ལྔ་ཡི་མན་ངག་དང་། །གསང་སྐོར་ལྔ་དང་དགུ་པ་དང་། །གང་ཟག་ཆ་རྐྱེན་རྣམ་གསུམ་གྱི། །རྒྱུད་ཆེན་རབ་ཟབ་རྒྱུད་གསུངས་པ། །མ་འོངས་དོན་དུ་ལུང་བསྟན་གསུངས། །རྡོ་རྗེ་འཆང་ཆེན་ཁྱོད་ལ་འདུད། །ཅེས་བསྟོད་ནས། སྟོན་པ་འཁོར་དང་བཅས་པ་རྣམས་ཆོས་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་པར་བཞུགས་སོ། །སྟོན་པ་རྡོ་རྗེ་འཆང་ཆེན་པོས་གསུངས། ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ནས། སྐལ་ལྡན་འགའ་ཟུང་ལ་བརྒྱུད་དོ། །པདྨ་འཁྱིལ་པའི་རྒྱུད་ལས་རྗེས་སུ་ཡི་རང་བ་སྟེ་ལེའུ་རྩ་གཅིག་པའོ།། །།སྐུའི་རྒྱུད་པདྨ་འཁྱིལ་པ་རྫོགས་སོ།། །།

རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་བྱ་བ། སློབ་དཔོན་བི་མ་ལ། ལོཙྪ་བ་སྐ་ཅོག

རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་མགོན་པོ་ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། འཁོར་ཆེན་པོ་འདུས་པའི་ཚོགས་མ་ལུས་པ་རྣམས།ལེགས་པར་ཉོན་ཅིག །ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཕྱིན་ཅི་མ་ལོག་པར་བསྟན། སྐུ་གསུང་ཐུགས་གསང་བ་རྨད་དུ་བྱུང་བའི་རྒྱུད་ཀྱང་བསྟན་པར་བྱའོ། །སྐུ་གསུང་ཐུགས་གསང་བ་རྨད་དུ་བྱུང་བ། སྐུ་གསུང་ཐུགས་ཡོན་ཏན་རྨད་དུ་བྱུང་བ། སྐུ་གསུང་ཐུགས་ཕྲིན་ལས་རྨད་

དུ་བྱུང་བ་ལས། གསུང་རྨད་དུ་བྱུང་བ་གསུང་གི་རྒྱུད། ཕྲིན་ལས་མཐར་ཕྱིན་པ་རྡོ་རྗེ་རྩེ་མོའོ། །དོན་ཐུགས་སུ་ཆུད་པ་ཞེས་བྱ་བ་འདི་ལ། བཅོམ་ལྡན་འདས་མི་མཉམ་མགོན་པོས། ཀྱེ་འདུས་པའི་ཚོགས་དང་མ་འོངས་པའི་དུས་ན། དུས་མི་མཉམ་པ་ནམ་མཁའ་མེད་པའི་སྔོན་རོལ། གནས་མི་མཉམ་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྟོན་པ་མི་མཉམ་པ་སངས་རྒྱས་འོད་དཔག་མེད། ཆོས་མི་མཉམ་པ་གསང་བ་རིག་པ་བཀོད་པའི་རྒྱུད་ལྔ། འཁོར་མི་མཉམ་པ་རིགས་ལྔའི་བདེ་བར་གཤེགས་པ། འདུས་པའི་ཚོགས་མི་མཉམ་པ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ། ཀྱེ་ཀྱེ་འདུས་པའི་ཚོགས་ང་ཡིས་བཤད། ང་ཡིས་བསྟན་ང་ལ་ཉོན་ཅིག །ཨེ་མ་ཧོ། ངོ་མཚར་ཆེ་བའི་ཆོས། བརྗོད་པ་ཀུན་ལས་རབ་ཏུ་འདས། །ཆོས་རྣམས་ཀུན་ལ་རབ་ཏུ་མི་གནས་སོ། །ཆོས་སྐུ་སྣང་བ་འཁྲུལ་པའི་ཆོས་ཞེས་བཀའ་སྩལ་ཏོ། །ང་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ། སྐུ་གནས་པའི་སྐུ་བསྟན་པ། ཡེ་ཤེས་ཀྱི་སྐུ་དྲི་མ་མེད་པའོ། །ངའི་གསུང་འགག་པ་མེད་པ་རང་བྱུང་གི་ཡེ་ཤེས་སོ། །ངའི་ཐུགས་རྡོ་རྗེ་ལྟ་བུ་འགྱུར་བ་མེད་པའོ། །ངའི་ཡོན་ཏན་ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་པའོ། །ངའི་ཕྲིན་ལས་ཉི་མའི་སྙིང་པོ་ལྟར་ལྷུན་གྱིས་གྲུབ་པའོ། །ང་རང་བྱུང་གི་ཡེ་ཤེས་ཆེན་པོ་ལ་ཆོས་མི་གནས་པའི་ཆོས་བསྟན་པའོ། །འཁོར་ཆེན་པོ་ལྔ། འདུས་པའི་འཁོར་རྣམས་ལ་རང་རེ་འདུས་པའི་དོན་དུ་གསལ་བའི་རྒྱུད་ལྔ་གསུངས་སོ། །ཀྱེ་འདུས་པའི་ཚོགས་རྣམས་ང་ལ་ཉོན། །ང་ནི་སངས་རྒྱས་ཀུན་གྱི་སྐུ། །ཡེ་ཤེས་ལུས་ཅན་དྲི་མ་མེད། །ང་ནི་སངས་རྒྱས་ཀུན་གྱི་གསུང་། །ཡི་གེ་མེད་པས་ཚིག་ལས་འདས། །ང་ནི་སངས་རྒྱས་ཀུན་གྱི་ཐུགས། །དྲན་རྟོག་མེད་པས་མྱ་ངན་འདས། །ང་ནི་ཡོན་ཏན་དཔག་མེད་སྐུ། །ནོར་བུ་རིན་ཆེན་དྲི་མེད་མཉམ། །ང་ནི་ཕྲིན་ལས་མཐར་ཕྱིན་སྐུ། །འགྲོ་བའི་མགོན་པོ་དེ་བཞིན་གཤེགས། །དེ་ནས་འདུས་པའི་ཚོགས་རྣམས་ཀྱིས། །རང་རང་རིགས་ཀྱི་

རྒྱུད་ཤེས་པས། །མགྲིན་གཅིག་ཐལ་མོ་མཉམ་སྦྱར་ནས། །ལེགས་སོ་དཔལ་མགོན་ནག་པོ་ཆེ། །ལེགས་སོ་ལེགས་སོ་དེ་ལེགས་སོ། །དྲི་མ་མེད་པའི་རྒྱུད་ཆེན་ལྔ། །སངས་རྒྱས་ཀུན་གྱི་ཐུགས་སུ་ཆུད། །འགྲོ་བའི་མགོན་པོ་དེ་བཞིན་གཤེགས། །འདུས་པའི་ཚོགས་རྣམས་དབུགས་འབྱིན་པ། །ལེགས་སོ་ཡེ་ཤེས་དྲི་མ་མེད། །གཅིག་ཏུ་གསུངས་པས་དོན་ཤེས་པ། །ཡེ་ཤེས་ལྔ་ཡི་མཚན་ཉིད་འཛིན། །ཆེན་པོ་ལྔ་ཉིད་མངོན་སངས་རྒྱས། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །རྣམ་དག་གསུང་གི་ཏནྟྲ་ལས། །གསང་བའི་སྒྲོན་མ་བསྟན་པ་ནི། །རིག་པའི་ཁུ་བྱུག་བསྟན་པ་ཡིན། །རིན་ཆེན་དྲ་བའི་སྒོ་མོ་ལ། །འབྱེད་པའི་ལྡེ་མིག་བསྟན་པ་ནི། །མུན་པའི་སྒྲོན་མ་བསྟན་པ་ཡིན། །རིན་ཆེན་སྤུངས་པའི་རྫོང་ཆེན་ལ། །གནས་པའི་རང་ས་བསྟན་པ་ནི། །ནོར་བུ་དྲི་མ་མེད་པའི་རྒྱུད། །མགོན་པོ་ང་ཡིས་བསྟན་པ་ཡིན། །དེ་ཕྱིར་མགོན་པོ་དྲི་མེད་དང་། །མི་གནས་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་འཛིན་པ་ང་ལ་ཉོན། །ཞེས་ཆོས་ཕ་རོལ་ཏུ་ཕྱིན་པ་ལྔ་ལས་ཡོངས་སུ་འཛིན་པ་ནི། དྲི་བ་དང་པོ་པ་རྣམས་ཉོན་ཅིག །དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པ་ཡིན་ཏེ། ཆོས་ཀྱི་སྐུ་ལས་འདས་པའི་སྐུ་རྣམ་པར་དག་པ་མི་འཐོབ་བོ། །རིགས་ཀྱི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོང་དུ་ཆུད་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། བཤད་དུ་མེད་པའི་རྒྱུད། བསྒོམ་དུ་མེད་པའི་ཆོས། བཙལ་དུ་མེད་པའི་ལས། འབྲས་བུ་གཞན་ལ་རེ་བ་མེད་པར་གནས་པའོ། །ཞེས་མགོན་པོ་དྲི་མ་མེད་པས་ཡེ་ཤེས་རང་བྱུང་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །།རྒྱ་གར་སྐད་དུ། བཛྲཱ་གྲ་ས་མུ་དཱ་ཡ་ཏནྟྲ། བོད་སྐད་དུ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཐུགས་ལས་བཀྲོལ་བའི་རྒྱུད། ཞལ་ནས་

གསུངས་པའི་ཕྱིར་ལུང་། རྣ་བ་ནས་རྣ་བར་བརྒྱུད་པའི་ཕྱིར་མན་ངག་འདི་ལ། སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་འདི་ལ་རྒྱུད་ཡིན་པའི་ཕྱིར་ཕུན་སུམ་ཚོགས་པ་ལྔས་བསྟན། ལུང་ཡིན་པའི་ཕྱིར་ལུང་གི་ཆེ་བ་ལྔས་བསྟན། མན་ངག་ཡིན་པའི་ཕྱིར་མན་ངག་གི་མཛོད་གསུམ་གྱིས་བསྟན་ཏོ། །དེ་ལ་དུས་ཕུན་སུམ་ཚོགས་པ་སྣང་བ་བཀོད་པའི་ཞིང་ཁམས་གནས་ཕུན་སུམ་ཚོགས་པ་ལྕང་ལོ་ཅན་གྱི་ཞིང་ཁམས། སྟོན་པ་ཕུན་སུམ་ཚོགས་པ་སངས་རྒྱས་འོད་སྲུངས། ཆོས་ཕུན་སུམ་ཚོགས་པ་གསང་བའི་རྒྱུད་ལྔ། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་རབས་བདུན་ནོ། །ལུང་ཡིན་པའི་ཕྱིར་ལུང་ཡིན་པར་ལྔས་བསྟན་ཏེ། རྡོ་རྗེ་སེམས་དཔའི་ཞལ་ནས་གསུངས་པའི་ཕྱིར། ལུང་གཞན་ལ་མ་བརྟེན་པས་ལུང་གིས་ཡིད་ཆེས་པའི་ཆེ་བའོ། །སྐུ་རྣམ་པར་དག་པ་དང་པོ་རྒྱུ་མེད། བར་དུ་རྐྱེན་མེད། ཐ་མར་མི་འགྱུར་བས།འགྱུར་བ་མེད་པ་ནམ་མཁའི་ལུང་གིས་ཆེ་བའོ། །སྟོན་པའི་ཞལ་ནས་གསུངས་པའི་ཚིག་འབྲུ་གཉེར་ལེགས་ཤིང་དོན་དེ་བཞིན་ཉིད་ལས་མི་འགྱུར་བས་ལུང་གི་ཆེ་བའོ། །མི་ལས་ཁྱད་པར་དུ་གྱུར་པ་དགའ་རབ་རྡོ་རྗེའི་དོན་དུ། སྟོན་པའི་ཞལ་ནས་གསུངས་པ་ལས། ལུང་མ་ནོར་བ་རིན་པོ་ཆེ་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་རང་ནན་དུ་བྲིས་པས་ལུང་གི་ཆེ་བའོ། །བསྐྱེད་རྫོགས་རྣམ་པ་གསུམ་ལོ་མ་དང་མེ་ཏོག་དང་འབྲས་བུའི་ཚུལ་དུ་རྒྱུ་དང་འབྲས་བུ་ཐ་མི་དད་དུ་བསྟན་པས། གསང་སྔགས་མཐའ་དག་གི་ལུང་འདུས་པས་ལུང་གི་ཆེ་བའོ། །མན་ངག་ཡིན་པའི་ཕྱིར་མན་ངག་གི་མཛོད་གསུམ་གྱིས་བསྟན་ཏེ། སྐུའི་རྒྱུད་ནས་སྐུ་རིན་པོ་ཆེ་འདྲ་བའི་མཛོད་ཕྱུང་སྟེ་འཁོར་བ་ཐོག་མཐའ་བཅད། གསུང་གི་རྒྱུད་ནས་གསུང་རིག་པའི་ཁུ་བྱུག་ཕྱུང་སྟེ་ཡི་གེ་དང་ཐུགས་སུ་སྤྲད། ཐུགས་ཀྱི་རྒྱུད་ནས་ཐུགས་ནོར་བུ་རིན་པོ་ཆེ་དྲི་མ་མེད་པའི་རྒྱུད་ཕྱུང་སྟེ་ཆོས་མིན་གྱི་ཆོས་ལ་བཞག་གོ། །སྟོན་པ་དགའ་རབ་རྡོ་རྗེ་ངས། །རྡོ་རྗེ་སེམས་དཔའི་ཐུགས་བརྟོལ་ཏེ། །

སྐྱེ་བ་མེད་པའི་རྒྱུད་ཆེན་ལྔ། །ཕྱི་རབས་འབྱུང་བའི་དོན་དུ་བསྒྱུར། །འཇམ་དཔལ་གཞོན་ནུ་ཁྱོད་ལ་གཏད། །གཅིག་ལས་གཉིས་སུ་མ་སྤེལ་བར། །བྱང་ཆུབ་འབྱུང་བའི་ཤིང་དྲུང་དུ། །རྡོ་རྗེ་སེམས་དཔའི་རྒྱ་ཡིས་ཐོབ། །འཆི་ཀ་མ་ཡི་གསང་གཏེར་འདི། །རང་གི་རྒྱུད་ལས་གཞན་དུ་མེད། །མེད་པ་མ་ཡིན་ལུང་གིས་གྲོལ། །དཔལ་ལྡན་མགོན་པོ་དྲི་མེད་ཀྱི། །ཐུགས་ཀྱི་ཀློང་ནས་རྒྱུད་ལྔ་བྱུང་། །སངས་རྒྱས་ལྔ་ཡི་རྒྱུད་དུ་བཞག །ཉོན་མོངས་ལྔ་དང་འབྱུང་བ་ལྔ། །ཡེ་ནས་རྣམ་པར་དག་པའི་ཕྱིར། །རྡོ་རྗེ་འཛིན་ལ་བཀའ་སྩལ་ཏོ། །དེ་ནས་སངས་རྒྱས་རྡོ་རྗེ་འཛིན་ཆེན་པོའི་དགོངས་པ་སེམས་ཅན་གྱི་གཞི་ལ་གནས་པའི་ཕྱིར། སྐུའི་རྒྱུད་པདྨ་འཁྱིལ་པ་བསྟན། བླ་མའི་ཞལ་ནས་དཀྱུས་དང་སྦྱར་བའི་ཕྱིར། གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ་བསྟན། སངས་རྒྱས་ཀྱི་དགོངས་པ་ལ་བཟླ་བའི་ཕྱིར། ཐུགས་ཀྱི་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་བསྟན། མ་འོངས་པའི་སེམས་ཅན་ཡིད་ཆེས་པར་བྱ་བ་དང་། སངས་རྒྱས་ཀྱི་དགོངས་པ་ཉིད་ནས་ཉིད་དུ་བསྟན་པའི་ཕྱིར། ཡོན་ཏན་གྱི་རྒྱུད་བསོད་ནམས་བྱམས་པ་བརྩེགས་པ་བསྟན། སེམས་ཅན་རྣམས་ལ་འབྲས་བུའི་བསྟན་པ་རྒྱས་པར་བསྟན་པའི་ཕྱིར། ཕྲིན་ལས་ཀྱི་རྒྱུད་མཁའ་གསལ་གྱི་ཉི་མ་བསྟན། སྤྱིར་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་ལྔ་ལ།སྒོ་བརྩེགས་སུ་ཕྱེ་བའི་རྒྱུད་བུམ་ཆུང་ཉི་ཤུ་རྩ་གཅིག་ཏུ་ཕྱེ་སྟེ་བསྟན་ནོ། །སྤྱི་རྒྱུད་ལྔ་ལ། མན་ངག་གི་རྒྱུད་གསུམ། གདམས་པའི་རྒྱུད་བཅུ་དྲུག །བཤད་པའི་རྒྱུད་གཉིས་ཏེ་ཉི་ཤུ་རྩ་གཅིག་གོ། །བྱང་ཆུབ་ཀྱི་སེམས་པདྨ་འཁྱིལ་པའི་རྒྱུད་འདི།རྒྱུད་ཀྱང་ཡིན་ལུང་ཡང་ཡིན། མན་ངག་ཀྱང་ཡིན། ནོ་བི་ཀ་ཡང་ཡིན་ནོ། །ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་ནས་གསུངས་ཏེ། གང་ཟག་གི་རྣ་བ་ནས་རྣ་བར་བརྒྱུད་པའི་ཕྱིར་རྒྱུད་ཀྱང་ཡིན་ནོ། །

རྒྱུད་དེ་ལྟ་བུ་སྟོན་པའི་ཞལ་ནས་གསུངས་པར་ལུང་བསྟན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མ་ནོར་བར་བྲིས་ཏེ་ཕྱིས་འབྱུང་བར་བསྟན་པས་ལུང་ཡང་ཡིན་ནོ། །ལུང་དེ་གང་ཟག་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་བྱེད་པས་མན་ངག་ཀྱང་ཡིན་ནོ། །མན་ངག་དེ་སྤྱོད་དུ་མི་སྟེར་བའི་མུ་སྟེགས་ལོག་ལྟ་ཅན་ཚར་གཅད་པའི་ཕྱིར། སྒྲུབ་ཐབས་ཀྱི་ལེ་ལག་བསྟན་པས་ནོ་བི་ཀ་ཡང་ཡིན་ནོ། །དེ་ཡི་ཕྱིར་པདྨ་འཁྱིལ་པའི་རྒྱུད་ནི། སངས་རྒྱས་ཀུན་གྱི་རྒྱུད་ལྔའི་རྩ་བ་ཡིན་ནོ། །བྱང་ཆུབ་སེམས་གསང་བ་བསྡུས་པ་ལས། རྒྱུད་ཅི་ལྟར་བྱུང་བའི་བྱུང་ཁུངས་དང་། ཡོན་ཏན་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།བཅོམ་ལྡན་འདས་འཇམ་དཔལ་གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་མུན་པའི་སྒྲོན་མ་ཞེས་བྱ་བ། ཆུ་བོ་སིནྡྷུ་དང་། ཆུ་བོ་ཆེན་པོ་གངྒཱའི་མཚམས་སུ་སངས་རྒྱས་འོད་སྲུངས་ཀྱིས་གཟིགས་པ་རྣམ་པ་གཉིས་སུ་གཟིགས་ཏེ། སེམས་ཅན་གྱི་བློའི་བྱེ་བྲག་དང་སྦྱར་ནས། རྒྱུ་འབྲས་ཀྱི་ཆོས་གཉིས་བཀའ་སྩལ་ཏེ། ལས་ཀྱི་མཐའ་བརྩི་བ་དང་། ལས་ཀྱི་མཐའ་མི་བརྩི་བ་གཉིས་ལས། དེ་ལ་ལས་ཀྱི་མཐའ་བརྩི་བ་ལ། ལས་ཀྱི་མཐའ་རྫོགས་པ་དང་།ལས་ཀྱི་མཐའ་ལ་མི་གནས་པའོ། །དེ་ཡི་ལས་ཀྱི་མཐའ་བརྩི་བ་ལ། ཕ་རོལ་ཏུ་ཕྱིན་པ་ལྔའི་བསྒོམ་ལམ་ནས་འཇུག་སྟེ། རྒྱུའི་ཆོས་སུ་བསྟན། ལས་ཀྱི་མཐའ་རྫོགས་པ་ལ་ཐབས་ཁྱད་པར་ཅན་དུ་གྱུར་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྟན་ཏེ། ལུང་གསེར་གྱི་ཕུར་པས་བསྟན་ཏོ། །ལས་ཀྱི་མཐའ་ལ་མི་གནས་པ་ནི། སངས་རྒྱས་ཉིད་ཀྱི་ལུང་གིས་བསྟན་ཏེ། ཇི་སྟེ་ལས་ཀྱི་དབང་གྱུར་ན་ཞེས་པའི་ཚིག་གིས་བསྟན་ཏེ། ལས་ཀྱི་མཐའ་ལ་མི་གནས་བྱ་བ་ཙམ་ལ་ཡང་གནས་སུ་མེད། རང་བཞིན་ཆེན་པོ་ཚིག་གི་མཐའ་དང་བྲལ་བ་ནི། རེ་ཞིག་བསྟན་ན་བྱང་ཆུབ་སེམས་རིན་པོ་ཆེ་སྤུངས་པ་ནས་བསྟན་ཏོ། །དོན་དེ་ཐུགས་སུ་ཆུད་པར་བྱ་བ་ནི།

བྱང་ཆུབ་ཀྱི་སེམས་པདྨ་འཁྱིལ་པ་དབུ་ཞབས་ན་བཞུགས་ཏེ། དེ་ཡང་བྱང་ཆུབ་སེམས་རྡོ་རྗེ་རྩེ་མོ་འདུས་པས་དགྲོལ་བར་བྱའོ། །མན་ངག་གི་རྒྱུད་གསུམ་གཏན་ལ་དབབ་ཅིང་ཡིད་ཆེས་པར་བྱ་བར་ཆེད་དུ་གདམས་པའི་རྒྱུད་བཅུ་དྲུག་གིས་བསྣན་ནས། བཤད་པའི་རྒྱུད་གཉིས་ཀྱིས་མཐོ་དམན་ཀློང་དུ་ཁོད་བསྙམས་ཏེ་གདམས་པའོ། །དེ་ལ་པདྨ་འཁྱིལ་པའི་རྒྱུད་ནི་རིན་པོ་ཆེ་རྩར་ལ་བརྒྱུས་པ་བཞིན་དུ་བཤད་དོ། །རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ནི། གྱི་ལིང་སྒྲོག་བཀྲོལ་པའམ། རིན་པོ་ཆེ་བང་མཛོད་ཀྱི་སྒོ་ལྕགས་བཀྲོལ་བའི་ཚུལ་དུ་བཤད་དོ། །རིན་པོ་ཆེ་སྤུངས་པའི་རྒྱུད་ནི། ཁྱུང་ནམ་མཁའ་ལ་ལྡིང་བའི་ཚུལ་དུ་བཤད་དོ། །བསོད་ནམས་བྱམས་པ་བརྩེགས་པའི་རྒྱུད་ནི། མཆོད་རྟེན་གྱི་ཁྲི་འཕང་གི་ཚུལ་དུ་ཡས་འཛེགས་ཀྱིས་བཤད་དོ། །མཁའ་གསལ་ཉི་མའི་རྒྱུད་ནི། ཉི་མ་དང་ནམ་མཁའི་ཚུལ་དུ་བཤད་དོ། །སངས་རྒྱས་ཀྱི་རྒྱུད་རྣམ་པ་ལྔ་པོ་འདི་ནི། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་བཀའ་སྩལ་པ། པཎྜི་ཏ་དགའ་རབ་རྡོ་རྗེས་དབུ་ཞབས་ཀྱི་དོན་བསྡུས་པ་ནི། བྱང་ཆུབ་ཀྱི་སེམས་མུན་པའི་སྒྲོན་མ་འདི་ལ་དབུ་ཞབས་སུ་སྤྱི་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། སངས་རྒྱས་དགོངས་པས་བརྒྱུད་པ་དང་། རིག་འཛིན་བརྡ་ཡིས་བརྒྱུད་པ་དང་། གང་ཟག་རྣ་བས་བརྒྱུད་པ་དང་གསུམ་ལས། དང་པོ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སངས་རྒྱས་འོད་མི་འགྱུར་བས། ལོངས་སྤྱོད་རྫོགས་པའི་སྐུ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ། བཤད་ཀྱང་ས་མ་ཏིས་བཤད། མཉན་ཡང་ས་མ་ཏིས་མཉན་ནོ། །དེ་ནས་འོག་མིན་གྱི་གནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། རིགས་ལྔའི་བདེ་བར་གཤེགས་པ་རྣམས་ཀྱིས། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ།བཤད་ཀྱང་ས་མ་ཏིས་བཤད། མཉན་ཡང་ས་མ་ཏིས་མཉན་ནོ། །དེ་ནས་ས་བཅུའི་བྱང་ཆུབ་

སེམས་དཔའ་རྣམས་ཀྱིས། ལྕང་ལོ་ཅན་གྱི་ཕོ་བྲང་དུ་སྤྲུལ་པའི་སྐུ་སངས་རྒྱས་འོད་སྲུངས་ལ། འཆི་མེད་རྡོ་རྗེའི་ལུང་བསྟན་ནས། དུས་གསུམ་གྱི་སངས་རྒྱས་དང་གཉིས་སུ་མེད་པར་བཞུགས་སོ། །པཎྜི་ཏའི་བརྡའི་སྒོ་ནས་བསྟན་པ་ལ་གསུམ་སྟེ། བརྡ་སྒྲའི་སྒོ་ནས་བསྟན་པ་དང་། ངག་དང་ཏིང་ངེ་འཛིན་གྱི་སྒོ་ནས་བསྟན་པ་དང་། ཤེས་རབ་དང་རང་རྒྱུད་ཀྱི་སྒོ་ནས་བསྟན་པའོ། །བརྡ་རྣམ་པ་གསུམ་གྱི་སྒོ་ནས་བསྟན་པ་དང་། སྒྲ་རྣམ་པ་དྲུག་གིས་བསྟན་པའོ། །ངག་འཇམ་པའི་སྒོ་ནས་བསྟན་པ་དང་། ཏིང་ངེ་འཛིན་མ་འགགས་པའི་སྒོ་ནས་བསྟན་པའོ། །ཤེས་རབ་ནི་ཐེག་པ་ཐམས་ཅད་ཀྱི་སྒོ་ནས་བསྟན་པ་ཡིན་ལ། རང་རྒྱུད་ནི་གདམས་པའི་སྒོ་ནས་བསྟན་པ་ཡིན་ནོ། །དེ་ནས་བོད་ཀྱི་དགེ་བའི་བཤེས་གཉེན་སྐྱེས་ཆེན་ཁྱད་པར་ཅན་གྱི་གང་ཟག སེམས་དང་ཆོས་སུ་འདྲེས་པ་རྣམས་ཀྱིས་བཤད་པ་མང་ཡང་། སྤྱི་དོན་གསུམ་སྟེ་ཕྱི་ནང་གསང་བ་གསུམ་དུ་བསྟན་ནོ། །དེ་ལ་ཡང་ཕྱི་མ་གསུམ་སྟེ། ལུང་དཀྱུས་སུ་བཤད་པ་དང་། ལུང་མན་ངག་ཏུ་བཤད་པ་དང་། མན་ངག་མན་ངག་ཏུ་བཤད་པའོ། །དེ་ལ་ལུང་དཀྱུས་སུ་བཤད་པ་སྤྱི་བཙན། ལུང་མན་ངག་ཏུ་བཤད་པ་སྐབས་བཞི་པ། མན་ངག་མན་ངག་ཏུ་བཤད་པ་ཡོངས་སུ་རྫོགས་པའི་སྐབས་གཅིག་པ་རིན་པོ་ཆེ་སྒྲོན་མ་སྣང་བྱེད་དུ་ཤེས་པར་བྱའོ། །ནང་ལྟར་བཤད་པ་ལ་གཉིས་ཏེ། ནང་གི་ཕྱི་དང་། ནང་གི་ནང་ངོ་། །ནང་གི་ཕྱི་བཀྲི་བ་དྲང་གི་དོན་དུ་བསྟན་ཏོ། །ནང་གི་ནང་ལ་དོན་བསྟན་ཏོ། །གསེར་མིག་ནས་དུས་མཉམ་བདུན་པ་ཡན་ཆད། མན་ངག་ནི་ཐུགས་ཀྱི་རྒྱུད་དམ་པས། ཁོང་འགྲེལ་ལོ། །རང་རེའི་སྐོར་ཚོམས་དང་འབྲུ་དེ་ནི་དཀྱུས་བཙན་ལ་དཔེ་ཆུང་དང་སྦྱར་ལ་ཤེས་པར་བྱའོ། །དེ་བཞིན་དུ་གསང་སྐོར་ཀྱང་ཤེས་པར་བྱའོ། །དོན་གྱི་མན་ངག་ཁོང་འགྲེལ། གསང་བར་

བསྟན་པ་ལ་དོན་བདུན་གྱིས་བསྟན་ཏེ། དེ་ལ་ཡང་སྟོན་ལུགས་གསུམ་སྟེ། རྒྱས་པར་བསྟན་པ་དང་། བསྡུས་ཏེ་བསྟན་པ་དང་། ཤིན་ཏུ་ཡང་བསྡུས་ཏེ་བསྟན་པའོ། །དེ་ལ་རྒྱས་པ་ནི་རྒྱུད་དུ་བཤད། བསྡུས་པ་དཔེ་ཆུང་དུ་བསྟན། ཤིན་ཏུ་བསྡུས་པ་ནི་ལུང་གསེར་གྱི་ཕུར་པར་བསྟན་ནོ། །དེ་ལ་དོན་བདུན་གྱིས་བསྟན་པ་དང་པོ། རྡོ་རྗེ་སེམས་དཔའ་གཞིའི་གནས་ལུགས་ཀྱིས་འཁོར་བ་ཐོག་མཐའ་བཅད། རིན་པོ་ཆེ་ཟ་མ་ཏོག་སྦྲགས་མས་ཐོག་མའི་སངས་རྒྱས་ངོ་སྤྲད། ལྟ་བ་ཁ་འབྱམས་ཀྱི་རྒྱལ་པོས་གཉའ་གནོན། རིན་པོ་ཆེ་སྤྱི་བཅིངས་ཀྱིས་དོན་ཉམས་སུ་བླངས། པདྨ་འཁྱིལ་པའི་དཔེ་ཉི་ཤུ་རྩ་གཅིག་གིས་དོན་མན་ངག་ཏུ་བསྡུས། ལུང་གསེར་གྱི་ཕུར་པས་ཚིག་དང་ཡི་གེའི་ཐག་བཅད། མདོ་རྣམ་པ་གཉིས་ཀྱིས་ལས་ཀྱི་མཐའ་བསྡུའོ། །བྱང་ཆུབ་ཀྱི་སེམས་པདྨ་འཁྱིལ་པའི་དཀྱུས་ཀྱི་རྩ་བ་མདོར་བསྡུས་ཏེ་བསྟན་པའོ། །སློབ་དཔོན་དགའ་རབ་རྡོ་རྗེས་མུན་པའི་སྒྲོན་མ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།རྒྱ་གར་སྐད་དུ། རཏྣ་ཛཱ་ལ་ཀོ་ཥ་ན་མ། བོད་སྐད་དུ། རིན་པོ་ཆེ་དྲ་བའི་མཛོད་ཅེས་བྱ་བ། སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འགྲོ་མགོན་འཇམ་དཔལ་གཞོན་ནུ་ངས། །ཐོག་མའི་སངས་རྒྱས་ངོ་བསྟན་པ། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །རིན་ཆེན་དྲ་བའི་མཛོད་ན་གནས། །འགྲོ་དྲུག་ཀུན་གྱི་ཐུགས་ཀྱི་མཆོག །ཡེ་ཤེས་སྐུ་གཅིག་ཀུན་ཏུ་ཤར། །ཡི་གེ་ལྔ་ལ་ཕྱག་རྒྱ་སྟེ། །རྡོ་རྗེའི་སྐུ་གཅིག་ཀུན་ཏུ་བསྡུས། །ཡོན་ཏན་སོ་སོའི་དཔེ་རུ་བསྟན། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །འཁོར་བ་ཐོག་མཐའ་བདག་མེད་པས། །གཟུང་འཛིན་གཉིས་མེད་མྱ་ངན་འདས། །ཕྱི་ནང་སྣོད་བཅུད་རང་གྲོལ་ལ། །གཞན་ལ་ལྟོས་འགྱུར་ཆོས་མ་ཡིན། །གླང་ཆེན་འདམ་དུ་བྱིང་བ་དང་། །སྐྱེས་བུ་རང་གིས་བཅིངས་པ་གཉིས། །

གཞན་གྱིས་ཡང་དག་ག་ལ་འགྱུར། །སྣང་སྲིད་རྣམ་དག་རང་བཞིན་དཀྱིལ་འཁོར་ན། །རང་བྱུང་མ་བཅོས་རྡོ་རྗེ་སྙིང་པོའི་སྐུ། །དུས་གསུམ་འགྱུར་བ་མེད་པར་རྟག་པར་བཞུགས། །བདེ་བ་ཆེན་པོ་བདེ་ལ་རྟག་སྤྱོད་པ། །རྣམ་པར་སྣང་མཛད་རྟག་པ་ཀུན་ཏུ་བཟང་། །ཇི་ལྟར་བརྗོད་པ་ཐ་སྙད་རྩོལ་བའི་ནང་། །ཆོས་ཀྱི་ཡང་དག་དོན་དེ་བརྗོད་ནུས་ཀྱང་། །ཆོས་ཀྱིས་ཡང་དག་དོན་ལ་གནས་མི་ནུས། །དེ་ཕྱིར་ཆོས་སྤྱོད་སངས་རྒྱས་དོན་ལ་བསྒྲིབ། །ཆོས་ཀྱིས་བློ་ཡི་ཐེ་ཚོམ་ཀུན་བསལ་ལ། །ཆོས་ལ་མི་གནས་ཐ་མལ་ཤེས་པར་བཞག །ཐ་མལ་ཤེས་པ་བློ་ཡིས་བཅོས་པ་མིན། །བདེ་དང་སྡུག་བསྔལ་བློ་ལ་རྟོག་པ་མེད། །མགོན་པོ་དྲི་མེད་སྐུ་ནི་དེ་བཞིན་ནོ། །ཞེས་རྡོ་རྗེ་སེམས་དཔའི་གཞིའི་གནས་ལུགས་རིན་པོ་ཆེ་དྲ་བའི་མཛོད་ཀྱི་ལེའུ་སྟེ་བཞི་པའོ།། །།རྒྱ་གར་སྐད་དུ། རཏྣ་སཱ་མཱ་ནྱ་བནྡྷཱ་་ཡ། བོད་སྐད་དུ། རིན་པོ་ཆེ་སྤྱི་བཅིངས་ཀྱི་མན་ངག །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་འདུས་པ་ལ་ཕྱག་འཚལ་ལོ། །མན་ངག་འདུས་པའི་སྤྱི་བཅིངས་ནི། །སངས་རྒྱས་ཀུན་གྱི་དགོངས་པ་སྟེ། །རྣལ་འབྱོར་ཀུན་གྱི་ཐུགས་ལ་གནས། །མན་ངག་འདུས་པའི་ཏནྟྲ་ཡིན། །ཚིག་དང་འབྲུ་གཉེར་དཀྱུས་བཙན་ཏེ། །སྐུ་ཡི་རྒྱུད་དུ་ཤེས་པར་བྱ། །ཡང་དག་དོན་གྱི་སྤྱི་བཅིངས་ནི། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །སྐུ་འཇམ་གསུང་འཇམ་ཐུགས་འཇམ་སྟེ། །སྐུ་ནི་ཡེ་ཤེས་སྒྱུ་མའི་སྐུ། །གདོད་མའི་མཐའ་དང་བྲལ་བས་འཇམ། །གསུང་ནི་བརྗོད་དུ་མེད་པའི་གསུང་། །ཚིག་དང་ཡི་གེའི་མཐའ་ལས་འདས། །ཐུགས་ནི་དྲན་རྟོག་མེད་པའི་ཐུགས། །གཞི་ལ་རང་བཞིན་མེད་པར་འཇམ། །སངས་རྒྱས་ཡེ་ཤེས་སྐུ་ཡི་མཆོག །མགོན་པོ་དྲི་མ་མེད་པ་ཡིན། །མགོན་པོ་དྲི་མེད་ཡེ་ཤེས་སྐུ། །སངས་རྒྱས་

ཀུན་གྱི་སྙིང་པོ་འདུས། །འཁོར་བ་རང་བཞིན་མེད་པས་ན། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །བརྗོད་དུ་མེད་པའི་དོན་ཤེས་ན། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །མགོན་པོ་དྲི་མེད་དོན་ཤེས་ན། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །ཆོས་ལ་བློ་ནི་མི་གནས་ན། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །ཞེས་འཇམ་དཔལ་ཡེ་ཤེས་འདུས་པས་བཀའ་སྩལ་ཏོ། །དེ་ནས་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞུས་པ། ལེགས་སོ་དཔལ་ལྡན་མགོན་པོ་ཆེ། །བྱམས་པའི་ཐུགས་རྗེ་མ་བྲལ་བས། །ས་གཞི་ལྟ་བུའི་ཡེ་ཤེས་སྐུ། །སྙིང་རྗེའི་ཐུགས་རྗེ་མ་བྲལ་བས། །ཆུ་བོ་ལྟ་བུའི་ཡེ་ཤེས་སྐུ། །དགའ་བར་བྱེད་པའི་ཡེ་ཤེས་པས། །ཉི་ཟླ་ལྟ་བུའི་ཡེ་ཤེས་སྐུ། །བཏང་སྙོམས་ཐུགས་རྗེ་མ་བྲལ་བས། །ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །སྐུ་བཞི་འདུས་པའི་འཇམ་དཔལ་ནི། །ཐེག་པ་ཀུན་གྱི་སྙིང་པོ་ཡིན། །འགྲོ་བ་ཀུན་ལ་རང་བཞིན་གནས། །ལུང་བསྟན་སྐྱེས་བུ་དམ་པ་དེ། །ཡེ་ཤེས་བཞི་ལ་རྟག་སྤྱོད་ན། །བདུད་བཞི་རྣམ་པར་དག་པའི་ལམ། །འཇམ་དཔལ་ཡེ་ཤེས་འདུས་པ་ཡིན། །འཇམ་དཔལ་ཡེ་ཤེས་དྲི་མེད་སྐུ། །རང་བཞིན་ལྷུན་གྱིས་གྲུབ་པའི་ཕྱིར། །བསྒོམ་པའི་ཚིག་དང་བྲལ་བ་ཡིན། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པས། །སྤྱོད་པའི་མཐའ་དང་བྲལ་བ་ཡིན། །སྙིང་པོ་རང་ལ་རྫོགས་པའི་ཕྱིར། །གྲུབ་པའི་མཐའ་དང་བྲལ་བ་ཡིན། །ཞེས་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་འདུས་པ་ལས། རིན་པོ་ཆེ་སྤྱི་བཅིངས་བལྟ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྒྱ་གར་སྐད་དུ། བཛྲ་སཏྭ་རཏྣ་ཀ་རཎྜ་ཀ་ས་ཡ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་ཟ་མ་ཏོག་སྦྲགས་མའི་མན་ངག །བསྐལ་པ་དང་པོའི་སངས་རྒྱས་

འོད་མི་འགྱུར་བ་ལ་ཕྱག་འཚལ་ལོ། །བསྐལ་པ་གསུམ་གྱི་སངས་རྒྱས་རང་རིག་མ་བཅོས་དེ་བཞིན་ཉིད། །ཐོག་མར་རང་བྱུང་ཡེ་ཤེས་པས། །རྒྱུ་མེད་མྱུ་གུ་མེ་ཏོག་འབྲས། །རྟེན་མེད་ནམ་མཁར་ཉི་སྣང་ཚུལ། །ཡེ་ཤེས་ལྔ་ཡི་གཟུགས་བརྙན་ཅན། །གནས་མེད་གནས་ལ་འོད་གསལ་བ། །རང་བཞིན་རྣམ་དག་རྟོག་མེད་སྐུ། །འཛིན་རྟོག་མི་མངའ་ས་ལེར་མཁྱེན། །མ་བཙལ་ལྷུན་གྱིས་གྲུབ་པའི་འོད། །དཔག་མེད་གསལ་བའི་ངོ་བོར་གནས། །མི་འབྱེད་ཤེས་རབ་འོད་གསལ་བ། །སྣང་བ་དངོས་མེད་འཇའ་ཚོན་སྐུ། །འགག་མེད་མི་གཡོ་བདེ་ལྡན་ཐིམ། །དེ་ཉིད་ཡེ་ཤེས་རང་བྱུང་སྐུ། །རང་བཞིན་ལྷུན་གྱིས་གྲུབ་པ་ཡིན། །དེས་ན་རིག་པའི་ངོ་བོ་ནི། །འགག་པ་མེད་པའི་རང་བཞིན་གྱིས། །འགྱུར་བ་མེད་པས་འགྱུར་བ་འོངས། །སྐད་ཅིག་མ་ཡི་ཚུལ་དུ་བྱུང་། །དེ་ཉིད་ཤེས་པས་བལྟས་པ་ལས། །སྐད་ཅིག་མ་ཡི་ཤེས་པ་འབྱུང་། །དེ་ལས་སེམས་ཀྱི་རྣམ་པ་བྱུང་། །སྐད་ཅིག་མ་ཡི་རྣམ་པ་དེ། །གཅིག་འགག་གཅིག་སྐྱེ་གཅིག་གནས་པས། །སྐད་ཅིག་ཕྱི་མ་སྐྱེ་བ་དེ། །ནམ་མཁའ་སྟོང་ལས་སྤྲིན་གྱི་ཚུལ། །དེ་ལས་བདག་ཏུ་སྣང་བའི་བློས། །ཅུང་ཟད་འཁྲུལ་པའི་རྐྱེན་གཞི་ཤར། །ཡེ་ཤེས་སྣང་བ་གཞི་ལ་ཐིམ། །དེ་ནས་བར་གྱི་བསྐལ་པ་ལ། །ཡེ་ཤེས་ཕྱེའོ་ལུང་མ་བསྟན། །ཡེ་ཤེས་སྣང་བ་ནང་དུ་འཆར་མ་ནུས་སོ། །འཁྲུལ་པའི་རྟོག་པ་ཡང་སྐྱེ་བར་མ་ནུས་སོ། །དེ་ལ་གནས་པའི་དུས་སུ་རྡོ་རྗེ་མི་བསྐྱོད་པ་ཞེས་བྱ་བ་སྟེ། རིག་པ་རང་གི་སོ་ལ་གནས་སོ། །ཡེ་ཤེས་བག་ལ་ཞའོ། །བསྐལ་པ་བར་པ་ལ་སྣོད་ཀྱི་འཇིག་རྟེན་ཆགས། དེ་ནས་བསྐལ་པ་ཐ་མ་ལ། སྐྱེ་བ་རྣམ་བཞིའི་སྲིད་པ་ཆགས་སོ། །གཟུགས་ཀྱི་བྱེ་བྲག་སོ་སོ་ཐ་དད་དུ་ཆགས་ཀྱང་། རྡོ་རྗེ་མི་བསྐྱོད་པ་སྤྱི་ལ་གནས་སོ། །མི་བསྐྱོད་པ་མ་བགོས་སྤྱི་ལ་གནས། མ་བགོས་སོ་སོར་ཁྱབ་པོ། །རང་གི་ངོ་བོ་སངས་རྒྱས་འོད་སྲུངས་ཆེན་པོར་སྐུ་སྤྲུལ་ནས། སངས་རྒྱས་

དང་སེམས་ཅན་རྒྱབ་གྱེས་ཏེ་བསྟན་པ་གནས་སོ། །ཐོག་མའི་སངས་རྒྱས་འོད་ཀྱི་སྐུར་སྣང་། བར་གྱི་སངས་རྒྱས་ནམ་མཁའ་ལྟ་བུར་སྣང་། ཕྱིས་འབྱུང་གི་སངས་རྒྱས་གཟུགས་ཀྱི་སྐུར་གནས་སོ། །དེ་རྣམས་ཀྱང་དོན་སོ་སོ་ཐ་མི་དད་དོ། །ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔ་དང་བཅས་པ། དང་པོ་འོད་དཔག་མེད་པ་ལས་བྱུང་། མི་བསྐྱོད་པའི་བསྐལ་པ་ཆགས། འོད་སྲུངས་ཀྱི་བསྐལ་པ་ལ་གནས་སོ། །བསྐལ་པ་གསུམ་དུ་གནས་མོད་ཀྱང་། སྙིང་པོའི་དོན་ལ་འགྱུར་བ་མེད། །རྡོ་རྗེ་ལྟ་བུའི་སྐུ་བརྙེས་པས། །བཅོམ་ལྡན་རྡོ་རྗེ་དབྱིངས་མི་བསྐྱོད། །རང་བྱུང་ལྷུན་རྫོགས་སྐུ་གསུང་ཐུགས། །སྐུ་གཅིག་ཀུན་ཏུ་ཁྱབ་པའི་སྐུ། །ཉི་མའི་སྙིང་པོ་ལྟ་བུར་གནས། །མན་ཤེལ་ལྟ་བུར་རང་དག་པས། །སྣང་བའི་བྱེ་བྲག་སྣང་མོད་ཀྱང་། །རང་གི་ངོ་བོ་འགྱུར་བ་མེད། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །རྣམ་པར་དག་པའི་སྐུ་བདེ་བ་ཆེན་པོ་ལ། ཡེ་ཤེས་ཀྱི་གྲོགས་བྱར་མེད་དོ། །རང་རིག་པའི་ཡེ་ཤེས་དངོས་པོའི་མཐའ་ལས་འདས་པས། ཉོན་མོངས་པའི་རྣམ་རྟོག་གིས་སྒྲིབ་པ་མེད་དོ། །རང་གི་ངོ་བོ་ཤེས་བྱ་བབ་ཀྱིས་གྲུབ་པ་ལ། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་གྱིས་བསྟོད་དུ་མེད་དོ། །ཀ་ནས་དག་པའི་ཡེ་ཤེས་རང་སྣང་བ་ལ། བསླད་པར་བྱ་བའི་ཆོས་མེད་དོ། །ཐབས་ཀྱི་རྒྱལ་པོར་སྟོབས་ཀྱི་རིག་པ་ཤར་བས། ཆེ་བའི་ཡོན་ཏན་གཞན་གྱིས་དཔག་ཏུ་མེད་དོ། །ཤེས་རབ་ཟབ་མོ་ཆུ་བོ་གང་གཱའི་རྒྱུན་བཞིན་མི་འཆད་པས། ཐུགས་རྗེ་ལ་དབྲི་བཀོལ་མེད་དོ། །རིག་པ་ཡེ་ཤེས་སུ་གསལ་བས། དུས་གསུམ་གྱི་སངས་རྒྱས་དང་དབྱེར་མི་ཕྱེད་དོ། །སྙིང་རྗེ་སྣ་ཚོགས་སུ་སྣང་བས། ཁམས་གསུམ་སེམས་ཅན་དང་འདྲེལ་ལོ། །རྒྱུ་འབྱུང་བ་ཆེན་པོ་ལྔ་མ་སྤངས་གནས་སུ་དག་པས། སྣོད་བཅུད་ཀྱི་གསོས་བྱས་སོ། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཡང་དག་རྫོགས་པའི་

སངས་རྒྱས་ལ་ཆོས་མེད་དོ། །ཅི་སྟེ་ངན་སོང་གི་མཐའ་ལས་གྲོལ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ལམ་མེད་དོ། །ཅི་སྟེ་བགྲོད་པར་བྱ་བའི་མཐའ་ལས་འདས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཚོགས་བསག་ཏུ་མེད་དོ། །ཅི་སྟེ་དངོས་པོའི་མཚན་མ་གང་ལ་ཡང་མི་གནས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྒྲིབ་པ་སྦྱང་དུ་མེད་དོ། །ཅི་སྟེ་ཉི་མའི་སྙིང་པོ་ལ་མུན་པའི་གཞི་མེད་དོ། །ཞེས་རྡོ་རྗེ་སེམས་དཔའ་རིན་པོ་ཆེ་ཟ་མ་ཏོག་སྦྲགས་མའི་མན་ངག །རྡོ་རྗེ་ཐུགས་ཀྱི་ཉིང་ཁུར་ཕྱུང་བའི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། །།རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་བུཀྐ་སཱུརྻ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ཉིད་ལ་ཕྱག་འཚལ་ལོ། །བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ལ་བཞི་སྟེ། གཞི་ཡི་གནས་ལུགས་བསྟན་པ་དང་། དེ་ལ་འཁྲུལ་པ་འབྱུང་བའི་རྐྱེན་བསྟན་པ་དང་། འཁྲུལ་པ་བཟློག་པའི་ཐབས་བསྟན་པ་དང་། རང་གི་ངོ་བོ་ལ་འབྲས་བུ་དང་བཅས་པར་བསྟན་པའོ། །དེ་ལ་གནས་ལུགས་ལ་དྲུག་སྟེ།ཆོས་ཀྱི་སྐུའི་གནས་ལུགས་དང་། རང་བྱུང་ཡེ་ཤེས་ཆེན་པོའི་གནས་ལུགས་དང་། སྐུའི་གནས་ལུགས་དང་། གསུང་གི་གནས་ལུགས་དང་། ཐུགས་ཀྱི་གནས་ལུགས་དང་། དབྱིངས་ཀྱི་གནས་ལུགས་སོ། །རྐྱེན་བསྟན་པ་ལ་བཞི་ལས།བྱང་ཆུབ་ཀྱི་སེམས་ནོར་བུ་དྲི་མ་མེད་པའི་རྒྱུད་དང་། ཐུགས་ཀྱི་ཉིང་ཁུར་བལྟ་བའོ། །འཁོར་བ་བཟློག་ན་གཞི་ནས་བཟློག །མ་རིག་པ་ཉིད་རྩད་ནས་བཅད། རང་རིག་དང་པོ་སོ་ལ་བཞག་ཅེས་འབྱུང་སྟེ། དེའི་དོན་ལ་བདུན་ཏེ། ཆོས་ཀྱི་མཐར་གཏུགས། མན་ངག་གི་ཀློང་བརྟོལ། སེམས་ཀྱི་གདར་ཤ་བཅད། ལམ་གྱི་ངོ་བསྟན། སྐྱོན་གྱི་མཐའ་བསལ། སྤྱོད་པའི་གདེང་དུ་གཞུག །འབྲས་བུ་མེད་པར་ཐག་བཅད་དོ། །དེ་ལ་ཆོས་ཀྱི་མཐར་གཏུགས་པ་ལ་དྲུག་སྟེ། སྐུའི་ངོ་བོར་གཏུགས་པ་དང་། དབྱིངས་ཀྱི་མུར་གཏུགས་པ་དང་། རྒྱུའི་ངོ་བོར་གཏུགས་པ་དང་། ལམ་གྱི་

སྟོབས་སུ་གཏུགས་པ་དང་། སྤང་བྱའི་རྒྱུད་གཏུགས་པ་དང་། འབྲས་བུའི་གདེང་དུ་གཏུགས་པའོ། །མན་ངག་དག་གིས་ཀློང་བརྟོལ་བ་ལ་གཉིས་ཏེ། ཡུལ་གྱི་ཡེ་ཤེས་ཀྱི་ཀློང་བརྟོལ་བ་དང་། ཡོན་ཏན་གྱི་སྐུའི་ཀློང་བརྟོལ་བ་གཉིས། ཡུལ་གྱི་ཡེ་ཤེས་ཀྱི་ཀློང་བརྟོལ་བ་ནི། ཡེ་ཤེས་ལྔ་སྟེ། ད་ལྟ་བཞི་ལྡན་བྱ་བ་གྲུབ་པའི་ཡེ་ཤེས་ད་རུང་མེད་དོ། །ཆ་ལྔ་ཡིན། ཡོན་ཏན་གྱི་སྐུའི་ཀློང་བརྟོལ་བ་ལ་གཉིས་ཏེ། གཞིའི་འདུག་ཚུལ་བསྟན་པ་དང་། ཡོན་ཏན་གྱི་རྣམ་གྲངས་བསྟན་པའོ། །གཞིའི་འདུག་ཚུལ་བསྟན་པ་ལ་གཉིས་ཏེ། ཕྲེང་ཆད་སོང་། ཡོན་ཏན་གྱི་རྣམ་གྲངས་བསྟན་པ་བརྒྱད་དོ། །སེམས་ཀྱི་བདར་ཤ་བཅད་པ་ལ་གསུམ་སྟེ། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་གདར་ཤ་བཅད་པ་དང་། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱིས་ཐེ་ཚོམ་གྱི་གདར་ཤ་བཅད་པ་དང་།ལམ་གྱི་ཡེ་ཤེས་ཀྱིས་ལམ་དང་ཡེ་ཤེས་ཀྱི་གདར་ཤ་བཅད་པའོ། །མན་ངག་གི་རྫོང་ཆེན་པོ་གསུམ་ལ། འབྲས་བུའི་གཏེར་ཆེན་པོ་གསུམ་སྦ་སྟེ། བྱང་ཆུབ་སེམས་ཀྱི་རྫོང་ལ་ཐིག་ལེ་ཉག་གཅིག་གི་གཏེར་སྦ། ཐིག་ལེ་ཕྱི་ནང་གི་རྫོང་ལ་ཀུན་བཟང་རོལ་པའི་གཏེར་སྦ། ཡིད་ཀྱི་རྣམ་ཤེས་ཀྱི་རྫོང་ལ་རང་བྱུང་ཡེ་ཤེས་ཀྱི་གཏེར་སྦ་སྟེ་མཉམ་པ་ཆེན་པོ་མི་གཡོ་བའི་རྒྱས་བཏབ་པོ། །བྱང་ཆུབ་ཀྱི་སེམས་ཐུགས་ཀྱི་ཉི་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་རོ་ལངས་བདེ་བས། ཆུ་བོ་ནཻ་རཱཉྫ་ནའི་འགྲམ་ན། ཤིང་ཆེན་པོ་བཞི་འདུས་པའི་གནས་སུ། བྱང་ཆུབ་སེམས་དཔའ་འཇམ་དཔལ་བཤེས་གཉེན་ལ་བཀའ་སྩལ་ཏོ། །སྟོང་ཐུན་གྱི་མ་གཞི་ཆུང་ཤོས་ལས་མན་ངག་ཏུ་བསྟན་པ་སྟེ་ལེའུ་བདུན་པའོ།། །།རྒྱ་གར་སྐད་དུ། བུཌྜྷ་པཉྩ་ཏནྟྲཱ་བ་བཱ་ད་ནི་ཀྵེ་པ་ནཱ་མ། བོད་སྐད་དུ།སངས་རྒྱས་ཀྱི་རྒྱུད་ལྔ་གདམས་པར་བཞག་པ་ཞེས་བྱ་བ། བྷ་ག་བཱན་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐོག་མ་འདས་

པའི་དུས་མ་འོངས་པའི་སྔོན་རོལ་ན། གསང་བའི་རྒྱུད་ལྔ་རང་བཞིན་གྱི་ངོ་བོ་ཆེན་པོ་ལྔར་གནས་ཏེ།ཅང་མི་གསུང་ཅང་མི་གྲག །བྱེད་པོའི་མཐའ་ལས་འདས་སོ། །ང་མེད་པའི་དུས་སུ་སྣང་བའང་མེད་དོ། །བྱེད་པ་པོ་ང་མེད་ལ། དཔེར་ན་སྙིང་པོ་མྱུ་གུར་གནས་པ་བཞིན་ཏེ། ས་བོན་མྱུ་གུར་གནས་པའི་ཚེ། ས་བོན་ཀྱང་མེད་ལ་འབྲས་བུར་ཀྱང་མི་སྣང་བར་མྱུ་གུ་འབའ་ཞིག་ཏུ་གནས་སོ། །དེ་བཞིན་དུ་བསྐལ་པ་དང་པོ་ལ་ས་བོན་གྱི་ཚུལ་དུ་གནས་སོ། །བསྐལ་པ་བར་པ་ལ་མྱུ་གུའི་ཚུལ་དུ་གནས་སོ། །བསྐལ་པ་ཐ་མ་ལ་འབྲས་བུའི་ཚུལ་དུ་སྨིན་ནོ། །ཀྱེ་རིགས་ཀྱི་བུ་ང་འོངས་པའི་དུས་སུ་རྒྱུད་ཆེན་པོ་ལྔ་རང་ལ་སྣང་ལ་རང་ལས་གྲོལ། རང་གི་རྣམ་པ་ལྔ་པོ་ཡང་། །རང་གི་ཕྱག་རྒྱ་ལྔ་རུ་སྣང་། །དེ་ཕྱིར་རྒྱུད་ཆེན་ལྔ་པོ་ཡང་། །དེ་ཕྱིར་དོན་དུ་དེ་ལྔར་གསུངས། །དེ་ལྔ་རྣམ་པར་གྲོལ་བའི་ལམ། །དེ་ཕྱིར་རྡོ་རྗེ་འཛིན་པ་ངས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དྲི་མ་མེད་པའི་དྲང་སྲོང་ཁྱོད། །ལེགས་པར་ཡིད་ལ་གཟུང་བར་གྱིས། །མགོན་པོ་དྲི་མ་མེད་པ་ངས། །མ་སྐྱེས་པ་ཡི་ཀློང་ཡངས་ནས། །གསང་བའི་རྒྱུད་ལྔ་བསྟན་པ་འདི། །ཆོས་སྐུ་གཅིག་ལ་ཐ་དད་པས། །ལྔ་རུ་ཕྱེ་སྟེ་བསྟན་པ་ཡིན། །ཕྱག་རྒྱ་ལྔ་རུ་བསྟན་པ་ཡང་། །དོན་དུ་བདག་ཉིད་ཆེན་པོའི་སྐུ། །རྒྱུད་ཆེན་ལྔ་ཡི་མདོར་བསྡུས་པ། །ནོར་བུ་དྲི་མ་མེད་པའི་རྒྱུད། །མགོན་པོ་ང་ཡིས་བསྟན་པ་ཡིན། །དེ་ཕྱིར་དྲང་སྲོང་ང་ལ་ཉོན། །ལེགས་སོ་ལེགས་སོ་མགོན་པོ་དྲི་མེད་སྐུ། །ཡེ་ཤེས་དྲི་མ་མེད་པའི་ཆོས། །དྲང་སྲོང་བདག་ལ་བསྟན་དུ་གསོལ། །སེམས་ཅན་རྣམས་ལ་སྨན་སླད་དུ། །བདག་གིས་དེ་བཞིན་བསྟན་པར་བྱའོ། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་སྐུ་གནས་པས། །སྐུ་ནི་དྲི་མེད་འོད་ཀྱི་སྐུ། །དངོས་པོའི་མཐའ་ལས་འདས་པ་ཡིན། །ཐོག་མེད་རང་ས་བསྟན་པའི་ཕྱིར། །སྐུ་ཡི་རྒྱུད་དུ་བསྟན་པ་ཡིན། །རྣམ་པར་སྣང་མཛད་ཁྱོད་ལ་གཏད། །སེམས་ཅན་ཀུན་གྱི་

རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་གསུང་གནས་པས། །གསུང་ནི་འགག་མེད་ཚངས་པའི་དབྱངས། །བརྗོད་པའི་མཐའ་དང་བྲལ་བའི་ཕྱིར། །གསུང་གི་རྒྱུད་དུ་བསྟན་པ་ནི། །སྣང་བ་མཐའ་ཡས་ཁྱོད་ལ་གཏད། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཀུན་གྱི་ཐུགས་གནས་པ། །རྡོ་རྗེ་ལྟ་བུར་འགྱུར་བ་མེད། །སངས་རྒྱས་ཀུན་གྱི་ཐུགས་འདུས་པས། །ཐུགས་ཀྱི་རྒྱུད་དུ་བསྟན་པ་ནི། །རྡོ་རྗེ་མི་བསྐྱོད་ཁྱོད་ལ་གཏད། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཡོན་ཏན་མ་འགགས་པ། །རྟོགས་པའི་དོན་ལ་ཡིད་ཆེས་ཕྱིར། །ཡོན་ཏན་རྒྱུད་དུ་བསྟན་པ་ཡིན། །རིན་ཆེན་འབྱུང་ལྡན་ཁྱོད་ལ་གཏད། །སེམས་ཅན་ཀུན་གྱི་རང་རྒྱུད་ལ། །སངས་རྒྱས་ཕྲིན་ལས་འགག་མེད་ཚང་། །ནམ་མཁའི་མཐའ་ནས་ཉི་ཤར་བཞིན། །དེ་ཕྱིར་ཕྲིན་ལས་རྒྱས་པའི་རྒྱུད། །དོན་ཡོད་གྲུབ་པ་ཁྱོད་ལ་གཏད། །དེ་ཕྱིར་མགོན་པོ་དྲི་མེད་ངས། །དྲང་སྲོང་ཁྱོད་ལ་གདམས་པ་ཡིན། །དཔེར་ན་སེང་གེ་དཀར་མོའི་འོ་མ་འདི། །རིན་ཆེན་གསེར་གྱིས་འཛིན་གྱུར་གྱིས། །སྣོད་ངན་གཞན་དུ་བླུགས་པ་ན། །སྣོད་འཇིག་འོ་མ་འབོ་བར་འགྱུར། །དེ་བས་གཞན་དུ་བསྟན་པ་མེད། །ཀྱེ་ཀྱེ་རིགས་ཀྱི་བུ་ཁྱོད་ཉོན་ཅིག །ངས་གདམས་པའི་ཆོས་ལ་དོན་ཐུགས་སུ་ཆུད་པར་མི་བྱེད་ཅིང་། ཚིག་དང་སྒྲ་ཕྱིར་འདྲེངས་ནས་རས་ཆོད་དང་གཟུ་ལུམས་སུ་བྱས་ན། རྡོ་རྗེ་ལྟ་བུའི་སྐུ་རྡོ་རྗེ་དམྱལ་བ་ཆེན་པོར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཡང་། འཁོར་བའི་འདམ་རྫབ་ཆེན་པོར་འགྱུར་རོ། །ཚད་མེད་པའི་ཐུགས་རྗེ་ཆེན་པོ་བཞི་འཆར་བ་ཡང་། རྩ་བའི་བདུད་ཆེན་པོ་བཞི་རུ་འགྱུར་རོ། །ཆོས་ཀྱི་དབྱིངས་མཐའ་ཀླས་པའི་ཡེ་ཤེས་ཀྱང་། འཁོར་བའི་མུན་རུམ་ཆེན་པོར་འགྱུར་རོ། །སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་རྣམ་པ་ལྔ་ཡང་། རང་གི་རྒྱུད་ལ་དུག་ལྔའི་མེ་ཆེན་པོར་འགྱུར་རོ། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ཟག་པ་མེད་པའི་ཡེ་ཤེས་ཀྱང་། བདག་ཏུ་རྟོག་པའི་བག་ཆགས་ཀྱི་གཞི་མ་རིག་པ་ཁོ་ནར་འགྱུར་

རོ། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །ཁྱད་པར་དུ་རྡོ་རྗེ་ཐེག་པ་གཅིག་ཏུ་བསྡུས་ཤིང་།དམ་དུ་བླངས་ནས་རྡོ་རྗེའི་དམ་དྲལ་ན། འཇིག་རྟེན་འདིར་ཡང་མི་བདེ་བ་དང་སྡུག་བསྔལ་དང་ནད་མི་བཟོད་པ་ལུས་ལ་འབྱུང་ཞིང་། ཚེ་ཐུང་རབ་ཏུ་འཕོས་ནས་ཀྱང་། །འཇིག་རྟེན་འདི་ནས་འདས་ན་ཡང་། །ཉེ་འདྲེལ་དག་ཏུ་སྐྱེ་བར་འགྱུར། །དེ་ལས་ཚེ་ནི་མ་འཕོས་པར། །དགྲ་ཡི་དམ་པར་གྱུར་ནས་ཀྱང་། །འཇིག་རྟེན་ཕྱི་མ་ངན་འགྲོ་ཡི། །གནས་སུ་ཡང་དག་སྐྱེ་བར་འགྱུར། །ཞེས་གསུངས་སོ། །ཀྱེ་རྡོ་རྗེ་འཛིན་པ་ཉོན་ཅིག །དེ་བཞིན་གཤེགས་པའི་སྐུ་བསྟན་པ་ནི། ཨུ་དུམ་ཝ་རའི་མེ་ཏོག་ལྟ་བུ་སྟེ་ཤིན་ཏུ་དཀོན་ནོ། །ལོ་གཅིག་ལོ་གཉིས་ལོ་གསུམ་དུ་ཕྱི་ནང་སྣོད་བཅུད་བརྟགས་ལ་སེམས་ཀྱི་དམ་པ་བསྟན། བརྒྱ་ནང་ཨུ་དུམ་ཝ་རའི་རིགས། །གཅིག་གམ་གཉིས་སམ་མང་ན་གསུམ་ཡང་རུང་། །གྲོང་ཟད་མཐའ་དང་ནགས་ཚལ་དགོན་པ་རུ། །དེ་ཉིད་རྣམ་གསུམ་རྣ་བ་སེམས་ལ་སྤྲད། །ཕྱི་ནང་གསང་བའི་དབང་ཆེན་རབ་རྫོགས་པ། །རྡོ་རྗེ་ལྟ་བུའི་སྐུ་གསུམ་སྤྲད་པ་ཡིན། །ཡིད་བཞིན་གཏེར་སྟོན་བླ་མ་ལ། །གུས་པའི་ཚུལ་གྱིས་ལུས་དང་སྲོག་ཀྱང་ཕུལ། །ཞེས་ལུང་བསྟན་ཏོ། །དེ་ནས་རྡོ་རྗེ་འཛིན་པས་ཞུས་པ། ཀྱེ་ཀྱེ་དཔལ་ལྡན་མགོན་པོ་དྲི་མ་མེད། །རྒྱུད་ཀྱི་སྐྱོན་ཡོན་བསྟན་པ་ལེགས། །རྒྱུད་ཀྱི་ཆེ་བ་བསྟན་དུ་གསོལ། །ཀྱེ་རྡོ་རྗེ་འཛིན་པ་ང་ལ་ཉོན་ཅིག །རྒྱུད་ཀྱི་ཆེ་བ་རྣམ་པ་ལྔ། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །བཅོམ་ལྡན་རྡོ་རྗེ་དབྱིངས་མི་བསྐྱོད། །མུན་སེལ་སྒྲོན་མེ་ཡེ་ཤེས་སྐུ། །རྡོ་རྗེའི་སྐུ་སྟེ་སྐུ་ཡི་རྒྱུད། །ཡེ་ཤེས་སྐུ་སྟེ་དྲི་མ་མེད། །རྒྱུད་ཀྱི་དང་པོར་བཞག་པ་ཡིན། །མཚན་གྱི་སྒོ་ནས་ཆེ་བ་ནི། །སྨག་མུན་རུམ་དུ་ཉི་ཤར་ཞེས་བྱ་སྟེ། རྒྱུད་ཀྱི་ཆེ་བའོ། །སྐུ་གསུང་ཐུགས་ཀྱི་དོན་སྟོན་པ། །རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད། །འགག་མེད་རྡོ་རྗེ་སེམས་དཔའི་སྐུ། །མ་འགགས་ཤེས་རབ་སྦྱོར་བ་ནི། །རིག་པའི་ཁུ་བྱུག་གསུང་གིས་བཤད། །རྡོ་རྗེ་ལྕགས་ཀྱུ་པདྨའི་རྒྱུད་ཀྱི་ཆེ་བའོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ནི། །ནམ་

མཁའ་ལྟ་བུར་དངོས་པོ་མེད། །གོལ་སྒྲིབ་རྟག་ཆད་མཚན་མའི་ཡུལ་མི་གནས། །གཉེན་པོས་མི་ཤིགས་རྐྱེན་གྱི་དབང་གྱུར་མིན། །དགེ་དང་སྡིག་པ་དེ་ཡི་སྤྱོད་ཡུལ་མིན། །རང་དབང་ཐབས་ཀྱི་རྫོགས་པས་རྩལ་གསུམ་ལུས་ལ་ཚང་། །མཐོ་དམན་ཀློང་དུ་མཉམ་པས་ཡེ་ཤེས་བདག་མེད་སྐུ། །ས་དང་ལམ་གྱིས་བགྲོད་མིན་ཡེ་ཤེས་མིག་གཅིག་དྲི་མ་མེད། །རྩོལ་བསྒྲུབ་ཟིལ་གྱིས་གནོན་པས་བདེ་འབྱམས་ཡེ་ཤེས་སྐུ། །བྱང་ཆུབ་སེམས་སེང་གེ་འཁྱིལ་པའི་རྒྱུད་ཀྱི་ཆེ་བའོ། །སངས་རྒྱས་ཆེ་བའི་ཡོན་ཏན་སྐུ་གསུང་ཐུགས། །སངས་རྒྱས་རོལ་པ་མ་འགགས་ཡེ་ཤེས་ལྔ། །སངས་རྒྱས་ཐུགས་རྗེ་མ་འགགས་འབྱུང་བ་ལྔ། །སངས་རྒྱས་མཛད་སྤྱོད་སྤྱན་མངའ་བཅུ་དྲུག་པདྨོར་འཁྱིལ། །དགོས་དགུ་རང་ལ་རྫོགས་པས་ནོར་བུ་རིན་པོ་ཆེ། །མཚན་མཆོག་སོ་སོར་བསྟན་ཀྱང་ཡོན་ཏན་གཅིག་ཏུ་སྣང་། །སྐུ་གཅིག་ཀུན་ཏུ་ཁྱབ་པས་སྣང་གསལ་ཐུགས་རྗེ་འོད་ཀྱི་མེ། །ཞེས་པ་ནི་རྒྱུད་ཀྱི་ཆེ་བའོ། །ནམ་མཁའ་སྟོང་ལ་ལྷོ་སྤྲིན་གཏིབས་པ་བཞིན། །ཆོས་སྐུ་གཅིག་ལ་ཡོན་ཏན་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་དགོངས་པ་མཐར་ཕྱིན་སྐུ། །རྒྱ་མཚོ་ཆེ་ལ་ཆུ་བྲན་འདུ་བ་བཞིན། །བྱང་ཆུབ་སེམས་ལ་ཡེ་ཤེས་དཔག་མེད་འདུ། །མ་སྤངས་མ་བླངས་ཆེད་དུ་བྱར་མེད་ཀྱང་། །བྱང་ཆུབ་སེམས་ཀྱི་རང་བཞིན་དེ་བཞིན་ཉིད། །བསྟན་པའི་སྙིང་པོ་གང་ན་གནས་པ་ན། །དུས་གསུམ་བདེར་གཤེགས་རྣམས་ཀྱང་རང་བཞིན་ཡོངས་ཀྱིས་འདུ། །གང་ཞིག་བསྟན་པའི་སྙིང་པོ་མེད་པ་ན། །དུས་གསུམ་བདེར་གཤེགས་རྣམས་ཀྱང་མི་ཆགས་མི་གནས་སོ། །སྐུ་གསུང་ཐུགས་ཀྱི་རྒྱུད་ཆེན་གནས་པ་ན། །ཆོས་རྣམས་ཀུན་ཀྱང་དེ་བཞིན་ཉིད་ལ་སྦྱོར། །ཡོན་ཏན་ཕྲིན་ལས་འབྲས་བུ་མཐར་ཕྱིན་སྐུ། །རྒྱུ་འབྲས་ཆོས་སྐུ་ཤེས་རབ་ཕ་རོལ་ཕྱིན། །རྡོ་རྗེ་རྒྱ་གྲམ་མཁའ་དབྱིངས་དག་དང་སྦྱོར། །ཕྲིན་ལས་མཐར་ཕྱིན་པ་ཡེ་ཤེས་ཀྱི་རྒྱུད་ཀྱི་ཆེ་བའོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ཅེས་བྱ་བ། གདམས་པ་བསྟན་པ་དང་།

རྒྱུད་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།བདེར་གཤེགས་རྒྱལ་བའི་མན་ངག་དོན་བསྟན་པ། །མཆོད་པའི་ཕྱག་རྒྱ་གསུམ་གྱིས་རང་དོན་སྤྲད། །གྲོང་ཟད་མཐའ་དང་ནགས་ཚལ་དགོན་པ་རུ། །མཎྜལ་འདོམ་གང་གྲུ་བཞི་ལེགས་བརྩིགས་ཏེ། །སྤོས་དང་ཙནྡན་དྲི་ཆུ་གཙང་དང་འོ་མ་དང་། །བ་ཡི་རྣམ་ལྔས་བྱི་དོར་ལེགས་བྱས་ལ། །མེ་ཏོག་འབྲུ་དང་རིན་ཆེན་ཚོམ་བུས་བཀང་། །དེ་ནས་ནུབ་གསུམ་ཐ་མ་ལ། །མཎྜལ་ཁྲག་དང་ཆང་གིས་ཆག་ཆག་གདབ། །མཆོད་པའི་ཡོ་བྱད་ཚོགས་དང་རོལ་མོས་མཆོད། །ཨཱརྱ་སརྦ་ཨ་བྲི་ཏ་ཙ་ཀྲ་ཨེ་ཀ་ས་པ་རི་བྷོ་དྷི་པརྟ་ཨ་པྲི་ཏི་ཙ་ཀྲ་ཨེ་ཀ་མ་ཧཱ་མ་ནི་ས་ད་ནཱ་ལོ་ག་དྷརྨཱ་དྷཱ་དུ་ཨ་པྲི་ཏི་ཙ་ཀྲ་ཨེ་ཀ །དྲི་བ་དང་པོ་ལ་ཚོགས་བསགས། དེ་ནས་ཐོག་མའི་སངས་རྒྱས་ངོ་སྤྲད། དེ་ནས་སྐུ་གསུམ་གྱི་སྣང་བ་ངོ་སྤྲད། དེ་ནས་རྒྱུད་དང་མན་ངག་གི་ངོ་སྤྲད་དོ། །རིག་པ་རྩལ་གྱི་དབང་བསྐུར་ཏེ་མན་ངག་ཏུ་ཤེས་པར་བྱའོ། །ནོར་བུ་དྲི་མ་མེད་པའི་རྒྱུད་ཀྱིས་དབང་བསྐུར། ལུང་གསེར་གྱི་ཕུར་པས་གདམས་ངག་གི་མཇུག་བཅད། ལུང་མ་བསྟན་པའི་སྤྱོད་པ་རྣམ་པར་དག་པའི་ཡེ་ཤེས་སོ། །ཆོས་སུ་སྣང་བ་ནི་སེམས་ཅན་གྱི་ལུང་ངོ་། །སངས་རྒྱས་ལ་ཆོས་མེད་དོ། །ཆོས་ཀྱིས་སངས་མི་རྒྱའོ། །ཆོས་ཀྱིས་བདེ་བ་ཙམ་ཐོབ་པར་ནུས་ཀྱི། ཆོས་ལས་འདས་པ་ན་རྣམ་པར་གྲོལ་ཞེས་དགའ་རབ་རྡོ་རྗེས་གསུངས་སོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་མི་གཡོ་བའི་ས་ལས། སྔོན་གྱི་ཐུགས་དམ་དབང་གིས་སྤྱན་དྲང་བར་བྱ་སྟེ། མ་གཡེལ་མ་འཕངས་ཡེ་ཤེས་ལྷ། །རྒྱལ་པོའི་ཕོ་བྲང་དག་དང་རིན་ཆེན་ཡོད་པ་ན། །བཙན་ཁྲོམ་དམག་དཔུང་ཚོགས་ཀྱང་དེ་ན་རབ་ཏུ་འདུ་བ་བཞིན། །གང་ཞིག་བསྟན་པའི་སྙིང་པོ་མེད་ཅིང་མ་ཆགས་མི་གནས་གནས་དེ་ན། །དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་ཡོངས་མི་འདུ། །གང་ཞིག་བསྟན་པའི་སྙིང་པོ་ཆགས་ཤིང་ཡོད་པ་ན། །དམ་ཅན་རྒྱ་མཚོའི་ཚོགས་ཀྱང་དེ་ན་རབ་ཏུ་འདུ། །ཉི་མའི་སྙིང་པོ་གང་ན་ཤར་བ་ན། །

འོད་ཟེར་མང་པོ་འཕྲོ་ཞིང་འདུ་བ་ལྟར། །བྱང་ཆུབ་སེམས་ཀྱི་དགོངས་པ་གང་ན་གསལ་བ་ན། །རྒྱལ་བ་ཞི་ཁྲོའི་ཚོགས་ཀྱང་དེ་ན་རབ་ཏུ་གསལ། །ནམ་མཁའི་མཐོངས་ལ་ལྷོ་སྤྲིན་གཏིབས་པ་བཞིན། །དམ་ཅན་རིག་འཛིན་ཚོགས་ཀྱང་རབ་ཏུ་འདུ། །རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བ་བཞིན། །མ་སྲིང་རྒྱ་མཚོའི་ཚོགས་ཀྱང་འདུ་ཞིང་གཤེགས། །ལྷུན་གྱིས་གྲུབ་པའི་རིག་འཛིན་མ་གཡེལ་ཅིག །ཕྱག་རྒྱ་མ་སྐྱེས་དེ་བཞིན་གཤེགས་པའི་རིག་འཛིན་དང་། །བདུད་རྩི་སྨན་གྱི་རིག་འཛིན་དང་། །བསྒྲུབ་པ་ཆེན་པོའི་རིག་འཛིན་མ་གཡེལ་ཅིག །འབྲས་བུ་ས་སྨིན་རིག་འཛིན་མ་གཡེལ་ཅིག །ཡོ་ག་ཚེ་ཡི་རིག་འཛིན་མ་གཡེལ་ཅིག །སློབ་དཔོན་དགའ་རབ་རྡོ་རྗེ་དང་། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། །བྱ་རྒོད་ཕུང་པོའི་རི་བོ་ལ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །དེ་ཡི་འཁོར་དུ་མ་མོས་ཆད་པ་ཅི་སྟེ་གཅོད། །རྒྱལ་པོ་དྷ་ན་ཏ་ལོ་མཚན་སྒྲ་འདི་རྣམས་ཡིག་སྐྱོན་ཡོད་འདྲ་བས་དཔྱད་དང་། །སྲས་ཐུ་བོ་རཱ་ཛ་ཧ་སྡི་ཡིས། །ཆུ་བོ་གང་གཱའི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །ཀླུ་ཡི་རྒྱལ་པོ་འཇོག་པོ་དང་། །གནོད་སྦྱིན་བུ་མོ་བྱང་ཆུབ་ཀྱིས། །ཆུ་བོ་ངོས་འཛིན་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །ཁ་ཆེའི་མཁན་པོ་རབ་སྣང་དང་། །སྨད་འཚོང་མ་ནི་བདག་ཉིད་མས། །ཁ་ཆེའི་ཡུལ་ཧེ་ཆེན་བརྡལ་བའི་དུར་ཁྲོད་དུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །ཨུ་རྒྱན་མཁན་པོ་མ་ཧཱ་རཱ་ཛ་དང་། །སྲས་མོ་གོ་མ་དེ་བྱི་

ཡིས། །ཨུ་རྒྱན་གྱི་ཡུལ་ཨ་སུ་ར་ཡི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །ཨཱ་ཙརྻ་མར་མེ་མཛད་དང་། །དྲང་སྲོང་ཆེན་པོ་བྷ་ཥེ་ཏས། །རི་རབ་རྟ་རྣ་འཛིན་གྱི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །ཨཱ་ཙརྻ་རཱ་ཛ་དང་། །སྨད་འཚོང་མ་སངས་རྒྱས་དངོས་གྲུབ་ཀྱིས། །ཟ་ཧོར་ཡུལ་གྱི་དུར་ཁྲོད་མཐའ་ཡས་རི་ཡི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་ཀུ་ཀུ་རཱ་ཛ་དང་། །སྲིན་པོ་པུ་རུ་ཤས་སཱ་ལའི་ཡུལ། །གསང་ཆེན་རོལ་པའི་དུར་ཁྲོད་མེ་རི་འབར་བའི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་འཇམ་དཔལ་ཕྱི་མ་དང་། །རྒྱལ་པོ་དེ་བ་རཱ་ཛ་ཡིས། །ཆུ་བོ་ནཻ་རཉྫ་ནའི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་བུཌྜྷ་གུཔྟ་དང་། །སྭ་སྡི་དཔལ་ཕྲེང་མ་ཞེས་པས། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །གཡའ་རི་གོང་གི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་

དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་ཤྲཱི་སིང་ཧ་དང་། །དགེ་སློང་མ་ནི་ཀུན་དགའ་མོས། །སིང་ཧ་འི་ཡུལ་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །སིནྡྷུ་རྒྱ་མཚོའི་ཀློང་དཀྱིལ་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་བི་མ་མུ་དྲ་དང་། །སློབ་དཔོན་གཉའ་ན་ཀུ་མཱ་རས། །རྒྱ་ནས་བོད་དུ་བྱོན་པའི་ཚེ། །བལ་ཡུལ་ཡངས་ལེ་ཤོད་ཀྱི་བྲག་ཕུག་ཏུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །སློབ་དཔོན་བཻ་རོ་ཙ་ན་དང་། །རྒྱལ་མོ་གཡུ་སྒྲ་སྙིང་པོ་ཡིས། །ཚ་བ་ཡུལ་གྱི་མཁར་ཤོད་དུ། །བྱང་ཆུབ་སེམས་ཀྱི་དགོངས་པ་གསལ་བ་བཞིན། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །བཙན་པོ་ཁྲི་སྲོང་ལྡེའུ་བཙན་དང་། །ཉང་བན་ཆེན་པོ་ཤ་ཡི་སྤྱན་དང་ལྡན་པ་ཡིས། །མཆིམས་ཕུ་དྲེ་གུ་དགེ་འུའི་དབེན་རྩ་རུ། །བྱང་ཆུབ་སེམས་ཀྱི་དགོངས་པ་བརྙེས་པ་ལྟར། །དེ་དང་མཐུན་པར་རྣལ་འབྱོར་བདག་བསྒྲུབ་ན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་གྱིས་བྱིན་གྱིས་རློབས། །དེ་ཡན་ཆད་རྒྱ་བོད་འདྲེལ་བའི་ཆོས་སོ། །དེ་མན་ཆད་རིམ་གྱིས་སྐུལ་བ་མན་ངག་དང་སྦྱར་རོ། །བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་མོ་འདུས་པ་ལས་གདམས་པ་བསྒྲག་པའི་དུས། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། རྒྱུད་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྐུལ་བའི་ལེའུ་སྟེ་དགུ་པའོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྟོན་པ་དགའ་རབ་རྡོ་རྗེ་ངས། །བྱ་རྒོད་ཕུང་པོའི་རི་བོ་ལ། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །རྡོ་རྗེ་སེམས་དཔའི་ཐུགས་བརྟོལ་ཏེ། །བྱང་ཆུབ་སེམས་ཀྱི་ལྡེ་མིག་གིས། །གསང་བའི་མན་ངག་སྒོ་ཕྱེ་ནས། །རྒྱུད་སྡེ་ལྔ་ཡི་རྟ་ཕོ་ལ། །རིག་པའི་ཡེ་ཤེས་སྒ་ཡིས་བསྟད། །ངོ་སྤྲོད་གསུམ་པོའི་མི་ཕོ་ཞོན། །ཤེས་རབ་འགྱུར་མེད་ལམ་དུ་ཞུགས། །འཁོར་བའི་འཕྲང་ཆེན་བརྒལ་ནས་སུ། །ཡུལ་ནི་སྐྱེ་བ་མེད་པའི་དབྱིངས། །མཁར་ནི་འགྱུར་བ་མེད་པའི་མཁར། །ཕ་ནི་རིག་པའི་རྒྱལ་པོ་ཡིན། །མ་ནི་ཤེས་རབ་སྐྱེ་མེད་ཡིན། །བུ་ནི་རང་བྱུང་ཡེ་ཤེས་ཡིན། །དེ་ལྟ་བུ་ཡི་སངས་རྒྱས་ལ། །ང་ཡི་རྟོགས་པའི་ཡེ་ཤེས་འདི། །འཇམ་དཔལ་

བཤེས་གཉེན་ཁྱོད་ལ་གཏད། །འོད་མའི་ཚལ་གྱི་ནགས་ཚལ་དུ། །མ་སྤེལ་རང་གི་སེམས་སུ་ཞོག །རྡོ་རྗེ་སེམས་དཔའི་རྒྱ་ཡིས་ཐོབ། །རྒྱ་རྒྱ་རྒྱ། དེ་ནས་རིམ་པར་བརྒྱུད་པ་ནི།ལས་འཕྲོ་སྐལ་བར་ལྡན་པའི་ལྕེ་བཙུན་སེང་གེ་བདག །ཡི་དམ་ལྷ་ཡི་དངོས་གྲུབ་ཐོབ་པ་ཡིས། །སངས་རྒྱས་ཐུགས་ཀྱི་དགོངས་པ་ཉིད་བརྒྱུད་པ། །སེམས་ཅན་མ་རིག་སྒོ་ངའི་སྦུབས་འབྱེད་པ། །མུན་པ་སྣང་བར་བསྒྱུར་བའི་རྒྱུད་སྡེ་ལྔ། །མཐོང་བ་ཙམ་གྱིས་ཤེས་རབ་ཕ་རོལ་ཕྱིན། །སངས་རྒྱས་འདུས་པའི་སྐུ་གསུང་ཐུགས་ཀྱི་རྒྱུད། །བསྐལ་པ་བགྲངས་ནས་གཏེར་གསུམ་བརྒྱུད་པ་ཡིན། །མི་ནུབ་རྒྱལ་མཚན་གཏེར་གྱི་འབྱུང་གནས་འདི། །ས་དང་ལམ་དུ་བགྲོད་པའི་ཆོས་མིན་ཏེ། །ཤེས་རབ་རྨོངས་པ་འཆི་བདག་བདུད་པས་འཇིགས། །སྐལ་ལྡན་རྣམས་ཀྱི་བཙས་སུ་བཞག་པ་ཡི། །གསང་བའི་རྒྱུད་གསུམ་མན་ངག་མ་ཁྲོལ་བར། །སེམས་སྨད་བཅྭོ་བརྒྱད་འཆད་པའི་སྟོན་པ་ནི། །རང་བཟོའི་རིག་པས་ལྕེ་ལ་ཞིང་དུ་རྨོ། །གསང་བའི་རྒྱུད་གསུམ་ཤེས་རབ་མཐའ་བཀྲོལ་ནས། །བཅྭོ་བརྒྱད་དཀྱུས་དང་དོན་དུ་སྦྱོར་ཤེས་ན། །རིན་ཆེན་གསེར་ལ་གཡུ་ཡི་ཕྲ་བཅུག་འདྲ། །མན་ངག་སྙིང་གི་པོ་ཏི་སྨུག་ཆུང་གཉིས། །རླུང་དང་སེར་བུས་ཐོས་སུ་མི་རུང་སྟེ། །སངས་རྒྱས་སྤྱན་གྱི་དབྱིངས་སུ་སྦས་ཏེ་བཞག །རྡོ་རྗེ་སེམས་དཔའི་རྒྱས་བཏབ་པོ། །ཐུགས་ཀྱི་དགོངས་པ་ཤེས་རབ་བློ་ལྡན་པ། །དད་ལྡན་བརྩོན་འགྲུས་ཆེ་བའི་བསྒོམ་པ་ལ། །ཉིད་ནས་ཉིད་དུ་གདམས་ཏེ་རྒྱ་ཡིས་བཏབ། །སེམས་སྨད་བཅྭོ་བརྒྱད་མན་ངག་མདོར་བསྡུས་པ། །བློ་ལྡན་ཤེས་རབ་ཅན་ལ་བསྟན་པར་བཞག །ཅེས་རྡོ་རྗེ་རྩེ་མོ་འདུས་པའི་རྒྱུད་ལས། གང་ཟག་ལ་གཏད་པར་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།གསུང་གི་རྒྱུད་རྡོ་རྗེ་རྩེ་མོ་འདུས་པ་ཞེས་བྱ་བ། སློབ་དཔོན་བི་མ་ལ་དང་། ལོཙྪ་བ་སྐ་ཅོག་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་རྫོགས་སོ། །ཨ་ཙ་ར་གཉིས་བསྟན་པ་སྲུངས། །

ཡེ་ཤེས་བླ་མ་ཆེན་པོའི་རྒྱུད།ཡེ་ཤེས་བླ་མ་ཆེན་པོའི་རྒྱུད།

རྒྱ་གར་སྐད་དུ། ཛྙཱ་ན་གུ་རུ་མ་ཧཱ་ཏན་ཏྲ། བོད་སྐད་དུ། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དགྲ་བཅོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ། མི་དང་མི་མ་ཡིན་གྱི་ཚོགས་སུ་གྱུར་པ་བཀའ་དང་དམ་ལ་གནས་ཤིང་འཚོ་སྐྱོང་བ་དེ་དག་ཐམས་ཅད་རྣ་བ་ལྷོགས་ལ་ཉོན་ཅིག །སྟོང་གསུམ་གྱི་སྟོང་ཆེན་པོ། འཇིག་རྟེན་གྱི་ཁམས་ཐམས་ཅད་ན། ངས་རིན་པོ་ཆེས་བྱུར་བུས་བཀང་ནས་ཡོད་ཀྱིས། ཁྱེད་སྡུག་བསྔལ་བར་མ་བྱེད་ཅིག །སེམས་ཞུམ་པར་མ་བྱེད་ཅིག །ཡིད་འཐོམས་པར་མ་བྱེད་ཅིག །ཅེས་བཀའ་སྩལ་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་བྱུར་བུར་བཀང་བ་ནི་ཟད་ཅིང་སྟོངས་པ་ཡོད་ཀྱི། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ཟད་ཅིང་སྟོངས་པ་མེད་པ། བྲི་ཞིང་བརླག་པ་མེད་པ། ཡིད་བཞིན་གྱི་ཟས་ཟད་པ་མེད་པའི་གཏེར་ངས་བསྟན་གྱིས་ཉོན་ཅིག །རིགས་ཀྱི་བུ་སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་བགྲོད་པའི་ལམ་མེད། ཆོས་ཀྱི་སྐུ་ནས་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པ་ལ་ཡེ་ཤེས་མེད། རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ཡང་མེད། མ་ཐོབ་པ་ཡང་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར། རང་རིག་པའི་ཡེ་ཤེས་ཀྱིས་མ་རིག་པ་གདར་ཤ་བཅད་ནས་སངས་རྒྱས་ཀྱི་ཆེ་བ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ། །སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་བདག་དང་གཞན་གྱི་དོན་མཐར་ཕྱིན་པར་བྱེད་པས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ་དེ་ནས་བཅོམ་ལྡན་འདས་ཀྱིས་ཤངས་ཀྱི་རླུང་སྒོ་ནས་འོད་ཟེར་རྣམ་པ་ལྔ་སྤྲོས་ཏེ། འོད་ཟེར་དེའི་སྙིང་པོར་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཕྱུང་སྟེ། ཞུ་བ་བོར་བཞག་ནས་བཀའ་སྩལ་

ཏོ། །གསང་བའི་དབྱིངས་ནས་རང་བྱུང་བ། །སྟོབས་ཀྱི་བདག་པོ་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྲོ་བོ་ཆེ། །ལོག་ལྟ་ཤུགས་ཀྱིས་བསྒྲལ་བར་བྱོས། །ཞེས་བརྗོད་ནས། རང་བྱུང་གི་བཅོམ་ལྡན་འདས་ནི་སྙིང་པོ་བྱང་ཆུབ་འདུ་འབྲལ་མེད་པར་བཞུགས་པ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་རང་བཞིན་རྣམ་པར་དག་པའི་སྐུ། ཐུགས་རྗེའི་འོད་ཟེར་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་མ་ལུས་མི་ལུས་ལུས་པ་མེད་པར་བཞུགས་པ། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་རྨད་དུ་བྱུང་བས། སངས་རྒྱས་ཐམས་ཅད་ཀྱི་སྤྱི་ཕུད་ཀྱི་སྟོང་ཆེན་པོར་གྲགས་སོ། །སྐུ་རྨད་དུ་བྱུང་བས་སྐུའི་དཀྱིལ་འཁོར་གསང་བ་རྨད་དུ་བྱུང་བ་དང་། གསུང་རྨད་དུ་བྱུང་བས་གསུང་གི་དཀྱིལ་འཁོར་རྨད་དུ་བྱུང་བ་གསུང་རིག་པའི་ཁུ་བྱུག་སྒྲོགས་པ་དང་། ཐུགས་རྨད་དུ་བྱུང་བས་ཐུགས་ཀྱི་དཀྱིལ་འཁོར་མཁྱེན་པས་གཟིགས་པའོ། །ཐུགས་རྗེ་ཆེ་བ། ཐབས་མཁས་པ། སྟོབས་ཀྱིས་ཕ་རོལ་དཔུང་འཇོམས་པ། ཤེས་རབ་ཟབ་མོ་རིག་པའི་ཀློང་ནས་འཆར་བས་ཆོས་ཐམས་ཅད་དེ་བཞིན་ཉིད་ལ་སྦྱོར་བ། གསང་བ་བླ་ན་མེད་པ། ཐུན་མོང་མ་ཡིན་པ། བལྟ་བ་ཁྱད་པར་གྱི་ཡེ་ཤེས་རྫོགས་པ། འབྲས་བུ་བླ་ན་མེད་པ་རྒྱུད་ལ་སྨིན་པ། འབྱེད་པ་མེད་པར་ཀློང་གཅིག་ཏུ་འཁྱིལ་པ། ཤེས་བཞིན་དུ་མི་གནས་པ། མ་ཡིན་པ་ཐམས་ཅད་ཡིན་པར་སྦྱོར་བ། ཡིན་པ་ལ་བདག་མེད། ཆེ་བའི་ཡེ་ཤེས་དཔག་ཏུ་མེད་པར་གནས་པ། ཆོས་ཐམས་ཅད་ལ་འབྱེད་པ་མེད་པའི་ཤེས་རབ་ཟབ་མོ་ཀློང་ཡངས་པ་དེ་ནི་ང་རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་བའོ། །སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི། ངའི་ཞབས་གཡོན་པའི་མཐེ་བོའི་འོག་ཏུ་མནན་ཏེ་བསྡུས་སོ། །འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ནི། ངའི་ཤེས་རབ་ཟབ་མོ་བརྟག་དཀའ་བ་མེ་ཏོག་ཀུ་མུ་ཏའི་འབྲུའི་ཁོག་པར་བསྡུས་སོ། །འགྲོ་བ་རིགས་དྲུག་གི་སེམས་ཅན་མ་ལུས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ནི། ངའི་ལག་པ་གཡོན་པའི་མཐིལ་དུ་བཞག་སྟེ། དེ་

དཔེར་ན་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟ་བུའོ། །ཆོས་ཀྱི་སྐུའི་གཞི་རང་བཞིན་རྣམ་པར་དག་པའི་ཆོས་ཤེས་བྱ་བབ་ཀྱིས་གྲུབ་པ། ཐིག་ལེ་ཉག་གཅིག་ཆོས་ཐམས་ཅད་ཡེ་ཤེས་ཀྱི་སྙིང་པོར་གནས་པ་དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། ཡོད་མེད་རྟག་ཆད་ཀྱི་མཐའ་ཐམས་ཅད་ལས་གྲོལ་བའོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས་འདི་སྟུག་པོ་བཀོད་པའི་གནས། ལྕང་ལོ་ཅན་གྱི་ཕོ་བྲང་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གནས་ནས། ཆོས་ཀྱི་སྐུ་ལ་གཉེན་པོ་གང་གིས་ཀྱང་མི་ཤིགས་པར་བསྟན་པའོ། །ཞེས་ཡེ་ཤེས་བླ་མའི་རྒྱུད་ལས། ལེའུ་དང་པོ་གཙོར་བཞག་པ་སངས་རྒྱས་ཉིད་ཀྱི་གསུངས་པའི་ལེའུ་སྟེ་དང་པོའོ།། །།བཅོམ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་སྐུ་མི་གནས་པའི་ཀློང་ནས་རིག་པ་རང་བྱུང་གིས་འོད་གསལ་བ། ཤངས་ཀྱི་རླུང་སྒྲོམ་ནས། རང་བྱུང་གི་འོད་ལྔ་ལས། སྤྲུལ་པའི་སྐུ་གསང་བའི་བདག་པོ་ལག་ན་རྡོ་རྗེ་རང་དུ་བྱུང་སྟེ། རྡོ་རྗེ་འཆང་ཆེན་གྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་ཚེ།ཆོས་ཀྱི་མཐའ་ལས་གྲོལ་བར་བྱེད་པའི་དགོངས་པ་ལ་བཟླ་བ་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་རྒྱུད། སངས་རྒྱས་འདུས་པ་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་འདི་ལ་སྤྱི་དོན་བདུན་གྱིས་བསྟན་ཏེ། ལེའུ་དང་པོ་རྡོ་རྗེ་སེམས་དཔས་ཞལ་ཆེམས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཞག་ནས། རྡོ་རྗེ་ལྟ་བུའི་དགོངས་པ་ལ་གཉེན་པོ་མེད་པར་བསྟན་པ་དང་། ལེའུ་གཉིས་པ་གསང་བའི་བདག་པོས་རྡོ་རྗེ་འཆང་ལ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དྲི་བར་བསྟན་པ་དང་། ལེའུ་གསུམ་པ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་པར་བཞག་པར་བསྟན་པ་དང་། ལེའུ་བཞི་པ་རྗེས་སུ་འཇུག་པའི་གང་ཟག་གི་རྟོགས་པ་ཁྱད་པར་ཅན་ཆོས་ལས་གྲོལ་བར་ལ་བཟླ་བར་བསྟན་པ་དང་། ལེའུ་ལྔ་པ་རྟོགས་པའི་གང་ཟག་རྡོ་རྗེའི་གདན་ལ་

མངོན་པར་རྫོགས་པར་སངས་རྒྱ་བར་བསྟན་པ་དང་། ལེའུ་དྲུག་པ་སངས་རྒྱས་མེད་པར་བསྟན་པ་དང་། ལེའུ་བདུན་པ་སངས་རྒྱས་མེད་པས་རྣལ་འབྱོར་ཆེན་པོ་ལ་འབྲས་བུ་མེད་པར་བསྟན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲི་བ་དྲིས་པ། ཐུགས་རྗེ་ཆེན་པོ་ཆོས་ཐམས་ཅད་དེ་བཞིན་ཉིད་ཅེས་བྱ་བ། མ་བཅོས་པ་ལགས་སམ།གཉིས་སུ་མེད་པ་ལགས་སམ། མཉམ་པ་ཉིད་ལགས་སམ། མི་གཡོ་བ་ལགས་སམ། ལྷུན་གྱིས་གྲུབ་པ་ལགས་སམ། ཤེས་པ་གསལ་བ་ལ་རྟོག་པ་མེད་པ་ཙམ་ལགས་སམ། དངོས་པོ་གསལ་བ་ལ་རང་བཞིན་མེད་པ་ཙམ་ལགས་སམ། སྟོང་པ་ཉིད་ལགས་སམ། དངོས་པོའི་ཆོས་ཐམས་ཅད་ལ་སྒྱུ་མ་ཙམ་དུ་ཤེས་པ་དེ་ལགས་སམ། ཏིང་ངེ་འཛིན་རྒྱ་མཚོ་ལྟ་བུར་གཡོས་པ་མེད་པ་དང་། ཤེས་པ་རྟོག་མེད་དུ་འཆར་བ་དེ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལགས་སམ། དེ་ཇི་ལྟར་ལགས་བདག་གིས་མ་ཤེས་མ་འཚལ་ཏོ། །ཀྱེ་ཐུགས་རྗེ་དང་ཐབས་སུ་ལྡན་པས་བདག་ལ་ལུང་བསྟན་དུ་གསོལ། ཞེས་དྲི་བ་དྲིས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག །ཁྱོད་ཀྱིས་དྲི་བ་དྲིས་པ་དེ་ལེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་ནི། ནམ་མཁའི་མཐའ་དང་མཉམ་མོ། །རྒྱ་མཚོ་ཆེན་པོ་བས་གཏིང་ཟབ་བོ། །མེ་ཏོག་ཀུ་མུ་ཏའི་ས་བོན་ལས་ཆ་ཕྲའོ། །ལུང་དང་རིགས་པས་རྗེས་སུ་མི་དཔོག་གོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་དེ་ཡང་ཆོས་ཐམས་ཅད་ནི་མཚོན་པའི་ཚིག་བླ་དྭགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐམས་ཅད་ལ་མི་གནས་པའོ། །དེ་ཡང་བྱང་ཆུབ་སེམས་དཔའ་མོས་པས་སྤྱོད་པའི་ས་ལ་གནས་པ་རྣམས་ཀྱིས་ཤེས་བྱ་ལ་ཉམས་སུ་མྱང་བའི་ཆོས་ནི། རང་གི་ངོ་བོ་མ་བཅོས་པ་ཉིད་ཆོས་ཉིད་དུ་གོ་སྟེ། ཆོས་ཉིད་མ་བཅོས་པ་དེས་བདག་དང་གཞན་དུ་མི་ཕྱེད་པས། གཉིས་སུ་མེད་པ་ཞེས་བྱའོ། །གཉིས་སུ་མེད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཆོས་

ཉིད་མཉམ་པ་ཉིད་ཅེས་བྱའོ། །བྱང་ཆུབ་ཀྱི་སེམས་མཉམ་པ་ལ་བཞག་པའི་དུས་ན། ལུས་ངག་ཡིད་གསུམ་ལ་གཡོ་འགུལ་མི་མངའ་བས། མི་གཡོ་བ་རྒྱ་མཚོ་ལྟ་བུ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་མི་གཡོ་བའི་ངང་ལས་ཤེས་རབ་ཀྱི་རྩལ་སྣ་ཚོགས་སྐྱེ། སྐྱེ་བ་དེ་ཉིད་རང་གི་ཤེས་པ་ལས་ཐ་མི་དད་པ་ལ་སྣ་ཚོགས་རང་བྱུང་གི་ཡེ་ཤེས་སུ་གསལ་བའི་དུས་ན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཞེས་བྱའོ། །ཤེས་པ་དེ་ཉིད་གསལ་བ་ལ་རྟོག་པ་མེད་པ་ནི་དཔེར་ན་མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གནས་པ་དེ་རང་གི་ཤེས་པ་ཙམ་ཡིན་གྱིས་དངོས་པོ་ནི་མ་ཡིན་ནོ། །དངོས་པོ་གསལ་བའི་སྒོ་ལྔའི་རྣམ་པར་ཤེས་པ་མ་འགགས་པ་ཙམ་ལ་མ་ཡིན་ལ། སྣང་བའི་ཆོས་ལ་རང་བཞིན་མེད་པ་སྒྱུ་མ་ཙམ་དང་སྨིག་རྒྱུ་ཙམ་དུ་ཤེས་པ་ནི་སངས་རྒྱས་ཀྱི་དགོངས་པ་ནི་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་ཐོས་པས་སྤྱོད་པའི་སྤྱོད་པའོ། །སངས་རྒྱས་དགོངས་པ་ནི་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་ན་སྟོང་པ་ཉིད་ཅེས་བྱ་བ་ནི་རང་བཞིན་ཆད་ལྟར་མི་འགྲོ་ཡིས་རེ་ཞིག་དངོས་པོ་ལ་ཞེན་པ་བཟློག་པའི་ཆེད་དུ་སྟོང་པ་ཉིད་ཅེས་གསུངས་སོ། །སྟོང་པ་ཉིད་ཅེས་བྱ་བའི་གོ་བ་ནི། ཆོས་ཉིད་ལ་དངོས་པོར་མ་གྲུབ་པས་སྟོང་ལ། ཡེ་ཤེས་ལ་སྐྱེ་འགག་མེད་པས་ཉིད་ཅེས་བྱའོ། །དངོས་པོ་ལ་སྒྱུ་མ་ཙམ་དུ་ཤེས་པ་དེ་དངོས་པོ་ལ་བློ་ལོག་པ་ཙམ་གྱིས་ཤེས་པ་སྐྱེ་བ་ཡིན་ལ། སེམས་གནས་པ་ཙམ་གྱི་ཉམས་ལ་ཤེས་པ་རྟོག་མེད་དུ་འཆར་བ་ནི་བསམ་གཏན་ཅུང་ཟད་ཙམ་གྱི་ཆོས་ཡིན་པས། དེ་བཞིན་ཉིད་ཀྱི་དོན་དང་མི་འབྱོར་རོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཞེ་ན། ངས་མདོ་ཙམ་ཞིག་བསྟན་གྱིས་ཉོན་ཅིག །ཆོས་ཀྱི་སྐུའི་ངོ་བོ་ནི་རང་བཞིན་རྣམ་པར་དག་པ། སྤྲོས་པའི་མཐའ་མ་སྤངས་པར་སྤྲོས་པ་ཉེ་བར་ཞི་བ་བརྗོད་པའི་མཐའ་མ་སྤངས་པར་བརྗོད་པ་ལས་འདས་པ། དབང་པོའི་སྒོ་མ་འགགས་པར་དབང་པོའི་སྤྱོད་ཡུལ་མ་ཡིན་ནོ། །ཀ་ནས་དག་པའི་ཡེ་ཤེས་རྟོག་མེད་དུ་གསལ་བ། གསལ་བ་བདག་མེད་པའི་རང་བཞིན་ནི་མ་བཅོས་འགྱུར་མེད་ལྷུན་རྫོགས་མ་བསླད་མ་འགགས་པའོ། །

ཐུགས་རྗེ་སྤྲུལ་པའི་སྐུ་ནི་འོད་ཟེར་གྱི་ཕུང་པོར་གནས་སོ། །རང་བཞིན་དག་པའི་ནི་དངོས་པོའི་མཐའ་ལས་འདས་ཏེ་རང་བཞིན་མེད་པའོ། །མཚོན་པའི་ཡེ་ཤེས་ནི་ཐིག་ལེ་ཉག་གཅིག་ཨ་ཏིར་འདུས་སོ། །ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། ལག་ན་རྡོ་རྗེས་དྲིས་པའི་ལན་རྡོ་རྗེ་འཆང་གིས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས། རྡོ་རྗེ་འཆང་གི་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། གདམས་པར་བཞག་པའི་ཐབས་བསྟན་དུ་གསོལ། ཞེས་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེས་ཆུ་བོ་ཆེན་པོ་བཞི་འདུས་པའི་དབུས་སུ་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ལ་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་བཀའ་སྩལ་ནས། སྡུད་པ་པོ་དགའ་རབ་རྡོ་རྗེས་བསྡུས་སོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །ཐུགས་རྗེའི་སྤྲུལ་སྐུ་མཚན་དང་ཚུལ་ཤེས་ལྡན། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་བསྟན་པ། །འགག་མེད་ནམ་མཁའི་ཀློང་ནས་ཉི་ཤར་བཞིན། །དངོས་མེད་ཕྱོགས་བྲལ་རྣམ་དག་ཆོས་ཀྱི་དབྱིངས། །རང་བཞིན་འོད་གསལ་ཆོས་ཉིད་རྣམ་པར་དག །མ་སྤྲོས་མ་བཀོད་ཞིང་ཁམས་རྣམ་དག་ནས། །རང་བྱུང་ཡེ་ཤེས་མ་བཅོས་མཁྱེན་མངའ་བ། །སྐུ་གསུམ་ལྷུན་གྲུབ་ཤེས་རབ་ཕ་རོལ་ཕྱིན། །གཟུང་འཛིན་གཉིས་མེད་མི་གནས་མྱ་ངན་འདས། །ཐབས་ཀྱི་རྒྱལ་པོ་སྟོབས་མཆོག་བྱང་ཆུབ་སྐུ། །འགྲོ་བ་ཡོངས་ལ་དཔལ་མགོན་ཉི་ཤར་བ། །རྡོ་རྗེ་སེམས་དཔའ་མི་བསྐྱོད་བྱང་ཆུབ་སེམས། །ཐུགས་ཀའི་ཡེ་ཤེས་འོད་ཟེར་འབུམ་གྱི་གཟི། །ཀུན་ཏུ་བཟང་པོ་རང་བྱུང་བཅོམ་ལྡན་འདས། འགྲོ་བ་ཡོངས་ལ་ནམ་མཁའ་ལྟ་བུར་ཤར། །མཁྱེན་པའི་ཡེ་ཤེས་སྟོབས་བཅུ་ཕ་རོལ་ཕྱིན། །རྣམ་པར་གྲོལ་བས་ཕ་རོལ་བདུད་བཞི་འཇོམས། །དབྱིངས་ཀྱི་ཐུགས་རྗེ་མ་བསྒྲིབས་མཁྱེན་མངའ་བ། །སྙིང་པོ་མ་བཅོས་ཀུན་གཞི་བྱང་ཆུབ་སེམས། །ས་དང་ལམ་གྱི་བགྲོད་པས་ཕ་རོལ་ཕྱིན། །རང་

བྱུང་ཡེ་ཤེས་གསང་བའི་དབྱིངས་ནས་ཤར། །ཐུགས་རྗེ་ཐབས་མཁས་འགྲོ་དོན་སོ་སོར་མཁྱེན། །སྙིང་པོ་བྱང་ཆུབ་ཡེ་ནས་རྣམ་པར་དག །ལས་དང་ཐུགས་རྗེ་མ་བསྒྲིབས་མཁྱེན་མངའ་བ། །རྡོ་རྗེ་སེམས་དཔའ་ཐུགས་རྗེ་སྟོབས་པོ་ཆེ། །ཐབས་ཀྱི་ཡེ་ཤེས་མ་བསྒྲིབས་མཁྱེན་མངའ་བ། །ཐུགས་རྗེའི་ཉི་མ་འགྲོ་བ་ཡོངས་ལ་ཤར། །ཞེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་སངས་རྒྱས་ཀྱིས་གདམས་པ་བསྟན་པའི་དུས་སུ། རྒྱུད་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པར་བྱའོ། །སངས་རྒྱས་ཀྱི་ངོ་བོ་བསྟན་པའི་དུས་སུ་འཁོར་བ་ཐོག་མཐའ་གཅོད་པའི་གདམས་ངག་ཚིག་གསུམ་གྱིས་བསྟན་པར་བྱའོ། །སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་བསྟན་པའི་ཚེ། སྐད་ཅིག་མ་གསུམ་གྱི་མན་ངག་ཤེས་པར་བྱའོ། །ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། རྗེས་སུ་འཇུག་པའི་སེམས་ཅན་རྣམས་ལ་གདམས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་དེ། སྐྱེ་མེད་དག་པའི་ཀློང་ནས་ཐུགས་རྗེའི་འོད་ཤར་བ། །མི་ནུབ་རྒྱལ་མཚན་རྡོ་རྗེ་སེམས་དཔའི་ཞལ། །ཆེ་བའི་ཡེ་ཤེས་དཔག་མེད་བསམ་ལས་འདས། །ལྕང་ལོ་ཅན་དུ་སྐུ་སྤྲུལ་བྱང་ཆུབ་སེམས། །གསང་བའི་བདག་པོ་རྫུ་འཕྲུལ་སྟོབས་པོ་ཆེ། །སྤྲིན་གྱི་ཤུགས་ཅན་བདུད་རྩིའི་ཆར་འབེབས་པ། །ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་སྐུ། །མ་གཡོས་རྒྱ་མཚོ་ལྟ་བུར་སྐུ་འཁྲུངས་པ། །ཨུ་དུམ་ཝ་རའི་མེ་ཏོག་འབྲས་བུར་བཅས། །མ་སྐྱེས་སྙིང་པོ་མེ་ཏོག་འབྲས་བུར་སྨིན། །སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་བསྟན་པ། །རྡོ་རྗེ་སེམས་དཔའ་སྐུ་སྤྲུལ་མཁྱེན་མངའ་བ། །རོ་ལངས་བདེ་བ་རང་བྱུང་ཡེ་ཤེས་སྐུ། །མཁྱེན་པའི་ཡེ་ཤེས་མཁའ་ནས་ཉི་ཤར་འདྲ། །མ་རྨོངས་མཁྱེན་མངའ་ཤེས་རབ་ཕ་རོལ་ཕྱིན། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ། །བླ་མེད་བྱང་ཆུབ་སྙིང་པོ་མཁྱེན་གསལ་རིག །ཐབས་ལ་མཁས་པས་བདག་དང་གཞན་དོན་མཛད། །ཀྱེ་གསང་བའི་བདག་པོ་མཁྱེན་

པས་གཟིགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་བླ་མ་ཆེན་པོའི་རྒྱུད་ལས་གྲོལ་བར་བྱེད་པ། ཟག་པ་མེད་པའི་ཤེས་རབ་མཐར་ཕྱིན་པ། ཆོས་ཐམས་ཅད་ལས་རྣམ་པར་གྲོལ་བ། ཡེ་ཤེས་ཐབས་ཀྱིས་མངོན་དུ་འབྱུང་བ་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་དེམས། མཚོན་པ་མྱ་ངན་ལས་འདས་སོ། །ཤེས་བྱ་ལ་བརྟེན་པ་ཐམས་ཅད་ནི་ངོ་བོས་སྟོང་། སྐུ་རྣམ་པར་དག་པའི་རང་འབྱུང་གི་ཡེ་ཤེས་སུ་ཤར་བ། དྲི་མ་མེད་པ་མན་ཤེལ་གྱི་སྐུ་ལྟ་བུ། རང་དག་པ་རྐྱེན་མེད་པར་སྣ་ཚོགས་གསལ་བ། རང་གི་རང་བཞིན་རྣམ་པར་དག་པའོ། །ཤེས་བྱ་ལ་སྒྲིབ་པ་མེད་པས་ཉོན་མོངས་པ་ལ་སྐྲག་པ་མེད་དོ། །ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་ལ་བཟླས་པས། ཕྱིར་མི་ལྡོག་པ་ཤིན་ཏུ་འདས་ཏེ། སྐུ་སྐྱེ་ཤི་མེད་པ་སྟོང་པ་ཆེན་པོ་ཡེ་ཤེས་ཀྱི་འོད་ཟེར་དུ་མྱ་ངན་ལས་འདས་སོ། །གསུང་སྨོན་པ་མེད་པ་སྨྲ་བསམ་བརྗོད་མེད་དུ་མྱ་ངན་ལས་འདས་སོ། །ཐུགས་བདེ་བ་ཆེན་པོར་ཡོངས་སུ་གྲུབ་པ། ཡོངས་སུ་དག་པ་ཡོངས་སུ་མ་འགགས་པ། སྙིང་པོ་བྱང་ཆུབ་ལ་ངེས་པར་ཞུགས་པའི་མཐར་ཕྱིན་ཏོ། །ཀྱེ་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་མེད་དོ། །སངས་རྒྱས་ལ་ལམ་མེད་དོ། །སངས་རྒྱས་ལ་འབྲས་བུ་མེད་དོ། །ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། རང་བྱུང་གི་ཡེ་ཤེས་ཆོས་ལས་འདས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ལུས་མ་བོར་བར་ལྷ་མོ་འོད་ཟེར་ཅན་གྱི་དཀྱིལ་འཁོར་དུ། ངག་མ་བོར་བར་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་སངས་རྒྱས་སོ། །ཡིད་འཇུག་པ་མེད་པར་རང་བྱུང་གི་ཡེ་ཤེས་ཟག་མེད་ཀྱི་ཀློང་དུ་གྲོལ་བ་མཐར་ཕྱིན་པར་སངས་རྒྱས་སོ། །མཛད་པ་ཕུན་སུམ་ཚོགས་པ་བྱ་བ་མེད་པའི་ཀློང་དུ་སངས་རྒྱས་སོ། །ཕྲིན་ལས་མཐར་ཕྱིན་པ་མ་བཙལ་བར་གྲུབ་པར་སངས་རྒྱས་སོ། །ཆོས་ཐམས་ཅད་ཆོས་མེད་པའི་ཀློང་དུ་སངས་རྒྱས་སོ། །ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་

ཐམས་ཅད་སྐྱེ་མེད་ཡེ་ཤེས་ཀྱི་ཀློང་མཁའ་ཀློང་རྣམ་པར་དག་པར་སངས་རྒྱས་སོ། །ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིགས་དྲུག་གི་སེམས་ཅན་སྲོག་གིས་བསྡུས་པ་ཐམས་ཅད་ཡེ་ཤེས་ཆེན་པོ་ལྔ་མི་གནས་པའི་ཡེ་ཤེས་ཆེན་པོ་དང་དྲུག་ཏུ་སངས་རྒྱས་སོ། །ཆོས་ཀྱི་སྐུ་ཐིག་ལེ་ཉག་གཅིག་བདེན་ལ། གཟུགས་ཀྱི་སྐུ་གཉིས་འབྲས་བུར་སྨིན་པས་རྡོ་རྗེའི་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་ཉག་གཅིག་དྲི་མ་མེད། །སྐུ་གསུམ་ཡེ་ཤེས་ཟག་པ་ཟད། །བྱང་ཆུབ་སྙིང་པོ་རྣམ་པར་གྲོལ། །གསེར་གྱི་ཉི་མ་རང་བྱུང་སྐུ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །སྐད་ཅིག་འགགས་པས་རྣམ་གྲོལ་བ། །ཐབས་ཀྱི་ཤེས་རབ་སྟོབས་པོ་ཆེ། །ཤེས་རབ་རིག་པ་སྭ་སྡི་ཨ། །ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་རྟོག་པ་སྐད་ཅིག་མ་ལ་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་གདན་ལ་སངས་རྒྱས་པའི་ཚེ། བདག་གིས་སྙིང་པོ་བྱང་ཆུབ་ལ་མངོན་པར་སངས་རྒྱས་སོ། །ཞེས་ཆེ་བའི་ཡོན་ཏན་དཔག་ཏུ་མེད་པ་ནི་རང་བཞིན་ལྷུན་གྱིས་གྲུབ་སྟེ་མཐར་ཕྱིན་ནས། སེམས་ཅན་མ་སྨིན་པ་སྨིན་པར་བྱའོ། །སྨིན་པ་གྲོལ་བར་བྱའོ། །གྲོལ་བ་མཐའ་ཕྱིན་པར་བྱའོ། །མཐར་ཕྱིན་པ་ཕྱིར་མི་ལྡོག་པར་བྱའོ་སྙམ་དུ་བསམས་ན་ཡང་། དེ་ནི་མ་ཡིན་ཏེ། སྭ་བྷ་བ། པྲ་ཛྙཱ་ཨ་པཱ་རཱི་མི་ཏཱ། ཞེས་བཟློག་པར་བྱའོ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཐུགས་རྗེ་མགོན་པོ་འོད་དཔག་མེད། །ཤཱ་ཤ་པཱ་རཱ་མི་ཏ་ཧྲཱྀ། །གསང་བདག་ལག་ན་རྡོ་རྗེ་ཁྱོད། །སཱ་རི་ས་རི་པྲ་སཱ་དྷ། །ངས་བསྟན་ཁྱོད་ཀྱིས་ཡིད་ལ་ཟུང་། །དྷརྨ་ཀཱ་ཡཱ་ཨི་ཧི་གྷ། །སྤྲོས་དང་བྲལ་བའི་ཆོས་ཉིད་ལ། །ཨ་མུ་པཱ་རི་ཀཱ་ཡཱ་ནི། །ཆེད་དུ་བརྗོད་མེད་སྨྲ་བསམ་འདས། །དྷ་ར་མ་སུ་པཱ་རི་སྭ་གཱ་བྷྱ། །སངས་རྒྱས་མེད་པར་བདག་འདོད་པ། །ཨི་ཎི་ཨ་ཎི་ཨ་ཏི་ཨ། །ནམ་མཁའི་རི་མོའི་ཕྱག་རྒྱ་འདྲ། །ཨ་ཀ་ར་ཨ་ཀ་ར། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །ཐམས་ཅད་མཁྱེན་པའི་སྤྱན་མངའ་ཡང་། །

ཡང་དག་སངས་རྒྱས་དོན་མི་གཟིགས། །ང་ཡིས་སངས་རྒྱས་དོན་མཐོང་ན། །མཐོང་བ་ཉིད་ན་འགག་པར་འགྱུར། །འཇིག་རྟེན་ཁམས་ཀུན་སངས་རྒྱས་ཀྱང་། །ང་ཉིད་གཅིག་པུ་རྣམ་པར་དག །ང་མེད་གཞན་མེད་གཅིག་པུ་ཉིད། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་ལས་འདས། །འདས་པའི་ཆོས་ལ་སངས་རྒྱས་ག་ལ་ཡོད། །ཅེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། སངས་རྒྱས་མེད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མེད་པར་འབྲས་བུ་ག་ལ་འབྱུང་ཞེས་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་བྱང་ཆུབ་ཉིད་དུ་ཤར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལས་བྱང་ཆུབ་ལོག་ཏུ་བསྒྲུབ་ཏུ་མེད་དེ་མི་གནས་སོ། །རང་བྱུང་གི་ཡེ་ཤེས་ཉིད་གཟུགས་ཀྱི་སྐུར་འབྱུང་ངོ་། །རང་བྱུང་གི་ཡེ་ཤེས་ལས་ལོག་པའི་གཟུགས་ཀྱི་སྐུ་མེད་དེ་མི་གནས་སོ། །དེ་བཞིན་དུ་འབྲས་དང་ཏིལ་ལ་སོགས་པ་ཡང་། ས་བོན་ཉིད་འབྲས་བུར་འབྱུང་བ་ལས།ས་བོན་ལས་ལོག་པའི་འབྲས་བུ་མི་འབྱུང་གི། དེ་ཕྱིར་རྫོགས་པ་ཆེན་པོའི་མན་ངག་ལས། རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་། རང་ཤར། རང་ལས་གྲུབ། རང་གིས་ཤེས། རང་ལ་རྫོགས་ཏེ། རྒྱུད་དག་པའི་དབྱིངས་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་རང་སྣང་བའོ། །དེ་ཕྱིར་ས་སྦྱང་དུ་མེད་ལམ་བགྲོད་དུ་མེད། འབྲས་བུ་གཞན་ལ་རེ་བ་མེད་པར་ཐག་ཆོད་པའི་ཡེ་ཤེས་སོ། །ཞེས་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་ལས། འབྲས་བུ་མེད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །།འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སངས་རྒྱས་འོད་སྲུངས་ཆེན་པོས་གསུངས། ཞུ་བ་པོ་ལག་ན་རྡོ་རྗེས་ཞུས། སྡུད་པ་པོ་དགའ་རབ་རྡོ་རྗེས་བསྡུས་ནས། ས་ནོན་པའི་བྱང་ཆུབ་སེམས་དཔའ་མི་བཞི་ལ་བརྒྱུད་དེ། འཇིག་རྟེན་དུ་མ་འཕེལ་ལོ། །རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་བླ་མའི་རྒྱུད། བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའི་ཐུགས་ནས་ཐུགས་སུ་བརྒྱུད། སྙན་ནས་སྙན་དུ་བསྒྲགས། ཕྱག་
ནས་ཕྱག་ཏུ་གཏད་དེ་རྒྱ་ཡིས་བཏབ། །རྒྱ་གར་ངན་སྔགས་འབྲུ་གསུམ་འཕྱོངས་སུ་བཏགས། །རས་ཆོད་གཟུ་མས་བྱེད་པའི་སློབ་མ་ལ། །སྡིག་ལ་མི་འཛེམ་གནག་པའི་ལས་ལ་སྦྱར། །གུ་ལང་རིན་ཆེན་གསེར་གྱི་རྟེན་བཙུགས་ཀྱང་། །བརྣག་པའི་ངན་སྔགས་འབྲུ་གསུམ་ཤོར་ར་རེ། །བི་མ་མི་ཏྲ་མཁས་པའི་སྐྱེས་མཆོག་ཁྱོད། །སངས་རྒྱས་ཐུགས་ཀྱི་དགོངས་པ་རྒྱུད་བདུན་པོ། །རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་གཏེར་དུ་སྦོས། །ཞེས་ཤྲཱི་སིང་ཧས་གསུངས་ནས་རྒྱ་ཡིས་བཏབ་པོ། །རྫོགས་སོ།། །།དེ་ནས་བི་མ་ལ་བོད་དུ་བྱོན་ནས། དབང་བསྐུར་ཆོས་བཤད་ནས། རྗེ་འབངས་གཉིས་ལ་བཀའ་བསྡམས་པ། སངས་རྒྱས་ཐུགས་ཀྱི་དགོངས་པ་ཉུང་བརྒྱུད་པ། རྡོ་རྗེ་གདན་གྱི་འོག་ནས་སེང་གེ་སྨད་རྒྱུ་ཤྲཱི་སིང་ཧས་བདག་ལ་བརྫངས་པ་འདི། །སྟོབས་ཆུང་རྣམས་ཀྱིས་སེང་གེ་མི་ཐུབ་ཀྱི། །རྒྱལ་བློན་ཕྱག་ཏུ་གཏད་ཀྱི་ཤོར་ར་རེ། །རྒྱལ་པོ་སྙན་ཁུང་ཆུང་བ་དང་། །བློན་པོ་གདུག་པ་ཆེ་བ་དང་། །ཆོས་པ་དམ་ལ་མི་གནས་པས། །ཐུགས་ལ་འཆོངས་ལ་གཏེར་དུ་སྦོས། །ཞེས་གསུངས་ནས། སླར་གཏེར་སྦས་སོ། །ཨི་ཐི། བི་མ་མི་ཏྲ་དང་། སྐ་ཅོག་ཞང་གསུམ་གྱི་འགྱུར། སླར་རྗེ་སེང་གེ་མི་འགྱུར་རྡོ་རྗེ་ཐིག་ལེ་རྩལ་གྱིས་བརྙེས་སོ། །བར་འདིར་ཐིག་ལེ་གསང་བའི་བརྡའ་རྒྱུད་མ་བྱུང་ཤུབྷཾ། །

རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་སནྟི་བོ་དྷི་སཏྭ་དྷྭ་ཛཱ་གྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ཅེས་བྱ་བ། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མི་གཡོ་བའི་བསྐལ་པ་དང་པོ་ལ། ཡངས་པ་ཆེན་པོའི་གྲོང་ཁྱེར་མ་བཀོད་པར་སྣང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་འོད་ཀྱི་ཕུང་པོ་ཞེས་བྱ་བ་མངོན་པར་འདུས་མ་བྱས་པ། ཆོས་ཉིད་རང་སྣང་གི་ནམ་མཁའ་དང་མཉམ་པར་བཞུགས་པ། སྙིང་པོ་བྱང་ཆུབ་ལ་མངོན་པར་བྱང་ཆུབ་ལ། ཆོས་ཐམས་ཅད་སྤྲོས་པ་མེད་པར་རང་གི་རྒྱན་དུ་བཀོད་པ། ཤེས་བྱ་ལ་མ་རྨོངས་པ། མངོན་པར་

འདུས་མ་བྱས་པ། ཀུན་ཏུ་བཟང་པོ་ཐམས་ཅད་རྒྱ་མཚོ་དང་ཆུ་བྲན་གྱི་ཚུལ་དུ་བྱུང་ཞིང་འདུ་བ། ལས་ཐམས་ཅད་མ་བཙལ་བར་གྲུབ་པ། བྱེད་པ་པོ་མེད་པར་ཀློང་གཅིག་ཏུ་འཁྱིལ་པ། སྐུའི་རིང་བསྲེལ་ཆེན་པོ་སྣང་བ་འོད་ཀྱི་ཕུང་པོར་བཞུགས་པ། གསུང་གི་རིང་བསྲེལ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་པར་སྒྲོགས་པ། ཐུགས་ཀྱི་རིང་བསྲེལ་ཆེན་པོ་རྡོ་རྗེ་ལྟ་བུ་འགྱུར་བ་མེད་པའོ། །ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་གྱི་རྩེ་མོའི་རྒྱུད་ལས། དང་པོའི་བྱུང་ཚུལ་བསྟན་པ་དང་། རང་གི་འདུག་ཚུལ་བསྟན་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་མཉམ་པ་དང་མཉམ་པར་བསྟན་པའི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཀྱེ་གསང་བའི་བདག་པོ་ལག་ན་རྡོ་རྗེ། ཆོས་ཆེན་པོ་གསང་བ་རྨད་དུ་བྱུང་བ་འདི་ནི་སྟོབས་མི་མཉམ་མོ། །རྫུ་འཕྲུལ་མི་མཉམ་མོ། །ཐུགས་རྗེའི་བྱེ་བྲག་མི་མཉམ་མོ། །བཞུགས་པའི་ཀློང་མི་མཉམ་མོ། །ལག་ན་རྡོ་རྗེ་ལེགས་པར་ཡིད་ལ་ཟུང་ཞིག །དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡིན་ནོ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་མོ། །ཅི་སྟེ་གཞི་རང་གི་ངོ་བོ་གཅིག་པའི་ཕྱིར་རོ། །རྩལ་མཉམ་མོ། །ཅི་སྟེ་བྱེད་པ་ཐ་དད་མེད་པའི་ཕྱིར་རོ། །ཐུགས་རྗེ་མཉམ་མོ། །ཅི་སྟེ་ཡེ་ཤེས་ལྔ་མི་འགག་པའི་ཕྱིར་རོ། །བཞུགས་པའི་ཀློང་མཉམ་མོ། །ཅི་སྟེ་ཆོས་ཉིད་ཐ་དད་མེད་པའི་ཕྱིར་རོ། །དེའི་ཕྱིར་ངའི་ཤེས་རབ་ཟབ་མོ་ནི། རྒྱལ་མཚན་གྱི་རྩེ་མོ་དང་འདྲ་སྟེ་ནུབ་པ་མེད་དོ། །ནོར་བུ་རིན་པོ་ཆེ་དང་འདྲ་སྟེ་ཟད་མི་ཤེས་སོ། །ནམ་མཁའ་དང་འདྲ་སྟེ་མཐར་ཐུག་པ་མེད་དོ། །རི་བོ་དང་འདྲ་སྟེ་འགྱུར་བ་མེད་དོ། །པདྨ་དང་འདྲ་སྟེ་སྐྱོན་མེད་དོ། །ས་གཞི་དང་འདྲ་སྟེ་ཐམས་ཅད་འབྱུང་ངོ་། །ཤིང་གི་རྒྱལ་པོ་ཡོངས་འདུ་ས་བརྟོལ་དང་འདྲ་སྟེ། སྲིད་པ་གསུམ་དུ་ནུབ་པ་མེད་ཅིང་དར་ཞིང་རྒྱས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུང་དྲུང་། མ་བསླད་པའི་ཡེ་ཤེས། རྒྱུན་གྱིས་རྟག་པའི་ཤེས་རབ། མཚོན་པ་མེད་པ་མྱ་ངན་ལས་འདས་སོ། །རིགས་ཀྱི་བུ་

ཆོས་ཉིད་རྡོ་རྗེ་རྒྱ་གྲམ་ནི་བཀོད་ལེགས། ཆོས་སྐུ་རྡོ་རྗེ་རྩེ་མོ་ནི་བརྩེགས་ལེགས། ཐིག་ལེ་མི་འགྱུར་བའི་རྒྱལ་མཚན་ནི་དཔངས་མཐོ། ཐུགས་རྗེ་སྤྲིན་གྱི་ཆར་ཁེབས་ནི་ཁོད་སྙོམས། ཏིང་ངེ་འཛིན་མི་གཡོ་བའི་དར་འཕྱང་ནི་མཉེན་འཁྱིལ། ཡེ་ཤེས་ཆེན་པོ་བཞིའི་མེ་ལོང་ནི་འོད་གསལ། ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དྲིལ་བུ་ནི་དབྱངས་སྙན། ཟག་པ་མེད་པའི་ཆོས་ཀྱི་འཁོར་ལོ་ནི་བསྐོར་མཁས། བྱང་ཆུབ་ཀྱི་སྲོག་ཤིང་ནི་འགྱུར་བ་མེད། ཞི་གནས་ལྷག་མཐོང་གི་དྲེ་ཕུལ་ནི་བརྩེགས་ལེགས། སངས་རྒྱས་ཀྱི་མཛད་སྤྱོད་ནི་ཚུལ་ཤེས། སངས་རྒྱས་ཀྱིས་ཆེ་བའི་ཡོན་ཏན་ནི་དཔག་ཏུ་མེད་པའི་རབ་གནས་ཀྱི་མདའ་ཕུལ་ཏེ། དམ་པའི་ཆོས་མཐའ་ནས་རྒྱས་པ་ནི་རང་བྱུང་ལྷུན་རྫོགས་ཀྱི་དགོངས་པའོ། །ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་གྱི་རྩེ་མོའི་རྒྱུད་ལས། ཆོས་ཐམས་ཅད་མི་མཉམ་པ་དང་མཉམ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཐུགས་རྗེ་མགོན་པོ་འོད་དཔག་མེད། །ང་ལ་དང་པོ་རྒྱུ་མེད་པས། །ཐ་མ་རྐྱེན་གྱིས་བཤིག་ཏུ་མེད། །ང་ལ་བསྒྲུབ་པའི་ཆོས་མེད་པས། །དངོས་གྲུབ་གཞན་ལ་རེ་བ་མེད། །ང་ལ་བསྟན་པའི་ཚིག་མེད་པས། །སྨྲ་བསམ་ཡུལ་ལས་འདས་པ་ཡིན། །ང་ལ་བླ་མ་རྗེ་མེད་པས། །ཡེ་ཤེས་ཁྱད་པར་འཕགས་པ་ཡིན། །ང་ལ་གདུལ་བྱ་གཞན་མེད་པས། །སྙིང་རྗེ་ཆེན་པོ་ཅིར་མི་མཛད། །ང་ཉིད་འོད་ཀྱི་རང་བཞིན་པས། །ཐབས་ཀྱི་ཡེ་ཤེས་དབྱིངས་ན་གསལ། །ཉི་མའི་སྙིང་པོར་རང་ཤར་བས། །འབྱུང་བ་ལྔ་བས་གཙོ་ཆེན་ཡིན། །ནམ་མཁའ་ལྟ་བུར་དངོས་མེད་པས། །བག་ཆགས་སྐྱོན་གྱིས་སྒྲིབ་ཏུ་མེད། །མན་ཤེལ་ལྟ་བུར་རང་དག་པས། །སྐུ་གཉིས་མ་བརྩལ་དབྱིངས་ན་གསལ། །ནང་མེད་ནང་ན་འོད་གསལ་བ། །ཤེས་རབ་སྤྱན་གསུམ་རྣམ་པར་དག །རི་རབ་ལྟ་བུར་གཟུགས་ཆེ་བས། །གོམ་པ་གཅིག་གིས་ཕ་རོལ་ཕྱིན། །ཀུན་གཞི་ཁ་དང་ཞབས་མེད་པས། །སྣང་སྲིད་ལྟོ་རུ་ཟོས་ཀྱང་ང་མི་འགྲངས། །ནམ་མཁའ་གོས་སུ་གོན་ཀྱང་ང་མི་ཡོགས། །ས་གཞི་གདན་དུ་བཏིང་ཡང་ང་མ་འདུས། །ཉི་ཟླ་པང་དུ་བླངས་ཀྱང་ང་མ་དྲོས། །ཀྱེ་ཀྱེ་གསང་བའི་བདག་པོ་

ལགས། །ཡེ་ཤེས་རྒྱལ་པོ་ཚིག་ལས་འདས་པ་ལ། །ལུང་དང་རིགས་པ་ང་ལ་ཅི་ཕྱིར་ཡིན། །ཆོས་ཉིད་ཡེ་ནས་ངོས་གཟུང་བྲལ་བ་ལ། །བཏགས་པའི་ཐ་སྙད་ང་ཡི་ཆོས་མ་ཡིན། །རང་བྱུང་ཡེ་ཤེས་འགག་པ་མེད་པ་ལ། །བཅོས་པའི་སྐྱོན་གྱིས་ཡེ་ནས་གོས་པ་མེད། །གོལ་དང་མ་གོལ་ཚིག་གི་ཐ་སྙད་ཡིན། །རིག་པའི་རྒྱལ་པོ་གཞི་གནས་དག་པ་ལ། །བསྒྲིབས་དང་མི་བསྒྲིབ་ང་ལ་དོགས་པ་མེད། །སྙིང་པོ་གདོད་ནས་རྫོགས་སངས་རྒྱས་པ་ལ། །བསམ་གཏན་ངང་ལ་གནས་པ་དབེན་པའི་ཚིག་དང་བྲལ། །ལུང་དུ་མ་བསྟན་པའི་སྒྲིབ་པའོ། །རིགས་ཀྱི་བུ་སངས་མ་རྒྱས་ཀྱི་བར་དུ་བླ་མ་དམ་པ་ལ་དྲི་བར་བྱའོ། །བདེན་པ་མ་མཐོང་བའི་བར་དུ་བསྒོམས་པས་མཐོང་བར་མི་འགྱུར་རོ། །ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྤྱི་དོན་ལྔ་བཀྲོལ་བའི་གདམས་ངག་བསྟན་པ། དབང་པོ་གཞི་བསྡུ། ཆོས་ཉིད་ངོ་སྤྲད། རིག་པ་གོས་གོན། ཡེ་ཤེས་མ་བུ་སྤྲད། ནོར་བུ་རྒྱལ་ས་བཟུང་ངོ་། །དབང་པོ་གཞི་བསྡུ་བ་ལ་ལྔ་སྟེ། བདག་སྲིད་པའི་རྩེ་མོ་བརྒལ་ནས། དབང་པོ་ཚོགས་དྲུག་འགགས་པའི་དུས་སུ། བྱང་ཆུབ་སེམས་དཔའི་ཁྱེའུ་སྔ་མ་ལ་བཞི་སྟེ། ཁྱེའུ་སའི་སྙིང་པོ། རིགས་རྡོ་རྗེའི་རིགས། འབྱུང་བ་སའི་རང་བཞིན། སྐུ་མི་བསྐྱོད་པའི་སྤྲུལ་པ། རང་བཞིན་སངས་རྒྱས་པའི་རྒྱུན་གྱི་རྟག་པས། དེའི་ཕྱིར་ནི་སྟོང་པ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཞེས་བྱ་སྟེ། ངའི་རང་བཞིན་ནི་མཛེས་པའི་ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ཡིན་ཏེ། སེམས་ཅན་རྣམས་ལ་ཚད་མེད་པ་བཞི་འགག་པ་མེད་པར་སྐྱོབ་པའི་ཕྱིར། ལྷ་མོ་ཡོན་ཏན་ལ་རང་བཞིན་དག་པའི་ཕྱིར་ནས་འོད་ཟེར་འབྱུང་བས་ངའི་སྤྲུལ་པའི་སྐུ་འོད་ཟེར་དུ་སྣང་ངོ་། །དེའི་ཕྱིར་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་སྣང་བར་ནུས་པའོ། །དེའི་རྩལ་སྣང་བ་ནམ་མཁའ་ལ་སྤྲིན་གྱི་ཁ་དོག་དཀར་དམར་དུ་སྣང་བ་དང་། ས་གཞི་ལ་རིན་པོ་ཆེ་དང་། སའི་ཁ་དོག་

དང་། རྩི་ཤིང་དང་མེ་ཏོག་གི་ཁ་དོག་དཀར་དམར་ལྗང་སྣང་བ་ཐམས་ཅད་ཀྱང་། ངའི་སྐུའི་རོལ་པ་ལས་བྱུང་བ་ཡིན་ནོ། །ཞེས་དྲི་བ་དང་པོའོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་ནི་རང་བཞིན་གྱིས་རྣམ་པར་དག་ནས་བརྗོད་པའི་མཐའ་ལས་ཀྱང་འདས། ཚིག་དང་དབང་པོའི་སྤྱོད་ཡུལ་མེད་ཀྱང་། ངའི་རང་བཞིན་ཆེན་པོ་ལྔར་ཡེ་ནས་སངས་རྒྱས་པས། གཟུགས་ཀྱི་སྐུའི་འོད་ཟེར་ལྔར་སྣང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ངའི་སྐུ་ཡེ་ཤེས་སྒྱུ་མའི་ལུས་སུ་མ་བསྟན་ན་ངོ་བོ་དང་རང་བཞིན་དེ་བཞིན་གཤེགས་པས་མི་གཟིགས་མི་མཁྱེན་ནོ། །ངའི་ཐུགས་རྗེ་སྤྲུལ་པའི་སྐུ་འོད་དུ་བསྟན་པས། སེམས་ཅན་རྣམས་ཀྱི་ཤེས་པར་བྱ་བའི་མེད་དུ། དབུའི་ཐོར་ཚུགས་དང་། མཛོད་སྤུའི་བུ་ག་དང་། ཤངས་ཀྱི་རླུང་སྒྲོམ་དང་། ལྗགས་ཀྱི་པད་མོ་དང་། ཐུགས་ཀྱི་དཔལ་བེའུ་དང་། བ་སྤུའི་བུ་ག་ཡན་ཆད་ནས་འོད་ཟེར་ལྔ་བྱེ་བ་དྲུག་ཏུ་འགྱེད་པའོ། །འོད་ཟེར་དེ་ཡང་དཔག་ཏུ་མེད་པ་བགྲང་དུ་མེད་པའོ། །ཞེས་དྲི་བ་གཉིས་པའོ། །དེ་ནས་ཡང་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱོད་ཀྱིས་དྲིས་པ་དེ་ལེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཐུགས་རྗེ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལངས་པ་དེ་དག་ཀྱང་ཁྱོད་ལས་འབྱུང་བར་འགྱུར་རོ། །ཅི་སྟེ་སངས་རྒྱས་ཉིད་ཀྱི་སྤྲུལ་པའི་སྐུ་ཡིན་པའི་ཕྱིར། དེའི་ཕྱིར་ཁྱོད་ཀྱིས་ཆེན་པོ་ལྔ་སངས་རྒྱས་པས། སངས་རྒྱས་ཡེ་ཤེས་ཀྱི་ལུས་ཅན་ཤེས་བྱ་སྟེ། ཁྱོད་ཀྱི་ངོ་བོ་རང་བཞིན་ནི་བསམ་པའི་མཐའ་ལས་འདས་སོ། །ཁྱོད་ཀྱི་ཐུགས་རྗེ་ནི་སྤྲུལ་པའི་སྐུར་བསྟན་ཀྱང་། དོན་ལྷ་མོ་ལྔར་སྣང་སྟེ། ལྷ་མོ་ལྔར་སྣང་གཞལ་ཡས་ན། །མི་བསྐྱོད་རྡོ་རྗེ་འཆང་བའི་སྐུ། །སྙིང་པོ་བྱང་ཆུབ་ཉིད་ལ་གནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གསལ་བའི་ལྷ་མོ་ཆེན་མོ་མེ་ལོང་འཛིན། །རྟགས་ཀྱི་ཕྱག་རྒྱ་དཀར་ལ་འཚེར། །མཉམ་པའི་ལྷ་མོ་མི་བསྐྱོད་སྐུ། །རྟགས་ཀྱི་ཕྱག་རྒྱ་སེར་ལ་འཚེར། །པདྨའི་ལྷ་མོ་

དྲིལ་བུ་འཛིན། །རྟགས་ཀྱི་ཕྱག་རྒྱ་དམར་ལ་འཚེར། །ལས་ཀྱི་ལྷ་མོ་ཤུགས་འཆང་མ། །རྟགས་ཀྱི་ཕྱག་རྒྱ་སྔོ་ལ་འཚེར། །དབྱིངས་ཀྱི་ལྷ་མོ་རྣམ་དག་སྐུ། །རྟགས་ཀྱི་ཕྱག་རྒྱ་མཐིང་ལ་འཚེར། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །སྒྲིབ་མེད་གསལ་བའི་ངོ་བོར་ཤར། །དཀར་དམར་འོད་ཟེར་སྣ་ལྔ་ཡང་། །མ་འདྲེས་ཡོངས་རྫོགས་གསལ་བའི་ཕྱིར། །གསལ་བ་དང་། དྲོ་བ་དང་། བསིལ་བ་དང་། ཡང་བ་དང་། ཡངས་ཤིང་ཁྱབ་པ་སངས་རྒྱས་ཀྱི་སྤྱན་མཐར་ཕྱིན་པ་མེ་ལོང་གི་ཡེ་ཤེས།མཆོད་པ་གཟུགས་ཀྱི་མཆོད་པ་ལ་སྤྱོད་དོ། །དེ་རྣམས་སོ་སོར་ཐིམ་མོ་ཀུན་ལ་དེས་འདྲེ། ཁྱེའུ་ཕྱག་ན་རྡོ་རྗེ་ལས་ཀྱི་རིགས། རླུང་གི་རང་བཞིན་སྐུ་སངས་རྒྱས་དོན་གྲུབ་ཀྱི་སྤྲུལ་པ། རང་བཞིན་ལས་ཀྱི་སྒྲོལ་མ། མཐར་ཕྱིན་པ་བྱ་བ་གྲུབ་པའི་ཡེ་ཤེས། མཆོད་པ་སྒྲའི་མཆོད་པའོ། །ཁྱེའུ་ནམ་མཁའི་སྙིང་པོ་དེ་བཞིན་གཤེགས་པའི་རིགས། ནམ་མཁའི་རང་བཞིན། སྐུ་སྣང་མཛད་ཀྱི་སྤྲུལ་པ། རང་བཞིན་སྐྱེ་མེད། མཐར་ཕྱིན་པ་རྣམ་པར་དག་པའི་ཡེ་ཤེས། མཆོད་པ་དྲིའི་མཆོད་པའོ། །ཁྱེའུ་སྤྱན་རས་གཟིགས་རིན་པོ་ཆེའི་རིགས། ཆུའི་རང་བཞིན། སྐུ་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་སྤྲུལ་པ། རང་བཞིན་ཀུན་ཁྱབ། མཐར་ཕྱིན་པ་མཉམ་པ་ཉིད་འབྱེད་པ་མེད་པའི་ཡེ་ཤེས། མཆོད་ལ་རོའི་མཆོད་པའོ། །ཁྱེའུ་སྒྲིབ་པ་རྣམ་པར་སེལ་པདྨའི་རིགས། མེའི་རང་བཞིན། སྐུ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ། རང་བཞིན་ན་བཟའ་དཀར་མོ། མཐར་ཕྱིན་པ་སོ་སོར་སྨིན་པའི་ཡེ་ཤེས། མཆོད་པ་རེག་བྱའི་མཆོད་པའོ། །བྱང་ཆུབ་སེམས་དཔའི་ཁྱེའུ་ལྔ་པོ་དེ་ཁྱེའུ་སྣང་བའི་རིག་བྱེད་ལ་སོ་སོ་གོ་གོན་གནས་སུ་ཐིམ་ནས་གནས་སོ། །དེ་ནས་ཁྱེའུ་སྣང་བ་རིག་བྱེད། རིགས་མེད་པའི་རིགས་ཨའི་རང་བཞིན། སྐུ་འོད་དཔག་ཏུ་མེད་པའི་རང་བཞིན་མ་བཅོས་པས། མཐར་ཕྱིན་པ་མི་གནས་པའི་ཡེ་ཤེས། མཆོད་པ་བྱ་བ་མེད་པའི་མཆོད་པའོ། །ཆོས་ཉིད་
ངོ་སྤྲོད་པ་ལ་གཉིས་ཏེ། དབྱིངས་དང་ཡེ་ཤེས་པ་སྦྱོར་རོ། །རིག་པ་གོས་གོན་ལ་གཉིས་ཏེ། རིག་པ་འོད་ཀྱིས་ལུས་ལ་འཇུག་པ་དང་། འོད་རིག་པ་ལ་འཇུག་པའོ། །ཡེ་ཤེས་མ་བུ་སྤྲད་པ་ལ་གཉིས་ཏེ། སྔོན་བྱུང་གི་སངས་རྒྱས་ལ། རྗེས་འཇུག་གི་སངས་རྒྱས་འཇུག་པའོ། །ནོར་བུས་རྒྱལ་ས་ཟིན་པ་ནི། སེམས་ཅན་སངས་རྒྱས་པའོ། །དབང་པོ་གཞི་བསྡུས་པས་འགྲོ་དྲུག་མ་དང་འཕྲད། ཆོས་ཉིད་ངོ་འཕྲོད་པས་དག་པའི་ཡེ་ཤེས་རང་སྣང་། རིག་པའི་གོས་གོན་པས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ།ཡེ་ཤེས་མ་བུ་སྤྲད་པས། ཐུགས་རྗེ་འབྱུང་བའི་སྒོ་མ་འགགས། ནོར་བུས་རྒྱལ་ས་ཟིན་པས་སངས་རྒྱས་མྱ་ངན་ལས་བཟླའོ། །ཞེས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་རྩེ་མོའི་རྒྱུད་ལས། ངོ་སྤྲད་བཞི་ལ་སྤྱི་མདུད་ལྔ་བཀྲོལ་བའི་ལེའུ་སྟེ་བཞི་པའོ།། །།ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ང་མྱ་ངན་ལས་འདས་པའི་འོག་ཏུ། འཁོར་གྱི་མི་ཕོ་བཞི་ལ། གང་འདུལ་བའི་ཆོས་བཞིས་སྟོན་པ་མངོན་པར་མཐོང་བ་བཞི་སྟོན་ཅིག །གསང་བ་བླ་ན་མེད་པའི་འདུལ་བའི་འཁོར་ལ།བྱ་བཙལ་མེད་པ་ནམ་མཁའ་ལྟ་བུའི་ཆོས་བསྟན། མཚན་ཡོངས་སུ་རྫོགས་པར་བྱེད་པའི་འཁོར་ལ། ཆུ་ཟླའི་དཀྱིལ་འཁོར་ལྟ་བུའི་ཆོས་བསྟན། མོས་པས་སྤྱོད་པའི་འཁོར་ལ། གདུང་ཤ་རཱི་རམ་རིན་པོ་ཆེའི་ཆོས་བསྟན། ཚད་མེད་པ་བཞི་དང་ལྡན་པའི་འཁོར་ལ། སྨན་གྱི་བླ་བཻ་ཌཱུརྻ་འོད་ཀྱི་རྒྱལ་པོའི་ཆོས་བསྟན་ནོ། །རིགས་ཀྱི་བུ་ངས་འཇིག་རྟེན་གྱི་ཁམས་སུ་རང་ལོ་ཉི་ཤུ་རྩ་བཞི་ལོན་ནོ། །སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བཞི་སྤྲུལ་པའི་སྐུར་བཞུགས་སོ། །ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། སངས་རྒྱས་ཀྱི་རིང་བསྲེལ་གང་ཟག་ལ་གདམས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།རྫོགས་སོ། །རྒྱ་རིམ་པ་བརྒྱ་ཡིས་བཏབ་བོ།། །།

རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། མ་ཧཱ་སནྟི་ཏི་ལ་ག་གུ་ཧྱ་ཏི་ཏྭ་ནི་ཡ་མ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཅེས་བྱ་བ།

བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དབྱིངས་རྣམ་པར་དག་པའི་ཐིག་ལེའི་ཀློང་། རང་བཞིན་རྣམ་པར་དག་པའི་ཕོ་བྲང་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད། ཡེ་ཇི་བཞིན་པ་ཡི་རྡོ་རྗེ་འཆང་ཆེན་པོ་དང་། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོར་རྫོགས་པས། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོར་གྱུར་པའོ། །དེ་ཉིད་ལས་མི་གཞན་པའི་དབང་གི་ཆུ་བོ་དང་། ཐུགས་རྗེ་རང་བྱུང་དབང་གི་ཆུ་བོ་དང་། ཡེ་ཤེས་རྣམ་ལྔ་དབང་གི་ཆུ་བོ་དང་། དཔའ་བོ་འབྲུ་ལྔ་དབང་གི་ཆུ་བོ་བཞིས། རིག་པའི་རྩལ་དབང་རྫོགས་པའི་རང་སྣང་གི་འཁོར་དམ་པའི་དཔལ་བཞི་དང་། མཁའ་འགྲོ་མ་ལྔ་བྱང་ཆུབ་སེམས་དཔའ་གསུམ་དང་།སྤྲུལ་པ་བདུན་དང་། དེའི་ཚེ་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་གདན་ལས་བཞེངས་ཏེ་འདི་སྐད་གསོལ་པ། ཐིག་ལེ་ཉག་གཅིག་མཚོན་པ་ཡི། །གཞི་ལམ་འབྲས་བུ་དྲི་མེད་པ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཏེ། །རྣམ་གྲངས་རིམ་པ་གསུང་དུ་གསོལ། །ཞེས་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། སྤྱི་དོན་ཡོངས་སུ་སྡུད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་གསུངས་སོ། །རིག་པ་འཛིན་པ་ཀུན་ཉོན་ཅིག །ཐིག་ལེ་གསང་བའི་ལམ་མཆོག་ནི། །བགྲོད་མེད་རྟོགས་པ་རྡོ་རྗེའི་ལམ། །ཡེ་ཤེས་སྟོང་ཉིད་རང་སྣང་འདི། །ཡེ་ནས་གནས་པའི་གནས་ཚུལ་དང་། །མ་རྟོགས་འཁྲུལ་པའི་འཁྲུལ་ཚུལ་དང་། །འཁྲུལ་པ་ལོག་པའི་གྲོལ་ཚུལ་གྱིས། །རྣལ་འབྱོར་དབང་ཕྱུག་ཆེན་པོར་འགྱུར། །བསྐལ་པ་དང་པོ་ཐོག་མ་ན། །སངས་རྒྱས་འོད་དུ་མི་འགྱུར་བཞུགས། །ངོ་བོ་ཉིད་ཀྱི་སྣང་བ་ལ། །ངོ་བོ་ཉིད་ཀྱི་སྐུ་ཤར་བ། །ནམ་མཁའ་དང་ནི་ཉི་མ་བཞིན། །ས་བོན་གཞི་ལ་རྫོགས་པའི་དུས། །མ་ཆད་པ་ཡི་ཡུལ་ཅན་ན། །སྙིང་པོ་བཅུད་དུ་དྲིལ་བར་གནས། །མ་བྱོན་སྔོན་རོལ་འདས་པའི་དུས། །གཞི་སྣང་ཆེན་པོའི་གནས་ལུགས་ཡིན། །ཆོས་ཉིད་ཡུལ་གྱི་འཁྲུལ་གཞི་དང་། །འོད་ལྔ་ལུས་ཀྱི་འཁྲུལ་གཞི་དང་། །རིག་པ་

སེམས་ཀྱི་འཁྲུལ་གཞི་དང་། །གནས་དང་དབུས་ལ་རྟོག་བྱས་ནས། །མ་རིག་ལྷན་ཅིག་སྐྱེས་པས་བསྒྲིབས། །ཀུན་བརྟགས་མ་རིག་པ་ཡིས་བསླད། །རྒྱུ་ཡི་རྐྱེན་དང་བདག་པོའི་རྐྱེན། །དམིགས་པའི་རྐྱེན་དང་མཚུངས་པའི་རྐྱེན། །དྲན་བྱེད་ཀུན་ཏུ་ཚོལ་བའི་ཡིད། །ངེས་པར་འཇོག་དང་གཏན་ལ་འབེབས། །ཆོས་ཉིད་འབྱུང་བ་དྭངས་སྙིགས་འབྱེད། །སྙིགས་མ་ལྔ་ལས་སྣོད་དུ་ཆགས། །དྭངས་མ་ཤེས་པས་མ་བཟུང་བཅུད། །མཆོག་ཏུ་སྲིད་པའི་སྒོ་ང་གཉིས། །མེ་ཏོག་ཨུ་དུམ་ཝ་རར་འཁྲུངས། །སེམས་ཅན་སངས་རྒྱས་སྐྱེ་བའི་རྟེན། །བར་གྱི་བསྐལ་པར་བྱུང་བ་ལ། །ཡེ་ཤེས་སྣང་བ་ནང་དུ་ནུབ། །འཁྲུལ་པའི་སྣང་བ་མ་ཤར་ཏེ། །རང་སོར་གནས་པས་ཡིད་བསྐྱོད་པ། །གཞི་འཕགས་འབྲས་བུ་མ་སྨིན་དུས། །སངས་རྒྱས་ཡེ་ཤེས་སྙིང་པོ་ཅན། །རྒྱུ་ལས་མྱུ་གུ་ཤར་བ་ནི། །མི་གསལ་གསལ་བའི་བདག་ཉིད་ཅན། །འཁོར་འདས་སྤྱི་མདུད་མ་ཁྲོལ་བས། །ཐབས་དང་ཤེས་རབ་སྦྱོར་བ་གསུམ། །སྤྱན་གྱིས་གཟིགས་ནས་ཐུགས་ཀྱིས་མཁྱེན། །ཞལ་གྱི་མེ་སྟག་དཀར་དམར་སྤྲོ། །དཀར་པོའི་གཟུགས་ནི་ས་ལས་གྲུབ། །ཚོར་བ་སེར་པོ་ས་ཆུས་བརླན། །འདུ་ཤེས་དམར་པོ་མེ་ཡིས་སྨིན། །འདུ་བྱེད་ལྗང་གུ་རླུང་གིས་གཡོས། །རྣམ་ཤེས་མཐིང་ག་ནམ་མཁའི་མི། །ནོར་བུ་དྲི་མ་མེད་པ་དང་། །ཉི་མ་རབ་ཏུ་སྣང་བར་སྨིན། །འཇའ་སྣང་ཡུལ་སྣང་ཁང་པ་དང་། །རྟ་དང་རྫིང་བུ་འདོད་འཇོའི་བ། །ཤིང་ཐོག་རས་བལ་ཤིང་ཤུན་དང་། །རང་སྣང་བསོད་ནམས་དག་པ་ཡི། །འདོད་ཆགས་ཆོས་ཀྱི་དགའ་སེམས་ལས། །འཇིག་རྟེན་སྐྱེ་བོ་མིང་སྲིང་སོགས། །རིམ་པར་ཆགས་པས་ཉོན་མོངས་དྲུག །ངོ་བོ་དྲུག་དང་འབྲས་བུ་དྲུག །ཁམས་གསུམ་འཁོར་བའི་འཁྲུལ་པ་སྲིད། །སྤྲུལ་པའི་སངས་རྒྱས་འོད་སྲུངས་བྱོན། །བསྐལ་པ་ཐ་མར་གནས་པའོ། །ཡུལ་ལ་ཐིག་ལེ་འོད་ལྔ་དང་། །སྐུ་དང་ཡེ་ཤེས་རྣམ་པ་ལས། །ཤེས་པ་ཡེ་ཤེས་ལྔ་རུ་ཤེས། །གྲུབ་པ་རྒྱལ་བ་ཉིད་དུ་གྲུབ། །གྲོལ་བ་

ཡེ་ཤེས་ཆེན་པོར་གྲོལ། །ལེན་མ་མྱོང་བའི་ལུས་བླངས་པས། །ཡེ་ཤེས་རང་ས་ཟིན་པ་ཡིན། །མཐོང་མ་མྱོང་བའི་ཡུལ་མཐོང་བས། །ཆོས་ཉིད་མ་དང་འཕྲད་པ་ཡིན། །ཤེས་མ་མྱོང་བའི་གཏམ་ཤེས་པས། །རང་བྱུང་མངོན་དུ་གྱུར་པའོ། །ཉིད་ལ་ཉིད་གླེང་འདི་སྐད་གསོལ། །མཉམ་པའི་རྒྱལ་པོ་ཀུན་རིག་ཆོས་ཀྱི་རྗེ། །འོག་མིན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་སེམས་དཔའ་རང་སེམས་རྟོགས་བྱའི་ཕྱིར། །བླ་མེད་ངོ་མཚར་ཆེ་བའི་སངས་རྒྱས་འདི། །རྩ་བ་བཅད་པས་སངས་རྒྱས་སེམས་ལས་བྱུང་། །སེམས་ཀྱི་བསམ་པ་བདག་ལ་བསྟན་དུ་གསོལ། །རིགས་ལྔ་བདེ་བར་གཤེགས་པས་བཀའ་སྩལ་པ། །སེམས་ལས་སངས་རྒྱས་འོང་བར་ནི། །མ་གསུངས་མི་གསུང་གསུང་མི་འགྱུར། །མ་གསུངས་པ་ཉིད་རྒྱ་ཆེར་བཤད། །མི་བསྐྱོད་པ་ཉིད་ཇི་བཞིན་གཞི། །ཐུགས་ལ་ཉི་མ་བཞི་ཤར་བ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པས། །དོན་གྱི་ངོ་སྤྲོད་གདམས་པར་བཞག །རིན་འབྱུང་དོན་ནི་ཇི་བཞིན་མ། །ཐུགས་ལ་འོད་ལྔའི་སྤྲོ་བ་བྱུང་། །སྤྱན་ལ་ཐིམ་པས་རྟགས་སུ་བཞག །སྣང་མཐའི་དཔྱད་ནི་ཇི་བཞིན་མ། །དངོས་སུ་ཤེལ་གྱི་མཆོད་རྟེན་བབས། །རྡོ་རྗེ་སེམས་དཔའི་མེ་ལོང་སྟེ། །དཔེ་ཡི་ཡེ་ཤེས་ཡོངས་སུ་སྤྲོས། །དོན་གྲུབ་སྒྲ་ནི་ཇི་བཞིན་མ། །ཕྱག་རྒྱ་ལྔ་ཡི་འཁོར་ལོ་ལས། །དྭངས་སྙིགས་འབྱེད་དང་སྲོག་འཛིན་པ། །སྙིང་རྗེ་མེད་པའི་ལས་རླུང་བསྐྱོད། །སེམས་དང་ཡེ་ཤེས་རྒྱབ་གྱེས་པས། །སེམས་ནི་ནམ་མཁའ་དྭངས་ཤེས་བྱ། །ཡེ་ཤེས་འོད་དུ་འཆར་ཞེས་བྱ། །སྣང་བ་ལྔ་དང་ལམ་ལྔ་དང་། །ངོ་བོ་ཐུགས་རྗེས་རྒྱུན་ཐོགས་པ། །ཉི་ཤར་སྒྲོན་མེ་ཐོགས་པ་བཞིན། །ཆོས་ཉིད་བར་དོའི་སྣང་བ་འཆར། །ཡེ་ཤེས་ངོས་གཟུང་གདམས་ངག་བྱ། །དབང་པོ་རབ་ལ་བར་དོ་མེད། །འཇུག་དང་སྣང་དང་ཤེས་ལས་གྲོལ། །མཐར་ཕྱིན་པ་རྣམས་དུས་མཚུངས་གཅིག །དབང་པོ་རབ་འོག་སྐད་ཅིག་དྲུག །དང་པོ་འཁོར་བ་དོང་ནས་སྤྲུག །གཉིས་པ་བདེ་

མཐོང་གསུམ་པ་བསྟན། །བཞི་ལྔར་མངོན་ཤེས་ཐུགས་རྗེ་འཆར། །དྲུག་པ་མྱ་ངན་འདས་པ་ཡིན། །འབྲིང་ནི་མ་ཡེངས་ཅིག་ཆར་འཆར། །སྐྱེ་བ་རིམ་སྐྱེ་ཐད་ཀར་ཆོད། །དབང་པོ་ཐ་མའི་ཐ་མ་གཅིག །འཁོར་བའི་རྟོད་ཕུར་མ་ཕྱིན་པས། །བག་ཆགས་ལུས་ལེན་འཁོར་བར་འདུས། །སྲིད་པའི་བར་དོར་ལས་འཕྲོ་མཐུད། །འོད་གསལ་ཡེ་ཤེས་སྒྱུ་མའི་དབུགས། །དབུགས་ཆད་ཡེ་ཤེས་འཆར་དུས་ན། །ལྔ་ལྡན་བདེ་གཤེགས་སྣང་བ་འཆར། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། །རིགས་ལྔའི་འོད་གསལ་ཚོམ་བུ་ལྔ། །རྣམ་སྣང་ཡབ་ཡུམ་དབུས་ན་གནས། །རིགས་བཞི་ཡབ་ཡུམ་ཕྱོགས་བཞིར་བྱུང་། །ཚོམ་བུའི་དཀྱིལ་འཁོར་དང་པོ་ལ། །རྡོ་རྗེ་སེམས་དཔའ་སངས་རྒྱས་སྤྱན། །ས་སྙིང་སྒེག་མོ་བྱམས་པ་དང་། །མེ་ཏོག་བཞིས་བསྐོར་ཚོམ་བུ་གཉིས། །མཱ་མ་ཀཱི་དང་རིན་འབྱུང་ལ། །ནམ་སྙིང་ཕྲེང་བ་ཀུན་བཟང་དང་། །སྤོས་མ་བཞིས་བསྐོར་ཚོམ་བུ་གསུམ། །སྣང་བ་མཐའ་ཡས་གོས་དཀར་མ། །སྤྱན་རས་གླུ་མ་འཇམ་དཔལ་དང་། །མར་མེ་བཞིས་བསྐོར་ཚོམ་བུ་བཞི། །དོན་ཡོད་དམ་ཚིག་སྒྲོལ་མ་ལ། །ཕྱག་རྡོར་གར་མ་སྒྲིབ་སེལ་དང་། །དྲི་ཆབ་བཞིས་བསྐོར་ཚོམ་བུ་ལྔ། །འགྲོ་དྲུག་འདུལ་བའི་ཐུབ་པ་དྲུག །ཚད་མེད་བཞིས་འདུལ་སྒོ་བ་བཞི། །མཐའ་བཞི་ལས་གྲོལ་སྒོ་མ་བཞི། །དབྱིངས་དང་ཡེ་ཤེས་མི་འབྲལ་བས། །ཀུན་བཟང་ཡབ་དང་ཡུམ་དུ་གནས། །དཀར་དང་དམར་མཐིང་སེར་དང་ལྗང་། །འཁོར་ལོ་རྡོ་རྗེ་རིན་ཆེན་པད། །རྒྱ་གྲམ་ཐུགས་ཀྱི་དགོངས་ན་གསལ། །མཚན་དཔེ་ཚུལ་དགུ་བཞུགས་གདན་བཅས། །སྣང་མེད་མཁའ་ལ་འཇའ་ཚོན་དགུ། །བརྗོད་མེད་སྤྲོས་བྲལ་ཀློང་དུ་ཤར། །ཡོན་ཏན་སྐུར་གྲུབ་རྟོག་ཚོགས་གྲོལ། །དག་པ་འཇིག་རྟེན་སྣང་བ་ཡིན། །རྟོག་མེད་རྣམ་མཁྱེན་ཆོས་ཀྱི་སྤྱན། །མཁའ་ལ་ཉི་མ་ཤར་བ་བཞིན། །མེ་ལོང་བཞིན་དུ་གཟིགས་པར་གྱུར། །རྣམ་རྟོག་མི་མངའ་ས་ལེ་མཁྱེན། །ཟག་མེད་ཡེ་ཤེས་ཕྱིར་གསལ་དུས། །མངོན་

པར་ཤེས་པ་དྲུག་དང་ལྡན། །རྫོགས་ལྡན་དགོངས་པ་སྦྱོར་བ་གསུམ། །སྤྱན་གྱིས་ཡར་གཟིགས་མར་ལ་སྣང་། །ཐད་ཀ་རང་ལ་གསལ་བ་དང་། །ཐུགས་ཀྱི་གང་འདུལ་ལས་མཁྱེན་གཟིགས། །རྒྱ་གྲམ་པདྨའི་ཁ་སྦྱོར་གྱིས། །ཆོས་ཉིད་འ་དང་ཆོས་ཀུན་ཨ། །ཡེ་ཤེས་ཧ་དང་ཤེས་རབ་ཤ །ངོ་བོ་མི་འགྱུར་ས་དང་ནི། །མཉམ་པ་ཉིད་ཀྱི་ཡི་གེ་མ། །ཞལ་སྦྱར་ཡིག་དྲུག་རྡོ་རྗེའི་སྒྲ། །དཀར་དམར་སྲད་བུ་འོད་དུ་འཕྲོ། །ལས་དག་གང་ཟག་སྤྱན་ལ་འཇུག །ཐིག་ལེ་གསུམ་དུ་འདུ་འབྲལ་མེད། །འདྲེལ་བ་དྲུག་ནི་ཡེ་ཤེས་རླུང་། །རིག་པ་བྱང་སེམས་རྒྱུ་བ་གསུམ། །ཀུན་རྫོབ་བྱང་སེམས་གནས་པ་གསུམ། །རྒྱུ་དང་འབྲས་བུ་བསྒོམ་པ་གསུམ། །འདུག་ཚུལ་སྣང་ཚུལ་གནས་པ་གཅིག །འཆི་ཀ་གསུམ་དུ་འཇུག་པ་གཅེས། །རྒྱུད་ལུང་མན་ངག་འཁོར་ལོ་བསྐོར། །རྟོགས་པས་བདག་སྒྲོལ་སྲིད་པ་ཤར། །རྗེ་བློན་དམངས་ཀྱི་དཔེ་རུ་བཞག །དམ་པའི་ལྷ་གནས་རྣམ་གསུམ་དུ། །བརྡའ་སྒྲ་ངེས་པའི་འཁོར་ལོ་བསྐོར། །རིན་ཆེན་དབུས་སུ་མྱ་ངན་འདས། །དགོངས་བརྡའ་དག་གི་བརྒྱུད་པར་གྱུར། །རྣམ་རྟོག་མཐུས་བརྟས་བག་ཆགས་སྦུབས། །རིན་ཆེན་སྨུག་པོའི་གཞལ་ཡས་ནི། །རིག་པ་རྟོག་མེད་ཆོས་ཀྱི་སྐུ། །དག་པའི་རྩལ་ཤར་འོད་ལྔའི་ཀློང་། །རིགས་ལྔའི་སྐུར་བཞུགས་ལོངས་སྤྱོད་རྫོགས། །ཐུགས་རྗེ་འོད་གསལ་རང་བཞིན་ཏེ། །རང་གི་ལུས་ལ་ཁྱབ་པར་གནས། །དེ་ནི་སྤྲུལ་པའི་སྐུ་ཞེས་བྱ། །ངོ་བོ་སྟོང་པའི་ངང་གནས་པ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །འགགས་པ་མེད་པར་འོད་གསལ་བ། །མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། །དེ་དང་མ་བྲལ་མཉམ་པ་ཉིད། །ཤེས་རབ་མ་འགག་ཆོས་རྣམས་མཁྱེན། །སོ་སོར་རྟོགས་པའི་ཡེ་ཤེས་ཡིན། །ཚིག་གཅིག་ཆད། བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །མངོན་དུ་མ་གྱུར་ཆ་ལྔ་ཡིན། །ཟུར་གསུམ་སྐུ་གསུམ་རྟགས་ཡིན་ཏེ། །དཀར་སྨུག་རྟག་པ་འོད་ཀྱི་རྟགས། །རྩ་བཞི་ཡེ་ཤེས་བཞི་རུ་བསྟན། །མ་འཁྲུལ་པ་ཡི་སངས་རྒྱས་ཏེ། །དོན་གྱི་ངོ་སྤྲོད་ཐག་ཆོད་ཡིན། །འདུག་ཚུལ་འོད་དུ་འདུག་པ་ལ། །སྣང་

ཚུལ་ཕྱི་ནང་མེད་པར་སྣང་། །རྒྱང་ཞགས་ཆུ་ལ་འོད་གསལ་བ། །རྟགས་ཀྱི་ཡེ་ཤེས་ཚོན་གང་བ། །མི་འགྱུར་བ་ཡི་བལྟ་བ་ཡིན། །རྟགས་ཀྱི་ངོ་སྤྲོད་ཡིད་ཆེས་འགྱུར། །རྡོ་རྗེ་སེམས་དཔའི་མེ་ལོང་ནི། །མ་བྱས་པ་ཡི་ཆོས་ཡིན་ཏེ། །དཔེ་དང་ཡེ་ཤེས་དམ་པ་ཡིན། །ཆོས་ཀྱི་སྐུ་ཡི་ངོ་སྤྲོད་ཀྱིས། །ཆོས་སྐུ་རང་གནས་དོན་རྟོགས་ཤིང་། །རྫོགས་པ་ཆེན་པོའི་དགོངས་པ་ཆོད། །སེམས་དང་ཡེ་ཤེས་རྣམ་པ་གཉིས། །སེམས་ཀྱི་ངོ་བོ་དབུགས་ཡིན་ཏེ། །བཞུགས་པའི་གནས་ནི་གློ་བ་ལ། །རྒྱུ་བའི་གནས་ནི་མགྲིན་པ་ལ། །སྒོ་ནི་ཁ་དང་སྣ་བུག་གཉིས། །སྐྱོན་ནི་འཁོར་བའི་ཆོས་སུ་སྣང་། །དེ་ཡི་ཡུལ་ནི་འཁྲུལ་པ་སྟེ། །མ་དག་འཁྲུལ་པའི་སྣང་བ་ཡིན། །གཟིགས་པའི་སྤྱན་ནི་ཤེས་རབ་བོ། །རྟོག་བཅས་དོན་དཔྱོད་ཤེས་རབ་ཅན། །ཡེ་ཤེས་ངོ་བོ་གསུམ་བརྩེགས་ཡིན། །ཡེ་ཤེས་བཞུགས་གནས་ཙིཏྟ་ཡིན། །ལམ་ནི་དར་དཀར་སྐུད་པ་སྟེ། །དེ་ཡི་སྒོ་ནི་སྤྱན་ལམ་འཆར། །ཡོན་ཏན་སྐུ་དང་ཡེ་ཤེས་སོ། །ལོངས་སྤྱོད་རྫོགས་པའི་ངོ་སྤྲོད་ནི། །འདྲ་འབག་མཆེད་སྐུ་གཉིས་ལ་སྤྲད། །ལོངས་སྐུ་ལྔ་ལྡན་ངོ་སྤྲོད་ཀྱིས། །ལོངས་སྐུ་རང་གནས་དོན་རྟོགས་ཤིང་། །མ་ཧཱ་ཡོ་གའི་དགོངས་པ་ཆོད། །སྤྲུལ་སྐུ་འོད་འཁྱིལ་ངོ་སྤྲོད་ཀྱིས། །སྤྲུལ་སྐུ་རང་གནས་དོན་རྟོགས་ཤིང་། །ཨ་ནུ་ཡོ་གའི་དགོངས་པ་ཆོད། །སྐུ་གསུམ་འདུ་འབྲལ་མེད་པ་ནི། །ཉི་མའི་སྙིང་པོ་གཉིས་ལ་སྤྲད། །འདུ་འབྲལ་མེད་པའི་ངོ་སྤྲོད་ཀྱིས། །དབྱེར་མེད་རང་གིས་རང་རྟོགས་ཤིང་། །རྫོགས་ལྡན་ཆེན་པོའི་དགོངས་པ་ཆོད། །རང་བཞིན་གནས་པའི་བར་དོ་ལ། །རང་རིག་ལྟ་བས་ཐག་བཅད་དེ། །དེ་ལྟར་ཤེས་ན་ཐེ་ཚོམ་ཆོད། །བློ་ཡིས་ཐེ་ཚོམ་བཅད་པ་མིན། །གྲོལ་བའི་དགོངས་པ་དམ་པ་ཡིན། །ཐེ་ཚོམ་ཆོད་པས་བློ་ལས་གྲོལ། །བལྟར་མེད་བལྟ་བའི་གདེང་ལ་གནས། །བགྲོད་མེད་ལུས་ངག་བྱ་བ་གློད། །རྩ་དང་རླུང་གི་ངག་སྒོ་བསྡམས། །རྒྱལ་པོ་གདན་ལ་གཞག་པར་བྱ། །བློན་པོ་བཙོན་དུ་གཟུང་བར་བྱ། །དམངས་རྣམས་ཆམ་ལ་དབབ་པ་དང་། །སྲོད་ལ་དབང་པོ་གནད་དུ་བསྡུ། །ནམ་ཕྱེད་ཤེས་པ་བུམ་པར་

གཞུག །ཐོ་རངས་དབང་པོ་རང་གྲོལ་ལ། །ཉིན་མོ་སྣང་བ་རང་ཤར་བཤད། །བཤད་པ་རྣམ་དག་བདེ་བ་ཆེ། །ཏིང་འཛིན་བར་དོར་གསལ་གདབ་ཅིང་། །དབུགས་འཕོས་དུས་ན་སེམས་སྒོ་བཅད། །ལམ་གྱི་མཐའ་ནི་ཟད་པའི་དུས། །སྣང་བ་སེམས་ཀྱི་དབང་དུ་འདུས། །སེམས་ནི་མ་ཡེངས་དབང་དུ་འདུས། །མ་ཡེངས་ཚོན་གྱི་གྲུབ་འདུས་ལྟར། །འདེགས་བྱེད་ཁྱབ་བྱེད་མེ་མཉམ་རླུང་། །མ་དེ་བུ་དང་འདྲེལ་གྱུར་ན། །མ་ཡི་བཅུད་ཀྱིས་བུ་གསོ་ལྟར། །བདུན་ཕྲག་གྲངས་རྣམས་མ་རྫོགས་པར། །རླུང་གིས་ལས་རྣམས་རིམ་པར་བྱེད། །གསང་བར་ཟླ་དགུ་ངོ་བཅུ་བཞུགས། །རིགས་དྲུག་གནས་གཤེགས་མཛད་པ་རྫོགས། །བཅུ་གཉིས་མཐར་ཕྱིན་ཆོས་སྐུར་ཐིམ། །འཁོར་བ་རང་གྲོལ་སྐྱེ་ཤི་མེད། །དབྱེར་མེད་དོན་ནི་ཤེས་པས་ཤེས། །ཤེས་རབ་འགགས་མེད་རྣམ་པར་གྲོལ། །མི་འགྱུར་ཀུན་འབྱུང་རིན་ཆེན་སྦུབས། །རྫོགས་ལྡན་ཆེན་པོའི་དགོངས་པ་ནི། །ཤེས་རབ་མཁའ་ལ་དྭངས་པ་ཡིན། །སྟོབས་ལྡན་ཤུགས་ཀྱིས་སྐྱོད་པར་བྱེད། །སྦྱོར་སྐྱེལ་སྐུར་གནས་མི་རྟོག་གསལ། །འབྱུང་བ་མ་ལ་ཞ་བ་ཡིས། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །མཚན་མ་རང་སར་གྲོལ་བར་བྱེད། །སྲ་གཤེར་ཚ་དང་གཡོ་མཚན་མེད། །ཡེ་ཤེས་དབྱིངས་སུ་ཐིམ་པའི་མཁའ། །ཆོས་དབྱིངས་ངང་ནས་ཡེ་ཤེས་གསལ། །རྩལ་སྟོབས་བཞི་ལ་འདུ་བར་བྱེད། །གཙོ་འཁོར་མི་གཅོད་མི་གཟིགས་གསལ། །ཤེས་རབ་མཁའ་ལ་གསལ་བ་ཡིས། །ཐིམ་གསལ་བདག་མེད་མི་འབྱེད་གསལ། །སྐུ་གསུམ་ཡེ་ཤེས་ནང་གསལ་སྟོན། །སྐུ་གསུམ་ཡེ་ཤེས་དབྱིངས་ན་གསལ། །རིག་པ་རང་ས་ཟིན་པ་ཡིས། །སྐུ་འདུས་དགོངས་པ་ལྡན་པ་དང་། །དགོངས་པ་འཕོ་འགྱུར་མེད་པར་བྱེད། །འགྱུར་མེད་འགག་མེད་འདུ་འབྲལ་མེད། །སྐུ་གསུམ་ཇ་ལོག་དགོངས་པ་ནི། །གསལ་བ་གསུམ་ལྡན་རྡོ་རྗེ་ལ། །དབྱེར་མེད་རྩེ་གཅིག་ཡེ་ཤེས་སྤྱན། །མི་བརྗེད་གཟུངས་བསྙེམས་ཆོས་ལས་གྲོལ། །དུས་དེར་ཡུལ་གསུམ་གཅིག་ཏུ་འདུས། །རང་བཞིན་རྣམ་དག་སྣང་བ་ཡིན། །ལུས་གསུམ་གཅིག་ལ་རྫོགས་པ་ནི། །འགྱུར་བ་མེད་
པའི་རིན་ཆེན་སྦུབས། །སྤྱན་གསུམ་གཅིག་ཏུ་འཁྱིལ་པ་ནི། །ཡེ་ཤེས་མིག་གཅིག་དྲི་མ་མེད། །གྲོལ་བའི་དགོངས་པ་མཐར་ཕྱིན་པའོ། །ཆོས་ཀྱི་མཐའ་ལས་གྲོལ་བའོ། །སངས་རྒྱས་ལ་ནི་ཡུལ་མེད་དོ། །ཡེ་ཤེས་ལ་ནི་ཆོས་མེད་དོ། །འབྲས་བུ་དེ་ལ་བདག་མེད་དོ། །དགོངས་པ་དེ་ལ་ཐུན་མེད་དོ། །ཡང་དག་མཐའ་ལས་གྲོལ་བ་ཡི། །མི་བསྐྱོད་སྟོབས་ཀྱིས་གཅོད་བྱེད་པས། །མྱ་ངན་འདས་ལ་གོམ་པ་གཅིག །གསུམ་རྫོགས་མཐར་ཕྱིན་ལྔ་ཉིད་དག །མཐར་རྫོགས་གཅིག་པུ་ལྷུན་གྱིས་གྲུབ། །རང་བཞིན་མ་བཅོས་ཇི་བཞིན་གནས། །རྡོ་རྗེའི་གདན་ལ་གྲུབ་མཐར་ཕྱིན། །ཞེས་གསུངས་སོ། །དེ་ནས་ལག་ན་རྡོ་རྗེ་དང་། )སྤྱན་རས་གཟིགས་དང་། འཇམ་དཔལ་དང་། མཁའ་འགྲོ་མ་ཟ་བྱེད་ཤཱན་ཏིང་ཐོད་པའི་ཕྲེང་བ་ཅན་དང་། རྡོ་རྗེ་ཁྲོ་གདོང་མ་དང་། ནམ་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་དང་། གཙུག་གི་རྒྱན་གཅིག་མ་དང་། པུར་ཎ་ཉེ་བར་ཞི་བ་དང་། རིག་པ་འཛིན་པ་རྣམས་དགྱེས་ཏེ། བཅོམ་ལྡན་འདས་ལ་བསྟོད་པ། གཞི་སྣང་ཆེན་པོའི་གནས་ལུགས་ཀྱིས། །ཡང་དག་ལྟ་བ་གཏན་ལ་ཕེབས། །མ་རིག་འཁྲུལ་པའི་བྱུང་ཚུལ་གྱིས། །སེམས་ཅན་སངས་རྒྱས་ངང་དུ་ཤར། །འཁྲུལ་པ་ལོག་པའི་གྲོལ་ཚུལ་གྱིས། །རྡོས་བཅས་ཡུལ་ལས་གྲོལ་བ་ནི། །རང་དྭངས་དག་པ་ཆེན་པོར་གསལ། །ཤ་ཁྲག་ལུས་ལས་གྲོལ་བ་ནི། །རིན་ཆེན་གསང་བའི་སྦུབས་སུ་གསལ། །དྲན་རྟོག་སེམས་ལས་གྲོལ་བ་ནི། །རིག་པ་རང་དྭངས་ཆེན་པོར་གསལ། །ཐིག་ལེ་རང་དྭངས་བཅུ་གཉིས་ཀྱིས། །དུས་བཞི་སྣང་བས་རིམ་པར་ཕྱེ། །དེ་བཞིན་གཤེགས་པའི་ཆོས་ལྔ་ཡིས། །མ་བསྐྱོད་མཁའ་ལ་དེ་བཞིན་གཤེགས། །བྱང་ཆུབ་སེམས་དཔའི་ཆོས་དྲུག་གིས། །ཡུལ་སེམས་ལུས་ངག་བྱང་ཆུབ་སྐུ། །ངེས་པའི་དོན་ལ་བདག་ཅག་འདུད། །ཅེས་བསྟོད་ནས་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། །རྫོགས་པ་ཆེན་པོ་ཐིག་ལེ་གསང་བའི་ངེས་རྒྱུད་རྫོགས་སོ།། །།

རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། བཛྲ་རཱཀྵ་ས་ཏཱི་བཛྲ་ཏུཎྜཱི་ཏནྟྲ་ནཱ་མ། བོད་སྐད་དུ། རྡོ་རྗེ་སྲིན་པོ་རྣོ་བ་རྡོ་རྗེ་མཆུ་ཅན་གྱི་རྒྱུད་ཅེས་བྱ་བ། རྒྱུད་ཐམས་ཅད་ཀྱི་སྙིང་

པོ་འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད། ཧེ་རུ་ཀ་ནག་པོ་ཆེན་པོ་ཐོར་ཚུགས་གཅིག་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའི་ཞལ་ཆེམས། སངས་རྒྱས་འོད་དཔག་མེད་པའི་སྐུ་རྟེན་དུ་བཞག་པ། ཆོས་ཉིད་རང་སྣང་གི་ནམ་མཁའ་ལ། རིན་པོ་ཆེ་གསེར་གྱི་གླེགས་བམ་ལ། བཻ་ཌཱུརྱ་ཞུན་མས་རང་ནན་དུ་བྲིས་ཏེ། མདུན་གྱི་ནམ་མཁའ་ལ་བབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མི་གཡོ་བ་འོད་ཀྱི་ཕུང་པོ་ལ་བརྐྱང་ཕྱག་ཕུལ་ཏེ། ཡན་ལག་ལྔ་ས་ལ་བཙུགས་ཏེ། ཡི་དམ་གྱི་ལྷ་ལ་གསོལ་བ་བཏབ་སྟེ་གཟིགས་པས། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡང་གསང་བྱུང་བའི་རྒྱུད། སྨན་གྱི་རྒྱལ་པོ་དུར་བྱིད་ལྟ་བུ། ཆོས་ཆེན་པོ་གསང་བ་རྨད་དུ་བྱུང་བ། ཆོས་ཐམས་ཅད་ཀྱི་ཟུག་རྔུ་རབ་ཏུ་ཕྱེ་བ། རྡོ་རྗེ་སྲིན་པོ་འབྲུག་གི་སྒྲ་སྒྲོགས་པ། གཅན་གཟན་གྱི་རྒྱལ་པོ་སེང་གེ་ལྟ་བུའི་ཚིག་གི་ལེའུ་བདུན་གྱིས་རྡོ་རྗེ་འཆང་གི་གྲལ་ཐོབ་པར་བྱེད་པ། བཛྲ་ཀྲོ་ཏ་ཧ་ཡ་གྷྲི་ཝ། དྷརྨ་རཏྣ་སརྦ་པ་པམ། མ་ང་ལ་ཨ་སི་་། དེ་ནས་ཁྲོ་བོའི་རྒྱལ་པོ་ཆེན་པོས། ཚིག་ལེའུ་དང་པོས་རྒྱལ་པོའི་ཕོ་བྲང་མེས་བསྲེག་པར་བསྟན། གཉིས་པས་འཛམ་བུ་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་གཞོམ་པར་བསྟན། གསུམ་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པར་བསྟན། བཞི་པས་རི་བོ་ཐམས་ཅད་ཁྱུར་མིད་དུ་བཟའ་བར་བསྟན། ལྔ་པས་ཉི་ཟླ་གོས་སུ་གོན་པར་བསྟན། དྲུག་པས་དམ་ཆོས་ཐམས་ཅད་ཆུ་བོ་ཆེན་པོ་ལ་དབོ་བར་བསྟན། བདུན་པས་སངས་རྒྱས་ཐམས་ཅད་དུར་དུ་གཞུག་པར་བསྟན་ནོ། །ཨ་ཨ། གདོད་ཅིག་གསང་བའི་བདག་པོ་ངས། །ཁྱེད་ལ་ལེགས་པར་བསྟན་པར་བྱ། །བཛྲ་སཏྭ་གྷུ་རུ་པ་ལ་པྲ་བེ་ཤ་ཡ། མ་རིག་མུན་པའི་ཁ་འབྱེད་ཉི་མའི་འོད་པོ་ཆེ། །ཀུན་ལ་སྙོམས་པའི་ཟེར་ལྡན་བྱམས་ཐུགས་ཅན། །དཔག་བསམ་ཤིང་བཞིན་ཟད་མེད་ཡིད་བཞིན་གཏེར། །དགོས་དགུ་ཕུན་སུམ་ཚོགས་པའི་སྲིད་གསུམ་གཉེན། །ཐུགས་རྗེའི་ཞགས་པས་རིགས་དྲུག་སེམས་ཅན་འཆིང་། །འགྲོ་

བ་འདམ་ནས་འདྲེན་མཛད་ལྕགས་ཀྱུ་ཅན། །སེམས་ཀྱི་མུན་པ་ཁ་འབྱེད་རྩལ་མངའ་བ། །སྒོ་གསུམ་དང་བས་ཕྱག་འཚལ་སེམས་དང་ཡེ་ཤེས་དབྱེ། །སེམས་དང་ཡེ་ཤེས་གཉིས་ཀྱི་ཁྱད་པར་བསྟན་པ་ཡང་། །སེམས་ནི་ཆུ་དང་འདྲ་སྟེ་ཐམས་ཅད་སྡུད། །ཡེ་ཤེས་མེ་དང་འདྲ་སྟེ་ཐམས་ཅད་བསྲེག །ཆུ་ཡིས་ལྗན་ལྗིན་ལེན་བྱེད་བསྲེག་པ་མིན། །མེ་ཡིས་ལྗན་ལྗིན་སྲེག་བྱེད་སྡུད་པ་མིན། །མེ་ཡིས་སྦུར་བསྲེག་ཆགས་པར་བྱེད་མི་སྲིད། །ཆུ་ཡིས་སྦུར་སྡུད་བསྲེག་པར་བྱེད་མི་སྲིད། །དེ་བཞིན་སེམས་ཀྱིས་དགེ་སྡིག་བག་ཆགས་སྡུད། །ཡེ་ཤེས་མེ་ཡིས་རྣམ་རྟོག་བག་ཆགས་བསྲེག །སེམས་ཀྱིས་བག་ཆགས་རྣམ་འཕེལ་བསྲེག་མི་ནུས། །ཡེ་ཤེས་བག་ཆགས་བསྲེགས་ནས་སླར་མི་སྐྱེ། །ཆུ་ཡིས་སྦུར་སྡུད་གཞན་དང་འགྲོགས་པར་བྱེད། །མེ་ནི་མེ་ཉིད་སྲེག་བྱེད་འགྲོགས་པ་མེད། །དེ་བཞིན་སེམས་ནི་རྣམ་རྟོག་བག་ཆགས་འགྲོགས། །ཡེ་ཤེས་བག་ཆགས་བསྲེགས་ནས་སླར་མི་འགྲོགས། །ཅི་ལྟར་མེ་ཡི་རྩེ་མོ་ལ། །སྦྲང་བུ་འདུ་རུ་ག་ལ་རུང་། །དེ་བཞིན་སངས་རྒྱས་ཡེ་ཤེས་སྒྲིབ་མེད་ལ། །ཉོན་མོངས་བག་ཆགས་འདུ་རུ་ག་ལ་རུང་། །དེས་ན་སེམས་ནི་རྣམ་རྟོག་བག་ཆགས་བསླད། །ཡེ་ཤེས་བག་ཆགས་བྲལ་བའི་རིག་པའོ། །སེམས་དང་ཡེ་ཤེས་དབྱེ་བའི་ཐབས་བསྟན་པའོ།། །།ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །རྣལ་འབྱོར་སྟོང་པའི་ངང་གནས་པས། །མུ་སྟེགས་འཁྲུལ་པའི་ལས་དང་འདྲ། །སངས་རྒྱས་ལུས་ཀྱི་རྒྱན་བཟང་བ། །ཡེ་ཤེས་ལུས་ཅན་དྲི་མ་མེད། །ང་ལ་འདུན་ན་ཡེ་སངས་རྒྱས། །ཡ་ཐ་རྒྱལ་བའི་འཇིག་རྟེན་ནས། །མ་ཐ་དམྱལ་བའི་གནས་ཡན་ཆད། །རིག་པའི་ཡེ་ཤེས་རང་ངོ་མ་བཅོས་ལྷུན་གྱིས་གྲུབ་ལ་བཙལ་དུ་ཡེ་ནས་མེད། །ཁྲོ་བོའི་རྒྱལ་པོ་འཇིགས་པའི་གཟུགས། །འཁོར་བའི་ཁྲག་ཞག་འཐུང་བ་པོ། །ཉོན་མོངས་སྐྱེད་པའི་ཆོས་རྣམས་ནི། །རང་བྱུང་ཡེ་ཤེས་བདག་མེད་སྐུ། །མི་གནས་ཤེས་རབ་ཕ་རོལ་ཕྱིན། །ཐུགས་རྗེ་སྤྲུལ་སྐུའི་ཞིང་ཁམས་ཀྱང་། །སྐྱེ་མེད་དག་པའི་ཀློང་དུ་འདས། །ངོ་བོ་ཉིད་

ཀྱི་སྣང་བ་ཡང་། །མི་གནས་ཡེ་ཤེས་ཀློང་དུ་འདུས། །ཅི་ལྟར་གླིང་བཞིའི་རྒྱལ་པོ་ཡང་། །བསོད་ནམས་ལོངས་སྤྱོད་མཐའ་ཀླས་ཀྱང་། །བྲམ་ཟེ་གདུག་པའི་དམོད་པ་ཡིས། །ཅི་ལྟར་བརླག་པར་འགྱུར་བ་བཞིན། །འཁོར་བའི་བག་ཆགས་སྦྱང་དཀའ་བ། །སྙིང་པོ་དོན་གྱི་བཅུད་མཐོང་ན། །སྐད་ཅིག་གསུམ་ལ་གྲོལ་བར་འགྱུར། །ཞེས་འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད་ལས། རྒྱལ་པོའི་ཕོ་བྲང་མེ་ཡིས་སྲེག་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་དེས། བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་གསང་བའི་བདག་པོས་ཞུས་པ། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ལ། །བཤིག་པར་དཀའ་བའི་གྲོང་ཁྱེར་ཆེན་པོ་བཞི། །ཐབས་མཁས་ཐུགས་རྗེ་རྫུ་འཕྲུལ་སྟོབས་ལྡན་པས། །སངས་རྒྱས་ཞིང་དུ་ཡང་དག་བསྒྲལ་བའི་ཕྱིར། །ལག་ན་རྡོ་རྗེ་བདག་ལ་བསྟན་དུ་གསོལ། །དེ་ནས་བཅོམ་ལྡན་འདས་བརྟུལ་ཞུགས་ཀྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། གསང་བའི་བདག་པོ་ཁྱོད་ཉོན་ཅིག །བཛྲ་ན་པ་ནི་ཥྠོ་བས་ལྷ་ཎ་བྷ། སཱིན་དྷ་རཱི་ཁེར་རྒ་ཙ་དྷ་རི། སཱིང་གྷ་མཱ། ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །གཉིས་མེད་བདེ་བས་ཐམས་ཅད་ཡོངས་སུ་ཁྱབ། །དེ་ཉིད་ལས་བྱུང་སྐུ་གསུམ་སེམས་ཀྱི་ངང་། །དུག་ལྔ་མ་བསྐྱེད་ཆོས་ཀྱི་དབྱིངས་སུ་བཀོད། །ཉོན་མོངས་མ་སྤངས་འདམ་གྱི་ཕུར་བ་འདྲ། །པདྨའི་སྤྱན་ལྡན་སྐྱོན་མེད་དག་པའི་སྐུ། །དེ་དབང་གྱུར་ནས་སངས་རྒྱས་པ། །རྫོགས་པའི་བདེ་ཆེན་ངོ་བོ་ལ། །ངང་དུ་ཉོན་མོངས་གཅོད་པའོ། །མ་བཅོས་མཁའ་འདྲ་ལྷུན་རྫོགས་ཏེ། །ནམ་མཁའི་ངང་ལས་གཡོས་པ་མེད། །ཀྱེ་གསང་བའི་བདག་པོ་མཁྱེན་པས་གཟིགས་པ། འཛམ་བུའི་གླིང་ན་ཀུན་བཟང་ཞལ་སོ་སོར་གཟིགས་པ་སྟེ། ཚད་མེད་པ་ལ་གཟིགས་པ་སྟེ། རང་རིག་པའི་ཡེ་ཤེས་ལ་གཟིགས་སྣང་རྣམ་པར་དག་པས། གདུལ་བྱའི་ཞིང་ཁམས་ཁོ་ནའོ། །

ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །མ་འོངས་པའི་སེམས་ཅན་གྱི་དོན་དུ་འདི་སྐད་སྨྲོས་ཤིག །སེམས་ཀྱིས་ལོན་བྱ། དྲན་རྟོག་སྣ་གཞི་ལ།དབང་པོ་སྔོན་བཅད། སྣང་བའི་ངོ་སྤྲད། ཡེ་ཤེས་ངོས་བཟུང་རྟོགས་པའི་རྗེས་བཅད། འཁོར་བ་གཞི་བཟློག །འགྲོ་བ་རང་ལུགས་སུ་བཞག་གོ། །སྲིད་པ་གསུམ་ནི་བདེ་བའི་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་མི་རྟོག་ཉོན་མོངས་བྲལ། །ཉོན་མོངས་ཞིང་དག་སྐུ་གསུམ་ལྷུན་གྱིས་གྲུབ། །དབང་བསྐུར་རྒྱས་བཏབ་སྐུ་གསུམ་མིང་གིས་མཚོན། །ཆ་ལུགས་ཕྱག་རྒྱ་མ་ལུས་སྐུ་ལ་རྫོགས། །སྐུ་བསྟན་ཡིག་འབྲུ་འོད་ཟེར་ཕྱོགས་བཅུར་འཕྲོས། །གསལ་བའི་འཇིག་རྟེན་གྲགས་པས་དབང་དུ་འདུས། །ཤིན་ཏུ་དཀོན་པའི་ཆོས་ཉིད་ཟབ་མོའི་ཡུལ་ཤེས་ཤིང་། །མྱ་ངན་འདས་ལ་མི་གནས་འཁོར་ལ་མི་གནས་ན། །བྱང་ཆུབ་སེམས་དཔའ་དེ་ནི་ཡོངས་སུ་མྱ་ངན་འདའ་བར་འགྱུར། །ཞེས་འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད་ལས། འཛམ་བུའི་གླིང་གི་གྲོང་ཁྱེར་ཆེན་པོ་བཞི་གཞོམ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡེ་ཤེས་ཀྱི་མགོན་པོ་ཆེན་པོ་ཉིད་སྙིང་རྗེ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་དྲུང་ན་གསང་བའི་བདག་པོ་ཉིད་ཕྱག་སྤྱི་བོར་ཐལ་མོ་སྦྱར་ནས། ཞབས་ཀྱི་པུས་མོ་ས་ལ་བཙུགས་ཏེ་གསོལ་པ། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད། སྙིང་རྗེ་རབ་ཏུ་མི་གནས་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག །ཁམས་གསུམ་གྱི་སེམས་ཅན་ནི་ནད་པ་ལྟ་བུ་སྟེ། སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་བསྒྲལ་བའི་ཐབས་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་བའི་བདག་པོ་ཉོན་ཅིག །སྐྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། མི་འགྱུར་བ་རྡོ་རྗེའི་སྐུ་ལོངས་ཤིག །མ་ནུ་སརྦ་ཙིཏྟ་ཨེ་ཀ་མ་ར་ན་ཧཱུྃ་ཨ། ལག་ན་རྡོ་རྗེ་ཞུས་པ་ལེགས་སོ། །ཐོག་མ་རང་བཞིན་ལྷུན་གྱིས་གྲུབ་པའི་མགོན་པོ་འོད་མི་འགྱུར་བ་ཉིད། སྡིག་པའི་འགྲན་ཟླ་མེད་པར་འཁོར་བར་ལྟུང་བ་དེ་ཉིད་རང་གི་ངོ་བོར་མ་ཤེས་པ་ལྷན་ཅིག་གནས་པའི་མ་རིག་པའོ། །ལྷན་ཅིག་གནས་པའི་མ་རིག་པ་རང་

གཟུགས་ཀྱི་སྐུ་མི་སྣང་བས་མཐོང་བའི་ཡུལ་ལ་ཤེས་པའི་རིག་པ་མ་ཤོར་རོ། །དེ་ལས་ཀུན་ཏུ་བརྟགས་པའི་མ་རིག་པ་བྱུང་ངོ་། །རིགས་ཀྱི་བུ་དེའི་ཚེ་དེའི་དུས་ན། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ངས། དགྱེ་བའི་གྲོགས་མེད་པའི་མཐོང་བའི་ཡུལ་ལ་ཤེས་པའི་རིག་པ་སྐད་ཅིག་མས་ཤེས་སོ། །ང་རང་བྱུང་གི་གཞི་ལ་འཁྲུལ་པ་མེད་པའི་ཕྱིར། དེའི་ཚེ་དེའི་དུས་ན་རྟོགས་པ་ཁྱད་པར་དུ་གྱུར་པའོ། །རིགས་ཀྱི་བུ་དེ་བཞིན་དུ་རྟོགས་པའི་དོན་ཐུགས་སུ་མ་ཆུད་པར། རྩོལ་བའི་བསམ་པས་སངས་རྒྱས་ན། རང་བྱུང་གི་ཡེ་ཤེས་རྫུན་པར་འགྱུར་རོ། །རིགས་ཀྱི་བུ་སངས་རྒྱས་ཀྱི་བདེན་པ་ནི་གར་སྦྱིན་ལ་སྦྲང་འདབ་ཆགས་པ་ལྟ་བུ་མི་གཏོང་ན་སེམས་ཅན་གྱི་བསམ་པས་ཅི་སྟེ་བཟུང་། དེ་ལྟ་བས་ན་བྱང་ཆུབ་ཀྱི་སེམས་མུན་སེལ་བདེ་བའི་སྐུ་ལ་རིག་པའི་སྐུ་ངོ་སྤྲད་པས་སྣང་སྲིད་གསལ་བར་ཤར་རོ། །དོན་གྱི་ངོ་སྤྲད་པས། ཚིག་དང་ཡི་གེར་འདྲེལ་ལོ། །ཡུལ་ཆོས་ཉིད་ལ་ངོ་སྤྲད་པས། སྣང་བ་རང་བཞིན་མེད་དེ། མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཀྱེ་གསང་བའི་བདག་པོ། བྱང་ཆུབ་ཀྱི་སེམས་རང་རིག་པའི་ཀློང་ལ་ཁྱབ་གདལ་འུབ་ཆུབ་སྤྱི་སྡུད་དོན་ཀློང་། ཕུག་རྡུགས་འབྱམས་ལས་ཉག་གཅིག་གོ། །འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད་ལས། ཁམས་གསུམ་གྱི་སེམས་ཅན་བསད་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ། ཐབས་མཁས་པ། མེད་བཞིན་དུ་སྣང་བ། ནད་ཐམས་ཅད་སེལ་བར་བྱེད་པ་ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་ཉིད་ཆོས་ཉིད་རྣམ་པར་དག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་སུ་གསང་བའི་བདག་པོ་ལག་ན་རྡོ་རྗེས་ཞབས་གཉིས་ཀྱིས་ཉི་མ་དང་ཟླ་བ་བརྫིས་ཏེ། རྡོ་རྗེ་འབར་བ་ཚངས་པའི་འཇིག་རྟེན་ལ་ཐུག་པར་གསོར་ཞིང་། ཞལ་བགྲད་མཆེ་བ་གཙིགས་སྨིན་མ་དཔྲལ་བར་བསྡུས་ཏེ། ཀྭའི་ཐུགས་རྗེ་ཆེན་པོ་ཆོས་ཉིད་ཀྱི་དགོངས་པ་ལ་མ་མནལ་བར་བཞེངས་ཤིག །ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ནི་བསྒྲལ་བར་མི་ནུས་ན། འཇིག་རྟེན་

གྱི་ཁམས་སྟོངས་ཤིང་ཟད་པར་ཅི་སྟེ་མཆི། བདག་གིས་མ་ཤེས་མ་འཚལ་ཏོ། །འཇིག་རྟེན་གྱི་ཁམས་ཟད་ཅིང་མ་སྟོངས་ན། སངས་རྒྱས་ཀྱི་བདེན་པ་ཡང་ཟད་ཅིང་ནུབ་པར་འགྱུར་རོ། །ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཧ་ཅང་ཁྲོ་བའི་སེམས་དང་མ་ལྡན་པར་དྲུང་དུ་འཁོད་ཅེས་བཀའ་སྩལ་ཏོ། །ཡུལ་མ་དག་པའི་འཇིག་རྟེན་དང་། དག་པའི་འཇིག་རྟེན་གཉིས་འདས་པ་ན། རང་བཞིན་རྣམ་པར་དག་པ་རྒྱན་མ་བཀོད་པར་སྣང་བ་ཞེས་བྱ་བ་ཡོད་ཀྱིས། དེར་ཁྱོད་ཀྱིས་སེང་གེའི་འགྲོ་སྟངས་ཀྱིས་སོང་ལ། གླང་པོ་ཆེའི་ལྟ་སྟངས་ཀྱིས་ལྟོས་ཤིག །འཇིག་རྟེན་གྱི་ཁམས་ཟད་ཅིང་སྟོངས་པ་ལ་ལྟ་ཅི་སྨོས་ཀྱི། ལག་ན་རྡོ་རྗེ་ཉིད་ཚིག་བླ་དྭགས་སོ། །དེ་ནས་ལག་ན་རྡོ་རྗེས་སེང་གེའི་ལྟ་སྟངས་ཀྱིས་བལྟས་པས། དེ་མ་ཐག་ཏུ་ཡེ་ཤེས་རྒྱན་མ་བཀོད་པར་སྣང་བར་མཐོང་ངོ་། །གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་པས། འཁོར་བ་ཐམས་ཅད་ཟད་ཅིང་སྟོངས་སོ། །ཀྭའི་ཧེ་ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །ཁྲོ་བོ་བདུད་རྩི་འཁྱིལ་པ་ཡིས། འཇིག་རྟེན་ཁམས་ནི་བརྔུབ་པར་བྱའོ། །ཨ་ཧ་མ་ཀཱ་དྷ་ཤ་པཱ་རཱི་སྭཱི་་གྷ། ཨ་བྷ་རས་་ཐཱ། བྱང་ཆུབ་ཀྱི་སེམས་རང་བྱུང་གི་རྫོགས་མ་ཆགས་བདེ་འགྲོ་གཅོད་བྱེད་སྟ་རེ། དྲང་སྲོང་ཁ་ལ་མེ་འབར་སྣང་སྲིད་རྒྱས་བཏབ།གནམ་ས་ལྟོ་སྦྱར། རི་བོ་ཏིལ་འབྲུར་བཙུད། རྒྱ་མཚོ་རྒྱལ་མཚན་གྱི་རྩེ་ལ་བཏགས། བྱང་ཆུབ་སེམས་དཔའ་བྲན་ཁོལ་དུ་བཙུད། དཔེར་ན་བྲན་གྱིས་རྒྱལ་པོ་མཆོད་པ་ལྟར། །བདེ་གཤེགས་ཀུན་གྱིས་བདག་མཆོད་པས། །ཆུ་བྲན་རྒྱ་མཚོར་འདུས་པའི་ཚུལ། །རིགས་ཀྱི་བུ་ཁྱོད་སྡུག་བསྔལ་བར་མ་བྱེད་ཅིག །སྣོད་བཅུད་ཨ་ཏིར་འདུས་པས་སྣང་སྲིད་ཕྱགས་མས་བཏབ། །མཉམ་ཉིད་དོན་རྟོགས་ཐམས་ཅད་བདེ་ལ་བཀོད། །སྣང་བ་སྟོང་ཐིམ་རི་བོ་ཁྱུར་མིད་བྱས། །སྟོང་ལ་མ་ཆགས་འཁོར་བའི་གདོས་ཐག་བཅད། །ཉོན་མོངས་ཞིང་དག་རྒྱ་མཚོ་ཧུབ་ཀྱིས་བཏབ། །སྡུག་བསྔལ་རྩད་བཅད་བདེ་བ་ཆེན་པོའི་སྐུ། །ཐམས་ཅད་ཡོངས་རྫོགས་གཅིག་སྟེ་ཉག་གཅིག་མ། །དུག་གསུམ་

དུག་ལྔ་སྐུ་གསུམ་ཡེ་ཤེས་ལྔ། །ལྔ་ཉིད་བདེ་ཆེན་ཐིག་ལེ་ཆེན་པོ་གཅིག །གཅིག་ལ་ཀུན་རྫོགས་ཐ་སྙད་རྣམ་པར་དག །ཐིག་ལེ་ཉག་གཅིག་རང་བྱུང་ཡེ་ཤེས་སྐུ། །རྣམ་དག་པདྨ་དབྱིངས་ཀྱི་དཀྱིལ་འཁོར་ན། །འདུ་འབྲལ་མེད་པའི་གསལ་བའི་མཁའ་ལ་སྙོམས། །བྱ་བཙལ་མེད་པའི་བདེ་བ་ཆེན་པོའི་སྐུ། །གར་ཡང་ཐོགས་མེད་འབྲུག་གི་སྒྲ་ལྟར་སྒྲོགས། །གླང་ཆེན་འགྲོས་ལྟར་འགྱུར་མེད་གཅིག་པུ་པ། །རུས་སྦལ་གབ་པའི་ཚུལ་དུ་རྟག་གནས་པ། །བཙལ་མེད་བྱ་བྲལ་ཟིན་པའི་ཡུལ་ལ་གནས། །ཟིན་པ་མེད་པའི་སྡུག་བསྔལ་ནད་སེལ་བ། །རྒྱ་མཚོའི་གཏིང་ན་གསེར་གྱི་ཕ་བོང་འདྲ། །བདེ་དང་སྡུག་བསྔལ་རྒྱུ་མཐུན་བདེ་གནས་པ། །རིན་ཆེན་གསེར་ལ་ནོར་བུ་ཕྱག་རྒྱའི་ཚུལ། །བསྒོམ་དང་བསྒོམ་བྱ་གཉིས་མེད་དོན་རྟོགས་ན། །སོ་མང་རལ་གྲི་ཏིལ་མར་ངར་བཏབ་འདྲ། །དགེ་སྡིག་གཉིས་མེད་དོན་རྟོགས་ན། །མན་ཤེལ་སྐུ་ལྟར་རང་གི་རྒྱུད་དག་པས། །དཔེ་དོན་རྟགས་དང་གསུམ་གྱིས་ཚད་ལྡན་པས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་པ་ཡིན། །ལུང་གི་རྒྱལ་པོ་རིག་པའི་ཁུ་བྱུག་ལྟོས། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པར་བཞག་པ་ཡིན། །ཨ་ཏི་རང་སར་གནས་པའི་ལུང་། །རྒྱལ་ཚབ་ཆེན་པོ་བདེ་བའི་བཀའ། །བསྒྲུབ་མེད་རྩལ་སྤྲུག་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་བཞིན་ཉིད། །རྟོག་དཔྱོད་རྣམ་དག་གཉིས་མེད་ཆོས་དབྱིངས་ལ། །ལོག་རྟོག་བྱིངས་པའི་སྤྱོད་པས་ཅི་ཞིག་བསླུ། །སངས་རྒྱས་དགོངས་པ་ཡེ་ནས་གནས་པ་ལ། །ད་ལྟ་ང་ལ་གནས་པར་བྱར་མེད་དེ། །བྱང་སེམས་བསྒོམ་པ་ཆུ་བོའི་ཀླུང་འབྱམས་ནས། །བསྒོམ་དང་བསྒོམ་པར་བྱ་བ་གཉིས་མེད་ན། །དོན་དམ་ང་ལ་བདེན་པར་བཞག་པ་ནི། །ཆུ་བོ་ཀླུང་འབྱམས་དགོངས་པས་ཟིན་པ་ཡིན། །རྒྱུན་གྱི་ཏིང་འཛིན་ཡེངས་བྲལ་མེད་པར་མ་ཤེས་ན། །ཁྱུང་ཆེན་གཤོག་རྫོགས་བཀའ་འདི་དང་དུ་ལོངས། །མི་གཡོ་རང་བཞིན་གནས་པས་སྨད་སྦྱང་བྱུང་ཅེན་མ་བྱས་ན། །མཐོ་རིས་བགྲོད་པའི་ལམ་དེས་ཉོན་མོངས་ཟིན་པར་འགྱུར། །ལམ་མེད་ལམ་དུ་འཇུག་པ་རྣམས་ཀྱི་

ནད་ཆེ་བ། །ཕྱིན་པར་འདོད་པས་རི་དྭགས་སྨིག་རྒྱུ་བསྙེག་པ་འདྲ། །བསྙེག་པའི་ཡུལ་མེད་འཇིག་རྟེན་གསུམ་ལས་ཡོངས་མི་འབྱུང་། །ཆོས་ལས་འདས་པའི་སྐུ་ངོ་མ་ཤེས་ན། །ནམ་མཁའ་ཆེ་ལུང་ངེས་པ་ལས། །རང་གི་མཐུ་ཡིས་རིག་པ་ལས། །ཆོས་འདི་གཞན་ལས་འབྱུང་བར་མི་འགྱུར་ཞེས། །རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི་ཕྱིར་རོ། །འཁོར་བ་དོང་སྤྲུགས་ཀྱི་རྒྱུད་ཅེས་བྱ་བ།ལུང་ཐམས་ཅད་དང་མི་འགལ་བའི་ཕྱིར། ལུང་གི་ཆེ་བས་ཡིད་ཆེས་པའོ། །འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལས། སྣང་སྲིད་ཁྱུར་མིད་དུ་ཟ་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བ་ཞེས་བྱ་བ། འོད་ཕུང་སྟུག་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་གསང་བའི་བདག་པོས་ཞུས་པ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག །ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འོད་ཟེར་དཔག་ཏུ་མེད་པ་འབྱུང་བ་འདི་ཅིའི་རྒྱུ་ཅིའི་རྐྱེན། ངས་ཁམས་གསུམ་གྱི་སེམས་ཅན་ལ་ཅི་ལྟར་འོད་ཟེར་གྱི་ཕུང་པོ་འབྱུང་བ་བསྟན་པར་བྱ། ཞེས་ཞུས་པར། བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བའི་འོད་ཕུང་གི་ཏིང་ངེ་འཛིན་ལས་བཞེངས་ཏེ་ཞལ་འཛུམ་པ་མཛད་ནས། གསང་བའི་བདག་པོ་ཁྱོད་ཀྱིས་དྲི་བ་དྲིས་པ་ལེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཡེ་ཤེས་ལྔའི་རྩལ་མ་འགགས་པས་འོད་ཟེར་གྱི་ཕུང་པོར་གནས་སོ། །འབྱུང་བ་ཆེན་པོ་ལྔ་ལ་མ་བཙལ་བར་གྲུབ་པས་ཡོངས་ལ་ཁྱབ་པར་གནས་སོ། །རིགས་ཀྱི་བུ་གང་གིས་མངོན་པར་སངས་རྒྱས་པའི་ཚེ། ཕྱིའི་འབྱུང་བ་ལྔ་སྣང་བྱེད་ཀྱི་སྒྲོན་མ་ལ་འདུས་སོ། །རང་གི་འབྱུང་བ་ལྔ་རིག་པའི་སྒྲོན་མ་ལ་འདུས་སོ། །སྣང་བྱེད་ཀྱི་སྒྲོན་མ་རིག་པ་ལ་འདུས་པའི་དུས་ན། ཡེ་ཤེས་ཀྱི་ཉི་མ་རང་ལ་སྣང་སྟེ། དུས་རྟག་ཏུ་ལྷང་ངེ་ལྷན་ནེ་ཉིན་མོ་དང་མཚན་མོར་མ་ཡིན་ནོ། །དེ་བཞིན་དུ་བདེ་བར་གཤེགས་པ་ཐམས་ཅད་ལྷ་དང་ལྷ་མོ་ནམ་མཁའི་རི་མོ་ལ་

སོགས་ཏེ། འོད་ཐམས་ཅད་དང་པོ་བྱུང་ཡང་རང་རིག་པ་ལས་བྱུང་ངོ་། །ཐ་མ་ཡང་རང་རིག་པ་ལ་འདུས་སོ། །ནམ་མཁའ་ཆེ་ལུང་ངེས་པ་ལས་ཀྱང་། དེ་ལ་ཕྱོགས་ཀྱི་འོད་འདུས་པ། །ཕྱོགས་བཞི་མཚམས་དང་བླ་འོག་གྲུབ། །མ་ངེས་ཁ་དོག་སྣ་ཚོགས་ལས། །རིགས་ཀྱི་ཁྱད་པར་མངོན་པར་སྣང་། །ཞེས་གསུངས་སོ། །ཀྱཻ་གསང་བའི་བདག་པོ་གོ་བར་དཀའ་བའི་ཚིག་འདི་ཡིད་ལ་ཟུང་ཞིག །མ་ཧཱ་དཉྣ་འ་སརྦ་རུ་ལྷ་ཨ་ཏ། དཉྣ་ཨ་ཡུ་འ་དྷ་ཊ། བཛྲ་བ་དྷ་དུ། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ།ལག་ན་རྡོ་རྗེ་ཆེ། སྟོབས་ཀྱིས་ཕ་རོལ་དཔུང་འཇོམས་པ། །སྐུ་མདོག་ནག་ཅིང་འཇིགས་པ་ཆེ། །གཟུགས་ཆེ་ཡན་ལག་རགས་པ་སྟེ། །ཁྲོ་གཉེར་བཞིན་མི་སྡུག་པའོ། །ཕྱག་མཚན་རྡོ་རྗེ་འབར་བ་ཡིས། །འཇིག་རྟེན་ཁམས་ཀུན་འཇོམས་པར་བྱེད། །ཡེ་ཤེས་མེ་དཔུང་ཆེན་པོ་ཡིས། །སྲིད་པ་གསུམ་ཡང་བསྲེག་པར་བྱེད། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པས། །གདུག་པ་ཐམས་ཅད་དཔའ་ཡང་བཀོང་། །བདུད་དང་མུ་སྟེགས་དབང་དུ་སྡུད། །འགྲོ་བའི་མགོན་པོ་དེ་བཞིན་གཤེགས། །བཀའ་ནི་ཉོན་ཅིག་རྡོ་རྗེ་འཆང་། །ཁམས་གསུམ་དཔའ་གང་མ་གྱུར་ན་རྡོ་རྗེ་དོན་མེད་དམ། ང་ཡི་བཀའ་འདི་རྫུན་ནམ་ནི། །ཉོན་ཅིག་ལྟོས་ཤིག་རྡོ་རྗེ་འཆང་། །འཇིག་རྟེན་ཁམས་ནི་འཁྲུགས་པར་བྱེད། །རྡོ་རྗེ་ལན་ཅིག་གསོར་བ་ཡིས། །བདུད་དང་སྲིན་པོ་ཁྲག་ཏུ་སྐྱུག །རྡོ་རྗེ་ལན་གསུམ་གསོར་བ་ཡིས། །རྡོ་རྗེ་འཆང་ཆེན་གན་སྦུབ་འགྱེལ། །སྙིང་འདར་ལུས་ཞུམ་བ་སྤུ་གཟིངས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལག་ན་རྡོ་རྗེ་རིགས་གསེར་འཕྲེང་། །སྟོབས་བཅུས་ཕ་རོལ་དཔུང་འཇོམས་པ། །ང་ལ་ཁྲོ་བའི་སེམས་ཅི་བགྱི། །བདུད་དང་སྲིན་པོ་མི་མ་ཡིན། །སྙིང་རྗེ་མེད་པར་ཚར་ཆོད་ཅིག །ལག་ན་རྡོ་རྗེ་ཁྲོས་པ་ཡིས། །ལན་ཅིག་རྡོ་རྗེ་གསོར་བ་ཡིས། །བདུད་དང་སྲིན་པོ་མི་མ་ཡིན། །གན་སྦུབ་སྙིང་འདར་ཁྲག་སྐྱུགས་ཤིང་། །ཅི་བགྱིའི་བཀའ་ཉན་གསུང་སྡོད་དེ་འབངས་སུ་མཆིས་ནས་ལག་ན་རྡོ་རྗེ་མི་བཟད་པར་ཤིན་ཏུ་འཇིགས་སྐྲག་ནས། བཅོམ་ལྡན་འདས་

ཐུགས་རྗེ་ཆེན་པོ་དང་ལྡན་པ། བདག་ཅག་བསྐྱབ་ཏུ་གསོལ། བདག་ཅག་གི་སྲོག་མི་གཞོམ་དུ་གསོལ། ལག་ན་རྡོ་རྗེས་སྨྲས་པ་བཞིན་རྗེས་སུ་བགྱིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཧ་ཅང་ཡང་ཁྲོ་བོར་མ་གྱུར་ཅིག །ངས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བདེ་བ་སྐད་ཅིག་མ་ལ་འགོད་པར་ནུས་ཀྱིས། བདུད་དང་སྲིན་པོའི་ཡིད་བདེ་བ་ལ་འགོད་པར་བྱས་སོ། །ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱིན་གྱིས་བརླབས་ཟིན་གྱིས། ནང་བཅུད་ཀྱིས་བསྡུས་པ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱང་ངས་བྱིན་གྱིས་བརླབས་པས། ཁྱེད་སྡུག་བསྔལ་བར་མ་བྱེད་ཅིག །ཅེས་བཀའ་སྩལ་ཏོ། །དེ་ནས་བཅོམ་ལྡན་འདས་མཉམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད་ལས། ཉི་ཟླ་གོས་སུ་གོན་པ་དང་ལག་ན་རྡོ་རྗེས་བདུད་བཏུལ་བའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཐོག་མ་རང་བཞིན་ལྷུན་གྱིས་གྲུབ། །རྒྱུ་རྐྱེན་མེད་པར་མྱ་ངན་འདས། །ཆོས་མེད་ཤེས་རབ་རང་བྱུང་བས། །མི་གནས་རྡོ་རྗེ་སྙིང་པོའི་སྐུ། །བྱ་བཙལ་མེད་པར་བདེ་གནས་པས། །ང་ནི་རང་བྱུང་ཡེ་ཤེས་ཡིན། །ཚིག་དང་ཡི་གེས་ང་མ་བསྐྱེད། །ནམ་མཁའི་ཀློང་ནས་རང་བྱུང་བས། །མི་གནས་བདེ་ལྡན་ཕུན་སུམ་ཚོགས། །ཆོས་ཀྱིས་ཡང་དག་དོན་བརྗོད་དུ། །སྙིང་པོ་དག་པའི་ཀློང་ནས་བཤད། །ཀྱེ་གསང་བའི་བདག་པོ་རང་བྱུང་གི་ཡེ་ཤེས་བྱ་བ་བབ་ཀྱིས་གྲུབ་པ་ལས། བྱས་པའི་ཆོས་ཀ་ནས་མེད་དོ། །པྲཛྙཱ་པཱ་ར་མི་ཏཱ་སརྦ་བྷ་ར་ནི་ཨཱ་པཱ་རཱ་འབུ་ཐཱ་ཡཱོ། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །རྩོལ་བའི་སྡུག་བསྔལ་ཆོས་ཡིན་གྱི། །ཆོས་ལ་གནས་པར་མི་བྱའོ། །བདེ་བ་ཆེན་པོའི་སྐུ་མངའ་བས། །མ་བཙལ་བཞག་ན་རྡོ་རྗེའི་སྐུ། །འགྱུར་བ་མེད་པའི་སྐུ་མངའ་བས། །བྱ་བཙལ་མེད་པ་ཡེ་ཤེས་སྐུ། །སྣ་

ཚོགས་དག་པའི་སྐུ་མངའ་བས། །མ་བསླད་བཞག་ན་ཡེ་ཤེས་སྐུ། །སྣ་ཚོགས་འབྱུང་བའི་སྐུ་མངའ་བས། །མ་བཀག་བཞག་ན་རང་བྱུང་སྐུ། །སྙིང་པོ་གདོད་ནས་དག་པ་ལ། །ཆོས་སྤྱོད་བཅུ་ཡིས་སངས་མི་རྒྱ། །མ་བཙལ་ལྷུན་གྱིས་གྲུབ་པ་ལ། །ཡོན་ཏན་བཅུ་ཡིས་གསལ་དུ་མེད། །བཀའ་ལུང་ཕྱི་མོར་རང་ཤར་བས། །ཆོས་ཀྱིས་ཤེས་རབ་བསྐྱེད་དུ་མེད། །སངས་རྒྱས་ཆོས་ལས་མ་བྱུང་བས། །རྒྱུད་ལུང་མན་ངག་ང་ཡི་དུག །ཀྱཻ་གསང་བའི་བདག་པོ་ཆོས་ལས་འདས་པའི་སྐུ་ངོ་མ་ཤེས་ན། རང་གི་རིག་པ་ལ་དྲིས་ཤིག །དེ་མཚོན་པའི་དཔེ་ངོ་མ་ཤེས་ན། རྡོ་རྗེ་སེམས་དཔའི་མེ་ལོང་ལ་དྲིས་ཤིག །སངས་རྒྱས་སྐུ་རང་ལ་གནས་པའི་རྟགས་ངོ་མ་ཤེས་ན་བྱང་ཆུབ་སེམས་ཀྱི་སྒྲོན་མ་ལ་ལྟོས་ཤིག །ཀྱེ་སེམས་དཔའ་ཆེན་པོ་མཚོན་པའི་བྱང་ཆུབ་ཆོས་ཡིན་ཀྱང་། རྟོགས་པའི་བལྟ་བ་རང་རིག་པའི་ཡེ་ཤེས་ཁོ་ནའོ། །ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་། ཆོས་ལས་འདས་པའི་སྐུ་སྙིང་པོ་བྱང་ཆུབ་ལ་འདུ་འབྲལ་མེད་པར་དག་པར་གནས་སོ། །རིགས་ཀྱི་བུ་ཆོས་ཐམས་ཅད་ཆོས་ཉིད་རྒྱ་མཚོ་དང་འདྲ་བའི་ངང་དུ་བྱ་བཙལ་མེད་པར་སྡིམས་ཤིག །ཅེས་རྡོ་རྗེ་འཆང་གིས་བཀའ་སྩལ་ཏོ། །འཁོར་བ་དོང་སྤྲུགས་ཆེན་པོའི་རྒྱུད་ལས། དམ་པའི་ཆོས་རྒྱ་མཚོ་ཆེན་པོར་དབབ་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་བླ་ན་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་དེའི་དུས་སུ་གསང་བའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་གསང་བ་བླ་ན་མེད་པའི་ཏིང་ངེ་འཛིན་ལས་བཞེངས་ཤིག །ངས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བླ་མ་ཆེན་པོ་མཐའ་གང་ལ་བསྐྱལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་མཐའ་གར་གཏུགས། ཁམས་གསུམ་སེམས་ཅན་ཐམས་ཅད་འཁོར་བ་རུ་ལོག་པའི་དུས་སུ་རང་རེའི་ཞིང་ཁམས་གཅིག་གམ་ཐ་དད། ལུང་རྒྱུད་མན་ངག་གི་

མཐའ་གར་བསྐྱལ། ཁམས་གསུམ་འཁོར་བའི་འདམ་རྫབ་ཞིང་གང་ལ་སྦྱང་། སེམས་ཅན་གྱི་སྡུག་བསྔལ་བྱེ་བྲག་ཐུགས་རྗེ་ཆེན་པོའི་རྩལ་གང་ལ་སྦྱར། སངས་རྒྱས་མྱ་ངན་ལས་མ་འདས་ཀྱི་བར་དུ། དགོངས་པའི་མཐའ་ཅི་ཙམ་ལ་བཞག །མྱ་ངན་འདས་ནས་མཐར་ཐུག་པའི་ས་གང་དུ་བཞག །ཅེས་ཞུས་པས། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག །སྐུ་གསུང་ཐུགས་རྡོ་རྗེ་བླ་མ་ཆེན་པོའི་མཐའ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་སངས་རྒྱས་ཉག་གཅིག་ཏུ་བསྐྱལ་ལོ། །སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ནི་རང་རིག་པའི་ཡེ་ཤེས་སུ་གཏུགས་སོ། །འཁོར་བ་རུ་ལོག་པའི་དུས་སུ་མར་མེའི་སྡོང་བུ་ལ་མར་མེ་བརྟེན་པའི་ཚུལ་དུ་ཞིང་ཁམས་གཅིག་གོ། །རྒྱུད་ལུང་མན་ངག་གི་མཐའ་ནི་བརྗོད་བྱ་དང་རྗོད་བྱེད་མེད་པར་བསྐྱལ་ལོ། །འཁོར་བའི་འདམ་རྫབ་ནི་རྣམ་པར་དག་པའི་ཞིང་བདེ་བ་ཆེན་པོ་ལ་འགོད་པར་སྣང་བར་སྦྱང་ངོ་། །སེམས་ཅན་གྱི་སྡུག་བསྔལ་ནི། རིག་པའི་རྩལ་མ་འགགས་པར་སྦྱར་རོ། །སངས་རྒྱས་མྱ་ངན་ལས་མ་འདས་ཀྱི་བར་དུ། སྒྱུ་མ་ལྟ་བུའི་སྐུ་འཇའ་ཚོན་ལྟ་བུ་ལ་མཐོང་བའི་ཡུལ་ཉམས་སུ་མྱང་བར་བྱའོ། །མྱ་ངན་ལས་འདས་ནས་མི་གནས་པའི་ཡེ་ཤེས་ཆེན་པོར་གཞག་གོ། །ཞེས་འཁོར་བ་དོང་སྤྲུག་ཆེན་པོའི་རྒྱུད་ལས། སངས་རྒྱས་དུར་དུ་གཞུག་པའི་ལེའུ་སྟེ་བདུན་པའོ། ། །།རྫོགས་སོ། །མཁས་པའི་མཁས་པ་སློབ་དཔོན་བི་མ་ལས། །དཀའ་དང་བསྡོས་ནས་དོན་གྱི་མན་ངག་བཙལ། །རྡོ་རྗེ་གདན་ནས་ཤྲཱི་སིང་ཧས་གནང་། །རང་གི་རྒྱུད་སྦྱངས་འགྲོ་བའི་དོན་བྱས་ནས། །སངས་རྒྱས་ཐུགས་ཀྱི་དགོངས་པ་མ་ནོར་རྒྱུད། །ཐུགས་ཀྱི་ཀློང་ནས་འབྲུ་གསུམ་སྤྲོས་པ་ནི། །བྱང་ཆུབ་སེམས་དཔའ་རེ་རེའི་རྒྱུད་དུ་བཞག །རྒྱུད་ཀྱི་སྙིང་པོ་མན་ངག་གཟེར་བཞི་པོ། །སྡེ་དང་ཚོགས་སུ་བཅད་ནས་རྒྱ་ཡིས་བཏབ། །འཆི་མེད་བདུད་རྩི་ཐིག་ལེ་ཉག་གཅིག་པོ། །རྡོ་རྗེ་གདན་གྱི་འོག་ནས་བཞེས་པ་འདི། །སྤུ་རྒྱལ་བཙན་པོའི་དོན་དུ་ཤྲཱི་སིང་ཧས་གནང་བ་སྐུ་དྲིན་ཆེ། བོད་ཀྱི་རྒྱལ་
ཁམས་ཆོས་ལུགས་ངན་པས་སླར་ལ་གཏེར་དུ་སྦས་སོ། །ཞེས་གསུངས་སོ། །བི་མ་ལས་གདམས་སོ། །སྦས་རྒྱ། །

རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད།

རྒྱ་གར་སྐད་དུ། རཏྣ་བྷ་བཱནྟ་རཱ་ལོ་ཀ་ཏནྟྲ། བོད་སྐད་དུ།རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད། བཅོམ་ལྡན་འདས་རང་སྣང་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དུས་བཞི་མཉམ་པར་གཅིག་པར་སྣང་བའི་དུས། །རྒྱུ་རྐྱེན་མ་བསྐྱེད་ཡེ་ཤེས་སྣང་བའི་དུས། །ལུས་སེམས་གཉིས་པོ་ཐ་དད་སྣང་བའི་དུས། །རང་གི་རྣམ་རྟོག་དབུགས་ལ་བརྟེན་པའི་དུས། །འཁོར་འདས་གཅིག་པར་སྣང་བའི་དུས། །ཆོས་སྐུ་སྐྱེ་མེད་རང་བཞིན་གྲུབ་པའི་གནས། །ཡེ་ཤེས་མ་སྐྱེས་རིག་པ་སྟོང་པའི་གནས། །ལུས་དང་སེམས་གཉིས་སྲིད་པར་སྣང་བའི་གནས། །སྣང་བ་ཐོགས་མེད་སྤྱོད་ཡུལ་སྟོན་པའི་གནས། །འཁོར་བའི་རྒྱུད་འདས་སྣང་བའི་གནས། །ཆོས་སྐུའི་སྙིང་པོ་བརྗོད་མེད་སྟོན་པ་དང་། །ཡེ་ཤེས་སྙིང་པོ་མི་བརྗོད་སྟོན་པ་དང་། །ལུས་ཀྱི་སྣང་ཚུལ་སེམས་ཀྱི་སྟོན་པ་དང་། །དབུགས་ཀྱི་རྣམ་རྟོག་སྣང་བའི་སྟོན་པ་དང་། །འཁོར་བའི་ལམ་དང་མྱ་ངན་འདས་པའི་ལམ་སྟོན་པའོ། །རང་བྱུང་ཆོས་སྐུ་མ་འགགས་འཁོར་དེ་དང་། །རང་བྱུང་ཡེ་ཤེས་འགགས་མེད་འཁོར་ཉིད་དང་། །ལུས་ཀྱི་འཁོར་དང་སེམས་ཀྱི་འཁོར་ཉིད་དང་། །བླགས་ཀྱི་རྣམ་རྟོག་ལམ་ཚོལ་འཁོར་ཉིད་དང་། །ཐ་མི་དད་པར་གཅིག་སྣང་འཁོར་ཉིད་དོ། །རང་བྱུང་ཡེ་ཤེས་མི་བརྗོད་བསྟན་པ་དང་། །མིང་དང་བརྡའ་རུ་བྱུང་བའི་བསྟན་པ་དང་། །བརྗོད་པའི་ངག་མེད་སེམས་བརྗོད་བསྟན་པ་དང་། །བརྗོད་མེད་མི་བརྗོད་དབྱེར་མེད་བསྟན་པའོ། །གླེང་གཞིའི་ལེའུ་སྟེ་དང་པོའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལུས་མེད་ལུས་སུ་གྲུབ་པ་སེམས་ཅན་ལུས། །དང་པོ་ལུས་འདི་རྒྱུ་ཉིད་ཅི་ལས་བྱུང་། །བར་དུ་བསྐྱེད་ལུགས་ཇི་ལྟར་བྱུང་། །ཐ་མར་ལུས་ཀྱི་འབྲས་བུ་འཁྲུལ་པ་ཅི་ལྟར་རྒྱས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །

དང་པོ་ལུས་མེད་ལུས་ཀྱི་རྒྱུ་འདི་ནི། །རང་བྱུང་ཡེ་ཤེས་མ་འགགས་དག་ལས་བྱུང་། །བར་དུ་ལུས་ཀྱི་རྒྱུ་འདི་ནི། །ཡེ་ཤེས་གཟུགས་ཀྱི་ཡོན་ཏན་ལས། །ཟེར་གྱི་ཡན་ལག་འོད་སྣང་ལུས། །ཐོག་མར་ལུས་ཀྱི་རྒྱུ་འདི་ནི། །རྒྱུ་ཡི་ལུས་དང་རྐྱེན་གྱི་ལུས། །རྒྱུ་ཡི་ལུས་ནི་རྣམ་གཉིས་ཏེ། །རང་གི་རྒྱུ་དང་ཚོགས་པའི་རྒྱུ། །རང་གི་རྒྱུ་ཡི་ལུས་ལ་ཡང་། །རིག་པ་འགགས་མེད་འོད་ཀྱི་ལུས། །རྐྱེན་གྱི་ལུས་ལ་རྣམ་གཉིས་ཏེ། །འདུན་པའི་སྒོ་ནས་ལུས་བཙལ་ཏེ། །བཟང་ངན་མེད་པའི་ལུས་དག་ལ། །ཐོབ་པའི་འདུ་ཤེས་སྐྱེས་པ་ཡིས། །འདུན་པའི་སེམས་ཀྱིས་བཙལ་ཏེ་འདུག །རྒྱུ་མཐུན་སྣང་བས་ཕ་མར་མཐོང་། །ཕ་ཡི་རྡོ་རྗེའི་བྱང་སེམས་ལས། །རང་གི་ལུས་དེའི་རྒྱུ་རུ་མཐོང་། །མ་ཡི་རིན་ཆེན་པདྨ་ལས། །གནས་ཀྱི་སྒོ་ནས་བསྐྱེད་བྱར་མཐོང་། །བསྐྱེད་རྒྱུ་བསྐྱེད་བྱ་གཉིས་སྣང་ལས། །རང་གི་ལུས་དེ་གྲུབ་པར་མཐོང་། །མཐོང་བའི་འདུན་པས་སྣང་བའི་ལུས་བཙལ་ནས། །ཁུ་བ་ཁྲག་ལས་ལུས་ཉིད་མཐོང་། །མཐོང་བའི་ཤེས་པ་བརྟས་པའི་བག་ཆགས་ཀྱིས། །བག་ཆགས་རང་སྣང་ལུས་དེ་བསྐྱེད་པར་སྣང་། །སྣང་བའི་ཤེས་པས་དངོས་སུ་ཡོད་པར་གྲུབ། །ནར་ནར་ནུར་ནུར་ནུས་པས་ལུས་ཉིད་བསྐྱེད་པར་གནས། །ལྟར་ལྟར་ལྟུར་ལྟུར་ལུས་ཀྱི་གཞི་རུ་གྲུབ། །གར་གར་གོར་གོར་ལུས་ཀྱི་དངོས་པོར་ཆགས། །སྡུད་པའི་ལྟེ་བར་དྲི་ཟ་ལྟེ་འཁོར་ལུས། །དབང་པོ་ཡན་ལག་ཚང་བའི་ལུས་སུ་གནས། །ལུས་སུ་སྨིན་པའི་འབྲས་བུ་སྡུག་བསྔལ་བཅུ་གཉིས་མྱོང་། །དོགས་པའི་སྡུག་བསྔལ་ཉེ་མེད་དམྱལ་བར་འདྲ། །དབང་པོ་ཡན་ལག་སྡུག་བསྔལ་ཁྱད་པར་རེ། །རྣམ་ཤེས་དབང་པོ་སྡུག་བསྔལ་ལྷག་པ་རེ། །འདུན་པའི་འདོད་ཆགས་དག་གིས་ལུས་ཉིད་གྲུབ། །ཕ་ལ་ཞེ་སྡང་སྐྱེ་ཞིང་མ་ལ་འདོད་ཆགས་སྐྱེ། །རིག་པ་ཕོ་ཡི་ལུས་སུ་གྲུབ་པའི་རྟགས། །མ་ལ་ཞེ་སྡང་སྐྱེ་ཞིང་ཕ་ལ་འདོད་ཆགས་སྐྱེ། །རིག་པ་མོ་ཡི་ལུས་སུ་གྲུབ་པའི་རྟགས། །ལུས་ཉིད་མཐོན་པོ་མངོན་དུ་རྒྱས་པ་ན། །འཁྲུལ་པ་མ་རིག་

བཞི་བརྒྱ་རྩ་བཞི་རྒྱས། །འཁྲུལ་པ་བཞི་བརྒྱ་རྩ་བཞི་ལས། །སྡུག་བསྔལ་བཞི་བརྒྱ་རྩ་བཞི་བྱུང་། །སེམས་ཅན་ལུས་སུ་གྲུབ་པ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སེམས་ཅན་ལུས་སུ་གྲུབ་པ་ལ། །ཡེ་ཤེས་ཀྱིས་ནི་བཟློག་པ་དང་། །ཡེ་ཤེས་ཉིད་ལུས་ཐོབ་པ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཡེ་ཤེས་ལུས་ཉིད་ཐོབ་པའི་དངོས་པོ་ནི། །ཡེ་ཤེས་ལ་ཡང་རྣམ་གཉིས་ཏེ། །རིག་པའི་ཡེ་ཤེས་ལུས་ངག་དང་། །རིག་མེད་ཡེ་ཤེས་ལུས་ངག་གོ། །རིག་པའི་ཡེ་ཤེས་ལུས་ཀྱི་དངོས་པོ་ནི། །ཆོས་རྣམས་ཐམས་ཅད་ནམ་མཁའི་ངང་དུ་རིག །ལུས་ཀྱི་དངོས་པོ་ཤིང་བལ་འདབ་བས་ཡང་། །སེམས་ཅན་ལུས་ལ་སངས་རྒྱས་དགོངས་པ་ཅན། །ཐ་མལ་པ་ཡི་ལུས་ཉིད་བཟློག་པར་བྱེད། །ཡེ་ཤེས་སྙིང་པོ་མ་འགགས་འགག་མེད་ལུས། །ལོངས་སྤྱོད་རྫོགས་སྐུའི་མཚན་དང་དཔེ་བྱད་གསལ། །མ་འགགས་མི་གཡོ་ཐོགས་པ་མེད་པའི་སྐུ། །བརྗོད་མེད་མི་བརྗོད་གཡོས་པ་མེད་པའི་ངང་། །ལུས་ཉིད་སྣང་བས་བྱང་སེམས་གྲོལ་བ་སེལ། །ཤེས་བྱའི་སྒྲིབ་པ་གཏིང་དཔག་དཀའ་ཕྲ་མོ། །སྐུ་ཉིད་སྣང་བ་ཙམ་གྱིས་སེལ་བར་བྱེད། །ཐོགས་མེད་འོད་ཀྱི་ལུས་སུ་གྲུབ་པ་སྟེ། །ཐོགས་བཅས་ལུས་ཀྱི་སྣང་བ་བཟློག་པར་འབྱེད། །རིག་མེད་ཡེ་ཤེས་སྙིང་པོའི་ལུས་དེ་ནི། །ཡེ་ཤེས་སྙིང་པོ་འགག་མེད་འགག་པ་མེད། །ཡུལ་དང་ཡུལ་ཅན་གཉིས་སུ་མི་རིག་ཅིང་། །མཚན་མ་རྣམ་རྟོག་གཉིས་སུ་རིག་པ་མེད། །རིག་མེད་ལུས་དེ་ཆོས་ཉིད་ནམ་མཁའ་འདྲ། །ཆོས་ཉིད་ནམ་མཁའ་གཟུགས་སུ་གྲུབ་པ་མེད། །གཟུགས་སུ་མ་གྲུབ་དངོས་པོར་ཐོགས་པ་མེད། །ཡེ་ཤེས་རང་དབང་ཆེན་པོའི་ལུས་སུ་གྲུབ་པ་ཡིན། །གཞན་ལ་མི་ལྟོས་ཁྱད་པར་ཆེན་པོའི་ལུས། །རང་གི་ལུས་དེ་རང་གི་དབང་ཐོབ་པོ། །རྒྱུ་རྐྱེན་བྲལ་བའི་ལུས་སུ་གྲུབ་པ་ཡིན། །སེམས་ཅན་ལུས་དེ་ཡེ་ཤེས་ལུས་སུ་གྲུབ་པའོ། །ཡེ་

ཤེས་ལུས་ཉིད་གྲུབ་པའི་ཡོན་ཏན་ནི། །ལུས་དེར་རྒས་དང་ན་བ་མེད་པར་འོང་། །ལུས་དེ་ཡང་ཞིང་བཅོས་སུ་བཏུབ་པར་འོང་། །ཤི་བ་མེད་ཅིང་ཡེ་ཤེས་འཕོ་འཇུག་ཤེས། །དམིགས་པའི་ལུས་མེད་ལུས་དེ་ཅིར་ཡང་སྣང་། །སེམས་ཅན་ལུས་དེ་རྐྱེན་གྱིས་བསྒྲུབ་པར་ཡོད། །ཡེ་ཤེས་ལུས་དེ་རྒྱུ་རྐྱེན་བྲལ་བའི་ལུས། །གཟུགས་མེད་ནམ་མཁའི་ལུས་ཀྱིས་བཟློག་པར་བྱེད། །གཟུགས་ཁམས་འོད་ལས་གྲུབ་པའི་དངོས་པོ་དེ། །གཟུགས་དེ་ཐོགས་མེད་ཡེ་ཤེས་འོད་ཀྱིས་བཟློག །ལུས་མེད་ལུས་དེ་ལུས་ཀྱི་མཆོག་ཆེན་པོ། །ལུས་ཀྱི་མཐའ་ཉིད་རྟོགས་པས་ལུས་ཀུན་རྟོག །གཟུགས་སུ་བཟུང་བའི་ལུས་དེ་འཁྲུལ་ལུས་སོ། །སངས་རྒྱས་ཀུན་གྱི་རྟོགས་པའི་ལུས་ཆེན་པོ། །སེམས་ཅན་ལུས་ཀྱི་ཡེ་ཤེས་མ་འཁྲུལ་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སེམས་ཅན་ལུས་སུ་གྲུབ་པ་ཐམས་ཅད་ལ། །མི་རྟག་འཆི་བའི་ལུས་དེ་སྣང་ཚུལ་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སེམས་ཅན་ལུས་སུ་གྲུབ་པ་ཐམས་ཅད་ལ། །རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་པས་ན། །རྒྱུ་ཡི་ནུས་པ་ཟད་པས་འཆི་བར་སྣང་། །ནུས་པ་ཟད་པའི་རྟགས་ནི་འདི་རྣམས་འབྱུང་། །འབྱུང་བ་ལྔ་ཡིས་བསྐྱེད་པའི་ལུས་ཡིན་པས། །ས་ཡི་ནུས་པ་ཟད་པས་སྐམ་པོར་སྣང་། །ཆུ་ཡི་ནུས་པ་ཟད་པས་ལྕི་བར་འོང་། །མེ་ཡི་ནུས་པ་ཟད་པས་གྲང་བར་འོང་། །རླུང་གི་ནུས་པ་ཟད་པས་ལྡང་མི་ནུས། །ནམ་མཁའི་ནུས་པ་ཟད་པས་བཀྲག་མདངས་ཉམས། །འཆི་བ་ལྟ་བུའི་སྣང་བ་འབྱུང་བ་ཡིན། །དགེ་སྡིག་བྱས་པའི་འཆི་བའི་སྣང་བ་གང་། །དགེ་བ་བྱས་པའི་སྣང་བ་འདི་རྣམས་འབྱུང་། །རང་གི་སྣང་བ་ལྷ་དང་ལྷ་མོ་ཡིས། །འདོད་ཡོན་མཆོད་པ་འབུལ་བའི་སྣང་བ་འབྱུང་། །ཁ་དོག་དཀར་པོ་འོད་དང་བཅས་པར་སྣང་། །ཞིང་ཁམས་མ་ལུས་གསལ་ཞིང་ཡི་དམ་གསལ། །བདེ་གཤེགས་སངས་རྒྱས་རྣམས་ཀྱི་སྲས་

ཀྱི་དམ་པར་བྱེད། །ལྷ་དང་མཁའ་འགྲོས་སྤུན་དང་གྲོགས་པོར་བྱེད། །གཤིན་རྗེ་ཤ་ཟ་མང་པོས་ཁུར་ཞིང་རྗེ་བོར་མཐོང་། །ལྷ་སྲིན་སྡེ་བརྒྱད་བྲན་དང་གཡོག་པོར་སྣང་། །དབུགས་ཀྱི་དྲོད་དེ་རྐང་མཐིལ་ནས་ཡལ་ནས། །སྤྱི་གཙུག་ཚངས་པའི་གནས་སུ་སྡུད་པར་བྱེད། །ཕྱི་ཡི་དབུགས་དེ་རིང་དུ་རྒྱུས་པ་ལས། །རྟོག་མེད་ནམ་མཁའི་ངང་ལ་སེང་རྩེར་ཐོང་། །སྡིག་པ་བྱེད་པའི་འཆི་བའི་སྣང་བ་དེ། །ཤ་ཟ་གཤིན་རྗེ་མང་པོ་མཐོང་བ་དང་། །མི་སྡུག་གཟུགས་ཉིད་སྣ་ཚོགས་སྟོན་པར་བྱེད། །ཚེ་སྲོག་དབུགས་ཀྱིས་བརྒྱལ་བ་མི་རྟོགས་ཏེ། །ངུ་ཞིང་ཆོ་ངེ་མང་པོ་འདོན་པར་བྱེད། །ཞགས་ཐོགས་མཚོན་ཐོགས་མང་པོའི་གཤིན་རྗེ་ཡིས། །ད་འདོང་ཟེར་ཞིང་རྒྱབ་ནས་ཕུལ་བར་བྱེད། །ཚ་གྲང་དམྱལ་བའི་སྡུག་བསྔལ་མང་པོ་མྱོང་བར་སྟོན། །སྲིད་པའི་འཁོར་ལོ་ཉིན་བདུན་མཚན་བདུན་བསྐོར། །རང་གིས་སྡུག་བསྔལ་མང་པོ་ཞར་ལ་སྣང་། །བསྐལ་པར་བསགས་པའི་སྡུག་བསྔལ་སྟོན་པར་བྱེད། །རིགས་དྲུག་སྣང་བ་ཐམས་ཅད་སྟོན་པར་འོང་། །རང་གི་མཚན་མ་ནག་པོར་མཐོང་། །རང་གིས་དུས་ནས་ཕ་བོས་མ་བོས་ཀྱང་། །མུན་ནག་ཆེན་པོར་རང་ཉིད་གཅིག་པུར་འཁྱམས། །སྲིད་པར་འཁྱམས་པའི་སྡུག་བསྔལ་མང་པོ་མཐོང་། །ལྷ་སྲིན་སྡེ་བརྒྱད་ཤ་དང་ཁྲག་ལ་ཟ། །ལུས་ཀྱི་དྲོད་དེ་སྤྱི་བོ་ནས་བཟུང་ནས། །རྐང་མཐིལ་བར་དུ་དྲོད་དེ་ཡལ་བར་བྱེད། །རང་གི་སྣང་བ་འཁྲུལ་པས་དམྱལ་བ་མཐོང་། །འཆི་བའི་ལུས་སྣང་བའི་ལེའུ་སྟེ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲིད་པ་བར་མ་དོ་སྣང་བའི་ལུས་དེ་ཅི་ལྟ་བུ་ལགས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །བྱུང་བའི་བར་དོ་འབྱུང་བའི་བར་དོ་དང་། །གནས་པའི་བར་དོ་རྣམ་པ་གསུམ་དུ་བྱུང་། །བར་དོར་ཕལ་ཆེར་ཞག་ནི་བདུན་ལ་འབྱུང་། །བདུན་ཚོ་བདུན་ལ་བར་དོ་ཐེངས་རེ་འབྱུང་། །བར་དོ་རང་ལ་གནས་པའི་སྣང་ཚུལ་ནི། །ལུས་ཀྱི་སྣང་ཚུལ་སེམས་ཀྱི་སྣང་ཚུལ་ལོ། །ལུས་ཀྱི་སྣང་ཚུལ་འདི་ལྟར་སྣང་བ་སྟེ། །དབང་པོ་ཀུན་ཚང་ཐོགས་མེད་ལུས། །

སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །ཐོགས་མེད་ལུས་དེ་ཐམས་ཅད་འཁྱམས། །དབུགས་ཀྱི་རྟ་ལ་རབ་ཞོན་ཏེ། །འདས་དང་མ་འོངས་ཐམས་ཅད་ཀུན། །རང་གི་བག་ཆགས་ཐམས་ཅད་གསལ། །དགེ་སྡིག་ཅི་བྱས་གསལ་བར་སྣང་། །སྔོན་དུ་འདྲིས་པ་ཐམས་ཅད་ཀུན། །གདུང་བའི་སེམས་ཀྱིས་གསལ་བར་སྣང་། །འདྲིས་པའི་ཡུལ་གྱིས་བོས་པའི་ཚེ། །ལམ་དེ་བཞག་ནས་མལ་ལ་འཁོར། །སྔོན་དུ་ཅི་བྱས་རྣམ་པར་གསལ། །འདྲིས་པའི་དངོས་པོ་བརྗེད་མི་བྱེད། །རྣམ་རྟོག་དབུགས་ཀྱི་རྟ་ལ་ཞོན། །ཀུན་ཏུ་འཁྱམས་ཏེ་ཀུན་ཏུ་འཁོར། །ས་མལ་དུས་རྟགས་མེད་པ་རུ། །རང་གི་སྣང་བ་གཅིག་པུར་མཐོང་། །ཤིན་ཏུ་འཇིགས་པའི་གཤིན་རྗེ་ཡིས། །སྡིག་བྱེད་ལུས་ལ་གནོད་པར་བྱེད། །སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད། །འདི་དང་ཕྱི་མ་གཉིས་ཀ་གསལ། །གསལ་བའི་ཡེ་ཤེས་ཕྲ་མོ་དེ། །ཡེ་ཤེས་གསུམ་དུ་འགྱུར་བ་ཡིན། །རིག་པའི་ཡེ་ཤེས་ཆོས་རྣམས་གསལ། །རིག་པ་མི་གཡོ་ཡེ་ཤེས་གསལ། །རིག་མེད་སྙིང་པོ་ཆོས་ཉིད་གསལ། །ཡེ་ཤེས་གསུམ་ལ་གནས་པར་བྱའོ། །སེམས་ཅན་དུས་ན་འདུ་ཤེས་ཡིན། །ཐེག་པའི་དུས་ན་སེམས་ཉིད་ཡིན། །སངས་རྒྱས་དུས་ན་ཡེ་ཤེས་ཡིན། །དབུགས་ལ་བརྟེན་པའི་ཤེས་པ་དེ། །ཕྱི་རུ་སྤྲོ་ཡང་མི་སྤྲོ་གདགས། །ནང་དུ་རྔུབ་ཀྱང་སྡོག་མི་བསྐྱོད། །རང་སོར་གནས་ཀྱང་སྤྲོ་མི་བྱ། །ཕྱི་ནང་ཐམས་ཅད་གསལ་བ་སྟེ། །ཡེ་ཤེས་གསལ་བའི་རྒྱུ་ཡིན་པས། །དམིགས་བྱ་དམིགས་བྱེད་མེད་པ་རུ། །ཆོས་སྐུ་ནམ་མཁའི་ངང་ལ་བཞག །ཐོག་མ་མེད་པའི་ལུས་དེ་ནི། །མིང་ཙམ་མེད་པའི་སྐུ་འགྲུབ་པས། །ཐོགས་བཅས་ལུས་པོ་ཆོས་ཉིད་ཐོབ། །རང་བཞིན་མེད་པར་གཞག་པར་བྱ། །སྣ་ཚོགས་གཟུགས་སུ་གསལ་བ་དེ། །ཡེ་ཤེས་ཡོན་ཏན་མ་འགགས་པས། །མ་འགགས་འགག་པ་མེད་པར་བཞག །མཚན་མེད་ཆོས་ཉིད་མཐོང་བ་མེད། །བརྡ་དང་མིང་གི་མཐོང་བ་སྟེ། །མཐོང་མེད་དོན་དམ་མཐོང་བ་

སྟེ། །ཆོས་ཉིད་མཐོང་ན་ནམ་མཁའ་འདྲའོ། །བར་དོ་རང་སྣང་གི་ལེའུ་སྟེ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བར་དོའི་ཤེས་པ་དེ་དག་ལ། །བཅོས་པའི་ཐབས་ནི་ཇི་ལྟ་བུ། །བར་དོའི་ཤེས་པ་དེ་དག་ལ། །བཅོས་པའི་ཐབས་ནི་རྣམ་གསུམ་སྟེ། །མ་ཆགས་མི་གཡོ་བཅོས་པ་ནི། །ལོངས་སྤྱོད་ལུས་ལ་མ་ཆགས་པས། །དམིགས་པ་མེད་པའི་འབྲས་བུ་ཐོབ། །ལོངས་སྤྱོད་ལ་ནི་རྣམ་གཉིས་ཏེ། །དབང་པོ་ལྔ་ཡི་ལོངས་སྤྱོད་ལ། །ཆགས་ན་འདོད་པའི་ཁམས་སུ་སྐྱེ། །རང་གི་ལུས་ལ་ཆགས་པས་ནི། །འདོད་པའི་ཁམས་ཀྱི་ལྷ་རུ་སྐྱེ། །རང་སེམས་རང་ལ་ཆགས་པས་ནི། །གཟུགས་ཁམས་གནས་སུ་ལུས་ལེན་ཏེ། །ཞེ་སྡང་རྒྱུན་ཆེན་དྲགས་པ་ན། །དམྱལ་བའི་གནས་སུ་ལུས་ལེན་ཏེ། །འདོད་ཆགས་རྒྱུན་ཆེན་དྲགས་པས་ན། །ཡི་དྭགས་གནས་སུ་ལུས་ལེན་ཏེ། །གཏི་མུག་རྒྱུན་ཆེན་དྲགས་པ་ན། །དུད་འགྲོའི་གནས་སུ་ལུས་ལེན་ཏོ། །ང་རྒྱལ་རྒྱུན་ཆེན་དྲགས་པ་ན། །མི་ཡི་གནས་སུ་ལུས་ལེན་ཏོ། །ཕྲག་དོག་རྒྱུན་ཆེན་དྲགས་པ་ན། །ལྷ་མིན་གནས་སུ་ལུས་ལེན་ཏོ། །ལེ་ལོ་རྒྱུན་ཆེན་དྲགས་པ་ན། །ལྷ་ཡི་གནས་སུ་ལུས་ལེན་ཏོ། །ཡེ་ཤེས་གཡོ་བ་མེད་པའི་རྟགས། །འགགས་ན་ལོངས་སྤྱོད་རྫོགས་སྐུར་སྐྱེ། །ཆོས་ཉིད་མི་འགྱུར་ནམ་མཁའ་ལ། །རང་བཞིན་མེད་པར་རྟོགས་པ་ན། །སངས་རྒྱས་ཆོས་སྐུའི་སྙིང་པོ་ཐོབ། །འཆི་བ་དབུགས་ཀྱི་བར་དོ་རུ། །ཆོས་རྣམས་ཐམས་ཅད་དྲན་མི་བྱ། །དྲན་རྟོག་མེད་པའི་ནམ་མཁའ་ལ། །དམིགས་པ་མེད་པར་སིང་ངེར་བཞག །བག་ཆགས་མི་གཡོ་ཡེ་ཤེས་ཏེ། །རང་བཞིན་མེད་པར་གཞག་པར་བྱ། །རང་བཞིན་མེད་པར་རྟོགས་གྱུར་ན། །སངས་རྒྱས་ཀུན་གྱི་སྙིང་པོ་ཐོབ། །ཆོས་རྣམས་ནམ་མཁའི་སྙིང་པོ་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་ཡང་། །རྟོག་མེད་ནམ་མཁའི་ངང་དུ་བསྒོམ། །ཆོས་རྣམས་ཐམས་

ཅད་ལྟ་བས་གཅོད། །ལུས་ངག་སྤྱོད་པ་ཆེན་པོ་དེ། །ལུས་ཀྱི་སྡུག་བསྔལ་ཅི་བྱུང་ཡང་། །རིག་པའི་ཤེས་པ་དེ་དག་ཀུན། །རིག་མེད་དབུགས་ཀྱི་རྟ་ཕོ་ལ། །རྣམ་རྟོག་བཅས་ཏེ་མཁའ་ལ་བཞག །རྣམ་རྟོག་སྐྱེད་པ་ཡིད་ཡིན་པས། །ཡིད་ཀྱི་ཡེ་ཤེས་མིང་མེད་བསྒོམ། །ལོ་དང་བསྐལ་པ་མང་པོ་རུ། །ཉོན་མོངས་བག་ཆགས་མང་ཡོད་ཀྱང་། །བར་དོའི་ཡེ་ཤེས་སྐད་ཅིག་གིས། །གསལ་བས་ཐམས་ཅད་དག་པར་བྱེད། །འཆི་ཁའི་ཡེ་ཤེས་སྟོབས་དྲགས་ན། །གོང་གི་རྣམ་རྟོག་ཉོན་མོངས་ཀུན། །ཡེ་ཤེས་སྐད་ཅིག་དག་གིས་སེལ། །འཆི་ཁའི་ཡེ་ཤེས་སྟོབས་ཞན་ན། །ལོ་དང་བསྐལ་པའི་བག་ཆགས་ཀུན། །དུས་དེ་ཉིད་དུ་རྫོགས་པར་སྣང་། །བར་དོའི་ཤེས་པ་ཡེ་ཤེས་སུ་བཅོས་པའི་ཐབས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །།སྡུད་པོ་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །མཐོ་རིས་ངན་སོང་གར་འགྲོ་བ། །དབུགས་དང་དྲོད་ཀྱི་ཆ་ཡིས་ཤེས། །དྲོད་དབུགས་བརྟག་པ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །མཐོ་རིས་འགྲོ་བའི་དྲོད་དེ་ནི། །རྐང་མཐིལ་དག་ནས་དྲོད་ཡལ་བ། །སྲིད་པ་ཆགས་པའི་ལྟེ་བ་རུ། །ལུས་ཀྱི་དྲོད་ནི་དེར་འདུས་ན། །ཁྱད་པར་ལྷ་ཡི་གནས་སུ་སྐྱེ། །དེ་ནས་སྙིང་དྲོད་ཡར་བསྡུས་ཏེ། །མགྲིན་པའི་ངག་གི་གནས་དེར་སྡུད། །ལུས་ཀྱི་དྲོད་ནི་དེར་འདུས་ན། །ཁྱད་པར་ལྷ་མིན་གནས་སུ་སྐྱེ། །མགྲིན་པའི་དྲོད་དེ་ཡར་བསྡུས་ནས། །སྤྱི་བོ་ཚངས་པའི་གནས་དེར་འདུས། །བསྡུས་ཏེ་འོད་དང་གཞའ་སོང་ན། །ཕྱག་རྒྱ་ཆེན་པོའི་རྒྱུ་རུ་སྐྱེ། །མཐོ་རིས་ཐོབ་པའི་དབུགས་རྟགས་ནི། །ནང་དུ་སུམ་ཆ་རྔུབ་པ་ན། །ལྷ་དང་ལྷ་མིན་ཁྱད་པར་ཐོབ། །ཕྱི་རུ་སུམ་གཉིས་སྤྲོ་བ་ན། །རིག་པ་འཛིན་པའི་ས་རུ་སྐྱེ། །ངན་སོང་སྐྱེ་བའི་དྲོད་དེ་ནི། །སྤྱི་བོའི་གཙུག་ནས་དྲོད་ཡལ་ཏེ། །ལྟེ་བའི་གནས་སུ་དྲོད་བསྡུས་ན། །གླེན་ལྐུགས་བྱོལ་སོང་གནས་

སུ་སྐྱེ། །ལྟེ་བ་ནས་བཟུང་དྲོད་ཡལ་ཏེ། །རྐང་མཐིལ་གནས་སུ་དྲོད་ཡལ་ན། །དམྱལ་བའི་གནས་སུ་སྐྱེ་བར་ངེས། །ལུས་ཀྱི་ཕྱི་རུ་དྲོད་བྲོས་ནས། །ཐད་ཁར་རང་རང་ཡལ་བ་ན། །བཀྲེས་སྐོམ་ཡི་དྭགས་གནས་སུ་སྐྱེ། །ངན་སོང་འགྲོ་བའི་དབུགས་དེ་ནི། །ནང་དུ་སུམ་གཉིས་རྔུབ་པ་དང་། །ཕྱི་རུ་སུམ་ཆ་སྤྲོ་བ་ནི། །ངན་སོང་གནས་སུ་སྐྱེ་བར་ངེས། །མཐོ་རིས་གནས་སུ་སྐྱེ་བ་ན། །ཆོས་སྐུ་རིག་མེད་ནམ་མཁའ་བསྒོམ། །ངན་སོང་གནས་སུ་སྐྱེ་བ་ན། །ཡེ་ཤེས་རིག་གསལ་སྟོང་པ་བསྒོམ། །མཐོ་རིས་ངན་སོང་བརྟགས་པའི་ལེའུ་སྟེ་བདུན་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །མཐོ་རིས་ངན་སོང་རིགས་པ་ལ། །ངན་སོང་གནས་ནས་འདྲེན་པ་ལ། །ཕྱག་རྒྱ་ཏིང་འཛིན་ལྡན་པ་ལ། །དམིགས་པ་མེད་པའི་ཐུགས་རྗེ་ཡིས། །ཉོན་མོངས་དྲངས་ཤིང་གནས་ནས་འགུགས། །ཉོན་མོངས་དབང་གིས་སྐྱེ་བ་སྦྱོང་བའི་ཐབས་དེ་གང་། །སྟོན་པའི་སྟོན་པ་ཀུན་བཟང་གིས། །ཚེ་འདས་རིགས་ཀྱི་བུ་དེ་ཡང་། །དྲི་མ་རུས་པའི་རྟེན་དག་ལ། །རིན་ཆེན་དར་དང་ཚོན་སྐུད་ཀྱིས། །ལེགས་པར་རིགས་དྲུག་སྙིང་པོ་འགོད། །ཡི་གེ་ཨཱ་ཧཱུཾ་ཕཊ་དག་གིས། །རྒྱ་ཡིས་གདབ་སྟེ་གུར་ཆེན་དབུས། །ཉོན་མོངས་སྦྱང་ཕྱིར་བཀུག་ལ་བསྡིམ། །ཡེ་ཤེས་ཕྱག་རྒྱ་ཀུན་བཟང་གིས། །ཐུགས་ཀྱི་ཡི་གེ་ཧཱུཾ་བཏོན་ནས། །ཨཱཿཡིས་བསྡིམ་ཏེ་ཕཊ་ཀྱིས་སྤར། །ཕཊ་ཀྱི་འོད་ཟེར་ནག་པོ་ཡིས། །ཉོན་མོངས་སྦྱངས་པས་ཡེ་ཤེས་གསལ། །ཡེ་ཤེས་དེ་ཡི་བྱིན་རླབས་ལས། །བྱང་ཆུབ་སེམས་དེ་ཡི་གེ་ཨཱཿ། །དམིགས་པ་མེད་པའི་ཆོས་ཉིད་བསྒོམ། །དེ་ཡི་ཁྱད་པར་ཡོན་ཏན་ལ། །ཉོན་མོངས་སྦྱངས་ཏེ་ཡེ་ཤེས་གསལ། །རང་བཞིན་མེད་པའི་ཆོས་སྐུ་ཐོབ། །བར་དོའི་ཉོན་མོངས་སྦྱོང་བའི་ལེའུ་སྟེ་བརྒྱད་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བར་དོའི་སེམས་ཉིད་དྲི་མ་དེ། །དག་པའི་

རྟགས་ནི་ཅི་ཞིག་འབྱུང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །དྲི་མ་དག་རྟགས་གསུམ་འབྱུང་སྟེ། །ཉོན་མོངས་དྲི་མ་དག་པ་ནི། །བྱུང་བའི་ཉོན་མོངས་དྲི་མ་དང་། །འབྱུང་བའི་ཉོན་མོངས་དྲི་མ་དང་། །བྱུང་ནས་གནས་པའི་ཉོན་མོངས་དྲི་མའོ། །བྱུང་བའི་ཉོན་མོངས་དྲི་མ་ནི། །མ་རིག་པ་ཡི་རྒྱུ་ཡིན་ནོ། །འཁྲུལ་དང་མ་འཁྲུལ་མི་ཤེས་པས། །མ་རིག་པ་ཞེས་དེ་ལ་བྱ། །བྱུང་བའི་མ་རིག་པ་དེས་ནི། །བྱིང་བའི་ཤེས་པ་སྐྱེད་པར་བྱེད། །རང་བྱུང་ཡེ་ཤེས་མི་གསལ་བས། །བར་དོའི་གནས་སུ་ཤེས་པ་སྐྱེ། །འབྱུང་བའི་ཉོན་མོངས་དྲི་མ་དེས། །ཉོན་མོངས་རྒོད་པའི་རྒྱུ་བྱས་ཏེ། །ཆོས་རྣམས་ཐམས་ཅད་མིང་དུ་སྣང་། །མིང་ཚིག་ཟུང་དུ་འདྲེལ་བ་ཡིས། །ཆོས་རྣམས་ཐམས་ཅད་བརྗོད་བྱར་མཐོང་། །མཐོང་བའི་དོན་ལ་བློ་ཆགས་པས། །སྣ་ཚོགས་གཟུགས་ཀྱི་སྣང་བར་བྱུང་། །སྣང་བའི་དོན་དེ་འཁྲུལ་པ་ཡིས། །བར་དོ་སྣ་ཚོགས་འཁོར་བ་ལས། །ཉིན་མཚན་དུས་སུ་ལུས་ཉིད་བྲལ། །འབྲས་བུ་སྡུག་བསྔལ་མི་འདོད་འདུ། །བྱུང་ནས་གནས་པའི་དྲི་མ་ནི། །རང་གནས་ཤེས་པས་རྒྱུ་བྱས་ཏེ། །འབྲས་བུ་རིགས་དྲུག་སྡུག་བསྔལ་མྱོང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་རེ་རེ་ཡིས། །ཉོན་མོངས་སྟོབས་དང་ཡེ་ཤེས་སྟོབས། །སྟོབས་ཀྱི་ཁྱད་པར་རེ་རེ་ལས། །རང་སྟོབས་རང་གནས་འབྲས་བུ་ཐོབ། །བར་དོའི་ཤེས་པ་དེ་དག་ལ། །ཉོན་མོངས་དྲི་མ་དག་པའི་རྟགས། །འབྲས་བུ་སྨྱག་ཤད་ལྕུག་མ་ཙམ། །དཀར་ལ་འཚེར་བའི་རྒྱུ་ཉིད་འབྱུང་། །ཉོན་མོངས་སྒྲིབ་པ་དག་པའི་རྟགས། །ཁ་དོག་དཀར་པོ་འོད་ཉིད་འབྱུང་། །ཤེས་བྱའི་སྒྲིབ་པ་དག་པའི་རྟགས། །ཤ་རཱི་རམ་དང་ཉ་རཱི་རམ། །གདུང་ནི་རྒུན་འབྲུམ་ཚད་ཙམ་འབྱུང་། །ཁ་དོག་སྨུག་ཅིང་མདངས་ཆེ་བ། །བྱང་སེམས་འབྲས་བུ་ཐོབ་པའི་རྟགས། །གསང་སྔགས་རྣལ་འབྱོར་ལྷ་བསྒོམས་པས། །སྐུ་གདུང་རིང་བསྲེལ་རྣམ་ལྔ་འབྱུང་། །ཕྱག་རྒྱ་ཐོབ་པས་སྐུ་གཟུགས་འབྱུང་། །གསུང་ཉིད་ཐོབ་པས་སྒྲ་འོད་འབྱུང་། །ཐུགས་ཉིད་ཐོབ་པས་

འཇའ་འོད་འབྱུང་། །གསང་སྔགས་འབྲས་བུ་ཐོབ་པའི་རྟགས། །འབྲས་བུ་ཐོབ་པའི་རྣལ་འབྱོར་པས། །ཡེ་ཤེས་ཡོན་ཏན་མ་འགགས་པས། །འབྲས་བུ་ཐམས་ཅད་ཐོབ་པའི་རྟགས། །སྐུ་གཟུགས་ཁ་དོག་ཅི་ཡང་སྣང་། །ཆེ་ཆུང་མཐེ་བོང་ཙམ་དུ་འབྱུང་། །འཇའ་དང་འོད་དང་ཁུ་རླངས་འབྱུང་། །སྒྲ་དང་ན་བུན་སྐར་མདའ་འབྱུང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་། །ཐ་དད་མེད་པར་ལྷུན་གྱིས་གྲུབ། །ཉོན་མོངས་སྒྲིབ་པ་དག་པའི་རྟགས། །འབྲས་བུ་མངོན་དུ་འགྲུབ་རྟགས་ཡིན། །བར་དོའི་དྲི་མ་དག་པའི་རྟགས་ཀྱི་ལེའུ་སྟེ་དགུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ཚེ་འདས་ལུས་ཀྱི་ཕུང་པོ་ལ། །སྦྱོང་བའི་ཐབས་ནི་ཅི་ལྟ་བུ། །ལུས་དེ་སྦྱངས་པས་ཅི་ལ་ཕན། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ལུས་ཀྱི་ཕུང་པོ་སྦྱོང་ཐབས་གསུམ། །ཡེ་ཤེས་མེ་ལྷས་སྦྱང་བ་དང་། །ཡིག་འབྲུ་སྔགས་ཀྱིས་སྦྱང་བ་དང་། །ཆོས་ཉིད་ཏིང་འཛིན་གྱིས་སྦྱང་བའོ། །ཡེ་ཤེས་མེ་ལྷ་རྣམ་གཉིས་ཏེ། །དམ་ཚིག་མེ་ལྷ་ཡེ་ཤེས་མེ་ལྷའོ། །དམ་ཚིག་མེ་ལྷས་སྦྱང་བ་ནི། །ཆོས་ཉིད་ནམ་མཁའི་རང་བཞིན་ལ། །རིག་པ་ཡེ་ཤེས་ཆེན་པོ་དེའང་། །འཛིན་རྟོག་མེད་པའི་ཐུགས་ཉིད་ལས། །རང་བྱུང་ཡེ་ཤེས་མེ་སྦར་བས། །རྣམ་རྟོག་བག་ཆགས་མཁའ་ལ་ཐིམ། །ཡེ་ཤེས་མེ་ལྷས་སྦྱང་བ་ནི། །ཐོག་མ་མེད་པའི་དུས་ཉིད་ནས། །སྐྱེས་དང་མ་སྐྱེས་གཉིས་མེད་དེ། །རང་ལ་གནས་པའི་ཡེ་ཤེས་དེར། །མཉམ་པར་བཞག་པས་ལུས་ཉིད་སྦྱངས། །ལུས་ཀྱི་རྣམ་རྟོག་བག་ཆགས་ཀུན། །ཆོས་ཉིད་ནམ་མཁའི་ངང་ལ་ཐིམ། །འབྱུང་བའི་མེ་ཡིས་ལུས་ཉིད་བསྲེག །ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི། །རྐང་མཐིལ་གཉིས་སུ་ཡཾ་གཉིས་བསམ། །གསང་བའི་སྒོ་རུ་རཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་གར་ཕཊ་ཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡཾ་ལས་ཡེ་ཤེས་རླུང་བྱུང་བས། །རཾ་ལས་ཡེ་ཤེས་མེ་སྦར་ནས། །རིགས་

དྲུག་བག་ཆགས་ཐམས་ཅད་བསྲེག །ལུས་དང་ངག་ཡིད་སྐུ་གསུང་ཐུགས་སུ་འགྱུར། །ཕཊ་ཀྱིས་ཆོས་ཉིད་གནས་སུ་འཕང་། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཐོབ། །ཡེ་ཤེས་ཡིག་འབྲུས་སྦྱང་བའི་གཞི། །སྐྱེ་བ་མེད་པའི་ཡིག་འབྲུ་ནི། །མཚོན་དུ་མེད་པའི་ཆོས་ཉིད་ཡིན། །གནས་པ་མེད་པའི་ཡིག་འབྲུ་ནི། །འཕོ་འགྱུར་མེད་པའི་ཡེ་ཤེས་ཡིན། །ཤི་བ་མེད་པའི་ཡིག་འབྲུ་ནི། །བརྗོད་དུ་མེད་པའི་ནམ་མཁའ་ཡིན། །སྔགས་ཀྱིས་སྦྱང་བ་རྣམ་གཉིས་ཏེ། །དག་པའི་སྔགས་དང་མ་དག་སྔགས། །དག་པའི་སྔགས་ཀྱིས་སྦྱང་བ་ནི། །སྒྲ་དང་ཚིག་ཏུ་མ་བརྗོད་ཀྱང་། །ཆོས་རྣམས་ཐམས་ཅད་སྟོང་པར་སྦྱང་། །ཆོས་ཉིད་བདེན་པའི་སྔགས་འདི་ཡིས། །མཚན་མའི་རྣམ་རྟོག་སྟོང་པར་དག །མ་དག་སྔགས་ཀྱིས་སྦྱང་བ་ནི། །ཆོས་རྣམས་ཐམས་ཅད་སྟོང་པར་སྤྲུལ་པ་སྟེ། །བདེ་གཤེགས་གསུང་གི་སྤྲུལ་པ་ཡིན། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་སྔགས་ཀྱིས་སྦྱང་། །གསུང་ཉིད་རྣམ་རྟོག་བག་ཆགས་ཀུན། །བདེར་གཤེགས་གསུང་གིས་སྦྱང་བར་བྱ། །ལུས་ཀྱི་རྣམ་རྟོག་ཐམས་ཅད་ཀུན། །བདེ་གཤེགས་སྐུ་ཡིས་སྦྱང་བར་བྱ། །སེམས་ཀྱི་རྣམ་རྟོག་ཐམས་ཅད་ཀུན། །ཆོས་སྐུ་ཆེན་པོས་སྦྱང་བར་བྱ། །ཐོག་མ་མེད་པའི་སྡིག་སྒྲིབ་ཀུན། །ཡེ་ཤེས་འོད་ཟེར་དག་གིས་སྦྱང་། །ཆོས་ཉིད་ཏིང་འཛིན་སྦྱང་བ་ནི། །ཆོས་སྐུ་སྤྲུལ་བའི་ཡུལ་དང་བྲལ། །སྦྱང་དང་མ་སྦྱངས་གཉིས་མེད་པས། །ཆོས་རྣམས་ཐམས་ཅད་ནམ་མཁར་བསྒོམ། །འཁྲུལ་པའི་ལུས་ཉིད་སྦྱང་བས་ནི། །སྐྱེ་མེད་ལུས་སུ་མངོན་སངས་རྒྱས། །ལུས་སྦྱོང་བ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །འཁོར་བ་བག་ཆགས་སྣང་བ་ཡི། །སེམས་དེ་སྦྱང་བ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སེམས་སྦྱང་བ་ལ་རྣམ་གསུམ་སྟེ། །ཐོག་མའི་སེམས་ཉིད་སྦྱང་བ་དང་། །བར་དོའི་སེམས་ཉིད་སྦྱང་

བ་དང་། །གནས་པའི་སེམས་ཉིད་སྦྱང་བའོ། །ཐོག་མའི་སེམས་ཉིད་སྦྱང་བ་ནི། །རང་བྱུང་ཡེ་ཤེས་སྙིང་པོ་དང་། །རིག་མེད་ནམ་མཁའ་ཡོད་པ་ལ། །གཡོས་པ་མེད་པའི་ཡོན་ཏན་ལས། །རིག་པའི་ཟེར་ཚོགས་འབུམ་བྱུང་བས། །སྣ་ཚོགས་རིག་པར་གྱུར་པ་ཡིན། །འཁྲུལ་པའི་རིག་པ་འབུམ་ཚོགས་ཤར། །ཐོག་མའི་རིག་པ་བཟློག་པའི་ཕྱིར། །རིགས་མེད་ངང་དུ་བསྒོམ་པར་བྱའོ། །བར་དོའི་སེམས་ཉིད་སྦྱང་བའི་ཕྱིར། །རང་ཉིད་རྨུགས་པར་གྱུར་པ་ལ། །ཁྱད་པར་ཅན་གྱི་བླ་མས་སྦྱང་། །ལྟ་བ་སྤྱོད་པ་སྒོམ་པ་ཡིས། །སྦྱངས་ཏེ་ལམ་ལ་འཇུག་པར་བྱ། །ལྟ་བས་སྦྱང་བ་རྣམ་གསུམ་སྟེ། །ཆོས་ཉིད་ལྟ་བས་སྦྱང་བ་ནི། །ཆོས་རྣམས་ཐམས་ཅད་ཆོས་སྐུ་སྟེ། །འཁོར་དང་མྱ་ངན་འདས་པ་ཀུན། །ཕྱི་དང་ནང་མེད་ཆོས་ཀྱི་སྐུ། །བཅོས་སུ་མེད་དེ་ནམ་མཁའོ། །ཡེ་ཤེས་ལྟ་བས་སྦྱང་བ་ནི། །ཆོས་རྣམས་ཐམས་ཅད་གཅིག་པ་ལ། །འདོད་འདི་མེད་ན་ཡེ་ཤེས་སོ། །རྒྱུ་དང་འབྲས་བུ་ཐམས་ཅད་ཀུན། །རིག་པ་མེད་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་ལྟ་བས་སྦྱང་བ་ནི། །ང་དང་བདག་ཏུ་སྣང་བ་ཀུན། །ཐ་དད་མེད་པའི་ཐུགས་རྗེ་ཡིས། །རིག་པའི་ཡེ་ཤེས་ལས་ལ་གཟུད། །བསྒོམ་པས་སྦྱང་བའི་ཐབས་དེ་ནི། །ཆོས་ཉིད་སྟོང་པས་སྦྱང་བ་ན། །རྟོགས་དང་མི་རྟོག་གཉིས་མེད་དེ། །མཚན་མའི་རྣམ་རྟོག་ཅི་བྱུང་ཡང་། །བརྗོད་དུ་མེད་པའི་ནམ་མཁའ་ལ། །མིང་དང་བྲལ་བར་བསྒོམ་པར་བྱ། །ཐབས་ཀྱི་བསྒོམ་པས་སྦྱང་བ་ནི། །མཚན་མའི་རྣམ་རྟོག་ཐམས་ཅད་ཀུན། །ཡིད་ཀྱི་རྣམ་ཤེས་དག་ལས་བྱུང་། །ཡིད་ཀྱི་རྣམ་ཤེས་རྒྱུན་གཅད་དེ། །བརྗོད་དང་བྲལ་བའི་ཆོས་ཉིད་བསྒོམ། །ཐུགས་རྗེ་ཐབས་ཀྱི་བསྒོམ་པ་ནི། །ཆོས་རྣམས་ཐམས་ཅད་སྣང་བ་སྟེ། །སྣང་བ་དེ་ལ་མིང་ཆགས་ཏེ། །མིང་ལ་བརྟེན་ནས་ཉོན་མོངས་ཏེ། །ཉོན་མོངས་དེ་རྣམས་བཟློག་པའི་ཕྱིར། །རང་བྱུང་ཡེ་ཤེས་རིག་པ་དེ། །མ་བཙལ་མི་བསྐྱེད་ཡུལ་ལས་བཟློག །འབྱེད་པ་མེད་པའི་ཡེ་ཤེས་ཀྱིས། །ཆོས་རྣམས་ཐམས་ཅད་མཉམ་པར་གཞག །

བར་དོའི་སྤྱོད་པས་སྦྱང་བ་མེད། །ཚེ་ལ་འདས་པའི་རིག་པ་དེ། །ཞག་བདུན་དག་ནས་ལུས་ལ་འཇུག །ལུས་དེ་སྐྱོན་ཉིད་མི་འཛིན་པས། །སྲེད་པའི་སྡུག་བསྔལ་དེ་ཉིད་སྦྱང་བའི་ཕྱིར། །ཚེ་འདས་རིག་པའི་ཤེས་པ་དགུག །དྲི་མ་མིང་དང་རུས་བྲིས་ལ། །བསྡིམས་ཏེ་སྐྱབས་འགྲོ་ལུས་དབུལ་བྱ། །ལུས་ཀྱི་སྡིག་སྒྲིབ་སྦྱང་བའི་ཕྱིར། །སངས་རྒྱས་བདེ་བ་དཔག་མེད་ལ། །ལུས་འབུལ་ངག་བརྗོད་སེམས་གདུང་ལ། །མཚན་གྱི་ཡོན་ཏན་མང་པོ་བརྗོད། །ལུས་ངག་ཡིད་གསུམ་དག་པ་ཡིས། །བརྫུས་ཏེ་སྐྱེ་བའི་ལུས་ཉིད་ཐོབ། །སྦྱིན་དང་མཆོད་པ་མང་པོ་ཡིས། །ལུས་ངག་དགེ་བ་ཅི་ནུས་བྱ། །དམིགས་པ་མེད་པའི་ཚིགས་སུ་བསྔོ། །ཞག་ནི་བདུན་ཚོ་བདུན་དག་ཏུ། །ཞག་གི་དགེ་བ་ཅི་ནུས་བྱ། །རང་བཞིན་གནས་པའི་སེམས་སྦྱོང་བ། །ཏིང་འཛིན་བརྒྱ་ནི་རྩ་བརྒྱད་ཀྱིས། །སྦྱངས་པས་འབྲས་བུ་ཐོབ་པ་ནི། །ཡོན་ཏན་བརྒྱ་དང་རྩ་བརྒྱད་ཐོབ། །སངས་རྒྱས་ས་ལ་ལྷུན་གྱིས་འགྲུབ། །སེམས་རྣམ་པ་གསུམ་སྦྱང་བའི་ལེའུ་སྟེ་བཅུ་གཅིག་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲིད་པའི་ལུས་དེ་འཕོས་པ་ལ། །ཡེ་ཤེས་ཚོགས་དེ་བསག་པའི་ཕྱིར། །རུས་པ་སྦྱང་བ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་བཟང་གིས། །སྲིད་པའི་རུས་པ་དེ་ཉིད་ཀྱང་། །སྐུ་གསུང་ཐུགས་སུ་སྦྱང་བ་ནི། །སྐུ་རུ་རུས་པ་སྦྱང་བ་ལ། །ལྟ་བ་སྒོམ་པ་སྤྱོད་པ་ཡིས། །རང་བཞིན་གཅིག་ཏུ་སྦྱང་བར་བྱའོ། །ལྟ་བ་གདེང་དང་ལྡན་པ་ཡིས། །སྲོག་ཆགས་ཤི་བའི་རུས་དེ་ལ། །སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཡིས། །བྱིན་གྱིས་བརླབས་ཏེ་བསྐོར་བ་བྱ། །ཆོས་ཉིད་སྐྱེ་མེད་གཏན་པ་ལ། །རང་བྱུང་ཡེ་ཤེས་གཏུན་བུ་ཡིས། །གཉིས་སུ་མེད་པར་བརྡུང་བྱས་ལ། །རྣམ་རྟོག་བག་ཆགས་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ཕྱེ་རུ་གནས། །བདེ་གཤེགས་ཐུགས་རྗེ་ཆེན་པོ་ཡི། །ཐུགས་ལས་ཡེ་ཤེས་ཆུ་ཕྱུང་སྟེ། །བྱང་ཆུབ་སེམས་སུ་རབ་བྲན་ནས། །གཉིས་སུ་མེད་པར་འཇི་བར་འགྱུར། །རང་བྱུང་ཡེ་ཤེས་ལྔ་ཡི་རྩལ། །རྟེན་ཅིང་འདྲེལ་པའི་སྔགས་དེ་ཡིས། །སྐྱེ་

བ་མེད་པའི་སྐུ་རུ་འགྱུར། །གཉིས་སུ་མེད་པའི་ལོངས་སྤྱོད་རྫོགས། །སྲིད་པའི་རུས་པ་སྦྱངས་པས་ཚོགས་བསགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །ལུས་འཕོས་སེམས་ཅན་དེ་དག་ལ། །སྲིད་པའི་ཐལ་བ་སྦྱང་བ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །འབྱུང་བ་ལྔ་ལས་བསྐྱེད་པའི་ལུས་དེ་ཡང་། །ཡེ་ཤེས་འབྱུང་བ་ལྔ་ཡིས་སྦྱང་བར་བྱའོ། །ཡེ་ཤེས་འབྱུང་བ་ཆུ་དེ་ཡིས། །ཁྲག་ཆེན་སྣང་བ་མཐའ་ཡས་སྐུ། །ཐ་དད་མེད་པར་སྦྱང་བར་བྱའོ། །སྣང་བ་མཐའ་ཡས་སྙིང་པོ་ཡིས། །ཐལ་ཆེན་ཆུ་ལ་རབ་བཏབ་སྟེ། །སྣང་བ་ཆེན་པོའི་སྐུ་རུ་བསྐྱེད། །ཚིལ་ཆེན་མེ་ལ་རབ་བཏབ་སྟེ། །རིན་ཆེན་འབྱུང་ལྡན་སྙིང་པོ་ཡིས། །རྒྱལ་བའི་སྐུ་རུ་སྐྱེད་པར་བྱེད། །རུས་ཆེན་ས་ལ་རབ་བཏབ་སྟེ། །རྡོ་རྗེ་སེམས་དཔའི་སྙིང་པོ་ཡིས། །རྒྱལ་བའི་སྐུ་རུ་བསྐྱེད་པར་བྱ། །རྩ་ཆེན་རླུང་ལ་རབ་བཏབ་སྟེ། །དོན་ཡོད་གྲུབ་པའི་སྙིང་པོ་ཡིས། །ཕྲིན་ལས་རྒྱལ་བར་བསྐྱེད་པར་བྱ། །ཤ་ཆེན་མཁའ་ལ་རབ་བཏབ་སྟེ། །རྣམ་པར་སྣང་མཛད་སྙིང་པོ་ཡིས། །རྒྱལ་བའི་སྐུ་རུ་བསྐྱེད་པར་བྱ། །ལུས་ཉིད་བསྲེགས་པའི་ཐལ་བ་ཡིས། །འབྱུང་ཆེན་ལྔ་ཡི་རྒྱུ་དག་ལ། །བདེ་གཤེགས་ཀུན་བཟང་ཆེན་པོ་ཡིས། །སྙིང་པོ་བརྗོད་པས་སྐུ་རུ་བསྐྱེད། །ཉོན་མོངས་མ་སྤངས་དག་པའི་རྟགས། །རིགས་ཀྱི་གཙོ་བོ་ལྔ་རུ་བསྐྱེད། །ཡེ་ཤེས་རྣམ་ལྔ་འཐོབ་པའི་རྒྱུ། །འབྱུང་ཆེན་རྣམ་ལྔ་དག་པའི་རྟགས། །གཉིས་མེད་རྒྱལ་བའི་སྐུ་ཆེན་པོ། །ཚེ་འདས་ཐལ་ཆེན་སྦྱངས་པས་ཚོགས་བསགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །བདེ་གཤེགས་སྐུ་གཟུགས་དེ་དག་ལ། །གནས་ཁང་བརྩིགས་པའི་ཐབས་ཉིད་གང་། །རབ་ཏུ་གནས་པ་ཅི་ལྟ་བུ། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །གནས་ཁང་བརྩིགས་པའི་རྒྱུ་གསུམ་སྟེ། །ཆོས་ཉིད་གནས་

ཁང་ཆེན་པོ་ནི། །ཆོས་ཉིད་ཡངས་པའི་བདེ་ཆེན་ལ། །བཅོས་སུ་མེད་པའི་གཞལ་ཡས་ཁང་། །དམིགས་པ་མེད་པའི་ཕོ་བྲང་དུ། །མ་ཆགས་མི་གཡོ་པདྨའི་གདན། །གཉིས་སུ་མེད་པར་བཞུགས་སུ་གསོལ། །ཡེ་ཤེས་གནས་ཁང་ཆེན་པོ་ནི། །རིག་པའི་ཡེ་ཤེས་ཀུན་ཁྱབ་ཏུ། །རྒྱུ་རྐྱེན་མེད་པའི་གཞལ་ཡས་ཁང་། །སྣང་སྟོང་མེད་པའི་ཡེ་ཤེས་དེས། །དྲི་མེད་པདྨའི་གདན་ཐོག་ལ། །གཟུང་འཛིན་མེད་པར་བཞུགས་སུ་གསོལ། །ཕྱོགས་བཅུ་དུས་གསུམ་ཐམས་ཅད་དུ། །ཕྱག་རྒྱ་ཆེན་པོའི་སྐུ་ཡིན་པས། །ཀུན་རྫོབ་ལྷ་ཚོགས་མཆོད་པའི་ཕྱིར། །མཆོད་པའི་བྱེ་བྲག་སྣ་ཚོགས་འབུལ། །དམིགས་པ་མེད་པར་ཐིམ་པར་བྱ། །ཆོས་སྐུ་ལ་ནི་ཆོས་སྐུ་རབ་ཏུ་གནས། །ཁྱད་པར་སྤངས་ཏེ་བཙལ་དུ་མེད། །ཡེ་ཤེས་ལ་ནི་ཡེ་ཤེས་གནས། །ཁྱད་པར་གཞན་ནས་བཙལ་དུ་མེད། །སྐུ་ཡི་ཕྱག་རྒྱ་ཆེན་པོ་ལ། །ལོངས་སྤྱོད་རྫོགས་པའི་རབ་གནས་བྱ། །ཐ་མི་དད་པར་གཅིག་པར་བསྡིམ། །གནས་ཁང་བརྩིག་ཅིང་རབ་ཏུ་གནས་པར་བྱ་བའི་ལེའུ་སྟེ་བཅུ་བཞི་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །སྲིད་པ་བར་དོའི་དུས་ཉིད་དུ། །ལུས་སེམས་སྦྱངས་པའི་ཡོན་ཏན་གང་། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ལུས་ཉིད་སྦྱངས་པའི་ཡོན་ཏན་ནི། །སྲིད་པ་ཐོག་མ་མེད་པ་ནས། །ལུས་ཀྱིས་སྡིག་པ་ཅི་བསགས་ཀྱང་། །དག་པའི་སྐུ་གཟུགས་གཅིག་གིས་བྱང་། །བདེ་གཤེགས་ཐུགས་ཀྱི་དམ་པ་བསྐང་། །བྱང་སེམས་ལྷ་དང་རྒྱལ་པོ་ཡིས། །སྐྱེ་བ་དག་པའི་ལུས་ཉིད་ཐོབ། །སྲིད་པའི་ལྷ་སྲིན་མང་པོ་ཡིས། །རྗེ་བོར་མཐོང་སྟེ་འཁོར་དུ་བྱེད། །དམྱལ་བའི་ཚ་གྲང་མང་པོ་ཡང་། །སྐུ་གདུང་གཅིག་གིས་སེལ་བར་བྱེད། །དབུལ་བ་སེལ་ཞིང་ལོངས་སྤྱོད་ལྡན། །འཁོར་ལོ་བསྒྱུར་བའི་རྒྱལ་པོར་སྐྱེ། །ལུས་ཀྱི་སྒྲིབ་པ་ཐམས་ཅད་སེལ། །ནད་ངན་རིགས་
རྣམས་མི་འབྱུང་ཞིང་། །ཤིན་ཏུ་གཞོན་པའི་ལུས་སུ་ཐོབ། །སེམས་ཉིད་སྦྱངས་པའི་ཡོན་ཏན་ནི། །ཐེག་པ་ཆེན་པོའི་ཆོས་རྣམས་ལ། །དམིགས་པ་མེད་པར་བརྗོད་པ་འོང་། །ཉན་རྒྱུ་མེད་དེ་དོན་ཉིད་རྟོགས། །བཙལ་རྒྱུ་མེད་པར་ལས་རྣམས་འགྲུབ། །བསྒོམ་རྒྱུ་མེད་པར་འབྲས་བུ་འཐོབ། །རང་གི་ཡེ་ཤེས་རང་ལ་སྣང་། །ཆོས་རྣམས་ཐམས་ཅད་ནམ་མཁར་རྟོགས། །སངས་རྒྱས་ཐམས་ཅད་ལྷུན་གྱིས་གྲུབ། །རང་བཞིན་ཀུན་བཟང་ཆེན་པོ་འཐོབ། །སྦྱངས་པའི་ཡོན་ཏན་ཏེ་བཅོ་ལྔ་པའོ།། །།སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ། །རྒྱུད་འདི་གང་ནས་འབྱུང་ཞིང་གང་ལ་གཏད་པ་ཡིན། །སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས། །ཆོས་སྐུ་སྤྲོས་དང་བྲལ་བ་ཡིས། །རང་བྱུང་ཡེ་ཤེས་ཆེ་ལ་གཏད། །རང་བྱུང་ཡེ་ཤེས་ཆེན་པོ་དེས། །ཟེར་གྱི་ཀུན་བཟང་ཆེ་ལ་གཏད། །ཟེར་གྱི་སྟོན་པ་ཀུན་བཟང་དེས། །སྟོན་པ་ཀུན་བཟང་ཆེ་ལ་གཏད། །སྟོན་པ་ཀུན་བཟང་ཆེན་པོ་དེས། །སྡུད་པའི་གསང་དབང་ཆེ་ལ་གཏད། །སྡུད་པའི་གསང་དབང་ཆེན་པོ་དེས། །རིགས་ཀྱི་སྤྲུལ་སྐུ་ཆེ་ལ་གཏད། །རིགས་ཀྱི་སྤྲུལ་སྐུ་དེ་རྣམས་ཀྱིས། །ལྷ་དང་མཁའ་འགྲོ་རྣམས་ལ་གཏད། །ལྷ་དང་མཁའ་འགྲོ་མང་པོ་དེས། །འཇིག་རྟེན་མི་ལ་སྐལ་མེད་པས། །མཆོད་པའི་རྟེན་དུ་རབ་མཐོང་སྟེ། །བཻ་ཌཱུརྻ་ཡི་གླེགས་བམ་ལ། །རིན་ཆེན་གསེར་གྱི་ཞུན་མས་བྲིས། །རིན་ཆེན་སྣ་ལྔའི་སྒྲོམ་བཅུག་སྟེ། །ཡི་གེ་ཧཱུཾ་གི་རྒྱས་བཏབ་ནས། །རང་བྱུང་མཆོད་རྟེན་ཆེ་ལ་གཏད། །ལྷ་དང་མཁའ་འགྲོ་མང་པོ་ཡིས། །ལས་དང་དམ་ཚིག་ཅན་ལ་སྤྲོད། །རིན་པོ་ཆེ་སྲིད་པ་བར་མ་དོ་སྣང་བའི་རྒྱུད་བར་དོ་སྦྱོང་བའི་ཐབས་དང་རྒྱུད་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།

ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ཅེས་བྱ་བ།

རྒྱ་གར་སྐད་དུ། ཨ་སུ་ར་ན་ཡུཌྜྷ་ནི་རཱ་ཀྲྀ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ཆོས་ལས་འདས་པ། རྟགས་མི་འགྱུར་བའི་སྐུ་རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་ལ་ཕྱག་

འཚལ་ལོ། །འདི་སྐད་བདག་གིས་བཤད་པའི་དུས། །རྡོ་རྗེ་ཆོས་ཀྱི་བློ་གྲོས་དང་། །མཁའ་འགྲོ་ཉི་མའི་སེང་གེ་དང་། །ཐབས་ཅིག་པ་ཡི་བྱང་སེམས་རྣམས། །ཀླུ་ཡི་རྒྱལ་པོ་འཇོག་པོ་དང་། །དགའ་བོ་ལ་སོགས་བརྒྱད་པོ་དེ། །བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །འགྲོ་ཀུན་ཐབས་ཀྱིས་འདུལ་བའི་སྐུ། །རི་རབ་རི་ཡི་རྩ་བ་རུ། །ཤིང་ཆེན་དཔག་བསམ་རྩ་བ་ལ། །ལྷ་མ་ཡིན་རྣམས་འདུ་བའི་གནས། །གནས་དེར་སྤྲུལ་པ་ཐགས་ཟངས་རིས། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཐུགས་ལས་འཐོན། །ལྷ་ཡི་བུ་ཡི་བདུད་གཞོམ་ཕྱིར། །ལྷ་མིན་གཡུལ་བཟློག་རྒྱུད་འདི་གསུངས། །ལྷ་མ་ཡིན་རྣམས་རབ་ཏུ་དགྱེས། །སྟོན་པ་ཆོས་ཀྱི་བློ་གྲོས་ཁྱོད། །ལྷ་མིན་བདུད་ལས་རྒྱལ་བའི་ཕྱིར། །ཐུགས་རྗེ་ཆོས་མིན་ཡངས་པ་ནས། །ཆོས་མིན་འཁོར་ལོ་བསྐོར་དུ་གསོལ། །ཞེས་ཞུས་པས། དཔག་བསམ་ཤིང་གི་བུམ་པ་ལས། དྷ་ག་པ་ར་ཧ་དང་། ཨ་ནུ་ད་དང་། རྩ་ལི་དང་། བདུད་གུད་དང་། ཤེ་ན་དང་། ཛི་བྷཾ་བ་ཛི་བ་ཀ་དང་། ཙཀྲ་བ་ཀ་དང་། ཤ་སང་ར་པ་དང་། ཀོ་ཀི་ལ་དང་། ཤི་རི་ཀ་དང་། བ་ཀ་དང་། ཀྲུང་ཉ་དང་། བི་ཧ་ར་ཙ་དང་། ག་རུ་དང་། མ་ཡཱུར་དང་། ཀ་ལནྡ་ཀ་དང་། ཙི་ས་ན་དང་། ཀ་ཀ་དང་། ཀུ་དྷ་དང་། ཀ་ར་ན་དྷ་པ་དང་། རྟགས་གཉིས་པར་འདི་དཔེ་ཁུངས་དག་རྙེད་ན་བསྡུར། ཆོས་འདི་སྒྲ་གཅིག་གྲགས་པ་ཡིས། །བྱ་རྣམས་དེ་དག་ཐམས་ཅད་ཀྱང་། །རི་རབ་རྩེ་ཡི་དཔག་བསམ་ལས། །ཀ་ལ་པ། མུ་ཧུར་ཏ་ལ་བ། གནས་འདིར་འདུས་ན་སྒྲ་སྐད་སྒྲོགས། །བཀའ་འདི་བསྒྲགས་པར་གྱུར་པའི་ཚེ། །དུས་གསུམ་བསྟན་པ་གཅིག་ལས་མེད། །ཡང་དག་སངས་རྒྱས་ཞིང་ཁམས་སུ། །ཐམས་ཅད་ཀུན་གྱི་མཉམ་པར་གཟིགས། །རྡོ་དང་བོང་བ་ལ་སོགས་པས། །ཐམས་ཅད་ཆོས་མིན་རང་སྒྲ་སྨྲ། །རང་བྱུང་སྒྲ་ཡི་གདངས་དང་བཅས། །ཐུན་གཅིག་དག་ལ་གོ་བར་གྱུར། །དང་པོར་སྤྲུལ་པའི་སྐུ་མཆོག་ང་། །སྲིད་པ་གསུམ་གྱི་རྩེ་ལ་བབས། །བར་

དུ་རི་རབ་སྐེད་ལ་གནས། །ད་ལྟ་རི་རབ་རྩ་བར་འོངས། །ཀུན་ཏུ་བཟང་པོའི་བྱིན་རྒྱུད་ཤར། །སྤྲུལ་སྐུ་ཡོངས་ལ་ཐུགས་རྒྱུད་བབས། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །བཀའ་དང་བྱིན་རླབས་ཐུགས་རྒྱུད་སྤྲོ། །རིག་པ་འཛིན་པའི་བྱིན་རླབས་འཆར། །མཆོག་གི་སྤྲུལ་པ་སྐུར་གྱུར་མེད། །དགའ་བོའི་གཙུག་གི་ནོར་བུ་དེ། །གདུག་པ་ཀླུ་ཡི་དུག་དང་འགྲོགས། །དུག་མེད་པ་ན་ནོར་བུ་མེད། །དུག་ལ་མི་སྐྲག་མི་སྔངས་ན། །ནོར་བུ་རིན་ཆེན་གཏེར་སྒོ་ཕྱེ། །བྱང་ཆུབ་སེམས་དཔའ་ཞེས་བྱ་ཡི། །ཆོས་མིན་སྤངས་པ་བསྒྲིབ་པ་ཡིན། །སྒྲིབ་མེད་པ་ལ་ཆོས་མིན་མེད། །སྒྲིབ་ལ་སྦྱང་བ་མེད་པར་རྟོགས། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཆོས་མིན་ཡངས་པའི་ཀློང་དུ་སླེབས། །ཞེས་གསུངས་སོ། །དེའི་ཚེ་དེའི་དུས་ན། ལྷ་མ་ཡིན་གྱི་རྒྱལ་པོ་ལྗོན་པ་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། ལྟོ་འཕྱེའི་རྒྱལ་པོ་སྦྲུལ་མགོ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། གཞན་ཡང་དུད་འགྲོ། སེདྷ་དང་། བྱ་གྷྲ་དང་། དྭཱི་པཱི་དང་། བ་བྱུང་དང་། བུག་ཀ་དང་། ན་ན་གརྫ་དང་། སཔྟ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་འདུས་ནས་བསྐོར་བ་ལན་གསུམ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། འདི་སྐད་ཅེས་ཞུས་སོ། །ཀྱེ་ཧོ་སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཁྱེད་ཅག་མྱ་ངན་འདའ་བ་ན། །བདག་ཅག་སློབ་དཔོན་གང་ལ་བགྱི། །བདག་ཅག་མཆེད་གྲོགས་གང་ལྟ་བུ། །བདག་ཅག་ཆོས་ཅི་ཆོས་འདི་གང་ལྟར་བརྟགས། །དེ་ཡི་དམ་ཚིག་ཇི་ལྟར་བསྲུང་། །བལྟ་བ་དྲི་མེད་རྣམ་དག་དེས། །རྐྱེན་མི་ཐུབ་ན་ཇི་ལྟར་བགྱི། །བསྒོམ་པ་འོད་གསལ་རྟོག་མེད་ལ། །བྱིང་རྒོད་རྐྱེན་ཁར་འཆོར་ན་ཇི་ལྟར་བགྱི། །སྤྱོད་པ་འདོད་ཡོན་རྣམ་ལྔ་ལ། །ཆགས་སྡང་རྐྱེན་མ་ཐུབ་ན་ཇི་ལྟར་བགྱི། །འབྲས་བུ་ཐིག་ལེ་ཆོས་མིན་ལ། །འཁྲུལ་པ་བག་ཆགས་རྐྱེན་ཁར་ཤོར་ན་ཇི་ལྟར་བགྱི། །རང་བྱུང་ཡེ་ཤེས་རྒྱ་ཆད་མེད་པ་ལ། །ཕྱོགས་རྟོགས་གཟུང་འཛིན་བྱུང་ན་ཇི་ལྟར་བགྱི། །ཞེས་ཞུས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། གླེང་གཞིའི་ལེའུ་

སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །རི་རབ་རྩེ་ནས་ཉི་ཤར་བ། །འོད་ཀྱིས་འཛམ་གླིང་ཡོངས་ལ་བརྡལ། །ཟེར་གྱིས་ཕྱོགས་མེད་ཡོངས་ལ་བརྡལ། །ཐུགས་རྗེ་ཆོས་མིན་ཡངས་པ་ལས། །བྱིན་རླབས་འགྲོ་བའི་གནས་སུ་འཕེལ། །ཡེ་ཤེས་ཁམས་གསུམ་རང་ཤར་འགྱུར། །རི་རབ་རྩ་བར་ཐུགས་རྗེ་ཉི་ཤར་བརྡལ། །ཁྱེད་ནི་དང་བའི་ཚུལ་གྱིས་ཉོན། །སློབ་དཔོན་རྣམ་པ་བཞི་ཡིན་པས། །ལུང་དུ་བསྟན་པའི་སྡེ་ལ་གུས་པར་འདུད། །ཐུན་མོང་སློབ་དཔོན་ཐུབ་པ་དྲུག །ཁྱད་པར་སྟོན་པ་ང་ཉིད་ཡིན། །མཆོག་གི་སློབ་དཔོན་རང་ལ་ཤར། །རང་གྲོལ་སློབ་དཔོན་འཁོར་བ་ཡིན། །རང་གྲོལ་སློབ་དཔོན་བསྟེན་པར་བྱ། །སངས་རྒྱས་སློབ་དཔོན་དམྱལ་བ་ཡིན། །གཉིས་མེད་སློབ་དཔོན་གཉིས་སྣང་ཡིན། །ཤེས་པའི་སློབ་དཔོན་མ་རིག་པ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སློབ་དཔོན་ངོ་སྤྲོད་ཆོས་མིན་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །མཆེད་ཀྱི་གདམས་པ་འདི་ལྟ་སྟེ། །དེ་ལས་མཆེད་པོ་རྣམ་པ་གསུམ། །ཁམས་གསུམ་རྒྱུད་དྲུག་ཕྱི་ཡི་མཆེད། །གྲུབ་མཐའ་གཞུང་བསྲང་ནང་གི་མཆེད། །གསང་བའི་མཆེད་ལ་རྣམ་པ་དྲུག །བག་ཆགས་རང་བྱུང་ཡེ་ཤེས་མཆེད། །རང་རིག་རང་བྱུང་རིག་པའི་ཡེ་ཤེས་མཆེད། །དངོས་པོ་སྣ་ཚོགས་དངོས་མེད་མཆེད། །ཆོས་ཅན་འཁོར་བ་ཆོས་མིན་མཆེད། །ཁམས་གསུམ་སེམས་ཅན་སྐུ་གསུམ་མཆེད། །སྣ་ཚོགས་མ་འགགས་ཉག་གཅིག་མཆེད། །ཐམས་ཅད་འདྲེལ་བས་མཆེད་ཅེས་བྱ། །མཆེད་ཀྱི་རྩ་བ་མ་ཆོད་ན། །དམ་ཚིག་གཞུང་བསྲང་ཤིན་ཏུ་དཀའ། །དམ་པ་བླ་མའི་གདམས་ངག་ཡིན། །ཚིག་ནི་ངོ་སྤྲོད་རིན་པོ་ཆེ། །དབང་རྣམས་མ་ལུས་དུས་གཅིག་བསྐུར། །དབང་རྣམས་བསྐུར་བའི་སློབ་བུ་ཡིས། །དམ་ཚིག་དབང་བསྐུར་ཐུབ་པར་གྱིས། །དམ་པའི་གདམས་ངག་ཐབས་སུ་ཤེས། །རྟོགས་པའི་ཤེས་རབ་དབང་གི་མཆོག །

རང་ལ་ཡོད་པ་གསང་བ་ལས། །ཡེ་ནས་ཡོད་པ་ཡེ་ཤེས་དབང་། །ཐམས་ཅད་གཅིག་ཏུ་ཤེས་པས་སྣང་སྲིད་བུམ་པ་ཡིན། །མ་ལུས་རང་སྣང་འགག་མེད་བུམ་པའི་དབང་། །སློབ་དཔོན་སློབ་བུ་མཆེད་རྣམས་དུས་གཅིག་རྫོགས། །དམ་ཚིག་དེ་ལས་འདས་ན་འཁོར་བར་འཁྱམས། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། མཆེད་ཀྱི་ངོ་སྤྲོད་དང་དམ་ཚིག་དབང་གི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཆོས་ཀྱི་བརྟག་ཚུལ་བསྟན་པར་བྱ། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ལ། །གཉེན་པོར་དགོངས་དང་བསྡུ་བ་དང་། །ཉེ་བར་བསྡུས་ཏེ་དྲིལ་ལ་བཤད། །ཆོས་ཉིད་སྟོང་པ་གཉེན་པོའི་སྒོ་ནས་བཤད་པ་ཡིན། །ཐེག་པ་རྣམ་པ་དགུ་རྣམས་ནི། །བསྡུ་བའི་སྒོ་ནས་བཤད་པ་ཡིན། །ཐེག་པའི་རང་གཞུང་སྒྲུབ་བྱེད་པ། །ཉེ་བའི་སྒོ་ནས་བཤད་པ་ཡིན། །ཤིན་ཏུ་ཉེ་བར་ངོ་སྤྲད་པས། །ཐེག་པ་གཅིག་ཏུ་བསྟན་པ་ཡིན། །དེ་ལ་དཔེ་ཡི་ཐེག་པ་དང་། །རྟགས་དང་དོན་དང་གསུམ་དུ་འདུས། །དེ་གསུམ་ངེས་པར་གཅིག་ཏུ་འདུས། །གཅིག་པོ་བྱིན་གྱིས་རླབས་སུ་འདུས། །བྱིན་རླབས་རང་བྱུང་རང་ལ་འདུས། །དེ་ཡང་མཚོན་པ་བརྡ་ཡི་བྱིན་རླབས་དང་། །མཐུན་པ་དཔེ་ཡི་བྱིན་རླབས་དང་། །རང་ཆས་རྟགས་ཀྱི་བྱིན་རླབས་དང་། །ཡང་དག་དོན་གྱི་བྱིན་རླབས་སོ། །དེ་ཡང་བྱིན་གྱིས་རློབ་པ་དང་། །བྱིན་གྱིས་རླབས་དང་ལྡན་པ་དང་། །ལྡན་དབང་འཕེལ་འགྲིབ་བྱུང་བ་དང་། །འཕེལ་འགྲིབ་མེད་པར་བསྟན་པའོ། །དེ་ཡང་ཐུགས་རྗེའི་བྱིན་རླབས་དང་། །གསང་བ་སྔགས་ཀྱི་བྱིན་རླབས་དང་། །ནུས་པ་རིག་པའི་བྱིན་རླབས་དང་། །ཆོས་སྐྱོང་མཁའ་འགྲོའི་བྱིན་རླབས་དང་། །དེ་ཡང་བརྟན་དང་མི་བརྟན་པ། །གདམས་པའི་སྟོབས་དང་མི་ལྡན་ན། །ཉི་མ་སྤྲིན་གྱི་གོ་བར་འདྲ། །བར་ཆོད་བདུད་ཀྱིས་བྱིན་བརླབས་ན། །འཁོར་དུ་ལྟས་ངན་སྣ་ཚོགས་འབྱུང་། །དབང་བསྐུར་བགེགས་བསྐྲད་མ་བྱས་ན། །སྨྱོ་འབོག་བརྒྱལ་ནད་དག་གིས་འཆི། །དེས་ན་དྲོད་ཚད་དབབ་པ་དཀའ། །ཞེས་

གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། ཆོས་ཀྱི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་བློ་གྲོས་ཁྱོད། །དེ་ཡི་དམ་ཚིག་བསྟན་པ་ནི། །སློབ་དཔོན་སྐུ་གསུང་ཐུགས་དག་གི། །དམ་ཚིག་ཐུབ་པར་མ་བསྲུངས་ན། །རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར། །མཆེད་ཀྱི་དམ་ཚིག་བཀའ་ཕྲལ་ན། །དམྱལ་ཚོགས་འཇིག་རྟེན་འཚོད་པར་འགྱུར། །རྡོ་རྗེ་སློབ་དཔོན་དམ་ཚིག་ནི། །སྐུ་ཡི་དྲི་མ་མལ་སྟན་ལ། །ནམ་ཡང་འགོམ་པར་མི་བྱའོ། །སློབ་དཔོན་ལུས་ནི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་འགོངས་པས་དངོས་གྲུབ་མེད། །མནར་མེད་དམྱལ་བའི་ཡུལ་དུ་སྐྱེ། །ཕུང་པོ་ལྔ་ནི་རིགས་ལྔ་ལ། །དུག་ལྔ་ཡེ་ཤེས་ལྔ་དང་ལྡན། །སྤྱིར་ནི་བླ་མ་རྗེ་ལ་གནས། །དབུ་སྐྲ་མཁའ་འགྲོ་བྱེ་བ་གནས། །ཐུགས་ལ་རྡོ་རྗེ་མི་བསྐྱོད་པ། །དེ་ལྟར་རྟོགས་པས་དམ་ཚིག་བསྲུངས། །ལུང་དུ་བསྟན་པ་ཁྱོད་ལ་འདུད། །བླ་མའི་གསུང་དབྱངས་དྲུག་ཅུ་ལ། །མཁའ་འགྲོ་དྲུག་ཅུ་རྩ་གཉིས་གནས། །ངག་བཅག་རྡོ་རྗེའི་ཁབ་ལྷུང་ནས། །བསྐལ་པར་བརྡུངས་ཤིང་འཚོད་པར་འགྱུར། །བླ་མའི་ཐུགས་ལ་ཆོས་མིན་སྐུ། །ཕྱི་ནང་མེད་པའི་ཟང་ཐལ་གནས། །བླུན་གཏམ་ཀུ་རེ་ལ་སོགས་པས། །ཐུགས་དཀྲུགས་པར་ནི་གྱུར་པ་ན། །ངེས་པར་རྡོ་རྗེ་དམྱལ་བའི་ཁམས། །མནར་མེད་པར་ཡང་ལྟུང་བར་འགྱུར། །མཆེད་ཀྱི་དམ་ཚིག་མིག་དང་འདྲ། །སློབ་དཔོན་དམ་ཚིག་སྲོག་དང་འདྲ། །དེས་ན་ཕམ་ལྟུང་རབ་ཏུ་ཆེ། །ཐུབ་ན་རྡོ་རྗེའི་སྐུ་ཐོབ་འགྱུར། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། དམ་ཚིག་ཤེལ་གྱི་ལུ་གུ་རྒྱུད་དུ་བསྟན་པ་དང་གཡུ་ཕྲེང་མེས་སྲེག་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དེ་ལྟར་ཐུབ་པའི་རྟགས་དག་ལ། །ཐུབ་ན་ངེས་པ་འདི་བསྟན་ནོ། །མི་ཐུབ་པར་ནི་གྱུར་པ་ན། །བསྐལ་པ་སྟོང་གི་མུན་པ་ལ། །སྒྲོན་མེ་འདེགས་པར་མ་གསུངས་སོ། །རིན་ཆེན་གཏེར་གྱི་སྒོ་

མོ་ཕྱེ། །དེས་ན་བརྟགས་ནས་ཐུབ་སྲིད་ན། །རིན་ཆེན་སྲོག་པས་ཕངས་ཏེ་བྱིན། །གལ་ཏེ་མ་བྱིན་ཆད་པ་འོང་། །གལ་ཏེ་མ་བརྟགས་པར་བྱིན་ན། །དེ་ཡིས་གདམས་པ་མ་ཐུབ་ན། །སྦལ་བ་རྨ་ཅན་ཇི་བཞིན་དུ། །རང་ཕུང་གཞན་ཡང་བརླག་པར་འགྱུར། །གལ་ཏེ་དམ་ཚིག་ཐུབ་པ་ན། །ནམ་མཁའ་རྒྱ་ཆེ་ཁབ་མིག་གང་། །བྱ་བརྒྱ་ཐལ་མོ་བརྡབ་གཅིག་ཡིན། །མདུང་རྩེ་བརྒྱ་ཡང་སྒྲོ་བ་གང་། །དེ་བཞིན་གཡུལ་ངོར་རལ་ཐབས་གཅིག །འཁོར་བའི་གཡུལ་ངོ་རང་གྲོལ་རིག །དེས་ན་ལྷ་མིན་གཡུལ་བཟློག་ཡིན། །ལྟ་བའི་ངོ་བོ་ངོ་སྤྲོད་དང་། །ལྟ་བའི་ངེས་ཚིག་ངོ་སྤྲོད་དང་། །ལྟ་བའི་དབྱེ་བའི་ངོ་སྤྲོད་དང་། །ལྟ་བའི་མཐུན་དཔེའི་ངོ་སྤྲོད་དང་། །དེ་ཡི་ལོག་གནོན་ངོ་སྤྲོད་དོ། །ངོ་བོ་རྐྱེན་མེད་ཟང་ཐལ་ཡིན། །ངེས་ཚིག་དྲི་མེད་རྣམ་དག་ཡིན། །དབྱེ་བ་སྐྱེ་བ་མེད་པ་དང་། །རྣམ་དག་བརྗོད་དུ་མེད་པ་ཞེས་སུ་གྲགས། །མཐུན་དཔེ་ནམ་མཁའ་དང་འདྲའོ། །དེ་ལ་ལོག་གནོན་གནད་མེད་ན། །སྡུག་བསྔལ་རྐྱེན་ཐུབ་ཤིན་ཏུ་དཀའ། །གནད་དང་ལོག་གནོན་ངོ་སྤྲད་ན། །གོང་མ་ཤུགས་ལས་འབྱུང་བར་འགྱུར། །ཨ་ཏི་མཱུ་ལ་ཕ་ལ་མ་ཧཱ་ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། ལྟ་བའི་གེགས་སེལ་ངོ་སྤྲོད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །དམ་ཚིག་མེད་པའི་མི་རྣམས་ནི། །དཀར་པོའི་ཆོས་རྣམས་མི་ཆགས་ཏེ། །རླུང་གིས་བསྐྱོད་པའི་སྤྲིན་དང་འདྲ། །གཟུང་འཛིན་བྱིས་པར་འཐམས་པ་འདྲ། །དུག་ལྔ་ནགས་ལ་མེ་ཤོར་འདྲ། །ཞེ་སྡང་ཆུ་བོའི་གཉེར་མ་འདྲ། །བརྒྱུ་བཟློག་དྲ་བའི་རྡོ་བ་འདྲ། །ཁ་དཀར་སྙིང་གནག་བྲག་ལ་གངས་ཆགས་འདྲ། །ཁ་འདྲེས་གཏིང་རིང་མཚོ་ལ་དར་ཆགས་འདྲ། །དེ་ལ་བརྟེན་ནས་དམྱལ་བར་འགྲོ། །ཆུ་སྲིན་གྲེ་བར་རིན་ཆེན་ཆུད་བཞིན་སྡོམས། །ལི་ཏིང་དེ་དང་མི་ལྡན་དོན་ལྡན་ན། །བསྒོམ་པ་འོད་གསལ་རྟོག་མེད་བསྟན། །བསྒོམ་པའི་ངོ་བོའི་ངོ་སྤྲོད་དང་། །བསྒོམ་པའི་ངེས་ཚིག་ངོ་སྤྲོད་དང་། །བསྒོམ་པའི་དབྱེ་བ་ངོ་སྤྲོད་དང་། །བསྒོམ་པའི་མཐུན་དཔེའི་ངོ་སྤྲོད་དང་། །དེ་ཡི་ལོག་ནོན་གེགས་སེལ་ལོ། །དེ་ལ་ངོ་བོ་རྟོག་མེད་དྲི་མེད་ཡིན། །ངེས་པའི་ཚིག་ནི་དོན་

ལས་མི་གཡོ་བ། །དབྱེ་བ་རང་གསལ་རྟོག་པ་མེད་པ་དང་། །བདེ་ལ་ཆགས་ཞེན་མེད་པ་དང་། །སྟོང་ལ་ཉམས་སུ་མྱོང་བ་དང་། །སྣང་ལ་རང་བཞིན་མེད་པའོ། །དཔེ་ནི་མར་མེ་རྒྱ་མཚོ་འདྲ། །ནམ་མཁའ་ལ་ནི་གཞའ་ཚོན་ནོ། །དེ་ལ་ལོག་གནོན་གནད་མེད་ན། །བྱིང་རྒོད་རྐྱེན་ཐུབ་ཤིན་ཏུ་དཀའ། །གནད་དང་ལོག་གནོན་ངོ་སྤྲད་ན། །གོང་མ་ཤུགས་ལས་འབྱུང་བར་འགྱུར། །དཔེར་ན་རྟ་རྒྱུག་སྒྲོག་ཆོད་ལྟར། །ཐམས་ཅད་ཤུགས་ལས་ཆོད་པར་འགྱུར། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། བསྒོམ་པའི་གནད་དང་ལོག་གནོན་གེགས་སེལ་གྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དམ་ཚིག་མེད་པའི་གང་ཟག་ལ། །འབྲས་བུ་བསྟན་པ་ཤིན་ཏུ་དཀའ། །ནགས་ཀྱི་གསེབ་ནས་མེ་བྱུང་བས། །རང་ཡང་བསྲེགས་ལ་གཞན་ཡང་བསྲེག །འཇིག་རྟེན་འདིར་ཡང་ཚེ་ཐུང་ཞིང་། །ཁ་དབང་ཆུང་ཞིང་ཡ་ག་འོང་། །ནད་ཀྱང་རྣམ་པ་སྣ་ཚོགས་འབྱུང་། །འབྱུང་པོའི་གདོན་གྱི་དབང་དུ་འགྲོ། །སྨྱོ་འབོག་དྲག་པོས་འདེབས་པར་འགྱུར། །དེས་ན་བསྟན་པ་རབ་ཏུ་དཀའ། །འབྲས་བུ་ཡེ་ཤེས་ཟང་ཐལ་དེ། །དུས་ཀྱིས་བསྒྲིབས་པས་རྐྱེན་ཁར་འཆོར། །གཞི་མོ་ལམ་དུ་མ་བསླངས་པས། །འབྲས་བུ་རྐྱེན་ཁར་ཤོར་བ་ཡིན། །དུས་ལ་ལྟོས་པའི་གང་ཟག་རྣམས། །འབྲས་བུ་མ་བསྒྲིབས་དུས་ཀྱིས་བསྒྲིབས། །དུས་ལ་ལྟོས་པས་ཐོབ་མི་སྲིད། །འབྲས་བུ་གཞི་ཐོག་ཤོར་བ་དང་། །ཐ་སྙད་ཚིག་ཐོག་ཤོར་བ་དང་། །རིན་ཆེན་དཔེ་ཐོག་ཤོར་བ་དང་། །སྣང་བ་ཉམས་ཐོག་ཤོར་བ་རྣམས། །འབྲས་བུ་བློ་སྣང་ཡུལ་དུ་ཤར། །འབྲས་བུ་ཕྱི་དུས་འདེབས་བྱེད་པ། །ཡང་དག་དོན་ལ་གོལ་བ་ཡིན། །གཉིས་མེད་རང་གྲོལ་བསྒྲིབས་པ་ཡིན། །ཡེ་གྲོལ་གཞི་རྫོགས་གདེང་མ་རྙེད། །དེས་ན་གནད་དང་ལོག་གནོན་གེགས་སེལ་གསུམ། །དེ་གསུམ་མི་ལྡན་འབྲས་བུ་སྟོང་། །ཉི་མ་འདོད་ལ་ཟླ་སྟོན་འདྲ། །ཐུགས་རྗེའི་འོད་ཟེར་འབྱུང་མི་འགྱུར། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། འབྲས་བུ་གེགས་

སེལ་གྱི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །འབྲས་བུ་འབྲས་བུ་ཞེས་བྱ་བ། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །དེ་གསུམ་གནད་ཤེས་ཤིན་ཏུ་དཀའ། །ཐུན་མོང་འབྲས་བུ་སྐུ་གསུམ་སྟེ། །དེ་ཡི་ངོ་སྤྲོད་བསྟན་པར་བྱ། །ཆོས་སྐུ་སྐྱེ་བ་མེད་པ་ཡིན། །རྒྱལ་བ་ལོངས་སྐུ་དེ་ཡི་རྩལ། །དེ་ཡི་སྣང་བ་སྤྲུལ་སྐུའོ། །ཁྱད་པར་རང་གི་རྒྱུད་ལས་ཤར། །ཅིར་སྣང་མ་འགགས་སྤྲུལ་པའི་སྐུ། །དེར་སྣང་ཐམས་ཅད་ལོངས་སྐུ་ལ། །དབྱེར་མེད་ཆོས་སྐུ་ཀུན་ཁྱབ་ཡིན། །དེས་ནི་གདམས་པའི་སྐུ་གསུམ་མོ། །རྟགས་ཀྱི་སྐུ་གསུམ་བསྟན་པ་ནི། །སྙིང་ག་ཆོས་སྐུ་རང་ཆས་རྟགས། །རིན་ཆེན་ཕོ་བྲང་རང་ལ་སྣང་། །དེ་ནི་ཆོས་སྐུའི་བཞུགས་གནས་ཡིན། །རིག་པ་ཡེ་དག་དངོས་མེད་དེ། །བཞུགས་པའི་ཚུལ་དུ་དེ་བཤད་དོ། །ཤེས་རབ་དྲི་མེད་དག་པ་དེ། །རྟོགས་པའི་ཚུལ་དུ་དེ་བཤད་དོ། །རང་བྱུང་རང་ལ་ཤར་བ་དེ། །གྲོལ་བའི་དགོངས་པ་དྲི་མེད་ཡིན། །དྷརྨ་ཀཱ་ཡ་སྭ་སྡི་མ་ཡ། །མགྲིན་པའི་རྩ་ལ་འོད་འཕྲོས་པ། །དེ་ནི་ལོངས་སྐུའི་བཞུགས་གནས་ཡིན། །འགྱུ་བ་འོད་གསལ་རྟོག་མེད་དེ། །དེ་ནི་ལོངས་སྐུའི་བཞུགས་ཚུལ་ཡིན། །འགྱུ་བ་རང་གྲོལ་ཆེན་པོ་དེ། །དེ་ནི་རང་གྲོལ་དགོངས་པ་ཡིན། །འདུ་འབྱུང་སྒོ་ལྔའི་དཀྱིལ་འཁོར་དེ། །དེ་ནི་སྤྲུལ་སྐུའི་བཞུགས་གནས་ཡིན། །ཡོན་ཏན་རྣམ་པ་སྣ་ཚོགས་པ། །བཞུགས་གནས་ཆེན་པོ་དེ་ཡིན་ནོ། །ཐམས་ཅད་འགྱུ་བ་ཤར་བ་དེ། །རྟོགས་པའི་རྟོགས་ཚུལ་ཆེན་པོ་ཡིན། །འགྱུས་ནས་རང་སར་གྲོལ་བ་དེ། །གྲོལ་བའི་དགོངས་པ་ཞེས་སུ་བརྗོད། །དེ་ནི་མཆོག་གི་སྐུ་གསུམ་ཡིན། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། འབྲས་བུ་རང་ས་བསྟན་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །འབྲས་བུ་ཐོབ་པར་བྱེད་པ་ལ། །སྤྱོད་བྱའི་ཐབས་ཀྱི་གནད་དགོས་པས། །སྤྱོད་ཐབས་ཁྱོད་ལ་བསྟན་པར་བྱ། །ཁྱོད་ནི་དང་བའི་ཡིད་ཀྱིས་ཉོན། །དམ་མེད་རྣམས་ལ་བསྟན་གྱུར་ན། །དུམ་པ་རི་ཁ་འཁོར་བ་ལྟར། །རང་ཕུང་ནགས་ཚལ་

བརླག་པར་འགྱུར། །ཚུལ་འཆོས་བྱེད་ཅིང་འོག་བྲུས་བྱེད། །ཞེ་འདོད་ཁ་ལ་སྐུར་འདེབས་པ། །དེ་འདྲའི་ལག་ཏུ་འདི་བསྟན་ན། །རང་གཞན་གཉིས་ཀ་དམྱལ་སྩོགས་འཚེད། །ཀུན་ལ་བསྟན་པར་མི་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། །ཀུན་སྤྱོད་ཡོན་ཏན་རྣམ་པ་ལྔ། །དྲི་མེད་རང་གྲོལ་སྤྱོད་པ་དེ། །ཆགས་སྡང་རྐྱེན་ཐུབ་ཤིན་ཏུ་དཀའ། །སྤྱོད་པའི་ངོ་བོ་ཐབས་དང་ཤེས་རབ་ཡིན། །ངེས་ཚིག་འཁོར་འདས་རང་གྲོལ་ཡིན། །དབྱེ་བ་སྤྱོད་པ་འཁྲུལ་པ་དང་། །སྤྱོད་པ་གོལ་དང་ཡངས་པ་དང་། །སྤྱོད་པ་རང་གྲོལ་ཤེས་པའོ། །སྤྱོད་པའི་དཔེ་ནི་སྨན་པ་མཁས་པ་ཡིན། །གང་ལ་རེག་པས་སྨན་འགྱུར་འདྲ། །ཐུན་མོང་སྤྱོད་པ་རྒྱུད་ཞི་ཡིན། །ཁྱད་པར་བདུད་རྩི་སྟོན་པ་ཡིན། །མཆོག་གི་སྤྱོད་པ་བསྟན་པ་ནི། །རྫོགས་པ་ཆེན་པོའི་སྤྱོད་པའོ། །ཐབས་སུ་རང་ཤར་དེ་ལྟར་གྲོལ། །ཤེས་རབ་རང་ཤར་སྤྱོད་བྱེད་གྲོལ། །ཐབས་སུ་རང་བྱུང་རང་ལ་རྫོགས། །ཤེས་རབ་རང་བྱུང་རང་ཤར་རང་ལ་རྫོགས། །ཐབས་དང་ཤེས་རབ་དབྱེར་མེད་པས། །གཅིག་ལ་གཅིག་རྫོགས་སྤྱོད་པའི་མཆོག །ཐབས་དང་ཤེས་རབ་ཟུང་འཇུག་དང་། །ཐབས་དང་ཤེས་རབ་རང་གྲོལ་གཉིས། །མིང་ཙམ་མཐུན་ཏེ་དོན་ལ་འཕགས། །འཕགས་པའི་སྤྱོད་པ་ཞེས་སུ་བསྟན། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། འབྲས་བུ་ཐོབ་པར་བྱེད་པ་ལ་སྤྱོད་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཀུན་སྤྱོད་ཀུན་འཁོར་སྤྱོད་པའི་མཆོག །རང་བྱུང་གྲོགས་སུ་ཤེས་གྱུར་ན། །ཤེས་རབ་ཐབས་ཀྱི་སྤྱོད་པ་ཡིན། །རང་གྲོལ་རང་བྱུང་གཞན་སྣང་མིན། །དེ་ཕྱིར་ཁྱད་པར་འདི་བསྟན་ནོ། །ལྷ་མ་ཡིན་གྱི་གཡུལ་བཟློག་ཕྱིར། །ཁ་སྦྱོར་སྤྱོད་པ་བསྟན་པར་བྱ། །དེ་ལ་འབྱུང་ལྔ་དུག་ལྔ་ཡི། །སྤྱོད་པའི་རོ་སྙོམས་གཡུལ་བཟློག་ནི། །དང་པོ་དུག་ལྔའི་གཞི་ས་བསྟན། །རྒྱ་རྩིས་ནང་ནས་ནོར་འདི་བསྡུ། །དེ་ནས་དུག་ལྔའི་རྒྱུ་རྐྱེན་བསྟན། །རྒྱུ་རུ་རང་བྱུང་རྐྱེན་ཉིད་རང་སྣང་ལ། །གཉིས་སུ་མེད་

ལས་གཉིས་སུ་འཁྲུལ། །དུག་ལྔའི་རྩ་བ་ཆགས་སྡང་འབྱུང་བ་ལྔ། །དངོས་པོ་དུག་ལྔར་སྣང་བ་དང་། །དེ་ཡི་རང་སྣང་འབྱུང་བ་ལྔ། །དེ་རྣམས་ཉམས་སུ་མྱོང་བས་སུ། །སོ་སོ་རང་རེ་འཁྲུལ་པས་མ་སྙོམས་པས། །ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན། །འཁོར་བའི་གཡུལ་དུ་ཞུགས་པ་ཡིན། །དེ་ལ་གཡུལ་བཟློག་རྒྱུད་འདི་བཤད། །འགྲོ་དྲུག་གཡང་ས་གཅོད་ཙམ་ན། །རྒྱུད་དྲུག་འདུས་པའི་ཕུང་པོ་ལ། །ཨེ་ཡི་ཆ་བྱད་བཟང་པོས་བརྒྱན། །འབྲས་བུ་འགྲོ་དྲུག་རང་ལ་ཤར། །ཨེ་མའོ། གསང་བ་རྨད་དུ་བྱུང་བའི་དོན། །ཐམས་ཅད་རང་བྱུང་ངོ་སྤྲད་པས། །ཉོན་མོངས་གཡུལ་ངོ་བཟློག་པར་འགྱུར། །ཉོན་མོངས་བསྐྱེད་པའི་རྩ་བ་ནི། །རང་བྱུང་འདུས་པའི་ཕུང་པོ་ལ། །དུག་ལྔ་རོ་སྙོམས་མ་ཤེས་ན། །འཁོར་བའི་གཡུལ་ལས་གྲོལ་བར་དཀའ། །རང་སྣང་སྣ་ཚོགས་ངོ་བོ་གཅིག །གཅིག་ལ་རོ་སྙོམས་མ་ཤེས་ན། །ཐམས་ཅད་བསྙམས་པས་སྙོམས་པར་དཀའ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པོ། །འགྲོ་བ་ཀུན་ལ་རང་ཆགས་གནས། །སྣ་ཚོགས་སྣང་ཡང་ངོ་བོ་གཅིག །ཆོས་རྣམས་ཐམས་ཅད་ངོ་བོ་གཅིག །ཆོས་སྐུ་ཀུན་ཁྱབ་སྤྱོད་པའི་ཕྱིར། །ཉོན་མོངས་ཐམས་ཅད་ངོ་བོ་གཅིག །རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར། །ཕྱི་ནང་སྣོད་བཅུད་ངོ་བོ་གཅིག །ཐིག་ལེ་ཉག་གཅིག་རང་སྣང་ཕྱིར། །འབྱུང་བ་གཅིག་ལ་རོ་སྙོམས་ན། །འཁོར་བ་གཡང་སའི་གཡུལ་ངོ་བཟློག །ཕུང་ཁམས་གཅིག་ལ་རོ་སྙོམས་ན། །འགྲོ་བ་རིགས་དྲུག་གཡུལ་ངོ་བཟློག །རང་སྣང་རང་བྱུང་རང་ཤར་གསུམ། །ངོ་བོ་གཅིག་ཏུ་རོ་སྙོམས་ན། །ཕྱི་ནང་སྣོད་བཅུད་གཡུལ་ངོ་བཟློག །དྷརྨ་དྷཱ་ཏུ་བོ་དྷི་སཏྭ་ཛྙཱ་ན་དྷཱ་ཏུ་བོ་དྷི་ཙིཏྟ་ཨ། མཱ་ལ་མཱ་ལ་མ་ཧཱ་མཱ་ལ། ཨ་ཀ་རི་ལ། ཀཱ་ཡ་ཏི་ལ་མ་ཧཱ་མུ་དྲ་མ་ཧཱ་ཡཱ་ན། ཨ་ནུཏྟ་ར་ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། དུག་ལྔ་འབྱུང་བ་ཁ་སྦྱོར་གྱི་རོ་སྙོམས་པ་རྣམ་རྟོག་རོ་སྙོམས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་བློ་གྲོས་ཁྱོད། །ཆོས་དབྱིངས་དམ་པ་ཡོན་ཏན་མཚོ། །སྤྱོད་པ་རོ་སྙོམས་བརྟན་པར་བྱ། །ཀུན་འཁོལ་ཀུན་

འདུལ་ཀུན་སྤྱོད་པ། །དེ་ནི་རང་བྱུང་སྤྱོད་པའི་མཆོག །ལྷ་རུ་བསྟེན་པས་འདྲེ་རུ་བྱུང་། །འདྲེ་དེ་བདུད་དུ་བྱུང་བ་ན། །ལྷ་འདྲེའི་རོ་སྙོམས་བསྟན་པར་བྱ། །དང་པོ་གཞི་ས་བསྟན་པ་དང་། །བར་དུ་རྒྱུ་རྐྱེན་བསྟན་པ་དང་། །ཐ་མ་ལྷ་དེ་འདྲེ་རུ་བསྟན། །བར་གཅོད་གདོན་གྱིས་འཆིང་བར་བྱེད། །ལྷ་རུ་བསྒྲུབས་པས་འདྲེ་རུ་ཤར། །དེ་ལ་ལྷ་མིན་གཡུལ་བཟློག་བསྟན། །ལྷར་ཡང་མི་འདུག་འདྲེར་མི་འདུག །ཐམས་ཅད་རང་ལས་འབྱུང་བར་འདུག །དེ་ལས་འབྱུང་པོ་ཀུན་འདུལ་བསྟན། །འདྲེ་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བསྟན། །དེ་ལས་བསྡུས་པ་སྡེ་བརྒྱད་ཡིན། །དེ་བསྡུས་འདྲེ་ལྔ་དེ་ཡང་གཅིག །ཕུང་འདྲེ་གཅིག་ལ་རོ་སྙོམས་ན། །འདྲེ་ཡི་གཡུལ་ངོ་བཟློག་པར་འགྱུར། །ལྷ་ནི་ཏིལ་གྱི་གང་བུ་བཞིན། །རྡུལ་སྙེད་གྲངས་ལས་འདས་པའི་ལྷ། །དེ་ཡང་བསྡུས་པས་ཡབ་ཡུམ་བཅུ། །དེ་ཡང་བསྡུས་པས་རིགས་ལྔ་དང་། །དེ་ཡང་བསྡུས་པས་རིགས་གསུམ་ཡིན། །ཐམས་ཅད་གཅིག་ཏུ་འདུས་པ་ནི། །རྣམ་པར་སྣང་མཛད་ཀུན་ཏུ་ཞལ། །ལྷ་རྣམས་ཐམས་ཅད་རྩ་བའི་ལྷ། །ཐམས་ཅད་རིག་པས་ཀུན་རིག་རྣམ་སྣང་ཡིན། །ཐམས་ཅད་ཀུན་ལ་ཁྱབ་པས་རྣམ་སྣང་གངས་ཆེན་མཚོ། །ལྷ་ཡི་རོ་སྙོམས་ཕྱོགས་མེད་ཐམས་ཅད་ལྷ་ཡིས་གང་། །གཅིག་པུ་རབ་ཏུ་འདུས་པའི་ལྷ་ཁང་ཡིན། །ཞེས་གསུངས་པ་དང་། སྤྱན་རས་གཟིགས་ཀྱིས་ཞུས་པ། བདག་ཅག་རྣམས་ལ་དགོངས་པ་ཡི། །སོ་སོར་འདུལ་བ་ཇི་ལྟ་བུ། །བདག་གི་ཕྲིན་ལས་ཇི་ལྟ་བུ། །ཞེས་ཞུས་པས། ཀུན་ཏུ་ཞལ་གྱིས་བཀའ་སྩལ་པ། །ངོ་བོ་གསེར་ལྟར་མི་འགྱུར་བས། །འཕགས་པའི་ནང་ན་འཇམ་དཔལ་ཡིན། །འཁོར་བའི་ཟུག་རྔུ་རང་སར་གྲོལ། །འཕགས་པ་འཇམ་དཔལ་དགོངས་པ་ཡིན། །འཁོར་བ་རང་གྲོལ་དྲི་མ་མེད། །འཕགས་པ་ཀུན་གྱི་ནང་ན་མཆོག །ཡེ་ནས་ཡིན་པས་ཤེས་ནས་གནས། །ཡེ་ཤེས་སེམས་དཔའ་ཞེས་སུ་བརྗོད། །མཚོན་པ་དཔེ་ཡི་རྡོ་རྗེ་ནི། །རྡོ་རྗེ་ཕ་ལམ་ལྟ་བུ་ནི། །ཐམས་ཅད་འཇོམས་ཤིང་འབིགས་པས་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིན། །བལྟ་ཐབས་གཅིག་གིས་

ཐམས་ཅད་མཐོང་། །ཟ་འོག་གུར་ཁྱིམ་ལྟ་བུ་ནི། །ཕྱག་ན་རྡོ་རྗེའི་དགོངས་པ་ཡིན། །རྡོ་རྗེ་ལྟ་བུར་མི་འགྱུར་བས། །འབྲས་བུའི་ཕྱག་ན་རྡོ་རྗེ་ཡིན། །འཕགས་པ་ཀུན་གྱི་ནང་ནས་མཆོག །གངས་ལ་ཉི་མ་ཤར་བ་ལྟར། །ཕྱག་སྟོང་སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་ཏེ། །འཕགས་པའི་ནང་ནས་སྤྱན་རས་གཟིགས། །ཐུགས་རྗེས་འགྲོ་བ་མ་ལུས་འདུལ་མཛད་པ། །སྤྱན་རས་གཟིགས་ཀྱི་དགོངས་པ་ཡིན། །ཐམས་ཅད་རྣམ་དག་པདྨ་འདྲ། །འབྲས་བུའི་སྤྱན་རས་གཟིགས་དབང་ཡིན། །འཕགས་པ་རྣམས་ཀྱི་ནང་ནས་མཆོག །ཐམས་ཅད་ནམ་མཁའ་དྭངས་པ་ལྟར། །གཡོ་བ་མེད་པས་མི་གཡོ་བ། །ཡུལ་མེད་རང་གྲོལ་དགོངས་པ་ཡིན། །མི་གཡོ་བ་ཡི་དགོངས་པ་ཡིན། །འགྲོ་དྲུག་རང་གྲོལ་མ་བཅོས་པ། །མི་གཡོ་བ་ཡི་འབྲས་བུ་ཡིན། །འཕགས་པ་ཀུན་གྱི་ནང་ན་མཆོག །འཁོར་བ་རང་གྲོལ་འགྲོ་བའི་གནད་མེད་ན། །འཇམ་དཔལ་འབྲས་བུ་ཐོབ་པར་ག་ལ་འགྱུར། །རང་རིག་འགྱུར་བ་མེད་པའི་གནད་མེད་ན། །ཕྱག་ན་རྡོ་རྗེའི་དགོངས་པ་སད་པ་དཀའ། །སྟོང་གསུམ་ཕྱོགས་མེད་ལྟ་ཐབས་གནད་མེད་ན། །སྤྱན་རས་གཟིགས་དབང་དགོངས་པ་ཐོབ་པ་དཀའ། །ཐིག་ལེ་ཉག་གཅིག་གནད་མེད་ན། །མི་གཡོ་བ་ཡི་དགོངས་པ་ཐོབ་པ་དཀའ། །ཞེས་གསུངས་སོ། །ན་མོ་མཉྫུ་ཤྲཱི་ས་མཱ་དྷི། བཛྲ་པཱ་ཎི་ས་མཱ་དྷི། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ས་མཱ་དྷི། ཙཎྜ་མ་ཧཱ་རོ་ཥ་ཎ་ས་མཱ་དྷི། ས་མཱ་དྷི། ཨེ་ཀ་ཏི་ལ་ཀ་མ་ཧཱ་ཨ་ཏི་ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། ལྷ་འདྲེ་ཁ་སྦྱོར་གཡུལ་ཟློག་གི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ནད་དང་དུས་མིན་འཆི་བའི་རོ་སྙོམས་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེ་ལ་དང་པོ་ནད་ཀྱི་གཞི་ས་དང་། །དེ་ལས་རྒྱུ་དང་རྐྱེན་བསྟན་པ། །ཐ་མ་ནད་ངོས་བསྟན་པའོ། །དངོས་ནད་བཞི་བརྒྱ་རྩ་བཞི་ཡང་། །བསྡུས་པ་ཉི་ཤུ་རྩ་ལྔར་འདུས། །དེ་ཡང་རྣམ་པ་ལྔ་རུ་འདུས། །འདྲེ་ནད་རྟོག་

ནད་སེམས་ཀྱི་ནད། །འཆི་བའི་ནད་དང་བཞི་རུ་འདུས། །དེ་ཡི་རོ་སྙོམས་བསྟན་པར་བྱ། །ཐུན་མོང་སྨན་དང་ཁྱད་པར་བཅུད་ལེན་དང་། །མཆོག་གི་རོ་སྙོམས་གསུམ་དུ་བསྟན། །འདྲེ་ནད་འདྲེ་ལ་རོ་སྙོམས་བྱ། །སེམས་ནད་སེམས་ལ་རོ་སྙོམས་བྱ། །འཆི་ནད་ཡེ་ཤེས་རོ་སྙོམས་བྱ། །རྟོག་ནད་མཉམ་ཉིད་རོ་སྙོམས་བྱ། །རོ་ནི་ཉམས་སུ་མྱོང་བའོ། །མྱོང་བ་རང་བྱུང་ཡེ་ཤེས་སོ། །རོ་ནི་ཆགས་སྡང་ཡུལ་སྣང་ངོ་། །སྙོམས་པ་གཉིས་མེད་ཟང་ཐལ་ལོ། །ཕྱི་ཡི་འབྱུང་བ་རོ་སྙོམས་པས། །སེམས་ཀྱི་ནད་ལས་གྲོལ་བར་བྱེད། །ནང་གི་ཕུང་པོ་རོ་སྙོམས་པས། །འཆི་བའི་ནད་ལས་གྲོལ་བར་བྱེད། །གསང་བའི་དུག་ལྔ་རོ་སྙོམས་པས། །རྣམ་རྟོག་ནད་ལས་གྲོལ་བར་བྱེད། །ཡང་གསང་འགྱུས་ཚད་རོ་སྙོམས་པས། །གདོན་གྱི་ནད་ལས་གྲོལ་བར་བྱེད། །ནད་ཀྱི་ངོ་བོ་སྡུག་བསྔལ་ཏེ། །ངེས་པའི་ཚིག་ནི་མ་ནོར་བའོ། །དབྱེ་བ་གོང་དུ་ཤེས་པར་བྱ། །འབྲས་བུ་ཁམས་གསུམ་འཁོར་བའོ། །ནུཏྦནྣ་ཏྭཱ་ཏ་ཧྲྀ་ད་ཡ། ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་བཟློག་གི་རྒྱུད་ལས། ནད་དང་འཆི་བར་རོ་སྙོམས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཆོས་རྣམས་ཐམས་ཅད་དངོས་གཞི་གཉིས་སུ་འདུས། །འཁྲུལ་པའི་གཞི་དང་འཁྲུལ་པ་དངོས། །གཞི་ཡི་མཐུན་དཔེ་ག་བུར་འདྲ། །དངོས་པོ་རྣམ་པ་གསུམ་དུ་སྣང་། །དེ་ཡང་ནད་ཀྱི་རྒྱུ་རྐྱེན་གྱིས། །འབྲས་བུ་རྣམ་པ་གསུམ་དུ་སྨིན། །དེ་ལ་དཔེ་ཡི་ངོ་སྤྲོད་དོ། །དེ་ལ་རོ་སྙོམས་དགོས་པ་ཡིན། །བདུད་ཀྱི་རོ་སྙོམས་བསྟན་པར་བྱ། །དང་པོ་ལྷ་ཡི་བུ་ཡི་བདུད། །དེ་ཡང་གཞི་ས་ཀུན་གཞི་ཡིན། །བར་དུ་རྒྱུ་དང་རྐྱེན་དུ་བྱུང་། །འོད་ལ་ཆགས་པས་དངོས་སུ་བྱུང་། །དངོས་པོ་ལུས་སེམས་ཡུལ་གྱིས་བསླུས། །སླུ་བྱེད་རྩད་ནས་མ་ཆོད་ན། །ལྷ་ཡི་བདུད་ཆོས་ཤིན་ཏུ་དཀའ། །བསྒོམས་པས་བྱིས་པའི་སྤྱོད་ཡུལ་བཞིན། །ཆགས་པ་རང་གྲོལ་མ་ཤེས་ན། །

བསྒོམས་པས་བདུད་ཀྱིས་ཁྱེར་བ་ཡིན། །བསྒོམ་ཆགས་བདུད་དཔུང་འབྱུང་བར་འགྱུར། །སྟོང་ཉིད་ལ་དགའ་འདོད་ཆགས་བློ། །སྣ་ཚོགས་གཟུགས་ཅན་ཡིད་ཀྱི་ཡུལ། །གཉིས་མེད་ཡེ་ཤེས་ཟང་ཐལ་ལ། །བསྒོམ་པའི་བདུད་དྲུག་ཁྱད་པར་བཞི། །ངོ་བོ་ཉིད་ཀྱི་བདུད་ཀྱིས་སུ། །ཐམས་ཅད་བྱིན་གྱིས་བརླབས་པ་ཡིན། །ཨེ་མའོ། གསང་སྔགས་དོན་ལ་གནས་པ་པོ། །ཐིག་ལེ་ཆེན་པོའི་རྟག་པའི་སྐུ། །མུ་སྟེགས་རྟག་པ་ལྟ་བུ་མིན། །རྟག་པར་མ་སོང་སྟོང་ཞིང་དྭངས། །ཆད་པར་མ་སོང་ངོ་བོས་གསལ། །གཉིས་སུ་མ་སོང་རྒྱ་མ་ཆད། །བློས་བརྟགས་རྟག་པ་མ་ཡིན་ཏེ། །ཆོས་སྐུ་ཐིག་ལེ་རང་བྱུང་རྟག །རྟག་པ་ཆེན་པོ་ཡེ་ཤེས་སྐུ། །དུས་གསུམ་སངས་རྒྱས་ཡང་མེས་པོ། །དེ་ལ་བསྒོམ་དུ་རང་སྣང་ཡིན། །རང་སྣང་ཐིག་ལེའི་ཀློང་ཆེན་ཡིན། །རྩོལ་བསྒྲུབས་མེད་པར་བྱུང་བ་ཡིན། །དེས་ན་རང་བྱུང་ཡེ་ཤེས་ཐིག་ལེ་ཡིན། །ཐིག་ལེ་བརྩེགས་པའི་རྩེ་མོར་ཕྱིན། །ཡེ་ཤེས་ཟང་ཐལ་རང་སྒོ་སད། །ཐར་པའི་ལམ་ཆེན་འབྲས་བུ་ཐོབ། །ལྷ་ཡི་བུ་ལ་བདུད་བཞི་ཚང་། །བདུད་བཞིའི་རྒྱ་ཡི་དྲས་ཐག་བཅད། །སྣང་བ་རྒྱ་དང་འདྲ་བ་དེ། །དེ་ནི་ཉོན་མོངས་བདུད་ཡིན་ནོ། །འཛིན་པ་ལྕགས་ཀྱུ་འདྲ་བ་དེ། །ལྷ་ཡི་བུ་ཡི་བདུད་ཡིན་ནོ། །འདུས་ནས་ཉམས་སུ་མྱོང་བ་དེ། །འདུས་བྱས་ཕུང་པོའི་བདུད་ཡིན་ནོ། །ཕུང་པོ་འདུས་ནས་སྐྱེད་བྱེད་པ། །འཆི་བདག་བདུད་ཅེས་བྱ་བ་འབྱུང་། །ངོ་བོ་མ་རིག་རང་གིས་བསྐལ། །བསྐལ་པའི་བདུད་ཆེན་དེ་ཡིན་པས། །དེ་ལ་ངོ་སྤྲོད་བསྟན་པར་བྱའོ། །ཨེ་མ་ངོ་མཚར་འདི་ལྟ་བུ། །དམ་མེད་རྣམས་ལ་བྱིན་གྱུར་ན། །བུ་ག་དགུ་ནས་ཁྲག་ཟག་ནས། །ངན་འགྲོ་གསུམ་དུ་ལྟུང་བར་འགྱུར། །དམ་མེད་རྣམས་ལ་བྱིན་གྱུར་ན། །ཚེ་ལ་བར་གཅོད་བྱེད་པས་ན། །ཐར་པའི་ས་བོན་སྟོངས་པ་དང་། །བྱང་ཆུབ་མྱུ་གུ་བསྐམ་པར་འགྱུར། །དམ་ལ་མི་གནས་ཚུལ་འཆོས་ཆེ། །ང་རྒྱལ་དྲེགས་པ་ཁོང་དུ་བཅུག །སློབ་དཔོན་ལ་ཡང་མགོ་མཆོངས་བྱེད། །མཆེད་

གྲོགས་རྣམས་ཀྱི་ཞེ་གཅོད་པ། །དེ་ལ་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། ལྷའི་བུའི་བདུད་གཞོམ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་བློ་གྲོས་ཁྱོད། །ཉོན་མོངས་ཡུལ་ལས་སྐྱེ་བ་ཡིན། །དེ་ཡང་གཞི་དང་རྒྱུ་དང་རྐྱེན། །དེ་ཉིད་འདུས་བྱས་ཉོན་མོངས་དངོས་པོའི་བདུད། །འོད་ལྔ་ཡུལ་སྣང་དངོས་པོའི་བདུད། །ཕྲ་རགས་དོན་གྱི་གཏིང་བཙལ་ནས། །ཡང་འཁྲུལ་གཏན་ལ་དབབ་པར་བྱ། །ཉོན་མོངས་བལྟ་བས་འཇོམས་པར་བྱེད། །ལྟ་བ་ཉོན་མོངས་བདུད་དུ་བབས། །ཉམས་སུ་མྱོང་ན་ཕུང་པོའི་བདུད། །མ་མྱོང་མི་ཤེས་གཏི་མུག་བདུད། །ཕྱོགས་ལྟ་ལྷ་ཡི་བུ་ཡི་བདུད། །སྐྱེ་ཞིང་འགོག་པ་འཆི་བདག་བདུད། །ཡུལ་མེད་མ་ཤེས་ངོ་བོའི་བདུད། །བདུད་ཀྱི་འཇིགས་པ་སེལ་བ་ལ། །བདུད་ཀྱི་ངོ་སྤྲོད་རོ་སྙོམས་གཅེས། །གནད་དང་ལོག་གནོན་གེགས་སེལ་གསུམ། །འདི་གསུམ་མི་ལྡན་བལྟ་བ་སྟོར། །བདུད་དྲུག་ཆོམས་པའི་སྐལ་མེད་པས། །འཁོར་བ་རང་གྲོལ་དུས་མ་མཆིས། །བླ་མའི་གདམས་པས་མ་བརྒྱན་ན། །སློབ་མ་དམ་ཚིག་མེད་པ་ལ། །འདི་ཡི་བཀའ་རྒྱུད་བསྟན་པ་ན། །དམ་ལ་མི་གནས་ཚུལ་འཆོས་ཟེར། །དེ་འདྲའི་བལྟ་བའི་གནས་ལུགས་དེ། །ཐོག་མ་རང་ནས་རྟོགས་སོ་ཟེར། །མ་རྟོགས་རྟོགས་ཟེར་ཚུལ་འཆོས་མཁན། །བསྟན་མ་ཐག་ཏུ་དམ་ཚིག་ཉམས། །དེ་ཤི་ནས་ནི་དེ་ཡི་ལྕེ། །དཔག་ཚད་བརྒྱ་ཙམ་ཡོད་པ་ལ། །ལྕགས་བསྲེགས་ཐོང་གིས་རྨོ་བར་འགྱུར། །དེས་ན་བསྟན་པར་མ་གསུངས་སོ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། ཉོན་མོངས་པའི་བདུད་གཞོམ་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཐམས་ཅད་དངོས་གཞི་གཉིས་སུ་འདུས། །ཕུང་པོའི་བདུད་ཀྱི་གཞི་ས་དང་། །དངོས་པོའི་ཕུང་པོ་

བསྟན་པར་བྱ། །ཕྲ་རགས་དོན་གྱི་གཏིང་གསལ་ནས། །འཁྲུལ་གཞི་བ་དེད་ཤེས་པར་བྱ། །དང་པོ་ཕུང་པོའི་བ་དེད་བསྟན། །དེས་ན་ཕུང་པོའི་རྒྱུ་རྐྱེན་བསྟན། །ཐ་མ་ཕུང་པོ་རྣམ་ལྔ་བསྟན། །བར་གྱི་ཕུང་པོ་འོད་ལྔ་ལས། །སྐྱེ་ཞིང་དངོས་སུ་ཉམས་སུ་མྱོང་། །ཕུང་པོ་ཞེས་བྱ་འོད་ལས་གྲུབ། །སྣ་ཚོགས་གཟུགས་རྣམས་འོད་ལས་བྱུང་། །གཟུགས་རྣམས་མ་ལུས་ལེན་པའོ། །རྣམ་ཤེས་ལེན་པ་ཆུ་ཆེན་པོ། །འདུ་ཤེས་ལེན་པ་མེ་ཆེན་པོ། །ཚོར་བ་ལེན་པ་ས་ཆེན་པོ། །འདུ་བྱེད་ལེན་པ་རླུང་ཆེན་པོ། །གཟུགས་ལེན་པ་ནི་ནམ་མཁའོ། །རགས་པ་དང་ནི་དངོས་པོའོ། །ཕུང་པོ་ལྔ་ཡི་དབྱེ་བ་དེ། །འདི་ལ་བདུད་བཞི་ཚང་བ་ནི། །ཕུང་པོའི་བདུད་དུ་གྲགས་པ་ཡིན། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །ཐམས་ཅད་ལས་བྱུང་རང་བྱུང་བ། །དེ་ལ་སྤྱོད་པ་བསྟན་པ་ནི། །སྤྱོད་པ་ཤེས་རབ་ཐབས་ཀྱི་མཆོག །བཙུན་མོ་ཟོ་ཆུའི་འཁོར་ལོ་ལྟར། །འགྲོ་འོང་འགེགས་སྦྱོར་བཞི་ལས་མེད། །ཐབས་དང་ཤེས་རབ་གཉིས་མེད་པའི། །རང་བྱུང་རང་གྲོལ་རང་སྣང་བའི། །དེ་ནི་སྤྱོད་པའི་མཆོག་ཏུ་བཤད། །ཐབས་དང་ཤེས་རབ་བསྣོལ་བ་ཡིས། །བདུད་དྲུག་ཆོམས་པའི་དུས་མི་མཆི། །བདུད་དྲུག་ཆོམས་པར་མ་གྱུར་ན། །སྤྱོད་པ་སྤང་ལེན་རྐྱེན་མི་ཐུབ། །ཅེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། ཕུང་པོའི་བདུད་གཞོམ་པ་དང་རོ་སྙོམས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཐམས་ཅད་གཞི་ལམ་དངོས་པོ་གསུམ་དུ་འདུས། །གཞི་སའི་དོན་ལ་ངོ་སྤྲད་པ། །དེ་ནི་ནོར་བུ་རིན་ཆེན་འཆང་བ་འདྲ། །ལམ་གྱི་དོན་ལ་ངོ་སྤྲད་པ། །རྒྱ་མཚོ་ཆུ་རླབས་རང་བྱུང་འདྲ། །འབྲས་བུ་དངོས་ལ་ངོ་སྤྲད་པ། །ག་བུར་སྨན་དང་རང་བྱུང་རང་ཤར་འདྲ། །ཆོས་རྣམས་ཐམས་ཅད་གཞི་ལམ་འབྲས་བུ་གསུམ། །འབྲས་བུ་གནད་ལ་མ་ཕེབས་ན། །

འབྲས་བུ་ཐིག་ལེ་ཆོས་མིན་དེ། །དེ་ཡི་གཞི་ལམ་འབྲས་བུ་གསུམ། །གསང་སྔགས་པ་དང་སྒོ་བསྟུན་ཕྱིར། །གཞི་ནི་ག་པུར་ལྟ་བུའོ། །ལམ་ནི་སྨན་དུ་ཤེས་པའོ། །འབྲས་བུ་སྨན་དུ་གྲུབ་པའོ། །དེ་ནི་དཔེ་ཡི་ངོ་སྤྲོད་དོ། །ད་ནི་དོན་གྱི་ངོ་སྤྲད་དེ། །ཐམས་ཅད་ཡེ་ཤེས་ཟང་ཐལ་ཆོས་མིན་གཞི། །ཕྱོགས་མེད་ཆེན་པོ་སྤྱི་གཞི་ཤེས། །དེ་ཤེས་པ་ནི་གཞི་སྤྱོད་ཡིན། །དེ་ཡང་རང་ལས་བྱུང་བས་ན། །དེ་ནི་རང་བྱུང་ལམ་གྱི་སྤྱོད་པ་ཡིན། །ཡེ་ནས་ཡིན་པར་རྟོགས་པས་ན། །རྟོགས་པ་མངོན་གྱུར་སངས་རྒྱས་ཡིན། །འབྲས་བུའི་ཡུལ་ལ་དེ་ཡིན་ནོ། །གསང་སྔགས་ཚུལ་བསྟུན་དེ་ལྟར་ཡིན། །ཚུལ་བསྟུན་པས་ནི་ཕྱོགས་མེད་རྫོགས། །རྫོགས་ཆེན་སྤྱོད་པ་དེ་ཡིན་ནོ། །རྫོགས་ཆེན་གཞི་ལམ་དབྱེར་མེད་པ། །ག་བུར་དཔེ་དང་བསྟུན་པའོ། །དེ་ཡང་འདི་ལྟར་ཤེས་པར་བྱ། །མ་རྫོགས་མེད་དང་མ་འགགས་པ། །དེ་ཡང་མ་རྫོགས་པར་ཡང་མ་འགགས་པས། །ཕྱོགས་སུ་མ་ལྷུང་མ་རྫོགས་པས། །རྒྱ་མ་ཆད་པས་མ་རྫོགས་པ་ཡང་མིན། །ཐམས་ཅད་གྲུབ་པས་མ་གྲུབ་པ་ཡང་རྫོགས། །ཞེས་གསུངས་སོ། །རྫོགས་པ་ཆེན་པོ་རང་བྱུང་ལ། །ཐམས་ཅད་རྫོགས་པར་ཤེས་པ་ཡིས། །སྤྱད་དུ་མི་འདོད་ལམ་ཆེན་ཡིན། །ཐམས་ཅད་རང་སར་གྲོལ་བ་ཡིས། །ཐོབ་ཏུ་མེད་པའི་འབྲས་བུ་རྫོགས། །ཐམས་ཅད་གཞི་ལས་གྲུབ་པ་ཡིས། །ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ། །ལྟ་ཐབས་གཅིག་གིས་ཀུན་མཐོང་བས། །མཚན་མ་རང་སར་གྲོལ་བར་འགྱུར། །ལྟ་ཐབས་གཅིག་གིས་གོལ་སྒྲིབ་ཆོད། །ཐེག་པའི་གོལ་སྒྲིབ་རང་སར་གྲོལ། །ལྟ་ཐབས་གཅིག་གིས་ཐམས་ཅད་གྲོལ། །མ་རིག་རྩད་གཅོད་འགྲོ་དྲུག་རང་སར་གྲོལ། །ལྟ་ཐབས་གཅིག་གིས་ཟང་ཐལ་ཤར། །ཐིག་ལེ་ཉག་གཅིག་རང་ལ་ཤར། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །རང་གྲོལ་རང་བྱུང་རང་ལ་ཤར། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སྤྱོད་པ་དང་འབྲས་བུ་ལ་ཤན་དབྱེ་བ་དང་། དེས་འཆི་

བདག་གི་བདུད་གཞོམ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །སྒྲིབ་པས་མ་མཐོང་མ་ཤེས་པས། །དེ་ཡི་དྲས་ཐག་གཅད་པར་བྱ། །དེ་ཡང་གོང་འོག་ཁྱད་པར་ལས། །སྒྲིབ་པ་སྒྲ་མཐུན་དོན་ལས་འཕགས། །འོག་མ་ལས་སྒྲིབ་ཉོན་མོངས་སྒྲིབ། །རིམ་གྱིས་བསལ་ཅིང་གཉེན་པོས་སྤོང་། །དེ་ནི་འོག་མའི་སྒྲིབ་པ་སྦྱོང་ལུགས་ཡིན། །ཐིག་ལེའི་སྒྲིབ་པ་རང་སར་གྲོལ། །སྒྲིབ་པ་སྒྲིབ་པ་ཞེས་བྱ་བ། །མ་རིག་མ་རྟོགས་སྒྲིབ་པ་ཡིན། །སྒྲིབ་པ་ཆེ་ན་ཡེ་ཤེས་གསལ། །ཅི་ཕྱིར་སྒྲིབ་པ་ཆེ་བས་རྟོག་པ་གསལ། །མུན་པ་ནག་ཅིང་སྣང་བ་གསལ། །དུག་ལྔ་རགས་ཤིང་ཡེ་ཤེས་རྒྱས། །ཤིང་ཕུང་ཆེ་ན་མེ་དཔུང་ཆེ། །མ་རིག་མུན་ནག་འཐིབས་པ་ལ། །རིག་པའི་རྒྱལ་པོ་སྣང་བ་གསལ། །སྣང་བ་ཆེན་པོ་མ་རིག་པ། །གསལ་བ་ཆེན་པོ་ཡེ་ཤེས་སྐུ། །ཤེས་བྱའི་སྒྲིབ་པ་དག་པར་བྱེད། །དག་པར་བྱེད་ཅིང་སྒྲིབ་སེལ་བ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །གྲོལ་བར་བྱེད་པ་རྟོགས་པ་ཡིན། །བསྒོམས་པས་གྲོལ་བར་ག་ལ་འགྱུར། །དཔེར་ན་མུན་པའི་ནང་དུ་བྱད་སྟོན་འདྲ། །དེ་ལ་བརྟེན་ནས་བསྒོམ་པ་དང་། །སྣང་བའི་གནས་སུ་གསེར་བསྟན་འདྲ། །གསེར་དེ་རྟོགས་ནས་བསྒོམ་མི་དགོས། །མ་རྟོགས་བསྒོམས་པས་སངས་མི་རྒྱ། །རྟོགས་པས་མངོན་དུ་གྱུར་པ་ཡིན། །བསྒོམ་པས་མངོན་གྱུར་ངས་མ་བཤད། །དེ་ལྟར་ཤེས་པས་ཤེས་བྱའི་སྒྲིབ་པ་གྲོལ། །དེ་ལ་སྤྱད་བྱ་སྤྱོད་བྱེད་གཉིས་མེད་པས། །ལས་ཀྱི་སྒྲིབ་པ་གྲོལ་བ་ཡིན། །ཡུལ་མེད་རང་སར་གྲོལ་བ་ཡིས། །ཉོན་མོངས་སྒྲིབ་པ་གྲོལ་བ་ཡིན། །ཐམས་ཅད་ཐིག་ལེ་ཆོས་མིན་རྟོགས། །རྣམ་སྨིན་རྒྱུ་མཐུན་སྒྲིབ་པ་གྲོལ། །སྒྲིབ་པ་རེ་ལ་བཞི་བཞི་ཚང་། །མཚན་ཉིད་འཛིན་པ་རེ་རེ་ལ། །དེ་ཡི་རྩལ་སྣང་ཡོངས་ལ་ཁྱབ། །ཁྱབ་ཅིང་འདྲེལ་བ་དེ་ལྟར་ཡིན། །འདི་ལྟ་བུ་ཡི་གདམས་པ་ནི། །ཀུན་ལ་བསྟན་པའི་གནས་མེད་ཀྱིས། །གདམས་པ་སྣོད་དང་ལྡན་ན་སྦྱིན། །བྱིན་ན་

ཤེས་པའི་རྫུ་བར་བྱེད། །འདིར་ནི་མི་བདེ་སྣ་ཚོགས་འབྱུང་། །ཚེ་ཐུང་ནད་ཀྱང་མང་བར་འགྱུར། །ཤི་ནས་ལྐུགས་པར་གྱུར་ནས་ཀྱང་། །ཆོས་ཀྱི་སྒྲ་ཡང་མི་གྲགས་ལ། །གྲགས་ཀྱང་གོ་བར་མི་འགྱུར་བས། །དེ་ལ་བསྟན་པར་མི་བྱའོ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སྒྲིབ་པའི་དྲས་ཐག་བཅད་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ཀྱིས་རྩེ་གཅིག་བརྟན་པོས་ཟུང་། །སྒྲིབ་པ་རང་གྲོལ་འབྲས་བུ་ཡིས། །ཉོན་མོངས་ཁམས་རྣམས་དག་བྱེད་པ། །འགྲོ་བའི་མགོན་པོ་བླ་མ་ལ། །དབང་རྣམས་ནོས་ལ་ལག་ཏུ་བླང་། །ལག་ལེན་དུས་ཚོད་སྟོན་མཛད་པ། །འགྲོ་བའི་མགོན་པོ་སངས་རྒྱས་སེམས། །ལྷག་པའི་ལྷ་ནི་བླ་མའོ། །སངས་རྒྱས་སྟོང་དང་རྩ་གཅིག་ཀྱང་། །མཁས་པ་དམ་པ་རྣམས་ཀྱང་བསྟེན། །དེ་བས་དམ་པ་གཉན་པར་ཤེས། །ད་ལྟར་བཞུགས་དང་མ་འོངས་འདས། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས། །བླ་མ་གཉན་པར་ཤེས་པར་བྱ། །བླ་མ་གསང་སྔགས་ཆེན་པོའི་མཆོག །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་ཡིན། །བླ་མ་གསང་སྔགས་རྒྱལ་པོ་ཡིན། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །དེ་ལ་དབང་རྣམས་ཞུ་བར་བྱེད། །རབ་ཏུ་གཅེས་པའི་ཕྱག་རྒྱ་དང་། །ནོར་དང་འབྲུ་དང་བུ་ལ་སོགས། །དེ་ཡི་དུས་སུ་སྦྱིན་པར་བྱ། །དབང་རྣམས་མ་ཐོབ་སློབ་མ་དེ། །མཚོ་ལ་ཆར་བབས་འདྲ་བས་གཏིང་གོ་མེད། །དཔའ་རྩལ་ལུས་ལ་ཡོད་ཀྱང་མཚོན་ཆ་བདུད་དུ་བྱུང་། །རྩ་རླུང་ཐིག་ལེ་རང་ཆས་ཡོད་པ་ལ། །རྩ་རྒྱུས་ཞགས་པས་བཅིངས་ཏེ་ཐར་དུས་མེད། །རླུང་གིས་བསྐྱོད་སྟེ་དེ་ནས་སྡུག་བསྔལ་སྣོན། །ཐིག་ལེ་ཉམས་སུ་མྱོང་ཞིང་མྱོང་ན་སྨོན། །ཡེ་ཤེས་ཁོང་ཤར་མ་ཤེས་གཟུང་འཛིན་ཐ་རྒོད་ལས། །ཁ་གསགས་སྤྱི་བརྟོལ་གཞོག་དོམ་

མཁན། །ཁ་ཞུ་གཏིང་འཁྱགས་གངས་ཀྱི་ཆུ། །དེ་དང་འདྲ་བའི་ཡ་མ་རུལ་པ་སྣོད་པ་བརླ། །ཁོང་དུ་འདྲེ་ཞུགས་གྲོང་ཁ་ཐམས་ཅད་རྒྱུ། །གཞོགས་སློང་ཁ་གསགས་གཅམ་བུ་ཅན། །དེ་ལ་བསྟན་ན་སངས་རྒྱས་རྩ་བ་འཆད། །དེ་བས་དོན་འདི་གསང་བར་བྱ། །ཤེས་བྱའི་སྒྲིབ་པ་ངོ་སྤྲད་པས། །ཆོས་སྐུ་ཡུལ་མེད་དེ་ལ་ཤར། །ལས་ཀྱི་སྒྲིབ་པ་ངོ་སྤྲད་པས། །རང་སྣང་ལོངས་སྐུ་དེ་ལ་ཤར། །ཉོན་མོངས་རྣམ་སྨིན་སྒྲིབ་པ་ངོ་སྤྲད་པས། །སྤྲུལ་སྐུ་རང་བྱུང་དེ་ལ་ཤར། །རང་ཤར་སྐུ་གསུམ་དེ་ལ་ཤར། །ངོ་བོའི་སྒྲིབ་པ་ངོ་སྤྲད་པས། །ཐིག་ལེ་ཆོས་མིན་སྒྲིབ་པ་སད། །ཅེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སྒྲིབ་པ་རེ་ལ་ངོ་སྤྲོད་རེ་བསྟན་པའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དེ་ཡི་ཡོན་ཏན་བསྟན་པར་བྱ། །ཡོན་ཏན་ཡེ་ཤེས་ལྔ་ལྡན་འདི། །ཉན་ཐོས་རྣམས་ལ་མི་བསྟན་ནོ། །དཔེར་ན་སྒོ་ང་རུས་སྦལ་གནོད་པ་འདྲ། །བསྒོམས་ཀྱང་འབྲས་བུ་སངས་རྒྱས་དཀའ། །རང་སངས་རྒྱས་ལ་མི་བསྟན་ནོ། །དཀར་གཞི་རུལ་བའི་ཕོ་ལྟོ་འདྲ། །དེས་ཀྱང་སངས་རྒྱས་ཤིན་ཏུ་དཀའ། །བྱང་སེམས་སྤྱོད་ལ་མི་བསྟན་ནོ། །ལག་རྡུམ་བྲག་ལ་འཛེགས་པ་འདྲ། །དེས་ཀྱང་སངས་རྒྱས་འབྲས་བུ་དཀའ། །ཀྲི་ཡ་སྤྱོད་ལ་མི་བསྟན་ནོ། །དཔེར་ན་མཚོ་འགྲམ་ངང་པ་འདྲ། །དེས་ཀྱང་སངས་རྒྱས་ཤིན་ཏུ་དཀའ། །ཨུ་པ་ཡ་ལ་མི་བསྟན་ནོ། །དཔེར་ན་ཁ་བྲག་ལམ་མདོར་ཆོམས་པ་འདྲ། །དེས་ཀྱང་སངས་རྒྱས་ཤིན་ཏུ་དཀའ། །ཡོ་ག་སྤྱོད་ལ་མི་བསྟན་ནོ། །དཔེར་ན་སྤྲེའུར་བསྒོམ་སློབ་འདྲ། །དེས་ཀྱང་སངས་རྒྱས་ཤིན་ཏུ་དཀའ། །མ་ཧཱ་ཡོ་གའི་རྣལ་འབྱོར་པ། །དེ་ལ་བསྟན་པར་མི་བྱའོ། །རྡོ་ལ་དངུལ་ཆུ་བསྐུས་པ་འདྲ། །དེས་ཀྱང་སངས་རྒྱས་འབྲས་བུ་དཀའ། །ཨ་ནུ་སྤྱོད་ལ་མི་བསྟན་ནོ། །སེང་གེ་གངས་དང་བྲལ་བ་འདྲ། །དེས་ཀྱང་སངས་རྒྱས་ཤིན་ཏུ་དཀའ། །ཁ་འབྱམས་རྣམས་ལ་མི་བསྟན་ནོ། །རིན་ཆེན་གསེར་གླིང་ཕྱིན་པ་འདྲ། །ལྕགས་སམ་དངུལ་རྡོ་ལྟ་བུ་དང་། །གསེར་འགྱུར་རྩི་

ལྟའི་གང་ཟག་དང་། །པདྨ་ལྟ་བུའི་གང་ཟག་ལ། །དེ་ལ་བསྟན་པར་ཡང་མི་བྱ། །རིན་ཆེན་གསེར་ལྟའི་གང་ཟག་ལ། །བསྟན་ཀྱང་གོ་བར་དཀའ་བ་ཡིན། །འདི་ལྟ་བུ་ཡི་གདམས་པ་འདི། །རིན་ཆེན་ལྟ་བུའི་གང་ཟག་ལ། །འདི་ནི་བསྟན་པའི་སྣོད་དུ་རུང་། །ག་པུར་ལྟ་བུའི་གང་ཟག་ལ། །འདི་ནི་བསྟན་པར་བྱ་བ་ཡིན། །ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ། །ཐུན་མོང་ཐེག་པའི་གྲུབ་མཐའ་ཡི། །ཐེག་པ་རེ་ལ་ཡེ་ཤེས་རེ། །ཡེ་ཤེས་བློ་ལས་འདས་པ་ལ། །བསྒོམས་ནས་སྐྱེའོ་ཞེས་ཟེར་བ། །སྐྱེ་བ་འགོག་ཕྱིར་ཡེ་ཤེས་རྫུན། །ཡེ་དང་ཤེས་པ་དབྱེ་བ་གཅེས། །ངོ་བོ་ཉིད་ཀྱི་ཡེ་ཤེས་དང་། །ཆོས་མཐུན་བསྒྲུབ་པའི་ཡེ་ཤེས་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །དཀའ་བའི་ཕྱིར་ན་སླ་བ་ཡིན། །སླ་བའི་ཕྱིར་ན་དཀའ་བ་ཡིན། །མེ་ལོང་ལྟ་བུའི་ཡེ་ཤེས་དང་། །ཡེ་ཤེས་ཁོང་གསལ་ཆེན་པོ་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །དེ་ལྟར་ཆོས་མཐུན་ཡེ་ཤེས་དང་། །ཆོས་མིན་ཡེ་ཤེས་ཟང་ཐལ་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །ཡེ་ཤེས་རང་བྱུང་བསྒྲུབ་པ་དང་། །ཉམས་ལ་བསྟེན་པའི་ཡེ་ཤེས་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །ཡེ་ཤེས་དབྱིངས་ནས་སྨྲ་བ་དང་། །རང་གྲོལ་ཡེ་ཤེས་སྨྲ་བ་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །ཐུན་མོང་ཡེ་ཤེས་རྣམ་ལྔ་དང་། །རང་སྣང་ཡེ་ཤེས་རྣམ་པ་ལྔ། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །བསྒྲུབས་ནས་ཐོབ་འདོད་ཡེ་ཤེས་དང་། །རང་ལས་བྱུང་བའི་ཡེ་ཤེས་གཉིས། །འདྲ་འདྲ་འདྲ་སྟེ་བརྟགས་པར་དཀའ། །མེ་ལོང་ཕྱི་ནང་བཟློག་པ་འདྲ། །འདྲ་བ་སྒྲིབ་པའི་ཡེ་ཤེས་དང་། །རང་ལ་ཤར་བའི་ཡེ་ཤེས་གཉིས། །འདྲ་འདྲ་འདྲ་སྟེ་ཤིན་ཏུ་དཀའ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། ཐེག་དམན་གྱི་གང་ཟག་ལ་བསྟན་ཀྱང་མི་གྲོལ་བར་བསྟན་པ་དང་ཡེ་ཤེས་ཀྱི་དབྱེ་བའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །

རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཐེག་པའི་མཐའ་ལ་ཐུག་པ་མེད། །ངོ་ལ་བྱེད་པ་བ་གླང་མགོ་བོ་ཅན། །ཆོས་ཀྱི་དབྱིངས་ལ་ཟད་པ་མེད། །ཐེག་པའི་མཐའ་ལ་ཐུག་པ་དང་། །ཉོན་མོངས་མཐའ་ལ་ཐུག་པ་དག །སུས་ཀྱང་མཚོན་པར་མི་ནུས་སོ། །དེ་ལ་དེ་བསྟན་ཐམས་ཅད་མཁྱེན་པ་ཐོབ། །མཁྱེན་པ་མ་འགགས་མི་མཁྱེན་པར་ཡང་ཤར། །ཐམས་ཅད་ཁོངས་སུ་མི་མཁྱེན་པ་ཡང་ཆུད། །ཐམས་ཅད་ཕྱོགས་སུ་མ་ལྷུང་ཐམས་ཅད་རྒྱ་མ་ཆད། །ཐམས་ཅད་མཁྱེན་པ་ཞེས་ནི་དེ་ལ་བྱ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གིས་ཁྱབ་པའོ། །ཐེག་པ་གཅིག་པའི་རྩད་ཆོད་ན། །ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་ཀྱི། །སྒྲོ་འདོགས་དུས་གཅིག་ཆོད་པ་ཡིན། །རྒྱུ་དྲུག་སེམས་ཅན་རྒྱུ་གཅིག་གིས། །ཐམས་ཅད་དག་པ་ཁྱབ་པ་ཡིན། །རྒྱུད་དྲུག་གཅིག་གི་རྩ་ཆོད་ན། །འགྲོ་དྲུག་ཉོན་མོངས་དག་པ་ཅན། །ཉོན་མོངས་ཁྱམས་རྣམས་དག་པ་ཡིན། །འཁོར་བ་བསམ་གྱིས་མི་ཁྱབ་པ། །ཁམས་གསུམ་འཁོར་བར་འདུས་པ་ཡིན། །ཁམས་གསུམ་འཁོར་བ་གཅིག་གིས་ཁྱབ། །གཅིག་གི་རྩ་བ་ཆོད་ཙམ་ན། །ཤེས་རྟོགས་དུས་གཅིག་ཤར་བ་ཡིན། །ཤེས་པས་སྲིད་གསུམ་སྐྱེ་གནས་མེད། །འཇིག་རྟེན་སྣང་བ་བསམ་ཡས་པ། །ཕྱོགས་བཅུའི་འཇིག་རྟེན་ཞེས་སུ་གྲགས། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱང་། །ཕྱོགས་གཅིག་དག་གིས་ཀུན་ལ་ཁྱབ། །ཁྱབ་པ་གཅིག་པོའི་རྩད་ཆོད་ན། །བདེ་བར་གཤེགས་པའི་ཐུགས་ཀྱི་སྲས། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཀུན་རྫོབ་སྣང་བ་བསམ་ཡས་ཀྱང་། །བསྡུས་པས་ངོ་བོ་གཅིག་ལས་མེད། །གཅིག་པོ་དོན་དམ་རང་བཞིན་ཡིན། །དོན་གྱི་དམ་པ་རྣམ་དག་དཔལ། །བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་ཀྱང་། །བསྐལ་པ་གཅིག་གི་སངས་རྒྱས་གཅིག །འཇིག་རྟེན་གསུམ་ན་བསྐལ་བཟང་གཅིག །ཅེས་གསུངས་སོ། །དག་པ་རྩད་བཅད་པ་དང་འཁོར་བ་རྩད་བཅད་པ་དང་། མྱ་ངན་ལས་

འདས་པ་རྩད་བཅད་པ་དང་། མ་རིག་པ་དང་རིག་པ་རྩད་བཅད་འདི། །ཀུན་ཏུ་བཟང་པོའི་ཐུགས་ཀྱི་བཅུད། །རྡོ་རྗེ་བློ་གྲོས་ཁྱོད་ལ་གཏད། །སྐལ་མེད་རྣམས་ལ་སྲོག་ཆད་ཁ་བཞིན་སྡོམས། །ཞེས་བཀའ་བསྡིགས་ནས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། སྒྲོ་འདོགས་རྩད་གཅོད་ངོ་སྤྲོད་ཀྱི་ལེའུ་སྟེ་ཉེར་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །རྒྱུད་དྲུག་གྲོང་ཁྱེར་གཞོམ་པ་དང་། །ཁམས་གསུམ་རྩད་ནས་གཅོད་པ་དང་། །སྲིད་གསུམ་སྐྱེ་རྒྱུན་གཅོད་པ་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །དེ་ལ་དང་པོ་འཁོར་བའི་གྲོང་ཁྱེར་ལ། །བསྡུ་ན་རྣམ་པ་གསུམ་དུ་འདུས། །ཐུན་མོང་འགྲོ་དྲུག་གྲོང་ཁྱེར་ཡིན། །དེ་ཡང་གཞི་དང་དངོས་པོ་གསུམ། །དངོས་པོ་གཏན་ལ་འབེབས་པ་ནི། །ཐེག་པ་ཐུན་མོང་ཞེས་སུ་བརྗོད། །ཁྱད་པར་ཚོགས་དྲུག་གྲོང་ཁྱེར་རོ། །རྣམ་པར་ཤེས་པ་དྲུག་པོ་འཁོར། །གསང་བ་འགྱུ་བ་རྒྱུད་དྲུག་ཡིན། །རྒྱུད་དྲུག་འདུས་པའི་ཕུང་པོ་ཡིན། །འགྱུ་བའི་སྣང་བ་མི་འགག་པའོ། །ཐུན་མོང་སྤྱི་ཡི་རྣམ་པ་ཡིན། །ཁྱད་པར་རང་གི་མཚན་ཉིད་ནི། །རྒྱུད་དྲུག་གྲོང་ཁྱེར་གཞོམ་པའི་ཕྱིར། །ཕྱི་ནང་རྒྱ་ཡན་ངོ་སྤྲད་པས། །སྣང་བའི་གྲོང་ཁྱེར་ཆོམས་པར་འགྱུར། །སྣང་བའི་གྲོང་ཁྱེར་ཆོམས་ཙམ་ན། །རྒྱུད་དྲུག་རྒྱུ་འགྲུལ་བྱ་ས་མེད། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་གསུངས་སོ། །རྒྱུད་དྲུག་གྲོང་ཁྱེར་གཞོམ་འདོད་ན། །ཚོགས་དྲུག་རང་གྲོལ་ངོ་སྤྲད་པས། །ནང་གི་གྲོང་ཁྱེར་ཆོམས་པར་འགྱུར། །དབང་རྟེན་འོད་གསལ་ཤར་ཙམ་ན། །དབང་པོ་ལྔ་ལ་རྒྱུ་ས་མེད། །ཚོགས་ཀྱི་དག་པ་རྣམ་དག་དཔལ། །སངས་རྒྱས་གསུང་ནི་ཟབ་མོ་འབྱུང་། །ཨཱ་ལི་ཀཱ་ལི་ཟབ་མོས་བརྒྱན། །ཨཱ་ནི་སྐྱེ་བ་མེད་པ་ལ། །ལི་ནི་འགག་པ་མེད་པའོ། །རྒྱུད་དྲུག་གྲོང་ཁྱེར་གཞོམ་འདོད་ན། །དུག་ལྔ་ཁོང་ཁྲོའི་ངོ་སྤྲད་པས། །རྒྱུད་དྲུག་གྲོང་ཁྱེར་ཆོམས་པར་འགྱུར། །གསང་བའི་གྲོང་ཁྱེར་ཆོམས་ཙམ་ན། །འགྱུ་བ་

འོང་བ་འགྱུ་ས་མེད། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །དེ་ལ་དེ་བསྟན་དེ་ཡང་ཐོབ། །ཅེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། རྒྱུད་དྲུག་གི་གྲོང་ཁྱེར་གཞོམ་པའི་ལེའུ་སྟེ་ཉེར་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །ཁམས་གསུམ་རྩད་ནས་གཅོད་པ་བསྟན་པར་བྱ། །ཁམས་གསུམ་ཁམས་གསུམ་ཞེས་བྱ་བ། །འདོད་ཁམས་གནས་རིས་ཉི་ཤུ་དང་། །གཟུགས་ཁམས་གནས་རིས་བཅུ་བདུན་དང་། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། །དེ་ནི་ཐུན་མོང་ཁམས་གསུམ་ཡིན། །ཁྱད་པར་ལུས་ངག་ཡིད་གསུམ་ཡིན། །མཆོག་གི་ཁམས་གསུམ་བར་དོ་ལ། །ངོ་སྤྲོད་རྣམ་གསུམ་ཤེས་པར་བྱ། །དེ་ལ་ཁམས་གསུམ་ངོ་སྤྲོད་ནི། །དང་པོ་ཁམས་གསུམ་གཞི་ས་གཅེས། །ཁམས་གསུམ་གཞི་མ་མ་རྟོགས་ན། །ཁམས་གསུམ་རྩད་ནས་གཅད་ཐབས་མེད། །ཁམས་གསུམ་རྩད་ནས་གཅོད་པ་ལ། །ཕྲ་རགས་ཁམས་གསུམ་འཁྲུལ་པ་ནི། །གཞི་དང་དངོས་པོ་འཁྲུལ་པ་གསུམ། །ལྡོག་ཐབས་ས་མཚམས་མ་ཤེས་ན། །འགྲོ་དྲུག་རང་གྲོལ་ཤིན་ཏུ་དཀའ། །དགེ་བཅུ་རང་སར་གྲོལ་བའི་ཕྱིར། །དངོས་པོ་གཏན་ལ་མ་ཕེབས་ན། །ངེས་ཤེས་སྐྱེ་བ་ཤིན་ཏུ་དཀའ། །འཁྲུལ་པ་གཏན་ལ་མ་ཕེབས་ན། །རང་གྲོལ་ས་མཚམས་ཤིན་ཏུ་དཀའ། །འབྲས་བུ་གཏན་ལ་མ་ཕེབས་ན། །རང་གི་ཚད་ཤེས་ཤིན་ཏུ་དཀའ། །ལྡོག་ཐབས་མན་ངག་མ་ཤེས་ན། །ཁམས་གསུམ་རྩད་ནས་ཆོད་པ་དཀའ། །ཀྱེ་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ཁམས་གསུམ་དུས་གསུམ་ཁྱད་པར་མེད། །དམྱལ་བའི་མེ་ལྕེ་འབར་བ་དེ། །ཤེས་རབ་ཡེ་ཤེས་མེ་ཆེན་གྱི། །རང་བྱུང་ཡེ་ཤེས་འོད་པོ་ཆེ། །དམྱལ་བར་ལྟུང་བ་གྲོགས་སུ་འགྱུར། །ཚ་གྲང་ལ་སོགས་མེད་པ་ལ། །སངས་རྒྱས་ཡོན་ཏན་གང་ལ་བསྟན། །འགྲོ་བ་རིགས་དྲུག་སྣང་བ་དེ། །ལུས་ངག་ཡིད་གསུམ་འཁོར་བ་སྟེ། །རང་གྲོལ་སྐུ་གསུམ་དེར་སངས་རྒྱས། །སངས་རྒྱས་ཡུལ་མེད་དགོངས་པ་ཤར། །སངས་རྒྱས་ཐུགས་རྗེས་སྐྱབས་

སུ་མེད། །སངས་རྒྱས་རང་ལ་ཤར་བའི་ཕྱིར། །དམྱལ་བའི་སྣང་བས་གནོད་མ་ནུས། །རང་སྣང་ཐིག་ལེ་ཤར་བའི་ཕྱིར། །དགེ་བ་བཅུས་ཀྱང་བསྟང་མ་ནུས། །དགེ་བཅུ་རང་སར་གྲོལ་བའི་ཕྱིར། །སྡིག་པ་བཅུ་ཡིས་གནོད་མ་ནུས། །རང་གྲོལ་གཉིས་སྣང་མེད་པའི་ཕྱིར། །འཁོར་བར་འཁྱམས་པས་གནོད་མ་ནུས། །རང་སྣང་རྣམ་དག་ཡིན་པའི་ཕྱིར། །མྱ་ངན་འདས་པས་ཕན་མ་ཐོགས། །ལོག་སྣང་དགོངས་པ་མེད་པའི་ཕྱིར། །ཕན་གནོད་གཉིས་ལ་རྟེན་མི་འཆའ། །གཉིས་མེད་ཐིག་ལེར་གཅིག་པའི་ཕྱིར། །ཕྱི་ནང་གཉིས་ལ་ལྟོས་མི་བྱ། །རྟེན་མེད་རང་གྲོལ་ཤར་བའི་ཕྱིར། །དེ་ལྟར་ཤེས་པས་ཁམས་གསུམ་རྩ་བ་ཆོད། །ཐིག་ལེ་ཉག་གཅིག་ཤར། དགོངས་པ་རང་ལ་སྣང་།སངས་རྒྱས་རང་ལ་ཤར། མཚན་མ་རང་སར་གྲོལ། མངལ་ཁ་རྒྱ་ཡིས་ཐེབས། འཁོར་བ་དོང་ནས་སྤྲུག །གཉིས་མེད་བདེ་བ་ཤར། ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། ཁམས་གསུམ་རྩད་ནས་གཅོད་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །སྲིད་གསུམ་སྐྱེ་རྒྱུན་གཅོད་པ་བསྟན་པར་བྱ། །སྟེང་དང་ས་འོག་ས་བླ་གསུམ། །དེ་ནི་ཐུན་མོང་སྲིད་པ་ཡིན། །སྲིད་གསུམ་དགའ་བའི་ཆགས་པས་བཅིངས། །ཆགས་པ་རང་བྱུང་ཨེ་མ་ཧོ། །གཟུགས་དང་གཟུགས་མེད་འདོད་སྲིད་པ། །བག་ཆགས་བརྟས་པའི་སྲིད་པ་ཡིན། །ཁྱད་པར་རང་གི་ལུས་དང་ངག །སེམས་དང་གསུམ་དུ་སྲིད་པ་ཡིན། །སྲིད་གསུམ་སྦྱོར་བའི་དངོས་གཞི་མཚམས། །མཚམས་སྦྱོར་སྲིད་པའི་སྐྱེ་རྒྱུན་ས། །ཐོག་མ་བར་དང་མཐར་སྦྱོར་བ། །འཁོར་བ་ཐོག་མཐའ་གཅད་པའི་ཕྱིར། །འཁྲུལ་གཞི་ཐོག་མཐའ་གཅད་པར་བྱ། །སྲིད་གསུམ་སྐྱེ་རྒྱུན་གཅོད་པ་ལ། །རང་ཤར་རང་གྲོལ་དགོངས་པ་དགོས། །འབྲས་བུ་ཕྱི་དུས་མི་འདེབས་ཏེ། །རང་གྲོལ་ཉག་གཅིག་ཡོད་པའི་ཕྱིར། །ལྟ་བ་ཁྱུང་འཕང་མི་གཏོང་ངོ་། །

ཡེ་གྲོལ་རང་གྲོལ་ཡོད་པའི་ཕྱིར། །བསྒོམ་པ་ཉམས་སུ་མི་ཚོར་ཏེ། །མཚན་མ་རང་གྲོལ་ཡོད་པའི་ཕྱིར། །སྤྱོད་པའི་གོལ་ས་སྤངས་ཀྱང་འཁྲུལ། །དེ་ལྟ་བུ་ནི་མི་འཆར་ཏེ། །ཤེས་རབ་ཟང་ཐལ་ཡོད་པའི་ཕྱིར། །ཐམས་ཅད་གཞི་སར་མི་སྐྱེལ་ཏེ། །གཞི་ས་འདས་པ་ཡོད་པའི་ཕྱིར། །དེ་ལྟར་ཤེས་ན་ཁམས་གསུམ་སྐྱེ་རབས་གཅད། །ཅེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། སྲིད་གསུམ་སྐྱེ་རྒྱུན་གཅོད་པའི་ལེའུ་སྟེ་ཉེར་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །རྒྱུད་དོ་ཅོག་གི་རྩ་བ་འདི། །ཐམས་ཅད་ཚང་བས་ལྗོན་ཤིང་འདྲ། །ཐམས་ཅད་རྫོགས་པས་ནོར་བུ་འདྲ། །ཕྱོགས་མེད་རྟོགས་པས་ནམ་མཁའ་འདྲ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་པ་ཡི་གདར་ཤ་བཅད། །རང་རིག་ཡེ་ཤེས་རང་ལ་ཤར། །ཡེ་ཤེས་འབའ་ཞིག་ལས་བྱུང་བ། །ག་པུར་ལག་ལེན་ཤེས་པ་འདྲ། །འགྱུ་བ་རང་གྲོལ་གདམས་པའི་གཟེར། །ལྷ་མིན་གཡུལ་བཟློག་དགོངས་པ་ཡོད། །ཡེ་ཤེས་རང་ཤར་གདམས་པའི་གཟེར། །བྱིང་རྨུགས་རང་གྲོལ་དགོངས་པ་ཡོད། །ཐིག་ལེ་རང་བྱུང་དགོངས་པའི་གཟེར། །གཟུང་འཛིན་དྭངས་སངས་དགོངས་པ་ཡོད། །སྣང་སྲིད་རང་གྲོལ་གནད་ཀྱི་གཟེར། །སྐྱེ་འཆི་ལས་གྲོལ་དགོངས་པ་ཡོད། །ཁམས་གསུམ་རྣམ་དག་དགོངས་པའི་གཟེར། །སྒྲིབ་སྦྱོང་མི་དགོས་དགོངས་པ་ཡོད། །སྲིད་གསུམ་རང་གྲོལ་དགོངས་པའི་གཟེར། །ལམ་སྦྱོང་མི་དགོས་དགོངས་པ་ཡོད། །དུག་ལྔ་རང་གྲོལ་ཉམས་ཀྱི་གཟེར། །ཚུལ་ཁྲིམས་བསྲུང་རྒྱུ་མེད་པ་ཡིན། །དེ་ལྟར་ཤེས་པས་ཐམས་ཅད་རྫོགས། །དངོས་པོ་མེད་པས་ཆད་པ་རྫོགས། །ངོ་བོ་མི་འགྱུར་རྟག་པ་རྫོགས། །དུག་ལྔ་ཁོང་ཁྲོའི་འབྲས་བུ་ནི། །རྒྱ་མ་ཆད་པས་འགྲོ་དྲུག་རྫོགས། །འོད་གསལ་རང་གསལ་སེམས་ཙམ་རྫོགས། །བདག་མེད་ཤེས་པས་ཉན་ཐོས་རྫོགས། །བརྗོད་དུ་མེད་པས་དབུ་མ་

རྫོགས། །མཉམ་པ་ཉིད་ཀྱིས་སྦྱིན་པ་རྫོགས། །ཉེས་པས་མ་གོས་ཚུལ་ཁྲིམས་རྫོགས། །གནོད་པས་མ་གོས་བཟོད་པ་རྫོགས། །ཡེངས་པ་མེད་པས་བསམ་གཏན་རྫོགས། །རྒྱུན་མི་ཆད་པས་བརྩོན་འགྲུས་རྫོགས། །ཐམས་ཅད་རྟོགས་པས་ཤེས་རབ་རྫོགས། །བགྲོད་དུ་མེད་པས་ས་རྣམས་རྫོགས། །རྣམ་དག་བྱང་ཆུབ་ལམ་ཆེན་རྫོགས། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྫོགས་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །སྔགས་ཀྱི་ཐེག་པའི་རྫོགས་ལུགས་ནི། །འདས་པ་རྣམ་གསུམ་ཀྲི་ཡ་རྫོགས། །འདས་པ་ལྔ་ཡིས་ཡོ་ག་མ་ཧཱ་རྫོགས། །ཆོས་ལས་འདས་པས་ཨ་ནུ་རྫོགས། །ཁམས་གསུམ་རྣམ་དག་རྫོགས་ཆེན་རྫོགས། །རང་བཞིན་སྟོང་པས་ལྟ་མཐའ་རྫོགས། །ངོ་བོ་གསལ་བས་བསྒོམ་མཐའ་རྫོགས། །ཐུགས་རྗེ་གཉིས་མེད་སྤྱོད་མཐའ་རྫོགས། །ཆོས་མིན་རང་གྲོལ་འབྲས་བུ་རྫོགས། །ཆོས་ལས་འདས་པས་ཆོས་སྐུ་རྫོགས། །ཁོངས་གསལ་མ་འགགས་ལོངས་སྐུ་རྫོགས། །ཐམས་ཅད་མཁྱེན་པས་སྤྲུལ་སྐུ་རྫོགས། །འདས་པ་རྣམ་ལྔ་ཡེ་ཤེས་རྣམ་ལྔ་རྫོགས། །མཚན་ཉིད་པ་དང་སྔགས་ཀྱི་ཐེག་པ་རྫོགས། །གྲུབ་པའི་འབྲས་བུ་སྐུ་གསུམ་མཐར་ཐུག་རྫོགས། །མ་རྟོགས་པ་དང་ལོག་པར་རྟོགས་པ་རྫོགས། །ཉམས་སུ་མྱོང་བའི་ཡེ་ཤེས་ཕྱོགས་མེད་རྫོགས། །ལག་ཏུ་ལེན་པའི་ལྟ་སྒོམ་སྤྱོད་པ་རྫོགས། །མཐར་ཐུག་འབྲས་བུ་ཐིག་ལེ་ཉག་གཅིག་རྫོགས། །ཐམས་ཅད་མ་ལུས་རྫོགས་པ་ཆེན་པོ་ཡིན། །ཐམས་ཅད་མ་སྤངས་རང་སར་གྲོལ་བ་ཡིན། །རང་གྲོལ་རྫོགས་པ་ཆེན་པོ་ཡིན། །གྲོལ་བ་གློ་བུར་མ་ཡིན་ཏེ། །ཡེ་ཤེས་རང་གྲོལ་འབྲས་བུ་དེ། །འདུས་མ་བྱས་སུ་གྲོལ་བའོ། །ཐིག་ལེ་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །མཚན་མ་རང་སར་གྲོལ་བ་དགོངས་པའི་མཆོག །ཐམས་ཅད་མ་འདྲེས་རང་སར་རྫོགས། །རྫོགས་ཆེན་མཆོག་ཏུ་དེ་བཤད་དོ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་

གི་རྒྱུད་ལས། འབྲས་བུའི་གནས་ལུགས་ཀྱི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དབང་དང་དཀྱིལ་འཁོར་གདམས་པ་གསུམ། །དེ་ནི་བདག་གིས་བཤད་པར་བྱ། །ཁྱོད་ནི་གུས་པའི་ཚུལ་གྱིས་ཉོན། །དེ་ལ་དབང་གི་གདམས་ངག་བསྟན་པ་ནི། །བུམ་པ་ཐབས་དང་ཤེས་རབ་དབང་། །གསང་བའི་དབང་དང་ཚིག་གི་དབང་། །སྣང་བ་དབྱིབས་དང་རང་ལུས་དང་། །གསང་བ་ཡེ་ཤེས་བུམ་པའི་དབང་། །ཕྱི་ནང་གསང་བ་སྦས་པའི་དབང་། །སྦས་པའི་དབང་ནི་བཤད་པར་བྱ། །དེ་ལ་རིག་པ་རྩལ་གྱི་དབང་། །ཚིག་དབང་རིན་པོ་ཆེ་ལས་བྱུང་། །ལྟ་བ་རིག་པ་རང་རྩལ་དབང་། །སྡུག་བསྔལ་དབང་དུ་སྡུད་པར་བྱེད། །སྒོམ་པ་རིག་པ་རང་རྩལ་དབང་། །ཆགས་སྡང་རྒྱུད་ལ་ཞི་བར་བྱེད། །སྤྱོད་པ་རིག་པ་རང་རྩལ་དབང་། །ཀུན་སྤྱོད་དུག་ལྔ་ཞི་བར་བྱེད། །འབྲས་བུ་རིག་པ་རང་རྩལ་དབང་། །ཉོན་མོངས་རང་སར་གྲོལ་བར་བྱེད། །ཡོན་ཏན་རིག་པ་རང་རྩལ་དབང་། །འགྲོ་དྲུག་རང་སར་གྲོལ་བར་བྱེད། །ཕྲིན་ལས་རིག་པ་རང་རྩལ་དབང་། །ཁམས་གསུམ་འཁོར་བ་རྩ་བ་གཅོད། །དབང་མཆོག་བརྩེགས་པའི་རྩེ་ཡོད་ན། །བྱིན་རླབས་ནུས་པ་སྣ་ཚོགས་འཆར། །དབང་མཆོག་གདམས་པའི་གནད་ཆོད་ནས། །འཁོར་བའི་སྣང་བ་ཆོས་སྐུར་བརྡལ། །ཕྱི་ནང་མེད་པའི་བྱིན་ཆེན་ཕེབས། །ཨཱ་ལི་ཀཱ་ལིའི་དབང་ཐོབ་ན། །གཟུང་འཛིན་དྲི་མ་རང་སར་དག །སྤྱི་སའི་ཨཱ་ལི་ཀཱ་ལི་ཡི། །དངོས་གཞི་གཉིས་ཀྱི་དབང་བསྐུར་ན། །ཡེ་ཤེས་སྤྱི་བླུགས་དབང་ཆེན་ཐོབ། །འཁྲུལ་པ་ཨཱ་ལི་ཀཱ་ལིའི་དབང་། །རང་བྱུང་ཡེ་ཤེས་དབང་བསྐུར་ན། །ཀུན་ཏུ་བཟང་པོའི་དགོངས་པ་ཐོབ། །དངོས་པོ་ཨཱ་ལི་ཀཱ་ལིའི་དབང་། །དེ་བསྐུར་དགའ་རབ་རྡོ་རྗེའི་དགོངས་པ་ཐོབ། །ལྡོག་ཐབས་ཨཱ་ལི་ཀཱ་ལིའི་དབང་ཐོབ་ན། །རྡོ་རྗེ་སེམས་དཔའི་དགོངས་པ་ཐོབ། །ཐུགས་རྗེ་ཨཱ་ལི་ཀཱ་ལིའི་དབང་ཐོབ་ན། །གཟུགས་སྐུ་གཉིས་ཀྱི་དགོངས་པ་འཆར། །དེ་ཡི་བྱིན་བརླབས་སྤྲུལ་སྐུ་འབྱུང་། །འཁྲུལ་ལུགས་ཨཱ་ལི་ཀཱ་ལི་གཉིས། །ཐབས་དང་ཤེས་རབ་དབང་

མཆོག་ཐོབ། །གཞི་གནས་ཨཱ་ལི་ཀཱ་ལིའི་དབང་བསྐུར་ན། །བུམ་པའི་དབང་མཆོག་ཐོབ་པར་འགྱུར། །དངོས་པོ་ཨཱ་ལི་ཀཱ་ལིའི་དབང་བསྐུར་ན། །གསང་བ་ཡེ་ཤེས་དབང་ཐོབ་འགྱུར། །རང་བྱུང་ཨཱ་ལི་ཀཱ་ལིའི་དབང་བསྐུར་ན། །ཚིག་དབང་རིན་ཆེན་དབང་ཐོབ་འགྱུར། །ཞེས་གསུངས་སོ། །ཨཱ་ལི་ཀཱ་ལི་ཟབ་ཏུ་བསྟན། །འཇིག་རྟེན་ཡོངས་ཀྱི་སྤྱོད་པ་ལ། །སངས་རྒྱས་དགོངས་པ་ཕྱོགས་མེད་འཆར། །དབང་མཆོག་རྒྱལ་པོ་རིག་པའི་དབང་། །དེ་ཡི་དབང་མཆོག་ཐོབ་པ་ཡིས། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ཁམས་གསུམ་སེམས་ཅན་འཇིག་རྟེན་ཀུན། །དམྱལ་བའི་གནས་ཀྱང་ཐིག་ལེར་བརྡལ། །མ་བགྲོད་པ་རུ་རང་སར་སླེབས། །མ་བསྒྲུབས་ལྷུན་གྱིས་གྲུབ་པའོ། །ཐ་དད་མ་ཡིན་དབྱེ་བ་མེད། །དབང་བསྐུར་བླ་མ་སངས་རྒྱས་ལ། །དབང་སྣོད་སློབ་མས་མཉེས་པར་བྱ། །ཐམས་ཅད་མཉམ་པ་ཉིད་ཀྱི་སྐུ། །བདེ་བ་ཆེན་པོ་ཆོས་ལས་འདས། །ཟང་ཐལ་ཤར་བས་གཉེན་པོ་གྲོལ། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ལས། དབང་བསྐུར་རྒྱལ་པོའི་ལེའུ་སྟེ་ཉེར་བདུན་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །དཀྱིལ་འཁོར་དཀྱིལ་འཁོར་ཞེས་བྱ་བ། །རྣམ་པ་གསུམ་དུ་གསུངས་པ་ཡིན། །ཐུན་མོང་དཀྱིལ་འཁོར་འོག་མིན་གནས། །རྒྱལ་བ་སྲས་ཀྱིས་བསྐོར་བའོ། །ཁྱད་པར་རང་ལུས་དཀྱིལ་འཁོར་ལ། །རྒྱལ་བ་སྲས་ཀྱིས་བསྐོར་བའོ། །རྟགས་ཀྱི་དཀྱིལ་འཁོར་མིག་ལའོ། །བརྡའ་ཡི་དཀྱིལ་འཁོར་མན་ཤེལ་ལའོ། །དོན་གྱི་དཀྱིལ་འཁོར་ཙིཏྟ་ལའོ། །རང་བྱུང་རྒྱལ་སྲས་མ་བསྐྱེད་རྫོགས། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པ། །ཀུན་སྣང་དཀྱིལ་འཁོར་ཆེན་པོར་ཤར། །སྣང་སྲིད་རྣམ་དག་རྒྱལ་བའི་དཀྱིལ་འཁོར་དུ། །སངས་མ་རྒྱས་པ་གཅིག་ཀྱང་མེད། །སངས་རྒྱས་མ་ལུས་ཐམས་ཅད་ཀུན་ལ་ཁྱབ། །རང་བྱུང་སངས་རྒྱས་དཀྱིལ་འཁོར་སྐུ། །སྤྱན་དྲང་མཆོད་སྩོགས་བྱ་མི་དགོས། །ཡེ་མཉམ་ཐུགས་ཀྱི་དཀྱིལ་འཁོར་དང་། །འགྲོ་བ་རིགས་དྲུག་

རང་སངས་རྒྱས། །མཁའ་དབྱིངས་རྣམ་དག་དཀྱིལ་འཁོར་དུ། །སྲིད་གསུམ་ཐམས་ཅད་རང་སངས་རྒྱས། །རང་བྱུང་ཡེ་ཤེས་དཀྱིལ་འཁོར་དེ། །ཁམས་གསུམ་སེམས་ཅན་རང་སངས་རྒྱས། །མཉམ་པའི་རྒྱལ་པོ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཕྱི་ནང་སྣོད་བཅུད་རང་སངས་རྒྱས། །དཀྱིལ་འཁོར་ཆེན་པོ་མཁའ་ལྟར་ཁྱབ། །མཉམ་པར་ཤེས་པས་བསྐྱེད་དུ་མེད། །མེད་པར་ཤེས་པས་ཐམས་ཅད་རྫོགས། །རྫོགས་པ་རང་བྱུང་དཀྱིལ་འཁོར་ཡིན། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ཟློག་གི་རྒྱུད་ལས། དཀྱིལ་འཁོར་གཏན་ལ་དབབ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཁྱོད། །གདམས་པ་མཐར་ཐུག་བཤད་པར་བྱ། །ཐོག་མ་གཞི་ཡི་གནད་མེད་ན། །ལོང་བས་ལོང་བ་ཁྲིད་པ་འདྲ། །འཁྲུལ་པའི་ལམ་གྱི་གནད་མེད་ན། །རྒྱུས་མེད་བྱང་ཐང་ལུས་པ་འདྲ། །དངོས་པོ་རང་གྲོལ་གནད་མེད་ན། །ཁྱི་རྒན་ལྷ་བ་མུར་བ་འདྲ། །གཞི་ལས་གྲོལ་བའི་གནད་མེད་ན། །རྒྱ་མཚོའི་གཏིང་གི་ལུ་མ་འདྲ། །ཐུགས་རྗེ་འབྱུང་ལུགས་གནད་མེད་ན། །ཐམས་ཅད་བྲག་ཕུག་བྱང་བལྟས་འདྲ། ཀྱེ་རིགས་ཀྱི་བུ་ཁྱོད་ཉོན་ཅིག །གཞི་ཡི་བསྒོམ་པ་བལྟ་བ་དང་། །སྤྱོད་པ་འབྲས་བུ་མ་ཤེས་པས། །སྦྲུམ་མའི་བུ་ལ་མིང་བཏགས་པས། །མིང་མེད་མ་ལྟོའི་བུ་དང་འདྲ། །ཐམས་ཅད་རྫོགས་པས་ལྗོན་ཤིང་འདྲ། །ཐམས་ཅད་ཚང་བས་ནོར་བུ་འདྲ། །ཨེ་མའོ། ཀུན་ཏུ་བཟང་པོའི་སྤྲུལ་པའི་ཚེ། །སྣང་བ་མ་འགགས་རྒྱན་དུ་ཤར། །རང་ཤར་སྟོན་པ་སྤྲུལ་པའི་སྐུ། །སྐུ་གསུམ་དགོངས་པ་ཁོ་ན་ཤར། །བལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས། །ལུང་དུ་མ་བསྟན་རང་སངས་རྒྱས། །སངས་རྒྱས་སྒྲིབ་པ་ལྟ་སྒོམ་དང་། །སྤྱོད་པ་འབྲས་བུ་ལྟོས་པའི་ཆོས་ཅན་གྱིས། །ལྟོས་པས་འབྲས་བུ་རང་དག་བསྒྲིབས། །ལོངས་སྐུ་ཆོས་ཀྱི་བློ་གྲོས་ཁྱོད། །བལྟ་བསྒོམ་སྤྱོད་པས་སྒྲིབ་པ་ཆེ། །འབྲས་བུ་དུས་ལྟོས་ཤིན་ཏུ་གོལ། །དེ་ཡང་སྤྲུལ་སྐུ་བལྟ་བསྒོམ་དང་། །སྤྱོད་པས་བྱ་བ་མ་ཡིན་ཏེ། །སྤྲུལ་སྐུས་འགྲོ་བ་འདུལ་ཕྱིར་དུ། །བལྟ་བསྒོམ་སྤྱོད་པ་འབྲས་བུ་རྣམས། །དྲང་བའི་དོན་དུ་གསུངས་པ་ཡིན། །གདམས་

པ་འདི་ལྟར་ཤེས་པར་བྱ། །ཀྱེ་གྲོགས་པོ་བྱང་ཆུབ་འདོད་པ་དེ་ལ་བྱང་ཆུབ་མེད། འདོད་པས་བྱང་ཆུབ་ཆེན་པོ་བསྒྲིབས། །གྲོལ་སྒྲིབ་ལོགས་ན་མེད་དེ་རང་གིས་རང་ལ་བསྒྲིབས། །རང་གིས་བསྒྲིབས་པས་གཞན་པས་བསལ་དུ་མེད། །ཡེ་ལྟ་ཆེན་པོ་གདེང་གི་གནད་མེད་ན། །ཕྱོགས་ལྟོས་ལྟ་བས་དོན་མི་མཐོང་། །ཡེངས་པ་མེད་པ་སྒོམ་པའི་གནད་མེད་ན། །ཏིང་འཛིན་མ་ཡེངས་སྒོམ་པས་སངས་མི་རྒྱ། །ཡེ་གྲོལ་ཆེན་པོ་སྤྱོད་པའི་གནད་མེད་ན། །ཕྱོགས་རེ་ལམ་དུ་བྱས་པས་གདེང་མི་རྙེད། །རང་གནས་ཆེན་པོའི་འབྲས་བུའི་གདེང་མེད་ན། །ཐོབ་འདོད་དུས་ལ་ལྟོས་པས་སངས་མི་རྒྱ། །གནད་བཞིས་དྲས་ཐག་ཆོད་ཙམ་ན། །ང་རྒྱལ་མེད་པའི་ཡིད་ཆེས་འཆར། །མཚན་མ་རང་སར་གྲོལ་བའི་ཕྱིར། །འདོད་པ་མེད་པའི་དོན་རྟོགས་འཆར། །སྐུ་གསུམ་རང་ལ་ཤར་བའི་ཕྱིར། །མ་བསྒོམས་པ་ཡི་ཉམས་ཆེན་འབྱུང་། །རང་བྱུང་ཟང་ཐལ་ཡོད་པའི་ཕྱིར། །ཡུལ་མེད་པ་ཡི་ཐུགས་རྗེ་འབྱུང་། །སྐུ་གསུམ་ཞིང་ཁམས་ཕྱོགས་མེད་ཕྱིར། །ཀྱེ་རིགས་ཀྱི་བུ་གཞི་བསྒོམས་སམ། སྒོམ་པར་བྱེད་དམ། བསྒོམས་ཟིན་ནམ། བསྒོམས་ནས་སངས་རྒྱས་སམ་ཀྱེ་རྒྱལ་བའི་སྲས་པོ་དེ་ལྟར་མ་བསྟན་ནོ། །ང་རང་བྱུང་གི་ཀུན་ཏུ་བཟང་པོས་ཀྱང་། བསྒོམས་སམ། སྒོམ་པར་བྱེད་དམ། བསྒོམས་ཟིན་ནམ། བསྒོམ་པ་བྱས་པས་སངས་རྒྱའམ། ཀྱེ་རིགས་ཀྱི་བུ་ཉོན་ཅིག །ཁྱོད་རྡོ་རྗེ་ཆོས་ཀྱི་བློ་གྲོས་ཀྱང་། བསྒོམས་སམ་སྒོམ་པར་བྱེད་དམ། བསྒོམས་ཟིན་ནམ།བསྒོམས་ནས་སངས་རྒྱའམ། ཀྱེ་རིགས་ཀྱི་བུ་ཉོན་ཅིག །མ་འོངས་པའི་སངས་རྒྱས་རྣམས་ཀྱང་། བསྒོམས་ནས་སམ། སྒོམ་པ་བྱེད་དམ། བསྒོམས་ཟིན་ནམ། བསྒོམས་པས་སངས་རྒྱ་བར་མི་འགྱུར་རམ། ཅིའི་ཕྱིར་ཞེ་ན། ལས་འཕྲོ་དང་བཅས་པའི་ཕྱིར་རོ། །ལྟ་སྤྱོད་ལས་འཕྲོ་བཅས་པའི་ཕྱིར་རོ། །མ་བཅོས་མ་བསླད་མ་བསྒྲིབས་ན། །འབྲས་བུ་དུས་མིན་ཆེན་པོ་ཡིན། །དུས་ལྟོས་སངས་རྒྱས་འབྱུང་མི་འགྱུར། །ཞེས་གསུངས་སོ། །ལྷ་མ་ཡིན་གཡུལ་ངོ་ཟློག་པའི་རྒྱུད་ལས། གདམས་པ་རང་བྱུང་དུ་བསྟན་པའི་ལེའུ་སྟེ་ཉེར་དགུ་པའོ།། །།
དེ་ནས་ཡང་དག་བཤད་བྱ་བ། །རྡོ་རྗེ་ཆོས་ཀྱི་བློ་གྲོས་ཉོན། །ང་ཡི་གདམས་པ་འདི་ནི་སངས་རྒྱས་ངོ་སྤྲོད། འཁོར་བའི་གཡུལ་བཟློག །འབྱུང་པོ་ཀུན་འདུལ་ཞེས་བྱའོ། །འདི་ནི་བློ་ལ་རྣོ་བརྟུལ་མེད་དོ། །དུས་ལ་སྔ་ཕྱི་མེད། ཐོས་པ་ལ་ཆེ་ཆུང་མེད། མ་བསྙད་པར་ཐམས་ཅད་ལ་བྱན་ཚུད་པ། མ་བལྟས་པའི་རང་སྒོ། མ་བསྒོམས་པའི་ཉམས། མ་སྤྱད་པར་ཐག་ཆོད། མ་བསྒྲུབས་པར་གྲུབ་པ། མ་སྤངས་པའི་རང་གྲོལ་ཞེས་བྱའོ། །འདི་ནི་རྡོ་རྗེ་བློ་གྲོས་ཀྱི་ཐུགས་ཀར་སྦའོ། །ཞེས་རྒྱས་བཏབ་པོ། །སྟོན་པ་ཀུན་ཏུ་བཟང་པོ། ཞུ་བ་པོ་རྡོ་རྗེ་ཆོས་ཀྱི་བློ་གྲོས་སྡུད་པ་པོ་མཁའ་འགྲོ་མ་ཉི་མའི་འོད་ཟེར་ཅན་གྱིས་བསྡུས་པ། ལྷ་མ་ཡིན་གཡུལ་ངོ་ཟློག་པའི་རྒྱུད་ལས། རྒྱས་བཏབ་པའི་ལེའུ་སྟེ་སུམ་ཅུ་པའོ།། །།ལྷ་མ་ཡིན་གཡུལ་བཟློག་འབྱུང་པོ་ཀུན་འདུལ་ཆོས་ལས་འདས་པའི་རྒྱུད་རྫོགས་སོ།། །།

རོ་བསྲེག་ཐལ་བ་ནག་པོ་ཐམས་ཅད་རྫོགས་པར་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ།

ཨོ་རྒྱན་སྐད་དུ། པོ་ལ་ཀར་རྣ་ཤ་རི་ར་ན་ཏན་ཏྲ། རྒྱ་གར་སྐད་དུ། ཀུ་ཎ་པོ་ཥི་ཧ་བྷསྨི་ཀཱ་ལ་སརྦ་པཱུརྞྞ་ས་མུ་དཱ་ཡ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རོ་བསྲེག་ཐལ་བ་ནག་པོ་ཐམས་ཅད་རྫོགས་པར་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལས་ཀྱི་མངའ་བདག་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྣམ་པར་དག་པའི་ཞིང་ཁམས་ཆེན་པོའི་གནས། རང་བཞིན་ཐིག་ལེ་རྟོགས་པའི་དུས་ཉིད་ན། ཟེར་དང་རྩལ་དང་ལོངས་སྐུ་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་།འཇམ་དཔལ་སྤྱན་རས་གཟིགས་དབང་མི་གཡོ་མགོན་པོ་དང་། ཆོས་སྐུའི་ཟེར་དང་རྩལ་དང་ནི། ལོངས་སྐུ་བྱང་ཆུབ་སེམས་དཔའ་སྟེ། བསྡུ་ན་ཆོས་སྐུ་ལོངས་སྐུ་བྱང་ཆུབ་སེམས་དཔའ་དང་། རྒྱུ་དང་གཞི་ཡིས་ཐམས་ཅད་ཁྱབ་པ་ཡིན།དག་དང་མ་དག་སྣང་བ་གསུམ་དུ་འདུས་པ་ཡིན། །གཞི་ལམ་འབྲས་བུ་མ་ལུས་འདུས་པར་བསྟན། །དག་དང་མ་དག་འཁོར་གྱིས་བསྡུས་པ་ཡིན། །ཞེས་བྱིན་གྱིས་རླབས་ཀྱིས་གསུངས་སོ། །དེའི་ཚེ་དེའི་དུས་ཉིད་ནི་ལོངས་སྐུའི་ཀུན་ཏུ་བཟང་པོ་ཡིས། །བྱིན་ཆེན་ཀུན་ཏུ་བཟང་པོ་ལ། །ལྟ་བ་སྒོམ་པ་སྤྱོད་པ་དང་། །འབྲས་བུའི་དོན་རྣམས་གསུང་བར་ཞུ། །

ཞེས་ཞུས་སོ། །ཐལ་བ་ནག་པོའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལོངས་སྐུའི་གཙོ་བོ་ཆེན་པོ་ཉོན། །སངས་རྒྱས་རྣམ་ལྔའི་གཙོ་བོ་ཁྱོད་ཉོན་ཅིག །ལྟ་བའི་དོན་ལ་བསམ་མི་ཁྱབ། །བསྡུ་ན་རྣམ་པ་བཞི་རུ་འདུས། །ལོག་ལྟ་དག་དང་ཐུན་མོང་དང་། །ཁྱད་པར་མཆོག་དང་རྣམ་པ་གསུམ། །བརྟགས་ན་ཕྱི་མ་མེད་པ་དང་། །བརྟགས་ན་རྒྱུ་འབྲས་བརྟགས་པ་ནི། །ལོག་པའི་ལྟ་བ་ཡིན་པར་ཤེས། །ཐུན་མོང་ལྟ་བ་སེམས་ཉིད་དེ། །དེ་དག་གཅིག་ཏུ་སྟོང་བལྟའོ། །ཁྱད་པར་ལྟ་བ་བསྟན་པ་ནི། །དོན་དམ་སྐྱེ་བ་མེད་པའོ། །མཆོག་གི་ལྟ་བ་བསྟན་པ་ནི། །གཞི་ཤེས་པས་ནི་ལྟ་བའི་མཆོག །སེམས་ཉིད་མ་སྐྱེས་དུས་ཉིད་ན། །ལྟ་བ་ཆེན་པོའི་གཞི་མ་ཡིན། །དེ་ཡི་གོང་ན་མེད་པའི་ཕྱིར། །ལྟ་བའི་གོང་གཅོད་ཆེན་པོ་ཡིན། །དེ་བསྟན་ལྟ་བ་རྣམས་འདྲལ་བས། །གཅོད་འདྲལ་ཆེན་པོ་ཞེས་བྱའོ། །དེ་མེད་པ་ཡི་སྔོན་རོལ་ན། །ལྟ་བའི་གནས་ལུགས་མེད་པ་ཡིན། །ཁས་ལེན་ལྟ་བ་ཡོངས་གཅོད་མཁན། །དེ་མེད་ཡོངས་སུ་གཅོད་པ་མེད། །ཐེག་པའི་གཞི་མ་ཆེན་པོ་འདིས། །གྲུབ་མཐའ་ཆམ་ལ་འབེབས་པར་བྱེད། །ལྟ་བའི་རྒྱལ་པོ་ཀུན་ཁྱབ་འདིས། །ལྟ་བ་ཆམས་ལ་འབེབས་པར་བྱེད། །ཕྱི་མ་དོན་དུ་མི་གཉེར་བས། །ཚེ་འདིའི་འདོད་པ་སྒྲུབ་པ་ལ། །ལྟ་བའི་རྒྱལ་པོ་འདི་བསྟན་ན། །རྡོ་རྗེ་དམྱལ་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། ལྟ་བ་རོ་བསྲེག་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལོངས་སྐུའི་གཙོ་བོ་ཁྱོད་ཉོན་ཅིག །བསྒོམ་པའི་དོན་ལ་རྣམ་གསུམ་སྟེ། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །ཐུན་མོང་སེམས་ཉིད་བསྒོམ་པ་ཡིན། །ཁྱད་པར་བསྐྱེད་རྫོགས་བསྒོམ་པ་ཡིན། །དེ་ཡི་འབྲས་བུ་རིང་བ་ཡིན། །སྐྱེ་བོ་རྟགས་མྱུར་འབྲས་བུ་བརླག །མུ་སྟེགས་རྟགས་མྱུར་མཁའ་འགྲོ་ལ་སོགས་པའོ། །ཉན་ཐོས་ལ་སོགས་རྟགས་མྱུར་འབྲས་བུ་རིང་། །ཀྲི་ཡ་ཡོ་གའི་རྟགས་མྱུར་འབྲས་བུ་རིང་། །མ་ཧཱ་ཨ་ནུ་རྟགས་བུལ་འབྲས་བུ་ཉེ། །ཨ་ཏི་རྟགས་མེད་འབྲས་བུ་མྱུར། །དེ་བས་བསྒོམས་ན་ཁྱད་པར་ཆེ། །མཆོག་གི་དགོངས་པ་བསྟན་

པ་ནི། །གཞི་ཤེས་པ་ནི་ལྟ་བའི་མཆོག །ལྟ་བ་དྲས་ཐག་གཅོད་པ་ཡིན། །དེ་ཉིད་ལམ་ཤེས་དགོངས་པ་ཡིན། །ཡེ་ཤེས་ཁོང་གསལ་དགོངས་པའི་མཆོག །ཐིག་ལེ་ཆམ་ལ་འབེབས་པ་ཡིན། །དེ་ཉིད་ཡུལ་མེད་དགོངས་པའི་མཆོག །དེ་རྩ་བསྒོམ་པ་ཆམ་ལ་འབེབས་པ་ཡིན། །ཡེ་ཤེས་ཟང་ཐལ་དགོངས་པའི་མཆོག །བླུན་བསྒོམ་ཆམ་ལ་འབེབས་པ་ཡིན། །ཡེ་ཤེས་ཆོས་མིན་དགོངས་པའི་མཆོག །བསྐྱེད་རིམ་ཆམ་ལ་འབེབས་པ་ཡིན། །ཀུན་མཁྱེན་ཡེ་ཤེས་དགོངས་པའི་མཆོག །སེམས་བསྒོམ་ཆམ་ལ་འབེབས་པ་ཡིན། །དཔེ་ཡི་ངོ་སྤྲད་བསྟན་པ་ནི། །ངོ་བོ་མ་དང་འཕྲད་པ་འདྲ། །རྟགས་ནི་ཡེ་ཤེས་ངོ་སྤྲད་ཡིན། །དོན་ནི་རང་སྣང་ཡེ་ཤེས་ཡིན། །ཚིག་གི་ངོ་སྤྲོད་བྱིན་རླབས་དགོངས་པ་བཤད་པ་ཡིན། །དགོངས་པའི་གདམས་པ་ངོ་སྤྲོད་འདིས། །འདི་རྙེད་མི་ལ་བཙོང་སྙམ་ནས། །སློབ་མ་མེད་པར་སློབ་དཔོན་རིངས། །དགོངས་པ་མ་སང་ཉམས་མྱོང་སྟོན། །ཆུ་ཡི་ལྦུ་བ་མ་དཀྲོགས་པར་ཡང་འོང་། །བསམ་གཏན་རྟོག་མེད་མ་བསྒོམས་པར་ཡང་སྐྱེ། །དགྲ་ཆུང་སྤང་བཏུབ་མ་བསད་པར་ཡང་འཆི། །ཐེ་ཚོམ་མ་ཆོད་བླུན་པོས་སྒོམ་པ་སློབ། །ཤེས་ལོང་མེད་པར་ཡུག་པ་རིང་། །དམ་ཚིག་རྩ་བ་ཆེན་པོ་ཉམས་པས་ན། །འཆི་ཡང་མི་གཏོང་ན་ར་ཀན། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། བསྒོམ་པའི་རོ་བསྲེག་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལོངས་སྐུའི་བདག་པོ་ཁྱོད་ཉོན་ཅིག །སྤྱད་བྱའི་ཐབས་ལ་མང་ཡོད་ཀྱང་། །ཐུན་མོང་ཁྱད་པར་མཆོག་དང་གསུམ། །ཐུན་མོང་དུག་ལྔ་སྤངས་ནས་སྤྱོད་པ་དང་། །སྦྱངས་ནས་དགེ་བཅུ་ཕྱིན་དྲུག་སྤྱོད། །གྲངས་མེད་བདུན་ནམ་གསུམ་སྤྱོད་ན། །ཁྱད་པར་དུག་ལྔ་ལ་སོགས་གནས་བསྒྱུར་ནས། །སྦྱོར་སྒྲོལ་བདུད་རྩི་རྣམ་པ་ལྔ། །མི་ཚེ་ལོ་བརྒྱད་གཅིག་ཏུ་སྤྱོད་པའོ། །རྟོག་པ་འཇོམས་པའི་སྤྱོད་པ་ཡིན་པ་སྟེ། །འཇོམས་མཁན་ཡུལ་ཆོམས་སྙམ་བྱེད་པ། །སྙམ་བྱེད་རྟོག་པ་སླར་ལ་ཆེ། །མཆོག་གི་སྤྱོད་པ་འདི་ཡིན་ཏེ། །གཞི་མོའི་དོན་ལ་སྤྱོད་ཤེས་ན། །ཐམས་ཅད་མ་ལུས་དུས་གཅིག་ན། །དགོངས་པ་མ་ལུས་གཅིག་ཏུ་རྟོགས། །སྤྱོད་པས་རྟོགས་

ཏེ་དགོངས་པ་ཤར། །རང་ཤར་ཆོས་སྐུ་སྤྱད་རྟོགས་ཤར། །བཀག་སྦྱངས་རྣམ་རྟོག་སངས་རྒྱས་གང་། །རྒྱུད་དག་ཕྱིར་ན་འབྲས་བུ་མེད། །བསྒྱུར་ནས་འབྲས་བུ་ཐོབ་ཅེ་ན། །ཕོ་བསྒྱུར་མོར་བསྒོམས་མོར་འགྲོ་ཡི། །བརྟགས་པས་རྟོགས་ཏེ་ཐེ་ཚོམ་ཆོད། །བློ་ཉིད་དོན་སྤྱད་དོན་རྟོགས་ནས། །བློ་ཉིད་དོན་ལྟར་ཤར་བ་ཡིན། །དོན་དང་རིག་པ་དབྱེར་མི་ཕྱེད། །རིག་པ་ཡེ་ཡིན་ཡེ་ཤེས་ཆེན་པོར་རྟོགས། །བྱེ་མ་མར་བཙིར་རྡོ་ལ་གསེར་དུ་བསྒོམ་པ་དང་། །ཁ་གསགས་སྤྱི་བརྟོལ་ཚུལ་འཆོས་གཞོག་ངོམ་མཁན། །མུན་པ་མོན་པའི་ཁོང་སྙིང་ཅན། །ཚུལ་འཆོས་སློབ་དཔོན་རྒྱལ་པོ་ལྟར་འཆོས་པ། །མ་བསྟན་སྟོན་ན་དམྱལ་བར་ཐོང་། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། སྤྱོད་པའི་རོ་བསྲེག་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ལོངས་སྐུའི་བདག་པོ་ཆེན་པོ་ཉོན། །འབྲས་བུའི་དོན་ལ་རྣམ་གསུམ་སྟེ། །སེམས་ཉིད་སྟོང་བསྒོམ་སྤྱད་པ་ཡིས། །འབྲས་བུ་བསྐལ་པ་བདུན་གསུམ་ན། །ཀུན་ཏུ་འོད་དུ་འགྲོ་བར་འདོད་པའོ། །བསྐྱེད་རྫོགས་བསྒོམས་སྤྱད་འབྲས་བུ་ཡིས། །ཚེ་བདུན་ལྔ་དང་ཚེ་གཅིག་གིས། །བཅུ་བཞི་བཅོ་ལྔ་བཅུ་གསུམ་གཉིས་དག་ལ། །དེ་ཡི་ས་ལ་ཕྱིན་པར་འདོད། །འདོད་ཁམས་འབྲས་བུར་མ་ཤེས་པས། །འབྲས་བུ་རོ་ལངས་བྱེད་པ་ཡིན། །དེ་ཡི་ཕྱིར་ན་མཆོག་བསྟན་ཏེ། །འབྲས་བུའི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་སྐུ་གསུམ་ངོ་བོ་ཉིད། །འདོད་མཁན་གཞི་ལམ་འབྲས་བུར་སྤྲད། །དེ་ཡི་འབྲས་བུ་སྐུ་གསུམ་སྟེ། །ད་ལྟ་ཉིད་དུ་བསྟན་པ་ཡིན། །གཞི་ཡི་ཆོས་སྐུ་ངོ་སྤྲད་པ། །གཞི་གསུམ་ཤེས་ན་ངོ་སྤྲོད་ཡིན། །དེ་བསྟན་ཚིག་གི་ངོ་སྤྲོད་ཡིན། །དེ་ལ་དཔེ་ཡི་ངོ་སྤྲོད་ཡིན། །ཀུན་སྣང་བརྡ་ཡི་ངོ་སྤྲོད་ནི། །ཆུ་ནང་བཞིན་བསྟན་ལྟ་བུར་སྤྲད། །དེ་སྤྲད་བཤད་མི་དགོས་པར་རྟོགས། །བརྡ་ཡི་བྱད་དང་མེ་ལོང་བསྟན་པ་དང་། །མེ་ལོང་གཡའ་ལ་ཕྱི་དགོས་བཞིན། །དཔེ་བསྟན་དོན་ཉིད་བཤད་ལ་སྤྲད། །རྟགས་ཀྱི་ངོ་སྤྲོད་རྣ་བ་ལ། །བསྒྲགས་པ་ཙམ་གྱིས་སྒྲོ་འདོགས་ཆོད། །དོན་གྱི་ངོ་སྤྲོད་མིག་ལ་སྤྲད། །མཐོང་བ་ཙམ་གྱིས་སྒོམ་

མཁན་དྭངས། །བལྟ་སྤྱོད་འབྲས་བུ་དུས་གཅིག་གྲོལ། །ལུས་མེད་ལུས་ཡོད་ཁོང་གསལ་ལུས། །ཞིང་ཁམས་རྣམ་དག་སངས་རྒྱས་ཐུགས་སུ་ཆུད། །ཐུགས་རྗེ་ཡེ་ཤེས་ཐུགས་ཀྱི་མཆོག །ཡོན་ཏན་ཡེ་ཤེས་ཟང་ཐལ་ཡིན། །ཕྲིན་ལས་མིག་གཅིག་དྲི་མེད་མཁྱེན། །འབྲས་བུ་ཀུན་ཏུ་འོད་ལ་ཐིམ། །དགོངས་པ་རྒྱ་མ་ཆད་པ་ཡིན། །སྒྲིབ་གཡོགས་ལུས་ལས་མ་འདས་པ། །ཐུགས་རྗེ་འབྱུང་བ་སྒྲིབ་པས་ཆོད། །དེ་ལ་འབྲས་བུའི་སྒྲིབ་པ་ལ་ཟློ་བ། །སྣང་སྲིད་སྲིད་དང་མི་སྲིད་པ། །སྐྱེ་འགྲོ་མ་ལུས་ཐམས་ཅད་ཀུན། །འབྲས་བུའི་ཀློང་ལས་འདས་པ་མེད། །མེད་པར་མཐོང་བ་འབྲས་བུ་ཡིན། །ཡོད་པར་མཐོང་ཡང་འབྲས་བུ་ཡིན། །གཉིས་མེད་ཟེར་ཡང་འབྲས་བུ་ཡིན། །རྣམ་རྟོག་ཉིད་ཀྱང་འབྲས་བུ་ཡིན། །ཡེ་ཤེས་ཉིད་ཀྱང་འབྲས་བུ་ཡིན། །རྟོགས་དང་མ་རྟོགས་རྟག་དང་ཆད། །གྲུབ་དང་མ་གྲུབ་འཁོར་འདས་རྣམས། །དུས་དང་རྣམ་པ་ཐམས་ཅད་དུ། །འབྲས་བུའི་ངང་ལས་འདས་པ་མེད། །གླེན་པ་ཡུས་ཀྱིས་བརྣངས་པ་དང་། །དམ་བུ་སྙིང་མེད་སྤྲ་རྒན་དང་། །ཏམྦུ་ར་ཡི་སྒྲ་འབྱིན་དང་། །སྤྱུག་པ་གླུ་ལེན་རི་ལ་བྲོ་འཁྲབ་དང་། །ཚུལ་འཆོས་བཅོས་མ་འོག་བྲུས་མཁན། །སྒྲོ་སྐུར་འདེབས་ཤིང་ཞེ་ལ་བསྒྲུབ། །དད་པ་མེད་པའི་མི་རྣམས་ལ། །བྱིན་ན་རྡོ་རྗེ་དམྱལ་བར་འགྲོ། །དམྱལ་འགྲོའི་ངོ་སྤྲོད་དགོས་པ་མེད། །དེ་བས་བྲག་ལ་གླ་བ་གབ་པ་བཞིན། །མཚན་མོ་སྤྱོད་ཅིང་ཉིན་མོ་སྦོས། །འདོད་པའི་དོན་ཡང་བསྒྲུབ་མི་ནུས། །མ་བསྒྲུབས་དངོས་གྲུབ་སུ་ལ་འོང་། །ཉན་པ་མང་ཡང་འབུལ་མི་ནུས། །མ་ཕུལ་ཡབ་སྲས་ཅི་ལ་ཡིན། །ཚིག་ལ་མཁས་ཀྱང་དོན་མ་རྙེད། །མཁས་པ་རང་སྒོ་སྤྱད་པས་སྟོན། །དེས་ན་ཤིན་ཏུ་གསང་བར་བྱའོ། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། འབྲས་བུའི་རོ་བསྲེག་པའི་ངོ་སྤྲོད་ཆེན་པོའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་ལོངས་སྐུ་ཀུན་བཟང་ཁྱོད། །འདུས་པའི་ངོ་སྤྲོད་བསྟན་པ་ནི། །འབྱུང་བ་ལྔ་ཡི་རྩ་བ་ནི། །ངོ་བོ་ཉིད་ལ་འདུས་པ་ཡིན། །ཉོན་མོངས་དུག་ལྔ་མ་རིག་པ། །འགྱུ་བ་ཉིད་ལ་འདུས་པ་ཡིན། །ཁ་དོག་ལྔ་ཡི་རྩ་བ་

དེ། །འཇའ་ཚོན་ལྔ་ལ་འདུས་པ་ཡིན། །གཞའ་ཚོན་ལྔ་ཡི་ངོ་བོ་ཡང་། །ངོ་བོའི་འོད་ལ་འདུས་པ་ཡིན། །བལྟ་བསྒོམ་སྤྱོད་པ་འབྲས་བུ་ཡང་། །རང་བྱུང་ཐིག་ལེ་གཅིག་པུར་འདུས། །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཡང་། །ཤེས་རབ་ཉིད་ལ་འདུས་པ་ཡིན། །སྐུ་ལྔ་ཡེ་ཤེས་ལྔ་པོ་ཡང་། །ངོ་བོ་ཉིད་ཀྱི་ཡེ་ཤེས་དང་། །ངོ་བོ་ཉིད་ཀྱི་སྐུ་ལ་འདུས་པ་ཡིན། །བྱང་ཆུབ་སེམས་དཔའ་དུ་མ་ཡང་། །ཀུན་བཟང་བྱང་ཆུབ་སེམས་ལ་འདུས། །དཔེ་རྟགས་ངོ་སྤྲོད་བསམ་ཡས་ཀྱང་། །འགྱུ་བའི་མིག་ལ་སྤྲོད་པར་འདུས། །འཁོར་འདས་དུ་མར་སྣང་བ་ཡང་། །ཐིག་ལེ་ཟང་ཐལ་ཆེན་པོར་འདུས། །ཞེས་གསུངས་སོ། །སོ་མངས་ལྟ་བུའི་སེམས་ཅན་ལ། །ཅི་ཡང་བསྟན་པར་མ་གསུངས་སོ། །སྐྲ་ཤད་ལྟ་བུའི་གང་ཟག་ལ། །དེ་ལ་བསྟན་ན་སྐྲན་དུ་འགྱུར། །ཞབས་བརྡོལ་ལྟ་བུའི་གང་ཟག་ལ། །དེ་ལ་བསྟན་ན་འབྲས་བུ་བརླག །གཞོག་རལ་ལྟ་བུའི་གང་ཟག་ལ། །དེ་ལ་བསྟན་ཡང་རྡོ་ལ་གྲོས་འདེབས་འདྲ། །དུག་ཅན་ལྟ་བུའི་གང་ཟག་ལ། །བསྟན་ན་ཕྲ་མ་མཁན་གྲོགས་འདྲ། །སྐྱེས་བུ་སོ་མ་དྭངས་མ་འམ། །བློ་ཆེ་དད་པ་ལྡན་པ་དང་། །གཏོང་ཕོད་ཆེ་ཞིང་ཕྱི་ཆས་མེད། །ཚེ་འདི་མི་བལྟ་བ་ཡི་གང་ཟག་དང་། །བྱང་ཆུབ་ཡུན་དུ་སྒྲུབ་པ་ལ། །ཕུང་བྱེད་སྲོག་གཅོད་འདུ་བྱིན་ན། །ཙན་དན་ག་པུར་འགྲོགས་པ་བཞིན། །དྲི་མཆོག་ཆེ་ཞིང་ཁྱད་པར་འཕགས། །ལན་གྲངས་མང་པོར་མ་བརྟགས་པར། །དཀོར་མཛོད་གཏོད་པར་ཅང་ནུས་སམ། །ནང་དུ་རིན་པོ་ཆེ་བཞིན་དུ། །ཁ་རུ་མ་འབྱིན་མ་སྨྲ་ཤིག །འདམ་གྱི་གསེབ་དུ་སྐྱུར་བྱེད་པ། །ཁ་མིག་བྱི་དོར་མི་བྱེད་གང་དགར་འཇོག །ཁ་ཅིག་ནོར་བུ་རིན་ཆེན་འཚོང་། །ཁ་ཅིག་ནོར་བུ་ཉིད་ལ་འཕྲ། །ཁ་ཅིག་ནོར་བུ་རིན་ཆེན་གཏུན་དུ་རྡུང་། །དེས་ན་གདམས་ངག་སྦ་བར་བྱའོ། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། དུ་མའི་སྲོག་གཅོད་རོ་བསྲེག་པའི་ལེའུ་སྟེ་དྲུག་པའོ།། །།མྱ་ངན་ལས་འདས་པའི་དགོངས་པ་རྫོགས་སོ།། །།ཨོ་རྒྱན་སྐད་དུ། མི་ལེ་ཙི་ལེ་ཙུ་ལེ་བྷེ་བ་ར་ཡ་ཧི་ཀྲ་མ་ན། རྒྱ་གར་སྐད་དུ།ལོ་ཀ་ཀརྨ་ཙརྻ་པུཎྱ་མ་ཧཱ་པཱུ་ར་ཎ་མ་ཧཱ་པྲཛྙཱ་ཏནྟྲ་ནཱ་མ།

བོད་སྐད་དུ། འཇིག་རྟེན་གྱི་ཕྲིན་ལས་སྤྱོད་པ་བསོད་ནམས་ཆེན་པོ་རྫོགས་པར་བྱེད་པ་ཤེས་རབ་ཆེན་པོའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལས་ཀྱི་མངའ་བདག་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཁྱབ་གདལ་ཆེན་པོ་རྒྱ་ཡོངས་སུ་མ་ཆད་པའི་ཀློང་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་བྱིན་རླབས་ལས། མྱ་ངན་ལས་འདས་པའི་དགོངས་པ་རིན་པོ་ཆེ་ལྟ་བུ་བཀའ་སྩལ་པ། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུའི་སྙིང་པོ་ཞེས་བྱ་བས་ལོངས་སྐུའི་ཀུན་ཏུ་བཟང་པོ་བོས་ཏེ་བཀའ་སྩལ་པ། ཆོས་སྐུ་ཀུན་བཟང་གདུང་སོབ་ཉིད། །ཐུགས་རྗེ་བྱང་ཆུབ་སེམས་དཔའ་འདི་རྣམས་སོ། །འཇམ་དཔལ་སྤྱན་རས་གཟིགས་དང་ཕྱག་ན་རྡོ་རྗེ་དང་། །ས་སྙིང་ནམ་མཁའི་སྙིང་པོ་སྒྲིབ་པ་སེལ་བ་དང་། །བྱམས་པ་མཻ་ཏྲི་སྤོས་ཀྱི་གླང་པོ་རྣམས་ལ་ནི། །ཡང་དག་དགོངས་པ་བཤད་པར་ཞུ། །ཞེས་ཞུས་པས། དགོངས་པའི་དོན་རྣམས་མ་ཤེས་པས། །བྱང་ཆུབ་སེམས་དཔའ་བརྒྱད་ལ་བཤད། །འཇམ་དཔལ་གཞོན་ནུའི་སྙིང་པོ་ལ། །སྙིང་པོ་ངོ་སྤྲོད་མངོན་སངས་རྒྱས། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལ། །ཡེ་ཤེས་མིག་ལ་སྤྲད་པ་ཡིས། །དེ་དུས་མངོན་སངས་རྒྱས་པ་ཡིན། །ཕྱག་ན་རྡོ་རྗེ་ཉིད་ལ་ནི། །སྟོན་པ་ཉིད་ལ་ངོ་སྤྲད་པས། །གནས་དེ་ཉིད་དུ་མངོན་སངས་རྒྱས། །བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ། །འགྱུར་མེད་རིག་པའི་ངོ་སྤྲོད་དེར་སངས་རྒྱས། །བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ། །རིག་པ་ཡུལ་མེད་ངོ་སྤྲོད་མངོན་སངས་རྒྱས། །བྱང་ཆུབ་སེམས་དཔའ་སྒྲིབ་པ་སེལ་བ་ལ། །ཡེ་ཤེས་རང་སྣང་ངོ་སྤྲད་དེར་སངས་རྒྱས། །བྱང་ཆུབ་སེམས་དཔའ་བྱམས་པ་མཻ་ཏྲི་ལ། །ཐིག་ལེ་ཆོས་མིན་ངོ་སྤྲོད་མངོན་སངས་རྒྱས། །བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་ལ། །རིག་པའི་ཡེ་ཤེས་ངོ་སྤྲད་དེར་སངས་རྒྱས། །བྱང་ཆུབ་སེམས་དཔའ་བརྒྱད་པོ་ལ། །ངོ་སྤྲོད་བྱས་པ་དེ་ཉིད་སངས་རྒྱས་ངེས། །མ་རིག་སེམས་ཅན་རྣམས་ལ་ངོ་སྤྲོད་བསྟན་པ་ཡང་། །དབང་པོ་རབ་ལ་བྱང་ཆུབ་སེམས་དཔའ་ཡིས། །བརྡ་དང་དཔེ་དང་རྟགས་དང་དོན་གྱི་ངོ་སྤྲད་པས། །སྐད་ཅིག་

གཅིག་ལ་སངས་རྒྱས་ཉིད་ཐོབ་པོ། །དབང་པོ་འབྲིང་དུ་གྱུར་པ་ཡང་། །བརྡ་དང་དཔེ་དང་རྟགས་དང་དོན་གྱི་ངོ་སྤྲད་པས། །བར་མ་དོ་ནས་མངོན་སངས་རྒྱས་པར་ངེས། །དབང་པོ་ཐ་མར་གྱུར་པའི་གང་ཟག་ལ། །བརྡ་དང་དཔེ་དང་རྟགས་དང་དོན་གྱི་ངོ་སྤྲད་པས། །བར་མ་དོ་ནས་མངོན་སངས་རྒྱས་པར་ངེས། །ཡིན་པ་སྣང་བ་ཤར་བ་གྲོལ་བ་བཞི། །གང་ཟག་གཅིག་ལ་ངོ་སྤྲད་ཤེས་པར་བྱ། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། གདམས་པ་ངོ་སྤྲད་གང་ཟག་རོ་བསྲེག་པའི་ལེའུ་སྟེ་བདུན་པའོ།། །།ཨོ་རྒྱན་སྐད་དུ། བུ་ན་ཡེ་ཡེ་ཡོ་ག་ཚེ་ཏྲ། རྒྱ་གར་སྐད་དུ། ག་ཎ་པཱུ་ར་ཎ་དཪྴ་ནོ་པ་དེ་ཤ །བོད་སྐད་དུ། ཚོགས་རྫོགས་པར་བྱེད་པའི་ངོ་སྤྲོད། དཔལ་ལྡན་ཆེན་པོ་རྣལ་འབྱོར་པ། །ཚད་མེད་རྣམ་པ་བཞི་ཡི་སྨོན་འཇུག་གིས། །སྔོན་དུ་འགྲོ་བ་རྫོགས་བྱས་ཏེ། །ས་བསླང་ས་སྦྱང་གཟུང་བྱ་བ། །མཎྜལ་བྱི་དོར་ལེགས་བྱས་ཏེ། །བླ་གབ་ཅན་ནམ་དུར་ཁྲོད་དུ། །ཡང་ན་བཀྲ་ཤིས་བྱིན་ཆེན་དུ། །ཐིག་ལ་སོགས་པ་རིམ་བཏབ་སྟེ། །མཎྜལ་བཞེངས་ཚོན་བྱིན་གྱིས་བརླབས། །བགེགས་བསྐྲད་གསེར་སྐྱེམས་གཏང་བར་བྱ། །དེ་ནས་དཀྱིལ་འཁོར་བྲི་བ་ནི། །དབུས་སུ་ཐིག་ལེ་ཆེན་པོ་ལ། །འདབ་དྲུག་བཅུ་དྲུག་གཉིས་ཀྱིས་བརྒྱན། །གྲུ་ཆད་སྒོ་དང་རྒྱན་ཆས་པ། །ཚོགས་འཁོར་ཆེན་པོའི་དཀྱིལ་འཁོར་ཡིན། །དབང་བསྐུར་ཀུན་ལ་སྦྱར་བ་ནི། །དབུས་སུ་ཐིག་ལེ་ཟླུམ་པོ་ལ། །རྡོ་རྗེའི་ར་བས་བསྐོར་བ་ལ། །ཚོམ་བུ་རྣམ་པ་ལྔ་དང་ནི། །དབུས་སུ་ཚོམ་བུ་བཀོད་པ་ནི། །ངོ་སྤྲད་དཀྱིལ་འཁོར་བསྟན་པ་ནི། །ངོ་བོ་སྐུ་ལྔའི་ངོ་བོ་སྐུ། །རང་བཞིན་ཡེ་ཤེས་རྣམ་ལྔ་ངོ་བོའི་ཡེ་ཤེས་ཉིད། །མཚན་ཉིད་འདས་པ་རྣམ་ལྔའི་ཐིག་ལེ་ཉིད། །ཐུགས་རྗེ་ཐུབ་དྲུག་མཛད་དེ་འགྲོ་བའི་དོན་ཡང་མཛད། །དེ་ཡི་མཐའ་མར་པདྨ་ལྔ། །རྒྱལ་བ་རིགས་ལྔ་ཁ་སྦྱོར་ཚུལ་དུ་བྲི། །འདབ་མ་ལྔ་ལ་མཁའ་འགྲོ་རྣམ་ལྔ་བྲི། །གྲུ་ཆད་ལྷ་མོ་བརྒྱད་དང་སེམས་དཔའ་བརྒྱད། །ལྷ་རྣམས་འདོད་ཡོན་ལྷ་མོས་མཆོད། །སྒོ་བཞི་ཡེ་ཤེས་སྒོ་མས་བརྒྱན། །དེ་ནི་བརྟེན་པ་ལྷ་ཡི་དཀྱིལ་འཁོར་བསྟན་པ་ཡིན། །ཞེས་གསུངས་སོ། །

རོ་བསྲེག་ཐལ་བ་ནག་པོའི་རྒྱུད་ལས། དཀྱིལ་འཁོར་བྲི་བའི་ཐབས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །རྟེན་གྱི་རྫས་རྣམས་དགོད་པ་ཡང་། །རྣམ་པ་གསུམ་གསུམ་དག་ཏུ་ཤེས། །རྡུལ་ཚོན་ལྷ་རུ་ཤེས་དང་གཞལ་ཡས་དང་། །ངོ་སྤྲོད་དལ་དུ་ཤེས་པར་བྱ། །རྫས་ལ་དབང་རྫས་མཆོད་རྫས་དང་། །དངོས་གྲུབ་གསུམ་དུ་ཤེས་པར་བྱ། །རྫས་དགོད་བྱིན་བརླབ་བྱས་ནས་ནི། །དང་པོ་མཚམས་གཅོད་དཀྱིལ་འཁོར་བསྒོམ། །བགེགས་བསྐྲད་བསད་གསོ་བྱས་ནས་ནི། །བདེན་པ་བདར་དང་གསེར་སྐྱེམས་གཏོང་། །མཆོད་སྦྱིན་དཀྱིལ་འཁོར་ལ་སོགས་བྱ། །དེ་ནས་རྣམ་པར་མི་རྟོག་བསྒོམ། །དེ་ནས་བཤགས་པ་སྒྲིབ་སྦྱང་དཀྱིལ་འཁོར་བསྒོམ། །དེ་ནས་བྱིན་རླབས་རྫས་ཀྱི་དཀྱིལ་འཁོར་བསྒོམ། །དེ་ཡང་ཕྱི་རུ་འདོད་ཡོན་ལྔ་ཡི་ངང་དུ་བསྒོམ། །ནང་དུ་ལྷ་ཡི་དལ་དུ་བསྒོམ། །གསང་བ་བླ་ན་མེད་པའི་དལ་དུ་བསྒོམ། །དབྱེར་མེད་ཡེ་ཤེས་དལ་དུ་བསྒོམ། །ཐ་མ་མཇུག་སྡུད་གཉིས་སུ་ཤེས་པར་བྱ། །དེ་ནས་རང་བཞིན་ཀུན་ཏུ་སྣང་དག་ལས། །རྒྱུ་དང་ཏིང་འཛིན་རྣམ་གསུམ་དཀྱིལ་འཁོར་བསྒོམ། །དེ་ནས་འབྱུང་བ་རིམ་བརྩེགས་དཀྱིལ་འཁོར་བསྒོམ། །དེ་ནས་རྟེན་གཞལ་ཡས་དཀྱིལ་འཁོར་བསྒོམ། །བརྟེན་པ་ལྷ་ཡི་དཀྱིལ་འཁོར་འཁོར་ལོ་བསྒོམ། བླ་མའི་དཀྱིལ་འཁོར་དང་། ཡི་དམ་མཁའ་འགྲོའི་དལ་གསུམ་བསྒོམ། དེ་ནས་གདམས་པའི་ཏིང་འཛིན་རྣམ་གསུམ་བསྒོམ། །རང་འདོད་བྱ་ཕྱིར་རྒྱལ་བ་རྣམས་ཀྱང་སྤྱན་དྲངས་ཏེ། །ཕྱག་འཚལ་གདན་དབུལ་སྒོ་དབྱེ་ལ་སོགས་བྱ་བ་ཡིན། །དེ་ལ་མཆོད་བསྟོད་བསྡིམ་གཞུག་དགེ་ཤིས་བྱས་ནས་ནི། །ཐམས་ཅད་མཉེས་བྱེད་སྲོག་གི་སྙིང་པོ་འབོད། །ཅེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། རྣམ་རྟོག་མཚན་མའི་རོ་བསྲེག་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་ཡང་བཀའ་སྩལ་པ། བླ་མ་ཡི་དམ་གསལ་བསྐྱེད་མཁའ་འགྲོ་གསལ་བྱས་ལ། །དེ་མིང་སྲོག་སྙིང་འཕྲོག་པའི་ཡི་གེའི་ཕྲེང་བ་བཟླས་པར་བྱ། །ཞེས་སོ། །ལོངས་སྐུ་ཀུན་ཏུ་བཟང་པོ་ཡིས། །བྱང་

ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ། །སྤྱི་སྲོག་ཐམས་ཅད་བསྡུས་པ་དང་། །རང་དབང་དམ་ཚིག་བསྡུས་པ་རྗེས་སུ་དྲང་བ་གཉིས་སུ་འདུས། །དེ་ལ་སྤྱི་བསྡོམས་སྲོག་གི་སྙིང་པོ་སྨྲས་པ་ནི། །ཆོས་སྐུའི་ཀུན་ཏུ་བཟང་པོ་ཡིས། །བྱིན་རླབས་གང་ནས་གསུངས་པ་ཡིན། །དེ་ཡང་ཁྱོད་ལ་བསྟན་པར་བྱ། །ཨོཾ་ས་མ་ཡ་སྟྭཾ་ཛཿ། སྤྱི་བསྡོམས་སྲོག་སྙིང་ངོ་། །རང་དམ་སྲོག་གི་སྙིང་པོ་ལ། །དེ་ལ་ཐམས་ཅད་འདུས་པ་ནི། །ཨཱོཾ་སྭ་ཧྲི་ར་ཙ་ཡ་སྭཱ་ཧཱ། ཞེས་པ་ཀུན་ཏུ་བཟང་པོའི་སྲོག་གི་སྙིང་པོ་ཉིད་དོ། །འདི་ནི་རྒྱལ་བ་རིགས་ལྔ་དང་། ཀུན་ཏུ་བཟང་པོ་ཉིད་དུ་འགྲུབ་པར་འགྱུར་རོ། །སྦྱིན་སྲེག་བྱ་བར་འདོད་ན་ཡང་འགྲུབ་པར་འགྱུར་རོ། །བདུད་རྩི་བྱིན་རླབས་དང་གཏོར་མ་དང་སྨན་དང་། ཚོགས་ལ་སོགས་བྱིན་གྱིས་བརླབ་པར་བྱེད་པ་ཉིད་དོ། །དགྲ་དང་བགེགས་ལ་སོགས་པ་ཐམས་ཅད་ཀྱང་། འདི་བཟླས་པ་ཙམ་གྱིས་བརླག་པར་འགྱུར་རོ། །བུམ་པ་སར་པ་བཅས་ཏེ་རྫས་བླུགས་ནས་བསྒྲུབ་པ་ཞག་བདུན་བྱས་ནས། བུད་མེད་རྨྱུང་བར་གནས་ཏེ་ཁྲུས་བྱས་ན་བུ་རྙེད་པར་འགྱུར་རོ། །ཤིང་སྐམ་པོ་ལ་གཏོར་ན་མེ་ཏོག་སྐྱེའོ། །སྐུད་པ་སྔོན་པོ་ལ་མདུད་པ་བརྒྱ་རྩ་བརྒྱད་བྱས་ཏེ་བྱིས་པའི་སྐེར་བཏགས་ན་འཁྲུ་རིམས་བསྲུང་ངོ་། །རྫས་ནི། བཟང་དྲུག་ལ་སོགས་པ་དྲི་སྣ་ཚོགས་སོ། །དེ་ལྟར་བྱས་ན་སྲིའུ་སོས་པར་འགྱུར་རོ། །གསེར་ལ་བཏབ་སྟེ་རིན་པོ་ཆེ་ལྔའི་གསེབ་ཏུ་བཅུག་སྟེ། ལུས་ལ་བསྲེལ་ན་འཇིགས་པ་བརྒྱད་སྐྱོབ་པར་འགྱུར་རོ། །མི་ཚིལ་དང་གུ་གུལ་ནག་པོ་གླ་རྩི་ལ་བཏབ་ན། ཀླུའི་ནད་ཐམས་ཅད་སོས་པར་འགྱུར་རོ། །ཡིད་ལ་བཟླས་ཏེ་མི་དང་ཁྱི་དང་རྟ་ལ་སོགས་པའི་ཀླད་པ་དང་དུག་སྣ་ཚོགས་དང་ཁྲག་དང་དུ་བ་དང་། སྦྲེ་སྣ་ཚོགས་ལ་བཏབ་ན་བཙན་དུག་རྡོ་རྗེ་བཞིན་དུ་འཇོམས་སོ། །ཞེས་བྱིན་གྱིས་རླབས་ཀྱིས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། རྟོག་པ་ངན་པའི་རོ་བསྲེག་པའི་ལེའུ་སྟེ་བཅུ་པའོ།། །།ཡང་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །སྲོག་

གི་སྙིང་པོ་ཨོཾ་ཡིན་ནོ། །དེ་རྗེས་ས་མ་ཡ་ཏྲཾ་ཛཿཛཿཨངྐུ་ཤ་ཞེས་ཀླད་དུའོ། །སྭཱ་ཧཱ་མཐའ་རྟེན་ལས་མཐར་ཤེས་པར་བྱ། །ཆོས་སྐུ་རྡོ་རྗེ་སེམས་དཔའ་ཨོཾ་ཡིག་ལྡན། །ལོངས་སྐུ་རང་དམ་སྔགས་སྨྲས་པ། །ཨཱོཾ་བཛྲ་སཏྭཱ་ཧཱུཾ། ཤཱནྟི་པུ། བ་ཤ་ང་མཱ་ར་ཡ་ཕཊཿ། ཨངྐུ་ཤ་ཛ་ཛཿ། ཐབ་ཁུང་འདབ་བརྒྱད་གྲུ་གསུམ་ཟླ་གམ་དང་། །གྲུ་བཞི་ལ་སོགས་མཛེས་པས་བརྒྱན། །དུས་ཚོད་བཞི་དང་ཁ་དོག་དང་། །དལ་གྱི་ལྷ་ཚོགས་རིམ་པར་བྱ། །ཚེ་འདས་ལུས་བརྗེས་དྲངས་པ་དེ། །མཎྜལ་སྟེང་དུ་དབང་བསྐུར་བཀྲུ་སྙད་གཏང་། །གཟུགས་བྱིན་བརླབས་ལ་ཐབ་ཁུང་བསྐྱེད། །མེ་ལྷ་སྤྱན་དྲངས་བདུན་པོ་རྣམ་དག་རྫོགས་པར་བྱ། །ཡེ་ཤེས་མེ་དང་དམ་ཚིག་བཞུ་བཏུལ་བྱ། །ཕུང་པོ་མེ་ལྷར་བསྐྱེད་པར་བྱ། །དེ་དག་མཆོད་རྫས་མེ་ལྷ་བཞུ་བཏུལ་བྱ། །ཡེ་ཤེས་ལྷ་ཕབ་ལུས་ལ་བསྡིམ། །དགུག་གཞུག་བཅིངས་དང་དགེས་པ་བསྐྱེད། །མཆོད་བསྟོད་ལས་བཅོལ་སྨོན་ལམ་གདབ། །གཏོར་གཏང་དལ་བསྡུ་གཤེགས་སམ་བསྡུ། །ང་རྒྱལ་ལྡན་པས་གནས་སུ་འགྲོ། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། འབྱུང་པོ་རོ་བསྲེག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །ཉོན་ཅིག་བྱང་ཆུབ་སེམས་དཔའ་ཁྱོད། །ས་བཅུའི་བྱང་ཆུབ་སེམས་དཔའ་ཡི། །སྲོག་གི་སྙིང་པོ་ཐམས་ཅད་འདུས་པ་ནི། །དེ་ནི་བདག་གིས་བརྗོད་པར་བྱ། །ཨོཾ་བཛྲ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། བྱང་ཆུབ་སེམས་དཔའ་རིགས་དྲུག་གི། །དངོས་པོའི་རྟོག་པ་འཇོམས་པའི་ཐོ་ཆེན་ཡིན། །མ་རིག་ལིང་ཏོག་སེལ་བའི་ཐུར་མ་ཡིན། །གསང་སྔགས་འདི་ནི་བཟླས་གྱུར་ན། །གཟའ་སྐར་རྨི་ལམ་ངན་པ་དང་། །བཀྲ་མི་ཤིས་དང་དལ་ཡམས་དང་། །མུ་གེ་སད་དང་སེར་བ་དང་། །ལོ་ཉེས་ཕྱུགས་ཉེས་ཐམས་ཅད་དང་། །སྨྱོ་འབོག་རྒྱལ་ནད་ཀླད་གཟེར་དང་། །ལྷ་སྨྲ་འདྲེ་སྨྲ་སྙིང་ཞུགས་དང་། །གདོན་གྱིས་བརླབས་ནས་ཆོས་འཆད་དང་། །བདུད་ཀྱི་བྱིན་རླབས་ལུང་སྟོན་དང་། །གཅེར་བུར་རྒྱུག་ཅིང་ཁྲེལ་ཤོར་དང་། །དོན་མ་རྟོགས་པས་རོ་སྙོམས་བྱེད་སྙིང་འདོད། །ཕ་རོལ་མ་མཐོང་

མངོན་ཤེས་སྟོན། །སྙིང་འདོད་གར་དགར་སྨྲ་བ་ཡིས། །མ་རྟོགས་ཉོན་མོངས་རྣམས་ཀྱིས་འདྲེ་དབང་ཁྲིད། །གདོན་གྱིས་བརླབས་ཏེ་ལུང་སྟོན་ཐ་ར་ར། །ཐ་མ་སྙིང་དུ་འདྲེ་ཞུགས་སྨྱོན་པ་འོང་། །སྨྱོན་པ་འདྲེས་བརླབས་ཆོས་སྨྱོས་ཤི་ཟེར་དགའ། །རང་ཡང་འདྲེ་དབང་སོང་བ་མི་ཚོར་བས། །དྲག་སྔགས་རྒྱལ་པོ་འདི་ནི་བཟླས་གྱུར་ན། །འདྲེ་ཉིད་བྱེར་ནས་སངས་རྒྱས་དགོངས་པ་འཆར། །ལྟ་བ་སྒོམ་པ་ཟབ་མོ་བསྟན་ཀྱང་ནི། །དྲག་སྔགས་རྒྱལ་པོ་སུམ་ཁྲི་འདི་ཟློས་ཤིག །བལྟ་བ་བཟང་སྙམ་བཟང་རྟོག་འདྲེ་ཡིས་ཁྱེར། །རང་འདྲེས་ཁྱེར་བ་མི་ཚོར་རོ། །བསྒོམ་པ་ཉམས་མྱོང་ཁེལ་སྙམ་བྱེད། །བསྒོམ་པ་འདྲེས་ཁྱེར་མ་ཚོར་རོ། །སྤྱོད་པ་རོ་སྙོམས་བྱས་པ་ཡིས། །རྣམ་རྟོག་ཞི་བ་སྙམ་བྱེད་པ། །སྤྱོད་པ་འདྲེ་ཞུགས་མི་ཚོར་རོ། །འབྲས་བུ་འཇིག་རྟེན་དགའ་བྲོད་སྐྱེས་སྙམ་བྱེད། །འབྲས་བུ་འདྲེས་ཁྱེར་མི་ཚོར་གྱིས། །དྲག་སྔགས་རྒྱལ་པོ་སུམ་སྦྲེལ་གྱིས། །ཉིན་སྟོང་མཚན་སྟོང་བཟླས་པར་བྱ། །ལྟ་སྒོམ་སྤྱོད་པ་རྒྱུད་ལ་སྟོན་ཤེས་སམ། །དེ་ལྟར་ཤེས་ན་སྤྱོད་པའི་བདུད་བསྲུངས་ནས། །བལྟ་བས་ཆོས་སྐུ་མངོན་དུ་འཆར། །བསྒོམས་པས་ལོངས་སྐུ་ཤུགས་ལས་འབྱུང་། །སྤྲུལ་སྐུ་དལ་ཉིད་འདི་ཡིན་མོད། །འདྲེ་ལ་ངོ་སྤྲོད་ཟེར་ཞིང་གཏང་རག་གཏོང་། །ཆོས་འཆད་སློབ་དཔོན་རང་ལ་འདྲེ་ཆེན་ཡོད། །ལྟ་བ་མཉམ་ཡང་བདག་དང་མི་མཉམ་ཟེར། །ཆོས་ཉིད་ཡེ་ནས་མཐོ་དམན་མེད་པ་མ་རྟོགས་པར། །དགོངས་པའི་རང་སྒོ་གཅིག་ལས་མེད་པ་ལ། །བདག་ལ་ཉམས་མྱོང་གདམས་པ་ཟབ་ཟེར་བ། །བློ་ཡི་འཁྲུལ་པ་ཡིན་པ་མ་རྟོགས་སོ། །རང་སྣང་ཡེ་ཤེས་སྐུ་གསུམ་ཤར་བ་ལ། །འབྲས་བུ་མྱུར་རོ་ཟེར་བ་དོན་ལ་རྨོངས། །ཉམས་མྱོང་ཞེ་འདོད་རྣམ་རྟོག་རོ་དང་འདྲ། །རོ་ཡིས་རོ་ཁྲིད་ཉོན་རེ་མོངས། །ཉམས་མྱོང་རོ་བསྲེག་ཐལ་བ་རྡུལ་དུ་རློག །ཅེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། རོ་ཤན་དབྱེ་རོ་བསྲེག་འཁོར་བ་རྩད་གཅོད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །།

དེ་ནས་ཡང་དག་བཤད་བྱ་བ། །ཐོར་བུ་བྱ་བའི་རིམ་པ་ནི། །རོ་བསྲེགས་པ་ཡི་རུས་པ་བརྡུང་། །དེ་བརྡུང་ཚ་ཚ་བྱ་བ་ནི། །གང་དག་རྟོགས་ལྡན་སྦྱོང་བྱེད་ན། །ཐབ་ཁུང་འོག་ཏུ་རྡོ་ལེབ་བཞག །དེ་སྟེང་རྡོ་རྗེ་རྒྱ་གྲམ་བྲི། །གུ་གུ་བཏོད་ལ་བསྲེག་པར་བྱ། །གདུང་བྱུང་སྨྲ་བར་མི་བྱ་ཞིང་། །མི་གཙང་མི་བསྙེན་ཉེ་ཁྲུས་བྱ། །བྱང་སེམས་སྤྲུལ་སྐུ་རིང་བསྲེལ་ཉིད། །དེ་བཞིན་གཤེགས་གདུང་ཤ་རཱི་རམ། །ལོངས་སྤྱོད་རྫོགས་པའི་སྐུ་དང་མཆོད་རྟེན་ནོ། །ཆོས་སྐུ་སྐྱེ་མེད་ཤ་རཱི་རམ། །མཆོད་པ་ཚོགས་འཁོར་མ་བྱས་ན། །སྙིང་དང་འདྲ་བར་བསྟན་པ་ལས། །ཀུན་ལ་བསྟན་ན་གདུང་འབྲོས་སོ། །དངོས་གྲུབ་ཡལ་ནས་འགྲོ་བས་གསང་ཞིང་མཆོད། །ཀླུ་གཉན་ས་བདག་རིམས་ཀྱིས་མི་ཚུགས་སོ། །རྟག་ཏུ་སྡེ་བརྒྱད་དེ་ལ་སྲུང་སྐྱོབ་བྱེད། །མཁའ་འགྲོ་ཆོས་སྐྱོང་རྒྱལ་པོ་ལྟ་བུར་ཁུར། །སྟོན་འཚོང་རྐུན་བན་བཀའ་ཆད་སྤོས་སམ་གྲི་རུ་འཆི། །རྒྱལ་བ་རྒྱ་མཚོའི་བྱིན་གྱིས་བརླབས་པར་ངེས། །ཐུན་མོང་དངོས་གྲུབ་མ་བསྒྲུབས་པར་ཡང་འབྱུང་། །ས་བདག་ཀླུ་གཉན་དག་གིས་རྡོ་རྗེ་ཁྱུང་དུ་མཐོང་། །རྟག་ཏུ་གཙུག་ཏུ་བཀུར་ཞིང་མི་ལ་བསྟན་པ་མིན། །ཟ་མ་ཏོག་གམ་ག་བུ་སྲུབས་མེད་ན། །བླུགས་ལ་དར་ཚོན་དམར་པོས་དྲིལ། །དེ་ལ་མཆོད་བསྟོད་ཡོན་ཏན་བསམ་མི་ཁྱབ། །སྔགས་སྦྲེལ་བྱིན་བརླབས་འབི་འབི་དང་། །གདབ་དང་བསྐུར་དང་རབ་གནས་རྟེན་འདྲེལ་བརྗོད་ལ་སོགས། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། རོའི་སྣང་བ་བརྟག་པ་དང་ཚ་ཚའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བར་ཆད་བསྲུངས་ནས་བསྟན་བསྲུང་ཕྱིར། །མཁའ་འགྲོའི་སྲོག་སྙིང་བཤད་པར་བྱ། །སྤྱི་བསྡོམས་སྲོག་དང་སྙིང་པོ་དང་། །རང་རང་སྙིང་པོ་སྲོག་དང་དྲག་སྔགས་གསུམ། །དེ་ཉིད་བདག་གིས་བཤད་པར་བྱ། །གྲོ་ག་དག་ལ་བྲིས་ནས་ནི། །དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་སྒོ་དང་བཅས། །དབུས་སུ་གྲུ་གསུམ་མཐིང་ནག་ལ། །དཔངས་སུ་ཆག་

གང་བརྩིག་པར་བྱ། །རྡོ་སོལ་རོ་སོལ་ནག་པོས་བྱུག །དེ་ནང་ཐོད་པ་ཁ་སྦྱར་དུ་སྩལ་ཏེ། །དུག་ཐུན་དག་གིས་བྲབ་བྱས་པས། །སྨྱོ་འབོག་དྲག་པོས་འཆི་བར་བཤད། །ཞེས་གསུངས་སོ། །ཡང་ན་སྣེལ་གྲིའི་ཐོད་པ་རུ། །ཁྲག་དང་དུག་སྣ་ཚང་བར་བླུགས། །མིང་རུས་བཅས་ཏེ་ཐུན་བྲབས་ན། །ཟླ་བ་གཅིག་ན་བརླག་པར་འགྱུར། །ཐར་ནུ་དུག་དང་རེའུ་ལྕག་པ། །མཛོ་ཞོ་སྦྱར་ན་མཛེས་འཛིན་འགྱུར། །ཉུངས་ཀར་བྲག་དང་དྷ་དུ་ར། །དབྱི་རོ་ཐང་ཕྲོམ་དུར་བྱིད་ནི། །རྒྱུ་མ་དག་གིས་འཆི་བར་འགྱུར། །བསེ་ཞོ་སྦྲང་རྒོད་དྷ་དུ་ར། །སྦྱར་ན་སྨྱོ་འབྱོག་གདོན་མི་ཟ། །ཀྱི་ལྕེ་ནག་པོ་བུལ་ཏོག་མཛེ་ཁྲག་སྦྱར་བྱས་ནས། །ཐུན་དུ་བྲབས་པས་མཛེ་རིམས་འགྱུར། །བྷ་རི་ཤ་ས་ཨཱ་བེ་ཤ་བཏགས་ནས། །ཐུན་དུ་བྲབས་ན་སེར་བ་འབྱུང་། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། སྔགས་སྦྱོར་བ་དྲག་སྔགས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །བྱང་ཆུབ་སེམས་དཔའ་ཁྱོད་ཉོན་ཅིག །ཆོས་སྤྱོད་དུ་མི་སྟེར་ཞིང་། །སློབ་མ་དམ་ལ་ལྡོག་པ་ལ། །མཁའ་འགྲོ་རྣམས་ཀྱི་སྙིང་འབྱིན་དང་། །དམ་ཉམས་ཆད་པ་གཅོད་པར་བྱེད། །དུས་ཀྱི་སྙིགས་མ་འབྱུང་བའི་ཚེ། །སྔགས་པའི་བསྟན་པ་ནུབ་པ་དང་། །དྲག་སྔགས་འདི་ཡིས་བསྟན་པ་བསྲུང་། །དུས་ངན་ཐ་མ་བྱུང་ཙམ་ན། །མཁའ་འགྲོ་མ་ཡི་དམོད་པ་འདི། །འགལ་བ་ཆམ་ལ་འབེབས་པའི་ཕྱིར། །དད་ལྡན་སྐྱེས་བུ་གཅིག་དང་འཕྲད། །སྐལ་མེད་རྣམས་ལ་བྱིན་ན་དམ་ཚིག་ཉམས། །དུས་ངན་ཐ་མའི་དོན་ཆེད་དུ། །བསྟན་སྲུང་རྒྱལ་པོ་ཆེན་པོ་

འདིས། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །སྤུ་གྲི་ལྟ་བུའི་དྲག་སྔགས་འདི། །སྤེལ་ན་མཁའ་འགྲོའི་ཆད་པ་འོང་། །ཕུང་སྲི་དམ་ལ་མི་གནས་པ། །ཁ་ལ་ཆོས་མིན་ང་རྒྱལ་ཅན། །ཆོས་དང་མི་ལྡན་རྒྱུད་འདི་སྦ། །དམ་ལ་གནས་ཤིང་ཚུལ་འཆོས་མེད། །བྱང་ཆུབ་སྲོག་བཞིན་འཚོ་བར་བྱེད། །ཀུན་གྱི་སྙིང་དུ་དེ་སྡུག་སྟེ། །གཅིག་ནས་གཉིས་ལས་མ་སྤེལ་ཅིག །བྱང་ཆུབ་སེམས་དཔའ་ཆེན་པོ་ཉོན། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ལ། །བསྟན་སྲུང་བརྒྱད་ཁྲི་བཞི་སྟོང་ཡོད། །ཕྱི་སྲུང་བསྙེན་བསྒྲུབ་ལས་དང་གསུམ་དུ་བསྟན་པ་ཡིན། །ནང་ལ་དྲིལ་བའི་དྲག་སྔགས་ཡིན། །གསང་བ་རྒོད་དུ་ཕྱུང་བ་འདི་ཡིན་པས། །དུག་ལྔ་འདྲ་བའི་ངན་སྔགས་འདི། །དགྲ་དང་བགེགས་སྩོགས་བར་གཅོད་བྱེད། །ཆམ་ལ་དབབ་ཕྱིར་བཟླ་ལུགས་ཀྱང་། །ཆོས་ཉིད་དོན་གྱི་བཟླས་པ་དང་། །སྙིང་པོ་འཕྲོ་འདུ་དུག་སྦྱོར་བཟླས་པ་དང་། །ཁམས་གསུམ་ཡོངས་སྒྲོལ་བཟླས་པ་དང་། །དཀྱིལ་འཁོར་ལྷ་ཡི་བཟླས་པ་དང་། །བསྙེན་བསྒྲུབ་ལས་ཀྱི་བཟླས་པ་དང་། །ངན་སྔགས་སྤུ་གྲི་སོ་སྡེབས་བཟླས་པ་དང་། །སྔགས་རྒོད་ཐོག་འདྲའི་བཟླས་པ་དང་། །ངན་སྔགས་མདའ་འདྲའི་བཟླས་པ་དང་། །ཕྲ་མེན་མེ་འདྲའི་བཟླས་པའོ། །ཀུན་ཀྱང་གཅིག་ལ་ཤེས་གྱུར་ན། །ཐམས་ཅད་འདུས་པའི་རྩ་བ་ཡིན། །ཆོས་ཉིད་ཀློང་གི་བཟླས་པ་ཉི་མའི་འོད་ལྟར་བཟླས། །བྱང་ཆུབ་བསྒྲུབ་དང་ལམ་ཆེན་དུ། །ཆོས་ཉིད་དོན་གྱི་བཟླས་པར་བྱ། །ཞེས་གསུངས་སོ། །ཐལ་བ་ནག་པོའི་རྒྱུད་ལས། གདམས་པ་ངན་སྔགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་ལོངས་སྐུའི་ཀུན་བཟང་ལ། །བྱང་ཆུབ་སེམས་དཔའ་ཀུན་བཟང་གིས། །རྒྱུད་འདི་བདག་གིས་ཇི་ལྟར་གཟུང་། །

ཞེས་ཞུས་ཏེ། བདུན་རྣམ་དག་བརྗོད་ནས་ཞུས་པ། རྒྱུད་ཀྱི་རྒྱལ་པོ་ཐལ་བ་ནག་པོ་འདི། །ཁམས་གསུམ་འཁོར་བ་རོ་བསྲེག་པས། །རོ་བསྲེག་ཆེན་པོའི་རྒྱུད་དུ་ཟུང་། །ངན་ཐབས་ལས་ཚོགས་བསྟན་པས་ན། །ཐལ་བ་ནག་པོའི་རྒྱུད་དུ་ཟུང་། །སྐུ་གསུམ་རང་སྣང་ངོ་སྤྲད་པས། །དམར་བྱང་ཆེན་པོའི་རྒྱུད་དུ་ཟུང་། །ཞེས་གསུངས་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རྗེས་སུ་ཡི་རང་ངོ་། །ཐལ་བ་ནག་པོའི་རྒྱུད་ལས། གཏད་པ་དང་རྗེས་སུ་ཡི་རང་བའི་ལེའུ་སྟེ་བཅུ་དྲུག་པའོ།། །།ཐལ་བ་ནག་པོའི་རྒྱུད་རྫོགས་སོ།། །